cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དོན་གསུམ་པ།

གླེགས་བམ། པུ༽

སློབ་དཔོན་སངས་རྒྱས། སློབ་དཔོན་པདྨ། རོང་ཟོམ་པཎྜི་ཏ་ཆེན་པོ་ཆོས་ཀྱི་བཟང་པོ། བློ་གྲོས་མཐའ་ཡས། གཙང་སྟོན་རྡོ་རྗེ་རྒྱལ་མཚན། འཇམ་མགོན་མི་ཕམ། སྐ་བ་དཔལ་བརྩེགས།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་ལམ་རིམ་ཆེན་མོ།

སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་ལམ་རིམ་ཆེན་མོ་བཞུགས་སོ། །དཔལ་གྱི་དཔལ་གསུམ་ཉིད་ལྡན་རྡོ་རྗེ་ལྟ་བུའི་ཡེ་ཤེས་འདུས་མ་བྱས། མ་བཙལ་ལྔ་རྫོགས་སྐྱོན་བྲལ་མི་ཤིགས་དབྱིངས་ཉིད་ཡེ་ཤེས་འདུ་འབྲལ་མེད། ལྔ་ཡི་རྡོ་རྗེ་གྲུབ་ཉིད་གཉིས་མེད་ངང་གསལ་མི་གཡོ་མི་སེམས་སེམས་ཆེན་པོ། བདུད་སྡེ་བཞི་བཅོམ་དཔའ་བོ་རང་ཉིད་ལྷ་ཡི་ལྷ་ལ་གཉིས་མེད་མོས། གསང་བའི་བདག་པོས་མངོན་ཤེས་ནས། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །མི་ཡི་སྐལ་ལྡན་འདུས་པ་ལ། །དང་པོ་ཇི་ལྟར་ལུང་བསྟན་དུས། །རྒྱལ་བུའི་རིགས་ཅན་ལྟས་ཤར་བ། །འབྲེལ་བས་སྣང་ལ་མངོན་བརྟགས་པ། །ཐུགས་ཀྱི་དགོངས་པ་མངོན་རྟོགས་ཏེ། །དེ་ཉིད་སྒོ་ནས་དེ་ཉིད་གྲུབ། །བརྟན་པའི་དངོས་གྲུབ་དེ་ནས་འཐོབ། །དོན་དམ་བཅུ་ཀྱང་དེ་ནས་རྒྱས། །འདོད་པའི་བསམ་པ་དེ་རུ་འགྲུབ། །སྨོན་པའི་ལྷ་དང་དེ་རུ་མཇལ། །དེ་ནས་རྡོ་རྗེ་གདན་སྟེང་གི། །འཛམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །ཕོ་བྲང་དམ་པ་རིན་ཆེན་ནང་། །བཀྲ་ཤིས་དམ་པའི་ཁང་བུ་རུ། །ཀུ་ཀུ་རཱ་ཛཱནྡྲེ་བྷུ་ཏི། །སིང་ཧ་ཨུ་པ་རཱ་ཛ་དང་། །སྲས་མོ་གོ་མ་ས་ལ་སོགས། །སྒྱུ་འཕྲུལ་དྲྭ་བའི་དབང་ཐོབ་ནས། །ཚོགས་ཀྱི་དཀྱིལ་འཁོར་མངོན་སྒྲུབ་ཏེ། །རྡོ་རྗེ་འཆང་སར་མངོན་དུ་གཤེགས། །དེ་ཕྱིར་སངས་རྒྱས་མཚན་ཐོབ་ངེས། །དམ་པའི་རིག་ཅན་དྲྭ་མ་དང་། །དེ་རྗེས་མ་འོངས་སྐལ་ལྡན་ཕྱིར། །སྟོང་ཕྲག་བརྒྱ་ཡི་རྒྱུད་དག་ལས། །གཤེགས་ཤུལ་ལམ་མཆོག་འདི་བསྡུས་ཏེ། །སྙིགས་མ་རྒྱུད་དྲག་དུས་ཀྱི་ཚེ། །དུས་ཀྱིས་འདུལ་ཕྱིར་བསྟན་པར་བྱའོ། །སྤྱན་བཟང་འགྲོ་མཐུ་མེད་པ་ཡི། །མིག་བུ་བྲལ་བའི་ཉམས་སྟོར་ནས། །བགྲོད་ཅིང་ཕྱིན་པར་མི་ནུས་བཞིན། །རྩིང་པོར་དམུ་རྒོད་རང་ཉམས་ཀྱིས། །གསང་བའི་སྙིང་པོར་མི་འགྱུར་ཏེ། །བུལ་ཞིང་མེ་ཏོག་འབྲས་བཞིན་འགྱུར། །དེ་བས་བླ་མ་ལུང་བཞིན་བཀུར། །བརྟག་སྤྱོ་ཞེ་གཅོད་བཟོད་བྱས་ཏེ། །མཐོང་བའི་གདུང་བ་ཁུར་མི་ལྟ། །དེ་ཀུན་ཡུན་གྱི་དོན་དུ་བཟོད། །དཀའ་བས་བརྟེན་ནས་རྡོ་རྗེ་རྒྱལ། །ཉམས་ཀྱི་གནང་བ་ཐོབ་འགྱུར་ཏེ། །དེ་ཚེ་རྒྱུད་ཆེན་གཞུང་གི་ཡོན། །ཕུལ་ན་ཐུགས་ཀྱི་ཉིང་ཁུ་སྟེར། །དེ་ཡིས་བཞོན་པ་ཟང་འགྲོ་བཞིན། །གསང་བའི་རྫུ་འཕྲུལ་སྟོབས་ཞོན་པས། །མཐོང་འཇུག་མཐར་ཕྱིན་བཞི་བགྲོད་ནས། །ཡེ་ཤེས་སྙིང་པོའི་གནས་སུ་ཕྱིན། །དེ་བས་རྡོ་རྗེ་གཉེར་ལྡན་མ། །སྤྱང་གྲུང་སེམས་སྲ་མཁའ་འགྲོ་མའི། །གསང་སྔགས་ལྟས་སྟོན་སྤྱོ་བ་ཡིས། །ཅི་ནས་བརྟགས་ཏེ་བཟང་ལྡན་ན། །མི་ལྟོག་བརྟན་བྱས་བརྟས་པ་ཡིས། །ཤི་ཤ་གང་ཡིན་ལག་ཏུ་གཏད། །ངན་པའི་རྟགས་མཐོང་མངོན་ཤེས་པས། །འདོད་པ་ཕྲ་མོ་རྒྱུར་བྱེད་དང་། །ཁེ་དང་གྲགས་པ་ཆེ་བའི་རྒྱུ། །བྱེད་ཅིང་བཅུད་ཆེན་འཛག་དང་དབོ། །མི་ཆགས་མ་རུངས་བྱེད་པ་དང་། །ཟང་ཟིང་མཐའ་གཏོང་དབུས་འཆིང་དང་། །གཡོན་ཅན་ངོ་དགའ་ལྷག་སྤྲད་སྐུར། །ལྐོག་ན་རང་དགར་བྱེད་པ་དང་། །ངག་ལ་རིགས་ངེས་བསམ་མི་ངེས། །བུད་མེད་འདོད་པ་འཆལ་བ་དང་། །མུན་ལྐོག་འཕྲད་པར་འདོད་སྤྱོད་སྙེགས། །ཕོ་མོ་ཏནྟྲ་མ་བསྔགས་ལ། །བསྐལ་པར་གྲིབ་བཞིན་འཁོར་གྱུར་ཡང་། །ཐུགས་ཀྱི་བདེ་བ་སྤྲོ་མི་བྱ། །འཚམས་པར་སྐུ་བརྟན་གཅན་འཕྲང་སྦྱིན། །དེ་མིན་བེའུ་སྦྲེལ་གཡང་སྐྱུར་བཞིན། །འདོད་ཁེངས་ཕྲོགས་ཤིང་བརྩམ་འཕྱར་བས། །མ་རྟོགས་སྤྲོས་ན་དུར་ཁྲོད་གླིང་། །བརྒྱད་ཀྱི་མཁའ་འགྲོ་བཞིན་འདུས་ནས། །ཤ་ཟ་སྲོག་ལ་འབེབས་ཤིང་ལྟུང་། །དེ་ལྟར་བརྟགས་པས་བསྐལ་ལྡན་ཕྱིར། །རང་བཞིན་ཡེ་ཤེས་རང་གནས་དང་། །དེར་མཐོང་དེར་འཇུག་རྣལ་འབྱོར་བཞི། །བར་ཆད་མེད་སྒྲུབ་རྣམ་པར་སྨིན། །དབང་བསྐུར་ཕྱག་རྒྱ་ལྷུན་གྲུབ་ལམ། །མངོན་བྱང་རིམ་པར་བརྗོད་པར་བྱའོ། །དེ་ལ་དང་པོ་ཉིད་སྤྲོས་པས། །དེ་ཉིད་དེ་ཡིས་ཤེས་བྱ་བ། །ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །འཁོར་བ་སེམས་ཕྱིར་བདག་མེད་པས། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །འཁོར་བའི་རང་བཞིན་མི་དམིགས་ཕྱིར། །མྱ་ངན་འདས་པ་ཡོད་མ་ཡིན། །དེ་ལྟར་རིགས་དང་རྒྱུ་མེད་པས། །བྱང་ཆུབ་མཆོག་གི་ངོ་བོ་ལ། །སོ་སོའི་རང་བཞིན་ངེས་ཤེས་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །ཡང་དག་གཤེགས་དང་ལོག་རྟོགས་གཉིས། །ངོ་བོ་ཉིད་ཀྱིས་གནས་འགྱུར་ན། །དེ་ལ་བཅོས་ཤིང་བསྒྱུར་དུ་མེད། །འཆིང་བུ་རིན་ཆེན་བཞི་མི་རིགས། །དེ་བས་དེ་ལྟའང་འདི་བཞིན་བས། །མ་རིག་ལོག་རྟོགས་ཞགས་པའི་རྒྱུ། །ལས་དང་ཉོན་མོངས་བརྒྱད་རྐྱེན་ཀྱིས། །བཅུད་གཉིས་འཁོར་ལོ་གནས་སུ་བསྐྱར། །རྟེན་དང་འདོད་པ་ཐ་དད་པའི། །བདེ་སྡུག་གདུང་བས་ཉམ་ཐག་བྲལ། །རྩོམ་མེད་བཞི་འདུས་ཀུན་ཏུ་ཉམས། །རང་བཞིན་ཉིད་ནི་ཉམས་པ་མེད། །དེ་ལྟའང་རྒྱལ་པོ་ཕྲུ་གུ་འཁྱམས། །དེ་བཞིན་རིགས་ལ་འགྱུར་མེད་པས། །ཤུལ་དོན་རང་ལས་གཞིན་མིན་ཕྱིར། །འཕྲུལ་དགའི་ཚུལ་ཏེ་གཞན་ལས་མིན། །དེའང་རྣམ་གསུམ་གནས་ཚུལ་བཞག །འབྲུ་ལྔར་གནས་པའི་ཐབས་ཆེན་པོ། །འགྲོ་བ་ཀུན་ལས་རང་བཞིན་གནས། །དཀྱིལ་འཁོར་བཞི་དང་སྲོག་ཤིང་གསུམ། །གནས་ནས་ཀ་ལི་སྒྲ་དབྱངས་ལྡན། །ཨེ་ཝཾ་མ་ཡ་མཁའ་ལྡན་དང་། །སྙིང་པོ་རླུང་སྒྲོམ་གནས་ན་ཡོད། །དེ་ཡི་ཏནྟྲ་འབྱིན་པར་བྱེད། །དེ་དོན་དེ་ནི་ཆོས་དེ་དང་། །ཡེ་ཤེས་ཡོན་ཏན་ལས་ཉིད་དེངས། །རྣལ་འབྱོར་ལམ་རིམ་རང་བཞིན་གནས། །སྣོད་ཀྱི་འོད་དབྱིབས་ཕྲིན་ལས་བཞི། །ཐིག་ལེ་བསྙེན་སྒྲུབ་རང་བཞིན་ལྡན། །བཞི་བརྒྱད་ཤི་ར་མ་དྷ་ལ། །རཾ་ཡཾ་གཡས་གཡོན་སྦྱིན་སྲེག་ལྡན། །གནས་བཞིའི་འབྱུང་བའང་ལས་བཞི་སྟེ། །གསང་བའི་མཁའ་ལ་རང་བཞིན་ལྡན། །གནས་རྟེན་རྩ་དང་ཐིག་ལེ་ལ། །བཅུ་དབང་ལྔ་གསུམ་དབང་རྣམས་ལྡན། །གསང་བ་ནང་གི་འདོད་ཡོན་དང་། །དམ་རྫས་རང་ལྡན་མཆོད་པ་སྟེ། །དེ་དག་རང་གནས་མི་འདའ་བས། །རང་བཞིན་གནས་པའི་ས་མ་ཡ། །རང་བཞིན་ཕྱི་ནང་གསང་བ་ཡི། །འདུ་བྱེད་སྤྱོད་པ་ངང་གིས་གནས། །ཆགས་པས་ཁམས་འགྲུབ་གཅིག་ཤོས་ཀྱིས། །རང་བཞིན་ཡེ་ཤེས་འགྲུབ་བྱེད་པའོ། །རྡོ་རྗེ་ཕུང་པོའི་ཡན་ལག་ཀུན། །རྫོགས་པའི་སངས་རྒྱས་ལྔར་གྲགས་སོགས། །དངོས་ཀུན་ཆགས་དང་སྣང་ཚུལ་གྱིས། །ལས་དང་ངོ་བོ་འབྲས་བུར་གནས། །ཆུ་ཟླ་སྒྱུ་མ་སྤྲུལ་པ་བཞིན། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཞི་རྫོགས་ཕྱག་རྒྱ་མ་འདྲེས་གསལ། །ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ། །ས་དང་ལམ་དང་འབྲས་བུ་རྣམས། །གང་ཡང་རིགས་རྒྱུད་རྟགས་མིན་པས། །སེམས་ཕྱིར་ཀུན་ཀྱང་དེ་དེ་དང་། །གཟུགས་གཉིས་མཚན་གསུམ་ཡོད་དང་མེད། །གནས་རིགས་སྡེ་ཆ་ཡོད་མེད་རྫོགས། །གཉིས་ཡུལ་བྲལ་བཞིན་དེ་འདིར་འབྲུ་ཆད། ཡེ་ཤེས་དབྱིངས། བདུན་དང་གསུམ་ཕྱིར་དོན་དམ་དང་། །དཔག་བསམ་ཤིང་དང་རིན་ཆེན་དང་། །དེ་ཀུན་ངོ་བོ་ཉིད་རྒྱུད་གནས། །འཇིག་རྟེན་བརྟན་གཡོ་ལ་སོགས་བ། །སྣང་བ་ཉིད་སྐུ་ཆེན་པོ་ཡིན། །རང་བཞིན་ངང་གིས་དེ་ལྟར་གནས། །དེ་ལས་གཞན་པའི་ཐོབ་བྱ་མེད། །ཀུན་ཀྱང་སྨིན་ཟིན་བགྲོད་པ་མེད། །དེ་ཉིད་ལམ་གྱི་ངོ་བོ་སྟེ། །འཇུག་གནས་འབྱིན་པས་མཚམས་འདིར་འབྲུ་ཆད་སྙམ། ཕྱོགས་བཅུ་མ་ལུས་ཐམས་ཅད་ལ། །རང་བྱུང་ཆེན་པོ་ཀུན་ཏུ་ཁྱབ། །རང་བྱུང་དེ་ཉིད་དངོས་མེད་པར། །ཀུན་གྱི་ཕྱག་རྒྱ་རྒྱུད་ཡིན་ཕྱིན། །དེ་ལྟ་བུ་ཡི་ངང་དུ་གནས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །མིང་གྲངས་མེད་པའི་རྒྱུ་ཉིད་དང་། །ཡོངས་སུ་རྫོགས་པ་ཞེས་ཀྱང་བརྗོད། །གསུམ་པ་དངོས་པོ་ཞེན་པ་ཡི། །མྱ་ངན་འདས་དང་འཁོར་བའི་ཆོས། །ཡེ་ནས་རིགས་རྒྱུད་རྟགས་མིན་པས། །སོ་སོའི་གཟུགས་སྒྲ་དྲི་རོ་རེག །ཆོས་ཀྱི་བྱེ་བྲག་ཐ་སྙད་ཀུན། །འཇའ་སྣང་མཁའ་ལྟར་མ་འདྲེས་ཤིག །འདུས་མ་བྱས་ཉིད་འདུས་བྱས་སྣང་། །འདུས་བྱས་སྣང་བ་རྡོ་རྗེ་ཉིད། །རྒྱལ་འགྲོས་མི་མཛད་མ་བཅོས་པ། །རང་བཞིན་ངང་གིས་དབྱེར་མེད་ངང་། །དེ་མིན་ཞེན་པ་དགྲོལ་ཕྱིར་ལས། །ཐ་སྙད་གཉིས་པ་བསམ་བརྗོད་འདས། །ཡུལ་དང་ཤེས་རབ་སྣང་བ་ཡང་། །རང་བྱུང་ཡེ་ཤེས་རང་སྣང་ཟད། །རྒྱུ་འབྲས་སྣང་ཡང་གཉིས་པ་མེད། །ཕྱི་ནང་གསལ་བའང་དེ་ཉིད་ངང་། །དེ་ལྟར་ཡེ་ཤེས་རང་གནས་པ། །ལམ་དང་འབྲས་བུ་ཀུན་དངོས་པོ། །འབྲེལ་པ་བདག་ཕྱིར་ཐབས་ཆེན་པོས། །མངོན་བྱེད་རང་ལས་འབྱུང་བར་ཟད། །ཡེ་ཤེས་རང་ལ་གནས་པའི་ལེའུ་སྟེ་དང་པོའོ།། །།ལྷུན་གྲུབ་ངང་ནས་ཕྱག་འཚལ་ཏེ། །དང་པོ་ལམ་མཆོག་བཤད་པར་བྱ། །ཡང་དག་རང་གནས་མཐོང་འདོད་དགོས། །དུས་སྣོད་རྒྱུ་རྐྱེན་ཐབས་གྲངས་དངོས། །སྤྱོན་ཡོན་དྲོད་རྟགས་ཚད་དང་སྐྱོན། །ཡན་ལག་སྤྲོས་པའི་རྩ་བར་བཞག །བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་མེད་དཀྱིལ་འཁོར་འཇུག་བྱེད་པ། །བླུན་པོ་མུན་སྤྲུལ་བློ་ཅན་ཏེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །དེ་བས་མ་རིག་ལིང་ཏོག་མིག །ལྡོང་པས་རྡོ་རྗེ་ཐུར་མ་མཁན། །མཉེས་ཐོབ་སྔོན་བྱས་གཞུང་ཐོས་ཏེ། །སྤྱན་དབྱེ་དཀྱིལ་འཁོར་མཐོང་བྱས་དགོས། །དེ་ཡང་རང་བཞིན་སྦྱངས་པ་ཡིས། །སྣོད་དུ་གྱུར་པ་ཉེ་རིང་ཕྱིར། །རིམ་དང་ཅིག་ཆར་བཞི་ཆ་ཡིས། །ཕྱེ་བས་རྣལ་འབྱོར་ཆེན་པོར་འཇུག །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་པའི། །ཤེས་རབ་མིག་ལྡན་འདིར་འཇུག་ཕྱིར། །རིང་བའང་རིམ་དང་ཅིག་ཆར་ཏེ། །སྔ་མ་ཏནྟྲ་གཞུང་འདི་ལ། །ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ལམ་སྟེགས་སྔོན་དུ་རྫོགས་པར་སྦྱོར། །དེ་ཕྱིར་མ་ངེས་རིགས་མཆོག་ནས། །མུན་པའི་ཤེས་པ་ས་དེ་ཉིད། །རང་བཞིན་རྒྱུ་ཡི་མྱོང་བར་བཤད། །ཕལ་པའི་སེམས་བརྒྱད་མཐར་གནས་ཚེ། །སྙིང་པོ་རང་བཞིན་མཚུངས་པ་དང་། །བཤེས་གཉེན་ཀུན་ལ་ལུང་གཉིས་ཐོབ། །ཡོན་ཏན་མཐོང་དང་སྐྱོན་མཐོང་དང་། །དེ་ཡི་སྐྱེ་རྨོངས་བྲོད་པ་དང་། །གཉིས་པའི་རྒྱུ་རུ་གསུངས་པ་ཡིན། །དེ་དག་གསང་སོགས་དམིགས་པ་སྟེ། །སྐད་ཅིག་འཕེལ་བ་དེ་མ་ཐག །དྲུག་ལས་རྩྭ་མེ་བཞིན་གཡོས་ཏེ། །གཞི་ཡི་ཐེག་པ་དང་པོར་ཞོག །དེ་ནས་རིམ་གྱིས་བགྲོད་བྱ་སྟེ། །རྒྱུ་ནས་རྐྱེན་གྱིས་འཕར་བ་སྟེ། །རྣལ་འབྱོར་རྒྱུད་ལ་གནས་པ་ལ། །འདི་སྟོན་མགོན་ལ་ལུང་ཐོས་པས། །དེ་ཇི་བཞིན་དུ་གཉིས་དང་བཞིས། །མཆོག་གི་སྤྱོས་པའི་སེམས་འབྱུང་འགྱུར། །གཞི་དེའི་ཁུང་དུ་ཆུད་སྨོན་པས། །ལྷག་པ་གཟུགས་བརྙན་འཇུག་པ་སྟེ། །མཆོག་གི་དམ་ཚིག་དེ་རུ་ཕྱིན། །རིགས་ངེས་འགྱུར་ལ་ཕན་པ་བཅུ། །ནུས་པ་གཉིས་ཀྱི་བྱིན་རླབས་བཞག །རང་གི་སྤྱན་མཆོག་འབྱེད་ལ་བརྩོན། །རྒྱུ་ཡི་དཀྱིལ་འཁོར་མཐོང་བྱའི་ཕྱིར། །ཐོས་བསམ་དམ་པ་ལེན་པར་བྱེད། །ཁ་ཅིག་དུས་མཐའི་ཅིག་ཆར་བ། །བསྐལ་པ་རྡུལ་སྙེད་སྔོན་པོ་བས། །ཐུན་མོང་དེ་སྙེད་སྦྱངས་པའི་མཐའ། །སྒྱུ་འཕྲུལ་དྲྭ་བའི་དོན་ཞུགས་པས། །སྔར་སྦྱངས་འདི་ཚེ་ངེས་འབྱུང་བས། །རིམ་གྱིས་སྦྱ་ལ་ཅིག་ཆར་རོ། །ལ་ལ་དབང་པོ་རྣོན་པོ་དག །ཐེག་པ་ཆེན་པོ་གཉིས་འཇུག་སྟེ། །མ་སྦྱངས་གྲུབ་པ་གསུམ་ཕྱིར་གྱིས། །མཐའ་རྟེན་མྱུར་རྣོ་རྒྱ་ཆེ་ཡངས། །ཟབ་དོན་རྒྱུ་ཡི་གང་ཟག་སྟེ། །ཉིད་ཀྱང་རྐྱེན་དང་རིམ་པ་བས། །ཕྱེ་བས་རྒྱུ་འབྲས་ཆེན་པོ་རྣམས། །མ་ངེས་འཇུག་དང་འདི་ཉིད་འདུའོ། །དེ་དེའང་རང་སེམས་དམ་པའི་ངོས། །བཤེས་གཉེན་རྣམས་དང་ངོ་བོས་འབྲེལ། །དེ་ལྡན་བྱ་བྱེད་སྣོད་བཅུད་དུ། །ཆེན་པོ་ལུང་དང་འབྲེལ་པ་དང་། །མགོན་དང་བྱ་བྱེད་ཐུགས་རྗེས་འབྲེལ། །དེ་ཕྱིར་མཆོག་ལུང་རྡོ་རྗེ་རྣམས། །དང་མཇལ་བྱེད་ཕྱིར་རྒྱུ་རྐྱེན་དྲུག །ལྡན་པས་མ་ངེས་འཇུག་པ་ནི། །དབང་པོ་ཅི་བཞིན་མོས་རྐྱེན་གྱིས། །རྒྱུའམ་བྱ་བའམ་གཉིས་ཀ་འམ། །རྣལ་འབྱོར་ཐེག་པ་སྦྱོང་བར་བྱེད། །དེ་ནས་དེ་བཞིན་འདིར་འཇུག་པའང་། །སྔོན་བཞིན་གཡོ་སྨོན་འཇུག་སེམས་སྦྱོར། །གནས་བས་མཐར་ཕྱིར་བྱེད་པ་ནི། །ལྟོས་པར་རིང་བས་དུས་ཉིད་དེ། །མ་ངེས་པ་ནས་འབྲེལ་རྒྱུ་རྐྱེན། །ལྡན་པས་རྣལ་འབྱོར་མཆོག་སྦྱོར་བ། །མུན་པའི་ཟེར་ཚུལ་རྩྭ་མེ་ལྟར། །གཡོ་སྨོན་འཇུག་པའང་སྔོན་བཞིན་ཏེ། །བདུན་ལྡན་པའང་ཏནྟྲ་ཡི། །གཞུང་ཉིད་ངང་ཚུལ་རང་བཞིན་སོགས། །སྣོད་ཡོན་ལྡན་པས་བསླབ་པ་ལ། །གནས་པ་དཀྱིལ་འཁོར་ཆེན་པོ་རུ། །འཇུག་པ་བཞི་ཡི་ཡན་ལག་མཆོག །དང་པོ་ཆེད་དུ་གཉེར་བར་བྱེད། །གང་དེ་ཐོས་པས་ཚོལ་བའི་ཚེ། །རྒྱུ་གཉིས་རྐྱེན་གྱིས་བཟོད་ཐོབ་དང་། །རང་བཞིན་ངང་གིས་བཟོད་ཐོབ་པས། །རེ་སྨོན་སེམས་ཀྱིས་ཉན་བརྩོན་སྦྱར། །གང་དག་མཉམ་བསམ་ཤེས་རབ་ཆེ། །ཉན་ཅིང་ཐོས་འཛིན་བསམ་པ་དང་། །བསམ་པའི་ཚེ་ན་རྟོག་དཔྱོད་པ། །གཉིས་པོ་འདི་དག་ཤེས་པའི་རྒྱུ། །མཁན་པོ་ལུང་དག་མན་ངག་བཅས། །ལྷན་ཅིག་བྱེད་པའི་རྐྱེན་དུ་འདོད། །རང་བཞིན་བདུན་དང་མཚུངས་ལྡན་པས། །གཅིག་ཤོས་རྒྱུ་རུ་ངེས་པ་ཡིན། །དེ་ལྟར་ལྡན་པས་སྤྱན་འཚོལ་ཚེ། །གཏན་ཚིགས་རྣམས་ཀྱིས་སྨལ་བྱས་ཏེ། །ནོར་བའི་ཤེས་རབ་མིག་གསལ་ནས། །མ་ནོར་མིག་ལ་བླང་བར་བྱ། །གཞི་དང་གཏན་ཚིགས་འགྲུབ་པའི་དོན། །རྣམ་གསུམ་སྔ་མའི་གཞི་རུ་བཞག །ཡང་དག་རྫོགས་སངས་རྒྱས་སྟོན་པ། །སྐུ་ལྔས་འདུལ་བའི་འཁོར་རྣམས་ལ། །གསུང་ལྔ་བསྟན་པའི་དེ་ཁོ་ན། །གཏན་ལ་འབེབས་ཤིང་འཇལ་བྱེད་བའོ། །དེ་ཉིད་དངོས་ལྔ་ཚུལ་དང་ཚིག །བརྗོད་པ་ལྔས་མཚོན་འབྱུང་བའི་གཞི། །དེ་ལ་གཏན་ཚིགས་དངོས་ལྔ་ཡིས། །བརྡ་སྤྲོད་རྗེས་སུ་འཇུག་བསྟན་པ། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །དངོས་ལྔས་ལེགས་པར་བརྟགས་ཏེ་དབབ། །དེ་ཡང་ཡོངས་སུ་བརྟག་གཞི་ནི། །དབང་པོ་ཡུལ་དུ་སྣང་བ་ཀུན། །ཡུལ་རྣམས་ཡོད་པ་མ་ཡིན་ཏེ། །ཀུན་གཞི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་བ། །འཁོར་དང་འདས་དངོས་ཞེན་སྣང་བརྟག །འཇིག་རྟེན་འདི་ན་ཅི་འདོད་པའི། །མིང་དང་མཚན་མར་འཛིན་པ་ཡི། །ལོག་རྟོག་སོ་སོའི་རང་སྤྱི་མཚན། །ཇི་ལྟར་གནས་པ་སྤྱད་པར་བྱ། །དངོས་གཞིས་ཞེན་དངོས་དུས་གསུམ་ཆོས། །སྐད་ཅིག་མ་ལུས་ལ་རྫོགས་ཕྱིར། །དེ་དངོས་མཐོང་བར་ཡང་དག་པར། །རིག་བཞིན་ཀུན་ཀྱང་དེ་ལྟར་ཤེས། །ཀུན་བརྟགས་ཤེས་པ་བར་མར་འགྱུར། །སྤྱི་ཡུལ་ལུས་མེད་གྲིབ་མ་བཞིན། །མེད་པས་མི་བཏུབ་རང་ཉིད་ལ། །མི་བཏུབ་མཛུབ་མོ་བཞིན་དགོས་པས། །གཉེན་པོ་མེད་པས་དག་མིན་ཞིང་། །བར་མའི་ཡུལ་ཕྱིར་ངེས་ཚིག་འགྲུབ། །དེ་ལྟར་ལྔ་ཡི་དེ་དེ་ལ། །དེ་དེའི་རང་བཞིན་བརྟག་བྱ་བ། །རྟོགས་དང་ལྡན་པའི་བློ་རྣམས་ལ། །དངོས་པོ་སྣ་ཚོགས་སེམས་གསང་སྔགས། །ངེས་ལུང་ཡིན་ཕྱིར་ཆོས་ཚུར་སྟོན། །བརྗོད་དང་འདྲ་བར་བརྡ་སྤྲོད་པས། །ངོ་བོ་ཉིད་ཀྱི་བཤད་པའི་ཕྱིར། །མ་འོངས་དོན་དུ་གཏན་ཚིགས་ངེས། །ཡང་ན་ས་གནས་མིག་ལྡན་པ། །རང་བཞིན་ཤུགས་ཀྱི་སྐྱེ་མེད་དོན། །མ་བཙལ་ངང་གིས་སྣང་བྱེད་པའང་། །བརྗོད་མེད་དོན་གྱི་བརྗོད་དང་འདྲ། །གང་དག་གཟུགས་དང་རྣལ་འབྱོར་གྱིས། །མཐོང་ཐོས་ལ་སོགས་རང་བཞིན་བརྡ། །དཔའ་བོའི་བརྡ་དང་དགོས་པ་དང་། །རང་གི་ཏིང་འཛིན་གྱིས་བརྡ་སྤྲོད། །དཔེར་ན་ས་འོག་གསེར་རླངས་དང་། །མེ་ལོང་ཉི་མ་ངད་བཞིན་དུ། །ཀུན་ཀྱང་རིག་ཕྱིར་རང་བཞིན་སྤྲོད། །རང་བཞིན་ངང་གིས་བརྗོད་འདྲར་སྣང་། །ཀུན་ཀྱང་བྲག་ཆའི་སྒྲ་བཞིན་ཕྱིར། །གྲགས་སྟོང་དབྱེར་མེད་རྡོ་རྗེའི་གསུང་། །སྒྲ་ཐོས་ཉིད་ཀྱིས་དེ་ཉིད་དུ། །སོ་སོར་མ་བརྟག་འཇལ་བར་བྱེད། །སོ་སོའི་སྐད་དུ་བརྡ་སྤྲོད་ལྟར། །ཚིག་དབྱངས་སྙན་པོའི་ངག་ལྟ་བུ། །མོས་སྤྱོད་གྲོལ་བཞིན་བརྗོད་པ་ཡིས། །བརྡ་སྤྲོད་ཡོངས་སུ་གྲོལ་བར་བྱེད། །དང་པོ་རྒྱུད་ལ་ཐ་དད་ཕྱིར། །གང་མོས་གྲོལ་བ་ཡོད་མེད་ཀྱང་། །ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་འགྲུབ་བྱེད་ཕྱིར། །མི་དམིགས་ངང་ལས་དམིགས་པ་ཡིས། །ཆོ་འཕྲུལ་ཚིག་གིས་མཚོན་བྱར་བྱ། །གསུང་ལྔ་ཐོས་པ་ལྔ་ཚུལ་ཡང་། །རྗེས་སུ་ཚིག་གིས་མཚོན་པར་བྱེད། །ངོ་བོ་སྣང་ཚིག་རང་སྣང་ཚིག །ལྡེམ་དགོངས་ཚིག་དང་བཀྲི་དྲང་རྒྱུད། །འདོད་རྐྱེན་ཚིག་དང་རྡོ་རྗེའི་ཚིག །རང་རིག་མངོན་གསལ་ཚིག་གིས་མཚོན། །ཐམས་ཅད་གསང་སྔགས་ངོ་བོ་ཉིད། །མཐའ་དང་དབུས་མེད་དེ་བཞིན་ཉིད། །དབྱེར་མེད་ངང་དུ་གནས་པ་ལ། །ཡེ་ཤེས་རྟོགས་པའི་དོན་བྱའི་ཕྱིར། །ཕྱོགས་དང་དབུས་སུ་གནས་པར་བྱ། །ཀུན་ལ་དེ་ལྟར་འབྱོར་པར་གྱིས། །ཡི་གེ་ཚིག་དང་སྒྲ་སྤངས་པའི། །བརྗོད་མེད་ངང་དུ་གནས་པ་ནི། །གསུང་ཉིད་རང་བཞིན་མེད་པ་ཡི། །ཆོས་རྣམས་ཐམས་ཅད་ཡེ་ནས་དག །ཐམས་ཅད་ཐུགས་སུ་གྱུར་པས་ན། །སྒྲ་དང་ཚིག་ཏུ་གནས་པ་མིན། །འདས་དང་མ་འདས་ཐམས་ཅད་ཀུན། །ཡང་དག་ཤེས་པས་རབ་བརྟགས་ན། །རང་བཞིན་མེད་ལ་ཅིར་ཡང་སྣང་། །སྣང་བ་ཉིད་ན་དབྱིངས་ཡིན་ཏེ། །དེ་ལྟར་རྟོག་པའི་ཤེས་པ་ནི། །ཀུན་ལ་དབང་བསྒྱུར་རང་དབང་ཅན། །ཐམས་ཅད་ཚིག་གི་སྒྲ་ལྟར་གནས། །འདི་ནི་ཡེ་ཤེས་གསུང་མཆོག་ཡིན། །ཆོས་རྣམས་བསམ་གྱིས་མི་ཁྱབ་སྟེ། །མཐའ་དང་དབུས་མེད་ཀུན་ཏུ་ཁྱབ། །ཁྱབ་དང་ཁྱབ་མེད་རྡོ་རྗེའི་སྐུ། །སྒྲ་སྐད་སྣ་ཚོགས་བསྒྲགས་པ་ཡང་། །དངོས་པོ་མེད་ལ་དངོས་པོའི་སྒྲ། །ཇི་ལྟར་པི་ཝཾ་ལག་ཐོགས་ནས། །སྒྲ་ནི་སྣ་ཚོགས་འབྱུང་འགྱུར་ཡང་། །དངོས་པོ་མེད་དེ་དེ་བཞིན་ཉིད། །བྱང་ཆུབ་སེམས་དཔའ་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །མིང་དང་ཚིག་ཏུ་བརྟག་ནས་སྟོན། །ཇི་སྙེད་མང་པོ་དོན་བརྗོད་ཀྱང་། །རྡོ་རྗེ་གསུང་ལ་སྤྲོས་པ་མེད། །སྤྲོས་མེད་དེ་ཉིད་སྣ་ཚོགས་པ། །ཀུན་ལ་བརྡ་འཇལ་ཡེ་ཤེས་གསུང་། །སྒྲ་དང་མིང་ཚིག་ཀུན་ལས་འདས། །ཐམས་ཅད་པདྨ་ཆགས་མེད་པའོ། །དབང་པོ་རྣམ་གཉིས་བསྲུབས་པ་ཡིས། །མཁའ་ལ་ཉི་ཟླ་དུས་གཅིག་ཤར་། །མི་འཇིགས་ཚུལ་དུ་ཟིལ་མནན་མཐོང་། །དེ་ཕྱིར་གཏན་ཚིགས་ལས་མ་བརྗོད། །དེ་ལྟ་མོད་ཀྱང་བསྡུ་ན་གཉིས། །བཞི་རྗེས་མི་སྤྱོད་གཅིག་རྗེས་སྤྱོད། །རྣམ་གཉིས་ཚུལ་གྱི་མཐོང་བྱེད་པས། །དབང་པོ་གཉིས་པོ་མཐུན་སྦྱར་བའོ། །དེ་ལ་སྔ་མས་གོ་བྱེད་པའང་། །སེམས་ཅན་མ་ལུས་ཐམས་ཅད་ཀུན། །ཡེ་ནས་བྱང་ཆུབ་སྙིང་པོར་གནས། །དེ་ཕྱིར་སྤྱོད་པའི་བྱ་བྱེད་མེད། །ཚིག་དང་ཡི་གེས་མི་མཚོན་ཏེ། །སངས་རྒྱས་ཀྱིས་ཀྱང་བསྟན་པར་དཀའ། །རྒྱལ་བའི་སྲས་པོ་ཅང་མི་གསུངས། །མ་གསུངས་པ་ནི་རྒྱ་ཆེར་བཤད། །འཆད་དང་མཉན་པ་གཉིས་ཀ་མེད། །དཔྱོད་པ་ཞུགས་ན་རྟོག་པའི་གཞི། །རྟོག་པ་ཞུགས་ན་དམིགས་པའི་རྟེན། །དམིགས་པ་ཞུགས་ན་འཛིན་པའི་གཟུང་། །འཛིན་པས་ཟིན་ཕྱིར་གྲོལ་མི་འགྱུར། །དེ་བས་གསེར་ལྟར་གསེར་བཞིན་དུ། །བདག་ཕྱིར་བྱ་བྱེད་མི་དམིས་པས། །རྟོག་དཔྱོད་དམིགས་འཛིན་མི་འཚོལ་བའི། །དེ་བརྗོད་ཉིད་ཀྱིས་དེ་ཉིད་མཐོང་། །སུས་ཀྱང་མ་བཅིང་བཅིངས་མེད་དེ། །བཅིང་བར་བྱ་བའང་ཡོད་མ་ཡིན། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །གྲོལ་བར་མི་འདོད་བཅིངས་དང་བྲལ། །སོ་སོར་གང་ལའང་རྟོག་མེད་པས། །སོ་སོར་སྣང་བ་ཀུན་རྟོག་ཕྱིར། །སོ་སོར་རྟོག་པའི་མཆོག་ཉིད་དེ། །བཏགས་པ་མེད་པའི་བླ་དྭགས་ཡིན། །ཁ་ཅིག་ཕྱི་མས་གྲོལ་བྱེད་པ། །བརྗོད་པའི་དངོས་པོ་སྤྱོད་ཡུལ་ལ། །སོ་སོར་རྟོག་པའི་གཏན་ཚིགས་རྐྱེན། །དོན་དང་མཐུན་དང་མི་མཐུན་པས། །ཕྱི་མ་མི་མཐུན་མཚོན་བྱེད་ལྟར། །ཆོས་ཀུན་མཐའ་ལས་འདས་པ་དང་། །མཐའ་དག་ཡང་དག་དོན་མེད་པས། །འདི་ལྟར་འདི་ཞེས་བསྟན་མེད་པའོ། །རང་གི་ངོ་བོ་བསྟན་པར་དཀའ། །འོན་ཀྱང་ཡིན་མིན་འཛིན་གྲོལ་ཕྱིར། །མདོར་ན་ཇི་ལྟར་བརྟགས་བསམ་བཞིན། །འགྱུར་བ་ཀུན་གྱི་ངོ་བོར་སྟོན། །དེ་མཚོན་ཅི་ཡང་ཡིན་པའི་ཕྱིར། །སེམས་ཆོས་ཅི་ཡང་མ་ཡིན་ནོ། །དེ་ཕྱིར་མ་ཡིན་ཀུན་ཡིན་པས། །ཅི་ཡང་ཡིན་ནོ་ལྷུན་གྱིས་གྲུབ། །མཐའ་ཀུན་ཕྱོགས་སུ་མ་ཆད་ཕྱིར། །མཐའ་དང་བྲལ་ཕྱིར་མ་བྲལ་བའོ། །གང་ཡང་མ་སྤང་མི་ལྡན་པས། །མ་བྲལ་ཕྱིར་ན་བྲལ་ཞེས་བྱ། །ངོ་བོ་ཕེབས་པས་རྒྱས་པར་འགྱུར། །ཅིག་ཤོས་མཐུན་པར་བསྟན་པ་ཡང་། །བྱེ་བྲག་བསྡུས་པས་ཀུན་ཁྱབ་གསུམ། །དེ་ལྡན་རྣམ་པ་བསམ་ཡས་པས། །ཆ་ཙམ་བརྗོད་པ་འདི་ལྟ་མོད། །ཆོས་རྣམས་ཡོངས་ཀྱིས་དག་པ་ཡི། །རྣམ་བཞི་ཚུལ་གྱིས་དོན་རྟོགས་མངོན། །སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །མཉམ་གཉིས་ལྷག་པའི་མཉམ་ཉིད་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་རླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཉིད་ལ་དབང་བསྒྱུར་ཉིད་སྤྱོད་ཕྱིར། །བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །འདས་དང་མ་འདས་ཐམས་ཅད་ཀུན། །ཡང་དག་ཤེས་བས་རབ་བརྟག་ན། །རང་བཞིན་མེད་ལ་ཅིར་ཡང་སྣང་། །སྣང་བ་ཉིད་ན་དབྱིངས་ཉིད་དེ། །གཤེགས་སྐུ་སྒྱུ་མར་སྣང་བ་དང་། །ལོག་རྟོག་སྒྱུ་མར་སྣང་བ་གཉིས། །གཞི་རྩ་མེད་དེ་རང་བཞིན་ཏེ། །རིགས་དང་རྒྱུད་དུ་བརྟག་ཏུ་མེད། །རིགས་དང་ཁ་དོག་དབྱིབས་མེད་ལ། །ཕྱི་ནང་སྣོད་བཅུད་ཐམས་ཅད་སྣང་། །སྣང་བ་ཉིད་ན་ཆོས་ཀྱི་སྐུ། །ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ། །ཉོན་མོངས་རང་དང་སྤྱི་བསྟན་པས། །མཚན་ཉིད་མ་ནོར་རབ་རྟོགས་ན། །རྣམ་པར་བྱང་བའི་ལམ་དུ་འགྱུར། །དེ་ཕྱིར་རང་སྤྱིའི་གཏན་ཚིགས་གཅེས། །མཐའ་དང་དབུས་མེད་དུ་མ་བྲལ། །གང་ཡང་མིན་ཏེ་དེ་བཞིན་ཉིད། །དབྱེར་མེད་པར་ཡི་ཚུལ་རྟོགས་ཕྱིར། །མཐའ་དང་བྲལ་བ་དེ་བཞིན་ནོ། །འབྱུང་བ་ཆེན་པོ་ལྔ་རྣམས་ལ། །རང་བཞིན་མེད་པས་གཞིག་པའི་ཕྱིར། །གཅིག་ལའང་ལྔ་ལྔར་དབྱེ་བྱ་ཞིང་། །མུན་གྱི་དབྱིངས་སུ་ཐིམ་པར་བྱ། །མུས་གཉིས་སྨྲ་བསམ་བརྗོད་ལས་འདས། །ནམ་མཁའ་གཟུང་དུ་མེད་པ་ལྟར། །སྣང་སྲིད་ཐམས་ཅད་དེ་དང་འདྲ། །རྟེན་པ་གཉེན་འཁྲུས་གཟུགས་མེད་རླུང་། །གསལ་བསྲེག་མེ་ལྟར་ཤེས་པར་བྱ། །དེ་བཞིན་ཕུང་པོ་དབང་ཡུལ་ལྔ། །ཉོན་མོངས་ཁ་དོག་ལ་སོགས་པ། །དོན་དང་ངོ་བོ་གཅིག་མ་འདྲེས། །དེ་ཕྱིར་དེ་ཡི་མཚོན་རྟོགས་བྱེད། །གཏན་ཚིགས་གཏན་ཚིགས་བརྗོད་པ་རྣམས། །བསྒྲུབ་བྱ་གང་ཡིན་ཤེས་དོན་ལ། །ངེས་ཚིག་ངོ་བོ་མཚན་ཉིད་སོགས། །གང་ནས་འབེབས་ཀྱང་རྒྱས་པར་བྱ། །ཐམས་ཅད་འཇིགས་མེད་དམ་ཚིག་དང་། །ཤེས་པའི་དམ་ཚིག་ལྡན་པར་བྱའོ། །ཐམས་ཅད་མ་ལུས་དོན་འབྱུང་བ། །ཚིག་གིས་མཚོན་ལས་གུད་ན་མེད། །སྒྲ་ཉིད་དོན་གྱི་དངོས་པོ་མིན། །དོན་ཉིད་སྒྲ་ལས་གུད་ན་མེད། །མིང་ཚིག་སྒྲ་ལ་མ་བརྟེན་པར་། །བློ་ཡི་གཏིང་དུ་གོ་བར་བྱོས། །གསུམ་བཞི་ལུས་དོན་བརྗོད་བྱ་བ། །སྔགས་མཆོག་བླ་ན་མེད་པ་ཡི། །མཚན་མ་ཀུན་ཏུ་མི་རྟོག་པར། །མཉམ་པའི་ངང་དུ་ཐམས་ཅད་ཤེས། །ཀུན་ཀྱང་མཉམ་པ་ཉིད་ཡིན་པས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སོ་སོའི་ལྟ་བ་བརྗོད་མི་བྱ། །དག་ཅིང་བླང་བར་བྱ་བ་མིན། །སྤྱིར་ནི་ལོག་རྟོག་བསམ་ཡས་པ། །ཡེ་ནས་ཡོད་པ་མ་ཡིན་ཏེ། །སོ་སོར་འཛིན་རྟོག་བག་ཆགས་ཀྱི། །གཟུང་འཛིན་དྲྭ་བས་སྒྲིབ་འགྱུར་ཏེ། །ཅིར་ཡང་མེད་ལ་ཅིར་ཡང་སྣང་། །བྱང་ཆུབ་སྙིང་པོ་གཞི་ལས་གོལ། །བདེན་མི་མ་གྲོལ་བཅིངས་པ་དང་། །དུས་དགྲས་འཇོམས་བསླུས་མི་རྟག་དང་། །འཕགས་ལམ་བྲལ་དགོས་བཙོན་རར་ཆུད། །སྔག་བསྡུལ་མི་འཇིལ་དགུ་ཕྱིར་འཕྲུལ། །དེ་བས་མཉམ་ཉིད་མ་རྟོགས་པས། །དུག་ལྔ་འཇོལ་སྤྱོད་རྒྱུད་ལྔར་འཁོར། །དགེ་བཅུ་དག་ལ་གཙོར་ལེན་ཅིང་། །དགེ་དང་མི་དགེ་མི་མཉམ་པ། །ལྷ་དང་མི་ཡི་སྐྱེ་གནས་ཏེ། །མཉམ་ཉིད་ལ་རྟོགས་འདོད་ཁམས་འཁོར། །མཉམ་པའི་དོན་ཉིད་མ་རྟོགས་ཤིང་། །ཚད་མེད་བཞི་དང་བསམ་གཏན་བཞི། །རིམ་པར་སོ་སོར་བདག་འཛིན་ཅིང་། །གཟུགས་སོགས་ཀུན་ལ་བདག་ཏུ་རྟོགས། །འདི་ནས་ཚངས་གནས་རིམ་པར་སྐྱེ། །མཉམ་དང་གཟུགས་མེད་མ་རྟོགས་ནས། །མིང་བཞི་མེད་པར་མི་ཤེས་ཏེ། །སྐྱེ་མཆེད་བཞི་ལ་གནས་འགྱུར་བ། །སྲིད་པའི་རྩེ་མོའི་ས་རུ་སྐྱེ། །རྟག་ཆད་གཉིས་ཀར་གང་གིས་བློ་ཞེན་པ། །དོན་གྱི་སྙིང་པོ་ཉིད་ལས་གོལ་བར་གསུངས། །ས་དགུ་དག་པའི་ཡེ་ཤེས་ནི། །ས་དགུ་མི་སྤངས་ངང་དུ་བཅོམ། །གཉིས་མེད་མ་རྟོགས་ཐམས་ཅད་ལ། །བདེན་བཞིའི་དངོས་པོ་ཡོད་ལྟ་ཞིང་། །སྤོང་དང་མི་སྤོང་བྱེད་འགྱུར་ན། །འདི་ནི་ཉན་ཐོས་ས་པ་ཡིན། །ལས་དང་ཉོན་མོངས་ཐམས་ཅད་ལ། །མཉམ་པའི་དོན་ཉིད་མི་ཤེས་ཤིང་། །རྟེན་འབྲེལ་རྒྱུ་འབྲས་ཡོད་འཛིན་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །མཉམ་པའི་དོན་ཉིད་མི་ཤེས་ཤིང་། །ཀུན་རྫོབ་དོན་དམ་གཉིས་འབྱེད་པ། །ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་ས་པ་ཡིན། །བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་དོ། །ཀུན་རྫོབ་ཙམ་དུ་ཐམས་ཅད་ལ། དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་དཀོར་བདུན་ནོ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཡང་དག་སྐྱེས་མཆོག་དམ་པ་ཡིས། །དོན་དམ་ཀུན་རྫོབ་དབྱེར་མེད་པའི། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །མཉམ་ཉིད་ངང་ལས་མ་གཡོས་བཞིན། །ཐབས་ཀྱི་ཕྱག་རྒྱ་ཆེན་པོར་རྟེན། །ཐབས་དང་ཤེས་རབ་རྣམ་པར་དག །ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་བསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ནས་རྣམ་པར་དག །དེ་ཕྱིར་ཀུན་རྫོབ་རྫུན་མི་ལྟ། །གཉིས་མེད་མཉམ་པར་མ་ཤེས་པས། །དོན་དམ་དག་པ་ཆོས་ཉིད་ཙམ། །ཡེ་ཤེས་བཞི་ཡོན་ཀུན་རྫོབ་ལྷ། །རེས་བསྒོམ་བྱ་བ་ལས་ཀྱི་ས། །ལྷུན་གྲུབ་མཉམ་པ་མ་མཐོང་བས། །ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱི། །བྱིན་རླབས་རྡོ་རྗེའི་དབྱིངས་སྤྲུལ་པས། །བླང་དོར་བྱེད་པའི་རྣལ་འབྱོར་པའོ། །དེ་ལྟར་དངོས་བརྟག་དམིགས་ཕྱེས་ནས། །མ་ནོར་དོན་གྱི་གྲུབ་མཐའ་ནི། །ཐེག་པ་མཐོ་དམན་ཐམས་ཅད་དང་། །འཇིག་རྟེན་ལྟ་བ་ཐམས་ཅད་ཀུན། །ཡེ་ཤེས་ཆེན་པོས་རབ་བརྟག་ན། །རང་བཞིན་མེད་ལས་ཅིར་ཡང་འགྲུབ། །རང་བཞིན་དབྱིངས་ལས་ཉམས་པ་མེད། །ཉམས་པའི་དོན་ནི་ཇི་ལྟ་བུ། །མཉམ་ཉིད་རང་བཞིན་གང་ཡང་མེད། །ཀུན་ཡིན་ངོ་བོ་འདི་འདྲ་མེད། །ཉམས་དང་རྟོག་པ་གང་ཡང་མེད། །བྱང་ཆུབ་སེམས་ཞེས་བརྗོད་པ་ནི། །གང་ནས་མ་འོངས་གར་མི་འགྲོ། །རྟོག་མེད་རང་རིག་ཁོ་ན་ཙམ། །དུས་གསུམ་སངས་རྒྱས་སེམས་ལ་གནས། །བྱང་ཆུབ་སེམས་རྣམས་ཐམས་ཅད་ནི། །ཤིན་ཏུ་བརྟག་དཀའ་གཏིང་ཟབ་པས། །མ་དམིགས་མི་དམིགས་དམིགས་སུ་མེད། །སེམས་ཉིད་དེ་ནི་ཅི་ལྟ་བུ། །བྱང་ཆུབ་དེ་ནི་སེམས་ཡིན་ཏེ། །སེམས་དང་བྱང་ཆུབ་དབྱེར་མེད་པས། །སེམས་ཅན་མ་ལུས་ཐམས་ཅད་དང་། །དུས་གསུམ་ཆོས་རྣམས་ཐམས་ཅད་ཡིན། །ཡོད་ལས་བཙལ་ན་སྒྲོ་བཏགས་ཏེ། །སྒྲོས་བཏགས་བརྒྱད་དུ་ལྟུང་བར་འགྱུར། །མེད་ལས་བཙལ་ན་བསྐུར་བཏབ་སྟེ། །སྐུར་བཏབ་བཅུ་ཡི་གནས་སུ་ལྷུང་། །ཡོད་མེད་གཉིས་ལ་བཙལ་བྱས་ན། །དེ་སྙེད་ལུང་དུ་མ་བསྟན་འགྱུར། །དེ་ཕྱིར་ནམ་མཁའ་ཡོད་མེད་ཅེས། །བླུན་པོ་རྣམས་ནི་རྩོད་པར་འགྱུར། །མཁས་པས་ནམ་མཁའ་རང་བཞིན་ལས། །མེད་པར་མི་འཛིན་ཡོད་མི་འཛིན། །སེམས་ཉིད་ཡོད་མེད་ཀུན་ངོ་བོ། །སྒྲ་ཙམ་བརྗོད་དུ་རུང་མོད་ཀྱི། །ངོ་བོ་འདི་ཞེས་བསྟན་དཀའ་ལ། །ཡོད་དང་མེད་ཅེས་ཅི་བྱར་ཡོད། །སེམས་ཉིད་ཡེ་ནས་སངས་རྒྱས་ལ། །དེ་མིན་ལྟ་བ་བཟློག་པའི་ཕྱིར། །གཉིས་མེད་མཉམ་དང་སངས་རྒྱས་དང་། །བདག་ཉིད་ལྷུན་གྲུབ་ཆོས་དབྱིངས་དག །བྱང་ཆུབ་ཆོས་ཉིད་སྟོོང་བསམ་འདས། །དེ་བཞིན་ཉིད་དང་སྐྱེ་འགགས་མེད། །མཐའ་བྲལ་འདས་དང་གྲོལ་སོགས་སུ། །བླ་དྭགས་ཙམ་དུ་བརྗོད་པ་ཡིན། །ཡེ་ནས་ཚིག་དངོས་ཚིག་ལམ་ཆད། །སེམས་ཉིད་དེ་ཀུན་རང་བཞིན་ལ། །དེ་དག་སྒྲ་བརྗོད་བསྙད་ཅི་ཡོད། །བསྟན་བརྟག་དཀའ་བར་རྒྱལ་བས་གསུངས། །མ་ཆགས་པདྨ་འདྲ་བ་ཡི། །ཡེ་ཤེས་ཅན་གྱི་སྤྱོད་ཡུལ་དེ། །ཀུན་དང་ཐུན་མོང་དེ་མ་ཡིན། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་དེ། །སྐྱེ་བུ་བློ་རྩལ་རབ་ཀྱིས་རྟོགས། །དེ་ཕྱིར་བློ་ཅན་རྣམས་ཀྱིས་བརྩོན། །ཤེས་པའི་མཚན་ཉིད་དངོས་མིང་གྲངས། །ངོ་བོ་རིམ་པས་ཕྱེ་བ་ཡིན། །སྔ་མ་ཁ་ཅིག་མངོན་སུམ་ལ། །དྲུག་གམ་བརྒྱད་ཉིད་གནས་འགྱུར་ཕྱིར། །ཤེས་རབ་དབང་དྲུག་ཚུལ་གནས་བརྗོད། །ངེས་པར་མ་ནོར་མཐོང་བ་ཡང་། །ཡེ་ཤེས་ལྔ་རུ་གསལ་བའི་ཕྱིར། །བརྒྱད་ཀྱི་ངོ་བོ་དེ་ཉིད་དེ། །ལྔ་དང་དམིགས་བྱེད་མེད་ཕྱིར་ཏེ། །དེ་བས་ཡུལ་མེད་རང་གསལ་བའོ། །དབྱིངས་དང་རིག་པ་གཉིས་མེད་པར། །དེ་བཞིན་ཉིད་དུ་རྡོ་རྗེའི་རིགས། །གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་རང་སྣང་བའོ། །ཡངས་ཤིང་རྒྱ་ཆེ་ལྷུན་གྲུབ་ནི། །ཕྱི་ནང་སྣོད་བཅུད་ཡེ་ནས་དག །བདག་རྟོག་ཉིད་ཀྱང་དབྱིངས་ཉིད་ཡིན། །འདི་ནི་རྡོ་རྗེ་མཉམ་ཡིན་ནོ། །ཤེས་དང་སྤྱོད་ཡུལ་གཉིས་མེད་པས། །ཐམས་ཅད་མ་ལུས་གཅིག་པུའི་ངང་། །མ་འདྲེས་ཡོངས་རྫོགས་གསལ་སྟོང་གཟུགས། །ལྟ་དང་ལྟ་བར་བྱར་མེད་པར། །ཕྱོགས་བཅུ་ཞིང་ཁམས་ཐམས་ཅད་མཐོང་། །གང་དུའང་མ་མཐོང་སྤྱན་གྱི་མཆོག །ཁྱབ་གསལ་རང་བཞིན་གོ་བའི་སྒྲ། །ཐོས་པ་མེད་པར་ཐོས་པའི་ཕུལ། །དྭངས་པས་ཚིམ་བྱེད་ཆོས་ཉིད་དྲི། །སྣོམ་བྱེད་མེད་པར་ཚོར་བའི་ཤངས། །དོན་བཅུད་ཉམས་སུ་མྱོང་བའི་རོ། །མྱོང་བའི་བྱ་བྱེད་གཉིས་མེད་མྱོང་། །ཡང་དག་དོན་ལ་རེག་པ་ཉིད། །རེག་པ་ཀུན་དངོས་རེག་དང་བྲལ། །ཆོས་ཁམས་སྣ་ཚོགས་ཀུན་མཁྱེན་པ། །རང་རིག་རྒྱལ་པོ་སྣང་བའོ། །དེ་བས་བདག་འཛིན་རང་གསལ་བའོ། །བདག་བཅས་བདག་དང་བྲལ་བ་ཡི། །དོན་དང་སེམས་ཅན་རྟོག་མེད་གསལ། །རང་བྱུང་ཡེ་ཤེས་ཐམས་ཅད་མཁྱེན། །ཡང་ནི་རིམ་པར་དོན་གྲངས་བརྗོད། །དོན་དམ་ཀུན་རྫོབ་གཉིས་མེད་མཐོང་། །མངོན་བྱས་རིག་པ་རྟོགས་གོམས་རིམ། །རྣམ་བཞི་ལམ་དང་སྒོམ་བཞི་དང་། །བསྙེན་སྒྲུབ་ལམ་གྲངས་ཉམས་གཡོ་ཐོབ། །གོམས་བརྟན་མཐར་ཕྱིན་རིམ་པར་འཕར། །མཉམ་ཉིད་ངང་ལ་མི་སྐྲག་པས། །མངོན་བྱས་ངེས་པའི་ཤེས་རབ་དང་། །རྣམ་པར་ཀུན་ལྡན་སྟོང་ཆེན་མཐོང་། །རང་རིག་སྙིང་པོ་ཡེ་ཤེས་གཟིགས། །ཕྱག་རྒྱ་གཅིག་སྐུ་འབྲས་བུ་ལྟ། །ཐ་ག་རལ་པའི་ལྟ་བ་དང་། །བར་ཆད་མེད་པའི་ཚོགས་ཆེན་མཐོང་། །དབང་བསྒྱུར་མཉམ་ཉིད་མི་གཡོ་བ། །ཡེ་ཤེས་ཀུན་མཁྱེན་ལྟ་བ་དགུ། །ཐོས་བསམ་སོ་སོར་རྟོག་བསྒོམ་དང་། །རྣལ་འབྱོར་རིམ་པ་རྒྱུ་ལས་སྐྱེས། །དེ་བས་ཤེས་རབ་གསུམ་ལ་འབད། །རྒྱུད་དོན་གཟུངས་ཕྱིར་ཟིན་པ་ནི། །དམ་ཚིག་དམ་ཚིག་ཞེས་བྱ་བ། །རང་གི་ལྟ་བ་དམ་ཚིག་ཡིན། །སྡོམ་པ་རྣམ་པ་བཅུ་གསུམ་དང་། །སྤྱི་ཡི་དམ་ཚིག་མཐའ་ཡས་པ། །ཐིག་ལེ་ཆེན་པོའི་ངང་དུ་གསལ། །ཅི་ལྟར་སྤྱད་ཀྱང་སྡོམ་མི་འདའ། །སྤྱོད་པ་རྣམ་པ་གཉིས་པོ་ཡང་། །ཐིག་ལེ་ཆེན་པོའི་ངང་དུ་ངེས། །ཅི་ལའང་མི་གནས་ཀུན་ལ་སྤྱོད། །སྤྱོད་པར་བྱེད་དང་སྤྱད་མེད་མཐོང་། །བྱ་བྱེད་མེད་པའི་ཚུལ་གྱིས་སུ། །ཀུན་ལ་ཐོགས་པ་མེད་པར་སྤྱད། །བཞི་ཡི་ལས་དང་གཅིག་པོ་ཡང་། །ཐིག་ལེ་ཆེན་པོའི་ངང་དུ་གསལ། །མཆོད་པའི་རྒྱན་དང་ལོངས་སྤྱོད་ཀུན། །རིག་པ་བྱང་ཆུབ་སེམས་ཆེན་པོ། །ཆོ་འཕྲུལ་ཆེན་པོའི་ངང་དུ་འདུས། །ཕུལ་བ་མེད་པར་ཐམས་ཅད་མཉེས། །གཞལ་ཡས་ཁང་དང་དཀྱིལ་འཁོར་དང་། །ཁྲོ་ཚོགས་འདུ་འཕྲོ་མང་པོ་ཡང་། །སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིན། །དེ་བས་རྣམ་བདུན་རིག་པའི་ངང་། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རང་བཞིན་ངང་གིས་བདག་ཉིད་ཕྱིར། །དབང་ལྔ་མ་བཙལ་ལྷུན་གྱིས་རྫོགས། །བཅོ་བརྒྱད་རང་རིག་ཆོ་འཕྲུལ་སྣང་། །ཨེ་མའོ་མ་བསྒྲུབ་གྲུབ་ཆེན་པོ། །གྲུབ་པ་ཆེན་པོ་ཡེ་ཤེས་ཆེ། །དོན་དུ་གཉེར་བའི་རྣམ་གྲངས་ཀུན། །རང་རིག་བྱང་ཆུབ་སེམས་ཆེན་པོ། །ཏིང་འཛིན་ལྟ་བའི་བྱེ་བྲག་ཀུན། །རང་རིག་སྣང་ཕྱིར་ཆུ་བུར་དང་། །ནམ་མཁའ་ལྟ་བུའི་རང་བཞིན་ལས། །རང་རིག་ཡེ་ཤེས་ཉིད་ལས་མིན། །སྔགས་དང་ཕྱག་རྒྱ་སེམས་ཉིད་ཕྱིར། །བྲག་ཆ་ཆུ་ཟླ་འདྲར་ཤེས་ནས། །བཅིངས་བརྗོད་ལས་ཉིད་མྱ་ངན་འདས། །དེ་བས་བྱ་བྱེད་མཉམ་ཉིད་རྟོགས། །ལྟ་བ་ལྟ་བ་གཙོར་བརྗོད་མོད། །དོན་དུ་ཤེས་རབ་ཀུན་མཉམ་ཉིད། །དེད་དཔོན་རིན་ཆེན་ཇི་བཞིན་དུ། །གཏོད་མཐའི་བྱེ་བྲག་འདིར་ཤེས་དགོངས། །ཤེས་རབ་རྟོགས་པས་གཉེར་ཆུབ་ཚེ། །བདག་དང་གཞན་ཕྱིར་བྱ་བ་རྣམས། །ཤེས་པ་ཞི་ལ་ཀུན་ཀྱང་སྤྱོད། །ཐོས་བསམ་བཅུ་སྤྱོད་དོན་དུ་གཉེར། །འདི་ཡང་རྒྱལ་པོའི་ས་ཁམས་ཡང་། །སྟོབས་ཅན་རྩལ་སྐྱེད་དྲག་ཞན་དང་། །མཁའ་ཡུལ་ཆེ་ཆུང་ཇི་ལྟ་བ། །གཞི་གཅིག་སྟོབས་ཀྱིས་ཁྱད་པར་འགྱུར། །ཡེ་ནས་དབྱིངས་སུ་རོ་གཅིག་པས། །དེ་ལའང་ང་དང་བདག་མ་རྟོག །རང་བཞིན་རྣམ་པར་དག་པ་ལ། །གཙང་དང་དམེ་བའི་བློ་མ་བྱེད། །ཐམས་ཅད་བདེ་གཤེགས་སྙིང་པོ་ཅན། །རྐྱེན་གྱི་རྡུལ་གྱིས་ག་ལ་འགོས། །ཤེས་རབ་མཆོག་གིས་དེ་ལྟར་རྟོགས། །མ་ལུས་ཀུན་འདུས་དབྱིངས་སུ་བྱོས། །དེ་བས་ཤེས་པར་བྱ་བ་རྣམས། །དམ་ཚིག་སྡོམ་པའི་ངོ་བོར་བྱེད། །བདག་དང་གཞན་ཕྱིར་གཙོར་བྱེད་ཀྱིས། །དང་པོའི་སྡོམ་པ་ཀུན་ཀྱང་སློབ། །ཤེས་རབ་ཆེན་པོའི་སྦྱིན་སྲེག་གིས། །སྲིད་གསུམ་སྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །ཀུན་ཀྱང་ཆོས་ཉིད་ངང་དུ་བསྒྲལ། །གཏོག་མཐར་ལམ་གཉེར་སྤྲོས་གཅོད་ཅིང་། །གྲུབ་པ་བགྲོང་དང་འཇུག་པ་དང་། །བདག་དང་གཞན་ཕྱིར་དམ་འཆའ་བས། །བདག་ཉིད་ལའང་གཞན་དོན་རྫོགས། །དེ་བས་བྱས་པར་མི་མཚུངས་ཏེ། །ལམ་ཀུན་སྐབས་ལ་ཤེས་པར་བྱ། །གང་གིས་འདི་ལྟར་མཐོང་རྟོགས་པ། །དངོས་གྲུབ་མཆོག་གི་སྙིང་པོ་སྟེ། །ཆུ་སྤྲིན་ཕྱག་རྒྱ་ཅི་ལྟ་བུ། །དང་པོ་དོན་རྟོགས་མཐའ་མི་གཏོང་། །སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། །ཀུན་ནས་ཉོན་མོངས་སྤྱོད་པའང་གྲོལ། །ཐུན་མོང་ལམ་གཉིས་དེ་བཞིན་པས། །རྣམ་སྨིན་གཉིས་མེད་ཚོགས་གཉིས་རྫོགས། །གང་གིས་དེ་ལྟར་རྟོགས་འགྱུར་བ། །སྒྲོ་སྐུར་གསུམ་ལས་རབ་གྲོལ་ཏེ། །འཇུག་པའི་དོན་རྣམས་འབྱིན་པར་བྱེད། །དེ་བས་བདག་གཞན་ཆོས་དོན་རྫོགས། །རྒྱ་ཆེ་ཟབ་ཡངས་ཤེས་རབ་མྱུར། །ཟབ་པའི་དོན་རྟོགས་མི་ལྡོག་བདེ། །དད་དང་བདག་མེད་ཡངས་པ་བདེ། །བརྩོན་པས་རྟོགས་པ་མྱུར་བྱེད་ན། །དབང་ཐོབ་བདེན་མཐོང་མཚན་མཐོང་ཞིང་། །རྩ་བའི་དྲོད་ལས་ཡན་ལག་ཀུན། །ཤུགས་ཀྱིས་འབྱུང་བར་ཐེ་ཚོམ་མེད། །དེ་ལས་མཚན་མ་འབྱུང་བ་ནི། །སྟོབས་ཀྱིས་རྟོགས་པའི་ཀླུངས་ལྡན་པས། །འཕོ་འགྱུར་མཐོང་ཡང་འཇིག་མེད་ཅིང་། །འཁྲུལ་པའི་ཁམས་ལ་སྐྱོ་བ་མེད། །གྲུབ་པའི་གནས་ན་སྨོན་མེད་དེ། །འདོད་པའི་ལོངས་སྤྱོད་མཉམ་པར་སྦྱོར། །སྡུག་བསྔལ་ཉོན་མོངས་བཟོད་ཆེན་དེང་། །ལས་རྣམས་གང་ལ་ཁུར་མི་བལྟ། །ཏནྟྲའི་ལུང་དང་འགལ་མེད་སྤྱོད། །ཐ་མལ་སྤྱོད་ལས་ལྷག་པར་འགྱུར། །སྤྱོད་པ་རྒྱུན་གྱི་ཚོགས་གཉིས་རྫོགས། །མདོ་སྨྲོས་ཐ་དད་བརྗོད་མི་ལོང་། །རྒྱ་མཚོ་དྭངས་པའི་གཟུགས་བརྙན་ལྟར། །སྒྲ་བརྟེན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་དམིགས་བྲལ་བར། །རང་གསལ་གསུམ་བྲལ་མི་འགུལ་བས། །ངེས་པར་དེང་དུ་གང་བྱས་པ། །ཐོས་བསམ་བརྟེན་པའི་ལྟ་མཐར་ཕྱིན། །འོན་ཀྱང་ས་དང་ས་ཡི་རིམ། །དབང་པོ་དྭངས་མའི་སྤྱོད་ཡུལ་བ། །ཉེ་རིང་དྲུང་ཞིང་སྟོབས་འཕེལ་བས། །རྒྱུ་རྐྱེན་གོང་འོག་འབྲས་བུར་འབྲེལ། །གསལ་བའི་བྱེ་བྲག་རིམ་པར་འགྲོ། །དེ་བས་སྐབས་མི་བརྗོད་དངོས་གཅིག །གོང་གི་དོན་ལྟར་མ་རྟོགས་པའི། །བློ་ངན་མཉམ་པའི་ཁུངས་ཕྱུང་ནས། །མ་རྟོགས་ལེ་ལོ་སྙོམས་ལས་བྱས། །དོན་མ་འགྲུབ་པར་ངན་སོང་འགྲོ། །སེམས་ཀྱིས་མཉམ་པ་མ་རྟོགས་ན། །ཚིག་གིས་མཉམ་པས་སངས་མི་རྒྱ། །དེ་བས་དོན་ཚིག་ལྡན་པར་བྱོས། །འོན་ཏང་ཐེ་ཚོམ་མེད་པས་འགྲུབ། །སྤྱན་བཟང་ལམ་ཞུགས་ཇི་བཞིན་ཕྱིར། །ལམ་ཀུན་ཟག་ཅིང་འཆིང་བར་འགྱུར། །དོན་དུ་མི་འགྱུར་ཕྱིར་ན་བརླག །དེ་བས་དོན་དམ་འགྲུས་པར་བགྱིས། །དེ་ལྟར་དོན་མཐོང་གང་ཞིག་གིས། །གཞན་དུ་མི་བསལ་འདྲིས་བར་བྱ། །སྐྱེས་བུ་དམ་པ་མཆོག་འདོད་པས། །དེ་ལ་རྟག་འགྲུས་གསལ་བར་གྱིས། །ལམ་ཤེས་ལམ་དུ་འཇུག་བཞིན་ཕྱིར། །འཇུག་པ་རྣམས་དང་རྒྱུ་འབྲས་ཚུལ། །རང་གནས་མཐོང་བའི་ལེའུ་སྟེ་གཉིས་པའོ།། །།བདག་ཉིད་ངང་ཆེན་རྟོགས་པས་མོ། །དེ་རྗེས་གོམས་བྱེད་བཤད་པར་བྱ། །སྔ་མ་སྔ་མ་གང་དང་གང་། །ཕྱི་མ་ཕྱི་མ་ཐབས་དང་རྒྱུ། །དེ་བཞིན་ཕྱི་མ་ཕྱི་མ་གང་། །སྔ་མ་སྔ་མ་ལས་བྱུང་འབྲས། །དེ་ལྟར་རྒྱུ་འབྲས་ཐབས་འབྲེལ་བའི། །སྲིད་པའི་འཁོར་ལོ་ཚུལ་བཞིན་དུ། །དབང་པོ་བརྩོན་འགྲུས་བཟང་ངན་ཀྱང་། །རྣམ་པར་དབྱེ་བའི་ལུས་གཉིས་བསྟན། །སྲིད་པར་རྫོགས་པར་སྨིན་ཚུལ་དུ། །ལྷག་པར་གདིང་ལྡན་སྐྱེས་བུ་ཡིས། །བསྒོམ་པ་རྣམ་བཞི་ཟུང་ལྡན་པར། །གདོད་མ་ཉིད་ནས་གོམས་པར་བྱེད། །ཐིག་ལེ་ཆེན་པོའི་རང་བཞིན་ལ། །སྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། །དེ་ནི་དེ་བཞིན་ཉིད་ཀྱི་དབྱིངས། །དེ་ནི་ཀུན་ཏུ་སྣང་གི་ངང་། །དེ་ནི་རྒྱུ་ཡི་རིམ་པར་ལྡན། །ཚོགས་བརྒྱད་ཡེ་ཤེས་ལྔར་རྟོགས་པ། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས། །ཡེ་ཤེས་ལྔ་རུ་གསལ་བ་ཉིད། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོའོ། །མཉམ་ལས་མཉམ་པར་སྦྱར་བ་ཡི། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་འགྲུབ་པར་འགྱུར། །འདས་ན་སངས་རྒྱས་མ་ཡིན་ནོ། །ཡང་ན་དམ་ཚིག་འདི་ལྟ་བུ། །ཇི་ལྟར་སྤྱད་ཀྱང་སྡོམ་མི་འདའ། །བྱེད་སྤྱོད་ཚོགས་ཆེན་གཉིས་སུ་འགྱུར། །འགྲོ་དང་འདུག་དང་མཉམ་པ་ན། །མ་ཉམས་དེ་ཡི་དབྱིངས་སུ་གནས། །ཤེས་རབ་མཆོག་གིས་རྟག་ཏུ་སྤྱད། །དབྱིངས་ཉིད་ལ་ནི་དབྱིངས་སྤྱོད་ཕྱིར། །དབྱིངས་ཉིད་མཆོག་གི་གནས་ལ་སྤྱོད། །དེ་ཉིད་མི་གནས་མྱ་ངན་འདས། །རྟོག་པའི་ཡེ་ཤེས་ཡིད་བཞིན་གཏེར། །ཐམས་ཅད་ལ་ཡང་མེ་ལོང་བཞིན། །བལྟས་ཀྱང་གཟུགས་སྣང་མི་སྣང་ངོ་། །ཤེས་རྒྱུད་ཅི་ཡིན་གང་གིས་ངོ་ཤེས་ཤིང་། །བྱ་བྱེད་ལས་འཕགས་ཅི་འདྲར་འདུག་བྱེད་པ། །གང་ཞིག་བློ་ལ་སྤྱོད་པ་བྱང་ཆུབ་ཐོབ། །རྣམ་པར་དག་པའི་གཡུང་དྲུང་སངས་རྒྱས་ལ། །ཐམས་ཅད་ཡེ་ནས་མཉམ་པར་རྣམ་དག་ཅིང་། །མི་རྟོག་ས་ལེར་གནས་ལ་རྟོགས་པ་མེད། །བསྙད་དུ་མེད་པ་སྣ་ཚོགས་འབྱུང་བ་ཡིན། །བདག་མེད་བདག་ཆེན་ཐམས་ཅད་འབྱུང་བའི་གཏེར། །མ་བཀག་པ་ལ་རྒྱུད་ཅིང་འབྱུང་མེད་པའི། །རྣམ་རྟོག་ཉིད་ན་ཡེ་ཤེས་རང་བཞིན་ཏེ། །རྣམ་པ་གསུམ་དུ་སྣང་ཞིང་སྟོང་ཉིད་པས། །རྣམ་རྟོག་མི་སྐྱེ་ཡེ་ཤེས་བརྗོད་དུ་མེད། །ཐམས་ཅད་སེམས་ཀྱི་ངང་སྟེ་སེམས་ཞེས་གདགས་སུ་མེད། །མ་བཅོས་ལྷུན་གནས་ཡེ་ནས་བྱང་ཆུབ་ཅིང་། །ཐོབ་ཏུ་མེད་པས་ཡེ་ནས་བདེར་གཤེགས་ཡིན། །ནམ་མཁར་གཟུང་བས་སྤྲིན་གྱིས་ཁེབས་པར་འགྱུར། །ནམ་མཁའ་མེད་པར་གང་གིས་ཤེས་པ་ནི། །སྤྲིན་ཞིག་འབྱུང་ཞིང་ཁེབས་པར་མི་སྲིད་བཞིན། །བསྒོམ་པའི་སེམས་ཀྱང་དེ་ལྟར་བལྟ་བར་བྱ། །མ་བཅོས་ལྷུན་གནས་ཅི་བཞིན་ངང་གཞག་དང་། །རྒྱུ་འབྲས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་། །དེ་བཞིན་ཉིད་གནས་ལ་བཅས་ན། །ཉོན་མོངས་སྡུག་བསྔལ་མི་འབྱུང་སྟེ། །རྟག་ཏུ་བདེ་གནས་བྱང་ཆུབ་ཅིང་། །མཚན་དང་དཔེ་བྱད་ཀུན་དང་ལྡན། །སྲིད་པའི་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་གཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེ་བ་རིམ་གསུམ་གཉིས་མེད་དོ། །དང་པོ་ལས་ལ་སྟོན་བྱེད་པ། །དེ་བཞིན་ཉིད་དུ་གོམས་བྱ་བའང་། །སྔོན་དགོས་ཐབས་དང་ངོ་བོར་དང་། །མི་མཐུན་བཅོས་ཉམས་སྤྱོད་དམ་ཚིག །དྲོད་རྟོགས་མཚན་ཡོན་འདའ་ཀ་མ། །རང་རིག་འབྲས་བུས་རྫོགས་པར་འགྱུར། །སྐྱེས་བུ་སེང་གེ་བཞིན་རྒྱུ་བས། །སྔོན་དུ་རི་མོ་རིམ་པར་རྫོགས། །སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་ཏིང་འཛིན་ཤེས་རབ་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་ལྔ། །ལྷག་པའི་ཡོ་བྱད་ལྔ་རྫོགས་བྱ། །དེ་ནས་མ་ཡི་སེམས་ལྡན་པས། །གནས་དྲུག་ཐར་པར་འགོད་དམ་བཅས། །ཚངས་པའི་གནས་བཞི་སྔོན་སོང་བས། །ཡིད་འོང་སྐྱོན་མེད་ས་བཙལ་བསླང་། །རན་བྱས་བྱི་དོར་ལྡན་བྱས་བསྲུང་། །སི་སར་སྟན་དང་ལྡན་པར་བྱས། །བར་ཆད་སེལ་ཞིང་ལམ་རྫོགས་ཕྱིར། །ཚོགས་དང་སྦྱིན་སྲེག་དཔུང་ཚོགས་འབར། །ཕྱི་ནང་འབྲེལ་ཆགས་ཐམས་ཅད་ཀུན། །གཞན་ཕྱིར་དུར་རྐུན་སེམས་ཀྱིས་དོར། །ཕ་དང་ཏིང་འཛིན་རྐྱེན་བསྡུས་ལ། །བར་ཆད་བསྲུང་བར་སྔོན་རྫོགས་ནས། །ལོངས་སྤྱོད་རིག་མའང་ལྡན་བྱས་ལ། །འཚོ་བཟློག་པའང་ཉེར་རྫོགས་གཞག །ཐུན་མོང་སྤྱི་ཡི་སྔོན་རྫོགས་ནས། །མཆོད་བསྟོད་ཉེ་བའི་གཟུགས་བརྙན་བཞུགས། །ཡན་ལག་བརྒྱད་པའི་ཚུལ་གཟུང་ལ། །ཡོངས་འགྱུར་ཐིམ་བྱས་རྗེས་ལའང་འཇུག །དག་པ་རྣམ་གསུམ་མ་ནོར་ཞིང་། །རང་རིག་རྒྱལ་པོར་གོམས་པ་ཡིས། །བྱང་ཆུབ་མཆོག་ཉིད་རྙེད་པར་འགྱུར། །དེ་ཕྱིར་མཐོང་རྗེས་དེ་བཞིན་ཉིད། །སྙིང་རྗེ་འབྱུང་བའི་གཞི་རུ་གཞག །གོ་རིམ་འབྱུང་བའང་དེ་བཞིན་ནོ། །གང་དག་སྐལ་ལྡན་ཅུང་དམན་པས། །གཞན་སེལ་ཕྱིར་དང་དོན་གཉེར་ཕྱིར། །འཇུག་པའང་སྔ་མ་གཉིས་དོན་དུ། །མ་རིག་འཁྲུལ་བའི་འདམ་བྱིངས་སུ། །ཡེ་ཤེས་སྒྲོན་མའི་མདའ་འཕང་ནས། །གཏི་མུག་མུན་པ་རྣམ་བསལ་ཏེ། །རང་བཞིན་འོད་གསལ་བདེ་བའི་མཆོག །མདོར་ན་སྒྲིབ་ཙོག་མུན་སྣང་ཚུལ། །ཆོས་དབྱིངས་མཁའ་དཀྱིལ་ཡངས་པ་ལ། །ཤེས་རབ་མྱུར་དུ་དོན་གོ་བ། །འགྲོ་མེད་འོང་མེད་མི་གནས་ལ། །བྱང་ཆུབ་སེམས་མཆོག་ཨ་རབ་བདེ། །མུན་སྣང་ཏུག་རྩིའི་ཚུལ་བཞིན་དུ། །རྟོགས་པའི་དབང་བསྒྱུར་ཏིང་འཛིན་ཡིན། །དོན་དུ་གཉེར་བ་གང་དག་ཀུན། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །གལ་ཏེ་རྣལ་འབྱོར་འདི་མེད་ན། །རྒྱ་མཚོའི་མཇིང་གི་ཕ་བོང་ལྟར། །བསྐལ་པར་ལམ་ལ་བཙལ་བྱས་ཀྱང་། །དོན་མེད་སྙིང་པོ་སྐམས་པ་ཡིན། །དེ་ཕྱིར་ལྷག་མ་ཆ་བསྙམས་པའི། །བདེ་ལྡན་བྲོད་པ་ཆོས་བདུན་ཚུལ། །ལྡན་བྱ་རྗེ་བཙུན་རྣམ་སྣང་བཞིན། །འཛིན་རྩོལ་མེད་པའི་སེམས་ཀྱིས་འདུག །དེ་ཡང་གདམས་ངག་ཤེས་རབ་ཀྱིས། །སྟོབས་ཀྱིས་བཞག་པ་གོམས་པར་བྱེད། །སྔོན་བརྗོད་བུ་དེ་དབེན་བའི་སར། །རིན་ཆེན་ལྷབ་ལྷུབ་ལོངས་སྤྱོད་ཀྱིས། །མཉེས་བྱ་བུ་དེ་ས་རུ་བཞག །བགེགས་སྐྲོད་སྦུབས་མཆུས་ཞིབ་བུར་བསྟིམ། །དངོས་གྲུབ་མྱུར་དུ་འགྲུབ་འདོད་ན། །ཤིན་ཏུ་མི་དམིགས་དབྱིངས་སུ་བསྒོམ། །ཕྱི་མའང་སྤྱི་བླུགས་མཐོང་རྗེས་བཞག །བདག་དང་བདག་གིར་གཞན་རྣམས་ནི། །ཤིན་ཏུ་མི་དམིགས་དབྱིངས་སུ་བསྒོམ། །རང་རིག་ཉིད་ལ་གནས་པ་ཡི། །སུས་ཀྱང་མ་བྱས་རང་བྱུང་སྟེ། །ཐམས་ཅད་དེ་བཞིན་ཉིད་དུ་སྦྱོར། །གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་གྱིས། །མ་ལུས་དེ་བཞིན་ཉིད་དུ་སྡུད། །སྡུད་དང་མི་སྡུད་གཉིས་ཀ་མིན། །ཡང་དག་ཁོ་ན་ཉིད་དུའོ། །བསྒོམ་བྱ་སྒོམ་བྱེད་མ་སྐྱེས་ནས། །ཆོས་ཉིད་བསྒོམ་པར་བྱ་བའམ་མེད། །དོན་དམ་བསྒོམ་པར་བྱ་མེད་པས། །གང་ལ་མི་འཇུག་ཞུགས་པའི་མཆོག །བསམ་བྱ་བསམ་པར་མི་བྱ་སྟེ། །མི་བསམ་པར་ཡང་མི་བསམ་མོ། །གང་ལ་རྣམ་པར་མི་དམིགས་པ། །དེ་ཉིད་རང་ཉིད་མཉམ་ཉིད་དོ། །བྱང་ཆུབ་སེམས་ཀྱི་དེ་བཞིན་ཉིད། །ཤིན་ཏུ་མི་དམིགས་བརྟག་དཀའ་བས། །ཡངས་ལ་རྒྱ་ཆེ་གཏིང་ཟབ་པས། །ཤེས་རབ་ཟབ་པས་རྟོགས་འགྱུར་ཏེ། །གང་ནས་མ་འོང་གང་དུ་འགྲོ། །འགྲོ་དང་འོང་བར་བྱ་བ་མིན། །ཤིན་ཏུ་བརྟག་དཀའ་མི་དམིགས་པས། །མཐའ་དང་དབུས་ཀྱང་བརྟག་ཏུ་མེད། །གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་དེར་སྣང་ངོ་། །དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་ཀྱང་། །རང་རིག་ཁོ་ན་ཙམ་དུ་ཟད། །གང་ཞིག་དམིགས་ནི་འཇུག་པ་ནི། །དེ་སྲིད་འཇིག་རྟེན་རྒྱང་འཕེན་པ། །འཇུག་མེད་སངས་རྒྱས་ཡིན་པར་ནི། །དབང་པོ་ཉིད་དུ་ཀུན་གྱིས་གསུངས། །ངེས་པར་བསམ་ཞིང་དམིགས་ཡོད་ན། །ཕྲ་རབ་འཐེན་ཐག་འཛུད་ལྟ་བུས། །དེ་བཞིན་ཉིད་དེ་མི་མཐོང་སྟེ། །འཐེན་ཐག་འཛུད་པ་མཁའ་བཞིན་ནོ། །རྣལ་འབྱོར་མཉམ་པ་དེ་བཞིན་པས། །ངོ་བོ་བཞིན་དུ་གྲངས་འཛུག་ཅི། །ངེས་ཚིག་རྣ་བར་འབྱུང་བ་ཡིན། །དེ་བས་ཀུན་ལ་འབྱོར་བར་གྱིས། །ཆེན་པོ་དམན་པས་ཐབས་བསལ་བའི། །མ་སྐྱེས་དེ་བཞིན་ཉིད་སྟོང་པ། །གདོད་སྟོང་སྟོང་པའི་ཐ་སྙད་བྲལ། །སྤྲོས་པ་བརྒྱད་བྲལ་འདོད་མ་ཡིན། །གང་གིས་རང་གི་མཐའ་དྲི་མ། །མེད་པས་དེ་བཞིན་དག་པ་ཉིད། །རྣལ་འབྱོར་མཚན་མེད་དེ་བཞིན་ཉིད། །གཉིས་མེད་ལྷུན་མཉམ་དེ་བཞིན་ཉིད། །གྲངས་བཞིའི་ཐ་མ་རིམ་པ་ཉིད། །བྱིན་རླབས་ཡོན་ཏན་ངོ་བོས་བླ། །བླ་མའང་སྐབས་མིང་མཉམ་ཉིད་དང་། །ལྷུན་གྲུབ་མཐའ་བྲལ་ཐ་སྙད་མེད། །སྟོང་ཆེན་མ་སྐྱེད་ཆོས་དབྱིངས་སོགས། །ཡོན་ཏན་ཆ་རེ་ཡོད་བར་ཟད། །དེ་རེའང་སྐབས་ཀྱི་ངོ་བོ་དང་། །མིང་དོན་ངེས་ཚིག་ཡོད་པའང་། །གཏན་ཚིག་ཡན་ལག་ཏུ་ལྡན་པ། །རྣམ་གསུམ་འཁྲུགས་པར་འབྱུང་བ་ཡིན། །ལྷག་པའི་དོན་མཆོག་གང་ཡིན་པ། །དོན་རྣམས་ཉིད་ན་དངོས་མེད་པས། །རྟོགས་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཉིད་རང་གསལ་མི་གཡོ་བ། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །ཐམས་ཅད་ཤེས་རབ་དབྱིངས་ཉིད་དེ། །དབྱིངས་ལ་དབྱིངས་ནི་རྣམ་པར་སྦྱོར། །ཤེས་རབ་དབྱིངས་ཉིད་སྦྱོར་བ་ཡིས། །བྱང་ཆུབ་རྡོ་རྗེ་ཐིག་ལེ་ཡིན། །དེ་ཡང་སོ་སོར་རྟོག་བསྒོམ་དང་། །མི་དམིགས་ཤིན་ཏུ་མི་དམིགས་དང་། །རྗེས་སུ་མི་དམིགས་རིམ་པ་ཡིས། །མི་གནས་མི་རྟོག་རློམ་སེམས་མེད། །རང་བཞིན་ངང་གིས་བདག་མེད་པས། །བྱ་བྱེད་གཉིད་ཀ་མི་དམིགས་ཕྱིར། །མཁའ་ལྟར་འདུ་བྱེད་ཀུན་བྲལ་བ། །བསམ་མེད་འདུག་ལ་བསྒོམ་ཞེས་བརྗོད། །འདུ་ཤེས་གང་དུའང་མ་ཞུགས་ན། །འདོད་ཆགས་མེད་པས་འདུ་འབྲལ་མེད། །དེ་ལྟ་དེ་ལྟར་མཉམ་བཞག་ཚེ། །གནས་དང་སྤྱོད་ལམ་སྒྲིབ་པ་རྣམས། །ནོར་བར་ཟིན་ནས་མི་འཕྲོག་པར། །བྱ་ཕྱིར་མདོ་ཙམ་བརྗོད་པར་བྱ། །དམིགས་པ་བརྗེད་དང་བྱིང་རྒོད་དྲུག །རྩོལ་དང་མི་རྩོལ་བྱེད་པ་དང་། །དགོས་དང་ལོག་པ་བཅུ་གཅིག་དང་། །ཐུན་མོང་བདུན་ཏེ་བཅོ་བརྒྱད་དོ། །དེ་བཞིན་གཡེང་བ་རྣམ་དྲུག་སྟེ། །ངོ་བོས་གཡེང་བ་རྣམ་ཤེས་ལྔ། །ཕྱི་རོལ་ཡུལ་ལྔར་འཕྲོས་པའི་གཡེང་། །བྱིང་རྒོད་རོ་མྱོང་ནང་ཡིན་ཏེ། །གཞན་ཕྱིར་དགེ་སྦྱོར་མཚན་མའོ། །སྙོམས་འཇུག་གཞན་ནམ་ཐེག་པ་གཞན། །དེ་ཡི་ལུགས་ལ་སེམས་འཕྲོ་ཡིད། །ངའོ་སྙམ་པའི་སྙོམས་འཇུག་པ། །གནས་ངན་ལེན་པར་ཐེ་ཚོམ་མེད། །དྲན་འབྱུང་རྗེས་སུ་འབྲང་བ་དང་། །འགོག་དང་ཐེར་ཟུག་ཕྱལ་བ་དང་། །ཆེད་དུ་གསུམ་འཆོས་ཡིད་ལ་བྱེད། །མྱོང་དང་འདུ་ཤེས་གནས་དམིགས་དང་། །སྡུད་དང་མངོན་བྱེད་རེ་བ་མང་། །སྒྲིབ་པ་ལྔ་བཅུ་རྩ་ཡན་ལག །འཇིག་རྟེན་དང་པོ་བསམ་གཏན་བཞི། །སྙོམས་འཇུག་བཞིར་གོལ་ས་དགུ་སྟེ། །ཐེར་ཟུག་ཆད་པ་ཕྱིན་ཅི་ལོག །བྱ་བ་མང་ལ་རྐྱེན་འབྱུང་ཞིང་། །ངང་ཐུང་འཁྲུག་དང་དུང་གཤང་ཐོས། །འཁོར་ཞིང་ཁ་དོག་མཐོང་བ་དང་། །ཁམས་ལས་གྱུར་པའི་ཆ་ཡང་ཤེས། །དེ་ཡིས་འགྲོ་ཉལ་འདུག་སྡོད་དང་། །ལོངས་སྤྱོད་ཚེ་ནའང་རྣལ་འབྱོར་བྲལ། །ཡེའུ་ཙེ་ཏུར་རྐུན་ཉ་གླང་གཉིད། །བསྐམ་ཆགས་ཚོགས་སེམས་སྤྲེའུ་སྤྱོད་སྐྱོན། །དེ་ལྟར་ཤེས་པའི་རྣལ་འབྱོར་པས། །སྤོང་བའི་འདུ་བྱེད་བརྒྱད་བསྟེན་པ། །སོ་སོར་ཅུང་ཟད་བལྟ་བྱས་པའམ། །ཡང་ན་རང་བྱུང་རང་ཞིར་བྱ། །ཇི་ལྟར་བྱིས་པ་ཤེད་མ་བྱེ། །བྱ་བྱེད་མང་པོས་གཡེང་བར་གནས། །བྱ་བྱེད་མང་པོ་བདག་མེད་པར། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས། །མཚན་མ་མཉམ་པའི་དབྱིངས་སུ་གནོན། །དགག་དང་སྒྲུབ་པ་ག་ལ་ཡིན། །ཅུང་ཟད་ཁམས་ཀྱི་ཆ་ཉམས་པ། །མི་གསལ་མཐོང་དང་མི་འཇུག་སོགས། །ཟིན་ནས་སྤྱོད་ལམ་དགའ་རྟེན་དང་། །མཐུན་པའི་ཆོ་གས་གསོ་བར་བྱ། །སྤྱོད་ལམ་རྣལ་དུ་མ་འབྱོར་བ། །སོ་འཐས་ཆོད་ནས་དོར་བར་བྱའོ། །དྲན་པའི་ཐག་བས་བསྡམས་བྱས་ཏེ། །རྣམ་པར་ཀུན་ཏུ་ཉམས་མི་བྱའོ། །དེ་ལྟར་ནོགས་བརྩོན་ཡུན་རིང་བར། །གནས་པའི་གདོད་མཐའ་འཕེལ་བའང་། །གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པ། །མུ་ལྔས་ཡོངས་སུ་རྫོགས་པར་འགྱུར། །གང་དག་གཟར་སོར་ཆུར་གནས་ཚེ། །ཀུན་བརྟག་གོམས་པའི་རྫ་མཁན་དེ། །མི་སྡོད་སྐྱོ་བས་འགྲོ་བར་བྱེད། །དེ་ཚེ་མགོ་ལ་མེ་འབར་བཞིན། །ཅུང་ཟད་ཡོད་ལ་དེ་དག་ཉུང་། །དེ་ཚེ་དལ་བུས་འབྱུང་འཇུག་སྲིང་། །དེ་གོམས་ཆེད་དུ་བྱེད་སོགས་ན། །བཏང་སྙོམས་་དང་པོ་བླང་བར་བྱ། །རི་བོ་ལྟ་བུར་མི་འགུལ་ལ། །ཐུན་རྐྱང་ནུས་ནས་སུན་མི་བྱ། །རོ་མྱོང་དོར་ནས་དེ་མཐར་ཕྱིན། །ཤུགས་སྣང་མཐོང་ལ་དགའ་བྲོད་མེད། །གཉིས་པར་བར་འགའ་འཆོར་ཐོབ་ལ། །ཁམས་དང་འཆོར་རྒྱུ་བརྟག་གོས་དོར། །ཤིན་ཏུ་ཡུན་རིང་བརྩོན་པ་ཡིས། །གོང་ནས་གོང་དུ་འཕེལ་པར་འགྱུར། །བདག་དང་གཞན་ཕྱིར་བྱ་བ་ཀུན། །སློབ་གཡོན་ནས་བཟུང་ལྔ་ཡི་བར། །རྣམ་པར་རྟོག་མེད་ཚུལ་གྱིས་ནི། །ཐམས་ཅད་ཀུན་ལ་ཆགས་མེད་རོལ། །སྤྱོད་དགུ་དོར་བའི་གཅིག་ཆའང་། །མི་དམིགས་མཐུན་པའི་སྤྱོད་ཅེས་བྱ། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ནའང་གནས་པ་མེད། །ལོངས་སྤྱོད་མེད་ལས་ཐམས་ཅད་སྤྱོད། །སྤྱོད་པ་ཉིད་ན་སྤྱོད་མེད་པ། །ཉམས་པ་མེད་སྤྱོད་ཆགས་མི་བྱ། །མི་འགོག་མི་འཛིན་ཚོགས་གཉིས་རྫོགས། །བདག་ཕྱིར་ཀུན་ལ་མི་དམིགས་པ། །རྣལ་འབྱོར་མྱུར་ཐོབ་ཐེ་ཚོམ་མེད། །འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་ཚེ། །དེ་ལྟར་སྤྱོད་པས་ཆོས་ཉིད་དུ། །བྱིན་རླབས་སྒྲོལ་བས་གཅིག་ཤོས་ཏེ། །གང་ཡང་གཞན་ཕྱིར་སེམས་དཔས་རྫོགས། །གཞུང་ལས་གྲགས་པའི་སྤྱོད་པ་རྣམས། །སྐྱེ་བོ་ཀུན་གྱིས་སྤྱད་གསུངས་པ། །མོས་སློབ་ཅི་སྨོས་རྐྱེན་མཐོང་ན། །དེ་དག་ཤེས་གོམས་བཞི་ལ་སྤྱོད། །ཤེས་འཇུག་ཀུན་ཀྱང་གཞན་དོན་དུ། །ལས་བཞི་སྤྱོད་ཅིང་བསྒྲུབ་དབང་ཚེ། །ལམ་ཀུན་སྐད་ཅིག་ཆས་བསྒོམ་ན། །སྤྲོས་པའི་འཁོར་ལོ་མོས་བསྒོམས་བྱེད། །རང་བཞིན་ཕབས་རྫོགས་མཆོད་བསྙེན་ནས། །ནུས་པའི་བྱིན་ལྡན་རྫོགས་པར་བྱེད། །དེ་ཚེ་སྡོམ་པ་ཐམས་ཅད་ཀུན། །མོས་སློབ་མི་གཏོང་བསྲུང་མོད་ཀྱང་། །ཁྱད་པར་ཏིང་འཛིན་དམ་ཚིག་ལྡན། །དམ་ཚིག་དམ་ཚིག་ཅེས་བྱ་བ། །ལོགས་ན་ཡོད་པ་མ་ཡིན་ཏེ། །རང་གི་ལྟ་བ་དམ་ཚིག་ཡིན། །མི་གཏོང་ཕྱིར་ཡང་དམ་ཞེས་བྱ། །གཟུངས་སུ་གྱུར་པས་དམ་ཞེས་བྱ། །སྔར་ལྡན་དེ་ཡང་འདིར་གོམས་བྱེད། །དེ་བས་རང་སེམས་རྟོགས་བྱས་ཏེ། །ལེ་ལོ་གཡེང་བ་ཡོངས་སྤངས་ལ། །ང་དང་བདག་མེད་མཉམ་པར་བསྲུང་། །དེ་བཞིན་ཉིད་ལས་འདའ་མི་བྱེད། །དེ་བཞིན་ཉིད་ལྡན་དམ་པ་སྟེ། །དེ་ལས་འདས་ན་ཚིག་པར་འགྱུར། །སྔ་མ་སྔ་མ་རྫོགས་བྱས་པ། །གོང་མ་གོང་མ་རྒྱུད་ལྡན་པ། །ཡོངས་སུ་འཕར་གྱི་མངོན་སྤྱོད་མིན། །འཕར་བས་སྤྱོད་ཀུན་མངོན་དུ་རྒྱུ། །དེ་བས་སོ་སོའི་ལྟ་གཞི་ལ། །སྤྱོད་སོགས་ཁྱད་པར་མཁའ་ཡུལ་འདྲ། །ཞིང་ཁམས་དབང་པོས་ས་ཁམས་བཞིན། །སྟོབས་ནི་སྟོབས་ཅན་རྩལ་སྐྱིད་འདྲ། །དེ་ལྟར་བྱ་བྱེད་མེད་བསྲིངས་ནས། །ལུས་ངག་སེམས་ལ་དྲོད་འབྱུང་སྟེ། །བཟོད་པ་ཕྲ་མོ་ཐོབ་པ་དང་། །འགྱུ་བའི་དབུགས་ལ་དབང་ཐོབ་དང་། །དོན་ལ་རྣལ་དུ་ཕེབས་པ་ནི། །ངེས་པར་དྲོད་གསུམ་མྱོང་བའོ། །གཞན་དུ་ཕྱི་རོལ་རྡུལ་ཕྲན་དང་། །ཟླ་ཚེས་ལ་སོགས་མཚན་མ་མཐོང་། །རིག་པ་ཀློང་དུ་ཕེབས་པ་དང་། །འདོད་པའི་ཡུལ་ལ་མི་འགྲོ་ཞིང་། །འཕོ་འགྱུར་དག་པ་མི་ང་བ། །ཕྱི་ནང་ཆགས་བྲལ་ཞེན་པ་ཆུང་། །སྔ་བས་དཔགས་པ་ཉམས་སུ་འབྱུང་། །གཞན་ཡུལ་ཐུགས་རྗེས་སེམས་འཕྲོགས་དང་། །ཆོས་བརྒྱད་མཉམ་སྙོམས་ཕལ་ཆེར་འབྱུང་། །བྲོད་པ་བསུ་ཞིང་ཟང་ཟིང་དག །དོན་དུ་གཉེར་ལ་བརྩོན་པར་བྱེད། །དེ་བཞིན་རྣལ་འབྱོར་བདེ་འཚོལ་བ། །དྲོད་རྟགས་མཐོང་བའི་བྲོད་ཚུལ་གྱིས། །ཤིན་ཏུ་ལམ་ལ་བརྩོན་པར་འགྱུར། །དེ་ཕྱིར་འདི་ཡི་རྗེས་སུ་བསྟན། །དེ་ཡང་གཡོ་ཐོབ་བརྟན་རིམ་གྱིས། །ཀུན་ཏུ་འཁོར་བར་འབྱུང་བ་ཡིན། །ཁྲུ་ལྗོ་སྨིན་པའི་རིགས་དེ་ལ། །ཕ་མས་ཁྱིམ་ཐབས་ལྟས་བསྟན་ན། །ཕྱི་མའང་ལམ་གྱི་སྟོབས་ཆ་ལ། །རྟགས་མངོན་རྫུ་འཕྲུལ་སྣང་བར་འགྱུར། །དེ་ལ་སྔ་མ་ཕྱི་ནང་སྟེ། །ཕྱི་རོལ་ཟད་པར་སྐྱེད་མཆེད་དངོས། །མཐོང་དང་པདྨོ་འོད་སོགས་མཐོང་། །ནང་དུ་བཟོད་ཐོབ་བྱེ་བྲག་དང་། །ཆུ་ལྔ་རྒྱུན་ལ་བགས་ཀྱིས་བཅད། །མི་འཕྲོགས་མྱོས་སྐྲག་དགའ་བྲོད་མེད། །ཤུགས་སྣང་བརྒྱད་པོ་མཐོང་བའང་འབྱུང་། །བཅོ་བརྒྱད་བདུད་ཡུལ་ཆ་ཡང་འབྱུང་། །མངོན་པར་ཤེས་པ་རྣམ་པར་དྲུག །ལམ་གྱི་ཟག་པ་ཡོད་མེད་པའོ། །སྔོན་ལ་དམིགས་པའི་མངོན་ཤེས་དང་། །ཡོངས་སུ་རྫོགས་པའི་མངོན་ཤེས་དང་། །བར་ཆད་མེད་པའི་མངོན་ཤེས་སོ། །དམིགས་པ་དགའ་དང་འཕེལ་པ་དང་། །ཉི་ཤུ་རྩ་སོགས་ཡུལ་ཁམས་མཐོང་། །གླིང་གྲངས་མཐོང་ཐོས་རིམ་པས་ཕྱེ། །ཕྱི་མ་སྟོང་གསུམ་བརྒྱ་ཡུལ་དང་། །སྟོང་གསུམ་སྟོང་སོགས་ཡུལ་འགྱུར་སོགས། །སྟོང་གསུམ་སྟོང་ཕྲག་བཅུ་རྡུལ་སྙེད། །གྲངས་མེད་བརྒྱ་སྟོང་ཕྲག་བཅུའི་རྡུལ། །དེ་ཉིད་ཡུལ་འགྱུར་རྒྱལ་བ་དང་། །མཉམ་བས་ཕྱེ་བས་ལམ་རྫོགས་ཡིན། །དེ་ཡི་རྒྱུ་ཡི་སེམས་དཔའ་དང་། །སྐལ་མཉམ་ཕྱིར་ན་བརྗོད་ཀྱི་ཚུལ། །ཤེས་པའི་ཁྱད་པར་དགོངས་པ་ཡི། །གཞི་ཡིས་ཕྱེ་བས་རྒྱུ་འབྲས་ངེས། །འདི་ཚེ་རྫུ་འཕྲུལ་རྗེས་བསྟན་དང་། །ཆོས་སྣང་ཀུན་བརྗོད་གཅིག་ཆར་ལ། །རྫོགས་ཀྱི་འདི་ཚེ་འབྱུང་བའི་རྒྱུ། །ཉམས་མཐའི་བཞི་ཆ་འབྱུང་སྲིད་དོ། །རྣལ་འབྱོར་གནས་པའི་རྨི་ལམ་ཡང་། །གཅེར་བུར་འབྱུང་ཞིང་དྲི་མ་དག །བྱང་ཆུབ་ཆེན་པོའི་མཆོད་རྟེན་མཐོང་། །དམ་པ་མཆོག་དང་དམ་པ་ཡི། །སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །རྨི་ལམ་མཚན་མར་བླ་མ་མགོན། །སྣང་བས་དབང་བསྐུར་བྱིན་རློབས་སོགས། །ལམ་དུ་འཇུག་པ་ལྔ་བྱེད་ཅིང་། །བར་ཆད་ལེགས་ཉེས་བརྩོན་ལུང་སྟོན། །དེ་ཡང་བདུད་དང་ཆས་དབྱེ་སྟེ། །བྱིན་རློབས་ལུང་སྟོན་ལྷར་སྣང་བ། །འབྱུང་བས་ལེགས་བྱེད་བདུད་འབྱུང་ཕྱིར། །བདུད་དང་ཆ་བརྟག་ཀུན་ཏུ་གཅེས། །བར་ཆད་གསལ་ཕྱིར་དེ་དག་ཀུན། །བླ་མ་ཉིད་ལས་གཞན་དུ་མིན། །དེ་བཞིན་ཉིད་དུ་མཐོང་གོམས་ན། །དགེ་དང་མི་དགེ་གཉིས་སུ་མེད། །རྣམ་རྟོག་མཚན་མ་ཡོངས་མི་འཛིན། །རང་བཞིན་ཡེ་ནས་འོད་གསལ་བའི། །དགེ་སྡིག་མེད་པ་ཤིན་ཏུ་བདེ། །བདེ་དང་མི་བདེ་གཉིས་མེད་པས། །ཡེ་ཤེས་ཆགས་མེད་རྣམ་པར་དག །ཐམས་ཅད་དབྱེར་མེད་ཡེ་ཤེས་ཡིན། །སེམས་ཉིད་དང་བས་ཨ་རབ་བདེ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ལ། །གཙང་དང་དམེ་བའི་བློ་མ་འཛིན། །ཐམས་ཅད་ཆོས་ཉིད་རོ་གཅིག་པས། །གཉིས་སུ་མེད་པས་ཤིན་ཏུ་བདེ། །ཤེས་རབ་ཆེ་ཆུང་ཏིང་འཛིན་གྱིས། །ཐམས་ཅད་མ་ནོར་གཞོང་ལུགས་བཞིན། །འཁོར་བ་མ་སྤངས་སྡུག་བསྔལ་མེད། །གཉིས་མེད་ཚིམ་པས་ཨ་རབ་བདེ། །ཐམས་ཅད་མ་ལུས་གཅིག་པའི་ངང་། །ལྟ་དང་ལྟ་བ་གཉིས་ཀ་མེད། །ཡེ་ཤེས་སྒྲོན་མ་སྦྲེངས་པ་ནི། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅ ད་མཐོང་། །འདི་དང་ཕ་རོལ་གཉིས་མེད་ཕྱིར། །འགྲོ་དང་འོང་བར་བྱ་བ་མིན། །ཡན་ལག་སྟོབས་ཆེན་མ་འཕྱོངས་པར། །ཕྱོགས་བཅུའི་སྟོང་ཁམས་ཐམས་ཅད་མནན། །འདི་ཚེ་སྤྱོད་ཡུལ་འགྱུར་མཐོང་ན། །གཡེང་བསལ་སྟོང་ཉིད་ངང་ལ་འདུག །དྲན་བས་ལས་ཀྱི་རྒྱུད་བཅད་དེ། །འདོད་ཁམས་ལྷ་མི་ཐེག་ཆེན་སྦྱོར། །ཡང་ན་གསང་བའི་གསེར་སྒྲོམ་དུ། །ཚོན་གང་འོད་དང་ཟླ་བའི་ཧཱུྃ། །རིང་པོ་བརྩེགས་ལ་དམིགས་ཐོབ་ནས། །རླུང་གི་འཕྲོ་འདུས་འོད་བརྡལ་འདུག །སྣང་སྟོང་དབྱེར་མེད་རྣལ་འབྱོར་མཐའ། །མངོན་བྱས་ལྷག་པའི་ཆོས་སྐུ་སྦྱོར། །འབྲས་བུ་ཉིད་ལ་ལམ་ཕྱིར་ཏེ། །ཕྱོགས་མཐུན་བརྗོད་ཀྱིས་རིས་མ་ཡིན། །སྟོང་པ་ཆེན་པོའི་རྣལ་འབྱོར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ཆོས་ཀྱི་སྐུ་ལ་ཕྱག་འཚལ་ཏེ། །སྙིང་རྗེ་ཆེན་པོའི་རྣལ་འབྱོར་བཤད། །རྗེས་སུ་མཐུན་པའི་ལུས་ཉིད་ནི། །ཡན་ལག་སྒོ་ནས་ཤེས་པར་གྱིས། །སྔོན་དུ་སྟོང་གོམས་རྣལ་འབྱོར་བས། །ཁམས་གསུམ་ཐུགས་རྗེས་གཟུང་བའི་ཕྱིར། །ཡན་ལག་བརྒྱད་སྔོན་བཞིན་བྱས་ནས། །ཡེ་ཤེས་སྒྱུ་མའི་སྙིང་རྗེ་བསྒོམ། །བདག་ཉིད་དྲི་མ་བསལ་བ་དང་། །སྟོང་པའི་མདུད་པ་བཤིས་པ་དང་། །གདུལ་བྱ་ས་ལ་དགོད་པ་དང་། །ཕྱག་རྒྱ་གཅིག་པའི་རྒྱུ་བྱ་ཞིང་། །རྣལ་འབྱོར་ཉིད་ནི་གཉེར་བ་དང་། །བདེན་པ་གཉིས་སུ་མི་བཏང་ཕྱིར། །རྣལ་འབྱོར་འདི་ལ་གནས་བྱས་ཏེ། །འཇུག་པའི་ཐུན་མཚམས་དུས་ཀྱིས་བྱའོ། །གང་གིས་ཁམས་གསུམ་འདས་པའི་ཆོས། །ཐུགས་རྗེ་ཆེན་པོའི་ཡེ་ཤེས་སུ། །མཐོང་ཐོས་མྱོང་རེག་ཚོར་བ་དང་། །སོ་སོར་བརྟག་རྒྱུའམ་རྗེས་ལས་ཐོབ། །དེ་ཡས་མ་ལུས་ཆོས་སོ་ཅོག །སྙིང་པོ་ཡོད་པ་མ་ཡིན་ཏེ། །སྒྱུ་མ་མིག་ཡོར་སྤྲུལ་པ་དང་། །སྨིག་རྒྱུ་འཇའ་ཚོན་ཆུ་ཟླ་བཞིན། །བདག་དང་འགྲོ་བ་ངོ་བོས་གཅིག །བསལ་དང་བརྟགས་པས་ཐ་དད་ཕྱིར། །གཅིག་དང་ཐ་སྙད་གཉིས་མེད་པས། །བྱ་བྱེད་བྱ་བ་འགོག་མེད་པར། །མཐོང་བ་མ་ཤོར་ཙམ་དུ་བྱ། །རྗེས་སམ་རྟོག་དཔྱོད་སྔོན་གོམས་བྱ། །དེ་བས་གཉིས་གོམས་རྒྱུ་གོམས་པས། །དྲན་པ་སྤྱི་བླུགས་ཡེ་ཤེས་གསལ། །སྔོན་དུ་བཏང་བ་གང་ཡང་མེད། །ནམ་མཁས་ནམ་མཁའ་ཇི་བཞིན་ནོ། །ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པས། །མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཐམས་ཅད་ཐབས་ཀྱི་མཚན་ཉིད་དེ། །ཐབས་ལ་ཐབས་ནི་རྣམ་པར་སྦྱོར། །ཐབས་ཆེན་ཐབས་ལས་བྱུང་བ་ཡི། །དེ་ནི་བྱང་ཆུབ་རྡོ་རྗེ་མཆོག །ཐམས་ཅད་དུ་ནི་ཡེ་ཤེས་གསལ། །ཡེ་ཤེས་མ་ཡིན་ཆོས་འགའ་ཡོད་མིན་པས། །གདུང་འདྲ་མ་བསྒྲལ་དུས་གཅིག་བསྒྲལ། །གསོད་ཆེན་སྙིང་རྗེའི་རང་བཞིན་ཏེ། །མི་འབྱེད་ཕན་རྫོགས་བྱམས་ཆེན་པོ། །མི་འབྱེད་འགའ་མཆོག་བྲལ་མེད་སྙོམས། །ཚངས་པའི་རྒྱུ་བཞིན་དུས་གཅིག་རྫོགས། །མངོན་པར་གདུང་བ་དེ་ལ་མེད། །དེ་ཕྱིར་རྒྱུ་རྐྱེན་འབྲས་བུ་དང་། །དུས་དང་རང་བཞིན་འཁྲུལ་པ་དང་། །ཚུལ་གྱིས་ཉམས་དང་ངོ་བོ་དང་། །བཙོན་ར་ལྟ་བུ་བརྒྱད་ལ་དམིགས། །དེ་ཡིས་ཅིག་ཤེས་བཞི་འབྱུང་བ། །ཕ་རོལ་ཕྱིན་དང་མཚུངས་མ་ཡིན། །དེ་དག་ངོ་བོ་ཉིད་བསྟན་པའང་། །རྣམ་གྲངས་བཞིན་དུ་གྲངས་འཇུག་སྟེ། །དོན་དང་རྣལ་འབྱོར་ངོ་བོ་ཡིས། །ཕྱེ་བས་ཟུང་འགྱུར་ངེས་ཚིག་འགྲུབ། །དེ་ལ་ལོག་རྟོགས་སྒྱུ་མ་ནི། །ཆོས་དང་བདག་དང་དངོས་པོ་རྣམས། །ངོ་བོ་ཡོད་ལ་སོགས་བརྟགས་པས། །རྟོག་པ་སྒྱུ་མའི་ཀློང་གྱུར་པ། །སྐྱེས་དང་མི་བདེན་བསླུ་བར་འགྲུབ། །རྟེན་ཅིང་འབྲེལ་བ་ཤིང་རྟ་བཞིན། །འཇིག་རྟེན་རྣམ་རྟོགས་གཟུགས་བརྙན་ཕྱིར། །སྒྱུ་མ་ལྟ་བུ་རྐྱེན་ལས་སྐྱེས། །འཕྲལ་སྣང་བྱ་བ་ཀུན་བྱེད་ཀྱང་། །རྟོག་ཅན་རྣམས་ལ་མཐུན་པར་ཟད། །གཟུགས་བརྙན་འདྲ་ཕྱིར་བརྟག་པས་དབེན། །དེ་ཕྱིར་ཐམས་ཅད་རྫུན་པ་ཙམ། །མིང་ལ་དངོས་མེད་འདོད་པ་མིན། །ཡང་དག་ཉིད་དུ་གྲགས་སོ་ཅོག །གཉིས་སྣང་ཉིད་ན་གང་མིན་པས། །སེམས་ཕྱིར་ཅིར་སྣང་རྒྱུ་མེད་འཆར། །སྣང་ལ་ངོ་བོ་ངེས་མེད་ཅིང་། །ཅི་ལྟར་བལྟས་པས་སྣང་བ་དང་། །སྣང་ཞིང་ཐེར་ཟུག་ཆད་དང་བྲལ། །རྒྱལ་བའི་སྐུ་ཡང་མ་བསྐྱེད་པར། །རིག་པ་ཡེ་ཤེས་སྒྱུ་མར་ཤར། །ཁམས་གསུམ་པའང་དེ་བཞིན་པ། །ཐབས་ཆེན་སྒྱུ་མ་ཀུན་ངོ་བོ། །ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །རྒྱལ་བ་མངོན་འབྱུང་སྐྱོབ་པ་དང་། །བྱིན་རླབས་སྟོན་པའང་དེ་བཞིན་ཏེ། །རྒྱུ་རྐྱེན་རག་ལུས་མེད་པའི་ཕྱིར། །སྒྱུ་མ་རྡོ་རྗེ་བཙན་པོའི་མཆོག །འདུས་མ་བྱས་ཉིད་འདུས་བྱས་སྣང་། །འདུས་བྱས་སྣང་བ་རྡོ་རྗེ་ཉིད། །ཡིན་ཕྱིར་ངོ་བོ་ཐ་དད་མེད། །དམན་པས་སྣང་བ་གོམས་བྱེད་ཙམ། །འགྲོ་ལ་སྐད་ཅིག་གཉིས་མི་ལྡན། །རྒྱུད་ཅིག་མ་སྐྱེས་མ་འགག་པས། །གཟུང་འཛིན་བྲལ་བས་རང་རིག་ཉིད། །ཡེ་ཤེས་སྒྱུ་མར་མི་གཡོ་གསལ། །ཆུ་དང་ཟླ་བ་ཇི་བཞིན་དུ། །མཚུངས་པར་གསལ་བ་ངོ་བོར་བརྗོད། །སེམས་ལས་མ་གཏོགས་ཆོས་མེད་ཕྱིར། །ཡེ་ཤེས་སྒྱུ་མ་གཞན་ན་མེད། །སྒྱུ་མ་ཉིད་ཀྱི་ཆགས་བྲལ་བ། །ཐ་སྙད་ཙམ་དུ་བསྒོམ་ཞེས་བྱ། །མི་མཐུན་སྒྲིབ་པ་དམིགས་བཟུང་བ། །རྒྱུ་དང་ངོ་བོ་ཉེས་པ་ནི། །མ་གོམས་པ་དང་འགྲུས་བྱེད་པ། །མེ་དང་དུ་བའི་ཚུལ་བཞིན་དུ། །བདག་ཏུ་འཛིན་པ་རྣམ་གཉིས་ཀྱིས། །ཏིང་འཛིན་སྒྲིབ་པ་འབྱུང་བར་བྱེད། །སྔོན་དུ་ཇི་བཞིན་ཉིད་བརྟན་མོད། །མཚམས་སྦྱོར་སྙིང་རྗེ་གཡུང་མིན་པས། །བརྗོད་ཀུན་འབྲིང་དང་ཉུང་བར་འབྱུང་། །རྐྱེན་སྤངས་གོམས་པའི་ཐ་མལ་དཀོན། །འོན་ཀྱང་འདི་ཉིད་འཕྲོ་སྡུད་དང་། །མ་ངེས་ས་ཕྱོགས་མཁར་བཅས་མཐོང་། །ཟད་པར་མཐོང་དང་མ་ངེས་མདོག །མེ་ཆུ་རླུང་སའི་ཆ་འཁྲུལ་བས། །མི་གས ལ་མདོག་མཐོང་ཁམས་འཁྲུགས་ལྟ། །ས་གཡོས་མཐོང་བའང་ཆ་དབྱེའོ། །སྤྲིན་དང་ལིང་ཏོག་མུན་པ་བཞིན། །གལ་ཏེ་གཞུང་ལས་གྲགས་པའི་སྐྱོན། །ཕྲ་རགས་ཆ་ཡིས་སྒྱུ་མའི་དོན། །མི་གསལ་ཤིན་ཏུ་བུལ་བར་བྱེད། །སྔོན་བཞིན་རྟོག་པའི་ནད་བཅོས་པ། །ཤེས་བཞིན་སོ་འཐས་ཆོད་པར་བྱ། །དེ་ལྟར་གྱུར་ན་རྐུན་པོའི་ཚུལ། །མ་བསལ་རང་བཞིན་དྭངས་བར་འགྱུར། །རྣམ་རྟོག་མཚན་མ་ཅི་སྐྱེས་ཀྱང་། །ཡེ་ཤེས་སྒྱུ་མ་རང་སྣང་ཕྱིར། །ཆགས་སྡང་རེ་དོགས་མི་འབྱུང་སྟེ། །ཡེ་ཤེས་སྒྱུ་མ་གཞན་དུ་མིན། །དེ་ལྟར་མ་ལྡན་གང་དག་གིས། །ཚོར་ནས་ལོ་རྒྱུས་དཔྱད་པས་ཞི། །ཡང་ན་རྟོག་པའི་གནས་ཡུལ་བལྟ། །དེ་མཐོང་མུན་པ་རྣམ་དག་སངས། །འདོད་མིན་ཁ་དོག་མཐོང་བ་ན། །འབྱུང་བ་བཞི་ཡི་གཉེན་པོས་གཞིལ། །སྔོན་བཞིན་སྔར་འབྲངས་ཕྱིས་སྔོན་བྱེད། །དེ་ལྟར་རང་བཞིན་རྐྱེན་གྱིས་འགྱེས། །ཚོར་ན་ཐོག་མཐའི་ཉེས་བསམས་ཏེ། །སྐྱོ་བ་བསྐྱེད་ལ་དོར་དྲན་ཅིང་། །གང་དུ་ཐིམ་ན་ཁྲུས་བཅག་བསང་། །བྲོད་པས་འཇུག་ཅིང་གཟེངས་བསྟོད་བྱ། །དེ་ལྟར་དེ་ལྟར་བརྩོན་འགྱུར་པའི། །སྐབས་སུ་ཡེ་ཤེས་རྣལ་འབྱོར་ཉིད། །འཕེལ་པའང་གཡོ་ཐོབ་གོམས་པ་དང་། །བརྟན་མཐར་འགྲོ་བའི་ངོ་བོ་ལ། །མེད་ཀྱང་རབ་རིབ་ཆས་བདག་བརྗོད། །འབོ་འགྱེས་ཐིམ་པ་རླུང་དྲག་ཆུ། །ཅུང་ཟད་ཐུན་གྱི་སུམ་ཆར་ཡོད། །བཞི་ཆ་ལྔ་ཆར་དེ་མེད་ཐོབ། །ཐུན་རྐྱང་བུས་ཤིང་གསལ་ལྡན་ན། །ཆུ་རླུང་དལ་འབབ་ཚུལ་བཞིན་ནོ། །སྒོ་རྟེན་རྫས་ལྟར་རྟོག་རླུང་གིས། །མི་འགུལ་བཞི་ལ་གནས་པའོ། །དབང་པོ་མངོན་སུམ་གང་བྱས་པ། །བསྐྱེད་དུ་བྱ་བ་མེད་ཕྱིར་མཐའོ། །སྙིང་རྗེ་ཆེན་པོའི་རྣལ་འབྱོར་པས། །སྲིད་གསུམ་སྒྱུ་མ་འདྲ་བར་ནི། །རྫོགས་པ་བྱང་ཆུབ་མཁས་པས་ཤེས། །འགྲོ་བའི་ཆེད་དུ་གོ་བགོ་སྟེ། །འགྲོ་བ་དེ་ལྟར་སྔ་ནས་ཤེས། །ལོག་པར་རྟོག་བརྟག་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །རྗེས་སུ་འཇུག་པའང་དེ་བཞིན་ཤེས། །དེ་བཞིན་ཉིད་དབྱིངས་སྣ་ཚོགས་མང་པོ་ཐབས་སུ་སྣང་། །ཐབས་ཉིད་སྒྱུ་མ་མིག་ཡོར་ཆུ་ཟླ་གཟུགས་བརྙན་བཞིན། །དེ་ཉིད་རང་རིག་ཡེ་ཤེས་ཆགས་མེད་སྣ་ཚོགས་སྣང་། །ཐབས་དང་ཤེས་རབ་ལྡན་པས་མཆོག་གིས་གནས་གྱུར་བ། །ཅི་ལྟར་སྤྱད་ཀྱང་ཟད་མེད་གཉིས་གཉིས་བསྒྲིབ་མི་འགྱུར། །ཤེས་རབ་ཐབས་ཆེན་མཆོག་ལ་ཡེ་ནས་རོལ་བ་ཡིན། །བྱང་ཆུབ་སེམས་སུ་རྒྱུ་གཅིག་པས། །བརྩེ་བའི་སྙིང་རྗེ་ཆེན་པོ་འབྱུང་། །སངས་རྒྱས་སེམས་ཅན་གཅིག་རྟོགས་ན། །སྙིང་རྗེ་ཆེན་པོ་སྐྱེ་ཞེས་དེ་ལ་བྱ། །བརྡལ་ཆེན་བློ་ནི་ཀུན་ཏུ་སྣང་། །ཐབས་ཆེན་ཀུན་མཛད་འོད་གསལ་བྱམས། །ཐམས་ཅད་དགྱེས་མཛད་དབྱིངས་མ་གདུང་། །སེམས་ཅན་མ་ལུས་ཐམས་ཅད་ལ། །སྙིང་རྗེའི་ཐག་པ་མ་ཆད་པར། །ཉོན་མོངས་ལམ་ལ་གྲོལ་བྱེད་ཅིང་། །བྱམས་པ་དག་གིས་མཉེས་པར་གྱིས། །དེ་བཞིན་འཁོར་བའི་བཙོན་ར་ལ། །སྙིང་རྗེའི་ཞགས་པ་ཆེར་བརྐྱང་ནས། །ཉོན་མོངས་འདམ་ནས་འདྲེན་པར་བྱེད། །སྙིང་རྗེ་ཆེན་པོར་སྐྱོ་མ་བྱེད། །དེ་བཞིན་སྐྱེ་བོ་ཕལ་རྣམས་ལ། །ལས་ཀྱི་སྒྲིབ་པས་མི་གོས་ཤིང་། །ཐམས་ཅད་མངོན་པར་སངས་རྒྱས་པར། །དགའ་བ་དག་ལ་འགྱོད་མ་བྱེད། །སེམས་ཅན་ང་དང་བདག་མེད་ལ། །ཐུགས་རྗེ་གཉིས་རྟོགས་མི་བྱེད་དེ། །བུ་གཅིག་འདྲ་བར་བློ་བཞག་བྱ། །ཐམས་ཅད་དྲི་མ་མེད་པར་བྱ། །སྔོན་རྫོགས་རྐྱེན་འཕྲད་སྔོན་བཞིན་ཏེ། །རྣལ་འབྱོར་ཉིད་ན་གཞན་དོན་རྫོགས། །དམིགས་པ་བདུན་གཉིས་གདུལ་བྱ་ལ། །ངོ་བོ་ལས་དང་ཕན་ཡོན་གྱི། །ཕྱོགས་གཏད་མེད་དེ་ཐུན་མོང་གི། །ཆེན་པོ་དག་ལ་བླར་གྱུར་ཡིན། །བདག་ཕྱིར་སྤྱོད་ཡུལ་ཐམས་ཅད་ཀུན། །ཡེ་ཤེས་སྒྱུ་མ་རང་སྣང་ཕྱིར། །ཕྱི་ནང་སྒྲིབ་མེད་གསལ་བའི་ངང་། །ཡེ་ཤེས་བློ་བརྟན་ཤིན་ཏུ་བདེ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ལ། །གཙང་དང་དམེ་བའི་བློ་མ་འཛིན། །ཐམས་ཅད་ཡེ་ནས་རོ་གཅིག་པས། །གཉིས་སུ་མེད་པར་ཤིན་ཏུ་བདེ། །དེ་བས་སྤྱད་དང་མི་སྤང་ལེན། །འདོད་ཡོན་ལྔ་སོགས་ཡེ་ཤེས་རོལ། །ཐུབ་ཆེན་སྟོན་པའི་སྤྱོད་ཡུལ་ནི། །ཅི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཆོས་རྣམས་ཐམས་ཅད་དམིགས་སུ་མེད། །ཡེ་ནས་སྒྱུ་མ་ཅིར་ཡང་འགྲུབ། །ཟག་མེད་ཟབ་པས་དོན་རྟོགས་ནས། །དག་པར་མ་གྱུར་གང་ཡང་མེད། །ཡེ་ཤེས་མ་བཅོས་ཀུན་ཏུ་གསལ། །རང་བཞིན་རྣམ་པར་དག་པའོ། །དེ་ཕྱིར་སྤྱོད་ཡུལ་ཐམས་ཅད་ཀུན། །སྒྱུ་མའི་ཡེ་ཤེས་འདའ་མི་བྱ། །རྩ་བ་ཡན་ལག་ཐམས་ཅད་ཀུན། །སྔ་མ་བཞིན་དེ་ནུས་པ་འཕེལ། །དེ་ལྟར་སྒྱུ་མ་ཐོབ་གོམས་པས། །འཁོར་བའི་ཆོས་ལ་ཚད་མེད་པའི། །བྱང་ཆུབ་སེམས་ཀྱིས་འཕྲོགས་པར་འགྱུར། །མ་འཁྲུལ་འཁྲུལ་པ་ཡ་མཚན་སྐྱེ། །དོན་མེད་འདུག་པའང་དེ་བཞིན་ཏེ། །རྣམ་གསུམ་ལྔ་ལས་འཕེལ་བར་སྣང་། །ཉམས་རིམ་འཕེལ་བའི་སྔ་རྟག་ནི། །ཤིང་བལ་ལྟ་བུར་ཡང་བ་དང་། །ལུས་ཀྱི་བཟོད་པ་ཕྲ་ཐོབ་རིང་། །ཁམས་བདེ་མི་བདེ་སྙོམས་པ་དང་། །ཕལ་ཆེར་ཡོད་ཅིང་ཆོས་བརྒྱད་སྙོམས། །དེ་བས་མང་དང་འབྲེལ་ལ་མཉམ། །ཀུན་ཀྱང་ལྔ་ལས་གྲངས་འཕེལ་ཞིང་། །ངོ་བོ་གསལ་བ་ཡུན་རིང་བའོ། །ལྷན་ཅིག་དྲུང་འདུག་ཕ་རོལ་གྱི། །མངོན་ཤེས་འཕེལ་དང་ཅུང་ཟད་བརྟན། །གཞན་ལའང་ཤེས་པ་ཅུང་ཟད་འབྱུང་། །དེ་བས་རྣལ་འབྱོར་བརྟན་པར་བྱ། །འདི་ཚེ་སྤྱོད་ཡུལ་ཐམས་ཅད་ཀུན། །རྨི་ལམ་དུའང་སྒྱུ་མར་མཐོང་། །སྙིང་རྗེ་གང་བར་མཐོང་བ་དང་། །བྱིན་རླབས་དབང་བསྐུར་མང་མཐོང་དང་། །བདུད་ཀྱི་སྤྱོད་ཡུལ་མཚན་མར་མཐོང་། །དེ་སོགས་སྣང་ཡང་ཆགས་མི་བྱ། །སྙིང་རྗེ་ཆེན་པོ་གོམས་བྱས་ནས། །རྣལ་འབྱོར་དོན་ཆེན་རྟོགས་པ་ཡིས། །དུས་མཐའ་མེད་པར་དེ་ལྟར་བསྒོམ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །སྤྱོད་ཡུལ་སངས་རྒྱས་ཉིད་དང་གཅིག །སྐུ་སྤྱོད་བསོད་ནམས་ཚོགས་ཆེན་ལྡན། །དེ་མིང་མ་ཆགས་ཡེ་ཤེས་ཆེ། །རྣལ་འབྱོར་ཕྱི་མ་བཙལ་བ་མེད། །ཉིད་འོད་ས་བོན་སྐྱུར་སྒྲ་བཞིན། །འཕོ་བ་མེད་བཞིན་འགྱུར་སྣང་ཚེ། །སྒྱུ་མར་བརྟན་བྱས་ལས་རྒྱུན་གཅོད། །འབྲེལ་པས་ལམ་དང་བསྐོལ་མི་འགྱུར། །ཕྱི་མའི་ལན་གྲངས་གཞན་དག་ལ། །མི་ལྡོག་དབང་བསྒྱུར་རིགས་སུ་ངེས། །ལམ་འདིར་ཆ་རྐྱེན་རྫོགས་བསྒྲུབ་པ། །མཚན་དང་དཔེ་བྱད་ཀུན་ལྡན་པའི། །དབང་ཕྱུག་ཆེན་པོའི་གནས་ཉིད་དུ། །མངོན་དུ་འབྱུང་བར་ཐེ་ཚོམ་མེད། །མ་རྟོགས་ལེ་ལོ་སྙོམས་ལས་བྱས། །དོན་མ་གྲུབ་པར་ངན་སོང་འགྲོ། །སྙིང་རྗེ་ཆེན་པོའི་རྣལ་འབྱོར་བསྟན་པའི་ལེའུ་སྟེ་བཞིན་པའོ།། །།གཉིས་མེད་ངང་ལ་ཕྱག་འཚལ་ནས། །ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བཤད། །གང་དག་རྡོ་རྗེ་གསུམ་བསྒོམ་པ། །སྔ་མ་འདས་པའི་ལུས་ཀྱིས་ཤེས། །སྤྱི་ཡུ་ལས་སྔོན་རྫོགས་པ་ཡིས། །འདི་ཉིད་སྒྱུ་མཐར་སྔོན་བྱས་ཤིང་། །ལུགས་སོགས་མཚན་མའི་ཕྱག་རྒྱ་གཞན། །དེ་ལ་ཡན་ལག་བརྒྱད་སྔོན་བཞིན། །འབྲས་བུ་ཡོངས་སུ་རྫོགས་བྱ་ཞིང་། །སྤྲོས་པ་རྒྱུ་ཡི་ཐོབ་བྱ་ཞིང་། །རྒྱུ་སྟོང་རྟོག་ཞེན་དབང་དུ་བྱ། །རྟོག་པའི་ཕུང་སོགས་གནས་འགྱུར་ཞིང་། །གང་དག་སྨིན་པར་བྱ་བའི་ཕྱིར། །ཕྱག་རྒྱ་རྣལ་འབྱོར་ཤིན་ཏུ་གཅེས། །དེ་ལ་འཇུག་ཐབས་རྣམ་གཉིས་ཏེ། །སེམས་སྦྱང་བ་དང་ལྷར་བསྐྱེད་པའོ། །སྔ་མ་གདམས་ངག་ཤེས་རབ་ཀྱིས། །འཇུག་པ་བཞིན་པོ་འདི་ཉིད་དོ། །ཨ། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བ་ཨ་རྣམས་འཕྲོ། །ཕྱོགས་བཅུ་གང་རྣམས་གསལ་འགྱུར་ནས། །བསྡུས་དོན་འཕེལ་འགྲིབ་མེད་པར་བརྟན། །དེ་ལ་འམ་ཡང་ན་ཐུགས་ཡི་གེ། །དེ་བཞིན་ཡང་དང་ཡང་གོམས་ནས། །ཕྱི་ནང་སྣོད་བཅུད་ཧཱུྃ་དུ་བསྡུ། །ཡན་ལག་རྣམ་ཤེས་ཡེ་ཤེས་ཕྱིར། །ཡི་གེ་ཧཱུྃ་དུ་ཤིན་ཏུ་བསྡུ། །ནྲི་ཡི་མིག་གིས་ལྟར་ཡོད་པ། །འདྲིས་ནས་བདག་གཞན་དོན་ཕྱིར་སྤྲོ། །མཆོད་དོན་རྫོགས་ནས་སླར་བསྡུས་ཏེ། །ཧཱུྃ་ཉིད་མི་དམིགས་ངང་ཉིད་ལས། །གོམས་པར་བྱ་བ་ཤིན་ཏུ་གཅེས། །ཕྱི་མ་ཚངས་པ་སྲིན་པོའི་ཚུལ། །རྫོགས་པར་བྱ་བ་ཟུང་དུ་འགྱུར། །ཚངས་པའི་ཆ་ལུགས་རྫོགས་བྱ་བའང་། །གང་བསྒྲུབ་ཡི་གེ་སོ་སོ་སྟེ། །སྤྱིར་ནི་གང་བསྒོམ་ཀུན་དང་འདྲ། །རྡོ་རྗེ་སེམས་དཔའ་ཉིད་དུ་འདུ། །འདི་ལྟར་དེ་ཉིད་གོམས་བྱ་བ། །སྔོན་དུ་མི་དམིགས་ངང་ཉིད་ལས། །ཨ་དཀར་གསུང་གི་ཕྱག་རྒྱ་འབར། །ཤིན་ཏུ་འཚེར་བ་གསལ་བསྒོམ་ནས། །ཐམས་ཅད་ཨར་ནི་གྱུར་པར་བསྒོམ། །དེ་བཞིན་ཉིད་དུ་འདྲིས་བྱས་ནས། །ཨ་ལས་མ་ཡི་དཀྱིལ་འཁོར་སྤྲོ། །ཨ་མ་གསལ་བར་འབྱོར་གྱུར་ནས། །ཉི་ཟླ་གང་བ་སྒྲིལ་བ་བསྒོམ། །ཧྲཱིཿགསལ་པདྨ་ཆགས་མེད་བསྒོམ། །རིན་ཆེན་འབར་བའི་གཞལ་ཡས་བསྒོམ། །ཉི་ཟླའི་གདན་ལ་གཞལ་ཡས་ཁང་། །ཐམས་ཅད་བསྡུས་ཤིང་འཕྲོ་བར་བསྒོམ། །དེ་དཀྱིལ་ཡི་གེ་ཧཱུྃ་གནས་པར། །མཐིང་ཀ་འཚེར་ལ་གསལ་བ་ཡི། །འོད་ཟེར་འཕྲོ་བ་རྣམ་པར་བསྒོམ། །འོད་འཕྲོས་དབྱིངས་སུ་སླར་འདུས་ནས། །ཤིན་ཏུ་རྡོ་རྗེ་ཕྲ་བར་བསྒོམ། །རྡོ་རྗེ་འོད་འཕྲོས་གསལ་འབར་ནས། །དབྱིངས་སུ་ཡང་ནི་བསྟིམ་པར་བྱ། །དེ་ཉིད་སེམས་དཔའི་སྐུར་གྱུར་ནས། །ཤིན་ཏུ་ཕྲ་ཞིང་འདུས་པར་བསྒོམ། །དེ་བཞིན་གཉིས་མེད་གསལ་གྱུར་ནས། །སྐུ་གཅིག་རྡོ་རྗེ་དྲིལ་འབར་བསྒོམ། །དེ་བཞིན་ཉིད་དུ་གྱུར་པ་དང་། །དབུ་གསུམ་ཕྱག་དྲུག་ཉིད་དུ་བྷེ། །རྡོ་རྗེ་འཁོར་ལོ་རལ་གྲི་འབར། །རིན་ཆེན་པདྨ་དྲིལ་བུ་འབར། །ཕྲ་བའི་གཞལ་ཡས་གདན་དང་ལྡན། །གནས་གཅིག་ཡེ་ཤེས་སེམས་དཔའ་བསྒོམ། །སྤྱི་མགྲིན་ཙིཏྟ་གནས་གསུམ་དུ། །བྱིན་རླབས་རྡོ་རྗེ་གསུམ་བསྒོོམ་བྱ། །དབུ་ཡི་གནས་ལྔར་ཡི་གེ་ལྔ། །ཡེ་ཤེས་ལྔ་དབང་རྫོགས་པར་བརྒྱན། །བློ་ཡི་ཤེས་རབ་ཆེ་ཆུང་གིས། །ཡང་ན་ཕྱག་རྒྱ་ཆེན་པོ་སྟེ། །ཆུ་ལ་ཉ་ལྡང་ཅི་བཞིན་དུ། །བདག་ཉིད་ཕྱག་རྒྱ་ཆེན་པོ་སྟེ། །ཞལ་གསུམ་ཕྱག་དྲུག་རྟག་ཏུ་བསྒོམ། །གཞལ་ཡས་གདན་སོགས་སྔ་མ་བཞིན། །ཡན་ལག་དགུའང་དེ་བཞིན་བསྒོམ། །དེ་ལ་ཤིན་ཏུ་གོམས་པར་བྱ། །རཀྵའི་ཆ་ལུགས་འཛིན་པ་ཡང་། །རིམ་དང་ཅིག་ཆར་སྔོན་བཞིན་ཏེ། །རྡོ་རྗེ་གོ་ཆ་ཁ་དོག་དང་། །གཞལ་ཡས་ལ་སོགས་བསྒྱུར་དེ་བསྒོམ། །ཐུགས་ཀྱི་རིགས་ལ་གཞན་མོས་པའང་། །འབྲུ་བཞིས་སྦྱངས་ཏེ་གདན་གནས་གཅིག །རྡོ་རྗེ་རྣམ་གསུམ་རིགས་སུ་བསྒྱུར། །སྐུ་དང་ཡན་ལག་དེ་བཞིན་ནོ། །རིམ་པ་ཐོབ་པའམ་ཅིག་ཆར་བ། །བརྒྱད་མཐར་བྱིན་ཕབ་ལྷར་བསྐྱེད་ལ། །མཆོད་པ་བྱིན་རླབས་སྐུ་བསྒོམ་སྟེ། །ཡན་ལག་ལྡན་རྫོགས་མཆོད་བསྟོད་བྱ། །ཡན་ལག་མ་ཉམས་སྔགས་བཟླས་པའང་། །སྐྱོན་བཅུ་སྤངས་ཏེ་རྣམ་གསུམ་གྱིས། །བཟླས་པ་གྲངས་བཞིན་རྫོགས་པར་བྱ། །སྤྲོ་བསྡུས་བདག་དང་གཞན་དོན་རྫོགས། །ཕྱི་ནང་གསང་བ་གང་མོས་སུ། །བཟླས་པ་ཚད་དུ་བསྐྱལ་བར་བྱ། །དུབ་ན་ཡེ་ཤེས་ཐིག་ལེས་བལྟ། །ཉལ་བས་ནང་པར་དེ་ཉིད་ལས། །ཧཱུྃ་སོགས་བསྒྱུར་ཏེ་སྐུ་རྫོགས་པ། །སྔོན་བཞིན་བརྩོན་པས་འདྲིས་པར་བྱ། །གཞལ་ཡས་ལྷ་ཡི་དཀྱིལ་འཁོར་ཡང་། །སེམས་ཀྱི་ཆོ་འཕྲུལ་རང་སྣང་ཕྱིར། །ལྷ་ལ་དམིགས་མེད་རིག་པར་ཉིད། །བཞི་རྫོགས་སྐུ་དེ་རང་སྣང་བའོ། །རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ། །ཀུན་ཏུ་རིན་ཆེན་ལྟ་བུ་སྟེ། །རྫོགས་པས་རྟོགས་མེད་རེ་བ་སྐོང་། །ཟད་འཕེལ་འགྲོ་འོང་ཉེ་རིང་མེད། །ཕྱག་རྒྱ་ཡོད་མེད་གྲོལ་མ་གྲོལ། །བདག་ཕྱིར་ཕྱོགས་མེད་བླང་དོར་མེད། །བྱིང་རྒོད་སྙོམས་ཙམ་མཉམ་གཞག་པའོ། །མི་མཐུན་འདི་ཚེ་དམིགས་གཟུང་བ། །ཡི་གེ་ནས་བཟུང་རྫོགས་པའི་སར། །ཐུན་མོང་ཀུན་ཏུ་འབྱུང་རགས་ཕྲ། །ཐ་མ་འདི་ལས་སོ་འཐས་གཅད། །ཁྱད་པར་རབ་རིམ་མོག་མོག་གྲིབ། །གང་ཚད་དམིགས་ལ་ཚད་དང་ཚུལ། །གྲངས་དང་ཆ་ལུགས་མདོག་དབྱིབས་དང་། །ཁ་མདོག་འབའ་ཞིག་རིམ་པར་ནུབ། །དེ་ལྟར་འགྱུར་བར་ཚོར་བྱས་ཏེ། །འདུ་བྱེད་རླུང་གིས་བསྐྱོད་མི་བྱ། །དེ་ལྟར་ཟིན་པས་དེ་དག་ཀུན། །ཁྱད་པར་གསུམ་ལ་སྒྱུ་སྟོང་འདུག །རྗེས་ལས་ཐོབ་པ་མ་སུན་འདུག །དྲུག་ལ་རི་ལྟར་ཆེ་གདོས་བྱ། །བདུན་པ་དབྱིབས་དང་བསྲེ་བར་བྱ། །བརྒྱད་པ་སྤྱི་མིན་བྱེ་བྲག་གནས། །བྱ་མིན་ལས་ཀུན་དོར་བྱས་ཏེ། །སྤྱོད་ལམ་སྐྱོན་རྣམས་བཏང་བར་བྱ། །གཉིས་ལ་ཕུག་མདོ་རྒྱག་ཅིག་ལ། །གོམས་པ་འཕེལ་བའང་སྔ་མ་བཞིན། །སྨིག་རྒྱུ་དུ་བ་སྲིན་མེ་ཁྱེར། །མར་མེ་ཉི་མའི་ཚུལ་དང་སྦྱར། །གཏང་སྙོམས་རིམ་དང་བརྩོན་པ་དག །སྐབས་ཀྱིས་བླང་དོར་ཉམས་ལས་ཤེས། །འབྲུ་བཞིས་རྟག་ཏུ་མཚམས་བཅད་དེ། །བདག་ཉིད་ཆེན་པོའི་ཚོགས་མཆོད་བྱ། །ནང་གི་སྦྱིན་སྲེག་བླང་བར་བྱ། །གཟུགས་སོགས་ཐིག་ལེའམ་ལྷ་མོ་དྲུག །དབང་པོ་ཡུལ་དུ་སྦྱོར་བ་བྱ། །ཞི་ཁྲོ་གང་ཡིན་སྐབས་ཀྱིས་བསྒྱུར། །བདག་ཉིད་ཆེན་པོ་མཆོད་པ་ཡིས། །སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། །སྲིད་གསུམ་སེམས་ཅན་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་དང་། །ཉོན་མོངས་སྡུག་བསྔལ་ཚེ་ན་ཡང་། །ཐེག་ཆེན་ཕྱག་རྒྱ་མི་སྤངས་ཏེ། །སྔོན་བཞིན་སྦྱོར་བས་མྱུར་དུ་འགྲུབ། །རྒྱུ་འབྲས་མཚམས་སྦྱོར་བར་སྐབས་ཀུན། །ཆོས་སྤྱོད་དགུ་ཡི་སྤྲོས་པ་དོར། །རྒྱུད་ལ་ལྡན་ཡང་བླང་བྱ་མིན། །མཚན་མའི་གཡེང་བ་ཡིན་ཕྱིར་རོ། །རྡོ་རྗེ་གསུམ་བསྒོམ་ཕྱག་མི་བྱ། །ཕྱག་རྒྱའི་རྣལ་འབྱོར་སྤྱོད་པ་ལ། །དོན་ལྡན་མ་ཉམས་དག་བྱས་ནས། །བརྩོན་འགྲུས་ཆེར་བསྐྱེད་མྱུར་བར་འགྲུབ། །ལྷ་ལ་ལྷ་རོལ་བསོད་ནམས་ཏེ། །སྤྱོད་ལ་མ་ཆགས་གཉིས་མེད་པའོ། །གཞན་ཕྱིར་འཕྲོ་འདུ་རིམ་པར་རྫོགས། །རྐྱེན་དང་འཕྲད་པའང་མི་དོར་ཏེ། །དུས་མིན་གཞན་ཕྱིར་སྤྲོས་པ་ལེན། །གང་དང་འཚམས་པ་དོན་རྫོགས་བྱེད། །བདག་ཕྱིར་ཐུན་མོང་མཆོག་སྒྲུབ་རྣམས། །འདི་བརྟན་སྦྱོར་བར་ཐེ་ཚོམ་མེད། །གསུང་གི་གཞི་མ་ལྷུར་བྱ་ཞིང་། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ། །སྤྱོད་ཡུལ་ཐམས་ཅད་མཉམ་པར་བྱ། །ཕྱི་ནང་གསལ་བ་ཤིན་ཏུ་འཕེལ། །ཐོབ་དང་བརྟན་པའི་ཆར་གྱུར་ཏེ། །ལོངས་སྤྱོད་ཞེན་པ་མེད་པ་དང་། །དབང་པོ་ཡུལ་དུས་གོམས་པ་དང་། །རྒྱུ་བ་ཆད་དང་ཐུན་མཚམས་བྲལ། །དྲོད་ཀྱི་བྱེ་བྲག་ཀུན་དང་ལྡན། །རྟགས་ཆེན་གོམས་མཐར་མཚན་མ་ལྔ། །ཡོངས་སུ་མཐོང་དང་རྡོ་རྗེ་གསུམ། །སྐྱེ་མཆེད་མཐོང་དམ་ཚན་མ་སྟེ། །གྲུབ་པ་དང་པོ་རྟགས་ཞེས་བྱ། །དམིགས་མ་རྒྱ་ཆེ་མངོན་ཤེས་དང་། །གྲངས་དང་ཡུལ་གྱི་བླ་ན་མེད། །ཉི་ཤུ་རྩ་ལྔའི་མངོན་ཤེས་ཀྱང་། །གཡོ་ཐོབ་འབྱུང་བར་ཐེ་ཚོམ་མེད། །ལུས་ངག་སེམས་ཀྱི་མཐུ་རྟགས་ཀྱང་། །ཆོ་འཕྲུལ་བཞི་ཚུལ་གཡོ་ཐོབ་བྱེད། །གཞན་ཡང་སྔོན་བས་གསལ་བརྟན་པ། །རྣལ་འབྱོར་ལྷག་པའི་སྟོབས་ཀྱིས་འཐོབ། །སྤྱོད་ལམ་ཀུན་ཏུ་ལེགས་ཉེས་ཀུན། །གསལ་བར་འབྱུང་ཞི་ཤིན་ཏུ་བརྟན། །བསམ་གཏན་འབད་པ་བཟླས་པ་ཡིས། །སྒྲུབ་པ་པོ་ནི་རྟག་ཏུ་མཐོང་། །སངས་རྒྱས་མཐུ་དང་མཚུངས་པར་མཐོང་། །སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ། །བདག་མེད་པ་ནི་མྱུར་དུ་མཐོང་། །སེམས་དཔའ་ཆེན་པོ་ཁམས་གསུམ་པས། །མཆོད་པ་བྱས་པར་དེ་མཐོང་ངོ་། །ཡེ་ཤེས་ཆེན་པོའི་འོད་འདྲའི་གཟུགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །རྟག་ཏུ་མཆོད་པ་བྱས་པ་མཐོང་། །རྡོ་རྗེ་སེམས་དཔའི་གཟུགས་ཆེན་དང་། །གྲངས་ཆེན་རྡོ་རྗེའི་མཆོག་དག་ཏུ། །རྨི་ལམ་དག་ན་རང་གཟུགས་མཐོང་། །གྲགས་ཆེན་རྡོ་རྗེ་གསང་བ་དང་། །བྱང་ཆུབ་སེམས་དཔའི་འཁོར་ལོ་ཅན། །སངས་རྒྱས་ཆེན་པོ་ཕྱག་བཙལ་བའི། །རྨི་ལམ་འདི་འདྲ་མཐོང་གྱུར་པ། །ལུས་ངག་སེམས་ཀྱི་མཐུ་ལས་སྐྱེས། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པའི། །ལྷ་ཡི་བུ་མོ་ཡིད་འོང་དང་། །ཁྱེའུ་དང་བུ་མོ་དག་མཐོང་ན། །དེ་ནི་དངོས་གྲུབ་ཐོབ་པར་འགྱུར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྣམས། །ཞིང་ན་གནས་པར་ངེས་པར་མཐོང་། །ཐུགས་ནི་དགྱེས་པར་གྱུར་ནས་ཀྱང་། །ཆོས་མཛོད་ཡིད་དུ་འོང་ལ་སོགས། །ཆོས་ཀྱི་འཁོར་ལོས་སྒྱུར་བའི་སྐུ། །སེམས་ཅན་ཀུན་གྱིས་ཡོངས་བསྐོར་བ། །བསམ་གཏན་རྡོ་རྗེ་ལ་གནས་པའི། །དམ་ཚིག་སྦྱོར་བར་མཐོང་བར་འགྱུར། །སྣ་ཚོགས་ཀུན་དགའ་སྐྱེད་མོས་ཚལ། །ལྷ་ཡི་བུ་ལ་སོགས་པས་བརྒྱན། །སངས་རྒྱས་ཀུན་གྱི་བྱིན་རླབས་ལས། །བསམ་གཏན་དམ་ཚིག་ཅན་གྱིས་མཐོང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །དེ་ནི་མངོན་པར་དབང་བསྐུར་མཐོང་། །རིག་འཛིན་རྒྱལ་པོ་ཆེན་པོ་ཡིས། །བསྐོར་བ་བྱས་པ་དེ་མཐོང་ངོ་། །རྡོ་རྗེ་ལས་བྱུང་སྣ་ཚོགས་པའི། །རྨི་ལམ་དྲི་མེད་དེ་མཐོང་ན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སྐྱེ་པ་བླ་ན་མེད་པ་འགྲུབ། །གདོལ་པ་ཁྱི་ཡི་སྦྱོར་ལ་སོགས། །རྡོ་རྗེ་འཛིན་པས་མཐོང་ན་ནི། །བློ་ལྡན་རྡོ་རྗེ་སེམས་དཔའ་ཡི། །སེམས་ཀྱི་གནས་ནི་འགྲུབ་པར་འགྱུར། །ཡི་གེ་ཕྱག་རྒྱ་རྣམ་གཉིས་ཀྱི། །སྐྱེ་མཆེད་མཐོང་བའང་དེ་བཞིན་ནོ། །ལྷ་ཡི་སྐུ་ནི་གསལ་བསྒོམ་ན། །བསོད་ནམས་ཚོགས་ཆེན་རྫོགས་པར་འགྱུར། །དེ་ཉིད་ཆུ་ཟླའི་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་རྫོགས་པར་འགྱུར། །བདག་ཉིད་ལྷ་དང་མཉམ་སྦྱོར་བས། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །ཡེ་ནས་མཉམ་ཉིད་སྦྱོར་བས་སུ། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །བདེར་གཤེགས་ཀུན་དང་མཉམ་སྦྱོར་བས། །དཀྱིལ་འཁོར་ཀུན་དང་མཉམ་པར་འགྱུར། །དཀྱིལ་འཁོར་ཀུན་དང་མཉམ་པའི་ཕྱིར། །སྐུ་གསུང་ཡེ་ཤེས་ལྔ་རྫོགས་འགྲུབ། །ཡི་དམ་ལྷ་ཡི་མཚན་ཉིད་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར། །དམ་ཚིག་བསྲུངས་དང་སྔགས་བཟླས་དང་། །ཕྱག་རྒྱ་རྒྱུན་མི་གཅོད་པ་བཞི། །བརྩོན་འགྲུས་ཆེ་ཞིང་བརྟན་པར་གཟུང་། །རྣལ་འབྱོར་བརྩོན་འགྲུས་ཆུང་གྱུར་ན། །མི་འགྲུབ་ཉེན་ཡང་ཆེ་བར་གསུངས། །ཅི་ལྟར་རལ་གྲིའི་སོ་ལ་ནན་ཏན་དུ། །ལེགས་པར་མ་གཟུང་ལག་པ་ཆོད་པར་འགྱུར། །དེ་བཞིན་ནན་ཏན་མེད་པའི་གསང་སྔགས་པ། །ཕུང་བའམ་ཡང་ན་འབྲས་བུ་མེད་པར་འགྱུར། །དེ་བས་བར་ཆད་བརྩོན་མེད་ན། །དཔེར་ན་ས་བོན་ཚིག་པ་ལས། །འབྲས་བུ་འདོད་པ་དང་འདྲ་སྟེ། །སྒྲུབ་པའི་འབྲས་བུ་མེད་པར་འགྱུར། །མི་ཁོམ་འཁོར་བར་བརྒྱུད་པར་འགྱུར། །གང་ཞིག་ཞལ་མཐོང་མོས་པ་ཡིས། །བསྙེེན་བཀུར་མཆོད་པའི་བསོད་ནམས་ཀྱིས། །མི་དགེ་མཚམས་མེད་བཅོ་ལྔ་སོགས། །ལས་ངན་སྦྱངས་ཏེ་རིལ་ལ་སྦྱོར། །གང་གིས་མི་རྟག་མཐོང་ན་ཡང་། །ཕྱག་རྒྱ་མ་ཉམས་གསལ་བཟུང་སྟེ། །ལས་ཀྱི་མི་འཕེལ་གང་འདོད་དུ། །ཨ་ཡང་སྟོབས་ཀྱིས་བསྐུལ་བར་བྱ། །རྣམ་སྨིན་རིགས་ལ་ཐེ་ཚོམ་མེད། །འོན་ཏེ་ནའང་རིམ་པ་ཡིས། །དེ་ཉིད་བར་ཕྱིའམ་ལན་གྲངས་གཞན། །ཚེ་ཡང་ཕྱི་མའམ་གཞན་ཐོབ་ངེས། །རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །ཕྱག་རྒྱ་ཆེན་པོ་རྫོགས་འགྱུར་ཞིང་། །གསལ་བའི་ཡིད་གཉིས་མེད་པ་ན། །དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར། །འདི་ལྟར་བསྒོམ་ཞིང་བསྒྲུབ་བྱས་ན། །འབྲས་བུ་མངོན་དུ་མ་བྱུང་ཡང་། །ཚེ་རབས་སྐྱེ་བ་ཐམས་ཅད་དུ། །ལྷ་མི་མཚན་རྫོགས་སྡུག་བསྔལ་སེལ། །བདེར་གཤེགས་འབྱུང་དང་མི་བསྐོལ་ཞིང་། །ཐེག་པ་དམན་པར་འཇུག་མི་འགྱུར། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །དེ་བས་ལམ་འདི་འབྲལ་མི་བྱའོ། །ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔ་པའོ།། །།རང་གི་ལྷ་ལ་ཕྱག་འཚལ་ཏེ། །སྤྲོས་པའི་རྣལ་འབྱོར་བཤད་པར་བྱ། །སྤྲོས་པའི་བཞི་པོ་ལྷ་དེ་དབུར། །གཞག་པས་གྲོལ་ཕྱིར་རྒྱས་པར་བཤད། །རྣལ་འབྱོར་རྣམ་གསུམ་སྔོན་རྫོགས་ནས། །ས་ལ་སོགས་པར་ཕྱག་རྒྱར་བཅས། །རི་མོ་རྒྱུ་བཞིའམ་འབུར་བླུགས་དང་། །འཇིམ་པ་ལས་བྱས་དཀྱིལ་འཁོར་ནི། །ལྷག་པའི་གཟུགས་བརྙན་ཁང་བུ་དངོས། །ཡེ་ཤེས་བྱིན་ལྡན་བརྟེན་པར་བྱ། །མ་ཧཱ་བ་ལིང་ཨ་མྲི་ཏ། །དམར་ཆེན་ཕྱི་ནང་མཆོད་པ་བཀྲམ། །རོལ་མོ་མཆོད་སོགས་རྒྱ་ཆེན་རྣམས། །ཅི་ལྟར་འོས་པ་བཞིན་དུ་བྱ། །ཕྱོགས་བཅིང་བརྒྱད་ཀྱིས་རིམ་རྫོགས་ནས། །ལས་ཀྱི་ལྷ་ཡི་རྣལ་འབྱོར་གྱིས། །མཆོད་རྫས་བྱིན་གྱིས་བརླབ་པར་བྱ། །བདུད་རྩིའི་ཆུས་བསང་བགེགས་བསྐྲད་བདུག །བསོད་ནམས་ཡོངས་སུ་རྫོགས་བྱ་ཞིང་། །སྤྱོད་ཡུལ་བྱིན་གྱིས་བརླབས་པ་དང་། །འཁོར་ལོ་ས་མཐར་དབྱུང་བ་དང་། །ཚོགས་ལ་དུས་ཀྱིས་བསྒྲུབ་ཕྱིར་བསྒོམ། །དགུག་བཏང་བཅིང་གྲོལ་གསོ་གསད་དང་། །ཕམ་རྒྱལ་ཏིང་འཛིན་འདིས་བྱེད་ཕྱིར། །གང་དག་གདུལ་བྱ་ཇི་སྙེད་པ། །སྤྲོས་པའི་ལས་ཀྱིས་གདོན་ཕྱིར་རོ། །གཅིག་ནི་སྤྲོས་པའང་རྣམ་གཉིས་ཏེ། །རྗེས་སུ་མཐུན་པར་ཞི་དང་ཁྲོ། །དེ་རེ་རེའང་ཚུལ་གཉིས་ཀྱིས། །བློ་དང་ལྡན་པར་འཚམས་སྟོན་ཡིན། །སྔ་མའང་རིམ་དང་ཅིག་ཆར་བ། །ཕྱེ་བས་ཕྱི་མའང་བཞིན་འཇུག་པ། །ཉི་ཟླ་གཟའ་སྐར་དུས་གཅིག་ཏུ། །ཆུ་དཀྱིལ་དྭངས་པར་གསལ་བ་བཞིན། །སྐུ་གསལ་སྐད་ཅིག་འོད་དུ་འབར། །སྙིང་པོ་བརྗོད་པས་འཁོར་ལོ་ཤར། །དེར་སྔོན་བསྟན་པ་བཞིན་འཇུག་པ། །མཐོང་དང་སྔ་མའི་རྣལ་འབྱོར་སྟོབས། །ཐོབ་པས་ཤེས་བྱ་སློབ་ཚུལ་དུ། །དུ་མ་གཅིག་གསལ་བྱེད་པའང་། །མ་བསྒྱུར་རྣལ་མའི་དཀྱིལ་འཁོར་ལ། །འཁོར་ལོ་ཚོམ་བུ་གྲངས་ཞལ་ཕྱག །དང་པོ་བཅོ་བརྒྱད་བཞི་བཅུ་གཉིས། །རྒྱས་པའི་དཀྱིལ་འཁོར་རིམ་པར་སློབ། །གཉིས་པ་བདག་ཆག་ཡབ་ཡུམ་གཉིས། །གནས་པའི་འཁོར་ལོ་གསལ་བྱས་ཏེ། །གདན་ལྡན་དབུས་ན་བདག་པོ་གནས། །དེ་ལ་སེམས་དཔའ་ཁྲོ་བོས་བསྐོར། །བརྟན་ནས་མདུན་རྒྱབ་སྐུ་གསུང་ཐུགས། །འཁོར་ལོ་རྫོགས་པ་འབྲུ་གསུམ་བརྡ། །མི་ཡི་དབང་དུ་ཚོམ་བུ་གསུམ། །ཤིན་ཏུ་གོམས་པར་བྱ་བ་ཡིན། །བརྟན་ནས་གཡས་དང་གཡོན་ཉིད་དུ། །ཡོན་ཏན་ཕྲིན་ལས་དཀྱིལ་འཁོར་གཞག །རྣལ་འབྱོར་དབང་དུ་ཚོམ་བུ་ལྔ། །ཤིན་ཏུ་འདྲིས་ནས་དུས་ཚོགས་སྦྱར། །གསུམ་པ་རྩ་བའི་སྐུ་ཉིད་དུ། །བརྟན་པས་སྐུ་གསུང་གཙོ་བོར་གསལ། །གསུམ་འཆོར་མེད་ན་ཡོན་ཏན་ལས། །ལྔ་རྫོགས་ཡབ་ཡུམ་ཟུང་བརྟན་ནས། །ལྔ་པའི་དོན་སྤྲོས་བཞི་བཅུ་གཉིས། །མ་བཅོས་ངང་གིས་གནས་པ་ལས། །ཡེ་ཤེས་ལྷག་པའི་དཀྱིལ་འཁོར་བསྒོམ། །ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །བཞི་བཅུ་རྩ་གཉིས་གསུམ་འཕྲོས་འགྱུར། །སྟངས་དཔྱལ་གཉིས་ཀྱི་ཕྱག་རྒྱ་དང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་ཡང་། །རི་རབ་ཏིལ་འབྲུའི་ཚུལ་བཞིན་དུ། །དཔེ་བྱད་མཚན་གྱིས་རྒྱས་སྤྲས་པའོ། །དེ་ལྟར་གཙོ་མཆོག་ལྡན་བྱས་ནས། །བྱ་བྱེད་རིགས་བཞིའམ་སྟོང་བསྒོམ་བྱ། །བཅུ་གཉིས་དྲུག་གིས་འོད་འཕྲོ་འབར། །ཉི་ཁྲི་བཞི་སྟོང་དུས་གཅིག་གསལ། །ཕྱོགས་བཅུ་མ་ལུས་གཞལ་ཡས་ཁང་། །ཉི་ཟླ་གཟའ་སྐར་གདན་དང་རྒྱན། །བདེ་གཤེགས་དཀྱིལ་འཁོར་མ་ལུས་བསྒོམ། །བསམ་ཡས་ལྷུན་གྲུབ་ཉིད་ལ་སློབ། །བཞི་པ་ཞལ་གསུམ་ཕྱག་དྲུག་པ། །བརྟན་ནས་གསུམ་ལའང་དེ་བཞིན་ཏེ། །ལྔ་པའང་རྗེས་སུ་མཐུན་བསྒོམ་ནས། །སྤྲོས་པའི་ཞལ་ཕྱག་རྫོགས་གསལ་བའོ། །བསྒྱུར་བའི་འཁོར་ལོའང་དེ་བཞིན་ཏེ། །དང་པོ་ལྔ་བཅུ་བརྒྱད་གོམས་ནས། །དྲུག་ཅུ་རྩ་བརྒྱད་དེ་བཞིན་ཏེ། །དབུས་ཀྱི་ཧེ་རུ་བཞི་པོ་ལ། །སྐུ་གསུམ་མདུན་རྒྱབ་ཁྲག་འཐུང་གསལ། །དེ་བརྟན་འཁོར་དང་བཅས་པ་བསྒོམ། །སྐུ་གསུང་ཐུགས་ལ་བརྟན་བྱས་ནས། །གཡས་གཡོན་ཡོན་ཏན་ལས་ཁྲོ་བོ། །ཡབ་ཡུམ་གསལ་ནས་འཁོར་ལོ་ལྷ། །རྫོགས་པར་བསྒོམ་པའི་རིམ་བཞིན་དུ། །གང་བྱས་མ་སུན་གྱེན་དུ་འཕར། །རྗེས་སུ་མཐུན་པས་འཇིགས་བྱེད་ཀྱང་། །གཅིག་དང་གཉིས་དང་གསུམ་བཞི་ལྔ། །ཡབ་ཡུམ་མཐར་ཕྱིན་འཁོར་ལོའི་ཆས། །ལྔ་བཅུའི་ཚོམ་བུ་གནས་ཡུལ་དང་། །སྒོ་སླས་ཧཱུྃ་ཆེན་བརྒྱ་རྩ་བརྒྱད། །ཡན་ལག་བཀོད་པ་ལྔ་བཅུ་བརྒྱད། །ཆ་ལྔའི་གྲངས་ནི་ཉིས་བརྒྱ་དང་། །དགུ་བཅུའི་ལྷ་རྣམས་ཡན་ལག་ལྡན། །ཞལ་གཅིག་ཕྱག་གཉིས་གསུམ་ཕྱག་དྲུག །དགུ་དང་བཅོ་བརྒྱད་ཀུན་དང་ལྡན། །ཉི་ཤུ་རྩ་གཅིག་བཞི་བཅུ་གཉིས། །དགུ་བརྒྱད་སྟོང་བརྒྱད་བརྒྱ་ཞལ་ཕྱག །གྲངས་མེད་བར་དུ་སློབ་བྱེད་པ། །རིམ་ཐབས་བརྗོད་ཀྱི་སྤྱོད་ཡུལ་ན། །ཉི་ཤུ་གཅིག་དང་དགུ་བརྒྱ་དང་། །གྲངས་མེད་མཐར་ཕྱིན་རིམ་པར་ལྡན། །དེ་ལྟར་ལྡན་པའི་ཏིང་འཛིན་གྱིས། །ཞུགས་སློབ་མཐར་ཕྱིན་པར་སྐབས་སུ། །རང་བཞིན་ཡུལ་ནས་དབབ་བྱ་སྟེ། །གཞུག་བཅིང་བརྟན་སོགས་ལྡན་བྱས་ཏེ། །རྫས་དང་ཏིང་འཛིན་རིམ་བཞིན་མཆོད། །བསྟོད་སྨོན་ལྡན་ནས་བསྙེན་པ་བྱ། །བར་སྐབས་ལྷག་མའི་གནས་བསྐངས་ནས། །དམ་བསྒྲག་བཅོལ་ཞིང་ལས་ལ་དགྱེ། །འཁོར་ལོ་བསྡུ་བསྲུང་སྤྱོད་ལམ་ཀུན། །ཁྲོ་ཞིའི་མན་ངག་གཞུང་བཞིན་བྱ། །ཕུང་སོགས་དཀྱིལ་འཁོར་ལྷར་སྣང་བ། །རྒྱ་མཚོའི་གཟུགས་བརྙན་ཇི་བཞིན་དུ། །ཀུན་དངོས་རང་རིག་ལྷར་གསལ་བ། །གཅིག་དང་དུ་མ་ཡོངས་ཀྱིས་མེད། །གསལ་ལ་ཡུལ་མེད་མི་གཡོ་བ། །རྣལ་འབྱོར་ངོ་བོར་རྒྱལ་བས་གསུངས། །རང་བཞིན་སྤྲོས་པས་རྣལ་འབྱོར་སྤྲོས། ། དེའང་གདུག་འདུལ་ཁྲོ་ཞི་སྤྲོས། །འཁོར་ལོ་སྤྲོས་དང་ཕྱག་རྒྱ་སྤྲོས། །ཚོམ་བུ་སྤྲོས་དང་ཞལ་ཕྱག་སྤྲོས། །ཀུན་ནས་སྤྲོས་ཕྱིར་འབྲས་བུ་སྤྲོས། །སྤྲོས་པས་ཉམས་གསལ་རྣལ་འབྱོར་སྒྲའོ། །འདི་ཚེ་ལེ་ལོ་རྣམ་གཉིས་དང་། །མཚན་མཐའ་ལྔ་དངོས་མཐོང་འཛིན་དང་། །རྣལ་འབྱོར་བདུད་ཀྱི་ཡུལ་མཐོང་བའང་། །སྤྲུལ་པ་གྲངས་མེད་འགྱེད་པ་མཐོང་། །དམ་པར་འདུན་མཐོང་དམ་པར་སྨྲ། །རྒྱལ་བས་གསུང་ཀུན་གསལ་མཐོང་དང་། །དུས་གསུམ་གསལ་ཤེས་མཐོང་བ་དང་། །རྒྱུ་དྲུག་ལམ་གནས་ཀུན་མཐོང་དང་། །དེ་ལ་སྙིང་རྗེས་ཤུགས་འབྱུང་དང་། །ཀུན་ཀྱང་གསལ་བར་མཐོང་བ་དང་། །ཅི་ལའང་ཐོགས་མེད་འགྲོ་བ་དང་། །མཁའ་ལ་ས་བཞིན་འགྲོ་འདུག་དང་། །རྒྱལ་བས་ཕྱག་བརྐྱང་ལུང་སྟོན་དང་། །ཀུན་གྱི་སྐད་དུ་ཆོས་སྨྲ་དང་། །སྣོད་བཅུད་བསྟི་གནས་མཐོང་བ་དང་། །སྟོང་གསུམ་མཉམ་པར་བཀོད་པ་དང་། །དེ་ཉིད་རང་བཞིན་གསལ་སྣང་དང་། །ལས་སུ་རུང་བས་ཐོགས་མེད་དང་། །དམ་པའི་དོན་ལ་བསྒོ་བ་དང་། །འཇིག་རྟེན་གཙོ་བོས་མཆོད་འབྱུང་རྣམས། །རང་བཞིན་རྟོགས་ན་དམ་པའི་རྟགས། །མི་ཤེས་དགའ་བྲོད་བྱེད་པ་བདུད། །ཁེ་དང་གྲགས་པར་དྲེགས་པ་དང་། །བསྔགས་པ་ཐོབ་པས་མཚན་མས་གཡེངས། །རེ་དང་དོགས་པ་ཅུང་ཟད་ཡོད། །ངའམ་ང་ཞེས་ཆེ་བས་རྒྱལ། །ཐ་མལ་པའང་ཉུང་ལ་འཕྲད། །རྒྱུ་བའི་གཟུང་འཛིན་བྱེ་བྲག་ཤེས། །ཤེས་འཇུག་འབྱོར་པར་འགོ་ཐོབ་ཅིང་། །ཟུང་དུ་འབྲེལ་བས་སྐྱེད་མཐར་ཕྱིན། །འབྲས་བུ་ལམ་ཤེས་བརྟན་པ་ཡིན། །བྱ་བ་མེད་པའི་བརྩོན་འགྲུས་བླང་། །མཚན་མ་རང་རིག་ཆོ་འཕྲུལ་བ། །སེམས་ཕྱིར་མཐོང་ན་རེ་དོགས་མེད། །དཔེར་ན་ནམ་མཁའི་རང་བཞིན་ལ། །ཉི་ཟླ་གཟའ་སྐར་གློག་འགྱུ་དང་། །འཇའ་ཚོན་སྤྲིན་མང་འ ཁྲིག་འགྱུར་ཡང་། །ནམ་མཁའི་དབྱིངས་ལས་འགྱུར་ཉམས་མེད། །ཆོས་ཀྱི་དབྱིངས་ནི་མཐའ་ཡས་པར། །སྐུ་གསུང་རྨད་བྱུང་ངོ་མཚར་དང་། །མཚན་མ་སྣ་ཚོགས་འབྱུང་འགྱུར་ཡང་། །དེ་བཞིན་ཉིད་ལ་ཉམ་འགྱུར་མེད། །རྣལ་འབྱོར་སྟོབས་ཡོན་རྫོགས་འགྱུར་ཡང་། །བདག་གཉིས་མེད་ཤེས་ང་རྒྱལ་མེད་། །སྤྱོད་ཡུལ་མཚན་མ་གང་མཐོང་ཡང་། །ཡེ་ཤེས་རང་སྣང་ཉིད་དུ་སྦྱར། །སྣང་བྱེད་སྤྲོས་པ་འཕེལ་བའི་རིམ། །བསླབ་པའི་རིམ་པ་ཇི་བཞིན་ཏེ། །སྔོན་བསྟན་མོད་ཀྱང་འདིར་སློབ་པ། །མ་གོམས་དབང་གིས་རྣམ་པར་ལྔའོ། །གསུམ་ལྔ་ལྷ་གསལ་ཅུང་ཟད་ཡོད། །བར་ཆད་འབྱུང་བ་དང་པོའོ། །དེ་གསལ་ཐུན་བཞིའི་ཆ་གསུམ་དུ། །གསལ་བ་མི་གཡོ་གཉིས་པ་སྟེ། །ཐུན་བརྐྱང་ནུས་པ་གསུམ་པའོ། །དེ་ཉིད་རྐྱེན་དབང་མི་འགྲོ་བའི། །བཞི་པ་ཁྱད་པར་གང་གནས་པ། །ཤིན་ཏུ་མི་འཕྲོགས་ལྔ་པ་སྟེ། །གྲངས་ལ་སྦྱར་ན་མཐར་ཐལ་འགྱུར། །དེ་བས་ཉམས་ཚོད་ཟིན་པ་གཅེས། །རྣལ་འབྱོར་ཆེན་པོའི་ལྟ་སྤྱོད་ནི། །ཅི་ལྟར་སྤྱད་ཀྱང་རང་བཞིན་མེད། །མཁའ་ལ་བྱ་ཆེན་ལྡིང་བ་བཞིན། །ཆུ་ལ་ཉ་ཆེན་འཕྱོ་བ་བཞིན། །རྣལ་འབྱོར་ལྟ་བ་དེ་ལྟར་བལྟ། །རྣལ་འབྱོར་ཆེན་པོའི་སྤྱོད་པ་ནི། །ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད། །བདེ་བའི་རོ་མཆོག་མྱོང་གྱུར་ཏེ། །དེ་ལ་སུ་ཞིག་ཆགས་པར་བྱེད། །བདེ་བའི་མཆོག་ཉིད་བསོད་ནམས་ཚོགས། །དེ་ལྟ་བུ་ཡི་ངང་དུ་སྤྱོད། །འདི་ནི་སྤྱོད་པ་རླབས་ཆེན་ཡིན། །ལྟ་སྤྱོད་ཡ་ཆར་མ་གྱུར་པས། །སྔགས་འཆང་རྣམས་ཀྱིས་རྟག་ཏུ་སྤྱད། །ལྔ་བཞི་སྤང་བྱ་དམན་སྤྱོད་ཀུན། །བདག་དང་གཞན་ཕྱིར་འཇོལ་ཉོག་སྟེ། །གང་ཡང་བྱས་ལ་མ་ཐོགས་ཤིང་། །ཚོགས་འགྱུར་འདམ་སྐྱེས་བཞི་སྤྱོད་ཐབས། །ཡན་ལག་དབང་པོ་རྣམ་ཤེས་ཀུན། །རྣམ་སྨིན་ༀ་དུ་ཤེས་པར་བྱ། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོ་བོའི་དཀྱིལ་འཁོར་བསྒོམ། །གཟུགས་སྒྲ་དྲི་རོ་རེ་ལ་སོགས། །རྣམ་སྨིན་མཱུྂ་དུ་ཤེས་པར་བྱ། །ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོ་མོའི་དཀྱིལ་འཁོར་བསྒོམ། །སྤྱོད་ཡུལ་ལྷ་དང་ལྷ་མོར་རོལ། །འདོད་ཡོན་ལྔ་པོ་ཐམས་ཅད་དང་། །སྣ་ཚོགས་སྣང་བ་ཐམས་ཅད་ཀུན། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། །གཟུགས་མཛེས་ལྷ་དང་ལྷ་མོར་བརྟག །ཐམས་ཅད་ཀུན་ཏུ་བཟང་པོ་ཡིས། །འདོད་པའི་ཡོན་ཏན་ལྔ་རྣམས་ལ། །ཐོགས་པ་མེད་པར་སྤྱད་བྱ་སྟེ། །བསོད་ནམས་ཚོགས་ཆེན་ཡིན་པར་བརྟགས། །དེ་བཞིན་གཤེགས་པ་ལྔར་ཡང་བརྟགས། །གཞན་ཡང་སྟོང་ཁམས་ཐམས་ཅད་ན། །ཤེས་རབ་དབྱིངས་དང་འདོད་ཡོན་རྣམས། །རབ་འབྲིང་ཐ་མ་ཐམས་ཅད་སྤྱད། །དང་དུ་བླང་དང་མི་སྤང་བ། །རྣལ་འབྱོར་པ་ཡིས་རྟག་ཏུ་སྤྱད། །ཆགས་པ་མེད་པར་གྱུར་པ་དང་། །དངོས་གྲུབ་ཡ་མཚན་ཆེན་པོར་ནི། །དམ་ཚིག་མདོ་བཤད་ནང་ནས་བྱུང་། །སྤྱོད་ཡུལ་མཐོང་ཐོས་ཐམས་ཅད་ཀུན། །འགྲོ་དང་འདུག་དང་ཉལ་བ་ན། །དཀྱིལ་འཁོར་གཉིས་ཀྱི་རྣལ་འབྱོར་ལས། །མ་ཉམས་དེ་ཡི་དབྱིངས་ན་གནས། །ཤེས་རབ་མཆོག་གིས་རྟག་ཏུ་སྤྱོད། །ཡང་ན་དམ་ཚིག་འདི་ལྟ་བུ། །ཇི་ལྟར་སྤྱོད་ཀྱང་སྡོམ་མི་འདའ། །ཐམས་ཅད་མ་ལུས་སངས་རྒྱས་ལ། །བསྒྲུབ་ཅིང་བསྲུང་བར་བྱ་བའང་མེད། །དགེ་དང་མི་དགེ་གཉིས་ཀ་མེད། །དེ་ལ་བསྲུང་དུ་རྡུལ་ཙམ་མེད། །གཞན་ཕྱིར་གྲགས་པའི་བསྲུང་བྱ་ཀུན། །གང་ལྟར་འཚམས་པར་འདའ་མི་བྱེད། །རྡོ་རྗེ་སེམས་དཔའི་བཀས་བཤད་པའི། །སྡོམ་པའི་རྩ་བ་ཐམས་ཅད་ཀུན། །དེ་བཞིན་དུ་ནི་མ་བསྲུང་ན། །ཡཀྴ་ཁྲོ་བོའི་མེ་དབལ་གྱིས། །སྙིང་ནས་དྲངས་ཏེ་ཁྲག་འཐུང་ནས། །ངན་སོང་གསུམ་དུ་སྐྱེ་བར་འགྱུར། །དེ་ཡི་སྡུག་བསྔལ་བཟོད་གླགས་ཆད། །དེ་ཕྱིར་ལམ་བཞིར་ལྡོག་ཟག་ཡོད། །ཤིང་བལ་ལྟ་བུ་ཤིན་ཏུ་ཡང་། །དབུགས་ཀྱི་རྒྱུ་བ་ཡུན་རིང་བྲལ། །རྣལ་འབྱོར་མཁའ་ལ་གཟའ་སྐར་བཞིན། །གསལ་ལ་མི་གཡོ་སྤྱོད་ཡུལ་མེད། །ཞོར་ལས་བྱུང་བ་ཀུན་རྫོགས་ཕྱིར། །འདི་ཞེས་གྲངས་ཀྱི་ཆ་ལས་འདས། །ལས་སུ་རུང་བའི་རྟག་རྣམ་ཀྱང་། །སྔོན་བྱུང་སྟོབས་སུ་འཕེལ་བ་དང་། །ཁམས་སྙོམས་རང་ལུས་བདེ་བས་རྒྱས། །འདུ་བ་བཞི་བྲལ་བཟོད་ཐོབ་ཚེ། །མངོན་ཤེས་དྲུག་དང་རྩ་ལྔ་རྫོགས། །རབ་འབྲིང་ཆ་ཡིས་ཡུལ་ཁམས་གླིང་། །ཚུན་ཆད་གསལ་ཞིང་འདུལ་བར་བྱེད། །ཚོགས་དྲུག་དག་པའི་སྟོབས་ལས་གྱུར། །རྫུ་འཕྲུལ་ཉི་ཤུ་ཆ་གཡོ་ཐོབ། །ཐམས་ཅད་སྐད་མཐུན་ཆོས་སྟོན་རྗེས ། །ས་གཡོས་ཆོས་སྣང་བྱེད་པ་དང་། །ཡི་གེ་སྒྲ་བྱེད་ཀུན་བརྗོད་པའོ། །འདི་དག་མཐོང་དང་བཅོ་བརྒྱད་དང་། །ཤུགས་སྣང་བརྒྱད་མཐོང་རེ་དོགས་གཞན། །རྨི་ལམ་ཉིད་དང་ཆོས་མཐུན་པར། །འབྱུང་བ་གསལ་དང་བརྟན་པས་ཕྱེས། །བཟང་བའི་ལྟ་བུ་ལུང་བསྟན་ཀུན། །ལམ་འདི་རྫོགས་པར་འབྱུང་བ་ཡིན། །སྒྲུབ་པའི་རིག་འཛིན་ལམ་འདི་ཉིད། །མཐར་ཕྱིན་རིགས་ཀྱི་རྒྱུ་ཡིན་ཕྱིར། །མཚན་མ་འབྱུང་བའི་ས་ཡིན་ཏེ། །བར་ཆད་མེད་ཚོགས་སྐབས་སུའང་འདིའོ། །ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས། །དབང་པོ་རྣམ་ཤེས་བྱང་ཆུབ་སེམས། །ཡུལ་དུས་བྱང་ཆུབ་ཆེན་མོ་ཡིན། །བདག་རྟོག་རྣམ་བཞི་ཁྲོ་བོ་བཞི། །རྟག་ཆད་མུ་བཞི་ཁྲོ་མོ་ཡིན། །དེ་སེམས་རང་རིག་ཉིད་ཅེས་བྱ། །དེ་བཞིན་མཉམ་རྫོགས་ལྷུན་གྲུབ་པའི། །དེ་བཞིན་གཤེགས་དང་ཡེ་ཤེས་ལྔ། །རང་བྱུང་ཆེན་པོའི་དཀྱིལ་འཁོར་བསྒོམ། །རྟོག་གཉིས་བྲལ་བའི་ཐབས་མཁས་ཀྱིས། །ལྷར་གསལ་དངོས་པོ་མེད་བསྒོམ་ན། །མཐོང་ཐོས་ལ་སོགས་མེད་པའི་ཚུལ། །རང་རིག་ཡེ་ཤེས་གསལ་བསྒོམ་ནས། །རང་བཞིན་མེད་པར་ཅིར་ཡང་འགྲུབ། །རྐྱེན་གྱིས་བསྒྱུར་བའི་དུས་འབྱུང་ན། །སྤྲོས་པ་གང་ཡིན་གཟུང་བ་ཡིས། །ལས་ངན་ལམ་ཞེན་རྒྱུན་བཅད་ནས། །བར་མའམ་ཕྱི་མར་གཉིས་སྦྱོར་འཛིན། །གང་ཞིག་ནུས་གཞན་སྐལ་མེད་པའང་། །འཕེལ་པའི་འབྲེལ་བའི་ས་ནོན་གྱིས། །ཚེ་རབས་ཀུན་ཏུ་བདེ་ཐོབ་ནས། །གསུམ་དང་མི་བསྒོམ་སྤྱད་པས་འཐོབ། །སྙོམས་ལས་མེད་པར་བརྩོན་བྱས་ནས། །ལམ་དུ་རིགས་འཛིན་ཐོབ་པ་ཡང་། །ཆོས་ཉིད་དམ་ཚིག་སྨོན་མཐུ་དང་། །ཡན་ལགས་རྫོགས་པའི་རིགས་འཛིན་འགྱུར། །སྤྲོས་པའི་རྣལ་འབྱོར་རྒྱུན་ཆགས་པའི། །བསོད་ནམས་ཡེ་ཤེས་ལོངས་སྤྱོད་ཀྱིས། །མུན་སྣང་སྟུག་འགྱུར་རྩི་བཞིན་དུ། །ཡི་གེ་འཁོར་ལོ་ཚོགས་མཆོག་མཉེས། །སྤྲོས་པའི་རྣལ་འབྱོར་ལ་བསླབ་པའི་ལེའུ་སྟེ་དྲུག་པའོ།། །།དཀྱིལ་འཁོར་གཉིས་ལ་ཕྱག་འཚལ་ལོ། །བར་ཆད་མེད་པར་སྦྱོར་བ་ཡི། །སྒྲུབ་པ་དུས་ཀྱི་ཚོགས་བཤད་བྱ། །བར་ཆད་མེད་པའི་ལམ་སྒྲུབ་པའི། །སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །འཁོར་གྱིས་འགྲུབ་འགྱུར་མི་ལྡན་བརླག །སྡེ་དཔུང་ཆེན་པོས་མི་ཚུགས་ཤིང་། །ས་དང་བར་སྣང་ཤིས་པ་དང་། །ལོ་རྒྱུས་རྣམ་གཉིས་ལྡན་པ་དང་། །ཡིད་འོང་ས་བཙལ་རྒྱས་པར་བྱ། །རྙེད་ནས་ཚོམ་བུའི་གྲངས་བཞིན་དུ། །ཆེ་ཆུང་རྐྱེན་དུ་འཚམས་པར་བྱ། །འཁོར་ཁང་ཕྱི་ནང་བར་ལྡན་པའི། །རིན་ཆེན་བྱུག་པས་བསྲུངས་པ་དང་། །རིན་ཆེན་སྤྲོས་པའི་གཞལ་ཡས་ཁང་། །ཡིད་འོང་བྱ་བ་ཤིན་ཏུ་གཅེས། །ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པ། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པ་བླང་བར་བྱ། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་མཆོག་བསྒྲུབ་ཕྱིར། །རྣལ་འབྱོར་བརྩོན་བྱས་རིམ་བཞིན་འགྲུབ། །གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་བཟློག །ཡོ་བྱད་དག་པར་བསྡུ་བྱ་སྟེ། །ཚོ་གསུམ་བཅད་ལ་བྱིན་གྱིས་བརླབ། །སྒྲུབ་ཐབས་ཡན་ལག་བཞི་སྦྱར་བ། །གནས་དང་ལོངས་སྤྱོད་ཅི་བདེ་དང་། །མ་ཉམས་བློ་ནི་རབ་ལྡན་པས། །དང་པོ་དམ་མནོས་བཞིན་དུ་བྱ། །དམ་བཅས་ལྡན་པས་འདུས་ཏེ་བསྒྲུབ། །ཡང་ན་དཔག་ཚད་རྒྱང་གྲགས་སམ། །སོ་སོར་འཚམས་པའི་གཟུགས་བརྙན་བྲི། །རྒྱན་དང་མཆོད་སོགས་འཁོར་བ་དང་། །ཕྱི་རོལ་མཆོད་པའི་ལས་རྫོགས་ཏེ། །ཕྱི་བཅད་བསྲུང་སྒོ་རིམ་པ་བཞིན། །བསྙེན་པའི་དོན་དུ་སྔོན་བྱ་བ། །རྫོགས་པའི་ལས་རྣམས་ཟིན་པར་བྱ། །འདུས་པས་ཕྱོགས་བཅིང་རྫས་བརླབས་ནས། །སྤྱིའམ་ཡང་ན་རེ་རེ་ཞིང་། །ཚོབ་བུ་འཁོར་ལོ་རིམ་བཞིན་བསྒོམ། །རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས། །དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ། །སེམས་དཔའ་སེམས་མ་ཉིད་དུ་བསྒོམ། །སོ་སོའི་རིགས་དང་ཕྱག་རྒྱ་དང་། །ཏིང་འཛིན་ཡང་དག་སོ་སོར་གསལ། །རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཚོམ་བུ་གཅིག་པའི་ལྷ་རྣམས་བསྒོམ། །དེ་བཞིན་རིགས་དང་རྡོ་རྗེའི་རིགས། །པདྨའི་རིགས་ཏེ་སྐུ་གསུང་ཐུགས། །ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཚོམ་བུ་གསུམ་པའི་ལྷ་རྣམས་བསྒོམ། །ལྔ་དང་ལྔ་ཡི་སྦྱོར་བ་ཡིས། །ཚོམ་བུ་ལྔ་ཡི་ལྷ་བཀོད་ལ། །ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ། །བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོས། །རྫོགས་པའི་སྐབས་འདིར་ཤེས་པར་བྱ། །འདི་ཡང་ལམ་སྒྲུབ་སྦྱོར་བ་ཡི། །ཆ་ཡི་དང་པོ་བསྙེན་པ་ནི། །བྱང་ཆུབ་སེམས་རྟོགས་འགྲུས་པ་ནི། །བསྙེན་པའི་དམ་པ་ཡིན་པའི་ཕྱིར། །སེམས་ཆས་སྙིང་རྗེ་མན་ཆད་དོ། །ཕྱག་རྒྱ་གསལ་བ་ཉེ་བསྙེན་པ། །དེ་ཕྱིར་གཅིག་དང་སྤྲོས་པའོ། །སྒྲུབ་པ་ཉིད་ན་བར་ཆད་མེད། །དུས་ཀྱི་ཚོགས་མཐར་སྒྲུབ་ཆེན་ལེན། །མཐར་ལམ་གང་ཐོབ་འགྲུབ་པའོ། །གསུམ་པ་མཆོད་པའི་སྐབས་སུ་ཤེས། །གཉིས་པ་གཙོ་བོར་འདིར་བསྟན་པ། །གཞི་དང་གཞུང་གིས་རྫོགས་པར་འགྱུར། །ཕུན་སུམ་ཚོགས་པ་ལྔ་གཞི་ལ། །བསྙེན་སྒྲུབ་བཞི་ཡིས་གཞུང་བསྲང་བའང་། །གང་དག་མོས་པ་ཅི་བཞིན་ཕྱིར། །ཞི་དང་ཁྲོ་བོས་བསྒྲུབ་པར་བྱ། །དེ་ལ་སྔ་མ་གནས་དང་དུས། །ཡོ་བྱད་སྟོན་འཁོར་སྒྲུབ་པ་པོ། །བསྒྲུབ་ཐབས་ཕུན་སུམ་ཚོགས་པ་ཡིས། །བཞི་དང་སྦྱར་བས་གཞུང་རྫོགས་བྱ། །དེ་ལ་སྤྲོས་པ་མཐར་ཕྱིན་པས། །ཆོ་ག་ལྔ་ནི་རྫོགས་བྱ་ཞིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །རྣལ་འབྱོར་འཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོངས་པ་བསྒྲུབ། །སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །རྣལ་འབྱོར་མཐར་ལྡན་ཤིན་ཏུ་བརྟེན། །བྱིན་རླབས་དབང་དང་ལྡན་བྱས་ནས། །རང་བཞིན་གནས་ནས་དབབ་བྱ་སྟེ། །གཞུག་ཅིང་བརྟན་བྱས་རིམ་པར་མཆོད། །རྫོགས་ནས་བསྟན་ཏེ་བསྙེན་པ་བྱ། །ཟིན་ནས་བསྡུས་ཏེ་རྣལ་འབྱོར་ཚོགས། །ཚུལ་བཞིན་མཆོད་པའི་ཕྲིན་ལས་བྱ། །ནང་ནུབ་མཁའ་འགྲོའི་ལྷག་མ་སྦྱིན། །བར་ཆད་བཟློག་ཕྱིར་བསྙེན་པ་བྱ། །ཟླ་ཕྱེད་ཕྱེད་ཞག་ཉེ་བསྙེན་པ། །ལྷ་གསལ་འཕྲོ་འདུས་སྣོད་དུ་རུང་། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུས་བསྣོལ་མར་བསྒྲུབ་པར་བྱ། །ཞག་གྲངས་ཚང་ནས་རྟགས་བྱུང་ན། །དངོས་གྲུབ་བཟླས་བླང་སྒྲུབ་ཆེན་པོ། །དེ་བཞིན་རྒྱུད་ཀྱི་ཞག་གྲངས་བཞིན། །བར་ཆད་མེད་པར་བསྒྲུབ་པར་བྱ། །སྤྱོད་ལམ་ཡོ་བྱད་ལྔ་སྤྱོད་ཅིང་། །དངོས་སུ་མཆོད་པ་རྣམ་གཉིས་པོ། །གཙོ་རུ་དགོས་པ་གང་ཡིན་པ། །ཕྱི་མ་གདུག་པ་འདུལ་བར་ཤེས། །སྔ་མ་རྒྱས་པར་བཤད་བྱ་བ། །གོས་རྒྱན་བཟའ་བཏུང་གླུ་གར་རྣམས། །ཧཱུྃ་དུ་ཤེས་པར་རབ་སྤྱད་ན། །ངོ་མཚར་དཀྱིལ་འཁོར་མཉེས་པའི་ཕྱིར། །གསང་སོགས་ཡོ་བྱད་ལྔ་པོ་རྣམས། །རིགས་ཕྱིར་མ་སྐྱེས་ཡེ་ཤེས་གསལ། །ཆོས་ཉིད་ཡེ་ཤེས་རོལ་པར་བསྒོམ། །གཅིག་ཤོས་ཆེའང་དེ་བཞིན་ནོ། །ཕྱོགས་བཅུ་མཐའ་ཡས་དུས་བཞི་ཡི། །ཐམས་ཅད་དབྱེར་མེད་མ་དྷ་ལ། །ཉི་ཟླ་ཤར་བའི་གཞལ་ཡས་ལ། །པདྨ་ཆགས་མེད་གདན་བཏིང་ནས། །རིན་ཆེན་ཟད་མེད་ཕོ་བྲང་ས། །ཆེ་ཆུང་ཚད་དཔག་མེད་པ་ཡི། །བྱང་ཆུབ་བདེ་ལྡན་དཀྱིལ་འཁོར་ལ། །བདེ་ལྡན་བྱང་ཆུབ་རབ་བཀོད་ནས། །མ་ལུས་ཐམས་ཅད་དབྱིངས་བསྡུས་ནས། །ལུས་བསྐྱོད་ཡན་ལག་བསྒུལ་ཞིང་བསིགས། །དབང་པོ་ལྔ་ཡི་དཀྱིལ་འཁོར་ཀུན། །ཕྱག་རྒྱ་ཆེན་པོ་ཡིན་པར་བཤད། །ལྷག་པའི་ཏིང་འཛིན་འབའ་ཞིག་གམ། །བྲོ་སོགས་ཚེ་ན་བསྒོམ་པའང་། །བྷྲཱུྃ་དང་ཙཀྲའི་དཀྱིལ་འཁོར་དུ། །ཉི་ཟླ་འཁྲུགས་པའི་ས་གཞི་ལ། །པདྨ་ཆགས་མེད་གདན་བཏིང་ནས། །ཐབས་དང་ཤེས་རབ་ཆགས་མེད་ཚུལ། །ཡན་ལག་ལྔ་པོ་ཐམས་ཅད་ཀུན། །རང་བཞིན་ཡོང་གིས་དག་པ་ལ། །ཏིང་འཛིན་དེ་བཞིན་གཤེགས་པ་ལྔའོ། །ཡེ་ནས་མ་བཅོས་ཡོང་གིས་མེད། །ལྷག་པའི་ཏིང་འཛིན་དཀྱིལ་འཁོར་གྱིས། །དབུ་ལ་དེ་བཞིན་གཤེགས་པའི་འཁོར། །ཡན་ལག་བཞི་ལ་རིགས་བཞིའི་འཁོར། །ཁ་དོག་དབྱིབས་དང་ཕྱག་རྒྱ་དང་། །ཐབས་དང་ཤེས་རབ་གསལ་བསྒོམ་སྟེ། །ཕྱོགས་བཅུར་སྤྲོ་ཞིང་ངན་སོང་སྦྱོང་། །གནས་སུ་བསྡུ་ཞིང་དཀྱིལ་འཁོར་བསྟིམ། །འདས་དང་མ་འདས་ཐམས་ཅད་ཀུན། །བདེ་གཤེགས་ཞིང་དུ་རྣམ་པར་སྦྱོང་། །ཡན་ལག་ཆེན་པོ་ལྔ་བསྐྱོད་ན། །རིགས་ལྔའི་དཀྱིལ་འཁོར་མ་ལུས་གཡོ། །འགྲོ་ལྔ་བྱང་ཆུབ་ལམ་དུ་འཛུད། །སྙིགས་མ་ལྔ་ཡང་རྣམ་པར་དག །བཟང་མཛེས་ལེགས་པའི་གོས་བགོས་ནས། །འོད་ཟེར་སྣ་ཚོགས་འཕྲོ་བར་འགྱུར། །དེ་ནས་མཐར་ཐུག་མེད་ཀྱི་བར། །ཡེ་ཤེས་ལྔ་ཡིས་བརྒྱན་པར་འགྱུར། །རྒྱན་མཆོག་མཛེས་པས་ལུས་བརྒྱན་ནས། །ཏིང་འཛིན་འོད་འབར་གསལ་བསྒོམས་ཏེ། །ཕྱོགས་བཅུ་གང་བར་དཀྱིལ་འཁོར་སྤྲོ། །བདག་ཉིད་ཆེན་པོའི་དཀྱིལ་འཁོར་ལ། །མི་དམིགས་དབྱིངས་ནས་དཀྱིལ་འཁོར་མཆོད། །འདོད་ལྔ་ཐབས་དང་ཤེས་རབ་གནས། །བདེ་མཆོག་རོའང་མྱོང་བར་བྱེད། །མ་ཆགས་ཚོགས་ཆེན་གཉིས་དང་ལྡན། །བྲོ་གར་ཐབས་ཀྱི་ཕྱག་རྒྱ་དང་། །གླུ་དབྱངས་ཚིག་གི་སྒྲ་བསྒྲགས་ན། །ཕྱོགས་བཅུ་སྐྱེ་གནས་མ་ལུས་ཀུན། །ལྷུན་གྲུབ་རྡོ་རྗེའི་སྐུ་མཐོང་ཞིང་། །ཆོས་ཀྱི་དུང་ཆེན་སྒྲ་ཡང་ཐོས། །སྒྲིབ་གཉིས་བྱང་ནས་བྱང་ཆུབ་འགྲུབ། །བདེན་མཐོང་སྙན་བསྒྲགས་ཚོགས་ཆེན་འགྲུབ། །ཆགས་མེད་ཡེ་ཤེས་ཚོགས་དང་ལྡན། །ཐབས་དང་ཤེས་རབ་ཐམས་ཅད་ཀུན། །དབུས་ནས་ཤར་ཕྱོགས་ཁ་བལྟས་ཏེ། །སེང་གེ་སྟབས་ཆེན་མཆོང་བར་བྱ། །དབང་པོ་ལྔ་ལ་ཡི་གེ་ལྔ། །གསལ་བའི་འཕྲོ་འདུས་མངོན་རྫོགས་ཤེས། །འདོད་པ་ལྔ་ལ་ཆགས་མེད་རོལ། །བདག་དང་གཞན་དོན་རྫོགས་པར་བྱེད། །ཚོམ་བུ་གསལ་བའི་ཡབ་ཡུམ་རྣམས། །ཕན་ཚུན་འོད་འཕྲོས་བསྟིམ་བྱ་སྟེ། །དཀྱིལ་འཁོར་འབར་བ་གསལ་གྱུར་ནས། །བདག་དང་ཕྱོགས་བཅུ་གཉིས་མེད་བསྒོམ། །ཕྱོགས་ཕྱོགས་རིམ་བཞིན་ཁ་བལྟས་ཏེ། །ཐུགས་སྐུ་གསུང་ཡོན་ལས་ཀྱི་གླུ། །བྲོ་ཚིག་བརྗོད་དང་ཡེ་ཤེས་རྒྱན། །བྲོ་གླུ་རིགས་ལྔ་སྤྱི་གླུ་བྲོ། །རྣམ་ལྔ་སྟབས་གླུ་ལྡན་པར་བྱ། །སྲོག་ལྡན་བྲོ་གླུས་དོན་གཉིས་རྫོགས། །བཟའ་དང་བཅའ་དང་མུར་བཏུང་རྣམས། །ཐབས་དང་ཤེས་རབ་ཉིད་གནས་ཤིང་། །བདག་ཉིད་ཆེན་པོ་མཆོད་པ་ཡིས། །སངས་རྒྱས་དཀྱིལ་འཁོར་མ་ལུས་གཉེས། །སྲིད་གསུམ་སེམས་ཅན་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང་། །ཅི་ཡང་གཞན་དུ་འགྱུར་བར་འགྲུབ། །དེ་ལྟར་བཞི་དང་ལྡན་པ་ཡིས། །ཐབས་དང་ཤེས་རབ་ལྡན་འགྱུར་ནས། །བྱིན་རླབས་ཆ་རྣམས་རྫོགས་པར་བྱ། །བསྙེན་བསྒྲུབ་གསང་བའི་བཞི་རིམ་པས། །ཐམས་ཅད་གཉིས་མེད་དབྱིངས་སུ་སྦྱོར། །གཉིས་མེད་དབྱིངས་ནས་བྱང་ཆུབ་འབར། །འོད་འཕྲོས་འབར་བས་ཕྱོགས་བཅུར་གསལ། །དེ་བས་ཐབས་ཆེན་ཐབས་ཀྱི་མཆོག །ཤེས་རབ་བདེ་མཆོག་བརྟན་ལྡན་རྫོགས། །རྡོ་རྗེ་དྲིལ་བུ་ཡང་དག་ལྡན། །ཕྱག་རྒྱ་བཞི་དང་ལྷ་མོ་བརྒྱད། །རྫོགས་རོལ་ཉི་ཟླ་དུས་གཅིག་ལྡན། །གཉིས་མེད་ཟུང་དུ་འབྲེལ་གྱུར་ན། །བདེ་གཤེགས་དཀྱིལ་འཁོར་མ་ལུས་འབྱུང་། །ཐིག་ལེ་རྡོ་རྗེའི་གཟུགས་སུ་ཆགས། །མཆོད་ཆེན་མཁའ་འགྲོ་གསལ་འབར་འགྱུར། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་ནས། །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །སྒྱུ་འཕྲུལ་དྲྭ་བ་བརྟན་པ་ཡིས། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །སངས་རྒྱས་དཀྱིལ་འཁོར་མ་ལུས་དང་། །ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར། །སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཨ་ལི་ཀ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །གདུག་པའི་ཚོགས་རྣམས་བསྒྲུབ་བྱ་བ། །གནས་དང་ཟླ་དང་རྫས་རྣམས་ནི། །ཚོགས་ཀྱི་མཆོག་ཏུ་དམིགས་པས་གཞག །ནགས་ཚལ་ཆེན་པོ་དབེན་པའི་སར། །གཞུང་དང་མཐུན་པ་རྙེད་ནས་ནི། །གནོད་བསྐྲད་ས་མནན་བྱིན་གྱིས་བརླབས། །དར་གཞི་སྙོམས་པ་རྒྱས་པར་བྱ། །སྒྱུ་འཕྲུལ་དྲྭ་བ་རྫོགས་སངས་རྒྱས། །དཀྱིལ་འཁོར་ལྔ་བཅུ་བརྒྱད་བརྟན་པའི། །ཆོ་ག་ཡན་ལག་རྫོགས་པ་ཡི། །རྣལ་འབྱོར་འདུས་པ་ངེས་པར་འགྲུབ། །སྟོན་པ་རྡོ་རྗེ་རྒྱལ་དབང་ཅན། །རྒྱལ་ཐེབ་རྒྱལ་པོར་མཚུངས་པ་དང་། །ཀརྨ་གདངས་ཆེན་ཕྲེང་བར་ལྡན། །ལྗོན་ལྕུག་སྡོང་རེག་མཚན་རྫོགས་དང་། །རྣལ་འབྱོར་མིང་སྲིང་བརྩེ་གདུང་ལྡན། །ཚོམ་བུ་ལྔ་ཡི་ཟུང་གིས་བསྒྲུབ། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །རྡོ་རྗེ་གདུང་ཆེན་དམར་གྱིས་བཀང་། །དུང་དང་སྲོག་སྙིང་གསར་རྙིང་དང་། །གཟུགས་དང་ལུགས་ཆེན་དུང་མཆོག་དང་། །རྒྱན་ཆ་བཅུ་དྲུག་ཚང་བ་དང་། །སྒྲུབ་པ་འཚོ་བའི་ཡོ་བྱད་དང་། །སྒྲུབ་པ་རྫས་ཀྱི་ཡོ་བྱད་དག །ཞིང་གྱུར་མཆོག་དང་མཆོག་ཕྲན་དང་། །རྐྱེན་ཟློག་ཉུང་ཕུར་ལྕེ་ཕོག་ནག །སྨན་དང་སྨན་པར་བཅས་པ་དང་། །རྡོ་རྗེ་གོ་མཚོན་བཅས་པ་དང་། །ཇི་སྙེད་པ་ཡི་རྫས་རྣམས་ཀུན། །འཇིགས་བྱེད་ཆེན་པོའི་ཏིང་འཛིན་གྱིས། །ཉམས་པ་མེད་པའི་སེམས་ཀྱིས་སྤྱད། །བསྡུས་ཏེ་ཚོགས་སུ་བྱ་བའི་ཕྱིར། །ཅི་འདོད་སྣང་བར་བདག་གིས་དགོད། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །དྲུག་ཅུ་དགུ་བཅུ་རྩ་དྲུག་ཏུ། །འཇིགས་བྱེད་ཆེན་པོའི་ཏིང་འཛིན་བསྒོམ། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལ། །གདིང་དང་ལྡན་པའི་བསམ་པ་ཡིས། །རེ་བ་མེད་པར་རབ་ཏུ་བསྒྲུབ། །གླུ་དང་གར་དང་ཕྱག་རྒྱ་དང་། །ཤེས་རབ་ཐབས་སུ་ཤེས་པ་དང་། །བྱང་ཆུབ་སེམས་ཀྱི་མཆོད་པ་དང་། །བརྡ་ལ་སོགས་པའི་ཡོན་ཏན་དང་། །བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ཀུན། །མདོར་ན་ཚོགས་རྣམས་མངོན་དུ་སྒྲུབ། །སྤྱི་ཡི་བསྙེན་སྒྲུབ་སྔོན་བཞིན་ཤེས། །སྒྲུབ་པའི་ཐབས་ཀྱི་བསྙེན་སྒྲུབ་བཞི། །དང་པོ་ཚེ་ན་གནས་ཆེན་དེར། །རྒྱང་གྲགས་དཔག་ཚད་ལ་སོགས་དང་། །ལུས་གང་ལུས་དོ་གསུམ་གྱི་ཚད། །རང་གི་རིག་པས་ཅི་ནུས་པར། །ཕྱག་རྒྱ་གཟུགས་དང་སྙིང་པོ་རྣམས། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །ཡོ་བྱད་སྔོན་བཞིན་བྱིན་བརླབས་ནས། །འཕགས་རྒྱལ་མཆོད་ཅིང་ཕྱི་རོལ་པ། །བཅུ་བཞི་མཉེས་དང་གཉིས་པོ་ཡང་། །སྦྱིན་པས་ཚིམས་བྱས་བསྒོ་བར་བྱ། །འཇིགས་བྱེད་དབང་དུ་བདག་བཞུགས་ནས། །ཁྲོ་བོ་ཁྲོ་མོ་འཁོར་དུ་བྱ། །གདན་དུ་གཟིར་ཞིང་ཕུར་བུས་གདབ། །རང་བཞིན་ཕབ་ལ་མཆོད་བསྟོད་དེ། །བར་ཆད་ཏིང་འཛིན་མཆོག་གིས་བཟློག །ཐུན་མོང་སྲུང་བའི་འཁོར་ལོ་བྱ། །དེ་ནས་གཉིས་པར་རྒྱན་རྣམས་དང་། །སྒྲུབ་རྫས་མཆོད་པ་བཀྲམ་རྫོགས་ནས། །ཕྱི་ནང་གསང་བས་བསྲུང་བྱ་སྟེ། །སྲིན་པོའི་རྒྱལ་པོ་ཚུལ་བཞིན་མནན། །རྟགས་ལྡན་བྱིན་དབབ་ལྡན་པར་བྱ། །དེ་ནས་རྫས་རྣམས་བྱིན་གྱིས་བརླབས། །དེ་ནས་འཁོར་ལོ་གཅིག་པའམ། །གསུམ་དང་ལྔ་རུ་བསྒོམ་པར་བྱ། །འཁོར་ལོ་བར་ཁྱམས་སྒོ་རྣམས་སུ། །འཇིགས་བྱེད་འཁོར་ལོ་རིགས་ཀྱི་གཙོ། །བཙུན་མོའི་ཚོགས་དང་ལྡན་པར་བསྒོམ། །ཞི་དང་དྲག་པོ་དབང་དང་རྒྱས། །འཇིགས་པའི་ཚོགས་ཆེན་དེ་དབུས་སུ། །བདག་ཉིད་དྲག་པོའི་བཅོས་ཚུལ་དུ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ། །དེ་བཞིན་རྡོ་རྗེ་པདྨ་དང་། །རིན་ཆེན་རལ་གྲི་ཚོམ་བུ་བསྒོམ། །གཅིག་ལའང་རྡོ་རྗེ་གསུམ་མོས་པ། །སྐུ་གསུང་ཐུགས་ཀྱི་འཇིགས་བྱེད་དོ། །འཇིགས་བྱེད་ལྔ་རྫོགས་དཀྱིལ་འཁོར་ནི། །འདུས་པའི་ཚོམ་བུ་ལྔ་ཡི་རིགས། །ཉི་ཤུ་རྩ་ལྔ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པར་བསྒོམ། །རྒྱན་དང་ཆ་ལུགས་ལ་སོགས་པ། །འཇིགས་པའི་ཚོགས་ནི་ཅི་བཞིན་བར། །སྤྱིའམ་ཡང་ན་རེ་རེ་རུ། །ཚམ་རྔམས་ཆེན་པོའི་ཆ་ལུགས་བསྒོམ། །ལྷག་པའི་དཀྱིལ་འཁོར་དགུ་དགུར་ལྡན། །བྱིན་དབང་ཐོབ་པའི་བདག་དཀྱིལ་ན། །རང་བཞིན་ཕབ་བཀུག་དགུག་ཅིང་བརྟན། །དགྱེས་ནས་རིམ་བཞིན་མཆོད་པར་བྱ། །ༀ་ཨཱཿཧཱུྃ། སུ་ར་ཏོཿ མ་ཧཱ་པཉྩ་ཨ་མྲྀ་ཏ། ཤྲཱི་ཧེ་རུ་ཀ༔ མནྟྲ་ཛྭ་ལ་མ་ཧཱ། མ་དྷ་ལ། ཀཱ་ཡ་ཝཱ་ཀ་ཙིཏྟ། ༀ་ༀ་ༀ། ཧཱུྃ་ཧཱུྃ་ཧཱུྃ༔ སཾ་སཾ་སཾ། ཨཾ་ཨཾ་ཨཾ། ཧཱཾ་ཧཱཾ་ཧཱཾ། བཛྲ་མ་ཧཱ་ཀ་ལ་ཕར་ཀ་དན་ན་ཛྭ་ལ་སིདྡྷི་མ་ཧཱ་ཤྲཱི་ཧེ་རུ་ཀཿ ཨ་མེ་དུ་མེ། སིདྡྷི་པ་བྷེད་དཿ སཾ་ཧ་ར་ཧཱུྃ་ཧཱུྃ་ཧཱུྃ། མ་ཧཱ་ཡོ་ག་ཨད་ད། མ་ཧཱ་ས་མ་ཡ། རུ་ལུ་རུ་ལུ། ཨ་ལ་ལ་ཧོཿ ༀ་ཨཾཿཧཱུྃ་སུ་ར་ཏོ་ཀ་མ་ལེ། མ་ཧཱ་སུ་ཀ་མ་ལེ། མ་ནུ་ས་མ་ནཿ ཛཙ྅྅྅་ལི་ནི་ནི་དྷ་ན། ཨ་བ་ཡོ་ག་ཁཱ་ཧི་ཨ་ལ་ལ་ཧོཿ མཆོད་བསྟོད་རྫོགས་ནས་བསྙེན་པ་ནི། ཡེ་ཤེས་མདུན་དུ་ལྷག་པ་ལ། །གནས་པ་གསལ་བ་གསུམ་གྱིས་བྱ། །ༀ་བཛྲ་མཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་ཤྭ་རི་སརྦ་དུཥྚན་ཧཱུྃ་ཕཊ། རུ་ལུ་མ་ཧཱ་ས་མ་ཡ་ཧཱུྃ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དེ་སོགས་བཟླས་བསྙེན་འཕྲོ་འདུ་ཡིས། །བདུན་བར་བསྐུལ་དང་སྣོད་བྱེད་པ། །བསྙེན་པའི་དཀྱིལ་འཁོར་རྫོགས་པའོ། །དེ་བསྙེན་དེ་བཞིན་སྒྲུབ་པ་ཡང་། །འཕྲོ་འདུས་བསྐུལ་དང་དངོས་གྲུབ་སྡུད། །སྐྱོན་བཅུ་སྤང་ཏེ་གྲུབ་པ་ནི། །སྒྲུབ་པའི་དུས་སུ་ཤེས་པར་བྱ། །གཅིག་ལ་རྫས་བསྟར་ཚུར་བསྡུ་བ། །སྒྲུབ་པ་ཆེན་པོར་ཤེས་པར་བྱ། །ཤེལ་དང་བྱི་རུའི་བུང་བ་དང་། །མཐིང་གི་བུང་བ་མང་པོ་དག །རིམ་བཞིན་བུང་བ་མེ་ཏོག་དང་། །མཚོ་ལ་སེར་ཆེན་བབས་བཞིན་ནོ། །འོད་དང་དྲི་དང་སྒྲ་དང་གཟུགས། །འཁོར་དང་འབར་དང་ཁོར་བྱུང་ན། །བར་ཆད་ཆ་རྣམས་བརྟག་བྱ་སྟེ། །བར་ཆད་བསྐྲད་དེ་བདག་བསྲུང་ལ། །ཞག་གྲངས་ཚང་ཞིང་རྟགས་བྱུང་ན། །དཀྱིལ་འཁོར་མཐུན་པ་ཉིད་དུ་སྦྱར། །གནས་སུ་བསྟིམ་ཞིང་བརྟན་པར་བྱ། །དེས་ན་སྔོན་བཞིན་རྣམ་གསུམ་འཐོབ། །གསང་མཆོད་རྒྱས་པར་བཤད་བྱ་བ། །ཞིང་གྱུར་མཆོག་དང་མཆོག་ཕྲན་དང་། །ཉི་ཟླའི་སྟེང་དུ་མཁས་པས་གཞག །ང་རྒྱལ་ལག་གི་འདུ་བྱེད་བསྒོམ། །ཧཱུྃ་དུ་གྱུར་པས་རྣམ་པར་དག །དབྱིངས་སུ་ཐིམ་ནས་ཕྱག་རྒྱར་འབར། །སྐུར་གྱུར་འོད་ཟེར་འཕྲོ་བས་བརྗིད། །གཙུག་ཏུ་རྣམ་པར་རྒྱལ་བ་བསྒོམ། །དེ་བཞིན་གཤེགས་པས་བྱིན་བརླབས་ནས། །རྒྱལ་བའི་སྲས་སུ་དབང་ཡང་བསྐུར། །ཤིན་ཏུ་ཁྲོ་བོ་ཆེན་པོ་ཡིས། །ཐབས་ཀྱིས་ལྷ་ཆེན་བསྒྲལ་བ་ལྟར། །ཆོས་ཉིད་རྟོགས་པའི་ཏིང་འཛིན་གྱིས། །གཉིས་སུ་མེད་པར་ཐབས་ཀྱིས་བསྒྲལ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ལམ་ལྔའི་སེམས་ཅན་ཀུན་བཀུག་ནས། །ཐམས་ཅད་མ་ལུས་བསྒྲལ་བར་བྱ། །ཕྱི་ནང་སྣོད་བཅུད་ཇི་སྙེད་ན། །གནས་པའི་སེམས་ཅན་མ་ལུས་ཀུན། །ཐུགས་རྗེ་ཆེན་པོའི་རྟོགས་པ་ཡིས། །དབྱིངས་སུ་ཡང་ནི་བསྒྲལ་བར་བྱ། །རི་རབ་ཆེན་པོའི་གླིང་བཞི་ལ། །གནས་པའི་སེམས་ཅན་མ་ལུས་ཀུན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཡེ་ཤེས་མེ་ཆེན་བསྒོམ་བྱ་སྟེ། །ཐམས་ཅད་མ་ལུས་བསྲེག་པར་བྱ། །དབྱིངས་སུ་ཡང་ནི་བསྟིམ་པར་བྱ། །སྲིད་གསུམ་བསྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེད་འབར་རཾ། །ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མ་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །དེ་ལྟར་བསྒྲལ་བ་ཀུན་བྱས་ཀྱང་། །བསྒྲལ་བའི་དངོས་པོ་གང་ཡང་མེད། །ཕུང་པོ་ལྔ་པོ་གཞིག་པར་བྱ། །བཤིག་ན་འབྱུང་བའི་བག་ལ་ཞ། །མ་བཤིག་ན་ཡང་འབྱུང་བ་ཡིན། །རྣམ་ཤེས་མེད་པར་བསད་བྱས་ན། །རྨི་ལམ་སྲོག་བཅད་ཚུལ་བཞིན་དུ། །གནས་པ་ཉིད་ན་ངོ་བོ་མེད། །སེམས་ཀྱི་རང་བཞིན་དེ་ལ་ནི། །དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་། །སུས་ཀྱང་ཟིན་ཅིང་སོད་པ་མེད། །འོ་ན་ཐུགས་རྗེས་གཞན་བསྒྲལ་ན། །རྣམ་རྟོག་མཚན་མ་ཐམས་ཅད་ཀུན། །ཕྱིན་ཅི་ལོག་ལས་བཟློག་བྱ་སྟེ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་། །ཤིན་ཏུ་གོམས་པས་དབང་བསྐུར་ཏེ། །བྱང་ཆུབ་ཞིང་ལ་དགོད་པར་བྱ། །དེ་ཙམ་ལ་ནི་བསྒྲལ་ཞེས་གདགས། །བསྒྲལ་བ་ཉིད་ན་སྦྱོར་བ་ཡིན། །ཉོན་མོངས་སྡུག་བསྔལ་རྩད་བཅད་ནས། །བྱང་ཆུབ་ཞིང་དུ་བསྒྲལ་བས་ན། །གཉིས་མེད་དབྱིངས་སུ་སྦྱོར་བ་ཡིན། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དབྱེའམ་ཡང་ན་མི་དབྱེ་བར། །བསྙེན་པ་དང་ནི་ཉེ་བསྙེན་པ། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཤེས་རབ་དབྱིངས་མ་ཁྲུས་ཆས་ལ། །བདེ་གཤེགས་དཀྱིལ་འཁོར་ཀུན་བཀོད་དེ། །བདག་ཉིད་རིག་པའི་ལྷར་བསྒོམ་ནས། །གཉིས་སུ་མེད་པར་ལྡན་པར་བྱ། །རྡོ་རྗེ་དྲིལ་བུ་ལྡན་བྱས་ནས། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །བྱང་ཆུབ་སེམས་མའི་བདེ་ཐུགས་སྤྲོ། །སེམས་ལྔའི་རིམ་པ་ཟིན་པ་ཡིས། །སངས་རྒྱས་དཀྱིལ་འཁོར་མ་ལུས་ལ། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ། །ཕྱོགས་དུས་དཀྱིལ་འཁོར་གསུམ་གཉེས་དང་། །འགྲོ་བ་མང་པོ་བདེ་ཐོབ་ནས། །སླར་ཡང་གཉིས་མེད་དབྱིངས་སུ་ཐིམ། །ཐིམ་འགྱུར་དབྱིངས་ནས་ཕྱག་རྒྱར་འབར། །བདེ་གཤེགས་ཐབས་དང་ཤེས་རབ་རྫོགས། །ཕྱག་རྒྱ་དག་དང་ཡང་དག་རྫོགས། །བསོད་ནམས་ཚོགས་ཆེན་གཉིས་ཀྱང་རྫོགས། །སྒྲུབ་པ་ཉི་ཟླའི་སྙིང་པོ་དེ། །དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླངས། །མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཡིད་བཞིན་སྤྲིན་གྱིས་བདག་པོར་འགྱུར། །འགྲོ་དྲུག་དུས་གནས་དེ་དག་སྣང་། །མཆོད་པ་ཆེན་པོ་མཉམ་སྦྱོར་ཞིང་། །ཐམས་ཅད་དབྱིངས་སུ་སྦྱོར་བས་ན། །ངན་འགྲོར་མི་ལྟུང་ཡང་དག་འགྲུབ། །འདི་ནི་བསྒྲལ་བ་ཆེན་པོ་ཡིན། །བསྒྲལ་བ་ཉིད་ན་སྦྱོར་བ་ཡིན། །སྦྱོར་བ་ཉིད་ན་མ་ལུས་བསྒྲལ། །ཡེ་ནས་ལྷ་དང་ལྷ་མོ་ཡི། །དཀྱིལ་འཁོར་ཡང་དག་སྦྱོར་བ་དང་། །དབང་པོ་ཡུལ་དུས་སྦྱོར་བའོ། །ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས། །འབྱུང་བ་ལྔ་ཉིད་ཡུལ་དུ་སྦྱོར། །དུས་བཞི་ལྷ་མོ་ཉིད་དུ་སྦྱོར། །རྟག་ཆད་མུ་བཞི་ཁྲོ་མོ་བཞི། །ཐམས་ཅད་མ་ལུས་འབྱུང་བ་ཀུན། །མཉམ་པའི་དབྱིངས་དང་རིག་པར་སྦྱོར། །ཐབས་ཀྱིས་སྲིན་མོ་རོལ་པ་ལྟར། །སྦྱོར་བ་ཉིད་ན་ཆགས་པ་མེད། །མ་ཆགས་པ་ལ་ཆགས་པ་དང་། །ཆགས་པ་ཉིད་ན་ཟིན་ཆགས་མེད། །འདི་ནི་ཚངས་མཆོག་རྒྱལ་པོ་སྟེ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །མ་རྟོགས་པ་ཡིས་སྤྱད་གྱུར་ན། །ཡི་དྭགས་སྲིན་པོའི་གནས་སུ་སྐྱེ། །མཆོད་པའམ་སྤྱོད་ལམ་ཐམས་ཅད་དུ། །ཆས་བརྒྱད་རྒྱན་རྣམས་བགོ་བྱ་སྟེ། །བཟའ་བཏུང་རྗེས་སུ་མཐུན་པས་སྤྱད། །བྲོ་གར་གླུ་ཚིག་ལྡན་པར་བྱ། །དབང་པོ་ཡུལ་དུས་རིག་པ་རྣམས། །ཐབས་དང་ཤེས་རབ་ལྡན་འགྱུར་ཞིང་། །མཉམ་པའི་ངང་ཉིད་རྟོགས་གསལ་ན། །ཐམས་ཅད་བདེ་བ་མཆོག་གི་རྒྱ། །བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀུན། །གསལ་ཞིང་འོད་ཟེར་འཕྲོ་བསྒོམ་ན། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །ཐབས་དང་ཤེས་རབ་ལྡན་པའི་ཞབས། །རྟག་ཏུ་རྡོ་རྗེ་འབར་བར་འགྱུར། །ཐབས་ཆེན་རེ་རེ་བསྐྱོད་བྱས་ན། །པདྨ་ཆགས་མེད་རེ་རེ་འབྱུང་། །རྡོ་རྗེ་པདྨོ་དེ་འབྱོར་ན། །སེམས་ཅན་ཐམས་ཅད་བླ་ན་མེད། །བྱང་ཆུབ་ཞིང་དུ་སྐྱེ་བར་འགྱུར། །རང་བཞིན་དཀྱིལ་འཁོར་ལྷ་རྣམས་དང་། །ཁྲོ་བོའི་དཀྱིལ་འཁོར་བསྒོམ་བྱ་སྟེ། །དབུ་ཡི་དཀྱིལ་འཁོར་བསྒུལ་བསྐྱོད་ན། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་གཡོ། །ལག་གི་འདུ་བྱེད་བསྐྱོད་བྱས་ན། །རིག་འཛིན་ཞིང་ཁམས་ཐམས་ཅད་གཡོ། །རྐང་པའི་སྟབས་ཆེན་མནན་མཆོངས་ན། །སྡུག་བསྔལ་མི་བཟད་ཐམས་ཅད་དང་། །བདུད་དང་ལོག་འདྲེན་ཐམས་ཅད་མནན། །ཡན་ལག་ཐམས་ཅད་བསྒུལ་བསིགས་ན། །བ་སྤུའི་བུ་ག་རེ་རེ་ནས། །ཁྲོ་བོ་རྡུལ་སྙེད་གྲངས་མེད་སྤྲོ། །དེ་ཡི་སྤྲུལ་པ་གྲངས་མེད་ཀྱིས། །ཕྱོགས་བཅུ་ཁམས་རྣམས་རྡུལ་སྙེད་དུ། །ཁྲོ་བོའི་དོན་རྣམས་རྡུལ་ཕྲན་སྙེད། །ཐུགས་རྗེས་བཟུང་ཞིང་དབྱིངས་སུ་བསྟིམ། །བྲོ་གླུ་ཚིག་དང་ལྟ་སྟངས་དང་། །ཏིང་འཛིན་ཡོ་བྱད་ཐམས་ཅད་ཀུན། །ཞི་བའོ་ཚོགས་ཀྱི་དཀྱིལ་འཁོར་ལས། །བྲོ་གར་རྩེ་འཇོ་ལ་སོགས་བསྒྱུར། །འཁོར་གྱི་ཕྲ་མེན་ཚིམས་བྱས་ཏེ། །དབང་དུ་སྡུད་དང་བསྒོ་བ་དང་། །ཕྱག་རྒྱས་བཀྱེ་ལ་བསྡུས་ཏེ་སྤྱད། །དེ་ལྟར་བསྒྲུབ་པས་ཐེ་ཚོམ་མེད། །ཐབས་དང་ཤེས་རབ་ཐམས་ཅད་ཀྱིས། །དེ་ལྟ་བུ་ཡི་ལོངས་སྤྱོད་ན། །སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། །སྲིད་གསུམ་འགྲོ་བ་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །རྟགས་ཆ་སྔོན་བཞིན་འཕེལ་ལ་བརྟན། །གླིང་གྲངས་མཐོང་བ་དྲུག་ཀྱང་འབྱུང་། །སྒྲ་སྙན་རྨི་ལམ་དག་ཏུ་ཡང་། །བདེ་བའི་འཇིག་རྟེན་གནས་རྣམས་དང། །སྐྱེ་བ་གང་དག་འཛིན་པ་དང་། །རིག་འཛིན་ལུང་སྟོན་བརྟག་པར་བྱ། །ཞག་གྲངས་བཅུ་དྲུག་ཚུན་ཆད་ཀྱིས། །ལུས་མ་སྤངས་པར་རིག་འཛིན་ས། །ཡུན་རིང་ཆོས་ཀྱི་བདེ་སྤྱད་པས། །བླ་མེད་རྡོ་རྗེ་སེམས་དཔའི་ས། །དཔེ་བྱད་མཚན་གྱིས་རྒྱན་སྤྲས་པའོ། །མངོན་ཤེས་དྲུག་ལྡན་ཐམས་ཅད་མཁྱེན། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །སངས་རྒྱས་ཞིང་ལ་དབང་བསྒྱུར་ཏེ། །སྤྱོད་ཡུལ་ཀུན་ཏུ་མ་དྷ་ལ། །ཅི་ལྟར་དམིགས་པ་བཞིན་དུ་འགྲུབ། །དེ་བས་ལས་དུས་རག་ལུས་སེམས། །དོར་བྱས་བརྩོན་འགྲུས་ཆེན་པོས་སྦྱར། །མཐོང་བའི་ཆོས་ལ་མྱ་ངན་འདས། །རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །འདི་ལྟ་བུ་ཡི་ལས་བྱས་ན། །འབྲས་བུ་མངོན་དུ་མ་གྱུར་ཡང་། །ལུས་ངག་ཡིད་ལ་དབང་ཐོབ་ནས། །སངས་རྒྱས་འབྱུང་དང་སྐལ་མཉམ་འགྱུར། །ལས་དང་འབྲེལ་མི་བྱིན་རླབས་ཀྱིས། །ཐེག་པ་དམན་པར་ཡོངས་མི་སྐྱེ། །བསོད་ནམས་ཡེ་ཤེས་དཔུང་ཚོགས་ཀྱིས། །ལས་ཀྱི་མུན་པ་སྦྱང་པའི་ཕྱིར། །ངན་སོང་གནས་སུ་ཡོངས་མི་ལྟུང་། །གནས་ངན་ལོངས་སྤྱོད་མི་བདེ་བའི། །ངན་སོང་བརྒྱད་དུ་འགྲོ་མི་འགྱུར། །གཟུགས་མཆོག་དམ་པ་ལྡན་པའི་ཕྱིར། །རྡོ་རྗེ་ཐེག་མཆོག་བརྗེད་མི་འགྱུར། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ལྷ་མི་གནས་མཆོག་ས་སྐབས་དེར། །ལུས་བྱད་བཟང་ཞིང་ཡན་ལག་རྫོགས། །དབང་པོ་ཚང་ཞིང་ལྷག་ཆད་མེད། །སྐད་གདངས་སྙན་ཞིང་འགྲོ་དོན་བྱེད། །བདག་གི་ལོངས་སྤྱོད་ཐམས་ཅད་ཀུན། །གཞན་ལ་གནས་པ་མེད་པར་འགྲུབ། །ཚན་པོ་ཆེ་ཡི་མཐུ་སྟོབས་དང་། །འགྲོ་བའི་དོན་དུ་ཡང་དག་ལྡན། །གཞན་ལ་གནོད་པ་ཡོངས་མི་བྱེད། །སྙིང་རྗེ་ཆེ་ཞིང་ཤེས་རབ་ལྡན། །མཐུ་སྟོབས་ལྡན་ཞིང་ཐབས་ལྡན་པས། །བདག་དང་གཞན་དོན་རྫོགས་པར་བྱེད། །མཐར་ཕྱིན་སྐྱེ་ཤི་མེད་པའི་ས། །སངས་རྒྱས་ཡོན་ཏན་རིན་པོ་ཆེ། །བཀོད་པའི་གཞལ་ཡས་ཐམས་ཅད་ལ། །འདོད་ལྷ་དྲུག་པ་ཅི་ལྟ་བར། །དབང་བསྒྱུར་སྤྱོད་པའི་དངོས་གྲུབ་ཐོབ། །དེ་ཕྱིར་དབང་བསྒྱུར་ཕྱི་མའི་དུས། །ཉིད་དུ་སྦྱོར་བའང་སྨོས་ཅི་དགོས། །དེ་ལྟར་བརྩོན་འགྲུས་ལྡན་པས་ནི། །མཐོང་དང་ཕྱི་མར་གྱུར་ན་ཡང་། །ལན་གྲངས་གཞན་དུའང་བདུན་ཉིད་ལས། །མི་འདའ་རིགས་ཀྱི་དམ་པར་འགྱུར། །ཆོ་ག་སྔགས་དང་ཡོ་བྱད་དག །བཅོ་ལྔ་རྫོགས་ནས་མ་ཉམས་ལྡན། །ངེས་པར་འཚོགས་ཏེ་ཚོགས་སྤྱད་ན། །འབྲས་བུ་མངོན་དུ་མ་བྱུང་ཡང་། །རྒྱལ་པོ་བྲན་མོ་ངན་བཤོས་ཀྱང་། །འབྱུང་བུར་ཆགས་པའི་རིགས་འཛིན་ཏེ། །མཐོང་ནས་དམངས་ཀྱི་བླར་འགྱུར་ཞིང་། །ཀུན་ལ་དབང་བསྒྱུར་སྟོབས་ལྡན་ལ། །ལྷ་རྣམས་རེ་བའི་མཐུ་སྐྱེ་བས། །བསྲུང་སྦེད་མཆོད་པ་བྱེད་པ་ལྟར། །རྣལ་འབྱོར་སྟོབས་དང་ལྡན་གྱུར་ན། །རྡོ་རྗེ་དམ་ཅན་མ་ལུས་ཀུན། །དེ་ཡི་དབང་གིས་ཁུར་བར་བྱེད། །སྤྱོད་ཡུལ་དོར་ནས་ཕྱག་རྒྱར་རྫོགས། །ལ་ལ་དེ་ལྟར་དེ་ངེས་ན། །དེ་ལྟར་མ་གྱུར་བསོད་ནམས་ས། །ཚེ་རབས་སྐྱེ་བ་ཐམས་ཅད་དུ། །ལས་ངན་ལྔ་བཅུ་བརྒྱད་སྤྱོད་པའི། །ས་གནས་ཀུན་ཏུ་སྐྱེ་མི་འགྱུར། །ངེས་འབྱུང་བཞི་ལའང་སྤྱོད་མི་འགྱུར། །རྡོ་རྗེ་རིགས་མཆོག་འཛིན་འགྱུར་ཏེ། །རྣམ་སྨིན་ཐོབ་ནས་སྔོན་བཞིན་ཏེ། །འདི་ལ་ཐེ་ཚོམ་ལྡན་མིན་པས། ། སྐལ་ལྡན་ཀུན་གྱིས་རྟག་འགྲུས་བྱའོ། །བར་ཆད་མེད་པའི་ལམ་ཚོགས་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དངོས་གྲུབ་ལྷག་པའི་མཆོག་ཉིད་ལ། །བསྙེན་སྒྲུབ་བཞི་ཡིས་མོས་བྱས་ནས། །བདེ་ཆེན་ས་ལ་དགོད་པའི་ཕྱིར། །མཐར་ཕྱིན་འབྲས་བུ་མཚན་ཉིད་བཤད། །དུས་ཚོགས་བར་ཆད་མེད་པ་ནས། །ལྷག་མ་མེད་དང་ཡོད་པ་ཡི། །མྱ་ངན་འདས་པ་མཐར་སྦྱོར་བ། །ཐུན་མོང་ལྟ་བུར་ཟུང་དུ་འགྱུར། །དེ་ལ་ཐོག་མར་བཤད་པ་ནི། །གཅིག་དང་དུ་མའི་རྣལ་འབྱོར་ལ། །བསྟན་བྱས་ཉིད་སའམ་དེ་ཐོབ་ནས། །ཟླ་དྲུག་བཅུ་དྲུག་བསྙེན་བསྒྲུབ་ཚེ། །རྡོ་རྗེའི་ལུས་སུ་མ་གྱུར་པར། །སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །རྣམ་རྟོག་འབྱུང་བའི་ལྷག་ལུས་བཞག །རྡོ་རྗེ་འཆང་སར་རིམ་པར་འགྲོ། །ལྷ་ཡི་རྣལ་འབྱོར་གསལ་རྫོགས་སྨིན། །ལུས་ཀྱི་དྲྭ་བས་བསྒྲིབས་འགྱུར་བ། །ཀ་ལ་པིངྐ་མི་འཇིགས་བཞིན། །བྲལ་ནས་སྣང་བྱེད་དེ་རྣམས་སྨིན། །ཡིད་ཀྱིས་ལྷ་ཡི་གཟུགས་བཟུང་ཞིང་། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ལྷ་ཡི་སྐུ་ཉིད་གསལ་འགྱུར་ན། །རྣམ་པར་སྨིན་ཞེས་དེ་ལ་གདགས། །རྒྱ་མིག་རྒྱ་ས་ཅི་ལྟ་བར། །ཕྱག་རྒྱ་ཐོབ་ལ་མ་རག་པའི། །གཟུགས་རྫོགས་སྟོབས་ཆེན་དེ་ཁོ་ན། །དེ་ལའང་དགོངས་སྤྱོད་ཁྱད་པར་གཉིས། །དགོངས་སྤྱོད་རྒྱ་མཚོ་སྔ་ཕྱི་དང་། །རྒྱུད་མཐུན་སྟོབས་ཆས་མིང་གྲགས་པ། །ལྷག་མེད་འབྱུང་མེད་ལས་ལུས་མེད། །མྱ་ངན་འདས་པའི་སྨིན་ཞེས་བརྗོད། །དཀྱིལ་འཁོར་རོལ་པའི་ཚུལ་སྤྱོད་པས། །ཚོགས་གཉིས་རྫོགས་པ་བདག་གི་དོན། །སྨིན་པའི་ཕྲིན་ལས་རྫོགས་བྱེད་པས། །མི་འདོར་དགོད་པ་གཞན་གྱིའོ། །དེ་དེའང་འདི་དང་ཕྱི་མ་དང་། །ལན་གྲངས་གཞན་དུ་རབ་འབྲིང་གིས། །ཐོབ་ཀྱི་བསྐལ་པར་མི་འགྱང་སྟེ། །དགོངས་སྤྱོད་བརྩོན་པ་གཙོ་ཕྱིར་རོ། །གལ་ཏེ་བྲལ་མ་ཐག་པ་རུ། །རྒྱ་བཞི་རྫོགས་པར་བདག་གྱུར་པ། །རྡོ་རྗེ་ལྔ་རྫོགས་རིག་པ་འཛིན། །ཕྱག་རྒྱ་ཆེན་པོའི་རིགས་འབྲས་བུས། །དེ་ཕྱིར་རྒྱ་ཆེའི་བར་ཆད་མེད། །ལམ་མཆོག་དབྱེ་ས་གཅིག་ཡིན་ནོ། །བར་ཆད་མེད་པའང་སྨིན་པ་ཡི། །མངོན་པར་ཤེས་པ་དེ་མིང་ཅན། །མི་འགྱུར་ངེས་པར་འབྱུང་བའང་ཡིན། །དཔག་ཚད་གླིང་ཁམས་ཡུལ་ལ་སྦྱོར། །ཕྱི་མའི་དུས་ཀྱི་ཚོགས་བསྒྲུབ་པས། །དགོངས་སྤྱོད་བརྩོན་པ་སྟོབས་རྫོགས་དང་། །ཡོ་བྱད་ཐབས་ཀྱིས་སྟོབས་ལས་སྐྱེས། །གཞན་པའི་ཡོ་བྱད་རྟགས་ལྡན་པ། །དངོས་གྲུབ་རོལ་པའི་མཐུ་ལས་བྱུང་། །ཐབས་རྒྱུས་ཕྱེ་བས་སོ་སོ་ཡང་། །ལམ་ལས་སྐྱེས་པའི་མཆོག་ཡིན་ཏེ། །དེ་ཡང་རྒྱུ་དུས་ངོ་བོ་གྲངས། །དགོངས་སྤྱོད་མངོན་ཤེས་སྦྱོར་བའི་ཚུལ། །བཞི་གཉིས་ལུས་ཀྱིས་རྫོགས་པར་བཤད། །ཐབས་དང་དྲང་བ་རྒྱུར་བྱ་བ། །ཤེས་རབ་རྣམ་གསུམ་གོམས་བྱས་ནས། །ཏིང་འཛིན་མཉམ་པའི་དོན་རྟོགས་ཏེ། །ཀུན་ཏུ་ཡངས་པ་ཆེན་པོ་བསྒོམ། །ཤེས་འཇུག་ལྔ་རྟོགས་གོམས་པས་ནི། །ཟླ་ཞག་རྒྱུད་བཞིན་འགྲུབ་བྱེད་པས། །རྡོ་རྗེའི་ལུས་སུ་ཐེ་ཚོམ་མེད། །མིང་བཞི་ལུས་ཉིད་དེ་ལྟའོ། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །རབ་འབྲིང་ཅི་བཞིན་མི་བསླུ་བར། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །རྒྱུ་འབྲས་དུས་ཅིག་རྫོགས་པ་ཡི། །རང་རིག་ཉིད་ལ་དབང་ཐོབ་སྟེ། །ཚེ་ནི་བཅུ་དང་དྲུག་པ་ཡིས། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་སའོ། །དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་སྤྱོད་བསྒྲུབ་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེས་གནས་ཟག་པ་ཟད། །རྡོ་རྗེའི་ལུས་འགྱུར་ཚེ་ཡི་རིགས། །མཐོང་བའི་ཆོས་ལས་མྱ་ངན་འདས། །ལུས་མ་བོར་བར་སངས་རྒྱས་ས། །འཇིགས་པ་ཀུན་བྲལ་ཆོ་འཕྲུལ་རྫོགས། །ལྷ་མི་རྒྱལ་པོའི་སྐྱེ་བ་འཛིན། །ལྷ་དང་མི་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་འགྱུར་ཡིན། །ཆ་བྱད་དེ་ཉིད་ཀྱིས་ཆོས་སྟོན། །གང་དག་མི་འཇིགས་རྩི་འཆང་ལྟར། །དབང་བསྒྱུར་འཇིགས་པ་ལྔ་སོགས་བྲལ། །དྲུག་བཞི་ཡན་ལག་ཀུན་རྫོགས་ཤིང་། །རང་དབང་བསྒྱུར་བའི་སྐྱེ་བ་ཡིས། །སྟོང་གསུམ་འཇིག་རྟེན་བརྒྱད་འདུལ་བྱེད། ། རྒྱུ་ཡི་དང་པོར་སྐལ་མཉམ་པའོ། །བདག་ཕྱིར་དོན་དུ་གཉེར་བ་ནི། །བརྒྱ་ཕྲག་བཅུ་དྲུག་ཚེ་ཡིས་རྫོགས། །གཞན་དུ་རང་དབང་ཐོབ་པའི་ཕྱིར། །བསྐལ་པ་གྲངས་མེད་གནས་འགྱུར་ཡང་། །སྐུ་ནི་ཤིན་ཏུ་གཞོན་པའི་ཚུལ། །འདུལ་བའི་དུས་ཀྱིས་འཕོ་འདུག་བྱེད། །ངོ་བོ་སྨན་དང་ཐབས་རིག་འཛིན། །རྣལ་འབྱོར་སྒྲོལ་མའི་རིགས་འཛིན་དང་། །ལམ་མཆོག་རྫོགས་པའི་རིམ་པའང་བཞི། །བཅུ་དབང་དང་པོའི་འདྲ་མོད་ཀྱང་། །དེ་ཉིད་མཐུ་ཡིས་ཟག་མི་ཟག །རྒྱུ་དང་ངོ་བོ་རྣམ་པ་གཉིས། །དེ་བས་དགོངས་སྤྱོད་སྨོས་ཅི་དགོས། །གཞན་ལས་འགྲུབ་པས་དེ་རིགས་མིན། །མཆོག་ལའང་ཡོན་ཏན་མཚན་ཆས་བརྗོད། །ལུས་དང་ཕུང་པོར་བཅས་པ་ཡིས། །གནས་པར་དབང་བའི་རིགས་འགྲུབ་ཕྱིར། །ལྷག་རྟོག་འབྱུང་ལ་ལུས་བཅས་འདས། །ཟག་ཀུན་ཟད་པའི་རིགས་ཆེན་འདི། །ཇི་ལྟར་སྤྱད་ཀྱང་ལྡོག་པ་མེད། །རང་དབང་ཐོབ་པས་དབུགས་བྱུང་ཕྱིར། །སྐབས་འདིར་བདེན་པ་བར་མ་མཐོང་། །མཁས་རྟོགས་གོམས་སྤྱོད་རིག་པ་འཛིན། །ལྷ་ལ་སོགས་པ་རྡོ་རྗེ་འཛིན། །མི་གཏོང་གཟུངས་ལས་མི་ཐོབ་པ། །ཡོན་ཏན་གྲངས་ཀྱིས་བསམ་མི་ཁྱབ། །དངོས་སུ་ས་ཁམས་ལུང་སྟོན་པ། །རྡོ་རྗེ་རྡོ་རྗེ་བོས་དབང་བསྐུར། །མཐོང་གོམས་མཐུར་ལྡན་རིག་པ་ཉིད། །སྣང་བ་རིག་པ་འཛིན་པའི་གནས། །རིག་སྣང་གནས་ལ་ངེས་པ་མེད། །སྐྱེ་བ་ཆ་བྱད་དོན་གྱིས་འགྱུར། །ཆོས་རྣམ་བདག་ཕྱིར་དམིགས་མེད་ཕྱིར། །ཆོས་ཀུན་མི་མཐོང་ཆོས་ཉིད་ཀྱང་། །མི་མཐོང་སངས་རྒྱས་ཐུགས་མི་མཐོང་། །སྣོད་བཅུད་མི་མཐོང་ག ང་མཐོང་བ། །དེས་ནི་ཡང་དག་བདེན་པ་མཐོང་། །དེ་བས་ཐོས་མྱོང་རིག་སོགས་ལམ། །ཤེས་འཇུག་བར་ཆད་མེད་ལས་སྐྱེས། །དེ་ཕྱིར་མངོན་སུམ་རྟོགས་མཆོག་ནི། །རང་དབང་ཐོབ་ནས་སྔོན་བཞིན་ཏེ། །ཟག་གསུམ་ཟག་པ་འདི་ལ་མེད། །སྔོན་ཆད་ལམ་གྱི་འདུ་བྱེད་མེད། །དེ་ཡི་རེ་དོགས་ཆགས་བྲལ་ལས། །རིམ་པའམ་རིམ་པ་མེད་ཚུལ་གྱིས། །སྟོང་ཁྲི་ལ་སོགས་གྲངས་མང་ལྷ། །འཁོར་ལོ་གསལ་རྫོགས་རྣལ་འབྱོར་གནས། །དཀྱིལ་འཁོར་གཉིས་ཀྱིས་དོན་འགྲུབ་མཛད། །དེ་མིང་དབང་བསྒྱུར་རྣལ་འབྱོར་ཏེ། །བརྒྱ་ཕྲག་ཆ་རྫོགས་དུས་བར་དུ། །གོམས་བྱས་གཉིས་ཐོབ་མཐའ་སྐད་ཅིག །ཆ་ཡིས་རྡོ་རྗེ་དཔའ་བོར་སྦྱོར། །རིགས་མཐུན་མཆོག་བརྒྱ་སྤྲུལ་པ་ལས། །གསང་ཐོས་བསམ་རིག་བསྒོར་སྦྱོར་བས། །དཀྱུས་སར་ཕྱིན་པའི་ཅང་ཤེས་བཞིན། །ཀུན་ཏུ་འགྲོ་བ་བདག་པོའི་དོན། །རྫུ་འཕྲུལ་ཆོས་སྣང་རྗེས་སྟོན་བརྗོད། །དྲུག་ཤེས་དེ་མིན་ལྡན་པ་ཡིས། །དབང་བསྒྱུར་རྩ་བ་རྡོ་རྗེ་སྐུས། །བྱ་བྱེད་རྫོགས་པར་གྲུབ་པ་ཡིན། །བཞི་ཡི་ཐོག་མས་དོན་སྤྱོད་པ། །ནུས་མཐུ་ཅན་དུ་དབང་བསྒྱུར་ནས། །མཁའ་ལ་འཕྱོ་དང་རིག་འཛིན་གནས། །ཆུ་རྒྱུན་བཟློག་དང་རླུང་མི་འགུལ། །རི་བྲག་ལ་སོགས་ཐོགས་མེད་འཛུལ། །ཆུ་ལ་མི་བྱིང་མེས་མི་ཚིག །དུག་དང་མཚོན་གྱིས་འཇིག་མི་འགྱུར། །མི་སྣང་བ་དང་མང་པོར་སྤྲུལ། །གཞན་ཡང་ཅི་ལྟར་འདོད་པ་བཞིན། །ལྷ་སྲིན་རྣམས་ལ་དབང་བསྒྱུར་དང་། །ཚེ་དང་དུས་ལ་བསྲིང་སྡུད་དང་། །སྟོང་གསུམ་ཡུངས་འབྲུར་ཤོང་བ་དང་། །ཡུངས་འབྲུས་སྟོང་གསུམ་གང་བ་དང་། །བ་སྤུ་གང་བསྡུའང་དེ་བཞིན་ནོ། །བསྲེག་པའི་བསྐལ་པ་གཞིལ་བ་དང་། །ཉི་མའི་དཀྱིལ་འཁོར་འབུམ་འགྱེད་དང་། །སྐམས་སར་ཆུ་འབྱུང་བྱེ་མ་གསེར། །སོལ་བ་ལྗོན་ཤིང་འབྱུང་བ་དང་། །ནམ་མཁའ་རྡོ་རྗེ་སྲ་འབྱུང་དང་། །འབར་ནས་མེ་ཡང་ཚིག་པ་དང་། །ཆུ་རྒྱུན་བབ་བའང་དེ་བཞིན་ནོ། །འཇིག་རྟེན་གཏོར་རླུང་བྱ་བའང་འགྲུབ། །དགུག་དང་བཏང་དང་བཅིང་དང་དགྲོལ། །གསོ་དང་གསད་དང་ཕམ་དང་རྒྱལ། །ཅི་ལྟར་དམིགས་པ་བཞིན་དུ་འགྲུབ། །སྦྲུལ་དང་གཅན་གཟན་གདུག་པ་རྣམས། །ཕྱི་བཞིན་ཕྱི་བཞིན་འབྲང་བར་འགྱུར། །བདུད་དང་གདུག་པ་ལ་སོགས་པ། །ཚུགས་པར་མི་འགྱུར་བྲན་བཞིན་འགྱུར། །ལུས་མ་བོར་བར་རིག་འཛིན་ནས། །ཐུགས་རྗེ་སྤྲུལ་པའི་བྱིན་རླབས་ཀྱིས། །སོ་སོའི་སྐད་དང་མཐུན་པ་ཡིས། །སོ་སོར་ཐར་པའི་ལམ་ཡང་སྟོན། །ངན་སོང་སྟོང་ཞིང་བསྐུལ་བ་དང་། །ལམ་སྟེགས་དགོད་ཅིང་དེ་དག་ཉིད། །ཐེག་ཆེན་ལམ་ལ་དགོད་པར་མཛད། །ཐར་པ་བསྐུལ་ཞིང་ཞི་བ་སློང་། །ས་བཅུ་ཤེས་བྱ་སྦྱོང་བྱེད་ཅིང་། །བདེ་གཤེགས་འཁོར་ལའང་ཆོས་སྟོན་མཛད། །སྟོང་གསུམ་བརྒྱ་བཅུའི་འཇིག་རྟེན་རྣམས། །གཡོ་དང་རབ་གཡོ་ཤིན་ཏུ་གཡོ། །མཛད་པ་སྣང་བ་དེ་གནས་རྣམས། །ནང་གཡོས་པ་ཡིས་རིམ་གཡོས་བྱེད། །གསང་བ་སྔགས་ཀྱི་སྒྲ་བསྒྲགས་པས། །ཀུན་ཀྱང་རྨད་བྱུང་སྔགས་ཀྱི་སྒྲར། །གྲགས་པས་བདུད་འདུལ་ངན་སོང་སྦྱོང་། །འགྲོ་བ་མ་ལུས་དོན་ཡང་བྱེད། །ལས་རྣམས་ཐམས་ཅད་ཀུན་བྱས་ནས། །སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ། །མཚན་དང་དཔེ་བྱད་ཀུན་གྱིས་བརྒྱན། །མཐར་ཕྱིན་བྱ་བ་མེད་པར་འགྲུབ། །རྒྱུད་ལས་གསུངས་པ་ལྔ་བཞི་ནི། །སྤྱོད་པ་བཅུ་གཉིས་ཕྲིན་ལས་རྣམས། །དབང་བསྒྱུར་ཉིད་དུ་ཐོགས་མེད་པར། །སྔོན་བཞིན་ཡུལ་ཁྱོན་འདུལ་བར་བྱེད། །སྐྱེ་མཆེད་རང་བྱུང་ཡེ་ཤེས་ཕྱིར། །དེ་ཉིད་གཅིག་དང་དུ་མའི་མཐའ། །གཉིས་སུ་མེད་པར་མངོན་རྟོགས་གོམས། །མཐོང་བས་དྲི་མ་དྲིག་སྦྱང་ཕྱིར། །དེ་སྙེད་གཟུགས་སྒྲ་དྲི་རོ་རེག །ཤེས་པའི་བྱེ་བྲག་རྩ་ལྔར་ལྡན། །གཅིག་གིས་ཡུལ་ལྔ་གཅོད་པར་བྱེད། །ཚང་དང་མ་ཚང་འཇིགས་དོགས་མེད། །གཞན་དུ་ལྷ་ཡི་རྣ་བ་དང་། །སྤྱན་གྱི་མངོན་བར་ཤེས་པ་དང་། །སྔོན་གནས་རྗེས་སུ་དྲན་པ་དང་། །ཕ་རོལ་རྣམས་ཀྱི་སེམས་ཤེས་དང་། །འཆི་འཕོ་སྐྱེ་བ་མཁྱེན་པ་དང་། །རྫུ་འཕྲུལ་ཤེས་པའམ་ཟག་ཟད་ཤེས། །དེ་སྙེད་ཚུན་ཆད་ཡུལ་ཤེས་པས། །གང་དང་གང་རྣམས་འདུལ་བར་མཛད། །དེ་མིང་ལྡོག་ཟག་མེད་པ་དང་། །དབང་བསྒྱུར་རིགས་ཀྱི་མཚན་མ་བརྗོད། །བདག་གམ་གཞན་ཕྱིར་དབང་ཅན་དེས། །སྐུ་ཚེ་ཚད་གྲངས་ཅི་སྙེད་བར། །བཞུགས་མཐའ་རང་གིས་བསྒྲུབ་སྦྱོར་བ། །སྔོན་བཞིན་རིམ་དང་ཅིག་ཆར་བའོ། །དེ་ཡང་སྔ་མ་མཐོང་བའི་ལམ། །རང་གི་ཤེས་རབ་གསུམ་གོམས་པས། །རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །གང་གོམས་མངོན་དུ་གྱུར་པའི་ལྷ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་དེར། །ཡོངས་གྱུར་ལྷུན་གྲུབ་ཐོབ་ནས་གཤེགས། །ཕྱི་མའི་རིགས་མཆོག་དེ་ཉིད་ནས། །སྔོན་བཞིན་གོམས་པ་གསུམ་བྱས་པས། །རྒྱ་དོར་ཅིག་ཆར་མཐར་འགྲོ་བ། །ཆོས་ཉིད་དམ་ཚིག་སྨོན་མཐུ་ཡིན། །དེ་ཉིད་བར་མ་བཤད་བྱ་བ། །སྔོན་གྱི་ལུས་ཀྱིས་རྫོགས་པར་བྱ། །གཅིག་དང་དུ་མའི་རྣལ་འབྱོར་པས། །འབྱུང་ལུས་སེམས་ཕྱིར་རང་བཞིན་ལྷ། །མཐོང་གོམས་བསགས་པའི་མཐར་བསྒྲུབ་པས། །ཀུན་འགྲོ་སྒྲིབ་དག་ངོ་བོར་རུ། །རྣམ་སྨིན་ཚུལ་གྱིས་འགྲུབ་པ་མེད། །སྔ་ཕྱི་རྒྱུ་འབྲས་འདོད་པ་མིན། །དུས་རིམས་འདོད་མིན་གཅིག་འདོད་ཕྱིར། །གཅིག་པས་དེ་ཉིད་ལམ་བྱས་པས། །ལྷག་མ་བཅས་པར་བསྣུར་བསྒྲུབ་མཐའ། །དེ་ཉིད་གྱུར་པས་ངེས་པ་མེད། །རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །བསྒོམ་པས་གང་ཡིན་མངོན་འགྱུར་སྐུ། །ཐུན་མོང་མཆོག་གི་མཚན་དཔེར་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲི་རིགས་འཛིན་འགྱུར། །རང་ལུས་གདོད་ནས་ཕྱག་རྒྱ་ཆེར། །བསྒོམ་པས་མངོན་དུ་འགྱུར་པའི་སྐུ། །མཚན་དཔེ་བཞི་མངོན་དྲུག་རྫོགས་པ། །ཕྱག་རྒྱ་ཆེན་པོའི་རིགས་སུ་གྲགས། །ཡེ་ཤེས་སྐུ་ཡི་ཆ་ལུགས་ཅན། །འབྱུང་བ་རྡོ་རྗེའི་ལུས་ལས་གྲོལ། །དེ་ཕྱིར་སྐུ་ཚེ་ཚད་མེད་དོ། །བསྣུར་ཞིང་མངོན་དུ་བྱ་དང་བྲལ། །དེ་ཉིད་རིགས་གསུམ་རིགས་བཞི་དང་། །ལྔ་དང་མཆོག་ལྔའི་རིགས་འཛིན་པས། །རྣམ་པ་བཞི་རུ་སྔོན་བཞིན་འགྱུར། །མཆོག་གི་མིང་གྲངས་གཉིས་དང་གསུམ། །མཉམ་པ་ཉིད་ལས་མི་གཡོ་ཞིང་། །དབང་བསྒྱུར་འདུ་བྱེད་དང་བྲལ་བས། །ཟག་པ་མེད་པའི་བསྒོམ་པའི་ལམ། །མི་གཡོ་རྣལ་འབྱོར་ཉིད་དུའང་བརྗོད། །རྒྱལ་བས་ལུང་སྟོན་དངོས་འབྱུང་བ། །བརྟག་པའི་བྱེ་བྲག་འདི་ལའང་མེད། །ཡེ་ཤེས་སྐུ་ཡི་རྣལ་འབྱོར་པ། །སངས་རྒྱས་གཉིས་པའི་སྤྱན་དགོངས་ཀྱང་། །རྒྱུ་མཐུན་མོད་ཀྱང་མི་གཡོ་ཐོབ། །ཤིན་ཏུ་བརྟན་པའི་ཀླུང་གནས་པ། །གྲངས་ཅན་འཁོར་ལོ་ཀུན་ཏུ་སྣང་། །འོན་ཀྱང་རྣལ་འབྱོར་རྩོལ་བ་ཅན། །མཉམ་བཞག་ངང་ལ་མ་གཡོས་བཞིན། །སྟོང་གི་འཇིག་རྟེན་བརྒྱ་སྟོང་ཕྲག །བཅུ་ཡི་རྡུལ་སྙེད་འཇིག་རྟེན་དག །ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག །བཅུ་ཡི་རྡུལ་སྙེད་ཞིང་ཁམས་སུ། །རྔོན་དང་སྨད་འཚོང་ལ་སོགས་པ། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །བཞི་དང་དྲུག་སོགས་དེ་བཞིན་ནོ། །དྲུག་དང་ལྔ་ཡི་ཡན་ལག་བཅས། །ཤེས་པའང་འདྲ་མོད་བཞི་སོགས་ཀུན། །དེ་སྙེད་ཡུལ་གྱི་ཁྱད་པར་དང་། །དོན་རྫོགས་མཐུ་དང་གདུལ་བྱས་དཔགས། །རང་གི་མི་གཡོ་མཐོང་གོམས་དང་། །དོན་དུ་གཉེར་རིམ་རྩོལ་བ་ཡིས། །ལམ་ཀུན་རྫོགས་པའི་བྱིན་སྟོབས་ཀྱིས། །རྣལ་འབྱོར་བྲལ་ནས་ལྷུན་གྱིས་གྲུབ། །ལྷན་ཅིག་གནས་པའི་དྲི་མ་དག །རྩོལ་བ་མེད་པར་ལྷུན་གྲུབ་ཐོབ། །དེ་དེ་མངོན་དུ་བྱས་པ་ཡིས། །ལྷུན་གྱིས་གྲུབ་པའི་རིག་འཛིན་དང་། །རང་རྒྱུད་དག་པའི་སངས་རྒྱས་དེ། །སྔོན་བཞིན་བཞི་བརྒྱད་དགོད་པར་བྱ། །སྔ་མའི་རིགས་ལ་མཐུ་རྫོགས་པས། །བཤད་པ་བཞིན་དུ་དྲི་མ་དག །སངས་རྒྱས་གཉིས་པའི་ཤེས་རབ་གསུམ། །ལྷུན་གྱིས་གྲུབ་པའི་རིགས་སུ་འབྱུང་། །གནས་དེར་སྔོན་བཞིན་གསུམ་རྫོགས་པ། །ལོངས་སྤྱོད་གསང་བའི་ལུང་ཐོས་ཤིང་། །རང་གི་དགོངས་སྤྱོད་ནུས་པ་ཅན། །ས་མཐར་དབྱུང་བའི་དུས་ལ་བབ། །དེ་ལྟར་དག་པའི་ཤེས་པ་ཉིད། །སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཛིན། །ལྷུན་མཉམ་ངང་ལ་མི་གཡོ་ཞིང་། །མི་རྟོག་ཉིད་དུ་བཞུགས་པའང་། །བག་ལ་ཉལ་བ་འཇོམས་བྱེད་ཅིང་། །སྐད་ཅིག་རགས་ལས་རིགས་འཛིན་མཐའ། །ཆ་བྱད་རྒྱལ་བ་ཉིད་དུ་སྟེ། །ལྔ་པོ་ལྷུན་གྱིས་གྲུབ་ཕྱིར་ན། །དེ་འདྲ་དེ་ཉིད་རྒྱལ་ཚབ་སྟོན། །དེ་མི་གཏོང་བས་མིང་འགྲུབ་ཕྱིར། །ཉིད་ལ་སྐྱེ་ཤི་མི་མངའ་ཕྱིར། །རྡོ་རྗེའི་སྐུ་ཡང་གདུལ་བྱ་ལ། །སྤྲུལ་པ་རྣམས་ནི་འདའ་ཚུལ་སྟོན། །དོན་འགྲུབ་ལ་སོགས་ཅི་ལྟ་བའོ། །བྱ་བ་ལྷུན་གྲུབ་རྣལ་འབྱོར་ནི། །རིགས་འཛིན་ཆེན་པོ་ནང་རིགས་འཛིན། །མཐའ་མའི་མིང་གྲངས་མཐར་ཕྱིན་ལམ། །རང་རྒྱུད་དག་པའི་སངས་རྒྱས་དང་། །དེ་ཉིད་དང་ནི་མཐར་སྦྱོར་ལམ། །ཡང་དག་རྫོགས་པའི་རྒྱལ་ཚབ་པའོ། །སྔ་མ་གསུམ་དང་དང་པོ་བཞི། །ཆ་ལུགས་རང་གི་རྒྱལ་ཚབ་སྡུད། །བསམ་ཡས་ལྷུན་གྱིས་གྲུབ་པའི་ཕྱིར། །ཐམས་ཅད་མཁྱེན་པའི་སྤྱན་མཆོག་འཆང་། །ཡི་གེ་འཁོར་ལོའང་སྔོན་གཟིགས་པ། །མི་གཡོ་བ་ལ་མི་རྟོག་པ། །ད་དུང་མངོན་པར་མི་རྒྱ་སྟེ། །དུས་མཐའི་སྐད་ཅིག་ཉིད་ཀྱིས་གཤེགས། །དེས་ན་དགོངས་སྤྱོད་རྒྱ་མཚོ་ཀུན། །ཡེ་ཤེས་རྩལ་རྫོགས་བྱ་བྱེད་པའམ། །མཐར་ཕྱིན་བྱ་བྲལ་ལ་སོགས་པའི། །མིང་གྲངས་ཆ་ལ་བརྗོད་པར་ཟད། །ཉིད་ཕྱིར་རྡོ་རྗེ་འཛིན་རྫོགས་ལ། །སྐད་ཅིག་དུས་ཀྱི་བསླབ་རྫོགས་ནས། །མཐའ་མའི་བག་ལ་ཉལ་བ་དག །བཅོམ་ལྡན་འདས་པར་གྱུར་པ་ཡིན། །དེ་ཚེ་དེ་སྒྲིབ་ཆ་ཡོད་ཀྱང་། །ལྷུན་གྲུབ་རིག་འཛིན་སར་བཞུགས་ནས། །ཞིང་ཁམས་ཐུག་པ་མེད་པ་དག །འདུལ་ཕྱིར་སྤྲུལ་སྐུ་མཛད་པའང་སྟོན། །སྲིད་གསུམ་འགྲོ་བ་མཐའ་ཡས་སུ། །ཐུགས་རྗེས་རྫུ་འཕྲུལ་བསམ་མི་ཁྱབ། །དོན་དང་མཐུན་པ་འབའ་ཞིག་སྟོན། །མི་མཐུན་ཞགས་པས་འཁོར་བ་གཅོད། །ལ་ལར་ལྷུམས་ཞུགས་བལྟམས་པ་དང་། །ལ་ལར་ཁབ་དང་རྒྱལ་སྲིད་དང་། །ལ་ལར་རབ་བྱུང་དཀའ་ཐུབ་མཛད། །ཆོས་སྤྱོད་མྱ་ངན་འདས་སོགས་སྟོན། །རེ་འགའ་ཞི་ལ་རེ་འགའ་དྲག །གཡེམ་ལ་གཡེམ་སྟོན་སྡང་ལ་སྡང་། །དྲེགས་ལ་རི་དང་མུན་ལ་མུན། །རླུང་ལའང་དེ་བཞིན་མཐུན་མི་མཐུན། །རྒྱ་མཚོ་ལྟ་བུ་ཐབས་སྤྱོད་དང་། །ཕྲིན་ལས་དེ་བཞིན་ས་ཡིས་སྒྲོལ། །གསང་བའི་ཏནྟྲ་སྟོན་པ་དང་། །དེ་བཞིན་བསྡུ་བའང་མཛད་པ་དང་། །དམན་ལུས་བསོད་ནམས་ལྡན་གནས་སུ། །སྣ་ཚོགས་ལུས་ཅན་རིགས་ལ་བསྐོར། །མངོན་ཤེས་དྲུག་ལྡན་མཚན་བཟང་དཔག །ཀུན་མཁྱེན་ཡེ་ཤེས་མངའ་བའི་ཕྱིར། །ཡུལ་དང་ཚད་མེད་རྒྱལ་བ་ཉིད། །ཇི་ལྟར་མེ་ལོང་ལྟ་བུའི་ཚུལ། །མི་མཐུན་མཚན་མ་གཞོམ་པའི་ཕྱིར། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བདག་རྟོགས་མཚན་མ་ཀུན་བཅོམ་ནས། །རྡོ་རྗེའི་དབྱིངས་སུ་ཐིམ་པར་བྱེད། །བདག་མེད་རང་རིག་ཡེ་ཤེས་ཀྱིས། །དངོས་དང་དངོས་མིན་བག་ཆགས་བསྲེགས། །རང་དང་སྤྱི་ཡི་ཆོས་རྣམས་དང་། །སེམས་ཀྱི་ཕྲག་དོག་ཐམས་ཅད་ཀུན། །དངོས་པོའི་མེད་པར་རྟོགས་བྱས་པ། །དཔའ་བར་འགྲོ་བའི་རྣལ་འབྱོར་དང་། །རྡོ་རྗེ་རྩེ་མོ་མཆོག་ཐོབ་པས། །ཡིད་ཚོད་མེད་དང་བདུད་སྡེ་རྣམས། །ཚར་བཅད་དཔའ་བོས་དེ་རྗེས་ལ། །རྒྱན་གྱི་འཁོར་ལོ་མ་དྷ་ལ། །བསམ་ཡས་ལྷུན་རྫོགས་ཀུན་མཁྱེན་འཇོག །མཉམ་བཞག་ཡེ་ཤེས་དབང་བསྒྱུར་ཞིང་། །དོན་དུ་གཉེར་བའི་སྨོན་ལམ་མཐུས། །ཉི་ཤུ་རྩ་ལྔ་གཞན་ལས་མིན། །སྐུ་དང་གསུང་ཐུགས་ཡོན་ཏན་དང་། །ཕྲིན་ལས་རྨད་བྱུང་ཀུན་གྲགས་པ། །གཞན་ནས་ཡོད་འོང་མ་ཡིན་ཏེ། །རང་བྱུང་ཡེ་ཤེས་གནས་མེད་ཡིན། །དེ་བས་ངོ་མཚར་ཆོ་འཕྲུལ་ཆོས། །གཞན་ལས་ཡོད་ཐོབ་མ་ཡིན་ཕྱིར། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་སྣང་། །མུན་སྣང་འགྱུར་རྩི་མ་གི་ཏ། །ཅི་བཞིན་མ་སྤངས་དེ་ཉིད་འགྱུར། །འཁོར་བ་མ་སྤངས་རྣམ་པར་དག །མྱ་ངན་མི་འདའ་ཡེ་ནས་གནས། །འགྲོ་དང་གནས་པར་བྱ་བ་མིན། །རྟོག་པ་ཐམས་ཅད་ཡེ་ཤེས་ཚོགས། །མཉམ་དང་མི་མཉམ་མཉམ་དང་མཉམ། །བྱ་དང་མི་བྱ་བྱ་མེད་བྱས། །གྲུབ་དང་མ་གྲུབ་ཐམས་ཅད་གྲུབ། །དེ་ཕྱིར་རིགས་འཛིན་ཐ་སྙད་བྲལ། །མཐར་ཕྱིན་པའི་ལམ་རྣམས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།རང་བཞིན་ཉིད་དུ་མངོན་རྫོགས་པའི། །རྡོ་རྗེ་འཛིན་པ་ཉིད་ལ་མོས། །སྲིད་པ་རིམ་དང་རྫོགས་ཚུལ་གྱིས། །མངོན་བྱེད་དོན་ཡོད་བཤད་པར་བྱ། །མཚན་ཉིད་ཐ་མའི་ཐ་མ་ནི། །ངོ་བོ་ཚུལ་དང་ཁྱད་པར་གྱིས། །ལུས་གསུམ་མངོན་དུ་སྣང་བ་རྣམས། །ཇི་ལྟ་བ་བཞིན་ཤེས་པར་བྱ། །ལུས་གསུམ་སྔ་མ་བརྗོད་བྱ་བ། །སྐུ་དང་གསུང་དང་ཐུགས་ཉིད་དུ། །ཡོན་ཏན་ཕྲིན་ལས་རྨད་བྱུང་བ། །ལྔ་ལའང་ལྔ་ཉིད་ངོ་བོར་གནས། །ཨེ་མ་ཧོ་ཡང་དག་རྫོགས་སངས་རྒྱས། །རྒྱལ་བའི་རྒྱལ་བ་ལྷ་ཡི་ལྷ། །འཕགས་པའི་འཕགས་པ་ཀུན་ཏུ་བཟང་། །དེ་བཞིན་གཤེགས་ལས་དེ་བཞིན་གཤེགས། །བདེ་གཤེགས་ལས་ཀྱང་བདེ་གཤེགས་པ། །རིན་ཆེན་ནོར་བུ་བཞིན་དུ་བཞུགས། །ཆོས་དྲུག་ནོར་བུས་མཚོན་པ་ནི། །གཅིག་དང་དུ་མ་ཀུན་བྲལ་ལྡན། །དེ་དེ་རིགས་དངོས་རིགས་བྲལ་བ། །ཉི་ཤུ་ལྔ་ལྡན་ཀུན་ངོ་བོར། །མོས་བཞིན་དེ་རིགས་མཐུན་སྣང་ལ། །ཡང་དག་ཉིད་དུ་འདི་ཞེས་མེད། །ལྔ་ཉིད་ལྔ་ལྔར་ལྡན་སྣང་བ། །རིགས་བདག་ཡང་དག་སངས་རྒྱས་པས། །ཐ་མའི་ཐ་མ་ཞེན་བྲལ་བའི། །ཡེ་ཤེས་འགྲོ་འོང་མེད་ཀུན་ཁྱབ། །གཉིས་སུ་མེད་པ་དེ་བཞིན་ཉིད། །ངང་ཉིད་འགྲོ་འོང་མེད་པར་གཤེགས། །དེ་བཞིན་བདེ་ཆེན་ངང་ཉིད་དུ། །ཟུག་རྔུ་ཀུན་བྲལ་གཉིས་ཕྱིར་གཤེགས། །སངས་རྒྱས་སེམས་ཅན་སེམས་ལ་སོན། །དབང་ཕྱུག་ཆེན་པོའི་སྐུར་བཞུགས་པ། །གསང་བའི་དབང་པོ་འདུ་འབྲལ་མེད། །དངོས་པོ་གཉིས་ལ་བདེ་ལོངས་སྤྱོད། །དེ་ཉིད་ཆ་རེ་བརྗོད་པ་ནི། །འཇིག་རྟེན་འདས་དང་མ་འདས་ཀུན། །དུས་གསུམ་ཆོས་ཀུན་གཅིག་པ་ཡི། །རྒྱལ་བ་ཉིད་ཕྱིར་སྣ་ཚོགས་ཆོས། །སྣང་ལ་རང་བཞིན་མེད་པའི་ཕྱིར། །དེ་ཉིད་དྷརྨ་ཀཱ་ཡར་གནས། །ཐམས་ཅད་རང་རིག་མངོན་སུམ་སྣང་། །ཞེན་མཐའ་ཀུན་བྲལ་ཀུན་ཆུབ་པའི། །རང་བྱུང་ཡེ་ཤེས་ཆེན་པོ་ནི། །ཀུན་གཞི་འདུལ་སྣང་ཕྱིར་སྐུ་མཆོག །འདོད་ཁམས་མཐའ་ན་རྫོགས་ཀྱི་བར། །སྡུག་བསྔལ་ཀུན་དང་འདོད་བསམ་སྙོམས། །འགོག་ཞིང་བཏང་སྙོམས་བདེ་ཆེན་སོགས། །ཡུལ་མེད་ཀུན་རོལ་ལོངས་སྤྱོད་ཆེ། །རྟ་བདུན་རི་བོང་ཅན་ཉིད་ཀྱི། །གཞལ་ཡས་ཁང་ལས་མ་གཡོས་བཞིན། །ཀུན་ཏུ་སྣང་བ་ཐ་དད་ལྟར། །འགྲོ་འོང་མེད་འདུལ་ཀུན་སྤྲུལ་མཆོག །ཅི་ལྟར་མཁའ་ལ་འཇིག་མེད་ལྟར། །མི་རྟོག་ཀུན་དངོས་རྟག་ཆེན་པོ། །རྡོ་རྗེའི་སྐུ་མཆོག་སྐྱེ་འཇིག་མེད། །ལྔ་པ་ཉིད་དུ་རབ་ཏུ་གྲགས། །སོ་སོར་འདུལ་བའི་ཡེ་ཤེས་འཁོར། །རྒྱ་མཚོའི་ཚོགས་དང་ཤེས་བྱ་ཡི། །སྒྲིབ་པ་མཐའ་སྤང་སེམས་དཔའ་ཆེའི། །རྒྱལ་པོ་ལྔ་སོགས་རྒྱུད་སྦྱངས་ནས། །མོས་སྤྱོད་དང་པོའམ་དབང་བསྒྱུར་རིག །རྡོ་རྗེའི་ཚོགས་མཐོང་ཕྱིར་མིང་འགྲུབ། །དེ་ལ་དེ་ཡི་དགོངས་བཤད་པ། །བརྗོད་དང་བརྗོད་འདྲའི་ཕྱིར་ངེས་པ། །ཡི་གེ་མེད་པ་འཇལ་བ་བཞི། །ཡི་གེ་དྲུག་ཅུ་དྲུག་གསུམ་རྒྱས། །མཇལ་པ་ལྔ་ཉིད་ཚུལ་གོ་བ། །སོ་སོ་ཉིད་དང་གསང་བདག་གིས། །སྙན་མ་ལྔ་ལྡན་ཕྱིར་ཐོས་པས། །གསང་བའི་རྒྱུད་བཤད་ཐོས་ཞེས་གསུངས། །རང་བཞིན་འབྲེལ་དང་དབང་དང་བས། །དྭངས་པའི་ཆུ་དང་ཉི་ཟླ་བཞིན། །མ་སྐྱེས་དོན་གྱི་གསུང་མཆོག་གིས། །སྨྲ་བརྗོད་མེད་པར་རྣམ་སྣང་མཛད། །རིག་པའི་ཡེ་ཤེས་མིང་ལྔ་པས། །དེ་བཞིན་འབྲེལ་བའི་བྱིན་རླབས་ཀྱིས། །རང་བཞིན་གསང་བའི་རྒྱུད་རྣམས་ཀུན། །ཉི་མ་ལྟ་བུར་གསལ་བར་སྣང་། །མེ་ལོང་ལྟ་བུར་ཆོས་བརྒྱད་ཀྱིས། །མཚན་པའི་དབང་ཕྱུག་སྐུ་མཐོང་བས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྒྱུད་ལ་རྡོ་རྗེ་དོན་སྣང་བྱེད། །གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །དྲུག་གི་རྩ་བ་ཡན་ལག་ཚུལ། །ཚངས་པའི་ངག་ལྟར་ལས་ཅན་ལ། །སྣང་བ་ཤ་ཡི་རྣ་བས་ཐོས། །ཅི་ལྟར་འདུལ་དང་འདུལ་སྣང་བའི། །གསུང་རྣམས་དངོས་ལ་སྒྲས་རྐྱེན་པའི། །སྒྲ་ལྟར་གྲགས་སྟོང་དབྱེར་མེད་པར། །མཐོང་ཐོས་བྱེད་པའང་དེ་ཉིད་མཐུའོ། །དངོས་པོ་གཉིས་ཆོས་ཡན་ལག་བཅས། །སེམས་ཆེན་ཕྱིར་ན་སྟོང་ཆེན་པའི། །ཡེ་ཤེས་ཟུག་རྔུ་ལྡན་བྲལ་བའི། །བདེ་བ་ཆེན་པོ་མཆོག་གི་ཐུགས། །ནམ་མཁའ་ལྟ་བུར་སེམས་གསལ་སྟོང་། །ཆོས་ཀྱི་རང་མཚན་དབྱེར་མེད་ཀུན། །ཡུལ་མེད་མེ་ལོང་ལྟར་གསལ་བའི། །མངོན་སུམ་ཀུན་གྱི་མཆོག་ཡིན་ཏེ། །རྣམ་པར་མི་རྟོག་མཆོག་གི་ཐུགས། །ཆེན་པོ་ལྟ་བུར་ཐམས་ཅད་ལ། །མི་འབྱེད་བླང་དོར་མེད་མཉམ་ཉིད། །མཉམ་པ་ཉིད་ལས་མི་གཡོ་བ། །མཉམ་པ་ཆེན་པོའི་མཆོག་གི་ཐུགས། །ཐུགས་རྗེ་ཆེན་པོས་འབྲེལ་བ་དང་། །ཉིད་ཀྱི་དབྱིངས་ལས་མི་གཞན་ཕྱིར། །བྱ་བྱེད་མེད་པར་རྣམ་བཞི་ཡིས། །འགྲོ་བ་སྒྲོལ་བའི་ཐུགས་རྗེ་ཡིན། །ཆོས་དང་ཆོས་ཅན་ཀུན་བྲལ་བས། །རང་སྤྱི་དབྱེར་མེད་དུས་གཅིག་ཏུ། །མཁའ་ལ་འཇའ་ལྟར་གསལ་བ་ནི། །མི་ཕྱེད་རྡོ་རྗེའི་ཐུགས་མཆོག་གོ། །ཕྱོགས་དུས་མ་ལུས་མི་ལུས་པ། །རང་རྒྱུད་མེད་པར་རིག་སྣང་བས། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་མ་ལུས་སངས་རྒྱས་ཞིང་། །ལྷུན་རྫོགས་རིག་པ་རང་སྣང་བའི། །གཞལ་ཡས་ཁང་དང་གཟུང་འཛིན་དང་། །བྲལ་བའི་རང་བཞིན་རྟེན་པ་དང་། །བརྟེན་བཅས་མེད་པ་ཀུན་གྱི་གནས། །མ་སྤངས་ལྷུན་གྱིས་རྫོགས་པའི་ཕྱིར། །སྣ་ཚོགས་དཀྱིལ་འཁོར་ཆེན་པོ་རྒྱན། །རང་བཞིན་མ་སྒྲིབ་གསལ་བའི་ཕྱིར། །སྣ་ཚོགས་འོད་ཟེར་ཕྱོགས་བཅུར་གསལ། །སྟོབས་སོགས་འབྲས་བུ་ཀུན་རྫོགས་ཕྱིར། །གདན་ལྔའི་བྱེ་བྲག་རང་སྣང་བའོ། །འདུལ་བའི་བྱ་བ་ཐ་དད་པ། །ཞི་དང་ཁྲོ་དང་མི་མོས་ཉམས། །བཞི་ཕྱིར་རྣམ་བཞི་རོལ་པ་རྣམས། །གང་ལ་འཚམས་པར་འདུལ་བར་མཛད། །རྣམ་བཞིའི་བྱེ་བྲག་ཐ་དད་པ། །རེ་རེའང་ལྔ་ལྔ་ཚུལ་གྱིས་སྣང་། །དེ་རིགས་བཞི་ཡི་ཆ་འཛིན་པ། །ལས་ཀྱི་རིགས་ལ་ལྷུན་གྱིས་གྲུབ། །རྣམ་པ་བཞི་ཡིས་འདུལ་མཛད་པ། །ཕྱོགས་ཀྱིས་འདུལ་བའི་རིགས་མ་ཡིན། །དེ་ལྟར་སྦྱང་མཐའ་སྐྱེས་བུ་ས། །རིགས་ལྔ་ཆ་རེ་འཛིན་བྱེད་ཀྱང་། །གཅིག་ཤོས་སངས་རྒྱས་ཀུན་ངོ་བོ། །ཉིད་དུ་སྔ་ཕྱི་དྲང་བ་ཙམ། །སངས་རྒྱས་སངས་རྒྱས་ཞེས་བརྗོད་པའོ། །ཚུལ་ནི་སྨྲ་བསམ་བརྗོད་ལས་འདས། །དེ་དོན་ཕྱོགས་ཙམ་བརྗོད་བྱ་བ། །དྲང་དོན་སྔ་ཕྱིར་སངས་རྒྱས་པ། །དོན་དམ་གཅིག་པུར་མ་ཡིན་ཕྱིར། །ཆུ་ལ་ཆུ་ལྟར་གཅིག་པ་མེད། །གཅིས་ཤོས་བདེན་པར་མ་ཡིན་པས། །སོ་སོ་ཐ་དད་ཆ་རིགས་མོད། །བདེན་པ་གཉིས་མེད་དབང་འགྱུར་པ། །བདག་དང་གཞན་གྱི་གཉིས་མེད་དེ། །སོ་སོར་མེད་ཕྱིར་དེར་དོན་པ། །མཐའ་རྣམས་ཀུན་བྲལ་ཀུན་ལྡན་པ། །རང་སྣང་ཞེན་བྲལ་མངོན་བྱས་པ། །མི་བརྗོད་འདི་འདྲར་གནས་པར་དཀའ། །ངོ་བོ་གཅིག་ལ་རྒྱུད་འདྲེས་མིན། །ཤིང་གི་མེ་དཔུང་ལྟར་བརྗོད་པ། །དྲང་བ་ཙམ་སྟེ་དེ་ཉིད་མིན། །ཆུ་ལ་ཆུ་ལྟར་འདོད་པའང་དེའོ། །བདེན་པའི་ཚུལ་གྱིས་སྐྱོན་བརྗོད་པས། །དག་པའི་ཡེ་ཤེས་གནས་ཡིན་པར། །ཏནྟྲ་ཉིད་ལས་གྲགས་པ་དང་། །བདེ་གཤེགས་མི་གནས་མཉམ་པ་ཡི། །ངང་དུ་བྱོན་གསུང་བརྗོད་པ་ཡང་། །མཉམ་པ་གསུམ་པ་ཡིན་པའི་ཕྱིར། །ངེས་པར་རྒྱུད་འདྲེས་མ་འདྲེས་པའི། །ཐ་སྙད་བྲལ་བའི་ཚུལ་དུ་གནས། །ཐུན་མོང་མིན་པའི་རྒྱལ་མིང་གྲངས། །བདེ་གཤེགས་དེ་བཞིན་གཤེགས་པ་དང་། །བཅོམ་ལྡན་འདས་དང་སངས་རྒྱས་དང་། །དགྱེས་ཆེན་བརྗོད་སོགས་མཐའ་ཡས་ཀྱང་། །ལུས་གསུམ་གྲངས་མིན་ཁྱད་པར་ཅན། །མདོ་རུ་བརྗོད་པར་ཆུབ་པར་གྱིས། །ལྔ་དང་ལྔ་ལྔར་ལྷུན་གྲུབ་པའི། །རྒྱལ་བ་གསུམ་རྫོགས་སོ་སོ་ཡི། །གྲུབ་མཐའ་ས་ཡི་སངས་རྒྱས་ལ། །གྲངས་རྫོགས་ངོ་བོ་བྱིན་རླབས་ལས། །སྣང་དང་དོན་བྱེད་ཆེ་ཆུང་གིས། །དཔགས་པའི་ངོ་བོ་ཉིད་ཀྱིས་གསལ། །དེ་ཚུལ་ས་བཞི་རྒྱལ་བ་དག །རྒྱུད་གཅིག་འདྲེས་དང་གྲོལ་སྨྲ་བ། །འདི་དྲང་ཙམ་ཡིན་བཤད་ཡིན་ཕྱིར། །རྒྱུད་ཀྱི་ཁྱད་པར་བསམ་ལས་འདས། །མིང་གྲངས་ཐེག་ཆེན་དམན་པ་བས། །ཐུན་མོང་ཚོགས་ཀྱིས་བདེར་གཤེགས་ཤིང་། །དེ་བཞིན་ཉིད་དུ་གཤེགས་པའང་། །དུས་ཀྱི་དབང་ཕྱིར་སྔ་མ་བཞིན། །གཤེགས་པ་ཉིད་དང་གསང་བ་པའང་། །བྱ་བའི་ལུགས་ཀྱིས་ཤེས་རབ་དང་། །ཆོ་གའི་རྣལ་འབྱོར་གྲངས་རྫོགས་པས། །འབྲས་བུ་ལམ་བྱས་བདེར་གཤེགས་པའི། །རྡོ་རྗེ་འཛིན་པར་དེ་བཞིན་གཤེགས། །ཡང་ན་བྱ་རྒོད་འདབ་ལོགས་ཀྱང་། །དགོན་ཕུག་བྱེ་མ་མདའ་སྣ་རུ། །ས་རི་དབང་བསྐུར་ཅི་བཞིན་ནམ། །ཝཱ་ར་ཎཱ་སཱིའི་བསིལ་ཁང་དུ། །དམ་པའི་རིགས་ཅན་དབང་བསྐུར་ནས། །རྡོ་རྗེ་འཛིན་ཐོབ་ཅི་བཞིན་ནོ། །ཐུབ་པའི་དབང་བོ་དེ་ཅི་བཞིན། །གཤེགས་བའི་རྒྱུ་དང་བྱ་བ་དང་། །གཉིས་ཀའི་རྒྱུད་ལས་གྲགས་བཞིན་ནོ། །རྣལ་འབྱོར་གཞུང་གིས་དོན་བསྒྲུབ་ཉིད། །ནཻ་རཉྫ་ནའི་འགྲམ་ལོགས་སུ། །ཕྱོགས་བཅུ་སྤྲུལ་པའི་ལོངས་སྤྱོད་སྐུས། །བྱང་ཆུབ་ལྔ་སྟོབས་དབང་བསྐུར་བས། །འོག་མིན་ཉིད་དུ་དོན་གྲུབ་སྟེ། །སྤྲུལ་པ་དཀའ་ཐུབ་ཁོག་པ་ནས། །ཡེ་ཤེས་སྣང་མཛད་ལུས་སུ་གཤེགས། །རི་རབ་རྩེ་མོར་འཁོར་ལོ་བསྐོར། །དེ་ཡང་རྟོག་པའི་གཟུགས་སྐུ་ཡིན། །ཐབས་དང་ཤེས་རབ་ལམ་ཉིད་ཀྱིས། །འགྲོ་འོང་མེད་པར་བདེར་གཤེགས་ཏེ། །ཅི་བཞིན་ལྷུན་གྲུབ་ངང་སོན་པར། །ཚུལ་དང་ངོ་བོས་ཁྱད་པར་ཆེ། །དོན་གྲུབ་དཀའ་ཐུབ་ལུས་ཅན་ལ། །ཕྱོགས་བཅུ་རྒྱལ་བ་སྤྲིན་བཞིན་དུ། །འདུས་པ་གསང་བའི་ལོངས་སྤྱོད་ཀྱིས། །སྲོད་དང་ཐོ་རངས་དུས་ཉིད་དུ། །ཉི་ཟླ་བཟའ་བའི་དབང་བྱིན་ཅིང་། །རོལ་པའི་ཀ་ར་བསྟབ་པ་ཡིས། །ཡེ་ཤེས་མཚན་རྫོགས་དབང་ཐོབ་ནས། །དེ་བཞིན་དེ་བཞིན་གཤེགས་པའོ། །དེ་ཕྱིར་ཐུན་མོང་རྣམ་གསུམ་ལས། །བྱ་བ་བཞི་དང་ཆུབ་པ་བཞི། །བདེན་པར་དེ་བཞིན་གཤེགས་པ་བརྒྱད། །གྲངས་དང་ངོ་བོ་ཙམ་གྱིས་འཕགས། །དེ་ནས་རྒྱལ་བ་བཅོམ་ལྡན་འདས། །ཐུན་མོང་མཆོག་ལུགས་སྔ་མ་བཞིན། །སོ་སོ་ཐབས་དང་ཤེས་རབ་ཀྱིས། །རྡོ་རྗེ་ལྟ་བུ་བཞི་བསྐྱེད་པས། །བདུད་བཞི་ངེས་བཅོམ་མྱ་ངན་བཞི། །འདས་ཤིང་མཐའ་བཞི་འདས་པ་ལ། །མི་མཐུན་གཞུང་གིས་སངས་རྒྱས་པ། །ལྟ་སྤྱོད་ཏིང་འཛིན་ལམ་རིམ་བཞིན། །གྲུབ་པའི་མཐའ་ལས་ཁྱད་པར་བ། །ལྟ་བའི་སྒྲིབ་པས་ཕྱེ་བ་ཡིན། །དེས་ན་དགྱེས་པའི་ལོངས་སྤྱོད་ཀྱང་། །མདོ་དང་བྱ་བ་རྣལ་འབྱོར་གཉིས། །རྒྱུད་ལས་ཅི་ལྟར་གསུངས་པ་བཞིན། །གང་གིས་དགྱེས་ཆེན་ཡིན་ཚོད་མིན། །དེ་ཕྱིར་དགྱེས་པའི་རིམ་ཡོད་པས། །ས་ཡི་སངས་རྒྱས་རིམ་ཡོད་ཕྱིར། །མིང་གྲོང་ཡོན་ཏན་ཆ་ཡིན་ཏེ། །ངོ་བོ་ཉིད་ཀྱིས་རྣམ་པར་འཕགས། །ལམ་གྱི་རྩོལ་བས་ངལ་བ་རྣམས། །བྲོད་པ་བསྐྱེད་ཕྱིར་ཀུན་ཏུ་འོད། །རྡོར་འཛིན་སྟུག་པོ་བཀོད་པར་བསྟན། །མཐར་ཐུགས་ས་གསུམ་ཆ་ལས་བརྗོད། །དེ་ཕྱིར་སྐས་གདངས་ལྟ་བུ་སྟེ། །ཐབས་མཁས་འདི་ཡིས་གཞན་པའི་ཕྱིར། །ཐབས་ལ་བརྟེན་ནས་མོས་བཅུག་ཅིང་། །བསྒྱུར་བས་འདི་འགྲུབ་རང་ཐབས་ཀྱིས། །རང་ས་ཐོབ་ལས་ངོ་བོ་ཉིད། །གཅིག་པར་སྨྲ་བ་མུན་སྤྲུལ་པའོ། །མཐར་ཕྱིན་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།འགྲོ་བ་ལམ་ལོག་ལམ་སྟོར་བ། །ལྔ་དང་ལྔ་རྣམས་བཀྲི་བའི་ཕྱིར། མི་གཉིས་ལམ་ཆོག་འདི་བགྱིས་པའི། །ངལ་བའི་དགེ་རྩས་ཀུན་གྲོལ་ཤོག །བྱང་ཆུབ་ཞོར་བྱེད་ཁེ་གྲགས་གཉེར། །བཅུད་ཆེན་འཛག་ཅི་གཞོག་ངོམ་ཅན། །གཙུག་རྒྱལ་སྒེག་མོ་འཇག་སྐྱེལ་དང་། །ནལ་བྱ་ལྟ་བུའི་ལྐོག་གཡེམ་སོགས། །ཚུལ་བསྲུང་དམ་ལ་མི་གནས་དང་། །གསང་བའི་གཞུང་ལ་སྲན་མི་ཚུགས། །གཞུག་མང་བསྒྲུབ་ལ་ཡིད་ཆེས་དཀའ། །བླ་མ་སྤྱི་བོས་མི་ལེན་ཅིང་། །ཞེ་ནས་སྐུར་ཞིང་ཡོད་ལའང་སྐུར། །སྣོད་མེད་རྣམས་ལ་མ་འཕྲད་ཅིག །མང་ཡུལ་ཁྲི་བབས་སུ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བའོ། །ལམ་རྣམས་པར་བཀོད་པ་སངས་རྒྱས་གསང་བའི་མན་ངག་རྫོགས་སོ།། །།

སྒྱུ་འཕྲུལ་དྲྭ་བའི་ལམ་རྣམ་པར་བཤད་པ་ཆུང་ངུ་། སློབ་དཔོན་སངས་རྒྱས།

སྒྱུ་འཕྲུལ་དྲྭ་བའི་ལམ་རྣམ་པར་བཤད་པ་ཆུང་ངུ་བཞུགས་སོ། །བཅོམ་ལྡན་འདས་རྡོ་རྗེའི་ཐུགས་ལ་ཕྱག་འཚལ་ལོ། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་མཆོག་ལས། །སྐལ་མཆ ོག་དབང་མཆོག་ལྔ་ལྡན་པའི། །དམ་པའི་ཡུལ་ལྔ་མཐོང་གོམས་མཐར། །བྱེད་ཕྱིར་མཚན་ཉིད་གསུམ་བརྗོད་བྱ། །ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་གྱུར་བདེ་གཤེགས་རིགས། །ཡན་ལག་འབྱུང་བའི་གཞི་རུ་དགོད། །དེ་ལ་སྒྲུབ་པའི་རྣལ་འབྱོར་རྒྱུ་བཤད་པ། །དབང་པོ་ཡུལ་དུ་སྣང་བ་ཀུན། །ཡུལ་རྣམས་ཡོད་པ་མ་ཡིན་ཏེ། །ཀུན་གཞི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་བ། །དང་པོ་པ་ཡི་བརྟག་གཞིར་རུང་། །དེ་གཟོད་འཚོལ་དང་འཕེལ་རིམ་དང་། །ངེས་པ་གསུམ་སྟེ་ཐོག་མའི་ཚེ། །སོ་སོར་རྟོགས་རྒྱུ་གཞུང་མཐུན་པའི། །དབང་མཆོག་ཚིག་ཡུལ་བྱས་ལ་བརྟེན། །ཕྱེས་པས་རྒྱུ་བྱས་བསམ་རྟོག་ཚེ། །གཞུང་ལས་གྲགས་པའི་གཏན་ཚིགས་ལྔ། །སྔོན་འབྱུང་རྗེས་སོགས་ལས་ཉིད་དང་། །མི་མཐུན་མཐུན་པའི་གཏན་ཚིགས་གཅེས། །དེས་ན་རང་སྤྱིའི་མཚན་ཡུལ་ལ། །བཤེས་གཉེན་བདག་པོ་རིམ་དེ་ཐག །དང་བས་འདོད་དང་བག་ཆགས་རྒྱུད། །ཤེས་རབ་སྤྱན་མཆོག་རང་རིག་ཉིད། །གདོད་ནས་ཤེས་རབ་ལྔ་ཡིན་མཚུངས། །ཞེས་སྨོས་ལ་སོགས་ལྷན་ཅིག་བྱེད། །དེ་དག་སྒོ་ནས་འཚོལ་བྱེད་པ། །ཀུན་ཏུ་རྒྱུ་བཞིན་གདོད་སྨོན་བྱེད། །དེ་ཡིས་གཟུང་འཛིན་སྤྱོད་ཡུལ་མཐའ། །ཡོད་མེད་ལུང་དུ་མ་བསྟན་པས། །འཚོལ་ན་སྐྱོན་གསུམ་འདུ་མི་རྙེད། །དེ་དག་མི་འདོར་བྲལ་ལ་འཚོལ། །འོན་ཀྱང་གཉིས་རྫོགས་གཉིས་མེད་དོན། །ཀུན་ཡིན་གང་ཡང་མིན་པའི་ཕྱིར། །ཕྱོགས་བྲལ་ཕྱོགས་བདག་བསམ་བརྗོད་འདས། །ཐམས་ཅད་མཁྱེན་དོན་བཅོ་ལྔ་གཅོད། །སེམས་ཆོས་ཡེ་ནས་དབྱེར་མེད་ཕྱིར། །བརྒྱད་དྲུག་ཤེས་པ་ཤེས་རབ་མཆོག །ངེས་པ་ཉིད་དུ་རྒྱལ་བས་གསུངས། །དེ་འཚོལ་གཡོ་སྨོན་འཇུག་པ་ཡང་། །ངོ་བོས་འབྲེལ་ཕྱིར་གཞི་ཉིད་ནས། །འདིར་འཇུག་ངེས་པའི་དོན་དུ་རུང་། །ལ་ལ་ཐུན་མོང་ལམ་རྣམས་ནས། །རྐྱེན་རྒྱུས་འདིར་འཇུག་སློབ་པར་ངེས། །ཁ་ཅིག་སེམས་བརྒྱད་ནས་རྒྱུད་དེ། །བསྐལ་པ་ཞིང་གི་རྡུལ་སྙེད་ནས། །ཐུན་མོང་མཆོག་ལམ་སྦྱངས་པས་འཕྲད། །ཐུན་མོང་ས་མཐར་བྱས་པའི་ཚེ། །ཡང་དག་སྐུ་གསུང་ཐུགས་བཅོ་ལྔས། །བྱིན་རླབས་འཚམས་པར་མོས་སྣང་བས། །འཁོར་ལོའི་ས་ལ་འགྱུར་བར་ངེས། །ཐ་མའི་ཚེ་ན་གསུང་ལྔ་ཡིས། །དངོས་སྟོན་སྔོན་བྱུང་ལམ་ཞེས་བྱ། །རྗེས་སུ་འཇུག་པ་ཤེས་འཚོལ་ཆེ། །མོས་པ་ཐ་དད་དབང་གིས་ན། །བདེ་གཤེགས་སྐུ་ལྔའི་གསུང་ཚུལ་གྱིས། །སོ་སོར་འཚམས་པ ར་གཏན་ལ་དབབ། །བསྐལ་པ་གསུམ་ནས་སྦྱངས་པ་ཡི། །ཟབ་མོ་གསང་ཐོས་བཟོད་ཐོབ་དེས། །ཆོས་སྐུའི་གསུང་གི་ཚུལ་བཞིན་དུ། །བརྗོད་མེད་དོན་གྱིས་གཏན་ལ་དབབ། །ལོངས་སྤྱོད་རྫོགས་སྐུའི་གསུང་ལྟ་བུར། །དགོངས་དང་བརྡ་ཡིས་གཏན་ལ་དབབ། །སྤྲུལ་པ་ཚིག་གི་གསུང་ལྟ་བུར། །བརྗོད་པའི་ཚིག་གིས་སྨེལ་བར་བྱ། །མངོན་པར་བྱང་ཆུབ་གསུང་ཇི་བཞིན། །རིག་པའི་རླབས་ཀྱིས་གཏན་ལ་དབབ། །རྡོ་རྗེ་སྐུ་ཡི་གསུང་ལྟ་བུར། །གཉིས་མེད་མཐའ་བྲལ་དོན་གྱིས་དབབ། །ལ་ལ་ངོ་བོ་ཉིད་གསུང་ལྟར། །སྣང་སྲིད་མཐོང་ཐོས་ཉིད་ཀྱིས་འབེབས། །གསང་བའི་སྐུ་ཡི་གསུང་ལྟ་བུར། །སྤྱོད་པ་ཐབས་ཀྱིས་ཕེབས་པར་འགྱུར། །ལ་ལ་སྔོན་འབྱུང་བསྟན་པ་བཞིན། །ཇི་བཞིན་དོན་དམ་ངེས་པའི་ཚིག །རང་རྐྱེན་མཚན་མའི་གཏན་ཚིགས་དང་། །ལྡེམ་དགོངས་སྦྱོར་པའི་གཏན་ཚིགས་དང་། །བཀྲི་དྲོང་བརྒྱུད་པའི་གཏན་ཚིགས་ཀྱིས། །སོ་སོའི་བློ་ལ་ངེས་བྱེད་ཅིང་། །བརྟགས་ཡུལ་ཡོངས་སུ་གཞིག་བྱེད་ཕྱིར། །དེ་དག་ལས་ཀྱིས་གཏན་ཚིགས་འགྱུར། །དེ་ན་གཏན་ཚིགས་དབང་བཙན་པར། །གཏན་ཚིགས་མ་གྱུར་གང་ཡང་མེད། །དེ་ལ་རེ་ཞིག་ཚིག་དབང་དུ། །དངོས་པོ་གཏན་ལ་འབེབས་མི་འབེབས། །དབབ་མེད་སྟོན་པའང་དེ་ཡིས་དེ། །མཐོང་རྙེད་བྱེད་ཕྱིར་དགོས་ཡོད་ལ། །སོ་སོར་རྟོག་པའི་ཡུལ་དུ་འགྱུར། །འཚོལ་ཚེ་དགོས་ཕྱིར་དེ་ལྟར་ངེས། །དེ་ལ་གཅིག་ཤོས་ཐུན་མོང་མཆོག །ཐུན་མོང་གྲགས་པའི་རྣམ་བཞི་སོགས། །ཐུན་མོང་མིན་པ་རྣམ་པ་གཉིས། །ཚིག་དོན་མཐུན་པར་འབེབས་པ་དང་། །གཏན་ཚིགས་དོན་ཚིག་མི་མཐུན་པས། །གཏན་ལ་འབེབས་པར་བྱེད་པའོ། །དང་པོ་ཐ་སྙད་གཏན་ལ་འབེབས། །དེ་བཞིན་ཉིད་འབེབས་ངག་མཉམ་རྟོགས། །བདེན་བདག་གཉིས་མེད་ལ་སོགས་པའོ། །གཉིས་པ་ཅི་ཡང་མ་ཡིན་ལ། །ཅི་ཡང་ཡིན་དང་གྲུབ་མ་གྲུབ། །དེ་སོགས་དོན་འདོད་ཅི་ཡང་མིན། །ཕྱིར་ཡིན་ཕྱིར་མིན་ཕྱིར་མ་གྲུབ། །ཕྱིར་བརྗོད་གཏན་ཚིགས་ལ་སོགས་པས། །མི་འདྲ་ལྟོས་རྒྱུ་ངོ་བོའི་ཕྱིར། །དེ་དག་གཏན་ཚིགས་འགྱུར་བར་ངེས། །དེ་བས་སྐབས་འདིར་དེ་ལ་བརྟེན། །དེ་དེའི་ཡུལ་དང་ཤེས་པ་དང་། །འདས་འཁོར་སྣང་བ་གཞིག་བྱ་བ། །མེད་ན་མི་འབྱུང་ཚུལ་ཉིད་དང་། །དེ་མ་གྲུབ་པས་དེ་ལྡོག་དང་། །སྣང་བ་རང་སྣང་ཐབས་ཆེན་དང་། །སྣང་བཞིན་མ་གྲུབ་ཤེས་རབ་ཉིད། །བར་མ་སེམས་རྟོགས་རྣམ་པར་མཐར། །ལྔ་བཞི་གཉིས་སོགས་སྔ་ཕྱིར་འཕེལ། །ལམ་གྲངས་འཕེལ་བའང་འདིར་ཤེས་ཏེ། །སྐབས་སྐབས་ཉིད་དུ་ཐེ་ཚོམ་མེད། །དེ་མཐར་བཞི་མཐས་གདེང་ལྡན་པས། །དབྱིངས་དང་རིག་པ་གཉིས་མེད་པར། །དེ་བཞིན་ཉིད་དུ་རྡོ་རྗེའི་རིགས། །གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་རང་སྣང་བའོ། །བྱང་ཆུབ་སེམས་སྣང་ཐམས་ཅད་ནི། །ཤིན་ཏུ་བརྟགས་དཀའ་གཏིང་ཟབ་པས། །མ་དམིགས་མི་དམིགས་དམིགས་སུ་མེད། །སེམས་ཉིད་དེ་ནི་ཇི་ལྟ་བུ། །བྱང་ཆུབ་དེ་ནི་སེམས་ཡིན་ནོ། །སེམས་དང་བྱང་ཆུབ་གཉིས་མེད་པས། །སེམས་ཅན་མ་ལུས་ཐམས་ཅད་དང་། །དུས་གསུམ་ཆོས་རྣམས་ཐམས་ཅད་ཡིན། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་དང་བྱང་ཆུབ་ཉིད་དུ་འུབ། །ཡངས་ཤིང་རྒྱ་ཆེ་ལྷུན་གྲུབ་ནི། །ཕྱི་ནང་སྣོད་བཅུད་ཡེ་ནས་དག །དག་རྟོག་ཉིད་ཀྱང་དབྱིངས་ཉིད་ཡིན། །འདི་ནི་རྡོ་རྗེ་མཉམ་ཡིན་ནོ། །བྱང་ཆུབ་སེམས་ཞེས་བརྗོད་པ་ནི། །གང་ནས་མ་འོང་གར་མི་འགྲོ། །རྟོག་མེད་རང་རིག་ཁོ་ན་ཙམ། །སངས་རྒྱས་སེམས་ཅན་སེམས་ལ་གནས། །མཉམ་པའི་དོན་ཉིད་ཇི་ལྟར་བུ། །མཉམ་ཉིད་རང་བཞིན་གང་ཡང་མིན། །མཉམ་དང་རྟོག་པ་གཉིས་ཀ་མེད། །ཐམས་ཅད་ལྷུན་གྱིས་གྲུབ་པ་དང་། །སྒྱུ་མའི་མིག་ཡོར་ཚུལ་ཤེས་པས། །གཉིས་ཀ་རང་རིག་ཉིད་དུ་འདུས། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རང་བཞིན་ཡེ་ནས་དག་པ་ཡིན། །སུས་ཀྱང་མ་བྱས་ངང་གིས་གསལ། །མ་ཆགས་པདྨ་འདྲ་བ་ཡི། །ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ་ནི། །ཀུན་དང་ཐུན་མོང་དེ་མ་ཡིན། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། །སྐྱེས་བུ་བློ་རྩལ་རབ་ཀྱིས་རྟོགས། །ཐམས་ཅད་མ་ལུས་གཅིག་པའི་ངང་། །ལྟ་དང་བལྟ་བར་བྱ་མེད་པར། །ཡེ་ཤེས་སྒྲོན་མ་སྦྲེང་བས་ནི། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །ཐམས་ཅད་མ་ལུས་དོན་འབྱུང་བ། །ཚིག་གིས་མཚོན་ལས་གུད་ན་མེད། །སྒྲ་ཉིད་དོན་གྱི་ངོ་བོ་མིན། །དོན་ཉིད་སྒྲ་ལས་གུད་ན་མེད། །སྒྲ་དང་ཚིག་ཏུ་བརྗོད་པ་ནི། །ཡང་དག་དོན་གྱི་སྙིང་པོ་མིན། །མིང་ཚིག་སྒྲ་ལ་མི་བརྟེན་པར། །བློ་ཡིས་གཏིང་དུ་གོ་བར་བྱོས། །དངོས་གྲུབ་མཆོག་གི་སྙིང་པོ་ནི། །དང་པོ་དོན་རྟོགས་མཐའ་མི་གཏོང་། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །སྐྱེ་བར་བགྲངས་ཀྱང་ལྷུང་མི་འགྱུར། །ཚོང་དཔོན་ལམ་མཐའི་བསམ་པ་བཞིན། །བསྒྲུབ་པའི་རིགས་འདི་རིག་འཛིན་བཞི། །ཤེས་རབ་དང་པོ་སྨོས་པ་གསུམ། །བར་དུ་རྒྱུ་འཚམས་འབྲས་བུ་གཉིས། །བར་ཆད་མེད་སྦྱོར་ཤེས་རབ་རིམ། །མཐའ་གསུམ་ཀུན་འགྲོ་མི་གཡོ་དང་། །མཐར་ཕྱིན་ཤེས་རབ་རིམ་ཤེས་དགོས། །བདག་ཉིད་མ་མཐོང་ཤེས་རྒྱུད་མ་འབྱོར་བས། །གཞན་དུ་ཚོལ་ཞིང སེམས་ཅན་རྨོངས་པ་ཡིས། །བསྟན་ཀྱང་མ་ཐོས་མཚོན་ཀྱང་མ་མཐོང་བས། །བདག་དང་གཞན་དུ་འཚོལ་བས་འཚང་མི་རྒྱ། །མི་གཡོ་བཀོད་པ་བསྲུང་བར་རོལ། །མཛད་པ་གནས་སྟོབ་རིམ་དོན་གཉེར། །འཆིང་ཟློས་ཏིང་འཛིན་དཀྱིལ་འཁོར་དང་། །དམ་ཚིག་ཕྲིན་ལས་སྤྱོད་པ་དང་། །མཆོད་པ་དབང་དང་སྒྲུབ་པ་དང་། །ཕྱག་རྒྱ་སྔགས་ཀྱི་ལྟ་བ་རྣམས། །ཤེས་ཆོད་བྱ་ཡི་ཚིག་ཙམ་མིན། །དེ་བས་ལམ་འདིའི་བྱེ་བྲག་མཐོང་། །ཐིག་ལེ་ཆེན་པོའི་རང་བཞིན་ལ། །བསྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། །དེ་ཉིད་མ་བཅོས་མི་གཡོའི་ཕྱིར། །དེ་ནི་དེ་བཞིན་ཉིད་ཀྱི་དབྱིངས། །དེ་ཉིད་ཀུན་གསལ་ཡེ་ཤེས་ཕྱིར། །དེ་ནི་ཀུན་ཏུ་སྣང་གི་ངང་། །འབྲས་བུའི་ཆོས་རྣམས་ཀུན་དངོས་ཕྱིར། །དེ་ནི་རྒྱུ་ཡི་རིམ་པ་ལྡན། །རང་རིག་བྱང་ཆུབ་དཀྱིལ་འཁོར་ཏེ། །ཐམས་ཅད་ཀུན་ནས་འཁྱིལ་བ་ཉིད། །གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །གཞལ་ཡས་ཁང་དང་དཀྱིལ་འཁོར་དང་། །ཁྲོ་ཚོགས་འདུ་འཕྲོ་མང་པོ་ཡང་། །སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིན། །དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་རིག་ལྟ་བ་དམ་ཚིག་ཡིན། །སྡོམ་པ་རྣམ་པ་བཅུ་གསུམ་དང་། །སྤྱི་ཡི་དམ་ཚིག་མཐའ་ཡས་པར། །ཐིག་ལེ་ཆེན་པོའི་ངང་དུ་གསལ། །བྱ་བ་མེད་པའི་ཚུལ་གྱིས་སུ། །ཀུན་ལ་ཐོགས་པ་མེད་པར་སྤྱད། །བཞི་ཡི་ལས་དང་གཅིག་པོ་ཡང་། །ཐིག་ལེ་ཆེན་པོའི་ངང་དུ་གསལ། །དངོས་པོར་ཞེན་བཅོམ་བདག་དབང་བསྡུས། །བདུད་རྒྱས་ཟུག་རྔུ་གཉིས་ཞི་མཐོང་། །སྤྱོད་པ་རྣམ་པ་གཉིས་པོ་ཡང་། །ཐིག་ལེ་ཆེན་པོའི་ངང་ངེས་ཕྱིར། །གཅིག་ལ་མི་གནས་ཀུན་ལ་སྤྱོད། །སྤྱོད་པར་བྱེད་དང་སྤྱད་པ་མེད། །མཆོད་པའི་རྒྱན་དང་ལོངས་སྤྱོད་ཀུན། །བྱ་བྱེད་གཉིས་དང་ལས་དེ་ཡང་། །རིག་པ་བྱང་ཆུབ་སེམས་ཆེན་པོ། །ཆོ་འཕྲུལ་ཆེན་པོའི་ངང་དུ་འདུས། །བདག་ཉིད་ཆེན་པོའི་ཡེ་ཤེས་ལ། །དབང་ལྔ་མ་བཙལ་དུས་གཅིག་རྫོགས། །ཐོབ་བྱ་འཐོབ་བྱེད་ཐོབ་བྱས་པའང་། །རིག་ཕྱིར་གཞན་ནས་ཐོབ་པ་མེད། །སྒྲུབ་མེད་སྤང་མེད་ཆོས་ཉིད་དུ། །འགྲོ་མེད་འོང་མེད་དེ་བཞིན་ཉིད། །ཐམས་ཅད་གཉིས་སུ་མེད་པ་ལ། །བསྒྲུབ་དང་སྒྲུབ་པ་ག་ལ་ཡོད། །དཔེར་ན་སྒྱུ་མའི་ཆོ་འཕྲུལ་ལྟར། །དོན་དུ་གཉེར་བའང་ཆུད་པར་བྱ། །བྲག་ཅའི་སྒྲ་དང་ཆུ་ཟླ་བཞིན། །སྒྲ་གཟུགས་མཐའ་དང་བྲལ་བར་རྟོགས། །ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡིས། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །བདག་དང་དབྱེར་མེད་ཕྱག་རྒྱ་ཆེ། །ཕྱག་རྒྱ་བཞིན་བཅུ་གཉིས་པོ་ཡང་། །ཐིག་ལེ་ཉིད་ལས་གཞན་པ་མེད། །སྔགས་ཞེས་རབ་ཏུ་བརྗོད་པ་ཡང་། །དོན་དམ་ཀུན་རྫོབ་དབྱེར་མེད་པའི། །མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ། །སྐུ་གསུང་ཐུགས་ཀྱི་ཡི་གེ་ༀ། །དེ་ལ་སོགས་ཏེ་བཞི་བཅུ་གཉིས། །རྟག་ཏུ་མཉམ་བཞག་ཕྱག་རྒྱ་ཡིན། །དུས་གསུམ་གཏིང་འབྱིན་ཕྱིར་སྔགས་ཡིན། །རྣམ་པར་ཕྱེད་བ་དེ་དག་ཀུན། །ཐོས་བསམ་བརྟེན་པ་ལས་བྱུང་དང་། །ཆགས་པ་གཡས་གཡོན་ལམ་ལས་སྐྱེས། །བརྒྱུད་པའི་རྣལ་འབྱོར་ལས་སྐྱེས་པ། །ས་ཡི་ཆ་ཡིས་ཕྱེ་བ་ནི། །ནུས་པ་ཐོབ་དང་མ་ཐོབ་ཀྱིས། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཟག་ཡོད་ལྡོག་པའང་གཉིས་ཡོད་དེ། །མཐུ་ཡིས་ངན་འགྲོར་ལྡོག་མི་ལྡོག །སྔོན་གྱི་ཤེས་འཇུག་བརྒྱད་ལ་ཡོད། །མཐར་ཤེས་འཇུག་ལ་ག་ལ་ཡོད། །སྐབས་གཉིས་མཐར་ཕྱིར་རྣམ་པ་གཉིས། །ཡོད་ཕྱིར་གཅིག་ལའང་གསུམ་གསུམ་ལྡན། །དེས་ན་སྤྱི་དང་བྱེ་བྲག་ཤེས། །གོང་གི་དོན་ལྟར་མ་རྟོག་པའི། །བློ་ངན་མཉམ་པར་ཁུང་བྱུང་ནས། །མ་རྟོགས་ལེ་ལོ་སྙོམས་ལས་བྱས། །དོན་མ་འགྲུབ་པར་ངན་སོང་འགྲོ། །སེམས་ཀྱི་མཉམ་པ་མ་རྟོགས་ན། །ཚིག་གི་མཉམ་པས་འཚང་མི་རྒྱ། །དེ་བས་དོན་ཚིག་ལྡན་པར་བྱོས། །འོན་ཀྱང་ཐེ་ཚོམ་མེད་པས་འགྲུབ། །སྒྲུབ་པའི་རྐྱེན་འཇུག་རྣལ་འབྱོར་སྤྱོད། །རྣལ་འབྱོར་རྐྱེན་ཡང་རྣམ་ལྔ་སྟེ། །དཀོར་བདུན་དངོས་ཉིད་རང་རིག་པ། །དོན་དམ་ཀུན་གྱི་རྒྱུ་ཡིན་ཕྱིར། །ལྷག་པའི་རྒྱུ་དེ་དང་པོར་བསྒོམ། །བསམ་བྱ་བསམ་པར་མི་བྱ་སྟེ། །མི་བསམ་པར་ཡང་མི་བསམ་མོ། །འདུ་ཤེས་ཀུན་བྲལ་ཏིང་འཛིན་མཆོག །དེ་བས་རང་སེམས་རྟོགས་བྱས་ཏེ། །ལེ་ལོ་གཡེང་བ་ཡོངས་སྤངས་ལ། །ང་དང་བདག་མེད་མཉམ་པར་བསྲུང་། །མཉམ་པའི་དམ་ཚིག་འབྲལ་མི་བྱ། །ཡིད་ཤེས་དེ་བཞིན་ཉིད་དམིགས་པས། །ཅི་སྨོས་ཚོགས་བརྒྱད་སྤྱོད་ཡུལ་རྣམས། །མི་རྟོག་གྱུར་པོས་དུས་གཅིག་གསལ། །དེ་ཕྱིར་ཐམས་ཅད་མཁྱེན་བསྒོམ་ཡིན། །དེ་ལྟར་རྒྱུ་ལ་བརྟེན་པ་ཡིས། །གཉིས་ཕྱིར་མཚམས་སྦྱོར་ཏིང་འཛིན་བསྒོམ། །དེའང་གཉིས་ཏེ་ཕྱག་རྒྱ་དངོས། །ཕྱག་རྒྱ་ཤེས་མོད་དུས་མིན་ཕྱིར། །མི་བསྒོམ་གཅིག་ཤོས་རང་རིག་ལ། །སྡུག་བསྔལ་ཉོན་མོངས་ངང་གིས་མེད། །ཀུན་ཏུ་རང་གསལ་ཡེ་ཤེས་ལ། །གཉིས་མེད་དོན་གྱིས་གདུང་བའི་མཆོག །ཡོངས་གྲོལ་ལས་ཀྱི་སྐྱབས་ཀྱིས་ཕུལ། །དེ་མཐོང་དེ་ལ་ཞེན་པར་བྱ། །དེ་ལྟར་མཐོང་གོམས་སུ་ཡོད་པ། །གཉིས་ལ་གསུམ་གྱི་སྐྱེ་བ་འབྱུང་། །དེ་ལ་བརྟེན་པས་དོན་གྲུབ་ཕྱིར། །འབྲས་བུའི་ཏིང་འཛིན་རིམ་བཞིན་བསྒོམ། །སེམས་ཉིད་ཡི་གེ་ཕྱག་རྒྱ་དང་། །སྐུ་ཡི་ངོ་བོར་རང་སྣང་ཕྱིར། །འབྲས་བུ་རྒྱ་གཅིག་སྤྲོས་བསྒོམ་པའང་། །སྔོན་རྗེས་གཅིག་ལ་གོམས་བྱས་ནས། །རྣལ་འབྱོར་རིག་པ་དབྱིབས་མེད་འཐུ། །ཁ་དོག་མེད་པའི་ཁ་དོག་ལྔ། །གང་རུང་ཉིད་དམ་གཙོར་ཧཱུྃ་བསྒོམ། །དེ་ལ་ཁ་དོག་མེད་སྒོ་དབྱིབས། །མེད་པའི་ཐུགས་ཡིག་རང་རིག་ཤར། །བརྟན་ནས་རྒྱ་གཉིས་རིམ་བརྟན་བྱ། །ཡོངས་འགྱུར་རྒྱ་ཆེན་ཞལ་གཅིག་ལ། །ཕྱག་གཉིས་ཡན་ལག་ཚང་བྱས་ལ། །རང་བཞིན་བབ་མཆོག་བཟླས་པ་བྱ། །དེ་གོམས་དྲུག་ལའང་དེ་བཞིན་ནོ། །ཡང་ན་མོས་པས་ཁྲོ་བོར་བསྒོམ། །དེ་ཡང་དེའི་ཚུལ་བཞིན་བྱ། །སྤྱོད་ཡུལ་དྲུག་ཉིད་ཕྱག་རྒྱར་བསྡམ། །བརྟན་ན་སྤྲོས་པའི་རྣལ་འབྱོར་ལ། །ཞི་ཁྲོ་གང་ལ་སྔོན་བྱས་པའི། །ཞལ་ཕྱག་གྲངས་དང་ཕྱག་རྒྱའི་གྲངས། །གསུམ་དང་ལྔ་དང་དགུ་རྩ་གཅིག །དགུ་བརྒྱ་ལ་སོགས་ཞལ་ཕྱག་དང་། །རིགས་གསུམ་ལྔ་དང་བཞི་བཅུ་གཉིས། །རིགས་སམ་ཚོམ་བུའི་གྲངས་བཞིན་བརླབ། །གོམས་ནས་ཆུ་ལས་ཉ་ལྡང་ཚུལ། །སྐད་ཅིག་བརྗོད་པས་འོད་དུ་འབར། །སྟོང་གི་དཀྱིལ་འཁོར་མན་ཆད་དུ། །རང་རིག་གསལ་ཤར་མཐར་ཕྱིན་པའོ། །སྟོང་ཁྲི་ཅི་སྨོས་ཚོམ་བུ་ཡང་། །ཤིན་ཏུ་བསྟན་ནས་གནས་ཁང་དང་། །ཡོ་བྱད་ལྔ་སོགས་ལྡན་བྱས་ཏེ། །སྒྲུབ་པ་དུས་ཀྱི་ཚོགས་ལ་སྦྱར། །ཟླ་དྲུག་བཅུ་གཉིས་བཅུ་བཞི་དྲུག །ཁམས་དང་བརྩོན་འགྲུས་ཤེས་རབ་དང་། །ཏིང་འཛིན་རབ་འབྲིང་མཐར་ཕྱེ་བས། །དུས་དེར་རྣམ་སྨིན་ལུས་དེ་ཉིད། །རྡོ་རྗེའི་ལུས་གྱུར་ཚེ་ལ་སྦྱོར། །མི་ལྡོག་ས་ལ་ངེས་པར་ཕྱིན། །ཤེས་རབ་ཏིང་འཛིན་ལྡན་མིན་པའི། །སྨན་སྔགས་ལ་སོགས་ཚེ་ལས་འཕགས། །ལྡོག་བཅས་བཞི་དང་སྦྱོར་ལམ་དུ། །རྡོ་རྗེའི་ལུས་སུ་མ་གྲུབ་པས། །རྐྱེན་གྱི་ལས་ཀྱིས་ལུས་འཛིན་ན། །སྤྱོད་ཡུལ་འགྱུར་ཚེ་རང་རིག་གི། །རྣལ་འབྱོར་གསལ་བྱས་སྟོབས་ཆེ་བས། །ལས་ངན་རྒྱུན་གཅོད་འབྲེལ་བ་ཡིས། །བདེ་གཤེགས་སྔགས་དང་བཀོར་མི་འགྱུར། །བཤེས་གཉེན་དམ་མཐོང་ལམ་ལ་སྦྱོར། །མདོར་ན་ཤེས་འཇུག་དྲུག་ལ་ཡང་། །སྐབས་ཀྱིས་རྒྱུ་རྐྱེན་འབྲས་གསུམ་ལྡན། །དེ་དེ་དེར་ཡང་དགོས་ཆེད་གཉིས། །འཇུག་ཚུལ་གཉིས་ཀྱིས་སྦྱོར་བར་བྱེད། །སྤྱོད་པ་རྒྱུན་གྱི་ཚོགས་བསགས་ཕྱིར། །བདག་དང་གཞན་དོན་བསྒྲུབ་བྱ་པ། །ཟག་ལྡོག་མཐོང་ལམ་སློབ་བྱེད་པའི། །སྤྱོད་བྱེད་བཅུ་མཐར་འབྱིན་བྱེད་པའོ། །རྣལ་འབྱོར་དང་པོ་དག་ཕྱིར་དུ། །བྱ་བྱེད་མི་དམིགས་ཚུལ་ལ་སྤྱོད། །གཉིས་པ་ཚད་མེད་བཞི་ལ་རོལ། །གསུམ་པ་རྣལ་འབྱོར་ཕྱོགས་ལ་འབད། །བཞི་པ་རྣལ་འབྱོར་སྤྲོས་ལ་སྤྱོད། །ལྔ་པ་དུས་ཀྱི་ཚོགས་ལ་རོལ། །གཞན་ཕྱིར་སོ་སོའི་རྣལ་འབྱོར་གྱིས། །དོན་བྱེད་ཅི་སྨོས་དང་པོ་བཅུ། །གཞན་ལ་སྟོན་ཅིང་བཀྲི་བར་བྱེད། །སྤྱོད་ལྔ་མོས་སློབ་ཏིང་འཛིན་དངོས། །གཉིས་ཀ་དབྱིངས་མིན་གྲོལ་བར་སྤྱོད། །དབང་བསྒྱུར་ཐབས་ཀྱི་སྤྱོད་འདྲ་ཡང་། །རྣལ་འབྱོར་མཐུ་ཡིས་ཁྱད་པར་འགྱུར། །དེ་བཞིན་ལས་བཞི་ཚད་མེད་བཞི། །འཚམས་པར་དུས་ལ་སྤྱོད་པ་ཡང་། །ཤེས་རབ་ཏིང་འཛིན་སྟོབས་ཀྱིས་ཕྱེ། །བདག་དང་གཞན་ཕྱིར་སྤྱོད་ལམ་དུ། །རྣལ་འབྱོར་རིམ་བཞིན་སྤྱོད་ལམ་བསྡམ། །ལོངས་སྤྱོད་རྣམ་དྲུག་རྣལ་འབྱོར་རིམ། །མཐུན་སྤྱོད་རང་གྲོལ་གཞན་མོས་གཞུག །ལོངས་སྤྱོད་བདེ་བའི་བསོད་ནམས་ཚོགས། །ཟིན་ཆགས་བྲལ་བའི་ཡེ་ཤེས་མོད། །དེ་དེའང་ས་ཡི་ཟག་དང་སྦྱོར། །ལམ་བཞིས་ཟག་མེད་སློབ་པར་འགྱུར། །མཉན་བསམ་མཐོང་བའི་བསོད་ནམས་དང་། །དབང་དང་རྣལ་འབྱོར་སྒྲུབས་པ་དང་། །མཆོད་དང་ཕྲིན་ལས་དཀྱིལ་འཁོར་དང་། །སྤྱོད་པ་ཀུན་དང་ཚོགས་གཉིས་ཏེ། །སྤྱོད་དང་མ་ཆགས་ཆ་ཡིས་དབྱེ། །རྒྱུ་ཚོགས་གདོད་མཐར་ལྡན་པར་སྤྱོད། །བདག་ཕྱིར་རྣལ་འབྱོར་གྲོགས་སྤྱོད་པའང་། །སྤྱོད་ལམ་ཀུན་ཏུ་ཉམས་མི་བྱ། །དེ་ཉིད་གཞན་ཕྱིར་སེམས་ཡོད་པས། །དོན་དུ་བྱ་བ་རྣམ་གཉིས་རྫོགས། །དེ་དེ་དེ་ཡི་ནུས་པ་ཅན། །རྣམ་སྨིན་ཚེ་ཡི་ལུས་ཕྱེ་ནས། །ལྷག་མ་ཡོད་མེད་ལུང་བསྟན་པ། །མཐར་ལམ་དངོས་ལ་སྦྱོར་བར་བྱེད། །ཕྱག་རྒྱ་གཅིག་བརྟན་འཕོ་བ་ཡང་། །ཁྱུང་དང་སེང་གེ་ཇི་བཞིན་ནོ། །སྤྲོས་ཚོགས་སྐབས་ནས་སྨོས་ཅི་དགོས། །ཡིད་ཀྱིས་ལྷ་ཡི་ལུས་བརྟན་ཞིང་། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་ན། །ལྷག་མ་བཟང་པའི་བར་མ་ལ། །དེ་མེད་ཕྱག་རྒྱ་ཆེན་པོར་སྨིན། །ལས་ཀྱིས་ལུས་སྦུབས་རྣལ་འབྱོར་སྨིན། །མ་རིག་ཆ་ལ་མིང་བཏགས་པས། །སྨིན་པའི་ཡེ་ཤེས་ལུས་སུ་གྲུབ། །རྒྱ་མིག་རྒྱ་ས་ལྟ་བུའི་ཚེ། །དགོངས་སྤྱོད་འགྱུར་ས་གསུམ་འདྲར་སྤྱོད། །སྔོན་བཞིན་ཚོགས་ཀྱིས་དབང་བསྒྱུར་རིམ། །འཛིན་སྤྱད་དེ་ཉིད་ཀྱི་གྲུབ་པ། །གཞན་ཕྱིར་བསྐལ་པར་གནས་མོད་ཀྱང་། །བདག་ཕྱིར་བཅུ་དྲུག་ཚུན་ཆད་རྫོགས། །དེ་ཚེ་བསམ་ཡས་ལྷུན་གྲུབ་ལ། །བསྒོམ་མཐོང་སྟོབས་ཀྱིས་འཇིགས་དང་བྲལ། །ཤེས་འཇུག་རྒྱུ་རྐྱེན་སྟོབས་ཀྱིས་སྐྱེ། །མཐོང་ནས་གཉིས་མེད་སྐུ་རྫོགས་པ། །མཐར་ཕྱིན་ལྷག་མའི་ལུས་སྨིན་ཏེ། །ཡེ་ཤེས་སྐུ་ལུས་ཉིད་དུ་གྲུབ། །གཞན་ཕྱིར་སྨིན་དང་སྤྲུལ་པའི་ལུས། །ཐོབ་ནས་ཚོགས་ཆེན་ས་ལ་སྦྱོར། །ཁ་ཅིག་དབང་བསྒྱུར་རིགས་ཉིད་ནས། །བཅུ་དྲུག་རྒྱུན་གྱི་སྐུ་ལྔ་རྫོགས། །ཁ་ཅིག་ཕྱག་རྒྱ་ཆེན་པོ་ནས། །བླ་མེད་ཀུན་ཏུ་བཟང་པོར་སྦྱོར། །རིན་ཆེན་བཞི་ཡི་རྒྱ་མཚོ་ལ། །ཞོ་མར་མི་ཡི་སྣང་བྱེད་ལྟར། །ཁ་ཅིག་རྣམས་གསུམ་བགྲོད་པའི་མཐར། །ལྷུན་གྲུབ་རིགས་ལ་རྫོགས་འཚང་རྒྱ། །ཤེས་རབ་དབང་ལྔ་རྣལ་འབྱོར་བདག །གཞི་གཅིག་སློབ་པ་བསམ་ཡས་པ། །རྣལ་འབྱོར་བོགས་ལ་སྐབས་མིང་བརྗོད། །མི་ལྡོག་མི་གཡོ་མཐར་ཕྱིན་པའང་། །ཀུན་འགྲོ་འཇིགས་བྲལ་ཡོངས་རྫོགས་དང་། །རྩལ་རྫོགས་ཐ་མའི་སྦྱོར་ཞེས་བྱ། །བདག་གཞན་ཕྱིར་ན་སྤྱོད་པ་ལྔ། །ཚད་མེད་ལ་སོགས་སྤྱད་པ་རྣམས། །མི་གོས་མོད་ཀྱང་སྒྲིབ་པ་གསུམ། །གོང་འོག་ཆ་ཡིག་དག་པའི་ཕྱིར། །དེ་ཉིད་ལམ་ལ་ཁྱད་པར་འགྱུར། །ཡུལ་དང་ནུས་པ་མཐོ་དམན་ཡོད། །དེ་བཞིན་མངོན་ཤེས་སྤྱོད་པ་ཡིས། །ཆོ་འཕྲུལ་བཞི་རྣམས་འདྲར་ཐོབ་མོད། །རྣམ་གསུམ་ཡུལ་དང་ཞིང་ཁམས་དང་། །བྱིན་རླབས་ལ་སོགས་ཁྱད་པར་འགྱུར། །བདག་ཕྱིར་ཡོངས་སུ་མ་ཆགས་དང་། །ཤིན་ཏུ་མི་གཡོའི་རྣལ་འབྱོར་སྤྱོད། །ཡེ་ཤེས་རྩལ་གྱི་སྤྱོད་པ་ཡིས། །ས་རྣམས་ཡོངས་སུ་འཕར་བར་བྱེད། །དེ་ཡང་དང་པོ་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་དེ། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོ། །དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས། །ལྟ་བའི་སྒྲིབ་པ་ཕྱེ་ཕྱིར་རོ། །མཐོང་བས་ཆེད་དུ་ཆོ་འཕྲུལ་སྟོན། །རྣལ་འབྱོར་མི་གཡོ་བཞིན་འཕྲུལ་དང་། །བཙལ་བ་མེད་པར་ཆོ་འཕྲུལ་མཛད། །དེ་དེ་དེ་ཡིས་ཕྱེ་བ་ཡིན། །དེ་མཐའ་ལྷུན་གྱིས་གྲུབ་པ་དེ། །དྲུག་པའི་རྒྱལ་ཚབ་སྐྱེས་བུ་མཛད། །གསང་བའི་འཁོར་ལོ་ཡང་དག་སྐོར། །ཀུན་ལ་མཐུན་པའི་གཟུགས་སྟོན་ཞིང་། །མཛད་པ་བཅུ་གཉིས་ཆོས་ཀྱང་སྟོན། །སོ་སོར་ཐར་པའི་ལམ་ཡང་སྟོན། །ལས་རྣམས་ཐམས་ཅད་ཀུན་བྱས་ནས། །སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །དེས་ན་མཐུ་ཅན་རྣམ་གསུམ་པོ། །སྤྲུལ་པ་ལོངས་སྤྱོད་དྲུག་པ་ལ། །རིམ་པར་ཞལ་མཐོང་ཀན་མོད་ཀྱང་། །གཅིག་གི་སྟོན་པར་གཅིག་འགྱུར་བས། །རིམ་པ་བཞིན་དུ་བླར་གྱུར་ཏེ། །ཁྱད་པ་ཆེ་བ་དེ་ལྟར་ཡང་། །སྐབས་ནས་རྫོགས་སངས་རྒྱས་འགྱུར་བ། །རྒྱུ་དང་དགོས་དགོངས་དབང་ཕྱེ་བ། །ཁྱད་པར་མེད་སྣང་དེ་འདྲ་ལ། །དེ་ཕྱིར་མཉམ་པར་ལྟ་མ་ཡིན། །དེ་ལྟར་རྣམས་གསུམ་གང་ཞིག་ལ། །ཐམས་ཅད་མཁྱེན་པ་མངོན་བྱས་པས། །རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དུ། །ཡེ་ཤེས་ལྷ་མོ་རོལ་དབང་གིས། །སེང་གེ་ལྟ་བུའི་གསུང་གོ་བས། །དངོས་པོ་རང་བྱུང་ཡེ་ཤེས་མྱོང་། །རྡོ་རྗེ་འཛིན་པའི་སྤྱི་གཟུགས་ཅན། །སྐུ་གསུང་ཐུགས་ལྔ་རྫོགས་པ་དེས། །བྱིན་རླབས་འབྱིན་དང་བསྟན་པའི་ཕྱིར། །ལྔ་གསུམ་ཀུན་གྱིས་བརྟན་པར་ཟད། །དེ་ཕྱིར་མུན་པ་རྣམ་གཉིས་སོ། །རྣལ་འབྱོར་ཡེ་ཤེས་སྟོབས་དང་ནི། །རིམ་པ་ཐོབ་པའི་སྟོབས་བཅོམ་པས། །ས་པའི་ཡེ་ཤེས་ཕྱོགས་བྲལ་རྒྱས། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ངོ་མཚར་འབྲས་བུ་གཞན་མེད་དེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །སྤྱོད་ཡུལ་བྲལ་བས་མ་ཆགས་ཕྱིར། །ཆུ་སྐྱེས་ཅན་གྱི་ས་ཡང་ཐོབ། །ཕུང་སོགས་རང་བཞིན་དཀྱིལ་འཁོར་དེར། །མངོན་བྱས་ཚོགས་ཆེན་ས་ཡང་རྫོགས། །དེ་ཉིད་རང་བྱུང་འོད་གསལ་བ། །མངོན་གྱུར་ཡེ་ཤེས་བླ་མའོ། །ཀུན་གཞི་མ་བཅོས་མངོན་བྱས་ཕྱིར། །དེ་བཞིན་ཉིད་དུ་གཤེགས་པ་ཡང་། །དྲུག་འགྲོ་བརྒྱད་རྒྱུད་ཐ་དད་ཀྱང་། །རིགས་རྒྱུད་མིན་ཕྱིར་ཤིན་ཏུ་གཅིག །གཅིག་པོ་མ་འདྲེས་ཡོངས་རྫོགས་པས། །ཐམས་ཅད་མཁྱེན་ཉིད་བསམ་ཡས་ཀྱང་། །རང་རིག་དེ་བཞིན་ཉིད་དུ་འདུས། །དེ་ཉིད་ཐབས་ཆེན་མ་འདྲེས་ཕྱིར། །གཅིག་དང་དུ་མ་བྲལ་བར་གཅིག །རང་སེམས་ལྷུན་གྲུབ་མཐའ་བྲལ་དེ། །གདོད་ནས་ཆ་ཤས་གཉིས་མེད་པས། །མ་འདྲེས་ཡོངས་རྫོགས་སྙིང་པོ་དེ། །མངོན་བྱས་འདྲ་ཕྱིར་ཀུན་ཀྱང་གཅིག །དུས་བཞི་སེམས་ཕྱིར་རྒྱུན་བྲལ་བའི། །གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །དེ་ཕྱིར་གནས་དེར་ཀུན་ཀྱང་གཅིག །སེམས་ཉིད་གདོད་ནས་ཆོས་སྐུ་ཆེ། །དེ་བཞིན་ཉིད་ཀྱི་དེ་ཉིད་ནི། །དཔག་མེད་སངས་རྒྱས་ཕོ་བྲང་ཕྱིར། །དེ་རུ་ཀུན་བཀོད་དེར་གཅིག་གནས། །འགྲོ་བའི་དུས་ན་རྒྱུད་དྲུག་ཉིད། །རིག་རྒྱུད་མཚན་དང་གཟུགས་རིས་མེད། །དེ་ཡང་དེ་ཕྱིར་རྒྱལ་བའི་རྒྱུད། །གནས་འགྱུར་ཆ་གཟུགས་ག་ལ་ཡོད། །འོན་ཏེ་ཐམས་ཅད་གཅིག་ཞེ་ན། །གནས་འགྱུར་རྫུན་ཞིང་སྟོང་མཐར་འགྱུར། །དོགས་པ་སྐྱེ་བ་ཀུན་གཞིའི་སེམས། །གདོད་ནས་རང་བྱུང་ལྷུན་རྫོགས་ཀྱང་། །མཚན་ཉིད་མཐའ་བྲལ་བཀོད་མེད་པའི། །འཁོར་བ་མྱ་ངན་འདས་ཀུན་དངོས། །སྨྲ་བསམ་བྲལ་བས་འདི་འདྲར་མེད། །ཡེ་ཤེས་ལྔའམ་རང་བྱུང་གི། །ཆ་ལས་བཏགས་ཀྱི་གཞན་པ་མེད། །དེ་ཕྱིར་གཅིག་མཐར་ལྟུང་བ་མེད། །རྒྱལ་བ་དེ་ཉིད་རིན་ཆེན་ལྟར། །ཀུན་གྱི་སྤྱི་གཟུགས་ཡིན་པའི་ཕྱིར། །རྒྱལ་ཚབ་ལྔ་ལ་རིས་ཡོད་ཀྱི། །ཡང་དག་རྫོགས་སངས་རྒྱས་ལ་མེད། །རྒྱལ་བ་ཀུན་ཀྱང་དུས་གསུམ་ཆོས། །བདག་ཕྱིར་ཀུན་གྱི་སྤྱི་གཟུགས་ཅན། །ཆ་གཉིས་ཡོད་པར་གང་གིས་རུང་། །ཡོད་ན་བདག་ཉིད་ཆེན་པོ་རྫུན། །འོད་ཟེར་ཉི་མའམ་ཤིང་མེ་བཞིན། །ངོ་བོ་གཅིག་ལ་ཡེ་ཤེས་རྒྱུད། །སོ་སོ་ཡིན་ན་སྤྲུལ་པ་ཡང་། །གདུལ་བྱ་གཅིག་ལ་མཐུན་པར་སྣང་། །སེམས་དཔའ་ཆེ་དང་ཁྱད་མེད་འགྱུར། །སྤྱན་དྲངས་འབྱོན་དང་མི་འབྱོན་འབྱུང་། །གཞི་དོན་ལུང་རིག་ཀུན་དང་འགལ། །ཐུགས་རྗེས་འབྲེལ་བའི་རིགས་ཆད་འགྱུར། །དེ་ཕྱིར་ཤིང་གི་མེ་དཔུང་ལྟར། །ཡེ་ཤེས་སྟོན་པ་བཀྲི་དྲངས་ཕྱིར། །རུང་གིས་ཡང་དག་ངེས་པ་མེད། །དེ་བས་སངས་རྒྱས་ཡང་སངས་རྒྱས། །ལོག་པར་རྟོགས་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །མཐོ་དམན་ཀུན་གྱི་གཟུགས་སྣང་ཡང་། །བླ་མེད་བྱང་ཆུབ་སྐུར་སྣང་བ། །མེ་ལོང་ལྟ་བུའི་ཚུལ་བཞིན་དུ། །སྣ་ཚོགས་ཁ་དོག་དབྱིབས་སུ་སྣང་། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །བྱང་ཆུབ་སྙིང་པོའི་ངང་ཉིད་དུ། །མཁའ་དང་འཇའ་ལྟར་མ་འདྲེས་གཅིག །དེ་ཕྱིར་ཡུལ་མེད་ཐམས་ཅད་མཁྱེན། །དཔག་བསམ་ཤིང་དང་རིན་ཆེན་ལྟར། །རྟོག་པ་མེད་པར་རེ་བ་སྐོང་། །ཉི་ཟླ་ཆུ་དང་གཟུགས་བརྙན་ལྟར། །འགྲོ་འོང་མེད་པར་ཀུན་ལ་སྣང་། །སྐུ་གསུང་ཐུགས་ཀྱི་བྱེ་བྲག་ཆོས། །ཇི་ལྟར་འཚམས་པ་འགྲོལ་བར་མཛད། །ཐུགས་རྗེས་འགྲོ་བའི་སེམས་ལ་སོན། །དུས་གནས་ཀུན་ལ་སྙོམས་པར་ཞུགས། །འགྲོ་བ་ལམ་ལོག་ལམ་སྟོར་ཞིང་། །དབང་པོ་ལྔ་བྲལ་གཅོང་རྙིང་གིས། །ཟིན་ཕྱིར་ལམ་མཆོག་སྨན་ཆེན་འདི། །བསྡུས་པས་མཐའ་ཡས་རྒྱལ་བར་ཤོག །སྒྱུ་འཕྲུལ་དྲྭ་བའི་ལམ་རྣམ་པར་བཤད་པ་ཆུང་ངུ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས་སོ།། །།

མན་ངག་ལྟ་བའི་ཕྲེང་བ། སློབ་དཔོན་པདྨ།

མན་ངག་ལྟ་བའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ལྟ་བ་དང་ཐེག་པ་ལ་སོགས་པའི་ཁྱད་པར་བསྡུས་པའི་བསྐྱུད་བྱང་། བཅོམ་ལྡན་འདས་འཇམ་དཔལ་ཞོན་ནུ་དང་། རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཕྱིར་ཅི་ལོག་གི་ལྟ་བ་གྲངས་མེད་པ་མདོ་རྣམ་པ་བཞིར་འདུས་ཏེ། ཕྱལ་བ་དང་། རྒྱང་འཕེན་དང་། མུར་ཐུག་དང་། མུ་སྟེགས་པའོ། །དེ་ལ་ཕྱལ་བ་ནི་ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་ཡོད་མེད་དུ་མ་རྟོགས་ཏེ། ཀུན་ཏུ་རྨོངས་པའོ། །རྒྱང་འཕེན་ནི་ཚེ་སྔ་ཕྱི་ཡོད་མེད་དུ་མ་རྟོགས ཤིང་། ཚེ་གཅིག་ལ་བཙན་ཕྱུག་དང་མཐུ་སྟོབས་སྒྲུབ་པ་སྟེ། འཇིག་རྟེན་གྱི་གསང་ཚིག་ལ་བརྟེན་པའོ། །མུར་ཐུག་པ་ནི་ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་མེད་པ་ཏེ། ཚེ་གཅིག་ལ་སྐྱེས་པའི་ཆོས་ཐམས་ཅད་གློ་བུར་དུ་སྐྱེས་ལ་མཐའ་ཆད་པར་ལྟ་བའོ། །མུ་སྟེགས་པ་ནི་ཆོས་ཐམས་ཅད་ལ་ཀུན་ཏུ་བརྟགས་པས་བདག་རྟག་པ་ཞིག་ཡོད་པར་ལྟ་བ་སྟེ། དེ་ལ་ཡང་རྒྱུ་མེད་ལ་འབྲས་བུ་ཡོད་པར་ལྟ་བ་དང་། རྒྱུ་འབྲས་ལོག་པར་ལྟ་བ་དང་། རྒྱུ་ཡོད་པ་ལ་འབྲས་བུ་མེད་པར་ལྟ་བ་དང་། འདི་དག་ནི་མ་རིག་པའི་ལྟ་བའོ། །འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་ཀྱི་ཐེག་པ་དང་། རྡོ་རྗེའི་ཐེག་པའོ། །མཚན་ཉིད་ཀྱི་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པའོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཆོས་ཐམས་ཅད་ལ་མུ་སྟེགས་པ་ལ་སོགས་པས་སྒྲོ་དང་སྐུར་བས་ཀུན་ཏུ་བརྟགས་པས། ཡེ་མེད་པ་ཆད་པའི་ལྟ་བ་དང་། རྟག་པ་ལ་སོགས་པའི་ཡོད་པར་ལྟ་བ་ནི། ཐག་པ་ལ་སྦྲུལ་དུ་མཐོང་བ་བཞིན་དུ་མེད་དེ། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་དང་། རྣམ་པར་ཤེས་པ་ནི་དོན་དམ་པར་ཡོད་པར་ལྟ་ཞིང་། འཕགས་པའི་བདེན་པ་བཞི་བསྒོམས་པས་རིམས་གྱིས་འབྲས་བུ་རྣམ་པ་བཞི་འགྲུབ་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཆོས་ཐམས་ཅད་ལ་མུ་སྟེགས་ལ་སོགས་པས་སྒྲོ་དང་སྐུར་བས་ཀུན་ཏུ་བརྟགས་པའི་བདག་རྟག་པ་ལ་སོགས་པ་མེད་པར་ལྟ་བ་ཉན་ཐོས་དང་མཐུན། དེ་ལས་ཁྱད་པར་དུ་གཟུགས་ཀྱི་ཕུང་པོའི་ཆོས་ཁམས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་ཤིང་། རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པའི་དུས་ནའང་། ཉན་ཐོས་ལྟར་དགེ་བའི་བཤེས་གཉེན་ལ་མི་ལྟོས་པར་སྔོན་གོམས་པའི་ཤུགས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱིི་སྒོ་ནས་ཆོས་ཉིད་ཟབ་མོའི་དོན་རྟོགས་ནས། རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་ཡིན་ནོ། ༈ །བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་དོན་དམ་པར་ནི་རང་བཞིན་མེད་པ་ཡིན་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་ཙམ་དུ་སོ་སའི་མཚན་ཉིད་མ་འདྲེས་པར་ཡོད་དེ། ཕ་རོལ་ཏུ་ཕྱིན་པ་བཅུ་སྤྱད་པའི་འབྲས་བུ་ས་བཅུ་རིམ་གྱིས་བགྲོད་པའི་མཐར་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པར་འདོད་པ་ཡིན་ནོ། ༈ །རྡོ་རྗེ་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ། བྱ་བའི་རྒྱུད་ཀྱི་ཐེག་པ་དང་། གཉིས་ཀ་རྒྱུད་ཀྱི་ཐེག་པ་དང་། རྣལ་འབྱོར་གྱི་ཐེག་པའོ། །དེ་ལ་བྱ་བའི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། དོན་དམ་པར་སྐྱེ་འགགས་མེད་པ་ལས། ཀུན་རྫོབ་ཏུ་ལྷའི་གཟུགས་ཀྱི་སྐུར་སྒོམ་ཞིང་སྐུའི་གཟུགས་བརྙན་དང་། ཐུགས་མཚན་དང་། བཟླས་བརྗོད་དང་། གཙང་སྦྲ་དང་། དུས་ཚིག་དང་། གཟའ་དང་། རྒྱུ་སྐར་ལ་སོགས་པ་གཙོ་བོར་ཡོ་བྱད་དང་རྒྱུ་རྐྱེན་ཚོགས་པའི་མཐུ་ལས་འགྲུབ་པའོ། ༈ །གཉིས་ཀ་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། དོན་དམ་པར་སྐྱེ་འགགས་མེད་པ་ལས། ཀུན་རྫོབ་ཏུ་ལྷའི་གཟུགས་ཀྱི་སྐུ་བསྒོམ་ཞིང་། དེ་ཉིད་རྣམ་པ་བཞི་དང་ལྡན་པར་སྒོམ་པའི་ཏིང་ངེ་འཛིན་དང་། ཡོ་བྱད་དང་རྒྱུ་རྐྱེན་ལ་སོགས་པ་གཉིས་ཀ་ལ་བརྟེན་པ་ལས་འགྲུབ་པའོ། ༈ །རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི་རྣམ་པ་གཉིས་ཏེ། རྣལ་འབྱོར་ཕྱི་པ་ཐུབ་པའི་རྒྱུད་ཀྱི་ཐེག་པ་དང་། རྣལ་འབྱོར་ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །དེ་ལ་རྣལ་འབྱོར་ཕྱི་པ་ཐུབ་པའི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཕྱི་ཡོ་བྱད་ལ་གཙོ་བོར་མི་འཛིན་པར་དོན་དམ་པ་སྐྱེ་འགགས་མེད་པའི་ལྷ་དང་ལྷ་མོ་དང་། དེ་དང་འདྲ་བའི་རྒྱུད་ཡོངས་སུ་དག་པའི་ཏིང་ངེ་འཛིན་གྱིས་འཕགས་པའི་གཟུགས་ཀྱི་སྐུ་ཕྱག་རྒྱ་བཞི་ལྡན་པར་བསྒོམས་པའི་རྣལ་འབྱོར་གཙོ་བོར་བྱས་པ་ལས་གྲུབ་པའོ། །རྣལ་འབྱོར་ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི་རྣམ་པ་གསུམ་སྟེ། བསྐྱེད་པའི་ཚུལ་དང་། རྫོགས་པའི་ཚུལ་དང་། རྫོགས་པ་ཆེན་པོའི་ཚུལ་ལོ། །དེ་ལ་བསྐྱེད་པའི་ཚུལ་ནི། ཏིང་ངེ་འཛིན་རྣམ་པ་གསུམ་རིམ་གྱིས་བསྐྱེད་དེ་དཀྱིལ་འཁོར་རིམ་གྱིས་བཀོད་ཅིང་བསྒོམ་པས་འགྲུབ་པའོ། །རྫོགས་པའི་ཚུལ་ནི། དོན་དམ་པར་སྐྱེ་འགགས་མེད་པའི་ལྷ་དང་ལྷ་མོ་དང་། རྣམ་པར་མི་རྟོག་པའི་དོན་དབུ་མ་ཆོས་ཀྱི་དབྱིངས་ལས་ཀྱང་མ་གཡོས་ལ། ཀུན་རྫོབ་ཏུ་འཕགས་པའི་གཟུགས་ཀྱི་སྐུ་ཡང་གསལ་བར་བསྒོམས་ཤིང་མཉམ་ལ་མ་འདྲེས་པར་བསྒོམ་པས་གྲུབ་བོ། ༈ །རྫོགས་པ་ཆེན་པོའི་ཚུལ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཡེ་ནས་ཡིན་པར་རྟོགས་ནས་བསྒོམ་པ་སྟེ། དེ་ཡང་རྒྱུད་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་རྣམ་པར་དག །ཅེས་འབྱུང་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ནས་མ་སྐྱེས་ལ། བྱ་བ་བྱེད་ནུས་པའི་སྒྱུ་མ་བདེ་བར་གཤེགས་པ་ཡབ་ཡུམ་བཅུ་ལ་སོགས་པའི་རང་བཞིན་ཡེ་ནས་ཡིན་པའི་ཕྱིར། ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟེ། ཆེན་པོ་ལྔ་ནི་ཡུམ་ལྔའི་རང་བཞིན། ཕུང་པོ་ལྔ་ནི་རིགས་ལྔའི་སངས་རྒྱས། རྣམ་པར་ཤེས་པ་བཞི་ནི་བྱང་ཆུབ་སེམས་དཔའ་བཞིན་རང་བཞིན། ཡུལ་བཞི་ནི་མཛེས་པའི་ལྷ་མོ་བཞིའི་རང་བཞིན། དབང་པོ་བཞི་ནི་བྱང་ཆུབ་སེམས་དཔའི་རང་བཞིན། དུས་བཞི་ནི་མཆོད་པའི་ལྷ་མོ་བཞིའི་རང་བཞིན། ལུས་ཀྱི་དབང་པོ་དང་། རྣམ་པར་ཤེས་པ་དང་། ཡུལ་དང་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ནི་ཁྲོ་བོ་བཞིའི་རང་བཞིན། རྟག་ཆད་མུ་བཞི་ནི་ཁྲོ་མོ་བཞིའི་རང་བཞིན། ཡིད་ཀྱི་རྣམ་པར་ཤེས་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཀུན་ཏུ་བཟང་པོའི་རང་བཞིན། ཡུལ་ཆོས་འདུས་བྱས་དང་འདུས་མ་བྱས་ནི་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོའི་རང་བཞིན་ཏེ། དེ་དག་ཀྱང་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རང་བཞིན་ཡིན་གྱི། དེ་ལམ་གྱིས་སྒྲུབ་པ་མ་ཡིན་ནོ། །དེ་ལྟར་ཕྱོགས་བཅུ་དུས་གསུམ་དང་། ཁམས་གསུམ་ལ་སོགས་པ་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་རང་གི་སེམས་ལས་གུད་ན་མེད་དེ། ཇི་སྐད་དུ། རང་སེམས་སོ་སོར་རྟོག་པ་ནི། །སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །འཇིག་རྟེན་གསུམ་པོ་དེ་ཉིད་དོ། །འབྱུང་བ་ཆེ་རྣམས་དེ་ཉིད་དོ། །ཞེས་འབྱུང་ངོ་། །ཇི་སྐད་དུ། ཆོས་རྣམས་ཐམས་ཅད་ནི་སེམས་ལ་གནས་སོ། །སེམས་ནི་ནམ་མཁའ་ལ་གནས་སོ། །ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ། །ཞེས་འབྱུང་བ་དང་། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ། །ཆོས་ཐམས་ཅད་ནི་གདོད་མ་ནས་རྣམ་པར་དག་པའོ། །ཆོས་ཐམས་ཅད་ནི་ཡོངས་ཀྱི་འོད་གསལ་བའོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །ཆོས་ཐམས་ཅད་ནི་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཞེས་གསུངས་སོ། །འདི་ནི་རྫོགས་པ་ཆེན་པོའོ། །རྫོགས་པ་དེ་ལ་རྫོགས་པ་ཆེན་པོའི་ཚུལ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ། འབྲས་བུའི་ཆོས་ལྷུན་གྱིས་གྲུབ་པའམ། ཚུལ་འདི་ནི་དོན་ལ་འཇུག་པའོ། །ཆེན་པོའི་ཚུལ་དེ་ནི། རྟོགས་པ་རྣམས་བཞིའི་ལམ་གྱིས་ཡིད་ཆེས་ཏེ། རྟོགས་པ་རྣམ་པ་བཞི་ནི། རྒྱུ་གཅིག་པར་རྟོགས་པ་དང་། ཡིག་འབྲུའི་ཚུལ་གྱིས་རྟོགས་པ་དང་། བྱིན་གྱིས་བརླབས་ཀྱིས་རྟོགས་པ་དང་། མངོན་སུམ་པར་རྟོགས་པའོ། །དེ་ལ་རྒྱུ་གཅིག་པར་རྟོགས་པ་ནི། ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པས་སོ་སོ་མ་ཡིན་པ་དང་། ཀུན་རྫོབ་ཏུ་སྒྱུ་མའི་མཚན་ཉིད་དུ་སོ་སོ་མ་ཡིན་པ་དང་། མ་སྐྱེས་པ་ཉིད་ཆུ་ཟླ་ལྟར་སྒྱུ་མ་སྣ་ཚོགས་སུ་སྣང་ཞིང་བྱ་བ་བྱེད་ནུས་པ་དང་། སྒྱུ་མ་ཉིད་ངོ་བོ་མེད་དེ་མ་སྐྱེས་པས་ཀུན་རྫོབ་དང་དོན་དམ་པར་དབྱེར་མེད་པས་རྒྱུ་གཅིག་པར་རྟོགས་པའོ། །ཡིག་འབྲུའི་ཚུལ་གྱིས་རྟོགས་པ་ནི། ཆོས་ཐམས་ཅད་མ་སྐྱེས་པ་ནི་ཨ་སྟེ་གསུང་གི་རང་བཞིན། མ་སྐྱེས་པ་ཉིད་སྒྱུ་མར་སྣང་ཞིང་བྱ་བ་བྱེད་ནུས་པ་ནི་ཨོ་སྟེ་སྐུའི་རང་བཞིན། དེ་ལྟར་རྟོགས་པའི་རིག་པ་སྒྱུ་མའི་ཡེ་ཤེས་མཐའ་དབུས་མེད་པ་ནི་ༀ་སྟེ་ཐུགས་ཀྱི་རང་བཞིན་དུ་རྟོགས་པའོ། །བྱིན་གྱིས་བརླབས་ཀྱིས་རྟོགས་པ་ནི་དཔེར་ན་རས་དཀར་པོ་ལ་དམར་པོར་བྱིན་གྱིས་རློབ་པའི་མཐུ་བཙོད་ལ་ཡོད་པ་བཞིན་དུ། ཆོས་ཐམས་ཅད་སངས་རྒྱས་པར་བྱིན་གྱིས་རློབ་པའི་མཐུ་ཡང་། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གྱིས་མཐུ་བྱིན་གྱིས་བརླབས་པར་རྟོགས་པའོ། །མངོན་སུ མ་པར་རྟོགས་པ་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་གནས་པ་དེ་ཡང་ལུང་དང་མན་ངག་དང་འགལ་བ་ཡང་མ་ཡིན་ལ། ལུང་དང་མན་ངག་གི་ཚིག་ཙམ་ལ་བརྟེན་པ་ཡང་མ་ཡིན་པར། རང་གི་རིག་པས་བློའི་གཏིང་དུ་ཡིད་ཆེས་པས་མངོན་སུམ་དུ་རྟོགས་པའོ། །ལམ་གྱི་ཡིད་ཆེས་པ་ནི། རྟོགས་པ་རྣམ་པ་བཞིའི་དོན་རིག་པ་ཉིད་རྣལ་འབྱོར་པའི་ལམ་སྟེ། དེ་ཡང་རྒྱུ་བསྒྲུབ་པའི་འབྲས་བུ་འབྱུང་བའི་དུས་ལ་ལྟོས་པ་ལྟ་བུ་མ་ཡིན་གྱི། རང་གིས་མངོན་སུམ་དུ་རྟོགས་ཤིང་ཡིད་ཆེས་པའོ། །དེ་ལ་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་འགྱུར་ཏེ། རྟོགས་པ་རྣམ་པ་བཞིའི་ཚུལ་རིག་པ་ནི་ཤེས་པའི་མཚན་ཉིད་དོ། །ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་འཇུག་པའི་མཚན་ཉིད་དོ། །གོམས་པའི་མཐུས་མངོན་དུ་གྱུར་པ་ནི་འབྲས་བུའི་མཚན་ཉིད་དོ། །མཚན་ཉིད་གསུམ་གྱིས་འབྲེལ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་སྟོན་ཏེ། དེ་ལ་འབྲེལ་བ་ནི། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་སུ་བཏགས་པ་ཐམས་ཅད། ཡེ་ནས་སྐུ་གསུང་ཐུགས་ཀྱི་བདག་ཉིད། རང་བཞིན་གྱིས་སངས་རྒྱས་པའི་དབྱིངས་དང་། བྱིན་རླབས་པའི་དོན་རྟོགས་པ་ནི། རྒྱུ་ཤེས་པའི་མཚན་ཉིད་དེ། དེ་ནི་བླ་ན་མེད་པའི་སངས་རྒྱས་སུ་གྲུབ་པའི་རྒྱུ་ཡིན་པའི་དོན་དུ་འབྲེལ་བའོ། །དགོས་པ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམས་པར་བྱང་བའི་ཆོས་དང་། སྨན་ལྔ་དང་། བདུད་རྩི་ལྔ་ལ་སོགས་པར་བཏགས་པ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་མཉམ་པ་ཆེན་པོ་ལ་བླང་དོར་མེད་པར་སྤྱོད་པ་ནི་འཇུག་པའི་མཚན་ཉིད་དོ། །དེ་ཉིད་བླ་ན་མེད་པའི་སངས་རྒྱས་སུ་གྲུབ་པའི་རྒྱུ་ཡིན་པའི་ཕྱིར་དགོས་པའོ། །དགོས་པའི་ཡང་དགོས་པ་ནི། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་དང་། སྨན་ལྔ་དང་། བདུད་རྩི་ལྔ་སོགས་ཁྱད་པར་དུ་བཏགས་པ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་མཉམ་པ་ཆེན་པོའི་ངང་དུ་བླང་དོར་མེད་པར་ལྷུན་གྱིས་གྲུབ་པའི་ཕྱིར། སྲིད་པའི་འཁོར་བ་ཉིད་ཡེ་ནས་བླ་ན་མེད་པའི་སངས་རྒྱས་པའི་རང་བཞིན་མྱ་ངན་ལས་འདས་པའི་མཚན་ཉིད་དུ་ལྷུན་གྱིས་གྲུབ་པ་ཡིན་པས་འབྲས་བུའི་མཚན་ཉིད་དེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་སུམ་དུ་གྱུར་པ་ནི་དགོས་པའི་ཡང་དགོས་པའོ། །དེ་ལ་བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་ཆེན་པོའི་དོན་ལྷུན་གྱིས་གྲུབ་པར་གྱུར་པའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །དེ་ལ་བསྙེན་པ་ནི་བྱང་ཆུབ་སེམས་ཤེས་པ་སྟེ། དེ་ཡང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་ལམ་གྱིས་བསྒྲུབ་ཅིང་གཉེན་པོས་བཅོས་སུ་མེད་པར་རྟོགས་པའོ། །ཉེ་བའི་བསྙེན་པ་ནི་བརྒྱན་བདག་ཉིད་ལྷར་ཤེས་པ་སྟེ། དེ་ཡང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་པས། བདག་ཉིད་ཀྱང་ཡེ་ནས་ལྷའི་རང་བཞིན་ཡིན་གྱི་ད་ལྟ་སྒྲུབ་པ་ནི་མ་ཡིན་པར་རྟོགས་པའོ། །སྒྲུབ་པ་ནི་ཡུམ་བསྐྱེད་པ་སྟེ། དེ་ཡང་ཡུམ་ཆེན་མོ་ནམ་མཁའི་དབྱིངས་ལས། ནམ་མཁའ་ཉིད་ཡུམ་ཆེན་མོ་ས་ཆུ་མེ་རླུང་བཞིར་སྣང་ཞིང་། བྱ་བ་བྱེད་པའི་ཡུམ་ཡེ་ནས་ཡིན་པར་རྟོགས་པའོ། །སྒྲུབ་པ་ཆེན་པོ་ནི། ཐབས་དང་ཤེས་རབ་འབྲེལ་བ་སྟེ། དེ་ཡང་ཡུམ་ཆེན་མོ་ལྔའི་ཤེས་རབ་དང་ཡུམ་གྱི་མཁའ་སྟོང་པ་ཉིད་ལས། ཕུང་པོ་ལྔ་སངས་རྒྱས་ཐམས་ཅད་ཀྱི་ཡབ་སྨོན་པ་མེད་པར་ཡེ་ནས་ཟུང་དུ་གྱུར་པས་འབྲེལ་བ་ལས། བྱང་ཆུབ་སེམས་སྤྲུལ་པ་ལྕམ་དྲལ་དུ་གྱུར་པའི་རང་བཞིན་ནི། ཡེ་ནས་སངས་རྒྱས་པའི་དོན་ལ་སྒྱུ་མ་ལ་སྒྱུ་མ་རོལ་ཅིང་བདེ་མཆོག་སྒྱུ་མའི་རྒྱུ་ལ་བདེ་བའི་དུས་ཉིད་ན། མཚན་མ་མེད་པའི་དོན་མི་དམིགས་མཁའ་དང་སྙོམས་པ་ནི་ཀླུང་དུ་བསྒྱུར་ནས་ལྷུན་གྱིས་གྲུབ་པ་སྟེ། བདུད་རྣམ་བཞི་ཡང་བཏུལ་ནས་མཐར་ཕྱིན་པའི་དོན་འགྲུབ་པའོ། །ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པས། ཡིད་བཞིན་གྱི་གཞལ་ཡས་ཁང་རྒྱ་ཡོངས་སུ་མ་ཆད་པའི་འཁོར་ལོ་ཡེ་ནས་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པ་ཡང་ཐབས་ཀྱིི་ཐེག་པའི་གཞུང་ཐོས་པ་ནི་མི་ཕྱེ་བའོ། །དོན་རྟོགས་པ་ནི་དཀྱིལ་འཁོར་མཐོང་བའོ། །རྟོགས་ནས་གོམས་པར་བྱེད་པ་ནི་དཀྱིལ་འཁོར་དུ་ཞུགས་པའོ། །ཞུགས་ནས་མངོན་དུ་གྱུར་པ་ནི་དངོས་གྲུབ་ཆེན་པོ་ཐོབ་པའོ། ༈ །དེ་ལྟར་ཚུལ་འདི་ནི་རྫོགས་པ་ཆེན་པོའི་མཐར་ཕྱིར་པའི་དོན་ཏོ། །ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་འཇུག་པ་སྟེ། སྐྱེས་བུ་བློ་རྩལ་རབ་ཀྱིས་ཡེ་ནས་སངས་རྒྱས་པའི་དོན་ལ་ཡེ་ནས་སངས་རྒྱས་པར་རིག་ནས། གོམས་པ་དྲག་རྡུལ་དུ་འགྲོ་བ་ཡིན་གྱི་ཕལ་གྱི་བྱ་བ་ནི་མ་ཡིན་ནོ། །ཕལ་གྱིས་ཐོས་ཏེ་ཇི་ལྟར་བསམ་ཡང་བདེན་ཞིང་ཟབ་པར་ཡིད་ཆེས་པར་མི་འགྱུར་རོ། །ཡིད་ཆེས་པ་དང་ཕལ་གྱི་བློ་ལ་གོ་དཀའ་ཞིང་བདེན་པ་དང་ཟབ་པར་མ་ཤེས་པས་ཉམས་དང་སྦྱར་ནས། ཀུན་ཀྱང་དེ་དང་འདྲ་སྙམ་ནས་ཡོགས་བརྫུན་ཞེས་སྐྱེས་བུ་རབ་ལ་སྐུར་པ་འདེབས་ཤིང་སུན་འབྱིན་པའི་བློ་སྐྱེས་བར་འགྱུར་བས་རབ་ཏུ་གསང་བའི་ཕྱིར་ཡང་གསང་བའི་ཐེག་པ་ཞེས་བཀའ་སྩལ་ཏེ། དེ་བས་ན་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་ལ་རྟོགས་པའི་བློ་མ་སྐྱེས་བར་དུ་ཐེག་པ་འོག་མ་པས་འགྲོ་བའི་དོན་བྱས་ན་གདུལ་བྱ་ཆུད་མི་ཟ་བར་སློབ་དཔོན་ཡིས་འཁོར་བའི་སྐྱོན་དང་། མྱ་ངན་ལས་འདས་པའི་ཡོན་ཏན་དང་། ཐེག་པ་མཐའ་དག་ལ་མཁས་པར་བྱ་བ་ཡིན་གྱི། ཕྱོགས་འགའ་མི་ཤེས་པས་སློབ་དཔོན་གྱིས་བཟུང་དུ་མི་རུང་བར་རྒྱ་ཆེར་འབྱུང་ངོ་། ༈ །ལྟ་བའི་ཁྱད་པར་གྱི་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་བྱེ་བྲག་ཏུ་འགྱུར་ཏེ། དཀའ་ཐུབ་མེད་པ་ནི། འཇིག་རྟེན་ཕྱལ་པ་དང་མུར་ཐུག་གོ། །དཀའ་ཐུབ་ཡོད་པ་ནི་རྣམ་པ་བཞི་སྟེ་རྒྱང་འཕེན་དང་། མུ་སྟེགས་པ་སྟེ། འཇིག་རྟེན་གྱི་དཀའ་ཐུབ་དང་། ཉན་ཐོས་ཀྱི་དཀའ་ཐུབ་དང་། བྱང་ཆུབ་སེམས་དཔའི་དཀའ་ཐུབ་དང་། བླ་ན་མེད་པའི་དཀའ་ཐུབ་བོ། །དེ་ལ་ཕྱལ་བ་ནི་རྒྱུ་འབྲས་ལ་རྨོངས་པའི་ཕྱིར་དཀའ་ཐུབ་མེད་པའོ། །མུར་ཐུག་པ་ནི་ཆད་པར་ལྟ་བའི་ཕྱིར་དཀའ་ཐུབ་མེད་པའོ། །རྒྱང་འཕེན་པ་ནི་ཚེ་འདིའི་ཁྱད་པར་སྒྲུབ་པའི་ཕྱིར་གཙང་སྦྲ་ལ་སོགས་པའི་དཀའ་ཐུབ་ཅན་ནོ། །མུ་སྟེགས་ནི་བདག་རྟག་པ་ཞིག་ཡོད་པ་དེ་དག་པར་བྱ་བའི་ཕྱིར། ལུས་སུན་འབྱིན་ཅིང་མེ་ལྔ་བརྟེན་པ་ལ་སོགས་པའི་དཀའ་ཐུབ་དང་། བརྟུལ་ཞུགས་ལོག་པར་སྤྱོད་པའོ། །ཉན་ཐོས་ཀྱི་དཀའ་ཐུབ་ནི། འདུལ་བ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་འབྱུང་སྟེ། དགེ་བ་དང་མི་དགེ་བའི་ཆོས་ཐམས་ཅད་ཀུན་རྫོབ་དང་དོན་དམ་པར་གཉིས་ཀ་སོ་སོར་ཡོད་པར་ལྟ་བ་དང་། དགེ་བ་ནི་སྤྱོད་མི་དགེ་བ་ནི་སྤང་བའི་དཀའ་ཐུབ་དང་བརྟུལ་ཞུགས་སྤྱོད་པའོ། །བྱང་ཆུབ་སེམས་དཔའི་དཀའ་ཐུབ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་ལས། རྐྱེན་དུ་འཚམས་པར་དོན་མི་བྱེད། །རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་འབྱུང་སྟེ། སྙིང་རྗེ་ཆེན་པོས་ཟིན་ན་ཆོས་ཐམས་ཅད་དགེ་བ་དང་མི་དགེ་བ་གང་སྤྱད་ཀྱང་སྡོམ་པ་ཉམས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི། མདོར་ན་སྙིང་རྗེ་ཆེན་པོས་གཞི་བཟུང་ནས་སྤྱོད་དོ། །བླ་ན་མེད་པའི་དཀའ་ཐུབ་ནི། དམ་ཚིག་ཆེན་པོའི་མདོ་ལས། སངས་རྒྱས་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །པདྨ་ལ་ནི་འདམ་བཞིན་ཏེ། །དེ་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་འབྱུང་སྟེ། ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཉིད་ཀྱི་ཕྱིར། སྙིང་རྗེ་ནི་བསྟེན་དུ་མེད་ལ། ཞེ་སྡང་ནི་སྤང་དུ་མེད་དེ། དེ་ལྟར་མ་རྟོགས་པ་ལ་ཐུགས་རྗེ་མི་འབྱུང་བར་མ་ཡིན་ཏེ། ཇི་ལྟར་བལྟས་པས་ཡེ་ནས་རྣམ་པར་རྟོག་པ་དང་མི་རྟོག་པ་བཞིན་དུ་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་དེ་ལྟར་རྣམ་པར་དག་པ་དང་མ་དག་པ་སྤྱོད་དོ། །ལྟ་བའི་ཕྲེང་བ་གསང་བ་འདི། །དམུས་ལོང་རང་ཕྱེས་མིག་རྙེད་ལྟར། །ཤེས་རབ་ཐབས་ཀྱི་རྩལ་འཆང་བའི། །སྐྱེ་མཆོག་ཡོད་ན་འཕྲད་གྱུར་ཅིག །ལྟ་བའི་ཕྲེང་བ་ཞེས་བྱ་བའི་མན་ངག་རྫོགས་སོ།། །།དགེའོ།། །།

མན་ངག་ལྟ་ཕྲེང་གི་འགྲེལ་པ། རོང་ཟོམ་པཎྜི་ཏ་ཆེན་པོ་ཆོས་ཀྱི་བཟང་པོ།

མན་ངག་ལྟ་ཕྲེང་གི་འགྲེལ་པ་རོང་ཟོམ་པཎྜི་ཏ་ཆེན་པོ་ཆོས་ཀྱི་བཟང་པོས་མཛད་པ་བཞུགས་སོ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་སྔ་ནས། སྤྱིར་གང་ཟག་ངེས་པའི་དོན་ལ་མོས་པར་མཚུངས་སུ་ཟིན་ཀྱང་། མོས་པ་དང་དབང་པོའི་བྱེ་བྲག་གིས་ཐ་དད་པ་ཕལ་མོ་ཆེ་རྣམས་ཀྱང་། ཤིན་ཏུ་རྣལ་འབྱོར་གྱི་ཚུལ་ཟབ་མོ་ལ་འཇུག་པར་བྱ་བའི་ཕྱིར་དང་། རྒྱུད་དང་ལུང་ཐམས་ཅད་ཀྱི་སྤྱི་དཔལ་གསང་བའི་སྙིང་པོ་ལས། ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་ཚུལ་བསྟན་པ། མན་ངག་གི་སྙིང་པོའི་ལེའུ་ལ་འཇུག་པའི་ཡན་ལག་ཏུ་མན་ངག་ལྟ་བའི་ཕྲེང་བ་འདི་མཛད་དོ། །དེ་ཡང་དེ་ཉིད་ལས་འདི་སྐད་དུ། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་གསུངས་པ་འདི་ཉིད་ལེགས་པར་བསྟན་པའི་ཕྱིར་རོ། །དེ་ལ་མ་རྟོགས་པ་ནི། མ་རིག་པ་དང་མཚུངས་པར་ལྡན་པའི་ལྟ་བ་ཕྱོགས་གཅིག་སྟེ། དེ་ལ་མ་རིག་པ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཡང་དག་པའི་དོན་ལ་རྨོངས་པའི་མ་རིག་པ་དང་། རྒྱུ་དང་འབྲས་བུ་ལ་རྨོངས་པའི་མ་རིག་པའོ། །དེ་ལས་འདིར་རྒྱུ་དང་འབྲས་བུ་ལ་རྨོངས་པའི་མ་རིག་པ་དང་མཚུངས་པར་ལྡན་པའི་ལྟ་བ་ཕྱོགས་གཅིག་ནི་མ་རྟོགས་པ་ཞེས་བྱ་སྟེ། དེ་ཡང་འཇིག་རྟེན་ཕྱལ་པ་དང་། རྒྱང་འཕེན་གཉིས་ཏེ། དེ་དག་གིས་རྒྱུ་དང་འབྲས་བུའི་དངོས་པོ་རྣམ་པར་མ་དཔྱད་པའི་ཕྱིར་རོ། །ལོག་པར་རྟོགས་པ་ནི། མུར་སྟུག་དང་། མུ་སྟེགས་པ་དག་སྟེ། དེ་དག་གིས་དཔྱད་ཀྱང་ཇི་ལྟ་བ་བཞིན་མ་རྟོགས་ཏེ་མཐར་ལྷུང་བའི་ཕྱིར་རོ། །ཕྱོགས་རྟོགས་པ་ནི། ཉན་ཐོས་དང་། རང་སངས་རྒྱས་དག་སྟེ། བདེན་པའི་དོན་ལ་སྤྱོད་ཀྱང་རྣམ་པར་ཐར་པའི་སྒོ་ཕྱོགས་རེ་རྟོགས་པ་ལས་སྐྱེས་པའི་ཕྱིར་རོ། །ཡང་དག་ཉིད་མ་རྟོགས་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་སྒོ་ལ་སྤྱོད་ཀྱང་། བསམ་པ་མཉམ་པ་ཆེན་པོའི་དོན་ལ་རྨོངས་པ་ཕྱོགས་གཅིག་ཡོད་པའོ། །འདུལ་བ་ནི་བྱ་བའི་རྒྱུད་དེ། དེར་གསང་སྔགས་ཀྱིས་འདུལ་བའི་གཞི་བཅས་པའི་ཕྱིར་རོ། །དགོངས་པ་ནི་རྣལ་འབྱོར་གྱི་རྒྱུད་དེ། དེར་གསང་སྔགས་ཀྱི་དགོངས་པ་མ་ལུས་པའི་གཞི་བཅས་ཏེ་བསྟན་པའི་ཕྱིར་ཏོ། །འདིར་ལྟར་དེར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་ཀྱི་བཀོད་པའི་རྒྱན་གྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱི་གཞུང་བསགས་ཏེ། རྣལ་འབྱོར་གྱི་ཚུལ་གཙོ་བོར་མཛད་ནས། གསང་སྔགས་ཀྱི་ཁོག་པ་བཀྲོལ་ཏེ་བསྟན་ཏོ། །གསང་བ་ནི་རྣལ་འབྱོར་ཆེན་པོའི་ཚུལ་ཏེ། དེར་ནི་ཉན་ཐོས་དང་ཐུན་མོང་མིན་པའི་སྒོར་གྱུར་པ། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་བའི་སྤྱོད་པ་བསྟན་པའི་ཕྱིར་རོ། །རང་བཞིན་གྱིས་གསང་བ་ནི་རྫོགས་པ་ཆེན་པོའི་ཚུལ་ཏེ། དེར་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ། ཡེ་ནས་མངོན་པར་རྫོགས་པ་སངས་རྒྱས་པ། ད་ལམ་གྱིས་བསྒྲུབ་ཅིང་གཉེན་པོས་བཅོས་སུ་མེད་པར་བསྟན་པའི་ཕྱིར་རོ། །དེ་དག་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཕྱིན་ཅི་ལོག་གི་ལྟ་བ་གྲངས་མེད་པའི་མདོ་རྣམ་པ་བཞིར་འདུས་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འཇིག་རྟེན་ནི། གཡོ་བ་དང་མི་གཡོ་བའི་དངོས་པོ་སྟེ། ལོ་ཀ་ཞེས་བྱ་བའི་སྒྲ་འཇིག་པའི་ཆོས་དང་ལྡན་པ་ལ་འཇུག་པས་འཇིག་རྟེན་ཞེས་བཏགས། ཁམས་ཀྱི་དོན་ནི་རིས་ཀྱི་དོན་ཏེ། དེ་ཡང་རྒྱུ་དང་འབྱུང་ཁུངས་དང་འཛིན་པ་དང་རིས་ཀྱི་དོན་ལ་འཇུག་སྟེ། དེ་ལ་འདིར་ནི་རིས་ཀྱི་སྒྲ་ཉེ་བར་བཟུང་སྟེ་སྣོད་ཀྱི་འཇིག་རྟེན་གཙོར་བྱས་སོ། །སེམས་ཅན་ནི་བརྟགས་པ་དང་། བཏགས་པ་རྣམ་པ་གཉིས་ཏེ། དེ་ལ་བརྟགས་པའི་སེམས་ཅན་ཞེས་བྱ་བ་རྟག་པ་ཞིག་སྐྱེ་བ་གཞན་དུ་འཕོ་ཞིང་ལེན་པར་བྱེད་པར་བརྟགས་པ་དང་། ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་རིགས་སུ་གཏོགས་པ། གནས་མ་བུ་པའི་དེ་ལ་སོགས་པ་ཁ་ཅིག་སེམས་ཅན་ཡོད་ལ་རྟག་མི་རྟག་སྟེ། དེ་ཡང་ཕུང་པོ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཡོད་དེ་ཞེས་འདོད་པ་ལྟ་བུ་དག་གོ། །བཏགས་པའི་སེམས་ཅན་ནི། སངས་རྒྱས་པ་ཕལ་ཆེར་སེམས་ཅན་ཞེས་བྱ་བ་གང་ཟག་གི་རྫས་ནི་མེད་ཀྱི། ཕུང་པོ་ལྔའི་རྒྱུན་བློས་རྣམ་པར་མ་ཕྱེ་བ་ཙམ་ལ་སེམས་ཅན། གང་ཟག་ཞེས་བཏགས་པར་འདོད་དེ། འདིར་ཡང་དེ་ཉིད་གཟུང་བར་བྱའོ། །ཤེས་རབ་དང་མོས་པའི་བྱེ་བྲག་ནི་ལྟ་བ་སྟེ། དེ་ཡང་མ་རིག་པ་དང་མཚུངས་པར་ལྡན་པས། ཡང་དག་པའི་དོན་ལས་གོལ་བའི་ཕྱིར། ཕྱིན་ཅི་ལོག་གི་ལྟ་བའོ། །གྲངས་མེད་པ་ནི། ཚངས་པ་དྲྭ་བའི་མདོ་ལ་སོགས་པ་ལས་གསུངས་པའི་ལྟ་བའི་གནས་སྣ་ཚོགས་པའོ། །རྣམ་པ་བཞིར་ཞེས་བྱ་བ་ནི། རྣམ་པའི་སྒྲ་ནི་རྒྱུ་དང་། བྱེ་བྲག་དང་། འདྲ་བའམ་སྣང་བའི་དོན་ཏམ། གྲངས་ཀྱི་རྐྱེན་རྣམས་ལ་འཇུག་སྟེ། འདིར་གྲངས་ཀྱི་རྐྱེན་ནོ། །བཞི་ནི་འདི་དག་ཙམ་དུ་བསྡུར་རུང་བས་བཞི་སྟེ། འདི་ལྟར། ཕྱལ་བ་དང་། རྒྱང་འཕེན་དང་། མུར་སྟུག་དང་། མུ་སྟེགས་པའོ། །དེ་ལ་ཕྱལ་བ་ནི་ལྟ་བ་ཐིབས་པོ་སྟེ། འདུ་ཤེས་དང་ཤེས་རབ་ཀྱི་ཤ་ཤས་གཞན་པས། རྒྱུ་དང་འབྲས་བུའི་དངོས་པོ་རྣམས་ལ་མཚན་མ་བཟུང་ཞིང་བྱེ་བྲག་མ་ཕྱེད་པ་སྟེ། འདི་ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཕལ་མོ་ཆེ་རྣམས་དངོས་པོ་ལ་ཞེན་ཅིང་འཇིག་ཚོགས་ཀྱི་ལྟ་བ་ལ་གནས་སུ་ཟིན་ཀྱང་ལྟ་བ་ཐིབས་པོས་ནོན་པའི་ཕྱིར་དེ་ལྟ་བུར་གྱུར་པས་དེ་སྐད་ཅེས་བྱ་བའོ། །གྲུབ་པའི་མཐའ་མ་ཆགས་པ་ལྟ་བའི་ཁོངས་སུ་ཅིའི་ཕྱིར་གཞུག་ཅེ་ན། དཔེར་ན་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་གཅིག་ལམ་པོ་ཆེ་གཅིག་ན་གནས་པ་ལས། འགྲོ་བ་ཁ་ཅིག་གིས་ནི་གཞི་ལས་མཐོང་། ཁ་ཅིག་གིས་ནི་ནོར་བུ་མཆིང་བུར་མཐོང་། ཁ་ཅིག་གིས་ནི་རིན་པོ་ཆེ་ཕལ་པར་མཐོང་། ཁ་ཅིག་གིས་ནི་ཇི་ལྟ་བ་བཞིན་ཏུ་མཐོང་ན། གཞི་ནས་མ་མཐོང་བ་རྣམས་ཀྱང་། མཐོང་སྟངས་ཀྱི་མདོ་རིས་གཅིག་ཏུ་བྱེད་པ་ལྟ་བུའོ། །རྒྱང་འཕེན་པ་ཞེས་བྱ་བ་ནི། ལོ་ཀ་ཡ་ཏི་ཞེས་བྱ་བ། ལོ་ཀ་ནི་འཇིག་རྟེན་ཏེ་ད་ལྟར་སྐྱེ་བ་མངོན་པར་གྲུབ་པའི་ཕུང་པོ་འདི་ལ་བྱ། ཡ་ཏིའི་སྒྲ་ནི་ཇི་སྲིད་པའམ་ཇི་ཙམ་པའི་དོན་ཏེ་འཇིག་རྟེན་ཙམ་གྱིས་ཟིན་ཏེ། དེ་ལས་འདའ་མི་ནུས་ཤིང་དོན་ཆུང་བ་ལ་སྙེགས་པ་ལས། བོད་ཀྱི་ལུགས་སུ་དོན་དེ་དང་མཐུན་པའི་མིང་གདགས་པར་བྱ་ན། སྔོན་ཆད་འཇིག་རྟེན་ན་གྲགས་པ། བྱ་བ་ཕྲ་མོ་རེ་རེ་ལ་ལས་ཏེ། དེས་ཟིན་ཅིང་དེ་ལས་འདའ་མི་ནུས་ཏེ། དོན་ཆེན་པོ་དང་བྲལ་བ་ལ་ཕན་ཅེས་གྲགས་ཏེ། དཔེར་ན་འགྲོ་བ་ལ་ཤས་པ་ནི་འགྲོ་བ་ལ་ཕན། ཟ་བ་ལ་ཤས་པ་ནི་ཟ་བ་ལ་ཕན་ཞེས་བྱ་བ་ལྟ་བུའམ། གཞན་ཡང་རྒྱལ་པོའི་ཕོ་བྲང་འཁོར་ན་མཐིལ་ཕབ་པའི་དོན་མེད་པར། གློ་བུའི་བའི་བྱ་བ་སྣ་ཚོགས་ཅུང་ཟད་ཙམ་ལ་སྦྱོར་བའི་གོས་དང་སྣོད་དག་ལ། མང་ལ་ཕན་གྱི་ཐུངས། མང་ལ་ཕན་གྱི་སྣོད་ཅེས་བཏགས་པ་ལྟ་བུའོ། །རྒྱང་ཞེས་བྱ་བ་ནི་སྔོན་ཆད་གྲགས་པ། ཡོར་ཡོར་པོ་ལ་མཚན་མ་བཙུགས་པ་ནི་ཐོ་ཡོར་ཞེས་བྱ། ཕྲེང་ཕྲེང་པོ་ལ་མཚན་མ་བཙུགས་པ་ནི་རྒྱང་ཞེས་བྱ། ཐག་པའམ་ཐག་ཅེས་ཀྱང་བྱ་སྟེ། དེ་བས་ན་རྒྱང་རིང་ཐུང་ཞེའམ་ཐག་རིང་ཐུང་ཞེའམ་རྒྱུ་དང་ཞེས་བྱ་བ་དོན་འདྲ་སྟེ། དེ་བས་ན་མིང་བསྡུས་ན། འཇིག་རྟེན་ཕྲེང་ཕྲེང་པོའི་ངོར་ཕན་པས་ཏེ། དེ་ལས་འདའ་མི་ནུས་དོན་ཆེན་པོ་མཐིལ་ཕབ་པ་མེད་པས་འཇིག་རྟེན་རྒྱང་འཕེན་ཞེས་བཏགས་སོ། །འདི་ལ་ཡང་སྒྲ་མ་འདོམ་པའི་ཆ་ནི། སངས་རྒྱས་པ་མ་ཡིན་པའི་ཕྱི་རོལ་པ་ཐམས་ཅད་ལ་ཡང་ཐུན་མོང་དུ་འཇུག་སྟེ། འདི་ལྟར་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། བཅོམ་ལྡན་འདས་ཀྱི་ལྟར་ན་ཞེའམ། འཇིག་རྟེན་རྒྱང་འཕེན་པའི་ལྟར་ན་ཞེས་གསུངས་པ་ལྟ་བུའོ། །ཁ་ཅིག་ཏུ་ལྟ་བའི་བྱེ་བྲག་ཕྱོགས་གཅིག་ཏུ་འཛིན་པ་ལ་འཇུག་པ་ཡང་ཡོད་ན། འདིར་ལྟ་བ་རྣམ་པ་བཞི་འདོམས་པའི་སྐབས་སུ་སྤྱིའི་སྒྲ་བྱེ་བྲག་ལ་འཇུག་པར་བྱ་སྟེ། ཇི་སྐད་གསུངས་པའི་ལྟ་བ་ཕྱོགས་གཅིག་ཏུ་སྦྱར་རོ། །མུར་ཐུག་ཞེས་བྱ་བ་ནི། མཐའ་ཟད་ཅིང་ཕ་རོལ་ཏུ་མ་ཕྱིན་པའི་མིང་སྟེ། འདི་ཡང་སྒྲ་མ་འདོམ་པའི་ཚེ་ཕྱི་རོལ་པ་ཐམས་ཅད་ལ་ཐུན་མོང་དུ་འཇུག་སྟེ། ཇི་ལྟར་འོད་སྲུང་གིས་ཞུས་པའི་མདོ་ལས། འོད་སྲུང་ངའི་བསྟན་པ་འདི་ནི། མུར་ཐུག་དགུ་བཅུ་་རྩ་དྲུག་གིས་ནི་འཇིག་པར་བྱེད་མི་ནུས་ཏེ། ངའི་དགེ་སློང་ང་དང་འདྲ་བས་འཇིག་པར་བྱེད་པར་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་འདིར་སྒྲ་འདོམས་པའི་སྐབས་ཡིན་པས། ཡན་ལག་ལ་འཇུག་པར་སྦྱར་རོ། །མུ་སྟེགས་ཞེས་བྱ་བ་ནི། ཏིཪྠི་ཀ་ཞེས་བྱ་བ། ཏིཪྠི་ཏེཪྠེ་ན་ཏིཪྠི་ཀ་ཞེས་བྱ་སྟེ། མྱ་ངན་ལས་འདས་པའི་རྒྱ་མཚོར་འབབ་པའི་ལམ་གྱི་ཆུ་རྒྱུན་གྱི་མུ་ལ་སྟེགས་བཅས་ཤིང་བརྟེན་པ་སྐད་དུ་འཆད་པས་མུ་སྟེགས་སུ་བཏགས་ཏེ། འདི་ཡང་དབང་ཕྱུག་རྒྱུར་ལྟ་བ་དང་། བྱེད་པ་པོ་རྒྱུར་ལྟ་བ་ལྟ་བུ་ཐར་པ་ཚོལ་བའི་ལམ་ལ་བརྟེན་པར་འདོད་པ་རྣམས་ལ་འཇུག་གི། དུས་རྒྱུར་ལྟ་བ་དང་། ཆད་པར་ལྟ་བ་ལྟ་བུ་ཐར་པའི་ལམ་ལ་མི་བརྟེན་པ་རྣམས་ལ་མི་འཇུག་མོད་ཀྱི། ཡན་ལག་གི་མིང་སྤྱི་ལ་འཇུག་པའི་མཚན་མར་བྱས་པ་སྟེ། དཔེར་ན་འཛམ་བུའི་གླིང་ཞེས་བྱ་བ་ཤིང་འཛམ་བུས་ཕྱོགས་ཐམས་ཅད་དུ་མ་ཁྱབ་མོད་ཀྱི། ཕྱོགས་གཅིག་ན་ཤིང་འཛམ་བུ་ཡོད་ལ། དེ་དང་འབྲེལ་བའི་གླིང་ལ་འཛམ་བུ་གླིང་ཞེས་བརྗོད་པ་ལྟར། མུ་སྟེགས་དང་འབྲེལ་བའི་ལྟ་བ་ལ་མུ་སྟེགས་ཀྱི་ལྟ་བ་ཞེས་བྱ་བའོ། །དེ་ལ་འདིར་ནི་སྒྲ་འདོམས་པའི་སྐབས་ཡིན་པས། ཡན་ལག་གི་སྒྲ་ཡན་ལག་ཉིད་དང་། དེ་དང་ཉེ་བར་འབྲེལ་བ་ཙམ་ལ་འཇུག་པར་སྦྱར་རོ། །དེ་ལ་འཇིག་རྟེན་པའི་ལྟ་བའི་སྐབས་འདིར་ནི་ལྟ་བ་ཙམ་ཞིག་བསྟན་གྱི། ལམ་དང་འབྲས་བུ་ནི་མ་བསྟན་ཏེ་དོན་མེད་པར་དགོངས་པར་ཟད་དོ། །དེ་ལ་ཆོས་ཐམས་ཅད་ཞེས་བྱ་བ་ནི། འདིར་ལྟ་བའི་ཡུལ་བསྟན་པ་ཡིན་ཏེ་ཤེས་བྱ་ཐམས་ཅད་ལ་བྱའོ། །དེ་ལ་ཆོས་ཞེས་བྱ་བའི་ངེས་པའི་ཚིག་ནི་དྷརྨ་ཞེས་བྱ་བ་འཛིན་པའི་དོན་ལ་འཇུག་སྟེ། དེ་ཡང་འདིས་འཛིན་པའམ། འདིས་འཛིན་པར་བྱ་བ་ཡིན་ཞེས་བྱེད་པ་དང་ལས་སུ་སྒྲུབ་པར་བྱེད་དེ། དེ་ལ་ཤེས་བྱ་ཐམས་ཅད་ལ་ཆོས་ཞེས་བརྗོད་པའི་ཚེ་ནི། མཚན་ཉིད་འཛིན་པར་བྱས་པས་ཆོས་ཏེ། བྱེད་པ་དང་ལས་གཉིས་ཀར་དྲང་ངོ་། །ལམ་དང་དོན་དམ་པ་དང་བསོད་ནམས་དག་ལ་ཆོས་ཞེས་བརྗོད་པའི་ཚེ་ནི། ལྟུང་བ་ལས་འཛིན་པས་ཆོས་ཏེ་བྱེད་པར་སྦྱར་རོ། །གསུང་རབ་དང་བདེན་ཞིང་ངེས་པ་དང་ཡུལ་ཆོས་ལྟ་བུ་ལ་ཆོས་ཞེས་བརྗོད་པའི་ཚེ་ན། རིག་པ་འཛིན་པས་ཆོས་ཏེ་བྱེད་པར་སྦྱར། ཁམས་སམ་རྒྱུ་ལ་ཆོས་ཞེས་བརྗོད་པའི་ཚེ། འབྲས་བུ་འཛིན་པས་ཆོས་ཏེ་བྱེད་པར་སྦྱར། ཚེ་ལ་ཆོས་ཞེས་བརྗོད་པའི་ཚེ། ལུས་འཛིན་པས་ཆོས་ཏེ་བྱེད་པར་སྦྱར། ཡིད་ཀྱི་ཡུལ་ལ་ཆོས་ཞེས་བརྗོད་པའི་ཚེ། ཆོས་ཕལ་ཆེ་བ་དང་། འདུས་བྱས་དང་འདུས་མ་བྱས་ཀྱང་བསྡུས་པའི་ཕྱིར། སྤྱིའི་མིང་ཡན་ལག་ལ་བཏགས་པར་སྦྱར། སྟོབས་དང་མི་འཇིགས་པ་ལ་སོགས་པ་འབྲས་བུའི་ཆོས་ཞེས་བརྗོད་པའི་ཚེ་ནི། ཆོས་ལས་བྱུང་བ་དང་། ལྟུང་བ་ལས་འཛིན་པ་དང་། ཁམས་ཀྱི་དོན་ཏེ། བྱིངས་ཆེ་བའི་ཕྱིར་ཆོས་ཞེས་བྱའོ། །ཆོས་ལ་ཆོས་སུ་རྣམ་པར་བཞག་པའི་ཚེ་ནི། འདི་འཛིན་པས་ཆོས་ཏེ་ལས་སུ་སྦྱར། ཆོས་ཀྱི་ངེས་ཚིག་འདི་ལྟ་བུ་ནི་ཐམས་ཅད་ཀྱི་སྐབས་སུ་བརྗོད་པར་བྱའོ། །རྒྱུད་དང་འབྲས་བུ་ཞེས་སྨོས་པ་ནི། འཇིགས་རྟེན་པའི་ལྟ་བ་འདི་དག་གཙོ་བོར་ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་དང་མཚུངས་པར་ལྡན་པའི་ལྟ་བ་ཡིན་པའི་ཕྱིར། དེའི་ཡུལ་ཆོས་རྒྱུ་འབྲས་ཀྱི་དངོས་པོ་གཞག་པར་རིགས་པས་དེ་དག་བསྟན་ཏོ། །འཇིག་རྟེན་གྱི་གསང་ཚིག་ནི། རྣམ་པར་གྲོལ་བའི་སྒོར་མ་གྱུར་པའི་གསང་སྔགས་ཏེ། འཇིག་རྟེན་པས་བཤད་པ། འཇིག་རྟེན་གྱི་བྱ་བ་བསྒྲུབ་པ་རྣམས་སོ། །ཚེ་གཅིག་ལ་སྐྱེས་པའི་ཆོས་ཐམས་ཅད་ཀྱང་གློ་བུར་དུ་སྐྱེས་ལ་མཐའ་ཆད་པར་ལྟ་ཞེས་པས་ནི། འབྲི་ཧ་སྟེ་ལ་སོགས་པ་ཁ་ཅིག་གི་གྲུབ་མཐའ་ལས། མ་ཤི་བར་དུ་དགའ་མགུར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །ལུས་ཀྱང་ཐལ་བ་བཞིན་སོང་ན། །སླར་སྐྱེས་བ་དག་ག་ལ་ཡོད། །ཅེས་གཞུང་འདི་དག་གིས་བསྒྲུབས་ཏེ། དཔེར་ན་བུད་ཤིང་མང་པོ་སྤུངས་པའི་རྐྱེན་དེ་ཉིད་ཀྱིས་མེ་བྱུང་ནས། འབར་བའི་ཚེ་ཇི་སྲིད་བུད་ཤིང་མ་ཟད་པ་དེ་སྲིད་དུ་མེ་འབར་ཏེ། ཤིང་ཟད་ནས་མེ་ཤི་བ་ན། ཤིང་དང་མེའི་རྒྱུན་འབྲེལ་བ་གཞན་སྐྱེ་བ་མེད་བཞིན་དུ། ལུས་ཀྱི་འབྱུང་བ་ཆེན་པོ་ཤིང་དང་འདྲ་བ་གློ་བུར་དུ་རང་འོངས་ཏེ། དེ་དག་རྒྱུན་ཆད་པ་ན་སྲིད་པར་ཉིང་མཚམས་སྦྱོར་པ་མེད་དོ་ཞེས་འདོད་པའོ། །ཆོས་ཐམས་ཅད་ལ་ཀུན་ཏུ་བརྟགས་པའི་བདག་རྟག་པ་ཞིག་ཡོད་པར་ལྟ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུར་སྣང་བའི་དངོས་པོའི་ཆོས་རྣམས་ལ། མངོན་པར་ཤེས་པ་དང་། ལུས་ལ་སོགས་པའི་རྐྱེན་དག་གིས་དངོས་པོ་མེད་བཞིན་དུ། ཀུན་ཏུ་བརྟགས་ནས་བདག་རྟག་པ་ཞིག་ཡོད་པར་ལྟ་བ་སྟེ། དེ་ཡང་རྒྱུ་མེད་ལ་འབྲས་བུ་ཡོད་པར་ལྟ་བ་དང་། རྒྱུ་འབྲས་ལོག་པ ར་ལྟ་བ་དང་། རྒྱུ་ཡོད་ལ་འབྲས་བུ་མེད་པར་ལྟ་བ་དང་གསུམ་པོ་འདི་དག་ཏུ་འདུས་སོ་ཞེས་བསྟན་པའོ། །དེ་ཡང་རང་བཞིན་རྒྱུར་ལྟ་བ་དང་། དབང་ཕྱུག་རྒྱུད་ལྟ་བ་དང་། བྱེད་པ་རྒྱུར་ལྟ་བ་ཡིན་ནོ། །ཞེས་སངས་རྒྱས་པས་བཏགས་པ་སྟེ། དེ་དག་རང་རང་གི་གྲུབ་མཐའ་ལས་ནི། ཁ་ཅིག་གིས་གྲུབ་མཐའ་ལས། བ་ནི་བ་སྦྲ་ཉིད་ཀྱི་རྒྱུ། །བླག་ཤ་ཡལ་ག་ཀུན་གྱི་གཞི། །ཆུ་ཤེལ་ཆུ་ཡང་དེ་བཞིན་ཏེ། །སུས་ཀྱང་མ་བྱས་རང་བཞིན་བྱུང་། །ཞེས་བྱ་བ་ལ་སོགས་པས་བསྒྲུབ་སྟེ། དེ་ཡང་རང་བཞིན་ཞེས་བྱ་བ་ཡང་རྒྱུ་དང་རྐྱེན་ལ་མི་ལྟོས་པ། གཟུགས་དང་སེམས་ཀྱིས་མཚན་མར་མ་བྱས་པ། རྣམ་པ་དང་བྱེ་བྲག་ཏུ་མི་ཕྱེད་པ། འགྱུར་བ་མེད་པ་རྟག་པ་ཞིག་ཏུ་འདོད་དེ། དེ་ཡང་རང་བཞིན་དེས་རྒྱུ་བྱས་ནས། འབྲས་བུ་དངོས་པོ་གཞན་ཞིག་གྲུབ་པར་འདོད་པ་ལྟ་བུ་ནི་མ་ཡིན་ཏེ། གཡོ་བ་དང་མི་གཡོ་བའི་དངོས་པོ་འདི་ཉིད་རང་བཞིན་དེ་ཡིན་པར་སྨྲ་སྟེ། དེ་ལྟར་སྤྱོད་ཡུལ་དུ་སྣང་བའི་རྒྱུ་དང་འབྲས་བུ་དང་འཕེལ་འགྲིབ་ལ་སོགས་པའི་མི་རྟག་པ་ནི། དེའི་གནས་སྐབས་ཡིན་པར་སྨྲ་ལ། རང་བཞིན་དང་གནས་སྐབས་ཀྱང་ཐ་དད་དུ་མི་འདོད་དེ། དཔེར་ན་གསེར་ནི་དངུལ་ཆུས་བསྒྲིབས་སམ་སྣ་བསྒྱུར་ཡང་རང་བཞིན་མི་འགྱུར་རོ་ཞེས་ཟེར་རོ། །འདི་ལ་ནི་བདག་གཅིག་པུར་འཛིན་པ་ཞེས་ཀྱང་བྱ། རིལ་པོར་འཛིན་པ་ཞེས་ཀྱང་བྱ་སྟེ། སྣང་བའི་དངོས་པོ་ལ་ནི་ཡེ་ནས་གྲུབ་པ་ཡིན་ལ། དེ་སྐྱེད་པའི་རྒྱུ་གཞན་ནི་མེད་པར་ལྟ་བས། རྒྱུ་མེད་ལ་འབྲས་བུ་ཡོད་པར་ལྟ་བ་ཞེས་ཀྱང་བྱའོ། །རྒྱུ་ལ་མ་ལྟོས་ན་འབྲས་བུ་ཇི་ལྟར་གཞག་ཅེ་ན། ཡོད་པ་ཉིད་ལ་འབྲས་བུ་མ་གྲུབ་པ་ཞེས་བྱ་སྟེ་ནམ་མཁའ་གདོད་ནས་གྲུབ་པ་ཞེས་བྱ་བ་ཡིན་ནོ། །འདི་ནི་དམིགས་པ་གཅིག་པུ་པ་ཡིན་ནོ། །དབང་ཕྱུག་རྒྱུར་ལྟ་བ་ནི། འདི་སྐད་དུ། དབང་ཕྱུག་གིས་ནི་ཡང་ན་གཡང་སའམ། །མཐོ་རིག་ཁོ་ནར་ངེས་པར་འདྲེན་པར་བྱད། །ཅེས་བྱ་བ་ལ་སོགས་པས་བསྒྲུབ་སྟེ། འདི་ལྟར་དབང་ཕྱུག་ཅེས་བྱ་བའི་གང་ཟག་གདོད་མ་ནས་གྲུབ་པར། རྟག་པ། གཡོ་བ་དང་མི་གཡོ་བ་ཐམས་ཅད་རྣམ་པར་འཕྲུལ་པ་པོ་དབང་བསྒྱུར་བ་ཞེས་བྱ་བ་ལ་སོགས་པར་ལྟ་སྟེ། དེས་ན་དབང་ཕྱུག་ནི་རྟག་ལ། དེས་སྤྲུལ་པ་ནི་མི་རྟག་པར་འདོད་དེ། བདེ་བ་དང་སྡུག་བསྔལ་གྱི་དངོས་པོའང་། དབང་ཕྱུག་མཉེས་པ་དང་མ་མཉེས་པའི་དབང་ལས་བྱུང་བར་འདོད་པས། དེ་མཉེས་པར་བྱ་བའི་ཕྱིར་སྲོག་ཆགས་མང་པོ་སྦྱིན་སྲེག་བྱ་བ་ལ་སོགས་པ་མི་དགེ་བའི་ལས་ཀྱིས། མཐོ་རིས་ཀྱི་བདེ་བ་གྲུབ་པར་འདོད་པས། རྒྱུ་འབྲས་ལོག་པར་ལྟ་བ་ཞེས་ཀྱང་བྱའོ། །འདི་ནི་དམིགས་པ་གཉ ིས་དང་ལྡན་པ་ཡིན་ཏེ། དབང་ཕྱུག་རྟག་པ་དང་། སྤྲུལ་པ་མི་རྟག་པར་ལྟའོ། །བྱེད་པ་པོ་རྒྱུར་ལྟ་བ་ནི། འདི་སྐད་དུ། ང་ནི་རྟག་གོ་བློ་ནི་འགྱུར། །རྫ་བཅག་བྱིའུ་འཕུར་བཞིན་དུ། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །རྟག་པ་མཐེ་བོང་ཡུང་འབྲུ་ཙམ། །བདག་ཅེས་བྱ་བ་དེས་ལེན་ཏོ། །ཞེས་བྱ་བ་ལ་སོགས་པས་བསྒྲུབ་སྟེ། འདི་ལྟར་སེམས་ཅན་ཐམས་ཅད་ལ། བདག་ཅེས་བྱ་བ་བྱེད་པ་པོ་རང་དབང་ཐོབ་པ། རྟག་པ་མི་འགྱུར་བར་གནས་པ། སེམས་ཅན་གང་ཟག་དང་སྐྱེས་བུ་ལ་སོགས་པའི་མིང་གིས་བརྗོད་པ། ལུས་ཆེ་ཆུང་གི་བྱེ་བྲག་གིས། ཆེ་བ་དང་ཆུང་བར་གནས་པ། ལུས་གཅིག་ནས་གཅིག་ཏུ་འཕོ་བ་ཞིག་ཡོད་པར་འདོད་དེ། དེ་ཡང་ཁ་ཅིག་ནི་ཤེལ་སྦྱངས་པ་འདྲ་བ་གཅིག་ཡོད་དོ་ཟེར། ཁ་ཅིག་ནི་སྐྱེས་བུ་འོད་སྟོང་དང་ལྡན་པ་ཞིག་རིག་བྱེད་ཀྱི་སྨྲེང་འདོན་ཞིང་ཡོད་དོ་ཟེར། ཁ་ཅིག་ནི་སོ་སོའི་ལུས་དང་མཐུན་པ་བརྫུས་ཏེ་སྐྱེ་བའི་སེམས་ཅན་ཡོད་དོ་ཞེས་ཟེར་ཏེ། དེ་དག་ལ་སོགས་པ་ཐ་དད་པར་སྨྲ་བའོ། །འདི་ནི་དམིགས་པ་གསུམ་དང་ལྡན་པ་ཡིན་ཏེ། བདག་རྟག་པ་རྒྱུའི་བྱ་བ་ཁོ་ན་བྱེད་པར་འདོད་པ་དང་། དེས་བྱས་པའི་ཕུང་པོ་འབྲས་བུའི་ངོ་བོ་མི་རྟག་ཅིང་འགྱུར་པའི་ཆོས་ཅན་དུ་འདོད་པ་དང་། འབྲས་བུ་དེ་ཡང་ཐེབས་ཅིག་གི་འབྲས་བུ་ཙམ་ཡིན་ཏེ། དེས་ཕུང་པོ་གཞན་སྐྱེད་པའི་རྒྱུན་མེད་ཅིང་རྒྱུན་ཆད་པར་འདོད་པའོ། །འདི་དག་ནི་མ་རིག་པའི་ལྟ་བའོ་ཞེས་བྱ་བ་ནི་དེ་ལ་མ་རིག་པ་ནི་རིག་པའི་མི་མཐུན་པའི་ཕྱོགས་ཏེ། དེ་དང་མཚུངས་པར་ལྡན་པའི་ལྟ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཡང་དག་པའི་ལྟ་བ་བསྟན་པའི་ཕྱིར། དེའི་གོལ་ས་དང་སྒྲིབ་པ་བསྟན་དགོས་སོ་ཞེས་དགོངས་པའོ། །སྤྱིར་མུ་སྟེགས་ཅན་རྒྱུ་གནས་སུ་འདོད་པ་རྣམས་ཀྱིས་གཞི་ནི་རྣམ་པ་ལྔ་སྟེ། དབང་ཕྱུག་གིས་བསྐོས་པ་དང་། བྱེད་པ་པོས་བྱས་པ་དང་། རང་བཞིན་བྱུང་བ་དང་། དུས་ཀྱིས་བསྒྱུར་བ་དང་། རྒྱུ་མེད་པ་ལས་བྱུང་བ་སྟེ། དེ་དག་ཀྱང་ཇི་སྐད་དུ་བསྟན་པ་དེ་རྣམས་སུ་འདུས་པར་དགོངས་པའོ། །མུ་སྟེགས་ཅན་རྟག་པར་སྨྲ་བ་རྣམས་ཀྱི་གཞུང་ནི་རྣམ་པ་ལྔ་སྟེ། ཚངས་པ་ཆེན་པོ་རྟག་པ་དང་། དབང་སྒྱུར་གྱི་ལྷ་རྟག་པ་དང་། བདག་རྟག་པ་དང་། རང་བཞིན་རྟག་པ་དང་། རྡུལ་ཕྲ་མོ་རྟག་པ་སྟེ། དེ་དག་ཀྱང་ཇི་སྐད་དུ་བསྟན་པ་དེ་དག་ཏུ་འདུས་པར་དགོངས་པའོ། །གཞན་ཡང་ཆད་པར་ལྟ་བ་རྣམས་ཀྱི་གཞི་ནི་ལྔ་སྟེ། རྒྱུ་མེད་པ་དང་། འབྲས་བུ་མེད་པ་དང་། སྲིད་པ་ཉིང་མཚམས་སྦྱོར་བ་མེད་པ་དང་། ཁམས་གསུམ་དུ་སེམས་ཅན་འབྱུང་བ་མེད་པ་དང་། ཁམས་གསུམ་ལས་ཐར་པའི་དཀོན་མཆོག་རྣམས་མེད་པར་ལྟ་བ་སྟེ་དེ་དག་ཀྱང་ཇི་སྐད་དུ་བསྟན་པ་དེ་དག་འདུས་པར་དགོངས་པའོ། །ཕྱིན་ཅི་ལོག་གི་ལྟ་བ་འདི་དག་འབྱུང་བའི་རྒྱུ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་མཚན་ཉིད་ཇི་ལྟ་བ་བཞི་ཁོང་དུ་མ་ཆུད་པ་དང་། སྐྱེས་བུ་དམ་པ་མ་ཡིན་པའི་ལུང་ལ་བརྟེན་པ་དང་། མངོན་སུམ་དང་མི་དམིགས་པས་བསྒྲུབས་པ་རྣམས་ལས་འབྱུང་སྟེ། རྒྱུ་འདི་རྣམས་ཀྱི་དབང་གིས་ནི་ཕྱིན་ཅི་ལོག་གི་ལྟ་བ་འབའ་ཞིག་ཏུ་མ་ཟད་ཀྱི། སངས་རྒྱས་པའི་ལྟ་བ་རྣམས་ཀྱང་གོང་མ་རྣམས་ཀྱིས་གཞལ་ན། འོག་མ་རྣམས་ལ་ཉེས་སྐྱོན་དེ་རྣམས་འབྱུང་བར་འགྱུར་རོ། །དེ་ལ་དབང་ཕྱུག་རྒྱུར་སྨྲ་བ་རྣམས་མངོན་སུམ་དང་མི་དམིགས་པས་ཇི་ལྟར་བསྒྲུབ་ཅེ་ན། དང་པོ་འཇིག་རྟེན་ཆགས་པའི་དུས་སུ་ཚངས་ཆེན་གྱི་གནས་གྲུབ་པ་ན་ཚངས་པ་ཆེན་པོ་འབྱུང་བར་འགྱུར་ཏེ། ཚངས་པ་ཆེན་པོ་དེའི་འདོད་པའི་དབང་གིས་བློན་པོ་དང་ཞམ་འབྲིང་དུ་གྱུར་པ། མདུན་ན་འདོན་དང་ཚངས་འཁོར་ལ་སོགས་པ་སྐྱེད་ཅིང་འཕྲུལ་པར་འདོད་པའི་བསམ་པ་སྐྱེས་པ་དང་མཐུན་པར། ཚངས་པ་མདུན་ན་འདོན་དང་། ཚངས་འཁོར་ལ་སོགས་པའི་གནས་དང་སེམས་ཅན་ཆགས་ཤིང་བྱུང་བར་གྱུར་ཏེ། གཞི་དེ་ལས། སྔར་ནི་མི་དམིགས་ལ། ཁོས་སྐྱེད་ཅིང་སྤྲུལ་པས་ནི་དེ་ལྟ་བུར་མངོན་སུམ་དུ་གྲུབ་པ་དང་། སེམས་ཅན་རྣམས་ཀྱི་ལས་དབང་ལས་སྐྱེ་བ་ནི་མ་དམིགས་པས། ཚངས་ཆེན་ནི་ལྟ་བའི་གནས་ཆེན་པོར་འགྱུར་ཏེ། དེ་ལྟར་ན་འདི་ཡང་མངོན་སུམ་དང་མི་དམིགས་པ་ལ་བརྟེན་པའོ། །དེ་ནས་གཞན་ཡང་དེའི་རིག་བྱེད་སྤྱོད་པར་གྱུར་པ། ཕྱི་རོལ་གྱི་དགེ་སློང་དག་གིས། བསམ་གཏན་གྱི་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ཐོབ་སྟེ། བདག་དང་འཇིག་རྟེན་གྱི་མཐའ་བརྟགས་པ་ཁ་ཅིག་གིས། ཚངས་པ་ཆེན་པོ་འཆི་བ་ནི་མ་མཐོང་། གཞན་འཆི་བ་ནི་མཐོང་ལ། སེམས་ཅན་གྱི་ལས་ཀྱི་བག་ཆགས་ཀྱང་མ་མཐོངས་བས། ཚངས་པ་ཆེན་པོ་རྟག་པ་རྒྱུར་ལྟ་བ་བྱུང་སྟེ། འདི་ཡང་མངོན་སུམ་དང་མི་དམིགས་པ་ལ་བརྟེན་པ་ཡིན་ནོ། །གཞན་ཡང་ཁ་ཅིག་གིས་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་ལྷའི་རྒྱལ་པོ་དབང་སྒྱུར་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་རང་གིས་འཕྲུལ་མི་དགོས་པར། གཞན་གྱིས་འཕྲུལ་པ་ཐམས་ཅད་ལ་དབང་བྱེད་པར་མཐོང་། དབང་སྒྱུར་གྱི་ལྷ་འཆི་བ་ཡང་མཐོང་བས། གཞི་དེ་ལས་དབང་སྒྱུར་གྱི་ལྷ་རྟག་གོ་ཞེས་ལྟ་བ་འབྱུང་སྟེ། དེ་ཡང་མངོན་སུམ་དང་མི་དམིགས་པ་ལ་བརྟེན་པའོ། །ཡང་ཁ་ཅིག་གིས་འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ཞེས་བྱ་བ་ལྷའི་མིག་ཐོབ་སྟེ། དེས་འཆི་འཕོ་བ་རྣམས་ལ་བལྟས་ན། དེའི་ལུས་ལས་བརྫུས་ཏེ་སྐྱེས་པའི་སེམས་ཅན་ཅིག་བྱུང་ནས། གནས་གཞན་དུ་སྐྱེ་བ་ལེན་པ་མཐོང་བ་ལས། གང་ཟག་རྟག་པ་དང་འཕོ་བར་ལྟ་བ་འབྱུང་སྟེ། དེ་བས་ན་ལྟ་བ་འདི་དག་ཀྱང་། རྣལ་འབྱོར་གྱི་མངོན་སུམ་གྱིས་གྲུབ་པ་དང་། དེས་མི་དམིགས་པ་ལས་བརྟེན་ཏེ་བྱུང་བའོ། །གཞན་ཡང་ཁ་ཅིག་གིས། དབང་པོའི་མངོན་སུམ་དང་མི་དམིགས་པ་ལ་བརྟེན་ནས། འགྲོ་བ་རིས་གཉིས་སུ་ལྟ་བ་ལ་སོགས་པ་ཡང་བྱུང་སྟེ། དེ་ལྟ་བས་ན་ཡོད་པ་དང་མེད་པའི་ཐ་སྙད་དང་། རྒྱུ་དང་འབྲས་བུའི་དངོས་པོ་ལ་ཚུལ་ཐ་དད་དུ་འཛིན་པ་ཐམས་ཅད་ཀྱང་། མངོན་སུམ་དང་མི་དམིགས་པ་ལ་བརྟེན་པ་ཁོ་ན་ཡིན་ནོ། །དེ་བས་ན་མངོན་སུམ་གྱིས་གྲུབ་པའང་། ཇི་ལྟར་སྣང་བ་ཙམ་དུ་སྐུར་པ་གདབ་ཏུ་མི་རུང་བ་ནི་བདེན་མོད་ཀྱི། སྣང་བ་ཙམ་གྱིས་དེའི་མཚན་ཉིད་དེ་ལྟར་བདེན་པར་བསྒྲུབ་ཏུ་མི་རུང་ངོ་། །མི་དམིགས་ཀྱང་ཤེས་པ་རང་རེའི་སྐབས་སུ་སྒྲོ་གདགས་སུ་མི་རུང་བར་ནི་བདེན་མོད་ཀྱི། དེ་ཙམ་གྱིས་དངོས་པོའི་མཚན་ཉིད་རྣམས་དགག་པར་ནུས་པ་ནི་མ་ཡིན་ནོ། །ལྟ་བ་འདི་རྣམས་གཞི་གང་ལ་ཇི་ལྟར་བརྟེན་པ་ཞིབ་ཏུ་ཤེས་པར་འདོད་པ་རྣམས་ཀྱིས། ཚངས་པ་དྲྭ་བའི་མདོ་ལ་སོགས་པར་བལྟ་བར་བྱའོ། །དེ་ལྟར་མ་རྟོགས་པ་དང་། ལོག་པར་རྟོགས་པ་གཉིས་ཀྱི་སྒོ་ནས་འཇིག་རྟེན་གྱི་ལྟ་བ་བཤད་ནས། ད་ནི་ཕྱོགས་རྟོགས་པ་ལ་སོགས་པའི་སྒོ་ནས་ཐར་པ་མྱ་ངན་ལས་འདས་པའི་ལམ་བསྟན་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་ཀྱི་ཐེག་པ་དང་། རྡོ་རྗེའི་ཐེག་པའོ། །ཞེས་བྱ་བ་སྨོས་ཏེ། དེ་ལ་མཚན་ཉིད་ཅེས་བྱ་བ་ནི། ཆོས་རྣམས་ཀྱི་སྤྱི་དང་རང་གི་མཚན་ཉིད་དག་སྟེ། དེ་ཡང་མཚན་མ་ནི། འདི་མཚོན་པར་བྱ་བ་ཡིན་པས་མཚན་མའམ། འདིས་མཚོན་པར་བྱེད་པས་མཚན་མ་སྟེ། ས་སྲ་བ་དང་ཆུ་གཤེར་བ་ལྟ་བུའོ། །དེའི་དངོས་པོ་ནི་མཚན་ཉིད་དེ། སྲ་བ་ཉིད་དང་གཤེར་བ་ཉིད་ལྟ་བུའོ། །མཚན་ཉིད་དེ་དག་གཙོར་སྟོན་པའི་གཞུང་ནི། མཚན་ཉིད་ཀྱི་ཐེག་པ་ཞེས་བྱའོ། །དེ་ཡང་འདི་ལྟར། འདི་དག་ནི་སྤྱིའི་མཚན་ཉིད་དོ། །འདི་དག་ནི་རང་གི་མཚན་ཉིད་དོ། །འདི་དག་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དོ། །འདི་དག་ནི་རྣམ་པར་བྱང་བའི་མཚན་ཉིད་དོ། །ཞེས་བྱ་བ་ལ་སོགས་པར་སྟོན་པས་དེ་སྐད་ཅེས་བྱའོ། །རྡོ་རྗེའི་ཐེག་པ་ནི། མཚན་ཉིད་དེ་དག་དེ་ལྟར་གཙོར་མི་སྟོན་ཏེ། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་རྣམ་གསུམ་གྱི་རང་བཞིན་དུ་མི་ཕྱེད་པར་སྟོན་པས་དེ་སྐད་ཅེས་བྱའོ། །དེ་ལ་མཚན་ཉིད་ཀྱི་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པའོ། །ཞེས་བྱ་བ་ནི། མཚན་ཉིད་གཙོར་སྟོན་པར་མཚུངས་ཀྱང་། སྐལ་བ་དང་མོས་པ་དང་དབང་པོའི་བྱེ་བྲག་གིས་མཚན་ཉིད་དེ་དག་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མངོན་པར་ཞེན་པ་དང་མ་ཞེན་པའི་བྱེ་བྲག་གིས་ཐེག་པ་ཆེ་ཆུང་གཉིས་སུ་འགྱུར་ལ། ཞེན་པ་རྣམས་ལའང་ཆ་ལས་གྲོལ་བ་དང་མ་གྲོལ་བའི་བྱེ་བྲག་གིས་རྣམ་པ་གཉིས་སུ་འགྱུར་བས། དེ་བས་ན་ཐེག་པ་གསུམ་དུ་ཕྱེ་སྟེ་བསྟན་ཏོ། །དེ་ལ་ཉན་ཐོས་ཞེས་བྱ་བ་ནི། སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་ཀྱིས་བསྡུས་པའི་འཕགས་པའི་གང་ཟག་རྣམས་སོ། །དེ་ལ་ཅིའི་ཕྱིར་དེ་སྐད་བྱ་ཞེ་ན། སྲ་བ་ཀ་ཞེས་བྱ་བའི་སྒྲ། ཉན་པར་བྱེད་པ་ལ་འཇུག་སྟེ། ཉན་ཐོས་རྣམས་ནི་རང་སངས་རྒྱས་ལྟར། དགེ་བའི་བཤེས་གཉེན་ལས་ལུང་མི་ནོད་པ་མ་ཡིན་གྱི། འབྲས་བུ་ཐོབ་ཀར་ཡང་དགེ་བའི་བཤེས་གཉེན་ལས་ལུང་མ་ནོད་ཅིང་ཉན་པར་བྱེད། རྐྱེན་གྱིས་འབྲས་བུ་ཐོབ་པར་བྱེད་པས་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་ཏུ་ཤྲ་བའི་སྒྲ་ནི། ཐོས་ཤིང་སྒྲོགས་པར་བྱེད་པ་སྟེ། རང་སངས་རྒྱས་ལྟར་རང་གིས་ཐོས་པའི་འབྲས་བུ་གཞན་ལ་སྒྲོགས་པར་མི་བྱེད་པ་ལྟ་བུ་ནི་མ་ཡིན་གྱི། རང་གིས་ཐོས་པའི་འབྲས་བུ་གཞན་ལ་སྒྲོགས་པར་བྱེད་པས་དེ་སྐད་ཅེས་བྱའོ། །རང་སངས་རྒྱས་ཞེས་བྱ་བ་ནི། རང་གི་འབྲས་བུ་ཐོབ་པ་ལ་ཉན་ཐོས་ལྟ་དགེ་བའི་བཤེས་གཉེན་ལས་ཉན་པར་མི་བྱེད་ལ་མངོན་པར་ཐོབ་པའི་ཆོས་དེ། ངག་གི་སྒོ་ནས་གཞན་ལ་ཐོས་པར་མི་བྱེད་པས་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་ཏུ་བྱང་ཆུབ་སེམས་དཔའ་ལྟར་སེམས་ཅན་མང་པོའི་ཕྱིར་བྱང་ཆུབ་ཏུ་སེམས་མི་བསྐྱེད་ཀྱི། བདག་གཅིག་པུ་གྲོལ་བར་བྱ་བའི་ཕྱིར་སེམས་བསྐྱེད་པས་དེ་སྐད་ཅེས་བྱའོ། །ཡང་ན་པྲ་ཏེ་ཀ་བྷུ་ཏ་ཞེས་བྱ་བའི་སྒྲ། པྲ་ཏ་ནི་རྐྱེན། བུདྡྷ་ནི་རྟོགས་པའི་ཚིག་སྟེ། རང་སངས་རྒྱས་བསྐལ་པ་དུ་མར་ཚོགས་བསགས་པ་གྲུབ་པའི་མཐའ་ལ་བབ་པ་ན། རྐྱེན་ཞིག་གིས་བསྐུལ་ནས་བྱང་ཆུབ་རྟོགས་པར་འགྱུར་བ་དང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད། རྐྱེན་རྣམས་རྟོགས་པ་ལས་བྱང་ཆུབ་ཐོབ་བས་རྐྱེན་དེ་རྟོགས་ཞེས་ཀྱང་བཤད་དོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ། བྱང་ཆུབ་ནི་བོ་དྷི་ཞེས་བྱ་བའི་སྒྲ། དྲི་མ་ཐམས་ཅད་ཟད་ཅིང་དག་པ་ལ་ཡང་སྙེགས། ཕྱིན་ཅི་མ་ལོག་པར་རྟོགས་ཤིང་ཁོང་དུ་ཆུད་པ་ལ་ཡང་སྙེགས་པས་བྱང་ཆུབ་ཅེས་བཏགས། སེམས་དཔའ་ཞེས་བྱ་བ་ནི། སཏྭ་ཞེས་བྱ་བའི་སྒྲ་ལས་དྲངས་ན། འདོད་པ་དང་སྙིང་སྟོབས་དང་བསམ་པ་བརྟན་ཅིང་མི་འགྱུར་བ་དང་སེམས་ཅན་དང་ཤེས་རིག་དང་སྡུད་པ་དག་ལ་འཇུག་སྟེ། དེ་ལ་འདིར་ནི་བྱང་ཆུབ་འདོད་པའམ། བྱང་ཆུབ་ཀྱི་ཕྱིར་བསམ་པ་བརྟན་པའམ། བྱང་ཆུབ་དང་སེམས་ཅན་ལ་དམིགས་པ་ཡོད་པས་དེ་སྐད་བྱ་སྟེ། འདི་ལྟར། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་ཏུ་རྟོགས་པ་ཐམས་ཅད་སྤངས། །གང་ཞིག་དེ་རྟོགས་འདོད་པ་དེ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི། སེམས་ཅན་བྱང་ཆུབ་པས་བྱང་ཆུབ་སེམས་དཔའོ་ཞེས་བཤད་དེ། དེ་ལྟ་ན་ཡང་སེམས་ཅན་བྱང་ཆུབ་ཏུ་རྟོགས་པའོ་ཞེས་བྱ་བར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་ཅན་ཞེས་བྱ་བའི་སྒྲ་ལྟར་ན། སེམས་ཅན་ནི་སྲོག་ཆགས་ཀྱི་སྒྲ་སྟེ། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྲོག་ཆགས་གང་དག་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའོ་ཞེས་བྱ་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ནི་མདོར་བསྡུ་ན་ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་བའོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི་ཞེས་བྱ་བ་ལ། ཉན་ཐོས་ནི་འབྲས་བུའོ། །ཐེག་པ་ནི་དེའི་ལམ་དང་གཞུང་ངོ་། །དེ་ལ་ཞུགས་པ་ནི་གང་ཟག་རྣམས་སོ། །དེའི་ལྟ་བ་ནི་གྲུབ་པའི་མཐའ་སྟེ། ཤེས་རབ་དང་མོས་པའི་བྱེ་བྲག་གོ་ཞེས་སྦྱར་ཏེ། འོག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ཡང་འདིར་ལྟ་བ་དང་སྒོམ་པ་དང་འབྲས་བུ་གསུམ་དུ་སྟོན་ཏེ། དེ་ལ་ལྟ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་ལ། ཕྱི་རོལ་པས་ཀུན་ཏུ་བརྟགས་པའི་རྟག་ཆད་གཉིས་ནི། ཐག་པ་ལ་སྦྲུལ་མཐོང་བ་བཞིན་དུ་མེད། ཐག་པ་དང་འདྲ་བའི་ཆོས་རྣམས་ཀྱི་མཚན་ཉིད་ནི་ཡོད་པར་འདོད་དེ། དེ་ཡང་ལྟ་བའི་གཞི་ཕུང་པོ་ལྔ་ཡང་ལུས་སེམས་གཉིས་སུ་འདུས་ལ། ལུས་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་དང་། སེམས་རྣམ་པར་ཤེས་པ་ནི་དོན་དམ་པར་ཡོད་པར་ལྟའོ་ཞེས་སྦྱར་རོ། །དེ་ཡང་ཉན་ཐོས་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པའི་ལྟ་བ་རྣམ་པ་གཉིས་ཀྱི་བྱེ་བྲག་མི་མཐུན་པ་རྣམས་ཀྱང་མདོར་བསྡུ་ན། བྱེ་བྲག་པས་དབང་པོ་དང་དོན་དུ་འཕྲད་པའི་བློ་རྣམ་པ་མེད་པར་སྐྱེ་ཞིང་། དབང་པོ་དོན་ཡང་གོང་བུ་དང་མཐུན་པའི་རྡུལ་ཕྲ་རབ་རྫས་སུ་ཡོད་ལ། འདུས་བྱས་ཐམས་ཅད་མི་རྟག་པ་དང་། འདུས་མ་བྱས་རྟག་པར་འདོད་དོ་ཞེས་འབྱུང་ངོ་། །མདོ་སྡེ་པ་ནི། དབང་པོ་དང་དོན་དུ་འཕྲད་པའི་བློ་རྣམ་པ་དང་བཅས་པར་སྐྱེ་ཞིང་། དབང་པོ་དང་དོན་ཡང་ཁ་དོག་དང་མཐུན་པའི་རྡུལ་ཕྲ་རབ་རྫས་སུ་ཡོད་ལ། གང་ཡོད་པ་ཐམས་ཅད་མི་རྟག་པ་དང་། འདུས་མ་བྱས་རྣམས་ཀྱང་མོ་གཤམ་གྱི་བུ་བཞིན་འདོད་དོ་ཞེས་འབྱུང་ངོ་། །གོང་བུའི་མཚན་ཉིད་ལ་ཡང་རྡུལ་ཕྲ་རབ་རྣམས་ཕན་ཚུན་འབྱར་བར་གནས་པ་དང་། བར་དང་བཅས་པ་དང་། བར་ཡང་མེད་ལ་འབྱར་བ་ཡང་མ་ཡིན་ཞེས་འདོད་པའི་བྱེ་བྲག་དང་། གཞན་ཡང་དབྱིབས་དང་རིག་བྱེད་མ་ཡིན་པའི་གཟུགས་དང་མི་ལྡན་པའི་འདུ་བྱེད་ལ་སོགས་པ་ཁ་ཅིག་རྫས་སུ་འདོད་མི་འདོད་ཀྱི་བྱེ་བྲག་ཡོད་དོ་ཞེས་འབྱུང་ངོ་། །བྱེ་བྲག་ཏུ་སྨྲ་བ་ཉིད་ལ་ཡང་། གང་ཟག་རྫས་སུ་འདོད་པ་དང་མི་འདོད་པའི་བྱེ་བྲག་དང་། ཁ་ཆེའི་བྱེ་བྲག་ཏུ་སྨྲ་བ། ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བ་དང་། ལྟ་བ་ཕྲ་མོ་མི་མཐུན་ནོ་ཞེས་འབྱུང་ངོ་། །སྒོམ་པ་ནི་འཕགས་པའི་བདེན་པ་བཞི་སྒོམ་པའི་རིམ་གྱིས་ཞེས་འབྱུང་སྟེ། འདི་ལྟར་སྡུག་བསྔལ་གྱི་ཆོས་རྣམས་དང་དེ་བཞིན་དུ་སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་རྣམས་ལ། རང་གི་ངོ་བོ་ཇི་ལྟ་བ་བཞིན་ཡིན་ཏེ། རྟག་ཏུ་ཕྱིན་ཅི་ལོག་མེད་པས་བདེན་པ་ཡིན་ལ། དེ་དག་འཕགས་པ་རྣམ་ཀྱིས་ཐུགས་སུ་ཆུད་པ་དང་། ཁ་ཅིག་འཕགས་པའི་རང་བཞིན་ཡིན་པས་དེ་སྐད་ཅེས་བྱའོ། །བསྒོམ་པའི་རིམ་གྱིས་ཞེས་བྱ་བ་ནི། ཁམས་གསུམ་གྱིས་བདེན་པ་བཞི་ལ་དམིགས་ནས། དེ་དག་གི་མཚན་ཉིད། མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པ་དང་། རྒྱུ་ཀུན་འབྱུང་བ། རབ་ཏུ་སྐྱེ་བ། རྐྱེན་གྱི་རྣམ་པ་དང་། འགོག་པ། ཞི་བ། གྱ་ནོམ་པ། ངེས་པར་འབྱུང་བ་དང་། ལམ། རིག་པ། བསྒྲུབ་པ། ངེས་པར་འབྱིན་པ་ཞེས་བྱ་བ་རྣམས་ཀྱི་མཚན་ཉིད་དུ་རྟོགས་ཤིང་གོམས་པར་བྱེད་པའི་མཚན་ཉིད་ཅན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཞེས་བྱ་བ་ལ་སོགས་པ། འདོད་པའི་ཁམས་ལ་དམིགས་པ་དང་། ཁམས་གོང་མ་ལ་དམིགས་པའི་བྱེ་བྲག་གིས་ཕྱེ་བ་དང་། བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱིས་ཕྱེ་བས། ཇི་སྐད་དུ་གྲགས་པའི་ཡེ་ཤེས་བཅུ་དྲུག་རྣམས་རྟོགས་པ་དང་གོམས་པར་བྱས་པའི་མཐུས། ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་རིམ་གྱིས་སྤོང་བར་བྱེད་པའོ། །དེ་ལ་འདི་སྐད་དུ། སྡུག་བསྔལ་གྱི་རྩ་བ་སྤང་བར་བྱ་བའི་ཉོན་མོངས་པ་དག་དང་། ཀུན་འབྱུང་གི་རྩ་བ་སྤང་བར་བྱ་བའི་ཉོན་མོངས་པ་ལྟ་བུ་དེ་དག་གཅིག་གམ་ཐ་དད་པར་བཞག །གལ་ཏེ་གཅིག་ན་ནི། གཉེན་པོ་ཕྱི་མ་དོན་མེད་པར་འགྱུར་ལ། གལ་ཏེ་ཐ་དད་ན་ནི་ཁམས་དང་འགྲོ་བ་དང་ཆོས་ཇི་སྙེད་པ་ལ་དམིགས་ནས་ཀྱང་། ཉོན་མོངས་པ་ཐ་དད་སྤང་དགོས་པར་འགྱུར་བས་སྤང་བར་ཅི་ཡང་མི་འགྱུར་རོ་ཞེ་ན། འདི་ལྟར་བསྟན་པར་འགྱུར་ཏེ། ཉོན་མོངས་པའི་སྒྱུ་འཕྲུལ་རྣམས་ནི། བདག་ཏུ་ལྟ་བའི་གནས་ནས་དངོས་པོ་དང་མཚན་མར་འཛིན་པའི་ཡུལ་ལ་འབྱུང་སྟེ། དེ་དག་ལྡན་གྱི་བར་དུ། དམིགས་པ་ཇི་སྙེད་པ་དེ་སྲིད་དུ་ཉོན་མོངས་པ་དེ་སྙེད་པ་འབྱུང་བར་འགྱུར་རོ། །བདག་ཏུ་ལྟ་བའི་གནས་གཞིག་ན། སྒྱུ་མ་མཁན་མེད་པས་སྒྱུ་འཕྲུལ་འབྱུང་བར་མི་འགྱུར་རོ། །དེ་བས་ན་ཉོན་མོངས་པ་དེ་དག་ནི་གཅིག་པ་དང་ཐ་དད་པ་ལས་གྲོལ་བ་ཡིན་ཏེ། དེ་བས་ན་འདིར་ཉན་ཐོས་རྣམས། ཆོས་སྤྱི་དང་རང་གི་མཚན་ཉིད་ལ་ཞིན་པ་དག་གདུལ་བའི་ཕྱིར། འཁོར་བ་རྒྱུ་དང་འབྲས་བུར་བཅས་པ་དང་། མྱ་ངན་ལས་འདས་པར་རྒྱུ་དང་འབྲས་བུར་བཅས་པར་ཕྱེ་བའི་བྱེ་བྲག་གིས་བསྡུས་ན་བདེན་པ་བཞིར་ཕྱེ་སྟེ་བསྟན་པའི་བྱེ་བྲག་ལ་དམིགས་ནས་ཡེ་ཤེས་དང་ཉོན་མོངས་པ་གཉིས་ཀ་ཐ་དད་དུ་རྣམ་པར་ཕྱེ་བར་ཟད་དེ། དངོས་སུ་ན་ཡེ་ཤེས་ཐམས་ཅད་ཀྱང་གཅིག་ཡིན་ཏེ། ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པའི་ཤེས་རབ་བོ། །ཉོན་མོངས་པ་ཐམས་ཅད་ཀྱང་གཅིག་ཡིན་ཏེ། འདི་ལྟར་བདག་ཏུ་རྨོངས་པའི་རྟོགས་པའོ། །དེ་བས་ན་གང་ཟག་ལ་དམིགས་པའི་ཤེས་རབ་ཀྱིས་ནི་ཉོན་མོངས་པ་སྤོང་བར་མི་འགྱུར་ལ། ཆོས་ལ་དམིགས་པའི་ཤེས་རབ་ཀྱང་ཕྱིན་ཅི་ལོག་གི་སྤྲོས་པ་བཅད་པའི་ཕྱོགས་ཀྱི་མཐུས་སྤོང་བར་འགྱུར་གྱི། དངོས་པོར་ལྟ་བའི་ཕྱོགས་ཀྱིས་ནི་སྤོང་བར་མི་འགྱུར་རོ། །འོ་ན་ཉན་ཐོས་ཀྱི་དམིགས་པ་དང་བཅས་པའི་ས་ལ་གནས་པ་དངོས་པོར་ལྟ་བ་དང་མ་བྲལ་བ་ཡིན་ན། དེ་དག་གིས་ཉོན་མོངས་པ་དང་ཟད་ཅིང་བྱང་ཆུབ་ཇི་ལྟར་ཐོབ་པར་འགྱུར་ཞེ་ན། དེ་ལ་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཉན་ཐོས་ནི་རང་གི་གྲུབ་པའི་མཐའ་ལས། ཉོན་མོངས་པ་ཟད་ཅིང་འདུས་མ་བྱས་ཐོབ་པར་འདོད་ཀྱང་། ཐེག་པ་ཆེན་པོ་ལས་ཉོན་མོངས་པའི་དངོས་པོ་ཟད་ལ་བག་ལ་ཉལ་མ་ཟད། བག་ལ་ཉལ་ཡང་ཕུང་པོའི་ཁོངས་སུ་གཏོགས་པས་རྣམ་པར་སྨིན་པའི་ཕུང་པོ་ལས་མ་འདས་པའི་གང་ཟག །ཁམས་གསུམ་དུ་ཀུན་ཏུ་སྦྱོར་བ་རྣམས་སྤངས་པས། སེམས་ཅན་ལས་ཀྱི་ཚེ་བཀག་པ་ཞེས་བྱ་བར་འདོད་དེ། ཇི་སྐད་དུ། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་ལས། ཐབས་དང་ཤེས་རབ་རྣམ་སྤང་ཤིང་། །ཕྱི་རོལ་དངོས་ལ་མངོན་ཞེན་པའི། །ཐེག་པ་དམན་པ་པ་རྣམས་ཀྱིས། །བླ་མེད་བྱང་ཆུབ་ཇི་ལྟར་ཐོབ། །ཅེས་པའི་ལན་དུ། བྱང་ཆུབ་རྣམ་པ་གཉིས་གསུངས་ཏེ། །ལྷག་མ་དང་བཅས་ལྷག་མ་མེད། །ལྷག་བཅས་ཕུང་པོའི་ངོ་བོ་སྟེ། །ཉོན་མོངས་པ་རྣམས་ཡོངས་སུ་བསྲེགས། །ལྷག་མེད་བག ཆགས་མེད་པ་སྟེ། །མཁའ་ལྟར་དྲི་མེད་དག་པ་ཡིན། །བྱང་ཆུབ་རྣམ་པ་འདི་ལྟ་བུར། །རྒྱལ་བ་རྣམས་ཀྱི་ཐབས་ཀྱིས་བསྟན། །ཅེས་གསུངས་པ་ལྟ་བུར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཞེས་འབྱུང་ལ། འདུས་མ་བྱས་ཀྱིས་ཕྱེ་བ་ནི་འཕགས་པའི་གང་ཟག་གོ་ཞེས་ཀྱང་འབྱུང་ན། བྱང་ཆུབ་རྣམས་པ་གསུམ་དུ་བསྟན་པ་རྣམས། ཅི་ཞིག་ཟད་ཅིང་མི་སྐྱེ་བ་ཤེས་ཞེ་ན། དེ་ལ་འདི་སྐད་དུ། ཁམས་གསུམ་ཀུན་ཏུ་སྦྱོར་བའི་ཉོན་མོངས་པ་རྣམས་སྤངས་པས་དགྲ་བཅོམ་པའོ། །གང་ཅི་ཡང་རུང་སྟེ། ཀུན་འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་སུ་ཤེས་པས་རང་བྱང་ཆུབ་བོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་གསུངས་པ་ལྟ་བུའོ། །ཧ་ཅང་སྤྲོས་པས་ཆོག་གོ། །གཞུང་ཉིད་ལ་འཇུག་པར་བྱ་སྟེ། དེ་ལྟར་གཉེན་པོ་མཐོང་བ་དང་བསྒོམ་པའི་ལམ་རིམ་གྱིས་བསྒོམས་ཤིང་། སྤང་བར་བྱ་བའི་ཉོན་མོངས་པ་རིམ་གྱིས་སྤངས་པས་འབྲས་བུ་ཅི་ཞིག་ཐོབ་ཅེ་ན། འདིར་གསུངས་པ། འབྲས་བུ་རྣམ་པ་བཞི་ཐོབ་པ་ཡིན་ནོ། །ཞེས་གསུངས་ཏེ། འདི་ལྟར་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའོ། །དེ་ལ་ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་མཐའ་དག་སྤངས་པ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་ལས་ཀྱང་། འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཆེ་འབྲིང་དགུར་ཕྱེ་བ་ལས། རྣམ་པ་གསུམ་པ་བཞི་པ་ཡན་ཆད་ལས་གྲོལ་བ་ནི་རྒྱུན་ཏུ་ཞུགས་པ་སྟེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་གྱི་རྒྱུན་ལ་ཞུགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །དྲུག་པ་ཟད་པ་ནི་ལན་ཅིག་ཕྱིར་འོང་བ་སྟེ། ཆུང་ངུ་རྣམ་པ་ལུས་པས་འདོད་པའི་ཁམས་ཀྱི་ལྷ་དང་མིར་ཕྱིར་སྐྱེ་བ་ལེན་པས་སོ། །དགུ་པ་སྤངས་པ་ནི་ཕྱིར་མི་འོང་བ་སྟེ། འདོད་པའི་ཁམས་སུ་ཕྱིར་མི་སྐྱེ་བའི་ཕྱིར་རོ། །སྲིད་པའི་རྩེ་མོའི་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་ཡང་སྤངས་པ་ནི་དགྲ་བཅོམ་པ་སྟེ། ཨ་རི་ཧ་ཏ་ཞེས་བྱ་བའི་སྒྲ། ཨ་རི་ནི་དགྲ། ཧ་ཏ་ན་བཅོམ་པ་སྟེ། ཁམས་གསུམ་དུ་སྐྱེ་བ་ལེན་པར་བྱེད་པའི་ཉོན་མོངས་པ་རྣམས་ཉིད་བདུད་དང་དགྲ་ཡིན་ལ། དེ་དག་བཅོམ་པས་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་ཏུ་ཨ་རི་ན་ཧ་ཏ་བ་ཞེས་བྱ་སྟེ། ཨ་རི་ན་ནི་འོས་ཤིང་རིགས་པའི་དོན། ཧ་ཏ་བ་ནི་མཆོད་སྦྱིན་གྱི་ཚིག་སྟེ། ཁམས་གསུམ་གྱི་སྲེད་པ་ཟད་པ་དེ་ལ། འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པའི་འོས་ཡིན་པས། མཆོད་འོས་ཞེས་བྱ་བར་ཡང་བཤད་དོ། །རང་བྱང་ཆུབ་ཅེས་བྱ་བ་ནི། མྱ་ངན་ལས་འདས་པའི་མཚན་ཉིད། རང་སངས་རྒྱས་ཀྱི་འབྲས་བུའི་ངོ་བོ། འདུས་མ་བྱས་པའི་མཚན་ཉིད་དོ། །གཞན་ནི་གོང་དུ་བསྟན་པ་བཞིན་ནོ། །འདི་ཡང་ལྟ་བ་ནི་ཉན་ཐོས་ལས་ཁྱད་པར་དུ་གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་ཤིང་། ཞེས་སྨོས་ཏེ། དེ་ལ་ཕུང་པོ་ལྔ་ལས་ནི་གཟུགས་ཀྱི་ཕུང་པོ་ལ་བདག་མེད་པར་རྟོགས། སྐྱེ་མཆེད་དང་ཁམས་ལས་ནི། གཟུགས་ཅན་གྱི་སྐྱེ་མཆེད་བཅུ་དང་ཁམས་བཅུ་དང་། ཆོས་ཀྱི་སྐྱེ་མཆེད་དང་ཁམས་ཀྱི་ཕྱོགས་གཅིག་སྟེ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ། མདོར་ན་གཟུགས་ཀྱི་ཕུང་པོར་བསྡུས་པའི་ཆོས་ལ་བདག་མེད་པར་རྟོགས་སོ་ཞེས་སྦྱར་རོ། །རིག་བྱེད་མ་ཡིན་པའི་གཟུགས་འབའ་ཞིག་ནི་མ་ཡིན་ཏེ། མདོ་རྒྱུད་གཞན་ལས། རང་སངས་རྒྱས་ཀྱིས་གཟུགས་ཀྱི་ཕུང་པོ་རིལ་ལ་བདག་མེད་པར་རྟོགས་པར་འབྱུང་བ་དང་། རྣམས་པར་རིག་བྱེད་མ་ཡིན་པའི་གཟུགས་ཙམ་ནི། ཉན་ཐོས་མདོ་སྡེ་པས་ཀྱང་རྫས་སུ་མེད་པར་རྟོགས་པའི་ཕྱིར་རོ། །ལ་ལ་ན་རེ་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཅེས་བྱ་བ། གཟུང་བའི་རྟོགས་པ་སྤངས་པའོ་ཞེས་ཟེར་ཏེ། དེ་ཡང་དེ་སྤངས་པ་ནི་ཡིན་མོད་ཀྱི། དེའི་སྒྲ་དང་མཐུན་པ་ཡང་མ་ཡིན་ལ། དགོས་པ་དང་མཐུན་པ་ཡང་མེད་པས་ཆེད་པོར་མི་རུང་ངོ་། །བསྒོམ་པ་བསྟན་པ་ནི། སྔོན་གོམས་པའི་ཤུགས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས། ཆོས་ཉིད་ཟབ་མོ་རྟོགས་ནས། ཞེས་སྨོས་པ་སྟེ། དེ་ལ་སྔོན་གོམས་པ་ནི། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དག་ལ། སངས་རྒྱས་ལ་རྟེན་ཅིང་སྦྱངས་པ་ཡིན་ལ། དེ་ནས་སྨོན་ལམ་གྱི་དབང་གིས་སངས་རྒྱས་འབྱུང་བ་དང་མ་འཕྲད་ན་རང་སངས་རྒྱས་སུ་འགྱུར་བས། སྔོན་གོམས་པའི་ཤུགས་ཀྱིས་ཞེས་བྱའོ། །གཞན་ཡང་རང་སངས་རྒྱས་བསེ་རུ་ལྟ་བུ། བསྐལ་པ་བརྒྱར་ཚོགས་བསགས་པའི་རྒྱུ་ལས་འགྲུབ་པས། སྔོན་སྦྱངས་པའི་ཤུགས་ཅན་ནོ། །དེ་ལ་དཀར་པོ་རྣམ་པར་མཐོང་བའི་ས་ནི། དྲོད་ལས་དང་པོར་གཟུང་བའི་རྟོག་པའི་ཕྱོགས་ཆ་ཉམས་པར་བྱས་པས། ཆོས་ཀྱི་མིག་དང་པོ་རྙེད་པའོ། །རིགས་ཀྱི་ས་ནི། ཆོས་ལ་བཟོད་པ་ཐོབ་ནས། བྱང་ཆུབ་རྣམ་གསུམ་ཐོབ་པའི་རིགས་དང་ལྡན་པ་སྟེ། དེ་ནས་རིགས་འབྱེད་ཞེས་ཀྱང་བཤད་དོ། །དེ་ལ་རྟེ་ཅིང་འབྲེལ་བར་འབྱུང་བའི་སྒོ་ནས་ཆོས་ཉིད་ཟབ་མོ་རྟོགས་པ་ནི། འདི་ལྟར་ཆོས་ཐམས་ཅད་ནི། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་དེ། བྱེད་བ་པོས་མ་བྱས། དབང་ཕྱུག་གིས་མ་བསྐོས། རང་བཞིན་མ་བྱུང་། དུས་ཀྱིས་མ་འགྱུར། རྒྱུ་མེད་པ་ལས་མ་བྱུང་སྟེ། རྟག་པ་མ་ཡིན། ཆད་པ་མ་ཡིན། སེམས་ཅན་འཕོ་བ་མ་ཡིན་ཏེ། རྒྱུ་རྐྱེན་རྟེན་ཅིང་འབྲེལ་ཏེ་འབྱུང་བ། སྒྱུ་མ་ལྟ་བུའི་མཚན་ཉིད་དུ་རྟོགས་ནས། ཚིག་གི་དོན་མེད་པར་ཁོང་དུ་ཆུད་པས། བརྗོད་པ་དང་བྲལ་ཏེ། ངག་ཤིན་ཏུ་འགོག་པའི་ཏིང་ངེ་འཛིན་ལ་ཡང་དག་པར་རེག་པར་བྱེད་དེ་གནས་པ་ཡིན་ནོ། །འོན་ཀྱང་ཆོས་ཐམས་ཅད་བརྗོད་དུ་མེད་དོ་སྙམ་པའི་འདུ་ཤེས་ནི་འཇུག་སྟེ། དེ་བས་ན་ཏིང་ངེ་འཛིན་འདི་ནི་འཛིན་པའི་རྟོག་པ་ནི་མ་སྤངས་པའོ་ཞེས་འདོད་དོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་རྟོགས་པའི་ཚེ། བདེན་པ་བཞིའི་དོན་བསྒོམས་པ་ཡང་ཡིན་ཏེ། དེ་ལ་ཡན་ལག་བཅུ་གཉིས་ལས། སྡུག་བསྔལ་བདུན་ནི་སྡུག་བསྔལ་གྱི་བདེན་པ། ཉོན་མོངས་པ་གསུམ་དང་ལས་གཉིས་ནི་ཀུན་འབྱུང་གི་བདེན་པ། ཀུན་ནས་ཉོན་མོངས་པ་དེ་དག་དང་བྲལ་བ་ནི་འགོག་པའི་བདེན་པ། དེར་གྲོལ་བའི་ལམ་གྱི་མཚན་ཉིད་རྟེན་ཅིང་འབྲེལ་བའི་དོན་རྟོགས་ནས་སྒོམ་པར་བྱེད་པ་ནི་ལམ་གྱི་བདེན་པའོ། །རྣམ་པ་གཅིག་ཏུ་ཡན་ལག་བཅུ་གཉིས་རེ་རེ་ལ་ཡང་བདེན་པ་བཞི་བཞི་དང་ལྡན་ཏེ། ཡན་ལག་དེ་དག་རང་གི་བདག་ཉིད་ཐོབ་པ་ནི་སྡུག་བསྔལ་གྱི་བདེན་པའོ། །དེ་དག་གཅིག་གི་རྐྱེན་གྱིས་གཅིག་མངོན་པར་གྲུབ་པའི་བྱེད་པ་ནི་ཀུན་འབྱུང་གི་བདེན་པའོ། །དེ་དག་གཅིག་འགགས་པས་གཅིག་འགོག་པ་ནི་འགོག་པའི་བདེན་པའོ། །དེ་དག་འགོག་པར་བྱ་བའི་ཕྱིར། དེ་དག་ཉིད་ཕྱིན་ཅི་མ་ལོག་པར་བསྒོམས་པ་ནི་ལམ་གྱི་བདེན་པ་སྟེ། དེ་ལྟར་བདེན་པ་བཞི་ལ་དམིགས་པའི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ཀྱང་། ཡན་ལག་རེ་རེ་ལ་འབྱུང་བས། ཡེ་ཤེས་སྐད་ཅིག་མ་བརྒྱ་དགུ་བཅུ་རྩ་གཉིས། སྟན་ཅིག་གིས་སྟེང་དུ་སྐྱེས་ནས། རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་བོ་ཞེས་ཟེར་རོ། །ཡོང་ནི་དེ་ལྟར་རྣམ་པ་བཞག་ན། ཡེ་ཤེས་དེ་དག་གི་སྤང་བར་བྱ་བའི་ཉོན་མོངས་པའང་དེ་སྙེད་དུ་འགྱུར་བས། དེ་བས་ན་གོང་དུ་ཉན་ཐོས་ཀྱི་སྐབས་སུ་བཤད་པ་བཞིན་དུ། ཡེ་ཤེས་དང་ཉོན་མོངས་པའི་རྣམ་གྲངས་ནི། དམིགས་པའི་ཡུལ་གྱིས་ཕྱེ་བའི་བྱེ་བྲག་ཙམ་ཡིན་པས། གང་ཟག་དང་ཆོས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་སྒོར་གྱུར་པ། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དོན་རྟོགས་པའི་ཤེས་རབ་དང་ཏིང་ངེ་འཛིན་དེ་ཉིད་ཀྱིས། བདག་ཏུ་ལྟ་བ་ལས་བྱུང་བའི་ཉོན་མོངས་པའི་སྒྱུ་འཕྲུལ་རྣམས་རང་ཞི་བར་འགྱུར་རོ། །དེ་ལ་ཕྱིན་ཅི་མ་ལོག་གི་ལྟ་བ་སེལ་བའི་ཚུལ་ནི། རྟེན་པའི་དོན་གྱིས་བྱེད་པ་པོས་བྱས་པ་དང་། དབང་ཕྱུག་གིས་བསྐོས་པ་དང་། རང་བཞིན་བྱུང་བ་ལྟ་བུ་སེལ་བར་བྱེད་དོ། །འབྲེལ་བའི་དོན་གྱིས་དུས་ཀྱིས་བསྒྱུར་བ་དང་། རྒྱུ་མེད་པ་ལས་བྱུང་བ་ལྟ་བ་ལྟ་བུ། རྒྱུ་དང་འབྲས་བུ་མཚུངས་པར་མི་འབྱུང་བར་ལྟ་བ་རྣམས་སེལ་ཏོ། །འབྱུང་བའི་དོན་གྱི་སྐུར་པའི་གནས་རྣམས་སེལ་ཏོ། །མདོར་བསྡུ་ན། རྟེན་པའི་དོན་གྱིས་རྟག་པ་ལྟ་བ་བདག་རང་དབང་ཐོབ་པར་སྨྲ་བ་སེལ་ཏོ། །འབྲེལ་ཏེ་འབྱུང་བའི་དོན་གྱིས་ཆད་པར་ལྟ་བ་འཇིག་རྟེན་མེད་པར་ལྟ་བ་སེལ་ཏོ། །དེ་ལྟར་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་ལ་མཁས་པས། དངོས་པོ་རྣམས་འབྲས་བུའང་རྒྱུ་ལ་ལྟོས། རྒྱུའང་འབྲས་བུ་ལ་ལྟོས་པས། བདག་ཉིད་ཐོབ་པ་མེད་པར་ཁོང་དུ་ཆུད་པས་ནི། ཕྱི་རོལ་པའི་རྟག་ཆད་ཀྱི་མཐའ་བསལ་བ་ཙམ་དུ་མ་ཟད་ཀྱི། ཆོས་ཐམས་ཅད་ལ་གཟུང་བར་བྱ་བའི་དོན་གྱི་རང་གི་ངོ་བོ་གང་ཡང་མ་མཐོང་བས། ཕྱིའི་ཡུལ་ལ་བདག་མེད་པར་རྟོགས་ཤིང་། གཟུང་བའི་རྟོག་པ་ཡང་སྤངས་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། །འོ་ན་རྟེན་འབྲེལ་གྱི་ཚུལ་ཟབ་མོ་རྟོགས་ན། དེས་ཅིའི་ཕྱིར་འཛིན་པ་ལ་བདག་མེད་པར་མི་རྟོགས་ཤིང་། འཛིན་པའི་རྟོག་པ་མི་སྤོང་ཞེ་ན། དེ་ལ་འདི་བརྗོད་པར་བྱ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ཟབ་མོའི་ཆོས་ནི། ཉན་ཐོས་ཀྱིས་ཀྱང་རྟོགས། རང་སངས་རྒྱས་ཀྱིས་ཀྱང་རྟོགས། རྣལ་འབྱོར་སྤྱོད་པ་བས་ཀྱང་རྟོགས། དབུ་མ་པས་ཀྱང་རྟོགས་མོད་ཀྱི། ཚུལ་དེ་རྣམས་ཀུན་ཁྱད་པར་ཅུང་ཟད་མེད་པར་མཐར་ཕྱིན་པར་རྟོག་པར་མཚུངས་པ་ནི་མ་ཡིན་ཏེ། འདི་ལྟར་ཉན་ཐོས་ཀྱིས་ནི་རྟེན་འབྲེལ་རྟོགས་ཀྱང་། དེའི་མཐུས་ཕུང་པོ་སྐྱེ་བ་དང་འཇིག་པར་རྟོགས་ནས། མཐའ་གཉིས་བསལ་བར་ཟད་དེ། རྒྱུ་དང་འབྲས་བུའི་དངོས་པོ་སྤྱི་དང་རང་གི་མཚན་ཉིད་ལ་མངོན་པར་ཞེན་པ་ནི་མ་སྤངས་སོ། །རང་སངས་རྒྱས་ཀྱིས་རྟེན་འབྲེལ་གྱི་ཚུལ་རྟོགས་པས་ནི། དེའི་སྟེང་དུ་རྒྱུ་འབྲས་ཀྱི་དངོས་པོ་རྣམས་ཀྱི་བདག་ཉིད་ཐོབ་པ་མེད་པར་རིག་པས། བཟུང་བར་བྱ་བའི་དོན་མེད་པར་རྟོགས་ཀྱི། དོན་མེད་དོ་སྙམ་པའི་འཛིན་པའི་བློ་ཡང་མི་འཇུག་གོ་སྙམ་པའི་བློ་མི་སྐྱེ་བར་སྤངས་པ་ནི་མ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱི་རྟེན་འབྲེལ་གྱི་ཚུལ་རྟོགས་པས་ཀྱང་། དེའི་སྟེང་དུ་གཟུང་བ་དང་འཛིན་པའི་ངོ་བོ་བདག་ཉིད་ཐོབ་པ་མེད་པར་རྟོགས་པས། ཆོས་ཐམས་ཅད་ལ་གཟུང་འཛིན་གཉིས་ཀྱིས་སྟོང་པར་རྟོགས་ཀྱི། འདི་ལྟར་སེམས་དང་སེམས་ལས་བྱུང་བ། གང་གིས་ཡང་གཟུང་བ་མ་ཡིན་ལ། གང་ལ་ཡང་འཛིན་པར་བྱེད་པ་མ་ཡིན་པ། རང་རིག་པ་ཙམ་པོ་རྒྱུ་རྐྱེན་རྟེན་འབྲེལ་ལས་སྐྱེ་བ་འདི་ནི། རང་གི་ངོ་བོ་གྲུབ་པར་སྨྲ་སྟེ། བདག་མེད་པར་མ་རྟོགས་སོ། །དབུ་མ་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཚུལ་རྟོགས་པས་ནི། རང་རིག་པ་འདི་ཉིད་ཀྱང་རྒྱུ་དང་འབྲས་བུའི་དངོས་པོའི་བདག་ཉིད་ཐོབ་པ་མེད་པར་རྟོགས་ཏེ། སྤྲོས་པ་ཐམས་ཅད་ལས་ཡོངས་སུ་འདས་པར་རྟོགས་པའོ། །དེ་ལྟ་བས་ན་རྟེན་འབྲེལ་གྱི་ཚུལ་ནི། རྒྱུ་དང་འབྲས་བུ་རང་གི་ངོ་བོ་ལ་མཁས་པ་ཡིན་ལ། དེའི་མཐུས་རྒྱུ་འབྲས་ལ་ལོག་པར་རྟོགས་པ་སེལ་བ་ནི། ཐམས་ཅད་ཀྱི་ཐུན་མོང་གི་ཆོས་ཡིན་པ་ལས། ཉན་ཐོས་ཀྱིས་ནི། ཆོས་ཀྱི་རྒྱུ་འབྲས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པས་ཕྱི་རོལ་གྱི་མུ་སྟེགས་ཅན་གྱི་རྒྱུ་འབྲས་ལ་ལོག་པར་རྟོགས་པ་བསལ་ཏོ། །རང་སངས་རྒྱས་ཀྱིས་ནི། རྟེན་འབྲེལ་དེ་ཉིད་དེ་བས་ཟབ་ཏུ་རྟོགས་པས། རྒྱུ་དང་འབྲས་བུའི་དངོས་པོ་གཟུང་བའི་དོན་དུ་ཡང་མེད་པར་རྟོགས་སོ། །རྣལ་འབྱོར་སྤྱོད་པ་པས་ནི། རྟེན་འབྲེལ་དེ་ཉིད་དེ་བས་ཟབ་ཏུ་རྟོགས་པས། རྒྱུ་དང་འབྲས་བུའི་དངོས་པོ་འཛིན་པའི་བདག་ཉིད་དུ་ཡང་མེད་པར་རྟོགས་སོ། །དབུ་མ་པས་ནི། རྟེན་འབྲེལ་དེ་ཉིད་དེ་བས་ཀྱང་ཟབ་ཏུ་རྟོགས་པས། རྒྱུ་དང་འབྲས་བུའི་དངོས་པོ་རང་རིག་པའི་བདག་ཉིད་དུ་ཡང་མེད་པར་རྟོགས་པས་སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་ཞེས་བྱའོ། །དེ་ལྟ་བས་ན་རྒྱུ་དང་འབྲས་བུའི་ཚུལ་རྟོགས་པ་རགས་པ་དང་ཟབ་པར་རྟོགས་པ་ལ་བརྟེན་ནས། རྒྱུ་དང་འབྲས་བུ་ལ་ལོག་པར་རྟོགས་པ་སེལ་བ་ཡིན་པས་སོ། །འདི་སྐད་དུ། རྟེན་འབྲེལ་ཐམས་ཅད་ཀྱི་ཐུན་མོང་ཡིན་ན། རང་སངས་རྒྱས་རྣམས་ཀྱི་ཁྱད་པར་གྱི་ལམ་དུ་ཅིའི་ཕྱིར་བསྟན་ཅེ་ན། དེ་ནི་འདི་ལྟར་རང་སངས་རྒྱས་རྣམས་དགེ་བའི་བཤེས་གཉེན་གྱི་སྒྲ་ལ་མི་བརྟེན་པས། འཁོར་བའི་ཉེས་དམིགས་སྡུག་བསྔལ་མཐོང་བ་ཉིད། བྱང་ཆུབ་ཀྱི་རྐྱེན་དུ་འགྱུར་ཏེ། དེས་བསྐུལ་བ་དང་། གཞན་ལ་མི་བརྟེན་པར་རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་འཇུག་པའི་ཕྱིར། སྡུག་བསྔལ་གྱི་མཚན་ཉིད་དང་། དེའི་རྒྱུ་རྟགས་པ་དང་། དེ་དགག་པ་དང་། དེ་དགག་པའི་ཐབས་བརྟག་པ་ལས་སྒོ་གཞན་མེད་དེ། དེའི་ཕྱིར་དེ་དག་ཁོ་ན་གཙོར་བསྟན་དགོས་པ་ཉིད་དོ། །ཧ་ཅང་སྤྲོས་པས་ཆོག་གོ། །དཀྱུས་མ་ཉིད་ལ་འཇུག་པར་བྱ་སྟེ། དེ་ལྟར་རྟེན་ཅིང་འབྲེལ་བའི་སྒོ་ནས་ལམ་བསྒོམ་པ་བསྟན་ནས། འབྲས་བུ་བསྟན་པ་ནི། རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་ཡིན་ནོ། །ཞེས་གསུངས་པ་སྟེ། དེ་ཡང་འདི་ལྟར་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་གཉིས་ལས། རྒྱུ་ལ་ཞུགས་པ་དང་འབྲས་བུ་ཐོབ་པའི་བྱེ་བྲག་གིས། གང་ཟག་རྣམ་པ་བཞི་ཡིན་ནོ་ཞེས་འབྱུང་ངོ་། །དེ་ལ་བསེ་རུ་ལྟ་བུ་ནི། དབང་པོ་རྣོན་པོ་ཡུལ་དང་དུས་ལ་མི་ལྟོས་པ། བསྐལ་པ་བརྒྱར་ཚོགས་བསགས་པས། སྐལ་བ་རབ་དང་ལྡན་པ། ལས་ཀྱི་མཐའ་ལ་བབ་པས། ལྟོས་པ་མེད་པར་གཅིག་པུར་གནས་པའི་ཕྱིར། བསེ་རུ་ལྟ་བུ་ཞེས་བྱའོ། །ཚོགས་ན་སྤྱོད་པ་ནི། དབང་པོ་རྟུལ་པོ་ཡུལ་དང་དུས་ལ་ལྟོས་ཤིང་། དེ་ལྟ་བུའི་སྐལ་བ་རབ་དང་མི་ལྡན་པས་གཞན་ལ་ལྟོས་པའི་ཕྱིར། སྡེ་དང་ཁྱུར་གནས་པས་ཚོགས་ན་སྤྱོད་པ་ཞེས་བྱའོ། །འོ་ན་གཅིག་ལ་གཅིག་སློབ་དཔོན་དུ་མི་འགྱུར་རམ་ཞེ་ན། རང་རེ་གཙོ་བོ་ཡིན་པའི་ཕྱིར་སློབ་དཔོན་ནི་མེད་དེ། འོན་ཀྱང་དེ་བཞིན་གཤེགས་པའི་བྱིན་རླབས་རྐྱེན་གཞན་དུ་སྣང་བ་ནི་འབྱུང་དུ་རུང་ངོ་། །དེ་ཡང་སངས་རྒྱས་ལ་བརྟེན་པའི་གྲངས་སུ་མི་འགྱུར་ཏེ། སངས་རྒྱས་སུ་མི་སྣང་བའི་ཕྱིར་རོ། །འདི་ལྟ་བུའི་གང་ཟག་ཀྱང་། སྔོན་སངས་རྒྱས་འཇིག་རྟེན་དུ་འབྱུང་བའི་སྔོན་རོལ་དུ། ཡུལ་ཝཱ་ར་ཎཱ་སཱི་ལ་སོགས་པར། རང་སངས་རྒྱས་ཤེས་རབ་མགྱོགས་ཆེན་དང་། རྫུ་འཕྲུལ་ཆེར་སྟོན་ལ་སོགས་པ་བྱུང་བར་གྲགས་པ་རྣམས་སོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་ནི་རྒྱུའི་སྒོ་ནས་སྨོས་པ་སྟེ། འབྲས་བུ་ནི་གསང་སྔགས་དང་བྱེ་བྲག་ཏུ་མེད་པས། དེ་བས་ན་ལམ་གྱིས་བྱེ་བྲག་ཏུ་བྱ་བའི་ཕྱིར་དེ་སྐད་སྨོས་སོ། །དེ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་དོན་དམ་པར་ནི་རང་བཞིན་མེད་པ་ཡིན་ལ། ཀུན་རྫོབ་སྒྱུ་མ་ཙམ་དུ་མཚན་ཉིད་མ་འདྲེས་པར་ཡོད་དེ་ཞེས་པ་ནི་ལྟ་བ་བསྟན་པ་ཡིན་ཏེ། དེ་ལ་ཀུན་ནས་ཉོན་མོངས་པ་ནི། འདིར་འཁོར་བ་རྒྱུ་དང་འབྲས་བུར་བཅས་པ་ལ་འཇུག་སྟེ། འདིས་སམ་འདི་ཀུན་ནས་ཉོན་མོངས་པར་བྱེད་པས་དེ་སྐད་ཅེས་བྱའོ། །རྣམ་པར་བྱང་བ་ཡང་དེ་བཞིན་ནོ། །དོན་དམ་པར་རང་བཞིན་མེད་ཅེས་བྱ་བ་ལ། དོན་དམ་པ་རང་གི་ངོ་བོ་ནི། ཆོས་ཉིད་སྤྲོས་པ་དང་བྲལ་བ་ལ་བྱ་སྟེ། དོན་གྱི་སྒྲ་ཡུལ་ལ་འཇུག་པས། ཡེ་ཤེས་དམ་པའི་ཡུལ་ཡིན་པས་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་ཏུ་དོན་གྱི་སྒྲ་དགོས་པ་ལ་འཇུག་པས། ཐོབ་པར་བྱ་བའི་དགོས་པ་རྣམས་ཀྱི་ནང་ན་དམ་པ་ཡིན་པས་དེ་སྐད་ཅེས་བྱའོ། །དེ་དག་ལྟར་ན་སྤྱིར་ཆོས་ཉིད་དུ་མཐུན་ཡང་། སྔ་མ་ནི་དེ་བཞིན་ཉིད་སྤྱི་ལ་འཇུག །ཕྱི་མ་ནི་ཆོས་ཉིད་དག་པ་སྟེ་མྱ་ངན་ལས་འདས་པ་ལ་འཇུག་གོ། །དེ་ཉིད་ཕྱིན་ཅི་མ་ལོག་པས་དོན་དམ་པའི་བདེན་པ་ཞེས་ཀྱང་བྱ་སྟེ། འཕགས་པའི་བདེན་པ་མཐོང་བ་རྣམས་ལ་དེ་ལྟར་བདེན་པར་གྲུབ་པའི་ཕྱིར་རོ། །འདི་ཡང་ཤེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་དུ་བྱས་ཞེའོ། །དེ་ལ་དབྱེ་ན་རྣམ་པ་གཉིས་ཏེ། རྣམ་གྲངས་ཀྱི་དོན་དམ་པ་དང་། སྤྲོས་པ་དང་བྲལ་བའི་དོན་དམ་པའོ། །དེ་ལ་རྣམས་གྲངས་ཀྱི་དོན་དམ་པ་ནི། སྤྲོས་པ་ཕྱོགས་རེ་ཆད་པ་དང་། ཕྱོགས་རེ་མ་ཆད་པའི་བློའི་ཡུལ་ཏེ། འདི་ལྟར་སྟོང་པ་ཉིད་བཅོ་བརྒྱད་ལ་སོགས་པ་དོན་དམ་པའི་རྣམ་གྲངས་ཀྱི་ཚིག་གིས་བསྟན་པར་བྱ་བའི་ཚིག་གི་དོན་རྣམས་སོ། །སྤྲོས་པ་བྲལ་བའི་དོན་དམ་པ་ནི། སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་བའི་རང་བཞིན་གང་ཡིན་པའོ། །དེའི་དབང་དུ་བྱས་ན་དངོས་པོ་རྣམས་ཀྱི་རང་བཞིན་གང་ཡང་མི་འགྲུབ་པས། དོན་དམ་པར་རང་བཞིན་མེད་ཅེས་བྱ་སྟེ། ཚུལ་འདི་ནི་ལུང་བཙན་པར་བསྒྲུབ་པའི་ཚུལ་ཞེས་བྱའོ། །རིགས་པ་བཙན་པར་བསྒྲུབ་པའི་ཚུལ་ལྟར་ན། དོན་དམ་པར་རང་བཞིན་མེད་ཅེས་བྱ་བ་ལ། དམ་པ་ནི་བློའི་དམ་པ་སྟེ། དངོས་སུ་སོ་སོར་རྟོག་པའི་ཤེས་རབ་ཀྱི་མཐར་ཐུག་པ་རིག་པའི་དམ་པ་ལ་བྱ་སྟེ། དེའི་ཡུལ་དུ་བསྒྲུབ་ཏུ་རུང་བའི་དངོས་པོའི་རང་བཞིན་གང་ཡང་མི་འགྲུབ་པས། དོན་དམ་པར་རང་བཞིན་མེད་ཅེའམ། དམ་པའི་དོན་དུ་རང་བཞིན་མེད་ཅེས་བྱའོ། །ཀུན་རྫོབ་ཅེས་བྱ་བའི་རང་གི་ངོ་བོ་ནི། འཁྲུལ་པའི་ཤེས་པ་སྣང་བ་དང་བཅས་པ་ལ་བྱ་སྟེ། དེ་ཡང་ས་མ་བྷྲི་ཏ་ཞེས་བྱ་བའི་སྒྲ། ས་མ་ནི་ས་མ་ཀ་སྟེ་ཡང་དག་པ། བྷྲི་ཏ་ནི་སྒྲིབ་པའི་དོན་ལ་འཇུག་པས་ཡང་དག་སྒྲིབ་ཅེས་བཤད་དེ། དེ་ལྟར་འཁྲུལ་པའི་བློ་ཉིད་ཀྱིས་བློ་དེ་ཉིད་ལ་བསྒྲིབས་ནས། ཡང་དག་པའི་དོན་མཐོང་བ་ལ་གེགས་བྱས་པས་ཡང་དག་སྒྲིབ་ཅེས་བྱའོ། །དེ་ལྟར་ན་བློའི་སྣང་བ་ལ་ཀུན་རྫོབ་པ་ཞེས་གདགས། ཡང་ན་ས་མ་ནི་ས་མ་ཏ་སྟེ་ཀུན་ལ་བྱ། བྷྲི་ཏ་ནི་བརྫབས་པའི་ཚིག་སྟེ། དེ་ལྟ་ན་མཁས་པ་པཎྜི་ཏ་ནས། བླུན་པོ་བ་ལང་རྫི་ཡན་ཆད་ཀུན་གྱིས་མཐུན་པར། གློ་བུར་འཁྲུལ་པའི་བློས་བརྫབས་ཤིང་བརྟགས་ཏེ། རྣམ་པར་བཞག་པའི་དོན་ཡིན་གྱི། དོན་མ་བཅོས་པ། མ་བརྟགས་པ། མ་བསླད་པ། གཉུག་མའི་དོན་མ་ཡིན་པས་ཀུན་རྫོབ་ཅེས་བྱ་སྟེ། དེ་ལྟ་ན་སྣང་བའི་དོན་ནི་ཀུན་རྫོབ་ཡིན་ལ། འཁྲུལ་པའི་བློ་ནི་ཀུན་རྫོབ་པ་ཞེས་བྱའོ། །ཀུན་རྫོབ་ཀྱི་འཇུག་ཚད་ནི། ཇི་སྲིད་དུ་མངོན་པར་འདུ་བྱ་བ་དང་བཅས་པའི་བློའི་སྤྱོད་ཡུལ་དུ་བྱས་པ། ཚིག་དང་ཡི་གེ་བརྗོད་པ་ཐམས་ཅད་ཀུན་རྫོབ་ཅེས་ཤེས་པར་བྱའོ། །འདི་ནི་སོ་སོའི་སྐྱེ་བ་རྣམས་ཀྱི་བློ་ལ་གྲགས་པ་དང་། ཐ་སྙད་ཙམ་དུ་བདེན་པས། ཀུན་རྫོབ་ཀྱི་བདེན་པ་ཞེས་ཀྱང་བྱའོ། །འདི་ཡང་ཤེས་པ་ནི་འཁྲུལ་པའི་ཤེས་པའི་སྤྱོད་ཡུལ་དུས་བྱས་སོ་ཞེས་སྦྱར་རོ། །དབྱེ་བ་ནི་རྣམ་པ་གཉིས་ཏེ། ཡང་དག་པའི་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་བོ། །དེ་ལ་ཡང་དག་པའི་ཀུན་རྫོབ་ནི། དངོས་པོ་རྒྱུ་རྐྱེན་ལས་སྐྱེས་པ། མཐུན་པར་སྣང་བ། དོན་བྱེད་ནུས་པ། བརྟགས་ན་དབེན་པའི་མཚན་ཉིད་ཅན་རྣམས་སོ། །ལོག་པའི་ཀུན་རྫོབ་ནི། སྣང་དུ་འདྲ་ཡང་དེ་ལྟར་དོན་བྱེད་མི་ནུས་པ་རྣམས་སོ། །གཞན་ཡང་གཟུགས་བརྙན་ལྟ་བུ་སྣང་ཡང་དོན་བྱེད་མི་ནུས་དང་། བདག་རྟག་པ་ལྟ་བུ་སྣང་ཡང་མི་སྣང་དོན་བྱེད་ཀྱང་མི་ནུས་པ་དང་། ཡི་གེ་དང་མིང་དང་ཚིག་གི་ཚོགས་ལྟ་བུ། དངོས་པོ་མེད་པ་ལ་དངོས་པོར་བརྟགས་པ་རྣམས་ནི་ལོག་པའི་ཀུན་རྫོབ་བོ་ཞེས་འབྱུང་ངོ་། །སྒྱུ་མ་ཙམ་དུ་ཞེས་བྱ་བ་ནི། སྣང་ཡང་ཡང་དག་པར་མ་གྲུབ་པས་ན་སྒྱུ་མ་ལྟ་བུ་ཞེས་བྱའོ། །ཙམ་གྱི་སྒྲ་ནི་ཡང་དག་པར་གྲུབ་པ་དགག་པའོ། །མཚན་ཉིད་མ་འདྲེས་པར་ཡོད་དོ་ཞེས་བྱ་བ་ནི། རང་རང་གི་བྱ་བ་བྱེད་པ་ལ་སོགས་པའི་ནུས་པ་ལ་མེད་པར་སྐུར་པ་གདབ་ཏུ་མི་རུང་བའོ། །ཡང་ན་མཚན་ཉིད་མ་འདྲེས་པར་ཡོད་ཅེས་བྱ་བ་འདི་ཡང་། གང་ཐས་ལས་མཐུན་ཕྱོགས་གཅིག་གི་བློའི་སྤྱོད་ཡུལ་གྱི་དབང་དུ་བྱས་པར་ཟད་དེ། གང་ཟག་སྤྱིའི་དབང་དུ་གཞག་ན། སྤྱོད་ཡུལ་ཡོངས་སུ་དག་པ་དང་། མ་དག་པ་དང་། ལས་ཀྱི་བགོ་སྐལ་ལ་སྤྱོད་པ་དང་། སྤྱོད་པ་མ་ཡིན་པ་དག་དང་། ཉེ་བར་སྤྱོད་པ་དང་། ཉེ་བར་སྤྱོད་པ་ཡིན་པ་དག་དང་། བྱ་བ་བྱེད་པ་དང་། བྱེད་པ་མ་ཡིན་པ་དག་དང་། མཚན་ཉིད་པ་དང་། ཀུན་ཏུ་བརྟགས་པ་དག་དང་། རྫས་སུ་ཡོད་པ་དང་། བཏགས་པའི་ཡོད་པ་ལ་སོགས་པར་རྣམ་པར་བཞག་པ་དག་གིས་ཐུན་མོང་དུ་གཞལ་ན། མཚན་ཉིད་སོ་སོར་གཞག་པ་གང་ཡང་མི་འགྲུབ་སྟེ། ཀུན་རྫོབ་རྣམ་པ་གཉིས་སུ་གཞག་པ་ཡང་དེ་ལྟར་གྲུབ་པར་མི་འགྱུར་རོ། །འདི་ནི་ལུང་བཙན་པར་བྱས་པའི་ཚུལ་གྱིས་བསྒྲུབས་པའོ། །རིག་པ་བཙན་པར་བྱས་པའི་ཚུལ་ལྟར་ན། ཀུན་རྫོབ་ནི་དབང་པོའི་བློ་ལ་བྱ་སྟེ། དེའི་ཡུལ་དུ་ཐུབ་པས་ཀུན་རྫོབ་ཏུ་ཐུབ་ཅེས་བྱའོ། །ད་ནི་བསྒོམ་པའི་ལམ་བསྟན་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་བཅུ་སྤྱད་པའི་འབྲས་བུ་ས་བཅུ་རིམ་གྱིས་བགྲོད་པ་ཞེས་སྨོས་ཏེ། དེ་ལ་སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་འདི་བཅུ་ཤེས་རབ་ཀྱིས་ཡོངས་སུ་ཟིན་ན། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཐོབ་སྟེ། དེ་ཡང་པ་ར་མི་ཏ་ཞེས་བྱ་བའི་སྒྲ། པ་ར་མ་ནི་དམ་པ། མི་ཏ་ནི་གྱུར་བ་ཏེ། འདི་ལྟར་ཤེས་རབ་ཐམས་ཅད་ཀྱི་ནང་ན་དམ་པར་གྱུར་ཅིག་མཐར་ཕྱིན་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཡིན་པས། དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་དེས་ཡོངས་སུ་ཟིན་པའི་སྦྱིན་པ་ལ་སོགས་པའང་དམ་པར་འགྱུར་བ་དང་། དེའི་གྲོགས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་རྒྱ་ཆེ་བ་དང་ཡུན་རིང་བ་དམ་པ་ལ་སོགས་པར་གྱུར་པས་ཀྱང་དེ་སྐད་ཅེས་བྱའོ། །རྣམ་པ་གཅིག་ཏུ་པ་ར་ཨི་ཏ་ཞེས་བྱ་སྟེ། ཕ་རོལ་ཏུ་ཕྱིན་པའི་སྒྲ་ཡིན་པས་ཤེས་རབ་ལས་འདས་ཏེ། ཡུལ་དུ་མ་གྱུར་པ་ནི། ཆོས་ཉིད་སྤྲོས་པ་དང་བྲལ་བ་ལ་བྱ་སྟེ། འདི་ཕ་རོལ་ཏུ་ཕྱིན་པས་ཞེས་སྦྱར། ཡང་ན་འདིས་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་བྱེད་པས་དེ་སྐད་ཅེས་བྱ་སྟེ། ལམ་ལ་སྦྱར་རོ། །ས་ཞེས་བྱ་བ་ནི། ས་དང་འདྲ་བས་ས་ཞེས་བྱ་སྟེ། ས་དང་པོ་ནས་བཅུ་པ་དག་གི་ཤེས་རབ་དང་ཏིང་ངེ་འཛིན་ཟུང་དུ་འབྲེལ་བའི་བདག་ཉིད། ཡེ་ཤེས་ཀྱི་ས་ཡིན་ཏེ། སྒྲིབ་པའི་གཉེན་པོར་གྱུར་པས། ཇི་ཙམ་དུ་སྒྲིབ་པ་བྲི་བ་དང་། ཡེ་ཤེས་འཕེལ་བའི་ཤེས་རབ་དང་ཏིང་ངེ་འཛིན་དེ་ཉིད། དགེ་བའི་རྩ་བ་ཐམས་ཅད་ཀྱི་གནས་དང་རྒྱུར་གྱུར་པ་དང་། གང་ཟག་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་། ཡེ་ཤེས་དེ་དག་ལ་གནས་ཤིང་སྤྱོད་པས། དེ་བས་ན་གནས་པ་དང་འཛིན་པ་དང་སྤྱོད་པའི་དོན་གྱིས། ས་དང་འདྲ་བས་ས་ཞེ་བྱའོ། །ད་ནི་འབྲས་བུ་བསྟན་པའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་འགྲུབ་པ་ཡིན་ནོ། །ཞེས་གསུངས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལས་འདས་པ། མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད། སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ། ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པའི་མཚན་ཉིད། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡོངས་སུ་སྤངས་པ། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། རྣམ་པ་ཐམས་ཅད་མཆོག་གི་ཡེ་ཤེས་ཀྱི་གནས་བརྙེས་པ་ནི། བླ་ན་མེད་པའི་བྱང་ཆུབ་བོ། །དེ་ལྟར་མཚན་ཉིད་ཀྱི་ཐེག་པ་རྣམ་པ་གསུམ་ལ། སོ་སོའི་ལྟ་བ་དང་ལམ་དང་འབྲས་བུ་རྣམ་པ་གསུམ་དུ་ཕྱེ་སྟེ་བསྡུས་ནས་བསྟན་པར་མཛད་དེ། དེ་ལ་འདིར་དབྱེ་བ་གཞན་ཡང་ཅུང་ཟད་རྣམ་པར་གཞག་ན། སྤྱོད་ཡུལ་གྱི་བྱེ་བྲག་ནི། ཉན་ཐོས་རྣམས་ནི། དམིགས་པ་དང་བཅས་པའི་ས་ལ་གནས་པའི་སྤྱོད་ཡུལ་ཅན། རང་སངས་རྒྱས་ནི་བརྗོད་དུ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པའི་སྤྱོད་ཡུལ་ཅན། བྱང་ཆུབ་སེམས་དཔའ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཅན་ནོ། །རྣམ་པར་གྲོལ་བའི་སྒོའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་རྒྱུ་དང་རྐྱེན་ལས་རྣམ་པ་གྲོལ་བའི་རྣམ་པར་ཐར་པའི་སྒོ་ནས་སྐྱེས་བའོ། །རང་སངས་རྒྱས་ནི་རྒྱུ་དང་འབྲས་བུ་རྣམ་པར་བཤིག་པའི་རྣམ་པར་ཐར་པའི་སྒོ་ལས་སྐྱེས་པའོ། །བྱང་ཆུབ་སེམས་དཔའ་ནི་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་སྒོ་ལས་སྐྱེས་པའོ། །ཏིང་ངེ་འཛིན་གྱི་མཐུའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་ལས་ཀྱི་རྣམ་པར་སྦྱོང་བ་ལ་ཏིང་ངེ་འཛིན་གྱི་མཐུ་ཁྱད་པར་ཅན་བརྙེས་པའོ། །རང་སངས་རྒྱས་ནི་མཐུ་ཁྱད་པར་ཅན་བརྙེས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ལས་ཀྱི་རྩེ་ལ་དབང་ཐོབ་པའོ། །ཤེས་རབ་ཀྱི་སྙིང་སྟོབས་ཀྱི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་ནང་གི་གང་ཟག་ལ་བདག་མེད་པར་རྟོགས་པའོ། །རང་སངས་རྒྱས་ནི། ཕྱིའི་སྤྱོད་ཡུལ་དང་གཉིས་ལ་བདག་མེད་པར་རྟོགས་པའོ། །བྱང་ཆུབ་སེམས་དཔའ་ནི་ཕྱི་ནང་གི་ཆོས་དང་གང་ཟག་ཐམས་ཅད་ལ་བདག་མེད་པར་རྟོགས་པའོ། །ཡེ་ཤེས་རྟོག་སྒྲིབ་སྤངས་པའི་བྱེ་བྲག་ནི། ཉན་ཐོས་རྣམས་ཀྱིས་བདག་ཏུ་རྟོག་པ་སྤངས་པའོ། །རང་སངས་རྒྱས་ནི་གཟུང་བའི་རྟོགས་པའང་སྤངས་པའོ། །བྱང་ཆུབ་སེམས་དཔའ་ནི་འཛིན་པའི་རྟོག་པའང་སྤངས་པའོ། །ཟད་པ་དང་མི་སྐྱེ་བ་ཤེས་པའི་མཚན་ཉིད་བྱང་ཆུབ་ཀྱི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་ཁམས་གསུམ་དུ་ཀུན་ཏུ་སྤོང་བའི་ཉོན་མོངས་པ་རྣམས་ཟད་པ་ཤེས་པའི་མཚན་ཉིད་ཐོབ་པའོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ནི་གང་ཅི་ཡང་རུང་སྟེ་ཀུན་འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་སུ་ཤེས་པའོ། །བླ་ན་མེད་པའི་བྱང་ཆུབ་ནི། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཟད་པ་ཤེས་པའོ། །གཞན་ཡང་དོན་དམ་པ་རྣམས་པར་འཇོག་པའི་ཚུལ་དང་། ཞེན་པ་ལ་སོགས་པའི་བྱེ་བྲག་གིས་ནི། ཐེག་པ་ཆེན་པོ་ལའང་རྣམ་པ་གཉིས་ཏེ། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པའོ། །དེ་ལ་དོན་དམ་པ་རྣམ་པར་འཇོག་པའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི། བདག་གིས་སྟོང་པའི་ཆོས་རྣམས་ཀྱི་མཚན་ཉིད་ནི་དོན་དམ་པའོ་ཞེའོ། །རང་སངས་རྒྱས་ནི་བརྗོད་པས་མ་བསླད་པའི་ཆོས་ཀྱི་མཚན་ཉིད་ནི་དོན་དམ་པའོ་ཞེའོ། །རྣལ་འབྱོར་སྤྱོད་པ་ནི། གཟུང་འཛིན་གྱིས་སྟོང་པའི་རང་རིག་པའི་མཚན་ཉིད་ནི་དོན་དམ་པའོ་ཞེའོ། །དབུ་མ་པ་ནི། སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་བའི་ཆོས་ཉིད་ནི་དོན་དམ་པའོ་ཞེའོ། །མངོན་པར་ཞེན་པའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་སྤྱི་དང་རང་གི་མཚན་ཉིད་ལ་མངོན་པར་ཞེན་པའོ། །རང་སངས་རྒྱས་ནི་སྤྱི་དང་རང་གི་མཚན་ཉིད་ཕྱོགས་དང་། འདུ་འཛི་མེད་པ་ལ་མངོན་པར་ཞེན་པའོ། །རྣལ་འབྱོར་སྤྱོད་པ་ནི། ཀུན་གཞི་རྣམ་པར་ཤེས་པའི་དབའ་རླབས་རང་གི་སེམས་སྣང་བའི་མཚན་ཉིད་ལ་མངོན་པར་ཞེན་པའོ། །དབུ་མ་པ་ནི་ཀུན་རྫོབ་ཀྱི་བདེན་པ། ཡོངས་སུ་མ་དག་པའི་མཚན་ཉིད་ཀྱི་སྤྱོད་ཡུལ་ལ་མངོན་པར་ཞེན་པའོ། །ཡོངས་སུ་མ་ཞེན་པའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི་ལྟ་བའི་གནས་ལ་མངོན་པར་ཞེན་པ་མེད་པའོ། །རང་སངས་རྒྱས་ནི། འདུ་འཛིའི་སྤྱོད་ཡུལ་ལ་མངོན་པར་ཞེན་པ་མེད་པའོ། །རྣལ་འབྱོར་སྤྱོད་པ་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་མེད་པའོ། །དབུ་མ་ནི་དོན་དམ་པ་ལ་མངོན་པར་ཞེན་པ་མེད་པའོ། །མཐའ་གཉིས་བསལ་བའི་བྱེ་བྲག་ནི། ཉན་ཐོས་རྣམས་ནི། ཕུང་པོ་སྐྱེ་བ་དང་འཇིག་པ་རྟོགས་པའི་ཚུལ་གྱིས་མཐའ་གཉིས་སེལ་ཏོ། །རང་སངས་རྒྱས་ནི་ཚིག་གི་དོན་མེད་པར་རྟོགས་པའི་ཚུལ་གྱིས་མཐའ་གཉིས་སེལ་ཏོ། །རྣལ་འབྱོར་སྤྱོད་པ་ནི། མཚན་ཉིད་གསུམ་གྱི་ཚུལ་གྱིས་མཐའ་གཉིས་སེལ་ཏོ། །དབུ་མ་པ་ནི་བདེན་པ་གཉིས་ཀྱི་ཚུལ་གྱིས་མཐའ་གཉིས་སེལ་ཏོ། །འདི་དག་ལ་སོགས་པ་བྱེ་བྲག་མང་དུ་བཤད་པ་ནི། གཞུང་སོ་སོ་ནས་བཞུགས་མོད་ཀྱི། དོན་གྱི་སྤྱི་ཙམ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མདོ་ཙམ་སྨོས་པར་ཟད་དོ། །ཉན་ཐོས་དང་རང་སངས་རྒྱས་ཐེག་པ་ཆུང་ངུར་བསྡུས་ཤིང་། ཕལ་ཆེར་ཉན་ཐོས་ཀྱི་ཁོངས་སུ་ཡང་ལྟ་སྤྱོད་མཐུན་པར་བཤད་པ་ནི། བདག་ཅིག་པུ་གྲོལ་བར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་མཐུན། ཚུལ་ཁྲིམས་ཀྱི་གཞི་མཐུན། འབྲས་བུ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པར་མཐུན། བདེན་པའི་ཚུལ་གནས་པའི་སྒོ་མཐུན། རྣམ་པར་གྲོལ་བའི་སྒོ་ཕྱོགས་རེ་རྟོགས་པ་ལས་སྐྱེས་པར་མཐུན། ཐབས་དང་བྲལ་བའི་ཡེ་ཤེས་དང་བསླབ་པ་ལ་སྤྱོད་པར་མཐུན་པས། གཅིག་ཏུ་ཡང་བསྡུས་ཏེ་སྟོན་པ་ཡིན་ནོ། །རྣལ་འབྱོར་སྤྱོད་པའི་སྒོ་ལ་ཡང་། རྣམ་པ་དང་བཅས་པར་སྨྲ་བ་དང་། རྣམ་པ་མེད་པར་སྨྲ་བའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དེ་ལ་རྣམ་པ་མེད་པར་སྨྲ་བ་ནི། སེམས་ཅན་གྱི་དུས་ན་ཡང་བློ་རྣམ་པ་མེད་པར་སྐྱེ་ལ། གཟུང་བ་དང་འཛིན་པའི་རྣམ་པར་སྐྱེ་བར་སྣང་བ་ནི། སེམས་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བག་ཆགས་ཡིན་ཏེ། བག་ཆགས་དག་ནས་སངས་རྒྱས་ཀྱི་ས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་འབའ་ཞིག་མངའ་སྟེ། འགྲོ་བའི་དོན་མཛད་པའི་ཚུལ་ཡང་། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས། དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ། རྟོག་པ་མེད་པར་ལྷུན་གྱིས་གྲུབ་པར་མཛད་པར་འདོད་དོ་ཞེས་སོ། །རྣམ་པ་དང་བཅས་པ་སྨྲ་བ་ལ་ཡང་། རྣམ་པ་བདེན་པར་སྨྲ་བ་དང་། བདེན་པ་མ་ཡིན་པར་སྨྲ་བ་གཉིས་ཏེ། དེ་ལ་རྣམ་པ་བདེན་པར་སྨྲ་བ་ནི། ཕྱི་རོལ་གྱི་དོན་མེད་ཀྱང་སེམས་ཉིད་ལུས་དང་གནས་དང་སྤྱོད་ཡུལ་གྱི་རྣམ་པར་སྣང་བ་ནི་དོན་དམ་པར་ཡོད་དེ། སངས་རྒྱས་ཀྱི་ས་ལ་ཡང་གཟུང་འཛིན་དུ་མངོན་པར་ཞེན་པ་དང་བྲལ་བའི་ཡེ་ཤེས་ཆེན་པོ་དེ་ཉིད་སྐུ་དང་ཞིང་གི་རྒྱན་གྱི་རྣམ་པར་སྣང་བ་ནི་དོན་དམ་པར་ཡོད་དོ་ཞེས་འདོད་དོ། །རྣམ་པ་བདེན་པ་མ་ཡིན་པར་སྨྲ་བ་ནི། སེམས་ཅན་གྱི་དུས་ན་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བའི་རྣམ་པར་ཤེས་པ་སྐྱེའང་། དེ་ལྟར་བདེན་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་ས་ལ་ཡང་སེམས་ཅན་གྱི་ཁམས་དང་བག་ལ་ཉལ་བ་ལ་སོགས་པ་མཁྱེན་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་མངའ་ཡང་། དེ་ལྟར་བདེན་པ་ནི་མ་ཡིན་ཏེ། དོན་དམ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐད་ཅིག་མའི་མཚན་ཉིད་ཙམ་འདི་ནི་གྲུབ་བོ་ཞེས་འདོད་པའོ། །དབུ་མ་ཡང་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། མདོ་སྡེ་དབུ་མ་གཉིས་ཏེ། འདི་གཉིས་ཀྱང་དོན་དམ་པའི་ལྟ་བ་ནི་བྱེ་བྲག་མེད་ལ། ཀུན་རྫོབ་ཏུ་རྣལ་འབྱོར་སྤྱོད་པ་དང་སྒོ་མཐུན་པ་དང་། ཉན་ཐོས་མདོ་སྡེ་པ་དང་སྒོ་མཐུན་པས་ཕྱེ་བར་ཟད་དོ། །དེའི་དབང་གིས་མདོ་སྡེ་དབུ་མ་པ་ནི། གཞན་དབང་གི་རྒྱུད་ཀྱང་ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ནང་རྟེན་ཅིང་འབྲེལ་བར་འབྱུང་བའི་བྱེ་བྲག་གིས་རྒྱུད་གཉིས་སུ་འདོད་དོ། །དེ་ལྟར་མཚན་ཉིད་ཀྱི་ཐེག་པ་བསྟན་ནས། ད་ནི་རྡོ་རྗེ་ཐེག་པ་བསྟན་པའི་ཕྱིར། རྡོ་རྗེའི་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བྱ་བའི་རྒྱུད་ནི། བྱ་བ་གཙོར་སྟོན་པ་སྟེ། དེ་ཡང་ནང་སེམས་ཀྱི་ཏིང་ངེ་འཛིན་རྒྱུའི་གཙོ་བོར་སྨྲ་མོད་ཀྱི། ཕྱི་རོལ་གྱི་གཙང་སྦྲ་དང་དཀའ་ཐུབ་ལ་སོགས་པའི་བྱ་བ་ལ་མ་ལྟོས་པར་དངོས་གྲུབ་མི་ཐོབ་པར་འདོད་པས། བྱ་བ་གཙོར་སྟོན་པའི་རྒྱུད་ཅེས་བྱའོ། །རྣལ་འབྱོར་གྱི་རྒྱུད་ནི། ཕྱི་རོལ་གྱི་བྱ་བ་ལ་མ་ལྟོས་ཀྱང་། ནང་གི་རྣལ་འབྱོར་འབའ་ཞིག་གིས་ཀྱང་གྲུབ་པར་འདོད་པས་དེ་སྐད་ཅེས་བྱའོ། །དེ་ལ་དོན་དམ་པར་སྐྱེ་འགག་མེད་པ་ལས། ཞེས་བྱ་བ་ནི། སྐྱེ་འགག་ཉིད་མ་གྲུབ་པར་སྟོན་པ་སྟེ། དངོས་པོ་རྣམས་ཀྱི་རང་བཞིན་ཉིད་སྐྱེ་འགག་མེད་པ་ཡིན་གྱི་ལྷ་ཁང་དགེ་འདུན་གྱི་སྟོང་པ་ལ་སྟོང་པར་བརྗོད་པ་ལྟ་བུའི་འདི་ལ་གཞན་གྱི་རང་བཞིན་གྱིས་སྟོན་པའི་མཚན་ཉིད་ཅན་ནོ་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པར་མི་བྱེད་དོ། །དེ་ལ་ཀུན་རྫོབ་ཏུ་ལྷའི་གཟུགས་ཀྱི་སྐུ་སྒོམ་ཞིང་ཞེས་བྱ་བ་ནི། སྐབས་འདིར་བྱང་ཆུབ་ཀྱི་སེམས་དང་དེ་ཉིད་གསུམ་དང་ལྡན་པ་ནི་དངོས་གྲུབ་ཀྱི་སྣོད་དུ་བཤད་ལ། དེ་ཉིད་གསུམ་མམ་བདག་གི་དེ་ཁོ་ན་ཉིད་ནི། ཕུང་པོ་ལྔའི་དོན་བློས་རྣམ་པར་མ་ཕྱེ་བ་ནི་བདག་ཅེས་བྱ་ལ། དེའི་ཁོ་ན་ཉིད་ནི། གཟུང་བ་དང་འཛིན་པར་ཀུན་ཏུ་བརྟགས་པས་སྟོང་པ། སེམས་དང་སེམས་ལས་བྱུང་བ་རང་རིག་པ་ཙམ་མོ། །མེད་པར་སྐུར་པ་གདབ་ཏུ་མི་རུང་བ་འདི་ནི་བདག་གི་དེ་ཁོ་ན་ཉིད་དོ། །ལྷའི་དེ་ཁོ་ན་ཉིད་ནི། ཆོས་ཉིད་དང་སྒྲ་ལ་སོགས་པ་གསང་སྔགས་ཀྱི་དངོས་པོ་ལྷ་དྲུག་ཏུ་གྲགས་པ་རྣམས་སོ། །དེ་ལ་བདག་གི་དེ་ཁོ་ན་ཉིད་གསེར་གྱི་གླེགས་བམ་ལྟ་བུ་ལ། ལྷའི་དེ་ཁོ་ན་ཉིད་དངུལ་ཆུ་ཞུན་མ་ལྟ་བུ་བསྒོས་ཏེ། ལྷའི་སྐུར་བསྒོམ་པར་བཞེད་དོ། །དེ་ཡང་དེ་ཉིད་གསུམ། གཟུགས་ཡེ་ཤེས། མིང་། གཟུགས། ཕྱག་རྒྱ། བརྙན་ཆེན་པོ་གསུམ། དམིགས་པ་གསུམ། ཡན་ལག་བཞི་དང་ལྡན་པའི་བཟླས་བརྗོད་ནི། །བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ཡིན་ཏེ། དེ་ལ་གཟུགས་བརྙན་ཆེན་པོ་གསུམ་ནི། སྐུ་མཚན་དང་དཔེ་བྱད་དུ་གསལ་བ་ནི་སྐུའི་གཟུགས་བརྙན། དེའི་ཐུགས་ཀར་བྱང་ཆུབ་ཀྱི་སེམས་ཀྱི་རྟགས་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ནི་ཐུགས་ཀྱི་གཟུགས་བརྙན། དེ་ལ་སྙིང་པོ་བཀོད་པ་ནི་གསུང་གི་གཟུགས་བརྙན་ནོ། །དམིགས་པ་གསུམ་ནི་བཟླས་བརྗོད་ཀྱི་དུས་སུ་ཡེ་ཤེས་པ་མདུན་དུ་དམིགས་ལ། གཟུགས་བརྙན་གསུམ་པོ་དེ་ཀུན་ཀྱང་དམིགས་པར་བྱ་བ་ཡིན་པས་དམིགས་པ་གསུམ་ཞེས་བྱའོ། །ཡན་ལག་བཞི་ནི། དམིགས་པ་གསུམ་པོ་དང་བདག་དམ་ཚིག་སེམས་དཔའ་ཟློས་པ་པོ་དང་བཞི་ཅར་ཡང་། བཟླས་བརྗོད་ཀྱི་ཡན་ལག་རེ་རེ་ཡིན་པས་ཡན་ལག་བཞི་ཞེས་བྱའོ། །དམིགས་པ་གཉིས་དང་ཡན་ལག་གསུམ་ལ་སོགས་པའང་དེ་ཡིས་བསྡུས་པར་ཟད་དོ། །དེ་ལྟ་བུའི་ཏིང་ངེ་འཛིན་དང་། བཟླས་བརྗོད་དང་། དེའི་གྲོགས་ཕྱི་རོལ་གྱི་ཡོ་བྱད་སྐུ་གཟུགས་ལ་སོགས་པ་ལ་བརྟེན་ནས། གཙང་སྦྲ་དང་དཀའ་ཐུབ་དྲག་པོའི་བྱ་བ་གཙོར་བླངས་ཏེ་བསྒྲུབས་པས། དངོས་གྲུབ་རབ་འབྲིང་རྣམ་པ་གསུམ་འགྲུབ་པར་འདོད་པ་ཡིན་ནོ། །དེ་ལ་རྡོ་རྗེ་ཐེག་པའི་སྐབས་འདིར་ནི། དོན་དམ་པ་སྐྱེ་འགག་མེད་པ་དང་། ཀུན་རྫོབ་ཏུ་ལྷར་བསྒོམས་པའི་ཚུལ་སོ་སོ་ཙམ་བསྟན་གྱི། ཀུན་རྫོབ་ཀྱི་སྤྱོད་ཡུལ་ལ་དག་མ་དག་ཇི་ལྟར་ལྟ་བའི་ཚུལ་དང་། འབྲས་བུའི་ཁྱད་པར་དག་ནི་མ་གསུངས་ཏེ། འདིའི་དགོངས་པ་ནི། ཀུན་རྫོབ་ཏུ་ལྷར་བསྒོམ་མོ་ཞེས་གསུངས་པ་ཉིད་ཀྱིས། ཀུན་རྫོབ་ལྷར་ལྟའོ་ཞེས་སྨོས་མི་དགོས་ཏེ། ལྟ་བས་དེ་ལྟར་བཅད་པ་བཞིན་དུ་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པ་ཡིན་ཏེ། གང་གི་ཕྱིར་ལྟ་བ་དང་སྒོམ་པ་ནི་འགལ་ཏུ་མི་རུང་སྟེ། རིག་པ་དེའི་རྐང་པར་ལྡན་དགོས་པའི་ཕྱིར་དང་། གསང་སྔགས་ཀྱི་གཞུང་དམིགས་པ་ལ་རྣམ་པར་དག་པའི་སྤྱོད་ཡུལ་ཅན་ཡིན་པར་འདོད་པའི་ཕྱིར་རོ། །འོ་ན་མི་སྡུག་པ་བསྒོམ་པ་ལ་སོགས་པ་ལྟ་བུ་ཀུན་བརྟགས་པའི་གཟུགས་རྣམས་ཀྱང་གཉེན་པོར་བསྒོམ་པ་ཡོད་དོ་ཞེ་ན། ལན་དུ། མི་སྡུག་པ་བསྒོམ་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ། ཀུན་ཏུ་བརྟགས་པའི་གཟུགས་ཡིན་པར་གསུངས་པ་དང་། འདོད་ཆགས་ཀྱི་གཉེན་པོར་གསུངས་པ་ནི་བདེན་མོད་ཀྱི། ཆོས་བསྟན་པ་ཐམས་ཅད་ལ་དགོངས་པའི་དབང་ཐ་དད་པ་ཡོད་དེ། འདི་ལྟར་སེམས་ཅན་ཡོངས་སུ་མ་དག་པའི་སྤྱོད་ཡུལ་ཅན། ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མཐུན་པ་རྣམས་ལ། དབང་པོའི་བློའི་སྤྱོད་ཡུལ། ཚད་མས་གྲུབ་པར་བཞག་པའི་སྐབས་སུ་དེ་ལྟར་བཤད་པ་སྟེ། འོན་ཀྱང་མི་སྡུག་པ་དང་ཟད་པར་ལ་སོགས་པའི་བསམ་གཏན་གྱི་ཡུལ་འདི་དག་རིག་པ་དང་ལུང་གིས་གཞལ་ན། དངོས་པོ་རྣམས་ཀྱི་མཚན་ཉིད་དང་འགལ་བར་བསྒོམ་པ་མ་ཡིན་ཏེ། འདི་ལྟར་སེམས་ཅན་རྣམས་ནི་ཕྱིན་ཅི་ལོག་གི་ལྟ་བ་བཞིས་འཁོར་ཏེ། བཞི་གང་ཞེ་ན། ང་གཙང་རྟག་སྐྱིད་དུ་ལྟ་བའོ། །ལྟ་བ་དེའི་གཞི་ཡང་རྣམ་པ་བཞི་སྟེ། ལུས་ཚོར་བ་སེམས་ཆོས་སོ། །དེ་ཡང་འདི་ལྟར། མི་གཙང་བའི་ལུས་ལ་གཙང་བར་འཛིན་ཏེ་རྨོངས་ཤིང་ཆགས་སོ། །སྡུག་བསྔལ་གྱི་ཚོར་བ་ལ་བདེ་བ་ལྟ་སྟེ་རྨོངས་ཤིང་ཆགས་པའོ། །ང་མེད་པའི་སེམས་ལ་ང་བདག་ཏུ་འཛིན་ཏེ་རྨོངས་ཤིང་ཆགས་སོ། །མི་རྟག་པའི་ཆོས་ལ་དངོས་པོ་དང་མཚན་མར་འཛིན་ཏེ་རྨོངས་ཤིང་ཆགས་སོ། །ཕྱིན་ཅི་ལོག་གི་ལྟ་བ་དེ་བཞི་བསལ་བའི་དོན་དུ། དེའི་གཉེན་པོ་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པ་གསུངས་ཀྱང་། དངོས་པོའི་མཚན་ཉིད་དང་འགལ་བ་མེད་དོ། །འདི་ལྟར་ལུས་ནི་ཤ་རྒྱས་པ་དང་མདངས་དང་དབྱིབས་ཀྱི་སྒོ་ནས་འདོད་ལྡན་རྣམས་ཀྱི་འདོད་ཆགས་ཀྱི་ཡུལ་དུ་གྱུར་ཀྱང་། ལུས་ཀྱི་མཚན་ཉིད་ནི། དབང་བྱེད་པ་དང་ལོངས་སྤྱོད་པ་དང་ཞུམ་པའི་གནས་སྐབས་གསུམ་ཅར་ན་ཡང་། མི་གཙང་བའི་མཚན་ཉིད་ལས་མ་འདས་ཏེ། མི་གཙང་བར་བཏགས་པའི་སྙད་པ་ནི། ལུས་ཁོ་ན་ཙམ་སྟེ། འདི་ལྟར་རླུང་མཁྲིས་བད་ཀན་གསུམ་གྱི་རང་བཞིན་ལས་གཞན་པའི་ལུས་མེད་ལ། བད་ཀན་གྱི་རང་བཞིན་ནི་ཤིན་ཏུ་རུལ་བའི་མཚན་ཉིད། མཁྲིས་པའི་རང་བཞིན་ནི་རྣམ་པར་སྐྱུར་བའི་མཚན་ཉིད། རླུང་གི་རང་བཞིན་ནི་ཀུན་ཏུ་ཁྱབ་པར་བྱེད་པ་སྟེ། མཁྲིས་པ་དང་བད་ཀན་གཉིས་དང་མཚུངས་པར་ལྡན་པའི་རླུང་ནི། ཤིན་ཏུ་རྩོག་པར་གསལ་བར་བྱེད་པ་སྟེ། ཁམས་འདི་དག་དང་ལྡན་པས་མདངས་བཟང་བ་དང་ཤ་རྒྱས་པ་ལ་སོགས་པ་ཡང་རང་བཞིན་དེ་རྣམས་ཉིད་ཡིན་ཏེ། གཙང་བའི་རང་བཞིན་མེད་ལ། རྣམ་པར་སྔོས་པ་ལ་སོགས་པའང་དེ་ལྟ་བུའི་རང་བཞིན་ཉིད་ཡིན་ཏེ། དེ་བས་ན་ལུས་ལ་བརྟེན་ནས་མི་སྡུག་པ་བསྒོམ་པའི་འདི་ཡང་། ལུས་ཀྱི་མཚན་ཉིད་ཇི་ལྟ་བ་ཡིན་པ་དང་། བསྒོམ་པའི་དོན་འགལ་བར་གྱུར་པ་མེད་དོ། །དེ་བཞིན་དུ་ཟད་པར་གྱི་ཏིང་ངེ་འཛིན་དག་ཀྱང་ཆོས་ཀྱི་མཚན་ཉིད་དང་འགལ་བར་བསྒོམ་པ་མ་ཡིན་ཏེ། འདི་ལྟར་ཆོས་རྣམས་ནི་མི་རྟག་པ། མི་བརྟན་པ། རྣམ་པར་འགྱུར་བའི་ཆོས་ཅན། ངོ་བོ་ཉིད་མེད་པ། མཚན་མ་དང་བྲལ་བ། སྨོན་པའི་ཡུལ་མ་ཡིན་པ། ཇི་ལྟར་བལྟས་པ་དེ་ལྟར་སྣང་བ། ཇི་ལྟར་མཚན་མར་བཟུང་བ་དེ་ལྟའི་རྗེས་སུ་འབྲང་བ་ཡིན་པས་ན། ཟད་པར་གྱི་ཏིང་ངེ་འཛིན་དག་ཀྱང་ལྟ་བ་དང་སྒོམ་པ་འགལ་བར་གྱུར་པ་མེད་དོ། །འོན་ཀྱང་མི་སྡུག་པ་དང་ཟད་པར་ལྟ་བུ་ནི་ཡོངས་སུ་མ་དག་པའི་སྤྱོད་ཡུལ་གྱི་དབང་དུ་བཤད་པ་ཡིན་ལ། ཡོངས་སུ་མ་དག་པ་ཡང་གནས་ངན་ལེན་གྱི་ལས་ཀྱི་བག་ཆགས་ཀྱི་བགོ་སྐལ་ཡིན་ཏེ། དེ་བས་ན་འདི་ལ་ཡང་རིགས་པས་གྲུབ་ཅིང་ལུང་དང་མཐུན་པ་ཡིན་ནོ། །དེ་བཞིན་དུ་གསང་སྔགས་ཀྱི་ཏིང་ངེ་འཛིན། ལྷའི་རྣལ་འབྱོར་དུ་བསྒོམ་པ་འདི་ཡང་། ལྟ་བ་དང་སྒོམ་པ་མཐུན་པ་ཡིན་ཏེ། ཟད་པར་ལ་སོགས་པ་ལམ་ཅུང་ཟད་དུ་ན། ལྷའི་སྐུ་ན་ཡོངས་སུ་དག་པའི་སྤྱོད་ཡུལ་གི་དབང་དུ་བྱས་ཤིང་། ཤིན་ཏུ་སྦྱངས་པའི་ལས་ཀྱི་བག་ཆགས་ཀྱི་བགོ་སྐལ་གྱི་དབང་གིས་བྱེ་བྲག་ཏུ་ཕྱེ་བར་ཟད་དོ། །ལས་ཀྱི་བག་ཆགས་འདི་གཉིས་ཀྱང་། བག་ཆགས་ཙམ་དུ་འདྲར་ཟིན་ཀྱང་། བསླུ་མི་བསླུ་དང་བརྟན་མི་བརྟན་འདྲ་བས། ཀུན་རྫོབ་ཏུ་བདེན་མི་བདེན་གྱི་བྱེ་བྲག་ཡོད་པ་ཡིན་ལ། ཤིན་ཏུ་སྦྱངས་པའི་བག་ཆགས་ཀྱང་། གང་ཟག་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པར་གྲུབ་པ་ཡིན་ནོ། །འོན་ཀྱང་དག་པར་མི་སྣང་བ་ནི་མཐུ་ཆེ་ཆུང་གི་དབང་ཡིན་ཏེ། རང་བཞིན་ཁམས་སྣ་ཚོགས་པར་གྲུབ་པའོ། །གྲུབ་པའི་འབྲས་བུ་ནི། ཐུན་མོང་གི་ལས་དང་དངོས་གྲུབ་དག་མི་མཐུན་ཡང་། མཆོག་གི་དངོས་གྲུབ་བླ་ན་མེད་པའི་བྱང་ཆུབ་མཚུངས་པས་གུད་དུ་མ་སྨོས་སོ། །གཉིས་ཀ་རྒྱུད་ཀྱི་སྐབས་སུ། དེ་ཉིད་རྣམ་པ་བཞི་དང་ལྡན་པའི་ཏིང་ངེ་འཛིན་ཅེས་བྱ་བ་ནི། གཉིས་ཀ་རྒྱུད་དུ་གྲགས་པའི་གཞུང་ཁ་ཅིག་ལས། དྲལ་བའི་ཕྱག་རྒྱས་དམ་ཚིག་སེམས་དཔའི་ལུས་དྲལ་ཏེ། ཡེ་ཤེས་སེམས་དཔའ་བསྟིམས་ནས། གཉིས་སུ་མེད་པའི་སྐུར་བསྒོམ་པ་གཙོར་གསུངས་པ་ཡོད་པས། དེའི་དབང་གིས་དེ་ཉིད་རྣམ་པ་བཞིར་འགྱུར་ཏེ། འདིར་ལྟ་ལྷའི་སྐུ་ལ་བདག་དང་ལྷ་གཉིས། དེ་གཉིས་སུ་མེད་པའི་ཐུགས་ཀ་ན་གནས་པའི་ཡིག་འབྲུ་དང་གསུམ། དེ་དག་གི་བཟླས་བརྗོད་དང་བཞིར་འགྱུར་རོ། །ཀྲི་ཡའི་སྐབས་སུ་ནི་ལྷ་དྲུག་ལྷར་གུད་དུ་ཕྱེ་བས་དེ་ཉིད་གསུམ་དུ་བཤད་དོ། །རྣལ་འབྱོར་ཕྱི་པ་ཐུབ་པ་རྒྱུད་ཅེས་བྱ་བ་ལ། ཕྱི་པ་ནི་མདོར་བསྡུ་ན་ལྟ་སྤྱོད་གཉིས་ཀྱི་སྒོ་ནས་ཕྱིར་གཞག་སྟེ། དེ་ལ་ལྟ་བས་ཀུན་རྫོབ་ཏུ་བདག་དང་སངས་རྒྱས་མཉམ་པར་མི་ལྟ་བ་དང་། སྤྱོད་པས་མཉམ་པའི་བརྟུལ་ཞུགས་དང་དུ་མི་ལེན་པའོ། །ཐུབ་པ་ནི་བསྲུང་དུ་མེད་པའི་དམ་ཚིག་ཉམས་སུ་ལེན་མི་ནུས་ཏེ། ཐུན་མོང་གི་སྡོམ་པ་རྣམས་དང་མི་བྲལ་བའོ། །ནང་པ་ཐབས་ཀྱི་རྒྱུད་ཅེས་བྱ་བ་ནི། དེ་ལས་ལྡོག་པ་ཉིད་ཡིན་ཏེ། བདག་ཉིད་མ་ནོར་བའི་དབང་ཕྱུག་ཆེན་པོར་ལྟ་བ་དང་། མཉམ་པའི་བརྟུལ་ཞུགས་དང་དུ་ལེན་པ་དང་། སྒོ་གསུམ་གྱི་སྤྱོད་པ་ལ་བཀག་པ་མེད་ཀྱང་སྐྱོན་གྱིས་མི་གོས་པས་ན་ཐབས་མཁས་པའོ། །དེ་ལ་དོན་དམ་པར་སྐྱེ་འགག་མེད་པའི་ལྷ་དང་ལྷ་མོ་དང་ཞེས་བྱ་བ་ནི། དེའི་རང་བཞིན་དང་བྱིན་རླབས་ཞེས་ཚིག་རྣམ་པར་སྦྱར་ཏེ། དེ་ལ་ལྷ་འདི་ནི་ལྷར་བཏགས་པ་ཞེའམ། ལྷའི་ངོ་བོ་ཞེས་གྲགས་པ་སྟེ། འདི་ལྟར་དོན་དམ་པའི་ལྷ་དང་། སེམས་དཔའི་བྱེ་བྲག་གི་ལྷ་ཞེས་གྲགས་པ་ལས། དེའི་ཆར་གཏོགས་པ་ཡོངས་སུ་དག་པའི་ལྷར་གྲགས་པ་ལ་གཟུང་ངོ་། །དེ་དང་འདྲ་བའི་རྒྱུད་ཡོངས་སུ་ཆོས་ཉིད། དག་པའི་ཏིང་ངེ་འཛིན་གྱིས་དེ་ལས་གཞན་པ། ཀུན་རྫོབ་ཏུ་འཕགས་པའི་གཟུགས་ཀྱི་སྐུ། ཕྱག་རྒྱ་བཞི་དང་ལྡན་པའི་རྣལ་འབྱོར་སྒོམ་ཞེས་བྱ་བ་ནི། དམ་ཚིག་ཅན་གྱི་སྐྱེ་བོས་བརྟགས་པའི་ལྷར་གཟུང་སྟེ། དེ་ལས་ཀྱང་ཕལ་ཆེར་འདིར་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་དང་། ཆོ་འཕྲུལ་ཆེན་པོ་བཞིའི་སྒོ་ནས་ལྷར་བསྐྱེད་ཅིང་བསྒོམས་པས། ཇི་སྐད་དུ་གྲགས་པའི་ཕྱག་རྒྱ་བཞིའི་མཚན་ཉིད་དང་ལྡན་པའི་རྣལ་འབྱོར་པ་གཙོར་གཟུང་ངོ་། །དེ་ལ་ཕྱག་རྒྱ་བཞི་ནི། བདག་ཉིད་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་དང་བཅས་པའི་མཚན་མ་སྟེ། དེ་ལ་དམ་ཚིག་ནི་ཐུགས་གསང་བའི་ཡེ་ཤེས། ཕྱག་རྒྱ་ནི་དེའི་མཚན་མ་རྣམས་ཏེ། དེ་བས་ན་དམ་ཚིག་གི་ཕྱག་རྒྱ་ཞེས་བྱའོ། །འདི་ནི་ཕན་ཚུན་ཐ་དད་པར་སྦྱར་བ་སྟེ། ལྷ་སྦྱིན་གྱི་རིལ་པ་སྤྱི་བླུགས་བཞིན་ནོ། །ཡང་ཕྱག་རྒྱ་འདི་ལྷ་མི་འདའ་བའི་མཚན་ཉིད་དང་ལྡན་པས་དེ་སྐད་ཅེས་བྱའོ། །འདི་ནི་ཆོས་དང་ཆོས་ཅན་དུ་སྦྱར་བ་སྟེ། མར་གྱི་བུམ་པ་བཞིན་ནོ། །ཡང་ན་འདི་ཉིད་འདའ་བར་བྱ་བ་མ་ཡིན་པས་དེ་སྐད་ཅེས་བྱའོ། །འདི་ནི་བདག་ཉིད་གཅིག་པར་སྦྱར་བ་སྟེ། ཨུཏྤལ་སྔོན་པོ་བཞིན་ནོ། །ཆོས་ནི་ཕན་པ་དང་བདེན་པ་སྟོན་པའི་རྒྱལ་བའི་མཚན་ཉིད་དོ། །ལས་ནི་རྒྱལ་བ་རྣམས་ཀྱི་འགྲོ་བའི་དོན་མཛད་པའི་ལས་ཀྱི་མཚན་ཉིད་དོ། །དེ་དག་གི་ཕྱག་རྒྱའི་ཚུལ་བཤད་པ་ནི་སྔ་མ་བཞིན་ནོ། །ཕྱག་རྒྱ་ཆེན་པོ་ནི་སྐུའི་མཚན་མ་སྟེ། ལྷ་དྲན་པའི་རྒྱུར་ཆེ་བའི་ཕྱིར་ཆེན་པོ་ཞེས་བཤད། ཁ་ཅིག་ལས་ཕྱག་རྒྱ་རྣམས་ཀྱི་གཞིར་གྱུར་པས་ཆེན་པོ་ཞེས་ཀྱང་བཤད་དོ། །རྣལ་འབྱོར་ནང་པའི་ཚུལ་ལ། བསྐྱེད་རྫོགས་རྣམ་པ་གསུམ་གྱི་ཚུལ་གསུམ་དུ་གཞག་པ་ནི། རྒྱུད་ཀྱི་གཞུང་གཅིག་གམ། ལྷའི་དཀྱིལ་འཁོར་གཅིག་བསྒོམ་པའི་ཚུལ་ལའང་། རྣལ་འབྱོར་པ་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་ཆེ་ཆུང་གི་བྱེ་བྲག་གིས་ཚུལ་གསུམ་དུ་བཤད་པ་ཡིན་ལ། གཞུང་སོ་སོ་ལ་ཡང་ཚུལ་གསུམ་གྱི་ཤས་ཆེ་ཆུང་གི་བྱེ་བྲག་ཡོད་དོ་ཞེས་ཀྱང་གྲགས་སོ། །དེ་ལ་ཏིང་ངེ་འཛིན་རྣམས་པ་གསུམ་རིམ་གྱིས་བསྐྱེད་ཅིང་ཞེས་བྱ་བ་ནི། ཚུལ་འདི་ལ་གནས་པ་རྣམས་བསྐྱེད་ན་ལྷར་ལྟ། མ་བསྐྱེད་ན་མི་ལྟ་བ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དབྱེར་མེད་པར། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ལྟ་མོད་ཀྱི། ཏིང་ངེ་འཛིན་གྱི་རྩ་ལ་སྦྱང་བ་ལ། རིམ་གྱིས་སྦྱང་བར་བྱ་བ་ཙམ་དུ་ཟད་དོ། །དེ་ཡང་འདི་ལྟར། རྣལ་འབྱོར་ཆེན་པོའི་ལྟ་བ་ལ། ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སངས་རྒྱས་པར་ལྟ་བ་ལ། སངས་རྒྱས་ཀྱི་བྱེ་བྲག་གསུམ་དུ་སྨྲ་སྟེ། རང་བཞིན་སངས་རྒྱས་དང་། རྟོགས་པའི་སངས་རྒྱས་དང་། གྲུབ་པའི་སངས་རྒྱས་སོ། །དེ་ལ་རང་བཞིན་སངས་རྒྱས་ནི། སེམས་ཅན་ཉིད་ཡིན་ཏེ། དེ་ཡང་གནས་སྐབས་གསུམ་དུ་སྨྲ་སྟེ། རང་བཞིན་སངས་རྒྱས་དང་། རྟོགས་པའི་སངས་རྒྱས་དང་། གྲུབ་པའི་སངས་རྒྱས་སོ། །དེ་ལ་རང་བཞིན་སངས་རྒྱས་ནི། སེམས་ཅན་ཉིད་ཡིན་ཏེ། དེ་ཡང་གནས་སྐབས་གསུམ་དུ་སྨྲ་སྟེ། སྐྱེ་བ་རྒྱུའི་སངས་རྒྱས་དང་། སྐྱེ་བ་རྟེན་པའི་སངས་རྒྱས་དང་། སྐྱེ་བ་མངོན་པར་གྲུབ་པའི་སངས་རྒྱས་སོ། །དེ་ལ་སྐྱེ་བ་རྒྱུའི་སངས་རྒྱས་ནི། སེམས་ཅན་གྱི་ལུས་འགྲུབ་པའི་རྒྱུ། ཕ་མ་གཉིས་ཀྱི་ས་བོན་རྣམ་པར་ཤེས་པའི་ཁམས་ཀྱིས་བཟུང་བའི་དུས་ན། ཉོན་མོངས་པ་དང་ཕུང་པོ་དང་སྐྱེ་མཆེད་ཐམས་ཅད་ཀྱི་ས་བོན་དང་ཁམས་ཀྱི་རང་བཞིན་དུ་གནས་པའི་དུས་ན། དེ་ཉིད་ཡོངས་སུ་རྫོགས་པའི་ལྷའི་དཀྱིལ་འཁོར་དུ་སངས་རྒྱས་པར་ལྟའོ། །སྐྱེ་བ་རྟེན་པའི་སངས་རྒྱས་ནི། ཕ་མ་གཉིས་ཀྱི་ལུས་དང་སེམས་ཀྱི་ཁམས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་གྲུབ་པར་ལྟའོ། །སྐྱེ་བ་མངོན་པར་གྲུབ་པའི་སངས་རྒྱས་ནི། རང་གི་ལུས་མངོན་པར་གྲུབ་པ་འདི་ཉིད། དེ་ལྟ་བུའི་ཚུལ་དུ་ལྟ་བའོ། །རྟོགས་པའི་སངས་རྒྱས་ནི་དེ་ལྟར་རྟོགས་པའི་རིག་འཛིན་གྱི་ས་ལ་གནས་པ་རྣམས་སོ། །གྲུབ་པའི་སངས་རྒྱས་ནི་དེ་ཉིད་མངོན་དུ་གྱུར་པའོ། །འདི་རྣམས་ཀྱང་རང་བཞིན་དང་གནས་སྐབས་ཀྱི་བྱེ་བྲག་ཏུ་འདོད་དོ། །འདི་ལྟ་བུ་ལ་སོགས་པའི་ཚུལ་གྱིས་སངས་མ་རྒྱས་པའི་ཆོས་མི་འདོད་ཀྱང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མ་གོམས་པ་གོམས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ས་གསུམ་ལ་བློ་སྦྱང་བར་འདོད་དེ། དེ་ཡང་ཀུན་ཏུ་འོད་ཀྱི་ས་ལ་བློ་སྦྱང་བར་བྱ་བའི་ཕྱིར། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་བསྒོམ་པ་དང་། པདྨ་ཅན་གྱི་ས་ལ་གོམས་པར་བྱ་བའི་ཕྱིར། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཤེས་རབ་དང་སྙིང་རྗེ་འབྲེལ་བར་བསྒོམ་པ་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་གོམས་པར་བྱ་བའི་ཕྱིར། རྒྱུའི་ཏིང་ངེ་འཛིན་ཡིག་འབྲུ་བསྒོམ་པ་ནས། དཀྱིལ་འཁོར་རིམ་གྱིས་བསྐྱེད་ཅིང་གོམས་པར་བྱེད་པའི་ཚུལ་ལོ། །རྫོགས་པའི་ཚུལ་ནི། དོན་དམ་པར་སྐྱེ་འགག་མེད་པའི་ལྷ་དང་ལྷ་མོ་དང་། རྣམ་པར་མི་རྟོག་པའི་དོན་དབུ་མ་ཆོས་ཀྱི་དབྱིངས་ལས་ཀྱང་མ་གཡོས་ལ། ཀུན་རྫོབ་ཏུ་འཕགས་པའི་གཟུགས་ཀྱི་སྐུ་ཡང་གསལ་བར་བསྒོམ་ཞིང་། མཉམ་ལ་མ་འདྲེས་པར་བསྒོམས་པས་འགྲུབ་ཅེས་པ་ནི། འདིར་རྣལ་འབྱོར་རྒྱུད་ཀྱི་གཞུང་ལས་གྲགས་པའི་བསྒོམ་ཞིང་ཉམས་སུ་བླང་བར་བྱ་བའི་དོན་ཐམས་ཅད་བྱང་ཆུབ་ཀྱི་སེམས་རང་བཞིན་རིག་པ་སྐད་ཅིག་མ་གཅིག་ལ་རྫོགས་པར་གསལ་བར་སྒོམ་ནུས་པའི་དབང་དུ་གསུངས་པ་སྟེ། དེ་ཡང་འདིར་ལྟར། ཆོས་ཉིད་རྣམ་པར་མི་རྟོག་པ་དང་། སྒྱུ་མ་ལྷའི་དཀྱིལ་འཁོར་བསྒོམ་པའང་། གཞན་ཡང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རམ། གཞན་ཡང་རང་བཞིན་དང་། ཏིང་ངེ་འཛིན་དང་། གཟུགས་བརྙན་གྱིས་དཀྱིལ་འཁོར་ལྟ་བུ། དགོངས་དོན་སོ་སོར་གསུངས་པ་ཐམས་ཅད་དུས་གཅིག་ཏུ་གསལ་བར་རྫོགས་ཞེས་པའི་དོན་སྟེ། དཔེར་ན་རྫུ་འཕྲུལ་ཅན་གྱིས་སྤྱོད་ལམ་རྣམ་བཞི་དུས་གཅིག་ཏུ་སྟོན་པ་ལ་འགལ་བ་མེད་པ་ལྟ་བུའོ། །དེ་ཡང་མདོར་བསྡུ་ན། གཉིས་ལས་མ་གཡོས་བཞིན་དུ་ནི་གཅིག་ཏུ་གསལ། གཅིག་ཏུ་དབྱེར་མེད་པ་བཞིན་དུ་ནི་གསུམ་དུ་མ་འདྲེས། འདི་ལྟར་རིག་པ་སྐད་ཅིག་མ་ལ་རྫོགས་པ་ནི། རྫོགས་པའི་ཚུལ་ཞེས་བྱ་སྟེ། དེ་ལ་གཉིས་ལས་མ་གཡོས་པ་ནི། དོན་དམ་པར་སྐྱེ་འགག་མེད་པའི་རང་བཞིན་དུ་ལྷུན་གྱིས་གྲུབ་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་དུ། སྣང་སྲིད་ཐམས་ཅད་ལྷུན་གྱིས་གྲུབ་པར་སངས་རྒྱས་པའི་དགོངས་དོན་ལས་མ་གཡོས་པ་དང་གཅིག །དོན་དམ་རྣམ་པར་མི་རྟོག་པ་དབུ་མ་ཆོས་ཀྱི་དབྱིངས་སུ་རྟོགས་པའི་དགོངས་པ་ལས་མ་གཡོས་པ་དང་གཉིས་སོ། །དེ་ལས་མ་གཡོས་བཞིན་དུ་རང་གི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་གསལ་བར་བསྒོམ་པ་ནི་གསལ་བ་གཅིག་ཅེས་བྱའོ། །གཅིག་ཏུ་དབྱེར་མེད་པ་ནི། ཅིར་སྣང་ཅིར་བསྒོམས་ཀྱང་ཐམས་ཅད་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སྐྱེ་འགག་མེད་པའི་དབྱིངས་སུ་དབྱེར་མེད་པར་རྟོགས་པའོ། །མ་འདྲེས་པ་གསུམ་ནི། ཐམས་ཅད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བསྒོམ་པ་ཡང་། ཏིང་ངེ་འཛིན་གཞན་དང་མ་འདྲེས་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་གསལ་བ་ཡང་གཞན་དང་མ་འདྲེས་པ་དང་། གཙོ་གཟུངས་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་སོ་སོར་གསལ་བ་ནི་མ་འདྲེས་པ་གསུམ་ཞེས་བྱའོ། །འདི་ལྟ་བུའི་ཏིང་ངེ་འཛིན་ཡང་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་སྦྱོར་ནུས་ཤིང་། ཕྱོགས་དུས་མཉམ་པ་ཉིད་དུ་སྦྱོར་ནུས་ན་ནི། རྫོགས་པ་ཆེན་པོའི་ཚུལ་ཉིད་དང་ཡང་ཁྱད་པར་མེད་པར་འགྱུར་བ་ལས། འདིར་དེ་ལྟར་ཅུང་ཟད་མ་ནུས་ཏེ། སྦྱོར་བ་རྩོལ་བ་དང་བཅས་པ་དང་། རིག་པ་ཕྱོགས་སུ་སྦྱོར་བ་དང་། སྐད་ཅིག་མ་དུས་སུ་སྦྱོར་བས་བྱེ་བྲག་ཏུ་བྱས་པ་ཡིན་ཏེ། དེ་ཡང་འདི་ལྟར་རིག་པ་སྐད་ཅིག་མ་གཅིག་ལ། དོན་ཐམས་ཅད་འདི་ལྟར་རྫོགས་པར་སྦྱར་རོ་ཞེས་འདོད་དོ། །བསྐྱེད་པའི་ཚུལ་དང་། རྫོགས་པའི་ཚུལ་འདི་གཉིས་སུའང་། སྤྱིའི་ཁྱད་པར་དང་འབྲས་བུའི་ལྟ་བ་ནི་མ་གསུངས་ཀྱི། ལམ་བསྒོམ་པ་འབའ་ཞིག་ཙམ་ཞིག་གསུངས་ཏེ། འདིའི་དགོངས་པ་ཡང་གོང་དུ་བསྟན་པ་བཞིན་དུ། དོན་དམ་པར་སྐྱེ་འགག་མེད་པ་དང་། ཀུན་རྫོབ་སྒྱུ་མ་ཡོངས་སུ་དག་པའི་ལྷའི་དཀྱིལ་འཁོར་དུ་ལྟ་བ་དང་། བདེན་པ་རྣམ་གཉིས་ཀྱང་དབྱེར་མེད་པར་ལྟ་བ་དང་། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ལ་ཐེག་པ་ཆེན་པོ་ཐམས་ཅད་ཁྱད་པར་མེད་པས། དབྱེ་མི་དགོས་སོ་ཞེས་དགོངས་པའོ། །འོན་ཀྱང་སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཚུལ་ཕྲ་མོའི་སྒོ་ནས་དབྱེ་བ་མཛད་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྤྱིའི་ཚུལ་ཆོས་ཉིད་སངས་རྒྱས་སུ་ལྟ། ཆོས་ཅན་མཚན་མ་རང་ཀ་མ་ཇི་ལྟར་སྣང་སྣང་ཙམ་དུ་ལྟ། ངེས་པ་དོན་གྱི་མདོ་སྡེ་དང་གསང་སྔགས་ཀྱི་ཚུལ་ནི། བདེན་པ་གཉིས་དབྱེར་མེད་པར་ལྟ་ཞིང་། ཕུང་པོ་ལྔ་ཡང་སངས་རྒྱས་སུ་ལྟ། གསང་སྔགས་ཀྱི་ཚུལ་ཡང་། བྱ་བའི་རྒྱུད་ནི། མཚན་མ་རང་ཀ་མའི་ཆོས་དང་། བྱིན་གྱིས་བརླབས་པའི་ལྷ་དང་། རྣམ་པར་སྤྲུལ་པའི་ལྷ་རྣམས་ཀྱང་། ཆོས་ཉིད་དག་པའི་ལྷ་ལས་མི་གཞན་པས། ཆོས་ཉིད་དག་པའི་ལྷར་ལྟའོ་ཞེས་འཆད་དོ། །རྣལ་འབྱོར་ཕྱི་པའི་ཚུལ་ནི། ཆོས་ཉིད་དག་པ་དང་། བྱིན་གྱིས་བརླབས་པའི་ཚུལ་གཉིས་ཀ་ནས་ལྷར་ལྟའོ་ཞེས་འཆད་དོ། །རྣལ་འབྱོར་ནང་པའི་ཚུལ་ནི། ཆོས་ཉིད་དག་པ་དང་། བྱིན་གྱིས་རླབས་དང་། ལྷུན་གྱིས་གྲུབ་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ཚུལ་གསུམ་ཅར་ནས་ལྷར་ལྟའོ་ཞེས་བཅད་དོ། །ནང་པའི་བསྐྱེད་རྫོགས་གསུམ་གྱི་ཚུལ་ལས་ཀྱང་། བསྐྱེད་པའི་ཚུལ་མ་ཧཱ་ཡོ་ག་པ་ནི། འཇིག་རྟེན་འདི་དག་སྐྱེ་བ་རྒྱུའི་སངས་རྒྱས་དང་། སྐྱེ་བ་རྟེན་པའི་སངས་རྒྱས་དང་། སྐྱེ་བ་མངོན་པར་གྲུབ་པའི་སངས་རྒྱས་རྣམ་པ་གསུམ་གྱི་ཚུལ་ནས། རང་བཞིན་གྱི་སངས་རྒྱས་སུ་ལྟའོ་ཞེས་འཆད་དོ། །རྫོགས་པའི་ཚུལ་ནི། རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་ལས་གཞན་པའི་ཆོས་མེད་ལ། དེ་ཉིད་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེན་པོར་སངས་རྒྱས་པར་ལྟ་བས་ལྷར་ལྟའོ། །ཞེས་འཆད་དོ། །རྫོགས་པ་ཆེན་པོའི་ཚུལ་ནི། མན་ངག་གི་ཡི་གེ་འདིའི་བརྩམ་པའི་གཞི་ཉིད་ཡིན་པའི་ཕྱིར། དོན་གཏན་ལ་ཕབ་ནས་རྒྱས་པར་གསུངས་ལ། ལྟ་བ་གཞན་ཐམས་ཅད་ནི་འདིའི་གོལ་སྒྲིབ་དང་མུ་སྟེགས་ཙམ་ཡིན་པའི་ཕྱིར་ཕྱོགས་ཙམ་གསུངས་སོ། །དེ་ལ་འདིར་བརྩམ་པའི་གཞི་རྫོགས་པ་ཆེན་པོའི་ལྟ་བའི་དོན་གཏན་ལ་ཕབ་སྟེ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་བླང་དུ་རུང་བར་བསྟན་པའི་ཕྱིར། འདིར་རྫོགས་པ་ཆེན་པོའི་ལྟ་བ་མཐར་ཕྱིན་པའི་དོན་བསྟན་པ་དང་། དེ་ཉམས་སུ་བླངས་ཞིང་གོམས་པར་བྱ་བའི་ཐབས་འབྲས་བུ་དང་བཅས་པ་བསྟན་པའི་ཕྱིར། རྫོགས་པ་ཆེན་པོའི་ཚུལ་བསྟན་པ་དང་། དེ་ཆུད་མི་གཟན་པའི་ཕྱིར་རྫོགས་པའི་དོན་འདི་རྙེད་པར་དཀའ་ཞིང་ཀུན་གྱི་ཐུན་མོང་མ་ཡིན་པ་དང་། འདི་སྟོན་པའི་སློབ་དཔོན་ཡང་དོན་འདི་ཙམ་ཤེས་པས་བྱར་མི་རུང་སྟེ། སེམས་ཅན་གྱི་སྣོད་དང་སྦྱར་ནས་སྟོན་ཞེས་པས་བྱ་དགོས་པར་སྟོན་ཏོ། །དེ་ལྟ་བུའི་ཚུལ་དེ་དག་བསྟན་པའི་ཕྱིར། རྫོགས་པ་ཆེན་པོའི་ཚུལ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འདིར་རྫོགས་པ་ཆེན་པོའི་དོན་དང་། དེའི་ཚུལ་གཉིས་མདོར་བསྟན་པར་དགོངས་ནས། རྫོགས་པ་ཆེན་པོའི་ཚུལ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དབྱེར་མེད་པར། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན། ཡེ་ནས་ཡིན་པ་རྟོགས་ནས་བསྒོམ་པ་སྟེ། ཞེས་བྱ་བ་གསུངས་ཏེ། དེ་ལ་ཀུན་ནས་ཉོན་མོངས་པའི་ཆོས་འཁོར་བ་རྒྱུ་དང་འབྲས་བུར་བཅས་པ་ཐམས་ཅད་དང་། རྣམ་པར་བྱང་བའི་ཆོས་མྱ་ངན་ལས་འདས་པའི་རྒྱུ་དང་འབྲས་བུར་བཅས་པ་ཐམས་ཅད་དབྱེར་མེད་ཞེས་སྦྱར་ཏེ། དེ་ལ་དབྱེ་བ་ནི་གང་། དབྱེར་མེད་པ་ནི་གང་དུ་ཇི་ལྟར་མེད་ཅེ་ན། དེ་ལ་དབྱེ་བ་ཞེས་བྱ་བ་ནི། ཆོས་རྣམས་ཀྱི་མཚན་ཉིད་སོ་སོའི་དབྱེ་བ་སྟེ། འདི་ལྟར་དོན་དམ་པ་དང་། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དག་ནི། འདི་དག་འདི་དག་ཞེའམ། སྤྱི་དང་རང་གི་མཚན་ཉིད་དག་ནི་འདི་དང་འདི་དག་ཞེའམ། ནག་པོ་དང་དཀར་པོའི་ཆོས་ཀྱི་མཚན་ཉིད་དག་ནི། འདི་དང་འདི་དག་གོ་ཞེས་བྱ་བ་ལ་སོགས་པ། ཆོས་ཀྱི་རབ་ཏུ་དབྱེ་བ་ཇི་སྙེད་པ་ཐམས་ཅད་དོ། །དེ་དག་དབྱེར་གང་དུ་མེད་ཅེ་ན། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་དབྱེར་མེད་ཅེས་སྦྱར་ཏེ། དཔེར་ན་འཇིག་རྟེན་ཕལ་པ་དང་། ཕྱི་རོལ་མུ་སྟེགས་ཅན་གྱིས་རྣམ་པར་བཞག་པའི་ཐ་སྙད་ཀྱི་མཚན་ཉིད་ཐམས་ཅད་དང་། གང་ཟག་གི་མཚན་ཉིད་ཐམས་ཅད་དང་། སངས་རྒྱས་པ་རྣམས་ཀྱིས་ཆོས་ཀྱི་མཚན་ཉིད་དུ་དབྱེར་མེད་པར་བསྡུས་ཏེ་བསྟན་པ་བཞིན་ནོ། །ཇི་ལྟར་དབྱེར་མེད་ཅེ་ན། དེའི་རང་བཞིན་ཡེ་ནས་ཡིན་པའི་ཕྱིར་ཏེ། འདི་ལ་སྒྲོ་སྐུར་དང་རྩོལ་བ་དག་གིས་བསྙད་པའི་གླགས་མི་རྙེད་པའི་ཕྱིར་རོ། །དེས་ནི་རྫོགས་པ་ཆེན་པོའི་ལྟ་བའི་དོན་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །དེ་ལྟར་ཡིན་པར་རྟོགས་ནས་བསྒོམ་ཞེས་བྱ་ནི། ཚུལ་མདོར་བསྟན་པ་སྟེ། དེ་ཡང་འོག་ནས་འབྱུང་བ་ལྟར། རྟོགས་པ་རྣམ་བཞིའི་ལམ་གྱིས་ཡིད་ཆེད་པར་བྱ་བ་དང་། ཡིད་ཆེས་པ་དེ་ལ་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་བྱ་བ་དང་། མཐར་ཕྱིན་པར་བྱ་བ་དེ་ཉིད་ལ་ཡང་། བསྙེན་བསྒྲུབ་རྣམ་པ་བཞིས་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་དོན་ལ་བཟླ་བ་དང་། དེ་ལྟ་བུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འཇུག་པའི་ཐབས་བསྟན་པ་རྣམས་ཀྱིས། རྟོགས་ནས་བསྒོམ་པའི་ཚུལ་ལ་ལེགས་པར་སྟོན་པར་འགྱུར་རོ། །དེ་ལྟར་མདོར་བསྟན་ནས། ད་ནི་རྫོགས་པ་ཆེན་པོའི་རྒྱས་པར་བཤད་པར་བཞེད་དེ། དེ་ཡང་ལུང་གིས་ཡིད་ཆེས་པར་བྱ་བའི་ཕྱིར། རྒྱུད་ཀྱི་ཁུངས་སྨོས་པའི་ཚུལ་གྱིས་བཤད་པ། དེ་ཡང་རྒྱུད་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །ཞེས་བྱ་བ་ལ་སོགས་པ། རྒྱུད་ལས་གསུངས་པའི་ཚིག་དང་སློབ་དཔོན་གྱིས་རྣམ་པར་སྦྱར་བར་མཛད་པ་དག་སྟེ། དེ་ལས་ཕལ་ཆེར་ནི་སྤྱིར་གྲགས་པས་མ་བཤད་དོ། །རྡོ་རྗེ་ཕུང་པོ་ཞེས་བྱ་བ་ནི། གསང་སྔགས་ཀྱི་གྲུབ་པའི་མཐའ་ལས་ཆོས་ཅན། ཕུང་པོ་རྣམས་ཀྱང་རྡོ་རྗེ་ཕུང་པོ། སྐྱེ་མཆེད་རྣམས་ཀྱང་རྡོ་རྗེ་སྐྱེ་མཆེད་དུ་བཞེད་དེ་དམ་བཅའ། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་ལྷའི་རང་བཞིན་ཡིན་པའི་ཕྱིར་རོ་འཐད་པ། ལུས་ཀྱི་དབང་པོ་དང་། རྣམ་པར་ཤེས་པ་དང་། ཡུལ་དང་། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཞེས་སྨོས་པ་ལ། ཡུལ་སྐུ། དབང་པོ་གསུང་། རྣམ་པར་ཤེས་པ་ཐུགས། ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཤད་དོ། །དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི། ལུས་ཀྱི་རྣམ་པར་ཤེས་པའི་རྗེས་སུ་སྐྱེས་པའི་ཡིད་ཀྱི་ཁམས་ལ་བྱ་ཞེས་ཡོངས་གྲགས་ཁམས་ལུགས་པ་གསུངས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བྱ་ཞེས་དབུས་ལུགས་པ་གསུང་སྟེ། དེ་ལྟ་ན་ཡང་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བའི་བདེ་བ་མྱོང་བའི་བྱང་ཆུབ་ཀྱི་སེམས་ཡིན་ནོ་ཞེས་འཆད། ཡོངས་ནི་འདི་ལུས་ཀྱི་དབང་པོ་དང་། ཡུལ་དང་། རྣམ་པར་ཤེས་པ་གསུམ་འཕྲད་པ་ལས་སྐྱེས་པའི། སེམས་དང་སེམས་ལས་བྱུང་བ་གང་ཡིན་ཡང་འགལ་བ་མ་མཐོང་ངོ་། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཀུན་ཏུ་བཟང་པོའི་རང་བཞིན་ཞེས་སྨོས་པ་ནི། སེམས་ཀྱི་རང་བཞིན་བྱང་ཆུབ་ཡིན་པས་རྡོ་རྗེ་ལྟ་བུ་སྟེ། དེ་བས་ན་ཐམས་ཅད་ནས་ཐམས་ཅད་དུ་སྤང་ཞིང་དོར་བར་བྱ་བའི་ཆོས་མེད་པས་ཀུན་ཏུ་བཟང་པོའོ། །དེ་ལྟར་རང་གི་རྒྱུད་ཀྱི་གཞུང་དྲངས་ནས། དེ་དང་མཐུན་པའི་ལུང་གཞན་དག་དྲངས་པའི་ཕྱིར། ཆོས་ཐམས་ཅད་རང་གི་སེམས་ལས་གུད་ན་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དང་པོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྟོག་པ་ལས། རང་སེམས་སོ་སོར་རྟོག་པ་ནི། །སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །འཇིག་རྟེན་གསུམ་པོའང་ནི་ཁམས་གསུམ་གྱི་སེམས་ཅན། དེ་ཉིད་དོ། །འབྱུང་བ་ཆེ་རྣམས་ཏེ་ཕྱི་སྣོད་ཀྱང་དེ་ཉིད་དོ། །གསུངས་ཏེ། དེ་ལ་རང་གི་སེམས་སོ་སོར་རྟོག་པ་ཞེས་བྱ་བ་ནི། སེམས་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པར་རྟོགས་པ་ལ་བྱ་སྟེ། དེ་ཡང་འདི་སྐད་དུ། སེམས་འཁྲུལ་པའི་དུས་ན་འཁོར་བ། མ་འཁྲུལ་བར་རྟོགས་ན་བྱང་ཆུབ་ཅེས་བཤད་པ་ནི། རྫོགས་པ་ཆེན་པོའི་གཞུང་དུ་ཡང་མི་འགྱུར་ཏེ། དམ་བཅའ་ཐེག་པ་འོག་མ་རྣམས་ཀྱང་དེ་ལྟར་འདོད་པའི་ཕྱིར་རོ་འཐད་པ། དེ་བས་ན་རྫོགས་པ་ཆེན་པོའི་རང་གཞུང་སྟོན་པའི་སྐབས། འདིར་ཆོས་ཐམས་ཅད་སེམས་སུ་སྣང་ཡང་། སྣང་བ་དེ་ཉིད་སངས་རྒྱས་བྱང་ཆུབ་ཀྱི་རང་བཞིན་ནོ་ཞེས་སྦྱར་རོ། །དེ་དང་ཚུལ་མཐུན་པ་གཞན་ཡང་། གསང་བ་འདུས་པ་ལས། ཆོས་ཐམས་ཅད་ནི་སེམས་ལ་གནས་སོ། །སེམས་ནི་ནམ་མཁའ་ལ་གནས་སོ། །ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ། །ཞེས་གསུངས་ཏེ། དེའི་དོན་ཆོས་ཐམས་ཅད་ནི་སེམས་སུ་འདུས་ལ། སེམས་ཀྱི་རང་བཞིན་ནི་ནམ་མཁའ་དང་འདྲ་སྟེ། ནམ་མཁའི་རང་བཞིན་ནི་མཚན་ཉིད་མེད་པའོ་ཞེས་སྟོན་པའོ། །དེ་དང་ཚུལ་མཐུན་པ་གཞན་ཡང་ལུང་ཐོར་བུ་རྣམས་ནས་འབྱུང་བ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཆོས་ཐམས་ཅད་ཆོས་ཅན་དང་ཆོས་ཉིད་རྣམ་པར་བསྒྲུབ་པ་དང་བྲལ་བས་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། འདི་ལ་འདིས་སྟོང་ཞེས་རྣམ་པར་གཞག་པ་དང་བྲལ་བའོ། །དེ་བཞིན་དུ་ཉོན་མོངས་པའི་དྲི་མ་ཉིད་ཡེ་ནས་གྲུབ་མ་མྱོང་བས་གཟོད་མ་ནས་རྣམ་པར་དག་པའོ། །སྒྲིབ་པའི་མུན་པ་ཉིད་ཡེ་ནས་མ་གྲུབ་པས་ཡོངས་ཀྱིས་འོད་གསལ་བའོ། །མི་མཐུན་པ་དང་གཉེན་པོ་གཉིས་སུ་དབྱེར་མེད་པས། རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །སྒྲིབ་པ་རྣམ་པ་གཉིས་བྲི་བ་དང་། ཚོགས་རྣམ་པ་གཉིས་བསགས་པ་དང་བྲལ་བས། ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཞེས་གསུངས་པ་འདི་དག་ནི། རྫོགས་པ་ཆེན་པོའི་དོན་བཤད་པའོ། །དེའི་ཚུལ་བཤད་པའི་ཕྱིར་རྫོགས་པ་ཆེན་པོའི་ཚུལ་ནི། རྟོགས་པ་རྣམ་བཞིའི་ལམ་གྱིས་ཡིད་ཆེས་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྟོགས་པ་རྣམ་པ་བཞི་ནི། ཡུལ་གྱི་ཚུལ་ཏེ་མཚན་གཞིར་གཞག །མཚན་ཉིད་གསུམ་ནི་ཐབས་ཀྱི་ཚུལ་ཏེ། དེའི་མཚན་ཉིད་དུ་གཞག །བསྙེན་བསྒྲུབ་བཞི་ནི་འབྲས་བུའི་ཚུལ་ཏེ། ལ་བཟླ་བའི་མན་ངག་ཏུ་གཞག །ལྷུན་གྱིས་གྲུབ་པའི་དཀྱིལ་དུ་འཇུག་པའི་ཚུལ་ནི་འཇུག་རིམ་དུ་གཞག་གོ། །དེ་དག་ལ་ཡང་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གཉིས་ནི་ཡུལ་གྱི་ཚུལ། བྱིན་གྱིས་བརླབས་པར་རྟོགས་པ་ནི་ཐབས་ཀྱི་ཚུལ། མངོན་སུམ་པར་རྟོགས་པ་ནི་འབྲས་བུའི་ཚུལ་ལོ། །དེ་བཞིན་དུ་མཚན་ཉིད་གསུམ་ལ་ཡང་། ཤེས་པའི་མཚན་ཉིད་ནི་ཡུལ་གྱི་ཚུལ། འཇུག་པའི་མཚན་ཉིད་ནི་ཐབས་ཀྱི་ཚུལ། འབྲས་བུའི་མཚན་ཉིད་ནི་འབྲས་བུའི་ཚུལ་ལོ། །བསྙེན་བསྒྲུབ་བཞི་ཡང་། བསྙེན་པ་ནི་ཡུལ་གྱི་ཚུལ། ཉེ་བའི་བསྙེན་པ་དང་། བསྒྲུབ་པ་ནི་ཐབས་ཀྱི་ཚུལ། བསྒྲུབ་པ་ཆེན་པོ་ནི་འབྲས་བུའི་ཚུལ་ལོ། །དེ་བཞིན་དུ་འཇུག་རིམ་གསུམ་ལ་ཡང་། ཐོས་པས་མིག་ཕྱེ་བ་ནི་ཡུལ་གྱི་ཚུལ། གོམས་པར་བྱེད་པས་དཀྱིལ་འཁོར་དུ་ཞུགས་པ་ནི་ཐབས་ཀྱི་ཚུལ། གོམས་པས་མངོན་དུ་གྱུར་ཅིང་དངོས་གྲུབ་ཆེན་པོ་ཐོབ་པ་ནི་འབྲས་བུའི་ཚུལ་ལོ། །དེ་ལྟར་ཁོག་བཀྲོལ་ནས། ཡིག་འབྲུའི་དོན་ཅུང་ཟད་བཤད་ན། ཚོགས་རྣམ་པ་གཉིས་རྫོགས་པས་ན་རྫོགས་པ་ཞེས་བྱ་ལ། དེ་ཡང་ཐེག་པ་འོག་མ་ལྟར་བགྲོད་ཅིང་སྦྱོར་བ་ལ་ལྟོས་པ་མ་ཡིན་གྱི། སྐུ་གསུང་ཐུགས་འབྲས་བུའི་ཆོས་སུ་གདོད་མ་ནས་ལྷུན་གྱིས་གྲུབ་པའི་ཆེན་པོ། དེ་ལྟ་བུའི་དོན་ལ་འཇུག་པའི་ཐབས་དང་སྒོ་ནི་ཚུལ་ལོ། །རྟོག་པ་རྣམ་པ་བཞི་ལ། རྒྱུ་གཅིག་པར་རྟོགས་པ་ནི་རང་བཞིན་གཅིག་པར་རྟོགས་པ་སྟེ། སྐྱེ་བ་གྲུབ་པར་བྱེད་པའི་རྒྱུ་དང་གཏན་ཚིགས་གཅིག་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ཡང་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པས་སོ་སོ་མ་ཡིན་པ་དང་། ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ་སོ་སོ་ཡིན་པ་གཉིས་ནི་ཐེག་པ་ཆེན་པོའི་ཐུན་མོང་སྟེ། དེའི་ཕྱིར་བདེན་པ་གཉིས་ཀྱི་སྐད་ཀྱིས་གཞག་གོ། །དེ་གཉིས་དབྱེར་མེད་པར་རྟོགས་པ་ནི་ཐུན་མོང་མ་ཡིན་པའོ། །ཡིག་འབྲུའི་ཚུལ་གྱིས་རྟོགས་པ་སྟེ། གསང་སྔགས་འབྲས་བུའི་ཆོས་སུ་སངས་རྒྱས་པར་རྟོགས་པ་ནི། དེ་ཡང་ཡིག་འབྲུ་གསུམ་ནི་རྣམ་པར་ཐར་པའི་སྒོ་ཡིན་ལ། སྐུ་གསུང་ཐུགས་འབྲས་བུའི་ཆོས་སུ་ལྷུན་གྱིས་གྲུབ་པ་ནི་རྣམ་པར་ཐར་པའི་དོན་ནོ། །དེ་ཡང་ཨ་ནི་སྐྱེ་བ་མེད་པའི་སྒོ། ཨོ་ནི་ཆོ་འཕྲུལ་འབྱུང་བའི་སྒོ། ༀ་ནི་གཉིས་སུ་མེད་པའི་སྒོ། བྱིན་གྱིས་བརླབས་པའི་རྟོགས་པ་ནི། རྟོགས་པ་གཉིས་པོའི་མཐུ་ཤེས་པའོ། །མངོན་སུམ་པར་རྟོགས་པ་ནི། འདིར་ཤེས་རབ་ཀྱི་དབང་པོའི་མངོན་སུམ་སྟེ། མངོན་སུམ་གཞན་ནི་མ་ཡིན་ནོ། །དེ་ཡང་ཇི་ལྟར་བསྲེག་བཅད་བརྡར་བ་གསུམ་གྱིས་གསེར་རྟོགས་པར་བྱེད་པ་ནི། བསྲེགས་པས་ནི་གསེར་ཡིན་ནམ་མ་ཡིན་ཤེས་པར་བྱེད་དོ། །བཅད་པས་ནི་ཟོལ་ཡོད་མེད་ཤེས་པར་བྱེད་དོ། །རྡོ་ནག་པོ་ལ་བརྡར་བས་ནི་གསེར་བཟང་ངན་རྟོགས་པར་བྱེད་དོ། །དེ་བཞིན་དུ་རྟོགས་པའི་དོན་གསེར་དང་འདྲ་བར་གཏན་ལ་དབབ་པར་བྱ་བ་དེ་ཡང་། ལུང་དང་མ་འགལ་ན་ནི་སྤྱི་ལ་འཁྲུལ་པ་མེད་དེ། བསྲེགས་པས་གསེར་བརྟག་པ་དང་ཆོས་མཚུངས་སོ། །ལུང་ལ་ཡང་སྒྲ་ཇི་བཞིན་མ་ཡིན་པར་བཤད་ཅིང་། དགོངས་པའི་ཚིག་དོན་གཞུང་དུ་འདྲེན་པ་དང་། དོན་རྟོགས་པར་དཀའ་བ་ཡང་ཡོད་པས། བླ་མ་རྣམས་ཀྱི་མན་ངག་དང་མ་འགལ་ན་སྐྱོན་དེ་ལྟ་བུ་ཡང་སེལ་བས། བཅད་པས་གསེར་བརྟག་པ་དང་ཆོས་མཚུངས་པ་ཡིན་ནོ། །དེ་ལྟར་ལུང་དང་མན་ངག་དང་མི་འགལ་ཡང་། ཚིག་ཙམ་གྱིས་སྒྲ་ཕྱིར་འབྲངས་ཏེ། རང་གི་བློའི་གཏིང་དུ་ཉམས་སུ་མ་ལོན་པ་ཡང་ཡོད་པས། ལུང་དང་མན་ངག་གི་ཚིག་ཙམ་ལ་མ་བརྟེན་པར། བློའི་གཏིང་དུ་ཡིད་ཆེས་ཤིང་མངོན་སུམ་དུ་རྟོགས་པས་ནི། ཉེས་སྐྱོན་དེ་ཡང་སེལ་ཏེ། བརྡར་བས་གསེར་བརྟག་པ་དང་ཆོས་མཚུངས་སོ། །མངོན་སུམ་དེ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱི་དུས་ན་ཡིན་ཏེ། རྣལ་འབྱོར་གྱི་མཐུས་མངོན་དུ་གྱུར་པའི་དུས་ན་ནི་འབྲས་བུ་ཉིད་ཡིན་ནོ། །དེ་ལ་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་གྱུར་པ་ནི། རྟོགས་པ་རྣམ་པ་བཞི་མཚན་གཞིར་བཞག་པ་དེ་ལ། ཤེས་པ་དང་འཇུག་པ་དང་མངོན་དུ་གྱུར་པའི་ཚུལ་གྱིས་མཚན་ཉིད་གསུམ་དུ་འགྱུར་ལ། དེས་རྫོགས་པ་ཆེན་པོའི་དོན་མཐར་ཕྱིན་པར་འགྱུར་བས། འདི་དང་མི་ལྡན་དུ་མི་རུང་ངོ་ཞེས་ཤེས་པར་བྱའོ། །མཚན་ཉིད་གསུམ་གྱིས་དགོས་འབྲེལ་གསུམ་བསྟན་པ་ནི། ལམ་གྱི་དགོས་འབྲེལ་ཡིན་ཏེ། དེ་ཡང་འདི་སྐད་དུ། རྟོགས་པ་རྣམ་བཞིའི་ཚུལ་རིག་པ་ནི་ཤེས་པའི་མཚན་ཉིད་དེ། དེ་ནི་འབྲེལ་པའོ། །གང་དང་འབྲལ་ཞེ་ན། བླ་ན་མེད་པའི་སངས་རྒྱས་སུ་འགྲུབ་པའི་རྒྱུ་ཡིན་པའི་དོན་དང་འབྲེལ་བའོ་ཞེས་སྦྱར་རོ། །རྟོགས་པ་རྣམ་བཞིའི་ཚུལ་ཇི་ལྟར་རིག་ཞེ་ན། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་སུ་བཏགས་པ་ཐམས་ཅད། ཡིག་འབྲུའི་ཚུལ་གྱིས་རྟོགས་པའི་དོན་གྱིས། ཡེ་ནས་སྐུ་གསུང་ཐུགས་ཀྱི་བདག་ཉིད། རྒྱུ་གཅིག་པར་རྟོགས་པའི་དོན་གྱིས་རང་བཞིན་གྱིས་སངས་རྒྱས་པའི་དབྱིངས་དང་། བྱིན་གྱིས་བརླབས་པར་རྟོགས་པ་དང་མངོན་སུམ་པར་རྟོགས་པའི་དོན་གྱིས་བྱིན་གྱི་རླབས་ཡིན་པར་དོན་རྟོགས་པ་སྟེ། དེ་ནི་ཤེས་པའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དགོས་པ་ནི་འཇུག་པའི་མཚན་ཉིད་དེ། གང་གི་ཕྱིར་དགོས་ཞེ་ན། བླ་ན་མེད་པའི་སངས་རྒྱས་སུ་འགྲུབ་པའི་རྒྱུ་རྐྱེན་ཡིན་པའི་ཕྱིར་དགོས་པའོ། །དགོས་པའི་ཡང་དགོས་པ་ནི་འབྲས་བུའི་མཚན་ཉིད་དེ། དེ་ཡང་གང་ཞེ་ན། ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཆེན་པོའི་ངང་དུ་བླང་དོར་མེད་པར་ལྷུན་གྱིས་གྲུབ་པ་ནི་འབྲས་བུའི་མཚན་ཉིད་ཡིན་ཏེ། དེ་ཡང་གང་གི་ཕྱིར་ཞེ་ན། སྲིད་པའི་འཁོར་བ་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན། མྱ་ངན་ལས་འདས་པའི་མཚན་ཉིད་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར་ཏེ། དངོས་སུ་ན་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་མངོན་སུམ་དུ་གྱུར་པ་ནི་དགོས་པའི་ཡང་དགོས་པའོ། །ཞེས་སྦྱར་རོ། །དེ་ལ་འདི་སྐད་དུ་རྒྱུ་རྐྱེན་འབྲས་བུ་དང་གསུམ་ནི། ཐེག་པ་འོག་མའི་གཞུང་དང་མཐུན་པ་ཡིན་ན། རྫོགས་པ་ཆེན་པོ་ཡེ་ནས་སངས་རྒྱས་པ་ལ། རྒྱུ་རྐྱེན་འབྲས་བུར་བཞག་པ་མི་འགལ་ལམ་ཞེ་ན། དེ་ལ་འདི་ལྟར་མ་ཧཱ་ཡོ་ག་ལ་སོགས་པ་ཐེག་པ་འོག་མའི་གཞུང་གིས། ལམ་གྱི་དངོས་པོ་བསྙེན་བསྒྲུབ་ཀྱི་ཡན་ལག་གི་རྒྱུ་རྐྱེན། སྒོ་ནས། འབྲས་བུ་གྲུབ་པར་བྱ་བ་འདོད་པ་ཡིན་ལ། རྫོགས་པ་ཆེན་པོའི་གནས་སྐབས་ན། དེ་ཡང་དེ་ལྟར་བྱ་མི་དགོས་ཏེ། བསྙེན་བསྒྲུབ་རྣམ་པ་བཞི་ཡང་། དངོས་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་ལ་རྫོགས་པས། རྒྱུ་རྐྱེན་འབྲས་བུའི་དངོས་པོར་དངོས་སུ་གྱུར་པ་ནི་མེད་དེ་ཞེས་དོན་ལྷུན་གྱིས་གྲུབ་པར། ལ་བཟླ་བའི་མན་ངག་ཏུ་སྦྱར་རོ། །དེ་ལ་མ་ཧཱ་ཡོ་གའི་བསྙེན་བསྒྲུབ་བཞི་ལས། རྫོགས་པ་ཆེན་པོ་ལ་བཟླ་བ་ནི་ཅུང་ཟད་གསལ་ལོ་སྟེ་བསྙེན་པ་བྱང་ཆུབ་ཀྱི་སེམས་ཞེས་འདོད་པ་ལ་སོགས་པའམ་ད་ལམ་གྱིས་མ་ཡིན་ནོ་ཞེས་པ་ལྟ་བུའོ། །བསྒྲུབ་པ་ཆེན་པོ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ ། བྱང་ཆུབ་ཀྱི་སེམས་དང་བཅས་པ་འབྲེལ་བར་སྟོན་པ་ལ། ཐབས་དང་ཤེས་རབ་བྱང་ཆུབ་སེམས་དང་གསུམ། ཡབ་ཡུམ་སྤྲུལ་པ་ལྕམ་དྲལ་དང་གསུམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། མཚན་མ་མེད་པ་དང་གསུམ་ཡེ་ནས་བཟུང་དུ་འབྲེལ་ཅིང་། ལྷུན་གྱིས་གྲུབ་བོ་ཞེས་སྦྱར་རོ། །བདུད་རྣམ་པ་བཞི་བཏུལ་བ་ནི། སྤྱིར་གཞུང་སོ་སོ་ལས་བདུད་བཏུལ་བའི་ཐབས་སོ་སོར་གྲགས་པ་ཡོད་དེ། དེ་ལས་འདིར་ནི་བསྙེན་བསྒྲུབ་ཡན་ལག་བཞིའི་སྒོ་ནས། བདུད་རྣམ་བཞི་བཏུལ་བར་འདོད་དེ། དེ་ཡང་འདི་ལྟར་བསྙེན་པ་བྱང་ཆུབ་ཀྱི་སེམས་ཤེས་པའི་མཚན་ཉིད། མ་སྐྱེས་པའི་ཏིང་ངེ་འཛིན་གྱིས་འཆི་བདག་གི་བདུད་བཅོམ་མོ། །ཉེ་བའི་བསྙེན་པ་བདག་ཉིད་ལྷར་ཤེས་པའི་མཚན་ཉིད། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཕུང་པོའི་བདུད་བཅོམ་མོ། །བསྒྲུབ་པ་ཡུམ་བསྐྱེད་པའི་མཚན་ཉིད། རྡུལ་དང་བྲལ་བའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་བདུད་བཅོམ་པའོ། །བསྒྲུབ་པ་ཆེན་པོ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་མཚན་ཉིད། མི་དམིགས་མཁའ་དང་སྙོམས་པའི་ཏིང་ངེ་འཛིན་གྱིས་ལྷའི་བུའི་བར་ཆད་གཡེང་བའི་བདུད་བཅོམ་མོ། །དེ་ལྟར་ན་གང་ལ་བདུད་རྣམ་པ་བཞི་འདུལ་བར་བྱེད་པའི་མཐུ་ཡོད་པའི་ལམ་དེ་ནི། རྣམ་པར་དག་པའི་ལམ་ཡིན་ལ། དེ་ཡང་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་ལམ་ཆེན་པོའོ། །ད་ནི་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་རིམ་བསྟན་ཏེ། དེ་ཡང་ཐེག་པ་འོག་མའི་གནས་སྐབས་ནས། རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་དུ་འཇུག་པའི་རིམ་པའང་། མིག་ཕྱེ་བ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་དོན་བསྟན་པ་དང་། དབང་བསྐུར་བར་བྱས་ནས། དངོས་གྲུབ་བསྒྲུབ་པ་ལ་འཇུག་པར་བྱེད་པ་ཡིན་ཏེ། འདིར་ནི་དེ་ལྟ་བུ་ལ་ལྟོས་པའང་མ་ཡིན་ཏེ། དཀྱིལ་འཁོར་ནི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་གོ། །འཇུག་ཐབས་ནི་གསང་བ་རྣམ་པ་གསུམ་གྱི་སྒོ་ནས་འཇུག་སྟེ། དེ་ཡང་ཐེག་པ་ཆེན་པོ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་ལས། དང་པོ་ཉན་པའི་ཤེས་རབ་ཀྱིས་གཞུང་ཐོས་པ་ནི་མིག་ཕྱེ་བའོ། །དེ་ནས་བསམ་པའི་ཤེས་རབ་ཀྱིས་དོན་རྟོགས་པ་ནི་དཀྱིལ་འཁོར་མཐོང་བ་སྟེ་ལྷའི་མཚན་ཉིད་ངོ་ཤེས་པའོ། །རྟོགས་ནས་བསྒོམ་པའི་ཤེས་རབ་ཀྱིས་གོམས་པར་བྱེད་པ་ནི། དཀྱིལ་འཁོར་དུ་ཞུགས་པ་སྟེ་དབང་བསྐུར་བ་ཐོབ་པའོ། །ཞུགས་ན་མངོན་དུ་གྱུར་པ་ནི་དངོས་གྲུབ་ཆེན་པོ་ཐོབ་པ་སྟེ། དེ་ལྟར་ཡང་གཞུང་འདི་ཉིད་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདའ་བར་མི་མཛད་དམ་ཚིག་མཆོག །ཅེས་གསུངས་པའི་དོན་ཡིན་པར་དགོངས་སོ། །ད་ནི་རྫོགས་པ་ཆེན་པོའི་ཚུལ་འདི་ཀུན་གྱི་ཐུན་མོང་མ་ཡིན་པར་སྟོན་ཏེ། དེའི་ཕྱིར། དེ་ལྟར་ཚུལ་འདི་ནི་རྫོགས་པ་ཆེན་པོ་མཐར་ཕྱིན་པའི་དོན། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་འཇུག་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཞེས་བྱ་བ་ནི། སྤྱིར་གཞུང་སོ་སོ་ལས་སངས་རྒྱས་ཀྱི་སའི་བྱེ་བྲག་སོ་སོར་གྲགས་པའང་། མཚན་ཉིད་ཀྱི་ཐེག་པ་སྤྱི་ལས་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཅེས་གྲགས་ཏེ། འདི་ལྷ་ལས་འོད་ཟེར་མང་པོ་བཀྱེ་བས་གདུལ་བྱའི་འགྲོ་བ་སྣོད་དུ་རུང་བར་མཛད་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཞེས་གྲགས་སོ། །རྡོ་རྗེ་ཐེག་པ་སྤྱི་ལས་ནི། སངས་རྒྱས་ཀྱི་ས་གསུམ་དུ་གྲགས་ཏེ། འདི་ལྟར་ཀུན་ཏུ་འོད་ཀྱི་ས་དང་། པདྨ་ཅན་གྱི་ས་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། དེ་ལ་ཀུན་ཏུ་འོད་ནི། ཆོས་ཀྱི་སྐུ་མཚན་མ་མེད་པ་རང་བཞིན་གྱི་ས་འོད་གསལ་བས་ཀུན་ལ་ཁྱབ་པའོ། །པདྨ་ཅན་ནི་དམིགས་པ་མེད་པའི་ཤེས་རབ་ཀྱིས། ཆོས་ཀྱི་སྐུའི་དོན་ཅིར་ཡང་མ་གཟིགས་པ་ཉིད། མ་ཆགས་པའི་ཐུགས་རྗེའི་གཞི་ཡིན་པའོ། །ཡི་གེ་འཁོར་ལོ་ཚོགས་ཆེན་ནི། དེ་ཉིད་ཀྱི་དུས་ན་ཡེ་ཤེས་དང་མཚན་མའི་དཀྱིལ་འཁོར་གྱི་བདག་ཉིད། རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་སྟེ། དེ་ལ་ཡི་གེ་ནི་གཉིས་ཏེ། ཡེ་ཤེས་དང་མཚན་མའོ། །མཚན་མ་ལའང་རྣམ་པ་གཉིས་ཏེ། མིང་དང་གཟུགས་སོ། །གཟུགས་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་རྫོགས་པ་དང་ཆ་ཤས་སུ་སྣང་བ། འདི་ལྟ་བུའི་འབྲས་བུའི་ཆོས་ཀྱི་དཀྱིལ་འཁོར་གྱི་ཚོགས་ཆེན་པོར་ལྷུན་གྱིས་གྲུབ་པ་ནི། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཞེས་ཀྱང་བྱ། སངས་རྒྱས་ཀྱི་ས་བཅུ་གསུམ་པ་ཞེས་ཀྱང་བྱའོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སངས་རྒྱས་ཀྱི་ས་བཅུ་གཉིས་གསུངས་ཏེ། དེ་ཡང་ཐབས་དང་ཤེས་རབ་གཉིས། སྐུ་ལྔ་ཡེ་ཤེས་ལྔ་སྟེ་བཅུ་གཉིས་ལ་བཞག་པར་སྣང་ངོ་། །འདི་ལྟ་བུ་ལ་ནི་གཞུང་འདི་ཉིད་ལས། ས་རབ་རིག་པ་འཛིན་ལ་གནས། །ཞེས་གསུངས་པ་དང་། ཐབས་དང་ཤེས་རབ་མཆོག་གིས། ཞེས་གསུངས་པ་དང་། གཞན་ལས་ཀྱང་རྡོ་རྗེ་འཛིན་གྱི་ས་ཞེའམ། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཞེའམ། ཡེ་ཤེས་བླ་མའི་ས་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ཀྱང་དོན་འདི་ལྟ་བུ་ལ་བྱ་སྟེ། ཆེ་བའི་ཡོན་ཏན་གྱི་སྒོ་སོ་སོ་གཙོར་བཞག་པ་ཙམ་དུ་ཟད་དོ། །འདི་ལྟར་བུ་ལ་མ་བཙལ་ལྷུན་གྱིས་འཇུག་པ་འདི་ཡང་། སྐྱེས་བུ་བློ་རྩལ་རབ་ཀྱིས་གོམས་པ་དྲག་རྡུལ་དུ་འགྲོ་བ་ཡིན་གྱི། ཕལ་གྱིས་བྱ་བ་ནི་མ་ཡིན་ནོ་ཞེས་ཐུན་མོང་མ་ཡིན་པར་བསྟན་པ་སྟེ། དེ་ལ་གོམས་པ་དྲག་རྡུལ་དུ་འགྲོ་ཞེས་བྱ་བ་ནི། ཅིག་ཅར་འགྲོ་བ་སྟེ་རིམ་གྱིས་འགྲོ་བ་བཀག་པའོ། །སྔོན་གྱི་སློབ་དཔོན་ལ་དག་གི་མན་ངག་ལས། དལ་ཞེས་བྱ་བ་ནི། བློའི་རྩལ་ཆུང་བ་རིམ་གྱིས་འགྲོ་བ་ཡིན་ནོ་ཞེས་ཟེར་བ་ནི། དོན་གྱི་སྐབས་མ་ཡིན་པ་དང་ཚིག་གི་ཤུགས་དང་འགལ་བའི་ཕྱིར་གཞག་གོ། །དེ་ལྟར་ན་ཀུན་གྱི་ཐུན་མོང་མ་ཡིན་པས། སློབ་དཔོན་གྱི་ས་འཛིན་པ་རྣམས་ཀྱིས་ཀྱང་། ཐེག་པ་ཐམས་ཅད་ལ་མཁས་པར་བྱས་ལ། གདུལ་བྱའི་སྣོད་དང་སྦྱར་ཏེ་བསྟན་དགོས་སོ་ཞེས་གསུངས་པ་སྟེ། འདི་ཉིད་ཀྱི་གཞུང་ལས་ཀྱང་། སྣོད་མ་ཡིན་པ་ལ་བྱིན་པའི་སྐྱོན་བསྟན་པར་འབྱུང་ལ། དབང་བསྐུར་བའི་ཏནྟྲ་ལ་སོགས་པ་བཀའ་ཕལ་མོ་ཆེ་ལས་ཀྱང་གྲགས་པས། གསང་བ་འདི་ཡང་རང་བཟོ་མ་ཡིན་པར་དགོངས་པའོ། །ད་ནི་གོང་དུ་བསྟན་པའི་ལྟ་བའི་ཁྱད་པར་དེ་དག་གི་སྤྱོད་པ་དང་གྲོགས་ཀྱི་མཚན། སྡོམ་པའི་ངོ་བོ་དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་བྱེ་བྲག་བསྟན་པར་ཞེད་ནས། ལྟ་བའི་ཁྱད་པར་གྱིས་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་བྱེ་བྲག་ཏུ་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལྟ་བ་མིག་དང་འདྲ་བས་ཇི་ལྟར་བཅད་པ་བཞིན་དུ། དཀའ་ཐུབ་དང་བརྟུལ་ཞུགས་རྐང་པ་དང་འདྲ་བ་རྗེས་སུ་འགྲོ་བ་འགྱུར་རོ་ཞེས་པའི་དོན་ཏེ། དེ་ལ་དཀའ་ཐུབ་ནི་ཐ་པ་ས་ཞེས་བྱ་བ་གདུང་བའི་དོན་ཏེ། ཡོན་ཏན་གྱི་འབྲས་བུ་འདོད་པའི་ཕྱིར་ལུས་གདུང་བར་བྱེད་པའི་སྤྱོད་པའི་མཚན་ཉིད་བསྟན་པའོ། །བརྟུལ་ཞུགས་ནི། བརྠ་ཞེས་བྱ་བ་བསྒྱུར་བའི་དོན་ཏེ། ཡོན་ཏན་གྱི་འབྲས་བུ་འདོད་པའི་ཕྱིར། རང་གི་ངང་ཚུལ་སྔ་མའི་གནས་ལས་གཞན་དུ་བསྒྱུར་བའི་སྤྱོད་པའི་མཚན་ཉིད་བསྟན་པའོ། །དེ་ལ་ལྟ་བའི་བྱེ་བྲག་གིས་དཀའ་ཐུབ་ཡོད་མེད་གཉིས་སུ་འགྱུར་ཏེ། དེ་ལ་དཀའ་ཐུབ་མེད་པ་ནི། ལྟ་བ་ལ་བསྒྲུབ་པར་བྱ་བ་མེད་པའི་དབང་གིས། འཇིག་རྟེན་ཕྱལ་བ་དང་། མུར་ཐུག་དག་གོ། །དཀའ་ཐུབ་ཡོད་པ་ནི། ལྟ་བ་ལ་བསྒྲུབ་པར་བྱ་བ་ཡོད་པའི་དབང་གིས་རྣམ་པ་བཞིའོ། །དེ་ལ་རང་སངས་རྒྱས་ལྟ་བའི་སྐབས་སུ་གུད་དུ་བཞག་ནས། དཀའ་ཐུབ་མ་སྨོས་པ་ནི་ཉན་ཐོས་དང་མཐུན་པར་སྦྱར། མེ་ལྔ་བསྟེན་པའི་དཀའ་ཐུབ་ཅེས་བྱ་བ་ནི། འཇིག་རྟེན་གྱི་མངོན་པར་ཤེས་པ་ཐོབ་པའི་བྱེ་བྲག་གང་གིས། འགྲོ་བ་གང་དག་ལྷར་སྐྱེས་པའི་ལས་ཉེ་བར་གནས་པ་ལས། གྲང་བའི་རྐྱེན་གྱིས་ཕྱོགས་བཞིར་མེ་བཞི་བསྟན་པ་མཐོང་སྟེ། དེས་ལས་ཀྱི་རྐྱེན་ནི་མ་མཐོང་། སྤྱོད་པའི་ཚུལ་ལས་འདི་ལ་ཡོན་ཏན་ཅི་ཞིག་ཡོད་སྙམ་དུ་བསམས་ཏེ། འཇིག་རྟེན་གྱི་མངོན་ཤེས་ཀྱིས་བརྟགས་ན། ཤི་འཕོས་ནས་ལྷར་སྐྱེ་བ་མཐོང་བས། མེས་གདུངས་པའི་ཡོན་ཏན་དུ་མཐོང་སྟེ། དེ་ནས་ཤིན་ཏུ་ཉི་མ་ཚ་བ་ཉིད་ལ། མེས་གདུངས་པ་ཡོན་ཏན་དུ་ལྟ་སྟེ། མེ་བཞི་ཉི་མ་དང་ལྔ་བསྟེན་པས་མེ་ལྔ་བསྟེན་པའི་དཀའ་ཐུབ་འཇིག་རྟེན་དུ་འབྱུང་ངོ་། །དེ་བས་ན་འདི་ཡང་ལྟ་བས་རྣལ་འབྱོར་གྱི་མངོན་སུམ་གྱིས་གྲུབ་པ་དང་། དེས་མི་དམིགས་པ་ཚད་མར་བྱས་ཏེ། ཡོངས་སུ་བཅད་པའི་རྗེས་སུ་འབྲངས་བ་ཡིན་ཏེ། གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། །བརྟུལ་ཞུགས་ལོག་པར་སྤྱོད་པ་ཞེས་པ་ནི། ལུས་སྡུག་བསྔལ་བར་བྱེད་པའི་མཚན་ཉིད་ནི། སངས་རྒྱས་པའི་དཀའ་ཐུབ་ལ་ཡང་ཡོད་དེ། ཇི་སྐད་དུ། ལུས་ཀྱི་ཉོན་མོངས་སྤྱད་པ་ལས། །འབྲས་བུ་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་དེ་ལྟ་བུ་རྣམ་པར་བཅད་པའི་ཕྱིར་དེ་སྐད་ཅེས་སྨོས་ཏེ། ངལ་བ་འབྲས་བུ་མེད་པའི་ལས་ཅན་ནོ་ཞེས་བྱ་བའི་ཚིག་གོ། །ཉན་ཐོས་ཀྱི་དཀའ་ཐུབ་ནི། སོ་སོར་ཐར་པའི་མདོ་ལས། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པ་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པའི་དོན་ནི། བསླབ་པ་གསུམ་མདོར་བསྡུས་ནས་སངས་རྒྱས་ཀྱི་བཀར་བཞག་པ་སྟེ། དེ་ལ། སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་བྱ་བ་ནི། ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་གསུངས་པ་སྟེ། འདི་ལྟར་མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་ཀྱང་། ཤིན་ཏུ་ལྕི་བར་གྱུར་པ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་སྨྲ་བ་ལྟ་བུ། ཕམ་པར་འགྱུར་བའི་ལུས་ངག་གི་གནས་ངན་ལེན་གྱི་ལས་རྣམས་དང་། དེ་ལ་སོགས་པར་བྱ་བ་མ་ཡིན་པ་ལས་ལྡོག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམས་སོ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་བྱ་བ་ནི། ཤེས་རབ་ཀྱི་བསླབ་པའི་དབང་དུ་གསུངས་པ་སྟེ། བདེན་པ་བཞིའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཀྱིས་བསྡུས་པ། འཕགས་པའི་ལམ་དང་འབྲས་བུའི་ཆོས་སྤྱད་ཅིག་ཐོབ་པར་བྱ་བའི་ཆོས་རྣམས་སོ། །རང་གི་སེམས་ནི་ཡོངས་སུ་འདུལ། །ཞེས་བྱ་བ་ནི། ལྷག་པའི་སེམས་ཀྱི་བསླབ་པའི་དབང་དུ་གསུངས་པ་སྟེ། འདི་ལྟར་འགྲོ་བ་ལ་ཕལ་པ་རྣམས་ནི་འདོད་པའི་ཡོན་ཏན་ལྔ་ལ་རང་བཞིན་གྱིས་སེམས་འཕྲོ་བས། ཉོན་མོངས་པ་ཐམས་ཅད་སྐྱེ་བའི་སྤྱོད་ཡུལ་ལ་ངང་གིས་བསྟེན་པ་ཅན་ཡིན་ལ། འཕགས་པ་རྣམས་ནི་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་མཐུས་སེམས་དབང་དུ་གྱུར་པས། མ་དག་པའི་སྤྱོད་ཡུལ་ལས་ཕྱིར་ལྡོག་སྟེ། རྣམ་པར་དག་པའི་སྤྱོད་ཡུལ་ལ་འཇུག་པར་བྱེད་པའི་ཏིང་ངེ་འཛིན་བསྟན་པ་ཡིན་ནོ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བ་ནི། ཚད་མར་བྱེད་པའི་ཚིག་སྟེ། འདི་ལྟ་བུའང་འཇིག་རྟེན་གྱི་དབང་ཕྱུག་ཆེན་པོ་ལ་སོགས་པས་བཤད་པའི་ལུང་དང་མི་འདྲ་སྟེ། ཀུན་གྱིས་ཡིད་བརྟུལ་དུ་རུང་བའི་ཚད་མ་སངས་རྒྱས་ཉིད་ཀྱིས་བསྟན་པ་དམ་པའི་ཆོས་འདུལ་བ་ལེགས་པར་གསུངས་པ་ཡིན་ནོ། །དེའི་དབང་གིས་དགེ་བ་དང་མི་དགེ་བའི་ཆོས་ཐམས་ཅད། ཀུན་རྫོབ་དང་དོན་དམ་པ་གཉིས་ཀར་སོ་སོར་ལྟའོ་ཞེས་སྦྱར་ཏེ། དེ་ལ་ཡོད་པ་ཞེས་བྱ་བ་ནི་རིག་པས་རྣམ་པར་བཞག་པ་ཡིན་ཏེ། དེའི་ཕྱིར་ཀུན་རྫོབ་ཏུ་ཡང་ཡོད་ལ་དོན་དམ་པར་ཡང་ཡོད་ཅེས་གཞག་སྟེ། འདི་ལྟར་ཀུན་རྫོབ་ཀྱི་ཤེས་པ་ལ་སྣང་བའི་ཆོས་གང་དག །དོན་དམ་པའི་ཤེས་པ་ལའང་སྣང་སྟེ། དེ་བས་ན་གཉིས་ཀར་ཡོད་པ་ཞེས་བྱའོ། །བདེན་པ་ཞེས་མ་སྨོས་པ་ནི། སྒྲིབ་པས་བཞག་པ་ཡིན་པའི་ཕྱིར། གཉིས་ཀ་བདེན་དུ་མི་རུང་སྟེ། འདི་ལྟར་གང་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་གྲུབ་པ་དེ་ནི། དོན་དམ་པའི་བདེན་པ་ཡིན་པར་འགལ་ལ། དེ་ལས་ལྡོག་པའང་དེ་བཞིན་ཏེ། དེ་བས་ན་འདིར་བདེན་པར་སྒྲུབ་པ་མ་ཡིན་གྱི། ཡོད་པར་སྒྲུབ་པ་ཡིན་པས། དེ་བས་ན་འདི་ཀུན་རྫོབ་དང་དོན་དམ་པ་གཉིས་ཀར་སོ་སོར་ཡོད་པར་ལྟ་བ་ཞེས་རྣམ་པ་བཞག་པ་གྲུབ་བོ། །དེའི་དབང་གི་ལུས་ངག་གི་དགེ་མི་དགེ་དག་ཀྱང་བླང་དོར་དུ་སྤྱོད་དོ། །བྱང་ཆུབ་སེམས་དཔའི་དཀའ་ཐུབ་ནི། ཇི་སྐད་དུ། སྡོམ་པ་ཉི་ཤུ་པ་ལས། རྐྱེན་དུ་འཚམས་པར་དོན་མི་བྱེད། །རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པ་ནི། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སེམས་བསྐྱེད་པ་ནི། སྡོམ་པའི་དངོས་གཞི་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་མ་ཐོབ་པར་སེམས་ཅན་གྱི་དོན་བྱེད་ཀྱང་མི་ནུས་པས་སོ། །དེས་ཐོབ་པར་བྱ་ན་རྒྱུ་ནི་སྙིང་རྗེས་བསྡུས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐར་འབྱིན་པ་ནི་ཐབས་ལ་མཁས་པ་སྟེ། འདི་གསུམ་ནི་མི་ཚང་དུ་མི་རུང་ངོ་། །དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ། རང་བཞིན་གྱིས་ཁ་ན་མ་ཐོ་བར་གྱུར་པ། །བྱང་ཆུབ་སེམས་དཔའི་ཕམ་པ་ནི་རྣམ་པ་བཞི་ཡིན་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་མི་མཐུན་པ་ནི། བྱང་ཆུབ་ཀྱི་སེམས་གཏོང་ངོ་། །དེའི་རྩ་བ་སྙིང་རྗེ་ཆེན་པོའི་མི་མཐུན་པའི་ཕྱོགས་ནི། སེར་སྣའི་དབང་གིས་སེམས་ཅན་མི་སྐྱོབ་པ་དང་། གནོད་སེམས་ཀྱིས་སེམས་ཅན་ལ་གནོད་པ་བྱེད་པའོ། །དེ་མཐར་ཕྱིན་པར་བྱེད་པའི་ཐབས་ལ་མཁས་པའི་མི་མཐུན་པའི་ཕྱོགས་ནི། དམ་པའི་ཆོས་ཡོངས་སུ་སྤང་བ་ཡིན་ཏེ། དེ་ལྟར་དམ་པའི་ཆོས་ཡོངས་སུ་སྤང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་དང་། སེམས་ཅན་ལ་གནོད་པ་བྱེད་པ་རྣམ་པ་བཞིའི་ཕམ་པ་མ་བྱུང་ཞིང་། རྩ་བ་སྙིང་རྗེ་ཆ་ཟིན་ནས། ལུས་ངག་གི་སྤྱོད་ཚུལ་སེམས་ཅན་ཚར་བཅད་པ་དག་ཀྱང་ཆེད་དུ་བྱ་དགོས་ཏེ་དེ་བས་ན། རྐྱེན་དུ་འཚམས་པར་ཚར་མི་གཅོད། །ཅེས་ཏེ། བྱང་ཆུབ་སེམས་དཔའ་དག་ཚར་གཅོད་པའི་ལས་ཀྱིས་འགྲོ་བ་འདུལ་བའི་རྐྱེན་དུ་འཚམས་བཞིན་དུ། ཚར་གཅོད་པར་མི་བྱེད་ན་ཡང་ཉམས་པར་འགྱུར་རོ། །དེ་བཞིན་དུ། རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །ཅེས་ཏེ། རྫུ་འཕྲུལ་བསྟན་པས་བྲིད་པ་དང་སྐྱེ་བ་དང་བསྡིགས་པ་ལ་སོགས་པ་སྦྱོར་བ་དམ་པ་མ་ཡིན་པ་རྣམས་ཀྱིས་འདུལ་བཞིན་དུ་དེ་ལྟར་མི་སྟོན་ན་ཡང་ཉམས་པར་འགྱུར་བ་སྟེ། དེ་དག་ནི་བཟློག་སྟེ་བསྟན་པའོ། །སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པ་ནི། ཚུལ་བཞིན་བསྟན་པ་སྟེ། འདི་ལྟར་བསམ་པ་བྱམས་པ་དང་སྙིང་རྗེས་ཟིན་ཏེ། སེམས་དགེ་ན་སྦྱོར་བ་རྩུབ་ཀྱང་སྡོམ་པ་ཉམས་པའི་ཉེས་པ་མེད་ཅེས་སྦྱར་རོ། །གསང་བ་བླ་ན་མེད་པའི་དཀའ་ཐུབ་ནི། དམ་ཚིག་ཆེན་པོའི་མདོ་ཉིད་ལས། སངས་རྒྱས་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །པདྨ་ལ་ནི་འདམ་བཞིན་ཏེ། །དེ་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་གསུངས་ཏེ། དེ་ལ། སངས་རྒྱས་ཐེག་པར་རབ་ངེས་ན། །ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཟབ་མོའི་ཚུལ་གདིང་དུ་གྱུར་པའི་བློ་ཡོད་པ་སྟེ། བསམ་པ་མཉམ་པ་གདིང་དུ་གྱུར་ན་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་ལྔ་དང་། འདོད་པ་ལྔ་ལ་སྤྱད་ཀྱང་། པདྨ་ལ་འདམ་གྱིས་མི་གོས་པ་བཞིན་ནོ་ཞེས་བྱ་བ་ནི། བྱས་ལ་མི་སོགས་པར་བསྟན་པའི་ཚིག་སྟེ། ཇི་ལྟར་སོ་སོར་ཐར་པའི་སྡོམ་པ་ལས། གཞན་གྱི་དོན་དུ་བསམ་པའི་ལས་ནི། ཕམ་པ་ལས་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་། བྱང་ཆུབ་སེམས་དཔའི་མདོ་ལས། བསམ་པ་སྙིང་རྗེས་ཟིན་པའི་སྦྱོར་བ་རྩུབ་མོ་རྣམས་ནི་ཉེས་བྱས་མེད་པར་མ་ཟད་ཀྱི། སྡོམ་པ་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་འདོད་པ་བཞིན་དུ། འདིར་བསམ་པ་མཉམ་པས་ཟིན་ན། ལས་ཇི་ལྟར་སྤྱད་ཀྱང་སྐྱོན་གྱིས་གོས་པར་མི་འགྱུར་ཏེ། གཞན་དུ་ན་ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏེ། ཆོས་མཉམ་པ་ཉིད་ཀྱི་བློས་ཟིན་ན་ཅི་ཡང་མི་འགལ་ལོ་ཞེས་དགོངས་པའོ། །མདོར་བསྡུ་ན་ཉན་ཐོས་ཀྱི་སྡོམ་པ་ནི། སེམས་ཅན་ལ་གནོད་པའི་སྦྱོར་བ་ལས་ལོགས་པའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། སེམས་ཅན་ལ་གནོད་པར་སྤྱོད་པ་ལས་ལོག་གི་སྟེང་དུ་ཡང་། སེམས་ཅན་ལ་ཕན་འདོགས་པ་ལ་ཞུགས་པའོ། །གསང་སྔགས་ཀྱི་སྡོམ་པ་ནི། སེམས་ཅན་ལ་གནོད་པར་སྦྱོར་བ་ལས་ལོག་ཅིང་ཕན་འདོགས་པར་ཞུགས་པ་དེ་ཡང་། དེ་བཞིན་གཤེགས་པའི་མཛད་སྤྱོད་ཉམས་སུ་བླངས་ཏེ་སྤྱོད་པའོ། །གཞན་ཡང་ཉན་ཐོས་ཀྱི་སྡོམ་པ་ནི། འདུ་ཤེས་དང་དངོས་གཞིའི་སྒོ་ནས་གཙོ་བོ་ཡིན་པར་འདོད་དོ། །བྱང་ཆུབ་སེམས་དཔའ་ནི་སྙིང་རྗེ་གཙོ་བོ་ཡིན་པར་འདོད་དོ། །གསང་སྔགས་ཀྱི་ནི་ཤེས་རབ་གཙོ་བོ་ཡིན་པར་འདོད་དོ། །གཞན་ཡང་ཉན་ཐོས་ཀྱི་ནི། སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་པའོ། །བྱང་ཆུབ་སེམས་དཔའ་ནི། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པའོ། །གསང་སྔགས་ཀྱི་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་རྗེས་སུ་སློབ་པའོ། །ཧ་ཅང་སྤྲོས་པས་ཆོག་གོ། །གཞུང་ཉིད་ལ་འཇུག་པར་བྱ་སྟེ། གསང་སྔགས་མཉམ་པ་ཆེན་པོའི་དམ་ཚིག་ལ་སྤྱོད་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་མ་དག་པ་མེད་དེ། དེ་བས་ན་ཇི་ལྟར་ལྟ་བས་ཡེ་ནས་རྣམ་པར་དག་པར་རྟོགས་པ་བཞིན་དུ། དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་དེ་ལྟར་རྣམ་པར་དག་པར་སྤྱོད་པའོ་ཞེས་གསང་སྔགས་མཉམ་པ་ཆེན་པོའི་དམ་ཚིག་གི་སླད་སྡུད་པའི་ཚིག་ཏུ་སྦྱར་རོ། །འདིའི་ཤུགས་ཀྱིས་ནི། ལྟ་བ་མ་དག་པ་རྣམས་ཀྱི་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་རིམ་གྱིས་མ་དག་པར་སྤྱོད་དོ་ཞེས་བྱ་བ། མ་སྨོས་ཀྱང་དོན་གྱིས་རྟོགས་པར་ཤེས་པར་བྱའོ། །དེ་ལྟར་གཞུང་གི་དོན་བསྟན་པ་རྫོགས་ནས། ལས་སུ་བརྩམས་པ་དོན་ཡོད་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་བསྔོ་བ་མཛད་པ་ནི། ལྟ་བའི་ཕྲེང་བ་གསང་བ་འདི། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ལྟ་བ་མཐོ་དམན་གྱི་བྱེ་བྲག་རྣམས་ཕྲེང་བ་བཞིན་དུ་རིམ་པས་རྒྱུད་ཆགས་སུ་བཀོད་ཅིང་། དགོས་པ་ཚང་བར་བསྡུས་པས་ན། ལྟ་བའི་ཕྲེང་བ་ཞེས་བྱའོ། །གསང་བ་ཞེས་བྱ་བ་ནི་མན་ངག་གི་དོན་ཏེ། ཐེག་པ་མཐའ་དག་གི་དོན་ཚིག་ཉུང་ངུར་བསྡུས་ནས་བློ་ལ་བཅང་བའི་མན་ངག་ཏུ་གཞག་པ་ཡིན་པ་དང་། ཚིག་ཉུང་ངུ་འདིས་དོན་མང་པོ་རྟོགས་པར་བྱེད་པའི་སྒོ་ནས་སྒྲོན་མ་ཡིན་པས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་གཅེས་སྤྲས་བྱས་ནས་གསང་ཞིང་སྦས་ཏེ་བཅང་བར་བྱ་བ་ཡིན་པས་ན་གསང་བ་འདི་ཞེས་བྱའོ། །རྣམ་པ་གཅིག་ཏུ་རྫོགས་པ་ཆེན་པོའི་དོན་ནི། ཀུན་གྱི་ཐུན་མོང་མ་ཡིན་པས། ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་ཀྱང་གསང་བར་བྱ་བ་ཡིན་པས་ན། གསང་བ་འདི་ཞེས་བྱའོ། །དམུས་ལོང་རང་ཕྱེ་མིག་རྙེད་ལྟར། །ཤེས་རབ་ཐབས་ཀྱི་རྩལ་འཆང་བའི། །སྐྱེ་མཆོག་ཡོད་ན་འཕྲད་གྱུར་ཅིག །ཅེས་བྱ་བ་ནི། ཇི་ལྟར་དམུས་ལོང་གཟུགས་ཀྱི་བྱེ་བྲག་མཐོང་མ་མྱོང་བ་དག་ནམ་ཞིག་ན་སྔོན་གྱི་བསོད་ནམས་ཀྱི་ལས་ཀྱིས་མིག་རང་ཕྱེ་བ་སྲིད་དེ། དེ་བཞིན་དུ་འགྲོ་བ་རྣམས་ཐོག་མ་མེད་པ་ནས་ལིང་ཐོག་གིས་ཤེས་རབ་ཀྱི་མིག་ལྡོངས་ཏེ། ཕྱིན་ཅི་མ་ལོག་པའི་དོན་མཐོང་མ་མྱོང་བ་ལས། སྔོན་གྱི་བསོད་ནམས་ཀྱི་ལས་ཀྱིས་སྐྱེ་བས་ཐོབ་པའི་ཤེས་རབ་དང་། ཐབས་ཀྱི་རྩལ་མཆོག་དང་ལྡན་པའི་སྐྱེས་མཆོག་དག་ཡོད་ན་འདི་དང་འཕྲད་པར་གྱུར་ཅིག་ཅེའོ། །རྣམ་པ་གཅིག་ཏུ་དམུས་ལོང་དག་གིས། ཕྱག་དར་གྱི་ཕུང་པོ་ལ་ནོམ་པ་ལས། བསོད་ནམས་ཀྱི་ལས་ཀྱིས་ནོར་བུ་རིན་པོ་ཆེ་ཞིག་དང་འཕྲད་དེ། དེའི་དབང་གི་མིག་རང་ཕྱེ་ནས། འབྱོར་པ་སྣ་ཚོགས་དང་ཡང་ལྡན་པ་བཞིན་དུ། གང་དག་གིས་འཁོར་བའི་ཕྱག་དར་གྱི་ཕུང་པོ་ལས། རྐྱེན་དགེ་བའི་བཤེས་གཉེན་དང་འཕྲད་དེ། དེའི་དབང་གི་ཤེས་རབ་རྣམ་པ་གསུམ་གྱི་མིག་ཕྱེ་ནས། ཐབས་དང་ཤེས་རབ་ཀྱི་རྩལ་རྙེད་པའི་སྐྱེས་མཆོག་དག་ཡོད་ན། དེ་དག་གི་དོན་དུ་རུང་བའི་མན་ངག་འདི་དང་འཕྲད་པར་གྱུར་ཅིག་ཅེའོ། །མན་ངག་གི་ཡི་གེ་འདི་ནི། སློབ་དཔོན་པདྨ་འབྱུང་གནས་བོད་ཡུལ་ནས་སླར་གཤེགས་ཀར། བྲག་དམར་མཚོ་མོ་མགུར་གྱི་ནེའུ་ཐང་དུ་མགུར་གསུམ་བཞེད་པ་ནས། ལྷ་སྲས་ཁྲི་སྲོང་ལྡེ་བཙན་དང་རྗེ་འབངས་དགྱེས་ཕྱག་གི་དུས་སུ། འདི་དང་མ་མོ་གསང་བ་ལས་ཀྱི་ཐིག་ལེ་གཉིས་མཛད་ནས། ལྷ་སྲས་ལ་མན་ངག་ཏུ་གནས་སྟེ་བཞག་པ་ལགས་སོ། །མན་ངག་ལྟ་ཕྲེང་གི་འགྲེལ་པ་འདི་རོང་ཟོམ་པཎྜི་ཏ་ཆེན་པོ་ཆོས་ཀྱི་བཟང་པོ་ཞེས་བྱ་བ་རྒྱ་བོད་གཉིས་ན་མཁས་པའི་ཁྱུ་མཆོག་ཆེན་པོར་གྱུར་པ་དེས་མཛད་པའོ། །དགེའོ།། །།

མན་ངག་ལྟ་བའི་ཕྲེང་བའི་ཚིག་དོན་གྱི་འགྲེལ་ཟིན་མདོར་བསྡུས་པ་ཟབ་དོན་པད་ཚལ་འབྱེད་པའི་ཉི་འོད། བློ་གྲོས་མཐའ་ཡས།

མན་ངག་ལྟ་བའི་ཕྲེང་བའི་ཚིག་དོན་གྱི་འགྲེལ་ཟིན་མདོར་བསྡུས་པ་ཟབ་དོན་པད་ཚལ་འབྱེད་པའི་ཉི་འོད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྲཱི་མ་ཧཱ་སུ་ཁ་པཱ་དཱ་ཡ། གཉིས་རྟོག་ཆོས་ཀུན་དབྱིངས་སུ་རབ་ཞི་ཤེས་དང་ཤེས་བྱ་རོ་མཉམ་པས། བརྗོད་མེད་ངང་ལས་བརྗོད་པའི་ཆོ་འཕྲུལ་མོས་པ་དུ་མའི་རྗེས་སུ་འཇུག །སྲིད་པའི་འཁྲུལ་འཁོར་གཞི་རུ་ཟློག་ལ་ཀུན་ཀྱང་དགོངས་པ་གཅིག་ཏུ་འབབས། །དུས་གསུམ་རྒྱལ་ལས་ཕྲིན་ལས་ཁྱད་འཕགས་པདྨ་སཾ་བྷར་གུས་ཕྱག་འཚལ། །འཇམ་དཔའ་གཞོན་ནུ་བཤེས་གཉེན་ཚུལ་འཛིན་པ། །ཆོས་ཆེན་དབྱངས་ཀྱིས་བསྟན་འགྲོའི་སྣང་ཆེན་སྤེལ། །མཁྱེན་པ་གཉིས་ལྡན་རྗེས་བརྩེའི་འཛུམ་ཟེར་ཅན། །མཁས་གྲུབ་དབང་པོ་དཔལ་ལྡན་བླ་མར་འདུད། །ཟབ་དོན་འབྱེད་ལ་རྣམ་དཔྱོད་མཐུ་དམན་ཀྱང་། །ཐམས་ཅད་གཟིགས་པ་ཞལ་ལུང་བདུད་རྩིའི་ཆབ། །རྙོགས་མེད་ཡི་གེའི་ལམ་དུ་དྲང་བ་ལ། །བློ་ལྡན་སྐལ་བ་བཟང་རྣམས་དོན་གཉེར་བྱོས། །དེའང་བཅོམ་ལྡན་འདས་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོས་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས་ལུང་བསྟན་པ་ལྟར་རིགས་གསུམ་མགོན་པོ་མི་བདག་གི་རྣམ་པར་སྣང་བའི་ཆོས་རྒྱལ་མེས་དཔོན་རྣམ་པ་གསུམ་གྱི་ནང་ནས་འཇམ་དབྱངས་རྣམ་འཕྲུལ་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། འཕགས་ཡུལ་པཎ་ཆེན་དུ་མ་བོད་དུ་སྤྱན་དྲངས་ནས་དམ་པ་ཆོས་ཀྱི་ཉི་མ་ཁོར་ཡུག་ཏུ་བརྡལ་བར་མཛད་པའི་ནང་ནས་གངས་ཅན་པའི་འགྲོ་བ་ཡོངས་ལ་བཀའ་དྲིན་ཁྱད་པར་དུ་ཆེ་བ་རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་ཤིང་རྟའི་སྲོལ་འབྱེད། སྔགས་ཀྱི་སྟོན་མཆོག་དཔལ་བདེ་བ་ཆེན་པོ་པདྨ་འབྱུང་གནས་ཞབས་ཀྱིས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསམ་ལས་འདས་པ་བསྐོར་ཏེ་གདུལ་བྱ་རྣམས་གདོད་མའི་ས་ལ་དབུགས་དབྱུང་བར་མཛད་པ་ལས། མན་ངག་ལྟ་བའི་ཕྲེང་བ་དང་མ་མོ་གསང་བ་ལས་ཀྱི་ཐིག་ལེ་གཉིས་ཆོས་རྒྱལ་ལ་དངོས་སུ་གདམས་པ་གདུལ་བྱ་ཐུན་མོང་བ་རྣམས་ལའང་ཡོངས་སུ་གྲགས་ཤིང་ཡི་གེའི་ཕྲེང་བར་བར་མ་ཆད་དུ་བྱོན་པས་མཁས་པ་མང་པོས་ཁུངས་སུ་དྲངས་པའི་གཞུང་རྩོད་མེད་དུ་གྲུབ་པ་སྟེ། ལྟ་ཕྲེང་ལ་རོང་ཟོམ་པཎྜི་ཏས་མཛད་པའི་འགྲེལ་པ་ཁྱད་པར་ཅན་སོགས་བཞུགས་མོད། བར་སྐབས་སུ་རྒྱུན་སྲབ་པ་བཀའ་བབ་བདུན་གྱི་མངའ་བདག་རྗེ་བླ་མ་རིན་པོ་ཆེའི་ཐུགས་བསྐྱེད་ཀྱི་མཐུ་ལས་བསྟན་པའི་མེ་རོ་བསླངས་པའི་ཕྲིན་ལས་ཀྱི་རྒྱུན་ལ་ཕན་པར་འདོད་པའི་ལྷག་བསམ་གྱིས་དྲངས་ཏེ། ཕྱོགས་མཚོན་ཙམ་གྱི་རྟོགས་སླའི་བསྡུས་འགྲེལ་ཟིན་ཐུན་གྱི་ཚུལ་དུ་དགོད་པ་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཚན་བསྟན་པ། མཆོད་པར་བརྗོད་པའོ། །དང་པོ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྟ་བ་དང་མདོ་སྔགས་ཀྱི་ཐེག་པ། ལ་སོགས་པའི་ཁོངས་ནས་ལམ་གྱི་གྲོགས་སྤྱོད་པ་དང་འབྲས་བུའི་རྣམ་བཞག་སོ་སོའི་ཁྱད་པར་ཕྱོགས་གཅིག་ཏུ་སྙིང་པོར་བསྡུས་ནས་རྗེ་འབངས་རྣམས་ཀྱི་དོན་དུ་གྲུབ་པའི་སློབ་དཔོན་ཆེན་པོ་ཉིད་ཀྱིས་མཛད་པའི་བསྐྱུད་བྱང་སྟེ་བརྗེད་བྱང་གི་ཡི་གེའོ། །མཚན་དེ་ལྟར་བརྗོད་པའི་དགོས་པ་ནི། གཞུང་གི་བསྟན་དོན་ངེས་སླ་བ་དང་། གླེགས་བམ་ཚོལ་བ་ལ་འཇུག་བདེ་བའི་དོན་དུ་བཤད་དོ། །གཉིས་པ་ནི། བྷ་ག་ཝཱན་ཞེས་པའི་སྒྲ་ལས་ལེགས་པ་དྲུག་དང་ལྡན་པའི་བཅོམ་ལྡན་འདས་ཏེ་མཚན་དེ་གང་ལ་བརྗོད་པ་དོན་ཡོད་པའི་རྗེ་བཙུན་འཇམ་དཔལ་གཞོན་ནུ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རབ་ཀྱི་བདག་པོ་ལ་ཐེག་པ་ཐུན་མོང་ལྟར་མཆོད་བརྗོད་མཛད་པ་དང་། སྔགས་ཀྱི་ཐུན་མོང་མ་ཡིན་པའི་སྟོན་པ་དང་སྡུད་མཛད་རྡོ་རྗེ་ཆོས་སམ་རྡོ་རྗེ་འཛིན་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་རང་གི་མངོན་པར་འདོད་པའི་ལྷ་ལ་ཕྱག་བྱ་བ་སྔོན་དུ་བཏང་སྟེ་དོན་ལྡན་གྱི་ལས་ལ་འཇུག་པ་སྐྱེ་བོ་སྐྱེས་བུ་དམ་པའི་ངང་ཚུལ་ཡིན་པས་ན་དེ་སྐད་གསུངས་པའོ། །འོན་ཀྱང་འདུས་པ་ཡེ་ཤེས་ཞབས་ལུགས་པ་རྣམས་རྡོ་རྗེ་ཆོས་ཞེས་པ་པདྨ་གར་དབང་ལ་མཛད་པ་མང་ངོ་། །གཉིས་པ་ལ། ལྟ་བའི་ཁྱད་པར་དང་། བརྟུལ་ཞུགས་ཀྱི་ཁྱད་པར་བཤད་པ་གཉིས་ལས། དང་པོ་ལའང་། ཕྱི་རོལ་པ་དང་། ཆོས་འདི་པ་རྣམས་ཀྱི་ལྟ་བ་བཤད་པ་གཉིས། དང་པོ་ལ། བསྟན་བཤད་གཉིས་ལས། དང་པོ་ནི། འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཕྱིན་ཅི་ལོག་གི་ལྟ་བ་འཛིན་པ་གྲངས་མེད་པ་རྣམས་མདོར་བསྡུས་ན་རྣམ་པ་བཞིར་འདུ་སྟེ། གཙོ་བོར་སྟེ་ས་སྤྱད་པ་ཕྱལ་པ་དང་། རྒྱང་འཕེན་གཉིས་དང་། ལྟ་སྤྱོད་མུར་ཐུག་དང་། མུ་སྟེགས་པའོ། །དེ་བཞིའི་དང་པོ་གཉིས་ལ་ཞར་ལས་བྱུང་བའི་མ་རིག་པ་ཞེས་ཁ་ཅིག་འཆད་ཅིང་། ཡང་ན་དེ་དག་གི་རྒྱུད་ལའང་འཇིག་ལྟ་ལྷན་སྐྱེས་ཡོད་པར་འཆད་པ་དང་། དེ་འདྲའི་ལྟ་ངན་གྱིས་གཞི་བཟུང་སྟེ། ཀུན་བརྟགས་ཀྱི་བདག་འཛིན་སྐྱེ་བ་དེ་བཞིའི་བསྟན་རིམ་ལ་བསྟན་ནས་གོ་བའི་ཆེད་དུ་ཡིན་པར་བྱས་ཀྱང་ཆོག་པ་འདྲའོ། །གཉིས་པ་ལ་གཉིས་ལས། དང་པོ་ཕྱལ་རྒྱང་གཉིས་བཤད་པ་ནི། དེ་ལ་ཕྱལ་བ་གང་ཞེ་ན། དེ་ནི་འདི་ལྟར་ཕུང་པོ་ལྔས་བསྡུས་ཀྱི་ཆོས་ཐམས་ཅད་རྒྱུ་གང་འདྲ་བ་དང་འབྲས་བུའི་ཁྱད་པར་ཅི་འདྲ་བ་རྣམས་དང་། འཇིག་རྟེན་ཕ་རོལ་ཡོད་པ་དང་མེད་པ་གང་དུའང་དཔྱད་ར་མེད་ཅིང་མ་རྟོགས་ཏེ་ཚེ་འདིའི་སྣང་བ་ཏུར་ཏུར་པོ་འདི་ལ་མངོན་པར་དགའ་བས་འཇུག་པ་ཙམ་ཞིག་ལས། སྐྱེས་བུའི་དོན་མཐར་ཐུག་ལ་ཅང་མི་སེམས་པར་ཀུན་ཏུ་རྨོངས་པའོ། །དེའང་ཕྱལ་བ་ཞེས་པ་གཞི་གྱེན་དུ་འཛེགས་པ་དང་། ཐུར་དུ་འབབ་པའི་ངོས་མི་མཉམ་པ་མེད་པའི་ཐང་ཐང་པོ་ལྟ་བུ་སྟེ། སྤང་བླང་གི་འཇུག་ལྡོག་ལ་སེམས་པའི་སྒོ་ནས་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་དོན་བསྒྲུབ་ཅིང་། འདི་ནི་དགེ་བའི་ཚོགས་ཏེ་འཛེགས་པར་བྱ་བ་དང་། འདི་ནི་སྡིག་པའི་གཡང་ས་སྟེ་ལྟུང་དུ་དོགས་པ་ཅན་ནོ་ཞེས་འདོར་ལེན་བྱེད་པའི་བག་ཡོད་དང་བྲལ་ཏེ། ཚེ་འདིའི་བདེ་བ་ཙམ་ཞིག་གྲུབ་པས་ཆོག་ཤེས་ཤིང་སྣང་བ་བདེ་ཆམ་མེར་སྡོད་པ་ལ་བྱའོ། །རྒྱང་འཕེན་ནི་སྤྱིར་མདོ་སྡེ་ནས་འཇིག་རྟེན་རྒྱང་འཕེན་ཞེས་གསུངས་པ་ཕལ་ཆེར་ཕྱི་རོལ་པ་སྤྱི་མིང་དུ་བླ་མ་འགའ་ཞིག་འཆད་ཅིང་། ཏརྐ་སྡེ་ལྔའི་ཡ་གྱལ་རྒྱང་འཕེན་ཞེས་པ་ཕུར་བུ་བའི་མིང་ཡིན་ཡང་། འདི་ནི་གྲུབ་མཐས་བློ་མ་བསྒྱུར་བ་ཞིག་ལ་མཁས་པ་རྣམས་བཞེད་དེ། དེ་ལྟར་བྱས་ན་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ཡོད་པའམ་མེད་པ་གང་ཡིན་དུ་མ་རྟོགས་ཤིང་ཚེ་གཅིག་པོ་འདི་ལ་བཙན་ཕྱུག་དང་མཐུ་སྟོབས་སོགས་མཐོ་རིས་ཀྱི་དཀའ་བ་ཁྱད་པར་ཅན་སྒྲུབ་པའི་རིག་སྔགས་འཛིན་པ་སྟེ་འཇིག་རྟེན་གྱི་དྲང་སྲོང་དང་ལྷས་བསྟན་པའི་གསང་ཚིག་ལ་བརྟེན་པའོ། །ཞེས་གཞུང་ནས་གསལ་ཁ་བྱུང་བ་དང་ཡང་མཐུན་ནོ། །དེས་ནི་བསམ་སྦྱོར་གྱི་སྟེང་ནས་འཇིག་རྟེན་ཕ་རོལ་ལ་རྩིས་མི་འཇོག་པར་རྒྱང་རིང་དུ་འཕེན་པ་ལྟར་བྱེད་པས་ན་རྒྱང་འཕེན་ཟེར་བ་ཡིན་ནོ། །གཉིས་པ་མུར་ཐུག་དང་མུ་སྟེགས་ཀྱི་གྲུབ་མཐའ་བཤད་པ་ནི། མུར་ཐུག་པ་ནི། སེམས་ཅན་གྱི་ཕུང་པོས་བསྡུས་པའི་ཆོས་ཐམས་ཅད་ལ་བསགས་པའི་ལས་སྔོན་སོང་གི་རྒྱུད་དང་ཤེས་པའི་རིག་འདྲ་སྔ་མ་སྔོན་སོང་ཡོད་པས་སྔོན་གྱི་མཐའ་མ་དམིགས་པར་མ་རྟོགས་ཤིང་། འདི་ནས་འཆི་འཕོ་བ་ན་འཆི་སེམས་ཐ་མའི་འོག་ཏུ་ཚོར་བ་གཞན་གྱིས་བསྡུས་པའི་རྣམ་ཤེས་ཀྱི་རྒྱུན་ཕྱི་མ་འབྲས་བུར་འབྱུང་བ་དང་། དེར་ཡང་བདེ་སྡུག་ལས་ཀྱི་རྗེས་སུ་བྱེད་པའི་རྒྱུ་མཚན་གྱིས་ཕྱི་མའི་མཐའ་མ་དམིགས་པར་འཁོར་བ་སྲིད་དུ་གནས་པའི་ཚུལ་མི་ཤེས་པར་མ་མཐོང་བའི་རྒྱུ་མཚན་ལྟར་སྣང་ཙམ་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི། ལས་དང་དེའི་རྣམ་སྨིན་ཐམས་ཅད་མེད་པ་སྟེ། སྤང་ལ་ཤ་མོང་རྡོལ་བ་ལྟར་ཚེ་གཅིག་ལ་སྐྱེས་པའི་ཚོར་འདུ་རྣམ་ཤེས་སོགས་ཕུང་པོའི་ཆོས་ཐམས་ཅད་གློ་བུར་དུ་སྐྱེས་ལ་མཐའ་ཡང་ཆད་པར་ལྟ་བའོ། །བདག་རང་བཞིན་གྱིས་གྲུབ་པ་དང་རང་རྐྱ་ཐུབ་པ་ནི་འདིས་ཀྱང་ཁས་ལེན་མོད་ཀྱི། དེ་འདྲའི་བདག་དེ་ཉིད་ཐོག་མཐར་ཆད་པར་སྨྲ་བའོ། །མུ་སྟེགས་པ་ནི་ཆོས་སམ་ཕུང་པོ་ལྔ་ལ་དབང་བསྒྱུར་བ་པོའི་བདག་དོན་གཞན་དུ་འཛིན་པའི་རིགས་གནས་ཀྱི་ལྟ་བ་ངན་པ་གང་ཞིག་དམིགས་པ་ལ་དམིགས་ནས་རྣམ་པ་རྟག་ཅིག་རང་དབང་ཅན་དུ་དམ་འཆའ་བ་ལ་ཆོས་ཐམས་ཅད་ལ་ཀུན་ཏུ་བརྟགས་པས་བདག་རྟག་པ་ཞིག་ཡོད་པར་ལྟ་བ་སྟེ་ཞེས་གསུངས་ཤིང་། དེ་ལའང་འགྲུབ་བྱེད་ཀྱི་རྒྱུ་མེད་པ་ལ་གྲུབ་པའི་འབྲས་བུ་བདག་འགྱུར་མེད་ཅིག་གདོད་ནས་ཡོ་པར་བལྟ་བ་དང་ཞེས་པ་གཞན་དུ་ན་རྒྱུ་ལ་མ་ལྟོས་པའི་འབྲས་བུས་འཇོག་ཚུལ་མེད་མོད་ཀྱི། ཡོད་པ་ཉིད་ལ་གྲུབ་པའམ་འབྲས་བུ་ཞེས་བཏགས་པར་རོང་ཟོམ་གསུངས་སོ། །ཡང་སྣོད་བཅུད་ཐམས་དབང་ཕྱུག་གིས་བྱས་པར་སྨྲས་ནས་ཕྱུགས་ཀྱི་མཆོད་སྦྱིན་ལ་སོགས་པ་དང་དབང་ཕྱུག་མཉེས་པར་བྱ་བའི་ཆོ་གས་མཐོ་རིས་འདོད་པ་རྒྱུ་འབྲས་ཀྱི་བླང་དོར་ལོག་པར་འཛིན་ཅིང་ལྟ་བ་དང་། རྒྱུ་སྟེ་ཕུང་པོ་ཡོངས་སུ་འཛིན་པའི་བྱེད་པ་པོ་བདག་བདེན་པར་གྲུབ་ཅིང་རྟག་པའི་ངོ་བོར་ཡོད་པ་ལ། དེའི་འབྲས་བུས་ཕུང་པོ་རྣམས་ནི་མི་རྟག་པའི་ཕྱིར་གཏན་དུ་བའི་རྟེན་གྱི་ངོ་བོར་མེད་པར་ལྟ་བ་ཞེས་འགྲེལ་བྱེད་མཁན་འཆད་ལ། ལུགས་དེ་དག་རྟག་ལྟ་བ་རྣམས་ཀྱི་ཞེ་འདོད་ཆེ་ལོང་ཙམ་ཞིག་གསུང་པ་མ་གཏོགས། འདིར་བསྟན་གྱི་འདོད་ཚུལ་གསུམ་ཕྱི་རོལ་པའི་གྲུབ་མཐའ་མི་འདྲ་བ་གསུམ་དང་སྦྱོར་དགོས་པའི་ངེས་པ་མི་སྣང་སྟེ། བདག་རྟག་པ་དང་དབང་ཕྱུག་བྱེད་པ་པོ་ཡིན་པ་གཉིས་ཀ་འུག་ཕྲུག་པས་ཁས་ལེན་པ་བཞིན་ནོ། །འདི་དག་ནི་སྲིད་རྩ་གཅོད་པའི་ལམ་ཡང་དག་དང་མ་འབྲེལ་བར་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཕྱིར་ཞིང་བརྟན་པར་བྱེད་པའི་ལྟ་བ་ངན་པའོ། །སྤྱིར་མུ་སྟེགས་ཅན་གྱི་ལུགས་སྙིང་པོ་མེད་པར་སྒྲུབ་པའི་སྒོ་མཐའ་མེད་པ་ཞིག་ཡོད་ཀྱང་གཙོ་བོ་ནི་གཞུང་འདིར་བཤད་པ་ལྟར་ཐར་ལམ་ཡང་དག་དང་བྲལ་བའི་སྒོ་ནས་སྨད་པ་འདི་ཉིད་ཡིན་ཏེ། མགོན་པོ་ནཱ་གརྫུ་ནས། གང་ཟག་ཕུང་པོ་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པ་སྨྲ་ན་དྲིས། །ཞེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། འདུལ་བ་ལུང་ལས། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང་། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། །ཞེས་གསུངས་པ་ལྟར་སྡུག་བསྔལ་རྒྱུ་དང་བཅས་པས་འགོག་པའི་ཐབས་ཆེན་པོ་འཇིག་རྟེན་ལས་འདས་པའི་ཟག་མེད་ཀྱི་ལམ་དང་ཉེ་བར་བྱེད་པ་བདེན་བཞིའི་འཇུག་ལྡོག་ལྷུར་ལེན་གྱི་གདམས་ངག་གང་ལ་ཡོད་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཚུལ། དེ་བཤད་པར་བྱ་བ་ལའང་རྣམ་པ་གཉིས་ཏེ། མཚན་ཉིད་ཀྱི་ཐེག་པ་དང་། རྡོ་རྗེའི་ཐེག་པའོ། །དེ་ལྟར་གསུངས་པ་ནི་བདེན་གཉིས་ཇི་ལྟར་གནས་པའི་མཚན་ཉིད་དམ་ཆོས་ཀྱི་ཡིན་ལུགས་དཔྱིས་ཕྱིན་པ་དེ་ཉིད་དྲི་མ་མེད་པའི་རིག་པས་གཏན་ལ་འབེབས་པ་ཙམ་ཞིག་མ་གཏོགས། འབྲས་བུའི་རྣམ་པ་སངས་རྒྱས་ཀྱི་སའི་གནས་ལུས་ལོངས་སྤྱོད་ལམ་དུ་མི་བྱེད་པ་དང་། དེ་ལས་ལྡོག་སྟེ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུའི་ང་རྒྱལ་ལ་བརྟེན་ནས་སྒོ་གསུམ་སྐུ་གསུང་ཐུགས་སུ་མི་ཕྱེད་པར་འཆིང་བའི་ཁྱད་པར་གྱིས་ཡིན་ནོ། །མཚན་ཉིད་ཐེག་པ་ལ་གསུམ་དུ་མཛད་པ་ཐོབ་བྱའི་སྒོ་ནས་ཡིན་ཞིང་། ཐེག་ཆེན་ལ་མཚན་ཉིད་དང་རྡོ་རྗེའི་ཐེག་པ་གཉིས་སུ་དབྱེ་བ་ལམ་སྒྲུབ་པའི་ཚུལ་གྱི་ནང་ནས་གཙོ་བོར་ཐབས་ཀྱི་ཕྱོགས་རགས་པ་ལ་མི་འདྲ་བའི་ཁྱད་ཞུགས་པའི་སྒོ་ནས་ཡིན་པ་རྒྱལ་དབང་དྲི་མེད་འོད་ཟེར་གྱིས་བཞེད་པའོ། །གཉིས་པ་ལ། མཚན་ཉིད་ཐེག་པ་དང་། སྔགས་ཀྱི་ཐེག་པའི་རྣམ་བཞག་གཉིས། དང་པོ་ལའང་གཉིས་ལས། མདོར་བསྟན་པ་ནི། མཚན་ཉིད་ཀྱི་ཐེག་པ་དེ་ལའང་ཐོབ་བྱ་འབྲས་བུའི་མཆོག་དམན་གྱི་སྒོ་ནས་རྣམ་པ་གསུམ་དུ་བཞག་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པའོ། །མཐར་ཐུག་གི་ཐོབ་བྱ་བ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཁོ་ནར་ཟད་དེ། དེ་བཞིན་དུ་ཐེག་པའི་མཐར་ཐུག་ཀྱང་ཐེག་པ་ཆེན་པོ་ཁོ་ནར་བབས་པའི་ཚུལ་ཤིང་རྟ་ཆེན་པོ་ཀཱ་མ་ལ་ཤཱི་ལས་དབུ་མ་སྣང་བར་བསྒྲུབ་པ་ལ་སོགས་པ་བཞིན་ནོ། །འོན་ཀྱང་གདུལ་བྱའི་བསམ་པའི་དབང་གིས་རེ་ཞིག་ཐེག་པ་གསུམ་དུ་གསུངས་པ་ནི། དམ་ཆོས་པད་དཀར་ལས། སངས་རྒྱས་ཡེ་ཤེས་རབ་ཏུ་རྟོགས་བྱའི་ཕྱིར། །ཐབས་འདི་རང་བྱུང་གིས་ནི་མཛད་གྱུར་གྱི། །དེ་དག་རྣམས་ལ་ཁྱེད་ཅག་སངས་རྒྱས་སུ། །འགྱུར་རོ་ཞེས་ན་ནམ་ཡང་མི་གསུང་ངོ་། །ཅི་ཕྱིར་ཞེ་ན་སྐྱོབ་པ་དུས་ལ་གཟིགས། །ཞེས་སོ། །གཉིས་པ་ལ། ཉན་ཐོས། རང་རྒྱལ། བྱང་སེམས་ཀྱི་ཐེག་པ་བཤད་པ་གསུམ་ལས་དང་པོ་ནི། དེ་ལ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ཞེས་པའི་ཉན་ཐོས་ཀྱི་ཐེག་པར་ཞུགས་མཚམས་ནི་འཁོར་བའི་འཁོར་ལོ་གང་དུ་སྐྱེས་ཀྱང་འཕགས་པ་རྣམས་དང་ཉེ་བར་མི་མི་མཐུན་པའི་མཚན་ཉིད་ནད་དང་འབྲས་དང་ཟུག་རྔུ་ལྟར་མཐོང་བས་ཡིད་བྱུང་སྟེ་རང་གི་དོན་དུ་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འདོད་པའི་འདུན་པ་བཅོས་མིན་ནམ་སྐྱེས་པ་ནས་ཐེག་པ་དེར་ཞུགས་པར་འཇོག་ཅིང་། དེའང་ཡིད་སྨོན་ཙམ་ཞིག་གིས་རང་འབྲས་འགྲུབ་པ་མི་སྲིད་པར་ཤེས་ནས་དང་པོར་སྲིད་པའི་རྒུད་པ་མཐའ་དག་གི་རྩ་བ་འཇིག་ལྟའི་རྨིང་ལ་ཐུག་པར་མཐོང་ཞིང་། དེ་ལྡོག་པ་ལ་དེ་དང་འཛིན་སྟངས་དངོས་འགལ་དུ་སོང་བའི་བདག་མེད་རྟོག་པའི་ཡེ་ཤེས་ཁྱད་པར་ཅན་ཞིག་སྐྱེས་པ་དགོས་སོ། །དེ་ལ་བདག་མེད་ཀྱི་ལྟ་བ་ཅི་འདྲ་ཞིག་དགོས་པ་ནི། ཕུང་པོ་ལྔའི་ཆོས་ཐམས་ཅད་ལ་མུ་སྟེགས་པ་ཞེས་པ་སྨོས་མ་ཐག་པའི་མུར་ཐུག་གི་ཟླས་དྲངས་པའི་དེ་ལ་དགོངས་ཤིང་། ལ་སོགས་པའི་ཁོངས་ནས་མུར་ཐུག་དང་ཕྱལ་རྒྱང་གཉིས་འཐོན་ཏེ། དེ་རྣམས་ཀྱིས་སྒྲོ་དང་སྐུར་པས་ཀུན་ཏུ་བརྟགས་པའི་ཡེ་ནས་མེད་པ་ཆད་པའི་ལྟ་བ་དང་། རྟག་པར་ལྟ་བ་ལ་སོགས་པ་སྟེ་ཡན་ལག་དང་བཅས་པ་ཞེས་གསུངས་པའི་ཚིག་ཟུར་སྔ་མ་ནི་རྟག་ཆད་དུ་ལྟ་བའི་ལྟ་ངན་ཡེ་ནས་མེད་པར་བསྟན་པ་མིན་གྱི། ལྟ་ངན་དེ་དག་གི་ཞེན་ཡུལ་རྟག་ཆད་ཀྱི་མཐའ་གཉིས་ཡེ་མེད་དུ་བསྟན་པ་ཡིན་ནོ། །དེ་འདྲའི་རྟག་ཆད་ཀྱི་མཐའ་གཉིས་ཡོད་པར་ལྟ་བ་ནི་ལོག་ཤེས་ཡིན་ཏེ། དེས་ཇི་ལྟར་བཟུང་བ་བཞིན་དུ་མ་གྲུབ་པའི་ཕྱིར་ཏེ། ཐག་པ་ལ་སྦྲུལ་དུ་མཐོང་བ་བཞིན་ནོ་སྙམ་དུ་ཚད་མས་དྲང་བའི་ངེས་ཤེས་རྙེད་ནས་ལྟ་བ་ངན་པའི་གཡང་སར་མི་འཇུག་གོ། །གོང་གི་ཡེ་མེད་ཅེས་པས་དངོས་པོ་དེའི་བདག་ཉིད་དུ་མ་གྲུབ་པར་བསྟན་ཅིང་སྐབས་འདིར་མེད་དེ་ཞེས་གསུངས་པ་ནི་དེ་ལྟར་མེད་པར་ཚུལ་བཞིན་ཡིད་ལ་བྱེད་པའི་དོན་ཡིན་པས་ཟློས་སྐྱོན་སེལ་ཏེ། འོག་ཏུ་རྣམ་པར་ཤེས་པས་དོན་དམ་དུ་ཡོད་པར་ལྟ་ཞིང་། ཞེས་པའི་ཐད་ཀྱི་ལྟ་ཞིང་གི་ཚིག་ནི་འདིར་ཡང་སྦྱར་རྒྱུར་ཤིན་ཏུ་གསལ་བའི་ཕྱིར་རོ། །ཚིག་དེ་དག་གིས་རྟག་གཅིག་རང་དབང་བའི་བདག་ཡོད་པ་སེལ་དུ་ཟིན་ཀྱང་། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་གང་ཟག་གི་བདག་མེད་རྟོགས་དགོས་པ་མ་བསྟན་ནོ་ཞེ་ན། དེ་འདྲའི་ལུས་སེམས་གང་ལའང་མ་ལྟོས་པའི་གང་ཟག་ཡོད་འཛིན་ཅིག་འཐད་དོ་སྙམ་པ་ཀུན་བརྟགས་ཡིན་པས་དེའང་དེའི་ཁོངས་སུ་འགོག་དགོས་པར་མ་བསྟན་པ་མིན་ནོ། །དེ་ལྟར་གང་ཟག་གི་བདག་མེད་རྟོགས་ཀྱང་ད་དུང་ཆོས་ཀྱི་བདག་མེད་མ་རྟོགས་པ་མ་ཟད། ཆོས་ཀྱི་བདག་ཡོད་འཛིན་འཐད་ལྡན་དུ་བལྟ་བའི་ཚུལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རྩོམ་གཞི། འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་གསུངས་པ་ལྟར་འབྱུང་བ་ཆེན་པོ་ས་ཆུ་མེ་རླུང་བཞིའི་རྡུལ་ཕྲ་རབ་སོགས་རྡུལ་ཕྲན་ཆ་མེད་དང་། རྣམ་པར་ཤེས་པ་སྐད་ཅིག་ཆ་མེད་ནི་དོན་དམ་པར་ཡོད་པར་རམ་དོན་དམ་བདེན་པར་ལྟ་ཞིང་ཞེས་འཆད་དགོས་ཀྱི། དོན་དམ་དཔྱོད་པའི་ངོར་ཡོད་ཅིང་དོན་དམ་བདེན་པ་ཡིན་མི་དགོས་པ་ལྟ་བུ་ལ་བྱར་མི་རུང་སྟེ། རགས་རིམ་ཙམ་མོ། །དེ་ལྟར་གསུངས་པ་ནི་ཉན་ཐོས་ཀྱི་ཐེག་པ་དང་བྱེ་སྨྲའི་གྲུབ་མཐའ། རང་རྒྱལ་གྱི་ཐེག་པ་དང་སེམས་ཙམ་པའི་གྲུབ་མཐའ། བྱང་སེམས་ཀྱི་ཐེག་པ་དང་དབུ་མ་པའི་གྲུབ་མཐའ་རྣམས་རྣམ་བཞག་ཙམ་གྱི་སྒོ་ནས་སྦྱར་ཏེ་འཆད་པར་དགོངས་པའི་ཚུལ་རྗེ་བཙུན་བྱམས་པའི་མན་ངག་དང་མཐུན་ནོ། །ལྟ་བའི་གནད་དེ་འདྲ་ཞིག་ངེས་པར་བྱས་ནས་ཉམས་སུ་ལེན་ཚུལ་ཚང་ལ་མ་ནོར་བ་ནི་ནད་ཤེས་པར་བྱ་བ་སོགས་ཀྱི་དཔེས་བསྟན་པ་ལྟར་སྡུག་བསྔལ་ཤེས་པར་བྱ་བ་དང་ཀུན་འབྱུང་སྤང་བར་བྱ་བ་ལ་སོགས་པ་ཀུན་ཉོན་ཕྱོགས་ཀྱི་སྐྱེ་རིམ་དང་རྣམ་པར་བྱང་བའི་འཇུག་ཚུལ་ངེས་པའི་ཆེད་དུ་བདེ་བར་གཤེགས་པས་འཕགས་པའི་བདེན་པ་བཞི་གསུངས་པ་དེ་དག་ལ་དེ་ལྟར་སྤང་བླང་མ་ནོར་བའི་ལམ་བསྒོམ་པས་རིམ་གྱིས་འབྲས་བུ་རྣམ་པ་བཞི་པོ་མངོན་པ་གོང་མ་ལྟར་ན་སྦྱོར་ལམ་སྟན་གཅིག་པ་ནས་འཕགས་པ་རིགས་ནས་རིགས་སྐྱེའི་བར་གྱི་རྒྱུན་ཞུགས་པ་དང་འབྲས་གནས། དེ་ཉིད་ཀྱི་ཕྱི་མའི་ཕྱོགས་གཅིག་ནས་འདོད་ཉོན་དགུ་པ་མ་སྤང་པའི་བར་ཕྱིར་འོང་ཞུགས་འབྲས། དེ་གཉིས་ལས་ཕྱི་མ་ཁྱད་པར་ཅན་ནས་འདོད་ཁམས་ཀྱི་སྒོམ་སྤངས་དགུ་པ་སྤངས་པའི་བར་གྱི་ཕྱིར་མི་འོང་ཞུགས་འབྲས། དེའི་ནང་ནས་ཕྱི་མ་ཁྱད་པར་བ་དང་སྲིད་རྩེའི་ཉོན་མོངས་དགུ་པ་སྤང་པའི་བར་དགྲ་བཅོམ་ཞུགས་འབྲས་ཏེ། ད་དུང་ཐོད་རྒལ་དང་ཅིག་ཆར་བའི་རྣམ་བཞག་སོགས་སྤྲོས་པས་ཆོག་གོ། །དེ་འདྲའི་རང་གི་འབྲས་བུ་གཙོ་བོར་འཕགས་པའི་ལམ་གྱིས་བསྡུས་པ་རྣམས་འགྲུབ་པ་ཡིན་ནོ། །གཉིས་པ་ནི། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་འདུན་པའི་སྒོ་ནས་དེའི་ཐེག་པ་ལ་ཞུགས་པའི་གང་ཟག་དམ་པ་རྣམས་ཀྱི་ལྟ་བ་ནི། ཆོས་ཐམས་ཅད་ལ་མུ་སྟེགས་པ་ལ་སོགས་པས་མེད་ལ་ཡོད་པར་སྒྲོ་འདོགས་དང་ཡོད་ལ་མེད་པར་སྐུར་པའི་བློས་ཀུན་ཏུ་བརྟགས་པའི་བདག་རྟག་པ་ལ་སོགས་པ་མེད་པར་ལྟ་བ་ཉན་ཐོས་དང་མཐུན་ཞིང་། དེ་ལས་ཁྱད་པར་དུ་བྱེད་པའི་ཆོས་ནི་དབྱིག་གཉེན་ཞབས་ཀྱིས། དྲུག་གི་ཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའམ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་པ་བཞིན་ཕྱི་རོལ་གྱི་དོན་འགོགས་པའི་གཏན་ཚིགས་ལ་བརྟེན་ནས་གཟུགས་ཀྱི་ཕུང་པོ་དང་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་དང་ཁམས་བཅུ་དང་ཆོས་ཁམས་ཀྱི་ཕྱོགས་གཅིག་སྟེ་རྣམ་རིག་མིན་པའི་གཟུགས་རྣམས་ལ་བདག་མེད་པར་རྟོགས་ཤིང་། ཞེས་པ་ཙམ་ལས་རོང་ཟོམ་འགྲེལ་པར་མི་གསལ་ལ། དོན་དུ་དེ་དག་གིས་མཚོན་པའི་ཤེས་བྱ་རྣམ་པར་ཤེས་པ་ལས་དོན་གཞན་དུ་གྱུར་པ་འགའ་ཡང་མེད་པར་རྟོགས་པའི་དོན་ནོ། །དེའང་ཆོས་ཐམས་ཅད་ལ་ཞེས་སོགས་ཀྱིས་གང་ཟག་གི་བདག་མེད་དང་། དེ་ལས་ཁྱད་པར་དུ་སོགས་ཀྱིས་རྣལ་འབྱོར་སྤྱོད་གཞུང་ནས་བཤད་པའི་ཆོས་ཀྱི་བདག་མེད་བསྟན་པའོ། ། དེ་འདྲའི་བདག་མེད་གཉིས་རྟོགས་ཀྱི་ཤེས་རབ་ནི་ཉན་ཐོས་ལས་སྤགས་པའིརང་རྒྱལ་གྱི་ཆེ་བའོ། །ཞེས་བསྟན་པར་འགྱུར་རོ། །ཐེག་པ་འདི་པ་རྣམས་ལ་མིང་དེ་ལྟར་བརྗོད་པ་རྒྱུ་མཚན་ཅི་ལ་བརྟེན་ཞེ་ན། དེ་དག་རྟེན་གང་ལ་རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པའི་སྲིད་པ་ཐ་མའི་དུས་ནའང་འང་གི་དོན་ལ་སྤྲོ་རྒྱུ་མང་། ཉན་ཐོས་ལྟར་དགེ་པའི་བཤེས་གཉེན་ལ་མི་ལྟོས་པར་སྔོན་གོམས་པའི་ཤུགས་ཏེ་བསྐལ་པ་བརྒྱར་འདུ་བྱས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་མཐུས། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་དཔལ་ནཱ་གརྫུ་ནས་གསུངས་པ་ལྟར་རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་རྒྱུ་དང་འབྲས་བུ་རྣམ་པར་འགྱུར་བས་རྟག་པར་མ་ཡིན་པ་དང་རྒྱུ་ཉིད་ཀྱི་རིགས་འདྲ་འབྲས་བུར་སྨིན་པས་ཆད་པར་མ་ཡིན་པ་ཉིད་དུ་ཤེས་ནས་སྔོན་དང་ཕྱི་མའི་མཐའ་ལ་རྨོངས་པ་བཟློག་སྟེ། དེའི་ཚུལ་གྱི་སྒོ་ནས་ཆོས་ཉིད་ཟབ་མོའི་དོན་རྟོགས་ནས་རང་བྱང་ཆུབ་ཀྱི་འབྲས་བུ་ལེན་པ་མེད་པར་ཟག་པ་ཟད་ཅིང་ཤེས་སྒྲིབ་ཀྱི་ཕྱོགས་གཅིག་ལས་རྣམ་པར་གྲོལ་བར་འཐོབ་པ་ཡིན་ནོ། །ཡང་རོང་འགྲེལ་དུ་རང་རྒྱལ་གྱི་གྲུབ་མཐའ་མདོ་སྡེ་པ་དང་སྦྱར་བ་འདྲ་བ་ཞིག་ཀྱང་གསུངས་འདུག་ལ། ད་དུང་ཐལ་འགྱུར་བ་རང་ལུགས་ལ་ཉན་རང་རྣམས་ཀྱིས་བདག་མེད་གཉིས་ཡོངས་སུ་རྫོགས་པར་རྟོགས་མ་རྟོགས་ཀྱི་དཔྱད་པ་བྱེད་ན་ས་དགེའི་མཁས་པ་རྣམས་ཀྱི་ཞེ་འདོད་དང་། ཁོ་བོའི་བླ་མ་བདག་ཉིད་ཆེན་པོ་དག་གི་བཞེད་ཚུལ་ཇི་ལྟར་ཡིན་པ་རྣམས་ཞིབ་ཏུ་བརྟགས་པས་རྟོགས་པར་ནུས་ཤིང་། གཞན་ཡང་སྤྲོ་བྱ་མང་ངོ་། །གསུམ་པ་ནི། ཆོས་ཀྱི་རྒྱལ་པོ་རིག་འཛིན་འཇིགས་མེད་གླིང་པའི་ཞལ་སྔ་ནས་བྱང་ཆུབ་སེམས་དཔའ་སྔགས་ཀྱི་ཐེག་པ་ལ། ཞེས་སོགས་གསུངས་པ་ལྟར་ཕར་ཕྱིན་དང་སྔགས་ཀྱི་ཐེག་པ་གཉིས་ཀ་བྱང་ཆུབ་སེམས་དཔའི་ཐེག་པ་ཡིན་མོད་ཀྱི། འདིར་ནི་སྔགས་ཀྱི་ཐེག་པའི་ཟླས་དྲངས་པ་ཕར་ཕྱིན་གྱི་ཐེག་པ་སྟེ། དེ་ལ་སྙིང་རྗེ་ཆེན་པོས་དྲངས་པའི་བྱང་ཆུབ་ཀྱི་སེམས་བཅོས་མིན་རྒྱུད་ལ་སྐྱེས་པའི་སྒོ་ནས་ཞུགས་པ་རྣམས་ཀྱི་ཟབ་མོས་ལྟ་བ་ཅི་འདྲ་ཞིག་རྙེད་པ་ནི། འཁོར་བ་ཀུན་ནས་ཉོན་མོངས་པ་དང་མྱང་འདས་རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་ཐམས་ཅད་དོན་དམ་པར་ཡོད་མེད་དམ་བཏགས་དོན་འཚོལ་བའི་འཐད་པས་བརྟགས་ན་ནི་རྡུལ་ཆ་ཙམ་ཡང་རྙེད་པ་མེད་དེ། གཅིག་དུ་བྲལ་ཡང་རྟེན་འབྲེལ་ཆེན་མོ་ལ་སོགས་པའི་རིག་པའི་འགྲོས་ཀྱིས་དེ་ལྟར་ངེས་པའི་ཕྱིར་རོ། །དེའང་མིང་གིས་བཏགས་པ་ཙམ་གྱི་ཤེས་བྱ་རྟོག་པའི་རང་མདངས་སུ་ཤར་བ་ཞིག་མིན་པར་ཡུལ་དེའི་རང་སྟེང་ནས་ཚུགས་ཐུབ་ཏུ་གྲུབ་པ་རྡུལ་ཙམ་ཡང་མེད་པས་བདེན་པ་གཉིས་གང་གི་དབང་དུ་བྱས་ཀྱང་རང་བཞིན་གྱིས་གྲུབ་པའི་ཆོས་ནི་རྣམ་པ་ཐམས་ཅད་དུ་མེད་དོ་ཞེས་འཆད་དགོས་ཀྱི་དོན་དམ་པར་རང་བཞིན་མེད་ལ། རང་བཞིན་གྱིས་གྲུབ་པ་ནི་ཐ་སྙད་ཀྱི་འཇོག་ཚུལ་ཙམ་ཞིག་ཡིན་ནོ་ཞེས་ཕྱིན་ཅི་ལོག་སྨྲ་བར་མི་བྱ་བ་ལ་དགོངས་ནས་ཀུན་མཁྱེན་བླ་མས་ཀྱང་། གྲུབ་མཐའ་མཛོད་ཀྱི་ཐལ་འགྱུར་བའི་རྣམ་བཞག་མཛད་སྐབས། བདེན་པ་གཉིས་ཀྱི་དབྱེ་གཞི་རང་བཞིན་མེད་པ་ལ་གསུངས་པ་དང་། བདག་ཉིད་ཆེན་པོ་ཤཱནྟ་པུ་རི་བས་ཀྱང་། སྣང་ཙམ་དེ་ལས་ཡུལ་གྱི་སྟེང་ཉིད་དུ། །གྲུབ་པའི་ངོ་བོ་རྡུལ་ཙམ་མ་མཆིས་ཀྱང་། །ཞེས་པ་ལ་སོགས་པ་མང་དུ་གསུངས་སོ། །དེས་ན་ལུགས་འདིར་རང་བཞིན་གྱིས་གྲུབ་པ་ཐ་སྙད་དུ་ཡང་མེད་པ་དང་། དོན་དམ་པར་གྲུབ་པ་ཐ་སྙད་དུའང་མེད་པ་དོན་གཅིག་ཡིན་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་དང་རྨི་ལམ་བཞིན་བློས་བཞག་པ་ཙམ་དུ་བྱ་བྱེད་རྒྱུ་འབྲས་ཐམས་ཅད་སོ་སོའི་མཚན་ཉིད་མ་འདྲེས་པར་ཡོད་དེ། དེ་མེད་ན་དོན་དམ་བདེན་པ་དང་ཐ་སྙད་བདེན་པ་གཉིས་གཅིག་གྲོགས་སུ་གཅིག་འགྲོ་བ་ཞིག་མི་འོང་ངོ་། །སྒྱུ་མ་དང་རྨི་ལམ་སོགས་ཀྱི་དཔེ་ནི་དེར་སྣང་དང་དེས་སྟོང་གི་སྒོ་ནས་འཇོག་པར་སྣ་ནམ་ཡེ་ཤེས་སྡེས་ལྷག་མཐོང་ཆེན་མོ་ལ་སོགས་པར་བཤད་པ་འདིར་ཡང་འདྲའོ། །སྐབས་འདི་ལ་ནི་བཤད་བྱ་མཐའ་ཡས་ཀྱང་རེ་ཞིག་མི་སྤྲོའོ། །དེ་ལྟ་བུའི་བདག་མེད་ཀྱི་ལྟ་བ་དེ་སྦྱིན་སོགས་ཐབ་ཀྱི་ཆ་དུ་མས་ཁྱད་པར་དུ་བྱས་ཏེ། མདོར་ན་ཚོགས་གཉིས་ཀྱིས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་བཅུའི་ཉམས་ལེན་ལ་སྤྱད་པའི་འབྲས་བུའམ་ལག་རྗེས་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་རིམ་གྱིས་བགྲོད་པའི་མཐར་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པར་འདོད་པ་སྟེ་གསུངས་པ་ཡིན་ནོ། །དེ་ལྟར་ཡང་འཇུག་པ་ལས། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡིས། །མདུན་དུ་བདར་ནས་དགེ་བའི་རླུང་གི་སྟོབས་ཤུགས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་སོ། །ཕར་ཕྱིན་བཅུའི་འབྲས་བུ་ས་བཅུར་གསུངས་པ་ནི་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་བསྡུ་དགོས་པར་སྣང་བས་ཕར་ཕྱིན་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་ཡོན་ཏན་སྐྱེད་པ་ལ་བྱའོ། །གཉིས་པ་ལ། བསྟན་བཤད་གཉིས་ལས། དང་པོ་ནི། སྤྱིར་གསང་སྔགས་ཐབས་ཀྱིས་ཆེ་བའི་ཐེག་པ་ཞེས་བརྗོད་པའི་རྒྱུ་མཚན་ནི། རྡོ་རྗེ་ཐེག་པ་ཞེས་པའི་མཚན་དོན་ལས་ཤེས་ནུས་ཏེ། རོང་ཟོམ་འགྲེལ་པར་གསང་སྔགས་ཀྱི་གཞུང་རྣམས་ལས་ཕུང་པོ་རྣམས་ལ་རྡོ་རྗེ་ཕུང་པོ་དང་། སྐྱེ་མཆེད་རྣམས་ལ་རྡོ་རྗེ་སྐྱེ་མཆེད་ཅེས་བྱ་སྟེ། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་ལྷའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་གསུངས་ཤིང་། ཐབས་ཀྱིས་ཆེ་ཞེས་པའི་ཐབས་ཀྱང་དེ་ཡིན་པའི་ཕྱིར་ཏེ། རྡོ་རྗེ་གུར་ལས། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །མངའ་བདག་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ཕྱིར་ཐབས་དེས་བསྒྲུབ་བྱ་སྟེ། །ཐབས་ནི་སྟོན་པའི་གཟུགས་ཅན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྔགས་སུ་གསུངས་པའི་ཟབ་མོ་འོད་གསལ་གྱི་ཡེ་ཤེས་དང་། རྒྱས་པ་ཟུར་འཇུག་གི་སྐུ་སྒྲུབ་ཚུལ་རིམ་པ་གཉིས་ཀའི་སྒོ་ནས་ཕར་ཕྱིན་ལས་འཕགས་ཆོས་ཡོད་མོད་ཀྱི། དེ་ནི་སྔགས་བླ་མེད་ཁོ་ནའི་ཡིན་གྱི་རྡོ་རྗེ་ཐེག་པ་གང་རུང་རུང་གི་མིན་ནོ། །རྡོ་རྗེ་ཐེག་པ་ལ་སྒྲ་བཤད་ལུགས་མི་འདྲ་བ་ཁུངས་ཐུབ་ཀྱི་གཞུང་ནས་བྱུང་བ་གཞན་ཡང་ཡོད་ལ། གང་ལྟར་ཡང་དེ་འདྲའི་སྔགས་ཀྱི་ཐེག་པ་ལ་དབྱེ་བ་བྱས་ན་རྣམ་པ་གསུམ་མོ། །འང་སྒྲ་དང་མདོ་སྔགས་གཉིས་ཀྱི་སྔ་མ་ལ་གསུམ་ཡོད་པར་མ་ཟད། ཕྱི་མ་ལའང་གསུམ་དུ་ཕྱེ་སྟེ། ཞེས་བསྟན་ནོ། །གསུམ་པོ་དེ་གང་ཞེ་ན། བྱ་བའི་རྒྱུད་ཀྱི་ཐེག་པ་དང་། །གཉིས་ཀའི་རྒྱུད་ཀྱི་ཐེག་པ་དང་། །རྣལ་འབྱོར་རྒྱུད་ཀྱི་ཐེག་པའོ། །རྣལ་འབྱོར་རྒྱུད་ཀྱི་ཁོངས་སུ་སྔགས་བླ་མེད་ཀྱི་རྒྱུད་རྣམས་ཀྱང་བསྡུས་པ་ཡིན་ཏེ། འོག་ཏུ་འཆད་དོ། །འདིའི་སྐབས་ཀྱི་ཐེག་པ་ཞེས་གསུངས་པ་རྣམས་ནི་རྒྱུད་སྡེ་དེ་དང་དེ་ནས་བཤད་པའི་ལམ་རྣམས་ལ་བྱ་ཡི་གོང་སྨོས་ཀྱི་ཐེག་པའི་དབྱེ་ལུགས་གཉིས་པོ་གང་རུང་ནི་མི་བྱ་སྟེ། དེ་ལྟར་བྱས་ན་མཐའ་ཐོན་པ་མི་འོང་ངོ་། །གཉིས་པ་ལ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་ཀྱི་རྣམ་པར་བཞག་པ་གསུམ་ལས། དང་པོ་ནི། དེ་ལ་བྱ་བའི་རྒྱུད་ལ་ཞུགས་ཤིང་ཆུ་ཅོད་པན་གྱི་དབང་ཐོབ་པ་ནི་དེའི་ཐེག་པ་ལའང་ཞུགས་པ་ཞེས་བྱ་ལ། དེ་རྣམས་ཀྱི་ལྟ་བ་སྟེ་ཤེས་རབ་ཁྱད་པར་ཅན་གྱིས་གང་ཞིག་རྟོགས་ནས་བསྒོམ་པར་བྱ་བ་ནི། ཞེས་པའམ་ཡང་ན་དེ་དག་གིས་ཇི་ལྟར་བལྟ་བ་ནི། ཞེས་རང་ཉིད་ལྷར་བསྒོམ་པ་ལ་རང་ལྷར་བལྟ་ཞེས་པ་བཞིན་ནོ། །སྐབས་འདིར་སྣང་བ་ལྷར་སྒྲུབ་ཀྱི་དཔྱད་པ་འདོད་ན་རོང་ཟོམ་ཞབས་ཀྱིས་སྣང་བ་ལྷར་བསྒྲུབ་པའི་བསྟན་བཅོས་དང་། ཀུན་མཁྱེན་བླ་མའི་རྒྱུད་འགྲེལ་ཕྱོགས་བཅུ་མུན་སེལ་ལ་སོགས་པ་བལྟ་བར་བྱ་ལ། ལྷར་སྒྲུབ་ལུགས་ལ་རོང་ཀློང་གཉིས་བཞེད་པ་མི་འདྲ་བ་ཅུང་ཟད་སྣང་སྟེ་གཞན་ལས་ཤེས་སོ། །བྱ་བའི་རྒྱུད་ཀྱི་དོན་རྣམས་ནི་རྒྱ་ཆེར་སློབ་དཔོན་སངས་རྒྱས་གསང་བས་བཤད་པ་ལྟར་ལྷ་དྲུག །ཡན་ལག་བཞི། བསམ་གཏན་གསུམ་སོགས་མང་དུ་ཡོད་ཀྱང་། འདིར་བསྟན་ཚོད་ཀྱི་དོན་ནི། དོན་དམ་པར་ཆོས་ཐམས་ཅད་སྐྱེ་འགག་མེད་པ་མཐའ་བྲལ་དབུ་མའི་གཤིས་སུ་མཉམ་པར་བཞག་སྟེ། དེའི་ངང་ལས་ཀུན་རྫོབ་ཏུ་ལྷའི་གཟུགས་མཚན་དང་དཔེ་བྱད་ཀྱི་རང་བཞིན་ཡོངས་སུ་དག་པའི་སྐུར་བསྒོམ་ཞིང་། སྐུའི་གཟུགས་བརྙན་གསལ་བ་དང་། ཐུགས་ཀྱི་མཚན་མ་ཕྱག་མཚན་འཛིན་པ་དང་། གསུང་བཟླས་བརྗོད་ཀྱི་རྣལ་འབྱོར་བྱ་བ་དང་། གྲོགས་སུ་ཁྲུས་དང་གཙང་སྦྲ་ལ་གནས་པ་དང་། བཟླས་བརྗོད་ཀྱི་དུས་དང་དུས་མ་ཡིན་པའི་ས་ཚིག་དང་། གཟའ་དང་རྒྱུ་སྐར་ཤིས་པ་ལ་སོགས་པ་གཙོ་བོར་ཕྱིའི་བྱ་བ་མོད་ལ་བརྟེན་ཅིང་ཡོ་བྱད་དང་ཏིང་ངེ་འཛིན་གྱི་རྒྱུ་རྐྱེན་ཚོགས་པའི་མཐུ་ལས་ཐུན་མོང་དང་མཆོག་གི་གྲུབ་པ་རྣམས་འགྲུབ་པའོ། །སྐུའི་གཟུགས་བརྙན་ཞེས་པ་འདི་ཆེ་ལོང་ཙམ་དུ་ན་སྐུ་ལྟར་སྣང་བ་ཞེས་པའི་དོན་ཡིན་པས་ལྷའི་རྣལ་འབྱོར་དང་པོར་བསྒོམ་པའི་དུས་སུ་རིགས་གསུམ་ལ་སོགས་པའི་སྐུའི་གསལ་སྣང་དེ་དོན་སྤྱིའི་གསལ་སྣང་ཙམ་ཞིག་ཡིན་པ་ལ་དགོངས་པ་འདྲ་སྟེ། ཀཱ་མ་ལ་ཤཱི་ལས་སྒོམ་རིམ་ཐ་མར་རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་སོགས་པས་གསུངས་པ་བཞིན་ནོ། །གཉིས་པ་ནི། གཉིས་ཀའི་རྒྱུད་ཅེས་པ་ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ཀ་ཆ་མཉམ་པར་སྤྱོད་པའི་དོན་ཏེ། དེ་འདྲའི་མིང་འཇུག་པའི་སྤྱོད་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། དོན་དམ་པར་སྐྱེ་འགག་གཉིས་སུ་མེད་པ་ལས་ཀུན་རྫོབ་ཏུ་ཟླ་བ་ལ་གནས་པའི་ཨཱཾ་ལས་རྣམ་པར་སྣང་མཛད་ཀྱི་ལྷའི་གཟུགས་ཀྱི་སྐུ་བསྒོམ་པར་རྒྱུད་ནས་གསུངས་པ་ལྟར་བྱ་ཞིང་། བདག་གི་དེ་ཉིད་དང་། ལྷའི་དེ་ཉིད་དང་། བཟླས་བརྗོད་ཀྱི་དེ་ཉིད་དང་། བསམ་གཏན་གྱི་དེ་ཉིད་དེ་རྣམ་པ་བཞིའམ། ཡང་ན་བཟླས་བརྗོད་ཡན་ཆད་ཀྱི་ཏིང་ངེ་འཛིན་རྣམས་གོང་གི་ཚིག་དེས་བསྟན་ལ། འདིར། སྒྲ་དང་། སེམས་དང་། གཞི་ལ་གཞོལ་བ་གཉིས་ཏེ་བཞི་དང་ལྡན་པར་སྒོམ་པའི་ཏིང་ངེ་འཛིན་ནོ། །གཞན་ཡང་ཡོ་བྱད་དང་སྤྱོད་ལམ་ལའང་མི་ལྟོས་པ་མིན་པས་ཕྱིའི་རྒྱུ་ཚོགས་དང་ནང་གི་རྒྱུ་རྐྱེན་རྣལ་འབྱོར་དང་ལ་སོགས་པའི་ཁོངས་ནས་འདོན་རྒྱུ་ནི་གཙང་སྦྲ་སོགས་ཀྱི་སྤྱོད་ལམ་དུ་བྱས་ན་བདེ་ཞིང་གཉིས་ཀ་ཞེས་པ་ཕྱི་དང་ནང་ལ་སྙེགས་པར་བྱ་སྟེ། དེ་དག་ལ་བརྟེན་པ་ལས་འབྲས་བུ་འགྲུབ་པ་སྟེ། ཟད་པར་སྔོན་པོ་གྲུབ་པ་ན་ཉེར་སྤྱད་དཀར་པོའི་ཁ་དོག་ཅན་ཡང་རྣལ་འབྱོར་གྱི་མཐུས་དངོས་སུ་སྔོན་པོར་བསྒྱུར་ནུས་པ་ལྟར། ལྷའི་རྣལ་འབྱོར་དེ་ཉིད་ཀྱི་གསལ་སྣང་ནུས་ལྡན་དུ་སོང་བ་ལས་དག་པའི་སྐུ་དངོས་གནས་སུ་འགྲུབ་པའོ། །དེའང་ཕྱོགས་ལྷ་སྐུའི་རྣལ་འབྱོར་ལ། བྱ་རྒྱུད་ཀྱི་ཚེ་རང་ལྷར་སྒོམ་པ་ཡོད་མེད་དང་། སྟོང་ཕྱོགས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ། ཕྱི་རྒྱུད་དུ་རྫོོགས་རིམ་ཡོད་མེད་ཀྱི་ཟེར་ལུགས་མང་པོ་སྣང་ཡང་། བྱ་བའི་རྒྱུད་མཚན་ཉིད་པ་ལ་ནི་ངེས་པར་རང་ལྷར་སྒོམ་པ་དགོས་ཏེ། སློབ་དཔོན་སངས་རྒྱས་གསང་བས་རྡོ་རྗེ་གཙུག་ཏོར་དེའི་ཁུངས་སུ་དྲངས་པའི་ཕྱིར་རོ། །བྱ་རྒྱུད་ཙམ་པོ་བ་ལ་རང་ལྷར་མི་སྒོམ་པའི་གསལ་ཁ་བུདྡྷ་གུ་ཧྱས་མ་མཛད་ཀྱང་། ཀུན་མཁྱེན་བླ་མ་ཡབ་སྲས་བཞེད་དོ། །འོན་ཀྱང་ཀུན་མཁྱེན་གྱིས་བྱ་རྒྱུད་ལ་ཙམ་ཁྱད་ཀྱི་དབྱེ་བ་མཛད་པ་ནི་དེ་ལྟར་དངོས་བཏགས་ཀྱི་དོན་དུ་གཟུང་གི། བསམ་གཏན་དང་པོ་ལ་ཙམ་ཁྱད་ཕྱེ་བ་བཞིན་དུ་མི་བཟུང་ངོ་། །དེའི་བཞེད་པས་མཁན་པོ་ཞི་བ་འཚོའི་སྨན་བླའི་མདོ་ཆོག་ཀྱང་བྱ་རྒྱུད་དུ་ཡོད་བསྡུས་ཀྱི་ཚུལ་དུ་གཏོགས་པར་བྱ་ཞིང་། དེ་ཉམས་སུ་ལེན་པ་ལ་ཆུ་ཅོད་པན་གྱི་དབང་བསྐུར་སོགས་སྔོན་དུ་འགྲོ་མི་དགོས་པས་བྱ་རྒྱུད་དངོས་ཀྱང་མིན་པར་བྱེད་དགོས་ཏེ། གཞན་དུའང་། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །ཞེས་སོགས་གསུངས་པ་རྣམས་ཀྱང་མདོ་སྔགས་ལ་འཇུག་མཚམས་ཡིན་ཞེས་མང་ཞིག་སྨྲ་བར་སྣང་བ་དང་འདྲའོ། །རྫོགས་རིམ་ནི་སྲོག་དྷུ་ཏིར་བཅིང་བའི་རྣལ་འབྱོར་གྱི་སྟེང་ནས་འཇོག་པས་དེ་ཕྱི་རྒྱུད་དུ་འོང་དོན་མེད་ལ། འདིར་དེའི་དོད་དུ་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་གཉིས་འཇོག་པ་རྒྱ་གར་གྱི་ཆེན་པོ་དག་གི་ལུགས་སོ། །གསུམ་པ་ལ་བསྟན་བཤད་གཉིས་ཀྱི། དང་པོ་ནི། རྣལ་འབྱོར་རྒྱུད་ཀྱི་རྗེས་སུ་འབྲངས་ཤིང་དེའི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི་རྣམ་པ་གཉིས་ཏེ། རྣལ་འབྱོར་ཕྱི་པ་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་ཞེས་པ་རོང་འགྲེལ་དུ་དཀའ་ཐུབ་གྲུབ་པ་དྲང་སྲོང་མེས་དང་མཚུངས་པར་གཙང་སྦྲ་ལ་སོགས་པ་བྱེད་པའི་དོན་དུ་སྦྱར་ཞིང་། གཙང་སྟོན་འགྲེལ་པར། ནང་གི་རྣལ་འབྱོར་གཙོ་བོར་བྱེད་པའི་སྒོ་ནས་མ་དག་པའི་སྣང་ཞེན་ཐུབ་པར་བྱེད་པའི་ཕྱིར་ཞེས་ཟེར་རོ། །དེའི་ཟླས་དྲངས་པའི་རྣལ་འབྱོར་ནང་པ་ཐབས་ཀྱི་རྒྱུད་དེ་རིམ་པ་གཉིས་ཀྱིས་ཆེ་པའི་ཐེག་པའོ། །དེ་གཉིས་ལ་ཕྱི་དང་ནང་ཞེས་པའི་ཁྱད་འབྱེད་བྱེད་ནི་གཙང་སྟོན་གྱི་གསུང་ན་མང་པོ་ཞིག་འདུས་ཀྱང་མི་འཐད་པའི་ཆ་འགའ་རེ་སྣང་ལ། གཉིས་སྦྱོར་གྱི་ཆགས་པ་ལམ་དུ་བྱེད་མི་བྱེད་ལས་བཞག་པ་སོགས་འཐད་ལྡན་ཡང་སྣང་ངོ་། །རོང་འགྲེལ་དུ། ལྟ་སྤྱོད་གཉིས་ཀྱི་སྒོ་ནས་བཞག་ཀྱང་ཧ་ཅང་ཞལ་གསལ་པོ་མི་འདུག་ལ། དོན་དུ་རིམ་པ་གཉིས་ཀྱི་ལམ་ནས་ཆོས་གཟུགས་ཀྱི་སྐུའི་སྒྲུབ་ཚུལ་ཐར་ཐུག་ཡོད་མེད་ཀྱི་ཁྱད་པར་སྟེ། བླ་མེད་རྒྱུད་ནས་བཤད་པའི་ལམ་ཐུན་མོང་ཅིག་ལ་མ་བསྟེན་པར་ལམ་གཞན་ཅི་འདྲ་ཞིག་གིས་ཀྱང་བླ་ན་མེད་པའི་ཡེ་ཤེས་མི་འགྲུབ་པར་གསུངས་ཤིང་། དེའི་གནད་ཀྱང་གཞི་ལ་ཡོད་པའི་འོད་གསལ་རྣམ་མཁྱེན་དུ་སོང་བ་དང་། དེའི་ངོ་བོ་ཉིད་ཀྱི་གཟུགས་སྐུ་ཁ་སྦྱོར་ཡན་ལག་བདུན་ལྡན་ལམ་དུ་བྱེད་པ་ནི་བླ་མེད་རྒྱུད་ཁོ་ནའི་དགོངས་པ་དང་། དེ་འདྲའི་སྐུ་གཉིས་ལས་གཞན་པའི་ཐོབ་བྱ་མཐར་ཐུག་ཀྱང་མེད་པའི་ཕྱིར་རོ། །ལྷའི་རྣལ་འབྱོར་དང་དག་རྫོགས་སྨིན་གསུམ་ཚང་བའི་ལྷའི་རྣལ་འབྱོར་ལ་ཁྱབ་ཆེ་ཆུང་བྱུང་བའང་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ཡིན་ནོ། །གཉིས་པ་ལ། རྣལ་འབྱོར་ཕྱི་རྒྱུད་དང་། བླ་མེད་རྒྱུད་ཀྱི་རྣམ་བཞག་གཉིས། །དང་པོ་ནི། དེ་ལ་རྣལ་འབྱོར་ཕྱི་པ་ཐུབ་པའི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཕྱིའི་བྱ་བ་མང་པོ་དང་ཡོ་བྱད་ལ་གཙོ་བོར་མི་འཛིན་ཅིང་ནང་གི་རྣལ་འབྱོར་ཁྱད་པར་ཅན་རྣམ་བྱང་ཆེན་མོའི་ཚུལ་གྱིས་རྒྱལ་སྲས་སྲིད་པ་ཐ་མ་པ་མངོན་པར་རྫོགས་པར་འཚང་རྒྱ་བའི་རྣམ་པ་དང་མཐུན་པར་མངོན་བྱང་ལྔ་བསྐྱེད་ལ་སོགས་པ་དེ་ཉིད་བསྡུས་པ་དང་རྡོ་རྗེ་རྩེ་མོ་སོགས་ནས་གསུངས་པ་བཞིན་བྱེད་དོ། །དེའང་འདི་ལྟར་དོན་དམ་པར་སྐྱེ་འགགས་མེད་པའི་རང་བཞིན་ཅན་གྱི་ལྷ་དང་ལྷ་མོ་ཕན་ཚུན་འཁྱུད་པའི་བདེ་བས་དགྱིངས་པའི་རྣམ་ཅན་དུ་བསྒོམ་ཞིང་། དེ་ལྟར་ལུས་འཇའ་ཚོན་ལྟ་བུའི་ལྷའི་སྐུ་བསྒོམ་པར་མ་ཟད་དེ་དང་འདྲ་བའི་བདེན་མེད་ཀྱི་ལྟ་བ་ཕུལ་དུ་བྱུང་བས་རྒྱུད་ཡོངས་སུ་དག་པར་སྒྲུབ་པའི་ཏིང་ངེ་འཛིན་གྱིས་རབ་ཏུ་བཟུང་བའི་འཕགས་པའི་གཟུགས་ཀྱི་སྐུ་ཕྱག་རྒྱ་བཞི་དང་ལྡན་པར་བསྒོམ་པའི་རྣལ་འབྱོར་གཙོ་བོར་བྱས་པ་ལས་འགྲུབ་པའོ། །གཉིས་པ་ལ། བསྟན་བཤད་གཉིས་ལས། དང་པོ་ནི། རྣལ་འབྱོར་ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི་དབྱེ་ན་རྣམ་པ་གསུམ་སྟེ། བསྐྱེད་པའི་ཚུལ་དང་། རྫོགས་པའི་ཚུལ་དང་། རྫོགས་པ་ཆེན་པོའི་ཚུལ་ལོ། །ཞེས་གསུངས་ཏེ། འདི་ནི་མཉམ་སྦྱོར་དུ་གསུངས་པའི་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་གསུམ་དཀྱིལ་འཁོར་འཁོར་ལོའི་རྣལ་འབྱོར་ཆ་ཚང་ཞིག་ལ་རྫོགས་པར་བྱེད་པ་ལྟར་མཆོག་གི་དངོས་གྲུབ་སྒྲུབ་པའི་བསྐྱེད་རིམ་དང་། ཟབ་ཅིང་རྒྱ་ཆེ་བའི་རྫོགས་རིམ་གཉིས་པོ་གང་ལའང་ཚང་བ་རེ་དགོས་པར་མངོན་ནོ། །གཉིས་པ་ལ། ཚུལ་གསུམ་སྤྱིར་བཤད་པ་དང་། དེ་ལ་འཇུག་པའི་སྒོ་བྱེ་བྲག་ཏུ་བཤད་པ་སྟེ་གཉིས་ལས། དང་པོ་ལ། བསྐྱེད་པ་དང་། རྫོགས་པ་དང་། རྫོགས་པ་ཆེན་པོའི་ཚུལ་གསུམ་ལས། དང་པོ་ནི། དེ་ལ་བསྐྱེད་པའི་ཚུལ་ནི། ཞེས་གསུངས་ཏེ། སྤྱིར་བསྐྱེད་རྫོགས་ཀྱི་འཇོག་ལུགས་མཆོག་ཏུ་གྱུར་པ་ནི་རླུང་དབང་བསྒྱུར་ཞུགས་གནས་ཐིམ་གསུམ་བྱས་སྟོབས་ཀྱིས་དྲངས་པའི་བརྟན་པའི་ཡེ་ཤེས་ཞིག་དང་། དེ་ལས་ལྡོག་པ་བཅོམ་པའི་ཡེ་ཤེས་སྔགས་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་རྣལ་འབྱོར་དུ་གྱུར་པ་ཞིག་སྟེ། དེ་གཉིས་ཀྱི་སྒོ་ནས་བྱེད་པ་ལོ་ཆེན་དྷརྨ་ཤྲཱི་སོགས་རང་ལུགས་ཀྱི་མཁས་པ་དག་ཀྱང་བཞེད་ལ། ཀུན་མཁྱེན་རྒྱལ་བའི་དབང་པོ་ཡབ་སྲས་ཀྱི་གཞུང་ན་སྣང་ཕྱོགས་དང་སྟོང་ཕྱོགས་ཀྱི་ལྷའི་རྣལ་འབྱོར་གསང་སྔགས་བླ་མེད་ཀྱི་དབང་དུ་བྱས་པ་གཉིས་ལ་བསྐྱེད་རྫོགས་ཀྱི་མིང་འདོགས་མཛད་པ་ཞིག་ཀྱང་སྣང་ངོ་། །འདིར་གསུངས་པའི་བསྐྱེད་རྫོགས་ནི་འཇོག་ཚུལ་དེ་གཉིས་གང་རུང་ནས་བཞག་པ་མིན་གྱི། ལྷ་གཅིག་གི་བསྐྱེད་རིམ་ལའང་། ཏིང་འཛིན་རྣམ་གསུམ་ཡན་ཆད་བསྐྱེད་པའི་ཚུལ་དང་། དེ་ལས་བསྐྱེད་པའི་ལྷ་སྐུ་བཞིན་ལག་གི་རྣམ་ཅན་སྐུའི་ཆ་ཤས་ཡོངས་སུ་རྫོགས་པར་སྒོམ་པ་རྫོགས་པའི་ཚུལ་དང་། སྒྱུ་འཕྲུལ་གྱི་ལེའུ་བརྒྱད་པ་ནས་འབྱུང་བ་ལྟར་ལུས་དཀྱིལ་སྒོམ་ཞིང་། དེ་ཐམས་ཅད་རང་གི་རྡོ་རྗེ་ཕུང་པོའི་ཡན་ལག་ཏུ་ངེས་པར་བྱ་བ་རྗོགས་པ་ཆེན་པོའི་ཚུལ་ཡིན་ནོ་ཞེས་ཁོ་བོ་དེ་ལྟར་སེམས་སོ། །རྒྱ་གར་བའི་ཆེན་པོ་རྣམས་ཀྱི་གཞུང་ན་མི་འདྲ་ཡང་དོན་མི་མཐུན་པ་དེ་འདྲ་ཤིན་ཏུ་མང་སྟེ། སྤྲོས་པས་ཆོག་གོ། །དེ་བཞིན་དུ་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པའི་གཞུང་དུ་རྫུས་སྐྱེས་ཀྱི་མི་དང་སྐྱེད་ཚུལ་མཐུན་པའི་ལྷའི་རྣལ་འབྱོར་སྔགས་བླ་མེད་ཐུན་མོང་གི་དབང་དུ་མཛད་པ་ཞིག་གསུངས་པ་ལ་བླ་མེད་རང་ལམ་གྱི་ཚོགས་ལམ་པ་རྟོགས་པ་ན་འཕར་བའི་སྐབས་ཤིག་དང་། སྦྱོར་ལམ་ཡན་ཆད་ཀྱི་རྒྱུད་ཚོད་དུ་སོང་བའི་སྐབས་ཤིག་སྟེ་གནས་ཀྱི་སྐབས་སྒོ་ནས་གཉིས་སུ་ཡོད་པ་ནི་བཅོས་མ་དང་བརྟན་པའི་རྣལ་འབྱོར་གྱི་ཁྱད་པར་ལས་ཡིན་ནོ། །དེའི་ནང་ནས་ཕྱི་མ་ནི་རྫོགས་རིམ་ཐུན་མོང་མ་ཡིན་པའི་ཡེ་ཤེས་ཀྱི་སྐུ་སྒྲུབ་ཚུལ་ཡིན་ཞིང་། དེ་ནི་གསང་སྙིང་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་བརྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་སུ་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་པ་ལ་སོགས་པ་ཡེ་ཤེས་སྒྱུ་མའི་སྐུ་གང་ལས་སྒྲུབ་པའི་གཞི་དང་། ཇི་ལྟར་སྒྲུབ་པའི་ཐབས་ཤིན་ཏུ་གསལ་བར་བཤད་པ་རྣམས་དང་གཅིག་གོ། །དེ་འདྲའི་སྐུའི་སྒྲུབ་ཚུལ་རྫུས་སྐྱེས་ལྟར་བྱ་པ་འདི་ནི་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཤད་པའི་ཁུངས་དང་བསྟུན་ན་རྒྱ་ཆེར་བཤད་དུ་ཡོད་མོད་ཀྱི་རེ་ཞིག་མི་འཆད་ལ། དོན་དུ་དེ་ལྟ་བུའི་སྐུ་དེ་སྐད་ཅིང་དྲན་རྫོགས་ཡིན་ན་གཞུང་འདིིར་གསུངས་པ་འདི་རྣམས་དེ་དང་སྦྱར་དུ་མི་རུང་སྟེ། དེ་ལ་རྒྱུའི་ཏིང་ངེ་འཛིན་ཡིག་འབྲུ་ལས་བསྐྱེད་པ་དང་། སྐུ་དེ་ལ་ལུས་དཀྱིལ་འགོད་པ་མེད་པའི་ཕྱིར་རོ་ཞེ་ན། བདེན་མདོག་ཁ་བ་འདྲ་ཤས་ཆེ་ཡང་སྐྱོན་མེད་དེ། རྣམ་མཁྱེན་ཤིང་རྟར་སྙིང་གའི་རྩ་འཁོར་གྱི་དབུས་སུ་མི་ཤིགས་པའི་ཐིག་ལེ་ཧཱུཾ་གི་རྣམ་པར་གསལ་བ་དང་། དེ་ཉིད་ཡེ་ཤེས་ཀྱི་སྐུའི་སྒྲུབ་ཚུལ་དུ་གསུངས་པ་བཞིན། ངེས་དོན་གྱི་ཧཱུཾ་ཡིག་སྙིང་པོ་ཡེ་ཤེས་ཆེན་པོའི་བཞོན་པ་དང་མེ་རླུང་གི་ཐིག་ལེ་དེ་ཉིད་ལས་འཇའ་ལུས་རྡོ་རྗེ་སེམས་དཔའི་སྐུར་ལྡང་བ་ཡིན་པས་དེ་རྫོགས་རིམ་ཐུན་མོང་མ་ཡིན་པའི་རྒྱུའི་ཏིང་ངེ་འཛིན་དུ་འགྲོ་བའི་ཕྱིར་དང་། གཉུག་མའི་ཕུང་ཁམས་ཀྱི་རོལ་རྩལ་དུ་དག་པ་རབ་འབྱམས་སྒྱུ་མའི་སྣང་བརྙན་སངས་རྒྱས་ཀྱི་སྤྲིན་ཕུང་ཅིར་ཡང་འཆར་བ་དེ་ལུས་དཀྱིལ་གྱི་དོད་ཡིན་པའི་ཕྱིར་རོ། །འོན་ཀྱང་འདིར་བསྟན་རྫོགས་པ་ཆེན་པོའི་ཚུལ་ལ་ལུས་དཀྱིལ་འཁོར་སྒོམ་ཚུལ་ཁོ་ནས་ཁྱབ་པ་ནི་མེད་དེ། དཀྱིལ་འཁོར་པའི་ལྷ་གཞན་གཙོ་དང་འཁོར་གྱི་རྣམ་པར་རོལ་པ་ཇི་སྙེད་པ་ཐམས་ཅད་རང་གི་རྟོག་ཚོགས་མ་ལུས་པ་ཡོངས་སུ་དག་པའི་ངོ་བོ་ཉིད་དུ་གསལ་ལ་མ་འདྲེས་པར་སྒོམ་པ་ཡང་དེར་འགྲོ་བའི་ཕྱིར་ཏེ། དེ་ལྟ་མིན་ན་གཞུང་འདི་དག་གིས་དཀྱིལ་འཁོར་འཁོར་ལོའི་ཏིང་ངེ་འཛིན་རྫོགས་པར་མ་བསྟན་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འོད་གསལ་རྫོགས་ཆེན་གྱི་རྒྱུད་སྡེའི་རིང་ལུགས་བླ་མེད་རྒྱུ་གཞན་དང་མི་འདྲ་བའི་ལམ་གྱི་སྲོལ་ཆེན་པོ་ཞིག་ཡོད་པ་ནི་འདིར་བསྟན་གྱི་རྫོགས་པ་ཆེན་པོའི་ཚུལ་དང་ཅུང་ཟད་མི་འདྲ་སྟེ། རྒྱུད་ཀྱི་རྒྱལ་པོ་དེའི་ལུགས་ཀྱི་ཆོས་གཟུགས་ཀྱི་སྐུ་སྒྲུབ་པའི་ཚུལ་རྣམས་རྒྱ་ཆེར་གཞན་དུ་འཆད་པར་འདོད་དོ། །དེ་ལྟར་ཚུལ་གསུམ་གྱི་ནང་ནས་དང་པོ་ནི། སྒྱུ་འཕྲུལ་ལས། དངོས་རྣམས་ཉིད་ནི་དངོས་མེད་པར། །རྟོགས་པའི་དབང་བསྒྱུར་ཏིང་འཛིན་ཡིན། །ཞེས་གསུངས་པ་ལྟར། སྣོད་བཅུད་ཐམས་ཅད་རང་སེམས་ཀྱི་ངོ་བོ་བརྗོད་དུ་མེད་པའི་གཤིས་ལྷུན་མཉམ་ཡངས་པ་ཆེན་པོར་རྩལ་གཞི་ལ་ཐིམ་པའི་ཚུལ་གྱིས་བསྡུས་ཏེ། དམིགས་མེད་ཀྱི་ཏིང་འཛིན་ནམ་མཁའ་ལྟར་ཁྱབ་ཅིང་གདལ་བའི་ངང་ལ་མཉམ་པར་འཇོག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་ཕྱོགས་ལྷུང་དང་བྲལ་བའི་རྣམ་ལྡན་དུ་ཤར་བ་ཀུན་སྣང་གི་ཏིང་ངེ་འཛིན་དང་། དེའི་རྐྱེན་གྱིས་ཆུ་དྭངས་པ་ལས་ཉ་ལྡང་བའི་ཚུལ་དུ་རིག་པ་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་ལ་སོགས་པའི་ཡིག་འབྲུར་སྒོམ་པ་རྒྱུའི་ཏིང་ངེ་འཛིན་ནོ། །རྒྱུའི་ཏིང་འཛིན་དང་དེའི་རྒྱུད་ཚོགས་ཀུན་སྣང་གི་ཏིང་འཛིན་གཉིས་བར་སྲིད་སྦྱོང་བྱེད་དང་། དེའི་སྔ་ལ་སོགས་ཀྱི་དེ་ཏིང་འཆི་སྲི་སྦྱོང་བྱེད་དང་། འཆད་འགྱུར་གྱི་རྫོགས་པའི་ཚུལ་མན་ཆད་སྐྱེ་བ་སྦྱོང་བྱེད་དུ་བྱས་ན་སློབ་དཔོན་ཆེན་པོ་འཇིགས་མེད་འབྱུང་གནས་སོགས་ཆེན་པོ་རྣམས་ཀྱི་གཞུང་དང་འགྲིགས་སོ། །དེ་ལྟ་བུའི་ཏིང་ངེ་འཛིན་རྣམ་པ་གསུམ་རིམ་གྱིས་བསྐྱེད་དེ། གསུང་ཡི་གེ་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་དང་། །ཐུགས་ཕྱག་མཚན་གྱི་དཀྱིལ་འཁོར་རྣམས་རིམ་གྱིས་གདན་ལ་བཀོད་ཅིང་བསྒོམ་པས་བསྐྱེད་པའི་ཚུལ་ཞེས་བྱ་བ་དེ་ཡོངས་སུ་རྫོགས་པར་འགྲུབ་པའོ། །གཉིས་པ་ནི། རྫོགས་པའི་ཚུལ་ནི། རྒྱུ་རང་གི་སྐབས་སུ་བསྐྱེད་པའི་ས་བོན་ལ་སོགས་པ་ཡོངས་སུ་གྱུར་པ་ལས་དོན་དམ་པར་སྐྱེ་འགགས་མེད་པའི་ལྷ་དང་ལྷ་མོ་སྟེ་རྣམ་མེད་སྟོང་པ་ཉིད་ཀྱི་ལྷའི་ཕྱག་རྒྱ་རྣམ་བཅས་ཆུ་ནང་གི་ཟླ་བ་ལྟ་བུར་ལྷར་བཞེངས་པ་སྟེ། ཀྱཻ་རྡོ་རྗེ་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ཀྱིས་སྤྲོས་མེད་བྱ། །ཞེས་གསུངས་པ་ལྟར། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མི་མཐོང་བའི་ཚུལ་དུ་བལྟ་བར་བྱ་བའི་དོན་དབུ་མ་རྟག་ཆད་དང་བྲ་བའི་ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་པའི་ཀློང་ལས་ཀྱང་ལྟ་སྒོམ་གྱི་རྩི་དང་མ་བྲ་བས་མ་གཡོ་ལ། ཀུན་རྫོབ་ཏུ་འཕགས་པའི་གཟུགས་ཀྱི་སྐུ་གཙོ་དང་འཁོར་གྱི་རྣམ་རོལ་དུ་བསྟན་པ་ཐམས་ཅད་ཀྱང་མི་འགྱུར་བའི་ང་རྒྱལ་གྱིས་བརྟན་པར་གསལ་ལ། དྭངས་གསལ་རྙོག་པ་དང་བྲལ་བར་བསྒོམ་ཞིང་། བརྟན་གཡོ་ཐམས་ཅད་ཡེ་ཤེས་གཅིག་གི་རོལ་མོར་མཉམ་ལ་སྐུའི་ཆ་ཤས་དང་ཕྱག་ཞབས་ཀྱི་རྣམ་འགྱུར་ཕྲ་མོ་ཚུན་ཆད་མ་འདྲེས་པར་བསྒོམས་པས་ཏིང་ངེ་འཛིན་གྱི་ཚུལ་དེ་འགྲུབ་བོ། །དེའང་ཐ་མལ་གྱི་ཞེན་པ་དག་བྱེད་ལྷའི་ང་རྒྱལ་བརྟན་པ་དང་། སྣང་བ་དག་བྱེད་རྣམ་པ་གསལ་བ་ཞེས་གཉིས་སུ་གྲགས་ཤིང་། སྔ་མ་ལ་མ་དག་པའི་སྣང་བ་མ་ཞེན་པ་ཙམ་དང་། དེ་རང་མཚན་གྱིས་གྲུབ་པར་ཞེན་པ་གཉིས་ཀྱི་གཉེན་པོར་ང་རྒྱལ་བརྟན་པའི་ནང་ནས་རང་ཉིད་ལྷ་དེ་དང་དེའོ་སྙམ་པའི་ང་རྒྱལ་དང་། ལྷ་དེ་བདེན་མེད་དུ་ལྟ་བའི་ང་རྒྱལ་གཉིས་འཇོག་པར་ཀུན་མཁྱེན་རྒྱལ་བ་ཡབ་སྲས་ཀྱི་མན་ངག་ལས་འབྱུང་ངོ་། །གཙང་སྟོན་འགྲེལ་པར་བསྐྱེད་རྫོགས་ཀྱི་ཚུལ་འདི་གཉིས་ལྟ་བའི་བསྐྱེད་ཚུལ་ཡང་མི་འདྲ་བར་བྱས་ཤིང་། ཚིག་གི་གོ་དོན་ལ་དཔྱད་ན་དེ་གཉིས་ཀྱི་སྣོད་རུང་དུ་སྒྲུབ་པའི་དབང་ཡང་མི་འདྲ་པ་སྒྱུ་འཕྲུལ་རྩ་རྒྱུད་དང་མདོ་ཚོགས་ཆེན་འདུས་པ་ལྟ་བུ་ལ་མཛད་པར་སྣང་ཡང་སྒྱུ་འཕྲུལ་རྩ་རྒྱུད་ཀྱི་ལེའུ་བཅུ་གསུམ་པའི་མན་ངག་ཏུ་གཞུང་འདི་མཛད་པར་གྲགས་ཤིང་། བཅུ་གསུམ་པར། འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་རྒྱུད་སྡེ་བཞིའི་དབྱེ་བ་མཛད་པ་ཙམ་ལས་མི་གསལ་ཞིང་། འཆད་འགྱུར་གྱི་རྫོགས་པ་ཆེན་པོའི་ཚུལ་ཡང་མ་ཧཱ་ཡོ་ག་ནས་བཤད་པ་དང་ཐུན་མོང་དུ་མ་གྱུར་པའི་བཤད་ལུགས་གཞུང་ན་མི་སྣང་བ་དང་། དེ་ལྟར་མི་སྣང་བཞིན་དུ་རྟོག་བཟོ་བྱས་ནས་སྣོན་ན་ཐུག་པ་མེད་པར་འགྱུར་ལ། སྤྱིར་ཡང་བསྙེན་སྒྲུབ་ཡན་ལག་བཞི་དང་ཏིང་འཛིན་གསུམ་དང་ཡན་ལག་དྲུག་དང་རྣལ་འབྱོར་བཞི་དང་མངོན་བྱང་ལྔ་ལ་སོགས་པའི་རིམ་པ་རྣམས་དཀྱིལ་འཁོར་འཁོར་ལོའི་རྣལ་འབྱོར་ཡོངས་རྫོགས་རེའི་ནང་དུ་སོ་སོའི་གཞུང་ནས་འབྱུང་བ་ལྟར་སྦྱོར་རྒྱུ་ཡིན་པ་འཕགས་ཡུལ་གྱི་གྲུབ་པའི་སློབ་དཔོན་རྣམས་ཀྱི་ལུགས་ཡོངས་སུ་གྲགས་པ་དེ་བཞིན་དུ་འདིར་ཡང་སྦྱར་ན་གཞུང་གི་སྒྲས་ཟིན་དང་འགྲིགས་པར་འགྱུར་བའི་ཕྱིར་ལམ་གྱི་འགྲོ་ལུགས་མི་མཐུན་པ་གསུམ་དུ་མི་བྱ་ཞེས་རེ་ཞིག་དེ་ལྟར་བྱའོ། །གསུམ་པ་ནི། རྫོགས་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ཚུལ་ནི། འཇིག་རྟེན་ཟག་བཅས་དང་། འཇིག་རྟེན་ལས་འདས་པའི་ཟག་མེད་ཀྱི་ཆོས་ཐམས་ཅད་དབྱེར་མེད་པར་བསྒོམ་མོ། །དེ་ལ་འཇིག་རྟེན་ནི་རང་གི་ཕུང་པོ་ལྔའོ། །འཇིག་རྟེན་ལས་འདས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རྡོ་རྗེ་གསུམ་པོ་སྐུ་གསུང་ཐུགས་མི་ཟད་པ་སྟེ། དེ་གཉིས་དབྱེར་མེད་པ་ནི། གུར་ལས། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །བདེ་བའི་ཐབས་ཀྱི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །ཞེས་གསུངས་པ་ལྟར་དག་པ་རབ་འབྱམས་ཡེ་ཤེས་ཀྱི་རོལ་མོ་གཅིག་ཏུ་ཁམས་གསུམ་མ་ལུས་པ་ཡོངས་སུ་སད་པའི་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་ལ་བརྟེན་ཏེ། ཐ་མལ་གྱི་སྣང་བའི་སྟེང་དུ་དག་པའི་ལྷ་སྣང་ལྷན་པ་བཏབ་པ་ལྟ་བུའི་ཚུལ་མ་ཡིན་པར། སྣང་གྲགས་རིག་གསུམ་རྒྱལ་བའི་དཀྱིལ་འཁོར་དུ་དངོས་སུ་འཕོས་པའི་ང་རྒྱལ་བྱ་བའོ། །དེའང་རྡོ་རྗེའི་སྔགས་རྒྱུད་དུ་མ་ཞིག་ཏུ་ངེས་དོན་ཡི་དཀྱིལ་འཁོར་སྡུད་རིམ་རྒྱས་པར་གསུངས་པ་དང་། གཞན་ཡང་གྲུབ་པའི་སློབ་དཔོན་རྣམས་ཀྱི་གཞུང་ན་སྦྱང་གཞིའི་མིང་སྦྱོང་བྱེད་ལ་བཏགས་པ་དང་སྦྱོང་བྱེད་ཀྱི་མིང་སྦྱང་གཞི་ལ་བཏགས་པ་མང་དུ་སྣང་བ་ནི་སྐྱེ་འཆི་བར་དོ་གསུམ་རྣམས་དྲི་མ་རྣམས་དེ་དང་རྣམ་པ་མཐུན་པའི་ལམ་གྱིས་སྦྱངས་ཏེ། གཞི་དུས་ཀྱི་སྐྱེ་འཆི་བར་དོ་གསུམ་ཇི་འདྲ་བའི་འབྲས་བུ་ཡོངས་སུ་དག་པའི་སྐུ་གསུམ་བསྒྲུབ་པར་བྱ་པའི་ཆེད་དུ། གཞི་འབྲས་གཉིས་དང་རྗེས་མཐུན་གྱི་བསྐྱེད་པ་དང་རྫོགས་པའི་རིམ་པ་སྒོམ་དགོས་པར་གོ་བའི་སླད་དུ་གསུང་བའོ། །དེའི་ཕྱིར་རང་གི་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་བསྒྲུབ་གཞིའི་རང་བཞིན་ཡེ་ནས་ཡིན་པར་རྟོགས་ནས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་སྒོམ་པ་སྟེ། དེའི་ཚུལ་ལ། རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་བསྒོམ་པས་ནི་རྩ་རླུང་ཐིག་ལེ་བྱིན་གྱིས་རློབ་པའི་ཁྱད་པར་གྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་མྱུར་དུ་འགྲུབ་པའི་དགོས་ཆེད་ཡོད་ལ། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་གི་ཏིང་འཛིན་གཙོ་བོ་དང་འཁོར་གྱི་རྣམ་པ་མང་པོར་སྤྲོ་བས་ནི། སངས་རྒྱས་ཀྱི་སའི་འཁོར་ངེས་པ་ཕུན་སུམ་ཚོགས་པ་ལམ་དུ་བྱེད་ཅིང་། ཁ་ཅིག་དེར་མ་ཟད་སྲིད་པའི་གནས་ཀྱི་སྡེ་རིས་དང་བྲན་གཡོག་རྒྱས་པ་སོགས་འདོད་ཡོན་ལ་ཞེན་པའི་བག་ཆགས་ཀྱང་སྦྱོང་བར་འཆད་དོ། །འོན་ཀྱང་འདིའི་བཀའ་སྲོལ་དུ་རྒྱལ་མཆོག་གསུམ་གྱི་ཐ་སྙད་མི་འབྱུང་ངོ་། །སྤྱིར་རྣམ་བྱང་ཕྱོགས་ཀྱི་མཐར་ཐུག་མི་སློབ་པའི་སས་བསྡུས་ཀྱི་སྟོན་པ་དང་འཁོར་གྱི་རྣམ་པ་ལམ་དུ་བྱེད་པ་ནི་སྔགས་སྤྱིའི་འགྲོ་ལུགས་སུ་བདག་ཉིད་ཆེན་པོ་གཏེར་ཆེན་པྲཛྙཱའི་ཞབས་ཀྱིས། སྐུ་དང་ཞིང་ཁམས་འཁོར་དང་མཛད་པ་ནི། ཡོངས་སུ་དག་པའི་ཡེ་ཤེས་ལམ་ཉིད་དུ། །བྱེད་དང་མི་བྱེད་སྔགས་དང་ཕ་རོལ་ཕྱིན། །ཞེས་གསུངས་ཤིང་སྔར་བཤད་པས་ཀྱང་རྟོགས་པར་ནུས་སོ། །སྔགས་བླ་མེད་ཀྱི་ཁྱད་ཆོས་གཞིའི་སྲིད་པ་སྐྱེ་འཆི་བར་དོ་གསུམ་དང་རྣམ་མཐུན་དུ་སྒོམ་པ་ཡང་རྣལ་འབྱོར་དེ་དང་དེའི་ཁོག་རགས་པ་ཞིག་བསྟུན་པས་ཆོག་གི། དམིགས་པའི་ཕྲ་ཞིབ་རེ་རེ་ནས་བསྟུན་པ་མི་དགོས་ཏེ། དེ་དགོས་ན་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །ཞེས་སྨྲ་བ་རྒྱ་གར་གྲུབ་ཆེན་གྱི་ལུགས་སུ་མ་ཟད། སངས་རྒྱས་གཉིས་པའི་ཟབ་གཏེར་གྱི་བདག་པོ་ཆེན་པོ་རྣམས་ཀྱི་བཀའ་སྲོལ་རྨ་མེད་པའང་ཡིན་ཏེ་ཁོ་བོའི་མགྲིན་པ་གཟེངས་མཐོན་པོར་བསྟོད་དེ་བཤད་ཀྱང་མི་ནུས་པ་མིན་ནོ། །མདོར་ན་དེའི་ཕྱིར་དཀྱིལ་འཁོར་སྤྲོ་བ་དེ་འཁོར་བའི་གནས་སྐབས་ན་བུ་དང་བུ་མོ་མང་དུ་འཕེལ་བ་དང་སྡེ་རིས་ཀྱི་རྣམ་གྲངས་མང་བ་ལྟ་བུའི་ཆོས་མཐུན་པའི་ཡུལ་ཞིག་དང་མ་སྦྱར་ཡང་ཆོག་པར་སེམས་སོ། །དེ་ལྟར་ཞར་ལ་འོང་བ་ཉུང་ངུ་ཞིག་བརྗོད་ནས་དཀྱུས་དོན་ནི། སྒྱུ་འཕྲུལ་གྱི་དཀྱིལ་འཁོར་དེ་འང་དག་པ་སྦྱོར་ཚུལ་གྱི་སྒོ་ནས་བཤད་ན་རྩ་རྒྱུད་གསང་སྙིང་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་རྣམ་པར་དག །ཅེས་འབྱུང་བ་ལྟར་ཤེས་པར་བྱ་སྟེ། དོན་དམ་པར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ནས་མ་སྐྱེས་མ་བྱུང་བར་གསུངས་ཏེ། རིགས་པ་དྲུག་ཅུ་པར། འཁོར་བ་དང་ནི་མྱ་ངན་འདས། །དེ་གཉིས་ཡོད་པ་མ་ཡིན་ནོ། །ཞེས་སོགས་གསུངས་ལ། ཐ་སྙད་དུ་ནི་དཀོན་མཆོག་བརྩེགས་པ་ལས། རྟོག་པའི་དབང་གིས་འཇིག་རྟེན་རྣམ་བཏགས་ཏེ། །འདུ་ཤེས་འཛིན་པས་བྱིས་པ་རྣམ་པར་ཕྱེ། །ཞེས་རྟོག་པའི་རང་རྩལ་འབའ་ཞིག་ཏུ་དངོས་པོ་རྣམས་བསྙོན་མེད་དུ་ཡོད་པར་གསུངས་ཤིང་། དེ་ཡོད་པར་འཇོག་བྱེད་ཀྱང་། རང་རང་གི་བྱ་བ་བསླུ་མེད་བྱེད་ནུས་པའི་སྒོ་ནས་སྒྱུ་མ་བཞིན་དུ་སྣང་བ་སུས་ཀྱང་འགོག་མི་ནུས་པའོ། །ཐེག་པ་འདིར་དོན་དམ་པར་རང་བཞིན་མེད་པའི་ལྟ་བ་ཙམ་དུ་མ་ཟད། ཀུན་རྫོབ་པའི་ཆོས་ཕུང་པོ་ལྔའམ་ལྷར་ལྟ་བར་བྱེད་དེ། ལྟ་ཚུལ་ནི། བདེ་བར་གཤེགས་པའི་མཚན་ཅན་ཡབ་ཡུམ་བཅུ་ལ་སོགས་པའི་བསྒྲུབས་གཞིའི་རང་བཞིན་མེའི་བསྒྲུབ་གཞིར་གཙུབ་ཤིང་འགྲོ་བ་བཞིན་དུ་ཡེ་ནས་ཡིན་པའི་ཚུལ་དུ་ལྟའོ། །འདི་འདྲ་ཞིག་སྔོན་དུའང་སྨོས་མ་ཐག་པ་ཡིན་མོད་ཀྱི། སྐབས་འདིར་གསུངས་པ་ནི་ཚིག་སྔ་མ་དེའི་གསལ་བྱེད་ཡིན་པས་ཟློས་སྐྱོན་མེད་དོ། །འདི་དག་གི་སྐབས་སུ་ཁོ་བོ་ཅག་གི་བླ་མ་རྣམས་ཆོས་ཐམས་ཅད་ཡེ་ཤེས་རང་སྣང་དུ་སྒོ་དུ་མ་ནས་སྒྲུབ་པར་མཛད་དེ། དེའི་ཚུལ་གཏན་ཚིགས་ཀྱི་སྒོ་ནས་སྤྲོས་ན་མཐའ་མེད་ཀྱང་བསྒྲུབ་བྱའི་སྙིང་པོ་ཚིག་གཅིག་ལ་དྲིལ་ན། ཡེ་ཤེས་ཞེས་པ་ཡེ་ཤེས་གང་རུང་རུང་ལ་མི་བྱའི་གཉུག་མའི་སེམས་ལ་བྱའོ། །རང་སྣང་ཞེས་པ་རང་ལ་སྣང་ལུགས་གང་བྱུང་བྱུང་ལ་མི་བྱའི་གཉུག་སེམས་ཀ་ནས་དག་པའི་རང་རིག་ནང་གསལ་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཀྱི་རང་སྣང་ལ་བྱའོ། །དེའི་ཕྱིར་ཀ་བ་དང་བུ་མ་པ་ལ་སོགས་པའི་དངོས་པོ་རྣམས་དཀར་སེར་དམར་ལྗང་གི་ལྷ་དང་ལྷ་མོ་བཞིན་ལག་ཅན་ཤ་སྟག་པར་སྒྲུབ་མི་དགོས་ཀྱི། འོད་གསལ་གྱི་སེམས་འབའ་ཞིག་མེད་ན་འཁོར་འདས་ཐམས་ཅད་སྣོད་དུ་མི་རུང་བ་དང་། དེ་ཡོད་པས་ཆོས་ཐམས་ཅད་དེའི་རོལ་རྩལ་དུ་ཤར་བར་གྲུབ་ན་དེ་ཙམ་ཞིག་གིས་ཡེ་ཤེས་རང་སྣང་གི་གནད་དཔྱིས་ཕྱིན་པར་ཟིན་པ་ཡིན་ཏེ། མདའ་བསྣུན་ཞབས་ཀྱིས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་འདི་ཁུངས་སུ་དྲངས་ཏེ་ཆོས་དབྱིངས་མཛོད་ཀྱི་འགྲེལ་པར་ཐམས་ཅད་མཁྱེན་པ་དྲི་མེད་འོད་ཟེར་གྱིས་རྒྱ་ཆེར་ཇི་སྐད་གསུངས་པ་བཞིན་ནོ། །དེ་ལྟར་འཆད་པ་དེ་སྐབས་འདིར་འབྲེལ་བ་སྒྲུབ་ཚུལ་སོགས་མང་བས་མ་བཀོད་དོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟེ། ཆེན་པོ་ལྔ་ནི་ཡུམ་ལྔའི་རང་བཞིན་སྣང་བའི་དབྱིངས་དང་། སྲ་བའི༴ གཉེན་པའི༴ དྲོ་བའི༴ བསྐྱོད་པའི་དབྱིངས་ཞེས་རྩ་རྒྱུད་ལེའུ་དང་པོར་གསུངས་པ་བཞིན་ནོ། །དེ་བཞིན་དུ་ཕུང་པོ་ལྔ་ནི་རིགས་ལྔའི་སངས་རྒྱས་ཏེ། རྣམ་པར་ཤེས་པའི་རྒྱལ་པོ་མི་བསྐྱོད་པ་ལ་སོགས་པའོ། །མཐོང་བ་དང་ཐོས་པ་སོགས་རྣམ་པར་ཤེས་པ་བཞི་ནི་ས་སྙིང་ལ་སོགས་པ་བྱང་ཆུབ་སེམས་དཔའ་བཞིའི་རང་བཞིན། གཟུགས་ཀྱི་སྐྱེ་མཆེད་ནས་རོའི་ཁམས་ཀྱི་བར་ཡུལ་བཞི་ནི་སྒེག་མོ་ལ་སོགས་པ་མཛེས་པའི་ལྷ་མོ་བཞིའི་རང་བཞིན། མིག་ཤེས་སོགས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་བཞི་ནི་བྱམས་པ་ལ་སོགས་པ་སྐུའི་བྱང་ཆུབ་སེམས་དཔའ་བཞིའི་རང་བཞིན། འདས་པ་ནས་མ་ངེས་པའི་བར་གྱི་དུས་བཞི་ནི་སྤོས་མ་ལ་སོགས་པ་མཆོད་པའི་ལྷ་མོ་བཞིའི་རང་བཞིན། ལུས་ཀྱི་དབང་པོ་དང་ལུས་ཀྱི་རྣམ་པར་ཤེས་པ་དང་ཡུལ་རེག་བྱའི་སྐྱེ་མཆེད་དང་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སམ་དེ་མ་ཐག་རྐྱེན་ཡིད་ཤེས་རྣམས་ནི་རྣམ་རྒྱལ་སོགས་ཁྲོ་བོ་བཞིའི་རང་བཞིན། རྟག་ཆད་བདག་མཚན་གྱི་མུའམ་མཐའ་བཞི་ནི་ལྕགས་ཀྱུ་མ་ལ་སོགས་པ་ཁྲོ་མོ་བཞིའི་རང་བཞིན་དུ་གསུངས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་རིགས་དྲུག་པ་ཀུན་ཏུ་བཟང་པོའི་རང་བཞིན་ཞེས་གསུངས་པའི་སྐབས་འདིའི་ཡིད་ཀྱི་རྣམ་ཤེས་དང་སྨོས་མ་ཐག་པའི་ཡིད་ཤེས་གཉིས་ཀྱི་ཁྱད་པར་ནི། རྣམ་པར་ཤེས་པའི་ཁམས་དྲུག་པ་ནི་འདིར་གསུངས་པ་ཡིན་ཞིང་། དབང་པོའི་ཁམས་དྲུག་པ་ནི་སྨོས་མ་ཐག་པ་ཡིན་ཏེ། འོན་ཀྱང་ལྷ་དང་དག་སྦྱོར་གྱི་ཚེ་སྦྱང་གཞི་རྣམས་རེ་རེ་ནས་སྣེ་མོ་བ་བསྐོ་བ་ལྟར་མི་འདྲ་བ་ཤ་སྟག་མི་དགོས་ཏེ། གཟུགས་ཕུང་རྣམ་སྣང་དང་། དེའི་ཡ་གྱལ་འབྱུང་བཞི་ཡུམ་བཞིར་གསུངས་པའི་གསར་རྙིང་གི་རྒྱུད་སྡེ་ཆེས་མང་བ་བཞིན་ནོ། །ཡིད་ཀྱི་རྣམ་ཤེས་དེའི་ཡུལ་ཆོས་ཁམས་འདུས་བྱས་པ་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་རིག་མིན་གཟུགས་བཞི་དང་། འདུས་མ་བྱས་འགོག་པ་གཉིས་དང་། ནམ་མཁའ་སྟེ་བདུན་ནི་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོའི་རང་བཞིན་ཏེ། བཀའ་སྲོལ་དུའང་འདི་སྐོར་ལ་དཔྱད་པ་མཛད་པ་ཆེར་མི་སྣང་ངོ་། །དེ་ལྟ་བུའི་ཕུང་ཁམས་སྐྱེ་མཆེད་དེ་དག་ཀྱང་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རང་བཞིན་ཡིན་གྱི། དེ་ལམ་གྱིས་གསར་དུ་བསྒྲུབ་པ་ལ་ལྟོས་པ་མ་ཡིན་ནོ། །རྫོགས་པ་ཆེན་པོ་འདུས་མ་བྱས་སུ་གསུངས་པའི་དོན་ཡང་གཉུག་མར་གནས་ཤིང་འཆི་འཕོ་དང་བྲལ་བའི་དོན་ཡིན་གྱི། ནམ་མཁའ་ལྟ་བུའི་མེད་དགག་ཅིག་ལ་མི་བྱ་ཞེས་སྨྲའོ། །སངས་རྒྱས་ལུགས་ནི། ས་ར་ཧས། མཁས་པ་དག་ནི་བསྟན་བཅོས་འཆད་པ་ན། །ལུས་ལ་ཡེ་ཤེས་ཡོད་པ་མ་རྟོགས་སོ། །ཞེས་ཤིན་ཏུ་རྟོགས་པར་དཀའ་བའི་འོད་གསལ་གྱི་སེམས་ངོ་བོ་དྲི་མའི་རྣམ་ལྡན་དུ་སྐྱེ་མ་མྱོང་བའི་ངང་ཚུལ་ཅན་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཏིལ་འབྲུ་སྣུམ་གྱིས་ཁྱབ་པ་བཞིན་འདུ་འབྲལ་སྐད་ཅིག་ཀྱང་ཡོད་མི་སྲིད་དེ། ཉི་ཟླ་ཁ་སྦྱོར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞེས་སོགས་གསུངས་པ་དང་། གྲོལ་བའི་ཐིག་ལེ་ལས། དེར་གསལ་མི་ཤིགས་ཐིག་ལེའི་གཟུགས། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །འོད་ཟེར་སྣ་ལྔ་འབར་འཛག་པའི། །ཚུལ་ཅན་སྙིང་དབུས་རྟག་ཏུ་གནས། །ཞེས་བཤད་དོ། །དེ་འདྲའི་སེམས་ཀྱི་གཏུགས་ས་མཐར་ཐུག་དེའི་ཆོ་འཕྲུལ་འབའ་ཞིག་ཏུ་སེམས་ཅན་རྣམས་ཀྱི་ནང་གི་ཁམས་དྲུག་དང་། ཕྱི་རོལ་གྱི་གནས་རིས་དང་ལོངས་སྤྱོད་ལ་སོགས་པ་ཐམས་ཅད་ཡོངས་སུ་བཀོད་ཅིང་ཚེ་རབས་སྔ་མའི་ཕུང་པོ་རྣམས་འོད་གསལ་དུ་ཐིམ་ནས་སླར་ཡང་ལས་ཀྱི་དབང་གིས་འཇིག་རྟེན་ཕྱི་མའི་བར་སྲིད་ཀྱི་ཕུང་པོ་རྣམས་སེམས་དེའི་རང་གདངས་སུ་ཤར་བའི་ཚུལ་གྱིས། ཐོག་མ་མེད་པའི་འཁོར་བའི་འཁོར་ལོ་རྣམས་སུ་སྐྱེ་འཆི་འགལ་མེའི་རྩེད་མོ་ལྟར་སྣང་བར་ཟད་པས། སྣང་གཞིའི་སེམས་མཐར་ཐུག་གི་ངོས་ན་གོས་པ་རྡུལ་ཆ་ཙམ་ཡང་མེད་ལ། ནམ་ཞིག་ལས་རླུང་གི་གཡོ་བ་བག་ཆགས་དང་བཅས་པ་ཐམས་ཅད་སླར་མི་ལྡང་བའི་ཚུལ་དུ་ཉེ་བར་ཞི་བ་དེའི་ཚེ། སེམས་གཉུག་མ་མི་ཤིགས་པའི་ངོ་བོ་ཉིད་དེ་ཀ་རང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འགྲོ་བ་མ་གཏོགས་ཐོབ་བྱའི་ཡོན་ཏན་གཞན་ཚོལ་ལ་རག་མི་ལས་པའི་རྒྱུ་མཚན་གྱིས་གཞིའི་ཆོས་སྐུ་དང་། གཞིའི་སངས་རྒྱས་ལ་སོགས་པར་མི་བཏགས་པ་སྟེ། མཐའ་ཆོད་པར་ན་སེམས་དེའི་རྩལ་ལས་སྣང་བ་རྣམ་པ་གསུམ་སྐྱེ་ཚུལ་དང་། དེ་ལས་ཀུན་རྟོག་གི་རྒྱུ་བ་འཕེལ་ཚུལ་དང་། དེ་ལས་ཀྱང་སྒོ་ལྔའི་ཤེས་པ་རིམ་གྱིས་རྒྱས་ཚུལ་དང་། ཀུན་རྟོག་ཉོན་མོངས་པ་རྣམས་ལ་བརྟེན་ནས་ལས་གསོག་ཚུལ་དང་། ལས་དེའི་དབང་གིས་འགྲོ་བ་སོ་སོའི་སྐྱེ་གནས་ཐམས་ཅད་དང་གནས་མཐོ་དམན་ཐམས་ཅད་ཡོངས་སུ་འགྲུབ་པའི་ཚུལ་དང་། དེ་དག་གི་གནས་སྐབས་ཐམས་ཅད་དུ་གཉུག་མའི་སེམས་འཕོ་འགྱུར་མེད་ཅིང་རྨི་ལམ་གཉིད་ཀྱི་ཆོ་འཕྲུལ་དུ་ཤར་བ་ལྟར་སྣོད་བཅུད་དེའི་སྒྱུ་འཕྲུལ་དུ་སྣང་ཚུལ་དང་། དེ་ཉིད་ཀྱི་རྒྱུ་མཚན་ལས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྣམ་པར་སྦྱངས་པ་ན་སྣོད་བཅུད་གང་ནའང་མ་དག་པ་གཤིས་ལ་ཞུགས་པ་ཞིག་མེད་ཚུལ་སོགས་རྒྱུད་འགྲེལ་ཆེན་མོ་རྣམས་སུ་བལྟ་བར་བྱ་ལ། གསང་བདག་ཞལ་ལུང་དང་རོང་ཟོམ་ཞབས་ཀྱི་སྣང་བ་ལྷར་སྒྲུབ་ན་མཐུན་སྣང་གི་བལྟ་བྱ་ལ་སྦྱར་བའི་རིགས་པ་གཞན་ཡང་གསུངས་མོད་ཀྱི། རྡོ་རྗེའི་ལམ་ལ་ངེས་པ་སྟེར་བ་ལ་འདི་རང་འགགས་ཆེ་བར་གོའོ། །དེ་ལྟར་ཕྱོགས་བཅུ་དུས་གསུམ་དང་ཁམས་གསུམ་ལ་སོགས་པ་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་རང་གི་སེམས་འོད་གསལ་བའི་ཡེ་ཤེས་ཀྱི་རྣམ་རོལ་ལས་གུད་ན་མེད་དེ་ཞེས་མ་བཤད་ན། ཁ་ཅིག་འདི་ལ་བརྟེན་ནས་ཚིག་འདིའི་བསྟན་དོན་སྣང་བ་སེམས་སུ་ངོ་སྤྲད་པ་འདྲ་བ་གཅིག་ལ་འཁྲུལ་པའི་དོགས་པ་ཡང་འབྱུང་ཆོག་པའི་ཚོད་དུ་སྣང་མོད། འོན་ཀྱང་འཇིག་རྟེན་ན་ལྷ་སྦྱིན་གྱི་བུམ་པ་ཙེརྟས་བརྐུས་ན། ལྷ་སྦྱིན་གྱིས་དེ་ལ་འདི་སྐད་དུ། ངའི་བུམ་པ་དེ་ནི་ཁྱོད་ལས་གཞན་ན་མེད་དོ་ཞེས་ཟེར་མོད་ཀྱི། ཁྱོད་ལྟོ་ལྡིར་ཡིན་ཟེར་བ་མིན་པར། བུམ་པ་རྐུ་མཁན་དེ་ཁྱོད་ཡིན་ཞེས་བསམ་ནས་ཡིན་ཅིང་། ཚིག་དེ་སྐྱོན་ཅན་ཡང་ཡིན་མི་དགོས་ཏེ། བརྡའི་ཐ་སྙད་དེ་ཙམ་གྱིས་ཕ་རོལ་པོ་ལ་དོན་དེ་སྟོན་ནུས་པའི་ཕྱིར་རོ། །གཞན་དུ་ན་མགོན་པོ་ཀླུས། གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། །ཞེས་གསུངས་པའང་མི་རིགས་པར་ཐལ་བར་འགྱུར་ཏེ། གཟུགས་མིང་གིས་བཞག་པ་ཙམ་ལ་དགོངས་པ་མིན་ན་གཟུགས་མིང་ཡིན་ཚུལ་མེད་པའི་ཕྱིར་ཏེ། མིང་ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་སེམས་ཉིད་ཀྱི་རོལ་པར་ཤར་བའི་ཁུངས་སུ། ཇི་སྐད་དུ་ཞེས་འཇིག་རྟེན་གསུམ་རྒྱལ་ལས། རང་སེམས་སོ་སོར་རྟོག་པ་ནི། །སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །འཇིག་རྟེན་གསུམ་པོ་དེ་ཉིད་དོ། །འབྱུང་བ་ཆེ་རྣམས་དེ་ཉིད་དོ། །ཞེས་འབྱུང་ངོ་། །གཞན་ཡང་ཇི་སྐད་དུ། ཆོས་རྣམས་ཐམས་ཅད་ནི་སེམས་ལ་གནས་སོ། །སེམས་ནི་ནམ་མཁའ་ལྟ་བུའི་སྟོང་ཉིད་ཀྱི་གཞི་ལ་གནས་སོ། །ནམ་མཁའ་ལྟ་བུའི་གནས་ལུགས་དེ་ནི་མཚན་མ་ཅི་ལའང་མི་གནས་སོ། །ཞེས་འབྱུང་བ་དང་། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ། །ཆོས་ཐམས་ཅད་ནི་གདོན་མ་ནས་རང་བཞིན་རྣམ་པར་དམ་པའོ། །ཆོས་ཐམས་ཅད་ནི་ཡོངས་ཀྱིས་འོད་གསལ་བའོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །ཆོས་ཐམས་ཅད་ནི་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཞེས་གསུངས་སོ། །འདིར་ལུང་གི་དྲང་མཚམས་ལ་བཤད་དགོས་པ་མང་ཡང་ཕལ་ཆེར་སྤྱོད་བསྡུས་སྒྲོན་མེའི་རིགས་པ་ཞིག་དང་སྦྱར་ན་འཆད་ཐུབ་པར་སྣང་སྟེ་སྤྲོས་པ་བསྐྱུངས་སོ། །འདི་ནི་རྫོགས་པ་ཆེན་པོའོ། །ཞེས་པ་ལ་བཅུ་བདུན་རྒྱུད་སོགས་ནས་ཡོངས་སུ་གྲགས་པའི་རྫོགས་པ་ཆེན་པོའི་སྒྲ་བཤད་ནི་རེ་ཞིག་མི་བརྗོད་ལ། འདིར་བསྟན་གྱི་རྫོགས་པ་ཆེན་པོའི་དོན་ནི་ཏིང་ངེ་འཛིན་གྱི་ཐོས་པ་ཆེ་ཞིང་རྒྱས་པའི་དོན་ནོ་ཞེས་བཤད་ཟིན་མོད་དེ། འདི་ཐད་ཀྱི་མཆན་དཀྱུས་ཤོར་ཞིག་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་འབྲས་བུའི་ཆོས་ལྷུན་གྱིས་གྲུབ་པའི་དོན་ཏོ་ཞེས་བཤད་པ་ཡང་ཡིད་ངོར་མི་འགྲིགས་པ་མིན་ནོ། །གཉིས་པ་ལའང་། རྟོགས་པ་བཞི་དང་། མཚན་ཉིད་གསུམ་དང་། ཡན་ལག་བཞི་དང་། དཀྱིལ་འཁོར་དུ་འཇུག་པའི་རིམ་པ་སྟེ་ཚུལ་བཞིས་བཤད་པ་ལས། དང་པོ་ནི། རྟོགས་པ་རྣམ་པ་བཞི་ནི། རྩ་རྒྱུད་ལེའུ་བཅུ་གཅིག་པ་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་པ་ལྟར་རྒྱུ་གཅིག་པར་རྟོགས་པ་དང་། །ཡིག་འབྲུའི་ཚུལ་གྱིས་རྟོགས་པ་དང་། །བྱིན་གྱིས་བརླབས་ཀྱིས་རྟོགས་པ་དང་། །མངོན་སུམ་པར་རྟོགས་པའོ། །འདི་རྣམས་སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོ་བསྒྱུར་བའི་ཏིང་ངེ་འཛིན་གྱི་སྐབས་དང་སྦྲེལ་ཏེ་གསུངས་ཤིང་། དེའི་ནང་ནས་ཀྱང་ལེའུ་དེའི་བསྟན་དོན་ཚོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་གང་ཞིག་བསྒྲུབ་བྱའི་གཙོ་བོ་བསྟན་པར་སྣང་ཞིང་། མངོན་རྫོགས་རྒྱལ་པོའི་དོན་ཡང་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་གོ་འཕང་ལ་བྱེད་དགོས་པར་མངོན་ཏེ། སྤྱིར་སྒྱུ་འཕྲུལ་དྲྭ་བའི་དོན་ནི། འཕགས་པ་ཀླུས། དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བར་བཤད། །ཅེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་ལ་གསུངས་སོ། །བླ་མ་སྔ་མ་རྣམས་འདི་བཞི་ལ་གཏན་ཚིགས་བཞིར་མཛད་མོད། ཤེས་པར་འདོད་ན་གཞན་དུ་བལྟའོ། །དེ་ལ་རྒྱུ་གཅིག་པར་རྟོགས་པ་ནི། ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་ཞེས་པ་འདི་ལ་རྒྱལ་དབང་དྲི་མེད་འོད་ཟེར་དང་རྡོ་རྗེ་སེམས་དཔའ་འོད་གསལ་སྣ་ཚོགས་རང་གྲོལ་གྱི་གཞུང་ན་དོན་དམ་བདེན་པའི་འཇོག་ཚུལ་ཐུན་མོང་མ་ཡིན་པ་འོད་གསལ་གྱི་སེམས་དེ་ཁོ་ན་ཉིད་དུ་ཞུགས་པ་ལ་གསལ་བར་བཤད་པས་འདི་ཡང་དེའི་ངོར་ཤེས་བྱ་གང་ཡང་མི་རྙེད་པའི་དོན་ནོ། །དེའི་ཕྱིར་རིག་པའི་ཡེ་ཤེས་ཆོས་ཐམས་ཅད་དང་སོ་སོ་མ་ཡིན་པ་ཞེས་གསུངས་སོ། །འཇིགས་མེད་འབྱུང་གནས་ཞབས་ཀྱིས་ཀྱང་ལྷན་སྐྱེས་ཀྱི་བདེ་ཆེན་ཤེས་བྱའི་དེ་ཉིད་དང་རོ་གཅིག་ཏུ་ཞུགས་པའི་སྒོ་ནས་ཤེས་བྱ་ཐམས་ཅད་ཡེ་ཤེས་ཀྱིས་ཁྱབ་པའི་ཚིག་བསྟན་པར་གསུངས་པ་བཞིན་ནོ། །ཀུན་རྫོགས་ལའང་གང་གི་ཟླས་འདྲེན་པའི་དོན་དམ་འཇོག་ཚུལ་གྱི་དབྱེ་བས་མི་མཚུངས་པ་འགའ་ཞིག་ཡོད་པ་ལས། འདིར་ནི་འོད་གསལ་བའི་ཡེ་ཤེས་ལ་དོན་དམ་གྱི་སྒྲས་བསྙད་པ་དེའི་ཟླས་དྲངས་པ་ཡིན་པས། ཡེ་ཤེས་དེའི་སྣང་ཆའམ་དེའི་རང་མདངས་སམ་དེའི་སྙིང་པོ་མི་ཤིགས་པའི་རླུང་ཕྲ་བ་ལས་བྱུང་བའི་སྐུའི་མཐར་ཐུག་ཅིག་ལ་བྱ་སྟེ། དེ་འདྲའི་ཀུན་རྫོབ་ཏུ་ནི་རིག་པའི་སྣང་བརྙན་ཆུ་ཟླ་དང་སྒྱུ་མའི་མཚན་ཉིད་བཏགས་པ་ཙམ་དང་བརྟེན་ནས་འབྱུང་བ་ཙམ་སྟེ་སྣང་ལ་རང་བཞིན་མེད་པའི་ངང་ཚུལ་ཅན་དུ་གྲུབ་པ་དང་། ཤེས་བྱ་ཐམས་ཅད་ཀྱང་དེ་དང་འདྲ་བར་སེམས་ཀྱི་གདངས་ཕྱིར་གསལ་ཐུགས་རྗེའི་སྣང་ཆར་ཤར་བ་ཙམ་གྱིས་ཆོས་སུ་ཟད་པས་ན་ཚུལ་གཅིག་པའི་སྒོ་ནས་སོ་སོ་མ་ཡིན་པ་དང་། ཞེས་པ་སྟེ། འདི་ལ་ཆོས་ཐམས་ཅད་རང་བཞིན་མེད་པའི་རྟེན་འབྲེལ་ཙམ་དུ་འདྲ་བ་ལས་ལྷག་པའི་སྔགས་བླ་མེད་ཀྱི་ལུགས་ཐུན་མོང་མ་ཡིན་པས། རྒྱུད་གཞན་ལས་ཀྱང་། སྒྱུ་མ་རླུང་གིས་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་མཐོང་། །ཞེས་པ་ལྟ་བུའི་གོ་ལུགས་ཁྱད་པར་ཅན་ཞིག་ཡོད་པ་དེ་ཤེས་དགོས་སོ། །དེ་ལྟར་འོད་གསལ་བའི་རིག་པ་ཤེས་བྱའི་ཡིན་ལུགས་དང་མཉམ་པར་སྦྱོར་བའི་ཟུང་འཇུག་ཅིག་དང་། དེའི་རང་གདངས་ནི་འོད་གསལ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཐམས་ཅད་ཤེས་བྱ་མཐའ་དག་དང་ཚུལ་གཅིག་ཏུ་གྱུར་པའི་རོ་གཅིག་གཉིས་བསྟན་ནས། ད་ནི་ཐུན་མོང་མ་ཡིན་པའི་ཟུང་འཇུག་དཔྱིས་ཕྱིན་པ། ཀླུ་སྒྲུབ་ཞབས་ཀྱིས། སྣང་བ་དང་ནི་སྟོང་པ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པ་དེ་བཤད་དོ། །ཞེས་དང་། གཏེར་ཆེན་པྲཛྙཱའི་ཞལ་ནས་ཀྱང་། རིམ་པ་བཞི་པའི་དོན་གྱི་འོད་གསལ་དང་། །དབྱེར་མེད་ལྷན་ཅིག་སྐྱེས་པ་བདེ་བའི་དངོས། །བདེན་གཉིས་ཟུང་དུ་འཇུག་པའི་ཧེ་རུ་ཀ །ཞེས་ཇི་སྐད་དུ་གསུངས་པ་བཞིན་གྱི་ཚུལ་དེ་བསྟན་པར་བཞེད་ནས། ཆོས་ཐམས་ཅད་དང་རོ་གཅིག་པའི་གཅིག་གི་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་དང་། མ་སྐྱེས་པའི་ཡུལ་ཅན་འོད་གསལ་དེ་གཉིས་ཟུང་འཇུག་མཉམ་པ་ཉིད་དུ་གྱུར་ཚུལ་ནི། བདེ་བ་ཆེན་པོའི་ཡེ་ཤེས་གཅིག་ཉིད་དག་པའི་བརྟན་གཡོ་སྣ་ཚོགས་པའི་གར་གྱིས་ཆུ་ཟླ་ལྟར་རོལ་པ་ལ་སྒྱུ་མ་སྣ་ཚོགས་སུ་སྣང་ཞིང་ཞེས་གསུངས་སོ། །དེ་ལྟར་སྣང་བ་དེའང་། རྩ་རྒྱུད་དུ། བྱ་བྱེད་ནུས་པའི་གཟི་བྱིན་གྱིས། །སྒྱུ་མ་རྡོ་རྗེ་བཙན་པོ་མཆོག །ཅེས་པ་ལྟར་དོན་གཉིས་སྒྲུབ་པའི་བྱ་བ་རླབས་པོ་ཆེ་བྱེད་ནུས་པ་དང་། སྣང་དུས་ཉིད་ནས་སྒྱུ་མ་ལྟ་བུའི་སྣང་བ་དེ་ཉིད་ལ་རྣམ་སྨིན་གྱི་ཕུང་པོའི་རྡུལ་དང་གཞན་ཡང་རུང་སྟེ་མདོར་ན་རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་དམ་ཡེ་ཤེས་ལས་ངོ་བོ་གཞན་དུ་གྱུར་པའི་རང་བཞིན་ནི་ཅི་ཡང་མེད་དེ་དོན་གཞན་དུ་མ་སྐྱེས་པས་ཀུན་རྫོབ་པའི་སྐུ་དང་དོན་དམ་པའི་བདེ་བ་ཐ་དད་མེད་པར་གནས་པའམ་དབྱེར་མེད་པས་ན། དེ་འདྲའི་བདེ་གཉིས་ཟུང་འཇུག་ཐོབ་པ་ན་རྒྱུ་གཅིག་པར་རྟོགས་པའོ། །སྤྱིར་ཆོས་དེ་རྟོགས་ན་ཆོས་དེ་ཐོབ་མི་དགོས་པ་ཡོད་མོད་ཀྱང་། འདི་ནི་བཤད་མ་ཐག་པར་མངོན་ནོ། །ཡིག་འབྲུའི་གྱིས་རྟོགས་པ་ནི། ཆོས་ཐམས་ཅད་མ་སྐྱེས་པའི་རང་བཞིན་དང་གཉིས་སུ་མེད་པར་ཞུགས་པའི་བདེ་ཆེན་ནི་ངེས་དོན་གྱི་ཨ་སྟེ་གསུང་གི་རང་བཞིན། མ་སྐྱེས་པ་ཉིད་དམ་ཡེ་ཤེས་རྣམ་པར་མི་རྟོག་པ་ཡུལ་མིང་ཡུལ་ཅན་ལ་བཏགས་པ་དེ་ཉིད་ཀུན་རྫོབ་ཕྱག་རྒྱ་སྒྱུ་མར་སྣང་ཞིང་བྱ་བ་བྱེད་ནུས་པ་ནི་ཨོ་སྟེ་སྐུའི་རང་བཞིན། དེ་ལྟར་རྟོག་པའི་རིག་པ་ལྷན་སྐྱེས་བདེ་མཆོག་སྒྱུ་མའི་ཡེ་ཤེས་མཐའ་དང་དབུས་མེད་པ་ཞེས་ལུས་ལྟ་བུའི་སེམས་དང་། སེམས་ལྟ་བུའི་ལུས་ཀྱི་རྣམ་བཞག་དཔལ་ལྡན་ཟླ་བ་གྲགས་པས་བཀྲལ་ནས་གསུངས་པ་ལྟ་བུ་ནི་ༀ་གྱི་དོན་ཏེ་ཐུགས་ཀྱི་རང་བཞིན་དུ་རྟོགས་པའོ། །དེའང་ཡེ་ཤེས་ལ་གསུང་དང་། གཉུག་མའི་ལུས་ལ་སྐུ་དང་། དེ་གཉིས་དབྱེར་མེད་ལ་ཐུགས་སུ་གསུངས་པ་ནི་སེམས་དཔའ་སུམ་བརྩེགས་ཀྱི་གོ་བའི་སྟེང་ནས་ཤེས་པར་བྱ་བ་ཁོ་བོའི་ཞེ་འདོད་ཡིན་ཏེ། འདི་ལྟར་འོད་གསལ་ནམ་མཁའི་གཟུགས་ཅན་གྱི་སེམས་ཆེན་པོ་དེའི་བཞོན་པ་གཞོམ་དུ་མེད་པའི་ན་དཱ་ནི་རྟོགས་པ་གསུམ་པའི་སྐབས་སུ་འཆད་འགྱུར་ལྟར་ཡེ་ཤེས་སེམས་དཔའ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དཔེ་འབར་བའི་རྣམ་པར་བཞེངས་པ་ཡིན་ལ། དེ་དང་ངོ་བོ་དབྱེར་མི་ཕྱེད་པའི་བདེ་བ་ཆེན་པོ་གཉུག་མའི་ཡིད་ནི་ཏིང་ངེ་འཛིན་སེམས་དཔའ་ངེས་པ་དོན་གྱི་ཡི་གེ་ཡིན་ཏེ། བཤད་རྒྱུད་རྒྱ་མཚོ་ལས། མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །ཅེས་སོ། །དེ་གཉིས་ཀའང་དམ་ཚིག་སེམས་དཔའི་ཐུགས་ཀྱི་གསང་བར་ངེས་པར་ན་ཐུགས་སུའང་གསུངས་པ་སྐུ་ཐུགས་དུ་མ་རོ་གཅིག་ལ་གོ་བ་སྐྱེད་པའི་ཆེད་དུ་ཡིན་ཞེས་སྨྲའོ། །རྟོགས་ཚུལ་འདིས་ཀྱང་རྒྱུ་གཅིག་པའི་སྐབས་ཀྱི་བརྗོད་བྱ་དེ་སླར་ཡང་དཔེས་བསྟན་པ་ཙམ་ཞིག་མཛད་པའོ། །བྱིན་གྱིས་བརླབས་ཀྱིས་རྟོགས་པ་ནི། དཔེར་ན་རས་དཀར་པོ་ལ་དམར་པོར་བྱིན་གྱིས་རློབ་པའི་མཐུ་བཙོད་ལ་ཡོད་པ་བཞིན་དུ། གཉུག་མའི་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་གདོད་ནས་རང་བཞིན་དག་པའི་སངས་རྒྱས་ཡིན་པ་ལ་རྣལ་འབྱོར་པས་ཐབས་ཁྱད་པར་ཅན་གྱིས་དག་པ་མཐར་ཕྱིན་པའི་སངས་རྒྱས་གསང་ཆེན་རིགས་གཅིག་ཏུ་ངེས་པར་བྱིན་གྱིས་རློབ་པའི་མཐུ་ཡང་བདེ་བ་ཆེན་པོའི་རྫོགས་རིམ་ལ་ཡོད་དེ། ཡོད་ཚུལ་ནི་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གྱིས་སྔར་བསྟན་པ་བཞིན་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་ཀྱིས་རང་གི་སྣང་ཆ་ཤིན་ཏུ་ཕྲ་བའི་རླུང་དེ་ཉིད་རྡོ་རྗེ་འཛིན་པའི་གཟུགས་སྐུར་སྦྱོང་ཞིང་བྱིན་གྱིས་རློབས་པ་སྟེ། ཟབ་པའི་བདེ་ཆེན་མ་རྟོགས་པ་དེ་སྲིད་དུ་རྒྱ་ཆེ་བའི་སྐུ་དེའང་རྟོགས་མི་སྲིད་ལ། ཟབ་པའི་ཡེ་ཤེས་ལ་ནུས་པ་ཅི་ཙམ་ཐོབ་པ་དེ་ཙམ་དུ་ཟབ་གསལ་གཉིས་མེད་ཀྱི་སྐུའི་ཁྱད་པར་ཡང་གོང་ནས་གོང་དུ་འཇུག་པའི་གནད་མཐའ་ཆོད་པ་ཞིག་གི་སྟེང་ནས་ཡུན་རིང་པོར་ཚོལ་དགོས་པ་ཡིན་ནོ། །དེ་ནི་བྱིན་གྱིས་བརླབས་ཀྱིས་རྟོགས་པའོ། །མངོན་སུམ་པར་རྟོགས་པ་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་གནས་པ་དེའང་། གསང་སྔགས་བླ་མེད་ཀྱི་རྒྱུད་སྡེའི་ལུང་དང་མི་འགལ་ཞིང་། བླ་མ་རྩ་བཤད་ཀྱི་རྒྱུད་དོན་རྙེད་པའི་མན་ངག་དང་འགལ་བའང་མ་ཡིན་ལ། ཐོས་བསམ་གྱིས་སྒོ་ནས་ལུང་དང་མན་ངག་གི་ཚིག་ལ་ཐོས་རྒྱ་མང་བ་དང་། དོན་ལ་དཔྱད་སྟོབས་རྫོགས་པ་ཙམ་ཞིག་ལ་གདེང་འཆའ་ཞིང་བརྟེན་བཅས་པ་ཡང་མ་ཡིན་པར། བསྒོམ་བྱུང་གི་རྩལ་ཡོངས་སུ་རྫོགས་པའི་སྒོ་ནས་རང་གི་རིག་པའི་བློས་གཏིང་དུ་ཡིད་ཆེས་ཤིང་བརྟན་པ་ཐོབ་པས་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་དྭངས་པའི་མཁའ་ལ་འཇའ་ཚོན་ལྟར་ཤར་བའི་ཏིང་ངེ་འཛིན་མངོན་སུམ་དུ་རྟོགས་པའོ། །མངོན་སུམ་དུ་རྟོགས་ཚུལ་འདི་ལ་ནི་དོན་གྱི་འོད་གསལ་མཐར་གཅིག་ཏུ་མི་དགོས་སོ། །དེ་ལྟར་ན་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གཉིས་ཀྱིས་ཟུང་འཇུག་གི་གོ་འཕང་དངོས་བསྟན། བྱིན་གྱིས་བརླབས་པ་དང་། མངོན་སུམ་པའི་ཚུལ་གཉིས་ཀྱིས་གོ་འཕང་དེ་འགྲུབ་ཚུལ་བསྟན་པ་ཡིན་པས། འོད་གསལ་རྫོགས་པ་ཆེན་པོའི་ལུགས་ལ་རི་སྟོང་གཞོན་ནུ་བུམ་སྐུའི་གོ་འཕང་སྒྲུབ་ཚུལ་སྣང་བ་རྣམ་པ་བཞིའི་ལམ་ནས་བསྟན་པའི་ཤིང་རྟའི་སྲོལ་ཆེན་པོ་དེ་མ་གཏོགས་པ། ཧེ་རུ་ཀ་གལྤོ་ལ་སོགས་པའི་ཕ་རྒྱུད་དང་མ་རྒྱུད་ཀྱི་ལམ་མཐའ་དག་གིས་ཆིངས་ཡང་རྫོགས་རིམ་པའི་ཟུང་འཇུག་གི་གོ་བ་འདིས་བྱེད་པས་ལམ་དུམ་བུ་བ་ཞིག་ཏུ་གཟུང་བར་བྱས་ན་མི་རིགས་པ་ཤིན་ཏུ་ཆེན་པོ་སྟེ། གཏན་ལ་ཕབ་སྟེ་སྤྲོས་ན་མཐའ་ཡས་སོ། །ཚུལ་འདི་ལྟ་ཡང་དག་པའི་ལམ་གྱིས་ཡིད་ཆེས་པ་ནི་སྔགས་བླ་མེད་སྤྱིའི་ལམ་ལ་ཡིད་ཆེས་པ་ཡིན་ཏེ། རྟོགས་པ་རྣམ་པ་བཞིའི་དོན་རྡོ་རྗེ་སྐུའི་རྣལ་འབྱོར་དང་། བདེ་ཆེན་ཟབ་མོའི་རྣལ་འབྱོར་གཉིས་ཇི་ལྟ་བ་བཞིན་དུ་རིག་པ་ཉིད་ནི་རྣལ་འབྱོར་པ་བླ་མེད་ཀྱི་སྔགས་ལ་ཞུགས་པའི་ལམ་གྱི་གཙོ་བོ་སྟེ། གལྤོ་ལས། བདེན་པའི་དགོངས་པ་རྣམ་པ་གཉིས། །ཀུན་རྫོབ་དོན་དམ་བཤད་པ་གྱིས། །ཞེས་རྒྱུད་དོན་བདེན་པ་གཉིས་ཀྱིས་རྫོགས་རིམ་དུ་བསྡུས་པ་དེ་ལ་གོ་བའི་རླབས་ཆེན་པོ་ཡོད་པའི་ཕྱིར་རོ། །གལྤོའི་ལུང་དོན་དེ་ནི། བདེན་པ་གཉིས་ཀྱི་རྫོགས་རིམ་འབའ་ཞིག་ལ་འདོད་མི་དགོས་ཀྱི། རྫོགས་རིམ་ཁོ་ན་ནི་ལམ་ཉི་ཚེ་བ་ཡིན་པས་ལམ་དེ་ལ་སྣོན་པ་གཞན་ཞིག་དགོས་སོ་སྙམ་ན་ནི་རྡོ་རྗེ་འཆང་གི་རྒྱུད་ལུང་དཔང་པོར་བཞག་སྟེ་རྒྱུ་མཚན་གྱི་རིགས་པ་འདོད་དགུར་བསྙད་པས་ཆོག་པ་བློ་གྲོས་ཆེན་པོ་རྣམས་ཀྱིས་མཁྱེན་པ་ཉིད་ནའང་མ་བརྗོད་དོ། །དེའང་རྩ་རྒྱུད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་རྒྱུ་ལམ་བསྒྲུབ་པའི་འབྲས་བུ་ཕྱི་རོལ་ནས་འབྱུང་བའི་དུས་ལ་ལྟོས་དགོས་པ་ལྟ་བུ་མ་ཡིན་གྱི། རང་གིས་མངོན་སུམ་དུ་རྟོགས་ཤིང་ཡིད་ཆེས་ཏེ་བསྒོམ་པའི་རྣལ་འབྱོར་གྱི་མཐུས་རང་གི་ཤིན་ཏུ་ཕྲ་བའི་སྒོ་གསུམ་ཉིད་སངས་རྒྱས་སུ་འགྱུར་བར་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ནི། སླར་ཡང་མཚན་ཉིད་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པར་བཞེད་དེ། རྟོགས་པ་བཞིའི་དོན་དེ་གང་གིས་འགྲུབ་ན། འབྲས་བུ་རྣམ་པར་དག་པ་ཚུལ་བཞིའི་སྒོ་ནས་འཇུག་པར་བྱ་བ་འདི་ཡོངས་སུ་སྒྲུབ་པ་ལ་ནི་མཚན་ཉིད་གསུམ་གྱིས་སྔགས་པའི་འདོད་དོན་མཐར་ཕྱིན་པར་འགྱུར་ཏེ། བཤད་མ་ཐག་པའི་རྟོགས་པ་རྣམ་པ་བཞིའི་ཚུལ་དེ་ཤེས་རབ་ཀྱིས་མ་ནོར་བར་རིག་པ་ནི་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཞེས་བཤད་དོ། །དེའི་རྗེས་སུ་སྟོང་པ་ཆེན་པོ་ལ་སོགས་པའི་རྣལ་འབྱོར་ལྔས་ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ཏོ། །རྣལ་འབྱོར་ལྔ་པོ་རེ་རེ་ཞིང་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་གྱི་ཉམས་ལྔ་རྫོགས་སུ་སློབ་ཚུལ་ནི་སྒྱུ་འཕྲུལ་ལམ་རིམ་དུ་བལྟ་ལ། ཁ་ཅིག་ཚོགས་ལམ་གྱི་རྣལ་འབྱོར་བཞི་དང་། སྦྱོར་ལམ་གྱི་རྣལ་འབྱོར་གཅིག་ཅེས་འཆད་བཞིན་དུ། རྫོགས་རིམ་དང་སྦྱར་བའི་རྣལ་འབྱོར་ལྔ་ཞལ་གྱིས་འཆེས་པ་དེ་དག་ལ་ནི་སྔགས་བླ་མེད་ཀྱི་སྦྱོར་ལམ་ལ་ཞུགས་པའི་ཚད་དེ་གང་ཡིན་ཞེས་འདྲི་བར་བྱ་སྟེ། རྫོགས་རིམ་དུ་མ་ཞུགས་པའི་བླ་མེད་ཀྱི་སྦྱོར་ལམ་ལ་ཞུགས་པ་མེད་པ་ནི་རྒྱུད་སྡེ་འདི་སྐོར་དང་། འོད་གསལ་རྫོགས་ཆེན་གང་གི་ལུགས་ལའང་འདྲ་བའི་ཕྱིར་ཏེ། དེ་ལྟར་ལུང་དང་རིགས་པས་འགྲུབ་པའི་ཕྱིར་རོ་ཞེས་རྟགས་གཉིས་པ་སྤྲོས་པས་མཆོག་པའི་ཕྱིར། དེས་ན་རྣལ་འབྱོར་ལྔ་པོ་གང་རུང་སྟེ་ལའང་རིམ་པ་གཉིས་ཀྱི་ཆར་གྱུར་ན་གཉིས་རེ་ཡོད་ལ། ཚོགས་སྒྲུབ་སྐོར་དུ་ཞིབ་ཆ་དགོས་པ་མང་བ་སོགས་སྣང་ཡང་འདིར་ཡི་གེ་ཉུང་ངུར་འདོད་པས་བཞག་གོ། །ཏིང་ངེ་འཛིན་གོམས་པའི་མཐུས་སློབ་པ་མིན་པའི་ཟུང་འཇུག་མངོན་དུ་གྱུར་པ་ནི་འབྲས་བུའི་མཚན་ཉིད་དོ། །མཚན་ཉིད་དེ་གསུམ་གྱིས་གོ་རིམ་བཞིན་དུ་འབྲེལ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་སྟོན་ཏེ། དེ་ལ་འབྲེལ་པ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་སུ་བཏགས་པ་ཐམས་ཅད་ཡེ་གདོད་མ་ནས་གཉུག་མའི་སྐུ་གསུང་ཐུགས་གསུམ་གྱི་བདག་ཉིད་དང་རང་རྩལ་ཏུ་མ་གྱུར་བ་མེད་པས་སྔར་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གྱི་སྐབས་སུ་བྱུང་བ་ལྟར་སྲིད་ཞི་མཉམ་པ་ཉིད་ཀྱི་རང་བཞིན་གྱིས་སངས་རྒྱས་པའི་གཞིའི་དབྱིངས་འོད་གསལ་དོན་དམ་པ་བདེན་པ་དང་། རང་མདངས་ཡེ་ཤེས་ཀྱི་གསལ་ཆ་འཇའ་ལུས་གསང་ཆེན་རིགས་གཅིག་ཏུ་བྱིན་གྱིས་རླབས་པའི་གཞིའི་དོན་དུ་རྟོགས་པ་ནིརྒྱུ་ཤེས་པའི་མཚན་ཉིད་དོ་ཞེས་གོང་དུ་ཡང་བཤད་ཟིན་པའི་ཕྱིར་རོ། །འདི་དགོས་འབྲེལ་གྱི་ནང་ནས་འབྲེལ་བ་དང་མཚན་ཉིད་གསུམ་གྱི་ནང་ཚན་ལྟ་བ་གཉིས་སྦྱར་ཏེ་གསུངས་པའི་རྒྱུ་མཚན་དུ་འགྲོའམ་མི་འགྲོ་མི་འགྲོ་ན་ཡང་ཟློས་ཙམ་དུ་ཟད་ལ། འགྲོ་ན་རྒྱུ་མཚན་དེ་བཤད་དགོས་སོ་ཞེ་ན། འབྲེལ་པ་དངོས་ནི། ལྟ་བ་དང་ཏིང་ངེ་འཛིན་གཉིས་གཙོ་བོར་བདག་གཅིག་འབྲེལ་དང་། དེ་དང་འབྲས་བུ་གཉིས་ཕལ་ཆེར་དེ་བྱུང་འབྲེལ་དུ་འོང་མོད་ཀྱི། ལྟ་བ་དང་ཏིང་ངེ་འཛིན་དེ་བྱུང་འབྲེལ་ཡིན་པའང་ཡོད་དོ། །དེ་ལྟ་ནའང་ལྟ་བ་ལ་འབྲེལ་བར་གསུངས་པ་ནི་དཔེར་ན་ཕར་ཕྱིན་ཐེག་པར་སེམས་བསྐྱེད་ཐེག་ཆེན་ལམ་གྱི་སྡོམ་པ་བཞག་པ་བཞིན་ཏེ། བསྐྱེད་རྫོགས་གང་ཡིན་ཀྱང་འབྲས་བུ་སྐུ་གཉིས་ཀྱི་དངོས་རྒྱུར་འགྲོ་བ་ལ་ལྟ་བས་ལམ་དང་འབྲས་བུའི་ཚུལ་གྱི་སྤྱིར་ཤར་བ་ཞིག་དགོས་པས་ལྟ་བ་ནི་ལམ་གོང་འོག་གི་འབྲེལ་སྦྱོར་བྱེད་ཡིན་ཏེ། ཤེས་རབ་ཀྱིས་དཀྱུས་མ་མཐོང་ན་ཏིང་འཛིན་གྱི་རྟ་རྒྱུག་པ་མི་འོང་བའི་དོན་ནོ། །ལྷའི་རྣམ་པ་ལམ་དུ་གང་བྱས་ཐམས་ཅད་ཀྱང་སངས་རྒྱས་ང་རྒྱལ་ཆེན་པོའི་ཏིང་ངེ་འཛིན་དུ་འགྲོ་བ་ནི་ལྟ་བས་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་ཚུལ་ལ་ངེས་པ་རྙེད་དེ་བསྒོམ་པའི་ལག་རྗེས་ཡིན་གྱི། ཞི་བ་དགོད་ཁ་ཡལ་ལེ་བ་དང་། ཁྲོ་བོ་སྡང་མིག་ཅེ་རེ་བ་ཙམ་ཞིག་བསྒོམ་པས་བླ་ན་མེད་པའི་སངས་རྒྱས་ཀྱི་གཟུགས་སྐུ་མི་འགྲུབ་པ་བཞིན་དུ་བསྐྱེད་རྫོགས་ཀྱི་ཁོག་གཞན་ལ་ཡང་རིགས་པ་སྦྱར་བར་བྱ་སྟེ་སླའོ། །དེའི་ཕྱིར་ལྟ་བ་ལ་སངས་རྒྱས་སུ་འགྲུབ་པའི་རྒྱུ་ཡིན་པའི་དོན་དུ་འབྲེལ་བ་ཞེས་བྱའོ། །དེའང་དང་པོ་ལྟ་བ་རྟོགས་པ་ཁོ་ནས་མི་ཆོག་གི། དེ་རྟོགས་པའི་དགོས་པ་ཅི་འདྲ་བ་ཞིག་བྱེད་པ་ནི། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་དང་། རྣལ་འབྱོར་པ་ལ་ཡེ་ཤེས་གསལ་བ་དང་དངོས་གྲུབ་འགུགས་པའི་སྒོ་ནས་སྒྲོན་མ་དང་ལྕགས་ཀྱུ་ཞེས་པའི་སྒྲས་རྒྱུད་ནས་བསྔགས་པ་སྨན་ཤ་ལྔ་དང་བདུད་རྩི་ཆེན་པོ་ལྔ་ལ་སོགས་པར་བཏགས་པ་ཐམས་ཅད་ཡེ་ནས་གཞིའི་ཆོས་སྐུ་རིག་སྟོང་མཉམ་རྫོགས་ཆེན་པོའི་རོལ་རྩལ། དུ་མ་རོ་གཅིག་གི་ངང་ལ་སངས་རྒྱས་པའི་མཉམ་པ་ཆེན་པོ་མི་མཉམ་པ་མེད་པའི་དོན་ལ་རིམ་གཉིས་ཀྱི་རྟོག་པ་ཀློང་དུ་གྱུར་པའི་སྒོ་ནས་བླང་དོར་མེད་པར་སྤྱོད་པ་སྟེ། དེའང་ལས་དང་པོ་པ་དང་གྲུབ་པ་དང་ཐམས་ཅད་མཁྱེན་པ་ལ་སོགས་པའི་རིམ་པའམ། ཡེ་ཤེས་ཅུང་ཟད་ཕེབས་པ་དང་། ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པ་ལ་སོགས་པའི་ངེས་པས་རང་གི་རྒྱུད་ཚོད་དང་བསྟུན་ཏེ་སྤྱོད་པར་གསུངས་སོ། །འདིའི་སྤྱོད་པ་ཞེས་གསུངས་པ་ནི་ཉེ་རྒྱུའི་སྤྱོད་པ་ཁོ་ན་ལ་མི་བྱ་ཞིང་། བདུད་རྩི་ལྔ་ལ་ལོངས་སྤྱོད་པ་རྐྱང་པ་ཡང་མིན་ཏེ། གཞུང་དེའི་དེ་མ་ཐག་པར། འཇུག་པའི་མཚན་ཉིད་དོ་ཞེས་ཏིང་ངེ་འཛིན་གྱི་མཚན་ཉིད་དུ་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ཡེ་ནས་སངས་རྒྱས་པའི་མཉམ་པ་ཆེན་པོ་ཞེས་གསུངས་པའི་ནུས་པ་དེ་རྩལ་དུ་འདོན་པ་གལ་ཆེ་བས་དེ་འདྲའི་མཉམ་པ་ཉིད་ཀྱི་དོན་དེ་སྤྱོད་ཡུལ་དུ་བྱེད་པའི་དོན་ཡིན་ཞིང་། དེའི་ཡན་ལག་རྣམས་ཀྱང་དེར་བསྡུའོ། །ཏིང་ངེ་འཛིན་དེ་ནི་བླ་ན་མེད་པའི་སངས་རྒྱས་སུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་ལྟ་བ་རྟོགས་པའི་དགོས་པ་སྟེ། སངས་རྒྱས་སྒྲུབ་པའི་ལམ་གྱི་རྩེ་མོ་གསང་སྔགས་བླ་མེད་ཀྱི་རྣལ་འབྱོར་ཐུན་མོང་མ་ཡིན་པ་ཐམས་ཅད་རིམ་པ་གཉིས་ཀྱི་ཕྱོགས་སུ་འདུ་བར་རྒྱུད་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་མིན་པར་ཚིག་འདིས་བསྐྱེད་རྫོགས་ཕྱོགས་རེ་བ་ཙམ་ཞིག་བསྟན་པ་ཡིན་ན་བླ་མེད་ལུགས་ཀྱི་ཐུན་མོང་མ་ཡིན་པའི་རྣལ་འབྱོར་གྱི་ཆིངས་རྫོགས་པར་མི་འགྱུར་རོ། །ཀླུའི་ཞབས་ཀྱིས། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་རིམ་གཉིས་གོ་རིམ་བཞིན་དུ་བགྲོད་དགོས་པར་གསུངས་པ་བཞིན་ནོ། །དགོས་པའི་ཡང་དགོས་པ་ནི། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་སྤྱི་དང་། སྨན་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་རྣལ་འབྱོར་པའི་ལོངས་སྤྱོད་ཀྱི་ཁྱད་པར་དུ་བཏགས་པ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་མཉམ་པ་ཆེན་པོའི་ངང་དུ་བླང་དོར་བསལ་བཞག་མེད་པར་འཇོག་པའི་ལྟ་བ་དང་ཏིང་ངེ་འཛིན་རྣམས་གོང་ནས་གོང་དུ་ནུས་པ་བརྟན་ཞིང་གསལ་སྣང་འཕེལ་བའི་ལག་རྗེས་སུ། རྩ་རྒྱུད་སྙིང་པོར། ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཅེས་སོགས་གསུངས་པ་བཞིན་དུ་ནམ་ཞིག་ན་འབད་རྩོལ་མེད་པར་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་ངང་གཅིག་ཏུ་ལྷུན་གྱིས་གྲུབ་པའི་ཕྱིར། མ་དག་པའི་གནས་སྐབས་ནས་ཀྱང་སྲིད་པའི་འཁོར་བ་ཉིད་ཡེ་ནས་བླ་ན་མེད་པར་སངས་རྒྱས་པའི་བསྒྲུབ་གཞིའི་རང་བཞིན་དེ། འདིར་ལམ་བསྒོམ་སྟོབས་ཀྱིས་དག་པ་གཉིས་ལྡན་མྱ་ངན་ལས་འདས་པའི་མཚན་ཉིད་དམ་བདག་ཉིད་ཅན་གྱི་སྐུ་དང་ཡེ་ཤེས་ཕྲིན་ལས་དང་བཅས་པའི་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་སྟེ། ལྷུན་གྱིས་གྲུབ་པར་བསྟན་པའི་ཚིག་སྔ་མ་ལམ་མཐར་ཕྱིན་པའི་སྒོ་ནས་བསྔགས་པ་དང་། འདིས་གཞི་དུས་ཀྱི་སྐྱེ་འཆི་བར་དོ་གསུམ་བླ་ན་མེད་པའི་འབྲས་བུ་ཆོས་སྐུར་བསྒྱུར་བའི་སྒོ་ནས་བསྔགས་པ་སྟེ། ལྡོག་ཆའི་དབང་གིས་ཡིན་ནོ། །དེ་ནི་འབྲས་བུའི་མཚན་ཉིད་དེ། མདོར་ན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་གང་ལ་མངོན་སུམ་དུ་གྱུར་པ་ནི་དགོས་པའི་ཡང་དགོས་པའོ། །མི་ཟད་པ་ཞེས་པ་རྒྱུན་གྱིས་རྟག་པའི་དོན་དང་། རྒྱན་ཞེས་པའི་ཆོས་ཀྱི་དབྱིངས་རྒྱས་པར་འགེང་པའི་རྒྱན་ཏེ་རྒྱ་མ་ཆད་པའི་དོན་དང་། འཁོར་ལོ་ཞེས་པ་གདུལ་བྱའི་རྒྱུད་ཀྱི་སྒྲིབ་པའི་དྲྭ་བ་མཐའ་དག་གཅོད་པའི་དོན་ནོ་ཞེས་བླ་མ་རྣམས་གསུང་ངོ་། །གསུམ་པ་ནི། དེ་ལ་བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའི་དོན་ཏེ་བསྙེན་སྒྲུབ་ཡན་ལག་བཞི་ཡོངས་སུ་རྫོགས་པ་ལྷུན་གྱིས་གྲུབ་པར་གྱུར་པའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །སྤྱི་བསྐྱེད་རྫོགས་ཀྱི་ལམ་ཐམས་ཅད་བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་སུ་བཅིང་བ་ནི་ཟབ་མོ་གཏེར་གྱི་ཕྱོགས་ལ་ཡོངས་གྲགས་ཡིན་པར་མ་ཟད། སྔ་འགྱུར་གྱི་རྒྱུད་སྡེ་ཆེན་པོ་རྣམས་དང་། ན་རོ་ཏ་པའི་འདུས་པ་རྒྱུད་ཕྱི་མའི་འགྲེལ་པ་དང་། བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་ལ་སོགས་པར་ཡོངས་སུ་གྲགས་པའི་ཤིང་རྟ་ཆེན་པོའི་ལུགས་སྲོལ་ཡིན་ཏེ། བསྙད་པས་ཆོག་གོ། །དེ་ལ་བསྙེན་པ་ནི། བྱང་ཆུབ་ཀྱི་སེམས་ཤེས་པ་སྟེ། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །ཞེས་པ་ལྟར་བསྒོམ་མོ། །དེའང་ཆོས་ཐམས་ཅད་ཡེ་ནས་རང་བཞིན་རྣམ་དག་གི་སངས་རྒྱས་སམ་ཆོས་ཉིད་ཤིན་ཏུ་རྣམ་པར་དག་པའི་དབྱིངས་མཐའ་བཞིའི་མཚན་མ་དང་བྲལ་བའི་གཤིས་སུ་གཉིས་སྣང་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་རང་བཞིན་གྱིས་མཉམ་པར་བཞག་པ་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །དེ་ལྟ་བུའི་ངང་དུ་འཇོག་ཚུལ་ཡང་ཤེས་བྱའི་ཡིན་ལུགས་དེ་ཉིད་ལམ་གྱིས་གསར་དུ་བསྒྲུབ་ཅིང་གཉེན་པོས་བཅོས་སུ་མེད་དེ། རྗེ་བཙུན་འཕགས་པས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཞེས་དང་། རྩ་བའི་རྒྱུད་ལས། དངོས་རྣམས་ཉིད་ནི་དངོས་མེད་པར། །རྟོགས་པའི་དབང་བསྒྱུར་ཏིང་འཛིན་ཡིན། །ཞེས་པ་ལྟར་ཡེ་ཇི་བཞིན་པའི་ངང་ལ་བསལ་བཞག་སྤྲོ་བསྡུ་མེད་པར་ལྷོད་དེ་བཞག་པར་བྱའོ། །འདི་ཡང་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ཕྱི་མས་སྒྲུབ་ཐབས་ཀུན་བཟང་དུ་ཤཱུ་ནྱ་ཏའི་སྔགས་དོན་རྣམ་ཐར་སྒོ་གསུམ་ལ་སྦྱར་ཏེ་གསུངས་པ་དང་གནད་གཅིག་གོ། །ཉེ་བའི་བསྙེན་པ་ནི། སྟོང་ཉིད་དེའི་ངང་ནས་ཆོ་ག་གསུམ་བསྐྱེད་ལྟ་བུའི་རིམ་པས་བདག་ཉིད་ལྷར་ཤེས་ཤིང་བསྒོམ་པ་སྟེ། དེའང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ཞེས་གསུངས་པ་ནི་སྔར་བཤད་པ་ལྟར་ཕུང་པོ་ལྔ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་བསྒྲུབ་གཞིར་གནས་པའི་དོན་དུ་བྱའོ། །དེ་ལྟར་གནས་པས་ན་བདག་ཉིད་ཀྱང་ཡེ་ནས་དག་པ་ལྷའི་རྟེན་གྱི་རང་བཞིན་ཡིན་གྱི། ད་ལྟ་ལམ་གྱིས་གསར་དུ་སྒྲུབ་པ་ནི་མ་ཡིན་པར་རྟོགས་པ་སྟེ་ཀྱང་གི་སྒྲས་ནི། གདགས་གཞི་ཕུང་པོ་རྣམས་གཞིའི་དཀྱིལ་འཁོར་དུ་གནས་པར་མ་ཟད། བཏགས་པའི་ཆོས་གང་ཟག་བདག་ཉིད་ཀྱང་ཞེས་སྦྱར་བར་བྱའོ། །སྒྲུབ་པ་ནི་ཡུམ་བསྐྱེད་པ་སྟེ། དེའང་ཡུམ་ཆེན་མོ་ཞེས་པ་གསང་བ་སྙིང་པོར་སྣང་བའི་དབྱིངས་དང་ཞེས་སོགས་གསུངས་པའི་ཐད་ཀྱི་འགྲེལ་པ་དགོངས་རྒྱན་དུ། རྟོགས་པའི་དུས་ན་ནམ་མཁའ་ལ་སོགས་པའི་འབྱུང་བ་ལྔ་དང་དག་པའི་དུས་སུ་དབྱིངས་༡ཕྱུག་མ་ལ་སོགས་པའི་རིགས་ཀྱི་བཙུན་མོ་ལྔ་ཡིན་པས་དེ་སྐད་ཅེས་བརྗོད་པར་གསུངས་སོ། །རྟོགས་པའི་དུས་སུ་ནམ་༣མཁའ་༤ལས་༢འབྱུང་བ་བཞི་དང་། དག་པའི་ཚེ་སྣང་བ་ཆེན་པོ་ཆོས་ཉིད་ཀྱི་དབྱིངས་ནས་ཡུམ་ཆེན་མོ་ཡེ་ཤེས་ཀྱི་ས་ཆུ་མེ་རླུང་བཞིར་སྣང་ཞིང་། དག་པ་དང་མ་དག་པའི་དུས་དེ་དང་དེའི་བརྟན་གཡོའི་བྱ་བར་རབ་འབྱམས་སུ་བྱེད་པའི་སྐྱེད་ཡུམ་ཡེ་ནས་ཡིན་པའི་ཕྱིར། དེ་ཉིད་བཙུན་མོ་རྣམ་པ་ལྔར་ང་རྒྱལ་བྱའོ། །སྒྲུབ་པ་ཆེན་པོ་ནི། ཐབས་ཡབ་དང་ཤེས་རབ་ལྷ་མོ་རྣམས་སྙོམས་འཇུག་གི་བདེ་བས་རོལ་པ་སྟེ། དེའང་རོལ་པ་ཙམ་ཞིག་མིན་གྱི་སྲས་འབྱིན་བྱེད་པའི་རིམ་པའོ། །ཇི་ལྟར་བྱེད་ན་ཡུམ་ཆེན་མོ་ལྔ་ཤེས་རབ་ཀྱི་བརྡ་དང་ཡུམ་གྱི་མཁའ་སྟོང་པ་ཉིད་མཚོན་བྱེད་ཀྱི་དབྱིངས་ལས་ཕུང་པོ་ལྔའི་དག་པ་སངས་རྒྱས་རིགས་ལྔར་སྦྱར་བའི་ཐབས་ཀྱི་ཆ་ཡབ་སྨོན་པ་མེད་པར་ཡེ་ནས་ཟུང་དུ་འབྲེལ་བ་ལས་བྱང་ཆུབ་སེམས་ཀྱི་སྤྲིན་སྤྲུལ་པ་ལྕམ་དྲལ་ཏེ་སེམས་དཔའ་དང་སེམས་མ་དང་འཇོམས་བྱེད་ཡབ་་ཡུམ་ལ་སོགས་པར་གྱུར་པའི་རང་བཞིན་ནི་ཞེས་པ་དེ་རྣམས་ཀྱི་དོན་དམ་བདེན་པ་ལ་མི་བྱའི་མེའི་རང་བཞིན་ཚ་བ་ཞེས་པ་ལྟར་ལྷ་ཚོགས་དེ་ཐམས་ཅད་བདེ་སྟོང་གི་རྣམ་རོལ་ཚུལ་གཅིག་ཏུ་འོག་ནས་འཆད་པར་སྦྲེལ་ཏོ། །སྔོན་གྱི་བླ་མ་རྣམས་ལ་ཡོང་སུ་གྲགས་པའི་སྒྱུ་འཕྲུལ་དཀྱིལ་ཆོག་རྣམས་སུ་སྲས་འབྱིན་དེ་ལྟར་བྱ་བ་ཞིག་ཞི་བའི་སྐབས་ནས་མི་འབྱུང་ཡང་། ཁྲོ་བོའི་སྒྲུབ་ཐབས་ལས་བྱུང་བ་དེ་གཉིས་རིགས་པ་མཚུངས་པར་མ་ཟད་གཞུང་འདི་ལ་གསུངས་པ་འདིས་ཀྱང་ཤེས་སོ། །ལྷ་ཐམས་ཅད་ཀྱང་རང་གི་སེམས་ཉིད་ཡེ་ནས་རང་བཞིན་རྣམ་དག་ཏུ་སངས་རྒྱས་པའི་དོན་ལ་སླར་ཡང་འབྲས་བུ་ལམ་བྱེད་ཀྱི་ངང་ལ་ཁྱད་པར་ཅན་བསྐྱེད་དེ། སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་ལུས་ཅན་དབྱིངས་ཀྱི་བཙུན་མོ་ལྔ་ལ་སྒྱུ་མ་ལྟ་བུའི་ཕུང་པོ་རྣམ་པར་དག་པ་རིགས་ལྔའི་མགོན་པོ་རྣམས་སྙོམས་འཇུག་གི་དགྱེས་པས་རོལ་ཞིང་། དེ་ལས་བྱུང་བའི་བདེ་མཆོག་ཡེ་ཤེས་སྒྱུ་མའི་རྒྱུན་ལ་འདོད་དགུར་སྤྱོད་པའི་དུས་ཉིད་ན་མཚན་མ་མེད་པའི་དོན་མི་དམིགས་མཁའ་དང་སྙོམས་པ་ནི་དེ་བཞིན་ཉིད་ཀྱི་ཀློང་དུ་ཐ་དད་མེད་པར་རྟོགས་པས་དབང་བསྒྱུར་ནས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་འཇུག་པ་སྟེ། ཞེས་ཡབ་ཡུམ་སྲས་གསུམ་དང་རྣམ་མཐར་སྒོ་གསུམ་སྦྱར་བ་ནི་སྤྱིར་རྣམ་ཐར་སྒོ་གསུམ་ལ་རྒྱུ་འབྲས་ངོ་བོ་གསུམ་ལ་སྦྱར་བ་དང་། བྱ་བྱེད་ལས་གསུམ་ལ་སྦྱར་བ་གཉིས་ལས་འདིར་ཕྱི་མའི་དབང་དུ་མཛད་པར་སྣང་ཞིང་། སྲས་བྱ་བར་བཞག་པ་ནི་བདེ་ཆེན་བསྐྱེད་པའི་བྱ་བ་ལ་བྱས་ནས་དེའི་སྣང་ཆ་སྲས་ཀྱི་རྣམ་པར་ཤར་བ་སྟེ། ཁ་ཅིག་ལོངས་སྤྱད་བྱ་སྤྱོད་བྱེད་སྤྱད་པའི་བྱ་བ་གསུམ་པོ་གོ་རིམ་བཞིན་དུ་བྱ་བ་དང་བྱེད་པ་དང་ལས་གསུམ་ལ་འདོད་པ་ནི་དཔལ་ལྡན་ཕྱོགས་གླང་གི་བཞེད་པ་མིན་ནོ། །སྤྱིར་སྲས་བསྐྱེད་ཙམ་ཞིག་བྱ་བར་བཞག་ན་ཀུན་བཏུས་རྩ་འགྲེལ་དང་མི་མཐུན་ཡང་། སྨོས་མ་ཐག་པ་ལྟར་བྱས་ན་འགྲིགས་པར་མངོན་ནོ། །དེར་ཡང་མ་ཟད་གསུང་བཟླས་བརྗོད་ཀྱི་རྣལ་འབྱོར་སྤྲོ་བསྡུའི་ཏིང་ངེ་འཛིན་ལ་བརྟེན་ནས་བདུད་རྣམ་པ་བཞིའང་བཏུལ་ནས་དངོས་གྲུབ་བསྡུ་བ་སོགས་རྒྱལ་བའི་མཛད་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་བར་གྱི་ཆོ་གའི་ཡན་ལག་རྣམས་མཐར་ཕྱིན་པའི་དོན་འགྲུབ་པའོ། །ཐུན་མོང་མ་ཡིན་པ་རྫོགས་རིམ་དང་སྦྱར་ན། བླ་མེད་ཀྱི་སྦྱོར་ལམ་དྲོད་ནས་བཟོད་པའི་བར་ནི་བསྙེན་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་འོད་གསལ་ཤེས་པའམ་དངོས་གནས་ལ་མཐོང་ཞིང་། བདག་ཉིད་ཡེ་ཤེས་སྒྱུ་མའི་ལྷའི་སྐུར་དངོས་གནས་སུ་སོང་བ་མེད་པའི་ཕྱིར་རོ། །ཆོས་མཆོག་ནི་ཉེ་བར་བསྙེན་པ་སྟེ། འཇའ་ཚོན་ལྟ་བུའི་སྒྱུ་མ་བདེ་བའི་མཆོག་གི་ལྷ་སྐུར་དངོས་སུ་སོང་བའི་ཕྱིར་རོ། །དེ་ནས་སླར་ཡང་རིག་མའི་འདོད་ཡོན་ཁྱད་པར་ཅན་ལ་བརྟེན་ནས་དོན་གྱི་འོད་གསལ་སྐྱེད་པ་ནི་སྒྲུབ་པ་སྟེ། ཡུམ་སྐྱེད་པ་མཆོག་ཡིན་པའི་ཕྱིར་རོ། །སླར་ཡང་ཟུང་འཇུག་རྡོ་རྗེ་ལྟ་བུའི་གཟུགས་སྐུར་བཞེངས་ཏེ། ཕྱོགས་དུས་མཉམ་པ་ཉིད་ཀྱི་སྤྲུལ་པའི་གཟུགས་རབ་འབྱམས་སུ་སྣང་བ་ནི་སྒྲུབ་པ་ཆེན་པོ་སྟེ། ཐབས་ཀྱི་སྐུ་དང་ཤེས་རབ་ཀྱི་ཐུགས་ཟུང་འབྲེལ་ཏུ་གྱུར་པའི་ཕྱིར་རོ། །དེ་ཡང་སྐུ་མཐར་ཐུག་དང་། ཡེ་ཤེས་མཐར་ཐུག་ལ་ཨེ་ཝཾ་དང་མ་ཡ་ཞེས་པའི་སྒྲས་བསྙད་པ་རྒྱུད་ན་མང་པས་དེ་ལ་བརྟེན་པའོ། །རྒྱས་པར་ཧེ་རུ་ཀ་གལྤོ་ལས་ཤེས་པར་བྱའོ། །བསྙེན་སྒྲུབ་བཞིའི་སྒྲ་བཤད་ལ་མི་འདྲ་བའི་བཤད་ཚུལ་འགའ་ཞིག་ཡོད་པ་སོགས་ཀྱང་གཞན་ལས་ཤེས་སོ། །དེ་དག་ཐམས་ཅད་ཀྱང་། བདག་ཉིད་ཆེན་པོ་པྲ་ཛྙཱ་རསྨིས། གསང་བ་སྙིང་པོ་དཔལ་ལྡན་འདུས་པ་སོགས། །བསྐྱེད་པ་མ་ཧཱ་ཡོ་ག་ཇི་བཞིན་ཏུ། །ཞེས་གསུངས་པའི་རྡོ་རྗེའི་ཚིག་ལ་དཔྱད་ནས་ཅུང་ཟད་འབྲུ་སྣོན་བྱས་པའོ། །བཞི་པ་ནི། ཆོས་ཐམས་ཅད་གདོད་མ་ཉིད་ནས་ངོ་བོ་རྣམ་པར་དག་པའི་ཆོས་ཉིད་ཡིད་བཞིན་གྱི་གཞལ་ཡས་ཁང་རྒྱ་ཡོངས་སུ་མ་ཆད་པའི་འཁོར་ལོར་གནས་པ་ལ། ཡེ་ནས་ཇི་ལྟར་ཡོད་པ་དེ་བཞིན་དུ་དེ་དང་རྣམ་པ་འདྲ་བའི་ཐབས་ཀྱིས་ལམ་དུ་བྱས་ཏེ་བླ་ན་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའང་། ཞེས་པའི་འང་སྒྲས་བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱར་ནས་རིམ་པ་གཉིས་བཤད་དུ་ཡོད་པར་མ་ཟད་ཅེས་བཤད་རྒྱུར་མངོན་ནོ། །དེ་ལ་རེ་ཞིག་དང་པོར་གསང་སྔགས་ཐབས་ཀྱི་ཐེག་པའི་རྒྱུད་སྡེ་དང་བསྟན་བཅོས་ཀྱི་གཞུང་གདམས་གང་ཏུ་འཆར་བའི་ཐོས་པ་མང་དུ་ཚོལ་བ་ནི་མིག་ཕྱེ་བ་སྟེ། གདོང་གཡོགས་མ་ཕྱེ་བར་དཀྱིལ་འཁོར་བལྟ་བ་མེད་པ་ཇི་འདྲ་བ་དེ་འདྲའོ། །དེ་ལྟར་ཐོས་པ་བསགས་པའི་མཐུས་རྒྱུད་དོན་ཕྱིན་ཅི་མ་ལོག་པར་དོན་སྤྱིའི་གོ་བ་རྣམ་དག་གི་སྟེང་ནས་རྟོགས་པ་ནི་དཀྱིལ་འཁོར་མཐོང་བ་སྟེ། འདི་ལ་རིགས་པ་ཕྲ་མོ་ཞིག་ཀྱང་ཡོད་དོ། །རྟོགས་པ་ནས་དོན་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པ་ནི་དཀྱིལ་འཁོར་མཐོང་ནས་དེ་ཉིད་དུ་ཞུགས་པའོ། །ཞུགས་ནས་བསྒོམ་སྟོབས་ཀྱིས་བདེ་བ་ཆེན་པོའི་ཏིང་འཛིན་མངོན་དུ་གྱུར་པ་ནི་དངོས་གྲུབ་ཆེན་པོ་ཐོབ་པའོ། །དེ་ལྟར་ན་ཚུལ་འདི་ལ་ནི་བསྐྱེད་པ་ནས་རྫོགས་པ་ཆེན་པོའི་བར་གྱི་ཡེ་ཤེས་ཀྱི་ཚུལ་ཆེན་པོ་མཐར་ཕྱིན་པའི་དོན་ཏོ། །ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཞེས་པ་རང་འགྲེལ་དུ་ཡེ་ཤེས་དང་མཚན་མའི་ཡི་གེ་གཉིས་མཛད་ཅིང་། ཕྱོགས་བཅུ་མུན་སེལ་དང་། ཡི་གེའི་སྤྲིན་འཕྲོ་བས་ཡི་གེ་འཁོར་ལོ་ཚོགས་ཆེན་ཞེས་སྤྲུལ་པ་ཆོ་འཕྲུལ་གྱི་ཡི་གེ་དང་། ཆོས་སྟོན་པ་བརྡའི་ཡི་གེ་རྣམ་པར་འཕྲོ་བ་ལ་མཛད། གཙང་ཊཱིཀ་ཏུ་ནི་ཡི་གེ་ཞེས་པ་ཆོས་ཐམས་ཅད་མིང་ཚིག་ཡི་གེས་བཏགས་ཙམ་མ་གཏོགས་རང་བཞིན་གྱིས་གྲུབ་པ་མེད་དེ། དེ་ལྟར་མེད་བཞིན་དུ་སྣང་ཆ་སྐུ་དང་ཡེ་ཤེས་ཀྱི་འཁོར་ལོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་ཡེ་རྫོགས་སུ་བཞུགས་པ་ཞེས་ཀྱང་བཤད་མོད། འོན་ཀྱང་ཡི་གེ་ནི་ཨཀྵ་རའི་སྒྲ་ལས་མི་འགྱུར་བ་ལ་འཇུག་པས་མཚན་བརྗོད་ལས། ཡི་གེ་མཆོག་སྟེ་རྣམ་པར་དག །ཅེས་པ་འགྲེལ་ཆེན་དྲི་མེད་འོད་དུ་དྲངས་པ་ན། མི་འགྱུར་མཆོག་སྟེ་རྣམ་པར་དག །ཅེས་འབྱུང་བ་ལྟར་འཕོ་འགྱུར་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་འཁོར་ལོའི་ཚོགས་ཆེན་པོ་འཕྲོ་བའི་དོན་ཏེ། ས་དེ་ལ་ཞེས་པ་མི་སློབ་ཟུང་འཇུག་ལ་བྱེད་པས་དེ་ཉིད་དུ་ལྷུན་གྱིས་གྲུབ་པའི་ཚུལ་ཏུ་འཇུག་པ་སྟེ། ལྷུན་གྱིས་གྲུབ་པའི་ཚུལ་དུ་འཇུག་ལུགས་ནི་ས་བརྒྱད་པ་ཡན་ཆད་ན་འབད་རྩོལ་རགས་པ་ཞི་བའི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ལྟ་བུ་ལ་མི་བྱའི། སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱས་འགྲུབ་པའི་དོན་ཡིན་ཏེ། སྐྱེས་པུ་བློ་རྩལ་རབ་ཀྱིས་ཕུང་ཁམས་ཐམས་ཅད་ཡེ་ནས་སངས་རྒྱས་ཀྱི་བསྒྲུབ་གཞིར་གནས་པའི་དོན་རིག་ནས་གོམས་པ་དྲག་རྡུལ་ལམ་ཤུགས་དྲག་ཏུ་འགྲོ་བ་ཡིན་ནོ། །དེའི་ཕྱིར་གཞི་དུས་ནས་ཡོད་ཡོད་པའི་ཆོས་ཤིག་ཐབས་མཁས་ཀྱིས་ལམ་དུ་བྱས་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དམ་པར་བགྲོད་པའི་སྔགས་བླ་མེད་ཀྱི་ཐབས་མཁས་ཁྱད་པར་ཅན་འདི་ནི། སྐྱེ་བོ་བློ་གྲོས་དམན་པ་ཕལ་གྱི་བྱ་བ་ནི་མ་ཡིན་ནོ། །དེའི་རྒྱུ་མཚན། ཕལ་གྱིས་ཐོས་ཏེ་ཇི་ལྟར་བསམ་ཀྱང་གནས་འདི་ཤིན་ཏུ་རྟོགས་པར་དཀའ་བས་ན་བདེན་ཞིང་མི་བསླུ་བ་དང་ཟབ་ཅིང་གཏིང་དཔག་དཀའ་བའི་དོན་ཡིན་པར་མི་ཤེས་པས་ཡིད་ཆེས་པར་མི་འགྱུར་རོ། །ཡིད་མ་ཆེས་པ་དང་སྐྱེ་བོ་ཕལ་ཆེར་གྱི་བློ་ལ་གོ་དཀའ་ཞིང་བདེན་པ་དང་ཟབ་པ་མ་ཤེས་པས་རང་ཉམས་དང་སྦྱར་ནས། གཞན་ཀུན་ཀྱང་དེ་དང་འདྲ་སྙམ་ནས་དེ་ཡང་ཡོགས་རྫུན་ནོ་ཞེས་སྐྱེས་བུ་རབ་ལ་སྐུར་པ་འདེབས་ཤིང་སུན་འབྱིན་པའི་བློ་སྐྱེ་པར་འགྱུར་པས་རབ་ཏུ་གསང་བར་བྱ་བ་ཡིན་པའི་ཕྱིར་ཡང་དེ་བཞིན་གཤེགས་པས་གསང་བའི་ཐེག་པ་ཞེས་བཀའ་སྩལ་ཏོ། །དེ་བས་ན་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་ལ་མ་ནོར་བར་རྟོགས་པའི་བློ་གྲོས་མ་སྐྱེས་ཀྱི་བར་དུ་མོས་པ་ཆུང་ངུ་ཐེག་པ་འོག་མ་པས་འགྲོ་བའི་དོན་བྱས་ན་སློབ་མའི་ཉམས་དང་མ་སྦྱར་བར་ཅི་ཐོད་ཐོད་དུ་ཆོས་བསྟན་པས་གདུལ་བྱ་ཆུད་ཟོས་སུ་འགྱུར་ཏེ། འཕགས་པ་ལྷས། གང་ཞིག་གང་གང་ལ་དགའ་བ། །དེ་ཡིས་དེ་ཉིད་སྔར་སྤྱད་བྱ། །ཉམས་པར་གྱུར་པར་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་སོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་གདུལ་བྱ་ཆུད་མི་ཟ་པའི་ཕྱིར་རམ་ཆེད་དུ། སློབ་དཔོན་གྱིས་འཁོར་བའི་སྐྱོན་དང་མྱ་ངན་ལས་འདས་པའི་ཡོན་ཏན་དང་། གཞན་ཡང་ཐུན་མོང་གི་ཐེག་པས་རྒྱུད་སྨིན་པར་བྱས་ནས་གདོད་ཐུན་མོང་མ་ཡིན་པའི་ཐེག་པ་ལ་གཞུག་པའི་སྒོ་མཐའ་དག་ལ་མཁས་པར་བྱ་བ་ཡིན་གྱི། མདོ་སྔགས་ཀྱི་ཐེག་པའི་ཕྱོགས་འགའ་ཡང་མི་ཤེས་པས་སློབ་དཔོན་གྱིས་བཟུང་དུ་མི་རུང་བར་རྒྱུད་སྡེ་རྒྱ་མཚོ་ནས་འབྱུང་ངོ་། །གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ལྟར་ལྟ་བའི་ཁྱད་པར་གྱིས་དེ་དང་འབྲེལ་བའི་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་ནང་ཕན་ཚུན་ཁྱད་འཇུག་པའི་བྱེ་བྲག་གི་དབྱེ་བ་མང་དུ་ཡོད་པར་འགྱུར་ཏེ། དེ་རྒྱས་པར་ཕྱེ་ན་སྨོས་ཀྱིས་མི་ལྡང་ཡང་། འདིར་ནི་དངོས་དང་ཞར་ལ་འོང་བ་གཉིས་སུ་བཤད་པར་བཞེད་དོ། །གཉིས་པ་ལ། ཞར་ལས་བྱུང་བ་དང་། སྐབས་དོན་དངོས་གཉིས། དང་པོ་ནི། དེ་ལ་དཀའ་ཐུབ་མེད་པ་ནི། འཇིག་རྟེན་ཕྱལ་བ་དང་མུར་ཐུག་གོ། །དེའི་རྒྱུ་མཚན། དེ་དག་ནི་ཐར་པ་ཐོབ་པའི་ཆེད་དུ་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་དོན་ལ་སེམས་པའི་སྒོ་ནས་དཀའ་ཐུབ་སྒྲུབ་པ་མེད་པའི་ཕྱིར་ཏེ། འདི་སྣང་གི་ཚེ་གང་པོ་ཙམ་ཞིག་གཙོ་བོར་འཛིན་པའི་ཕྱིར་རོ། །གཉིས་པ་ནི། དཀའ་ཐུབ་ཡོད་པ་གང་ཞེ་ན། དེ་ནི་རྣམ་པ་བཞི་སྟེ། འཇིག་རྟེན་གྱི་དཀའ་ཐུབ་དང་འཇིག་རྟེན་ལས་འདས་པའི་དཀའ་ཐུབ་གསུམ་མོ། །དེ་ལས་དང་པོ་ནི་རྒྱང་འཕེན་དང་མུ་སྟེགས་པ་སྟེ། རྒྱང་འཕེན་ཚེ་དང་ནོར་ལ་སོགས་པ་སྒྲུབ་པའི་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པ་ལ་གནས་པའི་ཕྱིར་དང་། མུ་སྟེགས་རང་གིས་འདོད་པའི་ཐར་པ་དོན་དུ་གཉེར་ཏེ་མེ་ལྔ་དང་ཕྱུགས་ཀྱི་བརྟུལ་ཞུགས་སོགས་ལུས་ལ་གདུང་པ་སྐྱེད་པའི་དཀའ་ཐུབ་སྤྱོད་པ་མང་བའི་ཕྱིར་རོ། །འོན་ཀྱང་རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཉེས་པ་ཤིན་ཏུ་ཚར་གཅོད་མིན། །ཞེས་དང་། འདི་ཡིས་ལྕི་ཉིད་ཟད་འགྱུར་གྱི། །གཟུགས་ཅན་མིན་ཕྱིར་སྡིག་ལྕི་མིན། །ཞེས་སོགས་ཀྱི་སྐབས་སུ་ཇི་སྐད་གསུངས་པ་ལྟར། ལུགས་དེ་དག་ལ་སྲིད་པའི་རྩ་བ་དང་འཛིན་སྟངས་དངོས་སུ་འགལ་བའི་ལམ་བསྒྲུབ་པ་མེད་པས་ཇི་ལྟར་བྱས་ཀྱང་འཇིག་རྟེན་ཏེ་སྲིད་པའི་ར་བ་ལས་མི་འདའ་བའི་ཚུལ། མ་ཏི་ཙི་ཏྲས། ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པའི། །སྐྱེ་བོ་མ་རིག་གིས་ལྡོང་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །སྡུག་བསྔལ་ཡང་འབྱུང་སྲིད་པ་བསྒྲུབས། །ཞེས་སོ། །དེའི་ཕྱིར་འཇིག་རྟེན་པའི་དཀའ་ཐུབ་དང་ཞེས་སྨོས་སོ། །ཕྱི་མའི་ཕྱོགས་ལ། ཉན་ཐོས་ཀྱི་དཀའ་ཐུབ་དང་། བྱང་ཆུབ་སེམས་དཔའི་དཀའ་ཐུབ་དང་། བླ་ན་མེད་པའི་དཀའ་ཐུབ་བོ། །དོན་ནི་དེར་ཟད་དེ། སླར་ཡང་དེ་གཞུང་དུ་བསྟན་པ་ནི། དེ་ལ་ཕྱལ་བ་ནི་རྒྱུ་འབྲས་ལ་རྨོངས་པའི་ཕྱིར་དཀའ་ཐུབ་མེད་པའོ། །མུར་ཐུག་པ་ནི་ཆད་པར་ལྟ་བའི་ཕྱིར་དཀའ་ཐུབ་མེད་པའོ། །རྒྱང་འཕེན་པ་ནི་ཚེ་འདིའི་ཁྱད་པར་སྒྲུབ་པའི་ཕྱིར་གཙང་སྦྲ་ལ་སོགས་པའི་དཀའ་ཐུབ་ཅན་ནོ། །མུ་སྟེགས་ནི་བདག་རྟག་པ་ཞིག་ཡོད་པ་དེ་དག་པར་བྱ་བའི་ཕྱིར་ལུས་སུན་འབྱིན་ཅིང་མེ་ལྔ་བརྟེན་པ་ལ་སོགས་པའི་དཀའ་ཐུབ་དང་བརྟུལ་ཞུགས་ལོག་པར་སྤྱོད་པའོ། །ཞེས་པ་རྣམས་གོ་སླའོ། །ཉན་ཐོས་ཀྱི་དཀའ་ཐུབ་ནི། འདུལ་བ་ལུང་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་པ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་འབྱུང་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་མཛད་ནས་ཉེས་སྤྱོད་ཀྱི་སྒོ་འཕར་གཅོད་པ་སྡིག་པ་ཅི་ཡང་མི་བྱ་བ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པའི་དབང་དུ་མཛད་ནས་སྤོང་བ་བསམ་གཏན་གྱི་འཁོར་ལོ་ལ་གནས་པ་དགེ་ཆོས་ཕུན་སུམ་ཚོགས་པར་སྤྱད་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པའི་དབང་དུ་མཛད་ནས་ཉོན་མོངས་པའི་འཆིང་བ་གཅོད་པ་རང་སེམས་ཡོངས་སུ་འདུལ་བ་སྟེ། སངས་རྒྱས་ཀྱི་བསྟན་པ་རྟོགས་པའི་ཆོས་རྣམས་ཀྱི་འགག་སྡོམ་ནི་དེ་ཙམ་དུ་འདུས་སོ་ཞེས་གསུངས་པའོ། །སྐབས་འདིའི་དྲང་མཚམས་ནི། དགེ་བ་དང་མི་དགེ་བའི་ཆོས་ཐམས་ཅད་ཀུན་རྫོབ་དང་དོན་དམ་པ་གཉིས་ཆར་བདེན་གྲུབ་ཏུ་སོ་སོ་ནས་ཡོད་པར་ལྟ་བ་དང་། ངེས་འབྱུང་གི་བསམ་པ་ཁྱད་པར་ཅན་གྱིས་ཡིད་དྲངས་ཏེ། སོ་སོ་ཐར་པའི་ཚུལ་ཁྲིམས་ཡང་དག་པར་བླངས་ནས། དགེ་བ་ནི་སྤྱོད། མི་དགེ་པ་ནི་སྤོང་པའི་དཀའ་ཐུབ་དང་བརྟུལ་ཞུགས་སྤྱོད་པ་སྟེ། གཙོ་བོར་རྐང་པ་དང་པོའི་ཚིག་དེའི་དྲང་མཚམས་དུ་འགྲོའོ། །དགེ་བ་དང་སྡིག་པ་བདེན་པ་གཉིས་ཀ་ན་གྲུབ་པར་བལྟ་ཞེས་པའི་སྐབས་སུ་རྩོད་ཚུལ་མང་ཡང་། ཉན་ཐོས་སྡེ་པའི་དབང་དུ་བཏང་ན་གང་དང་ཡང་འགལ་བ་མི་སྣང་ངོ་། །བྱང་ཆུབ་སེམས་དཔའི་དཀའ་ཐུབ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་ལས། རྐྱེན་དུ་འཚམས་པར་དོན་མི་བྱེད། །རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་འབྱུང་སྟེ། སེམས་ཅན་ཐམས་ཅད་སྲིད་པའི་སྡུག་བསྔལ་ལས་བསྒྲལ་འདོད་ཀྱི་སྙིང་རྗེ་ཆེན་པོའི་བློས་ཟིན་ན་ཆོས་ཐམས་ཅད་ཐེག་པ་ཆེན་པོར་འགྱུར་རོ། །ཆོས་ལ་སྒྲ་འཇུག་པའི་ཡུལ་བཅུ་ཡོད་པར་བཤད་ཀྱང་། སྐབས་འདིར་ལམ་ལ་ཆོས་ཞེས་གསུངས་པའོ། །དེའི་ཕྱིར་རྣམ་པའམ་ལྟར་སྣང་དུ་དགེ་བ་དང་མི་དགེ་བ་གང་སྤྱོད་ཀྱང་བྱང་སེམས་ཀྱི་སྡོམ་པ་ཉམས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་མདོར་ན་སྙིང་རྗེ་ཆེན་པོས་གཞི་བཟུང་ནས་སྤྱོད་དེ། གསང་ཆེན་ཐབས་ལ་མཁས་པའི་མདོར་དེད་དཔོན་སྙིང་རྗེ་ཆེན་པོའི་བྱུང་བ་བཞིན་ནོ། །དེ་བས་ན་ཚིག་འདི་ནི་རྒྱལ་བའི་སྲས་ཀྱི་སྤྱོད་པ་སྦྱིན་སོགས་ཐབས་དང་ཤེས་རབ་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཞེས་བྱ་བའི་མིང་འཐོབ་པ་ནི་རྩ་བ་སྙིང་རྗེ་ཆེན་པོ་ལ་རག་ལས་པས། དེས་ཟིན་ཅིང་སེམས་ཅན་གྱི་དོན་དུ་འགྱུར་ན་སྲོག་གཅོད་དང་བསྡིགས་བསྐྲད་ལ་སོགས་པ་རྣམས་ཀྱང་དགེ་བའི་ཚོགས་སུ་འགྱུར་ན་གཞན་ལྟ་ཡང་ཅི་སྨོས་ཞེས་པའི་དོན་ཡིན་གྱི། གསོད་གཅོད་རྒྱལ་པའི་སྲས་ཀྱི་དཀའ་ཐུབ་ཀྱི་སྡོམས་སུ་བསྟན་པ་དང་ལྟ་བུ་གཏན་མིན་ཏེ། རྒྱས་པར་དཔལ་ལྡན་ཞི་བ་འཚོའི་སྡོམ་པ་ཉི་ཤུ་པའི་འགྲེལ་བ་ལས་ཤེས་དགོས་པར་ཡོད་དོ། །བླ་ན་མེད་པ་སྔགས་ཀྱི་དཀའ་ཐུབ་ནི། དམ་ཚིག་ཆེན་པོའི་མདོ་ལས། སངས་རྒྱས་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱོད་ཀྱང་། །པདྨ་ལ་ནི་འདམ་བཞིན་ཏེ། །དེ་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་འབྱུང་སྟེ། དེའང་རྡོ་རྗེ་སྙིང་པོ་རྒྱན་ལས། འདོད་ཆགས་རྣམ་པ་བཞིའི་གཉེན་པོར་སྔགས་ཀྱི་རྒྱུད་སྡེ་ཆེན་པོ་བཞི་གསུངས་པར་བཤད་པ་ལྟར། སྔགས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ནི་ཉོན་མོངས་ལ་ལམ་བྱེད་ཀྱི་ཐབས་མཁས་ལ་འཇུག་ནུས་པའི་གང་ཟག་ཁྱད་པར་ཅན་ཁོ་ནར་ངེས་ཤིང་། དེ་དག་གིས་ནི། ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཉིད་དུ་རྟོགས་པའི་ཤེས་རབ་དང་། གདུལ་བྱ་སྙིང་རྗེས་མི་གཏོང་བའི་ཐབས་ཆེན་པོ་ཅན་ཉིད་ཀྱི་ཕྱིར། གཞན་དོན་དུ་འགྱུར་ན་མངོན་སྤྱོད་ལ་སོགས་པའི་དུས་སུ་སྟོངས་ཀྱི་སེམས་ཞེ་སྡང་སྐྱེད་པར་གསུངས་པ་ལྟ་བུའི་དམིགས་བསལ་བའི་སྐབས་ན་སྙིང་རྗེ་ནི་བསྟེན་དུ་མེད་ལ། ཞེ་སྡང་ནི་སྤང་དུ་མེད་པ་སྟེ་ཆེད་དུ་མ་སྤང་ཡང་ཤིང་ལས་བྱུང་བའི་སྲིན་བུས་ཤིང་ཉིད་ཟ་བ་བཞིན་དུ་ཐར་པ་མཆོག་གི་བར་ཆད་དུ་གྱུར་པའི་ཆོས་རྣམས་སྦྱོང་བའི་ལྷན་ཅིག་བྱེད་རྐྱེན་དུ་འགྱུར་བ་ནི། དཔལ་མཆོག་དང་པོར་རྒྱུའི་ཀུན་སློང་སྙིང་རྗེ་ཆེན་པོས་དྲངས་ནས་དུས་ཀྱི་ཀུན་སློང་དྲག་ཤུལ་གྱི་སེམས་སུ་བྱས་ཏེ་ལས་འགའ་ཞིག་རྩོམ་པར་གསུངས་པ་བཞིན་ནོ། །དེ་བས་ན་རྒྱུའི་ཀུན་སློང་ནི་ཇི་ལྟར་ཡང་སྙིང་རྗེ་ཆེན་པོས་གཞི་བཟུང་བ་ཞིག་དགོས་སོ་ཞེས་བསྟན་པའི་ཕྱིར། དེ་ལྟར་ཏེ་མཉམ་ཉིད་ཀྱི་གནས་ལུགས་རྟོགས་པའི་ཐབས་མཁས་ཀྱི་ཚུལ་མ་རྟོགས་པ་རྣམས་ལ་ཐུགས་རྗེ་ཆེན་པོ་མི་འབྱུང་བ་ནི་མ་ཡིན་ཏེ། ཞེས་གསུངས་སོ། །མདོར་ན་ཇི་ལྟར་ལྟ་བས་ཡེ་ནས་རང་བཞིན་རྣམ་པར་དག་པར་རྟོགས་པ་བཞིན་དུ་དེའི་ཚོད་དང་སྦྱར་བའི་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་དེ་ལྟར་རྣམ་པར་དག་པར་སྤྱོད་པ་བྱའི། རང་གི་ཉམས་དང་མ་སྦྱར་བའི་སྤྱོད་པ་དེ་འདྲ་བ་དང་པོ་ནས་རྩོམ་པ་བཀག་སྟེ། ཞི་འཚོའི་དེ་ཉིད་གྲུབ་པར། ཀེ་ཏ་ཀའི་མེ་ཏོག་གླང་པོ་ཆེ་གཞན་གྱིས་ཟོས་པ་ལས་བྲུན་དང་། ཕལ་གྱི་གླང་པོ་ཆེས་ཟོས་ན་གླ་རྩི་ལྟ་བུར་འགྱུར་བའི་དཔེ་གྲངས་མཚམས་བཞིན་ནོ། །དེས་ན་སྤྱོད་པ་རྒྱུད་ཚོད་དང་སྦྱར་བར་བྱ་སྟེ། འདི་ནི་སྔགས་བླ་མེད་ཁོ་ནའི་སྤྱོད་པ་ཐུན་མིན་མིན་གྱི། རྒྱུད་སྡེ་འོག་མའི་སྲོལ་ཀྱང་ཡིན་ནོ། །གསུམ་པ་མཇུག་གི་དོན་ལ། གདམས་ངག་གང་ལ་གཏད་པའི་སྣོད་དང་། བརྩམ་ཟིན་པའི་མཐའ་བྱང་གདགས་པ་གཉིས་ལས། དང་པོ་ནི། བི་མ་ལ་མི་ཏྲའི་ཁོག་གཞུང་ལས། བློ་རྣོ་ཟབ་བརྟན་མྱུར་བ་དང་། །ཞེས་སོགས་གསུངས་པ་བཞིན། སྣོད་ཀྱི་གང་ཟག་ཁྱད་པར་ཅན་ཞིག་ལ་མན་ངག་ལེགས་པར་གཏད་པ་མེད་ན། སྣོད་མིན་གྱི་རྒྱུད་ལ་མི་འབྱོར་བས་གསང་སྔགས་འདྲེ་ལ་གཏན་བ་ལྟ་བུའི་ཚུལ་དུ་འགྱུར་ཞིང་གདམས་པའི་སརྒ་ལོག་པ་དང་། བརྒྱུད་པའི་བྱིན་རླབས་ཟབ་མོ་ཉམས་སུ་འགྲོ་བས་ན་འདིར་གསུངས་པ། ལྟ་བའི་ཕྲེང་བ་ཞེས་བྱ་བའི་གསང་བ་ཆེན་པོའི་མན་ངག་འདི་ནི། མི་མཁས་པའི་བྱིས་པ། རྟོག་གེ་ངན་པའི་གདོན་གྱིས་བརླམས་ཤིང་། རྡོ་རྗེའི་ལམ་ལ་མོས་པ་ཆུང་བ་རྣམས་ཀྱི་སྤྱོད་ཡུལ་མིན་ནོ། །འོ་ན་སུ་ཞིག་གི་ཡུལ་དུ་འགྱུར་ཞེ་ན། ཇི་ལྟར་དམུས་ལོང་གི་མིག་གི་སྒྲིབ་བྱེད་རང་ཕྱེ་ནས་ཡོངས་སུ་དག་པའི་མིག་རྙེད་པ་ལྟར། ཟབ་མོའི་ཆོས་ལ་འཇུག་པ་ཡང་བའི་ཤེས་རབ་དང་། བཤེས་གཉེན་དམ་པ་བསྟན་པའི་ཐབས་མཁས་པ་སོགས་ཚོགས་ཀྱི་བསགས་རྒྱབ་མང་ཞིང་། དེ་འདྲའི་རྣམ་དཔྱོད་ཀྱི་སྒྱུ་རྩལ་འཆང་བའི་སྐྱེས་བུ་མཆོག་རྣམས་ཀྱི་ཡུལ་དུ་འགྱུར་རོ། །འོན་ཀྱང་སྙིགས་མའི་དུས་སུ་སྐལ་བ་ཕུན་སུམ་ཚོགས་པའི་སློབ་མ་དེ་ལྟ་བུ་ཨུ་དུམ་ཝ་ར་ལྟར་རྙེད་པར་དཀའ་མོད་ཀྱི། བརྒྱ་ལམ་དུ་ཡོད་ན་དེ་དག་དང་འཕྲད་ནས་དོན་དུ་འགྱུར་བར་ཤོག་ཅིག་ཅེས་སངས་རྒྱས་གཉིས་པ་དེས་ཐུགས་ཤིན་ཏུ་བརྩེ་བས་སྨོན་ལམ་དུ་མཛད་པའོ། །གཉིས་པ་ནི། ལྟ་བའི་ཕྲེང་བ་ཞེས་བྱ་བ་སྒྱུ་འཕྲུལ་དྲྭ་བའི་རྩ་པའི་རྒྱུད་ཀྱི་མན་ངག །གསང་སྔགས་ཐམས་ཅད་ཀྱི་སྤྱི་ཆིངས། ལུང་ཐམས་ཅད་ཀྱི་མདོ་འགགས། ཐེག་པ་མཐའ་དག་གི་སྣང་བྱེད། བསྟན་པ་ཐམས་ཅད་ཀྱི་སྤྱི་སྡོམ། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་གསང་བའི་མཛོད་ཆེན་པོ་རྫོགས་སོ་སྟེ་བརྩམས་ཟིན་པའི་དོན་ནོ། །དེ་ལྟར་ན་སངས་རྒྱས་གཉིས་པ་པདྨཱ་ཀ་རའི་རྡོ་རྗེའི་གསུང་འཁྲུལ་པ་དང་རྙོགས་པས་བསླད་པ་མེད་པ་འདི་ཉིད་གངས་ཅན་དུ་བྱུང་བའི་རྒྱ་གཞུང་རྣམས་ཀྱི་སྔ་ཤོས་དང་སྒྲུབ་རྒྱུད་ཤིང་རྟ་ཆེན་པོའི་རིང་ལུགས་ཡོངས་སུ་རྫོགས་པའི་ཆུ་འགོ་ལྟ་བུར་གྱུར་པ་ཡིན་པས། ཕྱོགས་ཞེན་གྱི་ཀུན་ནས་བསླངས་པའི་བླང་དོར་གདོན་གྱིས་རང་རྒྱུད་མི་དཀྲུགས་པར་ཐར་འདོད་བློ་གྲོས་རྣམ་པོར་ཡངས་པ་རྣམས་ཀྱིས་སྐལ་བ་དང་ལྡན་པའི་གང་ཟག་རྣམས་ལ་ལེགས་པར་འཆད་ཅིང་རྒྱས་པར་སྤེལ་བས་རྒྱལ་བ་དགྱེས་པའི་ཕྲིན་ལས་ཕྱོགས་མེད་དུ་བསྐྱང་བར་མཛད་འཚལ་ལོ། །བདག་འདྲ་དམ་པའི་རྣམ་ཐར་གྱིས་དབུལ་ཡང་། །འཁྲུལ་མེད་དམ་པའི་མགོན་གྱིས་རྗེས་བཟུང་ཞིང་། །རིས་མེད་ཟབ་དགུའི་ཆོས་ཀྱི་ནོར་བུ་རྙེད། །བསྟན་འགྲོར་ཕན་འདོད་ལྷག་བསམ་ཟོལ་མེད་པས། །འདི་ཡང་སངས་རྒྱས་རྔ་ཡབ་གླིང་པ་ཡི། །ཁྱད་འཕགས་གཞུང་གི་རྒྱུན་བཟང་སྤེལ་བའི་བློས། །གདམས་ཁྲིད་གཅེས་བསྡུས་མཛོད་ཆེན་ནང་ནོར་དུ། །བཞུགས་ཕྱིར་ལེགས་བཤད་དབྱིག་གི་སྙིང་པོ་བསྡུས། །སྐྱེ་བར་ཟབ་རྒྱས་མདོ་སྔགས་ཆོས་མཛོད་འཛིན། །རྒྱལ་དབང་པདྨའི་ཕྲིན་ལས་མཁའ་ཁྱབ་སྒྲུབ། །མཐའ་ཡས་འགྲོ་ཀུན་གདོད་མའི་ས་མཆོག་ཏུ། །སྒྲོལ་བའི་རྣམ་ཐར་ཆོས་དབྱིངས་མཐར་ཁྱབ་ཤོག །འདིའང་གདོད་མའི་མགོན་པོ་བདེ་བ་ཆེན་པོ་དང་ཞལ་མི་གཉིས་པ་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་རྩ་བའི་ལུང་དང་གནད་དོན་བཀྲོལ་བའི་ལྗགས་བཤད་རྗེས་གནང་དང་བཅས་པ་སྩལ་ནས་གདམས་མཛོད་དུ་འཁོད་པར་གྱིས་ཤིག་པའི་བཀའ་ལུང་སྤྱི་བོར་ཕེབས་པར་བརྟེན། རིས་མེད་ཀྱི་རྣལ་འབྱོར་སྤྱོད་པ་བློ་གྲོས་མཐའ་ཡས་པའི་སྡེས་བླ་མའི་ཞལ་ལུང་མདོར་བསྡུས་ཏེ་བཀོད་པ་དགེ་ལེགས་འཕེལ།། །།

མན་ངག་ལྟ་བའི་ཕྲེང་བའི་བཤད་པ་རྒྱུད་དོན་རིན་པོ་ཆེ་སྣང་བྱེད། གཙང་སྟོན་རྡོ་རྗེ་རྒྱལ་མཚན།

ཨུ པ དེ ཤ ད ཪྴ ཀཾ མཱ ལ སྱ བྷ ཥཾ ད ནྟྲ ཎཝ྅྅྅་ཪྠ ར ཏྣཱ ལོ ཀོ ནཱ མ བི ཛ ཧ ར ཏི སྨ། །
མན་ངག་ལྟ་བའི་ཕྲེང་བའི་བཤད་པ་རྒྱུད་དོན་རིན་པོ་ཆེ་སྣང་བྱེད་ཅེས་བྱ་བ་བཞུགས་སོ། །
མཉམ་ཉིད་མཐའ་བྲལ་ནམ་མཁའི་ངང་ཉིད་ལས། །རང་བྱུང་རང་གསལ་ཡེ་ཤེས་རིན་པོ་ཆེ། །གདུལ་བྱའི་བློ་བཞིན་འཆར་བ་ཆུ་ཟླ་བཞིན། །དྲུག་པའི་སྐྱེས་བུ་བླ་མར་བཅས་ལ་འདུད། །སྤྱིར་ཆོས་ལ་གཉིས་ཏེ། བརྗོད་བྱ་དོན་དང་བརྗོད་བྱེད་ཚིག་གོ། །དང་པོ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་དང་། དེ་ལས་འདས་པའོ། །དེ་ཡང་གསང་བའི་སྙིང་པོ་ལས། སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། ཅེས་པ་ལ་སོགས་པ་ཤྭ་ལོ་ཀ་གཅིག་གིས་འཁོར་བའི་རྒྱུ་དང་། རྐྱེན་དང་ངོ་བོ་དང་། ཉེས་པ་དང་། འཁོར་ཚུལ་རྣམས་སྟོན་ཏོ། །མྱ་ངན་ལས་འདས་པའང་དེ་ཉིད་ལས། སྟོད་ཉིད་བདག་མེད་རང་རིག་ཡེ་མཁྱེན་ཐུགས། ཅེས་པ་ལ་སོགས་པ་ཤྭ་ལོ་ཀ་གཅིག་གིས་མྱ་ངན་ལས་འདས་པའི་གཞི་དང་། རང་བཞིན་དང་། རྣམ་གྲངས་ཀྱི་ངོས་ནས་ངོ་བོ་བསྟན་པས་རྒྱས་པར་གཞན་དུ་ཤེས་པར་བྱའོ། །བརྗོད་བྱེད་ཀྱི་ཚིག་ལ་གསུམ་གྱིས་བསྟན་པའི་དོན་གྱི་ཁོག་དབུབས་པ་ལ་གཉིས་ཏེ། གང་ཟག་འཇུག་ངོ་ཤེས་པར་བྱ་བའི་ཕྱིར་དམ་པའི་ཆོས་ངོས་བཟུང་བ་དང་། དོན་མ་ནོར་བར་ཤེས་པར་བྱ་བའི་ཕྱིར་བཤད་པའི་ཐབས་སོ། །དང་པོ་ངོས་བཟུང་བ་ནི་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དེ་ལ་སྤྱིར་བསྟན་པ་ནི་སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རྒྱུ་མ་རིག་པ་གཉིས་ལས་བྱུང་། རྐྱེན་ལས་དང་ཉོན་མོངས་པས་བསྒྲུབས་ཏེ། འབྲས་བུའི་ངོ་བོ་གནས་ཁམས་གསུམ་ན་འགྲོ་བ་རིགས་དྲུག་བསམ་གྱིས་མི་ཁྱབ་པ་རྣམས། སྤྱི་དང་བྱེ་བྲག་གི་སྡུག་བསྔལ་གྱིས་ཉེན་ཏེ། ལས་ཀྱི་སྦྱང་བ་དག་སྒོ་གསུམ་ཀུན་ནས་གདུང་བ་རྣམས་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡུལ་བྲལ་གྱི་ཡེ་ཤེས་ཆེན་པོས། མེ་ལོང་ངམ་ཆུ་ཟླའི་གཟུགས་བརྙན་ལྟར་ཡར་ཡུལ་དུ་མ་གྲུབ་པའི་གདུལ་བྱ་རྣམས་ལ། གཟིགས་ཚུལ་གསུམ་དབྱེར་མེད་པས་གཟིགས་ཏེ། སྤྲོ་བསྡུ་དང་བྲལ་བའི་ཐུགས་རྗེ་ཆེན་པོ། གདུལ་བྱའི་ངོས་ནས་སྐྱེ་ལུགས་བཞིས་སྐྱེས་ཏེ། དོན་མཛད་པའང་གསུམ་གྱི་ནང་ནས་འདིར་དོན་དམ་ངེས་པའི་ཐེག་པ་འབའ་ཞིག་ལ་བཟུང་སྟེ་དོན་སྟོན་ན། རྒྱུ་འབྲས་གཉིས་ལས་རྒྱུའི་དབང་དུ་སྟེ། སྟོན་པ་སྤྲུལ་པའི་སྐུས་གཟིགས་ཚུལ་བཞིས་གདུལ་བྱ་ལ་གཟིགས་ནས་འཛམ་བུའི་གླིང་དུ་ཆོས་གསུངས་པའང་གསུམ་སྟེ། གཉེན་པོའི་སྒོ་ནས་གསུངས་པ་དང་། དབྱེ་བའི་ཐབས་སུ་གསུངས་པ་དང་། བསྡུ་བའི་ཐབས་སུ་གསུངས་པའོ། །དེ་ལ་གཉེན་པོའི་སྒོ་ནས་གསུངས་པ་ནི། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། གདུལ་བྱ་ལ་དུག་གསུམ་ཆ་མཉམ་པ་དང་བཞི་ལ་དགོངས་ཏེ། འདོད་ཆགས་ཀྱི་གཉེན་པོར་རྣམ་པར་དབྱེ་བའི་མི་གཙང་བ་བསྒོམ་པ་འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་སྟེ་འདོད་ཆགས་ཀྱི་དབྱེ་བ་རྣམས་ལ་དགོངས་པའོ། །ཞེ་སྡང་གི་གཉེན་པོར་ཏིང་ངེ་འཛིན་ཤས་ཆེ་བ་མདོ་སྡེ་ཉིས་ཁྲི་ཆིག་སྟོང་གོང་ལྟར་གསུངས་སོ། །གཏི་མུག་གི་གཉེན་པོར་རྣམ་པར་དབྱེ་བ་མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་། དུག་གསུམ་ཆ་མཉམ་པ་ལ་དགོངས་ནས་སྡེ་སྣོད་གསུམ་ཆ་མཉམ་པ་ཉི་ཁྲི་ཆིག་སྟོང་སྟེ་དེས་ན་རྣམ་གྲངས་བརྒྱད་ཁྲི་བཞི་སྟོང་ངོ་། །གྲངས་དེ་དག་ཀྱང་གདུལ་བྱའི་བློ་རྟོག་ལ་སྣང་གི། སྟོན་པ་རང་ངོ་ལ་རྒྱ་ཆད་པ་མེད་དེ་ནམ་མཁའ་ལྟ་བུའོ། །ཞེས་རྒྱུ་འབྲས་ཀྱི་ཐེག་པ་ཀུན་ནས་གསུངས་སོ། །སྒོའི་ཚད་ཀྱང་ཐེག་པ་ཆེ་ཆུང་གི་བཞེད་པ་སློབ་དཔོན་སོ་སོས་བཞེད་པ་གཞན་དུ་ཤེས་ཏེ། རྒྱུའི་ཐེག་པ་འབའ་ཞིག་གི་སྣང་བའོ། །དབྱེ་བའི་ཐབས་སུ་གསུང་པ་ནི་འདིར་འབྲིང་དུ་བསྟན་པ་སྟེ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དེ་ཡང་གསུང་རབ་ཡན་ལག་བཅུ་གཉིས་སུ་འདུས་ཏེ། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་བཅུ་གཉིས་སོ། །དེ་དག་ལ་མདོ་སྡེ་ཞེས་ཀྱང་བྱ་སྟེ། འཁོར་རྣམ་གཉིས་སྡེར་ལངས་པས་སྟོན་པ་ལ་མདོར་བསྡུས་པས་ཞུས་པའམ། ཡང་ན་ཞུས་ལེན། འབེལ་གཏམ་རྒྱས་པས་ཚིག་སྡེར་ལངས་པ་གཅིག་གིས་དོན་མདོར་བསྡུས་པ་སྟོན་པས་སོ། །མདོ་སྡེ་བཅུ་གཉིས་གཞན་ན་གསལ་ལོ། །ད་ནི་ཐ་མ་བསྡུ་བའི་ཐབས་སུ་གསུངས་པ་ནི། ཡན་ལག་བཅུ་གཉིས་པོ་དེ་ཡང་། སྡེ་སྣོད་རིན་པོ་ཆེ་གསུམ་དུ་བསྡུས་ཏེ། སྟོན་པ་ཞལ་མི་བཞུགས་པའི་དུས་སུ་འཁོར་རྣམས་ཀྱིས་སོ། །དེའང་སྟོན་པ་འདས་ནས་ཆོས་བསྡུ་བ་མཛད་པའི་དུས་སུ། ཀུན་དགའ་བོས་མདོ་སྡེ་བསྡུས་པ་དང་། ཉེ་བར་འཁོར་གྱིས་འདུལ་བ་བསྡུས། འོད་སྲུང་ཆེན་པོས་མངོན་པ་བསྡུས་པ་ལ་སོགས་པའོ། །སྡེ་སྣོད་གསུམ་རེ་རེ་ལ་གསུམ་གསུམ་ཚང་སྟེ། འདུལ་བ་ལ་ཡང་སྲུང་བ་འབའ་ཞིག་སྟོན་པ་ནི་འདུལ་བའི་འདུལ་བ། ཤེས་རབ་ཀྱི་ཆ་སྟོན་པ་ནི་འདུལ་བའི་མངོན་པ། ཏིང་ངེ་འཛིན་གཙོར་སྟོན་པ་ནི་འདུལ་བའི་མདོ་སྡེའོ། །གཉིས་པོ་ལ་དེས་བསྒྲེའོ། །འོ་ན་རྒྱུའི་ཐེག་པ་སྡེ་སྣོད་རིན་པོ་ཆེ་གསུམ་གྱིས་བསྟན་པ་དེ་ལྟར་ཡིན་ན། གསང་སྔགས་ཅི་ལྟར་བཞེད་ཞེ་ན། སྔོན་གྱི་མཁས་པ་རྣམས་བཞེད་གཞུང་མི་འདྲ་བ་སྟེ། ཇོ་བོ་ཨ་རོ་ལ་སོགས་པ་རྣམས་ཀྱིས་མངོན་པར་བསྡུས་ཏེ། མངོན་པ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་དབྱེ་བ་རྒྱ་ཆེ་བར་སྟོན་ལ། གསང་སྔགས་མ་ཧཱ་ཡོ་ག་ན་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་དབྱེ་བ་དེ་ལྟར་སྟོན་པས་སོ་ཅེའོ། །ཡང་མཁས་པ་ལ་ལས་འདུལ་བར་བསྡུ་སྐད་དེ། འདུལ་བ་ན་བསྲུང་བྱའི་རྣམ་གྲངས་རྒྱ་ཆེ་ལ་གསང་སྔགས་ན་དམ་ཚིག་ས་ཡ་འབུམ་སྡེ་སྟོན་པས་སོ་ཅེའོ། །དེ་གཉིས་ལ་ལུང་ངོས་གསལ་དུ་སྟོན་པ་མེད་དོ། །ཡང་སྔོན་གྱི་མཁས་པ་ནས་ད་ལྟར་གྱི་གསང་སྔགས་པ་ཤས་ཆེ་བས་མདོ་སྡེར་བསྡུས་ཏེ། དེ་ཡང་ཅིས་ཤེས་ན། ཀྲི་ཡ་རྣམ་འཇོམས་ནས། མདོ་སྡེ་འདི་ནི་མཉམ་པར་གྱིས། ཞེས་པ་དང་། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། ཞེས་པ་དང་། ཨུ་པ་ཡ་རྣམ་སྣང་མངོན་བྱང་ནས། མཚན་ལས། མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་པ་དང་། ཡོ་ག་སཾ་ཧ་ནས། ཐེག་པ་ཆེ་ལ་མངོན་དགའ་བས། མདོ་སྡེ་འདི་ནི་བཤད་པར་བྱ། ཞེས་པ་དང་། མ་ཧཱ་ཡོ་ག་ངེས་བརྗོད་བླ་མ་ནས། གསང་སྔགས་མདོ་སྡེའི་རྒྱལ་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཞེས་བཤད་པས། དེ་ལྟར་ངེས་སོ་ཞེས་པ་ནི་ད་ལྟར་གྱི་གསང་སྔགས་པ་ཐམས་ཅད་ཀྱིས་བཞེད་པའོ། །དེ་ལ་བླ་མ་དམ་པ་བདེ་བར་གཤེགས་པ་ཆེན་པོའི་ཞལ་ནས། མངོན་པ་དང་འདུལ་བར་བསྡུ་བ་རྣམ་པ་གཉིས་ནི་ལུང་མེད་པའི་མཐོང་སྣང་ཕྲ་མོ་སྟེ། ཆོས་མཐུན་པའི་ངོས་ནས་ནི་གླང་པོ་ཆེ་བྱི་བར་བསྡུ་བ་དང་མཚུངས་ལ། མདོ་སྡེར་བསྡུ་བའང་ལུང་ཕྲ་མོ་དང་ཤེས་རབ་ཕྲ་མོ་ལ་བརྟེན་ཏེ་བྱིས་པའི་བློ་ལྟ་བུའོ། །ཐེག་པའི་གྲལ་ཐབས་དང་། རྒྱུ་འབྲས་ཀྱིས་ལྟ་སྤྱོད་ཀྱི་ཁྱད་པར་དང་། སྟོན་པའི་སྣང་ཚུལ་གྱི་ཁྱད་པར་དང་། གདུལ་བྱ་དབང་པོ་རབ་འབྲིང་གི་ཁྱད་པར་མ་རྟོགས་ཏེ་ཕྱོགས་ཕྲན་བུ་ཙམ་བརྗོད་པའོ་གསུངས། བཞེད་པ་གསུམ་པོ་དེ་ནི་རྒྱལ་པོ་གཅིག་ལ་མཐོ་དམན་མང་པོས་སོ་སོ་ནས་ངའི་རྒྱལ་བའི་རྒྱལ་པོ་ཟེར་བའམ་ནོར་བུ་རིན་པོ་ཆེ་རས་ཁ་དོག་སྣ་ཚོགས་ཀྱིས་གནས་སྐབས་སུ་བསྒྱུར་བའི་མཐོང་ཚུལ་དང་འདྲའོ། །དེས་ན་འདུལ་བར་བསྡུ་བའམ་ཤིན་ཏུ་མི་འཐད་དེ། འདུལ་བ་དང་གསང་སྔགས་གཉིས་ལམ་གྱི་གནས་སྐབས་ན་འགལ་རྐྱེན་རྒྱ་ཆེ་བས་སྲུང་བ་ཙམ་ཞིག་གིས་འདུལ་བར་བསྡུ་མི་ནུས་སོ། །མངོན་པ་ཡང་ཕུང་ཁམས་སྐྱེ་མཆེད་རྒྱ་ཆེ་བར་སྟོན་ཀྱང་དེ་དག་སྤང་བྱའི་ངོས་ནས་སྟོན་ལ། གསང་སྔགས་ཀྱིས་དེ་དག་བླང་བྱ་འབྲས་བུའི་ངོ་བོར་བསྟན་པ་དང་། གཞན་ལྟ་བ་དང་སྤྱོད་པ་དང་ཏིང་ངེ་འཛིན་དང་འབྲས་བུ་གྲུབ་པའི་ཡིན་དང་། གཞི་འཇུག་པའི་སྒོ་དབང་ལ་བརྟེན་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་མི་མཚུངས་སོ། །མདོ་སྡེར་བསྡུ་བའམ་གོང་མ་རྣམས་ཀྱིས་ཀྱང་མི་མཚུངས་པ་དང་། ཏིང་ངེ་འཛིན་གཙོར་སྟོན་ཀྱང་ངོ་བོ་མི་འདྲ་བས། སྤུ་རངས་ཀྱི་རྒྱལ་པོ་རྩེ་ལྡེ་ཁམས་ཀྱི་སྤྲང་པོ་རྩེ་ལྡེ་མི་འགྱུར་བ་བཞིན་ནོ། །ལུང་གིས་སྟོན་པ་ཡང་། རྣམ་འཇོམས་ན་མདོ་སྡེ་ཅེས་པ་ནི། ཀྲི་ཡ་མདོ་སྔགས་མཚམས་སུ་བྱང་བས་མདོ་སྡེ་ཞེས་བྱ། རྒྱུད་ཅེས་བྱ་གཟུངས་ཞེས་བྱ་སྟེ། སྟོན་པ་སྤྲུལ་སྐུ་ཉིད་ཡིན་ཀྱང་བདེན་པ་དབྱེར་མེད་ལ་འཇུག་པ་དང་། ལྷའི་སྐུ་ལ་དམིགས་པ་དང་། མི་ཚེ་བདུན་གྱིས་སངས་རྒྱས་ཀྱི་ས་ལ་སྦྱོང་བར་མི་མཚུངས་སོ། །རྣམ་སྣང་མངོན་བྱང་ན་མདོ་སྡེར་བརྗོད་པ་ནི། མདོ་སྡེའི་དབང་པོ་རྒྱལ་པོ་ཞེས་པས། སྡེ་སྣོད་གསུམ་གྱི་དབང་པོའམ་རྒྱལ་པོའམ་ལམ་སྟེགས་སམ་བཅུད་ལྟ་བུར་ཁས་བླངས་པའོ། །ཡོ་ག་ནས་མདོ་སྡེ་བརྗོད་པ་ནི། ཐེག་པ་ཆེ་ལ་མངོན་དགའ་ཞེས་པས། མཐོང་སྣང་གི་ཆོས་ཐམས་ཅད་སྤངས་པ་མེད་པར། སྐུ་གསུང་ཐུགས་སུ་ཤེས་པའི་སྒོ་ནས་འཇུག་ན་འབྲས་བུ་ལ་སྐྱོལ་བར་བྱེད་པ་སྟེ། ཐབས་ཆེ་ལ་ཚེགས་ཆུང་ལམ་མྱུར་བར་ཐེག་པ་ཆེན་པོ་ཞེས་བྱ་སྟེ། གསང་སྔགས་ཡིན་ལ་དེ་ཉིད་ནི་ཚིག་མདོར་བསྡུས་དོན་སྡེར་ལངས་པས་མདོ་སྡེ་ཞེས་བྱའོ། །ངེས་བརྗོད་ནས་གསང་སྔགས་མདོ་སྡེ། གསང་སྔགས་ཀྱི་དོན་འཁོར་འདས་ཐམས་ཅད་སེམས་ཉིད་རང་རིག་ཏུ་སྟོན་པར་བྱེད་པའི་དོན་རྒྱ་ཆེ་བ་དེ་ཚིག་མདོར་བསྡུས་པ་ཉུང་ངུས་སྟོན་ཏེ། སེམས་སམ་རང་རིག་གམ་ལྷན་ཅིག་སྐྱེས་པ་ལྟ་བུ་བས། མདོ་སྡེར་མི་འདུས་ཏེ་ཚིག་གིས་འཇིགས་པས་ལུང་མང་པོ་མ་བཀོད་དོ། །འོ་ན་གསང་སྔགས་ཀྱི་ཐེག་པ་ཅི་ལྟ་བུ་ཡིན་ཞེ་ན། སྤྱིར་གནས་ཆོས་ཀྱི་དབྱིངས་དོན་གྱི་འོག་མིན་ན་འཁོར་མཐར་ཕྱིན་པ་མཐར་ལམ་པ་རྩལ་ཆེན་རྫོགས་པའི་སྐྱེས་བུ་རྣམས་ཀྱི་ངོ་ལ་སྣང་བའི་སྟོན་པ་རིགས་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོ་ཁྱད་པར་གྱི་ལོངས་སྐུ་ཆུ་དང་མེ་ལོང་དྭངས་པ་ལྟར་དག་བའི་འཁོར་རྣམས་ཀྱི་སྣང་བ་ལ་ལྷུན་གྲུབ་ཏུ་བཞུགས་ཏེ། དུས་ཆོས་ཀྱི་དབྱིངས་ལ་སྐད་ཅིག་མ་དང་བྲལ་བས་དུས་གསུམ་མཉམ་པ་ཉིད་ཀྱི་ངང་ལ་སྐྱེ་འགྲོ་དང་བསྡུ་གཤེགས་མི་མངའ་སྟེ། དེའི་རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་ལྷག་པའི་ཆོས་སྐུ་ཉིད་ངོ་བོ་གང་དུའང་མ་གྲུབ་པའི་གཏན་ཚིགས་ཀྱིས། གདུལ་བྱའི་ངོ་བཞིན་ཅིར་ཡང་མི་འགགས་པར་འཆར་ཏེ། བློ་ཡང་རབ་ཀྱི་ངོ་བོ་རྟོགས་པའི་རིག་པ་སྐད་ཅིག་གིས་འབྲས་བུ་སངས་རྒྱས་སུ་ལྷུན་གྱིས་གྲུབ་པར་བྱེད་པ་རྫོགས་པ་ཆེན་པོར་སྣང་། བློ་དེ་ལས་ཅུང་ཞན་པའི་དབྱིངས་དང་ཡེ་ཤེས་རྒྱུ་འབྲས་སུ་འཛིན་པ་ཙམ་ལ་ལུང་ཨ་ནུ་ཡོ་གར་སྣང་། དེ་བས་ཅུང་ཞན་པའི་བསྒོམ་ལམ་མཐོ་དམན་པ་རྣམས་ལ་མ་ཧཱ་ཡོ་གའི་ཐེག་པར་སྣང་སྟེ། རིག་པ་སྐད་ཅིག་ལ་གནས་ཐ་དད་འོག་མིན་དང་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་། སུམ་ཅུ་རྩ་གསུམ་དང་། རི་རབ་ཀྱི་ཁོང་སེང་དང་། ལང་ཀ་སྲིན་པོའི་ཡུལ་དང་། མཁའ་འགྲོ་མའི་གནས་དང་། གནོད་སྦྱིན་གྱི་གནས་དང་དེ་ལ་སོགས་ཏེ་སོ་སོའི་གནས་སྣ་ཚོགས་སུ་སོ་སོར་སྟོན་པར་སྣང་ནས་སོ་སོའི་བསྟན་པ་གསུངས་ཏེ། བསྡུད་པ་པོས་སོ་སོར་བསྡུས་པའི་དུས་སུ་ཐམས་ཅད་མཁྱེན་པ་རང་ངོ་ལ་མཉམ་པ་ལས་རྡུལ་ཕྲ་རབ་ཙམ་ཡང་མ་དམིགས་ཏེ། འབྱུང་འཇུག་མེད་པ་ནམ་མཁའ་ལྟ་བུ་ཉིད། མཁྱེན་པ་དང་ཐུགས་རྗེ་དང་མཛད་པ་ལ་སྔ་ཕྱི་མེད་པར་ལྷུན་གྲུབ་ཏུ་བཞུགས་པས་ངོ་བོ་ཉིད་ཀྱི་རྒྱུན་ནམ་མཁར་ལྟ་བུའོ། །ཞེས་སོ། །དེའང་མ་ཧཱ་ཡོ་ག་པ་ཐབས་ཀྱི་རྒྱུད། ཤེས་རབ་ཀྱི་རྒྱུད། དབྱེར་མེད་ཀྱི་རྒྱུད་གསུམ་ལ། དབྱེར་མེད་ཀྱི་རྣམས་དང་། ཐབས་ཀྱི་རྒྱུད་གསང་བ་འདུས་པ་དང་། ཤེས་རབ་ཀྱི་རྒྱུད་མཉམ་སྦྱོར་དང་། ཟླ་གསང་རྣམས་འོག་མིན་དུ་གསུངས། ཤེས་རབ་ཀྱི་རྒྱུད་གཞན་མ་བུང་ཆེ་བ་འཛམ་བུ་གླིང་གྲུ་གསུམ་ཆོས་ཀྱི་འབྱུང་གནས་སུ་བྱིན་གྱིས་བརླབས་ནས། སོ་སོར་རྒྱས་པར་གསུངས་པ་རྣམས་སོ་སོའི་ལོ་རྒྱུས་བཞིན་ཏེ་གདུལ་བྱའི་སྣང་བའོ། །ཐབས་ཀྱི་རྒྱུད་གཞན་མ་རྣམས་རི་རབ་ཀྱི་ཟོམ་དང་ལྷ་མ་ཡིན་གྱི་གནས་དང་གནོད་སྦྱིན་གྱི་གནས་རྣམས་སུ་གསུངས་པའང་གོང་བཞིན་ནོ། །ཡོ་ག་ནི་འོག་མིན་དུ་གདུལ་བྱ་དེས་འདུལ་བ་རྣམས་ལ་རྣམ་སྣང་ཆེན་པོར་སྣང་ནས་འབུམ་སྡེ་གསུངས་པའོ། །ཨུ་པ་ཡ་དང་ཀྲི་ཡ་ནི་དབང་བསྒྱུར་གྱི་ཁང་བཟང་དང་སུམ་ཅུ་རྩ་གསུམ་དང་རི་རབ་ངོས་དང་། འཛམ་བུ་གླིང་གི་གནས་སོ་སོ་ལ་སོགས་པ་རྣམས་སུ་སྟོན་པ་སོ་སོ་རྣམས་ཀྱིས་གསུངས་པ་རང་རང་གི་གཞུང་གི་ལོ་རྒྱུས་བཞིན་ནོ། །དེ་བས་ན་གསང་སྔགས་ཕྱི་ནང་དྲུག་ཏུ་སྣང་བ་ཡང་གདུལ་བྱའི་བློ་རབ་འབྲིང་དྲུག་གི་སྣང་བ་འབའ་ཞིག་གོ། །འོན་ཀྱང་ཐབས་ཅད་མཁྱེན་པའི་ངོ་བོ་ཉིད་ཀྱི་ཐུགས་རྗེའི་རྒྱུན་རང་སྣང་བ་ཁོ་ནར་ཟད་དོ། །དེ་ལྟར་ཆོས་ཀྱི་དབྱིངས་མཐའ་དབུས་མེད་པའི་ངང་ལས། མཐའ་ཐུག་པ་མེད་པའི་གདུལ་བྱ་རྣམ་ལས་འགྲོ་འོང་དང་སྤྲོ་བསྡུ་བྲལ་བའི་སྟོན་པ་རང་སྣང་བ་ཡང་ངོ་བོ་ཉིད་ཀྱི་ལོངས་སྐུ་ཆེན་པོ་དྲུག་པའི་དྲུག་པ་སྟོན་པ་ཉིད་ཀྱི་ཆེ་བའི་ཡོན་ཏན་གྱི་རྩལ་རང་སྣང་བ་སྟེ། གསང་བའི་སྙིང་པོ་ལས། དེ་ལས་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་རིག་པའི་སྐྱེས་བུ་ཐུབ་པ་དྲུག་འཐོན་ཏེ། འཐོན་ནས་ཀྱང་ལས་ཀྱི་དབང་གིས་སྣྲེལ་ཞི་དང་ཡས་མན་གྱི་འཇིག་རྟེན་གྱི་ཁམས་ཕྱོགས་བཅུ་མཐའ་ཡས་མུ་མེད་པར། སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་ཐུག་པ་ཆེན་པོ་རེ་རེས་འདུལ་བ་རྣམས་བཞིས་འགྲོ་བ་ལྔའི་དོན་མཛད་དེ། ཞེས་པ་ལ་སོགས་པས་གསང་སྔགས་ཀྱི་བྱིན་རླབས་ལས་ཉི་མའི་ཟེར་གྱི་ཚུལ་དུ་སྡེ་སྣོད་རིན་པོ་ཆེ་གསུམ་སྣང་སྟེ། འོག་མིན་དུ་ངོ་བོ་ཉིད་ཀྱི་བསྟན་པ་གསང་སྔགས་ཀྱི་དོན་རྟོགས་པའི་ཤེས་རབ་མེད་དེ། མོས་པས་སྤྱོད་པའི་ས་པ་རིགས་དྲུག་ལ་སྣང་བའོ། །དགོས་པ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱོན་ན་ཡུལ་ཁམས་ཐམས་ཅད་ཆས་སུ་ཞུགས་པ་དང་འདྲ་བར་མཐར་ཐུག་པའི་ཐེག་པ་སྣང་བར་འགྱུར་བའི་གཞི འམ་རྟེན་ནམ་སྣོད་དག་པར་བྱ་བ་ལྟ་བུའི་ཕྱིར་སྡེ་སྣོད་གསུམ་སྣང་བའོ། །དེ་ཡང་འོག་མིན་དུ་ནི་གསང་སྔགས་ཀྱི་བསྟན་པ་སྔ་ལ་སྣོད་དག་པ་དང་ལྡན་ནས་བཅུད་བླུགས་པ་ལྟ་བུའི་ཕྱིར། མི་ཡུལ་དུ་ནི་གསང་སྔགས་ཕྱི་པའོ། །ཁ་ཅིག་གིས་རྒྱུ་འབྲས་ཀྱི་ཐེག་པ་གཉིས་གཞི་ལམ་འབྲས་བུ་གསུམ་ལ་ཐ་དད་དེ་འབྲེལ་བ་མེད་པས། གསང་སྔགས་ནི་དབང་པོ་རྣོན་པའི་སྤྱོད་ཡུལ་དང་། མཚན་ཉིད་ནི་དབང་པོ་བཏུལ་པོའི་སྤྱོད་ཡུལ་ལོ། །ཅེས་བརྗོད་དེ་དེ་ལྟར་ན་འགྲོ་བ་རྣམས་ཀྱི་ཤེས་རྒྱུད་གཞི་ནས་ཐ་དད་དེ་ཆོས་ཉིད་དུ་མི་གཅིག་པས་མི་འཐད་དེ། སྦྱང་འཕྲོ་ཆེ་ཆུང་འདྲ་བ་ལས། གཞི་ནས་རང་རྒྱུད་རྣོ་བརྟུལ་མེད། །གཞི་ནས་རང་རྒྱུད་རྣོ་བརྟུལ་ན། །དེ་བཞིན་ཉིད་དུ་གཅིག་མི་རུང་། །ཞེས་པ་དང་། གསང་བའི་སྙིང་པོ་ནས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱང་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བརྙེས་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། ཅེས་པ་དང་། ཡང་། ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱི་བཟུང་། །ཞེས་པས། སྦྱངས་པ་མེད་པའི་གང་ཟག་ལ། གསང་སྔགས་རྟོགས་པའི་སྐལ་བ་མེད། དེས་ན་སྡེ་སྣོད་གསུམ་གྱི་དོན་ལ་སྦྱངས་པས་གསང་སྔགས་མཐོང་བས་ན། གསང་བའི་སྙིང་པོ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པ་དང་། ཡང་། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པ་དང་། མཚན་བརྗོད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པས་སོ། །དེས་ན་རྒྱུ་འབྲས་ཀྱི་ཐེག་པའི་གནས་ཐབས་ནམ། དཔེར་ན་རི་བོའི་རྒྱལ་པོ་ལྟ་བུ་སྟེ། རི་བོ་མཆོག་རབ་ལ་རི་བདུན་དང་ལྕགས་རིས་བསྐོར་བའི་མཐོ་དམན་གྱི་བྱེ་བྲག་གི་དཔེ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ། མཁར་ལ་སོགས་པའི་རྒྱལ་པོ་དང་བློན་པོ་དང་འབངས་དང་རིམ་པས་བསྐོར་བའི་དཔེས། རིམ་པ་བཞིན་དུ་འོག་མ་རྣམས་འཁོར་དང་སྣོད་དང་ལམ་སྟེགས་ལྟ་བུའོ། །དཀྱུས་ཀྱི་འབྲུ་གནོན་པའི་སྐབས་སུ་ཡང་ཐེག་པའི་བཤད་པ་ལ། སྐས་ཀྱི་རིམ་པའི་དཔེ་དང་། རྟ་དང་གླང་དང་རྐྱང་གི་དཔེ་དང་ཁང་པ་སྒོ་མང་གི་དཔེས་རྒྱས་པར་སྟོན་ཏོ། །དེས་ན་གསང་བའི་སྙིང་པོ་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་བསྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབ། །ཅེས་པས། སྣོད་དག་པ་དང་། བཅུད་བླུགས་པ་དང་། རོ་མྱོང་བ་གསུམ་གྱི་དཔེས་མཚོན་ནས་ཞེས་པས། ཉན་ཐོས་ཀྱི་དཀའ་ཐུབ་གཙང་སྦྲ་དག་སྤྱོད་སྤོང་ལེན་ལུས་ངག་གི་བྱ་བ་གཙོ་ཆེ་བ་སྣོད་ལྟ་བུ་ཡིན་ལ། འདུལ་བ་དགོངས་པ་གསང་བ་ཅེས་པ་ཕྱི་རྒྱུད་སྡེ་གསུམ་སྟེ། ཀྲི་ཡ་ལུས་ངག་ཡིད་གསུམ་འདུལ་བ་གཙོར་ཆེ་བ་དང་། ཨུ་པ་ཡ་ལས་ཏིང་ངེ་འཛིན་གཙོ་ཆེ་བས་དགོངས་པ་དང་། གསང་བ་ནི་ཡོ་ག་སྟེ། ཆོས་ཉིད་སྟོང་པ་ཉིད་གསང་བ་གསུམ། སྤྱོད་པ་གཙང་སྤྲ་གཙོར་ལེན་པས་འདུལ་བ་དང་མཐུན་ལ། དེའི་ཐོག་ཏུ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བསྒྲུབ་པ་ཉམས་སུ་ལེན་པ་བཅུད་བླུགས་པ་ལྟ་བུ་ཡིན་ལ། དེ་ལྟ་བུའི་དོན་ལ་བརྟེན་ཏེ་ཐོབ་བྱའི་ངོ་བོ་འཁོར་འདས་དབྱེར་མེད་པའི་རང་བཞིན་སེམས་ཉིད་མ་འགག་པ་དང་། མ་དམིགས་པ་དང་། དབྱེར་མེད་པ་ཀུན་ཏུ་བཟང་པོ་གསུམ་ལྷུན་གྱིས་གྲུབ་ལ། གོང་གི་དོན་དེ་ཉིད་ལས་གཞན་དུ་མ་ཡིན་ཏེ། དེར་སྣང་བ་ནི་ཆོས་ཐམས་ཅད་བདག་ཉིད་ཆེན་པོ་ལས་མི་གཞན་པས་ངོ་བོ་ལ་རྒྱུ་འབྲས་མ་དམིགས་ཀྱང་འོག་མ་ལ་སྟོས་ན་འབྲས་བུ་ལྟ་བུར་སྣང་བས་རོ་མྱོང་བ་ལྟ་བུའོ། །ཚིག་བསྣོལ་ཏེ་མངོན་པ་དང་ཞེས་པས་མངོན་པའི་སྡེ་སྣོད་ཏེ། གཞི་ཆོས་ཅན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་གྲངས་རྣམས། རྩ་བ་དང་ཡན་ལག་དང་ཉིད་ལག་ལ་སོགས་པ་ཕྲ་མོར་འབྱེད་པ་ནི། འདིར་དེ་ལྟ་བུའི་ཤེས་རབ་དང་ལྡན་པ་སྣོད་ལྟ་བུ་ལ། སྐུ་དང་ཞེས་པས་མ་ཧཱ་ཡོ་ག་སྟེ། ཞུས་ལེན་ཕྲ་མེན་འཕེལ་རྒྱས་ཀྱིས་བསྟན་པར་སྣང་སྟེ། ཕུང་པོ་ལྔ་སྣང་ལ་མ་དམིགས་རིགས་ལྔ། འབྱུང་བ་ལྔ་སྣང་ལ་མ་དམིགས་ཡུམ་ལྔ། ཁམས་དང་སྐྱེ་མཆེད་སེམས་དཔའ་དང་སེམས་མའི་རང་བཞིན་ཡིན་པ་བཞིན་རྟོགས་ནས། ཡེ་ནས་དེ་ལྟ་བུའི་ངང་ལས་དུས་གསུམ་དུ་འདའ་ཉམས་མེད་པར་གནས་པ་ལ་ནི་བསྒོམ་པ་ཅེས་བྱ་སྟེ། བཅུད་བླུགས་པ་ལྟ་བུ་ཡིན་ལ། དེའི་ངང་ལས་ཕུང་པོ་ཁམས་དང་སྐྱེ་མཆེད་མ་འདྲེས་པ་ཀུན་ཏུ་བཟང་པོའི་རང་བཞིན། ཡོངས་སུ་རྫོགས་པས་བཟང་མོ། །དབྱེར་མེད་པ་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པའི་དུས་སུ་ཡུལ་ཡུལ་ཅན་ནམ། ཤེས་བྱ་ཤེས་བྱེད་དབྱེར་མེད་པར་རང་རིག་མཐའ་དབུས་བྲལ་བ་ནམ་མཁའ་ལྟ་བུ་ལྷུན་གྱིས་གྲུབ་པ་ནི་མཐར་ཕྱིན་པ་སྟེ། རྫོགས་པ་ཆེན་པོའི་དོན་རྟོགས་པ། ཞེས་བྱ་བས་རོ་མྱོང་བ་ལྟ་བུའོ། །མདོ་སྡེ་ཞེས་པ་ཐེག་པ་དེ་ཉིད་ཀྱི་ལས་གསུམ་གྱི་མཐའ་དབྱེ་ནས་མི་དགེ་བ་སྤོང་ཞིང་། དགེ་རྩ་དང་དུ་ལེན་པའི་ངང་ལས་བདེན་པ་གཉིས་བཟུང་སྟེ། དོན་དམ་པའི་བདེན་པ་ནམ་མཁའི་ངོས་ལྟ་བུ་མཉམ་བཞག ། རྗེས་ལ་སྒྱུ་མ་ལྟ་བུ་ལ་གནས་ནས་བསླབ་པ་གསུམ་གཅིག་གི་རྒྱུར་གཅིག་གྱུར་ཏེ། གཅིག་གིས་གཅིག་བསྐྱེད་པ་ཉིད་ལ་དམ་དུ་བྱེད་པ་ནི་སྣོད་ལྟ་བུ་ཡིན་ལ། གསུང་ཅེས་པས་ཨ་ནུ་ཡོ་ག་སྟེ། བསྟན་པ་ཁ་གསལ་འཇུག་བདེ་བ་ཉིད་ལ། གདུག་བྱ་རྣམས་ཀྱི་ལམ་དུ་གྱུར་པ་སྟེ། རྒྱུ་ཆོས་ཀྱི་དབྱིངས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ལས། འབྲས་བུ་རིག་པའི་ཡེ་ཤེས་ཕྱི་ནང་གི་ཆོས་ཐམས་ཅད་དུ་རང་སྣང་སྟེ། སྣང་ཙམ་ཉིད་ན་རིག་པ་ཉིད་ལྷར་སྣང་བ་ལས་མ་ཏོགས་པར་བར་སྐབས་ཀྱི་བསྒྱུར་བྱེད་མི་མངའ་སྟེ། དེས་ན་དབྱིངས་ཡེ་ཤེས་སྐད་ཅིག་མ་སྔ་ཕྱི་མེད་ཀྱང་རྒྱུ་འབྲས་ཙམ་དུ་སྨྲས་ནས་དེའི་ཏིང་ངེ་འཛིན་གརྩོར་བྱེད་པ་ནི་བཅུད་བླུགས་པ་ལྟ་བུ་ལ། དེའི་སྒོ་ནས་རང་བཞིན་རྫོགས་པ་ཆེན་པོའི་དོན་མཐོང་བ་མེད་པར་མངོན་དུ་གྱུར་པ་ནི་རོ་མྱོང་བ་ལྟ་བུའོ། །དེས་ན་རྫོགས་པ་ཆེན་པོ་ལ་ནི་མཐར་ཐུག་པའི་དོན་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རང་རིག་ཡེ་ཤེས་ཕྱོགས་འཛིན་ཕྲ་བའམ་མ་གྲུབ་པའི་ངང་ལས་ཞེན་འཛིན་རྡུལ་ཕྲ་རབ་ཙམ་ཡང་མི་གནས་ཏེ། གཏན་ནས་ཟད་ནས་མཐའ་དབུས་དང་བྲལ་བ་ལྷུན་གྱིས་གྲུབ་པའི་ངང་ལས་ཆོས་ཐམས་ཅད་དེར་འདུ་ཤིང་དེ་ལས་སྣང་བ་དང་དེར་འཛིན་དང་བྲལ་ཞིང་ཆ་ཤས་དང་དུ་མ་དང་བྲལ་བ་ལ་ནི། ཐུགས་ཞེས་འདོགས་སོ། །དེ་ལྟ་བུའི་རྒྱུ་འབྲས་ཀྱི་ཐེག་པའི་བསྡུ་ཚུལ་བསྟན་པའི་དགོས་པ་ཡང་འདིར་ཐེག་པ་དགུ་སྟོན་པ་ལ། རྒྱུའི་ཐེག་པ་ནི་གསུམ་དུ་བསྡུས་པས་འབྲས་བུ་གར་བསྡུ་ཆ་མེད་པ་རྣམས་ཀྱི་ངོ་དང་། ཡང་གོང་མ་བཞིན་དུ་སྡེ་སྣོད་གསུམ་དུ་བསྡུ་བར་བཞེད་པ་རྣམས་ནི། རྒྱལ་པོ་དམངས་སུ་བསྡུ་བ་དང་འདྲ་བས་དེ་དག་གི་ཕྱོགས་ཤེས་པར་བྱ་བའི་ཕྱིར་རོ། །བདག་གི་བླ་མ་བདེ་བར་གཤེགས་པ་རིན་པོ་ཆེས་གསུངས་སོ། །དེས་ན་གསང་སྔགས་ནི་ཤས་ཆེ་བར་ལོངས་སྐུའི་བསྟན་པ་ཡིན་ལ། མཚན་ཉིད་ནི་སྤྲུལ་བསྡུ་འབའ་ཞིག་གི་བསྟན་པའོ། །འོ་ན་གསང་སྔགས་ནི་བརྗོད་པའི་རྣམ་གྲངས་ཚིག་གི་ཚོགས་སུ་ཡོད་ལ། ལོངས་སྐུས་ནི་རྣམས་པ་ཐམས་ཅད་དུ་མི་གསུངས་ཏེ། བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །ཞེས་པས་སྟོན་པ་དང་བསྟན་པར་ཡང་མ་འཛོམ་མོ་ཞེ་ན། ལོངས་སྐུ་ཆེན་པོ་བརྗོད་པ་དང་བྲལ་བ་ཆོས་སྐུའི་ངང་ལས་མི་གཡོ་བར་མཉམ་པར་བཞག་པ་འབའ་ཞིག་ལྟ་བུའང་གདུལ་བྱའི་སྣང་བ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་བྱའི་སྒྲིབ་པ་སྦྱང་བར་བྱེད་པ། སྐུས་ཆོས་སྟོན་པའི་ཚུལ་ཡང་གདུལ་བྱའི་སྣང་བ་སྟེ། དེས་ན་གདུལ་བྱའི་ངོས་ནས་ཆོས་གསུངས་པ་ཡང་མི་འགལ་ལ། ཡང་རྣམ་སྣང་དེ་ཉིད་ནི་ཐུན་མོང་གི་ལོངས་སྐུ་ཡིན་ལ། འདིར་ནི་རིགས་ལྔ་དབྱེར་མེད་དྲུག་པའི་ངོ་བོ་སྟེ། ལོངས་སྤྱོད་རྫོོགས་པ་ཆེན་པོ་ཡིན་པས་མ་འགགས་པ་དང་མ་དམིགས་པའི་ངོས་ནས་འཁོར་འདས་གཉིས་ཀྱི་ལོགས་སྤྱོད་ཀྱང་རྫོགས། ཞེས་འཆད་ན་གདུལ་བྱའི་སྣང་བའི་ངོས་ནས་ཆོས་གསུངས་པ་ཡང་མི་འགལ་ཏེ། དྲུག་པའི་ལྷུབ་གྲུབ་ཀྱི་སྐུའི་མཛད་པ་ལས། བ་སྤུའི་རྩ་བ་རེ་རེ་ནས་ཀྱང་སྤྲུལ་པའི་སྐུ་སྟོན་འཁོར་གདུལ་བྱ་དང་བཅས་པ་གྲངས་མེད་པ་ཕྱོགས་བཅུར་ཐུག་པ་མེད་པ་འཕྲོ་ཞེས་ཀུན་འདུས་ཀྱིས་གླེང་གཞི་དང་དགོངས་འདུས་གླེང་བསླང་བའི་ལེའུ་ནས་འབྱུང་བ་དང་། གསང་བའི་སྙིང་པོའི་ཐུན་མོང་བཅས་གཞིའི་ལེའུ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་ངོ་ཅེས་འབྱུང་བས། སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མེད་པ་ནི་དྲུག་པའི་སྐུའོ། །དེས་ན་སྤྲུལ་པའི་སྐུའི་མཛད་པ་ཐམས་ཅད་ཀྱང་དྲུག་པའི་སྐུའི་མི་འགགས་པའི་རྩལ་དང་། གདུལ་བྱའི་སྣང་བ་གཉིས་སྐད་ཅིག་མ་ལ་ལྷུན་གྲུབ་ཏུ་བཞུགས་པའོ། །དོན་དེས་ན་གདུལ་བྱ་ཅི་ཙམ་དུ་གདུལ་བྱེད་སྣང་སྟེ། གདུལ་བྱ་འཁོར་བ་དོངས་སྤྲུགས་ཐམས་ཅད་རང་བྱུང་གི་ཡེ་ཤེས་འབའ་ཞིག་ཏུ་ལྷུན་གྱིས་གྲུབ་པའི་དུས་སུ་གདུལ་བྱ་མེད་པས། དེ་ལ་ལྟོས་པའི་གདུལ་བྱེད་ཀྱང་མེད་དེ། དེས་ན་སངས་རྒྱས་ཅེས་པའི་གདགས་གཞི་དང་བྲལ་བས་སྒྲ་ཙམ་ཡང་མ་གྲུབ་པོ། ལྟོས་པའི་དབང་གིས་ཐ་སྙད་མི་གནས་ཀྱང་ངོ་བོ་ཉིད་ལྷུན་གྲུབ་ཀྱི་སྐུ་ལ་ནི་ཆད་པ་མི་མངའོ། །འོན་ཀྱང་གདུལ་བྱའི་མཐུན་སྣང་དུ་འཆར་བ་ནི་མེ་ལོང་གཟུགས་བརྙན་ལྟ་བུ། དེའང་འགྲོ་འོང་དང་སྤྲོ་བསྡུས་དང་བྲལ་བ་ནི་ཆུ་ཟླ་ལྟ་བུ་སྟེ། ཡུལ་དུ་མ་གྲུབ་རང་སེམས་ཉིད་དེར་སྣང་བའོ། །འོན་ཀྱང་དྲུག་པའི་སྐུ་ལ་ཚིག་ཏུ་གསུངས་པ་མི་འགགས་ཀྱང་། དྲུག་པའི་ལྷན་ཅིག་པའི་འཁོར་རྣམས་ལམ་མཐར་ཕྱིན་པ་ཤ་སྟག་ཡིན་པས་ཚིག་གིས་འདུལ་བའི་སྐྱེ་བོས་དབེན་པས། བཞིན་དང་མེ་ལོང་གི་ཚུལ་དུ་སྟོན་པའི་དགོངས་པ་ཉིད་འཁོར་གྱི་རིག་པ་ལ་ལྷུན་གྱིས་གྲུབ་ནས་དགོངས་པ་དབྱེར་མེད་དུ་གྱུར་པ་ལ་མ་འགགས་པའི་ངོས་ནས་བསྟན་པ་ཞེས་བརྗོད་དེ། ཤར་ཚུལ་གྱི་ངོས་ནས་ལོངས་སྐུའི་གསུང་མེ་ལོང་ཞེས་བརྗོད་ལ། རྟོགས་པ་མཐར་ཕྱིན་པའི་ངོས་ནས་ཆོས་སྐུའི་གསུང་ནམ་མཁའ་ལྟ་བུའི། ཞེས་སོ། །དེ་ལྟ་བུའི་བསྟན་པ་དེ་གོ་ཕྱེ་བའི་འཁོར་ལྷ་མོ་སྐལ་ལྡན་རྣམས་ལ་སྣང་བའི་ཚུལ་ནི། སྟོན་པའི་ཐུགས་ཉིད་བརྗོད་པ་ཚིག་སྤྲུལ་པ་པོ་ཏིང་ཚོགས་རྣམས་སུ་སྣང་སྟེ། གདུལ་བྱའི་སྣང་བ་ལ་སྡུད་པ་པོས་བསྡུས་ཞེས་དཀྱུས་ཀྱི་ཚིག་ཏུ་བཀོད་ཞེས་ཀྱང་བརྗོད་དོ། །དེས་ན་པོ་ཏི་རྣམས་རིག་ཅན་གྱི་ཁང་ཐོག་ཏུ་བབས་པ་སྟེ། སོ་སོའི་གནས་ནས་སྣང་ཚུལ་ལ་སོགས་པ་རྣམས་རྒྱུས་པར་ཤེས་པར་བྱའོ། །རིམ་པ་དེས་ན་སྡེ་སྣོད་གསུམ་དུ་བསྡུར་མི་བཏུབ་པར་བཤད་དོ། །ངོས་བཟུང་བ་བྱེ་བྲག་ཏུ་བསྟན་པ་ནི། གཞུང་འདི་ཉིད་ཐེག་པ་ཆེ་ཆུང་གཉིས་ལས་ཆེན་པོའོ། །དེ་ཉིད་ལས་རྒྱུ་འབྲས་གཉིས་ལས་འདིར་འབྲས་བུའོ། །དེ་ལའང་ཕྱི་ནང་གཉིས་ལས་འདི་ནང་པའོ། །ནང་པ་ལའང་བསྐྱེད་པ་མ་ཧཱ་ཡོ་ག་དང་། རྫོགས་པ་ཨ་ནུ་ཡོ་ག་དང་། རྫོགས་པ་ཆེན་པོ་ཨ་ཏི་གསུམ་ལས་འདི་མ་ཧཱའོ། །འོ་ན་འདིར་མ་ཧཱ་ཡོ་ག་ཡིན་ན། ཐེག་པ་འོག་མ་རྣམས་དང་ཐེག་པ་གཉིས་པོའང་སྟོན་པ་ཅི་ཞེ་ན། དེ་ནི། འདུ་བ་མདོ་སྡེ་ཆོས་མངོན་དང་། ཞེས་པ་གོང་དུ་བསྟན་པ་ལྟར་གྱིས་ཐེག་པ་ཐམས་ཅད་འདི་ལས་འབྱུང་ཞིང་འདིར་འདུས་ཏེ། འདིས་གཏན་ལ་ཕབ་པ་དང་། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པས་འབྲས་བུ་ཚོལ་བ་ལ་ཞུགས་པ། ཐམས་ཅད་འདི་ཉིད་ཀྱི་ཐོག་ཏུ་དབབ་པ་དང་། ཉེ་བས་མཐོང་བ་དང་ཉེ་བས་བརྒྱུད་དེ་མཐོང་བ་དང་རིམ་པས་བརྒྱུད་དེ་མཐོང་བའི་ཐབས་སུ་བསྟན་པ་དང་། འོག་མ་རྣམས་ནི་བྲེ་ནང་དུ་ཕུལ་ཤོང་བའི་ཐེག་པ་ཡར་ལྡན་གྱི་དཔེ་དང་། གོང་མ་གསུམ་ནི་གཅིག་གིས་གཅིག་འབྱིན་པར་སྟོན་ཏེ། བདུད་རྩི་ཆེན་པོའི་རྒྱུད་ལས། རྒྱུད་དང་ལུང་དང་མན་ངག་ཀྱང་། །འབངས་དང་རྗེའུ་དང་རྒྱལ་པོའི་རྩལ། །ཁྱད་པར་རྩལ་འཕང་ཐག་རིང་ཡང་། །གཅིག་ལ་གཅིག་བརྟེན་གཅིག་གི་ངང་། །ཞེས་པས་སོ། །སྤྱིར་ཐེག་པ་ཐམས་ཅད་ཀྱི་སྤྱི་ལུང་ཡིན་ཏེ་བརྗོད་བྱའི་དོན་ཐམས་ཅད་ཀྱང་རང་བཞིན། གསང་བའི་སྙིང་པོ་ལས་འཕྲོས་ཤིང་འདུས་པ་དང་། བརྗོད་བྱེད་ཀྱི་ཚིག་ཐམས་ཅད་ཀྱང་རྒྱུད་འདི་ཉིད་གསུང་བའི་དུས་སུ་གདུལ་བྱ་བློ་མཐོ་དམན་ཐམས་ཅད་ལ་ཐེག་པ་ཐམས་ཅད་སྣང་བ་སྟེ། དེས་ན་རྒྱུད་འདི་ནི་རྒྱུད་ཀྱི་རྒྱལ་པོ་ལ་སོགས་པའི་ཆེ་བ་བདུན། ཤིན་ཏུ་གསང་བ་མན་ངག་གི་ལེའུ་བསྟན་པས་ཀྱང་གསལ་ལོ། །དེ་ལྟ་བུའི་ཆོས་དེ་ལ་ཡང་བཀའ་དང་བསྟན་བཅོས་གཉིས་ལས། བཀའ་ལའང་བཞིར་དབྱེ་བ་གཞན་དུ་ཤེས་ཏེ། དེ་ལ་བརྟེན་པ་ནི་བསྟན་བཅོས་སོ། །བསྟན་བཅོས་ལ་ཡང་། ལུང་བསྡུ་བ་དང་། དགྲོལ་བ། སྒྲུབ་པ་ལྷུང་ལེན་དང་། རྩོད་པ་ལྷུང་ལེན་བཞིར་ཡང་འཆད་ལ། འདིར་ནི་རྒྱུད་ཀྱི་ཚིག་ལ་འཇུག་པ་དང་། སྒྲུབ་པའི་ཐབས་ལ་འཇུག་པ་གཉིས་ཏེ། རྒྱུད་ཀྱི་ཚིག་ལ་འཇུག་པ་ནི་འགྲེལ་པ་དང་ཁོག་དབུབས་དང་ས་གཅོད་རྣམས་སོ། །སྒྲུབ་པའི་ཐབས་ལ་འཇུག་པ་ནི། བསླབ་ཅིང་ཉམས་སུ་བླང་བ་སྒྲུབ་པའི་ངོ་བོ་སྟེ། སློབ་དཔོན་སྒེགས་པའི་རྡོ་རྗེས། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །ཕྲིན་ལས་སྒྲུབ་པའི་ལས་རིམ་གྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། ཞེས་པས་བདུན་དུ་བྱས་པའམ། སློབ་དཔོན་སངས་རྒྱས་གསང་བས་མཆོད་པ་བསྣན་པས་བརྒྱད་དུ་བྱས་པའམ། སློབ་དཔོན་བྷི་མ་ལས་སྔགས་དང་ཕྱག་རྒྱ་གཉིས་བསྣན་པས་བཅུར་བྱས་པ་སྟེ། དེ་ཡང་དེ་ཁོ་ན་ཉིད་ལྟ་བའི་མན་ངག་དང་། ཟིན་ཆགས་མེད་པ་སྤྱོད་པའི་མན་ངག་དང་། བཀོད་པ་དཀྱིལ་འཁོར་གྱི་མན་ངག་དང་། མི་འདའ་བ་དམ་ཚིག་གི་མན་ངག་དང་། རོལ་པ་ཕྲིན་ལས་ཀྱི་མན་ངག་དང་། དོན་དུ་གཉེར་བ་སྒྲུབ་པའི་མན་ངག་དང་། མི་ག ཡོ་བ་ཏིང་ངེ་འཛིན་གྱི་མན་ངག་དང་། གནས་སུ་སྟོབས་པ་མཆོད་པའི་མན་ངག་དང་། འཆིང་ཟློས་སྔགས་དང་ཕྱག་རྒྱའི་མང་ངག་གོ། །དེ་ལ་འདི་ནི་ལྟ་བུའོ། །དེ་ལ་ཡང་ཤེས་རབ་སྤྱན་འབྱེད་ལ་སོགས་པ་གྲངས་མང་ཡང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྟ་བ་རྣམས་སོ་སོར་མ་འདྲེས་པར་ཁྲིགས་ཆགས་སུ་བསྟན་པ་ལྟ་བའི་ཕྲེང་བའོ། །དེ་ནི་སྤྱི་དང་བྱེ་བྲག་གི་ངོས་ནས་དམ་པའི་ཆོས་ངོས་བཟུང་བའོ། །གཉིས་པ་དེ་བཤད་པའི་ཐབས་བསྟན་པ་ནི། མན་ངག་ཐམས་ཅད་རྩིས་མགོས་ཀླད་ནས་གཞོམ། ཞེས་པས་འདི་ལ་དོན་གསུམ་སྟེ། དང་པོ་རྩིས་མགོ་རྣམ་པ་ལྔས་བཤད་པ་ནི། ཁུང་སྨོས་པས་ཡིད་ཆེས་པར་བྱ་བའི་ཕྱིར་སློབ་དཔོན་གང་གིས་མཛད་པ་དང་། བསྟན་པ་ལ་མཚན་ངེས་ཤིང་དོན་གྱི་མདོ་ཙམ་རྟོགས་པར་བྱ་བའི་ཕྱིར་མཚན་ཅི་ལས་བཏགས་པ་དང་། བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུགས་པར་བྱ་བའི་ཕྱིར་རྒྱུད་གང་ནས་བཏུས་ཏེ་ཕྱོགས་གར་གཏོགས་པ་དང་། རྩོམ་པ་ལ་དོན་ཡོད་པར་བྱ་བའི་ཕྱིར་དགོས་ཆེད་སུའི་དོན་དུ་མཛད་པ་དང་། ཤེས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དབུ་ཞབས་སུ་དོན་དུས་བསྟན་པའོ། །དེ་ལ་དང་པོ་མཛད་པའི་སློབ་དཔོན་ནི། བསྟན་བཅོས་མཛད་པའི་ཚད་གསུམ་ཀ་དང་ལྡན་ཏེ། རབ་ཆོས་ཉིད་བདེན་པའི་དོན་མཐོང་། ཞེས་པ་དང་པོ་ཡན་ཆད་ལ་འཇོག་ཀྱང་། འདིར་ནི་རྩ་ཆེན་རྫོགས་པའི་སྐྱེས་བུ་མཐར་ལམ་པ་སངས་རྒྱས་མ་རག་པའོ། །འབྲིང་ཡི་དམ་ལྷའི་ཞལ་མཐོང་ཞེས་པ་ཡོ་ག་མན་ཆད་པ་དག་གིས་ཡི་དམ་ལྷ་ཡི་ཞལ་མཐོང་བ་ནི། ཚོགས་ལམ་ཆེན་པོ་བར་ཡང་བརྗོད་ན། འདིར་སྐུ་གསུམ་དབྱེར་མེད་ཧེ་རུ་ཀ་ལྔ་དང་། ལུང་གི་ཁྲག་ཐུང་དགུ་དང་། དེ་ལ་སོགས་པ་རྒྱལ་པོ་དཀྱིལ་འཁོར་མ་ལུས་པ་མཐོང་བས། སྒོམ་ལམ་གྱི་རྨི་ལམ་དང་སྒྲ་སྙན་དང་དངོས་སུ་ལུང་བསྟན་པ་རྣམ་པ་གསུམ་ཡང་རྫོགས་པར་ངེས་ཏེ། ཉིད་མཐར་ལམ་ལ་བཞུགས་པའི་ཕྱིར་རོ། །ཐ་མ་རིག་པའི་གནས་ལྔ་ལ་མཁས་པ་ཞེས་པ། གཞི་བཞག་ཡིན་པས་ན་གསུམ་ཀ་འཛོམ་པའོ། །དེ་ཡང་སྐུ་ཆེ་བའི་ཡོན་ཏན་གྱི་ངོས་ནས་པདྨ་ལས་བརྫུན་ཏེ་སྐྱེས་པ་དང་། དམ་པའི་ཆོས་ལ་ཞུགས་ནས་སང་ཀྲ་ཧ་གསན་པའི་དུས་སུ་ཡོ་ག་སུམ་ཅུ་རྩ་གསུམ་གྱི་དལ་ཞལ་མཐོང་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་གྲུབ་པ་དང་། མེས་སྦྱངས་པས་མ་ཚིག་པ་ལ་ཐམས་ཅད་ངོ་མཚར་དུ་གྱུར་པ་དང་། བོད་ཡུལ་དུ་བྱོན་ནས་མི་མ་ཡིན་ཐམས་ཅད་བཏུལ་ནས་བོད་ལ་ཕན་བཏགས་པ་ལ་སོགས་ཏེ། རྒྱས་པར་གཞན་དུ་ཤེས་པར་བྱའོ། །བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུགས་པར་བྱ་བའི་ཕྱིར་རྒྱུད་གང་ནས་བཏུས་ཤིང་ཕྱོགས་གར་གཏོགས་ན། རྩ་བའི་རྒྱུད་གསང་བའི་སྙིང་པོ་ལས་བཏུས་ཤིང་དེའི་དབང་གིས་ཕྱོགས་ནི་དེ་ཉིད་དེ་ཏན་ཏྲ་སྡེ་བཅོ་བརྒྱད་ཀྱི་རྩ་བ་ཡིན་པས་མ་ཧཱ་ཡོ་ག་ཅེས་ཀྱང་བརྗོད་ལ། དོན་གྱི་རྩ་བའི་བཞག་སོ་ཨ་ཏི་ཡོ་ག་ཡིན་པས་ཨ་ཏི་ཡོ་གར་བསྡུའོ། །འོ་ན་ལྟ་བ་ཐམས་ཅད་སྟོན་པས་ཐེག་པ་སྤྱིའི་ལུང་ཡང་ཟེར་ལ། རྫོགས་ཆེན་གཅིག་ཏུ་སྨྲ་བ་ཅི་ཞེ་ན། དེ་ནི་རྒྱལ་ཁམས་ཀྱི་ལོ་རྒྱུས་བརྗོད་པ་མང་པོ་བརྗོད་ཀྱང་། རྒྱལ་པོ་དེའི་ཞིང་ཁམས་ཟེར་བ་མིན་པ་འབངས་སོ་སོའི་ཞིང་ཁམས་སོ་སོ་ཞེས་མི་སྨོས་པ་བཞིན། ཐམས་ཅད་རྫོགས་པ་ཆེན་པོ་ལས་སྣང་ཞིང་རྫོགས་ཆེན་དུ་འདུས་ལ། རྫོགས་ཆེན་གཏན་ཕབ་ཕྱིར། རྒྱུད་ལས། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་པས་སོ། །འདི་མཛད་པའི་ཚུལ་ནི་རྫོགས་པ་ཆེན་པོའི་ལོ་རྒྱུས་ལས་ཀྱང་བསྟན་ཏེ། འདིར་ནི་སློབ་དཔོན་གྱིས་སྔོན་དུ་མཆིམས་ཕུ་དང་སྨན་ལུང་གཉིས་སུ་གསང་བའི་སྙིང་པོ་ཚར་གཉིས་གསུངས་པ་ཡིན་སྐད། དེར་བསམ་ཡས་རབ་གནས་མཛད་པའི་གོང་དུ་རྗེ་འབངས་ཉེར་ལྔ་འཚོགས་ནས་། རྒྱུད་ཀྱི་ལེའུ་བཅུ་གསུམ་པའི། མ་རྟོགས་པ་དང་ལོག་པར་རྟོག །ལ་སོགས་པའི་ཐེ་ཙོམ་དྲིས་པའི་ལན་དུ་གྲལ་དུ་དཀྱུས་འདི་ཉིད་མཛད་པ་ལགས་སྐད་དོ། །གང་ཟག་གང་གི་དོན་དུ་མཛད་ན་ཕྱི་རབས་པ་ལམ་པ་རྣམས་ཀྱིས་འདི་ཉིད་ཀྱི་དོན་ལྟ་བའི་ངོ་བོ་ཤེས་ཤིང་ཁོང་དུ་ཆུད་པའི་ཕྱིར་མཛད་དོ། །དེ་ལའང་གསུམ། རྒྱ་ཆེ་བ་མོས་པ་དང་། ཆུང་བ་ལ་མོས་པ་དང་། དོན་ལ་མོས་པ་དང་། དེ་ལ་དང་པོ་ནི་འཇིག་རྟེན་ཕྱལ་པ་ནས་ཨ་ཏིའི་ཁྱད་པར་གྱི་ལྟ་ཁྱད་ལ་སོགས་བསྐོལ་མདོ་དྲུག་གམ་བརྒྱད་ཀྱིས་སྟོན་པ་དེ། འདིར་བསྟན་པས་དེ་གདར་ཤ་གཅོད་པའི་ཕྱིར་ཐེག་པ་ཐམས་ཅད་ལ་མཁས་པར་འགྱུར་བས་རྒྱ་ཆེ་བ་ལ་མོས་པའི་དོན་ཏོ། །ཆུང་བ་ལ་མོས་པའི་དོན་ཡང་ལྟ་བའི་རྣམ་གྲངས་དེ་དག་དཀྱུས་ཉུང་ངུ་འདིར་བསྡུས་ཏེ་བསྟན་པས། དེ་ཉམས་སུ་བླངས་པས་ཤེས་པས་ལྟ་བ་ཐམས་ཅད་ལ་མཁས་ཏེ། དེས་ན་གཞུང་མང་པོ་བློ་ལ་མི་ཤོངས་པའ་ིདོན་དུ་བྱུང་བས་རྒྱ་ཆུང་བའོ། །དོན་ལ་མོས་པའི་དོན་དུའང་མཛད་དེ། ཚིག་ཚོགས་ལ་སྐྲགས་ཅིང་དོན་གཅིག་པུ་ལ་མོས་པ་རྣམས་རང་གི་བློ་ཚོད་དང་མཐུན་པའི་ལྟ་བའི་དགོས་པ་ཉམས་སུ་ལོན་ནས་མཐར་རྫོགས་པ་ཆེན་པོའི་དོན་མངོན་དུ་སྣང་བའི་ཕྱིར་གཞུང་ཉུང་ལ་འདྲིལ་བ་འདིས། གང་ཟག་གཅིག་གི་ལམ་མཐར་ཐོས་པས་སོ། །མཚན་བསྟན་པ་ནི་སྤྱིར་ལྔ་སྟེ། དཔེ་ལས་བཏགས་པ་དང་། དོན་དང་། རྣམ་གྲངས་དང་། གང་ཟག་དང་། ཡུལ་ལག་བཏགས་པ་དང་རྣམ་པ་ལྔ་ལས་དོན་ལས་བཏགས་པ་སྟེ་དེ་ལ་འང་བཞི་སྟེ། དོན་གྱི་གཙོ་བོ་ལས་བཏགས་པ་དང་། རྣམ་གྲངས་ལས་བཏགས་པ་དང་། དོན་མདོར་བསྡུས་པ་ལས་བཏགས་པ་དང་། དོན་རང་གི་ངོ་བོ་ལས་བཏགས་པ་ལས། འདིར་རང་གི་ངོ་བོ་ལས་བཏགས་པས་ལྟ་བ་ཅེས་པ་དང་། དཔེ་ལས་བཏགས་པས་ཕྲེག་བ་ཅེས་སོ། །དབུ་ཞབས་སུ་དོན་བསྡུས་བསྟན་པ་ནི་གསུམ་སྟེ། ཀླད་དོན་ལ་སོགས་པའོ། །གཉིས་པ་རྩིས་མགོ་རྣམ་པ་ལྔ་པོ་དེ་དཀྱུས་གཞུང་ནས་ཇི་ལྟར་བསྟན་པ་ནི། དེ་ལ་སློབ་དཔོན་ནི། བསྐྱུད་བྱང་ཞེས་པ་སྡེབས་སྦྱོར་སྤངས་ཏེ་ཞུ་བ་ཐད་སོར་ལན་བཏབ་པའོ། །རྒྱུད་ཀྱི་ཁུངས་ནི། རྡོ་རྗེ་ཕུང་པོའི་ཡན་ལག་ནི། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། ཞེས་པ་ལ་སོགས་པ་རྩ་བའི་རྒྱུད་གསང་བའི་སྙིང་པོ་ཡིན་པར་བསྟན་ཏོ། །མཚན་ཅི་ལས་བཏགས་པ་ནི། ཞབས་ནས་ལྟ་བའི་གསང་བ་འདི། ཞེས་པའི་དཔེ་དོན་གཉིས་ཀྱིས་བསྟན་ཏོ། །གང་གི་ཆེད་དུ་མཛད་པ་ནི། གསང་སྔགས་ཀྱི་རིགས་སུ་བྱུང་ཞིང་སྐལ་ལྡན་གྱི་དོན་དུ་མཛད་དེ། གཞུང་ལས་སྐྱེས་མཆོག་ཡོད་ན་འཕྲད་གྱུར་ཅིག །ཅེས་པས་སོ། །ཡང་སློབ་དཔོན་སྨྲོས་པ་ནི་གསང་སྔགས་བྱིན་རླབས་ཀྱི་ལམ་པ་ཡིན་པས་བཀའ་དྲིན་ཆེན་པོ་རྗེས་སུ་དྲན་པ་དང་། མོས་གུས་རྒྱུན་མི་ཆད་པའི་དགོས་པའོ། །མཚན་ནི་ཕྱོགས་ལ་མགོ་མི་རྨོངས་ཤིང་དོན་མདོར་བསྡུས་པ་རྟོགས་པར་བྱ་བའི་དགོས་པའོ། །དོན་ཆེད་ནི་ཉན་པ་པོ་སྤྲོ་བ་བསྐྱེད་པའི་ཕྱིར་དང་། སྣོད་དང་བཅུད་དུ་འཛོམ་པའི་དགོས་པའོ། །དབུ་ཞབས་སུ་དོན་བསྡུས་བསྟན་པའི་ས་གཅོད་ཀྱི་དགོས་པ་ནི། དཔེར་ན་རྟ་དཀྱུས་ཀྱིས་བྱ་འདྲོངས་ན་དཀྱུས་འཇུག་དེ་ལས་རྗེས་སུ་མི་འདའ་བ་དང་འདྲ་བར། ས་གཅོད་གློ་གློར་ས་གཅོད་ན་བསྟན་པའི་དཀྱུས་མི་འཁྱམས་ཤིང་མགོ་མི་རྨོངས་པའི་དོན་ནོ། །དེས་ན་དོན་དེ་དག་གིས་ནི་བཤད་པའི་ཐབས་བསྟན་པའོ། །དེས་གོང་མ་སྤྱི་དང་བྱེ་བྲག་རྣམ་པ་གཉིས་ཀྱིས་དམ་པའི་ཆོས་ངོས་བཟུང་བ་བསྟན་ཏེ། དེ་གཉིས་བསྡོམས་པས་ནི་དགོས་པའི་དོན་ཀྱིས་ཁོག་དབུབས་པའོ། །སྤྱི་དོན་གཉིས་པ་དཀྱུས་ཀྱི་ས་གཅོད་པ་དང་། གསུམ་པ་ཚིག་གི་འབྲུ་གནོན་པ་གཉིས་ཐུན་མོང་དུ་ཁྲེའུ་རུ་སྟོན་ཏོ། །དེ་ཡང་། ས་གཅོད་པ་ལ་སྤྱི་དོན་གསུམ་སྟེ། ཀླད་དང་། གཞུང་དང་། ཞབས་ཀྱི་དོན་ནོ། །དེ་ལ་ཀླད་ཀྱི་དོན་ལ་གཉིས་ཀྱི་མཚན་བསྟན་པ་ནི། ལྟ་བ་དང་ཐེག་པ་ལ་སོགས་པ་ཁྱད་པར་དུ་བསྡུས་པའི་བསྐྱུད་བྱང་ཞེས་པ། འདིར་ཤུགས་ལས་བཤད་པར་དམ་བཅས་པ་ཉིད་ཀྱང་གསལ་ཏེ། དེ་ཡང་ལྟ་བ་ནི་འཇིག་རྟེན་པའི་ལྟ་བ་བཞི། འདས་པའི་ལྟ་བ་དགུ་དང་བཅུ་གསུམ་མོ། །དེ་ལ་འཇིག་རྟེན་པའི་ལྟ་བ་བཞི་ནི། མ་རྟོགས་པ་ཕྱལ་བ་དང་རྒྱང་འཕེན་གཉིས། ལོག་པར་རྟོགས་པ་མུར་ཐུག་པ་དང་མུ་སྟེགས་པ་གཉིས་དང་བཞིའོ། །འདས་པའི་དགུ་ནི། ཉན་ཐོས་རང་རྒྱལ་བྱང་སེམས་དང་གསུམ། གསང་སྔགས་ཕྱི་པ་གསུམ། གསང་སྔགས་ནང་པ་གསུམ་དང་སྤྱིར་བཅུ་གསུམ་མོ། །འདི་ལ་ལ་དག་གིས་ལྟ་བ་ནི། འཇིག་རྟེན་པའི་ལྟ་བ་བཞི་སྟེ་རང་རང་གི་མ ཐོང་སྣང་དེ་ལ་འབྲས་བུ་མེད་ཅིང་འཁོར་བ་ལས་མི་ལྡོག་པའི་དོན་གྱི་ན་ལྟ་བ་ཅེས་བྱ་སྟེ། ཐེག་པ་ནི་ཐེག་པ་དགུ་པོས་རྟེན་གྱི་གང་ཟག་གང་ཡིན་པ་དེ་ཐེག་པ་དེ་ཉིད་ཀྱི་སྒོར་ཞུགས་ཏེ་བར་དུ་ཆུད་མ་ཟོས་ཤིང་རང་གི་འབྲས་བུ་ལ་སྦྱོར་ཞིང་སྐྱོལ་བར་བྱེད་པས་ན་ཐེག་པ་ཞེས་བྱ་སྟེ། ནང་ཚན་དགུའི་ལྟ་བའི་ཞེས་བརྗོད་ལ། སོགས་ཁོངས་སུ་སྤྱོད་པ་བསྡུ་བ་རྣམ་པ་ཐམས་ཅད་དུ་མཐུན། དེ་ལྟ་བུ་དེ་ལ་ལྟ་བའི་བརྟག་བྱའི་ངོ་བོ་ནི་སོ་སོའི་མཐོང་སྣང་གི་ཆོས་སོ། །རྟོགས་པར་བྱ་བའི་ཐབས་ནི། ཐེག་པ་སོ་སོའི་གཞལ་བྱའི་གཏན་ཚིགས་རྣམས་སོ། །ལྟ་བའི་ངོ་བོ་ནི་ལམ་གྱི་གནས་སྐབས་སོ། །སོ་སོར་རྟོགས་པའི་ཤེས་རབ་དང་། དེས་དོན་རྙེད་ནས་མི་དམིགས་པའི་ཤེས་རབ་གཉིས་སོ། །བྱེ་བྲག་ནི་གོང་དུ་བསྟན་པའི་ལྟ་བ་བཅུ་གསུམ་མོ། །འཇིག་རྟེན་ལས་འདས་པའི་ལྟ་རིམ་དགུའི་ངེས་ཚིག་ནི། མཐོང་བྱའི་དོན་གང་ཡིན་པ་དེ་རིག་པ་ལ་ལྷུན་གྱིས་གྲུབ་ནས། ཡོ་ག་མན་ཆད་རྣམས་ནི་ཞེན་འཛིན་དང་བཅས་ལ། ནང་པ་ནི་ཡུལ་མེད་རང་གསལ་གྱི་ཉམས་རྙེད་པ་ཙམ་མོ། །ལྟ་བ་རྟོགས་པའི་ཐབས་ནི། དད་པ་བསྐྱེད་པ་དང་མོས་གུས་ཆེ་བ་དང་། །རྒྱུ་འབྲས་ཕྲ་བའི་ཕྲ་བ་ལའང་འཛེམ་པ་དང་། དཀར་པོའི་ལས་ཕྲ་བའང་ལེན་ཅིང་ནག་པོའི་ལས་ཕྲ་བའང་སྤོང་པའོ། །ལྟ་བའི་ཁྱད་བར་ནི། ཕྱལ་པ་ནས་རྫོགས་པ་ཆེན་པོའི་བར་བཅུ་གསུམ་གྱི་གོང་འོག་གི་ཁྱད་པར་གོང་ནས་གོང་དུ་འཕགས་པ་རྣམས་སོ། །ཡོན་ཏན་ནི་ལམ་གྱི་གཞི་ཟིན་བའོ། །ལྟ་བ་མེད་པའི་སྐྱོན་ནི། རྣམ་པར་དཀར་བའི་ཆོས་སྤྱོད་བཅུ་ལ་འབད་ཀྱང་ཟག་བཅས་འབའ་ཞིག་ཏུ་སྣང་གི་བྱང་ཆུབ་ལ་མི་རེག་པའོ། །དེ་ལྟར་དགུ་པོ་དེ་ནི་ཐེག་པ་དགུའི་ལྟ་བའི་ཁྱད་པར་བརྗོད་དོ། །དང་ཞེས་པས་ལྟ་བའི་ཁྱད་པར་བཅུ་གསུམ་དུ་དབྱེར་ཡང་། གོང་མ་བཞི་པོས་འཁོར་བ་ལས་སྒྲོལ་བར་མི་ནུས་པས། རྒྱུའི་ཐེག་པས་ཉམས་སུ་བླངས་ཏེ་ཁམས་གསུམ་ལས་འདས་ཤིང་འབྲས་བུ་ལ་སྦྱོར་བའི་ནུས་པ་དང་ལྡན་པས། ཐེག་པ་ཞེས་སྨོས་ཏེ། དེ་ཡང་ཐེག་པའི་ངེས་ཚིག་ནི། འདི། འདིས། འདི་ལས། འདིར་ཐེག་པའི་དོན་གྱིས་ན་ཐེག་པ་སྟེ། དེའང་དཔེ་བཞིའི་ངོས་ནས་སྟོན་ཏེ། སྡུག་བསྔལ་ལས་སྒྲོལ་བའི་དཔེ་གྲུ་གཟིངས་ལྟ་བུ་དང་། འོག་མ་རྣམས་གོང་མ་ལས་ཡར་ལྡན་གྱི་དཔེ་གླང་པོ་ཆེ་ལྟ་བུ་དང་། གདུལ་བྱའི་བློ་ཚོད་དང་སྦྱར་བའི་དཔེ་རྟ་ལྟ་བུ་དང་། བརྩོན་འགྲུས་ཀྱི་དཔེ་རྐྱལ་མཁན་ལྟ་བུའོ། །དེ་ལ་གྲུ་གཟིངས་ཀྱི་དཔེ་ནི། ཐེག་པོའི་ངོ་བོ་ནི་ཉན་ཐོས་ཀྱི་ཐེག་པ་སྟེ། དེའི་སྒོར་འཇུག་པའི་རྟེན་གྱི་གང་ཟག་ནི། འདི་ཐེག་པའི་དོན་གྱིས་ན་ཐེག་པ་སྟེ་རྟེན་ནོ། །འདིས་ཐེག་པའི་དོན་གྱིས་ན་ཐེག་པ་སྟེ་ཉན་ཐོས་ཀྱི་ཐེག་པའོ། །འདི་ལས་ཐེག་པའི་དོན་གྱིས་ན་ཐེག་པ་སྟེ། འཇིག་རྟེན་པའི་ལྟ་བ་བཞིས་བསྡུས་པའི་ཁམས་གསུམ་གྱི་ཆོས་ཐམས་ཅད་དོ། །འདིར་ཐེག་པའི་དོན་གྱིས་ན་ཐེག་པ་སྟེ། དགྲ་བཅོམ་པ་ཟུང་བཞི་ཡ་བརྒྱད་དོ། །གང་ཟག་དབང་པོའི་ཐ་མའི་འབྲིང་རང་རྒྱལ་བའི་རྟེན་གྱི་གང་ཟག་ནི། འདི་ཐེག་པའི་དོན་ནོ། །རང་རྒྱལ་བརྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལུགས་འབྱུང་ལྡོག་ནི། འདིས་ཐེག་པ་དོན་གྱིས་སྟེ་གྲུ་གཟིངས་ལྟ་བུའོ། །ཁམས་གསུམ་གྱི་ཐོག་ཏུ་ཉན་ཐོས་བསྣན་པས་ནི་འདི་ལས་ཐེག་པ་སྟེ་ཆུ་ལྟ་བུའོ། །རང་སངས་རྒྱས་ཡིད་བཞིན་བདེ་མཆོག་གིས་ནི་འདིར་ཐེག་པ་སྟེ་སྐམས་ལྟ་བུའོ། །གང་ཟག་དབང་པོ་ཐ་མའི་རབ་ནི། འདི་ཐེག་པ་སྟེ་མི་ལྟ་བུའོ། །བྱང་ཆུབ་སེམས་དཔའི་ཐེག་པ་བདེན་པ་གཉིས་ནི་འདིས་ཐེག་པ་སྟེ་གྲུ་གཟིངས་ལྟ་བུའོ། །ཁམས་གསུམ་གྱི་ཐོག་ཏུ་དམན་པ་གཉིས་ནི། འདི་ལས་ཐེག་པ་སྟེ་ཆུ་ལྟ་བུའོ། །མཐའ་གཉིས་ལ་མི་གནས་པ་བཅུ་གཅིག་ཀུན་ཏུ་འོད་ཀྱིས་ནི་འདིར་ཐེག་པ་སྟེ་སྐམས་ལྟ་བུའོ། །དབང་པོ་འབྲིང་གི་ཐ་མ་ཀྲི་ཡའི་རྟེན་གྱི་གང་ཟག་ནི་འདི་ཐེག་པ་སྟེ་མི་ལྟ་བུའོ། །དེས་འཇུག་པའི་ཡུལ་ཀྲི་ཡའི་ཐེག་པ་ནི་འདིས་ཐེག་པ་སྟེ་གྲུ་གཟིངས་ལྟ་བུའོ། །ཁམས་གསུམ་དང་དམན་པ་གསུམ་དང་ལམ་རིང་བ་རྣམས་ནི་འདི་ལས་ཐེག་པ་སྟེ་ཆུ་ལྟ་བུའོ། །རྡོ་རྗེ་འཛིན་པའི་ས་ནི་འདིར་ཐེག་པ་སྟེ་སྐམས་ལྟ་བུའོ། །དབང་པོ་འབྲིང་གི་འབྲིང་། ཨུ་པ་ཡའི་རྟེན་གྱི་གང་ཟག་ནི་འདི་ཐེག་པ་སྟེ་མི་ལྟ་བུའོ། །ཨུ་པ་ཡའི་ཐེག་པ་ནི་འདིས་ཐེག་པ་སྟེ་གྲུ་གཟིངས་ལྟ་བུའོ། །ཁམས་གསུམ་དང་ཀྲི་ཡ་མན་ཆད་ནི་འདི་ལས་ཐེག་པ་སྟེ་ཆུ་ལྟ་བུའོ། །རིགས་བཞི་རྡོ་རྗེ་འཆང་གིས་ནི་འདིར་ཐེག་པ་སྟེ་སྐམས་ལྟ་བུའོ། །དབང་པོ་འབྲིང་གི་རབ་ནི་འདི་ཐེག་པ་སྟེ་མི་ལྟ་བུའོ། །དེ་འཇུག་པའི་ཡུལ་ཡོ་གའི་ཐེག་པ་ནི་འདིས་ཐེག་པ་སྟེ་གྲུ་གཟིངས་ལྟ་བུའོ། །ཁམས་གསུམ་ཨུ་པ་ཡ་དང་བཅས་པ་ནི་འདི་ལས་ཐེག་པ་སྟེ་ཆུ་ལྟ་བུའོ། །སྟུག་པོ་བཀོད་པའི་ས་མངོན་དུ་བྱས་པ་ནི་འདིར་ཐེག་པ་སྟེ་སྐམས་ལྟ་བུའོ། །དབང་པོ་རབ་ཀྱི་ཐ་མ་ནི་འདི་ཐེག་པ་སྟེ་མི་ལྟ་བུའོ། །མ་ཧའི་ཐེག་པ་ནི་འདིས་ཐེག་པ་སྟེ་གྲུ་གཟིངས་ལྟ་བུའོ། །ཁམས་གསུམ་ཡོ་ག་མན་ཆད་དང་བཅས་པ་ནི་འདི་ལས་ཐེག་པ་སྟེ་ཆུ་ལྟ་བུའོ། །རྡོ་རྗེ་འཛིན་པའི་ས་ནི་འདིར་ཐེག་པ་སྟེ་སྐམས་ལྟ་བུའོ། །དབང་པོ་རབ་ཀྱི་འབྲིང་གི་རྟེན་གྱི་གང་ཟག་ནི་འདི་ཐེག་པ་སྟེ་མི་ལྟ་བུའོ། །དེས་འཇུག་པའི་ཡུལ་ཨ་ནུ་ཡོ་ག་ནི་འདིས་ཐེག་པ་སྟེ་གྲུ་གཟིངས་ལྟ་བུའོ། །ཁམས་གསུམ་མ་ཧཱ་ཡོ་ག་མན་ཆད་ནི་འདི་ལས་ཐེག་པ་སྟེ་ཆུ་ལྟ་བུའོ། །ཨ་ནུ་ཡོ་གའི་བདལ་བ་ཆོས་ཉིད་ཀྱི་ས་ནི་འདིར་ཐེག་པ་སྟེ་སྐམས་ལྟ་བུའོ། །དབང་པོ་ཡང་རབ་ཀྱི་རྟེན་གྱི་གང་ཟག་ནི་འདི་ཐེག་པ་སྟེ་མི་ལྟ་བུའོ། །དེའི་འཇུག་པའི་ཡུལ་རྫོགས་པ་ཆེན་པོ་ནི་འདིས་ཐེག་པ་སྟེ་གྲུ་གཟིངས་ལྟ་བུའོ། །ཁམས་གསུམ་གྱི་ཐོག་ཏུ་ཐེག་པ་བརྒྱད་པོ་ནི་འདི་ལས་ཐེག་པ་སྟེ་ཆུ་ལྟ་བུའོ། །ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་མངོན་དུ་བྱས་པ་ནི་འདིར་ཐེག་པ་སྟེ་སྐམས་ལྟ་བུའོ། །དེས་ན་དཔེ་གྲུ་གཟིངས་དེ་ལ་སྤང་བཅོས་ལེགས་པར་བྱས་པའི་རྟེན་འབྲེལ་འཛོམ་པ་དང་། ནང་དུ་ཞུགས་པའི་མི་རྣམས་ཀྱིས་ཐབས་གཟབས་ཏེ་གྲུ་བཅའ་བའི་ཐབས་ལ་འབད་པ་དང་། མཉན་པ་མཁས་པས་མ་ཡེངས་པར་མཉན་ན་ཆུ་ལས་བརྒལ་ཏེ་ཕ་མཐར་ཕྱིན་ལ། བཅོས་མ་ལེགས་པ་དང་ནང་གི་མི་རྣམས་བརྩོན་འགྲུས་ཆུང་སྟེ་གྲུ་མ་བཅོས་མཉན་པ་མེད་ན་ཆུད་ཟ་སྟེ། ཆུ་ནང་དུ་འཆི་བ་བཞིན་ཐེག་པ་སོ་སོའི་སྒོར་ཞུགས་ནས་ལྟ་སྤྱོད་སྒོམ་པ་རྣམས་ལེ་ལོ་དང་སྙོམས་ལས་ཀྱིས་ཕྱལ་བར་དོར་ན། ཐེག་པར་ཞུགས་པ་ལྟར་སྣང་ཡང་འབྲས་བུ་ལ་མི་སྦྱོར་སྟེ་འཁོར་བའི་ཁམས་སུ་ཟག་པར་འགྱུར་རོ། །གྲུའི་བཅས་ཐམས་ཅད་ཚང་ཞིང་སྐྱེས་བུ་བརྩོན་འགྲུས་དང་ལྡན་ཡང་མཉན་པ་མཁན་མེད་ན་ཆུ་ལས་ཕར་བརྒལ་བའི་ཐབས་མེད་པ་བཞིན། ཐེག་པའི་བཅས་ཐམས་ཅད་རྫོགས་ནས་རྟེན་གྱི་གང་ཟག་བརྩོན་འགྲུས་དང་ལྡན་ཡང་སྐྱ་བ་འཛིན་པ་དང་། འདྲ་བའི་རྡོ་རྗེ་སློབ་དཔོན་མེད་ན་འཁོར་བ་ལས་བརྒལ་བར་མི་འགྱུར་རོ། །དེས་ན་གྲུ་གཟིངས་ཀྱི་དཔེས་བསྟན་ཏོ། །ཐེག་པ་ཡར་ལྡན་གླང་པོ་ཆེའི་དཔེས་བསྟན་པ་ནི། མི་ཁུར་བཅུ་རྒྱབ་ཁལ་དང་བཅས་པ་གླང་པོ་ཆེ་འཕྲ་བུ་གཅིག་གི་རྒྱབ་ན་ཤོངས་ལ། དེ་ནས་སྨྱུག་གླང་དང་། བལ་གླང་དང་། སྤོས་གླང་དང་། ཐལ་དཀར་ལ་སོགས་པ་རྣམས། འོག་མ་འོག་མ་རྒྱབ་ཁལ་དང་བཅས་པ་བཅུ་བཅུ་གོང་མ་གོང་མ་རེ་རེའི་ཁལ་ལ་རྫོགས། དཔེ་དེ་བཞིན་དུ་ཉན་ཐོས་ཐེག་པ་རྒྱུད་དང་བཅས་པ་རང་རྒྱལ་ལ་རྫོགས། དེ་རྒྱུ་དང་འབྲས་བུ་བཅས་པ་བྱང་ཆུབ་སེམས་དཔའ་ལ་རྫོགས། དེ་རྒྱུ་དང་འབྲས་བུ་བཅས་པ་རྣམས་ཀྲི་ཡ་ལ་རྫོགས། དེ་རྒྱུ་དང་འབྲས་བུར་བཅས་པ་ཨུ་པ་ཡ་ལ་རྫོགས། དེ་རྒྱུ་དང་འབྲས་བུར་བཅས་པ་ཡོ་ག་ལ་རྫོགས། དེ་བཞིན་དུ་ནང་པ་རྣམ་གསུམ་ཡང་འབྲས་བུ་དང་བཅས་པ་རིམ་པ་བཞིན་རྫོགས་པ་ཆེན་པོ་ལ་རྫོགས་ཏེ། དཔེར་ན་གསང་སྔགས་ནང་པ་ལྟ་བུ་གཅིག་ཏུ་ཞུགས་ཀྱང་ཡོ་ག་མན་ཆད་རྣམས་སྤངས་ནས་བཞག་པ་ལྟ་བུ་མ་ཡིན་ཏེ། ངོ་བོ་ཉིད་ཀྱིས་གོང་མ་ལ་ལྷུན་གྱིས་རྫོགས་ལ། འོག་མ་ལ་མ་བརྟེན་པར་གོང་མ་མི་མཐོང་བ་ནི་ཐེག་པ་དགུ་རིམ་པ་བཞིན་དུ་སྐས་ཀྱི་དཔེས་བསྟན་ནོ། །འོན་ཀྱང་ཐད་སོར་འདུས་པའི་དུས་སུ་གདུལ་བྱའི་བློ་ཚོད་དང་སྦྱར་བའི་དཔེས་བསྟན་པ་ནི། རྟ་མགྱོགས་པ་གཅིག་ལ་སྐྱེས་བུ་རྩལ་དང་ལྡན་པ་གཅིག་གིས་ཞོན་ན་ཐོགས་པ་མེད་པར་གནས་སུ་ཕྱིན་ལ། རྩལ་ཆུང་གཅིག་གིས་ཞོན་ན་གནས་སུ་མི་ཕྱིན་པའི་ཐོག་ཏུ་བར་མ་དོར་ལྷུང་ནས་ཆུད་ཟ། དེ་བཞིན་ཐེག་པའི་མཐར་ཐུག་ཨ་ཏི་ལྟ་བུ་གཅིག་ལ། དབང་པོའི་བྱེ་བྲག་དགུར་ན་བསྟན་པའི་བློ་ཡང་རབ་ལྟ་བུ་གཅིག་གིས་ཉམས་སུ་བླངས་ན། རྟོགས་པའི་རིག་པ་སྐད་ཅིག་ལ་འབྲས་བུ་སངས་རྒྱས་སུ་སྣང་ལ། རྩལ་ཆུང་དང་འདྲ་བའི་ཉན་ཐོས་དག་རང་རྒྱལ་གྱི་རྟེན་གྱི་གང་ཟག་གཅིག་ཞུགས་ན། ཤེས་རབ་ཀྱི་སྣོད་བཅུད་མི་འཛོམ་པའི་དབང་གིས་ཉན་ཐོས་རང་གི་འབྲས་བུའང་མེད་ལ། ཨ་ཏིའི་དོན་ཡང་མི་སྣང་བས་བར་མ་དོར་ཆུད་ཟ་བ་ལྟ་བུའོ། །རྟ་བུལ་བ་ལ་མི་རྩལ་ཆེན་གྱིས་ཞོན་ནའང་གནས་སུ་མྱུར་བར་མི་ཕྱིན་ལ། རྩལ་ཆུང་གིས་ཞོན་ན་རྐྱེན་དུ་འཛོམ་བར་མ་དོར་ཆུད་མི་ཟ་ཞིང་དལ་བུས་གནས་སུ་སྐྱལ་བར་བྱེད་པ་དང་འདྲ་བར་ཉན་ཐོས་ཀྱི་ཐེག་པ་ལྟ་བུ་ལ་དབང་པོ་ཡང་རབ་གཅིག་ཞུགས་ཀྱང་། བཅུད་ཀྱིས་སྣོད་མི་ཚིམ་པའི་དབང་གིས་འབྲས་བུ་སངས་རྒྱས་མྱུར་དུ་མི་སྣང་ལ། རྩལ་ཆུང་དང་འདྲ་བའི་ཉན་ཐོས་ཀྱི་གང་ཟག་གིས་ཉམས་སུ་བླངས་ན་དེ་ཉིད་ཀྱི་འབྲས་བུ་སྣང་བས་སྣོད་བཅུད་འཛོམ་སྟེ་ཆུད་མི་ཟ་བའོ། །དེས་ན་ཐེག་པ་རིམ་པ་དགུ་ཀུན་གྱི་གོང་འོག་རིམ་པ་བཞིན་དུ་སྦྱར་རོ། །བརྩོན་འགྲུས་ཀྱི་དཔེ་རྐྱལ་གྱི་བསྟན་པ་ནི། ཆུ་ལ་རྐྱལ་བ་ཡང་བརྩོན་འགྲུས་དྲག་པོས་རྐྱལ་ན་ཐད་དུ་གཅོད་ལ། བརྩོན་འགྲུས་ཞན་པས་རྐྱལ་ན་གཞོལ་ཕྱོགས་སུ་གཅོད་པ་བཞིན། རྟེན་གྱི་གང་ཟག་ཐེག་པ་གང་གི་སྒོར་ཞུགས་ཀྱང་། སོ་སོའི་གཞུང་བཞིས་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་ན། འབྲས་བུ་ལ་མྱུར་བར་སྦྱོར་ལ། བརྩོན་འགྲུས་ཞན་པར་གྱུར་ན་ལམ་མྱུར་བར་མི་ཆོད་ཅིང་འབྲས་བུ་ལ་མྱུར་བར་མི་སྦྱོར་བས། བརྩོན་འགྲུས་ཀྱི་དཔེ་རྐྱལ་གྱིས་བསྟན་ཏོ། །ལ་ལ་དག་རྐྱལ་པའི་དཔེ་ནི། གསང་སྔགས་ནང་པའི་ལམ་གྱི་དཔེ་ཡིན་ཏེ། ཆུ་སྲོག་གཅོད་པའི་ངོ་བོ་ཡིན་པ་ལས་དེ་ཉིད་ལ་བསླབ་ཏེ། བྱང་ནས་ཆུ་ལ་བདེ་བླག་ཏུ་དབང་བསྒྱུར་ཏེ་ཆུའི་འཇིགས་པ་ལས་ཐར་ནས་ཕ་རོལ་དུ་འགྲོ་སྟེ། གཞན་ཡང་དེ་ལས་འདྲེན་པ་དང་འདྲ་བར། ཁམས་གསུམ་གྱི་ཉོན་མོངས་པ་དུག་གསུམ་དང་དུག་ལྔ་རྒྱ་མཚོ་ཆེན་པོ་དང་འདྲ་བར་རྒྱ་ཆེ་ལ་གཏིང་ཟབ་པ་དང་བརྒལ་དཀའ་བ་དེས། འགྲོ་བ་རྣམས་ཀྱི་ཐར་པའི་སྲོག་གཅོད་པར་བྱེད་པ་ཉིད། རྐྱལ་དང་འདྲ་བའི་ཐུན་མོང་མ་ཡིན་པའི་ཐེག་པ་དེའི་ནང་དུ་ཡང་ཉོན་མོངས་ཉིད་ཐབས་ཀྱི་ཁྱད་པར་ལྟ་བ་དང་ཏིང་ངེ་འཛིན་གྱིས་དངོས་སུ་ཉམས་སུ་བླངས་པས་ཆུའི་འཇིགས་པ་ལས་ཐར་བ་བཞིན་མ་སྤངས་གནས་སུ་དག་པ་རང་བྱུང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་ནས། གཞན་ཡང་དེ་ཉིད་ལ་སྦྱོར་བར་བྱེད་པའོ། །དེས་ན་ནང་པ་ཉིད་ཀྱི་དཔེས་བཤད་དོ། །ཐེག་པ་ཁང་པ་སྒོ་མང་གི་དཔེས་བསྟན་པ་ནི། ཁང་པ་ལ་སྒོ་མང་པོ་ཡོད་ཀྱང་གང་ལ་ཞུགས་ཀྱང་ནང་དུ་ཕྱིན་པ་དང་འདྲ་བར། ཐེག་པ་དགུ་གང་གི་སྒོ་ནས་ཞུགས་ཀྱང་འབྲས་བུ་མཐར་ཐུག་མངོན་དུ་མ་བྱས་ཀྱི་བར་དུ་ལམ་གྱི་ངོ་བོ་ཡིན་པས། དུས་ཉེ་རིང་ཙམ་མིན་པ་བར་མ་དོར་དུས་འདའ་བ་མེད་པའི་ཕྱིར། དེས་ན་ཁང་པ་སྒོ་མང་གི་དཔེ་དང་། ཡར་ལྡན་གླང་པོའི་དཔེ་དང་། རིམ་པ་བཞིན་དུ་འཛེགས་པ་སྐལ་ཀྱི་དཔེ་རྣམས་ཐ་དད་པར་མི་བསམ་སྟེ། སྟོན་པའི་ལུང་དང་དམ་པའི་མན་ངག་ཐམས་ཅད་ལས་གསུངས་སོ། །དེས་དོན་གྱི་གཙོ་བོ་ལྟ་བ་རྒྱས་པར་བསྟན་ནས། སོགས་ཀྱིས་སྤྱོད་པ་སྟོན་ཏེ། འཇིག་རྟེན་པ་ལོག་པའི་དཀའ་ཐུབ་འཆད་པ་རྣམས་དང་། འཇིག་རྟེན་ལས་འདས་པ་ཐེག་པ་དགུའི་སྤྱོད་པ་རྣམས་སྟོན་ཏེ། དཀྱུས་སུ་འཆད་པར་འགྱུར་བས་ཤེས་པར་བྱའོ། །ཁྱད་པར་ཞེས་པ་གོང་མའི་ལྟ་བ་བཅུ་གསུམ་པོ་དེ་དག་སྐས་ཀྱི་གདང་བུ་ལྟར་འོག་མ་ལས་གོང་མ་ལྟ་བ་ལ་སོགས་པ་ཁྱད་པར་ཡོད་པར་བསྟན་ཏེ། དེའང་ལྟར་པའི་ཕྲེང་བ་ཅེས་པས་ལྟ་བའི་ཁྱད་པར་རྣམས་སོ་སོར་མ་འདྲེས་པར་ཕྲེང་བཞིན་ཁྲིགས་ཆགས་སུ་བསྟན་ཏེ། གཡུ་ཐང་ལ་སོགས་པ་ལྟར་གོང་མས་འོག་མ་དངོས་སུ་སུན་མི་འདོན་པས་ཕྲེང་བ་ཅེས་སྨོས་སོ། །འོན་གསེར་གྱི་རི་བདུན་རི་རབ་དང་བཅས་པའི་མཚན་ཉིད་བརྗོད་པའི་སྐབས་སུ། འོག་མ་ལས་གོང་མ་ཅི་ལྟར་འཕགས་པ་རྟོགས་པ་བཞིན། འདིར་ཡང་རྣམ་གྲངས་གནས་ཚུལ་ཕྲེང་བ་བཞིན་བསྟན་པས། ནང་ཚན་གྱི་ཁྱད་པར་སྐས་ཀྱི་གདང་བུ་ལྟར་རྟོགས་པ་དང་། ཐེག་པ་དགུ་རེ་རེ་ལའང་འཇུག་སྒོ་ལ་སོགས་པའི་རྣམ་གྲངས་བཞིའམ་ལྔའམ་རྒྱས་པར་བཅུ་གཉིས་ལ་སོགས་པར་སོ་སོར་བསྟན་པས་ཁྱད་པར་ཅེའོ། །བསྡུས་པ་ནི་གཉིས་ཏེ། སྤྱིར་དེ་རྣམས་རྒྱས་པར་སྟོན་པ་ནི། ཆོས་ཀྱི་སྒོ་མོ་བརྒྱ་ཁྲི་བཞི་སྟོང་ཡིན་ལ། དེ་གསང་བའི་སྙིང་པོར་བསྡུས་པ་དང་། དེ་ཤིན་ཏུ་གསང་བ་མན་ངག་གི་ལེའུར་བསྡུས་པ་དང་། དེའང་རྒྱུད་དཀྲུགས། ལུང་གཅུས། མན་ངག་སྦས་པས་རྒྱུད་ན་འཐོར་བ་སློབ་དཔོན་གྱིས་གཞུང་འདི་ཉིད་དུ་བསྡུས་པ་དང་། འདིར་ཡང་དོན་མ་བསྡུས་རྒྱས་པར་བསྟན་ཀྱང་ཚིག་ཉུང་བས་བསྡུས་པའོ། །བསྐྱུད་བྱང་ཞེས་པ་དོན་ལ་བརྗེད་བྱང་སྟེ། རྒྱལ་འབངས་ཉེར་ལྔ་ལ་སོགས་པ་རྣམས་ཀྱིས་ཞུས་པ་དང་། དེ་དག་གི་བརྗེད་ཀྱིས་དོགས་པས་ཚིག་གི་ཚོགས་སུ་བཀོད་པས་སམ། ཡང་ན་བསྟན་བཅོས་གཞན་བཞིན་དུ་རྩོམ་པའི་འདུན་པ་སྔོན་དུ་མ་བཏང་བར་ཞུས་པའི་ཚིག་དེ་ཉིད་དུ་ལན་གདབ་སྟེ། ཐ་སྙད་སྡེབས་སྦྱོར་མ་བྱས་པའམ། ཡང་ན་སློབ་དཔོན་ཉིད་ཀྱི་ཁེངས་པ་བསྐྱུངས་ཏེ། སློབ་དཔོན་བློ་གྲོས་མི་ཟད་པ་བཞིན་བདག་རང་ཉིད་ཀྱི་བརྗེད་བྱང་ཙམ་ཡིན་ཏེ། སློབ་དཔོན་ཉིད་མཐར་ལམ་པ་ཡིན་པས་དོན་དེ་ཉིད་ལ་བརྒྱུད་དེ་གཞན་དོན་དུའང་འགྱུར་བར་བསྟན་དེས་ན་མཚན་བསྟན་ཞར་ལ་བཤད་པ་དམ་བཅའ་བའང་ཤུགས་ལ་ལྡན་ནོ། །འོ་ན་དེ་ལྟར་ཡིན་ན་བསྟན་བཅོས་གཞན་ལ་ནི། དང་པོ་ཕྱག་འཚལ་ནས་བཤད་པར་དམ་འཆའ་བ་ཡིན་ལ། འདིར་དམ་བཅས་ནས་ཕྱག་འཙལ་བ་མ་འགལ་ལམ་ཞེ་ན། དེའང་བསྟན་བཅོས་རྩོམ་པའི་དམ་བཅའ་བའི་གོ་ཆ་སྔོན་དུ་སོང་ནས། དེའི་མི་མཐུན་པའི་ཕྱོགས་ཞི་བའི་ཕྱིར་ཕྱག་འཚལ་བ་ཤིན་ཏུ་འཐད་དེ། དཔེ་ན་འཇིག་རྟེན་པས་ཕྱིར་པ་བྱེད་པའི་སྦྱོར་བ་རྗོགས་ཏེ། དངོས་གཞི་ལ་འཇུག་པའི་ཚེ་རླུང་གཡོར་བ་ལྟ་བུའོ། །ཀླད་དོན་གྱི་གཉིས་པ་ཕྱག་འཚལ་བ་ལ་གཉིས་ཏེ། མཚན་གྱི་ཁ་བྱང་དུ་བཞག་པ་དང་། གཞུང་མཛེས་པའི་རྒྱན་དུ་བཞག་པའོ། །དེ་ལ་ཁ་བྱང་ལྟར་ན། འདུལ་བ་འཆད་ན་ཐམས་ཅད་མཁྱེན་པ་ཕྱག་འཚལ་ན་འདུལ་བ་བཤད་པར་མངོན་ལ། འཇམ་དཔལ་ན་མངོན་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ན་མདོ་སྡེའོ། །རིགས་གསུམ་ལ་ན་ཀྲི་ཡ། རིགས་བཞི་ལ་ན་ཨུ་པ་ཡ། རྣམ་སྣང་ལ་ན་ཡོ་ག །རྡོ་རྗེ་སེམས་དཔའ་ལ་ན་མ་ཧཱ་ཡོ་ག །བཅོམ་ལྡན་འདས་དཔལ་སྒྲོན་བྱེད་ཐུགས་རྗེའི་རྒྱལ་པོ་ལ་ན་ཨ་ནུ་ཡོ་ག །ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ་ཟེར་ན་རྫོགས་པ་ཆེན་པོ་འཆད་པར་མངོན་ནོ། །དེས་ན་འདིར་ཡང་། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ་དང་རྡོ་རྗེ་ཆོས་ཕྱག་འཚལ་ལོ། །ཞེས་པས་བཅོམ་ལྡན་འདས་ནི་ཐེག་པ་སྦྱིར་མཐུན་ལ། འཇམ་དཔལ་ནི་མཚན་ཉིད་སྟོང་པའི་ཁ་བྱང་། རྡོ་རྗེ་ཆོས་ནི་གསང་སྔགས་སྟོན་པའི་ཁ་བྱང་སྟེ། དེས་ན་དཀྱུས་ཀྱི་ཁ་བྱང་དུ་བསྟན་ནོ། །གཞུང་མཛེས་པར་བྱེད་པའི་རྒྱན་ལ་གཉིས་ཀྱིས་ཕྱག་འཚལ་བའི་གནས་ཚིག་གི་དོན་དུ་བསྟན་པ་ནི། བཅོམ་ལྡན་འདས་ཅེས་པ་ལ་སོགས་པ་སྟེ། འདི་ཡང་གཞུང་གི་དོན་གྱིས་འཇིག་རྟེན་པ་ལ་ནི་བཅོམ་ལྡན་འདས་མི་མངའ་ལ། ཐེག་པ་རིམ་པ་དགུ་དང་སྦྱར་ན། དང་པོ་རྒྱུའི་ཐེག་པ་ལྟར་ན། ཉན་ཐོས་དང་རང་རྒྱལ་བ་མཐོང་སྒོམ་གྱི་ལམ་གྱིས་ཉོན་མོངས་པ་ཆེ་འབྲིང་རྣམས་སྤངས་པས། ཁམས་གསུམ་ལས་འདས་ཏེ་འཁོར་བའི་མཐའ་ལ་མི་གནས་པ་ཙམ། རང་དོན་ལྷུན་གྱིས་གྲུབ་པས་བཅོམ་པ་དང་ལྡན་ཡང་འདས་པ་མི་མངའ་བའོ། །བྱང་ཆུབ་སེམས་དཔའ་གང་གིས་ཚོགས་ལམ་དུ་སེམས་བསྐྱེད། སྦྱོར་ལམ་དུ་དྲོད་བཟོད་བཞིས་བདག་གཉིས་སྦྱངས་ནས། ས་དང་པོ་ལ་བདེན་པ་མཐོང་བས་ལས་དང་ཉོན་མོངས་པའི་སྒྲིབ་པ་བཅོམ་ཀྱང་གནས་སྐབས་པ་སྟེ། ཤེས་བྱའི་སྒྲིབ་པ་མངའ་བས་སོ། །སྒོམ་ལམ་དུ་ཤེས་བྱའི་སྒྲིབ་པ་རགས་པ་བཅོམ་སྟེ། ས་བཅུ་རིམ་པ་བཞིན་དུ་བགྲོད་ནས་ཕ་རོལ་ཏུ་ཕྱིན་པ་བཅུ་རིམ་པ་བཞིན་དུ་སྦྱངས་པའི་ཚུལ་གྱིས་ས་བཅུ་མཐར་ཕྱིན་པ་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་བྱའི་སྒྲིབ་པ་ཕྲ་བའི་ཕྲ་བའང་སྐད་ཅིག་མ་དང་པོ་ལ་སྦྱངས་པས། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་སྤང་བྱ་ཕྲ་བའང་མི་མངའ་བས་བཅོམ་ཞེས་བྱ་ལ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་ཀྱང་བྱའོ། །དེའི་ངང་ལ་རང་དོན་གྱི་བདུད་བཞི་བཅོམ་ལུགས་ནི། འཛིན་པ་ཕྲ་བའང་མི་མངའ་ཡུལ་དང་ཡུལ་ཅན་མེད་པས་ཉོན་མོངས་པའི་བདུད་བཅོམ། དེས་འབྲས་བུ་ཉེ་བར་ལེན་པའི་ཕུང་པོ་ལྔ་གཏན་ནས་བྲལ་ཏེ་ནམ་མཁར་དངོས་པོ་མི་སྣང་བ་བཞིན་ཕུང་པོའི་བདུད་བཅོམ། དེ་ཉིད་ལ་རྒྱུ་རྐྱེན་མ་གྲུབ་བས་སྐད་ཅིག་མ་དང་བྲལ་ཏེ་འཆི་བདག་གི་བདུད་བཅོམ། ནམ་མཁའ་ལ་གཉེན་པོ་མེད་པ་བཞིན་ཆོས་ཉིད་ལ་གཉེན་པོའི་ཆོས་མ་གྲུབ་པས་ལྷའི་བུའི་བདུད་བཅོམ་ལ། དེའང་ཞི་བ་ཕྱོགས་གཅིག་པ་ལ་གནས་པ་མིན་ཏེ། ཇི་ལྟ་བ་དེ་ཉིད་ལས་མ་གཡོས་པར་ཇི་སྙེད་མཁྱེན་པའི་མཛད་པ་བསམ་གྱིས་མི་ཁྱབ་པས་གདུལ་བྱའི་དོན་ཐོགས་ཆག་མེད་པས་ལྡན་ཞེས་བྱ། དེ་ཉིད་བཅོམ་པས་འཁོར་བའི་མཐའ་ལས་འདས་ཤིང་དེ་ལ་མི་གནས་པ་མྱ་ངན་ལས་འདས་པའི་མཐའ་ལས་འདས་སོ། །གང་གི་ལྡན་པའི་དོན་གྱི་ཐུགས་རྗེས་འཆར་ཚུལ་གྱི། བཅོམ་ལྡན་འདས་ནི། བཞི་བཅོམ་དྲུག་ལྡན་མཐའ་གཉིས་ལས་འདས་པའི་དོན་སྤྲུལ་པའི་སྐུའི་མཛད་པ་སྟེ། མཐར་ཕྱིན་པའི་སངས་རྒྱས་ཀྱི་གཟིགས་པ་བཞིས་ལྷོའི་འཛམ་བུའི་གླིང་པ། དགེ་སྡིག་སྟོབས་ཆེ་བ་ལས་ཀྱི་ས་པ་ཡིན་པ་དང་། ཡུལ་བཅུ་དྲུག་གི་རྒྱལ་པོ་ལ་ཤཱཀྱའི་རིགས་མཆོག་ཏུ་གྱུར་པ་དང་། ཐུན་མོང་མ་ཡིན་པའི་ཡབ་ཡུམ་གཉིས་དང་། འཁོར་སྤྱིར་གདུལ་བྱ་སྐལ་ལྡན་མང་ཞིང་ཁྱད་པར་དུ་ལོག་པར་ཞུགས་པའི་མུ་སྟེགས་འཁོར་ཚོགས་མང་པོ་དུས་གཅིག་འདུལ་བར་གཟིགས་པས་གདུལ་བྱའི་དོན་དཔག་ཏུ་མེད་པ་གྲུབ་པའི་དོན་ལ་གཟིགས་པ་དང་བཞིའོ། །དེ་ནས་དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ་ཡུམ་གྱི་ལྷུམས་སུ་ཞུགས་ནས་གདུལ་བྱ་དང་མཐུན་པའི་མཛད་པ་རྣམས་རྒྱས་པར་བྱས་ནས་རབ་ཏུ་བྱུང་སྟེ། ནཻ་ར་ཛ་ནར་དཀའ་ཐུབ་རྫོགས་ཏེ་དཀའ་སྤྱད་ཀྱིས་སྐུ་འཁོགས་པར་གྱུར་པ་ལ། ལེགས་སྐྱེས་མས་འོ་ཐུག་དྲངས་ནས་སྐུ་མཚན་དཔེ་ཅན་གསེར་གྱི་གཏན་པ་ཕྱིས་པ་ལྟར་གྱུར་པས་ཕུང་པོའི་བདུད་བཅོམ། བཅོམ་ལྡན་འདས་ཚེའི་འདུ་བྱེད་ལ་མངའ་བརྙེས་ཏེ། བཞེད་པ་བསྐལ་པ་དཔག་ཏུ་མེད་པ་བཞུགས་ལ། སྐད་ཅིག་ལས་མྱ་ངན་ལས་འདའ་བར་བཞེད་ནའང་མངའ་བརྙེད་ཏེ། རང་དབང་ཐོབ་པའི་འཆི་བདག་གི་བདུད་བཅོམ་པའི་ངང་ལས་གདུལ་བྱ་ལེ་ལོ་ཅན་ལ་ཕན་གདགས་པའི་ཕྱིར་འདའ་བའི་ཚུལ་བསྟན་པ་ལ། མགར་བའི་བུས་ཞུས་པས་ལོ་གཉིས་ཤོལ་བས་འཆི་བདག་གི་བདུད་བཅོམ། ལྷའི་བུའི་བདུད་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཤིང་དྲུང་རྡོ་རྗེའི་གདན་ལ་སངས་རྒྱས་པ་ལ། སྙིགས་མའི་དུས་ཀྱི་འགྲོ་བ་རྣམས་ཀྱིས་བསྐུར་བ་འདེབས་པ་དེ་ཐུགས་སུ་ཆུད་ནས། དེ་བསལ་བའི་ཕྱིར་ཞལ་གྱི་མཛོད་སྤུ་ལ་སོགས་པ་སྐུའི་གནས་ནས། འོད་ཟེར་བྱེ་བ་དྲུག་ཅུ་དྲུག་ཅུ་ཕྱུངས་ནས། ལོ་ཀ་པ་དྲེགས་པ་ཅན་ཟིལ་གྱིས་མནན་ཏེ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་དྲེགས་པ་ཅན་དག །དེ་ལ་ཕྲག་དོག་སྐྱེས་ནས་འདོད་པའི་དབང་ཕྱུག་ལ་དྲིས་པ་ལ། དགེ་སྦྱོང་གོའུ་ཏ་མ་ཤིང་གྲིབ་ལ་འདུག་པའི་འོད་ཡིན་ནོ། །འདི་མ་བརླག་ན་འུ་བུ་ཅག་གི་འདོད་ཁམས་སྟོང་པར་འོད་ཟེར་ནས་ལྷའི་བུ་བྱེ་བ་དུང་ཕྱུར་གྱི་དམག་དྲངས་ཏེ། འཁོར་ནི་ཟ་བར་འདོད་སྟེང་དུ་མཚོན་ཆའི་ཆར་པ་བབ་པ་ལས། བཅོམ་ལྡན་འདས་བྱམས་པའི་ཏིང་ངེ་འཛིན་ལས་མ་གཡོས་པས་མཚོན་ཆ་མེ་ཏོག་ཏུ་གྱུར། སྒྲ་མི་སྙན་པ་རྣམས་དཀོན་མཆོག་གི་སྒྲ་གྱུར་ནས། སྡིག་ཅན་མྱ་ངན་གྱི་ཁང་བུར་ཞུགས་པ་ནི་ལྷའི་བུའི་བདུད་བཅོམ་པའོ། །ཉོན་མོངས་པའི་བདུད་ནི་སྡིག་ཅན་གྱི་བུ་མོ་དཔལ་འབྱོར་དང་མེ་ཏོག་མདའ་ཅན་ལ་སོགས་པའི་དཔུང་བྱེ་བ་ཙམ་མེ་ཏོག་དང་རྒྱན་གྱིས་བརྒྱན་ཏེ། བསླུ་བྲིད་ཀྱི་ཚོགས་བསླུ་བ་བྱས་ཀྱང་། བཅོམ་ལྡན་འདས་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་པའི་བདེན་པའི་བྱིན་བརླབས་ཀྱིས། རྒན་པ་དང་། སྒུར་བ་དང་། ཞར་བ་དང་། འོན་པ་ལ་སོགས་པ་འགྱུར་ནས། སླར་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིས་པས། སྔ་མ་ཁོ་བཞིན་དུ་གྱུར་པ་ནི་ཉོན་མོངས་པའི་བདུད་བཅོམ་པའོ། །ལྡན་པ་ནི་དྲུག་སྟེ། དབང་ཕྱུག་ནི་ཚོགས་གཉིས་མཐར་ཕྱིན་པའི་དབང་གིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མངའ་མཛད་ཅིང་དབང་བསྒྱུར་བའོ། །གཟུགས་བཟང་བ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་མཐར་ཕྱིན་པར་སྤྲས་པའོ། །དཔལ་ནི། རྟོགས་པས་བདག་དོན་མཐར་ཕྱིན་ཅིང་གདུལ་བྱའི་དོན་ལྷུན་གྱིས་གྲུབ་པའོ། །གྲགས་པ་ནི། ཆེ་བའི་ཡོན་ཏན་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་གྱི་གནས་སུ་རྒྱས་ལ། མོའུ་འགལ་གྱི་བུས་གསུང་གི་མཐའ་མ་རྟོགས་པའང་བསྡུའོ། །ཡེ་ཤེས་ནི་ཇི་ལྟ་བ་དང་ཇི་སྙེད་པ་ཕྲ་བའི་ཕྲ་བའང་མཁྱེན་པའོ། །བརྩོན་འགྲུས་ནི་འབད་པ་མེད་པའི་བརྩོན་འགྲུས་ཀྱིས་སྐད་ཅིག་མ་ཙམ་ཡང་མི་གཡོ་བ ར་གདུལ་བྱའི་རེ་བ་སྐོང་བའོ། །འདས་ནི་གོང་མ་དང་མཐུན་ནོ། །ཡོ་ག་མན་ཆད་ཀྱི་བཅོམ་ལྡན་འདས་གཟུགས་སྐུའི་མཛད་པ་དེ་ཉིད་ལ་འཇོག་པ་ཡིན་ཡང་། འདིར་གསང་སྔགས་རྙིང་མའི་བཞེད་དུས་ཨུ་པ་ཡ་ཞར་ལ་གཏང་ནས་ཀྲི་ཡ་དང་ཡོ་ག་གཉིས་ཡའང་ལྡན་ཏེ། ཀྲི་ཡའི་ལྟར་ན། ཨ་བྷི་ར་ཧཱུྃ་ཁྃ་ཞེས་བྱ་སྟེ། ཁཾ་ཁ་ས་མེའི་སྒྲས་དྲངས་ན། ནམ་མཁའ་ཞེས་ཟེར་ཏེ། བདེན་པ་དབྱེར་མེད་ཀྱི་དོན་ཆོས་ཉིད་མ་བྱུང་མ་སྐྱེས་སྟོང་ཞིང་བདག་མེད་ནམ་མཁའ་ལྟར་རྟོགས་པའི་དུས་ན་བདུད་བཞི་བཅོམ་སྟེ། ཨ་ཨ་ནུ་ས་ཏ་སརྦ་དྷརྨའི་སྒྲས་དྲངས་ན། ཆོས་ཉིད་མ་སྐྱེས་པས་སྐྱེ་བ་མེད་པའི་དོན་མཐའ་དང་བྲལ་བ་ནམ་མཁའ་ལྟ་བུའི་དོན་རྟོགས་པའི་ངང་ལ་ཕུང་པོ་མ་གྲུབ་པས་ཕུང་པོའི་བདུད་བཅོམ། བྷི་བ་ཡུ་ཞེས་པའི་སྒྲས་དྲངས་ན། རྣམ་པར་རྟོག་པ་བཅས་ཏེ། དེ་ནི་བར་ཆད་ཀྱི་ལྷའི་བུའི་བདུད་ཡིན་ཏེ། རྣམ་རྟོག་གིས་རྣམ་གྲོལ་ཐུབ་ཏུ་མི་སྟེར་ཞིང་དེའི་གེགས་སུ་གྱུར་པས། དཔེ་དེ་ནི་གོང་མ་ལྟ་བུའི་རྟོགས་པ་དང་ལྡན་པའི་དུས་ན་རྣམ་པར་རྟོག་པ་མིང་ཡང་མེད་པས་ལྷའི་བུའི་བདུད་བཅོམ། ར་ར་གའི་སྒྲས་ཅགས་པའི་རྒྱུས། ཞེས་ཏེ། ཉོན་མོངས་པའི་བདུད་ཡིན་ཏེ་གཟུང་འཛིན་ཁྲག་ཞག་དང་འདྲ་བ་ཉོན་མོངས་པའི་ངོ་བོ་ཕྱེད་དཀའ་བ་ནི། རྣམ་གྲོལ་ཐོབ་ཏུ་མི་སྟེར་བ་ཉིད་གོང་མ་ལྟར་སྟོང་ཞིང་བདག་མེད་པ་ནམ་མཁར་ལྟར་རྟོགས་པའི་དུས་ན་མིང་ཡང་མེད་པས་ཉོན་མོངས་པའི་བདུད་བཅོམ། ཧཱུྃ་ཧ་ཧེ་ཏུའི་སྒྲས་རྒྱུ་ཞེས་ཏེ། རྒྱུ་ལས་དང་ཉོན་མོངས་པས་འབྲས་བུ་སྡུག་བསྔལ་གྱི་ཕུང་པོར་སྨིན་ཏེ། སྐད་ཅིག་མ་དང་བཅས་པས་སྐྱེ་འཇིག་ཅན་ནི་འཆི་བདག་གི་བདུད་ཡིན་ལ། དེའང་གོང་མ་ལྟར་ཆོས་ཉིད་ཀྱི་དོན་རྟོགས་པའི་དུས་ན་རྒྱུ་དག་པས་འབྲས་བུ་ཕུང་པོ་མི་གནས་དེས་འཆི་བདག་གི་བདུད་དག་གོ། །དེའི་ངང་ལ་ཡོ་བྱད་དང་ཁྲུས་དང་གཙང་སྦྲ་དང་ལྷ་དྲུག་གིས་རིགས་གསུམ་གྱི་སྐུར་སྣང་བ་དང་ལྡན། དེ་ཙམ་ན་བཅོམ་པའི་དོན་གྱིས་འཁོར་བའི་མཐའ་ལས་འདས། ལྡན་པའི་དོན་གྱིས་མྱ་ངན་ལས་འདས་པའི་མཐའ་ལས་འདས་སོ། །ཡོ་ག་ལྟར་ན་བཅོམ་ལྡན་འདས་ནི། བྷ་ག་ནན་བྷི་ག་ནན་མ་ར་ཡ་ཏ་ཏན། ཞེས་པ། བྷ་ག་ནན་ནི་བདུད། བྷི་ག་ནན་ནི་བགེགས། མ་ར་ཡ་ནི་བཅོམ་པའམ་བསད་པ། ཏ་ཏན་ནི། དེ་ཁོ་ན་ཉིད་ཅེས་བྱ་སྟེ། དེ་ཡང་དང་པོ་ལ་ཏ་ཏན་བཤད་ན་དེ་ཁོ་ན་ཉིད་ལ་ཡང་གསུམ་ཏེ། ཆོས་ཀྱི་དབྱིངས་རྒྱུ་རྐྱེན་མ་གྲུབ་པ་སྟོང་ཞིང་བདག་མེད་ཏེ་མཐའ་བརྒྱད་དང་བྲལ་བ་ནི། སྤྲོས་པ་དང་བྲལ་བའི་དེ་ཁོ་ན་ཉིད་ཅེས་བྱའོ། །དེ་ལྟ་བུའི་ངང་ལས་མ་གཡོས་གཞིན་དུ་ཆུའི་གཟུགས་བརྙན་བཞིན་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་ལྷའི་སྐུ་ཕྱག་རྒྱ་བཞི་དང་ལྡན་པ་མཚན་མའི་རྣམ་པར་གསལ་བ་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དེ་ལས་སྣང་བའི་མི་བསླུ་བའི་དེ་ཁོ་ན་ཉིད་ཅེས་བྱའོ། །དེ་ལྟར་གོང་གི་དེ་ཁོ་ན་ཉིད་གཉིས་པོ་དེ་མེ་ལོང་དང་གཟུགས་བརྙན་བཞིན་ཡེ་ནས་དབྱེར་མེད་དེ་མཚན་མ་དང་མཚན་མ་མེད་པ་གཉིས་སུ་མེད་པ་ནི་དེ་ཁོ་ན་ཉིད་ཆེན་པོ་ཞེས་བྱའོ། །དེ་ལྟ་བུའི་རྟོགས་པའི་གདིང་དང་ལྡན་པའི་དུས་སུ། བདག་གཉིས་ཀྱི་འཛིན་པ་དང་བྲལ་བས་བདུད་ནི་བཅོམ། དེའི་དབང་གིས་བདག་འཛིན་གྱིས་བར་དུ་མ་ཆོད་པར་བགེགས་ནི་བསད། དེ་ཁོ་ན་ཉིད་གསུམ་དབྱེར་མེད་པའི་དོན་དང་ལྡན་ལ། དེ་ཁོ་ན་ཉིད་ཆེན་པོའི་དོན་གྱིས་མཐའ་གང་ལའང་མི་གནས་པས་འདས་སོ། །མ་ཧཱ་ཡོ་ག་ལྟར་ན་གཉིས་ཏེ། ལྟ་བའི་ངོས་ནས་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་རྟོགས། འབྱུང་བ་ལྔ་ཡུམ་ལྔའི་གང་དུ་རྟོགས་ཏེ་རྟོག་ཚོགས་ལྷར་དག་ནས་ཐ་མལ་པའི་ཕུང་པོ་མ་དམིགས་པས་ཕུང་པོའི་བདུད་བཅོམ། དེའི་ངང་ལ་རབ་ཡུལ་ལྷར་དག་པས་ཆགས་སྡང་གི་ཡུལ་ཡུལ་ཅན་གཏན་ནས་མ་གྲུབ་པས་ཉོན་མོངས་པའི་བདུད་བཅོམ། ལྷ་དང་ལྷ་མོ་ལས་མ་གཏོགས་པའི་གཞན་པ་ཕྲ་བའང་མ་དམིགས་པ་ལྷའི་བུའི་བདུད་བཅོམ། སྣོད་བཅུད་ལྷ་དང་ལྷ་མོར་སངས་རྒྱས་པའི་ངང་ལས་སྐད་ཅིག་མ་དང་བྲལ་བས་མི་རྟག་པ་མེད་དོ། །འཆི་བདག་གི་བདུད་བཅོམ་མོ། །ཡང་ན་མ་ཧཱ་ཡོ་ག་རང་གཞུང་གི་སྤྱོད་པ་ལྟར་ན། བྷ་ག་ཝ་ན་ཞེས་པ། བཅོམ་ལྡན་འདས་ཞེས་བྱ་སྐལ་ལྡན་ཞེས་བྱ་སྟེ། དེ་ནི་བྷ་གའི་སྒྲས་མཁའ་དབྱིངས་ཅིས་བྱ་སྟེ། ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་རྟོགས་པ་དང་ལྡན་པའི་དུས་ན། སྤྱོད་པའམ། ཏིང་ངེ་འཛིན་གྱིས་ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པས་དངོས་སུ་བདུད་བཞི་བཅོམ་པ་སྟེ། དེའང་སྐུ་ཕྱག་རྒྱ་ཆེན་པོ་ནི་རྟོགས་པ་སྔོན་དུ་སོང་བ་དང་ལྡན་པའི་སྐྱེས་བུས་ཏིང་ངེ་འཛིན་གྱིས་ཉམས་སུ་བླང་བའི་དུས་སུ་ཡབ་ཡུམ་སོ་སོ་ན་ལྷ་དང་ལྷ་མོའི་སྐུ་ཕྱག་རྒྱར་གསལ་བར་བསྒོམ་པའི་ངང་ལ་ཐ་མལ་པའི་ཕུང་པོ་མིང་ཡང་མེད་པས་ཕུང་པོའི་བདུད་བཅོམ། གཟུངས་མ་དམ་ཚིག་གི་མུ་ཏྲའི་ལུས་ལ་ཡེ་ཤེས་ཀྱི་ལྷ་མོ་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟར་གསལ་བས། ཕར་ཡང་མ་ཆགས་ཏེ་ཡུལ་མ་གྲུབ་པ་དང་། ཚུར་ཡང་མི་གོས་ཏེ་བསྒོམ་པར་བྱ་བའི་གནས་མི་མཐུན་པ་དང་གཉེན་པོ་མ་གྲུབ་བས་ལྷའི་བུའི་བདུད་བཅོམ་མོ། །མ་སྐྱེས་པ་ཆོས་ཀྱི་ཕྱག་རྒྱ་ནི། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་བདེ་བ་ཆེན་པོ་དང་ལྡན་པའི་དུས་ན། རྟོགས་པ་དང་ཏིང་ངེ་འཛིན་དུ་ལྡན་པའི་ངང་ལ་ཐ་མལ་པའི་ཉོན་མོངས་པ་མི་འབྱུང་བས་དེ་ཉིད་བཅོམ། འཕྲོ་འདུ་ཕྲིན་ལས་ཀྱི་ཕྱག་རྒྱ་ནི། གོང་མའི་ངང་ལས་ལྷག་པ་བྱང་ཆུབ་ཀྱི་སེམས་ཀྱི་འཕྲོ་འདུས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་པ་བཅུ་གཉིས་ཀྱིས་འགྲོ་དོན་བྱས་ཀྱང་སྤྲུལ་པ་ལ་སྐྱེ་འཆི་མི་མངའ་བས། འཆི་བདག་གི་བདུད་བཅོམ་མོ། །ཕྱག་རྒྱ་བཞིའི་དོན་དང་ལྡན་པས་ནི་ལྡན། འདས་པ་ནི། ཐབས་ཤེས་རབ་གཉིས་སུ་མེད་པའི་བདེ་བའི་རོ་སྐུ་ཉམས་སུ་བསྟར་བ་ནི། འདས་པའི་མཐའ་ལ་མི་གནས་པ་དང་། དེ་ཉིད་ནི་སྐྱེ་བ་མེད་པའི་ངང་ལས་མ་གཡོས་པས་འཁོར་བའི་མཐའ་ལ་མི་གནས། ལུང་ལྟར་ན་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་གང་གི་ངོ་བོར་མི་གནས་ཤིང་དེ་ལས་སྣང་ཡང་དེ་ཉིད་དུ་ལྷུན་གྱིས་གྲུབ་པས་བཅོམ་པ་སྟེ། དབྱིངས་ཀྱི་ཆ་དང་འགགས་པ་མེད་པའི་ལོངས་སྤྱོད་རང་བྱུང་ཡེ་ཤེས་ཀྱི་ཆ་རྟོགས་མ་རྟོགས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་དུ་སྣང་བ་དང་རང་ལྡན་པ་ཡེ་ཤེས་ཀྱི་ཆ་དེ་ཙམ་ཉིད་ན་དབྱིངས་ཡེ་ཤེས་གཉིས་ཀྱིས་མཐའ་གཉིས་ལས་འདས་པའོ། །ཨ་ཏི་ལྟར་ན། རང་བཞིན་རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་ངང་ལ་ཕུང་པོ་ངར་སྣང་ཡང་ངོ་བོ་ལ་གྲུབ་པ་མེད་པས་ཕུང་པོའི་བདུད་བཅོམ། དེའི་ངང་ལ་གཟུང་འཛིན་གཏན་ནས་མི་གནས་པས་ཉོན་མོངས་པའི་བདུད་བཅོམ། དེ་ལྟ་བུའི་རང་བྱུང་ཡེ་ཤེས་གཉེན་པོ་དང་བྲལ་བས་ལྷའི་བུའི་བདུད་བཅོམ། རང་བྱུང་ཡེ་ཤེས་ལ་སྐད་ཅིག་མ་དང་བྲལ་བས་འཆི་བདག་གི་བདུད་བཅོམ། རང་བཞིན་རྫོགས་པ་ཆེན་པོ་སེམས་ཀྱི་ཆོས་ཉིད་ཀྱི་ངང་ལ་རྟོགས་པ་མྱ་ངན་ལས་འདས་པའི་ཆོས་དང་། མ་རྟོག་པ་འཁོར་བའི་ཆོས་སུ་སྣང་བ་ཐམས་ཅད་ལྷུན་གྱིས་གྲུབ་པས་རང་ལྡན། དེ་ལྟ་བུའི་ངང་ལ་ཕྱོགས་ཞེན་ཕྲ་བའང་མི་གནས་པས་འདས་སོ། ། འཇམ་དཔལ་གཞོན་ནུ་ནི་མཚན་ཉིད་ཀྱི་ཁ་བྱང་ཡིན་ལ། བཅོམ་ལྡན་འདས་རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། །ཞེས་པ། གསང་སྔགས་ཕྱི་ནང་གི་སྡུད་པ་པོ་ཡིན་པས་དེའི་ཁ་བྱང་དུ་ངེས་སོ། །དེ་ལ་འཇམ་པ་ནི། དོན་འཇམ་པ་དང་རྟགས་འཇམ་པ་གཉིས་ཏེ། དོན་ནི་ཐུགས་ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་ལ་མཐའི་སྐྱོན་གྱི་ཟུག་དུ་མི་མངའ་བས་འཇམ་པའོ། །རྟགས་ནི་སྐུ་དངོས་སུ་སྣང་བ་ཡང་སྐུའི་མི་དགེ་བ་གསུམ་དང་། གསུང་གི་བཞི་དང་། ཐུགས་ཀྱི་གསུམ་གཏན་ནས་མི་གནས་ཏེ། དེ་མི་མཐུན་པའི་ཕྱོགས་མ་གྲུབ་པ་དང་། གཞོན་ནུ་མཚན་དཔེ་དང་ལྡན་པ་ཤ་རྒྱས་པའི་ཆ་བྱད་དུ་བཞུགས་པའོ། །དཔལ་ནི་བདག་དོན་དུ་ཆོས་ཉིད་ཅི་ལྟ་བ་བཞིན་རྟོགས་པའི་ངང་ལས་ཏིང་ངེ་འཛིན་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་བརྙེས་པ་ནི་བདག་གི་དཔལ་ལོ། །དེ་ལྟར་མ་རྟོགས་པ་རྣམས་ལ་དོན་དེ་ཁོ་ན་ཉིད་སྟོན་ཅིང་ཡོན་ཏན་དེ་དག་ཐོབ་པར་བྱེད་པ་ནི་གཞན་གྱི་དཔལ་ལོ། །གཞོན་ནུ་ནི་དོན་དེ་ཉིད་ལ་སྐད་ཅིག་མ་མི་མངའ་བས་ངོ་བོ་ཉིད་ཀྱི་རྟག་པ་ཆེན་པོ་སྟེ། བསྒྲེས་རྒུད་མི་མངའ་བ་དང་། རྟགས་འཁོར་བ་ན་བཞུགས་ཤིང་འགྲོ་དོན་མཛད་ནའང་འཁོར་བའི་ཉེས་སྐྱོན་གྱིས་མ་གོས་པའི་རྟགས་སུ་ཁྱེའུ་ལོ་བརྒྱད་པའི་ཆ་བྱད་དུ་མཛད་ནས་འཁོར་བ་མ་སྟོངས་སེམས་ཅན་མ་ཟད་ཀྱི་བར་དུ་འགྲོ་དོན་མཛད་པས་ན་གཞོན་ནུའོ། །གནས་དེ་ཉིད་ལའང་ཕྱག་འཙལ་བ་ངོ་བོ་ཉིད་སྤྱི་དོན་དུ་བསྟོན་པ་ནི། འོག་མ་དང་བསྡོམ་སྟེ་འཆད་པར་འགྱུར་རོ། །དེ་ཞེས་བསྡུད་པ་པོ་སྟེ། གང་ཞེ་ན་རྡོ་རྗེ་ཆོས་སོ། །རྡོ་རྗེ་ནི་ཆོས་ཀྱི་དབྱིངས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ནམ་མཁར་ལྟ་བུར་དུས་གསུམ་དུ་མི་འགྱུར་བས་རྡོ་རྗེ་དང་། དེ་ཉིད་རང་སྣང་བས་གསལ་ལ་འགགས་པ་མེད་པ་རང་བྱུང་གི་ཡེ་ཤེས་ཀྱིས་གཉིས་སྣང་གི་ཆོས་ཐམས་ཅད་ཉིད་ཀྱི་དབྱིངས་སུ་འཇོམས་པས་རྡོ་རྗེ་དང་། དེ་དེ་གཉིས་ཀྱང་དབྱིངས་གང་གི་དབྱིངས་ན་རིག་པའི་ཡེ་ཤེས་དངོས་པོ་ཐམས་ཅད་དང་བྲལ་བ་ཉིད་མི་དམིགས་པའི་མཚན་ཉིད་ཅན་དུ་བཞུགས་པས་དབྱིངས་དང་། དེ་ཉིད་གསལ་ལ་འགག་པ་མེད་པ་རང་གསལ་བས་རང་བྱུང་གི་ཡེ་ཤེས་དང་། དེ་ཡེ་ནས་དབྱེར་མེད་པ་མར་དང་ཆུའི་དཔེ་བཞིན་བཞུགས་ཏེ་མི་ཕྱེད་པའི་དོན་ཀྱི་རྡོ་རྗེ་སྟེ། ངོ་བོ་ནི། དྲུག་པའི་ཐུགས་ལྷག་པའི་ཆོས་སྐུ་ཆེན་པོ་སྟེ། རྡོ་རྗེའི་ཆོས་བདུན་དང་ཡང་ལྡན་པར་ཤེས་པར་བྱའོ། །ཆོས་ནི་དབྱེ་བ་མེད་པར་མཚན་ཉིད་འཛིན་པའི་རྟོགས་མ་རྟོགས་ཀྱི་སྣང་བས་འཁོར་འདས་གཉིས་ཏེ། དེ་ཉིད་རྡོ་རྗེ་ལྟ་བུའི་ཐུགས་རང་བྱུང་གི་ཡེ་ཤེས་གཉིས་སུ་མེད་པའི་ངང་ལས་མ་གཡོས་ཤིང་མི་ཕྱེད་པར་བཞུགས་པས་སྙིང་རྗེ་ཆེན་པོ་ཅེས་ཀྱང་བྱ་སྟེ། ཐུགས་རྗེས་གདུང་ཐག་འཁོར་བའི་མཐར་ལ་རྗེ། ཞེས་སོ། །དེས་ན་རྡོ་རྗེ་དང་ཆོས་ཀྱང་ཡེ་ནས་དབྱེར་མེད་པའི་ངོ་བོ་དྲུག་པའི་དགོངས་པ་ཉིད་གདུལ་བྱའི་ངོ་ལ་བསྟན་པའི་སྟོན་པར་ཡང་སྣང་ལ། དེ་ཉིད་དུ་སྡུད་པར་ཡང་སྣང་སྟེ། སྟོན་པའི་ཐུགས་ཡེ་ཤེས་ཉིད་བསྟན་པར་སྣང་བ་ཡང་སྡུད་པར་ནུས་པའི་མཚན་ཉིད་དོ། །དེའི་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་གསང་སྔགས་ཕྱི་ནང་གི་སྡུད་པ་པོར་སྣང་བ་ལ་རྡོ་རྗེ་ཆོས་ཞེས་བྱ་སྟེ། ལ་ལར་ནི་རྒྱུད་ཀྱི་སྟོན་པར་ཡང་སྣང་། ལ་ལར་ནི་དལ་གྱི་གཙོ་བོར་ཡང་སྣང་བས་སོ། །ལ་ཞེས་པ་ནི། གོང་མའི་ཕྱག་འཚལ་བའི་ཡུལ་གཉིས་གཞིའི་དོན་ཏེ། དེ་ལ་ཕྱག་འཚལ་བའི་ངོ་བོ་སྤྱི་དོན་དུ་བསྟན་པ་ལ་བཞི་སྟེ། གང་གིས་འཚལ་ན་སྔོན་བྱུང་དུ་སློབ་དཔོན་པདྨ། རྗེས་འཇུག་རྣལ་འབྱོར་པ་ཐམས་ཅད་དོ། །གང་ལ་ན། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ་དང་། བཅོམ་ལྡན་འདས་རྡོ་རྗེ་ཆོས་གཉིས། རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀྱི་ཁ་བྱང་ངོ་། །ཚུལ་ཇི་ལྟར་ན། སྤྱོད་པ་ཡ་རབས་ཀྱི་ཕྱག་ཐེག་པ་འོག་མ་དང་མཐུན་པ་དང་། སྒྲུབ་པ་ཐབས་ཀྱི་ཕྱག་གཞུང་འདི་ཉིད་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་ལེན་པ་དང་། རྟོགས་པ་དོན་གྱི་ཕྱག་མཇལ་བ་ཅེས་བྱ་སྟེ། མཐར་ཐུག་པའི་ལྟ་བའི་ངོ་བོ་དང་། ཕྱག་འཚལ་བའི་གནས་ཡེ་ནས་དབྱེར་མེད་པ་ཉིད་རིག་པ་ལ་གདིང་དུ་གྱུར་པ་སྟེ། ཞི་ཁྲོ་གལ་ཕྲེང་ལས། ཆུ་ལ་ཆུ་དང་མར་ལ་མར། གཉིས་མེད་རིག་པས་འདྲེས་ཕྱག་འཚལ། །ཞེས་སོ། །ཅིའི་ཕྱིར་ཕྱག་འཚལ་བ་ལ་གཉིས་ཏེ། སྤྱིར་འཚལ་བའི་དགོས་ཆེད་དང་། ཁྱད་པར་དུ་འཚལ་བའི་དགོས་ཆེད་དོ། །སྤྱིར་འཚལ་བ་ལ་གཉིས་ཏེ། དང་པོ་ནི་འཇིག་རྟེན་པ་དང་། ཚུལ་མཐུན་པས་མོས་ཅན་དྲངས་པའི་དགོས་ཆེད་དེ། འཇིག་རྟེན་པའི་ཡ་རབ་དྲྭ་མ་དག་བྱ་བ་གང་དང་གང་བྱེད་ཀྱང་རང་མོས་པའི་ལྷ་ལ་ཕྱག་འཚལ་ནས་གསོལ་བ་འདེབས་ཏེ། བྱ་བ་ཆུད་མི་ཟ་བ་དང་ཚུལ་བསྟུན་པ་དང་། གཉིས་པ་ནི། ཕྱག་འཚལ་བ་སྔོན་དུ་སོང་བས་བསོད་ནམས་ཀྱི་ཚོགས་རྫོགས། དེས་སྣང་མུན་གྱི་དཔེས་བསོད་ནམས་མ་ཡིན་པ་དག་ནས། དེས་བསྐྱེད་པའི་བར་ཆོད་མི་འབྱུང་བར་ཐུགས་དགོངས་མཐར་ཕྱིན་པའི་དགོས་པའོ། །དེ་ལྟར་དགོས་པ་གཉིས་དང་ལྡན་པའི་ཕྱག་དེ་སློབ་དཔོན་ཉིད་ཀྱིས་མཛད་པས་ཆོ་ག་ཡི་གེའི་དཀྱུས་སུ་བཀོད་མི་དགོས་སོ་ཞེ་ན། དཀྱུས་སུ་བཀོད་པའི་དགོས་པ་ནི་གཉིས་ཏེ། དང་པོ་སློབ་དཔོན་ཡ་རབ་ཀྱི་ཚུལ་ཅན་དུ་ཤེས་པར་བྱ་བའི་ཕྱིར་ཏེ། སློབ་དཔོན་གྱི་དམ་བཅའ་བ་ཕྱག་དང་བཅས་པ་སྔོན་དུ་སོང་བས། ཕྱི་རབས་པ་གང་ཟག་གང་ཟག་གི་རྗེས་སུ་འ ཇུག་པ་རྣམས་དེ་ལ་བརྟེན་ཏེ་འཇུག་ནས་དཀྱུས་ཀྱི་དོན་མཐོང་བར་འགྱུར་བ་དང་། ཕྱག་གི་ཡུལ་གཉིས་བཀོད་པས་དེ་ལ་བརྟེན་ཏེ་གང་ཟག་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་། དོན་འདི་མཐར་ཐུག་པའི་ངོ་བོ་ཡིན་པར་ཤེས་ནས་འཇུག་པའོ། །གཉིས་པ་ནི། ཕྱི་རབ་ཀྱི་ཉན་བཤད་མཁན་ཚོགས་སོགས་པའི་དགོས་པ་ནི། སློབ་དཔོན་ཉིད་རྩལ་ཆེན་རྫོགས་པའི་སྐྱེས་བུ་ཡིན་པས། ཉི་མའི་དཀྱིལ་འཁོར་མུན་པ་གཞི་བྲལ་ལྟར། བར་ཆོད་གཏན་མ་དམིགས་ཀྱང་ཕྱག་གི་མཆོད་པ་ལ་དོན་དམ་མཛད་པའི། ཕྱི་རབས་པ་རྣམས་ཀྱིས་དེ་ལ་བརྟེན་ཏེ་ཉན་པ་ལ་སོགས་པའི་སྐབས་སུ་ཡོན་ཏན་ཐམས་ཅད་ཀྱི་རྩ་བའི་བླ་མ་ལ་རག་ལས་པས། ཕྱི་རབས་པ་རྣམས་ཀྱིས་དེ་ལ་བརྟེན་ཏེ་ཉན་པ་ལ་སོགས་པའི་སྐབས་སུ་ཡོན་ཏན་ཐམས་ཅད་ཀྱི་རྩ་བའི་བླ་མ་ལ་རག་ལས་པས། ཐབས་ཅིའི་སྒོ་ནས་ཀྱང་ཚོགས་གསོགས་པ་ལ་འབད་པར་གདམས་པའི་དགོས་པའོ། །ཁྱད་པར་དུ་ཕྱག་འཚལ་བའི་འཐད་པ་ནི། འཇམ་དཔལ་གཞོན་ནུ་ལ་ཕྱག་འཚལ་བས་གཞུང་གི་ཁ་བྱང་ནི་གོང་དུ་བསྟན། འདིར་ཤེས་རབ་ཀྱི་ལྷ་ཡིན་པས་བཤད་པ་བཞིན་དུ་འཚལ་ན་ཤེས་རབ་རྣོ་བའི་དགོས་པ་དང་། རྡོ་རྗེ་ཆོས་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་མི་འགགས་པའི་ངོ་བོ་ཡིན་པས་གསུང་བྱིན་གྱིས་རློབས་པའི་དགོས་པ་དང་ལྡན་ཏེ། དེ་ཡང་གནས་སྐབས་དང་མཐར་ཐུག་གི་ཁྱད་པར་ཤེས་པར་བྱའོ། །དེས་ན་ཕྱག་འཚལ་བ་དཀྱུས་ཀྱི་རྒྱན་དུ་བཀོད་པ་ཞེས་ཀྱང་བྱ་སྟེ། གླིང་བཞིའི་རྒྱན་ཉི་མ་ཡིན་པའམ། ཡུལ་ཐམས་ཅད་ཀྱི་རྒྱན་རི་བོ་ཡིན་པའམ། མི་ཐམས་ཅད་ཀྱི་རྒྱན་རྒྱལ་པོ་ཡིན་པར་བཞིན་དུ། རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀྱི་བསྟན་པའི་བདག་པོ་ཀླད་དུ་ཕྱུངས་པས་བསྟན་ཆོས་མཛེས་པའི་རྒྱན་དུ་ངེས་སོ། །འཇིག་རྟེན་པའི་ལྟ་བ་ལ་མདོར་བསྟན་པ་ནི། འཇིག་རྟེན་གྱི་ཁམས་ན། ཞེས་པ་ལ་སོགས་པ་སྟེ། དེའང་འཇིག་རྟེན་ན་སྣོད་འཇིག་ཆགས་སྟོང་གནས་བཞི་གཅིག་ལ་གཅིག་བརྟེན་པ་དང་། བཅུད་སྐྱེ་རྒ་ན་འཆི་བཞི་གཅིག་ལ་གཅིག་བརྟེན་པ་དང་། དེ་གཉིས་ཀྱང་སྣོད་འཇིག་འཇིག་འདྲ་བ་ལ་བཅུད་འཇིག་འཇིག་འདྲ་བ་བརྟེན་པས་འཇིག་རྟེན་སྟེ། དེ་ལྟ་བུ་མཐར་ཐུག་པ་མེད་པའི་ཁམས་ནི་བྱེད་པ་མེད་པར་རང་གི་མཚན་ཉིད་འཛིན་པ་སྟེ། ས་བྱེད་པ་མེད་པར་སྲ་ཞིང་བརྟན་པའི་མཚན་ཉ ིད་འཛིན། ཆུ་གཤེར་བ་མེ་དྲོ་བ་ལ་སོགས་པའོ། །ཡང་ན་རྒྱ་ཆེ་ཞིང་གྲངས་མང་བས་ཀྱང་ཁམས་ཏེ། སྣོད་ཀྱི་འཇིག་རྟེན་རྒྱ་ཆེ། བཅུད་ཀྱི་སེམས་ཅན་གྲངས་མང་བའོ། །རྒྱ་ཆེ་བ་དང་བརྩེགས་པས་ཀྱང་ཁམས་ཞེས་བྱ་སྟེ། ཕན་ཚུན་ཟ་འོག་ཡས་མན་དོང་ཙེ་འདྲ་བས་ཀྱང་ཁམས་ཞེས་བྱའོ། །ཕྱོགས་དང་རིས་སུ་ཆད་པས་ཀྱང་ཁམས་ཏེ། སྨོས་པ་དེ་དག །སྟོང་བར་པ་དང་། ཆུང་ངུ་དང་། གླིང་བཞི་དང་། འཛམ་བུ་གླིང་དང་། དེ་ལ་སོགས་ཏེ་ཞིབ་བུ་རྣམས་གཅིག་གིས་གཅིག་མི་མཐོང་བའོ། །བཅུད་འགྲོ་བ་རིགས་དྲུག་ཀྱང་སོ་སོར་ཆད་དེ་སྤྱོད་ཡུལ་དུ་མ་གྱུར་པའོ། །ན་ཞེས་པ་གནས་གཞིའི་དོན་ཏེ་སྣོད་དོ། །དེའི་བཅུད་ནི་སེམས་ཅན་ཞེས་བྱ་སྟེ། སེམས་ཀྱི་མཚན་ཉིད་རྣམ་པར་དག་པས་དོན་མ་རྟོགས་ཏེ་ཚོགས་བརྒྱད་ཀྱི་ཤེས་པ་དངོས་པོར་བཟུང་བ་ཅན། ཡང་ན་སེམས་ནི་ཚོགས་བརྒྱད་ལ་བྱ་ལ། ཅན་ནི་དེ་ཉིད་ལུས་དང་ངགས་སུ་ལྡན་པའི་དོན་ཏོ། །ཕྱིན་ཅི་ལོག་ཅེས་པ་ཡང་དག་པའི་དོན་མ་རྟོགས་ཏེ། དཔེར་ན་ཕ་ལ་དགྲར་མཐོང་བ་དང་འདྲ་བ་གཟུང་འཛིན་གཏན་ནས་མ་གྲུབ་པ་ལས། ཡུལ་ཡུལ་ཅན་གཉིས་སུ་བརྟགས་པ་ནི་ཡང་དག་པའི་དོན་ལས་གོལ་བས་ན་ཕྱིན་ཅི་ལོག་གོ། །ལྟ་བ་ནི་དེ་ལ་ཞེན་པའི་འཛིན་པ་དང་མ་བྲལ་བའོ། །གྲངས་མེད་ཅེས་བྱེ་བ་སྤྱིར་སེམས་ཅན་གྱི་གྲང་ཀྱང་རྩིས་གྱིས་མི་ཆོད་ལ། དེ་དག་སོ་སོའི་བློ་ངོ་ལ་རྣམ་རྟོག་གི་ལྟ་བའི་གྲངས་དཔག་ཏུ་མེད་པ་གཅིག་ཡོད་དེ། དེའི་ཤས་ཕྲ་བ་མུ་སྟེགས་པ་ལའང་སུ མ་བརྒྱ་དྲུག་ཅུ་ལ་སོགས་པ་དཔག་ཏུ་མེད་པ་གཅིག་ཡོད་ཀྱང་། འདིར་བསྟན་པ་མདོར་བསྡུ་ན་སོ་སོ་མཚན་ཉིད་མི་འདྲ་བའི་རྣམ་གྲངས་བཞིར་འདུས་ཏེ། དེ་གང་ཞེ་ན། ཕྱལ་པ་ནི། རྒྱུ་འབྲས་དང་དགེ་སྡིག་གང་གིའང་ཕྱོགས་སུའང་བརྟེན་པ་མེད་དེ། ཕྱོགས་བསྒྲུབ་མེད་པ་སོ་སོའི་སྐྱེ་བོ་ཕྱུག་བ་དང་གླང་ལྟ་བུ་སྟེ་ཤིན་ཏུ་དམན་པའོ། །རྒྱང་འཕེན་ནི། དགེ་སྡིག་རྒྱུ་འབྲས་ཀྱི་དོན་མ་གོ་ཡང་ཚེ་འདིའི་ཁེ་གྲགས་དང་བཙན་ཕྱུག་དོན་དུ་གཉེན་བ་ཙམ་མོ། །མུར་ཐུག་ནི་གྲུབ་མཐའ་ལ་བརྟེན་པའི་མཐའ་ཆད་པར་ལྟ་བའོ། །མུ་སྟེགས་པ་ནི། གྲུབ་མཐའ་ལ་ཞུགས་པའི་ལྟ་བ་ཅན་ནོ། །རྒྱས་པར་བཤད་པ་ལ། དང་པོ་ཕྱལ་པ་ནི། དེ་ལ་ཕྱལ་པ་ཞེས་པ་ལ་སོགས་པ་མདོར་བསྟན་གྱི་སྐབས་སུ་བཞིར་ཕྱེས་པ་དེ་ལས་ཕྱལ་པ་ཉེ་བར་བཟུང་སྟེ། བློའི་རྟེན་ས་མེད་པའི་དོན་གྱིས་ན་ཕྱལ་པ་ཞེས་བྱ་སྟེ། དོན་ལ་ཞེ་འདོད་ཀྱི་གཏན་སྒོ་མེད་པའོ། །དེ་ནི་ཆོས་ཐམས་ཅད་ཅེས་པ་མ་རྟོགས་པའི་ཆོས་ཁམས་གསུམ་གྱི་དགེ་མི་དགེའི་ཆོས་ཐམས་ཅད། རྒྱུ་དང་འབྲས་བུ་ཡོད་མེད་མ་རྟོགས་ཏེ་ཅེས་པ། རྒྱུ་དགེ་བ་ལས་འབྲས་བུ་མཐོ་རིས་འབྱུང་བར་ཡང་མ་རྟོགས་ཏེ་བློ་མི་འཇིག །རྒྱུ་མི་དགེ་བ་ལས་འབྲས་བུ་ངན་སོང་ཡོད་པར་མ་རྟོགས་ཏེ་བློ་མི་འཇུག་སྟེ་ཕྱི་མའི་རྒྱུ་འབྲས་ལྐོག་ཏུ་གྱུར་པས་སོ། །འདི་ལ་ཡང་རྒྱུ་འབྲས་བསྐྱེད་པའི་ཆ་ཐམས་ཅད་ལ་བློ་འཇུག་པ་མེད་པས་ཕལ་པའི་སེམས་བརྒྱད་ཀྱི་དང་པོའང་མགོ་མ་ཟུག་པ་སྟེ་འདི་དང་ཕྱི་མའི་རྒྱུ་འབྲས་ཐམས་ཅད་ལ་བློ་ཞུགས་པའི་སྟོབས་མེད་པས་ཀུན་ཏུ་རྨོངས་ཞེས་བྱ་སྟེ། སོ་སོའི་སྐྱེ་བོ་གླང་ལྟ་བུ་སྟེ་འཇིག་རྟེན་པ་རྣམས་ཀྱི་ནང་གི་དམན་པའོ། །དེ་ནི་ལྷ་ལ་མེད་དེ་མངོན་པར་ཤེས་པ་དང་ལྡན་པས་སོ། །མི་དང་ལྷ་མ་ཡིན་ལ་ཤས་ཙམ་ཡོད། ངན་སོང་གསུམ་ལ་ཤས་ཆེ་བའོ། །རྒྱང་འཕེན་ནི། ཞེས་པ་ཚེ་སྔ་ཕྱི་ལ་སོགས་རྒྱུ་འབྲས་མགོ་བ་ནི། གོང་མ་དང་འདྲ་བས་ཡང་དག་པའི་དོན་ལས་རྒྱང་རིང་དུ་སོང་བས་ཚེ་འདིའི་ཕན་པ་བསྒྲུབ་པ་སྟེ། དེ་ཡང་ཚེ་སྔ་ཕྱི་རྟག་པར་ལྟ་བ་ལྟར་ཡོད་པར་ཡང་མ་རྟོགས། ཆད་པར་ལྟ་བ་ལྟར་མེད་པ་ཡང་མ་རྟོག་ཤིང་གང་དུ་འང་བློ་མ་ཞུགས་ལ། ཚེ་འདི་ཉིད་གཅིག་པུ་ལ་ཕན་བསོད་ཀྱི་རྒྱུ་འབྲས་ཙམ་གཅིག་ཞེ་ཕུགས་སུ་བཞག་པས། བཙན་པ་ནི་རིགས་རྒྱུད་མང་བས་ཁ་དྲག་པ་ལྟ་བུ། ཕྱུག་པ་ནི་ནོར་མང་བས་ལོངས་སྤྱོད་ཆེ་བ་དང་། མཐུ་ནི་རང་ངོ་མཐོང་བ་དང་ཁེ་དྲག་ཆེ་བའོ། །སྟོབས་ནི་ནུས་ཕོད་ཆེ་བ་དང་ཉམས་རྩལ་ཆེ་བའོ། །བསྒྲུབ་པ་ནི་འབྲས་བུ་གྲོལ་མ་དེ་དག་འདོད་པའི་ཕྱིར་ཏེ་འཇིག་རྟེན་པའི་ལྷའི་གསང་ཚིག་ལོ་མ་ཅན་གྱི་གསང་སྔགས་སྟེ་གར་ཤའི་ངན་སྔགས་དང་། མོ་དང་བོན་དང་། འདྲེ་མནན་པ་དང་། ས་བདག་མཆོག་པ་དང་གཡང་ལེན་ལ་སོགས་ཏེ། རང་གིས་ཤེས་ན་བྱེད་གཞན་ལའང་བཅོལ་བས་དེས་འབྲས་བུ་གོང་མ་རྣམས་བསྒྲུབ་པ་ལ་བརྟེན་པའོ། །མུར་ཐུག་ནི། ཞེས་པ་གོང་མ་གཉིས་ནི་མ་རྟོགས་པ་ཡིན་ལ། འདིར་ནི་ལོག་པར་རྟོག་པ་སྟེ། གོང་མ་ཕྱལ་པའི་སྐབས་སུ་ནི་རྒྱུ་འབྲས་ཡོད་མེད་ལ་བློ་མ་ཞུགས་པ་ཡིན་ལ། འདིར་ནི་ཆོས་ཐམས་ཅད་ཅེས་པ་དགེ་སྡིག་དང་འཁོར་འདས་ཏེ། རྒྱུ་དགེ་བ་ལས་འབྲས་བུ་མཐོ་རིས་དང་། མི་དགེ་བ་ལས་ངན་སོང་དང་འཁོར་བ་དང་འདས་པར་འབྱུང་བ་གཏན་ནས་མེད་པར་ལྟ་སྟེ། ཆུ་བསྐོས་པ་བྲག་ལ་ཐུག་པ་ལྟ་བུ་ལ་མུར་ཐུག་ཅེས་བྱ་སྟེ། ཚེ་འདི་ཉིད་ལ་སྤྱོད་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་རྒྱུ་རྐྱེན་མེད་པར་གློ་བུར་བར་སྐྱེས་ལ། ཤི་ནས་ཀྱང་གློ་བུར་དུ་ཐིམ་སྟེ། ཕྱི་མ་མེད་པར་ཆད་པར་ལྟ་བའོ། །དེས་ན་བཟང་མོ་མ་ཤི་བར་དུ་བདེ་བར་འཚོ། །ཤི་ནས་དེ་ཡི་སྦྱོད་ཡུལ་མེད། ལུས་ཀྱང་ཐལ་བ་བཞིན་སོང་ན། སླར་སྐྱེ་བ་ལྟ་ག་ལ་ཡོད། ཅེས་སོ། །དེས་ན་སྐྱེ་བ་ཡང་སྤང་ལ་ཤ་མོང་བརྡོལ་བ་དང་ཆུ་ལ་ཆུ་བུར་བཞིན་ཐོད་རྒལ་དུ་རང་འབྱུང་བཞེད་དོ། །སྐྱེ་བ་ཕྱིས་ལེན་བྱ་བའང་རྫུན་ཏེ་མི་འདེན། སྐྱེ་བ་ཕྱིས་ལེན་པར་བརྗོད་པ་ནི། དཔེར་ན་ཐང་པོ་ཆེ་ལ་སྤྱང་ཀིའི་རྗེས་བཅད་པ་དང་མཚུངས་ཏེ་རྩར་ཕྱིན་པ་སུའངས་མེད་ཟེར་ནས། མང་སྟོན་པས་ནི་མང་བསྟན་པ། །སྦྱང་ཀུ་དག་གི་རྗེས་གཅོད་འདྲ། ཞེས་བརྗོད་དོ། །མུ་སྟེགས་པ་ནི་ཞེས་པ། རང་བློས་བཞག་པའི་ལྟ་བ་ངན་པ་ལ་མུ་བཅས་ནས། དེ་ཉིད་ལ་འབྲས་བུ་སྒྲུབ་པའི་ལམ་གྱི་སྟེགས་སུ་བྱེད་པའམ། ཡང་ན་ལྟ་བ་ལ་མུ་འཛིན་ཅིང་། སྤྱོད་པ་ལ་སྟེགས་བཅས་ཏེ་འདི་ཡང་ངོ་བོ་ནི་བདག་ཡོད་པར་ལྟ་བུའོ། །རང་བཞིན་ནི་ཡང་དག་པའི་དོན་ལ་ལོག་པར་ལྟ་བའོ། །མཚན་ཉིད་ནི་བདག་རྟག་ཆོས་བདག་ལུས་གཙང་ཚོར་བ་བདེ་བ་བཞིའོ། །རྐྱེན་དགེ་བའི་བཤེས་གཉེན་དང་བྲལ་ཏེ། སྡིག་པའི་གྲོགས་པོ་དག་སངས་རྒྱས་ཀྱི་བཀའ་ལ་རང་བྱིན་གྱིས་ཞུགས་པ་དང་དཔྱོད་བློས་རང་དགར་གཟུ་ལུམས་སུ་བྱས་པའོ། །འདི་ལ་ནི་མཐོ་རིས་ངན་སོང་དགེ་མི་དགེ་ཚེ་སྔ་ཕྱི་སྤང་བླང་ཤེས་ནས་འདོད་ཚོད་ཀྱི་བསྒྲུབ་བྱ་བསྒྲུབ་པའང་ཡོད་དེ། ཆོས་ཐམས་ཅད་ཀུན་ཏུ་བརྟགས་པའི་བདག་རྟག་པ་ཅིག་ཡོད་པར་ལྟ་སྟེ། ཞེས་པ་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ལ་དངོས་པོ་མེད་ཀྱང་རང་གི་ལོག་རྟོག་གི་བློས་ཀུན་ཏུ་བརྟགས་ཏེ་ཆོས་དང་གང་ཟག་གི་བདག་གཉིས་རྟག་པ་དུས་གསུམ་དུ་མི་འགྱུར་བར་ཡོད་པར་ལྟ་བ་ནི་ཀུན་གྱི་ཐུན་མོང་སྟེ། དེ་ལ་ཡང་གསུམ་ལས། རྒྱུ་ཡོད་ལ་འབྲས་བུ་མེད་པར་ལྟ་བ་ནི། ལྟ་བ་ཅེས་པ་རྒྱུ་ནི་སེམས་ཅན་ལ་གང་ཟག་གི་བདག་གཙང་ལ་གསལ་བ་མེ་ལོང་ངོ་གཉིས་པ་ལྟ་བུ་ཆེ་ཐེབ་བོང་ཙམ། ཆུང་ཡུངས་འབྲུ་ཙམ། སྦོམ་ལྕགས་ཡུ་ཙམ། ཕྲ་རྟ་རྔ་ཙམ་གཅིག་ཡོད་པ་ལ། ཡུལ་ནི་དངོས་པོ་རྟག་པ་རང་རྒྱུད་དུ་ལྟ་སྟེ། དེས་ན་འགྲོ་བ་ཀུན་ལ་རྡུལ་མུན་པ་སྙིང་སྟོབས་གསུམ་དང་ལྡན་པས། དེ་གསུམ་ཆ་མཉམ་ན་བདག་དག་སྟེ། ཆ་མ་མཉམ་པའི་དབང་གིས་བདག་དག་པར་མ་ནུས་པ་སླར་ཁམས་གསུམ་སེམས་ཅན་དུ་སྣང་བ་ནི། སྙིང་སྟོབས་ཤས་ཆེ་ན་དམྱལ་བ། མུན་པ་ཤས་ཆེ་ན་བྱོལ་སོང་། རྡུལ་ཤས་ཆེ་ན་ཡི་དྭགས། གཉིས་པོ་ལ་རྡུལ་ཤས་ཆུང་ན་མི། སྙིང་སྟོབས་ཆུང་བས་ལྷ། མུན་པ་ཆུང་བས་ལྷ་མིན་དུ་སྣང་ཏེ་འཁོར་བ་སྣང་ལ། དེ་གསུམ་ཆ་མཉམ་པར་བྱས་ན། གང་ཟག་ནི་བདག་སྟེ་དག་པས་འབྲས་བུའི་ངོ་བོ་གཙོ་བོ་བེམ་པོ་ལ་ཐིམ་པས། རིག་པ་མེད་པས་གང་དུའང་མི་སྣང་ཞིང་བེམ་པོ་ཅེས་བྱའོ། །དངོས་པོ་མེད་པ་ནམ་མཁར་དྭངས་པ་ལྟ་བུ་ཉིད་འབྲས་བུའི་ངོ་བོར་འདོད་པས་ན། དེ་ནི་རྡུལ། མུན་པ། སྙིང་སྟོབས། གསུམ་གྱི་ལས་ཀྱིས་བསྐྱེད་པའི་སེམས་ཅན་ནི་དངོས་སུ་ཡོད་པར་འདོད་ལ། དེ་ལས་བྱུང་བའི་འབྲས་བུ་ནི། གཙོ་བོ་བེམ་པོ་ལ་ཐིམ་པས་དངོས་པོ་མེད་ཅིང་གཞན་དུ་སྐྱེར་མི་བཏུབ་བས་ན། རྒྱུ་ཡོད་འབྲས་བུ་མེད་ཅེས་བྱའོ། །འདི་ལ་མུ་སྟེགས་པ་ཟག་བཅས་ཀྱི་འདུ་ཤེས་པ་དག་གིས་མཐོང་བས་ཁམས་གཉིས་པོ་ཤི་ནས་གཟུགས་མེད་དུ་སྐྱེ་བ་ཁམས་གཉིས་པོ་ལུས་ལ་བརྟེན་པས་མངོན་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་ལ། གཟུགས་མེད་པ་མིང་བཞིའི་ཕུང་པོ་མ་མཐོང་བས་རྒྱུ་ཡོད་འབྲས་བུ་མེད་ཅེས་བྱའོ། །ཡང་གནས་སྐབས་ཀྱི་རྒྱུ་ཡོད་འབྲས་བུ་མེད་པར་ལྟ་བ་ནི། རྒྱུར་སྨྲ་བ་གསུམ་ལས། བྱེད་པ་པོ་རྒྱུར་སྨྲ་བ་སྟེ། གང་ཟག་གི་བདག་དངོས་པོ་ཅན་གཅིག་ཡོད་པ་གོང་དང་མཐུན་ལ། དེས་བྱས་པའི་འབྲས་བུ་མཐོ་རིས་དང་ངན་སོང་བྱ་བ་མེད་དེ། སྔར་མཐོ་རིས་དང་ལྷ་མིར་སྐྱེས་པ་དེ་ཕྱིས་ཀྱང་དེར་སྐྱེ་ལ། སྔར་ངན་སོང་དུ་སྐྱེས་པ་དེ་ཕྱིས་ཀྱང་དེར་སྐྱེ་བར་ཟད་དེ། སྐྱེ་བ་བརྗེ་བསོར་དུ་ཡང་མི་གཏུབ་སྟེ། ནས་ལ་ནས་སྐྱེ། གྲོ་ལ་གྲོ་སྐྱེ། ནས་ལ་གྲོར་མི་བཏུབ་པ་བཞིན་ཞེའོ། །དེས་ན་མཐོ་རིས་དང་ངན་སོང་བྱ་བ་ནི་དགེ་སྡིག་ལས་ཀྱིས་མ་བྱས་ཏེ། དཔེར་ན་རྫ་ཆག་བྱེའུ་འཕུར་བཞིན་ཞེའོ། །རྒྱུ་མེད་ལ་འབྲས་བུ་ཡོད་པ་ནི། གོང་གི་གང་ཟག་གི་བདག་དེ་དག་པ་དང་གསུམ་པོ་ཆ་མཉམ་ནས་གཙོ་བོ་བེམ་པོ་ལ་ཐིམ་པའི་ཕྱིར། ལོ་མ་དང་ཤུན་པ་སྡོང་བུ་ཙམ་ལ་བརྟེན་ཅིང་རི་བྲག་ཏུ་གནས་བཅས་ཏེ། དགེ་བ་རྒྱུ་དང་གསང་ཚིག་ཙམ་ལ་བརྟེན་ནས་བསྒྲུབ་པས་གཡེང་དག་པའི་སྟོབས་ཀྱིས་སེམས་གནས་པ་དང་། ལུས་གཙང་བའི་སྟོབས་ཀྱིས་མངོན་ཤེས་འཕྲའུ་འཆར་ནས་ངན་སོང་མཐོ་རིས་སུ་འཕོ། མཐོ་རིས་ངན་སོང་དུ་འཕོ་བ་ཙམ་མཐོང་བས་ལས་ཀྱིས་འཕེན་པ་ནི་མ་རྟོགས། ཁྱི་ལ་སོགས་པ་ལས་འགས་མཐོ་རིས་སུ་འགྲོ། འགས་ངན་སོང་དུ་འགྲོ་བ་ལ་སོགས་པ་འདི་རྣམས་ལ་བྱེད་པ་པོ་གཅིག་ཡོད་ཅེས་རྟོགས་ཏེ། ལོ་རྒྱུས་ལས་ཀྱང་། དབང་ཕྱུག་གིས་བྱེད་ཅེས་ཟེར་བ་དང་། རྒན་རིམ་ལ་དྲིས་ཏེ། འཇིག་རྟེན་ན་དབང་ཆེ་བ་སུ་ཡོད་ཅེས་པ། དེས་ཀྱང་དབང་ཕྱུག་ཚངས་པ་བརྒྱ་བྱིན་ཡོད་བྱས་པས། ཁོས་སྤྱིའི་བྱེད་པ་པོ་དེ་དག་གོ་ཞེས་རྟོག་སྟེ། གོང་གི་ལྷ་དེ་དག་གང་དང་གང་ཡིན་པ་ལ་དད་པས་མཆོག་སྟེ། བསྒྲུབ་པས་སྟེས་དབང་གིས་རི་བདུན་ཁ་ལ་གནས་པའི་ལྷའི་བུ་རྣམས་འཛམ་བུའི་གླིང་དུ་ལྟས་མོ་ལ་བབས་པ། ལ་ལས་གླང་པོ་ཞོན་པ་དང་། རྨ་བྱ། ཤང་ཤང་། རྟ་ངང་པ་ཞོན་པ་ལ་སོགས་པ་མཐོང་ནས་འདི་དག་བདག་གིས་སྒྲུབ་པའི་ལྷའོ་ཞེས་རྟོག་སྟེ། གླང་པོ་ཅན་བརྒྱ་བྱིན་དུ་བཟུང་། རྨ་བྱ་ཅན་ཚངས་པ་ལ་སོགས་པར་བཟུང་ཞིང་དད་པ་དང་འདུན་པས་གནས་ཏེ། ལྷའི་བུ་དེ་དག་མཚོ་ལ་རྐྱལ་བ་དང་། ཆུ་ལ་འཛུལ་བ་དང་ཟས་མི་དགོས་པ་དང་། བླ་གབ་ཅན་ལ་མི་གནས་པ་དང་། ཤིང་གི་དྲུང་ན་གནས་པ་ལ་སོགས་པ་སྤྱོད་ལམ་རྣམས་རང་རང་གི་ལྷས་གྲུབ་པའི་གདམས་ངག་བསྟན་པར་འཁྲུལ་ཏེ། ལ་ལ་མ་ཕམ་དང་གཱདྒཱ་ལ་འཕུར་བ་དང་། ཤིང་དྲུང་ན་གནས་པ་དང་ཟས་གཅོད་པ་ལ་སོགས་པའི་བརྟུལ་ཞུགས་དག་ཉམས་སུ་བླངས་ཏེ་འདི་དག་ནི། ནས་འདོད་པས་ས་བོན་ཡུག་པོ་བཏབ་པ་བཞིན། མཐོ་རིས་འདོད་པས་མི་དགེ་བ་སྣ་ཚོགས་བསགས་པས་རྒྱུ་བསོད་ནམས་བསགས་པ་མེད་པས་འབྲས་བུ་ཕྱ་དང་དབང་ཕྱུག་གིས་བྱེད་པས་ཡོད་པར་ལྟ་བའོ། །ཡང་ཁོའི་མངོན་ཤེས་ཀྱིས་གཟུགས་མེད་སེམས་ཅན་ཤི་བ་ཁམས་གཉིས་པོར་སྐྱེ་བར་མཐོང་བས་དེས་ཀྱང་རྒྱུ་མེད་འབྲས་བུ་ཡོད་པར་གདགས་སོ། །ཞར་ལ་དེ་དག་གི་རང་བཞིན་རྒྱུར་སྨྲ་བ་ཅེས་གདགས་ཏེ་རྒྱུ་དགེ་སྡིག་མེད་པ་ལས་འབྲས་བུ་མཐོ་རིས་དང་ངན་སོང་དུ་སྐྱེ་བ་ཡོད་སྟེ། རང་བཞིན་ནམ། གནམ་བབས་སམ་འདོད་རྒྱལ་གྱིས་སྐྱེ་བ་རྣམས་བྱེད་ཅེས་བརྗོད་དོ། །རྒྱུ་འབྲས་ལོག་པར་ལྟ་བ་དང་ཞེས་པ། འབྲས་བུ་མཐོ་རིས་ཐོབ་པར་འདོད་པས་རྒྱུ་མི་དགེ་བ་བསྒྲུབ་སྟེ། སྲོག་གི་མཆོད་སྦྱིན་བྱེད་པ་དང་། དབྱུག་གུ་གསུམ་པ་དང་གཡང་ལ་མཆོངས་པ་ལ་སོགས་པའི་ལོག་ལྟ་འཛིན་པ་དང་། འབྲས་བུ་ཐར་པར་འདོད་པས་རྒྱུ་ཆོས་དང་གང་ཟག་གཉིས་སུ་བཟུང་བ་དང་། འབྲས་བུ་འདས་པ་འདོད་པས་རྒྱུ་འཇིག་རྟེན་པའི་ལྷ་བསྒྲུབ་སྟེ་ལོག་པར་ལྟ་བ་དང་། མདོར་ན་རྒྱུ་འབྲས་ནི་འདོད། རྒྱུ་འབྲས་ཀྱི་དོན་མ་རྟོགས་པར་ལོག་ལྟ་ཁོང་དུ་བཅུག་ནས། ལོག་པའི་ལྟ་བ་བརྟུལ་ཞུགས་འཆལ་བའི་སྤྱོད་པ་སྣ་ཚོགས་བྱེད་པའོ། །ཡང་དབང་ཕྱུག་རྒྱུར་ལྟ་བ་ཅེས་བྱ་སྟེ། མཐོ་རིས་དང་ངན་སོང་དུ་སྐྱེ་བ། ལས་དགེ་སྡིག་གིས་མ་བསྒྲུབ། དབང་ཕྱུག་གམ་ཕྱའམ། གནམ་བབས་སམ། བྱེད་པ་པོའམ་བསྐོ་བ་པོ་ཅེས་པས་བསྐོས་ཏེ། དེ་དག་མགུ་ན་ནི་མཐོ་རིས་སུ་སྐྱེ་བར་བྱེད་ལ། དེ་དག་མ་དགའ་ན་ངན་སོང་དུ་སྐྱེ་བར་བྱེད་པས་དེ་དག་དགའ་བར་བྱེད་པའི་ཕྱིར། བ་གླང་ལ་སོགས་པ་སྲོག་གི་མཆོད་སྦྱིན་བྱེད་དོ། །དེས་ན་ལས་དགེ་སྡིག་ངོ་མ་ཤེས་པའི་ལོག་ལྟ་སྟེ། ལུང་ལས་ཀྱང་། སྐྱེ་བ་པོ་ལ་ཤེས་པ་ཡོད་མིན་ཏེ། འདི་ན་བདེ་དང་སྡུག་བསྔལ་རང་དབང་མེད། དབང་ཕྱུག་གིས་བཏང་ཡང་ན་མཐོ་རིས་དང་། ཡང་ན་ངན་སོང་དག་ཏུ་ལྟུང་བར་འགྱུར། ཞེས་སོ། །དེའི་ཞབས་བསྡུ་བ་ནི། འདི་དག་ནི་མ་རིག་པའི་ལྟ་བའོ་ཞེས་པ། གོང་དུ་སྨོས་པའི་ལྟ་བ་བཞི་པོ་འདི་དག་ནི། མ་དག་པ་ལོག་པའི་ལྟ་བ་གཟུང་འཛིན་ཕྱིན་ཅི་ལོག་གི་ཤེས་པ་སྟེ། རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་ལས་བྱུང་བ་དང་སྐབས་སུ་ཡང་དག་ལ་སྒྲིབ་པས་ན་མ་རིག་པ་སྟེ། དེ་ཉིད་དུ་འཛིན་པ་དང་བྲལ་བ་ནི་གཏི་མུག་ཅན་གྱི་ལོག་པའི་ལྟ་བའོ། །ཡང་དག་པའི་ལམ་བསྟན་པ་འདིའི་སྐབས་སུ་མ་རིག་པའི་ལྟ་བ་དེ་དག་བསྟན་པ་ལ་དགོས་ཆེད་ཅི་ཡོད་ཅེ་ན། དཔེར་ན་ཟས་ཁ་མོ་མ་ཟོས་ན་མངར་བ་མི་ཚོར་བ་དང་འདྲ་སྟེ། ལྟ་བ་ངན་པ་འདི་དག་བསྟན་པས་ཡང་དག་པའི་ལམ་ལ་ངེས་ཤེས་སྐྱེ་བ་དང་། ཆ་ཡོད་དུག་ལ་མི་རིག་བཞིན། ལོག་ལྟ་གཉིས་སུ་ག་ལ་འགྱུར། ཞེས་པས་འཇིག་རྟེན་པའི་ལྟ་བ་རྣམས་བསྟན་བཤད་ཀྱི་སྒོ་ནས་ཤེས་ན། དེ་དག་ལ་འཇུག་པར་མི་འགྱུར་བ་དང་། སྐྱེས་བུ་ལམ་ལ་མཁས་ན་ལམ་གྱི་གོལ་ས་ལ་མཁས་དགོས་པའི་ཕྱིར་བསྟན་པ་གལ་ཆེ་བར་གདམས་པའོ། ༈ །འཇིག་རྟེན་ལས་འདས་པའི་ལྟ་བ་བསྟན་པའི་རྣམས་གྲངས་སྤྱིར་བསྟན་པ་ནི། འཇིག་རྟེན་ལས་འདས་པའི་ལམ་ལ། ཞེས་པ་ལ་སོགས་པ་སྟེ། དེ་ལ་འཇིག་རྟེན་ཞེས་པ་སྣོད་བཅུད་ཀྱི་མཚན་ཉིད་རྣམས་གོང་དུ་བཤད་པ་བཞིན་ལ། འདས་པ་ནི་དེས་མ་རེག་ཅིང་མ་ཟིན་པས་མ་གོས་པས་ན་མུན་པ་ལས་འདས་པའི་སྣང་བ་ལྟ་བུ་སྟེ། འཁོར་བ་མ་གྲུབ་པའི་ཉན་ཐོས་རང་རྒྱལ། སངས་རྒྱས་ཀྱི་ས་དང་གསུམ་མོ། །ལམ་ནི་འབྲས་བུ་དེ་དག་ཉིད་གྲུབ་པར་བྱ་བའི་ཐབས་ཏེ་སོ་སོའི་འབྲས་བུའི་རྣམ་པར་ཐར་པའི་ལམ་དུ་གྱུར་པ་ཐེག་པ་རིམ་པ་དགུའོ། །དེ་ཉིད་གཞི་འབྲས་བུ་གྲུབ་པའི་ལམ་དུ་མཐུན་པས་དབྱེ་བའི་གཞིར་བཞག་པས་ལམ་ལ་ཞེས་སོ། །གྲངས་ཀྱི་དབྱེ་བ་ནི་རྣམ་པ་གཉིས་ཏེ། གསལ་བའི་དབྱེ་བའི་ངོས་ནས་བསྟན་ན། མཚན་ཉིད་ཀྱི་ཐེག་པ་དང་། རྡོ་རྗེའི་ཐེག་པའོ། །ཞེས་པ་ལ་ལམ་གྱི་ངོ་བོ་དོན་དམ་པ་དང་། འབྲས་བུ་སྐུ་གསུམ་ཉིད་བཤད་པའི་རྒྱུད་མཚན་དུ་ཡིད་ལ་བྱེད་པས་ཀྱང་མཚན་ཉིད་དུ་བཤད་ལ། ཡང་ན་མཚན་ཉིད་ཅེས་པས། ཆོས་སྤྱི་དང་རང་གི་མཚན་ཉིད་ཅེས་ཏེ། སྤྱིའི་མཚན་ཉིད་མི་རྟག་པ་ད ང་སྡུག་བསྔལ་བ། རང་གི་མཚན་ཉིད་ནི་སྟོང་ཞིང་བདག་མེད་པར་བསྟན་ཏེ། དེའང་སྤྱིའི་མཚན་ཉིད་ནི་འཁོར་བའི་ཆོས་ཀྱི་མཚན་ཉིད་ཡིན་ལ། རང་གི་མཚན་ཉིད་ནི་མྱ་ངན་ལས་འདས་པ་སྟེ། འཁོར་བའི་ཆོས་ཐམས་ཅད་སྣོད་བཅུད་གཉིས་སུ་འདུས་ལ། དེའང་འབྱུང་བ་ལྔར་འདུས་ཏེ་ས་ནི་སྲ་ཞིང་བརྟན་པ་ལ་སོགས་ཏེ་འབྱུང་བ་སོ་སོའི་མཚན་ཉིད་འཛིན་པ་དང་། བཅུད་ཀྱི་འཇིག་རྟེན་ནི་ཕུང་པོ་ལྔར་འདུས་ཏེ། དེའང་གཟུགས་ནི་གཞིག་ཅིང་གཞོམ་དུ་རུང་བའི་མཚན་ཉིད། ཚོར་བ་ཉམས་སུ་མྱོང་བའི་མཚན་ཉིད། འདུ་ཤེས་ཡུལ་ལ་གཅོད་པའི་མཚན་ཉིད། འདུ་བྱེད་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པ་རྣམ་པར་རིག་པའི་མཚན་ཉིད་དོ། །རང་གི་མཚན་ཉིད་རྣམ་པར་བྱང་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས་ཏེ། དེ་ཡང་སྦྱིན་པ་གཏོང་བའི་མཚན་ཉིད། ཚུལ་ཁྲིམས་ཉམས་པ་མེད་པའི་མཚན་ཉིད། བཟོད་པ་འཁྲུགས་པ་མེད་པ། བརྩོན་འགྲུས་ལེ་ལོ་མེད་པ། བསམ་གཏན་གཡེང་བ་མེད་པ། ཤེས་རབ་ནི་ཆོས་ཀྱི་མཐར་རྟོགས་པའི་མཚན་ཉིད་ཅན་ཏེ། འབྲས་བུ་ཐམས་ཅད་མཁྱེན་པའང་མངོན་སུམ་པའི་མཚན་ཉིད་ལ་སོགས་པའི་གསལ་བར་སྟོན་པས། གོང་གི་རྣམ་པར་འབྱེད་པ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་ནི་སྤོང་། རྣམ་པར་བྱང་བ་ནི་བསྟན་ཏེ། དེས་འབྲས་བུ་ལ་སྦྱོར་བའི་ཐེག་པ་ནི་བཤད་པ་བཞིན་ནོ། །རྡོ་རྗེའི་ཞེས་པ་འབྲས་བུའི་སྒོ་ནས་གསུངས་པ་ཡིན་ཏེ། རྒྱུ་སྤྱད་པའི་འབྲས་བུ་ལ་མི་ལྟོས་པར་རྡོ་རྗེ་ལྟ་བུ་གསུམ་མོ། །ལྔ་བཤད་པ་ཉིད་ཀྱི་དོན་རྟོགས་ནས་བསྒོམ་པ་ཙམ་གྱིས་འབྲས་བུ་སངས་རྒྱས་པར་གྲུབ་པ་ཡིན་ཏེ། ཐེག་པའི་སྒྲའང་བཤད་པ་ལྟར་ཡིན་ལ་དེ་ཉིད་ལ་ནི་ངེས་པའི་དོན་གཏན་ལ་ཕེབས་པ་ཞེས་བྱའོ། །ཡང་ན་རྡོ་རྗེ་ནི། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་རྡོ་རྗེར་གཉིས་སུ་མེད་པར་བསྒྲུབས་ཏེ་ཚེ་གཅིག་གིས་འབྲས་བུ་མངོན་དུ་བྱེད་པའོ། །དེ་གཉིས་ནི་ལྟ་བ་དང་སྒོམ་པ་གཉིས་ཀྱི་ཚུལ་ལོ། ཡང་ན་ལེགས་ཉེས་ཐམས་ཅད་སྟོབས་ཆེ་བས་ན་རྡོ་རྗེ་སྟེ། ལྟ་སྤྱོད་སྒོམ་པ་ཆ་རྐྱེན་འཚོགས་པའི་སྒྲུབ་པ་ཉམས་སུ་བླངས་ན། ལམ་གྱི་མི་མཐུན་པའི་ཕྱོགས་སྒྲིབ་པ་རྣམ་པ་གསུམ་དུས་གཅིག་མི་གནས་པར་མཛད་པས་ཀྱང་རྡོ་རྗེའོ། །དེ་ཉིད་ཀྱི་འབྲས་བུའི་ངོ་བོ་རྡོ་རྗེ་ལྟ་བུ་རྣམ་གསུམ་མངོན་དུ་བྱེད་པས་ཀྱང་རྡོ་རྗེའོ། །གཞུང་བཞིན་མ་སྒྲུབ་སྟེ་འགལ་ན་ལུས་ངག་ཡིད་གསུམ་གཏན་དུ་བརླག་སྟེ། དམྱལ་བའི་ཡང་གཏིང་དུ་འཇོམས་པས་ཀྱང་རྡོ་རྗེ། སྡུག་བསྔལ་ལ་གླག་མེད་ཅིང་ངལ་བསོ་བའི་སྐབས་མེད་པས་ཀྱང་རྡོ་རྗེའོ། །བྱེ་བྲག་ཏུ་ཕྱེ་བའི་མདོར་བསྟན་པ་ནི། མཚན་ཉིད་ཀྱི་ཞེས་པ་ལ་སོགས་པ་སྟེ། མཚན་ཉིད་ཀྱི་ཐེག་པ་དེ་རང་ལ་ཡང་། གྲངས་ཀྱི་དབྱེ་བ་རྣམས་པ་གསུམ་སྟེ། གང་ཞེ་ན། གསལ་བའི་དབྱེ་བའི་ངོས་ནས། ཉན་ཐོས་ཀྱི་ཐེག་པ་དང་། ཞེས་པ་ཐོས་པའི་ཤེས་རབ་ཀྱི་ངོས་ནས་དགེ་བའི་བཤེས་གཉེན་ལ་ཉན་ལ་རྣ་བའི་དབང་པོས་ཐོས་པ་དོན་དུ་གཉེན་པའམ། ཡང་ན་ཐོས་སྒྲོགས་ཞེས་བརྗོད་པས་སྟོན་པའི་སྤྱན་སྔར་ན་མདོ་སྡེ་བཅུ་གཉིས་ཐོས་ནས་ཁ་བཏོན་དུ་བྱེད་ཅིང་གཞན་ལ་སྒྲོགས་ཀྱང་། རང་ཉིད་ལ་ཉན་ཐོས་ཀྱི་གཞུང་མིན་པ་ཉམས་སུ་མ་མྱོང་བས་ན་ཉན་ཐོས་ཞེས་སོ། །ཐེག་པ་ནི་རང་གི་ཉན་ཐོས་ཀྱི་ཆོས་ཏེ་ཉན་ཐོས་ཀྱི་འབྲས་བུ་ལ་སྦྱོར་བར་བྱེད་པའོ། །དེས་ན་ཉན་ཐོས་ཐོག་མར་ཡང་དགེ་བའི་བཤེས་གཉེན་ལ་མཉན། འབྲས་བུ་ཐོབ་ཀའང་དགེ་བའི་བཤེས་གཉེན་ལ་རག་ལས་ཏེ། འཕགས་པ་རྟ་ཐུལ་གྱི་གདམས་ངག་གིས། ཤཱ་རིའི་བུ་དང་། མའུ་འགལ་གྱི་བུ་གཉིས་འབྲས་བུ་ཐོབ་པ་ལ་སོགས་པའོ། །རང་སངས་རྒྱས་ཀྱི་ཐེག་པ་ཞེས་པ། སྔོན་དུ་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ་ཐོས་བསམ་གྱི་ལམ་ལ་སྦྱངས་ཀྱང་། འབྲས་བུ་ཐོབ་ཀ་ན་སློབ་དཔོན་དང་མཇལ་བའི་སྨོན་ལམ་ནི་མ་བཏབ། སྔོན་དགེ་བའི་བཤེས་གཉེན་ལ་ཐོས་བསམ་གྱི་སྒོ་ནས་ཆོས་ཉིད་ཀྱི་དོན་ཀུན་གཞི་ལ་སྟོབས་སུ་གྱུར་པས་དོན་གོ་བའི་སྟོབས་དང་ནི་ལྡན་ལ། སྨོན་ལམ་མ་བཏབ་པའི་དབང་གིས་ནི་དགེ་བའི་བཤེས་དང་མ་མཇལ་ཡང་རྟེན་འབྲེལ་རྟོགས་པའི་རྒྱུ་རྐྱེན་ཆོས་གང་གིས་ནུས་ཏེ་རྟོགས་ནས་། རང་བྱང་ཆུབ་བྱོན་པའི་དུས་སློབ་དཔོན་དང་མཇལ་བའི་སྨོན་ལམ་མ་བཏབ་པའི་སྟོབས་ཀྱིས། སངས་རྒྱས་སྔ་མའི་བསྟན་པ་ནུབ། ཕྱི་མ་མ་བྱོན་པའི་བར་མ་སྣང་ལ། སངས་རྒྱས་བྱོན་པའི་རྟགས་མཐོང་ནས་ཞི་བ་ལ་ཐིམ་ནས་ལུས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བའི་དོན་བྱེད་པའོ། །བྱང་ཆུབ་སེམས་དཔའ་ཞེས་པ། ལས་དང་ཉོན་མོངས་པའི་སྒྲིབ་པ་བྱང་ནས་དེའི་སྟོབས་ཀྱིས་སའི་ཁྱད་པར་རྣམས་བསྒྲུབ་པ་སྟེ། སེམས་བསྐྱེད་པ་ནས་ས་བཅུའི་བར་རོ། །དེ་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བདག་གིས་བྱང་ཆུབ་ཐོབ་པར་སེམས་བསྐྱེད་པའོ། །བྱང་ཆུབ་ཀྱི་ཕྱིར་སེམས་བསྐྱེད་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་སེམས་བསྐྱེད་པའོ། །སེམས་དཔའ་ཆེན་པོ་ནི། སེམས་ཅན་གྱི་དོན་དུ་འགྱུར་ན་ཡན་ལག་གི་དང་པོ་མགོ་དང་། དབང་པོའི་དྭངས་མ་མིག་གཏོང་བའོ། །ལུང་ལས། སྒྲིབ་གཉིས་སྤངས་པས་རྣམ་དག་བྱང་། །ཤེས་བྱ་རྟོགས་པས་ཡེ་ཤེས་ཆུབ། །བདག་དང་གཞན་གྱི་དོན་ལ་སེམས། །རིག་པའི་རྩལ་དང་བློས་རྟོགས་དཔའ། །ཞེས་འབྱུང་ངོ་། །དེའི་ཐེག་པ་ནི་སྤང་བླང་གི་སྒོ་ནས་ཆོས་ཉིད་ཀྱི་རྟོགས་པས་འབྲས་བུ་ལ་སྐྱོལ་བར་བྱེད་པས་སོ། །རྒྱས་པར་ཉན་ཐོས་ཀྱི་ཐེག་པ་ལ་བརྒྱད་ཀྱི་དང་པོ་གང་ཟག་དང་འཇུག་སྒོ་ཐུན་མོང་དུ་བསྟན་པ་ནི། དེ་ལ་ཞེས་པ་ལ་སོགས་པ་སྟེ། གང་གི་གསུམ་དུ་དབྱེ་བའི་གཞི་དེ་ལས་ཉན་ཐོས་བཀར་ནས་བཤད་ན། ཉན་ཐོས་ཀྱི་ཐེག་པ་ཞེས་པ་ཉན་ཐོས་ཀྱི་ཐེག་པའི་ངོ་བོ་ནི། མུ་སྟེགས་པའི་ང་གཙང་སྐྱིད་རྟག་བཞི་ལས་ལྡོག་སྟེ། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་བཞི་ལ། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་བ་སྟེ། ཐེག་པ་དེ་ཉིད་ཉགས་སུ་བླང་བ་ལ་ནི་ཞུགས། ཞེས་བྱ་སྟེ། འཇུག་པའི་སྒོའོ། །ཞུགས་པ་ཞེས་པས་རྟེན་གྱི་གང་ཟག་བསྟན་ཏེ་རྟེན་གྱི་དབང་པོ་རབ་འབྲིང་གསུམ། རེ་རེ་ལའང་གསུམ་གསུམ་དུ་བྱས་པའི་ཐ་མའི་ཐ་མ། དད་པ་དང་བརྩོན་འགྲུས་ཆེ་ཞིང་། ཤེས་རབ་སྙིང་རྗེའི་སྤོབས་པ་ཆུང་སྟེ་མཐའ་གཉིས་དང་བྲལ་བའི་དོན་ལ་འཇུག་མི་ནུས་ཤིང་། གཞན་དོན་དང་དུ་ལེན་པ་མ་བཟོད་དེ་རང་ཉིད་ཞི་བ་འབའ་ཞིག་ཆེད་དུ་གཉེར་བའོ། །ལྟ་བ་ཅེས་པ་རྟོགས་པའི་ལྟ་བ་སྟེ་འདི་ལ་ཡང་མི་མཐུན་པའི་ཕྱོགས་མ་གྲུབ་པར་བསྟན་པ་དང་། ངོ་བོ་དམིགས་སུ་བསྟན་པ་གཉིས་ལས། མི་མཐུན་པའི་ཕྱོགས་མ་གྲུབ་པར་བསྟན་པ་ནི། ཆོས་ཐམས་ཅད་ཅེས་པ། མཐོ་རིས་ངན་སོང་ངམ་ཕྱི་དང་ནང་ངམ་སྣོད་བཅུད་ཀྱི་མཚན་ཉིད་འཛིན་པ་གཞལ་བྱ་ཡུལ་དུ་གྱུར་པ་ཐམས་ཅད་དོ། །མུ་སྟེགས་པ་ལ་སོགས་པ་ཞེས་པས་གང་ཟག་མུ་སྟེགས་དང་། སོགས་ཁོངས་སུ་ཆད་པའམ་གསུམ་པོ་བསྡུས་པའོ། །ལས་ཞེས་པས་རྟེན་དེས་སྒྲོ་དང་སྐུར་བ་ཀུན་བརྟགས་པའི། ཞེས་པ་སྒྲོ་ནི་མེད་པ་ལ་ཀུན་བརྟགས་ཏེ་དོན་དམ་པའི་བདེན་པ་སྤྲོས་པའི་མཚན་མ་དང་བྲལ་བ་ལས་གཟུང་འཛིན་ཡུལ་དང་ཡུལ་ཅན་ཀྱིས་ང་དང་བདག་ཏུ་ཀུན་བརྟགས་པའི་དབང་གིས་ཚིག་གུང་བསྡེབས་ཏེ། རྟག་པ་ལ་སོགས་པ་ཞེས་པ། དངོས་པོ་རྫས་ཅན་དུ་མ་གྲུབ་པ་ལ་དེར་བཟུང་བ་དང་། སོགས་ཁོག་སུ་རྟག་པའི་བྱེ་བྲག་རྣམས་ཀུན་བསྡུས་ཏེ། དེས་ན་དངོས་པོ་ཡོད་པར་བརྟགས་པའི་ཆ་རྣམས་དང་། སྐུར་བ་ཅེས་བྱ་སྟེ། སེམས་ཀྱི་རྩལ་ལས་དགེ་སྡིག་གི་འབྲས་བུ་མཐོ་རིས་དང་ངན་སོང་ཆུད་མི་ཟ་བར་འབྱིན་པ་ལ། ཆད་ལྟ་བས་དེ་མེད་ཅེས་སྐུར་བ་བཏབ་སྟེ་མཐའ་ཆད་པར་ཀུན་ཏུ་བརྟགས་པའི་དབང་གིས་རྒྱུ་འབྲས་དང་ཚེ་སྔ་ཕྱི་དང་མཐོ་རིས་ངན་སོང་ཡེ་མེད་ཅེས་ཆད་པར་ལྟ་བ་དང་། གཉིས་ནི་གཞི་ལ་ཡེ་མ་གྲུབ་སྟེ། བློ་ནོར་གྱི་ལོག་བརྟགས་ཀྱི་ཤེས་པ་འབའ་ཞིག་གིས་བརྟགས་པ་ལས་སྣང་བ་ཐག་པ་ལས་སྤྲུལ་དུ་མཐོང་བ་བཞིན་དུ་མེད་ཅེས་པ། དཔེར་ན་སྐྱེས་བུ་ཤེས་པ་རྩིང་བ་གཅིག་དང་ནམ་མཁའ་མ་དྭངས་པ་དང་ཐག་པ་ཁྲ་བོ་དང་གསུམ་འཕྲད་ན་སྦྲུལ་དུ་མཐོང་སྟེ། དེ་བློ་ཞིབ་པས་བརྟག་ན་སྦྲུལ་གྱི་རང་བཞིན་ནི་འཁྲིལ་བ་དང་རླན་པ་དང་འཛིན་པར་བྱེད་པ་ཡིན་ན། ཐག་པ་ལ་དེ་གང་ཡང་མེད་པར་སྦྲུལ་དུ་མཐོང་བ་བཞིན་དུ། མུ་སྟེགས་པས་རྟག་ཆད་གཉིས་མེད་བཞིན་དུ་ནན་གྱིས་བརྟགས་པ་ཡང་སྐྱེས་བུ་ཤེས་རབ་རྩིང་བ་དང་། ལྷན་ཅིག་སྐྱེས་པའི་བག་ཆགས་མ་དག་པ་དང་སེམས་ཉིད་ཅིར་ཡང་སྣང་བའི་གཞི་ཐག་པ་ཁྲ་བོ་ལྟ་བུ་ལས་སྦྲུལ་བཞིན་རྟག་ཆད་ཀྱི་ཆོས་སུ་སྣང་ཡང་། ཉན་ཐོས་པ་བློ་ཞིབ་པ་དང་། དྲི་མ་དག་པ་དང་། དེ་གཉིས་ཀྱིས་ཐག་པ་ལ་ཐག་པར་མཐོང་སྟེ་སྦྲུལ་དུ་མ་གྲུབ་པ་བཞིན་གཞི་ནས་བྲལ་བར་ཤེས་ཏེ་རྟག་ཆད་དུ་མཐོང་བའི་འཁྲུལ་གཞི་ཙམ་ཡོད་ཀྱང་ངོ་བོ་ལ་མ་གྲུབ་པར་ཐག་ཆོད་དོ། །ལྟ་བ་རང་གི་ངོ་བོ་ནི། ཕུང་པོ་དང་ཞེས་པ་ལ་སོགས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་སྟེ། དེ་ཡང་ཉན་ཐོས་ལ་བློ་རྣོ་བརྟུལ་གཉིས་གྱིས། བྱེ་བྲག་པ་དང་མདོ་སྡེ་པ་གཉིས་ཏེ། བྱེ་བྲག་པས་རྣམ་ཤེས་ཕུང་པོ་མ་གཏོགས་པའི་ཕུང་པོ་བཞིར་འདོད་ལ། མདོ་སྡེ་པས་ལྔར་འདོད་པའི་དབང་གིས་དཀྱུས་སུ་གྲངས་མ་སྨོས་པའོ། །སྐྱེ་མཆེད་ཀྱང་བྱེ་བྲག་པས་དབང་ལྔ་ཡུལ་ལྔ་བཅུར་འདོད། མདོ་སྡེ་པས་དེའི་ཐོག་ཏུ་ཡིད་ཀྱི་དབང་པོ་དང་། ཡིད་ཀྱི་ཡུལ་ཆོས་འདུས་བྱས་ལ་བཞི། འདུས་མ་བྱས་ལ་བཞི་དང་བརྒྱད་གཅིག་ཏུ་བྱས་པས་བཅུ་གཉིས་སུ་འདོད། ཁམས་ཀྱང་བློ་བརྟུལ་གྱིས་དབང་ལྔ་ཡུལ་ལྔ་རྣམ་ཤེས་ལྔ་དང་བཅོ་ལྔར་འདོད་དོ། །མདོ་སྡེ་པས་དབང་དྲུག་ཡུལ་དྲུག་རྣམ་ཤེས་དྲུག་སྟེ་བཅོ་བརྒྱད་དུ་འདོད་དོ། །འབྱུང་བའང་བྱེ་བྲག་པས་ནམ་མཁའ་མ་གཏོགས་པ་བཞིར་འདོད། མདོ་སྡེ་པས་ལྔར་འདོད། དེས་ན་ཕུང་པོ་ཁམས་དང་སྐྱེ་མཆེད་དང་། སོགས་པ་ནི་གང་ཞེ་ན། དེ་བསྐྱེད་པར་བྱེད་པའི་འབྱུང་བ་ཆེན་པོ་བཞི་སྟེ། དེ་དག་དངོས་པོ་རགས་པར་སྣང་ཞིང་སོ་སོའི་བྱ་བ་བྱེད་པའི་ནུས་པ་དང་ལྡན་པའི་སྣང་ཚོད་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། རྡུལ་ཕྲ་རབ་དང་། ཞེས་པ་དེ་དག་རྣམ་པར་གཞིག་ན་རྡུལ་ཕྲ་རབ་རབ་ཆ་ཤས་མེད་པའི་སིལ་བུར་ནི་དོན་དམ་པར་རོ། །དེ་ལ་བྱེ་བྲག་པས་རྡུལ་ཕྲ་རབ་དེ་མ་འདྲེས་པའི་སིལ་བུར། བར་སྣང་མུན་དང་བཅས་པར་འདོད་དེ། གཡག་རྔ་དང་ནེའུ་སེང་བཞིན་ཞེས་པས། ནེའུ་སེང་རྒྱང་ནས་བཏས་པས་སྔོ་ལེབ་བེ་བ་དང་། ཆ་ཤས་སིལ་བུར་མ་འདྲེས་པར་འདོད་པའོ། །མདོ་སྡེ་བས་གཟུང་བ་དོན་དམ་པའི་བདེན་པ་ཡུལ་རྡུལ་ཕྲ་རབ་དེ་འབྱར་ཡང་མ་འབྱར་ལ། བར་ཡང་མེད་པར་འདོད་དེ་དཔེར་ན་དྲས་ཀ་བྱས་པའི་པོ་སྟིའམ་ཤིང་ལོ་ལྟར་བར་ན་མུན་བའི་སྐྱེ་མཆེད་ནི་མེད། འབྱར་ནི་མ་འབྱར་བར་འདུས་པའི་ཚུལ་དུ་ཡོད་ཟེར་ཏེ། མཛོད་ལས། བར་མེད་རྣམ་པར་ནས་ཀྱང་རུང་། །ཞེས་པས་སོ། །རྣམ་པར་ཤེས་པ་ནི་དོན་དམ་པ་མེད་པར་ལྟ་བས་ཞེས་པ། རྣམ་པར་ཤེས་པ་དངོས་པོར་སྣང་བ་ནི་ཀུན་རྫོབ་ཀྱི་བདེན་པ། དེ་ཉིད་སྐད་ཅིག་མའི་ཤེས་པ་འཕགས་པའི་སྤྱོད་ཡུལ་དུ་གྱུར་པ་སྟེ། དུས་གསུམ་གྱི་ཆས་གཞིག་ན་མ་གྲུབ་ཀྱང་། སྐད་ཅིག་མ་ཕྲ་བ་ཙམ་གཅིག་དོན་དམ་པར་བལྟ་སྟེ། ཀུན་རྫོབ་ཏུ་མ་གྲུབ་པས་དོན་དམ་པར་མེད་པར་ལྟ་ཞེས་ཀྱང་སྨོས་སོ། ཡང་སྐད་ཅིག་མ་ཕྲ་བ་ཡོད་པས་དོན་དམ་པར་ཡང་ཡོད་པར་ལྟ། ཀུན་རྫོབ་ཏུ་མ་གྲུབ་པས་དོན་དམ་པར་མེད་པར་ལྟ་ཞེས་ཀྱང་སྨོས་སོ། །ཡང་སྐད་ཅིག་མ་ཕྲ་བ་ཡོད་པས་དོན་དམ་པར་ཡང་ཡོད་པར་ལྟ། ཞེས་ཀྱང་སྨོས་ཏེ་གང་ལྟར་ཡང་ཁྱད་མེད་དོ། །བསམ་གཏན་གྱི་རིམ་པ་ནི། འཕགས་པའི་བདེན་པ་བཞི། ཞེས་པ་ལ་སོགས་པ། ཏིང་ངེ་འཛིན་ནི་བདེན་པ་བཞིའི་ངོས་ནས་ཉམས་སུ་ལེན་ཏེ། དེའང་འཕགས་པ་ནི་ཁམས་གསུམ་གྱི་ཆོས་ཀྱིས་མ་གོས་པ་ལ་འཕགས་པ་ཞེས་བྱ་ལ། དེའི་ཐབས་བདེན་པ་བཞི་ལ་ཡང་འཕགས་པ་ཞེས་བརྗོད་ལ། བདེན་པ་བཞི་ནི། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་མོ། །བདེན་པའི་གཏན་ཚིགས་ནི། སྡུག་བསྔལ་ཀུན་འབྱུང་གཉིས་ནི་འཁོར་བའི་ཆོས་སུ་བདེན་ལ། འགོག་པ་དང་ལམ་གཉིས་མྱ་ངན་ལས་འདས་པའི་ཆོས་སུ་བདེན་པའོ། །བཞི་ནི། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། ལམ་བསྒོམ་པར་བྱ། འགོག་པ་མངོན་དུ་བྱའོ། །སྡུག་བསྔལ་ནི་གསུམ་དང་བརྒྱད་དེ་བཅུ་གཅིག་གོ། །ཀུན་འབྱུང་ནི་སྡུག་བསྔལ་དེ་དག་དུག་གསུམ་ལས་འབྱུང་བས་དེ་དུག་གསུམ་ཚེར་མ་བཞིན་དུ་སྤང་བའོ། །འགོག་པ་མངོན་དུ་བྱ་བ་ནི། དུས་གསུམ་སྤང་བའི་དོན་དུ་འགོག་པ་མངོན་དུ་བྱ་སྟེ། མིག་གིས་གཟུགས་མཐོང་ན་ཡུལ་གྱི་དབང་གིས་དུག་གསུམ་སྐྱེ་བར་བྱེད་དགོས་པ ས། མིག་ཡུལ་ལ་མི་བལྟ་ནས་བཙུམ་པ་དང་། སྣ་ཡུལ་ལ་མི་འཕྲོ་ནས་བསྲུབ་པ་དང་རྣ་བ་ཡུལ་ལ་འཕྲོ་དོགས་ནས་བཙང་བ་དང་། ལྕེས་ཟས་ཟ་གཅིག་ལ་འཁོར་བ་དང་། ལུས་ཀྱིས་ཕྱག་དར་ཁྲོད་དང་ཤིང་ཤུན་དང་ཚེམ་བུ་གྱོན་པ་ལ་སོགས་པའོ། །དེ་དག་ནི་སྔོན་དུ་སྦྱངས་ཡུན་རིང་ཐུང་གི་དབང་གིས་གསུམ་སྟེ། དང་པོ་པ་རྣམས་ཀྱིས་ནི། ལུས་དྲན་པ་ཉེ་བར་བཞག་པའི་མཚན་ཉིད་ཀྱིས་གཞིག་པ་རྣམས་སེམས་ཀྱིས་སྔོན་དུ་བསམ་ནས། རྣམ་པར་བམ་པ་ལ་སོགས་པ་ཡང་ཡང་བསྒོམས་པས་གོམས་པའི་མཐུ་ཕུང་པོ་ལ་མི་ཆགས་པ་འབྱུང་། སེམས་དྲན་པ་ཉེ་བར་བཞག་པ་ནི་ཀུན་འབྱུང་གི་རང་བཞིན་ཡིན་ཏེ་ཚོགས་དྲུག་གི་ཕྱིར་མི་གཏོང་། ཚོར་བ་དྲན་པ་ཉེ་བར་བཞག་པ་ནི་སྡུག་བསྔལ་གྱི་མཚན་ཉིད་ཤེས་ནས་སྤང་བར་བྱེད། ཆོས་དྲན་པ་ཉེ་བར་བཞག་པ་ཀུན་འབྱུང་གི་ཡུལ་སྡུག་བསྔལ་གྱི་རང་བཞིན་ཅན་དེ་ཚོགས་དྲུག་རང་ས་ན་བཀག །དེ་ནས་འབྲིང་ལ་སློབ་ཚུལ་ནི། ཁྱད་པར་དུ་ཀུན་འབྱུང་བཀག་སྟེ། རླུང་ཕྱི་ནང་དུ་རྒྱུ་བ་ལ་ཤེས་པ་གཏད་དེ་སེམས་བཀག་གོ། །དེ་གོམས་པ་ནི་བཟོད་འབྲིང་ངོ་། །རབ་ཀྱི་སློབ་ཚུལ་ནི། ཚོར་བ་འདི་དག་སྡུག་བསྔལ་ཏེ་འདི་ཅིས་ལན་ན་ལས་ཀྱིས་ལན། ལས་ཀུན་འབྱུང་གིས་བསགས་པས་སྡུག་བསྔལ་ཤེས་པར་བྱེད། ཀུན་འབྱུང་བཀག་ནས་དེ་ལྟ་བུའི་ལམ་རྒྱུད་ལ་བསྟེན། བཀག་པས་ཁེགས་པ་ནི་འགོག་པ་སྟེ་འབྲས་བུའི་ངོ་བོའོ། །དེ་ལྟར་བཤད་པ་ཡང་སྤྱིར་ཉན་ཐོས་ལ་ཏིང་ངེ་འཛིན་གྱི་བྱེ་བྲག་མང་བའི་དབང་ངོ་། །འདིར་རང་གཞུང་ན། འཕགས་པའི་བདེན་པ་བཞི་བསྒོམ་པའི་རིམ་པས་ཞེས་པ། དང་པོ་ལམ་བསྒོམ་པའི་ངོ་པོ་བདེན་པ་གསུམ་སྔོན་དུ་སོང་བའི་བཞི་པ་སྟེ། ཡེ་ཤེས་བཅུ་དྲུག་གི་ཆས་རིག་པའི་ཆ་སྦྱངས་ཞེས་པས། ཡེ་ཤེས་བཅུ་དྲུག་ནི་ཤེས་པ་བརྒྱད་དང་བཟོད་པ་བརྒྱད་དེ་བཅུ་དྲུག་ལ། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་བཟོད་པ་སྟེ། དེ་རིམ་པ་བཞིན་དུ་སྦྱངས་པ་ལ་ནི་རིམ་པ་ཡིས་ཞེས་སོ། །འབྲས་བུ་བཞི་གྲུབ་ཅེས་པ། ཤེས་བཟོད་བཅུ་དྲུག་གི་ཏིང་ངེ་འཛིན་གོམས་པ་དེས། ཁམས་གསུམ་གྱི་ཉོན་མོངས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་ཆ་སྦྱངས་ནས་འབྲས་བུ་བཞི་གྲུབ་སྟེ། གང་ཞེ་ན། རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འདོར་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའོ། །དེ་ལ་རྒྱུན་དུ་ཞུགས་པ་ནི། ཡེ་ཤེས་བཅུ་དྲུག་གི་ཁམས་གསུམ་གྱི་ཉོན་མོངས་བརྒྱད་ཅུ་རྩ་བརྒྱད་མཐོང་བས་སྤང་སྟེ། གཉེན་པོ་ཡེ་ཤེས་ཀྱི་རྒྱུན་དུ་ཞུགས་ཏེ་ཉོན་མོངས་པའི་རྟོག་པ་རགས་པས་མངོན་དུ་བར་མ་ཆོད་པ་རྒྱུན་དུ་ཞུགས་པ་ཞེས་བྱའོ། །ལན་གཅིག་ཕྱིར་འོང་བ་ནི། འདོད་ཁམས་ན་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་བཞི་ཡོད་པས། གསུམ་ནི་གཟུགས་ཁམས་བསམ་གཏན་གསུམ་པ་མན་ཆད་དུ་སྦྱངས། བསམ་གཏན་བཞི་པ་ནས། ཕྱིར་འདོད་ཁམས་སུ་ཁོང་ཁྲོ་སྦྱངས་དུ་འོང་སྟེ་འདོད་ཁམས་ཀྱི་ལྷ་མིར་སྐྱེ་བ་བླངས་ནས་ཁོང་ཁྲོ་སྦྱངས་པ་ནི། ལན་གཅིག་ཕྱིར་འོང་བ་ཞེས་བྱའོ། །ཕྱིར་མི་འོང་བ་ནི། གཟུགས་ཁམས་ཀྱི་བསམ་གཏན་བཞི་པ་ལས་ཐར་ནས། གཟུགས་མེད་པའི་ནམ་མཁའ་མཐའ་ཡས་དང་། ཅི་ཡང་མེད་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་གསུམ་དུ་སྐྱེས་ནས་ཕྱིན་ཆད་འདོད་ཁམས་དང་གཟུགས་ཁམས་སུ་སྐྱེ་བ་མི་ལེན་པས་ཕྱིར་མི་འོང་བ་ཞེས་བྱའོ་དེ་ནས་ཡོད་མིན་མེད་མིན་ནས་སྲིད་པའི་རྩེ་མོ་ལ་ཉོན་མོངས་པའི་སྒྲིབ་པ་ཕྲ་མོ་ཡན་ཆད་སྦྱངས་ཏེ་ཁམས་གསུམ་ལས་ཏལ་གྱིས་ཐལ་ནས་ཏིང་ངེ་འཛིན་གྱི་སྐད་ཅིག་མས་ཕྱི་མ་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། དཔེར་ན་དགྲ་བསད་ན་ཕྱིས་མི་ལྡང་བ་བཞིན། ཉོན་མོངས་པ་ཕྲ་མོ་ཡན་ཆད་སྦྱངས་པས་ས་བོན་ཙམ་ཡང་མ་ལུས་པས་དགྲ་བཅོམ་པ་ཞེས་བྱའོ། །བསྲུང་བའི་ཚུལ་ཁྲིམས་ནི། དགེ་བསྙེན་གྱི་གཞི་ལྔ། དགེ་ཚུལ་གྱི་སྤོང་པ་བཅུ་གསུམ་འཁོར་དང་བཅས་པ། དགེ་སློང་གི་བརྒྱ་ཕྲག་ཕྱེད་དང་གསུམ། བར་སློབ་མ་དང་། དོན་ལ་སོ་སོར་ཐར་པ་རིས་བདུན་ནོ། །སྤྱོད་པའི་ཁྱད་པར་ནི། སེམས་ཅན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པའི་སྤྱོད་པ་དང་། རང་གི་རྒྱུ་ལ་རྣམ་པར་དཀར་བའི་ཆོས་སྤྱོད་པ་སྟེ། ངོ་བོ་སྦྱངས་པའི་ཡོན་ཏན་བཅུ་གཉིས་སོ། །ཡུན་ནི་བསྐལ་པ་ཆེན་པོ་བརྒྱད་འགྲུབ་བོ། །འབྲས་བུ་ཐོབ་ཚུལ་ནི་བཞི་སྟེ། མེ་སྟག་འཚིག་པ་དང་། དེ་ཉིད་འབར་བ་དང་། མར་འབབ་ཀར་དས་པ་འདྲ་སྟེ། དཔེར་མར་མེ་རྒྱུན་ཟད་ལྟ་བུ་ཟེར། ལྷག་ལུས་བཞག་པ་དང་། དུས་མཉམ་དུ་ཐོབ་པ་དང་། བཞག་ནས་སྐད་ཅིག་མ་འགའ་ན་ཐོབ་པ་དང་། ཡང་སྲིད་དེའུ་བླངས་ཀྱི་སར་ཐོབ་པའོ། །འདི་ལའང་ལས་ཟད་པའི་སྐྱེ་རྒྱུན་ཆད། སྨོན་ལམ་མ་བཏབ་པས་རང་དབང་མེད། སངས་རྒྱས་ཀྱི་ཐུགས་རྗེས་བསླང་བ་ལས་མ་གཏོགས་པ་མྱ་ངན་ལས་འདས་པའི་མཐའ་ཡིན། འབྲས་བུ་ཐོབ་ནས་བསྐལ་པ་ཉི་ཁྲི་ན་བདེ་གཤེགས་ཐུགས་རྔའི་འོད་ཀྱིས་བསླངས་ནས་སེམས་བསྐྱེད་དེ་ས་བཅུ་རིམ་གྱིས་སྤྱོད་པར་བཤད་དོ། །རང་སངས་རྒྱས་ལ་ལྔས་བསྟན་པའི། དང་པོ། འཇུག་སྒོ་དང་གང་ཟག་ཐུན་མོང་དུ་བསྟན་པ་ནི། རང་བྱང་ཆུབ་ཅེས་པ་ལ་སོགས་པ་སྟེ། འཇུག་པའི་སྒོ་ནི། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག་པ་ཞིབ་ཏུ་འཆད་པར་འགྱུར་རོ། །ཞུགས་པ་ཞེས་པས་རྟེན་དེ་རྣམས་ཀྱིས་རྟེན་གྱི་གང་ཟག་ཀུན་བསྡུས་པ་སྟེ། དབང་པོ་ཐ་མའི་འབྲིང་རང་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་བྱེད་པར་ནུས་པ་སྟེ། དད་བརྩོན་རྣམས་ཉན་ཐོས་དང་མཐུན་ལ། ཤེས་རབ་དེ་ལས་ཅུང་འཕགས་ཏེ། གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཕྱོགས་གཅིག་བདག་མེད་པར་རྟོགས་པའི་ཤེས་རབ་དང་ལྡན་པའོ། །ལྟ་བ་ནི་ཞེས་པ། རྟོགས་པའི་ལྟ་བ་བསྟན་ཏེ། དེ་ལ་གཉིས་ཀྱི་ལོག་པའི་ལྟ་བ་དགག་པ་ནི། ཆོས་ཐམས་ཅད་མུ་སྟེགས་ཅེས་པ་ལ་སོགས་ཏེ། ལྟ་གཞི་ཉན་ཐོས་དང་མཐུན་པས་ཉན་ཐོས་ཀྱི་སྐབས་སུ་བཤད་པ་ལྟར་ཕྱི་ནང་གི་ཆོས་ཐམས་ཅད་ལ་མུ་སྟེགས་ལ་སོགས་པའི་ལོག་རྟོག་གི་ཚོགས་ཀྱིས་ཡོད་མེད་ཀྱི་སྒྲོ་དང་སྐུར་བ་དང་བློ་ལ་ཀུན་ཏུ་བརྟགས་པའི་བདག་རྟག་པ་དང་། ཆད་པ་དང་ཕྱལ་བ་དང་རྒྱང་འཕེན་རྙེས་མེད་པ་ནི། ཐག་སྦྲུལ་གྱི་དཔེས་ཉན་ཐོས་དག་མཐུན་ལ། ཡང་ཉན་ཐོས་དང་མཐུན་ཞེས་པས། ཞེས་པས་ཡུལ་རགས་པར་སྣང་བ་ཀུན་རྫོབ་ཀྱི་བདེན་པ། རྡུལ་ཕྲ་རབ་དོན་དམ་པ། འཛིན་བྱེད་ཀྱི་ཤེས་པའང་རགས་པར་སྣང་བ་ཀུན་རྫོབ། དེ་ཡང་སྐད་ཅིག་མ་ཆ་ཤས་དང་བྲལ་བ་འཕགས་པའི་སྤྱོད་ཡུལ་དུ་གྱུར་པ། དོན་དམ་པ་མཐུན་པའི་ཐོག་ཏུ་ཉན་ཐོས་ཀྱི་དེ་ལས་རང་སངས་རྒྱས་ལྷག་པའི་ཁྱད་པར་དུ། གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཕྱོགས་གཅིག་ཅེས་པས། ཕུང་པོ་ལྔ་ལ་གཟུགས་ཀྱི་ཕུང་པོ་ཆོས་ཀྱི་བདག་གི་ཕྱོགས་གཅིག་ཡིན་པས་དེ་རྡུལ་ཕྲ་རབ་ཀྱང་ཕྱོགས་ཆས་གཞིག་ནས་མ་གྲུབ་པར་བདག་མེད་པར་རྟོགས་པ་ལ་རྟོགས་ཞེས་བྱ་སྟེ། དེ་ལ་མཁས་པ་ཆེན་པོ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས། གཟུགས་ལ་བཅོ་ལྔ་སྟེ། རྒྱུའི་གཟུགས་བཞི་འབྲས་བུའི་གཟུགས་བཅུ་གཅིག་ལས། བཅུ་བཞི་ལ་ནི་བདག་མེད་པར་མ་རྟོགས་ཏེ། རྡུལ་ཕྲ་རབ་ཉན་ཐོས་དང་མཐུན། ཆོས་ཀྱི་ཕྱོགས་གཅིག་ཅེས་པས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡིད་ཀྱི་ཡུལ་ཆོས་ལ་བདག་མེད་པར་རྟོགས་སོ་ཅེའོ། །དེ་ལ་རྣམ་པར་རིག་བྱེད་མ་ཡིན་ཞེས་པའི་ངེས་ཚིག་གང་ཡིན་ན། དགེ་བ་དང་མི་དགེ་བའི་ལས་ཀྱི་བག་ཆགས་དང་ནི་ལྡན་ན་དབང་པོ་རྣམ་ཤེས་ཀྱིས་མཐོང་ཞིང་རིག་པར་བྱར་མེད་པའོ། །འོ་ན་དེ་ལས་ཁྱད་པར་དུ་གཟུགས་ཞེས་ཅིའི་ཕྱིར་བརྗོད་ན། གཞོན་དུ་རུང་བའི་ཕྱིར་ཏེ། དགེ་མི་དགེ་གང་གིའང་རིག་བྱེད་མ་ཡིན་པའོ། །དེ་ལ་དགེ་བར་རིག་བྱེད་མ་ཡིན་པ་ནི་སྔར་ཚུལ་ཁྲིམས་མ་ནོས་ན་དགེ་བར་གྱུར་ལ། ཕྱིའི་དེའི་འགལ་རྐྱེན་སྤྱད་ན་སྔར་གྱི་དགེ་བའི་བག་ཆགས་དེ་ཞིག་པས་སོ། །མི་དགེ་བའང་དེ་དང་མཚུངས་པས་གཟུགས་ཞེས་བྱའོ། །ཡང་ཡོངས་ཀྱིས་ནི། གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཕྱོགས་གཅིག་ཅེས་པས། གཟུགས་བཅོ་ལྔ་ལས་རྣམ་པར་རིག་བྱེད་མ་ཡིན་པ་ནི། ཏིང་ངེ་འཛིན་གྱི་གཟུགས་ཡིན་པས་སྟོང་པར་མ་ཤེས་ཏེ། བཅུ་བཞི་པ་ལ་ཆོས་ཀྱི་ཕྱོགས་གཅིག་ཅེས་སྨོས་པས་བདག་མེད་པར་རྟོགས་སོ། །གཟུང་བའི་རྟོག་པ་ཉམས་ཕྱིར་དང་། འཛིན་པའི་རྟོག་པ་མ་སྤངས་ཕྱིར། ཞེས་པས་སོ། །དེ་ལ་ཁ་ཆེ་པཎ་ཆེ་ན་རེ། ཕྱི་གཟུང་བའི་ཡུལ་ཐམས་ཅད་མེད་པར་ཤེས་པ་མ་ཡིན་ཏེ། གཟུང་བའི་རྟོག་པ་ཉམས་ཕྱིར་དང་། ཟེར་བས་རགས་པ་ནི་མེད་པར་ཤེས་ཏེ་ཕྲ་རབ་ལ་མེད་ཟེར་མི་ནུས་པས་གསུངས་སྐད་དེ། དེ་ནི་ཉན་ཐོས་དང་ཡང་ཁྱད་མེད་དོ། །བསམ་གཏན་གྱི་རྟོགས་ཚུལ་ནི། རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པའི་དུས་ནའང་ཞེས་པ་ལ་སོགས་ཏེ་འདིར་ཉན་ཐོས་དང་ཁྱད་པར་ཡོད་སྟེ། ཉན་ཐོས་ནི་དང་པོ་ཡང་དགེ་བའི་བཤེས་གཉེན་ལ་བརྟེན་ལ། འབྲས་བུ་ལེན་པའི་དུས་ནའང་དགེ་བའི་བཤེས་གཉེན་ལ་བརྟེན་པ་ཡིན་ན། འདིར་རང་བྱང་ཆུབ་ཅེས་པ། སྔོན་གྱི་སྦྱངས་པ་མཐའ་ཕྱིན་པས་རང་གིས་དངོས་པོ་གང་ལ་རྟེན་འབྲེལ་གྱི་དོན་རྟོགས་ཏེ་འབྲས་བུ་ཐོབ་པས། རང་བྱང་ཆུབ་ཅེས་བྱ་ལ། འབྲས་བུ་ཐོབ་པའི་དུས་ནའང་ཞེས་པས། འབྲས་བུ་རྒྱུ་གཏན་ལ་དབབ་སྟེ། འབྲས་བུ་ཡིད་བཞིན་བདེ་མཆོག་གིས་ཐོབ་སྟེ། མངོན་དུ་བྱ་བའི་དུས་ཀྱི་ཚེ་སྐབས་གང་ལ་རག་ན། བསྒོམ་པ་ལ་རག་ལས་པས་དེའི་དུས་སུ་ཡང་། ཉན་ཐོས་ལྟར་དགེ་བའི་བཤེས་གཉེན་ལ་མི་ལྟོས་ཏེ། སྔོན་གོམས་པའི་སྟོབས་སུ་ཞུགས་པ་དང་། དགེ་བའི་བཤེས་གཉེན་དང་མི་འབྲལ་བའི་སྨོན་ལམ་མ་བཏབ་པ་གཉིས་ཀྱིས་སོ། །སྔོན་གོམས་པའི་ཤུགས་ཀྱིས་ཞེས་པ། ཚེ་སྔ་མ་ལ་རྟེན་འབྲེལ་རྟོག་དཔྱོད་གོམས་པ་སྟོབས་སུ་གྱུར་པའི་ཤུགས། ཉི་མ་གླིང་བཞིར་རང་བཞིན་གྱིས་འཁོར་བ་དང་འདྲ་བའི་ཤེས་རབ་ཀྱིས་བསྒོམ་པའི་ཏིང་ངེ་འཛིན་གྱི་ངོ་བོ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་ཞེས་པ། ཏིང་ངེ་འཛིན་བསམ་གཏན་མར་མེ་ཤི་བ་ལྟ་བུ་སྟེ་རུས་པ་མཐོང་བས་བལྟས་པ་ལ་རྟེན་འབྲེལ་རྟོགས་ཏེ། རྟེན་འབྲེལ་ལ་ཡང་ཕྱིར་དང་ནང་གཉིས་ཏེ། ནང་ནི་རུས་པ་ཤི་བ་ལས་བྱུང་། དེ་རྒས་པ། དེ་ན་བ་ནས་རིམ་པ་བཞིན་དུ་མ་རིག་པའི་བར་དུ་རྩད་བཅད་དེ། གཏུགས་པ་ལ་ནི་རྟེན་འབྲེལ་ལུགས་ལས་བཟློག་པ་ཞེས་བྱ། དེས་མ་རིག་པ་བཀག་པས་འདུ་བྱེད་འགག་ནས། རྒ་ཤིའི་བར་དུ་འགགས་པར་རྟོགས་པས་མ་རིག་པ་བཀག་པའི་ཕྱིར། བསམ་གཏན་མར་མེ་རྒྱུད་ཟད་པ་ལྟ་བུ་ལ་མཉམ་པར་བཞག་སྟེ། དཔེར་ན་མར་མ་ཟད་ན་མེ་མི་ཟད་པ་བཞིན་དུ། མེ་ཡོད་ཀྱི་བར་ལ་གཡོ་བ་མི་རྟག་མར་ཟད་ན་དུས་མཉམ་དུ་ཟད་པ་བཞིན་མ་རིག་པ་ཟད་པས་རྒ་ཤིའི་བར་ཟད་པར་རྟོགས་ཏེ། མ་རིག་པ་བཀག་པའི་ཕྱིར་འགོག་པའི་ཏིང་ངེ་འཛིན་ཡང་དང་ཡང་དུ་གོམས་པ་སྟེ། རྟེན་འབྲེལ་བཅུ་གཅིག་གཉིས་ཀྱི་སྒོ་ནས་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཟབ་མོའི་དོན་རྐྱེན་གྱིས་རྟོགས་ནས། འབྲས་བུའི་ཐོབ་ཚུལ་ནི། རང་བྱང་ཆུབ་ཀྱི་ཞེས་པ། གོང་གི་རྟོགས་པའི་དོན་ལ་བསྒོམ་པ་མཐར་ཕྱིན་ནས་རང་བྱང་ཆུབ་ཀྱི་འབྲས་བུ་དཔའ་བོ་འཇིགས་མེད། ཤེས་རབ་མགྱོགས་ཆེན། རྫུ་འཕྲུལ་ཆེར་སྟོན། རྫུ་འཕྲུལ་ཐོགས་མེད། སྟོད་ན་མེ་འབར། སྨད་ན་ཆུ་འབྲུགས་པའི་རྩལ་དང་ལྡན་པ་ཡིན་བཞིན་བདེ་མཆོག་གི་ས་ཐོབ་པ་ཡིན་ནོ། །འདི་ཡང་སྲུང་བའི་ཚུལ་ཁྲིམས་ནི་ཉན་ཐོས་དང་མཐུན། སྤྱོད་པའི་ཁྱད་པར་ནི་ཉན་ཐོས་དང་མཐུན་པ་ལས་ཁྱད་པར་དུ་ཏིང་ངེ་འཛིན་ལ་བརྩོན་པར་གཅིག་པུར་གནས་པའོ། །ཡུལ་ཡང་། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། ཞེས་པས་ཉན་ཐོས་དང་མཐུན་ནོ། །འདི་ལ་སྐྱོན་གསུམ་ཡོན་ཏན་གསུམ་སྟེ། སྤོབས་པ་ཆུང་ཞིང་སྨོན་ལམ་མེད་པས་ཐེག་ཆེན་ལ་འཇུག་མི་ནུས། སློབ་དཔོན་ལ་བརྟེན་མི་ནུས། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ལའང་བརྟེན་མི་ནུས། ཡོན་ཏན་སྐྱེ་བ་བརྗེས་ཙ་ཁོ་རང་གི་གྲུབ་མཐའ་རང་ཤུགས་ཀྱི་ཟིན། སྡིག་པའི་ཆོས་ངང་གིས་འགགས་གཅིག་པུར་གནས་ཤིང་བསམ་གཏན་ལ་བརྩོན་པ་ཆེ། འབྲས་བུ་ཉན་ཐོས་ལས་ཁྱད་པར་ནི། གཟུགས་ཕུང་བདག་མེད་རྟོགས་པའི་སྟོབས་ཀྱིས་ཐུབ་པའི་བསྟན་པ་མི་གནས་པའི་དུས་སུ། ངག་གིས་ཆོས་མི་སྟོན། ལུས་ཀྱིས་རྫུ་འཕྲུལ་ཡ་མ་ཟུང་གིས་འགྲོ་དོན་བྱེད། དེ་ཡང་བེམ་རིག་ཅིར་སྟོན་ཡང་སྔར་སྦྱངས་པ་ཆུང་བས་པཎྜི་ཏ་དང་འཁོར་ལོས་བསྒྱུར་བར་སྟོན་མི་ནུས། ཕྱིས་བདེར་གཤེགས་བྱོན་པའི་རྟགས་སྣང་ན་ཤེས་རབ་ཀྱི་སྤོབས་པ་ཆུང་བས་ཟད་པར་མེས་ཞི་བར་ཐིམ། མདོ་སྡེ་ནས་བསྐལ་ཆེན་ཁྲི་འདས་ནས་སྟོན་པ་བྱོན་ལ་ཁད་ཀྱི་སྔོན་རོལ་དུ་ཉིད་དང་མཐུན་པའི་སྤྲུལ་སྐུ་འཆར་ནས་དེས་བགྲོ་གླིང་གི་ཚུལ་དུ་ཐེག་ཆེན་ལ་བཙུད་དེ་སེམས་བསྐྱེད་ནས་སངས་རྒྱས་ཐོབ་པར་བཤད་སྐད་དོ། །དེས་ན་དེ་ཡན་ཆད་དུ་མ་རྟོགས་པ་ཕྱལ་བ་རྒྱང་འཕེན་གཉིས། ལོག་པར་རྟོགས་པ་མུར་ཐུག་དང་། མུ་སྟེགས་གཉིས་སོ། །ཐེག་ཆུང་འདི་གཉིས་ལ་ནི་ཕྱོགས་རྟོགས་ཞེས་བྱ་སྟེ། ལུས་སེམས་འབྲེལ་མེད་དུ་ལྟ་བ་དང་། གཞན་དོན་སེམས་བསྐྱེད་མེད་པ་དང་། ཤེས་རབ་ཀྱིས་དོན་དམ་ཕྱོགས་ཀྱང་ཤས་ཕྲ་བ་བས་མ་རྟོགས་པས་ཐེག་ཆུང་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལ་བཞིའི་དང་པོ་འཇུག་སྒོ་དང་གང་ཟག་ཐུང་མོང་དུ་བསྟན་པ་ནི། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པ་རྣམས་ཀྱིས་ཞེས་པ། དང་པོར་འཇུག་པའི་སྒོ་ནི་བྱང་ཆུབ་སེམས་དཔའ་ཞེས་ཏེ། འདིར་ལམ་ལྔ་དང་སྦྱར་ཏེ་འབྲུ་མནན་ན། ཚོགས་ལམ་དུ་བསོད་ནམས་ཀྱི་ཚོགས་བསགས་པས། ཀུན་གཞི་ལ་བསགས་པའི་བག་ཆགས་ངན་པའི་ཚོགས་དུས་ཐོག་མ་མེད་པ་ནས་ལྡན་པ་རྣམས། ཚོགས་ལམ་མཐར་ཕྱིན་པའི་དུས་སུ། གཏན་ནས་བྱང་སྟེ་སྦྱངས་ཡག་པས་ནད་ཀྱི་ལྷག་མ་མ་ལུས་པ་བཞིན་སོང་བས་ནི་བྱ་ལ། ཚོགས་ལམ་མཐར་ཕྱིན་པའི་ཡོན་ཏན་རྣམས་ཆུབ་པས་ཆུབ་པའོ། །བསགས་སྦྱངས་དེ་ཉིད་ལ་སེམས་རབ་ཏུ་གནས་ཤིང་བསྟུན་ཏེ་དཔའ་བས་སེམས་དཔའོ། །སྦྱོར་ལམ་དུ་ངེས་འབྱེད་ཆ་བཞིས་བདག་གཉིས་དག་སྟེ་ཉོན་མོངས་པའི་སྒྲིབ་པ་རྩ་བ་ནས་བྱང་ཞིང་བདག་མེད་གཉིས་མངོན་དུ་གྱུར་པས་ཆུབ་པའོ། །སེམས་ནི་དེ་ཉིད་གཉེན་པོའི་ཏིང་ངེ་འཛིན་ཏེ། དེས་སྤང་བྱ་སྤོང་བས་དཔའ་བའོ། །དེ་ཉིད་མཐའ་ཕྱིན་པས་མཐོང་ལམ་ཉིད་ཡིན་ན། མཐོང་ལམ་དུ་འཁོར་བའི་ཆོས་རྒྱུ་འབྲས་རིལ་བྱང་ཞིང་དོན་དམ་པའི་བདེན་པ་ཁོང་དུ་ཆུབ་སྟེ། མཉམ་བཞག་རང་དོན་ཏིང་ངེ་འཛིན་ལ་སེམས་ཤིང་། རྗེས་སྒྱུ་མ་ལྟ་བུས་འགྲོ་དོན་ལ་སེམས་ཏེ་མཛད་པས་དོན་ལ་བརྟུལ་བས་དཔའ་བའོ། །ས་ལྔ་བའི་བར་ཤེས་སྒྲིབ་རགས་པ་བྱང་སྟེ། བདེན་པ་དབྱེར་མེད་ཆུབ་ལ་དེ་ཉིད་ལས་མི་འགྱུར་བ་ལ་སེམས་དཔའ་བརྗོད་དོ། །བརྒྱད་པའི་བར་ལ་ཕྲ་བ་བྱང་ལ། བཅུ་པའི་བར་ཕྲ་བའི་ཕྲ་བ་འང་བྱང་སྟེ། མུན་པ་དག་ནས་སྣང་བར་གྱུར་པ་བཞིན། ཡོན་ཏན་རྣམས་ཆུབ་ཅིང་དེ་ལས་མི་གཡོ་བ་ཉིད་སེམས་དཔའ་བའི་ངང་ལ་འགྲོ་དོན་ལ་ཅི་ལྟར་ཡང་སྐྲག་པ་མེད་པས་དཔའ་བའོ། །ཐེག་པ་ཞེས་པ་གོང་དུ་བཤད་སྟེ། ཞུགས་པ་ནི་འཇུག་པའི་སྒོ་སྟེ་ངོ་བོ་བདེན་པ་གཉིས་སོ། །ཞུགས་པ་རྣམས་ཀྱིས་ཞེས་པས། གང་ཞུགས་པའི་གང་ཟག་བསྟན་ཏེ། དབང་པོ་ཐ་མའི་རབ་བདེན་པ་གཉིས་རྟོགས་པའི་ཤེས་རབ་དང་ལྡན་ལ། བརྩོན་འགྲུས་རབ་དང་ལྡན་པས་དཀའ་བ་སྤྱོད་པ་ལ་སྐྱོ་བ་ཆུང་བའོ། །རྟོགས་པའི་ལྟ་བ་ནི། ལྟ་བ་ཅེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་ཀུན་རྫོབ་དང་དོན་དམ་པ་གཉིས་ལས། དང་པོར་དོན་དམ་པ་བསྟན་ཏེ། ཀུན་ནས་ཉོན་མོངས་པ་ཞེས་པས། སྣོད་བཅུད་ཀྱིས་བསྡུས་པའི་ཁམས་གསུམ་འཁོར་བའི་ཆོས་ཐམས་ཅད་ནི་གཟུང་འཛིན་གཉིས་ཀྱིས་ཉེན་པའི་དབང་གིས། དུས་གནས་ཕྱོགས་ཀུན་ནས་ཉོན་མོངས་ཤིང་སྡུག་བསྔལ་ཏེ། དེ་ཡང་སྤྱིའི་མཚན་ཉིད་མི་རྟག་སྡུག་བསྔལ་ཡང་རང་གི་མཚན་ཉིད་སྟོང་ཞིང་བདག་མེད་དེ། ཡུལ་ནི་རྡུལ་ཕྲ་རབ་ཡིན་ལ་དེ་ཕྱོགས་ཆ་དྲུག་གིས་གཞིག་ན་མ་གྲུབ་པ་དང་། ཤེས་པ་ནི་སྐད་ཅིག་མ་ཡིན་ལ། དེ་ཡང་དུས་གསུམ་གྱི་ཆས་གཞིག་ན་མ་གྲུབ་པའོ། །དེ་ཉིད་སྤྲོས་པའི་མཚན་ཉིད་ཐམས་ཅད་དང་བྲལ་བ་ལ་ནི་དོན་དམ་པར་འཁོར་བའི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་སྣང་ཡང་སྤྲོས་མཐའ་བརྒྱད་དང་བྲལ་བ་རང་བཞིན་མེད་པ་ཡིན་ལ། རྣམ་པར་བྱང་བའི་ཆོས་ཐམས་ཅད་ཅེས་པ། ཁམས་གསུམ་མམ་སྡུག་བསྔལ་ལམ་མྱ་ངན་ལས་འདས་ཏེ་འཁོར་བའི་རྣམ་པ་མ་གྲུབ་པར་ཐ་སྙད་དུ་བྱང་བ་ཅེས་བྱ་སྟེ། དེ་མི་འགགས་པར་སྣང་བའི་ཆོས་ཐམས་ཅད་ནི་གཟུགས་སྐུ་གཉིས་ཡོན་ཏན་དང་བཅས་པའམ། དེས་གསུངས་པའི་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཐུགས་རྗེ་དང་གདུལ་བྱའི་རྒྱུད་དག་པའི་བྱིན་རླབས་གཉིས་འཛོམ་པ་ལས་མེ་ལོང་གི་གཟུགས་བརྙན་བཞིན་རང་འཆར་གྱི། དཔེར་ན་འཇའ་ནམ་མཁར་དབྱེར་མེད་པ་བཞིན། དོན་དམ་པའི་ངང་དུ་རང་བཞིན་མེད། དེ་ཉིད་ཀྱི་ཐ་སྙད་ལས་ཀྱང་འདས་པ་ཡིན་ཞེས་བྱའོ། །དེ་ནི་མི་བསླུ་བའི་ཕྱིར་དོན་དམ་པའི་བདེན་པ་ཞེས་བྱའོ། །དེ་ལྟར་དོན་དམ་པ་བསྟན་ནས། ད་ནི་ཀུན་རྫོབ་བསྟན་པ་ནི། ཀུན་རྫོབ་ཏུ་ནི་ཞེས་པ་ལ་སོགས་པ་སྟེ། དངོས་པོ་མ་གྲུབ་ཀྱང་ནན་གྱིས་བརྟགགས་པ་ཉིད་ཀྱིས་འཁྲུལ་པ་ཉེས་པ་དང་བཅས་པར་སྣང་བའོ། །དེ་ནི་སྒྱུ་མ་ཙམ་ཞེས་པ། སྒྱུ་མ་ནི་མཁན་པོས་དེ་ཉིད་ཀྱི་རྒྱུ་རྐྱེན་འཚོགས་ནས་སྣང་སྟེ། བལྟ་མཁན་གྱི་དབང་པོའི་དགོས་པ་སྐོང་བ་དོན་ཡང་ངོ་བོ་མ་གྲུབ་པ་བཞིན། འདིར་འགྲོ་བ་རྣམས་ཀྱི་རིག་པ་སྒྱུ་མ་མཁན་དང་འདྲ་བས། ལྷན་ཅིག་སྐྱེས་པའི་མ་རིག་པ་གཉིས་སྒྱུ་མའི་རྒྱུ་དང་། ལས་དང་ཉོན་མོངས་པ་སྒྱུ་མའི་རྐྱེན་འཛོམ་པ་ལས་ཁམས་གསུམ་གྱི་ཆོས་ཐམས་ཅད་སོ་སོའི་བྱ་བ་བྱེད་པ་ལྟད་མོ་བའི་དབང་པོའི་དགོས་པ་སྐོང་བ་དང་འདྲ་སྟེ། དེ་ཡང་འཁོར་བའི་ཆོས་ཀྱང་འཁྲུལ་སྣང་གི་ངོ་ལ་མ་གྲུབ་བཞིན་སྣང་བ་སྒྱུ་མ་ལྟ་བུ་སྟེ། ཙམ་གྱི་སྒྲས་དེ་ཙམ་དུ་ཡང་མ་དམིགས་པར་བསྟན་ཏོ། །མཚན་ཉིད་མ་འདྲེས་པར་སོ་སོར་ཡོད་ཅེས་པས། རྒྱུ་དཀར་བའི་ལས་ཀྱིས་འབྲས་བུ་མཐོ་རིས་སུ་མ་འདྲེས་པར་ཡོད་པ་དང་། སྡིག་པ་སྒྱུ་མ་ཙམ་གྱི་ལས་ཀྱིས་ངན་སོང་སྒྱུ་མ་ལྟ་བུ་དགེ་བ་དང་མཚན་ཉིད་མཚན་ཉིད་མ་འདྲེས་པར་སོ་སོ་ཡོད་པ་དང་། རྒྱུ་དགེ་བ་རང་ཡང་བྱེ་བྲག་མཚན་ཉིད་མ་འདྲེས་པར་སོ་སོར་ཡོད་བཞིན་དུ། དེའི་འབྲས་བུ་མཐོ་རིས་ཀྱང་སོ་སོར་མ་འདྲེས་པར་ཞིབ་པར་གནས་ལ། རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་མ་འགགས་པའི་མཚན་ཉིད་ཐམས་ཅད་ཀྱང་མཚན་ཉིད་མ་འདྲེས་པར་གདུལ་བྱ་དང་མཐུན་པའི་སྐུ་གསུམ་གྱི་མཛད་པ་སོ་སོར་ཡོད་ཏེ། སོ་སོའི་བྱ་བ་བྱེད་པ་ནི་གཏན་དུ་མ་ཡིན་ཏེ་མི་རྟག་ཅིང་མི་བརྟེན་པ་ཀུན་རྫོབ་ཅེས་བྱའོ། །འོ་ན་འཁོར་བའི་ཆོས་ཐམས་ཅད་ཀུན་རྫོབ་ཡིན་ན། མྱ་ངན་ལས་འདས་པ་ལ་ཀུན་རྫོབ་ཅེས་གདགས་པའི་རྒྱུ་མཚན་ཅི་ཞེ་ན། བདེ་བར་གཤེགས་པའི་ངོ་བོ་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་སྐུ་ལ་ནི་ཀུན་རྫོབ་ཀྱི་གདགས་གཞི་བྲལ་ཏེ་ཡེ་ཤེས་འབའ་ཞིག་གི་སྣང་བ་ལྷུན་གྱིས་གྲུབ་ལ། སྐུ་གཉིས་ཀྱི་མཛད་པ་ཆེ་ཡན་དང་བཅས་པ་ཐམས་ཅད་ནི་གདུལ་བྱ་འབའ་ཞིག་གི་སྣང་བ་སྟེ། ཐམས་ཅད་མཁྱེན་པ་རང་ངོ་ལ་རྡུལ་གྱི་ཆ་ཡང་མ་དམིགས་ཏེ། སངས་རྒྱས་ཞེས་བྱ་བའི་ཐ་སྙད་ཀྱང་མ་གྲུབ་པའོ། །དེས་ན་གདུལ་བྱའི་ངོས་ཀྱི་སྣང་བ་ཐམས་ཅད་ལ་དག་མ་དག་གིས་ཀུན་རྫོབ་ཅེས་བརྗོད་དོ། །དེ་ལྟར་བདེན་པ་གཉིས་དེ་ལ་ཡང་དོན་དྲུག་གིས་བསྟན་ཏེ། བདེན་པ་གཉིས་ཀྱི་ངོ་བོ་དང་། དབྱེ་བ་དང་། མཚན་ཉིད་དང་། སྒྲ་འཇུག་པའི་རྒྱུ་མཚན་དང་། མཐུན་དཔེ་དང་། ཡུལ་གང་ལ་སྣང་བའོ། །དེ་ལ་དང་པོ་ཀུན་རྫོབ་བདེན་པའི་ངོ་བོ་ནི། ཁམས་གསུམ་གྱི་འཁྲུལ་པའི་ངོ་ལ་སྣང་བའི་བེམ་རིག་གིས་བསྡུས་པའི་དངོས་པོ་ཐམས་ཅད་དོ། །དབྱེ་བ་ནི་གཉིས་ཏེ། ཡང་དག་པའི་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་བོ། །དེ་ལ་སྔོན་གྱི་མཁས་པ་རྣམས་ཀྱིས། ནང་རིག་པས་བསྡུས་པ་ཐམས་ཅད་ནི། ནམ་ཞིག་བྱང་ཆུབ་ལ་རེག་པའི་རང་བཞིན་ཡིན་ཏེ། དེའང་གཏན་ཚིགས་ནི། བྱང་ཆུབ་ཀྱི་སྙིང་པོ་ཅན་ཡིན་ཏེ། སད་སྔ་ཕྱི་ཙམ་ལ་རག་ལས་པས་ཡང་དག་པའི་དོན་བྱེད་ནུས་པས་ཡང་དག་ཅེས་བྱ་ལ། ད་ལྟ་གཟུང་འཛིན་འཁྲུལ་ཆོས་སུ་སྣང་བས་ཀུན་རྫོབ། ཡུལ་བེམ་པའི་ཆ་ཐམས་ཅད་ནི་འབྲས་བུ་ལ་རེག་པའི་བྱ་བ་མི་བྱེད་པས་ལོག་པ་ཞེས་བྱ་སྟེ། ཐད་སོར་འཁྲུལ་ཆོས་ཀུན་རྫོབ་བོ། །དེ་ལ་གསུམ་སྟེ། སྣང་ལ་དོན་བྱེད་ནུས་པ་ཆུ་འཐུངས་པས་སྐོམ་པ་སེལ་བ་ལྟ་བུ་དང་། སྣང་ལ་དོན་མི་ནུས་པ་ཆུ་ཟླ་དང་འཇའ་ཚོན་ལྟ་བུ་དང་། མི་སྣང་པ་དོན་བྱེད་མི་ནུས་པ་རི་བོང་རྭ་དང་མོ་གཤམ་གྱི་བུ་ལྟ་བུའོ། །སྣང་ལ་དོན་བྱེད་ནུས་པའང་ཆ་བཞིས་འགྲུབ་སྟེ། མུ་སྟེགས་ཀྱི་རྫས་ཅན་གྱི་བརྟགས་པ་མ་གྲུབ་པས་བརྟག་ན་དབེན་པ་དང་། བུམ་པས་ཆུ་སྐྱོར་བ་ལ་སོགས་པ་སོ་སོའི་དོན་བྱེད་ནུས་པ་དང་། འགྲོ་བ་དྲུག་སོ་སོའི་དབང་པོའི་ངོ་ལ་མཐུན་པར་སྣང་བ་དང་། འབྱུང་བ་ལ་སོགས་པ་སོ་སོའི་གཞན་དབང་རྟེན་ཅིང་འབྲེལ་པས་འབྱུང་བས་བསྐྱེད་ཅེའོ། །དེ་ལ་གསར་བཤད་འགས་བེམ་རིག་གང་ལྟར་རུང་གོང་གི་ཆོས་བཞི་ལྡན་ནི་ཡང་དག་ཀུན་རྫོབ་ཡིན་ལ། ཆོས་བཞི་གཅིག་ཙམ་མ་ཚང་བ་ཡང་ལོག་པའི་ཀུན་རྫོབ་བོ། །ཅེའོ། །ཀུན་རྫོབ་ཀྱི་མཚན་ཉིད་ནི། སྐད་ཅིག་མ་དང་བཅས་པས་མི་རྟག་ཅིང་། བདག་འཛིན་གྱིས་བསྐྱེད་པས་སྡུག་བསྔལ་བ་སྟེ། ངོ་བོ་འཁྲུལ་ཆོས་ལ་ལོངས་སྤྱོད་ཅིང་འཁོར་བའི་མཚན་ཉིད་ཅན་ནོ། །སྒྲ་འཇུག་པའི་རྒྱུ་མཚན་དང་མཐུན་དཔེ་ཐུན་མོང་བ་སྡེབ་སྟེ་བཤད་ན། རྒྱུ་མཚན་ནི། སྃདྷྲི་ཏེ་ཞེས་བྱ་སྟེ། བརྫབས་པའི་དོན་གྱིས་ན་ཀུན་རྫོབ་སྟེ། དཔེ་ནི་རྙོགས་མ་དྭངས་པའི་ཆུ་གསལ་བ་ལ་ཟླ་བའི་གཟུགས་བརྙན་འཆར་བ་དེ། སྐྱེས་བུ་གང་དང་གང་གིས་བརྫབས་ཏེ་རྙོགས་ན། ཆུའི་རྙོགས་མ་དེས་ཟླ་བའི་གཟུགས་བརྙན་ཡང་བསྒྲིབས་པ་བཞིན། དོན་དམ་བདེན་པ་སྤྲོས་མཐའ་བརྒྱད་ངང་གིས་བྲལ་བས་དྭངས་པའི་བདག་ཉིད་ཅན་ལ། ཐམས་ཅད་མཁྱེན་པའི་ཆེ་ཡོན་ཟླ་བའི་གཟུགས་བརྙན་དང་འདྲ་བ་འཆར་དུ་རུང་བ་དེ་འཁྲུལ་རྟོག་དབང་ཡུལ་གྱི་ཆོས་ཀུན་རྫོབ་ཀྱིས་བསྒྲིབས་པའོ། །བསྒྲིབས་པའི་དོན་གྱིས་ན་ཀུན་བསྒྲིབས་ཏེ། གོང་མའི་དོན་དེས་དོན་དམ་བདེན་པ་ཡང་དག་མ་མཐོང་བས། དཔེར་ན་མིག་རབ་རིབ་ཅན་གྱིས་འཁྲུལ་པའི་ཡུལ་དངོས་པོར་མ་མཐོང་བ་བཞིན་ནོ། །དོན་དེ་ལ་བདེན་པ་ཞེས་པ་ནི། ཀུན་བརྟགས་ཅན་འཁྲུལ་པ་ལ་ལོངས་སྤྱོད་པའི་དུས་སུ་བདེན་པ་ལྟར་སྣང་བ་སྟེ། དཔེར་ན་མིག་ནད་ཅན་ལ་སྐྲ་ཤད་ཀྱི་འཁོར་ལོ་བདེན་པ་བཞིན་ནོ། །ཡུལ་གང་སྣང་ན། ཁམས་གསུམ་སེམས་ཅན་ལ་རགས་པར་སྣང་། བདག་མེད་རྟོགས་པའི་མགོ་ཟུག་པ་ལ་ཕྲ་བར་སྣང་བའོ། །དོན་དམ་པའི་བདེན་པའི་ངོ་བོ་ནི། སྤྲོས་མཐའ་བརྒྱད་ཀྱི་དབེན་པ་འཁྲུལ་པ་ཅན་གྱི་སྤྱོད་ཡུལ་མ་ཡིན་པ། ཡེ་ཤེས་དམ་པའི་སྤྱོད་ཡུལ་དུས་གསུམ་དུ་མི་འགྱུར་བའོ། །དབྱེ་བ་ནི་རྣམ་གྲངས་དང་། རྣམ་གྲངས་མ་ཡིན་པའོ། །རྣམ་གྲངས་ནི་ཆོས་ཅན་སོ་སོའི་བྱེ་བྲག་ཐམས་ཅད་ཉན་ཐོས་ཀྱི་རྡུལ་དང་སྐད་ཅིག་མར་བཏགས་པ་ལ་སོགས་པ་སོ་སོར་མ་གྲུབ་པའི་ངོས་ནས་བཏགས་ཏེ། དོན་དམ་པའི་ངོ་བོ་ལ་དུ་མ་མེད་ཀྱང་ཆོས་ཅན་མ་གྲུབ་པའི་ངོས་ནས་སྣང་བའོ། །མིང་གི་རྣམ་གྲངས་ནི། དོན་དམ་པའི་བདེན་པ། ཆོས་ཉིད། སྤྲོས་བྲལ། ཡང་དག་པ་ལ་སོགས་པའོ། །རྣམ་གྲངས་མ་ཡིན་པའི་དོན་དམ་པ་ནི་རང་གི་ངོ་བོ་སྟེ། མིང་གི་རྣམ་གྲངས་ཀྱི་ཐ་སྙད་ཐམས་ཅད་དང་བྲལ་བ། ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་རེག་པར་མ་ནུས་པ། སྒོམ་པའི་ཤེས་རབ་མཐར་ཕྱིན་པའི་ངོ་བོ་ཡེ་ཤེས་དམ་པའི་ཡུལ་ལོ། །མཚན་ཉིད་ནི་སྟོང་ཞིང་བདག་མེད་པ་ཤེས་བརྗོད་ཐམས་ཅད་ཀྱི་ཡུལ་ལས་འདས་པའོ། །སྒྲ་འཇུག་པའི་རྒྱུ་མཚན་ནི། པ་པ་ར་མི་ཏ་ན། དོན་དམ་པ་སྟེ་ངོ་བོ་མི་འགྱུར། རྟོགས་པས་མི་བསླུ་ཀུན་རྫོབ་ཐམས་ཅད་ཀྱང་དེ་ཉིད་དུ་དབྱེར་མེད་ལ། འགྱུར་ལྡོག་མི་མངའ་བའི་ཕྱིར་ནའང་བདེན་པའི་སྒྲ་འཇུག་གོ། །མཐུན་དཔེ་ནི། ཕྱོགས་ཙམ་མཐུན་པའི་དཔེ་མང་ཡང་། འདིར་ནམ་མཁའ་སྟེ། ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་ལ་ཁྱབ་ཀྱང་དེས་ངོ་བོ་ལ་གོས་པ་མེད་པ་དང་། ཡོད་མེད་ཀྱི་སྤྲོས་པའི་མཐའ་མི་རྙེད་པ་དང་། རང་བཞིན་ལ་དངོས་པོ་འཁྲུལ་བརྟགས་ཀྱི་ཆོས་ཀྱིས་དབེན་པའོ། །ཡུལ་གང་ལ་སྣང་ན་མཐོང་ལམ་ཡང་ཆད་པ་ལ་ཇི་བཞིན་པར་སྣང་ངོ་། །འོ་ན་བདེན་པ་གཉིས་པ་དེ་གཅིག་གམ་ཐ་དད་ཅེ་ན། རྣམ་པ་ཀུན་ཏུ་ཐ་དད་ནའང་མདོ་ལས་སྐྱོན་བཞི་འབྱུང་སྟེ། ཀུན་རྫོབ་དང་དེའི་རང་བཞིན་དོན་དམ་པ་ལ་ཆོས་ཉིད་ཀྱི་འབྲེལ་པ་མེད་པའི་སྐྱོན་དང་། དོན་དམ་རྟོགས་ཀྱང་འཁྲུལ་བ་ཟིལ་གྱིས་མི་ནོན་པ་དང་། དེས་ན་འཕགས་པའི་ཐུགས་རྗེ་དང་གདུལ་བྱའི་བསགས་པ་གཉིས་འཁོར་འདས་སོ་སོར་འགྱུར་བའི་སྐྱོན་དང་། བདེན་པ་མཐོང་ཡང་ཐ་དད་པ་མུན་སྣང་བཞིན་གང་ཟག་གིས་དུས་གཅིག་ལ་གཉིས་ཀ་ཐ་དད་དུ་མཐོང་བའི་སྐྱོན་ནོ། །གཅིག་ནའང་སྐྱོན་བཞི་སྟེ། རྣམ་པ་ཐ་དད་དུ་གཅིག་པའི་དབང་གིས་དོན་དམ་པ་མཐོང་བས་གྲོལ་བ་བཞིན་ཀུན་རྫོབ་མཐོང་བས་གྲོལ་བ་དང་། ཡང་འཁྲུལ་པས་འཆི་བ་བཞིན། དོན་དམ་མཐོང་བས་ཀྱང་འཆིང་བ་དང་འཕགས་པའི་ངོ་ལ་སྟོང་ཞིང་བདག་མེད་པ་བཞིན་སེམས་ཅན་གྱི་ངོ་ལའང་དེ་དང་འདྲ་སྟེ་འབད་མེད་གྲོལ་བ་དང་། སེམས་ཅན་གྱི་ངོ་ལ་ཀུན་བརྟགས་འཁྲུལ་པ་རང་རྒྱུད་སྣང་བ་བཞིན་འཕགས་པ་ལ འང་དེ་དང་འདྲ་སྟེ་གྲོལ་ཐར་མེད་པའི་སྐྱོན་ནོ། །འོན་ཀྱང་འགལ་བ་སྡུམ་པ་ནི། མཁས་པ་སྔ་མ་ཀུན་ནི། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་སྟེ། དེ་འང་ལམ་བགྲོད་ཚུལ་ལ་ལྟོས་ན། ཚོགས་ལམ་མན་ཆད་དུ་ཀུན་རྫོབ་རང་རྒྱུད་དུ་སྣང་། སྦྱོར་ལམ་དུ་བདག་མེད་མགོ་ཟུག་ནས་ཕྱོགས་རེ་མཐོང་། མཐོང་ལམ་དུ་དོན་དམ་རང་གི་མཚད་ཉིད་མཐོང་། དྲུག་པ་མངོན་དུ་གྱུར་ནས་བདེན་པ་དབྱེར་མེད་མཐོང་བའོ། །གང་ཟག་ལ་ལྟོས་ན་རྟོགས་མ་རྟོགས་གཉིས་ངོ་བོ་ལ་ལྷན་ཅིག་ཀྱང་རྟོགས་པ་ལ་དོན་དམ་དུ་སྣང་། མ་རྟོགས་པ་ལ་འཁྲུལ་པར་སྣང་ངོ་། །འདི་ལ་གསར་བཤད་པས། དེ་ཉིད་དམ་གཞན་དུ་བརྗོད་དུ་མེད་ཅེས་བཤད་དེ། གཅིག་པ་ནི་བཀག་གཉིས་སུ་ནི་ཁས་མི་ལེན་པས་ཀུན་རྫོབ་དབང་པོའི་མངོན་སུམ་དུ་སྣང་བ་དེ་ཉིད་དོན་དམ་མ་ཡིན་ལ། དེ་ལས་གཞན་དུའང་དོན་དམ་དུ་ནི་བརྗོད་དུ་མེད་ཅེའོ། །དེས་ན་བྱང་ཆུབ་སེམས་དཔའི་རྟོགས་པའི་ལྟ་བ་བདེན་པ་གཉིས་ཀྱི་རྣམ་པར་བཞག་པའོ། །ལམ་བགྲོད་ཚུལ་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་སྤྱོད་ཅེས་པ་ལ་སོགས་པ་སྟེ། སྤྱད་ཅེས་པས་སྤྱོད་པའི་ཁྱད་པར་ཡང་བསྟན་ཏེ། དེ་ལ་སྤྱིར་འདིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཞེས་པས་སྤྱོད་པའི་དངོས་གཞི་མཐར་ཕྱིན་པ་དང་བཅས་པ་བསྟན་ལ། སྤྱད་པའི་འབྲས་བུ་ཞེས་པས། ཕ་རོལ་ཕྱིན་པ་བཅུ་རེ་རེ་སྤྱད་པ་མཐར་ཕྱིན་པ་སྟོབས་སུ་གྱུར་པ་འབྲས་བུ་རེ་རེ་དང་སྦྱར་བ་ཡིན་པས། ཕ་རོལ་ཏུ་ཕྱིན་པ་དེ་དང་དེ་སྤྱད་པས་འབྲས་བུ་དེ་དང་དེ་ཐོབ་པ་དང་། ས་དེ་ཐོབ་པས་ཕ་རོལ་ཏུ་ཕྱིན་པ་དེ་སྟོབས་སུ་གྱུར་པ་མཐར་ཐུག་པ་ཞེས་པ་བསྟན་ཏེ། དེས་ན་དང་པོ་རྟེན་གྱི་གང་ཟག་གཅིག་གིས་སྙིང་རྗེ་ཆེན་པོས་ཁམས་གསུམ་གྱི་སེམས་ཅན་རྗེས་སུ་དྲན་ནས་དེ་དག་གི་དོན་དུ་སེམས་བསྐྱེད་ནས། ཚོགས་ལམ་བཞི་གསུམ་བཅུ་གཉིས་ཉམས་སུ་བླངས་པའི་དུས་ནས། ཕ་རོལ་ཏུ་ཕྱིན་པ་བཅུ་ཕྲ་རགས་ཉམས་སུ་བླངས་ནས་སྦྱིན་པའངས་ཟང་ཟིང་ཕྲ་བ་སྦྱིན་པ་ཙམ་ཡན་ཆོད། ཚུལ་ཁྲིམས་ནི་བསླབ་པ་རིན་པོ་ཆེ་གསུམ་ཁས་བླང་ཚད་ཙམ་ལ་དྲི་མས་མི་གོས་པར་འབད། བཟོད་པའང་གོ་ཆའི་བརྩོན་འགྲུས་དང་ལྡན་པའི་སྒོ་ནས་བསྒོམ་བརྩོན་འགྲུས་ཀྱང་དྲན་པ་དང་ཤེས་བཞིན་མ་ཡེངས་པའི་ངོས་ནས་རྩོམ། བསམ་གཏན་ཡང་དོན་སྤྱི་ཡིད་ཀྱི་ཡུལ་དུ་བྱས་པ་ཙམ་གྱི་ངོས་ནས་བསྒོམ། ཤེས་རབ་ཀྱང་བདག་མེད་ལ་མོས་པས་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་འཇུག །དེས་ན་ལམ་སྟོབས་སུ་གྱུར་ཏེ། སྦྱོར་ལམ་དུ་ངེས་འབྱེད་ཆ་བཞིས་ཆོས་དང་གང་ཟག་གི་བདག་མེད་རྟོགས་པའི་དུས་སུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོབས་སུ་གྱུར་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལའང་རང་གི་ངོ་བོ་དང་། རྣམ་གྲངས་དང་། མི་མཐུན་པའི་ཕྱོགས་དང་། འགྲུབ་བྱེད་ཀྱི་ཡན་ལག་དང་། འབྲས་བུས་གང་ཐོབ་པ་དང་བཞི་བཞི་སྟེ། དེ་ལ་སྦྱིན་པ་རང་གི་ངོ་བོ་ནི། དངོས་པོ་གང་ལའང་མ་ཆགས་པར་གཏོང་བའོ། །རྣམ་གྲངས་ནི། ཟང་ཟིང་དང་ཆོས་དང་སྐྱབས་སོ། །ཟང་ཟིང་ལའང་གསུམ་སྟེ། གཏོང་བ་དང་། ཀུན་ཏུ་གཏོང་བ་དང་། གཏོང་བ་ཆེན་པོའོ། །དེ་ལ་གཏོང་བ་ནི་འཕྲལ་གྱི་གོས་དང་ཟས་ནོར་ཕྲ་མོ་གཏོང་བའོ། །དེ་དག་ནི་ཚོགས་ལམ་ནས་ལྡན་ཏེ་སྟོབས་སུ་གྱུར་པའོ། །ཀུན་ཏུ་གཏོང་བ་ནི། རྒྱལ་སྲིད་དང་བུ་སྨད་ལ་སོགས་པ་སྟེ། བཟོད་ཐོབ་ཡན་ཆོད་ཀྱི་སྤྱོད་ཡུལ་ལོ། །གཏོང་བ་ཆེན་པོ་ནི། རང་གི་ལུས་དང་མིག་དང་སྲོག་དང་ཤ་ཁྲག་གཏོང་བ་སྟེ། མཐོང་ལམ་ནས་སོ། །དེ་ན་སྦྱིན་པ་གསུམ་ཀའི་ནུས་སྟོབས་མཐོང་ལམ་ནས་རྫོགས། ཆོས་ཀྱི་སྦྱིན་པ་ནི། ཡི་གེ་སྦྱིན་པ་ནས་ཤེས་རྒྱུད་དགྲོལ་བའི་བར་ཏེ། ཚོགས་སྦྱོར་མཐོང་གསུམ་ལ་ཅི་ཙམ་ནུས་པའི་སྟོབས་བརྩ་བ་སྟེ། གཞན་གྲོལ་བའི་རྐྱེན་དུ་འགྱུར་བ་ལས་མ་གཏོགས་པ་རྙེད་པ་ལ་སྟོས་པ་མེད་པའོ། །སྐྱབས་ཀྱི་སྦྱིན་པ་ནི། འཁོར་བ་ལས་སྐྱབས་པ་ནི་ཆོས་ཀྱི་སྦྱིན་པ་དང་ཡང་མཐུན་ལ། གནོད་པ་ལས་སྐྱབས་པ་ནི། གཞན་སྡུག་བསྔལ་དང་བྲལ་བར་བྱེད་པའི་རྣམ་གྲངས་སོ། །སྲོག་ལས་སྐྱབས་པ་ནི། གསོད་པར་ངེས་པའི་དགྲ་དང་ཤན་པའི་ལག་ནས་སྲོག་བསླུ་བའོ། །དེ་ཡང་ལམ་མཐོ་དམན་གནས་སྐབས་དང་སྦྱར་རོ། །མི་མཐུན་པའི་ཕྱོགས་ནི་སེར་སྣ་སྟེ། དེ་དག་ལ་སྒྱིད་ལུག་ནས་མི་བརྩོན་པ་དང་། སྦྱིན་པ་ལ་སླར་འགྱོད་པ་དང་། དེ་དག་གི་དངོས་པོའི་བྱེ་བྲག་རྣམས་གཏོང་མི་བྲ་བའོ། །འགྲུབ་བྱེད་ཀྱི་ཡན་ལག་ནི། འཁོར་གསུམ་ཡོངས་སུ་དག་པའི་བློ་སྟེ། སྦྱིན་པར་བྱ་ཡུལ་དང་། སྦྱིན་པར་བྱེད་པ་པོ་དང་། རྫས་གསུམ་དོན་དམ་པར་རང་བཞིན་མེད་པར་ཤེས་པ་སྟེ། དེའང་ལས་དང་པོ་པའི་དུས་སུ་བློས་གཞན་རྒྱས་འདེབས་ཙམ་ཡིན་ལ། མཐར་ཕྱིན་པའི་དུས་སུ་ཡུལ་ཡུལ་ཅན་འཛོམ་པའི་གནས་སྐབས་ན། གཉེན་པོ་བསྐྱེད་མི་དགོས་པར་ལྷུན་གྲུབ་ཏུ་འཆར་བའོ། །དེའི་འབྲས་བུ་ནི་དང་པོ་རབ་ཏུ་དགའ་བ་སྟེ། མཚན་དེ་ལ་ཡང་རྒྱུ་མཚན་གསུམ་གྱིས་སྤང་བྱ་སྤོང་བ་ནི། ཁམས་གསུམ་གྱི་དྲི་མ་གཏན་ནས་དག་པ་དང་། རྟོགས་བྱ་ནི། དོན་དམ་པའི་བདེན་པ་མཐོང་བས་རྟོགས་པ་ལ་སྤྲོས་པའི་དྲི་མ་མེད་པའོ། །མཐོང་བྱ་ནི་དེ་བཞིན་གཤེགས་པའི་ཞལ་མངོན་དུ་མཐོང་ནས་ཆོས་གསན་པའོ། །ཡང་རྣམ་པ་གཅིག་ཏུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོབས་རྫོགས་པའི་ས་ཡིན་པས་སྦྱིན་པའི་ཟང་ཟིང་གིས་ཡུལ་དགའ་ཞིང་། བསོད་ནམས་ཀྱིས་བདག་དགའ་བའི་འབྲས་བུ་ཡིན་པའི་ཕྱིར་ཡང་རབ་ཏུ་དགའ་བའི་ས་ཞེས་བྱའོ། །དེ་ལྟར་རྟོགས་ཤིང་མཐོང་བའི་ཏིང་ངེ་འཛིན་གྱི་དྲི་མ་སྦྱོང་བར་བྱེད་པས་ན་ས་གཉིས་པ་ཡིན་ཏེ། ས་དེར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་རྫོགས་ཏེ་དེའང་ཚུལ་ཁྲིམས་རང་གི་ངོ་བོ་ནི་འཆལ་བའི་དྲི་མ་མེད་པའོ། །རྣམ་གྲངས་ནི། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་དང་། སྡོམ་པའི་ཚུལ་ཁྲིམས་གསུམ། དེ་ཡང་ལམ་མཐོ་དམན་གྱི་རིམ་པ་བཞིན་དུ་བློས་རྩལ་དང་སྦྱར་བར་བྱའོ། །མི་མཐུན་ཕྱོགས་ནི་འཆལ་བའི་དྲི་མ་སྟེ་ལོག་པའི་ཞེ་འདོད་དང་བཅས་པའོ། །འགྲུབ་བྱེད་ཀྱི་ཡན་ལག་ནི་འཁོར་གསུམ་ཡོངས་སུ་དག་པ་སྟེ། དེའི་རྒྱས་ཐེབ་པ་ལ་བློ་ཚོད་ཀྱི་རིམ་པ་བཞིན་དུའོ། །འབྲས་བུའི་ངོ་བོ་དྲི་མ་མེད་པ་ཞེས་པ་ཡང་ཏིང་ངེ་འཛིན་གྱི་དྲི་མ་དག་པར་བྱེད་པའི་ཕྱིར་དང་། ཚུལ་ཁྲིམས་ཀྱི་སྟོབས་རྫོགས་ནས་འཆལ་བའི་དྲི་མ་གཏན་ནས་དག་པའོ། །ཕ་རོལ་ཏུ་ཕྱིན་པའི་ངེས་ཚིག་ཀྱང་དེ་ཉིད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་དྲི་མ་སྤངས་ནས་རྩལ་ཡོངས་སུ་སྦྱོང་བས་ས་གསུམ་པ་འོད་བྱེད་པའི་ས་སྟེ། དེར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྟོབས་རྫོགས་པ་ཡིན་ཏེ། དེ་ཡང་བཟོད་པ་རང་གི་ངོ་བོ་འཁྲུགས་པ་མེད་པ་སྟེ། ལམ་གྱི་བྱེ་བྲག་གིས་མཐོ་དམན་གྲངས་མང་ངོ་། །རྣམ་གྲངས་ནི་ཆོས་ཉིད་ཟབ་མོ་རྟོགས་པས་ས་དེ་ལ་ཉམས་ང་བ་མེད་པ་དང་། བདག་གཞན་གྱི་དོན་དུ་ལུས་ངག་གི་སྡུག་བསྔལ་ཁྱད་དུ་གསོད་དེ། དོན་བསྒྲུབ་པའི་བཟོད་པ་དང་། གཞན་གྱིས་སྡུག་བསྔལ་བར་གཙེས་ཀྱང་དེ་ཉིད་ཆོས་ཀྱི་འགྲུབ་བྱེད་དུ་མཐོང་སྟེ་ཡིད་མི་འཁྲུགས། ལན་མི་འདེབས་པའི་བཟོད་པ་དང་གསུམ་མོ། །མི་མཐུན་པའི་ཕྱོགས་ནི་གོང་མ་གསུམ་ལ་བཟོད་མི་ནུས་ནས་སེམས་འཁྲུགས་པའོ། །འགྲུབ་བྱེད་ཀྱི་ཡན་ལག་ནི་འཁོར་གསུམ་ཡོངས་སུ་དག་པ་སྟེ། ལས་དང་པོ་པས་རྟོགས་པའི་རྒྱས་འདེབས་ནས་ཐ་མར་རང་ཤར་འབྱུང་བའི་བར་རོ། །འབྲས་བུ་ནི་གསུམ་པ་ལ་བཟོད་པའི་སྟོབས་རྫོགས་པའི་ཕྱིར་འོད་བྱེད་པ་ཞེས་བྱ་སྟེ་ཏིང་ངེ་འཛིན་གྱི་རྩལ་རྫོགས་པ་དང་། སྐུ་མཚན་དཔེ་འབར་བ་འབྱུང་ངོ་། །དེ་ནས་ཏིང་ངེ་འཛིན་གྱི་རྩལ་སེམས་ཅན་གྱི་དོན་དུ་ཀུན་ཏུ་འཕྲོ་ཞིང་སངས་རྒྱས་ཀྱི་ཞིང་སྦྱོང་བ་ནི་འོད་འཕྲོ་བ་ཅེས་བྱ་སྟེ། དེ་ལ་བརྩོན་འགྲུས་ཀྱི་སྟོབས་རྫོགས་སོ། །དེ་ལ་བརྩོན་འགྲུས་རང་གི་ངོ་བོ་ནི། བསྒྲུབ་པར་བྱ་བའི་དོན་ལ་སྒྱིད་ལུག་པ་མེད་པའོ། །རྣམ་གྲངས་ནི་དཀར་པོ་དགེ་བའི་ཕྱོགས་ཐམས་ཅད་ལ་བརྩོན་པ་ལམ་གྱི་གེགས་སུ་གྱུར་པ་རྣམས་སྤོང་བ་ལ་བརྩོན་པ་དང་། སེམས་ཅན་གྱི་དོན་དུ་བརྩོན་པའོ། །མི་མཐུན་པའི་ཕྱོགས་ནི་སྙོམས་ལས་སྒྱིད་ལུག་དང་བཅས་པའོ། །འགྲུབ་བྱེད་ཀྱི་ཡན་ལག་ནི་འཁོར་གསུམ་དག་པའི་རྒྱས་ཐེབས་པའོ། །འབྲས་བུ་ནི་བཞི་པ་འོད་འཕྲོ་བ་སྟེ་ཏིང་ངེ་འཛིན་རྩལ་འབྱོངས་པ་ཚད་དུ་ཕྱིན་པ་དང་། གཞན་དོན་གྱི་མཛད་པ་ཐམས་ཅད་རྒྱུ་དེ་ལ་རྫོགས་པས། བརྩོན་འགྲུས་ཀྱི་འབྲས་བུ་ཡང་ཡིན་ལ་བརྩོན་འགྲུས་མཐར་ཕྱིན་པ་ཡང་ཡིན་ནོ། །དེ་མན་ཆད་ཀྱི་ས་བཞི་པོ་དག་ནི་ཤེས་བྱའི་སྒྲིབ་པ་རགས་པ་མི་གནས་པ་ཡིན་ཏེ། དེ་ཉིད་ལམ་ཡིན་པའི་ཕྱིར་ཆེད་འཛིན་གྱི་སྒོ་ནས་ལམ་འགྲོད་པའོ། །རིམ་གྱིས་འཇུག་པའི་ལམ་ཡིན་པའི་ཕྱིར་ཡང་ངོ་། །དེ་ཡང་རིགས་པ་ལ་ལྔ་སྟེ། བདེན་པ་གཉིས་སོ་སོར་ཆ་འབྱེད་པ་དང་། མི་མཐུན་པ་དང་གཉེན་པོའི་བྱེ་བྲག་དང་། མཉམ་རྗེས་ཀྱི་བྱེ་བྲག་དང་། མཉམ་བཞག་ལ་ཡང་དོན་དམ་པའི་བདེན་པའི་བདེན་པ་ཡེ་ཤེས་དམ་པའི་ཡུལ་སྨྲ་བསམ་ལས་འདས་པ་ཤེས་རབ་ཀྱི་སྤྱོད་ཡུལ་བྱེད་པ་དང་། སྤང་བྱའི་ཉོན་མོངས་པས་མི་གོས་ཀྱང་བག་ཚབ་དང་བཅས་པ། དེ་དག་ལྔ་པ་དང་བཅུ་པའི་བར་དུ་རིམ་གྱིས་སྦྱོངས་ཏེ། དེ་ཡང་ས་ལྔ་པ་ལ་བདེན་པ་དབྱེར་མེད་དུ་སློབ་པའང་ཀུན་རྫོབ་དང་དོན་དམ་མཚན་ཉིད་མི་འདྲ་བ་གཉིས་སྐད་ཅིག་ལ་མགོ་སྙོམས་པ་ཤིན་ཏུ་དཀའ་སྟེ། ཕྱེ་འགམ་པ་དང་གླིང་བུ་འབུད་པ་གཉིས་སྐྱེས་བུ་གཅིག་ལ་མ་འཛོམས་པ་ཡིན་ཀྱང་། དབྱེར་མེད་ཟུང་འཇུག་དོན་གྱི་ངོ་བོ་ཡིན་གྱིས་མི་སྦྱོང་ཁ་མེད་ལ། ཤིན་ཏུ་དཀའ་བའི་ཕྱིར་ན་སྦྱོང་དཀའ་བ་ཞེས་བྱའོ། །དེ་ནི་བསམ་གཏན་གྱི་གྲོགས་ཏིང་ངེ་འཛིན་གྱི་སྟང་གིས་གཙོ་ཆེ་བས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལའང་བཞི། ངོ་བོ་ནི་རིགས་པ་ཡུལ་ལ་མ་འབྲེལ་པའོ། །རྣམ་གྲངས་ནི་མི་དགེ་བའི་སྟོབས་གནོན་པའི་བསམ་གཏན་དང་། ཡོན་ཏན་གོང་དུ་བསྐྱེད་པའི་བསམ་གཏན། དགེ་བའི་ཆོས་ཟག་མེད་ཉེ་བར་སྒྲུབ་པའི་བསམ་གཏན་ནོ། །དེ་གསུམ་ཡང་ཞི་གནས་དང་ལྷག་མཐོང་ལས་མཐའ་གསུམ་སྟེ། ཞི་གནས་ཀྱིས་མངོན་ཤེས་ལ་སོགས་པ་འཕགས་པའི་ཆེ་ཡོན་བསྒྲུབ། ལྷག་མཐོང་གིས་སྲིད་པའི་ཉེས་པ་འཇོམས། ལས་མཐས་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར། མི་མཐུན་པའི་ཕྱོགས་ནི་ཡུལ་གྱི་ཕྱིར་རྣམ་པར་གཡེང་བའོ། །འགྲུབ་བྱེད་ཀྱི་ཡན་ལག་ནི་འཁོར་གསུམ་ཡོངས་སུ་དག་པ་སྟེ་བསྒོམ་བྱ་བསྒོམ་བྱེད་མེད་པའོ། །འབྲས་བུ་ནི་མཐར་ཕྱིན་པས་ལྔ་པ་སྦྱོང་དཀའ་བ་སྟེ། བདེན་པ་དབྱེར་མེད་སློབ་ནས་མི་མཐུན་གཉེན་པོ་དབྱེར་མེད་མངོན་དུ་གྱུར་པའོ། །དེས་ན་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཡང་ཡིན་ལ། དེ་ཉིད་ཀྱི་སྟོབས་ཀྱང་དེར་རྫོགས་པའོ། །ས་དྲུག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་སུ་གྱུར་ཏེ། དེ་ཡང་ཤེས་རབ་ཀྱི་ངོ་བོ་ནི། ཐོགས་པ་མེད་པར་ཤེས་བྱ་ལ་འཇུག་པའོ། །རྣམ་གྲངས་ནི་སྤྱིའི་མཚན་ཉིད་སྟོང་ཞིང་བདག་མེད་པར་ཤེས་པ་དང་། རང་གི་མཚན་ཉིད་དངོས་པོའི་རྒྱུ་རྐྱེན་མི་འགགས་པར་ཤེས་པ་དང་། དེ་གཉིས་ཟུང་འཇུག་ཏུ་ཤེས་པའོ། །མི་མཐུན་པའི་ཕྱོགས་ནི་ཤེས་རབ་འཆལ་བ་སྟེ། ཕྱོགས་སུ་འཛིན་པ་ལོག་རྟོག་གི་ཚོགས་སོ། །འགྲུབ་བྱེད་ཀྱི་ཡན་ལག་ནི་འཁོར་གསུམ་ཡོངས་སུ་དག་པ་སྟེ་ཤེས་རབ་རང་གི་ངོ་བོ་ཉིད་དེ། འོག་མ་རྣམས་ཀྱི་རྒྱལ་འདེབས་ནི་འདིའི་ལམ་ཙམ་ཡིན་ལ། འདི་ཉིད་ནི་དོན་གྱི་ངོ་བོའོ། །འབྲས་བུ་བདེན་པ་དབྱེར་མེད་ཀྱི་དོན་མངོན་དུ་གྱུར་ཏེ། ཤེས་རབ་ཀྱི་སྟོབས་མཐར་ཕྱིན་ཅིང་ཤེས་བྱའི་རྩལ་རྫོགས་པའི་ཕྱིར་མངོན་དུ་གྱུར་པས། ས་དེར་ནི་ཤེས་བྱའི་སྒྲིབ་པ་རགས་པ་གསུམ་གོང་དུ་བསྟན་པ་ལྟར་ཉིད་མི་གནས་པའོ། །ས་བདུན་པ་རིང་དུ་སོང་བ་ཡན་ཆད་དུ་འབྲས་བུའི་ཕ་རོལ་ཏུ་ཕྱིན་པ་བཞི་ཡིན་པས་དབྱེ་བ་མེད་དོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་གྱི་དོན་དུ་སྤང་བར་བྱ་བའི་ཉོན་མོངས་པ་ཉིད་ལ་སྤྱོད་ཀྱང་བག་ཚ་བ་མེད་ཅིང་བདག་གཞན་གྱི་དོན་དུ་གྱུར་པ་སྟེ། དེའི་ཕྱིར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་སུ་གྱུར་པའི་འབྲས་བུའོ། །ས་བརྒྱད་པ་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བརྟན་ཅིང་སྟོབས་སུ་གྱུར་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་དེ་མཉམ་པར་བཞག་པའི་ཆོས་སངས་རྒྱས་ཀྱི་རྫུ་འཕྲུལ་ལས་མ་གཏོགས་པ་ལྷ་དང་བཅས་པའི་འཇིག་རྟེན་རྣམས་དང་ཉན་ཐོས་རང་རྒྱལ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོ་འཕྲུལ་གྱིས་ཀྱང་གཡོ་བར་མི་ནུས་ཏེ། སྣང་བའི་ཏིང་ངེ་འཛིན་གང་ལ་མཉམ་པར་བཞག་ཀྱང་དེ་ལ་ཅི་བྱས་ཀྱང་གཡོ་མི་ནུས་སོ། །དེའི་ཕྱིར་མཐའ་དང་བྲལ་བའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པས་མི་གཡོ་བ་ཅེས་ཀྱང་བྱ། སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་ཀྱང་བྱ། ཞི་བའི་མཐར་མི་ལྡོག་པའི་ཕྱིར་མི་ལྡོག་པའི་ས་ཞེས་བྱ། འགྲོ་དོན་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཐུགས་རྗེས་བསྐུལ་བར་མདོ་སྡེ་ནས་བཤད་དོ། །ས་དགུ་པ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་ཡོངས་སུ་རྫོགས་ཏེ་སོ་སོ་ཡང་དག་པར་རིག་པ་བཞིས་བདག་གཞན་གྱི་དོན་ཐམས་ཅད་ལྷུན་གྱིས་གྲུབ་སྟེ། གཞན་དོན་གྱི་མཛད་པ་ལ་རྩོལ་བ་མི་དགོས་ལ། མཉམ་བཞག་གི་ཏིང་ངེ་འཛིན་ཡང་ཡུལ་བྲལ་གྱི་ཡེ་ཤེས་ཆེན་པོ་བརྙེས་པས་རྩོལ་བ་དང་བྲལ་ཏེ། སོ་སོ་ཡང་དག་པར་རིག་པ་བཞི་མངོན་དུ་གྱུར་པས་ལེགས་པའི་བློ་གྲོས་ཞེས་བྱ་སྟེ། བདག་གཞན་གྱི་དོན་ཐམས་ཅད་རྩོལ་བ་དང་བྲལ་བར་ཤར་བས་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །ས་བཅུ་པ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་སུ་གྱུར་ཏེ་ས་དང་ཕ་རོལ་ཏུ་ཕྱིན་པ་ཀུན་གྱི་སྟོབས་རྫོགས་པའི་ཕྱིར་རོ། བྱང་ཆུབ་སེམས་དཔའི་ཡོན་ཏན་ཕུན་སུམ་ཚོགས་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་ཀྱང་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་ན་ས་བཅུ་པ་ནི་དེ་བཞིན་གཤེགས་པའམ་དེ་བཞིན་ཉིད་དུའང་གསུངས་པའི་ཕྱིར། སངས་རྒྱས་ཀྱི་ས་ཉིད་དུའང་བརྗོད་དོ། །དེའི་དུས་སུ་མཐར་ཐུག་པ་མེད་པའི་སངས་རྒྱས་རྣམས་ཀྱིས་ཆོས་གསུངས་པ་རྣམས་ཀྱང་མ་གསན་པའང་མེད། ཆོག་ཤེས་པ་དང་དུབ་པའང་མི་མངའ་བ་དང་། སེམས་ཅན་མཐའ་ཡས་པའི་དོན་མཛད་ཀྱང་སྒྱིད་ལུག་པ་མི་མངའ་སྟེ། བཅུ་པའི་བྱང་ཆུབ་སེམས་དཔའ་ནི་ཟད་འཕེལ་མེད་པའི་ཆོས་ཀྱི་དབྱིངས་རྟོགས་པའི་སྟོབས་མངའ་བའི་ཕྱིར། ཚད་མེད་པའི་སྟོབས་དང་ལྡན་ནི། །དེའི་ཕྱིར་དཔེ་ལས་མཚན་དུ་གསོལ་བ་ཆོས་ཀྱི་སྤྲིན་ནོ། །ཇི་ལྟ་བ་དང་ཇི་སྙེད་པའི་མཁྱེན་པ་རྣམ་གཉིས་སྟོབས་ཚད་དུ་ཕྱིན་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཛད་པ་ཐམས་ཅད་ཀྱང་མི་ལྕོག་པ་མེད་དེ་ལྷུན་གྱིས་གྲུབ་པ་ཡིན་པས་བྱང་ཆུབ་ཆེན་པོ་ཞེས་ཀྱང་བྱའོ། །ས་བཅུ་རྒྱུན་གྱི་ཐ་མ་ཞེའམ། ཀུན་ཏུ་འོད་ཀྱི་ས་ཞེས་བྱ་བར་རིགས་ལྔའི་སངས་རྒྱས་ལོངས་སྐུ་ཆེན་པོ་དབང་བསྐུར་ཞེས་མདོ་སྡེ་ཟབ་མོ་རྣམས་ནས་འབྱུང་ངོ་། །དེས་ན་ཕ་རོལ་ཏུ་ཕྱིན་པ་སྤྱད་པའི་འབྲས་བུའང་རིམ་པ་བཞིན་དུ་ས་བཅུ་ཡིན་ལ། ས་བཅུ་སོ་སོའི་གནས་སྐབས་སུ་ཕ་རོལ་ཏུ་ཕྱིན་པ་དེའི་སྟོབས་སུ་གྱུར་པའོ། །དེས་ན་སྤྱོད་པའི་དངོས་པོར་ཁ་ཚོན་བཅད་པ་ནི་ལམ་མཐོ་དམན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་དངོས་པོ་གང་ལྟར་སྤྱད་ཀྱང་ཕ་རོལ་ཏུ་ཕྱིན་པ་བཅུ་འམ་དྲུག་པོ་དེ་ལས་མི་འདའ་བའི་ཕྱིར་རོ། །དེས་ན་སྨོན་པའི་སྐབས་སུ་གཏོང་མ་དེ་བུ་གང་ཙམ་ལའང་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བར་ལུང་མན་ངག་རྣམས་ལས་གསུགས་སོ། །ས་བཅུ་ཞེས་པས་སྒོམ་པའི་ཏིང་ངེ་འཛིན་ཡང་བསྟན་ཏེ། ས་དང་པོ་ལ་ཏིང་ངེ་འཛིན་རང་གི་ངོ་བོ་ཉིད་མངོན་དུ་གྱུར་ལ། དེ་མན་ཆད་ཀྱི་ཏིང་ངེ་འཛིན་ནི་ལྟ་བ་ལ་མོས་པའི་ཏིང་ངེ་འཛིན་ཏེ། ཆོས་ཉིད་རང་གི་ངོ་བོ་མངོན་དུ་མཐོང་བའི་ཏིང་ངེ་འཛིན་ནམ་མཁའི་དཀྱིལ་ལྟ་བུ་ལ་རབ་ཏུ་དགའ་བར་མིང་བཏགས་པ་དང་། ཤེས་བྱའི་སྒྲིབ་པ་རགས་པ་དག་པ་མགོ་ཟུག་པས་ན་ཏིང་ངེ་འཛིན་ལ་དྲི་མ་མེད་པ་དང་། གསུམ་པ་ལ་ཏིང་འཛིན་རང་གི་རྩལ་སྦྱོང་བས་འོད་བྱེད་པ་དང་། ས་བཞི་པ་ལ་ཏིང་ངེ་འཛིན་སྟོབས་རྫོགས་པ་སྟེ་འོད་འཕྲོ་བ་དང་། ལྔ་པ་ལ་བདེན་པ་དབྱེར་མེད་ལ་སློབ་པས་སྦྱོང་དཀའ་བ་དང། དྲུག་པ་བདེན་པ་དབྱེར་མེད་ཀྱི་དོན་མངོན་དུ་གྱུར་པ་དང་། བདུན་པ་དེ་ཉིད་ལའང་ཆེད་འཛིན་དང་བྲལ་བས་རིང་དུ་སོང་བ་དང་། བརྒྱད་པ་ཏིང་ངེ་འཛིན་དེ་ཉིད་ལ་མཉམ་བཞག་སྟོབས་སུ་གྱུར་པས་ནམ་མཁར་ལྟར་མི་གཡོ་བ་དང་། དགུ་ལ་སོ་སོ་ཡང་དག་པ་བཞིའི་སྒོ་ནས་ཞི་གནས་དང་ལྷག་མ ཐོང་དབྱེར་མེད་པ་མཐར་ཕྱིན་ཏེ་ཤེས་བྱའི་སྒྲིབ་པ་ཕྲ་མོ་སྤོང་བ་ལེགས་པའི་བློ་གྲོས་དང་། བཅུ་པ་ཕྲ་བའི་ཕྲ་བ་རིག་ཅིང་རྟོགས་དཀའ་བའི་དུས་སུ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་དགོངས་པ་དང་མཛད་པ་ཐམས་ཅད་ཕྱོགས་མེད་དུ་འཆར་ཏེ་ལྷུན་གྱིས་གྲུབ་པ་ནི། བཤད་པ་ལྟར་ཆོས་ཀྱི་སྤྲིན་ཞེས་བྱའོ། །དེས་ནི་ཏིང་ངེ་འཛིན་བསྟན་ནོ། །རིམ་གྱིས་བགྲོད་པས་ཞེས་པས་ཡུན་བསྟན་ཏེ། རྟེན་གྱི་གང་ཟག་སེམས་བསྐྱེད་པ་ནས་བཟུང་སྟེ། འདིར་ཚོགས་ལམ་བཞི་གསུམ་བཅུ་གཉིས་ཀྱང་རིམ་པ་བཞིན་དུ་འགྲོད་པས་མཐར་ཕྱིན་ཏེ་ལས་ཀྱི་སྒྲིབ་པ་དག །སྤྲུལ་སྐུའི་ཞལ་མཐོང་། སྦྱོར་ལམ་ངེས་འབྱེད་ཆ་བཞི་ཡང་རིམ་གྱིས་བགྲོད་དེ་མཐར་སྐད་ཅིག་མ་ལ་མཐོང་ལམ་མངོན་དུ་གྱུར། ཉོན་མོངས་པའི་སྒྲིབ་པ་དག །ལོངས་སྐུ་མཐོང་བའི་མགོ་ཟུག །དེ་མན་ཆད་དུ་བསྐལ་པ་གྲངས་མེད་གཅིག །དེ་ནས་གོང་ལྟར་གཉིས་པ་ན་ས་བཅུ་རིམ་གྱིས་བགྲོད་དེ། སྐས་ཀྱི་རིམ་པ་དང་འདྲ་བར་འོག་མ་ལ་མ་བརྟེན་པར་གོང་མ་མི་སྐྱེ་ལ། འོག་མ་ལ་མ་བརྟེན་པར་གོང་མ་ལ་མི་འཇུག་སྟེ་རིམ་པ་བཞིན་དུ་བགྲོད་པའི་མཐུས། དགུ་པ་མན་ཆད་ལ་ཤེས་བྱའི་སྒྲིབ་པ་རགས་པ་དག་པར་བྱེད་པས་ལམ་གྱི་ངོ་བོའང་ཏིང་ངེ་འཛིན་ཡིན་ལ་གཞན་ཐམས་ཅད་དེའི་གྲོགས་སུ་འགྱུར་ཏེ་དེས་ན་གྲངས་མེད་གཅིག །དེ་ནས་བཅུ་པ་ཆོས་ཀྱི་སྤྲིན་ཤེས་བྱའི་སྒྲིབ་པ་ཕྲ་བ་སྦྱང་བའི་ཕྱིར་བགྲོད་པའི་མཐའ་སྟེ་ཡུན་བསྐལ་པ་གྲངས་མེད་གསུམ་མོ། །ཡང་ན་མཐོང་ལམ་མན་ཆོད་དང་། བརྒྱད་པ་མ་ཆོད་དང་། བཅུ་པ་དང་གསུམ་མོ། །སྲུང་བའི་ཚུལ་ཁྲིམས་ནི། སྡོམ་པ་དང་། སེམས་ཅན་དོན་བྱེད་དང་། དགེ་བ་ཆོས་སྡུད་པ་གསུམ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་ལ་སོགས་པ་རྣམས་སུ་རྒྱས་པར་རོ། །འབྲས་བུ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་གྲུབ་པར་འདོད་པ་ཡིན་ནོ། །ཞེས་ཏེ་བླ་ན་མེད་པ་ནི། ས་བཅུ་མཐར་ཕྱིན། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་གྱི་སྟོབས་རྫོགས། དེའི་ཚེ་ཆོས་ཐམས་ཅད་གཉིས་སུ་མེད་པའི་རང་བཞིན་ནམ་མཁའ་ལྟར་འགྱུར་བ་མེད་ཅིང་ཕྱི་ནང་གི་དངོས་པོ་དང་མི་མཐུན་པ་དང་། གཉེན་པོའི་ཆོས་ཐམས་ཅད་ཀྱང་དེས་བཅོམ་ཞིང་ཡུལ་ཡུལ་ཅན་དབྱེར་མེད། ཤེས་བྱ་ཤེས་བྱེད་དབྱེར་མེད་པས་མཚན་མ་མི་གནས་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །འཛིན་པའི་ཆ་ཕྲ་བའི་ཕྲ་བའང་མི་གནས་པས་ཀུན་ཏུ་འོད་ཅེས་བྱའོ། །ཐོབ་བྱའི་འབྲས་བུ་ལྷུན་གྱིས་གྲུབ་སྟེ། དབྱིངས་དང་ཡེ་ཤེས་དབྱེར་མེད་པས་ཆོས་ཀྱི་སྐུ་ཞེས་བྱའོ། །དེས་ན་མཐར་ཕྱིན་པའོ། །བྱང་ཆུབ་ཅེས་པ་སྤངས་དང་རྟོགས་པ་གཉིས་ཏེ། སྤངས་པ་མཐར་ཕྱིན་པས་ཤེས་བྱའི་སྒྲིབ་པ་ཕྲ་བའི་ཕྲ་བའང་མི་གནས་པས་བྱང་། རྟོགས་པ་མཐར་ཕྱིན་ཏེ་གཉེན་པོ་ཆེ་བའི་ཆེ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་གྱུར་པས་ཆུབ། གྲུབ་པར་ཞེས་པ་ངོ་བོ་ལ་གྲུབ་བྱ་གྲུབ་བྱེད་མེད་ཀྱང་ལམ་པའི་བློ་ངོའི་སྣང་བའོ། །འདོད་པ་ཡིན་ནོ་ཞེས་པ། སྤྱིར་གདུལ་བྱ་དབང་པོ་མཐོ་དམན་གྱི་བྱེ་བྲག་གིས་ལམ་ཉེ་རིང་གྲངས་མང་བས། འདིར་ཐེག་པ་ཆེན་པོ་བློ་དམན་ལ་ལམ་རིང་བའི་འདོད་པས་ཡུན་དང་ལྟ་བ་དང་སྤྱོད་པ་དང་རིམ་གྱིས་འཇུག་པ་རྣམས་དང་། འབྲས་བུ་ཡང་ལྷུན་གྲུབ་མ་བརྗོད་པས། སྤྲོས་བྲལ་འབའ་ཞིག་ཏུ་སྟོན་པ་རྣམས་ལམ་པའི་བློའི་འདོད་པ་ཡིན་ཞེས་བྱའོ། །འོ་ན་འདིར། མཚན་ཉིད་ཀྱི་གཞུང་སྟོན་པའི་སྐབས་སུ་དེ་ཉིད་ཀྱི་རང་གཞུང་མི་སྨྲ་ནས། ནང་པའི་ཚིག་འདོད་པ་བརྗོད་པ་ཅི་ཞེ་ན། དེ་ནི་བདེན་ཏེ་ལམ་མཚན་ཉིད་རང་གཞུང་སྨོས་པ་ཡིན་ཀྱང་། ཁུང་སྤྱི་ལུང་གསང་སྔགས་ཡིན་པའི་དབང་གིས་མ་དྲངས་པའི་ཚིག་གིས་དེ་བས་ལྷག་པ་ཡོད་ཀྱང་ཁོས་དེ་ལྟར་འདོད་པ་ཡིན་ནོ་ཞེས་པ་ལྟ་བུའོ། །དེས་ན་འདིའི་དཀྱུས་སུ་ཉན་ཐོས་དང་རང་རྒྱལ་གཉིས་ལ་གྲུབ་པ་ཡིན་ནོ་ཞེས་བསྟན་པ་ནི། རང་གཞུང་དེ་ཉིད་ལས་གཞན་གང་ནའང་མི་མངའ་བའི་ཕྱིར་རོ། །འདིར་ཐེག་པ་ཆེན་པོ་ཐམས་ཅད་འབྲས་བུ་སངས་རྒྱས་སུ་མཐུན་ལ། སངས་རྒྱས་ཀྱི་ངོ་བོ་ནི་ལྷུན་གྲུབ་ཀྱི་ཡེ་ཤེས་ཡིན་པ་ལ་ལམ་པའི་བློའི་འདོད་ཚོད་ཡིན། ཞེས་བྱའོ། །དེ་ལ་ནི་ཡང་དག་ཉིད་མ་རྟོགས་ཞེས་པས། ཡང་དག་པ་ནི་རང་རིག་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་ཀྱི་ངོ་བོ་གསང་སྔགས་ཀྱི་བདག་ཉིད་སྒྲོ་སྐུར་དང་བྲལ་བ་སྟེ། དེ་ལ་བདེན་པ་ཡན་བཀར་དུ་དམིགས་ཤིང་ཡུལ་དུ་ཚོལ་ཏེ་རང་རིག་གི་དོན་མ་མྱོང་བའོ། །གསང་སྔགས་ལ་མདོར་བསྟན་པ་ནི། །རྡོ་རྗེའི་ཐེག་པ་ཞེས་པ་ལ་སོགས་ཏེ། རྡོ་རྗེའི་ཐེག་པའི་འབྲས་བུ་བཤད་པ་བཞིན་ནོ། །གཞི་དེ་ཉིད་བསྟན་པ་ལ་ཡང་། གྲངས་ཀྱི་དབྱེ་བ་ནི་རྣམ་པ་གསུམ་སྟེ། བྱ་བ་རྒྱུད་ཀྱི་ཐེག་པ་ཞེས་པ་ལ་སོགས་ཏེ། ཀྲི་ཡ་ལུས་ངག་གཙོར་སྟོན་ཅིང་ལས་དང་བྱ་བ་དང་གཟའ་དང་དུས་ཚིགས་གཙོ་བའོ། །རྒྱུད་ནི་རྒྱུའི་ཐེག་པ་དང་མི་འདྲ་སྟེ། གཞི་ལམ་འབྲས་བུ་འབྲེལ་པས་ན་རྒྱུད་སྟེ། གཞི་སེམས་ཀྱི་མཚན་ཉིད་དག་པ་མཐའ་བཞི་དང་བྲལ་བ་དེ། ལམ་ཀྲི་ཡའི་གཞུང་གིས་ཕུན་སུམ་ཚོགས་པ་ཉམས་སུ་བླངས་ཀྱང་། གཞི་དེ་ཉིད་ལས་མ་གཡོས་ཤིང་། ལམ་དུ་རིགས་གསུམ་ལ་གཙོར་འཛིན་པ་ཉིད། འབྲས་བུ་རིགས་གསུམ་རྡོ་རྗེ་འཆང་གིས་མངོན་དུ་གྱུར་ཡང་། གཞིའི་དོན་དེ་ཉིད་ལྷུན་གྱིས་གྲུབ་པས་ན་རྒྱུད་ཀྱི་ངེས་པའོ། །དེས་འབྲས་བུ་ལ་སྐྱོལ་བར་བྱེད་པའི་བསྟན་པ་ལ་ནི། ཐེག་པ་ཞེས་སྨོས་སོ། །གཉིས་ནི། ཨུ་པ་ཡ་སྟེ་ལྟ་སྒོམ་ཡོ་གའི་རྗེས་སུ་འཇུག་པ་སྤྱོད་པ་ཀྲི་ཡའི་རྗེས་སུ་འཇུག་པ་ཉིད་རྒྱུད་དང་ཐེག་པ་བཤད་པ་བཞིན་ནོ། །རྣལ་འབྱོར་ནི་ཡོ་ག་སྟེ་ལྟ་བ་ཕྱི་གཟུང་བའི་ཡུལ་མ་སྐྱེས་པའི་དོན་དམ་པའི་རྣལ་མ་ལ། ནང་འཛིན་པའི་སེམས་བདག་མེད་པའི་རིག་པའི་བློ་འབྱོར་ཏེ་ཡུལ་སེམས་སྟོང་པ་ཁ་སྤྲོད་ཀྱི་རྣལ་འབྱོར་དང་། ཏིང་ངེ་འཛིན་སེམས་དག་པ་མཐའ་བྲལ་གྱི་ངང་ལ་བྱང་ཆུབ་པ་ལྔའི་སྒོ་ནས་ལྷའི་སྐུ་བསྒོམ་པའི་རྣལ་འབྱོར་གཙོ་ཆེ་ལས། སྤྱོད་པ་ཞར་ལ་སྨོས་པའོ། རྒྱས་པ་ལ་གསུམ་གྱི་ཀྲི་ཡའི་འཇུག་སྒོ་དང་གང་ཟག་ཐུན་མོང་དུ་བསྟན་པ་ནི། །དེ་ལ་ཞེས་པ་གསང་སྔགས་ལ་གསུམ་དུ་དབྱེས་པའི་གཞི་དེ་ལས། ཀྲི་ཡ་བཀར་ནས་སྟོན་པའི་འཇུག་པའི་སྒོ་ནི། བྱ་བ་རྒྱུད་ཀྱི་ཐེག་པ་ཞེས་པ་ཀྲི་ཡ་སྟེ་འབྲས་བུ་གོང་བཞིན་ནོ། །ཡུལ་དེ་ལ་ཞུགས་པ་རྣམས་ཀྱི་ཞེས་པ། རྟེན་གྱི་གང་ཟག་བསྟན་ཏེ་དབང་པོ་རབ་འབྲིང་དགུའི་འབྲིང་གི་ཐ་མ་བརྩོན་པ་ཆེ་ཞིང་ཁྲུས་དང་གཙང་སྦྲ་དག་སྦྱོད་ལ་དགའ་བ་བྲམ་ཟེ་ལྟ་བུའོ། །རྣམས་ནི་ས་སྔ་ཕྱི་ཀུན་བསྡུས་པའོ། །ལྟ་བ་ནི་ཞེས་པ་ལ་སོགས་པ་རྟོགས་པའི་ལྟ་བ་བསྟན་ཏེ། འདིར་འོག་མ་ལྟར་ལྟ་བའི་ངོ་བོ་ཡང་རྡུལ་ཕྲ་རབ་དང་སྐད་ཅིག་མས་གཞིག་ནས་མ་གྲུབ་པའི་དོན་དམ་པར་མི་བྱེད་དེ། འདིར་སེམས་ཀྱི་རང་བཞིན་རྣམ་པར་དག་པ་ཡོད་མེད་རྟགས་ཆད་ཀྱི་མཐའ་བཞི་མ་སྤངས་ངང་གིས་བྲལ་བ་ཉིད་ནི་དངོས་གཞི་ཐམས་ཅད་དང་བྲལ་ཞིང་དུས་གསུམ་དུ་མི་འགྱུར་ཏེ། དོན་གྱི་ངོ་བོའོ། །སྐྱེ་འགག་མེད་པ་ལ་ཞེས་པ། དེ་ལྟ་བུའི་ངང་ལས་ཆུ་ཐམས་ཅད་གཤེར་བ་དང་མཚུངས་པ་བཞིན། ཡུལ་སེམས་དང་ཕྱི་ནང་གི་ཆོས་ཐམས་ཅད་རྒྱུ་རྐྱེན་ངང་གིས་མ་དམིགས་པས། སྐྱེ་བ་མ་དམིགས་ལ་རྒྱུ་རྐྱེན་དང་བྲལ་བའི་དོན་གྱིས་འགགས་པ་དང་བྲལ་བས་དངོས་པོ་མེད་པས་སྐྱེ་འགགས་མེད་པའི་ངང་ལས་ཅེས་པ་དོན་དམ་པའི་བདེན་པའོ། །འོ་ན་ཀུན་རྫོབ་ཙམ་དུ་ཅི་ལྟར་ཡིན་ཅེ་ན། ཀུན་རྫོབ་ཙམ་དུ་ནི་བལྟས་ནས་དོར་བྱ་མིན་ཏེ། རྒྱུ་རྐྱེན་གྱིས་བསྐྱེད་པ་ལྟར་སྣང་བའི་ཀུན་རྫོབ་འདི་ཉིད་ལྷའི་གཟུགས་ཞེས་པས། སྐུ་གསུམ་ཐུགས་གསུམ་གྱི་འབྲས་བུ་བསྒྲུབ་པའི་རྒྱུའི་ངོ་བོ་ལྟར་བུར་གནས་ཏེ། དཔེར་ན་མཁར་ཁུ་སྐུ་མ་ཡིན་ཀྱང་མཁར་ཁུ་མིན་པའི་གཞན་ལས་སྐུ་མ་གྲུབ་པ་བཞིན། མཐོང་ཙམ་སྐུ་མ་ཡིན་ཀྱང་ལྟ་སྤྱོད་སྒོམ་གསུམ་གྱི་ངོས་ནས་སེམས་དག་པར་བྱས་ནས། མཁར་ཁུ་ལས་སྐུར་སྣང་བ་བཞིན་འཁྲུལ་པ་དག་པ་ཉིད་འབྲས་བུའི་ངོ་བོ་འདོད་དེ། དེས་ནང་རྒྱུད་ནས་ལྷར་ལྟ་བུའོ། །ཏིང་ངེ་འཛིན་ཡང་། ལྷའི་གཟུགས་ཀྱི་སྐུར་བསྒོམ་ཞིང་ཞེས་པ། དབེན་ལ་གཙང་བའི་གནས་སུ་སྔོན་འགྲོའི་ཆོ་ག་མཐོ་དམན་ལ་ཚོགས་བསགས་པ་རྣམ་པ་གཉིས་སྔོན་དུ་སོང་ནས་ལྷ་དྲུག་གི་ཚུལ་གྱིས་དམ་ཚིག་སེམས་དཔའི་སྐུར་བསྒོམས་ཏེ། དང་པོ་སྭཱ་བྷ་བའི་སྔགས་ཀྱིས་སྟོང་པར་བྱས་ཏེ། སྟོང་པ་ཆོས་ཉིད་ཀྱི་ལྷ་དོན་དམ་པ་སྐྱེ་འགག་མེད་པའི་ཏིང་ངེ་འཛིན་ཡིན་ལ། ཀུན་རྫོབ་དུ་སྟོང་པའི་ངང་ལས་ས་བོན་གང་ཡིན་པའི་སྒྲ་གྲགས་པ་སྒྲ་བརྙན་གྱི་ལྷ་དང་། ཡིག་འབྲུ་དངོས་སུ་བྱུང་བ་གསུམ་ཡིག་འབྲུའི་ལྷ་དང་། དེའི་ཞབས་སུ་གདན་ཉི་ཟླ་བྱུང་བ་གདན་གྱི་ལྷ་དང་། དེའི་སྟེང་དུ་ས་བོན་ལས་ཐུགས་ཕྱག་མཚན་དུ་བྱུང་བ་ཐུགས་ཕྱག་རྒྱའི་ལྷ་དང་། དེ་ལས་རིགས་གསུམ་གང་མོས་ཀྱི་སྐུར་སྣང་བ་སྐུ་ཕྱག་རྒྱའི་ལྷ་དང་། དེའི་སྐུ་གསུང་ཐུགས་རླབས་པ་ནི། དཔེར་ན་འབངས་གཅིག་གིས་རྗེ་རྒྱལ་པོ་གཅིག་གདན་དྲངས་ནས་བསྙེན་བཀུར་གྱི་ཆེད་དུ་གནས་ཁང་ཕྱག་དར་བྱས་པ་དང་། ཉིད་ཀྱང་རྒྱན་གྱིས་ལེགས་པར་བརྒྱད་ཏེ། རྒྱལ་པོ་མཉེས་པར་བྱ་བའི་ཕྱིར་དང་འདྲ་བར་ཡེ་ཤེས་པ་སྤྱན་དྲངས་པ་ལ་དམ་ཚིག་སེམས་དཔས་དངོས་གྲུབ་རེ་བའི་ཕྱིར་བསྙེན་བཀུར་བའི་ཚུལ་ནི། དེ་ནས་ཡེ་ཤེས་པ་སྤྱན་དྲངས་པ་ཡང་། གནས་འོག་མིན་ནས་དྲངས་དེ་མདུན་གྱི་ནམ་མཁའ་ལ་ཡེ་ཤེས་པའི་གདན་ཁྲིའི་ཞབས་དང་། དམ་ཚིག་སེམས་དཔའི་སྤྱི་བོའི་ཐད་སོགས་བསམ་ནས་བར་ཡང་ཁྲི་གང་གི་ཐ་སོའོ། །དམ་ཚིག་དང་ལྡན་པའི་རྟགས་སུ་རང་གིས་ལྷའི་ལུས་འཛིན་ནས་ཕྱག་དང་། བཤད་པ་དང་། པུ་ཙ་ལ་སོགས་པའི་ཚོགས་བསགས་པ་རྣམས་ཚར་ནས། བཟླས་བ་བྱ་བ་ནི། དམིགས་པ་གསུམ་ཡན་ལག་བཞིའི་ཚུལ་དུ་འོ། །ཞེས་གསུངས་པས་དམིགས་པ་གསུམ་ནི་ལྷ་ཡེ་ཤེས་སེམས་དཔའི་སྤྱི་བོའི་ཐད་ཀར་བཞུགས་པར་དམིགས་པ་དང་། དེའི་ཐུགས་ཀར་བྱང་ཆུབ་ཏུ་སེམས་བསྐྱེད་པ་མཐར་ཕྱིན་པའི་གཟུགས་བརྙན་ཟླ་བའི་དཀྱིལ་འཁོར་གསུང་ཡིག་འབྲུ་དང་བཅས་པར་དམིགས་པ་དང་། བདག་དམ་ཚིག་སེམས་དཔའི་མུ་དྲར་གསལ་བར་དམིགས་པ་དང་གསུམ་མོ། །ཡན་ལག་ནི་བཟླས་པ་ལ་བྱ་སྟེ། གཏན་ཚིགས་ནི་ལུས་ཀྱི་ཡན་ལག་གིས་ལས་ཐམས་ཅད་སྒྲུབ་པ་དང་འདྲ་བར། སྔགས་ཀྱི་བཟླས་བརྗོད་ཀྱིས་ལས་ཐམས་ཅད་འགྲུབ་ཅིང་དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་དོ། །དེ་ལྟར་བདག་དང་ཡེ་ཤེས་སེམས་དཔའ་རྗེ་བྲན་གྱི་ཚུལ་དུ་གསལ་ནས་བཟླས་པ་བྱེད་པའི་ཚེ་ཡང་དབུགས་དང་སྤྲད་དོ། །དབུགས་ཕྱིན་འགྲོ་བའི་དུས་ལྷ་ལ་དམིགས་པ། ནང་དུ་འདྲེན་པའི་སུ་བདག་གི་ཐུགས་ཀར་དམིགས་སོ། །དེ་ནི་ཏིང་ངེ་འཛིན་མི་གཡོ་ཞིང་བརྟན་པའི་ཕྱིར་རོ། །བཟླས་པའི་འོད་ཟེར་ཡང་འགལ་མེའི་འཁོར་ལོའི་ཚུལ་དུ་སྟེ། བདག་གི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའི་ཐུས་ཀར་ཐིམ་ནས་ཐུགས་དམ་བསྐུལ། ཡང་བདག་གི་ཐུགས་ཀར་ཐིམ་པས་དངོས་གྲུབ་སྩོལ་བར་བསམ་པའི་ཀ་ར་ར་བྱ་བའོ། །དེ་ནས་ཚར་ནས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། དམ་ཚིག་སེམས་དཔའི་སྤྱོད་ལམ་གྱིས་གནས་སོ། །སྤྲུལ་པའི་ཁྱད་པར་ནི། སྐུའི་གཟུགས་བརྙན་དང་ཞེས་པ་ལ་སོགས་ཏེ། འདིར་བྱ་བ་རྒྱུད་ཀྱི་གཏན་ཚིགས་ཀྱིས་ལས་བྱ་བ་དང་རྟེན་འབྲེལ་ཐམས་ཅད་འཚོགས་པ་ལས་འབྲས་བུ་ཚེགས་མེད་པ་ནི། དཔེར་ན་འཇིག་རྟེན་གྱི་ཞིང་བཟང་བ་དང་། རྒྱུ་ས་བོན་སྐྱོན་མེད་པ་དང་། རྐྱེན་ཆུ་ལུད་འཛོམ་པ་དང་། སོ་ནམ་ལེགས་པར་བྱས་ནས་བར་ཅད་མེད་པའི་སྟོན་ཐོག་བཞིན་ནོ། །དེས་ན་རིགས་གསུམ་གྱི་ལྷ་གང་ལ་དད་པའི་གཟུགས་བརྙན་ནི། ལུགས་སུ་བླུགས་པ་དང་། འབུར་དུ་བཏོད་པ་དང་། རིས་སུ་བྲི་པའི་བྱེ་བྲག་རྣམས་ཀྱང་སྲོག་ཆགས་ལས་མ་བྱུང་བ་དང་མ་འབགས་པ་སྟེ། དུང་དང་བ་སོ་དང་ཚོན་རྩིའི་སྦྱིན་པ་ལ་སོགས་པ་སྤང་བར་བྱའོ། །ལུང་ལས་ཀྱང་། དར་གྱི་དོག་པ་འཇུར་མདུད་མེད་པ་ཡི། །ཐ་ག་མས་བཏགས་འཇམ་ལ་སྙོམས་པ་དང་། ཁ་ཚར་མ་ཉམས་རས་ལ་བྲི་བར་བྱ། ཞེས་འབྱུང་ངོ་། །ཐུགས་མཚན་དང་ཞེས་པ། རིགས་གསུམ་གྱི་ཐུགས་ཀྱི་གཟུགས་བརྙན་ཏེ། འཆང་བ་དམ་ཚིག་གི་ཕྱག་རྒྱ་དང་། འཛིན་པ་དམ་ཚིག་གི་ཕྱག་རྒྱ་དང་། བསམ་པ་དམ་ཚིག་གི་ཕྱག་རྒྱ་དང་གསུམ། དེ་ལ་འཆང་བ་ནི་རྣལ་འབྱོར་པའི་རྡོ་རྗེ་དྲིལ་བུའོ། །འཛིན་པ་ནི་ཡེ་ཤེས་སེམས་དཔའི་ཐུགས་མཚན་པདྨ་རྡོ་རྗེ་རལ་གྲི་ལ་སོགས་པའོ། །བསམ་པ་དམ་ཚིག་གི་ཕྱག་རྒྱ་ནི། དམ་ཚིག་ཡེ་ཤེས་ཀྱི་ཐུགས་ཀར་ཏིང་ངེ་འཛིན་གྱིས་ཐུགས་མཚན་བསྒོམ་པ་ལ་བྱའོ། །བཟླས་བརྗོད་ཅེས་པ་གོང་མ་གཉིས་སྐུ་དང་ཐུགས་ཀྱི་གཟུགས་བརྙན་ཏེ། འདི་གསུང་གི་གཟུག་བརྙན་ལ་དམ་ཚིག་ཀྱང་ཡིན་ཏེ། དེ་ཡང་ངེས་པ་དང་། བར་མ་ཆད་པ་དང་། ཚང་བ་དང་གསུམ་མོ། །ངེས་པ་ནི། དང་པོ་བཟླས་པའི་གོང་དུ་དམ་དུ་བཅས་པ་དེ་ཉིད་ལས་མི་འདའ་བའོ། །བར་མ་ཆད་པ་ནི། བཟླས་བརྗོད་བྱེད་པའི་ཚེ་གླང་དང་སྤྲིད་པ་དང་གློ་ལུ་བ་དང་། མཆིལ་སྣབས་དོར་བ་ལ་སོགས་པའང་སྤངས་ན་མི་ཚིག་གིས་བར་མ་ཆོད་པ་ལྟ་ཅི་སྨོས་ཏེ། དཔེར་བརྒྱ་རྩ་བརྒྱད་དམ་བཅས་ནས་བརྒྱ་རྩ་བདུན་ནས་མི་ཚིག་གིས་ཆོད་ན་གཞི་ནས་བཟླ་དགོས། ཚང་བ་ནི། སྔགས་ཀྱི་གྲངས་དམ་དུ་བཅས་པ་དེ་ཉིད་མཐར་ཕྱིན་ཏེ་འབྱོངས་པའོ། །བཟླས་བརྗོད་བྱེད་པའི་ཚུལ་ནི། ལུས་ལས། བཟླས་བརྗོད་བྱེད་ཚེ་མི་དལ་མི་མྱུར་ཞིང་། མི་ཚིག་མ་འདྲེས་གཞན་དུ་མ་ཡེངས་སེམས། །ཧ་ཅང་སྒྲ་ཆེར་མ་ཡིན་ཤུབ་བུར་མིན། །གུག་སྐྱེད་ཀླད་ཀོར་ཚག་ཤད་ཟུར་ཕྱིན་ཅིང་། །གསང་སྔགས་དག་ཅིང་ཆོ་ག་ཡོངས་སུ་རྫོགས། ཞེས་སོ། །གཙང་སྤྲ་དང་ཞེས་པས་སྤྱོད་པའི་ཁྱད་པར་སྟེ། །སྤྱོད་པ་རྣམས་ཀྱི་གཙོ་བོ་ཉེ་རེག་དང་འཐོར་འཐུང་སྟེ། ཆུ་ཕུད་མ་ཉམས་པའི་ནང་དུ་དྲི་བཟང་སྦྱར་བ་མདུན་དུ་བཞག་ལ་ལག་པ་གཡོན་པའི་སྲིན་ཐེབ་སྤྲད་རྡོ་རྗེ་ཚང་བར་བཅུག་སྟེ། སྲིན་ཐེབ་ལ་ཉི་ཟླའི་དལ་བསམ་ལ་དེའི་བར་དུ་ཡི་གེ་ཨ་དཀར་པོ་གཅིག་བསམ་པའི་འཕྲོ་འདུ་ལས་དྲི་ཆབ་དེ་ཉིད་ཨའི་རང་བཞིན་དུ་གྱུར་པར་བསམ་མོ། །དེ་ནས་དྲི་ཆབ་ལག་མཐིལ་གཡས་གཡོན་དུ་ཐེག་ལེ་ཟླུམ་པོར་བྱུང་སྟེ་ཟླ་དལ་དུ་བསམ་ལ་ལག་མཐིལ་ཁ་སྤྲོད་པའི་བར་དུ་ཨ་དཀར་པོ་ཡུངས་འབྲུ་ཙམ་ཤ་དག་གིས་གང་བར་བསྒོམ། དེ་བདག་གི་མགོ་ལ་བྱུགས་པས་ལུས་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ། ལྕེ་ལ་བཞག་པས་ཀྱང་དེ་བཞིན་དུ་བརླབ། ཐུགས་ཀར་བྱུགས་པས་ཀྱང་དེ་བཞིན་བརླབ། །དེ་ནས་རྣལ་འབྱོར་བ་རྣམས་ལ་རེག་པས་ཀྱང་གོང་མ་བཞིན་བྱིན་གྱིས་བརླབ་པོ། །དེ་ནས་ཕྱོགས་བཅུར་གཏོང་བས་སྟོང་གསུམ་ཐམས་ཅད་གོང་མ་བཞིན་དུ་བརླབ་བོ། །དེ་ནས་ལྷག་མ་བདག་ཉིད་ཀྱི་ཀྱང་བཏུང་། རྣལ་འབྱོར་པ་གཞན་མ་རྣམས་ཀྱིས་ཀྱང་ལུས་བཀྲུ་བ་ལ་སོགས་པ་བྱའོ། །གཞན་ཡང་ཕྱིའི་ཁྲུས་དང་། ནང་གི་ཁྲུས་དང་། དེ་ཁོ་ན་ཉིད་དང་། སྦགས་པ་དང་། འབགས་པ་དང་། ཕུད་ཉམས་པ་དང་། རོ་བག་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་མ་གོས་པ་སྟེ། སྨན་ལྔ་ལ་སོགས་པ་གཙང་བ་བླངས་ཏེ་མདོར་ན་དག་སྤྱོད་ཐམས་ཅད་དོ། །དུས་ཚིགས་དང་ཞེས་པ། དུས་བཟང་པོ་ལ་འཇུག་པ་སྟེ། དེ་ཡང་བྱ་བའི་དུས་དང་བའི་དུས་གཉིས། བྱ་བའི་དུས་ནི་ཉིན་གཅིག་བཞིན་དུ་བྱ་བ་དང་། དེ་མ་ནུས་ན་ཟླ་བ་གཅིག་ལ་དུས་བཟང་དྲུག་ལ་བྱ་བ་དང་། དེ་མ་ནུས་ན་ཟླ་རེ་ལ་ལན་རེ་བྱ་བ་དང་། ཡང་ཚེས་བརྒྱད་དང་བཅུ་བཞི་དང་། བཅོ་ལྔ་རྣམས་སོ། །འཇུག་པའི་དུས་ཀྱང་བཟང་བའི་དུས་གཅིག་ལ་འཇུག་པའོ། །གཟའ་དང་རྒྱུ་སྐར་ལ་སོགས་པ་ཞེས་པས། གཟའ་ཕུར་བུ་དང་། པ་སངས་ལྟ་བུའོ། །རྒྱུ་སྐར་ནི་མགོ་དང་རྒྱལ་བ་ལྟ་བུའོ། །སོགས་ཁོངས་སུ་རྩིས་ཀྱི་ལ་ཉི་བཟང་ངན་ཐམས་ཅད་བསྡུའོ། །གྲུབ་པའི་ཚུལ་ནི་གཙོར་ཡོ་བྱད་དང་ཞེས་པ་ལ་སོགས་པ་སྟེ་གོང་དུ་སྨོས་པའི་ཡོ་བྱད་རྣམས་ཐམས་ཅད་ཚོགས་པ་ལས་དངོས་གྲུབ་སྣང་སྟེ་དཔེར་ན་རྩ་དང་དུར་མོ་དང་རྡོ་དང་སྐྱེས་བུའི་རྩོལ་བ་རྣམས་བསྡོངས་པ་ལས་མེ་སྣང་བ་དང་འདྲ་བར་གཙོར་ཡོ་བྱད་ནི། གོང་དུ་སྨོས་པ་རྣམས་ཀྱང་ཡིན་ལ་ཁྱད་པར་དུ་དཀར་གསུམ་མངར་གསུམ་ལ་སོགས་ཏེ་ཆ་རྐྱེན་ཉེར་ལྔའོ། །རྒྱུ་རྐྱེན་ཞེས་པས་། རྒྱུ་ནི་ལྟ་བ། རྐྱེན་ནི་ཏིང་ངེ་འཛིན་ནམ། ཡང་ན་རྒྱུ་ཏིང་ངེ་འཛིན་རྐྱེན་ཡོ་བྱད་སྟེ། དཔེར་ན་ས་འོག་ན་གསེར་ཡོད་ཀྱང་རྐྱེན་རྐོ་བའི་མཐུན་རྐྱེན་མ་ཚོགས་ན་མི་སྣང་ལ་ཚོགས་ན་སྣང་བ་དང་འདྲ་བར། རྒྱུ་ཏིང་ངེ་འཛིན་གསེར་དང་འདྲ་བ་དེ། རྐྱེན་ཡོ་བྱད་ལ་སོགས་པ་གོང་མ་རྣམས་འཚོགས་པ་ལས་སྣང་བའི་སྟོབས་ཀྱིས་དངོས་གྲུབ་རབ་འབྲིང་རྣམས་སྣང་བས་ན་རྒྱུ་རྐྱེན་འཚོགས་པའོ། །མཐུ་ནི་རྒྱུ་རྐྱེན་རྣམས་འཚོགས་ན་མི་འདོད་ཀྱང་སྣང་སྟེ། རང་དབང་མེད་པར་འཆར་བ་ནི། དཔེར་ན་ཕོ་མོའི་རྐྱེན་དང་རྣམ་པར་ཤེས་པ་འཛོམ་པས་དབང་མེད་དུ་ལུས་སུ་སྣང་བ་ལྟ་བུའོ། །ཚུལ་ཁྲིམས་འོག་མ་ཀུན་གྱི་སྟེང་དུ་སྡོམ་པ་གསུམ་ལྡན་གྱི་ངོ་བོ་ཡིན་ཏེ། བྱང་ཆུབ་སེམས་དཔའ་བཞིན་རྐང་ལག་སྦྱིན་པ་ལ་སོགས་པ་མི་དགོས་ཏེ། དང་པོ་སྐུ་གསུང་ཐུགས་ཀྱི་དབང་བླངས་པས་དེའི་དམ་ཚིག་ནི་དག་པ་གསུམ་བསྲུངས་སྟེ། ལུས་ཀྱི་མི་དགེ་བ་གསུམ་སྤོང་། གོས་དག་པ་གོན། དམན་པ་གསུམ་སྤོང་། དག་པའི་ལྷར་མོས། ངག་གི་མི་དགེ་བ་བཞི་སྤོང་། སྔགས་དང་བསྟོད་པ་བརྗོད། མི་ཚིག་དང་མེ་ཆུས་བཟླས་པའི་བར་མི་བཅད། ཏིང་ངེ་འཛིན། བདག་དང་ཡེ་ཤེས་ལ་བྱིང་རྨུགས་ངང་རྒོད་འཐོར་སྤོང་བའོ། །བཞན་ཡང་ཀྲི་ཡའི་དམ་ཚིག་བདུན་བསྲུང་སྟེ། དཀོན་མཆོག་གསུམ་མི་སྤོང་པ་དང་། བྱང་ཆུབ་སེམས་མི་སྤོང་བ་དང་། རྡོ་རྗེ་སློབ་དཔོན་གཙུག་གི་ནོར་བུ་བཞིན་དུ་བཀུར་བ་དང་། ལྟ་སྤྱོད་མཐུན་པའི་གྲོགས་ལ་གདུང་སེམས་རྒྱུན་མི་བཅད་པ་དང་། ཡི་དམ་ལྷ་རྒྱུན་དུ་བསྒོམ་ཞིང་བཟླས་བརྗོད་དག་པར་བྱ་བ་དང་། ཤ་ཆང་དང་སྒོག་ཙོང་ལ་སོགས་པ་དྲི་ང་བའི་ཁ་ཟས་མི་ཟ་བ་དང་། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་གཟུགས་བརྙན་དང་། ལྷ་ལ་ཕུལ་བའི་རྙིང་པ་དང་། ལྷའི་གྲིབ་མ་མི་འགོམ་པ་དང་། ཉེ་རེག་དང་འཐོར་འཐུང་བྱ་བ་བདུན་ནོ། །གྲུབ་པའོ་ཞེས་པས། ཡུལ་དང་འབྲས་བུ་གཉིས་ཀ་སྟོན་ཏེ། དེའང་ཡུན་ནམ་གྲུབ་ཅེ་ན། ལུང་ལས། དག་སྤྱོད་གཙང་སྤྲ་ཅན་འདི་མི་ཚེ་བདུན། ཞེས་པས། འདི་སྒྲུབ་པའི་གང་ཟག་དེ་ཐང་ལྷོད་མ་ཤོར་ན་མི་ཚེ་བདུན་རིམ་པ་བཞིན་དུ་བརྗེས་པའང་གོམས་པ་སྟོབས་སུ་གྱུར་པས་བདེན་པ་མཐོང་བའི་ལམ་ཐད་སོར་ཕྱིན་པའི་ཚེ། ལྷག་བཅས་ཀྱི་ཀྲི་ཡའི་རིག་འཛིན་ཐོབ་སྟེ། ཁམས་གསུམ་གྱི་འཇིགས་པ་དང་བྲལ་ནས་སྔར་བསྒོམས་པའི་ལྷ་གང་ཡིན་པ་དེའི་ཆ་ལུགས་ཀྱིས་སུམ་ཅུ་རྩ་གསུམ་དང་། དགའ་ལྡན་དུ་གནས་ཤིང་ཏིང་ངེ་འཛིན་གྱིས་སེམས་ཅན་གྱི་དོན་བྱེད། རྒྱལ་བ་མང་པོ་ལ་ཆོས་ཉན་ཏེ་སྒོམ་ལམ་ས་མཐོ་དམན་དང་མཉམ་མོ། །དེ་ནས་བློ་དམན་ནའང་མི་ལོ་སྟོང་དྲུག་བརྒྱས་ཤེས་བྱའི་སྒྲིབ་པ་བྱང་ནས་ཀྲི་ཡ་རྡོ་རྗེ་འཛིན་པའི་ས་ཞེས་བྱ་སྟེ། འབྲས་བུ་སངས་རྒྱས་མངོན་དུ་འགྲུབ་པོ། །དེ་ལ་དཀྱུས་ཀྱི་སྐུའི་གཟུགས་བརྙན་དང་རྒྱུ་རྐྱེན་འཚོགས་པའི་བར་ཐམས་ཅད་ཀྱང་བྱ་བ་ངོས་ནས་སྤྱོད་པ་ཡིན་ཏེ། བྱ་བའི་རྒྱུད་ཅེས་པའི་ངེས་ཚིག་ཡིན་ནོ། །དེ་ལ་ནི་འདུལ་བ་ཅེས་བྱ་སྟེ། ལུས་ངག་གི་བྱེད་སྤྱོད་ཐམས་ཅད་གཙོར་ལེན་པས་སེམས་འདུལ་ཞིང་འབྲས་བུ་ཐོབ་པར་བྱེད་པས་བྱ་བའི་རྒྱུད་གྱི་ཀྲི་ཡའོ། །ཨུ་པ་ཡ་ལ་བཞིས་སྟོན་པས། འཇུག་སྒོ་དང་གང་ཟག་ཐུན་མོང་དུ་བསྟན་པ་ནི། གཉིས་གའི་རྒྱུད་ཅེས་པ་ལ་སོགས་པ་སྟེ། དེའང་གཉི་གའི་རྒྱུད་ཀྱི་ཐེག་པ་ལ་ཞེས་པས་འཇུག་སྒོ་དངོས་བསྟན་ཏེ། འབྲས་བུ་མདོར་བསྟན་གྱི་སྐབས་སུ་བསྟན་པ་བཞིན་ནོ། །ཞུགས་པ་རྣམས་ཀྱིས་ཞེས་པས། རྟེན་གྱི་གང་ཟག་བསྟན་ཏེ། དབང་པོ་འབྲིང་གི་འབྲིང་བརྩོན་འགྲུས་དང་རྒྱུ་རྐྱེན་རྣམས་ཀྱང་འབྲིང་དུ་གྱུར་པ་ཨུ་པ་ཡའི་ཐེག་པ་ཉམས་སུ་ལེན་པའོ། །རྣམས་ནི་གང་ཟག་རྣམས་བསྡུས་པའི་ཚིག་གོ། །ལྟ་བ་ནི། དོན་དམ་པར་སྐྱེ་འགག་མེད་པ་ལས་ཞེས་ཏེ། ཨུ་པ་ཡའི་རྟོགས་པའི་ལྟ་བ་ནི། དོན་དམ་པ་དང་ཀུན་རྫོབ་གཉིས་ཏེ་ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཉིད་མ་སྐྱེས་པའི་དབྱིངས་དོན་དམ་པའི་ངོ་བོ་སྐྱེ་འགག་གཉིས་གཅིག་མ་གྲུབ་པས་ཅིག་ཤོས་ཀྱང་མི་མངའ་བའི་ངང་ནི་དོན་དམ་པའོ། །ཀུན་རྫོབ་ཏུ་ལྷའི་གཟུགས་ཀྱི་སྐུ་ཞེས་པས། ཕྱི་ནང་ཡུལ་སེམས་ཀྱི་དངོས་པོ་རྒྱུ་རྐྱེན་གྱིས་བསྐྱེད་པ་མ་འགག་པ་འདི་ཉིད་ཀྲི་ཡ་ལྟར་བརྒྱུད་ནས་ལྷར་སྣང་བ་མ་ཡིན་ཏེ། སྣང་ཙམ་ཉིད་ན་གཟུགས་སྐུའི་ངོ་བོ་ཉིད་ཡིན་པའང་ལུགས་མ་དོད་ནས་སྒྲོམ་ལས་མ་ཕྱུང་བ་ལྟ་བུ་ལ་རིགས་བཞི་རྡོ་རྗེ་འཆང་གི་སྐུར་བཞེད་དེ། དེའང་ཏིང་ངེ་འཛིན་ལ་རག་ལས་པའི་ཚུལ་ལོ། །དེ་ལྟར་དོན་དམ་ཀུན་རྫོབ་གཉིས་ཀྱང་མེ་ལོང་དང་གཟུགས་བརྙན་བཞིན་དབྱེར་མེད་པའི་ངོ་བོ་ལས། ཏིང་ངེ་འཛིན་སྐུར་བསྒོམ་པ་གཙོ་ཆེ་བས། ཏིང་ངེའི་ངོ་ལ་བསྐྱེད་པའི་ཆོ་འཕྲུལ་དང་ལྡན་པས་ན། ཀུན་རྫོབ་ཅེས་བྱ། རིགས་བཞི་རྡོ་རྗེ་འཆང་གི་ལྷའི་ཏིང་ངེ་འཛིན་བསྒོམ་སྟེ། །དེ་ཡང་བསྒོམ་པའི་ཚུལ་ནི། དེ་ཁོ་ན་ཉིད་རྣམ་པ་བཞི་དང་ལྡན་པར་བསྒོམ་ཞེས་པས། དེ་ལ་དེ་ཁོ་ན་ཉིད་བཞི་ནི། །བདག་གི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། བཟླས་པའི་དེ་ཁོ་ན་ཉིད་དང་། ཏིང་ངེ་འཛིན་གྱི་དེ་ཁོ་ན་ཉིད་དང་ཞེས་བྱ་སྟེ། དང་པོར་བདག་གི་དེ་ཁོ་ན་ཉིད་ནི་དམ་ཚིག་སེམས་དཔའ་བསྐྱེད་པ་སྟེ། བསྐྱེད་ཚུལ་གོང་འོག་གང་ལྟར་མིན་ཀྱང་བདག་གི་དེ་ཁོ་ན་ཉིད་ཅེས་བྱའོ། །ལྷའི་དེ་ཁོ་ན་ཉིད་ནི་ཡེ་ཤེས་པ་སྤྱན་དྲངས་ནས་སྨིན་མཚམས་ཀྱི་ཐད་སོར་བཞུགས་པའོ། །ཏིང་ངེའི་དེ་ཁོ་ན་ཉིད་ཅེས་བྱ་སྟེ། བདག་དང་མདུན་གྱི་ཡེ་ཤེས་སེམས་དཔའ་གཉིས་ཀའི་ཐུགས་ཀ་ནས་ཟླ་བ་དང་ཡིག་འབྲུ་དང་དམ་ཚིག་སེམས་དཔའི་ཐུགས་ཀར་བཟླས་པའི་སྔགས་གསལ་བ་བསྒོམ་པའོ། །བཟླས་པའི་དེ་ཁོ་ན་ཉིད་ཅེས་བྱ་སྟེ། དབུགས་དང་སྤྲད་པའི་སྔགས་ཀྱི་ཕྲེང་བས་ཕར་སྤྲོས་ཐུགས་དམ་བསྐུལ། །ཚུར་འདུས་དངོས་གྲུབ་སྩོལ་བ་ལ་བཟླས་པའི་སྐྱོན་བཅུ་སྤང་བའོ། །སློབ་དཔོན་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་ནི། དེ་ཁོ་ན་ཉིད་རྣམ་པ་བཞི་ཞེས་སྨོས་པས། གོང་གི་བཞི་པོ་དེ་མ་འགགས་པར་སྣང་ཡང་སྟོང་ཞིང་བདག་མེད་པར་རྟོགས་པ་ལ་བཤད་དོ། །འདིར་ནི་དཀྱུས་སུ་དེ་ཉིད་ཅེས་སྨོས་པས། དམ་པ་བདེ་བར་གཤེགས་པས། བདག་དང་ལྷ་དང་ཏིང་ངེ་འཛིན་དང་བཟླས་པ་བཞི་གནས་སྐབས་དེ་དང་དེ་ཉིད་ཀྱི་རྣམ་གྲངས་བཞི་པོ་ལ་བཟུང་ངོ་སྐད། དེས་ན་དེ་བཞི་གཅིག་ཏུ་འཛོམ་པའི་ས་མ་ཏི་ནི། གཉིས་ཀའི་རྒྱུད་ཀྱི་རང་གཞུང་ངོ་། །ཡོ་བྱད་དང་རྒྱུ་རྐྱེན་ལ་སོགས་པ་ཞེས་པ། ཀྲི་ཡའི་སྐབས་སུ་སྨོས་པ་ལྟར་ཡོ་བྱད་རྣམས་དང་། རྒྱུ་ལྟ་བ་དང་། རྐྱེན་ཏིང་ངེ་འཛིན་དང་། ཡང་རྒྱུ་ཏིང་ངེ་འཛིན་དང་། རྐྱེན་ཡོ་བྱད་ཕུན་སུམ་ཚོགས་པ་སྟེ། སོགས་ཁོངས་སུ་སྐོལ་མདོ་བརྒྱད་ཀུན་བསྡུའོ། །གཉིས་ལ་བརྟེན་ཞེས་པ། འདིས་ཐེག་པའི་ངེས་ཚིག་ཀྱང་བསྟན་ཏེ་ཐེག་པ་འདིས་རང་ས་མི་ཟིན་པས། ལྟ་བ་དང་ཏིང་ངེ་འཛིན་ཡོ་ག་ལ་བརྟེན་ལ། བསྲུང་བའི་ཚུལ་ཁྲིམས་དང་སྤྱོད་པ་ལ་སོགས་པ་རྣམས་ཀྲི་ཡ་ལ་བརྟེན་པའི་དབང་གིས་ཀྲི་ཡ་བཞིན་དུ་ཡོ་བྱད་གཙོ་ཆེ་བའང་མ་ཡིན། ཡོ་ག་བཞིན་དུ་ཏིང་ངེ་འཛིན་གཙོ་ཆེ་བའང་མ་ཡིན་ཏེ། ཏིང་ངེ་འཛིན་དང་ཡོ་བྱད་ཕུན་སུམ་ཚོགས་པ་གཉིས་ཀ་ཆ་མཉམ་པ་ལས་འབྲས་བུ་སྣང་བར་འདོད་དོ། །སྤྱོད་པའི་ཁྱད་པར་ནི། ཡོ་བྱད་དང་རྒྱུ་རྐྱེན་དང་ཞེས་པས་ཀྱང་བསྟན་ལ་ཀྲི་ཡ་དང་མཐུན་ནོ། །བསྲུང་བའི་དམ་ཚིག་ཀྱང་དེ་ཉིད་དོ། །གྲུབ་པའི་ཞེས་པས་ཤུགས་ལ་དུས་ཀྱང་བསྟན་ཏེ། ལྟ་སྤྱོད་གོང་འགོ་ཅན་འདི་མི་ཚེ་ལྔ། རྟེན་དེས་སྒྲུབ་པ་བར་མ་ཆད་པས་སྟོབས་སུ་གྱུར་པས་རིག་འཛིན་མངོན་དུ་བྱས་ཏེ། ཟག་མེད་ལ་སྦྱོར་བའི་དུས་སུ་གང་བསྒོམས་པ་དེ་ཉིད་ཀྱི་ལྷ་མངོན་དུ་སྣང་ཞིང་ཀྲི་ཡ་དང་མཐུན་པར་གནས་ན། རིང་ནའང་ལོ་སྟོང་དྲུག་བརྒྱའི་རིང་ལ་ཤེས་བྱའི་སྒྲིབ་པ་སྦྱང་བ་ནི་ཡིན་ནོ། །འབྲས་བུ་ནི་སངས་རྒྱས་ཀྱི་ས་ལ་རིགས་བཞི་རྡོ་རྗེ་འཆང་གིས་ཞེས་བྱ་སྟེ། སྒྲིབ་པ་ཕྲ་བའི་ཕྲ་བའང་དག་ནས་ལམ་པའི་མཐོང་སྣང་གིས་འབྲས་བུ་ལ་མིང་དེར་བཏགས་ཀྱང་། སྐུ་གསུམ་ལྷུན་གྲུབ་ལ་དབྱེ་བ་མེད་དོ། །དེས་ན་ཐེག་པ་དགུ་སྤྱི་ལུང་བདུན་དུ་བསྡུས་པའི་དབང་གིས་ཕྱོགས་རྟོགས་ཞེས་པས། ཉན་ཐོས་ལ་བཞག་གི་རང་སངས་རྒྱས་ལ་རྟོགས་པ་ལྷག་པོ་ཡོད་ཀྱང་དེའི་ཞར་བྱུང་དུ་བརྩིའོ། །ཨུ་པ་ཡའང་ལྟ་སྤྱོད་གོང་འོག་གི་རྗེས་སུ་འབྲང་བས་རང་ས་མི་ཟིན་པས་དེས་ན། རང་སངས་རྒྱས་དང་དེ་གཉིས་སྤྱི་ལུང་དུ་མི་བརྩི་བའི་དབང་གིས་སྤྱི་ལུང་བདུན་ཞེས་བྱ་སྟེ། ཤིན་ཏུ་གསང་བ་མན་ངག་གི་ལེའུ་དུའང་འདུལ་བ་ཅེས་པ་ཀྲི་ཡ་དང་དགོངས་པ་ཞེས་ཡོ་ག་བསྟན་པའོ། །རྣལ་འབྱོར་རྒྱུད་ཀྱི་མདོར་བསྟན་ནི། རྣལ་འབྱོར་རྒྱུད་ཅེས་པ་ལ་སོགས་པ་སྟེ། དེ་ལ་རྣལ་འབྱོར་ཞེས་པ་འདིར་མདོར་བསྟན་གྱི་སྐབས་ཡིན་པས། གསང་སྔགས་ཕྱི་ནང་ཀུན་དང་སྦྱར་ཏེ་ཡོ་གའི་སྐབས་ན། ཕྱི་གཟུང་བའི་ཡུལ་མ་སྐྱེས་པ་དོན་དམ་པའི་རྣལ་མ་ལ། ནང་འཛིན་པའི་སེམས་བདག་མེད་པ་ལ་རིག་པའི་བློ་འབྱོར་ཏེ་སྟོང་པ་ཁ་སྦྱོར་གྱི་རྣལ་འབྱོར་རོ། །མ་ཧཱ་ཡོ་གའི་གནས་སྐབས་སུ་དབང་པོ་ལྔ་མ་འགགས་པ་ཐབས། ཡུལ་ལྔ་མ་འགགས་པ་ཤེས་རབ་ཏུ་འབྱོར་བའམ། ཕུང་པོ་ལྔ་མ་འགགས་པ་ཐབས་དང་། འབྱུང་བ་ལྔ་མ་འགགས་པ་ཤེས་རབ་ཏུ་འབྱོར་པའམ། ཕུང་པོ་ཁམས་དང་སྐྱེ་མཆེད་མ་འགགས་པ་ཐབས་ལ། དེ་དག་རང་བཞིན་མེད་པ་ཤེས་རབ་ཏུ་འབྱོར་བའོ། །ཨ་ནུ་ཡོ་གའི་སྐབས་ན་ཕྱི་ནང་ཆོས་ཐམས་ཅད་མ་བྱུང་མ་སྐྱེས་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་དུས་གསུམ་དུ་མི་འགྱུར་བའི་རྣལ་མ་ལ། ཆོས་ཐམས་ཅད་གསལ་ལ་མ་འགགས་པ་འཁོར་འདས་གཉིས་ཀྱིས་བསྡུས་པ་ཐམས་ཅད་རང་རིག་པའི་ཡེ་ཤེས་ཏེ་ཆུ་དང་གཟུགས་བརྙན་ལྟར་སྐད་ཅིག་མ་ལ་ལྷུན་གྱིས་གྲུབ་པས་འབྱོར་པའོ། །རྫོགས་པ་ཆེན་པོ་ལྟར་ན་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་ཆེན་པོ་ཉིད་གསལ་ལ་མ་འགགས་པར་སྣང་བ་འཁོར་འདས་སམ་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་བའི་དུས་ཉིད་ན་ཡུལ་དང་ཡུལ་ཅན་ནམ་ཕྱོགས་སུ་འཛིན་པ་ཕྲ་བའི་ཕྲ་བའང་མི་མངའ་བས་གཟུང་འཛིན་གཏན་ནས་དག་པ་ཉིད། ཀུན་ཏུ་བཟང་པོར་ལྷུན་གྱིས་གྲུབ་ལ། དེ་ཉིད་ཆོས་དབྱིངས་ལས་མ་གཡོས་ཤིང་དེ་ལ་དེར་འཛིན་དང་བྲལ་བ་ཉིད། མཚན་མ་དང་བྲལ་བས་བཟང་མོར་བརྗོད་ལ། དེ་ཆུ་དང་མར་གྱི་དཔེ་བཞིན་དབྱེར་མེད་པ་ཉིད་ལ་བྱང་ཆུབ་སེམས་བདེ་བ་ཆེན་པོ་ཞེས་བྱ་སྟེ། དེ་ནི་ལམ་པའི་བློས་བྱས་པ་ལྟ་བུ་མ་ཡིན་སྟེ། ཡེ་ནས་དེ་ལྟར་བཞུགས་པའི་རྣལ་མ་མ་བཅོས་པར། རྫོགས་པ་ཆེན་པོའི་དོན་ལ་རྟོགས་པའི་བློ་གྱུར་པ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ནི་འབྱོར་ཞེས་བྱའོ། །རྒྱུད་ནི་བཞི་པོ་གང་ལྟར་ཡང་འབྲས་བུའི་ཐེག་པ་ཡིན་པས་གཞི་ལམ་འབྲས་བུ་གསུམ་གྱི་འབྲེལ་བ་སོ་སོར་བརྩི་བར་བྱ་སྟེ། འཆད་པར་འགྱུར་རོ། །ཐེག་པ་ཞེས་པ། འབྲུ་གོང་དུ་བཤད་དེ་ཉམས་སུ་བླངས་ཏེ་ཞུགས་པ་རྟེན་གྱི་གང་ཟག་རྣམས་ཀྱི་ལྟ་བ་ནི། ཞེས་པ་ལམ་གྱི་གཞི་སྔོན་དུ་འགྲོ་བ་སྟེ་མིག་དང་འདྲ་བས་དང་པོར་སྨོས་སོ། །རྣམ་པ་གཉིས་ཏེ། ཞེས་པས་གྲངས་ཀྱི་དབྱེ་བ་སྟེ། གསལ་བའི་དབྱེ་བའི་ངོས་ནས་རྣལ་འབྱོར་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། རྣལ་འབྱོར་ནང་བ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །ཞེས་པ་རྣལ་འབྱོར་ནི་བཤད་པ་བཞིན་ནོ། །ཕྱི་པ་དང་ནང་པ་གཉིས་བསྡེབས་ཏེ་བཤད་ན། ལྟ་བས་ཕྱི་ནང་དུ་གྱུར་པ། སྤྱོད་པས་ཕྱི་ནང་དུ་གྱུར་པ། ཏིང་ངེ་འཛིན་གྱིས་ཕྱི་ནང་དུ་གྱུར་ལ། དངོས་གྲུབ་ལེན་ཚུལ་གྱིས་ཕྱི་ནང་དུ་གྱུར་པ། ཡུན་གྱིས་ཕྱི་ནང་དུ་གྱུར་པ་དང་ལྔའོ། །དེ་ལ་ལྟ་བས་ཕྱི་ནང་དུ་གྱུར་པ་ནི། ཡོ་ག་བདག་གིས་འཁོར་འདས་དབྱེར་མེད་རང་རིག་ཆེན་པོར་ལྷུན་གྱིས་གྲུབ་པའི་དོན་མ་རྟོགས་ཏེ་གཟུང་ཡུལ་ཁ་སྤྲོད་སྟོང་པ་མཚན་མ་མེད་པའི་ངང་ལས་ཀུན་རྫོབ་ལྷར་བྱིན་གྱིས་རློབས་པའི་གཞི་ཙམ་དུ་ལྟ་བས་ཕྱི་པ་ཞེས་བྱའོ། །ནང་པས་ལྟ་བ་བདག་ཉིད་ཆེན་པོའི་རྟོགས་པ་ལ་ཡང་། མ་ཧཱ་པས་མཚོ་དྭངས་པ་ལས་གཟུགས་བརྙན་འཆར་བ་ཉིད། མཚོ་ཉིད་ཀྱི་ཆོ་འཕྲུལ་གཟུགས་སྙན་དུ་སྣང་བ་ལས་མ་གཏོགས་པ་གཞན་མེད་པས་བཞིན། ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཉིད་དུ་གཅིག་པ་ལ། སེམས་ཉིད་ཆོ་འཕྲུལ་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་སུ་སྣང་བ་ཉིད་ལྷའི་དཀྱིལ་འཁོར་ཡིན་པ་ལ་དེ་ཉིད་དུ་བསྒོམ་པ་ཙམ་ལྟ་བའི་ངོ་བོའི། དེས་ན་ནང་བ་ཅེས་བྱའོ། །ཏིང་ངེ་འཛིན་ལ་གཉིས་ཏེ། མཚན་བཅས་དང་། མཚན་མེད་དོ། །མཚན་མེད་ནི་ཡོ་ག་བས་ཆོས་ཉིད་མཐའ་བརྒྱད་དང་བྲལ་བའི་ཏིང་ངེ་འཛིན་གཙོར་བྱེད་པས། བདག་ཉིད་ཆེན་པོ་མ་རྟོགས་ཏེ་ཕྱི་པ་ཡིན་ལ། ནང་པས་རིགས་པ་རང་གསལ་ཡུལ་བྲལ་གྱི་ཏིང་ངེ་འཛིན་ཞེ་འདོད་ཕྲ་བའང་མི་མངའ་བར་རང་རིག་ངོ་བོ་ཡིན་པས་ནང་པའོ། །མཚན་བཅས་ལ་ལྷའི་སྐུ་མངོན་བྱང་ལྔས་བསྐྱེད་པ་ནི་ཕྱི་པ་ཡིན་ལ། ཆོ་འཕྲུལ་བཞིས་བསྐྱེད་པ་ནི་ནང་པའོ། །ཡབ་རྐྱང་དུ་བསྒོམ་པ་ནི་ཕྱི་པ་ཡིན་ལ། ཡུམ་ཞལ་སྦྱོར་ནི་ནང་པའོ། །འཁོར་ཐུགས་ཁ་ནས་སྤྲོ་བ་ནི་ཕྱི་པ་ཡིན་ལ། གསང་གནས་ནས་སྤྲོ་བ་ནི་ནང་པའོ། ཞི་བ་འབའ་ཞིག་བསྒོམ་པ་ནི་ཕྱི་པ་ཡིན་ལ། ཞི་ཁྲོ་གཉིས་ཀ་བསྒོམ་པ་ནི་ནང་པའོ། །རྒྱན་ཆ་ཡང་། ཞི་བའི་རྒྱན་ཆ་རྣམས་དང་ལྡན་པ་ནི་ཕྱི་པ་ཡིན་ལ། དཔལ་ཆས་རྣམས་བསྒོམ་པ་ནི་ནང་པའོ། །རྫོགས་རིམ་ཀྱང་སྣ་རྩེ་དང་སྙིང་ག་དང་སྨིན་མཚམས་ཀྱི་ཐིག་ལེ་ཙམ་ལ་བརྟེན་པ་ནི་ཕྱི་པ་ཡིན་ལ། འཁོར་ལོ་བཞི་དང་ཆགས་ལམ་གྱི་ཐབས་རྣམས་ནི་ནང་པའོ། །སྤྱོད་པས་ཕྱི་ནང་དུ་གྱུར་པ་ནི། ཆ་རྐྱེན་ཉེར་ལྔ་ལ་སོགས་པ་དག་གཙང་རྣམས་ལ་སྤྱོད་པ་ནི་ཕྱི་པ་ཡིན་ལ། སྤྱོད་པའི་དངོས་པོ་ཉི་ཤུ་ལ་སྤྱོད་པ་ནི་ནང་པའོ། །མཆོད་པ་ལྔ་དང་བརྒྱད་དང་རིན་པོ་ཆེ་སྣ་བདུན་དང་འདོད་ཡོན་ལྔ་དང་དག་གཙང་གི་སྤྱོད་པ་རྣམས་ལ་གཙོར་བྱེད་པ་ནི་ཕྱི་པ་ཡིན་ལ། ཕྱིའི་མཆོད་པ་དེ་རྣམས་ཀྱི་སྟེང་དུ་ནང་གི་མཆོད་པ་གཏོང་མ་དང་བདུད་རྩི་དང་དུག་གསུམ་གྱི་མཆོད་པ་དང་། གསང་བའི་མཆོད་པ་སྦྱོར་སྒྲོལ་གྱི་མཆོད་པ་རྣམས་ཉམས་སུ་ལེན་པ་ནི་ནང་པའོ། །དངོས་གྲུབ་ལེན་ཚུལ་ཡང་། ཡེ་ཤེས་མཉེས་པས་བདག་དག །བདག་དག་པས་དངོས་གྲུབ་སྣོད་དུ་རུང་བར་རྩོལ་བ་ནི་ཕྱི་པའོ། །བསྙེན་སྒྲུབ་རྣམས་པ་བཞིའི་སྒོ་ནས་དངོས་གྲུབ་རང་ལ་ཤར་བར་ལྟ་བ་ནི་ནང་པའོ། །དབང་ཡང་། རྡོ་རྗེ་སློབ་དཔོན་གྱི་དབང་མན་ཆད་ལེན་པ་ནི་ཕྱི་པ་ཡིན་ལ། ཟབ་མོའི་དབང་གསུམ་ལེན་པ་ནི་ནང་པའོ། །དེའི་དབང་གིས་དམ་ཚིག་ལའང་ཕྱི་ནང་དེ་ལྟར་མཚུངས་པའོ། །ཡུན་ཡང་། བརྗེ་ནས་ཐོབ་པ་ནི་ཕྱི་པ་ཡིན་ལ། དེ་ཉིད་ཀྱིས་ཐོབ་པ་ནི་ནང་པའོ། །ཐུབ་པ་ཞེས་པ་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བསྒོམས་པས་མི་མཐུན་པའི་དབང་དུ་མི་གཏོང་བས་ཐུབ་ཅེས་བྱ་སྟེ། ཏིང་ངེ་འཛིན་གཙོ་ཆེ་བའི་ཕྱིར་རོ། །ཡང་ན་ལྟ་བ་ཕྱི་པར་གྱུར་བའི་དབང་གིས་བསྲུང་བྱའི་ངོ་བོ་ལ་ཕྲ་བའི་ཕྲ་བ་ལས་མི་འདའ་བར་བྱ་བ་སྟེ། རྟོགས་པ་སྟོབས་ཆུང་བའི་དབང་གིས་སོ། །རྒྱུད་དང་ཐེག་པ་ནི་བཤད་པ་བཞིན་ནོ། །རྣལ་འབྱོར་ནང་པ་ནི་བཤད་ཟིན་ཏེ་ཐབས་ཞེས་པ། ཐབས་མཁས་པ་དང་། ཆེ་བ་དང་མང་བ་དང་ཡས་པ་དང་ཡངས་པ་སྟེ། དེ་དག་ཀྱང་རྒྱས་པ་གཞན་དུ་ཤེས་པར་བྱས་ལ། འདིར་ནི་དཔེར་ན་བཙན་དུག་གིས་སྲོག་གཅོད་བའི་བདག་ཉིད་ཡིན་པ་སྟེ། སྨན་པ་མཁས་པ་གཅིག་གིས་རྫས་དང་སྔགས་ཀྱིས་བཏུལ་ཏེ་ཟོས་ན། དུག་ཏུ་མི་འགྱུར་བའི་ཐོག་ནད་གཞན་གྱིས་མི་ཚུགས་ཤིང་བཅུད་ལེན་དུ་འགྱུར་བ་དང་འདྲ་བར། དུག་དང་འདྲ་བའི་ཉོན་མོངས་པ་ལྔས་ཁམས་གསུམ་གྱི་ཐར་པའི་སྲོག་གཅོད་པར་བྱེད་པ་སྟེ། ནང་པའི་ཐེག་པ་གསུམ་གྱིས་ལྟ་བའི་སྒོ་ནས་རྟོགས་པ་གདིང་དུ་གྱུར། སྒོམ་པའི་ཏིང་ངེ་འཛིན་གྱི་སྒོ་ནས་སྟོབས་ཞུགས་ཏེ། སྤྱོད་པ་བླང་དོར་མེད་པས་བསྟངས་པ་ན་ཐར་པའི་འབྲས་བུ་མི་གཅོད་པའི་ཐོགས་ཏུ་འབྲས་བུའི་ངོ་བོ་འགྱུར་ཏེ། དུག་ལྔ་ཡེ་ཤེས་ལྔ། དུག་གསུམ་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པ་ནི་ཐབས་ཆེ་སྟེ་དུག་ལ་བདུད་རྩིར་བྱས་པ་ལྟ་བུའོ། །སྤྱོད་པའི་དངོས་པོའང་དེ་དང་མཚུངས་སོ། །རྒྱུད་དང་ཐེག་པའང་བཤད་པ་བཞིན་ནོ། །རྒྱས་པར་བཤད་པ་ལ། ཕྱི་པའི་འཇུག་སྒོ་དང་གང་ཟག་ཐུན་མོང་དུ་བསྟན་པ་ནི། དེ་ལ་ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་ལ་གཉིས་སུ་ཕྱེས་པའི་གཞི་དེ་ལས་ཕྱི་པ་བཀར་ཏེ་བཤད་ན། དེ་ལའང་འཇུག་སྒོ་ནི། རྣལ་འབྱོར་ཕྱི་རྒྱུད་ཀྱི་ཐེག་པ་ལ་ཞེས་ཏེ། རྣལ་འབྱོར་ཡོ་གའི་བསྟན་པའམ་ཐེག་པ་སྟེ་འབྲུ་གནོན་གོང་དུ་བཤད་པ་བཞིན་ནོ། །ཞུགས་པ་རྣམས་ཀྱིས་ཞེས་པས། རྟེན་གྱི་གང་ཟག་བསྟན་ཏེ། འདིར་ཤེས་རབ་དང་ལོངས་སྤྱོད་ཆེ་ཞིང་གོས་རྒྱན་དང་རོལ་མོ་དང་སྤྲོས་པ་ལ་དགའ་བ་འབྱོར་པ་ཚོགས་པ་རྒྱལ་རིགས་ལྟ་བུ་སྟེ། ཡོ་གའི་ཐེག་པ་གཞུང་བཞིན་ཉམས་སུ་ལེན་པའི་སྟོབས་དང་ལྡན་པའོ། །རྣམས་ནི་ཕྱོགས་བསྡུ་བའོ། །ལྟ་བ་ནི་ཞེས་པས་ལྟ་བ་བསྟན་ཏེ། དེའང་གཞན་ཕྱོགས་དགག་པ་ནི། ཕྱིིའི་ཡོ་བྱད་ལ་གཙོར་མི་འཛིན་པས་ཞེས་པ་སྟེ། དེ་སྔོན་དུ་བསྟན་པའི་དགོས་པ་ནི། བསྟན་མ་ཐག་པའི་ཀྲི་ཡ་ཉིད་ཕྱིའི་ཡོ་བྱད་ལ་སོགས་ཏེ། རྒྱུ་རྐྱེན་ཚོགས་པའི་མཐུ་ལས་གྲུབ་པའོ་ཞེས་སྨོས་པས་དེའི་ཞེན་པ་བཅད་པའི་ཕྱིར་ཏེ། འདིར་ཀྲི་ཡའི་རྟེན་ལ་ཡོ་ག་བསྟན་པ་ནི། ཁྱད་ཆེ་བའི་དབང་གིས་དེ་སྨོས་མི་དགོས་པ་ལ་ཉེ་བའི་དབང་གིས་ཞེན་པ་དགག་པའོ། །བར་གྱི་འཕྲོ་ཚོལ་བས་ན། སེམས་ཀྱི་རྣལ་འབྱོར་ཏིང་ངེ་འཛིན་འབའ་ཞིག་གཙོར་བྱས་པ་ཉིད་ཀྱིས་འགྲུབ་པར་གསུངས་ཏེ་བཤད་པའི་རྣལ་འབྱོར་གྱི་ཚིག་གིས་ཀྱང་གསལ་ལོ། །ལྟ་བ་རང་གི་ངོ་བོ་ནི། དོན་དམ་པར་ཞེས་པ་ལ་སོགས་ཏེ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དོན་གྱི་ངོ་བོ་མི་འགྱུར་ཞིང་མཚན་ཉིད་ཐམས་ཅད་དང་བྲལ་བའི་དོན་དམ་པའི་ངང་ལ། རྒྱུ་རྐྱེན་སྐད་ཅིག་མ་དང་བྲལ་བས་སྐྱེ་བའི་ཕུང་པོར་མ་གྲུབ། དེས་འགགས་པ་ངང་གིས་དག་སྟེ། ཐ་སྙད་དུ་མེད་ཅེས་ཏེ་དོན་དམ་པའི་ངོ་བོ་ནམ་མཁའ་ལྟ་བུའོ། །འོ་ན་ཀུན་རྫོབ་འདི་ཅི་ལྟར་ཡིན་ཅེ་ན། ལྷ་དང་ལྷ་མོ་ཞེས་པ་སྣང་ཙམ་ཉིད་ད་ལྟ་ནས་རྣམ་སྣང་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཀྱི་ངོ་བོ་ཉིད་ཡིན་ཏེ། དེ་ཡང་དངོས་སུ་སྣང་བ་ཅེར་རེ་ནི་ཁས་མི་ལེན་ཏེ། དཔེར་ན་ལུགས་མ་དོད་ནས་ཡོད་ཀྱང་སྒྲོམ་ནས་ཕྱུང་དགོས་པ་བཞིན། འདིར་ཡང་གདོད་ནས་ཡིན་ཀྱང་མངོན་བྱང་ལྔའི་ཏིང་ངེ་འཛིན་གྱིས་ཁ་ཕྱེ་བའི་ཚུལ་དུ་འདོད་དོ། །དེས་ན་གཡུ་ཐང་ལས་ཀྱང་། རང་རིག་དངོས་སྟོང་མཚན་མ་གཉིས། །དབྱེར་མེད་དབྱིངས་དང་ཡེ་ཤེས་ལ། །བྱིན་རླབས་རྡོ་རྗེ་དབྱིངས་ཀྱི་ལྷ། ཞེས་སོ། །ཏིང་ངེ་འཛིན་ནི་དེ་དག་དང་འདྲ་བའི་རྒྱུད་ཡོངས་སུ་དག་པའི་ཏིང་ངེ་འཛིན་ཞེས་པ་ལ་སོགས་ཏེ། དེ་དག་དང་འདྲ་བའི་ཞེས་པས། ལྟ་བའི་རྗེས་སུ་ཞུགས་པའི་ཏིང་ངེ་འཛིན་ཏེ། ལྟ་བའི་དོན་དམ་ཀུན་རྫོབ་རྣམ་པ་གཉིས་ཀྱི་རྟོགས་ཚུལ་ལ་ནི། དེ་དག་ཅེས་བྱ་ལ། དེ་ཉིད་ཉམས་སུ་བླང་བ་ནི་འདྲ་བའི་ཞེས་ཏེ། ཀྲི་ཡ་ལྟར་རྗེ་བྲན་དུ་མི་བལྟ། ཐམས་ཅད་ཀྱི་བྱེད་པ་པོ་སེམས་རང་བཞིན་གྱིས་རྣམ་པར་དག་པ་ལྷའི་རང་བཞིན་ཡིན་ལ། བསྲུང་འཁོར་དང་རྫས་དང་ཁ་ལག་བྱིན་གྱིས་བརླབས་དང་། རྟེན་སྤྲུལ་པ་དང་ཚོགས་བསགས་པ་ཐམས་ཅད་རང་གི་བྱིན་བརླབས་སུ་བལྟ་ཞིང་མངོན་བྱང་ལྔས་སྐུ་བསྐྱེད་དེ། དེས་ན་སེམས་རང་བཞིན་གྱིས་རྣམ་པར་དག་པ་སྐད་ཅིག་མའི་རྒྱུན་དང་བྲལ་ཏེ་ངོ་བོ་ཉིད་ཀྱི་རྒྱུན་ནམ་མཁའ་ལྟ་བུ་ལ་ནི་ཡོངས་སུ་དག་པ་ཞེས་སོ། །ཏིང་ངེ་འཛིན་གྱིས་ཞེས་པ། མངོན་བྱང་ལྔའི་ཏིང་ངེ་འཛིན་ཏེ་དེ་ཡང་། ཨཱོཾ་ཙི་ཏྲ་པྲ་ཏི་བེ་ཏང་ཀ་རོ་ཡ་མི། ཞེས་པས། བདག་གི་སེམས་ཉིད་སྐྱེ་འགག་མེད་པའི་ཡོངས་སུ་དག་པའི་ངང་ནི་བྱང་ཆུབ་པ་ལྔ་པོ་སྟེ་སེམས་སོ་སོར་རྟོག་པའི་རིག་པས་བྱང་ཆུབ་པ་ཞེས་བྱའོ། །སེམས་བསྐྱེད་པ་ལས་མངོན་པར་བྱང་ཆུབ་པ་ནི། བདག་གི་སེམས་གོང་མ་བཞིན་སྐྱེ་བ་མེད་པ་དེ་ཀུན་རྫོབ་དེའི་གཟུགས་བརྙན་ཡི་གེ་ཨ་དཀར་པོ་གཅིག་ཏུ་བསྒོམ་ལ། བོ་དྷཱི་ཙི་ཏྟ་ཨུ་པ་ཏ་ཡ་མི། ཞེས་བརྗོད་པས་ཟླ་བ་ཚེས་གཉིས་པ་གཅིག་ཏུ་བསམ་ལ། དེ་ཇེ་ཆེ་ཇེ་ཆེ་ཉ་གང་བ་གཅིག་ཏུ་བསྒོམ་མོ། །དེ་ཡང་ཟླ་བ་ཚེས་པ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྟགས་ཡིན་ལ། ཉར་རྫོགས་པ་ནི་བསོད་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ། །དེས་ན་ཆོས་ཀྱི་སྐུར་གནས་པ་ལས། མངོན་པར་བྱང་ཆུབ་པ་རྒྱུ་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཟླ་བའི་དཀྱིལ་འཁོར་ལས། འབྲས་བུ་བྱང་ཆུབ་སེམས་ཀྱི་ངོ་བོ་ཧཱུྃ་དཀར་པོ་འབུར་གྱིས་བྱུང་སྟེ་བསྒོམ་པ་ནི། ཆོས་ཀྱི་སྐུའི་གཟུགས་བརྙན་ཡིན་ནོ། །དེ་ནས་བརྟན་པ་ལས་མངོན་པར་བྱང་ཆུབ་པ་ནི། ཡི་གེ་ཧཱུྃ་དེ་འཕྲོས་ཤིང་འདུས་པ་ལས་ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་འགྲེང་བ་གཅིག་ཏུ་གྱུར་ཏེ། ཡེ་ཤེས་ལྔ་མཐའ་གཉིས་སུ་མི་འགྱུར་བའི་རྟགས་སོ། །དེ་ནས་སྐུ་མཐར་ཕྱིན་པ་ལས་མངོན་པར་བྱང་ཆུབ་པ་ནི། ཕྱག་མཚན་དེའི་འཕྲོ་འདུ་ལས། ཨཱོཾ་ཡ་ཐ་སྟ་ཐ་བཛྲ་ཨ་ཧོཾ། ཞེས་བརྗོད་པས་བདག་རྣམ་པར་སྣང་མཛད་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་བསམ་ལ། འཕགས་པ་ཞེས་པ་འཁོར་བ་དང་ངན་སོང་དང་མཐའ་གཉིས་ཀྱི་སྐྱོན་ལས་འཕགས་པས་རྣམ་སྣང་ཆེན་པོ། གཟུགས་ཀྱི་སྐུ་ནི་གཉིས་ལས་གསང་སྔགས་ཀྱི་སྒོ་ནས་ལོངས་སྤྱོད་རྫོགས་པའོ། །ཕྱག་རྒྱ་བཞི་དང་ལྡན་པར་བསྒོམ། ཞེས་པ་ནི་སྐུ་ཕྱག་རྒྱ་ཆེན་པོ་སྟེ། ལྷ་དྲན་པའི་རྒྱུད་ཆ་བས་ཡིག་འབྲུ་དང་ཕྱག་མཚན་ལ་སོགས་པ་མ་འགགས་པའི་ངོས་ནས་སྐུ་ཡིན་ཡང་ལྟར་དམིགས་པ་མི་སྐྱེ་བས་སྐུ་ཞེས་བྱའོ། །ཐུགས་དམ་ཚིག་གི་ཕྱག་རྒྱ་ནི། འཛིན་པ་དང་། འཆང་བ་གཉིས་ལས་འདིར་འཛིན་པ་སྟེ། ཡེ་ཤེས་ལྔ་ཐུགས་སུ་ཆུད་པའི་རྟགས་སུ་རྡོ་རྗེ་རྩེ་ལྔ་པ། འགྲོ་བའི་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་འཁོར་ལོ་གདུལ་བྱའི་རེ་བ་རྐོང་བའི་རྟགས་རིན་པོ་ཆེ་འཁོར་བའི་ཆོས་མ་སྤྱོད་ཀྱང་ཉེས་པས་མ་གོས་པའི་རྟགས་པདྨ་འགྲོ་དོན་ལྷུན་གྱིས་གྲུབ་པའི་རྟགས་རྒྱ་གྲམ་བསྣམས་པ་སྟེ། དོན་མཚོན་པའོ། །གསུམ་ཆོས་ཀྱི་ཕྱག་རྒྱ་ནི། ལྗགས་ཀྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་དེ་བཞིན་གཤེགས་པའི་གསུང་ཆོས་ཀྱི་ཕྱག་རྒྱ་དང་། བྱང་ཆུབ་སེམས་དཔའི་གསུམ་ཆོས་ཀྱི་ཕྱག་རྒྱ་སོ་སོར་བསྒོམ་པའོ། །འཕྲོ་འདུ་ཕྲིན་ལས་ཀྱི་ཕྱག་རྒྱ་ནི། ཐུགས་ཀ་ན་ཟླ་བའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་བསྒོམ་པ་ལས། འོད་ཟེར་གྱིས་འཕགས་པ་སྤྱན་དྲངས་པ་དང་། འགྲོ་བའི་དོན་མཛད་པའི་འཕྲོ་འདུའི་བྱེ་བྲག་རྣམས་ཀྱི་གཞི་རྩའོ། །ཡང་ན་དེ་ལྟར་འཕགས་པའི་གཟུགས་ཀྱི་སྐུ་བསྒོམས་ནས་ཡེ་ཤེས་སེམས་དཔའ་བསྟིམ་པ་སྟེ། འཁྱུད་དང་དམ་དུ་འཛིན་པ་དང་། དབང་པོ་སྒོ་སྤྲད་མཉམ་པར་བཞག །ཅེས་པས། དེ་ཡང་དམ་དུ་འཛིན་པ་བྱ་བ་ཡར་བླངས་ཏེ་ལྕགས་ཀྱུས་ཕྱག་རྒྱས་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་བཟུང་བ་དང་། འཁྱུད་པ་ནི། ཞགས་པའི་ཕྱག་རྒྱས་སོ་སོའི་གདན་ལ་བཞུགས་པ་དང་། དབང་པོ་སྒོ་སྤྲད་པ་ནི། ལྕགས་སྒྲོགས་ཀྱི་ཕྱག་རྒྱས་ཡེ་ཤེས་དང་དམ་ཚིག་སྒོ་སྤྲད་ནས་གཞན་དུ་མི་འགྱུར་བའོ། །མཉམ་པར་བཞག་པ་ནི། དྲིལ་བུའི་ཕྱག་རྒྱས་ཡེ་ཤེས་དམ་ཚིག་དབྱེར་མེད་སྟེ་ཆུ་དང་འོ་མ་འདྲེས་པ་བཞིན་དུ་བསམ་མོ། །ཕྱག་རྒྱ་བཞི་དང་ལྡན་པར་ཞེས་པས། དེ་ནས་དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། སྐུ་ཕྱག་རྒྱ་ཆེན་པོ་གསུམ་བཅའ་ཞིག་བསྒོམ་པ་སྟེ། རྒྱས་འདེབས་བཞི་དང་བྲལ་ན་མཆོད་པས་དངོས་གྲུབ་མི་སྣང་ཞིང་། རྒྱས་འདེབས་ཀྱི་བྱིན་བརླབས་ཀྱིས་མཐར་ཐུག་གི་དངོས་གྲུབ་ཐམས་ཅད་སྩོལ་བའི་ནུས་པ་དང་ལྡན་པའོ། །རྣལ་འབྱོར་ཙོར་བྱས་ཞེས་པས། ཀྲི་ཡ་བཞིན་ལས་དང་བྱ་བ་གཙོར་མི་ཆེ་བསྒོམ་པའི་ཏིང་ངེ་འཛིན་འབའ་ཞིག་གཙོ་ཆེ་བའོ། །སྤྱོད་པའི་ཁྱད་པར་ནི། ལུས་གར་དང་མུ་དྲ། ངག་སྔགས་དང་དབྱངས། སེམས་ཏིང་ངེ་འཛིན་གྱི་འཕྲོ་འདུའོ། །བསྲུང་བའི་ཚུལ་ཁྲིམས་ནི། མན་ཆོད་རྣམས་ཡོངས་བསྡོམས་པའི་སྟེང་དུ་ཡོ་ག་སྤྱིའི་དམ་ཚིག་བཞི། ཁྱད་པར་གྱི་དམ་ཚིག་ལྔ་སྟེ། སྤྱིའི་བཞིན་རྡོ་རྗེ་སློབ་དཔོན་དང་། མཆེད་དང་ལྕམ་དྲལ་ལ་གདུང་སེམས་རྒྱུན་དུ་བྱ་བ་དང་། མཆོད་པའི་ཡོ་བྱད་ཕུད་མ་ཉམས་ཤིང་གཙང་བར་བྱ་བ་དང་། ཉན་ཐོས་རང་རྒྱུད་པ་དང་ལྷན་ཅིག་མིག་གནས་པ་དང་། འཆད་བའི་དབང་མ་ཐོབ་པར་ཆོས་མི་བཤད་པའོ། །ཁྱད་པར་ནི། རིགས་ལྔའི་དམ་ཚིག་སྟེ། སྡོམ་པ་གསུམ་དང་ཏིང་ངེ་འཛིན་ལ་སོགས་པ་ལ་རྒྱུན་དུ་གནས་པ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག །རྟགས་རྡོ་རྗེ་དྲིལ་བུ་དང་། དོན་ཤེས་རབ་སྙིང་རྗེ་དང་མི་འབྲལ་བ་རྡོ་རྗེའི་རིགས། སྤྱིན་པ་རྣམ་བཞི་རྟག་ཏུ་སྦྱིན་པ་རིན་པོ་ཆེའི་རིགས། ཐེག་པ་ཕྱི་ནང་གི་ཐོས་བསམ་ལ་འབད་པ་པདྨའི་རིགས། ཕྲིན་ལས་ཀྱིས་འགྲོ་དོན་བྱེད་པ་དང་འཕས་པ་མཆོད་པ་ལས་ཀྱི་རིགས་ཀྱི་དམ་ཚིག་གོ། །ཡུན་ནི་མི་ཚེ་གསུམ་གྱིས་ཟག་མེད་རིག་འཛིན་གྱི་སར་སྦྱོར་ལ། དེ་ནས་རིང་ལྟར་ཐོགས་ནའང་མི་ལོ་སྟོང་དྲུག་བརྒྱད་འབྲས་བུ་སྟུག་པོ་བཀོད་པ་སངས་རྒྱས་ཀྱིས་འགྲུབ་པའོ། །ཞེའོ། །དེ་ནི་རྒྱུད་ལས་དགོངས་པ་ཞེས་པས། ཏིང་ངེ་འཛིན་གཙོ་ཆེ་བ་རྣལ་འབྱོར་རྒྱུད་ཀྱི་ཐེག་པའོ། །གསང་སྔགས་ནང་པའི་མདོར་བསྟན་ནི། རྣལ་འབྱོར་ནང་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྣལ་འབྱོར་པ་ཐབས་ཀྱི་ཐེག་པ་ལ་ཞེས་པས། འཇུག་སྒོ་དང་། ཞུགས་པ་རྣམས་ཀྱིས་ཞེས་པས། རྟེན་གྱི་གང་ཟག་གཉིས་འདིར་ཐེག་པ་ལ་དབྱེ་བ་བྱུང་བས་གསུམ་གསུམ་དུ་གནས་ཀྱང་གསུམ་ཀ་ནང་པར་མཐུན་པས་གཅིག་ཏུ་བསྟན་ཏེ། དེ་ཡང་མགོ་ནས་མར་སོ་སོ་རང་རང་གི་སྐབས་སུ་འཆད་པར་ཤེས་པར་བྱའོ། །དེ་ཡན་ཆད་ཀྱི་འབྲུ་གནོན་ནི་བཤད་པ་བཞིན་ཤེས་པར་བྱའོ། །དེ་ལ་འདི་གསུམ་ཡང་། བདུད་རྩི་ལས། རྒྱུད་དང་ལུང་དང་མན་ངག་ཀྱང་རྗེའུ་དང་འབངས་དང་རྒྱལ་པའི་ཚུལ། །ཁྱད་པར་རྩལ་འཕང་ཐག་རིང་ཡང་། །གཅིག་ལ་གཅིག་བསྟེན་གཅིག་གི་ངང་། །ཞེས་གསུངས་པས། ལྷ་རྗེ་ཟུར་ཆེས། མ་ཧཱའི་མ་ཧཱ། མ་ཧཱའི་ཨ་ནུ། མ་ཧཱའི་ཨ་ཏི་གསུམ། ཨ་ནུ་ལ་ཡང་གསུམ། ཨ་ཏི་ལ་ཡང་གསུམ་དུ་སྟོན་པས། མ་ཧཱ་རང་གཞུང་གི་དོན་སྟོན་པ་ནི། མ་ཧཱའི་རྫོགས་ཚུལ་རྣམས་ནི། མ་ཧཱའི་ཨ་ནུ། མ་ཧཱའི་ནང་དུ་མཉམ་རྫོགས་སྟོན་པ་རྣམས་ནི། མ་ཧཱའི་ཨ་ཏི་བས། འདིའི་རྫོགས་ཆེན་མ་ཧཱ་ཡོ་ག་རང་གི་རྫོགས་ཆེན་ཡིན་པས་འཇུག་པའི་སྒོ། ཐུན་མོང་དུ་བསྟན་པ་དང་། རྟེན་གྱི་གང་ཟག་ཀྱང་ཐུན་མོང་དང་ལྟ་བའམ་དུས་གཅིག་ཏུ་བསྟན་པ་དང་། འདིའི་རྫོགས་ཆེན་གྱི་སྐབས་སུ་གཏན་ཚིགས་གསུམ་དང་། དགོས་འབྲེལ་གསུམ་དང་། མཚན་ཉིད་གསུམ་ལ་སོགས་པ་རྣམས་ཀྱང་། གསང་སྙིང་ཉིད་ཀྱི་ལུང་གིས་བསྟན་པ་དང་། གཞན་ཡང་། རང་བཞིན་རྫོགས་པ་ཆེན་པོ་ནས་གཞུག་སློབ་དཔོན་གྱི་མཚན་ཉིད་བསྟན་པའི་བར་གྱི་ཤིན་ཏུ་གསང་བ་མན་ངག་གི་ལེའུའི་དོན་གྱིས་གཏན་ལ་ཕབ་པས་གསལ་ལ། །ཞེས་སོ། །ཁམས་ལུགས་ཀྱིས། འདིར་རྟེན་གྱི་གང་ཟག་དང་འཇུག་པའི་སྒོ་ཐུན་མོང་དུ་བསྟན་པ་ནི་སྤྱིར་བཤད་པ་ཡིན་ལ། དེའི་ཤུགས་ལ་སོ་སོར་ཕྱེ་སྟེ་བཤད་པའི་སྐབས་སུ་དེ་དག་ཡོང་བར་གསལ་བས་དོན་གྱིས་ཤེས་ཏེ། གསང་བའི་སྙིང་པོ་ཐེག་པ་སྤྱིའི་ལུང་ཡིན་པས། སྣང་བ་གསུམ་རྒྱས་པར་བསྟན་ཏེ། དེ་ཡང་མ་ཧཱ་དང་ཨ་ནུ་གཉིས་ནི། གསང་བ་ཅེས་པས་བསྟན་ཏེ། ཡོ་ག་ཕྱིན་ཆོད་ཀྱི་མི་རྟོགས་པའི་ལྟ་སྤྱོད་གཉིས་དང་ལྡན་པའི་ཕྱིར་རོ། །རང་བཞིན་གསང་བས་ནི། རྫོགས་པ་ཆེན་པོ་བསྟན་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པ་དབང་པོའི་མངོན་སུམ་དུ་སྣང་བ་ཉིད་ཡིན་པ་ལ། གསང་བ་བཞིས་ཆོད་ཅིང་ལུང་དང་མན་ངག་རྣམ་པ་གཉིས་དང་བྲལ་བས་མ་མཐོང་བའོ། །དེས་ན་བསྐྱེད་པ་ལ་མ་ཧཱ། རྫོགས་པ་ཨ་ནུ། རྫོགས་པ་ཆེན་པོ་ཨ་ཏི་གསུམ་སོ་སོར་འཅད་ཅེས་སོ། །འོ་ན་རྫོགས་པ་ཆེན་པོ་འཆད་པའི་སྐབས་ན། རྟོགས་པ་བཞི་དང་མཚན་ཉིད་གསུམ་ལ་སོགས་པ་གསང་བའི་སྙིང་པོའི་གཏན་ཚིགས་རྣམས་འབྱུང་བ་ཅི་ཞེ་ན། གསང་བའི་སྙིང་པོ་སྤྱི་ལུང་ཡིན་པས་དོན་རྫོགས་པ་ཆེན་པོ་འཆད་ཀྱང་། དཔེར་ན་རྒྱལ་པོ་ཆེན་པོའི་ཐུགས་དགོངས་བསྒྲུབས་ན། བློན་པོ་མཆོག་ཏུ་གྱུར་པས་གཏན་ལ་འབེབས་པ་བཞིན་ནོ། །ལྟ་བ་ནི་ཞེས་པ། འདིར་སྤྱིར་བསྟན་པའི་སྐབས་ཏེ་སོ་སོར་རྟོག་པའི་ཤེས་རབ་ཀྱི་ཡུལ་གྱི་ལྟ་བ་དང་། མི་དམིགས་པའི་ཤེས་རབ་ཀྱི་ཡུལ་གྱི་ལྟ་བ་ལ། འདིར་སོ་སོར་རྟོག་པའི་ཤེས་རབ་སྟེ། དོན་སྤྱི་ཡིད་ཀྱི་ཡུལ་དུ་བྱས་པ་ཙམ་ལ་བརྗོད་དོ། །དེ་ལའང་འདིར་རྣམ་པ་གསུམ་སྟེ་ཞེས་པ་གྲངས་ཀྱི་དབྱེ་བའོ། །གང་ཞེ་ན། གསལ་བའི་དབྱེ་བ་ནི། བསྐྱེད་པའི་ཚུལ་དང་ཞེས་པ་མ་ཧཱ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་དཔེ་རྒྱ་མཚོའི་གཟུགས་བརྙན་རྒྱ་མཚོའི་གཅིག་པ་བཞིན་སེམས་རང་རིག་ཏུ་གཅིག་ལ། རང་རིག་གི་ཆོ་འཕྲུལ་ཉིད་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་རང་སྣང་ཡང་དབྱེར་མེད་པར་རྟོགས་པའི་ཕྱིར། ལྷའི་དཀྱིལ་འཁོར་ཡང་ཏིང་ངེ་འཛིན་བཞིར་ཆོ་འཕྲུལ་བཞིས་བསྐྱེད་པའི་དོན་ཉམས་སུ་བླངས་ནས་འཇུག་པར་བྱེད་པས་ན་ཚུལ་དང་ཞེས་བྱའོ། །རྫོགས་པའི་ཞེས་པ། ཆོས་ཐམས་ཅད་མ་བྱུང་མ་སྐྱེས་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལས་མ་གཡོས་ཤིང་། དེ་མི་འགགས་པའི་རང་བྱུང་གི་ཡེ་ཤེས་ཕུང་ཁམས་སྐྱེ་མཆེད་སྣང་བའང་རང་རིག་པ་ཉིད་སྣང་སྟེ། ཆོ་འཕྲུལ་ཞེས་ཀྱང་མི་བརྗོད་པས་དབྱིངས་ཡེ་ཤེས་གཉིས་སུ་མེད་པ་ལྷུན་གྱིས་རྫོགས། དེའི་དབང་གིས་ལྷའི་སྐུ་བསྐྱེད་པ་ཡང་རིམ་གྱིས་བསྐྱེད་མི་དགོས་ཏེ། རིག་པ་ལ་གཅིག་ཆར་རྫོགས་པའི་ཚུལ་དུ་འཇུག་ཅིང་བསྒོམ་པས་གནས་སྐབས་ཀྱིས་འཆར་བ་ཅེས་ཀྱང་འདོགས་སོ། །རྫོགས་པ་ཆེན་པོ་ཞེས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་བསལ་སྤང་མེད་པར་རང་བྱུང་གི་ཡེ་ཤེས་ཀྱི་ངང་དུ་རྫོགས་པ། དེ་ཡང་མ་འགག་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་ལྷུན་གྱིས་གྲུབ་པ་ནི་མ་འདྲེས་པའོ། །རང་རིག་བྱང་སེམས་སུ་ལྷུན་གྱིས་གྲུབ་པ་ནི། ཡོངས་སུ་རྫོགས་པ་དེ་ཉིད་དུས་ལ་རེས་མོ་དང་ཕྱོགས་ལ་སྔ་ཕྱི་མེད་པས་ཆེན་པོ་ཞེས་བྱ་སྟེ། མཐའི་ཕྱོགས་ཞེན་ཕྲ་བའི་ཕྲ་བའང་མི་གནས་པའོ། །དེ་ལྟ་བུའི་དོན་ཡེ་ནས་ཡིན་པ་མངོན་དུ་གྱུར་པ་ལ་ནི། ཚུལ་ཞེས་བྱའོ། །རྒྱས་པར་མ་ཧཱ་བསྟན་པ་ལ། དེ་ལ་ཞེས་པ་ལ་སོགས་ཏེ། གོང་དུ་གསུམ་དུ་དབྱེ་བའི་གཞི་དེ་ལས་མ་ཧཱ་ཡོ་ག་བཤད་པས་ན། བསྐྱེད་པའི་ཚུལ་ནི་ཞེས་ཏེ། འདིར་འཇུག་སྒོ་ལ་སོགས་པ་དམིགས་ཀྱིས་བསལ་ན། འཇུག་པའི་སྒོ་ནིི་བསྐྱེད་པའི་ཚུལ་མ་ཧཱ་སྟེ། དཀྱིལ་འཁོར་རྟེན་དང་བརྟེན་པ་རིམ་གྱིས་བསྐྱེད་པའི་ཚུལ་གྱིས་མཉམ་སུ་བླང་བ་ནི། ལྟ་བ་རིག་པ་ཉིད་ཆོ་འཕྲུལ་ལ་བརྒྱུད་དེ་ཕུང་པོ་ཁམས་སྐྱེ་མཆེད་དུ་སྣང་བར་རྟོགས་པའི་ཚུལ་གྱིས་སོ། །དེས་ན་སྣང་བ་ཐམས་ཅད་རིག་པའི་ཆོ་ཕྲུལ་ལྟར་སྣང་བ་དང་། དཀྱིལ་འཁོར་ཡང་ཞི་ཁྲོ་གཉིས་ལ་རིགས་ལྔ་རེ་རེས་གཙོ་བོ་བྱས་པ་དང་། གདུལ་བྱ་དང་མཐུན་པར་སྣོད་བཅུད་རིམ་པ་བཞིན་དུ་བསྐྱེད་པ་དང་། ལྷ་ཆེད་འཛིན་ཆེ་བ་དང་སྤྱོད་པ་བླང་དོར་མེད་པ་ཆེད་དུ་བླང་བ་དང་། སྤྱོད་པའི་དངོས་པོས་ཟག་མེད་ཉམས་སུ་མྱོང་བར་བྱེད་པ་རྣམས་ཏེ་མ་ཧཱའོ། །རྟེན་གྱི་གང་ཟག་ནི། རབ་གསུམ་གྱི་ཐ་མ། འབྱོར་པ་དང་བརྩོན་འགྲུས་དང་བརྟུལ་ཞུགས་ཆེ་བ། ཤེས་རབ་གོང་མ་གཉིས་ཙམ་མི་ནུས་པས་མ་ཧའི་དོན་རྟོགས་པའི་ཤེས་རབ་དང་ལྡན་པའོ། །དེ་ནི་ཏིང་ངེ་འཛིན་སྟོན་པའི་ཤུགས་ཀྱིས་ཤེས་ཏེ་རྟེན་ནོ། །རྟེན་དེས་རྟོགས་པའི་ལྟ་བ་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚད་མ་རྣམས་ཀྱི་གཞལ་བ་ཡོ་ག་མན་ཆད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ། ལྷག་པའི་དོན་དམ་དང་། ཀུན་རྫོབ་དང་། དབྱེར་མེད་དང་གསུམ་སྟེ། ལྷག་པའི་དོན་དམ་པ་འཁོར་འདས་ཐམས་ཅད་ཀྱི་ངོ་བོ་སེམས་ཉིད་མཐའ་བྲལ་ཅིའང་མ་ཡིན་པ་ལས། ཡེ་ཤེས་ལྔ་དང་། དབྱིངས་ཡེ་ཤེས་གཉིས་ཏེ་དཀོར་བདུན་ལྷུན་གྱིས་གྲུབ་པ་སྟེ། རྒྱུད་ལས། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་པས་སོ། །ལྷག་པའི་ཀུན་རྫོབ་ནི། རིག་པ་དེ་ཉིད་ཀྱི་འཕྲུལ་མ་གྲུབ་བཞིན་ཅིར་ཡང་མི་འགགས་པར་འཆར་བས་དོན་བྱེད་ནུས་པའི་མཚན་ཉིད་དང་ལྡན་པས་སྒྱུ་མ་ལྟ་བུ་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་རིགས་ལྔ་དང་། ཡུམ་ལྔ་དང་། སེམས་དཔའ་དང་སེམས་མའི་ངོ་བོར་ལྷུན་གྱིས་གྲུབ་པ་མཉམ་པ་ཉིད་དུ་འཆར་བ་སྟེ། རྒྱུད་ལས། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། ཞེས་སོ། །དབྱེར་མེད་ཀྱི་དོན་དེ་གཉིས་ཚིག་ལ་སྔ་ཕྱི་བྱུང་ཡང་། དོན་ལ་དབྱེར་མེད་པ་ཆུ་དང་གཤེར་པའམ་མར་དང་སྣུམ་བཞིན་ཏེ། གཅིག་ཆོད་དུ་ཆོད་པའི་དུས་སུ་གཞལ་བའི་ངོས་ནས་གོང་མ་གཉིས་ཡིན་ཀྱང་། རྟོགས་པའི་ངོས་ནས་ཕྱོགས་ཀྱི་ཞེ་འདོད་ཕྲ་བའང་མེད་པའོ། །དབྱེར་མེད་ཀྱི་གཏན་ཚིགས་ནི། རྒྱུད་ལས། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། བདག་དང་གཞན་དུ་དབྱེར་མེད་དེ། རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ། །ཞེས་སོ། །ལྟ་བ་གཏན་ལ་ཕེབས་པའི་ངོ་བོ་ནི། རྒྱས་པ་ལས། ལྟ་དང་ལྟ་བར་བྱ་མེད་པའི། ཡེ་ཤེས་སྒྲོན་མ་སྤྲིང་པ་ཡི། །ཕྱོགས་བཅུའི་སྟོང་ཁམས་ཐམས་ཅད་མཐོང་། ཞེས་སོ། ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་རྣམ་པ་གསུམ་ཞེས་པ་ལ་སོགས་པ་སྟེ། དེ་ཡང་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏིང་དང་། རྒྱུ་ཏིང་རྣམ་པ་གསུམ་སྟེ། ལྷག་པའི་དོན་དམ་སེམས་ཉིད་ཅིར་ཡང་མ་ཡིན་པ་ཐ་སྙད་ཐམས་ཅད་དང་བྲལ་བའི་ངོ་བོ་ཡིན་པའི་རྟགས་སུ་དེ་ཏིང་བསྒོམ། སེམས་སྤྲོས་པ་དང་བྲལ་བ་དེ་ཏིང་ཉིད་ཆོ་འཕྲུལ་སྣང་བའི་ངོ་བོ་ཉིད་ཅིར་དུ་བཞུགས་པའི་ཕྱིར། རིག་པ་གསལ་ལ་འགགས་པ་མེད་པ་ཕྱི་ནང་གི་ཆོས་ཐམས་ཅད་དུ་སྣང་བ་ཀུན་ཏིང་བསྒོམ། དེ་ཉིད་ཆོ་འཕྲུལ་དུ་རང་ཤར་བའི་ཕྱིར་སེམས་ཡིག་འབྲུ་གང་ཡིན་པའི་རྣམ་པར་གསལ། ཏིང་ངེ་འཛིན་རྣམ་གསུམ་ལ་གྲངས་ངེས་པའི་རྒྱུ་མཚན་དང་། གོ་རིམ་ངེས་པ་དང་། དགོས་ཆེད་དང་གསུམ་གྱིས་བསྟན་ཏེ། །གྲངས་ངེས་པ་ནི། གསུམ་བས་མང་ཡང་མི་དགོས་ཉུང་ཡང་མ་ཆོག་སྟེ། ངོ་བོ་ལ་སྣང་སྟོང་དབྱེར་མེད་གསུམ་དང་། འབྲས་བུ་སྐུ་གསུམ་དང་། ལམ་པས་བློ་སྦྱངས་པ་ལའང་དེ་དང་མཐུན་པས་གསུམ་དུ་ངེས་པའི་རྒྱུ་མཚན་ནོ། །གོ་རིམ་ངེས་པ་ནི། མ་ཧཱ་བས་སྟོང་པ་ཆེན་པོའི་ངང་ལས་སྙིང་རྗེ་ཆེན་པོའི་ཉམས་མི་འགགས་པར་འཆར། དེ་ལ་རིག་པའི་ཆོ་འཕྲུལ་དུ་འཆར་བ་དང་། འབྲས་བུའི་སྐབས་སུ་ཡང་། ཆོས་སྐུ་ལས་ལོངས་སྐུ། དེ་ལས་སྤྲུལ་སྐུ་འཆར་བས་ན་གོ་རིམ་ངེས་པའོ། །དགོས་ཆེད་གསུམ་ལས། དེ་ཏིང་གི་དགོས་ཆེད་ནི། གང་གིས་གླང་ཆེན་མྱོས་འདྲའི་སེམས། མཉམ་པར་བཞག་པས་བརྟུལ་ནས་སུ། ཞེས་པས་རིག་པ་གཟུང་འཛིན་གྱི་ཆང་གི་མྱོས་པས་གླང་པོ་ཆེ་སྨྱོན་པ་འདྲ་བས་མཐོ་རིས་དང་ཐར་པའི་ཆ་ཐམས་ཅད་བརླག་པར་བྱེད་པ་སྟེ། གླང་རྫིས་ལྕགས་ཀྱུས་བཟུང་སྟེ་དུལ་ནས་གར་བསྒྱུར་དབང་ཡོད་པ་དང་འདྲ་བར། གདམས་ངག་གིས་སྟོབས་ཀྱིས། དེ་ཏིང་ལ་མཉམ་པར་བཞག་སྟེ་དེ་ལ་བརྟན་ན་རིག་པ་ཅིར་ཡང་དབང་བསྒྱུར་དུ་ཡོད་པའི་དགོས་ཆེད་དོ། །ཀུན་ཏུ་སྣང་གི་དགོས་ཆེད་ནི། ཡོངས་ལ་སྙོམས་པས་སྙིང་རྗེའི་ཡུམ། ཞེས་པས་རིག་པ་གསལ་ལ་འགགས་པ་མེད་པ་ཆོས་ཐམས་ཅད་མཉམ་པའི་ངོ་བོ་ཕྱོགས་ཞེན་མི་མངའ་བར་སྙོམས་པ་ནི། ཆོས་ཐམས་ཅད་དང་མི་ཕྱེད་ཅིང་དབྱེར་མེད་པའི་དོན་གྱིས་སྙིང་རྗེ་ཞེས་བྱ་ལ། དེ་ཉིད་ཆོས་ཐམས་ཅད་བསྐྱེད་པའི་བདག་ཉིད་དུ་གྱུར་པས་དཀྱིལ་འཁོར་ཡང་སྣང་བའི་གཞི་ཡིན་པས་ཡུམ་མོ། །རྒྱུ་ཏིང་གི་དགོས་ཆེད་ནི། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། ཞེས་པས། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་མ་འགགས་པ་ཉིད་ཐབས་རྒྱུའི་ཡེ་གེར་སྣང་། དེ་ལས་ཐབས་བྱུང་སྟེ་གཞལ་ཡས་ཁང་འོག་གཞི་དང་བཅས་པར་གྲུབ་པ་ལ། ཐབས་བསམ་ཡས་བརྟེན་པ་གཙོ་འཁོར་རྒྱན་དང་བཅས་པ་འོད་ཟེར་དང་བཅས་པ་སྣང་བའི་དགོས་ཆེད་དོ། །རིམ་གྱིས་བསྐྱེད་ཅིང་ཞེས་པས། ཐབས་བྱུང་སྟོན་ཏེ་རྒྱུ་ཡི་གེ་ལས་བྱུང་བའི་རིམ་བརྩེགས་ནི་ནམ་མཁའ་ནས་རི་རབ་ཀྱི་བར་འོག་གཞི་བསྐྱེད་པ་དང་། བཞུགས་གནས་གཞལ་ཡས་ཁང་ཡང་སོ་སོའི་གཞུང་བཞིན་དུ་རིམ་གྱིས་རིག་པ་སྣང་བར་བྱས་པ་ལ། བསྐྱེད་ཅེས་བྱའོ། །ཅིང་ཞེས་ཏེ་འོག་མའི་མགོ་འདྲེན་ཏེ། ཐབས་བསམ་ཡས་བརྟེན་པ་ལྷའི་འཁོར་ལོ་ནི། དཀྱིལ་འཁོར་རིམ་གྱིས་བཀོད་ཅེས་པ། གནས་དེར་རྒྱུའི་ཡི་གེ་ལས། ཆོ་འཕྲུལ་བཞིས་བསྐྱེད་ཏེ། བསྐྱེད་པའི་ཆོ་འཕྲུལ་གྱིས། དཀྱིལ་ནི་གཙོ་བོ་འཁོར་མང་ཉུང་རྣམས་གསང་གནས་ནས་འདོན་རྟ་རིམ་གྱིས་བཀོད་དོ། །ནས་ཀྱི་སྒྲས། ཡེ་ཤེས་ལྔས་དབང་བསྐུར་བ་དང་། སྐུ་གསུང་ཐུགས་གསུམ་བྱིན་གྱི་བརླབ་པ་དང་། ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་རྣམས་བྱས་ནས། མཆོད་བསྟོད་ཀྱི་བར་མཆོད་པའི་ཆོ་འཕྲུལ་རྣམས་རྫོགས་པའོ། །བསྒོམ་པས་ཞེས་པས། དེ་ལྟ་བུའི་ངང་ལ་རྒྱུན་དུ་གནས་པ་དང་། རིམ་གྱིས་བསྐྱེད་པའང་སྟོན་ནོ། །དེ་ནི་ནར་མའི་ལུགས་སོ། །ཡང་ན། བསྙེན་བསྒྲུབ་རྣམ་པ་བཞིའི་དུས་སུ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རིམ་གྱིས་བྲིས་ཏེ་བཀོད། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རིམ་གྱིས་བསྒོམ་སྟེ་བཀོད། ཡེ་ཤེས་ཀྱི་དཀྱིལ་འཁོར་རིམ་གྱིས་སྤྱན་དྲངས་ནས་བསྟིམ་སྟེ་བཀོད་ནས། མཆོད་བསྟོད་དང་བཟླས་པ་དང་། སྒྲུབ་པ་ཆེན་པོའི་བར་རྣམས་ལ་ནི་བསྒོམ་པས་ཞེས་བྱའོ། །དེ་ལྟར་ལམ་གྱི་གཞི་ལྟ་བ་དང་། ལམ་རང་གི་ངོ་བོ་ཏིང་ངེ་འཛིན་གྱིས་བསྟན་ནས། སྒྲུབ་པའི་གཞི་དམ་ཚིག་ནི། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཞེས་པ་དང་། གཏི་མུག་ཆགས་དང་ཞེ་སྡང་ཆེ། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེ། །དག་པའི་སྣོ་ཆུ་མི་དོར་རོ། །ཞེས་པ་དང་། ཡང་། རྩ་བའི་དམ་ཚིག་ལྔ་ལ་ནི། གཅིག་ལའང་བཅུ་ཕྲག་ལྔ་རུ་དབྱེ། ཡན་ལག་དམ་ཚིག་ལྔ་གཉིས་ལའང་། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། ཞེས་པ་དང་། ཡང་། མཉམ་ལ་མཉམ་པར་སྦྱོར་བ་ཡི། མཉམ་པའི་དམ་ཚིག་ལ་གནས་པས། ཞེས་པས་རིམ་པ་བཞིན་དུ་མདོར་བསྡུ་ན། མཉམ་པའི་དམ་ཚིག་གཅིག །དེ་ལས་སྤྲོས་ན་རྩ་བ་ལྔ། ཡན་ལག་བཅུ། དེ་ལས་སྤྲོས་ན་སུམ་བརྒྱ་དྲུག་ཅུ་སྟེ། དམ་ཚིག་རྒྱས་བསྡུས་དགུ་ལས་གསུམ་དུ་དབྱེ་བ་འདི་རྩ་རྒྱུད་ཀྱི་ལུང་གིས་ཁས་བླངས་པའོ། །ཡང་ན་མན་ངག་གཞུང་གིས་སྒེགས་རྡོར་གྱི་གསལ་བཀྲའམ། སྠི་ར་མ་ཏིའི་ཉེར་བརྒྱད་པ་བཞིན་ནོ། །སྤྱོད་པའི་ཁྱད་པར་ནི། ལྷ་མོ་ཀླུ་མོ་རིགས་ངན་མོ། །ཞེས་པ་དང་། ཐོག་མར་བདག་ཉིད་རྟོགས་སྒོམ་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །ཞེས་པས། ཡུལ་དང་འཕྲད་པས་སྤྱོད་པ་ལྔ་པོ་དང་། བླང་དོར་མེད་པའི་སྤྱོད་པ་ལྔ་ལ་སོགས་པ་ནི་སྤྱིར་བསྟན་ལ། ཁྱད་པར་དུ་ནི་ལམ་གྱི་སྤྱོད་པ་རྣམས་ཏེ། དད་བརྩོན་གྱི་སྤྱོད་པ་དང་། ཤེས་རབ་དང་མཐུན་པ་དང་། ཕྱོགས་གཅིག་པ་དང་། ཡང་རྒྱུད་ལས། ཡན་ལག་དབང་པོ་རྣམ་ཤེས་ཀུན། །རྣམ་སྨིན་མཱུྃ་དུ་ཤིས་པར་བྱ། ཞེས་པས། ཚོགས་ཀྱི་སྤྱོད་པ་རྣམས་སོ། །འགྲུབ་པའི་ཡུན་ནི། འདིར་ཚེ་གཅིག་གིས་འགྲུབ་ཏེ། འདིར་རྟོགས་སུ་རུང་བའི་རྟེན་གྱི་གང་ཟག་གཅིག་གིས་བླ་མ་ཚད་དང་ལྡན་པ་གཅིག་ལ་དབང་ཞུས། གདམས་ངག་ཚུལ་བཞིན་དུ་མ ནོས་ནས། ལམ་གྱི་གཞི་མ་ལྟ་བ་ཡིན་པ་རྟོགས་པ་འདིང་དང་ལྡན་པ་སྔོན་དུ་སོང་། །ཏིང་ངེ་འཛིན་རྣམ་པ་གསུམ་རིམ་པ་བཞིན་དུ་གོམས་པ་ལ། བརྟེན་ནས་གོང་མའི་གོང་མ་ལ་ཞུགས་ཏེ། སྤྲོས་པའི་དཀྱིལ་འཁོར་ལ་བརྟན་པ་ཐོབ་ནས་ཏིང་ངེ་འཛིན་འགལ་རྐྱེན་རྣམ་པ་ཐམས་ཅད་དུ་མེད་ན། ལས་ཀྱི་སྒྲིབ་པ་ཕྲ་བའང་མ་ལུས་པར་དག་སྟེ། དེའི་ངོས་ནས་ཚོགས་ལམ་ཆེན་པོ་དང་སྐལ་པ་མཉམ། དེ་ནས་ཆོ་ག་ལྔ་ལ་སོགས་པའི་ཚོགས་ཀྱི་ཡན་ལག་རྣམས་ཚང་ནས་མཉམས་འཇུག་ལ་རབ་བརྩོན་ཞེས་པས། དམ་ཚིག་མཉམས་པར་ཚོགས་ཀྱི་གཞུང་བཞིན་དུ་བསྒྲུབ་པ་བྱས་ན། བློ་རབ་ཟླ་བ་དྲུག །འབྲིང་བཅུ་གཉིས་སམ་བཅུ་བཞིའམ་བཅུ་དྲུག་གིས་རིག་འཛིན་གྱི་མཆོག་གྲུབ་པ་ནི། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཞེས་ཏེ། ཚེ་དབང་དང་རྣམ་སྨིན་གཉིས་ཀའི་ཐོབ་ཚུལ་ལོ། །ཐོབ་ཚུལ་དེ་གཉིས་ཀྱིས་ཟག་པ་མེད་པ་མངོན་དུ་བྱས་ཏེ། དབུགས་ཕྱིན་པ་ནི་ཉོན་མོངས་པའི་སྒྲུབ་པ་གཏན་ནས་དག་པའོ། །དེ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་སྒོམ་ལམ་པ་ཤེས་བྱའི་སྒྲིབ་པ་ཕྲ་རགས་རྣམས་དག་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་སྟེ། དགོངས་པ་ལྟར་སྣང་ལ། བློ་དམན་རིང་ལྟར་ཐོགས་ནའང་ལོ་སྟོང་དྲུག་བརྒྱས་མཐར་ལམ་ལ་སྦྱར་ཏེ། དེའང་དབང་པོའི་བྱེ་བྲག་གིས། བརྒྱ་དོར་གཅིག་མར་མཐར་འགྲོ་བའོ། །ཞེས་པས། ཚེ་དབང་རིག་འཛིན་ཐོབ་ཅིང་ཕྱག་རྒྱ་ཆེན་པོ་ལ་མི་གནས་པས་མཐར་ལམ་དུ་སྦྱོར་བ་དང་། ལོ་བརྒྱ་ཙམ་གྱིས་མཐར་ལམ་ལ་སྦྱོར་བ་སྟེ། ཤེས་རབ་ཀྱི་རྩལ་མཐོ་དམན་གྱིས་དབྱེའོ། །རིག་འཛིན་གྱི་གནས་ནི། ལྷ་དང་མི་དང་ཚངས་པ་ཡིས། སྐྱེ་བ་རྣམ་དང་འཛིན་མོད་ཀྱང་། ཞེས་བརྗོད་པས། མིའི་རྒྱལ་པོ་ལ་སོགས་པ་དང་། འདོད་ཁམས་ཀྱི་ལྷ་དང་། ཚངས་པའི་འཛིན་རྟེན་དུ་གནས་པ་ནི་གཞན་དོན་མཛད་པའི་ངོར་རོ། །དེ་ལ་ནི་ཚེ་གཅིག་གིས་སངས་རྒྱས་ཞེས་བྱ་སྟེ། བརྒྱ་ཙམ་གྱིས་མཐར་ལམ་ལ་སྦྱོར་རོ། །ཟག་བཅས་ཀྱི་ལུས་ཀྱིས་ཟག་མེད་ཚེ་དབང་ལ་སྦྱོར་བ་དང་། སློབ་དཔོན་པདྨའམ། རི་ཁྲོད་པ་ལྟ་བུ། དེ་ལ་སྐྱེས་འཇིག་མེད་པའི་ལུས་ཀྱིས་འབྲས་བུ་ལ་སྦྱོར་བའོ། །གྲུབ་པའོ་ཞེས་པས། འབྲས་བུ་སངས་རྒྱས་ཀྱིས་བསྟན་ཏེ། མཐར་ལམ་སྐྱེས་བུ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་དབང་བསྐུར་ནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་སྐུ་གསུང་ཐུགས་དབྱེར་མེད་མཛད་པའི་ཆོ་འཕྲུལ་ཡང་ཁྱད་པར་མེད་པ་ནི། རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་ལྷུན་གྱིས་གྲུབ་པའོ། །རྗེས་སུ་རྣལ་འབྱོར་གསུམ་གྱི་དང་པོ་ལྟ་བ་བསྟན་ཏེ། དེའི་ཡང་དང་པོ་འཇུག་པའི་སྒོ་ནི། རྫོགས་པའི་ཚུལ་ཞེས་པ། འབྲུ་གོང་དུ་བཤད་ལ། དེ་སྟོན་བར་བྱེད་པའི་ཐེག་པ། །ལུང་ཨ་ནུ་ཡོ་ག་སྟེ། དོན་དབྱིངས་དང་ཡེ་ཤེས་སྐད་ཅིག་མ་ལ་ལྷུན་གྱིས་གྲུབ་ཀྱང་རྒྱུ་འབྲས་ཙམ་དུ་སྟོན་པ་ནི་འཇུག་སྒོའོ། །ཡུལ་དེའི་ཡུལ་ཅན་ཤེས་རབ་ཀྱི་འབྲིང་ལུང་གི་དོན་དེ་ཉིད་རྟོགས་ནུས་ལ། བརྩོན་འགྲུས་དང་བརྟུལ་ཞུགས་དང་སྤྱོད་པ་དང་ཡོ་བྱད་རྣམས་མ་ཧཱ་བཞིན་དུ་ཆེད་དུའང་མི་འཛིན་རྫོགས་པ་ཆེན་པོ་བཞིན་དུ་གཏན་རག་མི་ལས་པ་ལྟ་བུའང་མ་ཡིན་ཏེ། འོན་ཀྱང་འཚོགས་པའི་རྒྱུད་ལོངས་སྤྱོད་པ་མ་ཧཱ་དང་མཐུན་ནོ། །ལྟ་བ་ནི་དོན་དམ་པར་སྐྱེ་འགག་མེད་པའི་ཞེས་པ་ལ་སོགས་པ་སྟེ། འདིར་ཐ་སྙད་ལ་དོན་དམ་པ་ཞེས་བརྗོད་ཀྱང་འོག་མ་རྣམས་ཀྱི་དོན་དམ་པ་དང་མི་འདྲ་སྟེ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་ལ་ཐ་སྙད་དུ་དོན་དམ་པ་ཞེས་བྱ་སྟེ། ཤེས་བྱ་ཐམས་ཅད་ཀྱི་དོན་མཐར་ཐུག་པའི་ངོ་བོ་གཞིའི་དུས་ན་མ་རྟོགས་པ་འཁོར་བའི་ཆོས་ཐམས་ཅད་ཀྱི་འབྱུང་གཞི། ལམ་གྱི་དུས་ན་ལམ་པ་རྣམས་དམིགས་པར་བྱ་བའི་ཡུལ་ལམ་གོང་དུ་འཕགས་ཤིང་འབྲས་བུ་ལ་སྦྱོར་རབ་ནུས་པའི་གཞི། འབྲས་བུ་ཆོས་ཀྱི་སྐུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་ཁུངས་སུ་བཞུགས་པ་ལ་ནི་དོན་ཞེས་བྱ་ལ། དེ་ཉིད་དངོས་གཞི་ཐམས་ཅད་དང་བྲལ། དེའི་དབང་གིས་དུས་གསུམ་དུ་མི་གཡོ་ལ་དེར་ཅིར་ཡང་ཆར་བའི་བདག་ཉིད་དུ་གྱུར་པས་ནི་དམ་པ་སྟེ་ངོ་བོ་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་རྒྱུ་རྐྱེན་ཐམས་ཅད་དང་བྲལ་བཞིན་སྐད་ཅིག་མ་དམིགས་པའི་སྐྱེ་བར་མ་གྲུབ། དེར་འགགས་པར་སྣང་བ འང་མི་གནས་པས་ན་སྐྱེ་འགགས་མེད་ཅེས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཞབས་སྡུད་དོ། །ཡང་ཡེ་ཤེས་ཀྱི་མགོ་འདྲེན་ཏེ། སྐྱེ་འགག་མེད་པའི་ཞེས་པས། ཆོས་ཀྱི་དབྱིངས་ཉིད་མི་འགགས་པར་སྣང་བའི་འགྲོ་བའི་ངོ་བོ་ལ་སྣོད་བཅུད་དང་ལས་དཀར་ནག་དང་བདེ་སྡུག་ལ་སོགས་རྣམས་དང་། ལམ་པའི་ངོར་ལྟ་སྤྱོད་སྒོམ་པ་ལ་སོགས་པ་ལམ་གྱི་ཆོས་དང་། འབྲས་བུ་ལ་རྒྱན་གྱི་འཁོར་ལོ་ཉེར་ལྔ་ལ་སོགས་པ་རྣམས་གསལ་ལ་འགགས་པ་མེད་པའི་ངོས་ནས་ཡེ་ཤེས་ཞེས་བྱ་སྟེ། དེ་ནི་ཆོས་ཀྱི་དབྱིངས་ཉིད་མེད་ལ་ཟད་མི་ཤེས་སྟོང་ལ་ཐམས་ཅད་འབྱུང་སྟེ། དེ་ཉིད་གསལ་ལ་འགགས་པ་མེད་པ་རང་བྱུང་གི་ཡེ་ཤེས་རང་རིག་པ་ཉིད་ཡིན་པས་མ་ཧཱ་བ་བཞིན་རིག་པའི་ཆོ་འཕྲུལ་སྣང་ཞེས་ཀྱང་ཁས་མི་ལེན་ཏེ། རིག་པ་ཉིད་རྒྱུ་རྐྱེན་དང་བྲལ་བ་རང་སྣང་བ་ལས་སྐྱེ་ཞེས་བྱ་བའི་ཐ་སྙད་གདགས་གཞི་མེད་ལ། དེ་ཉིད་ཀྱི་ངང་ལས་མ་འགགས་པ་གཏན་ནས་དག་པས་འགགས་པ་མེད་པའི་ཞེས་ཏེ། ངོ་བོ་གང་ཞེ་ན། ལྷ་དང་ལྷ་མོ་ཞེས་པས་ཕུང་པོ་ལྔ་རིགས་ལྔའི་ངོ་བོ་དང་། འབྱུང་བ་ལྔ་ཡུམ་ལྔའི་ངང་ཉིད་དེ་ལྷ་མོ་དང་། ཁམས་དང་སྐྱེ་མཆེད་སེམས་དཔའ་དང་སེམས་མའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་སྟེ། གསལ་བའི་ངོས་ནས་ཡེ་ཤེས་ཞེས་བྱའོ། །དང་གི་སྒྲས་སེམས་དཔའ་དང་སེམས་མའི་དཀྱིལ་འཁོར་རྣམས་ཀྱང་བསྡུས་ལ། ཏིང་ངེ་འཛིན་གྱི་མགོ་འདྲེན་ནོ། །དེ་ལྟར་ལྟ་བ་བསྟན་ན ས། སྒོམ་པའི་ངོ་བོ་ནི། །རྣམ་པར་མི་རྟོག་པའི་དོན་ཞེས་པ་ལ་སོགས་ཏེ། གོང་མ་ལྟ་བུ་བཞིར་བཞུགས་པ་ལས། ཐ་སྙད་ཀྱི་རྣམ་པ་གང་དུའང་མི་རྟོག་སྟེ། རིག་པའི་ཡེ་ཤེས་གསལ་ལ་འགགས་པ་མེད་པ་ཕྱི་ནང་ཆོས་སྣ་ཚོགས་སུ་གསལ་བས་ནི། མེད་པའི་རྣམ་པར་མི་རྟོག །སྣང་ཙམ་ཉིད་ན་ཆུ་དང་གཤེར་བ་བཞིན་ཆོས་ཀྱི་དབྱིངས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ངང་ལས་མ་གཡོས་པས་མེད་པའི་མཐར་མི་རྟོག །དེ་ལྟ་བུའི་དོན་ལྷུན་གྱིས་གྲུབ་པ་ལ་ནི་ཡོད་མེད་དང་སྣང་སྟོང་ཟང་ངན་ལ་སོགས་པའི་ཕྱོགས་འཛིན་གྱི་མཐའ་མ་སྤང་བྲལ་བ་ཙམ་ལ་དབུ་མ་ཞེས་བརྗོད་དོ། །དེ་ཉིད་ནི་གཞིའི་བདག་ཉིད་མེད་ལ་ཟད་མི་ཤེས་སྟོང་ལ་ཐམས་ཅད་འབྱུང་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་བཞུགས་པ་ལ། ཕྱོགས་ཞེན་གྱི་ཆེད་འཛིན་ཕྲ་བའི་ཕྲ་བའང་མི་མངའ་བས་ནི་ནམ་མཁའ་ནམ་མཁའ་ལས་མི་འདའ་བ་བཞིན་ནོ། །གཞི་དེ་ཉིད་མ་ཧཱ་བཞིན་ཏིང་ངེ་འཛིན་རིམ་བསྐྱེད་ཀྱི་ཞེན་པ་མེད་དེ་མཚོ་དྭངས་པ་ལ་གཟུགས་བརྙན་ཤར་བ་བཞིན་མ་འགགས་པའམ། ལྷག་པའི་ཀུན་རྫོབ་ཏུ་འཕགས་པ་ཞེས་པས། ལོངས་སྐུ་ཞི་བ་དང་ཁྲོ་བོ་གསལ་ལ་མ་འདྲེས་པ་མཐའ་གཉིས་ཀྱིས་མགོས་པའོ། །གཟུགས་སྐུ་ཞེས་པས། གདུལ་བྱའི་ངོ་བོ་ལ་སྣང་ཞིང་ལམ་པའི་རིག་པའི་ངོ་བོ་མཚན་དཔེས་བརྒྱན་པའི་ཚུལ་དུ་གྲུབ་པའོ། །ཡང་ཞེས་པས་གོང་གི་གཉིས་ཀྱང་གཅིག་སྟེ། ཀྱང་གིས་ནི། གཞི་བསྟན་ཏེ་ཆུ་ཟླ་ལྟ་བུ་ལ། ཡང་གིས་ནི་གཞི་ཅན་བསྟན་ཏེ་གཟུགས་བརྙན་ལྟ་བུ་རིགས་ལྔ་གཅིག་ཏུ་འཚོགས་པའི་དཀྱིལ་འཁོར་ཞི་བ་ཞེ་གཉིས་མ། ཁྲོ་བོ་ང་བརྒྱད་ལ་སོགས་པ་རྐྱེན་སྔགས་ཀྱི་སྟོབས་ཀྱིས་གསལ་བ་ནི། སོ་སོ ར་སྐུ་མདོག་དང་ཕྱག་མཚན་རྒྱན་དང་ཆ་ལུགས་མ་འདྲེས་པར་གསལ་ཏེ། ཡི་གེ་མངོན་དུ་བྱུང་ན་ཡང་། ཞེས་པ་ལྟ་བུའོ། །བསྒོམ་ཞིང་ཞེས་པ། དོན་གྱི་ངོ་བོ་ལ་དུག་གསུམ་དུ་མི་འགྱུར་ནས་འགལ་རྐྱེན་སྤངས་མཐུན་རྐྱེན་བརྟེན་པའོ། །ཞིང་ཞེས་པ་གང་ཞེ་ན་བརྟེན་པ་ལྟ་བུ་སྟེ། མཉམ་ལ་མ་འདྲེས་ཞེས་པ་གོང་གི་དབུ་མ་ཆོས་ཀྱི་དབྱིངས་ལས་ཀྱང་མ་གཡོས། འཕགས་པའི་གཟུགས་སྐུའམ། གསལ་བ་གཉིས་གཅིག་ཏུ་ཚོགས་པའི་རིག་པ་ལ་ཕྱོགས་ཞེན་གྱི་འཛིན་པ་མེད་པ་སྟེ། དབྱིངས་ཡེ་ཤེས་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པའི་ངང་ལས་མ་གཡོས་ལ་ལམ་པའི་ངོར་སྐུའི་མཚན་ཉིད་རྟེན་དང་བརྟེན་པར་བཅས་པ་རྣམས་སོ་སོར་གསལ་བ་ལ་མ་འདྲེས་པ་ཞེས་བརྗོད་དོ། །ཡང་མཉམ་ལ་མ་འདྲེས་ཞེས་བརྗོད་པས་འདིར་སྤྱོད་པ་ཚོགས་བསྒྲུབ་ལ་ལམ་སྟེགས་མི་འཆའ་སྟེ། སྤྱོད་པའི་ངོ་བོ་དང་པོ་འཇུག་པའི་ཏིང་ངེ་འཛིན་ནས་སློབ་པས་ཏིང་ངེ་འཛིན་དང་། སྤྱོད་པ་དང་ཕྱི་ནང་གི་ཆོས་ཐམས་ཅད་ཕྱོགས་ཞེན་དང་བྲལ་བ་མཉམ་ལ་མ་འདྲེས་པའི་དགོངས་པ་ཉིད་ཐོག་མཐར་དགོངས་པ་འབའ་ཞིག་གིས་འབྲས་བུ་ལ་སྦྱོར་བར་བྱེད་བས་ན། བསྒོམ་པས་ཞེས་བྱའོ། །དེས་ན་འདི་ལ་ཟག་བཅས་ཟག་མེད་ཀྱི་ལམ་གྱི་ཐད་སོ་རྣམས་ཡོད་ཀྱང་ཟག་མེད་སྤྱོད་པ་ལ་ལྟོས་པ་མེད། ལྟ་བ་ནི་དབྱིངས་ཡེ་ཤེས་དབྱེར་མེད་རྟོགས། ཏིང་ངེ་འཛིན་ལའང་དེ་ལྟར་བསྒོམ་སྟེ་མཐར་ཕྱིན་པ་ཉིད་འབྲས་བུར་བཞེད་དོ། །དམ་ཚིག་ནི་མ་ཧཱའི་དམ་ཚིག་རྣམས་ཀྱི་ཐོག་ཏུ་ལུང་གི་བརྟུལ་ཞུགས་ཀྱི་དམ་ཚིག་དང་། དགྲ་བཞི་འདུལ་བ་དང་། བདུད་ལྔ་ལས་བཟློག་པ་ལ་སོག་པ་རྣམས་སོ། །སྤྱོད་པ་ནི། མ་ཧཱ་བཞིན་ཆེད་དུའང་མི་ལེན་ཡང་བདག་གཞན་གྱི་དོན་ནམ་དགོས་པའི་སྐབས་སུ་མ་ཧཱའི་སྤྱོད་པ་རྣམས་ཐུན་མོང་ཡིན་པས། ལྟ་སྒོམ་གཉིས་རྫོགས་པ་ཆེན་པོའི་རྗེས་སུ་ཞུགས། སྤྱོད་པ་མ་ཧཱའི་རྗེས་སུ་ཞུགས་པས་རྗེས་སུ་རྣལ་འབྱོར་སྨོས་སོ། །འགྲུབ་པའི་ཡུན་ནི། སྐྱེས་བུ་རབ་ཀྱི་ཚེ་གཅིག་གིས་སངས་རྒྱས་ཀྱི་ས་ལ་སྦྱོར་བའང་ཡོད་ལ། འབྲིང་གིས་ཕྱི་མ་ལ་སྦྱོར། ཐ་མས་ཡང་ཕྱི་མ་ལ་སྦྱོར་ཏེ་ཚེ་གཅིག་གིས་འབྲས་བུ་ལ་སྦྱོར་ཞེས་བྱའོ། །གྲུབ་པའོ་ཞེས་པས། བདལ་བ་ཆོས་ཉིད་ཀྱི་ས་སྐུ་ལྔ་ལྷུན་གྲུབ་རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པ་ལྷུན་གྱིས་གྲུབ་པ་ནི་འབྲས་བུའོ། །དེ་ལྟར་ཡན་ཆད་དུ། མ་རྟོགས་པ་དང་། ལོག་པར་རྟོག་པ་འཇིག་རྟེན་ལྟ་བ་བཞི་སྟེ། མ་རྟོག་པ་ཕྱལ་པ་དང་རྒྱང་འཕེན་གཉིས་གྲུབ་མཐའ་ལ་མ་ཞུགས་པ་སོ་སོའི་སྐྱེ་བོའོ། །དེ་ཡང་ལམ་རིམ་འཇུག་གི་དབང་དུ་ན་ཕལ་པའི་སེམས་བརྒྱད་སྐྱེ་བར་བྱེད་པའི་གཞི་ཡིན་ལ། ལམ་རང་གི་ངོ་བོའི་དུས་སུ་ལོག་རྟོག་སྤང་བྱར་བསྟན་ཏོ། །ལོག་པར་རྟོག་པ་ནི། མུར་ཐུག་པ་དང་མུ་སྟེགས་པ་གཉིས་ཏེ། དེ་ཡང་མུར་ཐུག་ནི། ལོག་པའི་གྲུབ་མཐའ་ཁྲིད་ཀྱང་ཆད་པར་ལྟ་བ་བྱང་ཆུབ་ཀྱི་མྱུ་གུ་སྐེམས་པར་བྱེད་པས་སྤང་བྱ་འབའ་ཞིག་གོ། །མུ་སྟེགས་པ་ནི། རིམ་འཇུག་གི་དབང་དུ་ཕལ་པའི་སེམས་བརྒྱད་མཐར་ཕྱིན་པའི་དབང་དུ་སྦྱོང་བྱ་ཡིན་པས་འབྲས་བུ་ཚོལ་བ་ལ་ཞུགས་པ་ཡིན་ཏེ། མངོན་པར་བྱང་ཆུབ་པའི་རྒྱུད་ལས། མུ་སྟེགས་ཅན་ལ་སྨད་མི་བྱ། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །ཞེས་པས། འབྲས་བུ་ཚོལ་བ་བཞུགས་པའི་རིང་བའི་རྒྱུ་ཡིན་ཀྱང་ཐོག་ཏུ་མི་ཕེབས་པས་ལམ་གོང་མ་རྣམས་ཀྱི་སྤང་བྱའོ། །ཕྱོགས་རྟོགས་དམན་པ་གཉིས་ཀྱང་རིམ་འཇུག་གི་ངོས་ནས་ལམ་གྱི་ངོ་བོ་ཏེ་དེ་ཉིད་ལ་མ་བརྟེན་པར་གོང་མ་མཐོང་བའི་ཐབས་མེད་པས། སྐས་དང་མཚུངས་ཀྱང་དེ་ཉིད་ལ་ཞེན་ན་ལམ་གྱི་གོལ་ས་ཡིན་པར་ཐག་བཅད་དོ། །དེ་བཞིན་དུ་ཐེག་པའི་བྱེ་བྲག་རྣམས་འོག་མ་འོག་མ་ལ་བརྟེན་ཏེ། གོང་མ་གོང་མ་མཐོང་བས་ལམ་རིམ་ཡང་ཡིན་ལ། དེ་ཉིད་ལ་ཆགས་ན་གོང་མའི་གོལ་ས་ཡང་ཡིན་པས། མར་འདོད་པ་མྱོས་ཞོ་ལ་ཆགས་ཞེས་པ་ལྟ་བུའོ། །དེས་ན་འདིར་རིམ་པར་བསྟན་པ་ནི། རིམ་འཇུག་གི་ལམ་གྱི་ངོ་བོ་སྟེ། འོག་མ་འོག་མ་ལ་བརྟེན་ནས་གོང་མ་གོང་མ་མཐོང་བ་ས་བཅུ་བགྲོད་པ་ལྟ་བུའོ། །གཅིག་ཆར་བའི་ལམ་གྱི་གོལ་སར་བསྟན་ཏེ། ལམ་རིམ་པ་བཞིན་དུ་འོག་མ་རྣམས་ཆེད་འཛིན་ཕྲ་རགས་ཀྱི་རིམ་པ་དང་ལྟ་བ་མཐོ་དམན་གྱི་རིམ་པ་བཞིན་ནོ། །འོ་ན་གསང་སྔགས་ནི་ཚེ་གཅིག་གིས་སངས་རྒྱས། ཞེས་པ་ལ་རིམ་འཇུག་དང་ཁྱད་ཅིས་དབྱེ་ན། ཚེ་གཅིག་ཅེས་པ་ནི། གསང་སྔགས་སུ་ཞུགས་ནས་དབང་པོ་རབ་ཀྱི་ཡང་རབ་ཀྱི་དབང་དུ་བཏང་བ་ཡིན་ལ། དེ་ལྟ་བུའི་དོན་ཁྱད་པར་འཕགས་པ་དེ་སྔོན་དུ་ཚོགས་མང་པོ་མ་བསགས་པ་ལ་མི་སྣང་ཏེ། ཚོགས་ལམ་མཐར་མ་ཕྱིན་ན་སྤྲུལ་པའི་སྐུ་མི་མཐོང་ལ། མཐོང་ལམ་མངོན་དུ་མ་བྱས་ཚེ་ལོངས་སྐུ་མི་མཐོང་བ་བཞིན་ནོ། །དེས་ན་གསང་སྔགས་མཐོང་རྟོགས་ཀྱི་སྐལ་བ་དང་ལྡན་པ་ནི་སྔོན་དུ་ཚོགས་མང་པོ་བསགས་པ། །རྒྱུད་དང་བླ་མ་རྣམས་ཀྱིས་གསལ་ལ། སྤང་ཀོང་ལས་ཀྱང་། སངས་རྒྱས་གྲངས་མེད་སྔོན་མཆོད་པས། ད་ལྟར་བཅོམ་ལྡན་མཚན་ཐོས་སོ། །ཞེས་པས་སོ། །དེས་ན་རྒྱུད་ཚོད་མཐོ་དམན་གྱི་ཚོགས་བསགས་པའི་ངོ་བོ་རྣམས་ཐེག་པ་འོག་མ་རྣམས་སོ། །ཚོགས་མ་བསགས་པར་སངས་རྒྱས་ནི། ཨ་ཏིའི་སྟོན་པ་ཀུན་ཏུ་བཟང་པོས་ཀྱང་མ་གསུངས་སོ། །དེས་ན་རྫོགས་པ་ཆེན་པོ་ནི། ཐེག་པ་འོག་མ་རྣམས་ཀྱིས་བསྒྲུབས་པའི་འབྲས་བུ་མཐར་ཐུག་པའི་ངོ་བོ་འདི་མཐོང་བའི་ཐབས་དབང་པོའི་བྱེ་བྲག་དང་བསྟུན་ཏེ་འོག་མ་རྣམས་སུ་སྣང་བའོ། །འདི་ཉིད་ནི་སྐུ་ལྔ་ལྷུན་གྲུབ་རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པ་གཅིག་ཆར་དུ་སྟོན་པས་ལམ་མཐར་ཕྱིན་པའམ། དེ་དང་འདྲ་བའི་སྤྱོད་ཡུལ་ལོ། །ཞེས་གསུངས་སོ། །དེས་ན་གོང་མའི་ཞབས་སྡུད་དང་འདི་ཉིད་ཀྱི་མགོ་འདྲེན་དང་། འདི་ཉིད་ཐེག་པ་རྣམས་ཀྱི་འབྲས་བུའི་ངོ་བོར་བསྟན་ནས། ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། རྫོགས་པ་ཆེན་པོའི་ཚུལ་ནི་ཞེས་པ། འཇུག་པའི་སྒོ་ནི། ཕྱི་ནང་གི་ཆོས་ཐམས་ཅད་རང་སྣང་ཀུན་ཏུ་བཟང་པོའི་དགོངས་པ་ལྷུན་གྱིས་གྲུབ་པ་ལ་ལམ་རིམ་གྱིས་བགྲོད་པ་དང་བྲལ་བས། རྫོགས་པ་ཆེན་པོ་ཞེས་བྱ་སྟེ། འབྲུ་བཤད་པ་བཞིན་ནོ། །ཚུལ་ཞེས་པས་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་བསྟན་ཏེ། གང་ཟག་བློ་རབ་འབྲིང་དགུར་ཕྱེས་པའི་རབ་ཀྱི་ཡང་རབ་སྦྱངས་ཡུན་རིང་ཞིང་། བསླབ་པའི་མཐའ་བཅུ་མཐར་ཕྱིན་ཏེ་ལུང་མན་ཆད་ལ་སྦྱངས་པ་ཕུལ་དུ་བྱུང་བ་ཤེས་རབ་སྤོབས་པའི་འཕངས་མཐོ་བ་སྣོད་ཀྱི་ཡོན་ཏན་ཀུན་རྫོགས་པ། དབང་དང་དམ་ཚིག་ཏུ་འཛོམས་པས། བླ་མ་སྲོག་གི་ཕྱིར་ཡང་མི་གཏོང་བ་སྦྱངས་པ་ཕུལ་དུ་བྱུང་བ་ཤེས་རབ་དག་པའི་དགེ་བའི་བཤེས་གཉེན་དང་ངོ་བོ་ཉིད་ཀྱིས་མཇལ་བ་ས་བཅུ་པ་དང་སྐལ་པ་མཉམ་པའོ། །དེས་འཇུག་པར་བྱ་བའི་ཡུལ་རང་བཞིན་རྫོགས་པ་ཆེན་པོ་མདོར་བསྟན་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་ཞེས་པ་ནས། བསྒོམ་པའི་སྟེ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་འཇིག་རྟེན་ཉོན་མོངས་པ་རྒྱུ་འབྲས་ཀྱིས་བསྐྱེད་པའི་འཁོར་བའི་ཆོས་སྐྱེ་འཇིག་མ་ལུས་པ་ཐམས་ཅད་དང་། འཇིག་རྟེན་ལས་འདས་པའི་འབྲས་བུ་མྱ་ངན་ལས་འདས་པའི་ཆོས་ཡེ་ཤེས་རྒྱུ་འབྲས་བུ་སྣང་བའི་སྐུ་རིགས་རྒྱན་གྱི་འཁོར་ལོ་ཉེར་ལྔ་ལ་སོགས་པ། ཆོས་མ་ལུས་པ་ཐམས་ཅད་དབྱེ་མེད་པ་ཞེས་པ། ཆོས་རྣམ་པ་གཉིས་པོ་དེ་ཡེ་ནས་བྱང་ཆུབ་སེམས་ཀྱི་ངང་ལས་མ་འགག་པ་དང་མ་དམིགས་པ་དང་བདེན་པ་དབྱེར་མེད་ཀྱི་ངོ་བོར་སངས་རྒྱས་ཏེ། དཔེར་ན་རྫས་ཀྱི་དངོས་པོ་བུམ་པ་ལྟ་བུ་ལ་སྐད་ཅིག་མ་གཅིག་ལ། མིས་ས་ལ་སོགས་པའི་བུམ་པར་མཐོང་ལ། ལྷས་རིན་པོ་ཆེའི་བུམ་པར་མཐོང་ལ། རྟོགས་པ་མཐར་ཕྱིན་པའི་སྐྱེས་བུས་དེ་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་ངང་ལྷུན་གྱིས་གྲུབ་ལ། དེ་ཉིད་ཀྱི་ངང་ལ་སྣང་སྟོང་གང་གིའང་ཞེན་ཕྱོགས་གི་བྲལ་བ་ནི་ཆོས་ཀྱི་དབྱིངས་སོ། །དེ་མི་འགགས་པའི་རྩལ་ལས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཞེས་པས། སྐྱེ་འགྲོ་ཕྱི་ནང་གཟུགས་རྣམས་ཐམས་ཅད་ནི། །སྐུ་མཆོག་མི་ཟད་རྒྱན་གྱི་འཁོར་ལོ་རྫོགས། ཞེས་པས། སྣང་བ་ཐམས་ཅད་སྣང་ལ་མ་དམིགས་ངང་གིས་མི་གནས་དེ་ལ་ཕྱོགས་སུ་ཞེན་པ་མེད་པས་གཟུང་འཛིན་གྱིས་མ་གོས་པ་ནི། ངན་པ་མི་མངའ་མས་ཕྱགས་དང་དུས་ཀུན་ནས་ཀུན་ཏུ་བཟང་སྟེ། ཀུན་ཏུ་བཟང་པོའི་སྐུའོ། །སྒྲ་སྐད་རབ་འབྲིང་ཐ་མ་ལུས་པ། །གསུང་དབྱངས་མི་ཟད་རྒྱན་གྱི་འཁོར་ལོར་ཟབ། ཅེས་པས། མི་འགགས་པའི་ངོས་ནས་སྒྲ་སྐད་ཀྱི་བྱེ་བྲག་ཐམས་ཅད་དམ། གསུང་སྒྲ་མཐར་སྟོང་པས། རང་བཞིན་མེད་པ་ཐམས་ཅད་ཀུན་ཏུ་བཟང་མོའི་ངང་ལས་མི་འགགས་པར་རང་སྣང་། ངོ་བོ་དབྱིངས་ལས་མ་གཡོས་དེ་དབྱེར་མེད་པ་ཉིད་མཚན་ཉིད་ཐམས་ཅད་ལས་འདས་ཏེ་ཕྱོགས་ཞེན་དང་བྲལ་བ་ཉིད་གོའམ། རྟོགས་སུ་སྣང་བའི་ངོས་ནས། གསུང་ཞེས་བྱ་སྟེ། བཤད་པ་བཞིན། ཀུན་ཏུ་བཟང་པོའི་གསུང་ངོ་། ཐམས་ཅད་བྱང་ཆུབ་སེམས་སུ་རོ་གཅིག་པས། །ཐུགས་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། ཞེས་པ། སྐུ་སྣང་བ་མི་འགགས་པ་དང་། གསུང་རང་བཞིན་མེད་པ་འམ། གྲངས་པ་གཉིས་དབྱེར་མེད་པ་ཉིད་ནི་ཕྱོགས་ཞེན་མི་མངའ་བས་ཐུགས་ཞེས་བྱ་སྟེ། ཆོས་ཐམས་ཅད་དེའི་ངང་དུ་འདུས་པ་དང་། དབྱེ་བ་མི་མངའ་བ་དང་། རིས་སུ་འཛིན་པ་མེད་པ་དང་། དུས་གསུམ་དུ་མི་འགྱུར་བ་དང་། ཐམས་ཅད་ཀྱི་འབྱུང་གཞིར་གྱུར་པའི་ངོས་ནས་ཐུགས་སུ་བསྟན་པ་ཡང་། སྐུ་གསུམ་གཉིས་བཀག་པའམ་རྡུལ་ཕྲ་རབ་ཀྱིས་བཤིག་པའམ་དེ་ལས་གཞན་པ་ལྟ་བུ་མ་ཡིན་ཏེ། དེ་ཉིད་ཐུགས་སུ་ལྷུན་གྱིས་གྲུབ་པ་དེ་ནི་ཐ་སྙད་ཐམས་ཅད་མ་སྤང་ངང་གིས་དག་པས་ན། ཀུན་ཏུ་བཟང་པོའི་ཐུགས་ཞེས་བྱའོ། །དཀྱིལ་འཁོར་ཞེས་པ། ཐུགས་མི་གཡོ་བའི་དཀྱིལ་ལ་སྐུ་གསུང་གཉིས་མ་འགགས་པའི་འཁོར་རམ། ཡང་ན་སྐུའང་མ་འགགས་མ་དམིགས་གསུང་ཐུགས་གཉིས་ཀྱང་མ་འགགས་པའམ། མ་དམིགས་པའི་འཁོར་གྱིས་བསྐོར་བ་འམ། ཡང་ན། སྐུ་གསུང་ཐུགས་དབྱེར་མེད་པ་དེ་ཉིད་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་སྣང་བ་ཕུང་པོ་ལ་སོགས་པ་དཀྱིལ་ལ། ཁམས་ལ་སོགས་པ་ཕྲ་བའི་འཁོར་གྱིས་བསྐོར་བའི་རང་བཞིན་ནམ། ངོ་བོ་ཉིད་ལ་ནི་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཞེས་བྱའོ། །དེ་དག་ཀྱང་ལམ་པའི་བློས་བསྒྲུབ་པ་མ་ཡིན་གྱི། མར་ཡེ་ནས་སྣུམ་པ་ལྟར་སུས་ཀྱང་མ་བྱས་པར་ཡེ་ནས་ཡིན་པའི་དོན་རྟོགས་ནས། ཞེས་པ། རྣལ་འབྱོར་པས་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་མྱོང་ནས་རིག་པ་ཡུལ་བྲལ་མངོན་སུམ་དུ་གྱུར་པའོ། །འོ་ན་རྟོགས་པས་ཆོག་གམ་ཅེ་ན་མི་ཆོག་སྟེ། རྟོགས་པ་ཟག་བཅས་ཀྱི་མཐོང་ལམ་སྐད་ཅིག་མ་དང་པོ་ཡིན་ལ། དེའི་དོན་ལ་ལམ་པས་རྒྱུད་དུ་མི་འབྲལ་བར་བསྒོམ་པ་གཅེས་པར་གདམས་པ་སྟེ། ཚིག་དེ་ནི་གྱུར་པ་རྫོགས་པ་ཆེན་པོའི་མདོར་བསྟན་པའམ་མགོ་འདྲེན་པའང་ཡིན་ནོ། །དེ་ལྟར་མདོར་བསྟན་ནས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཞེས་པ། རྒྱས་པར་བཤད་པ་ནི། རྒྱུད་ཉིད་ཀྱི་ལུང་གིས་བཤད་དེ། དེ་ནས་ཞེས་པ། ཁས་བླངས་བའི་དོན་ཉིད་རྒྱུད་གསང་བའི་སྙིང་པོ་ལས་བསྟན་ཏེ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། ཞེས་པ་ལ་སོགས་པ་དང་། ཆེན་པོ་ལྔ་ནི་ཡུམ་ལྔའི་ངང་ཉིད་དེ། ཞེས་པ་ལ་སོགས་པ་ལ་རྣམས་རྩ་འགྲེལ་ལྟ་བུ་ལ་ཡིན་ཀྱང་། འདིར་མདོ་རྒྱས་སུ་བསྟན་ཏེ། ལུང་གིས་མདོར་བསྡུས་ནས། སློབ་དཔོན་གྱི་རྒྱས་པར་བཤད་པ་ལྟ་བུ་ཡིན་ཏེ། །དེ་ལ་རྡོ་རྗེ་ཕུང་པོའི་ཡན་ལག་ནི། ཞེས་པ། རྡོ་རྗེ་ནི་ཆོས་ཀྱི་དབྱིངས་དུས་གསུམ་དུ་མི་འགྱུར་བས་རྡོ་རྗེ། དེ་གསལ་ལ་འགག་པ་མེད་པ་རང་བྱུང་གི་ཡེ་ཤེས་སུ་ཆོས་ཐམས་ཅད་དེར་འཛོམ་པས་རྡོ་རྗེ། དབྱིངས་ཡེ་ཤེས་དབྱེར་མེད་པ་མི་ཕྱེད་པའི་དོན་གྱིས་རྡོ་རྗེ་སྟེ། དོན་ལ་རིག་པ་བྱང་ཆུབ་ཀྱི་སེམས་འཁོར་འདས་ཐམས་ཅད་ཀྱི་ངོ་བོ་ཉིད་མཐའ་ཐམས་ཅད་དང་བྲལ་བ། མཚན་ཉིད་གང་དུ་མ་གྲུབ་པ་ཉིད་མཚན་ཉིད་ཐམས་ཅད་པར་བཞུགས་པའོ། །དེ་ཉིད་རང་སྣང་བ་ནི། ཕུང་པོ་ཞེས། གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་ལྔའོ་མི་འགགས་པའི་རྩལ་རང་སྣང་བས། ཕུང་པོ་ཞེས་བརྗོད་དོ། །ཡན་ལག་ཅེས་པ། གཟུགས་ཀྱི་ཕུང་པོའི་ཡན་ལག་རྒྱུའི་གཟུགས་བཞི། འབྲས་བུའི་གཟུགས་བཅུ་གཅིག་དང་བཅོ་ལྔ། ཚོར་བའི་ཕུང་པོའི་ཡན་ལག །བདེ་བར་ཚོར། སྡུག་བསྔལ་བར་ཚོར། བཏང་སྙོམས་སུ་ཚོར་བ་ལ་དབང་པོ་དྲུག་གི་དབང་དུ་བཏང་བས་དྲུག་གསུམ་བཅོ་བརྒྱད། འདུ་ཤེས་ཀྱི་ཕུང་པོའི་ཡན་ལག་རྒྱ་ཆེ་ཆུང་ཚད་མེད་པ་གསུམ། འདུ་བྱེད་ཀྱི་ཕུང་པོའི་ཡན་ལག་ལྔ་བཅུ་རྩ་གཅིག་སྟེ། ཕུང་པོ་ལྔ་ཡན་ལག་དང་བཅས་པར། སྣང་ཙམ་ཉིད་ན། རྡོ་རྗེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལས་མ་གཡོས་ཤིང་བྱང་ཆུབ་སེམས་ཉིད་སྣང་བ་ནི་རྒྱུ་འབྲས་སམ། དོན་རྟོགས་ལྟ་བུ་མ་ཡིན་ཏེ། ཆུ་དང་གཟུགས་བརྙན་ལྟར་དབྱེར་མེད་པར་ལྷུན་གྱིས་གྲུབ་པའི་གཏན་ཚིགས་ཀྱིས། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། ཞེས་པ་མ་ཧཱ་ཡོ་ག་བཞིན་བསྒྱུར་བྱ་སྒྱུར་བྱེད་ལྟ་བུ་མ་ཡིན་ཏེ། བཤད་པའི་གཏན་ཚིགས་ཀྱིས་སྣང་ཙམ་ཉིད་ན་སངས་རྒྱས་ལྔ་རུ་ལྷུན་གྱིས་གྲུབ་སྟེ། རྫོགས་ཞེས་པས། ཚོགས་གཉིས་རྫོགས་ཏེ་མ་འགགས་པ་བསོད་ནམས། མི་འཛིན་པ་ཡེ་ཤེས་ཀྱི་ཚོགས་གཉིས་ཏེ། ཡེ་རྫོགས་ཆེན་པོའི་ངོ་བོ་ཉིད་དོ། །སངས་རྒྱས་ཀྱང་རྡོ་རྗེ་ལྟ་བུའི་བྱང་ཆུབ་སེམས་ལ་ཕྱོགས་ཞེན་ཕྲ་བའི་ཕྲ་བའང་མི་མངའ་བས་ནི་སངས། དེ་ཉིད་ཕྱི་ནང་གི་ཕུང་པོ་མི་འགགས་པར་ལྷུན་གྱིས་གྲུབ་པ་ནི་རང་རིག་པའི་ཡེ་ཤེས་རྒྱས། ལྔ་ཞེས་པ་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་ཏེ། གཟུགས་རྣམ་པར་སྣང་མཛད། ཚོར་བ་རིན་འབྱུང་། འདུ་ཤེས་སྣང་མཐའ། འདུ་བྱེད་དོན་གྲུབ། རྣམ་པར་ཤེས་པ་རྡོར་སེམས་དང་ལྔ་རུ་གྲགས། ཞེས་པ་ནང་པའི་རྒྱུད་ཐམས་ཅད་དུ་གྲགས་པའམ། ཡང་ན་ཕྱོགས་ཐམས་ཅད་དུ་རྒྱས་པ་ནམ་མཁའི་མཐས་གཏུགས་པ་ཐམས་ཅད་རིགས་ལྔར་ལྷུན་གྱིས་གྲུབ་པ་ལ་གྲགས་ཞེས་བྱའོ། །རིགས་ལྔ་ལ་སོགས་པའི་གཏན་ཚིགས་ཞིབ་མོ་ནི་རྒྱས་བཤད་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །དེས་ན་འཁྲུགས་ཆུང་བྱ་སྟེ། ས་ཆུ་སྤྱན་དང་མཱ་མ་ཀཱི། བྱ་བ་ལ་སོགས་པ། འབྱུང་བ་ལྔ་ཡུམ་ལྔའི་ངོ་བོར་བསྟན་ཏེ། འབྱུང་བ་ལྔས་ཕུང་པོ་ལྔ་བསྐྱེད་པར་བྱེད་པས་ཀྱང་ཡུམ། ཕུང་པོ་ལྔ་དང་དབྱེར་མི་ཕྱེད་པའི་དོན་ཀྱིས་ཀྱང་ཡུམ། དེ་ལས་སངས་རྒྱས་སྤྱན་མ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ། ཆུ་མ་མ་ཀཱི་སྟེ་རིན་པོ་ཆེའི་རིགས་ཀྱི་ཡུམ། མེ་གོས་དཀར་མོ་སྟེ་པདྨ་རིགས་ཀྱི་ཡུམ། རླུང་དམ་ཚིག་སྒྲོལ་མ་སྟེ་ལས་ཀྱི་རིགས་ཀྱི་ཡུམ། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་པས་རྡོ་རྗེའི་རིགས་ཀྱི་ཡུམ་མོ། །ཕུང་པོ་དང་འབྱུང་བ་དེ་ལྟར་སངས་རྒྱས་ཙ་ཡན་ལག་རྣམས་སངས་རྒྱས་མ་རྒྱས་པ་མི་སྲིད་པས། འདམ་བུ་གཅིག་ཁོང་སྟོང་ན་ཀུན་སྟོང་། ཚར་བུ་གཅིག་རྐང་རུབ་ན་ཀུན་རྐང་རུབ། ཅེས་གསུངས་པས། སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། ཞེས་པ་ལ་སོགས་པ་སྟེ། སྐྱེ་མཆེད་ནི་དབང་པོ་ལ་སྐྱེ་ཞིང་ཡུལ་ལ་མཆེད་པར་བྱེད་པ་བཅུ་གཉིས་སོ། །ཁམས་ནི་བྱེད་པ་མེད་པར་མཚན་ཉིད་འཛིན་པ་གཅིག་གི་སྤྱོད་ཡུལ་དུ་གཅིག་མ་གྱུར་པས་ན་ཁམས། དེ་རྣམས་ནི་བཅོ་བརྒྱད་དོ། །དེ་ལ་མིག་གི་སྐྱེ་མཆེད་གཟུགས་ཀྱི་སྐྱེ་མཆེད། ཁམས་ནི་མིག་གི་ཁམས། གཟུགས་ཀྱི་ཁམས། མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པའོ། །རྒྱུད་དེ་དག་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། ཅེས་པས། ཕྱི་ནང་གི་སེམས་དཔའ་སེམས་མ་བཅུ་དྲུག་སྟེ། མིག་རྣ་བ་སྣ་ལྕེའི་རྣམ་ཤེས་བཞི། སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཞི། སྐྱེ་བའི་སྒོ་མིག་ལ་སོགས་པའི་དབང་པོ་བཞི། བྱམས་པ་ལ་སོགས་པའི་སེམས་དཔའ་བཞི། མཆེད་པའི་ཡུལ་གཟུགས་ལ་སོགས་པ་བཞི། སྒེག་མོ་ལ་སོགས་པའི་སེམས་མ་བཞི། དབང་པོ་ལ་བརྟེན་ཏེ་འབྱུང་བའི་དུས་བཞི། བདུག་སྤོས་མ་ལ་སོགས་པའི་སེམས་མ་བཞི། མང་པོ་ཀུན་ཅེས་པས། མཐའ་ཐུག་པ་མེད་པའི་འགྲོ་བ་རྣམས་ཀྱི་རྟོག་ཚོགས་དེ་འདམ་བུའི་དཔེས་གཅིག་དག་ན་ཀུན་དག་པའོ། །དེའང་རྟོག་ཚོགས་དང་སེམས་དཔའ་གཉིས། བཟང་ངན་གཉིས་གྲལ་བསྟུན་པ་ལྟ་བུའམ། ངན་པ་བཅོམ་ནས་བཟང་པོ་བསྒྲུབས་པ་ལྟ་བུའམ། ངན་པ་ལ་བཟང་པོར་འགྱུར་བ་ལྟ་བུ་སྐབས་འདིར་མ་ཡིན་ཏེ། བྱང་ཆུབ་སེམས་རྡོ་རྗེ་ལྟ་བུ་མ་འགགས་པའི་བྱིན་བརླབས་ལས་ཆུའི་གཟུགས་བརྙན་ལྟར་ཁམས་དང་སྐྱེ་མཆེད་དུ་སྣང་ཙམ་ཉིད་ན། དེ་ཉིད་བྱང་ཆུབ་སེམས་དཔར་ལྷུན་གྱིས་གྲུབ་སྟེ། མ་འགགས་པ་ཉིད་ལ་སྣང་སྟོང་གི་འཛིན་པ་མི་མངའ་བས་བྱང་། ཁམས་དང་སྐྱེ་མཆེད་ཅི་ལྟར་སྣང་ཡང་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པས་ཆུབ། དེ་ཉིད་ལ་ཕྱོགས་ཞེ་ན་ཕྲ་བའང་མི་མངའ་ཞིང་དུས་གསུམ་དུ་མི་གཡོ་མི་འགྱུར་བས་སེམས། །མཐར་འཛིན་རྣམས་འཛོམས་པས་ན་དཔའ། དེ་ཉིད་མཐའ་ཟག་པ་མེད་པའི་རྟོག་ཚོགས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པས། །སེམས་ཀྱི་དབྱིངས་སུ་ལྷུན་གྱིས་གྲུབ་པ་ལ་ནི་ཐ་སྙད་དུ་དཀྱིལ་འཁོར་ཞེས་བྱའོ། །ཉིད་ནི་ལམ་པའི་བློས་བྱས་པ་མ་ཡིན་ཡེ་ནས་དེ་ལྟར་གནས་ཞེའོ། །དེས་ན་སྲིད་གསུམ་སྟེ། འདོད་ཁམས་གཟུགས་ཁམས་གཟུགས་མེད་པའི་ཁམས་གསུམ་འཕྲལ་དུ་བྱས་པ་མ་ཡིན་པར་ཡེ་ནས་མ་འདྲེས་ལ་ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་ཞིང་འབའ་ཞིང་དུ་རྣམ་པར་དག་པས་འཁོར་བའམ་གཟུང་འཛིན་རྡུལ་ཕྲ་རབ་ཙམ་ཡང་མ་དམིགས་ཏེ། གསེར་གླིང་ངམ་ཉི་མའི་སྙིང་པོ་ལྟར་གཟུང་འཛིན་ཀ་ནས་དག་པར་བསྟན་ཏོ། །ཞེས་པས། རྒྱུད་གསང་བའི་སྙིང་པོ་ལས་བྱུང་སྟེ། ཞེས་པས་ནི། རང་བཞིན་རྫོགས་པ་ཆེན་པོ་བསྟན་ཏེ། དེའི་ནང་དུའང་སྐུ་གསུང་ཐུགས་ཀྱི་རང་བཞིན་ཞེས་པ་མདོར་བསྟན་ནས། དེ་རྒྱས་པར་བཤད་པ་ལའང་ཉེ་བར་བསྟན་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཅེས་པ་ལ་སོགས་ཏེ། ཁམས་གསུམ་འཁོར་བའི་ཆོས་རྒྱུ་དང་འབྲས་བུར་བཅས་པ་དང་། དེ་ལས་འདས་པ། མྱ་ངན་ལས་འདས་པའི་ཆོས་རྒྱུ་དང་འབྲས་བུར་བཅས་པ་ཐམས་ཅད། སེམས་ཐོག་མ་ནས་དོན་དམ་པའི་རང་བཞིན་མ་བྱུང་མ་སྐྱེས་པའི་ཆོས་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་མཚན་ཉིད་ཐམས་ཅད་དང་བྲལ་བ་ནི་གོང་གི་རྡོ་རྗེའི་བཤད་པའོ། །གཞི་དེ་ལས་ཕུང་པོ་ལྔ་ལ་སོགས་པ་མ་འགགས་པར་སྣང་བ་ནི། བྱ་བ་བྱེད་པའི་ནུས་པ་ཞེས་བྱ་སྟེ། སས་འདེགས་པའི་བྱ་བ་བྱེད། ཆུས་སྟུད། མེས་དྲོ། རླུང་གིས་གཡོ་ཞིང་བསྐྱོད། ནམ་མཁས་གོ་འབྱེད་པའི་བྱ་བ་བྱེད་པ་དང་། གཟུགས་ཀྱི་ཕུང་པོས་འཛིན་པའི་བྱ་བ་བྱེད། ཚོར་བས་མྱོང་། འདུ་ཤེས་ཀྱི་རིག་པའི། འདུ་བྱེད་ཀྱིས་མྱོང་བའི་བྱ་བ་བྱེད་པ་དང་། དེ་ལ་སོགས་པའི་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་སོ་སོའི་བྱ་བ་བྱེད་པ་རྣམས་སོ། །ནུས་པ་ཞེས་པ། དེ་དག་སོ་སོའི་རྩལ་མ་འགགས་པ་ནུས་པ་ཐོགས་མེད་ཀྱི་མཚན་ཉིད་ཅན་ནོ། །སྒྱུ་མ་ཞེས་པས། རིག་པའི་ཡེ་ཤེས་གསལ་ལ་འགགས་པ་མེད་པ་ཉིད་དུ་སྣང་བ་ཕུང་པོ་ཁམས་དང་སྐྱེ་མཆེད་སྟེ། སྣང་བཞིན་དུ་མ་གྲུབ་པོ་ཆོས་ཀྱི་དབྱིངས་ལས་མ་གཡོས་པ་སྒྱུ་མའི་མཚན་ཉིད་འཛིན་པ་རྣམས་ནི། བདེ་བར་གཤེགས་པ་ཡབ་ཡུམ་བཅུ་ལ་སོགས་པ། ཞེས་པ་འདིར་ཡང་ལམ་ལྔའི་རིམ་པ་བཞིན་དུ་བགྲོད་ནས་འབྲས་བུ་མངོན་དུ་བྱས་པ་འོག་མའི་བདེར་གཤེགས་ལ་ནི་མི་བཞག་གི། ཉིད་དུ་གཤེགས་པ་དང་། ཉིད་ལ་གཤེགས་པ་རྣམ་པ་གཉིས་ཏེ། དང་པོ་ནི་མ་འགགས་པ་དང་མ་དམིགས་པའི་ལོངས་སྤྱོད་གཉིས་དབྱེར་མེད་པ་ལ་ནི་བདེ་བར་བརྗོད་ལ། དེ་ལས་དུས་གསུམ་དུ་འགྱུར་ལྡོག་མི་མངའ་བ་ལ་ནི། གཤེགས་པའམ་མཐར་སོན་པ་ཞེས་བྱའོ། །ཉིད་ལ་གཤེགས་པ་ནི་བདེ་བར་ཞེས་བྱ་སྟེ། རྡོ་རྗེ་ལྟ་བུའི་རང་རིག་པའི་ཡེ་ཤེས་ལ་གཟུང་འཛིན་མི་མངའ་བས་ནི་བདེ་ལ། དེ་ཉིད་ཀྱི་རྩལ་མི་འགགས་པར་སྣང་བས་ན་གཤེགས་པ་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་སོ། །ཡབ་ནི་ཕུང་པོ་ལྔ་སྟེ་མི་འགགས་པའི་མཚན་ཉིད་ཅན་ནོ། །ཡུམ་ནི་འབྱུང་བ་ལྔ་སྟེ་ཕུང་པོ་བསྐྱེད་པའི་མཚན་ཉིད་ཅན་ནོ། །སོགས་ཁོངས་སུ་ཁམས་དང་སྐྱེ་མཆེད་རྣམས་སེམས་དཔའ་དང་སེམས་མའི་དཀྱིལ་འཁོར་གྱི་རང་བཞིན། གོང་དུ་བདེ་བར་གཤེགས་པའི་སྒྲས་ཡེ་ནས་ཡིན་གྱི། མིན་པ་ལ་ཡིན་པར་མ་བསྒྱུར་ཏེ། དཔེར་ན་ངོ་མི་ཤེས་པ་འགའི་མདུན་དུ་གསེར་བཞག་ན་གསེར་ངོ་མ་ཤེས་པར་རྡོར་མཐོང་ལ། ངོ་ཤེས་པའི་དུས་སུ་གསེར་ལ་གསེར་དུ་ཤེས་པ་ལས། མ་རྟོགས་པའི་སྣོད་མ་བཏབ་པ་བཞིན་དུ། ཕུང་ཁམས་སྐྱེ་མཆེད་རྣམས་སྣང་སྟོང་དབྱེར་མེད་པ། བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་ལས་མི་འདའ་བས་ན། རྣམ་པར་དག་པ་ལ་ནི་ལྷ་ཞེས་བྱ་ལ། ཡུལ་དང་ཡུལ་ཅན་གྱི་ཆ་འཛིན་པས་ནི་ཡབ་ཡུམ་ཞེས་བྱ་སྟེ། མ་རྟོགས་པས་གཟུང་འཛིན་འཁྲུལ་པར་བརྟགས་ཀྱང་། ལྷའི་ངང་ལས་མི་འགྱུར་བ་ནི་གསེར་ལ་རྡོར་མཐོང་བས་མཚོན་ལ། དེ་ཉིད་དེ་ལྟར་ཡེ་ནས་ཡིན་པའི་ཕྱིར། དེ་ངོ་ཤེས་པའི་ཐབས་སུ་རྒྱས་པར་བཤད་ན། ཆོས་ཐམས་ཅད་ནི་ཞེས་པ། འཁྲུལ་སྣང་གི་ཆོས་ཕུང་ཁམས་སྐྱེད་མཆེད་བྱེད་པ་མེད་པར་སོ་སོའི་མཚན་ཉིད་འཛིན་པ་ཐམས་ཅད་དོ། །དེ་དག་ནི་ཆོས་ཀྱི་དབྱིངས་ཡིན་པས། རང་བཞིན་ནམ། ངོ་བོ་ཉིད་ཀྱིས་མ་འགགས་པ་ནི་སྐུ། མ་དམིགས་པ་ནི་ཡེ་ཤེས། དེས་ན་ཁམས་བླངས་པའི་སྐུ་གསུང་ཐུགས་དཀྱིལ་འཁོར་གྱི་རང་བཞིན་དུ་དེ་ལ་དེར་འཛིན་མི་མངའ་བས་གསུང་འཛིན་དག་པའི་དབང་གིས་མྱ་ངན་འདས་ཏེ། ཞེས་སོ། །དེ་ཉིད་སོ་སོར་བསྟན་པ་གང་ཞེ་ན། ཆེན་པོ་ལྔ་ནི་ཡུལ་ལྔའི་ངང་ཉིད་ཅེས་པ། དང་པོ་ཡུམ་བསྟན་ཏེ། དེའང་གོང་དུ་མདོར་བསྟན་གྱི་སྐབས་སུ་དང་པོ་ཡབ་བསྟན་ལ། འདིར་དང་པོ་ཡུམ་བསྟན་པས་དགོས་པ་ཅི་ཞེ་ན། གོང་དུ་ནི་དང་པོ་དཀྱིལ་འཁོར་གྱི་གཙོ་བོའམ། རྩ་བ་ལྟ་བུར་གྱུར་པའི་དོན་གྱིས་དང་པོ་ཡབ་བསྟན་ལ། འདིར་ནི་ཕུང་ཁམས་སྐྱེ་མཆེད་རྣམས་འབྱུང་བ་ལྔ་ལ་སྣང་བས་དེས་ན་གཞིའི་ཕྱིར་དང་པོ་ཡུམ་བསྟན་ཏོ། །ཆེན་པོ་ཞེས་པ། ཁྱབ་ཆེ་སྟེ་ནམ་མཁས་གར་ཁྱབ་དུ་ཁྱབ། ལས་ཀྱི་ནུས་པ་ཆེ་སྟེ་ཁམས་གསུམ་གྱི་ཆོས་ཐམས་ཅད་སྣང་བ་དང་། ནམ་མཁས་ཁམས་གསུམ་གྱི་གོ་འབྱེད་པ་དང་། སས་ཁམས་གསུམ་བརྟན་པ་དང་། ཆུས་ཁམས་གསུམ་སྡུད་པ་དང་། མེས་སྨིན་པར་བྱེད་པ་དང་། རླུང་གིས་གཡོ་ཞིང་བསྐྱོད་པས་ལས་ཐམས་ཅད་འགྲུབ་ཅིང་ཆུད་མི་ཟ་བར་བྱེད་པའོ། །ལྔ་ནི་འབྱུང་བ་ལྔ་པོ་ཡུམ་ནི་ཆོས་ཐམས་ཅད་མི་ཕྱེད་པ་དང་། བསྐྱེད་པའི་ཕྱིར་ཡུམ་སྟེ། དེ་ཉིད་རིགས་ཀྱི་ཡུམ་ཆེན་མོ་ལྔ་ཡི་ངང་ཉིད་ཅེས་པས། འབྱུང་བ་ནི་ནམ་མཁའ་ཉིད་བཤད་པའི་དོན་དང་ལྡན་པ་ལས་གསལ་ཞིང་གོ་འབྱེད་པ་ནི་ལས་ཀྱིས་མ་འགགས་པར་སྣང་། བྱང་ཆུབ་སེམས་ལས་མ་གཡོས། དེ་དབྱེར་མེད་པ་ནི། ཀུན་ཏུ་བཟང་མོ་ཞེས་བྱ་སྟེ། གཟུང་འཛིན་གྱི་སྐྱོན་མི་མངའ་བས་སོ། །ཡང་ན་དབྱིངས་ཕྱུག་མ་ཞེས་བྱ་སྟེ། འབྱུང་བ་བཞི་དང་དེས་བསྐྱེད་པའི་ཕྱི་ནང་གི་ཆོས་ཐམས་ཅད་སྣང་བའི་གཞི་འམ་རྒྱུར་གྱུར་པས་དབྱིངས་ཞེས་བྱ་ལ། ཐམས་ཅད་དེའི་ངང་ལས་དབྱེར་མེད་ཅིང་མི་གཉིས་པས་ན་དབང་ཕྱུག་མ་ཞེས་ཀྱང་བྱའོ། །དེ་ཉིད་ནི་རྡོ་རྗེའི་རིགས་ཀྱི་ཡུམ་སྟེ། རྡོ་རྗེ་ནི་སྐྱེ་འཇིག་མེད་པ་དུས་གསུམ་དུ་མི་འགྱུར་བ། ཆོས་ཀྱི་དབྱིངས་ཤིན་ཏུ་དག་པའི་ཡེ་ཤེས། ཡེ་ཤེས་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་རྡོ་རྗེ་རིགས་ཀྱི་ཡུམ་མོ། །མ་འགགས་པར་འབྱུང་བ་སར་སྣང་བ་ཉིད་སྤྱན་ཞེས་བྱ་སྟེ། ས་དངོས་སུ་མཐོང་ཞིང་རྟག་བརྟན་ལ་ཐམས་ཅད་བསྐྱེད་པའི་གཞིར་གྱུར་པ་ལྟར། མ་འགགས་མ་དམིགས་དབྱེར་མེད་པ་ཉིད་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་ཉིད་དུས་གསུམ་དུ་མ་འགྱུར་བ་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་སྟེ། ཐམས་ཅད་མཁྱེན་པའི་ཆེ་ཡོན་ཐམས་ཅད་སྣང་བའི་གཞིར་གྱུར་པས། སངས་རྒྱས་སྤྱན་ཞེས་བྱའོ། །ཆུ་ནི་ཐམས་ཅད་སྐྱོད་ཅིང་སྡུད་པའི་ལས་དང་། རྒྱུན་མི་ཆད་པ་དང་མཉེན་པས་གར་ཡང་དྲངས་དུ་བཏུབ་སྟེ་དེ་ཉིད་མ་འགགས་མ་དམིགས་དབྱེར་མེད་པ་མཱ་མཱ་ཀཱི་སྟེ། ཆུའི་བཤད་པ་གསུམ་གྱིས་མཱ་མ་ཀཱིའི་གཏན་ཚིགས་འགྲུབ་པོ། །དེ་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་པོ་ཆེའི་རིགས་ཡོན་ཏན་གྱི་བདག་ཉིད་ཀྱི་ཡུམ་མོ། །མེ་ནི་མེ་ཉིད་མ་གཏོགས་པར་གཞན་ཐམས་ཅད་བསྲེག་པར་བྱེད་པས་མི་གནས་པ་དང་། སྨིན་ཅིང་བརྟས་པར་བྱེད་པ་སྟེ། དེ་ཉིད་མ་འགགས་མ་དམིགས་དབྱེར་མེད་པ་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་ཉིད་གོས་དཀར་མོ་ཞེས་བྱ་སྟེ། གདུལ་བྱའི་ཡོན་ཏན་ཐམས་ཅད་སྨིན་ཅིང་བརྟགས་པར་བྱེད་ཀྱང་གཟུང་འཛིན་གྱི་ཉེས་སྤྱོད་གྱིས་མ་གོས་པས་ཁ་དོག་དཀར་བ་ལ་སྐྱོན་མེད་པ་བཞིན། གོས་དཀར་མོ་ཞེས་བྱ་སྟེ། གསུམ་པདྨའི་རིགས་སོ་སོར་རྟོག་པའི་རིགས་ཀྱི་ཡུམ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་སྤྱི་དང་རང་གི་མཚན་ཉིད་གཉིས་ཀྱི་ངོས་ནས་མཐའ་གཉིས་ཀྱི་སྐྱོན་གྱིས་མི་གོས་པ་དང་། གདུལ་བྱའི་དོན་སྨིན་ཅིང་བརྟན་པར་བྱེད་པའོ། །རླུང་ནི་དངོས་པོ་མེད་ཀྱང་གཞན་བསྐྱོད་ཅིང་སྒྲོལ་བའི་ལས་དང་ལྡན། དེ་ཉིད་མ་འགགས་མ་དམིགས་དབྱེར་མེད་པ་ནི་སྒྲོལ་མ་ཞེས་བྱ་སྟེ། རང་གི་ངོ་བོ་མཚན་ཉིད་ཐམས་ཅད་དང་བྲལ་ཡང་གདུལ་བྱ་སྒྲོལ་བའི་ཕྲིན་ལས་རྒྱུན་མི་ཆད་ལ། དེ་ཉིད་བྱ་བ་གྲུབ་པའི་ཡེ་ཤེས་ལས་ཀྱི་རིགས་ཀྱི་ཡུམ་སྟེ། མཛད་པའི་ཕྲིན་ལས་རྒྱུན་མི་ཆད་ཀྱང་ཕྱོགས་སུ་འཛིན་པ་རྡུལ་ཕྲ་རབ་ཙམ་ཡང་མི་མངའ་བ་ཉིད་ཀྱིས། བདག་དོན་མཐར་ཕྱིན་ཅིང་གཞན་དོན་མུར་སྒྲུབས་པས་སྒྲོལ་མའོ། །དད་ཅེས་པས། མཉམ་པ་ཉིད་ཀྱི་ངང་དང་ལྷུན་གྱིས་གྲུབ་པའི་ངང་གཉིས་ལས། འདིར་ལྷུན་གྱིས་གྲུབ་པ་ཉིད་དོ། །འབྱུང་བ་ལྔར་སྣང་ཙམ་ཉིད་ན་ཡུམ་ལྔར་ལྷུན་གྲུབ་ཏུ་བཞུགས་ལ། དེ་ཉིད་ལ་སྣང་སྟོང་གི་དྲི་མ་ཕྲ་བའམ་མི་མངའ་ལ་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པ་ཉིད་དོ། །ཕུང་པོ་ལྔ་ནི་རིགས་ལྔའི་སངས་རྒྱས། ཞེས་པ། གཟུགས་ལ་སོགས་པ་ལྔ་རྣམ་གྲངས་མང་པོ་གཅིག་ཏུ་འཚོགས་པ་ལ་ནི་ཕུང་པོ་ཞེས་བྱ་སྟེ། དེ་དག་མི་འགགས་པར་སྣང་བ་གསེར་མ་ཤེས་པ་དང་འདྲ་བར་ངོ་བོ་ཉིད་ཀྱིས་རིགས་ལྔའི་སངས་རྒྱས་སུ་ལྷུན་གྱིས་གྲུབ་སྟེ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ཅེས་པས། གཟུགས་ཆེན་བཅོ་ལྔ་དང་སོ་སོའི་ཆོས་མ་འགགས་པར་སྣང་ཞིང་ཕུང་པོ་བཞི་ཡང་ཡང་སྣང་བའི་རྟེན་དུ་གྱུར་པས་དེ་ཉིད་མ་འགགས་མ་དམིགས་དབྱེར་མེད་པ། བྱང་ཆུབ་སེམས་སུ་རྟོགས་པ་ནི་དོན་དང་མཐུན་པའི་མིང་རྣམ་པར་སྣང་མཛད་དེ་རིགས་ལྔ་ལ་སྐུའི་རིགས་ཏེ་མ་འགགས་པའི་ངོས་ནས་སོ། །ཚོར་བ་ནི་རིན་ཆེན་འབྱུང་ལྡན་ཏེ། ཡུལ་དང་ཡུལ་ཅན་ཚོར་བའི་རྣམ་གྲངས་དྲུག་གསུམ་བཅོ་བརྒྱད་རྣམས་མ་འགགས་མ་དམིགས་དབྱེར་མེད་པ་བྱང་ཆུབ་སེམས་སུ་གསལ་ལ། དེ་ཉིད་དེའི་དབང་གིས་བདེ་སྡུག་འཛིན་པ་རིས་དང་བྲལ་བ་ནི། རྟོག་པ་མེད་པས་རིན་པོ་ཆེ་དང་འདྲ་སྟེ། བཅོ་བརྒྱད་མི་འགགས་པར་སྣང་བས་དགོས་པ་སྐོང་བར་བྱེད་པ་ནི་རིན་པོ་ཆེ་ལས་དགོས་འདོད་འབྱུང་བ་སྟེ། དེ་ཉིད་རིགས་ནི་རིན་པོ་ཆེའི་རིགས་ཏེ་བདེ་བར་གཤེགས་པའི་ཡོན་ཏན་ཐམས་ཅད་ནི། དབྱིངས་རིག་པ་མཉམ་པ་ཉིད་ཀྱི་ངང་ལས་ཅིར་ཡང་སྣང་བའོ། །འདུ་ཤེས་རྒྱ་ཆེ་ཆུང་ཚད་མེད་པ་གསུམ་གསལ་ལ་མ་འགགས་ངོ་བོ་སེམས་ལས་མ་གཡོས་ཏེ། དབྱེར་མེད་པ་བྱང་ཆུབ་སེམས་སུ་འདས་པ་ནི། པདྨའི་རིགས་ཏེ་པདྨ་འདམ་ན་གནས་ཀྱང་འདམ་གྱི་ཉེས་པས་མི་གོས་པ་དང་འདྲ་བར་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་ལྷུན་གྱིས་གྲུབ་བས་མཐའ་གཉིས་ཀྱིས་མི་གོས་ཏེ། འདུ་ཤེས་གསལ་ལ་མ་དམིགས་པའི་ངོ་བོའོ། །དེ་ལ་ནི་སྣང་བ་མཐའ་ཡས་ཞེས་བྱ་སྟེ། སྣང་བ་མ་དམིགས་པ་ཉིད་ཁམས་གསུམ་གྱིས་འདུ་ཤེས་ཅིར་ཡང་ལྷུན་གྱིས་གྲུབ་པའོ། །འདུ་བྱེད་ལྔ་བཅུ་རྩ་གཅིག་མ་འགགས་པར་སྣང་། ངོ་བོ་མ་དམིགས་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་ནི་འཁོར་འདས་དབྱེར་མེད་པའི་ངོ་བོ་སྟེ་དེ་ཉིད་དོན་ཡོད་གྲུབ་པ་ཞེས་པ། མ་འགགས་པར་སྣང་བས་གཞན་དོན་ལྷུན་གྱིས་གྲུབ་ལ། མ་དམིགས་པས་བདག་དོན་ལྷུན་གྱིས་གྲུབ་སྟེ། དབྱེར་མེད་པ་དོན་གཉིས་སྐད་ཅིག་ལ་རྫོགས་ལ། མཉམ་པ་ཉིད་ཀྱི་ངང་ལས་མི་འདའ་བའོ། །དེས་ན་མཐོང་སྣང་གི་ཆོས་བྱ་བ་བྱེད་ནུས་པའི་མཚན་ཉིད་འཛིན་ནུས་པ་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་སྐུའི་མཛད་པ་སྟེ། ཆེད་དུ་མ་མཛད་པར་བདག་གཞན་གྱི་བྱ་བ་ཐམས་ཅད་འགྲུབ་པའོ། །དེ་ནི་དོན་གཉིས་ཀྱི་བདག་གཞན་གྱི་བྱ་བ་ཐམས་ཅད་མཐར་ཕྱིན་པས། ལས་ཀྱི་རིགས་ཅེས་བྱའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་རྣམ་ཤེས་ཚོགས་བརྒྱད་དུ་མ་འགགས་པར་སྣང་བ་ངོ་བོ་དགུ་པ་ལས་མ་གཡོས་ཏེ་དབྱེར་མེད་པ་ཉིད་ནི་རྡོ་རྗེ་སྟེ། ཚོགས་བརྒྱད་ཅི་ལྟར་སྣང་ཡང་རྣམ་ཤེས་དགུ་པ་དུས་གསུམ་དུ་མི་འགྱུར་བ་དང་། ཚོགས་བརྒྱད་མ་འགགས་ཀྱང་དེ་ཉིད་དགུ་པའི་ངང་དུ་འཇོམས་པ་དང་། གཉིས་པོ་ཆུ་དང་གཤེར་བ་ལྟར་མི་ཕྱེད་པའི་དོན་གྱི་ན་རྡོ་རྗེ་སྟེ། དུས་གསུམ་དུ་མི་འགྱུར་བས་ན་རིགས་སོ། །མ་འདྲེས་ལ་ཡོངས་སུ་རྫོགས་པ་མཐའ་གཉིས་སུ་མི་གཡོ་བས་མི་བསྐྱོད་པ་ཞེས་བྱ་སྟེ། རང་རིག་བྱང་ཆུབ་ཀྱི་སེམས་དགུ་པའི་ངོ་བོ་ཉིད་གཞི་དག་པ་ལ་ཕྱོགས་འཛིན་མི་མངའ་བས་ཆོས་ཀྱི་དབྱིངས་ཤིན་ཏུ་དག་པའི་ཡེ་ཤེས་སོ། །སངས་རྒྱས་ཞེས་པ། ལྔ་པ་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པའི་དོན་དེར་ཕྱོགས་ཞེན་མི་མངའ་བས་སངས་ལ། མཐའ་དང་བྲལ་བའི་ཡེ་ཤེས་ཕུང་པོས་གར་ཁྱབ་ཏུ་རྒྱས་པའོ། །དེས་ན་མ་རྟོགས་པའི་དུས་སུ་ཕུང་པོ་དང་འབྱུང་བ་དབྱེར་མེད་དུ་བཞུགས་པས་ཡབ་ཡུམ་དུ་སྨོས་ལ། དེ་ཉིད་བཤད་པའི་ཆོས་རྣམས་ཀྱིས་ཡེ་ནས་དབྱེར་མེད་པའོ། །དེ་ལྟར་འབྱུང་བ་དང་ཕུང་པོ་དེ་ལྟར་ཡིན་ཕན་ཆོད་དུ། དེ་ལས་སྣང་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱང་། བྱང་ཆུབ་སེམས་སུ་སྣང་བ་སྟེ། གང་ཞེ་ན། རྣམས་པར་ཤེས་པ་བཞི་ནི་ཞེས་པ་མིག་རྣ་སྣ་ལྕེ་བཞི་སྟེ། བྱང་ཆུབ་སེམས་དཔའ་བཞི་ནི། སའི་སྙིང་པོ་སྤྱན་རས་གཟིགས་ནམ་མཁའི་སྙིང་པོ་རྡོ་རྗེ་ཅན་བཞི་སྟེ། དེ་ཡང་གདོས་པ་ཅན་དོད་བསྙམས་པ་ལྟ་བུའམ། ངན་པ་བཤེག་ནས་བཟང་པོར་བྱས་པའམ། མི་འདྲ་བ་ལས་འདྲ་བར་བཅོས་པའམ། མ་ཧཱ་པ་བཞིན་ལྟ་བུ་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་སྟེ། དེ་ལ་མིག་གི་རྣམ་པར་ཤེས་པ་ནི་གཟུགས་འཛིན་རིག་ཅིང་གཅོད་པ་སྟེ། དེ་རྣམས་མ་འགགས་ངོ་བོ་མ་དམིགས་ཏེ་དབྱེར་མེད་པ་ཉིད་སའི་སྙིང་པོ་ཞེས་བྱ་སྟེ། ས་ནི་ཡོན་ཏན་ཐམས་ཅད་བསྐྱེད་པའི་གཞི་རྟེན་ཡིན་ལ། དེ་ཉིད་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བས་སྙིང་པོ་ཞེས་བྱ་སྟེ། ཡོན་ཏན་གྱི་བདག་ཉིད་ཕྱག་ན་རིན་པོ་ཆེའི་མྱུ་གུ་བསྣམས་པའི་དོན་ནོ། །དེས་ན་མིག་གི་རྣམ་ཤེས་དབྱེར་མེད་པ་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་ལ་ས་སྙིང་ཞེས་བྱའོ། །རྣ་བའི་རྣམ་ཤེས་ནི་སྒྲ་འཛིན་གྱི་ཤེས་པ་ཉིད་མ་འགགས་མ་དམིགས་དབྱེར་མེད་པ་ཉིད་གསུང་གི་ལམ་སྟེ། སྤྱན་རས་གཟིགས་སོ། །དེ་ཡང་སྤྱན་རས་གཟིགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ངོ་བོ་ཉིད་ཐུགས་རྗེའི་སྤྱན་རས་ཀྱིས་མཐར་ཐུག་པ་མེད་པའི་འགྲོ་བ་ལ་གཟིགས་པ་དང་ཚུལ་མཐུན་པ་རྣ་བའི་རྣམ་ཤེས་ཀྱིས་ཀྱང་ཐག་རིང་བའི་སྒྲ་གཅོད་པའོ། །སྣའི་རྣམ་ཤེས་ནི་དྲིའི་བྱེ་བྲག་གཅོད་པ་སྟེ། མ་འགགས་མ་དམིགས་དབྱེར་མེད་པ་ཉིད་བྱང་ཆུབ་སེམས་ལ། དེ་ཉིད་ནི་ནམ་མཁའི་སྙིང་པོ་སྟེ། ནམ་མཁའ་ནི་ཆོས་ཐམས་ཅད་ཀྱི་གོ་འབྱེད་ཀྱང་ངོ་བོ་མ་གྲུབ་པ་བཞིན། དྲིའི་བྱེ་བྲག་རྣམས་ཀྱང་སོ་སོར་མ་འདྲེས་པར་མྱོང་བ་ཡོད་ཀྱང་གཟུགས་སུ་གྲུབ་པ་མེད་པས་ལྕེའི་རྣམ་ཤེས་ནི་རོའི་བྱེ་བྲག་རྣམས་གཅོད་པའི་ངོ་བོ་སྟེ། མ་འགགས་མ་དམིགས་དབྱེར་མེད་པ་བྱང་ཆུབ་སེམས་ལས་མ་གཡོས་ལ། དེ་ཉིད་ནི་ཕྱག་ན་རྡོ་རྗེ་སྟེ། རོའི་བྱེ་བྲག་རྣམས་ཆོས་ཀྱི་དབྱིངས་སུ་འཇོགས་ཤིང་དེ་ཉིད་ལས་མི་འགྱུ་བས་སོ། །བྱང་ཆུབ་སེམས་དཔའ་བཞི་ཞེས་པ་རྣམ་ཤེས་བཞི་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་བྱང་། རྣམ་ཤེས་བཞི་དེ་ཉིད་དུ་ལྷུན་གྱིས་གྲུབ་པས་ཆུབ། དེ་དབྱེར་མེད་པ་ཉིད་དུས་གསུམ་དུ་མི་འགྱུར་བས་སེམས། དེས་མཐའ་གཉིས་འཇོམས་པས་དཔའ་བ་སྟེ། འཆད་པ་ལ་ཡང་སྦྱར་རོ། །རང་བཞིན་ཞེས་པས་ཆུ་མཐོང་ཙ་ན་གཤེར་བ་དུས་མཚུངས་པ་དང་འདྲ་བར་རྣམ་ཤེས་བཞི་བྱང་ཆུབ་སེམས་དཔའ་བཞིའི་ངོ་ལས་མ་འདའ་བར་བསྟན་ཏོ། །ཡུལ་བཞི་ནི་མཛེས་པའི་ལྷ་མོ་བཞིའི་རང་བཞིན་ཞེས་པས། ཡུལ་ནི་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པ་སྟེ། །མིག་གི་ཡུལ་གཟུགས། སྣའི་ཡུལ་དྲི། རྣ་བའི་ཡུལ་སྒྲ། ལྕེའི་ཡུལ་རོ་བཞིའོ། །མཛེས་པ་ནི། རྣམ་ཤེས་བཞིའི་དགོས་པ་སྐོང་བར་བྱེད་པས་སོ། །དེ་ཡང་རྣམ་པར་ཤེས་པ་བཞི་བྱང་ཆུབ་སེམས་ཀྱི་ངང་ལས་མ་འདས་ཙ། ཡུལ་དང་ཡུལ་ཅན་སྔ་ཕྱི་མེད་པ་གཅིག་ཆར་དུ་གྲུབ་པ་ཉིད་བྱང་ཆུབ་སེམས་སུ་གྲུབ་པ་ཡིན་པས། ཡུལ་བཞིས་སོ་སོར་རྣམས་པ་མ་འགགས་པར་སྣང་སྟེ། དེ་ངོ་བོ་ཆོས་ཀྱི་དབྱིངས་ལས་མ་གཡོས་དེ་དབྱེར་མེད་པ་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པའི་ངང་ཕྱོགས་ཞེན་གྱི་ཉེས་པ་མི་མངའ་བས་ནི་མཛེས་པ་ཞེས་བྱ། གཟུང་འཛིན་ཀ་ནས་དག་པས་ལྷ། རྣམ་པར་ཤེས་པས་སྤྱོད་པར་བྱ་བའི་ཡུལ་དུ་གྱུར་ཅིང་མཉེས་པའི་སྟོམས་དང་ལྡན་པས་ན་མོ། །དེ་ཡང་སྒེགས་མོ་ནི་གཟུགས་ཀྱི་བྱེ་བྲག་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ངང་ལས་ཆེད་འཛིན་གྱི་སྐྱོན་དང་བྲལ་བས་སྒེགས་མོའོ། །སྒྲའི་བྱེ་བྲག་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་ཉིད་རྣམ་པར་ཤེས་པའི་མཉེས་པ་བསྐྱེད་པར་བྱེད་པས་དབྱངས་མཁན་མ། དྲིའི་བྱེ་བྲག་རྣམས་མ་འདྲེས་ལ་ཡོངས་སུ་རྫོགས་པ་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་ཉིད་རིག་པ་ལ་མཛེས་པ་རྒྱུན་མི་ཆད་པ་ཕྲེང་བ་མ། རོའི་བྱེ་བྲག་རྣམས་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཉིད་བྱངས་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་བདེ་བའི་ཡེ་ཤེས་ཀྱིས་ལྕེའི་རྣམ་པར་ཤེས་པའི་དགོས་པ་སྐོང་བར་མཛད་པས་གར་མའོ། །དེ་དག་ཀྱང་རྣམ་པར་ཤེས་པ་ལ་བརྟེན་ཏེ་ཡུལ་གཅོད་པ་དང་། ཡུལ་ལ་བརྟེན་ཏེ་རྣམ་པར་ཤེས་པ་སྐྱེ་བས་ཡབ་ཡུམ་དུ་རྒྱུན་མི་ཆད་པར་ངོ་བོ་ཉིད་ཀྱི་བཞུགས་སོ། །རང་བཞིན་ནི་བཤད་ཟིན་ཏོ། །དབང་པོ་བཞི་ནི་མིག་ལ་སོགས་པ་བཞི་སྟེ། བྱང་ཆུབ་སེམས་དཔའི་རང་བཞིན་ཞེས་པ། བྱམས་པ་ལ་སོགས་པ་བཞིའོ། །དེ་ལ་མིག་གི་དབང་པོ་ཟར་མའི་མེ་ཏོག་ཁ་ཕྱེ་བ་ལྟ་བུ་མ་འདྲེས་ལ་ཡོངས་རྫོགས་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་ཉིད་བྱང་ཆུབ་སེམས་དཔའ་བྱམས་པ་སྟེ། སྐུའི་རིགས་སོ། །དེ་ན་གྷནྡྷེ་བསྣམས་པ་ཡང་ཁྲུས་དང་གཙང་སྦྲ་སྟེ་ལུས་ཀྱི་བྱ་བ་ཤས་ཆེ་པའི་ཚུལ་ལོ། །རྣ་བའི་དབང་པོ་གྲོ་རྣ་གཅུས་པ་འདྲ་བ་མ་འདྲེས་ཡོངས་རྫོགས། སེམས་ཀྱི་དབྱིངས་སུ་གསལ་བ་ཉིད་སྒྲིབ་པ་རྣམས་སེལ་ཏེ། གསུང་གིས་ཤེས་བྱའི་བརྡ་འཕྲད་ཅིང་འགྲོ་བའི་མུན་པ་སེལ་བ་པོ་ཏིའི་ཕྱག་རྒྱ་ཡང་རྟགས་སོ། །སྣའི་དབང་པོ་ཟངས་ཀྱི་མོ་ཁབ་གཤིབ་པ་འདྲ་བ་མ་འདྲེས། ཡོངས་རྫོགས་བྱང་ཆུབ་སེམས་སུ་ལྷུན་གྱིས་རྫོགས་པར་རྟོགས་པ་ཉིད་ཀུན་ཏུ་བཟང་པོ་སྟེ། བྱང་ཆུབ་སེམས་ལ་མངར་འཛིན་མི་མངའ་བའི་དོན་དང་མཐུན་པའི་མཚན་ནོ། །མཉམ་པ་ཉིད་ལ་ཆེ་བའི་ཡོན་ཏན་རྒྱུན་མི་ཆད་པའི་རྟགས་སུ་རིན་པོ་ཆེའི་སྙེ་མའོ། །ལྕེའི་དབང་པོ་ཟླ་བ་བཀས་པ་ལྟ་བུ་མ་འདྲེས་ཡོངས་རྫོགས་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་ཉིད་འཇམ་དཔལ་ཏེ། ཕྱོགས་སུ་འཛིན་པའི་ཟུག་རྔུ་མི་མངའ་བས་འཇམ་ལ། དེ་ཉིད་ཀྱིས་དཔལ་དུ་གྱུར་པས་ནའོ། །དེ་ལྟར་དབང་པོ་བཞི་མ་འདྲེས་ཡོངས་རྫོགས་བྱང་ཆུབ་སེམས་ལྷུན་གྱིས་གྲུབ་ཙ། དབང་པོ་ལ་བརྟེན་ཏེ་དུས་བྱུང་བ་དུས་བཞི་ནི་ཡུལ་དུ་དག་སྟེ། འདས་པ་དང་། ད་ལྟར་དང་། འགྱུར་བ་དང་། མ་འོངས་པ་བཞི་སྟེ། མཆོད་པ་ཞེས་པས། དབང་པོ་མཉེས་པར་བྱེད་པས་སོ། །བཤད་པ་བཞིན་གྱི་ལྷ་མོ་བཞི་ནི། སྤོས་དང་། མེ་ཏོག་དང་། མར་མེ་དང་། དྲི་ཆབ་བཞི་སྟེ། དུས་འདས་པ་དང་དབྱིངས་ཀྱི་ཁམས་མ་འདྲེས་ཡོངས་རྫོགས་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་དབང་པོ་མཉེས་པར་བྱེད་པས་ན་ལྷ་མོ་སྟེ་སྤོས་མེ་མའོ། །ད་ལྟར་དང་དབྱར་གྱི་ཁམས་མ་འདྲེས་ཡོངས་རྫོགས་ཉིད་རིག་པ་ལ་ལྷུན་གྱིས་གྲུབ་པ་ལྷ་མོ་མེ་ཏོག་མའོ། །འབྱུང་བ་དང་སྟོན་མ་འདྲེས་ཡོངས་རྫོགས་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་མར་མེ་མའོ། །མ་འོངས་པ་དང་དགུན་མ་འདྲེས་ཡོངས་རྫོགས་ལྷུན་གྱིས་གྲུབ་པ་དྲི་ཆབ་མའོ། །དེ་དག་འཕྲལ་དུ་བྱས་པ་མ་ཡིན། ཡེ་ནས་དེ་ལྟར་བཞུགས་པས་ན་རང་བཞིན་ནོ། །ལུས་ཀྱི་དབང་པོ་དང་། རྣམ་ཤེས་དང་། ཡུལ་དང་། དེ་ལས་བྱུང་བའི་བྱང་ཆུབ་སེམས། ཁྲོ་བོ་བཞིའི་རང་བཞིན་ཞེས་པ། དབང་པོ་རྣམ་ཤེས་བརྒྱད་པོས་ནི། ཡུལ་གཅོད་ཀྱང་འཇམ་པ་དང་སྙོམས་པའི་ཚུལ་གྱིས་བྱ་ཆུབ་སེམས་དཔའ་ཞེས་བྱ་ལ། འདིར་ལུས་ཀྱི་དབང་ཡུལ་གྱིས་ཡུལ་གཅོད་པ་ནི་སྟོབས་ཆེ་སྟེ། འདིའི་དུས་སུ་གཞན་མ་རྣམས་འགག་པ་དང་། མི་གནས་པར་མཛད་པས་ཁྲོ་བོ་ཞེས་བྱའོ། །དེ་ལ་ལུས་ཀྱི་དབང་པོ་ནི་གསང་བའི་རྡོ་རྗེའོ། །རྣམ་པར་ཤེས་པ་ནི་ཡུལ་ལ་རེག་པ་རེག་ཤེས་སོ། །ཡུལ་ནི་རྡོ་རྗེའི་ཡུལ་ལོ། །དེ་ན་དབང་པོ་དང་ཡུལ་དུ་འཛོམ་པའི་དུས་སུ་རྣམ་པར་ཤེས་པ་དང་གསུམ་འཛོམ་པ་ལས་བྱུང་བ་ནི་གསུམ་འདུས་བའི་རེག་པ་སྟེ། ངོ་བོ་བྱང་ཆུབ་སེམས་སུའོ། །ཁྲོ་བོ་བཞིའི་རང་བཞིན་ཞེས་པ། བཞི་པོ་མ་འདྲེས་ཡོངས་རྫོགས་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་ཉིད་མ་འགགས་པར་སྣང་བ་ཁྲོ་བོ་བཞི་སྟེ། ལུས་ཀྱིས་དབང་པོ་དངོས་སུ་སྣང་བ་སྐུ་གཤིན་རྗེ་གཤེད། རྣམ་ཤེས་དངོས་པོ་དང་བྲལ་བ་ཐུགས་སྟོབས་པོ་ཆེ། ཡུལ་བདེ་བ་མི་འགགས་པའི་གནས་གསུམ་རྟ་མགྲིན། གསུམ་འདུས་པའི་རེག་པ་བྱང་ཆུབ་སེམས་ཉམས་སུ་མྱོང་བའི་ཚེ་རྟོག་ཚོགས། གཞན་མ་ཐམས་ཅད་ནུབ་པའི་ལས་དང་ལྡན་པས་ཕྲིན་ལས་བདུད་རྩི་འཁྱིལ་པ། དེ་དག་ཀྱང་མ་ཧཱ་ཡོ་ག་བཞིན་སྐུ་ལ་བརྩི་བ་མ་ཡིན་ལ་སྐུ་སྤོང་བའང་མ་ཡིན་ཏེ། མ་འདྲེས་ཡོངས་རྫོགས་ཀྱི་ངོས་ནས་སོ། །ཁྲོ་བོ་རབ་བརྗོད་པ་ནི་ལས་མ་འགགས་པའི་ཕྱིར་རོ། །ཡུལ་ཁྲོ་མོ་བཞི་ནི་རྟག་ཆད་བདག་མཚན་བཞི་མ་འདྲེས་ཡོངས་རྫོགས་ཀྱི་དོན་ལ་མཚན་ཡུམ་མི་ཕམ་ལ་སོགས་པ་བཞིར་འདོགས་སོ། །དེ་ལྟར་རྟོག་ཚོགས་བཞི་བཅུ་རང་བཞིན་གྱི་དཀྱིལ་འཁོར་དུ་སངས་རྒྱས་ཙ། དེའི་རྩ་བ་ནི་ཡིད་ཀྱི་ཤེས་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་ནི། བྱང་ཆུབ་སེམས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོའི་རང་བཞིན་ཞེས་པ། ཡིད་ནི་སྐད་ཅིག་ཏུ་མི་གནས་པར་དངོས་པོ་མེད་བཞིན་ཀུན་ཏུ་རྒྱུ་བ་ལས་རྣམ་པར་ཤེས་པ་ནི། དྲུག་པོ་འགག་པའི་དེ་མ་ཐག་པ་ཕྱི་ནང་གི་ཆོས་ཐམས་ཅད་ལ་གཅོད་པའོ། །ཡིད་ལའང་གཉིས་ཏེ་ཀུན་ཏུ་ཚོལ་བའི་ཡིད་ནི་ཤེས་པ་ཡུལ་ལ་རྟོག་ཅིང་འཇུག་པ་ཉིད་ཀྱི་ཡུལ་ཅན་ནོ། །གཏན་ལ་འབེབས་པའི་ཡིད་ནི་ཤེས་པ་བརྟགས་ནས་གཅོད་དེ་འདི་ཡིན་ཞེས་གཏན་ལ་ཕབ་པའོ། །དེ་གཉིས་ཀྱང་མ་གོ་རྟིང་ཙམ་མིན་པ་ཡུན་མེད་དེ་སྐད་ཅིག་མ་གཅིག་གོ། །བྱང་ཆུབ་སེམས་རྡོ་རྗེ་ཞེས་པ། ཡིད་ཀྱི་ཤེས་པ་མ་འགགས་པར་སྣང་བ་རྟོག་ཚོགས་བཞི་བཅུ་ཞེ་གཉིས་ཅི་ལྟར་འཆར་ཡང་ཆོས་ཀྱི་དབྱིངས་ལས་མ་གཡོས་ཏེ་དེར་འཛིན་དང་བྲལ་བས་བྱང་། འོན་ཀྱང་ཐམས་ཅད་དེ་ཉིད་དུ་ལྷུན་གྱིས་གྲུབ་པས་ཆུབ། དེ་དབྱེར་མེད་པའི་ངང་ལས་རང་རིག་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡེ་ནས་འོད་གསལ་བའི་ངོ་བོ་ཉིད་ལ་དུས་གསུམ་དུ་འགྱུར་བ་མེད་བས་སེམས། ཏིང་ངེ་འཛིན་དེས་ཆོས་ཐམས་ཅད་འཇོམས་པས་ཀྱང་རྡོ་རྗེ། ངོ་བོ་མི་འགྱུར་བས་ཀྱང་རྡོ་རྗེ། དབྱེར་མེད་ཕྱེད་པས་ཀྱང་རྡོ་རྗེ། ཡིད་ཅེས་པ། རྡོ་རྗེ་ཡིད་སྟེ་རང་བྱུང་ཡེ་ཤེས་རྡོ་རྗེ་ཉིད་ཡིད་ཀྱི་ཤེས་པ་གསལ་བར་སྣང་། ཡིད་རྡོ་རྗེ་སྟེ་ཡིད་ཀྱི་ཤེས་པ་གསལ་བ་ཉིད་སྐྱེ་འཇིག་མེད་པ་རྡོ་རྗེ་ལྟ་བུ། དེའི་ངོ་བོ་ནི་རྟོག་ཚོགས་བཞི་བཅུ་བཤད་པ་བཞིན་མ་འདྲེས་ཡོངས་རྫོགས་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་ཕྱོགས་ཞེན་མི་མངའ་བ་ལ་ཐ་སྙད་དུ་ཀུན་ཏུ་བཟང་པོ་ཞེས་བྱ་ཡི། དོན་ལ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་གདགས་གཞི་དང་ཡང་བྲལ་ལོ། །རང་བཞིན་ནི་ཡེ་ནས་ཡིན་པའི་དོན་ནོ། །དེ་ནི་མི་འགགས་པ་ཤས་ཆེ་བ་ཡིན་ལ། རང་བཞིན་ནི་ཡུལ་ཆོས་འདུས་བྱས་དང་འདུས་མ་བྱས་པ་ཀུན་ཏུ་བཟང་མོའི་རང་བཞིན་ཏེ་ཞེས་པ་ཡུལ་ནི་ཡིད་ཀྱི་ཡུལ་ལོ། །གང་ཞེ་ན་གཉིས་ཏེ། ཆོས་འདུས་བྱས་དང་འདུས་མ་བྱས་གཉིས་སོ། །དེ་ལ་འདུས་བྱས་ནི་ཀུན་རྫོབ་ཀྱི་ཆོས་སྟེ། འབྱུང་བ་བཞིས་བསྐྱེད་པའི་རྟོག་པ་བཞི་བཅུ་ལྟ་བུའོ། །འདུས་མ་བྱས་ནི་དོན་དམ་པར་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་བཞི་སྟེ། ནམ་མཁའ་དང་། ཀུན་གཞི་དང་། ཆོས་ཀྱི་དབྱིངས་དང་། འགོག་པའོ། །འགོག་པ་ལ་སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་མིན་གྱི་འགོག་པ་སྟེ་ཤེས་པར་ཟད། དེས་ན་ཡུལ་གཉིས་པོ་དེ་མ་འགགས་མ་དམིགས་དབྱེར་མེད་པ་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་ལ་དུས་དང་གནས་སྐབས་ཀུན་ཏུ་གཟུང་འཛིན་གྱི་ཞེན་པ་དང་བྲལ་བས་བཟང་ཞེས་བྱ་སྟེ། རྣམ་པར་དག་པ་དང་། ཡིད་ཀྱི་ཡུལ་ཡིན་པའི་ངོས་ནས་ཐ་སྙད་དུ་མོ་ཞེས་བྱའོ། །དེའི་རང་བཞིན་ལས་མི་འདའ་བས་ན་རང་བཞིན་ཏེ། ཉོན་མོངས་པ་དྲུག་ཐུབ་པ་དྲུག་ཏུ་འདུས་པས་གོང་གིས་བསྒྲེའོ། །དེས་ན་རྟོག་པའི་ཆོས་དེ་རྣམས་ལ་མ་འགགས་པར་སྣང་བ་ལ་ཕྱོགས་འཛིན་བྲལ་བ་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ། །རང་བཞིན་མེད་པ་ཉིད་ཕྱོགས་འཛིན་དང་བྲལ་བ་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ། །དེ་དབྱེར་མེད་པ་ཉིད་ཕྱོགས་འཛིན་ཐམས་ཅད་དང་བྲལ་བ་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྟེ། རྫོགས་པ་ཆེན་པོའི་ངོ་བོ་ཀུན་ཏུ་བཟང་པོ་དང་བཟང་མོ་དབྱེར་མེད་པ་ཉིད་མཐོང་སྣང་གི་ཆོས་ད་ལྟ་ཉིད་ནས་ཡིན་ཞེས་བརྗོད་པའི་དོན་ཏོ། །རྒྱུ་ཡི་ཐེག་པ་དག་གིས་མཐོང་སྣང་གི་ཆོས་འདི་ནི་དོན་དམ་པའི་བདེན་པ་མིན་ཏེ་སེམས་ཅན་ལ་འཁྲུལ་པར་སྣང་བ་ལྟ་བུའོ། །དེས་ནི་སྐུ་གསུང་ཐུགས་ཀྱི་རྒྱས་པའི་རྒྱས་པ་བཤད་ནས། དེ་ཡང་ཡེ་ནས་ཡིན་པའི་དོན་རྒྱས་པར་བཤད་པ་ནི། དེ་དག་ཀྱང་ཡེ་ནས་མངོན་པར་རྫོགས་པར་ཞེས་པ་ལ་སོགས་པ་སྟེ། སྨོས་པའི་རྟོག་ཚོགས་རྣམས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་བསྟན་པ་དེ་དག་ཀྱང་མིན་པ་ལས་ཡིན་པར་བསྒྱུར་བ་མ་ཡིན་ཏེ། ནམ་མཁར་ཡེ་ནས་སྟོང་གསལ་དུ་གནས་པ་ལྟར་མ་འགགས་པ་སྐུ་མ་དམིགས་པ་ཡེ་ཤེས་སུ་ཡེ་འམ་ཐོག་མ་ནས་སོ། །མངོན་པར་རྫོགས་ཞེས་པ་ནི། དབང་པོའི་མངོན་སུམ་དུ་གནས་པ་ཉིད་མ་བྱས་མ་རྩལ་བར་རང་རིག་པའི་མངོན་སུམ་དུ་ཚོགས་གཉིས་མ་བསགས་པར་རང་རྫོགས་ཏེ། མ་འགགས་པས་ནི་ཆད་པའི་མཐའ་ལས་རྒྱལ་བར་མངོན་ཞིང་བསོད་ནམས་ཀྱི་ཚོགས་རྫོགས་ལ། མ་དམིགས་པས་ནི་རྟག་པའི་མཐའ་ལས་རྒྱལ་བར་མངོན་ཞིང་ཡེ་ཤེས་ཀྱི་ཚོགས་རྫོགས་པས། དེ་ཉིད་ཀྱི་ངང་ལས་ཕྱོགས་ཞེན་མི་མངའ་བས་སངས། དོན་དེས་མཐའ་དབུས་མེད་པར་ལྷུན་གྱིས་གྲུབ་པས་རྒྱས་ཏེ། དེ་ནི་འབྲས་བུའི་ངོ་བོར་ཚོགས་ཡེ་རྫོགས་ཆེན་པོའི་གཏན་ཚིགས་ཀྱང་སྟོན་ཏོ། །རང་བཞིན་གྱི་ཞེས་པ། དེ་ལྟར་བུའི་རང་བཞིན་ནམ་ངོ་བོ་ཉིད་ཡེ་ནས་ཞེས་བྱ་སྟེ། རྒྱུད་ཉིད་ལས། བདག་དང་མཐའ་ཡས་སེམས་ཅན་རྣམས། ཡེ་ནས་སངས་རྒྱས་ཡིན་མོད་ཀྱི། ཞེས་པས་སོ། །དེས་ན་རྟེན་གྱི་གང་ཟག་གིས་གསེར་འགྱུར་རྩི་ལྟར་ད་ལྟ་ལམ་གྱི་གནས་སྐབས་སུ་བསྒྲུབས་ནས་བཤད་པའི་དོན་རྣམས་སྣང་བ་བྱས་པ་ལྟ་བུ་མ་ཡིན་ཏེ་ཡིན་པའི་དོན་བསྟན་པ་དེ་ཁོ་ནའོ། །དབྱེར་མེད་པ་རྒྱས་པར་བཤད་པ་ནི་གསུམ་སྟེ། བསྟན་པའི་ངོས་ནས་དོན་གཏན་ལ་ཕབ་པ་ནི། དེ་ལྟར་ཕྱོགས་བཅུ་དུས་གསུམ་ཞེས་པས་ལ་སོགས་པ་སྟེ། གོང་དུ་བསྟན་པ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང་། དེ་ཡང་ཡེ་ནས་ཡིན་པའི་དོན་བསྟན་པ་དེ་ལྟར་ན་མཐའ་ཐུག་པ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དེ་རྟོག་པ་ཇི་སྙེད་པ་ཐམས་ཅད་བཤད་པའི་དོན་དུ་ལྷུན་གྱིས་གྲུབ་པས། ཕྱོགས་ཀྱི་དབང་དུ་ན་བཅུ་དང་། དུས་ཀྱི་བསྡུས་ན་གསུམ་དང་། གནས་ཀྱི་བསྡུས་ན་ཁམས་གསུམ་དང་། སོག་ཁོངས་སུ་སྣོད་འབྱུང་བ་བཞི། བཅུད་འགྲོ་བ་རིས་དྲུག་ལ་སོགས་ཏེ། ཐ་སྙད་ཐམས་ཅད་དང་དེ་བསྡུས་ནས་འདུས་བྱས་ཞེས་བྱ་སྟེ། ཀུན་རྫོབ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཐམས་ཅད་དང་། འདུས་མ་བྱས་ཞེས་ཏེ། དོན་དམ་པའི་མ་བཤད་པའི་འདུས་མ་བྱས་བཞི་པོའམ། མྱ་ངན་ལས་འདས་པའི་ཆོས་སྨོས་པ་དེ་དག་ཐམས་ཅད། རང་གི་སེམས་ལས་གུད་ན་མེད། ཅེས་པ། རང་ཞེས་བྱ་བ་ནི་བཤད་པའི་ཆོས་ཐམས་ཅད་རྩ་ལོ་དང་བྲལ་བའི་ཚུལ་གྱིས་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་ལ། དེ་ལ་སྣང་སྟོང་གི་འཛིན་པ་དང་བྲལ་བས་དུ་མ་མ་གྲུབ་སྟེ། རིས་སུ་འཛིན་པ་དང་བྲལ་བའི་ངོས་ནས་བདག་ཉིད་ཆེན་པོའི་ངང་ལ་རང་ཞེས་བྱ་ཡིས། གཞན་པ་ལ་ལྟོས་པའི་རང་རྩ་ལོའམ། རྣལ་འབྱོར་པ་གཅིག་གི་སྙིང་ཁ་ལ་འཆར་བ་ལྟ་བུར་ནི་མི་བརྗོད་དེ། རྫོགས་པ་ཆེན་པོའི་དོན་ནི་ཁྱབ་བདལ་ལྷུན་གྲུབ་ཀྱི་ངང་ལ་རྩ་ལོ་མི་མངའ་བས་བདག་གཞན་གྱི་འཛིན་པ་མ་སྤངས་རང་དག་གོ། །སེམས་ནི་བདག་ཉིད་ཆེན་པོའི་ངོ་བོ་དེ་ཉིད། འཛིན་པ་དང་བྲལ་བར་ཡེ་ནས་འོད་གསལ་བ་ལ་སེམས་ཞེས་བརྗོད་ཀྱི། དམིགས་པའི་སྤྲོས་བྲལ་ནི་འདིར་ཀུན་རྫོབ་བོ། །དེ་བས་ན་སེམས་ཀྱི་ཆོས་ཉིད་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ངང་ལ་རྟོགས་མ་རྟོགས་ཀྱི་འཁོར་འདས་གཉིས་སུ་སྣང་སྟེ། དེའང་ལམ་པའི་སྣང་བ་ཡིན་ལ། ཐམས་ཅད་མཁྱེན་པ་རང་ངོ་ལ་ནི་ནམ་མཁས་ནམ་མཁའ་མི་འཛིན་པ་དང་འདྲ་བས་ཐ་སྙད་མ་གྲུབ་ཀྱང་། ལམ་པའི་ངོས་ནས་མྱ་ངན་ལས་འདས་པའི་ཆེ་ཡོན་རྣམས་ཡིད་ཀྱི་ཡུལ་དུ་བྱས་པའང་གནས་སྐབས་དེར་ཡིད་ཀྱི་ཤེས་པ་དེ་ཉིད་དུ་སྣང་བ་ལས་མ་གཏོགས་པ་ངོ་བོ་ལ་ཡུལ་ཡུལ་ཅན་གཏན་ནས་མ་དམིགས་ཏེ། གསལ་པ་དེ་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ངང་ལ་ཕྱོགས་འཛིན་མ་སྤངས་བྲལ་བ་ནི་སེམས་ཉིད་རྣམ་པར་དག་པ་ཞེས་བྱ་སྟེ། དེས་ན་མྱ་ངན་ལས་འདས་པ་ཐམས་ཅད་ཀྱང་རང་སེམས་སྣང་བ་ཅེའོ། །ཁམས་གསུམ་འཁོར་བའི་ཆོས་མཐའ་ཐུག་པ་མེད་པ་ནི་ཅི་ལྟར་སྣང་ཡང་ཡིད་ཀྱི་ཤེས་པ་ཉིད་དེར་སྣང་བ་ལས་མ་གཏོགས་པ་ཡུལ་དུ་མ་གྲུབ་ལ། དེ་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཉིད་བཤད་པ་བཞིན་སེམས་སུ་ལྷུན་གྱིས་གྲུབ་པས་སེམས་ལས་གུད་ན་མེད་དེ་ཞེས་བྱའོ། །དེ་ནི་ལམ་པའི་བློ་ཚོད་ཀྱི་སྣང་བའོ། །བཤད་པའི་ཚིག་གི་ན་ཡར་ནི། འཁོར་འདས་ཐམས་ཅད་སེམས་ཀྱི་ཆོས་ཉིད་ལས་གུང་ན་མེད་དེ་རྟོགས་ན་སངས་རྒྱས་སུ་གཅིག །མ་རྟོགས་ན་སེམས་ཅན་དུ་གཅིག །ཅེས་བརྗོད་དོ། །རྒྱུད་ལས་ཀྱང་། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་གཞལ་ཞེས་བསྟན་ཏོ། །དེ་ཉིད་ལུང་གི་ཚད་མར་བསྟན་པ་ནི། ཇི་སྐད་དུ་ཞེས་པ། ཆོས་ཐམས་ཅད་སེམས་སུ་གཅིག་པའི་དོན་གོང་དུ་ཇི་སྐད་བཤད་པ་བཞིན་ཏེ། ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས་ཀྱང་འདི་སྐད་དུ་སྟོན་ཏེ། རང་སེམས་སོ་སོར་རྟོགས་པ་ནི། སངས་རྒྱས་བྱང་ཆུབ་དེ་ཉིད་དེ། ཞེས་པ། དུ་མ་བྲལ་བའི་རང་གི་སེམས་ཀྱི་ཆོས་ཐམས་ཅད་དབྱེར་མེད་པའི་ངོ་བོ་ནི་རྟོགས་པར་བྱ་བའི་ཡུལ་ལོ། །སོ་སོར་རྟོག་པ་ནི། ཞེས་པ་ཡུལ་ཅན་ལམ་པ་རྣམས་ཀྱི་རང་གི་ཤེས་རབ་ཀྱི་རྩལ་དང་མཐུན་པར་སོ་སོར་སྣང་བའི་རྟོགས་པ་ནི་གང་ཞེ་ན། སེམས་ཀྱི་ཆོས་ཉིད་ཀྱི་དོན་རྟོགས་པ་མཐའ་ཕྱིན་ནས་དེ་ལས་སྐྱེད་དུ་བྱ་བ་མེད་པ་ནི་སངས་རྒྱས་སོ། །སེམས་ཀྱི་ཆོས་ཉིད་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་མ་སྐྱེས་པའི་ཆ་རྟོགས་པ་ནི། བྱང་ཆུབ་སྟེ་ས་དང་པོའོ། །སེམས་ཀྱི་མཚན་ཉིད་བདེན་པ་དབྱེར་མེད་ཀྱི་དོན་མངོན་དུ་བྱས་པ་ནི། བྱང་ཆུབ་སེམས་དཔའ་སྟེ་བསྒོམ་ལམ་པའོ། །བདེན་པ་དབྱེར་མེད་ཀྱི་དོན་ལ་མཉམ་རྗེས་ཀྱི་ཆ་ཕྲ་བ་དང་མ་བྲལ་ལ། སོ་སོར་རྟོག་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟེ་མཐར་ལམ་པའོ། །ཞར་ལ་སེམས་ཀྱི་དོན་སྐད་ཅིག་མ་དང་རྡུལ་ཕྲ་རབ་དོན་དམ་དུ་རྟོགས་པ་ནི། ཉན་ཐོས་རང་རྒྱལ་ཏེ་དེ་ལྟར་ན་རྟོགས་པའི་བྱེ་བྲག་སོ་སོར་མི་འདྲ་བ་རྣམས་ཀྱང་སེམས་ཉིད་འོད་གསལ་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ་ཉིད་ལ་སྣང་ཞིང་དེ་ཉིད་དུ་གཅིག་པས་སོ། །འཇིག་རྟེན་གསུམ་པའང་དེ་ཉིད་དེ། ཞེས་པ། སྣོད་བཅུད་འཇིག་པ་དང་། བཅས་པའི་ཁམས་གསུམ་པོའང་སེམས་ཉིད་དེ་ལ་སྣང་ཞིང་དེ་ཉིད་ཀྱི་ངང་དུ་དབྱེར་མེད་དེ་རྒྱུ་རྐྱེན་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྲ་རབ་ཀྱི་དངོས་པོ་ཐམས་ཅད་ཀྱང་སེམས་རྣམ་པར་དག་པ་དེ་ཉིད་དུ་ལྷུན་གྱིས་གྲུབ་པོ། འབྱུང་བ་ཆེ་རྣམས་དེ་ཉིད་དེ་ཞེས་པ། ཁམས་གསུམ་སྣོད་བཅུད་འགྲུབ་པར་བྱེད་པའི་རྒྱུ་ནམ་མཁའི་ངང་ལས་དེ་ཉིད་ཀྱང་རྒྱུན་ཆད་མེད་པ་དང་། སྣོད་བཅུད་ཐམས་ཅད་སྣང་བས། འབྱུང་བ་ཆེན་པོ་རྣམས་ནི་ལྔ་པོ་དེ་ཉིད་ཀྱང་སེམས་དེ་ཁོ་ན་ཉིད་དུ་དབྱེར་མེད་ཅིང་གཉིས་སུ་མེད་དོ། །ཞེས་གོང་དུ་བསྟན་པའི་རྒྱུད་ལས་འབྱུང་ངོ་། །དེ་ལྟར་མ་འགགས་པ་ཐམས་ཅད་སེམས་ཉིད་དུ་གཅིག་པར་བསྟན་ནས། སེམས་རང་གི་ངོ་བོ་ཉིད་བསྟན་པ་ནི། ཇི་སྐད་དུ། ཞེས་པ་གོང་དུ་བཤད་པ་དང་མཐུན་པར་གསང་བ་འདུས་པ་ལས་འདི་སྐད་དུ་འབྱུང་སྟེ། ཞེས་བྱའོ། །ཆོས་ཐམས་ཅད་ནི་སེམས་ལ་གནས་སོ། །ཞེས་པ་སྣང་སྟོང་གི་དངོས་པོ་ཡིད་ཀྱི་ཡུལ་དུ་བྱས་པའི་ཆོས་ཐམས་ཅད་ནི། སེམས་སུ་གནས་ཤིང་སེམས་སུ་དབྱེར་མེད་ཅིང་སེམས་ལས་མ་གཏོགས་པའི་ཆོས་མེད་དོ། །དཔེར་ན་རྒྱ་མཚོ་དྭངས་པ་ལ་ཉི་ཟླ་གཟའ་སྐར་གཟུགས་བརྙན་གྱི་ཚོགས་ཅི་ལྟར་འཆར་ཡང་ཚུར་གཅིག་ཅིང་ཚུར་མི་གཉིས་པ་བཞིན་པས། སེམས་ལ་གནས་སོ་ཞེས་བྱ་སྟེ། འདིར་མ་ཧཱ་པ་བཞིན་རྩ་ལོའམ་སྤྲོ་བསྡུ་ལྟ་བུ་ནི་མ་ཡིན་ཏེ། དཔེར་རྒྱ་མཚོའི་གཟུགས་བརྙན་ཕར་ཀ་ཡང་ཆུ་ཚུར་ཀའང་ཆུ་དང་མཚུངས་པས་ཡུལ་དུ་སྣང་བ་ཡང་། སེམས་ཡུལ་ཅན་དུ་སྣང་བའང་སེམས་རང་སྣང་བས་གཞི་དང་གཞི་ཅན་ལྟ་བུ་མ་ཡིན་ནོ། །གནས་ཞེས་བྱ་བའང་དེ་ལས་མི་འདའ་ཞིང་མི་འགྱུར་བའི་དོན་ནོ། །སེམས་ནམ་མཁའ་ལ་གནས་སོ་ཞེས་པས། སེམས་ཉིད་ནི་ནམ་མཁའ་དང་དབྱེར་མེད་པར་བསྟན་ཏེ། ནམ་མཁའ་ནི་ཁ་དོག་དང་། དབྱིབས་དང་། རིས་དང་། ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ། དོན་དེས་སེམས་དང་ནམ་མཁའ་ཆོས་དབྱིངས་གསུམ་ཡེ་ནས་དབྱེར་མེད་པའི་ངོ་བོ་ཡིན་པས། དཔེས་མཚོན་པས་སེམས་ཉིད་མཐའ་ཐམས་ཅད་དང་བྲལ་བ། ནམ་མཁའ་ལྟ་བུར་གནས་སོ་ཞེས་བྱའོ། །ནམ་མཁའ་ཅི་ལའང་མི་གནས་སོ་ཞེས་པ། འབྱུང་བའི་ནམ་མཁའ་ནི་ཡོད་མེད་དང་རྟག་ཆད་དང་ཁ་དོག་དང་དབྱིབས་ལ་སོགས་པ་རྣམ་གྲངས་མཐའ་ཅན་གྱི་ཆོས་ཅི་ལའང་དམིགས་པ་དང་བྲལ་བས། ཆེད་འཛིན་ཐམས་ཅད་དང་བྲལ་ཏེ་མི་གནས་སོ་ཞེས་བྱའོ། །དེ་བས་ན་ཆོས་ཐམས་ཅད་ནི་སེམས་ལས་གཞན་མེད་ལ་སེམས་ནི་མཐའ་དང་བྲལ་བས་ནམ་མཁའ་ལྟ་བུ་ཡིན་ལ་ནམ་མཁའ་ནི་བྱ་བ་ཐམས་ཅད་དང་བྲལ་བའོ། །དེ་ལྟར་བུའི་དོན་ཉིད་ཡེ་ནས་ཡིན་ནོ་ཞེས་རྒྱུད་ལས་འབྱུང་བ་དང་། །ཡང་མདོ་སྡེའི་ལུག་གིས་ཀྱང་བསྟན་ཏེ། །ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་སྟོང་པའོ། །ཞེས་པ་ལ་སོགས་པ་སེམས་ཀྱི་ཆོས་ཉིད་གོང་དུ་བསྟན་པ་བཞིན་གྱི་གཏན་ཚིགས་ཀྱིས་སེམས་ཉིད་རང་སྣང་བའི། །འཁོར་འདས་ཀྱི་ཆོས་ཐམས་ཅད་ནི་སྣང་ཙམ་ཉིད་ན་རང་བཞིན་མེད་དེ་ངོ་བོ་ཉིད་ཀྱིས་མ་སྐྱེས་པས་སྟོང་པ་བདག་མེད་པ་སྟེ། རྩ་བ་སེམས་ཉིད་ནས་རྣམ་པར་དག་པའོ། །ཆོས་ཐམས་ཅད་གདོད་ནས་རྣམ་པར་དག་པའོ་ཞེས་པ། བརྗོད་པའི་ཆོས་ཐམས་ཅད་ནི་བྱེད་པ་པོས་མ་བྱས་བསྐོས་པ་པོས་མ་བསྐོས་པར་རྒྱུ་རྐྱེན་དང་བྲལ་བའི་ཚུལ་གྱིས་གཟོད་མ་ནས་ཆོས་ཉིད་སྣང་བ་ལས་མ་གཏོགས་པའི་གཉིས་འཛིན་མི་མངའ་བས། རྣམ་པར་དག་པ་སྟེ་ནམ་མཁའ་ལྟ་བུའོ། །བརྗོད་པའི་ཆོས་ཐམས་ཅད་ནི། ཡང་ན། ངོ་བོ་ཉིད་ཀྱིས་སེམས་ཀྱི་ཆོས་ཉིད་དུ་ལྷུན་གྱིས་གྲུབ་པ་ལ་མ་རིག་པ་ཀ་ནས་དག་ཅིང་གཟུང་འཛིན་གྱི་སྒྲིབ་གཡོག་མི་མངའ་ཞིང་དངོས་པོ་དང་བྲལ་བས་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་སྟེ། འོད་གསལ་བ་ཉི་མའི་སྙིང་པོ་ལྟ་བུའོ། །བརྗོད་པའི་ཆོས་ཐམས་ཅད་ནི་ཡུལ་ཅན་མེད་པས་འཛིན་ཆགས་ཀྱི་གནས་མ་གྲུབ་པའི་དབང་གིས། ཆུའི་རང་བཞིན་གཤེར་བ་དང་འདྲ་བར་རང་བཞིན་ནམ་ངོ་བོ་ཉིད་ཀྱིས་གཟུང་འཛིན་དང་ཉོན་མོངས་པ་གཏན་ནས་དག་པས་མྱ་ངན་ལས་འདས་པ་སྟེ། འབྱུང་བ་བཞིའི་བེམ་པོའི་མཚན་ཉིད་ལྟ་བུའོ། །གོང་གི་གཏན་ཚིགས་སྟོང་པ་དང་དག་པ་དང་། མྱ་ངན་ལས་འདས་པའི་གཞི་ལྷུན་གྱིས་གྲུབ་པ་དེས་ན། བརྗོད་པའི་ཆོས་ཐམས་ཅད་ནི་ཡེ་འམ། ཐོག་མ་ནས་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་སྟེ། བསྒྲུབས་ནས་མྱ་ངན་ལས་འདས་པ་མ་ཡིན་ཏེ། ཡེ་ནས་ཡིན་པའི་དོན་གྱིས་གཉིས་ཅན་ཐམས་ཅད་གཉིས་མེད་དུ་རོ་གཅིག་པས་མ་འགགས་པ་དང་མ་དམིགས་པ་གཉིས་ཀྱིས་མཐའ་གཉིས་ལས་རྒྱལ་བར་མངོན་ཞིང་ཚོགས་གཉིས་ཀྱང་མ་བསགས་པར་གཅིག་རྫོགས་སུ་ཡེ་རྫོགས་ཆེན་པོའི་ངོ་བོར་བཞུགས་པ་ལ། ཆོས་ཀྱི་དབྱིངས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བས་སངས། རིག་པའི་ཡེ་ཤེས་གསལ་ལ་མ་འགགས་ལ་མེད་པས་རྒྱས། མ་འགགས་པ་སྐུ་མ་དམིགས་པ་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་སངས་རྒྱས་ཡེ་རྒྱས་ཆེན་པོའི་ངོ་བོ་ཉིད་དོ། །དེས་ནི་དབྱེར་མེད་པའི་དོན་རྒྱས་པར་བཤད་ལ། དེ་ཉིད་ས་གཅོད་དང་སྦྱར་བར་ཡང་ཤེས་པར་བྱའོ། །ཞེས་བརྒྱད་སྟོང་པ་ལས་ཀྱང་གསུངས་སོ། །རང་བཞིན་རྫོགས་པ་ཆེན་པོའི་ཞབས་བསྡུ་བ་ནི། འདི་ནི་རྫོགས་པ་ཆེན་པོའི་ཚུལ་ལོ། །ཞེས་པ་སྔོན་དུ་སོང་བ་དང་ཉེ་བར་བརྗོད་པ་གཉིས་ལས། སྔོན་དུ་བཤད་པའི་དོན་འདི་ནི་རང་བཞིན་ཡེ་ནས་གནས་པའི་དོན་མ་འདྲེས་ལ་ཡོངས་སུ་རྫོགས་པ་དབྱེར་མེད་པས་ཆེན་པོའི་ཚུལ་ལམ་གནས་ཚུལ་བརྗོད་པའོ། །དེ་ཉིད་ཡིན་ཚུལ་གཏན་ལ་ཕབ་པའི་ངོས་ནས་གཞིར་འགྲོ་ལ། ཕབ་པས་ཤིས་པའི་ངོས་ནས་ལྟ་བ་སྟེ་ལམ་དུའང་འགྲོ་བས་ལམ་གྱི་གཞི་ལྟ་བ་ཞེས་ཀྱང་བརྗོད་པའོ། །དེ་ནས་གོང་དུ་རྟོགས་ནས་བསྒོམ་པ་སྟེ། ཞེས་བརྗོད་པས་རྟོགས་པ་ནི་གཞི་ལམ་གཉིས་ཀྱི་མཚམས་སྦྱོར་ཡིན་ཏེ། སྒོམ་པ་ཡང་འདིའི་གནས་སྐབས་སུ་གྱུར་པ་རྫོགས་པ་ཆེན་པོ་ཞེས་བརྗོད་པས། མ་ཧཱ་པ་བཞིན་ཏིང་ངེ་འཛིན་གསུམ་དང་ཆོ་འཕྲུལ་བཞིས་བསྐྱེད་དེ། ལམ་མི་འདྲ་གཅིག་བསྒོམས་ནས་དེ་ལ་འབྲས་བུ་སྣང་བ་ལྟ་བུ་མ་ཡིན་ཏེ། ཡིན་ཚུལ་གྱི་དོན་ཤེས་པ་ལྟ་བ་སེམས་ཐོག་ཏུ་ཕེབས་ཏེ། ནམ་མཁའ་ནམ་མཁའ་མི་སེམས་པ་ལྟར་ལྷུན་གྱིས་གྲུབ་པ་ལ་ནི་གྱུར་པ་ཞེས་བྱ་ལ། དེའི་ངང་ལ་མ་ཤེས་པ་ཤེས་པར་བྱ་རྒྱུ་མེད་སྟེ། མ་གོམས་པ་གོམས་པར་བྱ་བ་ཙམ་ལ་བསྒོམ་ཞེས་བརྗོད་དོ། །དེའི་མདོར་བསྟན་པ་ནི། རྫོགས་པ་ཆེན་པོའི་ཚུལ་ནི། རྟོགས་པ་རྣམ་བཞི་ལམ་གྱི་ཡིད་ཆེས་ཏེ་ཞེས་པ། རྫོགས་པ་ཆེན་པོ་ནི་གོང་དུ་བསྟན་པ་ཉིད་དོ། །ཚུལ་ནི་དོན་ལ་འཇུག་ཚུལ་ཏེ། ངོ་བོ་ལ་འཇུག་བྱ་འཇུག་བྱེད་མེད་དེ་འདིར་གྱུར་པ་རྫོགས་པ་ཆེན་པོ་ཡིན་པའི་ངོས་ནས་ལམ་པའི་ངོར་རོ། །རྟོགས་པ་རྣམ་བཞི་ཞེས་པ། འདིར་རྫོགས་པ་ཆེན་པོ་ལ་གཅིག་ཆར་དུ་འཇུག་ནས། ཕྱི་ནང་གི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་ངོ་བོ་སྐུ་གསུམ་ཐུགས་མི་ཟད་བརྒྱན་གྱི་འཁོར་ལོར་ལྷུན་གྱིས་གྲུབ་བའི་གཏན་ཚིགས་ཏེ་རྒྱས་པར་འཆད་དོ། །ལམ་གྱི་ཡིད་ཅེས་པ། རྟོགས་པ་སྐད་ཅིག་མ་སྔ་མ་ནི་འཇུག་ཚུལ་གྱི་ངོས་ནས་ལམ་ཡིན་ལ། སྐད་ཅིག་མ་ཕྱི་མ་ལ་ཡིད་ཆེས་ཏེ། རང་རིག་པའི་མངོན་སུམ་དུ་ལྷུན་གྱིས་གྲུབ་ནས་ཡུལ་ཡུལ་ཅན་མེད་དེ་དེ་ཉིད་དུ་འཛིན་པའང་མེད་པ་ནི། ཡིད་ཀྱི་གཡོ་བ་རྒྱུན་ཆད་དེ་མི་འབྱུང་བ་ཡིད་ཆེས་ཞེས་བྱའོ། །དེ་ནི་རྒྱས་བཤད་ཀྱི་མགོ་འདྲེན་ནོ། །རྒྱས་པར་བཤད་པ་ལ་ཚན་དོན་དང་ཐུན་མོང་དུ་བསྟན་པ་ནི། དེ་ལ་རྫོགས་པ་ཆེན་པོ་ནི་ཞེས་པ་ལ་སོགས་པ་སྟེ། མདོར་བསྟན་དུ་བཞིར་བྱས་པའི་གཞི་དེ་ལས་དང་པོའི་ཉིད་བཀར་ནས་སྟོན་ཏེ། གཞི་གནས་ཚུལ་ངོ་བོ་ཉིད་ལམ་པ་རྣམས་ཀྱི་ཤེས་པར་བྱ་བའི་དོན་ནོ། །རྫོགས་པ་ཆེན་པོ་ཞེས་བྱ་སྟེ། རྫོགས་པ་ནི་འཁོར་འདས་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་མི་འགགས་པར་སྣང་བ། ཀུན་ཏུ་བཟང་པོའི་རོལ་པ་ནི་དངོས་པོ་སོ་སོའི་དགོས་པ་བྱ་བ་བྱེད་པའི་ཆ་ནས་བསོད་ནམས་ཀྱི་ཚོགས་མ་བསགས་པར་ལྷུན་གྲུབ་ཏུ་རྫོགས་ལ་དེ་ཙམ་ཉིད་ན། ཆོས་ཀྱི་དབྱིངས་ཀུན་ཏུ་བཟང་མོའི་མཁའ་དབྱིངས་ལས་མ་གཡོས་པས་ཡེ་ཤེས་ཀྱི་ཚོགས་ཏེ། དེ་གཉིས་ཀྱང་ཆུ་དང་མར་གྱི་དཔེ་བཞིན་དུ་དབྱེར་མེད་པ་ལ་ཚོགས་ཞེས་བྱའོ། །དེ་ཡང་ལམ་པའི་བློས་བྱས་པ་མ་ཡིན། ཡེ་ནས་ཚོགས་བསགས་པའང་རྒྱུད་མི་ཆད་པའི་ཚོགས་ཀྱི་ངོ་བོ་ཉིད་དུ་བཞུགས་པ་ལ་ཚོགས་ཀྱི་འབྲས་བུའང་མཐར་ཕྱིན་པས་སོ། །ཆེན་པོ་ནི་གཉིས་ཏེ། ཚོགས་གཉིས་མ་འདྲེས་ལ་ཡོངས་སུ་རྫོགས་པས་གཅིག་ཆར་རྫོགས་པས་ཀྱང་ཆེན་པོའོ། །འབྲས་བུའི་ཆེ་ཡོན་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པས་ཀྱང་ཆེན་པོ་སྟེ། ཚོགས་རྫོགས་པའི་འབྲས་བུ་གང་ཡིན་ཞེ་ན། འབྲས་བུའི་ཆོས་ལྷུན་གྱིས་གྲུབ་པའི་དོན་ཏེ། ཞེས་པས་ཚོགས་ཡེ་རྫོགས་ཆེན་པོའི་ངང་རྒྱུའི་དུས་ནས་འབྲས་བུའི་ངོ་བོ་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པ་བཤད་པ་བཞིན། རྟོག་ཚོགས་ཞེ་གཉིས་མ་འགགས་པ་སྐུའི་དཀྱིལ་འཁོར། མ་དམིགས་པ་གསུང་གི་དཀྱིལ་འཁོར་དབྱེར་མེད་པ་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར། རྒྱུན་མི་ཆད་པར་འཆར་བ་ཡོན་ཏན་གྱི་དཀྱིལ་འཁོར། སོ་སོའི་བྱ་བ་བྱེད་པ་ཕྲིན་ལས་ཀྱི་དཀྱིལ་འཁོར། དེ་དག་ལ་གཟུང་འཛིན་ངང་གིས་མི་གནས་པས་ཀུན་ཏུ་བཟང་པོ་སྟེ་འབྲས་བུའི་ཆོས་སོ། །ལྷུན་གྱིས་གྲུབ་པ་ནི། རྒྱུ་རྐྱེན་དང་བྲལ་བའི་ཚུལ་གྱིས་ཆོས་ཀྱི་དབྱིངས་མི་འགགས་པའི་རྩལ་ལས་རང་སྣང་བའོ། །ཡེ་ནས་དེ་ལྟར་ཡིན་པའི་དོན་ནི་འབྲས་བུའི་ངོ་བོ་ཡེ་ནས་གནས་པའི་ཚུལ་རྟོགས་པའི་ཡུལ་ལོ། །ཚུལ་རྒྱས་པར་བཤད་པ་ནི། ཚུལ་ནི་དོན་ལ་འཇུག་པའོ། །ཞེས་ཏེ་འདིར་རྟོགས་པའི་ཚུལ་ཡང་ཡེ་ནས་ཡིན་པའི་དོན་ལ་ལྟ་བས་རྟོགས་པར་བྱེད། ཏིང་ངེ་འཛིན་གྱིས་གོམས་པར་བྱེད། མཐའ་ཕྱིན་པ་འབྲས་བུའི་ངོ་བོ་བས་ཐེག་པ་འོག་མ་རྣམས་དང་མི་འདྲ་བའི་ངོས་ནས་དོན་ལ་འཇུག་པའི་ཚུལ་བཀར་ནས་བསྟན་ནོ། །འཇུག་པའི་ཚུལ་ལམ་པའི་ངོར་རྟོགས་པ་བཞིའི་གཏན་ཚིགས་ཀྱིས་རྒྱས་པར་བསྟན་པ་ནི། རྟོགས་པ་རྣམ་བཞི་ནི། ཞེས་པ་ལ་སོགས་པ་སྟེ། དོན་ལ་འཇུག་པའི་ཚུལ་གྱིས་རྫོགས་པ་ཆེན་པོའི་དོན་མངོན་དུ་བྱ་བ་ཡང་། རྟོགས་པ་རྣམ་བཞིས་གཏན་ལ་དབབ་དགོས་ཏེ། ཚིག་དང་ཡི་གེ་ལ་རག་ལས་པས། རྒྱུ་ལས། ཡི་གེ་སྒྲས་བཏགས་མིང་ཚོགས་ལས། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། ཞེས་པས་སོ། །མཚོན་པའི་ཚིག་ཀྱང་རྟོགས་པ་བཞིའི་གཏན་ཚིགས་ཏེ། དེ་ཡང་རྒྱུད་ལས། རྒྱུད་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་རླབས་དང་མངོན་སུམ་པར། རབ་ཏུ་རྟོགས་པ་རྣམ་བཞི་ཡིས། ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། ཞེས་པས། རྒྱུ་གཅིག་པར་རྟོགས་པ་དང་། ཞེས་པ་ལ་སོགས་ཏེ་ཆོས་ཐམས་ཅད་དོན་དམ་པར་རྒྱུ་གཅིག་པ་དང་། ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཙམ་དུ་རྒྱུ་གཅིག་པ་དང་། དབྱེར་མེད་པར་རྒྱུ་གཅིག་པ་དང་གསུམ་མོ། །ཡིག་འབྲུའི་ཚུལ་དུ་རྟོགས་པ་དང་། ཞེས་པ ། ཨཾ་ཨོ་ཨཱོཾ་གསུམ་གྱིས་སྐུ་གསུང་ཐུགས་དབྱེར་མེད་པར་རྟོགས་པའོ། །བྱིན་གྱིས་རླབས་པར་རྟོགས་པ་དང་། ཞེས་པ་གོང་གི་གཏན་ཚིགས་གཉིས་ཀྱིས་ཆོས་ཐམས་ཅད་འབྲས་བུའི་ངོ་བོར་བྱིན་གྱི་བརླབས་པའོ། །མངོན་སུམ་པར་ཞེས་པས། དེ་ཉིད་རིག་པ་ལ་གདིང་དུ་གྱུར་ནས་རང་རིག་པའི་མངོན་སུམ་དུ་ལྷུན་གྱིས་གྲུབ་པར་རྟོགས་པའོ། །རྒྱས་པ་ནི། དེ་ལས་ཞེས་པ་གོང་དུ་དབྱེས་པའི་གཞི་དེ་ལས་རྒྱུ་གཅིག་པ་བཀར་ནས་སྟོན་པས། རྒྱུ་གཅིག་པར་རྟོགས་པ་ནི་ཞེས་པ་གང་ཞེ་ན། ཆོས་ཐམས་ཅད་མ་སྐྱེས་པས་ཞེས་པ་ལ་སོགས་པས་དོན་དམ་སྟོན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་བདལ་བ་ཆེན་པོ་ལས་མ་གཡོས་པ་ཉིད། རིག་པ་བྱང་ཆུབ་ཀྱི་སེམས་མཚན་ཉིད་ཐམས་ཅད་དང་བྲལ་བས་ཐ་སྙད་དུ་དོན་དམ་པར་ཞེས་བརྗོད་ལ། དེའི་ངང་ལས་རྒྱུ་རྐྱེན་རྟོགས་མ་རྟོགས་ཐམས་ཅད་མ་གྲུབ་པ་ལ་ནི། མ་སྐྱེས་པའི་དོན་གྱིས་ཆོས་ཀྱི་དབྱིངས། ཡེ་ཤེས་རང་སྣང་བའི་ངོ་བོས་ལ་དུ་མ་དང་སོ་སོར་མཚན་ཉིད་འཛིན་པ་མེད་དེ་ཆ་ཤས་སུ་དབྱེ་བ་མ་གྲུབ་པས་ན་མ་ཡིན་པ་དང་ཞེས་བྱ་སྟེ། དེ་ཡང་རྟོགས་མ་རྟོགས་གྱིས་མ་རིག་པ་དང་། ཡེ་ཤེས་གཉིས་སུ་སྣང་ཡང་སྙིང་པོ་བྱང་སེམས་ཉི་མའི་སྙིང་པོ་འདྲ་བ་ལ་མ་རིག་པ་གཏན་ནས་མ་གྲུབ་པས། དེ་ལ་ལྟོས་པའི་ཡེ་ཤེས་ཀྱང་མ་དམིགས་པས་ཆོས་ཀྱི་དབྱིངས་སུ་འཛིན་པ་ངང་བྲལ་བ་ལ་གཅིག་ཅེས་བརྗོད་ཀྱི། འདིར་དུ་མ་གཅིག་ཏུ་བྱས་པའི་ཡུལ་བྱས་ཀྱི་ཤེས་པ་གཏན་ནས་མ་གྲུབ་སྟེ། རྟོགས་པ་སྟོན་པའི་སྐབས་ཡིན་ནོ། །ཀུན་རྫོབ་ནི། ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཅེས་པ་ལ་སོགས་པ་སྟེ། ལམ་པའི་ངོས་ནས་གཉིས་ཏེ། དག་པའི་ཀུན་རྫོབ་རྒྱུ་རང་བྱུང་གི་ཡེ་ཤེས་རྟོགས་པ་རང་སྣང་བའི་སྐུ་དང་ཡེ་ཤེས་མ་འགགས་པ་རྣམས་ནི་རིག་པའི་ཡེ་ཤེས་མཐའ་ཐམས་ཅད་དང་བྲལ་ཞིང་ཅིར་ཡང་མི་འགགས་པའི་རྩལ་དང་། ལྟ་བ་པོའི་ངོར་འཛིན་པ་ལས་སྣང་བས་དེ་ལ་དེར་འཛིན་གྱིས་གཞི་མ་གྲུབ་ཅིང་། དངོས་འཛིན་དང་བྲལ་བས་ཀུན་རྫོབ་སྟེ། དེ་ཙམ་དུ་སྒྱུ་མའི་མཚན་ཉིད་ཅེས་པ། ཡེ་ཤེས་སྒྱུ་མའི་སྐུ་རང་བཞིན་མ་གྲུབ་པ་དེ་ཉིད་མི་འགགས་པའི་མཚན་ཉིད་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་མཚན་ཉིད་ཐམས་ཅད་དོ། །དེ་དག་ནི་ཆོས་ཀྱི་དབྱིངས་ཡིན་པས། རང་བཞིན་ནམ། ངོ་བོ་ཉིད་ཀྱིས་མ་འགགས་པ་ནི་སྐུ། མ་དམིགས་པ་ནི་ཡེ་ཤེས། དེས་ན་ཁས་བླངས་པའི་སྐུ་གསུང་ཐུགས་དཀྱིལ་འཁོར་གྱི་རང་བཞིན་དུ་དེ་ལ་དེར་འཛིན་མི་མངའ་བས་གཟུང་འཛིན་དག་པའི་དབང་གིས་མྱ་ངན་འདས་ཏེ། ཞེས་སོ། །དེ་ཉིད་སོ་སོར་བསྟན་པ་གང་ཞེ་ན། ཆེན་པོ་ལྔ་ནི་ཡུལ་ལྔའི་ངང་ཉིད་ཅེས་པས། དང་པོ་ཡུམ་བསྟན་ཏེ། དེའང་གོང་དུ་མདོར་བསྟན་གྱི་སྐབས་སུ་དང་པོ་ཡབ་བསྟན་ལ། འདིར་དང་པོ་ཡུམ་བསྟན་པས་དགོས་པ་ཅི་ཞེ་ན། གོང་དུ་ནི་དང་པོ་དཀྱིལ་འཁོར་གྱི་གཙོ་བོའམ། རྩ་བ་ལྟ་བུར་གྱུར་པའི་དོན་གྱིས་དང་པོ་ཡབ་བསྟན་ལ། འདིར་ནི་ཕུང་ཁམས་སྐྱེ་མཆེད་ཁམས་རྣམས་འབྱུང་བ་ལྔ་ལ་སྣང་བས་དེས་ན་གཞིའི་ཕྱིར་དང་པོ་ཡུམ་བསྟན་ཏོ། །ཆེན་པོ་ཞེས་པ། ཁྱབ་ཆེ་སྟེ་ནམ་མཁས་གར་ཁྱབ་དུ་ཁྱབ། ལས་ཀྱི་ནུས་པ་ཆེ་སྟེ་ཁམས་གསུམ་གྱི་ཆོས་ཐམས་ཅད་སྣང་བ་དང་། ནམ་མཁའ་ཁམས་གསུམ་གྱི་གོ་འབྱེད་པ་དང་། སས་ཁམས་གསུམ་བརྟན་པ་དང་། ཆུས་ཁམས་གསུམ་སྡུད་པ་དང་། མེས་སྨིན་པར་བྱེད་པ་དང་། རླུང་གིས་གཡོ་ཞིང་བསྐྱོད་པས་ལས་ཐམས་ཅད་འགྲུབ་ཅིང་ཆུད་མི་ཟ་བར་བྱེད་པའོ། །ལྔ་ནི་འབྱུང་བ་ལྔ་པོ་ཡུམ་ནི་ཆོས་ཐམས་ཅད་མི་ཕྱེད་པ་དང་། བསྐྱེད་པའི་ཕྱིར་ཡུམ་སྟེ། དེ་ཉིད་རིགས་ཀྱི་ཡུམ་ཆེན་མོ་ལྔ་ཡི་ངང་ཉིད་ཅེས་པས། འབྱུང་བ་ནམ་མཁའ་ཉིད་བཤད་པའི་དོན་དང་ལྡན་པ་ལས་གསལ་ཞིང་གོ་འབྱེད་པ་ནི་ལས་ཀྱིས་མ་འགགས་པར་སྣང་། བྱང་ཆུབ་སེམས་ལས་མ་གཡོས། དེ་དབྱེར་མེད་པ་ནི། ཀུན་ཏུ་བཟང་མོ་ཞེས་བྱ་སྟེ། གཟུང་འཛིན་གྱི་སྐྱོན་མི་མངའ་བས་སོ། །ཡང་ན་དབྱིངས་ཕྱུག་མ་ཞེས་བྱ་སྟེ། འབྱུང་བ་བཞི་དང་དེས་བསྐྱེད་པའི་ཕྱི་ནང་གི་ཆོས་ཐམས་ཅད་སྣང་བའི་གཞིའམ་རྒྱུར་གྱུར་པས་དབྱིངས་ཞེས་བྱ་ལ། ཐམས་ཅད་དེའི་ངང་ལས་དབྱེར་མེད་ཅིང་མི་གཉིས་པས་ན། དབང་ཕྱུག་མ་ཞེས་ཀྱང་བྱའོ། །དེ་ཉིད་ནི་རྡོ་རྗེའི་རིགས་ཀྱི་ཡུམ་སྟེ། རྡོ་རྗེ་ནི་སྐྱེ་འཇིག་མེད་པ་དུས་གསུམ་དུ་མི་འགྱུར་བ། ཆོས་ཀྱི་དབྱིངས་ཤིན་ཏུ་དག་པའི་ཡེ་འདི་ནས་མ་དཔེ་ལ་ཆད་ཡོད་སྙམ་དཔེ་གཞན་དང་བསྡུར་དགོས་ཞུ། བའི་བྱ་བ་བྱེད་ཅིང་འབྲས་བུ་ལ་སྤྱོར་བ་དང་། མ་དག་པ་འཁྲུལ་སྣང་རྣམས་ཀྱིས་སོ་སོའི་བྱ་བ་བྱེད་པ་སྟེ། ཀ་བས་གདུང་འདེགས་བུམ་པས་ཆུ་སྐྱོར་བ་ལ་སོགས་པ་སོ་སོའི་བྱ་བ་བྱེད་པ་ལ་སོགས་ཏེ། ཀུན་རྫོབ་ཀྱི་ཆ་མ་ལུས་པ་ནི་དོན་དམ་ཕྱོགས་ལྷུང་དང་བྲལ་བའི་མཚན་ཉིད་ཙམ་མོ། །བྱ་བ་བྱེད་པ་དེ་ལྟར་སྣང་ཙམ་ན་ཡང་སྒྱུ་མ་ངོ་བོ་ཉིད་མེད་དེ། མ་སྐྱེས་པ་ཞེས་པ། ཡེ་ཤེས་སྒྱུ་མ་དང་ལོག་རྟོག་གཉིས་སོ་སོར་སྣང་ཙམ་ཉིད་ན་སྒྱུ་མའི་གཏན་ཚིགས་ཀྱིས་རང་རྒྱུད་དུ་གྲུབ་པ་མེད་དེ། རིག་པ་རང་བྱུང་གི་ཡེ་ཤེས་རྫོགས་པ་ཆེན་པོའི་ངང་ལ་དངོས་པོའི་ཆོས་གཏན་ནས་མ་གྲུབ་ཏེ། མ་སྐྱེས་པ་ནི་སྐད་ཅིག་མ་གཅིག་ལ་ལྷུན་གྱིས་གྲུབ་པས་ཀུན་རྫོབ་དང་དོན་དམ་དབྱེར་མེད་ཅེས་བྱ་སྟེ། དེ་ལྟ་བུའི་དོན་ནི་བཤད་པ་རྣམས་ཀྱིས་དོན་ཐག་ཆོད་པར་རིག་པ་བློ་གཏིང་དུ་སོན་ན་ཕྱོགས་འཛིན་གྱི་ཆོས་མ་སྤངས་ངང་གིས་བྲལ་ཏེ། སྒྲོ་འདོགས་ཆོད་པའི་མཐའ་ཙམ་ལ་ཡང་མི་གནས་ནས་ལྟ་བ་གདིང་དུ་སོན་པའོ། །ན་ཞེས་པས་གནས་སྐབས་དེ་ལྟ་བུ་ན་རྒྱུ་གཅིག་པ་རྣམ་པ་གསུམ་རྟོགས་པ་རིག་པ་ལ་གདིང་དུ་སོན་པ་རྣལ་འབྱོར་པའི་སྤྱོད་ཡུལ་ཡིན་པས་རྟོགས་པའོ། །ཞེས་པའོ། །དེས་ནི་དོན་གྱི་ངོ་བོ་བསྟན་ཏེ། གོང་མའི་དོན་དེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡིན་ལ། དེ་ཡང་དབྱེར་མེད་པར་སྟོན་པའོ། །ཡིག་འབྲུའི་ཚུལ་དུ་རྟོགས་པ་ནི་ཞེས་པ། གོང་གི་དོན་དེ་དཔེས་པ་ལྟ་བུ་ཡིན་ཏེ། ཡིག་འབྲུ་ཨ་ཨོ་ཨཱོཾ་གསུམ་གྱིས་སྐུ་གསུང་ཐུགས་གསུམ་མཚོན་ཏེ། ལམ་པས་དེ་ཉམས་སུ་བླངས་པས་འཇུག་པའི་ཚུལ་དུ་ཕྱི་ནང་གི་ཆོས་ཐམས་ཅད་སྐུ་གསུང་ཐུགས་དབྱེར་མེད་པའི་ངང་དུ་རྟོགས་པ་ནི་གང་ཞེ་ན། ཐམས་ཅད་མ་སྐྱེས་པ་ནི་ཞེས་པ་ལ་སོགས་པ་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་ངང་ལས་མ་གྲུབ་ཏེ། འཁོར་བའི་ཆོས་བཙལ་ཡང་མི་རྙེད། དེའི་ངང་ལས་མ་སྐྱེས་པ་ཞེས་བྱ་བ་དང་། ཡང་སེམས་ཀྱི་མཚན་ཉིད་འཁོར་འདས་ཀྱི་ཆོས་ཀྱི་ངོ་བོ་ཉིད་ཡིན་ཀྱང་སེམས་ཉིད་དེ་དག་གང་གིའང་ཕྱོགས་སུ་སོང་བ་མེད་དེ། གཏན་ཚིགས་དེས་འཁོར་བའི་ཆོས་ཐམས་ཅད་ཀྱང་སེམས་ཉིད་ལས་མ་བྱུང་མ་སྐྱེས་སྐྱེ་བ་མེད། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སེམས་ཉིད་ཀྱི་ངང་ལས་མ་བྱུང་མ་སྐྱེས་སྐྱེ་བ་མེད་དེ། དོན་དམ་པར་མ་སྐྱེས་པ་ནི་ཡི་གེ་ཨས་མཚོན་སྟེ། ཨ་ནི་ཡི་གེ་ཐམས་ཅད་ཀྱི་ཁོང་ན་གནས་པ་བཞིན་རང་རིག་མ་སྐྱེས་པས་ཆོས་ཐམས་ཅད་ལ་ཁྱབ་པ་དང་། ཨ་ཡིག་འབྲུ་རྣམས་སུ་མ་འགགས་པར་འཆར་བཞིན། རིག་པའི་ཡེ་ཤེས་མ་སྐྱེས་པས་རྟོགས་མ་རྟོགས་ཀྱིས་འཁོར་འདས་ཀྱི་སྣང་བ་མ་འགགས་པ། ཨས་མཚོན་ལ་དེ་ཉིད་སྐུ་གསུང་ཐུགས་གསུམ་ལ་ནི་གསུང་གི་རང་བཞིན་ཏེ། ཨ་ངོ་བོ་མ་གྲུབ་པ་ཉིད་ཡི་གེའི་ཚོགས་སུ་སྣང་བ་བཞིན་སེམས་ཀྱི་ཆོས་ཉིད་མཐའ་གང་དུའང་མ་གྲུབ་པ་ཉིད་ཆོས་ཐམས་ཅད་དུ་སྣང་ལ། སྣང་ཡང་རང་གི་ངོ་བོས་སྟོང་ཏེ། གསུམ་ནི་ངོ་བོ་མ་གྲུབ་བཞིན་ཅིར་ཡང་མི་འགགས་པར་སྣང་ལ། སྣང་ཙམ་ཉིད་ན་གང་དུའང་མ་གྲུབ་པ་སྒྱུ་སྒྱུས་སྟོང་པ་བཞིན་མ་སྐྱེས་པ་ཉིད་སྒྱུ་མར་སྣང་ཞེས་པ་ལ་སོགས་པས་སྐུ་བསྟན་ཏེ། རིག་པ་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་དང་བྲལ་བས་མ་སྐྱེས་པ་ཉིད་རྟོགས་མ་རྟོགས་ཀྱིས་ཡེ་ཤེས་དང་། ལོག་རྟོག་སྒྱུ་མར་སྣང་ཞིང་ཀུན་རྫོབ་ཙམ་དུ་དག་མ་དག་གི་བྱ་བ་བྱེད་ནུས་པའི་མཚན་ཉིད་ཅན་ནི། མཚོན་བྱ་སྟེ་སྐུ་ཡིན་ལ། འདི་ཉིད་མཚོན་བྱེད་ནི་ཡེ་གེ་ཨོ་སྟེ་སྔ་མའི་ཨ་ཉིད་གཞི་བཞག་ལ། ན་རོ་བསྣན་པས་ཨོར་གྱུར། དེ་བཞིན་དུ་རིག་པའི་ཡེ་ཤེས་མཚན་ཉིད་ཐམས་ཅད་དང་བྲལ་བ་ཉིད་མ་གཡོས་པ་ལས་སྒྱུ་མའི་མཚན་ཉིད་རང་སྣང་བ་ནི། སྐུ་གསུང་ཐུགས་ལ་ནི་སྐུའི་རང་བཞིན་ཏེ། སྐུ་མི་འགགས་པར་སྣང་བའི་ངོ་བོའོ། །དེ་ལྟར་རྟོགས་ཞེས་པ། །ཨ་ཨོ་ཡི་གེས་མཚོན་པའི་ཆོས་ཉིད་མ་གཡོས་པ་ལས་སྐུ་མི་འགགས་པར་སྣང་བ་གཉིས་ཚིག་ལ་སྔ་ཕྱི་བྱུང་ཡང་དོན་ལ་དབྱེར་མེད་པའི་རྟོགས་པའི་རིག་པ་རང་བྱུང་གི་ཡེ་ཤེས་ཉིད། སྒྱུ་མ་ནི་རང་བཞིན་མ་གྲུབ་བཞིན་དུ་སྣང་བས་དབྱེར་མེད་ཀྱི་རྟོགས་པ་མཚོན་པའི་ཚིག་སྟེ། དེ་ལྟ་བུའི་དོན་རྟོགས་པའི་རིག་པ་ཕྱོགས་ཞེན་མི་མངའ་ཞིང་གསལ་ལ་འགགས་པ་མེད་པའི་རང་བྱུང་གི་ཡེ་ཤེས་དབུས་མཐའ་མེད་ཅེས་པ། དབྱེར་མེད་དུ་འཛིན་པ་དང་བྲལ་བས་ནི་དབུས་མཐའ་མེད་པ་དང་། སྣང་སྟོང་གི་འཛིན་པ་དང་བྲལ་བས་ནི་མཐའ་མེད་པ་དང་། ཡང་དབུས་མཐའ་མེད་པ་ནི་འདིར་ཡུལ་དང་ཡུལ་ཅན་མ་ཡིན་ཏེ། རང་གི་ངོ་བོ་ཉིད་མངོན་དུ་གྱུར་པའི་ལྟ་བ་ཡིན་པའི་གཏན་ཚིགས་ཀྱིས་གཞལ་བྱ་སྒྱུ་མ་རྣམ་གཉིས་ཀྱིས་གར་ཁྱབ་དུ་གཞལ་བྱེད་ཀྱི་རིག་པ་ཁྱབ། དེ་དབྱེར་མེད་པ་བྱང་ཆུབ་སེམས་བདེ་བ་ཆེན་པོས་ནི་རྩ་བའམ། སྙིང་པོ་ནི་ངོ་བོ་མེད་པས་མ་གྲུབ་ལ། །མཐའ་འདིར་ཐུགས་འདིར་མ་ཐུག་གི་མཐའ་མེད་པ་ནི་མཚོན་བྱ་དོན་ཏེ། མཚོན་བྱེད་ཡེ་གེ་ཨཱོཾ་ནི། ཨོ་མ་འགུལ་བ་ལས་ཐིག་ལེ་བ་སྣན་པས་ཨཱོཾ་དུ་གྱུར་ཏེ་ཀ་ལ་ཙི་གྲུབ་ན་གོང་མ་གཉིས་དབྱེར་མེད་པས་ཆོས་ཐམས་ཅད་ཐུགས་ཀྱི་རང་བཞིན་དུ་རྟོགས་པའོ། །འོ་ན་ཐུགས་ནི་གསལ་ལ་འགགས་པ་མེད་པ་ཡེ་ཤེས་ལྔ་ཡིན་དེ་འདིར་ཇི་ལྟ་མཚོན་ཞེ་ན། ཨཱོཾ་ཡི་གེ་ཆ་ལྔས་མཚོན་ཏེ་ཨ་སྐྱེ་བ་མེད་པས་མཚོན་པའི་བདེན་པ་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཉིད་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས། ན་རོ་གསལ་ལ་མི་འགགས་པ་མེ་ལོང་། ཟླ་ཚེས་གདུལ་བྱའི་ཡིད་བཞིན་ཅིར་ཡང་འཆར་བ་སོ་སོར་རྟོག་པ། ཐིག་ལེ་མཉམ་ཉིད་ཇི་ལྟ་བ་དང་ཇི་སྙེད་པ་གཉིས་དབྱེར་མེད་པ་ཉིད་ལས་ཆེ་བའི་ཡོན་ཏན་འབྱུང་བས་མཉམ་ཉིད། འ་རིག་པའི་ཡེ་ཤེས་ཅིར་ཡང་མི་འགགས་པར་འཆར་བས་བྱ་བ་བྱེད་པའི་ཕྲིན་ལས་དང་ལྡན་པས་བྱ་གྲུབ་ཡེ་ཤེས། དེ་ལྟ་བུའི་རང་བཞིན་ཡེ་ནས་ཡིན་པ་དེ་བློ་ལ་གདིང་དུ་བྱས་པ་ལ་རྟོགས་པའོ། །ཞེས་སོ། །བྱིན་གྱིས་རླབས་པར་རྟོགས་པ་ནི། ཞེས་པ། གཞལ་བྱའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་ཡི་གེ་གསུམ་གྱིས་མཚོན་ཏེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་རྫོགས་པ་ཆེན་པོའི་ངོ་བོར་བྱིན་གྱིས་རླབས་པའི་མཐུ་བསྟན་ཏེ། དཔེར་ནི་དཔེར་ན། རས་དཀར་པོ་ཞེས་པ་ལ་སོགས་ཏེ། རས་དཀར་པོ་རས་རང་གི་རང་བཞིན་ལས་མི་འགྱུར་ཏེ་མ་གཡོས་ཀྱང་ཁ་དོག་དམར་པོར་བྱིན་གྱིས་རློབས་པའི་མཐུ་དེ། གང་ལ་ཡོད་ན་བརྩོད་ལ་ཡོད། དེ་ཚོན་གཞན་ལ་མེད་པ་བཞིན་དུ། སྣོད་བཅུད་ཀྱི་ཆོས་རྟོག་ཚོགས་བཞི་བཅུ་ཞེ་གཉིས་མཐའ་ཐུག་པ་མེད་པ་ཐམས་ཅད་ཆོས་ཉིད་མ་སྐྱེ་བ་གསུམ་དུ་སངས་རྒྱས་པ་དང་། མ་འགགས་པ་སྐུ་རུ་སངས་རྒྱས་པ་དང་། དབྱེར་མེད་པ་རང་རིག་པའི་ཡེ་ཤེས་མཐའ་དབུས་མེད་པ་ཐུགས་སུ་སངས་རྒྱས་པར་བྱིན་གྱིས་རླབས་ཞེས་ཏེ། ཐོས་པའི་ཤེས་རབ་ཀྱི་ཡུལ་ཡང་མ་ཡིན། བསམ་པའི་ཤེས་རབ་ཀྱི་ཡུལ་ཡང་མ་ཡིན། སྒོམ་པའི་ཤེས་རབ་འབའ་ཞིག་གི་ཡུལ་ཏེ། རང་རིག་པས་མངོན་སུམ་དུ་ཉམས་སུ་མྱོང་བར་བྱེད་ནུས་པའི་མཐུ་ཡང་གང་ལ་སྣང་ན་བཤད་པའི་རྒྱུ་གཅིག་པར་རྟོག་པ་གདིང་དུ་གྱུར་པ་དང་། དེའི་འགྲུབ་བྱེད་ཀྱི་ཚུལ་ཡིག་འབྲུའི་ཚུལ་དུ་རྟོགས་པ་གཉིས། དབྱེར་མེད་པའི་མཐུས་རང་རིག་པའི་མངོན་སུམ་དུ་རས་དཀར་པོ་དམར་པོར་བྱིན་གྱིས་རླབས་པ་ལྟར། རྟོགས་པ་གདིང་དུ་གྱུར་པའོ། །མངོན་སུམ་པར་རྟོགས་པ་ནི། ཞེས་པ་མངོན་སུམ་བཞི་སྟེ། དབང་པོའི་མངོན་སུམ་དང་། ཡིད་ཀྱི་དང་རྣལ་འབྱོར་གྱི་དང་། རང་རིག་པའི་མངོན་སུམ་ལས། དབང་པོ་མངོན་སུམ་སྣང་བ་ཡུལ་དང་ཡུལ་ཅན་རྟོག་ཚོགས་སུ་སྣང་བའི་ཆོས་རྣམས་གཞལ་བྱ་སྟེ་བཞིའོ། །ཡིད་ཀྱི་མངོན་སུམ་ནི། ཐོས་བསམ་གྱི་དུས་སུ་ལུང་དང་མན་ངག་གི་སྟོབས་ཀྱིས། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་སྟོབས་ཞུགས་པའོ། །རྣལ་འབྱོར་གྱི་མངོན་སུམ་ནི། བསམ་པའི་ཤེས་རབ་མཐར་ཕྱིན། སྒོམ་པའི་ཤེས་རབ་མགོ་གཟུག །རྫོགས་པ་ཆེན་པོའི་དོན་རྒྱན་གྱི་འཁོར་ལོ་རིག་པར་གཅིག་ཅིང་རང་རིག་ཏུ་དབྱེར་མེད་པར་རྟོགས་ཀྱང་ཞེ་ཡི་འཛིན་པ་དང་བཅས་པའོ། །གསུམ་པོ་ནི་འདི་ཉིད་ཀྱི་ལམ་ལྟ་བུ་ལ། འདི་ནི་རང་རིག་པའི་མངོན་སུམ་སྟེ། ཡུལ་དང་ཡུལ་ཅན་མེད། ཤེས་བྱ་ཤེས་བྱེད་མེད། ཕྱོགས་འཛིན་ཕྲ་བའང་མི་གནས་ཀྱང་ནམ་མཁས་ནམ་མཁའ་མི་གཏོང་བ་ལྟར་དུ་གསུམ་དུ་མི་གཡོ་བའོ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་གནས་པ་དེ་ཡང་ཞེས་པ། མ་འགགས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་འམ་ཐོག་མ་ནས། རྫོགས་པ་ཆེན་པོའི་སྐབས་སུ་བཤད་པ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྷུན་གྲུབ་ཀྱིས་ཡེ་ཤེས་ཆེན་པོར་སངས་རྒྱས་ཏེ་ཡེ་ནས་དེ་ལྟར་ཡིན་པའི་དོན་གནས་པ་དེ་ཡང་། ལུང་དང་མན་ངག་དང་བྲལ་བ་ཡང་མ་ཡིན་ལ། ཞེས་པ། ལུང་ནི་སྟོན་པ་ཚད་མ་ཀུན་ཏུ་བཟང་པོས་གསུངས་པས་ཐེག་པ་ཐམས་ཅད་ཀྱི་སྤྱི་ལུང་རྒྱུད་འདི་ཉིད་དོ། །དེས་ནི་གབ་པའི་གསང་བ་འབྱིན་ནོ། །མན་ངག་ནི། དེ་ཉིད་ལ་བདེན་པ་ཚད་དུ་ཕྱིན་པའི་བླ་མ་རྣམས་ཀྱིས་མཛད་པའི་གདམས་ངག་སྟེ། ལྟ་ཕྲེང་གི་གཞུང་འདི་ཉིད་ལྟ་བུའོ། །དེས་ནི་སྦས་པའི་གསང་བ་འབྱིན་ཏེ། བྲལ་བ་ཡང་མ་ཡིན་ལ་ཞེས་པ། ལུང་དང་མན་ངག་དང་བྲལ་ན། རྫོགས་པ་ཆེན་པོའི་དོན་རྟོགས་མི་ནུས་ཏེ་མིག་མེད་པའམ་སྒྲོན་མ་མེད་པའི་མི་མུན་པའི་ནང་ན་འགྲོ་བ་བཞིན་བར་མ་དོར་ཆུད་ཟ་སྟེ། དོན་རྟོགས་པར་མི་ནུས་པས་ཡིན་ཞེས་བྱ་སྟེ། བཤད་མ་ཐག་པའི་སྣང་བ་གཉིས་དང་བྲལ་བའི་ཕྱིར་རོ། །ལུང་དང་མན་ངག་གི་ཚིག་ཙམ་ལ་བརྟེན་པ་ཡང་མ་ཡིན་ཞེས་པ། དེ་ཉིད་ལ་མི་བརྟེན་ཁ་མེད་ཀྱང་ཚིག་གི་ཐ་སྙད་ཙམ་ཡིན་གྱི། ཡུལ་དུ་བྱས་ནས་དོན་དུ་འཛིན་པ་ལ་བརྟེན་པ་ཡང་མ་ཡིན་པར། ཞེས་ཏེ། འཛུབ་མོས་ཟླ་བ་སྟོན་ཀྱང་ཟླ་བ་མ་མཐོང་བས་འཛུབ་མོའི་རྩེ་མོ་ལ་ཆགས་པས་ཟླ་བ་མི་མཐོང་བ་བཞིན། ལུང་དང་མན་ངག་གི་ཚིག་དང་ཐ་སྙད་ཐམས་ཅད་དོན་མཐོང་བའི་ཁྲིད་བྱེད་ཡིན་ཀྱང་། ཐོས་པའི་ཤེས་རབ་དང་བསམ་པའི་ཤེས་རབ་ཀྱི་ཡུལ་སོ་སོར་རྟོགས་པའི་ཤེས་རབ་ཙམ་ལ་དོན་དུ་བྱས་ནས་ལྟ་བ་རྟོགས་པར་མནོ་བ་ནི། སགས་པ་སྔོན་པོའི་རྩྭ་དང་མཚུངས་པས་མ་ཡིན་པར་ཞེས་བྱའོ། །རང་གི་རིག་པས་བླའི་གཏེང་དུ་ཞེས་པ། ལུང་དང་མན་ངག་དང་། གཞལ་བྱའི་ཡུལ་དང་གཞལ་བའི་གཏན་ཚོགས་དང་གྲུབ་མཐའ་ཐམས་ཅད་རང་རིག་པ་ལ་སྣང་རང་རིག་པར་གཅིག །དེའི་ཡང་ཕྱོགས་ཞེ་ན་ཐམས་ཅད་དང་བྲལ་བའི་ཚུལ་གྱིས་ལྷུན་གྱིས་གྲུབ་ཅིང་ཐ་སྙད་རྣམས་སྤངས་པ་མེད་པར་རང་དག་པ་ལ་ནི་རིག་པ་ཞེས་བྱ་སྟེ། བློ་ནི་སོ་སོ་སྐྱེ་བོའི་ཡུལ་ཡིན་ལ། དེས་མ་རེག་ཅིང་མཐོང་བའི་ཡུལ་དུ་མ་གྱུར་པས་རེག་ཅིང་རྟོགས་དཀར་བ་ལ་ནི་གཏིང་ཏུ་ཞེས་བྱ་སྟེ། རྫོགས་པ་ཆེན་པོའི་དོན་བདེན་པ་དབྱེར་མེད་ཀྱི་ངང་ལ་ལྷུན་གྱིས་གྲུབ་ནས་ཡུལ་དང་ཡུལ་ཅན་གྱི་ཞེ་འདོད་ཐམས་ཅད་མ་སྤངས་ངང་གིས་དག་སྟེ། སྙམ་བློའི་རྒྱུ་བ་ཆད་པ་ལ་ནི་མི་འགྱུར་བས་ཡིད་ཆེས་ཞེས་བྱ་སྟེ། དེང་སང་གི་གང་ཟག་བློ་རྩིང་པོས་ཐོས་བསམ་གྱི་ཤེ་རབ་ཀྱིས་དོན་སྤྱི་ཡིད་ཀྱི་ཡུལ་དུ་བྱས་ནས། འཛིན་པ་རློམ་སེམས་དང་བཅས་པ་ནི་ཡིད་ཆེས་པ་ཞེས་མི་བྱ་སྟེ། ཞེ་འདོད་འཛིན་པ་སྤང་བླང་གི་ཕྱོགས་བསྐྱོར་སྤང་བླང་གི་བློ་རྣམས་འབྱུང་བས། ཡིད་མ་ཆེས་པའི་ནང་ནའང་གཙོ་བོ་སྟེ། འཁོར་བ་ལ་རྟ་རྔ་འགྲོས་གང་གིས་ཀྱང་ཅང་མ་དཔགས་ལ། ལུང་ལས། ཅི་བཞིན་པ་ཞེས་རྣམ་རྟོག་དེ་ཕྱིར་རྟོག་བསྒོམ་པ། །བདེ་བ་ཆེན་པོ་འདོད་པས་ཆགས་པའི་ནད་ཡིན་ཏེ། ཞེས་པའོ། །འོན་ཀྱང་དེ་ཉིད་སྤང་བྱ་མ་ཡིན་ཏེ་དང་པོ་འཇུག་པའི་ལམ་ཡིན་ལ། དེ་ཉིད་ལ་རློམ་སེམས་དང་བཅས་པས་ཆགས་ན་གོང་མའི་སྒྲིབ་བྱེད་ཡིན་པས་རྫོགས་པ་ཆེན་པོའི་རང་གི་གོལ་སར་འགྲོ་ལ། དེ་ཉིད་སྤངས་སེམས་དང་བཅས་ཀྱང་སྐྱོན་ཆེ་སྟེ་དེའི་དུས་སུ་བླ་མ་གལ་ཆེའོ། །དོན་དེ་ཉིད་ནི་རང་རིག་པའི་མངོན་སུམ་དུ་བྱས་པས་རིག་པ་ཡུལ་དང་བྲལ་བས་རྟོགས་ཞེས་བྱའོ། །ལམ་གྱིས་ཡིད་ཆེས་པས་རྒྱས་པར་བཤད་པ་ནི། ལམ་གྱིས་ཡིད་ཆེས་པ་ཞེས་པ་སྟེ། གོང་དུ་བཤད་པའི་རྟོགས་པ་རྣམ་བཞི་ཉིད། །ལུང་དང་མན་ངག་ལ་བརྟེན་པས། རང་རིག་པའི་མངོན་སུམ་དུ་ཡིད་ཆེས་ཤིང་དོན་རིག་པ་ཉིད་དེ། ཐེག་པ་མཆོག་གི་ལམ་ཉམས་སུ་བླངས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཐབས་ཀྱི་ལམ་གྱི་ངོ་བོ་ཡིན་ཏེ། དེ་ཡང་མཚན་ཉིད་པ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱུའི་དུས་སུ་བསྒྲུབས་པས། ཕྱིས་གྲངས་མེད་གསུམ་ན་འབྲས་བུ་སྐུ་གསུམ་གཞན་ནས་འབྱུང་བའི་དུས་སམ། བསྐལ་པ་ལ་སོགས་པ་ལ་ལྟོས་པ་ལྟ་བུ་ནི་མ་ཡིན་ཏེ། འདིར་ནི་རང་གི་མངོན་སུམ་དུ་རྟོགས་ཤིང་ཡིད་ཆེས་པའོ། །ཞེས་པ། རྟེན་གྱི་ག ང་ཟག་རྣལ་འབྱོར་པས་རང་རིག་པའི་ཤེས་རབ་ཀྱི་མངོན་སུམ་དུ་ཕྱི་ནང་གི་ཆོས་ཐམས་ཅད་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་སངས་རྒྱས་པར་བཤད་པ་ལྟར་རྟོགས་ཏེ། ཡིད་ཆེས་གདིང་དུ་གྱུར་པ་ཐོབ་བྱ་གཞན་ན་མེད་པའི་སྐད་ཅིག་མ་དང་པོ་ནི་རྟོགས་པའི་ལྟ་བ་སྟེ་རྒྱུ་ཡིན་ལ། བསྒོམ་པའི་ཏིང་ངེ་འཛིན་ལ་གོམས་ཏེ་རིག་པ་ཡུལ་བྲལ་གྱི་ཡེ་ཤེས་སྐྱེད་དུ་བྱ་བ་མེད་པ་ཉིད་མངོན་དུ་གྱུར་ཙམ་གཞི་མངོན་དུ་གྱུར། ལམ་མཐར་ཕྱིན་པ་འབྲས་བུ་རང་སྣང་བ་ལ་ཡིད་ཆེས་པ་ཞེས་བྱ་སྟེ། མི་གཡོ་བའོ། །གོང་འོག་ཀུན་གྱི་ས་གཅོད་ཀྱང་དཀྱུས་བཞིན་དུ་སྤྱར་བར་བྱའོ། །རྟོགས་པ་བཞིའི་དོན་ལམ་གྱིས་ཡིད་ཆེས་པ་ཉིད། གཞི་ལམ་འབྲས་བུ་གསུམ་ཀར་བསྟན་པས། འབྲས་བུའི་ལམ་དུ་བསྟན་པ་ནི། དེ་ལ་མཚན་ཉིད་གསུམ་གྱི་དོན་མཐར་ཕྱིར་པར་འགྱུར་ཏེ། ཞེས་པ། རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། ཞེས་པས་གོང་དུ་རྟོགས་པ་བཞིའི་ཡིད་ཆེས་པ་ཉིད། འོག་མ་ལྟར་རྒྱུས་འབྲས་བུ་བསྒྲུབ་པ་ཉིད་འབྲས་བུ་དུས་ལ་ལྟོས་པ་མ་ཡིན་པར་བསྟན་ཏེ། རྟོགས་པའི་རིག་པ་དེ་ཉིད་ལ། རྒྱུ་ཤེས་པའི་མཚན་ཉིད། རྐྱེན་འཇུག་པའི་མཚན་ཉིད། འབྲས་བུ་གོམས་པའི་མཚན་ཉིད་རྣམ་པ་གསུམ་གྱིས་ལམ་པ་རྣམས་ཀྱི་དོན་འབྲས་བུ་མཐར་ཕྱིན་པར་འགྱུར་ཏེ། རྟོགས་པ་བཞིའི་ཚུལ་དུ་རིག་པ་ནི། ཤེས་པའི་མཚན་ཉིད་དོ། །ཞེས་པ། གོང་དུ་བསྟན་པ་ལྟར་རྟོགས་པ་བཞིའོ་དོན་ལ་འཇུག་པའི་ཚུལ་དུ་ཐོས་བསམ་ལ་བརྟེན་ནས་ཆོས་ཐམས་ཅད་སྐུ་གསུང་ཐུགས་རྒྱན་གྱི་འཁོར་ལོར་རྫོགས་པ་ཆེན་པོའི་ངང་དུ་རིག་པ་ཐག་ཆོད་སྟེ། ཡིད་ཆེས་པའི་སྐད་ཅིག་མ་དང་པོ་ལ་ནི་ཤེས་པའི་མཚན་ཉིད་ཅེས་ཏེ། འོག་མ་ལས་དཔགས་པའི་ཐུན་མོང་མ་ཡིན་པའི་ཤེས་པ་སྟེ། ཤེས་པ་ཞེས་པ། ལྟ་བའི་ངོ་བོ་སྟེ་དེ་ཉིད་འདི་ཉིད་ཀྱི་ལམ་གྱི་གཞི་ཡིན་པས་མཚན་ཉིད་དོ་ཞེས་བྱ། དེ་ཡང་རྒྱུད་ལས། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། ཞེས་པ་ཕྱི་ནང་གི་ཆོས་ཐམས་ཅད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་ལ་ནི་ལྡན་པའི་ཞེས་བྱ་ལ། དེའི་དོན་བཤད་པ་བཞིན་རྟོགས་པ་ལ་ནི་དཀྱིལ་འཁོར་གྱིས་ཞེས་བྱ་སྟེ། ལྟ་བ་རྟོགས་པའི་རྣལ་འབྱོར་བའི་བྱེད་པ་སྟོན་ཏེ། འོ་ན་འདིར་ལྟ་བའི་གནས་སྐབས་སུ་ཡིད་ཆེས་པས་ཞེས་པས། ཤེས་བྱའི་བབས་སུ་ལྷུན་གྱིས་གྲུབ་པས་ཡུལ་ཡུལ་ཅན་མེད་པར་ཐག་ཆོད་པའི་ངོ་བོ་ཉིད་ལ་བསྒོམ་ཅི་འཚལ་ཞེ་ན། དཔེར་ན་ཆུ་རྙོགས་མ་ལན་གཅིག་དྭངས་ཀྱང་རྙོགས་མའི་ནང་ན་འདུག་པའི་དབང་གིས་རྐྱེན་དང་འཕྲད་ཙ་ལྡང་བ་དང་འདྲ་བར། འདིར་རྟོགས་པའི་སྐད་ཅིག་ལ་རྙོགས་མ་དྭངས་པ་དང་འདྲ་བར་ཡུལ་བྲལ་གྱི་ཡེ་ཤེས་མངོན་དུ་གྱུར་ཀྱང་། ཐོག་མ་མེད་པའི་མུ་ནས་ལོག་རྟོག་ལ་གོམས་པའི་དབང་གིས། རྐྱེན་གྱི་རྙོགས་མ་དང་འདྲ་བའི་རྒྱུ་བས་སྒྲིབས་པས། དེ་མི་གནས་པར་བྱ་བའི་ཕྱིར། སྒོམ་པའི་ཏིང་ངེ་འཛིན་བསྟན་པ་ནི། དེ་ལ་ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི། འཇུག་པའི་མཚན་ཉིད་དོ། །ཞེས་པ་རྒྱུའི་མཚན་ཉིད་རྟོགས་པ་བཞིས་མཉམ་རྫོགས་ཀྱི་དོན་ཉམས་སུ་ལེན་པ་དེ་ལ་ཡང་ནས་ཡང་དུ་གོམས་པར་བྱེད་པ་ཞེས་བྱ་སྟེ། རྟོགས་པའི་དོན་ལ། བསྒོམ་པའི་གནས་སྐབས་ན་ཉིད་མི་ཡེངས་མཚན་མི་གཉིད་ཅིང་། ཅི་ལའང་མི་བལྟ་དེ་ལ་ཞེན་པར་བྱ། ཞེས་པའི་དོན་ཉམས་སུ་ལོན་པ་ལས་མི་འདའ་བའོ། །གོམས་པར་བྱེད་པ་ཞེས་བྱ་ན། བྱ་བྱེད་ལ་འཕགས་གྱིན་འདར་འདུག་བྱེད་པ། །ཞེས་པས། རྟོགས་པ་སྔོན་དུ་སོང་བུའི་དབང་གིས་ཞེན་འཛིན་རྡུལ་ཕྲ་རབ་ཙམ་ཡང་མེད་པའི་ངང་ལས་གྱིན་འདར་མི་གཡོ་བ་གནས་པ་སྟེ། དེ་ལ་ནི་གཡོ་ཐོས་བརྟན་པ་དང་། ཕྱི་ནང་གི་དྲོད་རྟགས་རྣམས་ས་ཆོད་མཐོ་དམན་གྱིས་འཆར་བ་ནི་རྒྱས་པར་ཤེས་པར་བྱའོ། །དེ་ལྟ་བུ་ལྷུན་གྲུབ་ཀྱི་ངང་ལ་ཡུལ་ཡུལ་ཅན་མེད་པར་མི་གཡོ་བ་ལ་ནི་བསྒོམ་པ་ཞེས་བྱ་སྟེ། ངོ་བོ་ལ་འོག་མ་བཞིན་ཞེ་འདོད་ཀྱིས་བསྒྲུབ་པ་མེད་པས་ཀྱང་དེ་ཉིད་ཉམས་སུ་བླང་པ་ལ་ལམ་ཞེས་བྱ་བས། རྐྱེན་འཇུག་པའི་མཚན་ཉིད་སྟེ། གོམས་པ་ལས་འབྲས་བུ་སྣང་བ་ལ་རྐྱེན་ཞེས་གདགས་ཀྱི་ངོ་བོ་ལ་རྐྱེན་དུ་མ་གྲུབ་པའོ། །དེ་ནི་འབྲས་བུ་མངོན་དུ་གྱུར་པ་ལ་མ་རིག་པ་སྟེ། ཡུན་ནི་རྟེན་གྱི་གང་ཟག་གི་ཤེས་རབ་ཀྱི་རྩལ་གྱི་དབང་ངོ་། །དེ་ལ་ནི། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །ཞེས་ཏེ། ཤེས་པའི་མཚན་ཉིད་ལྟ་བའི་དཀྱིལ་འཁོར་ལས། སྒོམ་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་རྒྱུན་དུ་མི་འདའ་བར་བྱེད་པ་ལ་ནི། བསྒོམ་ཞེས་བྱའོ། །གོམས་པའི་མཐུ་མངོན་དུ་གྱུར་པ་ནི་འབྲས་བུའི་མཚན་ཉིད་དོ་ཞེས་པ། དེ་ལྟར་བསྒོམས་པས་གོམས་པ་སྟོབས་སུ་གྱུར་ཏེ་འདིར། ས་ལམ་གྱི་བརྩི་བ་མེད་ཀྱང་ཡིད་ལ་བྱ་བ་ཐམས་ཅད་དང་བྲལ་བ་ཏིང་ངེ་འཛིན་སྟོབས་སུ་གྱུར་ཏེ། ཤེས་བྱའི་སྒྲིབ་པ་དང་ཆ་མཐུན་པ་ཆེད་འཛིན་རགས་པ་དང་ཕྲ་བ་དང་ཕྲ་བའི་ཕྲ་བ་རྣམས་མི་གནས་པའོ། །མ ཐུ་ནི་ནུས་པ་སྟོབས་སུ་གྱུར་པ་སྟེ་གོང་ནས་གོང་དུ་སྣང་བའོ། །མངོན་དུ་གྱུར་ཞེས་པས། ལམ་གྱི་རྩོལ་བ་ཟད་པ་ཉིད་འབྲས་བུའི་ངོ་བོར་མངོན་དུ་གྱུར་པ་ཡིན་ཏེ། ཆོས་ཐམས་ཅད་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷུན་གྱིས་གྲུབ་པ་ནི། ཀློག་ཡངས་ནམ་མཁའ་སྙིང་པོ་ལ། སྤྲིན་མེད་ཉི་མ་འབུམ་གྱིས་བདལ། ཞེས་པའོ། །ལམ་མཐར་ཕྱིན་པ་ཉིད་ལ་འབྲས་བུ་ཞེས་བརྗོད་ཀྱི། ངོ་བོ་ལ་འབྲས་བུ་ཐོབ་བྱ་ཐོབ་བྱེད་གཏན་ནས་མེད་དེ། དེ་ཉིད་ལ་འདིར་ལམ་པའི་ངོས་འབྲས་བུའི་མཚན་ཉིད་ཅེས་བྱའོ། །དེ་ཡང་རྒྱུད་ལས། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། ཅེས་པ། གོམས་པའི་དཀྱིལ་འཁོར་ཉིད་མཐར་ཕྱིན་པ་ཉིད་འབྲས་བུའི་ངོ་བོར་ལྷུན་གྱིས་གྲུབ་པའོ། །དེ་ལ་འདིར་རྟོགས་པའི་ངང་ལ་མཚན་ཉིད་གསུམ་དུ་བསྟན་པ་ནི། ལམ་གཞན་མ་རྣམས་ལ་དགོས་འབྲེལ་ཚང་བར་མཆིས་ན། འདི་ལ་ཚང་ངམ་མི་ཚང་ཞེ་ན། ཚང་བར་བསྟན་ཏེ། དེ་ཡང་མདོར་བསྟན་ནི། མཚན་ཉིད་གསུམ་གྱིས་ཞེས་པ་ལ་སོགས་ཏེ། གོང་དུ་མཚན་ཉིད་གསུམ་དེའི་འབྲེལ་བ་དང་ཞེས་པ་ཤེས་པའི་མཚན་ཉིད་ལ། དགོས་པ་དང་ཞེས་པ་འགྲུབ་པའི་མཚན་ཉིད་ཏེ། དགོས་པའི་ཡང་དགོས་པ་ཞེས་འབྲས་བུའི་མཚན་ཉིད་སྟོན་ཏེ་མདོར་བསྡུས་པའོ། །དེ་ལ་ཞེས་པ་མཚན་ཉིད་གསུམ་གྱི་གཞི་དེ་ལ་འབྲེལ་བ་བཀར་ནས་སྟོན་པ་ནི། ཀུན་ནས་ཉོན་མོངས་པ་དང་ཞེས་པ་ལ་སོགས་ཏེ། གཞལ་བྱའི་ཡུལ་དུ་གྱུར་པ་ཁམས་གསུམ་འཁོར་བ་རྒྱུ་དང་འབྲས་བུར་བཅས་པ་ཐམས་ཅད་དང་། རྣམ་པར་བྱང་བའི་ཆོས་སུ་བཏགས་པ་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་ཐམས་ཅད་ཡེའང་ཐོག་མ་ནས་བྱེད་པ་པོས་མ་བྱས་བསྒྱུར་བ་བོས་མ་བསྒྱུར་ཏེ། གོང་དུ་བསྟན་པ་ལྟར་སྣང་བ་ཐམས་ཅད་ནི་སྐུའི་བདག་ཉིད། རང་བཞིན་མེད་པ་ནི་གསུང་གི་བདག་ཉིད། དེ་དབྱེར་མེད་པ་ནི་ཐུགས་ཀྱི་བདག་ཉིད་དམ། ངོ་བོ་ཉིད་ལྷུན་གྱིས་གྲུབ་སྟེ་ཆུ་གཤེར་བའམ། གསེར་སེར་བ་དང་མཚུངས་ལ། རང་བཞིན་ནམ་ངོ་བོ་ཉིད་ཀྱིས་ལྷུན་གྲུབ་གྱི་ཡེ་ཤེས་ལ་ཕྱོགས་ཞེན་མི་མངའ་བས་སངས། མཐའ་དབུས་མེད་པར་ཁྱད་གདལ་བས་རྒྱས། དེ་ལྟ་བུའི་དབྱིངས་དང་། ཞེས་པས། སངས་རྒྱས་ཀྱི་དོན་དམ་པའམ་ངོ་བོ་ཉིད་དེ་མེད་ལ་ཟད་མི་ཤེས་སྟོང་ལ་ཐམས་ཅད་འབྱུང་བའི་བདག་ཉིད་ཟད་འཕེལ་མེད་པ་ནོར་བུ་རིན་པོ་ཆེ་དང་མཚུངས་པ་ནི། ནམ་མཁའི་དབྱིངས་དང་མཚུངས་ཏེ་ཐམས་ཅད་ཀྱི་གཞིའམ་ངོ་བོ་ཉིད་དོ། །བྱིན་གྱིས་རླབས་ཞེས་པ། རྟོགས་མ་རྟོགས་གང་ལྟར་ཡང་གོང་དུ་བསྟན་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ། །བྱིན་ནི་དབྱིངས་ཀྱི་ཆ་ཡིན་ལ། བརླབས་ནི་སྣང་བའི་ཆ་སྟེ། མ་འགགས་པ་ཐམས་ཅད་ཡེ་ནས་འབྲས་བུའི་ངོ་བོ་ཡིན་ཏེ་དེ་གཉིས་ཀྱང་བྱུང་ཁམས་སམ་རྩ་ལོ་ལྟ་བུ་མ་ཡིན་ཏེ། ཆུ་དྭངས་པ་བཞིན་གཟུགས་བརྙན་དུ་སྣང་ལ། གཟུགས་བརྙན་ཉིད་ཆུར་སྣང་བཞིན་ཞེས་ཏེ། དེ་ནི་ཡེ་ནས་ཚུལ་ཡིན་ལ། དེ་ནི་ཆོས་ཐམས་ཅད་དེ་ཉིད་དུ་གཅིག་པ་ལ་བདག་ཉིད་གཅིག་པའི་འབྲེལ་པ་ཞེས་ཀྱང་བྱའོ། །དོན་རྟོགས་པ་ནི་ཞེས་པ་ཡིན་ཚུལ་གྱི་དོན་ཏེ། རྟོགས་པ་བཞིའི་ཚུལ་གྱིས་རིག་པ་ལ་གདེང་དུ་གྱུར་བ་ནི། ཤེས་པའི་མཚན་ཉིད་ཅེས་པ། གོང་མའི་གཞི་ལྟ་བུའི་ངོ་བོ་མངོན་སུམ་དུ་རྟོགས་ཤིང་ཡིད་ཆེས་པ་སྟེ། རྒྱུ་འབྲས་མེད་ཀྱང་འདིར་ཚིག་གི་ཐ་སྙད་དུ་ཤེས་པའི་མཚན་ཉིད་ཅེས་བྱ་སྟེ། དེ་ནི་ཤེས་པའི་མཚན་ཉིད་དེ་ལས་འབྲས་བུ་འབྱུང་པས་དེ་ལས་འབྱུང་བ་དང་འབྲེལ་པའོ། །དེ་ལྟ་བུ་ཤེས་པའི་མཚན་ཉིད་དེ་ནི་འབྲས་བུ་བླ་ན་མེད་པའི་སངས་རྒྱས་རྫོགས་པ་སྤྱིར་ཆིབས་ཀྱི་ས་མངོན་དུ་སྣང་བའི་རྒྱུ་ཡིན། ཞེས་པ། ཉམས་སུ་བླང་བ་རང་གི་ངོ་བོ་སྟེ། དེའི་དོན་ནི་ཤེས་པའི་མཚན་ཉིད་ལྟ་བ་ཡིན་ལ་དེ་དང་འབྲེལ་པའོ། །ཞེས་པ། གཞི་ལམ་འབྲས་བུ་གསུམ་ཀའང་འབྲེལ་ཏེ། འབྲེལ་པ་གཉིས་ནི་གོང་དུ་བསྟན་ལ་འདིར་རྟོགས་པ་བཞིའི་བརྗོད་བྱེད་ཀྱི་ཚིག་གིས་མཚོན་ནས་གྲུབ་མཐའ་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་རྟོགས་པས་བརྗོད་བྱ་དང་བརྗོད་བྱེད་དུའང་འབྲེལ། དེ་ཉིད་གཞི་མ་ཤེས་པར་བྱེད་པ་ལྟ་བ་དང་འབྲེལ། ཤེས་པ་ཉིད་ལ་བརྟེན་ཏེ་ལམ་གོམས་པ་སྣང་བས་ལམ་དང་འབྲེལ། དེ་ཉིད་མཐར་ཕྱིན་པ་འབྲས་བུའི་འབྲེལ་པ་ཡིན་པས། རྒྱུ་དང་འབྲས་བུའི་འབྲེལ་པ་ཞེས་ཀྱང་བྱའོ། །དེས་ཤེས་པའི་མཚན་ཉིད་ཀྱིས་འབྲེལ་བ་བསྟན་ནས། ད་འཇུག་པའི་མཚན་ཉིད་ཀྱི་དགོས་པ་བསྟན་པ་ནི། དེ་ཡང་དགོས་པ་ནི། ཞེས་པ། འདིར་བསྒོམ་པའི་ཏིང་ངེ་འཛིན་སྤྱོད་པ་གཉིས་གཅིག་གིས་གཅིག་བསྐྱེད་ཅིང་། གཅིག་གི་གསོས་སུ་གཅིག་གྱུར་ཏེ་ཆེད་བྱས་དང་བྲལ་བའི་སྤྱོད་པས། ཆེད་འཛིན་དང་བྲལ་བའི་ཏིང་ངེ་འཛིན་གྱི་གསོས་སུ་འགྱུར་ལ། དགོས་པ་དེ་མངའ་བས་མཛད་པ་ཅི་མཛད་ཀྱང་མཐར་མི་འགྱུར་བའི་ཐོག་ཏུ་གསོས་སུ་འགྱུར་ཏེ། ལྟ་སྒོམ་སྤྱོད་པ་གསུམ་དབྱེར་མེད་པ་གཅིག་ཆར་དུ་ལྷུན་གྱིས་གྲུབ་པ་ནི། འབྲས་བུ་མངོན་དུ་གྱུར་པ་ལ་དགོས་ཏེ་རྒྱུ་རྐྱེན་འཛོམ་པའི་མྱུ་གུ་འཚོ་རྫི་དང་བཅས་པར་ཆད་དང་བྲལ་བ་ཉིད་འབྲས་བུ་སྨིན་པ་བཞིན་ནོ། །དེས་ན་ཀུན་ནས་ཉོན་མོངས་པ་རྒྱུ་འབྲས་སུ་བཅས་པ་རྣམས་དང་། རྣམ་པར་བྱང་བའི་ཆོས་ཡེ་ཤེས་རྒྱུ་འབྲས་བུ་བཅས་པ་རྣམས་ལོག་རྟོག་ཅན་གྱི་ངོ་ལ་ཐ་དད་ཀྱང་། རྟོགས་པ་བཞིས་མངོན་དུ་བྱས་པས་ཤེས་པའི་མཚན་ཉིད་མངོན་དུ་སོང་བས། སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་སྟེ། རིན་པོ་ཆེ་གསེར་གླིང་ལྟར་སྤང་བླང་གི་ཆོས་རྡུལ་ཕྲ་རབ་ཙམ་ཡང་མ་དམིགས་པ་ནི་དགོངས་པའི་ཏིང་ངེ་འཛིན་ཏེ། དགོངས་པ་དེ་དག་དང་ལྡན་པའི་སྐྱེས་བུས་སྤྱོད་པ་ཅི་ལྟར་སྤྱད་ན། སྤྱོད་པའི་ངོ་བོ་ནི། སྨན་ལྔ་དང་བདུད་རྩི་ལྔ་སོགས་པ་སྟེ། ཞེས་ཏེ། ཕྱི་པས་དང་དུ་བླང་བར་བྱ་བ་གཙང་བར་བྱས་པའི་ཀན་ཏ་ཀའི་ལ་སོགས་པའི་སྨན་ལྔ་དང་། ཕྱི་པས་སྤང་ནང་པས་དང་དུ་བླངས་པའི་བདུད་རྩི་རྣམ་པ་ལྔ་དང་། སོགས་ཁོངས་སུ་ཉོན་མོངས་པ་ལྔ་དང་། གཉེན་པོ་ལྔ་དང་། དག་པ་དང་མ་དག་པ་དང་། གཙང་བ་དང་མི་གཙང་བ་དང་། བཟང་བ་དང་ངན་པ་ལ་སོགས་པའི་ཁྱད་པར་གྱི་མིང་དུ་བཏགས་ཏེ་གཉིས་སུ་སྣང་བ་ཐམས་ཅད་དགོངས་པའི་ངོས་ནས་ཡེ་ནས་སངས་རྒྱས་པའི་མཉམ་པ་ཆེན་པོ་ལ། ཞེས་པ་ཡེ་འང་ཐོག་མ་ནས་བྱས་ཆོས་དང་བྲལ་ཏེ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་ངང་ལ་རང་བྱུང་གི་ཡེ་ཤེས་ཆེན་པོ་བཀག་པ་མེད་པར་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པ་དབྱེར་མེད་པའི་ལྟ་བ་ལྷུན་གྱིས་གྲུབ་པ་ལ། རྣལ་འབྱོར་པས་ཏིང་ངེ་འཛིན་ཡང་སྐུ་གསང་ཐུགས་གསུམ་དབྱེར་མེད་པའི་མཉམ་པ་ཆེན་པོའི་ངང་ལས་མ་གཡོས་ཤིང་དགོངས་པ་དང་མཐུན་པའི་སྤྱོད་པས། བཤད་པའི་སྤྱོད་པ་རྣམས་སེམས་ཉིད་མཉམ་པ་ཉིད་ཀྱི་ངང་དུ་ལྷུན་གྱིས་གྲུབ་པས་བླང་དོར་མེད་པས་ཅི་ལའང་ཐོགས་པ་མེད་པར་སྤྱོད་ཅིང་ཞེ་འདོད་དང་བྲལ་བའི་ཚུལ་གྱིས། ཤུགས་འབྱུང་དུ་ཉམས་སུ་ལོན་པ་ནི་ལྟ་བའང་མི་འགགས་པའི་སྤྱོད་པར་ཤར། སྤྱོད་པའང་མ་གཡོས་པ་ལྟ་བའི་ངང་ལས་མི་འདའ་སྟེ་དེ་དབྱེར་མེད་པ་ལྟ་བའང་སྤྱོད་པ། སྤྱོད་པའང་ལྟ་བར་དབྱེར་མེད་པར་ལྷུན་གྱིས་གྲུབ་པ་ལ་ནི། ལྟ་སྤྱོད་མགོ་འབྱོར་བ་ཅེས་བྱ་སྟེ། འབྲས་བུ་སྣང་བའི་རྐྱེན་འཇུག་པའི་མཚན་ཉིད་འབྲས་བུ་ཐོབ་པའི་གྲོགས་བྱེད་པས་རྐྱེན་ཞེས་བླ་དགས་སུ་བཏགས་སོ། །དགོངས་པའི་ངེས་ཚིག་བསྟན་པ་ནི། ལྟ་སྤྱོད་མགོ་འབྱོར་པ་དེ་ནི་ལམ་མཐར་ཕྱིན་པས་བླ་ན་མེད་པའི་སྤངས་མཁྱེན་ལྷུན་གྱིས་གྲུབ་པའི་སངས་རྒྱས་རྫོགས་པ་སྤྱིར་ཆིབས་ཀྱི་ས་མངོན་དུ་སྣང་བས་ན་འགྲུབ་པ་སྟེ། རྒྱུ་ཡིན་པའི་ཕྱིར་ཞེས་པ། འདིར་རྒྱུ་དང་རྒྱུའི་རྒྱུ་གཉིས་ཏེ། རྒྱུའི་རྒྱུ་ནི་ལྟ་ནི། ཏིང་ངེ་འཛིན་ལ་ནི་རྒྱུ་ཞེས་བྱ་སྟེ། བཤད་པའི་ལྟ་སྤྱོད་མགོ་འབྱོར་པ་ཉིད་ཉམས་སུ་བླང་བ་མཐར་ཕྱིན་པ་ཉིད་ལམ་ཡིན་པའི་ཕྱིར་མཐར་ཕྱིན་པའི་དོན་འབྲས་བུ་ལ་དགོས་པས་ན། དགོས་པའོ་ཞེས། །དགོས་པའི་ཡང་དགོས་པ་ནི། ཞེེས་པ་ནི་འབྲས་བུའི་མཚན་ཉིད་དེ། དགོས་པའི་ལམ་ལ་དེ་ལའང་དགོས་པ་ནི་འབྲས་བུ་སྟེ། འབྲས་བུ་མེད་པའི་ལམ་ནི་བཙལ་བས་ཚི་ཆད་པའི་ལམ་སྟེ་མུ་སྟེགས་པའོ། །འདིར་གཞན་བྱ་བ་ལྡབས་པ་ལྟ་བུར་སྤྱོད་ཀྱང་གོང་མ་ནི་ལྟ་སྤྱོད་མགོ་འབྱོར་པས་ཉམས་སུ་ལེན་ཏེ་ལམ་གྱི་སྐབས་ཡིན་ལ། འདིར་ནི་གོམས་པ་མཐར་ཕྱིན་ཏེ་བླང་དོར་མེད་པར་འབྲས་བུའི་ངོ་བོར་བསྟན་ཏོ། །དེ་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། སྨན་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་ཁྱད་པར་དུ་བཏགས་པ་ཐམས་ཅད་ཅེས་པ་ནི། རྐྱེན་གྱི་སྐབས་སུ་བཤད་པ་བཞིན་ནོ། །དེ་དག་ཀྱང་ཡེ་ནས་སངས་རྒྱས་པའི་ཞེས་པ། ཡེའམ་ཐོག་མ་ནས་མ་འདྲེས་ཡོངས་རྫོགས་ལྷུན་གྲུབ་ཏུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་སངས་རྒྱས་པའི་ངང་ལ་མཉམ་པ་ཆེན་པོའི་ཞེས་པ། ཀུན་རྫོབ་ཏུ་ལྷ་དང་ལྷ་མོར་མཉམ། དོན་དམ་པར་རིག་པ་བྱང་ཆུབ་སེམས་སུ་མཉམ། ཕྱིའི་ཡུལ་ཆེན་པོ་ལྔ་ཡུལ་ལྔར་མཉམ། ནང་གི་སེམས་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་ལྔར་མཉམ་ལ། དེ་ལྟ་བུའི་ངང་ལ་སྣང་སྟོང་ངམ་མཐའི་སྐྱོན་ངང་གིས་མི་གནས་པས་ཆེན་པོ། དེ་ཉིད་ནི་ཆོས་ཐམས་ཅད་བདག་ཉིད་ཆེན་པོའི་ངང་དུ་ལྷུན་གྱིས་གྲུབ་པས་ཀྱང་ཆེན་པོའོ། །ངང་ལ་གཉིས་ལས། མཉམ་པ་ཉིད་ཀྱི་ངང་དུ་བླང་དོར་མེད་ཅེས་པ། ཐམས་ཅད་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་སུ་མི་ཟད་པ་རྒྱན་གྱི་འཁོར་ལོར་ལྷུན་གྱིས་གྲུབ་པ་ལ་བླང་བྱའི་ཆོས་མ་དམིགས་པས། དེ་ལ་ལྟོས་པའི་དོར་བྱའང་མེད་པར་མངོན་དུ་གྱུར་པའི་དུས་སུ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱིས་འཁོར་ལོར་ལྷུན་གྱིས་གྲུབ་སྟེ་འབྲས་བུར་ལྷགས་པའི་ཚེ། དེ་ཉིད་དམ་པར་འཛིན་པ་དང་བྲལ་བས་ཐ་སྙད་ཙམ་དུ་མཐར་ཕྱིན་ཞེས་བྱའོ། །དེ་ལྟ་བུའི་དུས་སུ་སྲིད་གསུམ་གྱི་ངོ་བོ་སྤང་བྱའི་ཆོས་ཁམས་གསུམ་འཁོར་བ་ཉིད་སྤངས་པ་མེད་པར་ཡེ་ནས་ཡིན་པའི་དོན་ལྷུན་གྱིས་གྲུབ་བས་འབྲས་བུ་བླ་ན་མེད་པའི་སྤངས་མཁྱེན་ལྷུན་གྱིས་གྲུབ་པའི་སངས་རྒྱས་པའི་རང་བཞིན་ལས་འཁོར་བ་མ་གྲུབ་པས། མྱ་ངན་ལས་འདས་པ་ཞེས་བྱ་བའང་མ་དམིགས་པས། འཁོར་བ་སྤངས་པ་མེད་པར་རང་དག་པ་ལ་མྱ་ངན་ལས་འདས་པ་ཞེས་བྱའོ། །མཚན་ཉིད་ཅེས་པ། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། ཅེས་སྨོས་པས། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད་ནི། རང་བཞིན་གྱི་དཀྱིལ་འཁོར་ཡེ་ནས་ཡིན་པའི་དོན་དང་། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྲས་བུ་མཐར་ཕྱིན་པ་ཉིད་ལྷུན་གྱིས་གྲུབ་པ་ཡིན་པས། འབྲས་བུའི་མཚན་ཉིད་ཅེའོ། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། ཞེས་པས། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་གྱུར་པ་ཞེས་བྱ་སྟེ། འབྲས་བུའི་མཚན་ཉིད་མ་འགགས་པར་སྣང་བ་ནི་ཆོས་ཀྱི་སྐུ་ལྔ་ལ་སོགས་པའི་སྐུ་ལྔ་དང་། ཆོས་སྐྱེ་མེད་རིག་པའི་གསུང་ལ་སོགས་ཏེ་གསུང་ལྔ་དང་། རྡོ་རྗེའི་ཐུགས་ལ་སོགས་ཏེ་ཐུགས་ལྔ་དང་། ཞིང་ཁམས་དང་གཞལ་ཡས་ལ་སོགས་ཏེ་ཡོན་ཏན་ལྔ་དང་། ཕྲིན་ལས་རྣམ་པ་ལྔ་སྟེ་ཉེར་ལྔ་ལ་སོགས་ཏེ་གདུལ་བྱའི་གྲངས་བཞིན་ཟད་པ་མེད་པ་ནི་ཡོན་ཏན་གྱི་ངོས་ནས་རྣམ་གྲངས་སོ། །ངོ་བོ་ནི་རིག་པ་རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་བདག་ཉིད་ཆོས་ཐམས་ཅད་ཀྱི་ངོ་བོ་རྒྱན་གྱི་འཁོར་ལོ་ཉེར་ལྔ་ལ་ཡང་མི་ཕྱེད་པའི་བདག་ཉིད་དོ། །མི་ཟད་པ་ཞེས་པ། ནམ་མཁའི་ངང་ལས་འབྱུང་བའི་ཆོ་འཕྲུལ་མི་ཟད་སྟེ། ནམ་མཁའི་མཚན་ཉིད་ཐམས་ཅད་པར་བཞུགས་པའི་དཔེས་སྐུ་ལྔ་ལྷུན་གྲུབ་རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པ་རྫོགས་པ་སྤྱིར་ཆིབས་ཀྱི་ས་ལྷུན་གྱིས་གྲུབ་པ་ནི་གདུལ་བྱ་མ་ཟད་པར་དུ་གདུལ་བྱེད་མི་ཟད་སྟེ། སྤྱིར་འཁོར་ལོ་རྒྱུན་གྱི་ཐེག་པ་ལ་སོགས་པ་གསུམ། དོན་དམ་ངེས་པའི་ཐེག་པའང་བསམ་གྱིས་མི་ཁྱབ་བོ། །རྒྱན་ཞེས་པ། གསེར་མིག་ཏུ་གཡུ་བཅུག་ན་མི་འདྲ་བ་གཉིས་གཅིག་གིས་གཅིག་བརྗིད་ཕྱུངས་ཏེ་མཛེས་པ་བཞིན། ཆོས་ཀྱི་དབྱིངས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ཉིད་ཀུན་ལ་བྱམས་སྙོམས་པའི་ངང་ལས་རིག་པའི་ཡེ་ཤེས་གསལ་ལ་འགགས་པ་མེད་པ། ཐམས་ཅད་འཛོམས་ཤིང་གཅོད་དེ་མི་གནས་པ་མཛད་པས་ལས་གཉིས་དུས་གཅིག་ཏུ་འཚོགས་པ་ནི། གཅིག་གི་རྒྱན་དུ་གཅིག་ཆེ་བས་ནི་སྐུའི་མཛད་པ་བསམ་གྱི་མི་ཁྱབ་པ་ཐམས་ཅད་ལ་རྒྱན། ཞེས་འདོགས་སོ། །འཁོར་ལོ་ནི། གདུལ་བྱེད་ཀྱི་མཛད་པ་རྒྱུན་མི་ཆད་པར་འཆར་བས་ཀྱང་འཁོར་ལོ། །དེ་གདུལ་བྱའི་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བས་ཀྱང་འཁོར་ལོ། །དེས་གདུལ་བྱའི་རྒྱུད་ཀྱི་ཞེན་པ་བཅོད་པས་ཀྱང་འཁོར་ལོ་སྟེ། མངོན་དུ་གྱུར་པ་ནི་ཞེས་པ་ལས་ཀྱི་བྱ་བ་ཟད་པ་དང་། འབྲས་བུ་མངོན་དུ་གྱུར་པ་དང་དུས་གཅིག་པ་སྟེ། ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པའི་གཟུང་འཛིན་གྱི་ཞེས་པ་ཐམས་ཅད་རང་རིག་པའི་མངོན་སུམ་དུ་ལྷུན་གྱིས་གྲུབ་ནས་རང་རིག་མཐའ་དབུས་བྲལ་བ་ནམ་མཁའ་ལྟ་བུ་ལས་འདས་ཉམས་མེད་པའོ། །འབྲས་བུའི་ངོ་བོ་དེ་ནི་དགོས་པ་ལམ་གྱི་ཡང་དགོས་ཡིན་པས་ན་འབྲས་བུ་འང་འདོགས་ཞེས་བྱའོ། །ཡང་གསུང་སྒྲོས་གཅིག་ལ་མ་ཟད་པ་འབྲས་བུའི་རྣམ་གྲངས་ཉེར་ལྔའི་ཆོས་སྐུ་དང་། ཆོས་སྐུའི་གསུང་དང་། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་དང་གསུ་ནི་ངོ་བོ་མི་ཟད་པའོ། །གཞན་ཉེར་གསུམ་ནི་རྣམ་པ་སྟེ། གདུལ་བྱ་མ་ཟད་བར་དུ་འདུལ་བྱེད་མི་ཟད་པའོ། །ཉེར་ལྔ་པོ་ཆོས་ཀྱི་དབྱིངས་ཀྱི་སྣང་བ་ཡིན་པས་རྒྱན། དུས་རེས་མོ་མེད་པ་ལྷུན་གྲུབ་ཏུ་འཆར་བས་འཁོར་ལོའོ། །གོང་ལྟར་རྟོགས་པ་བཞི་མཚན་ཉིད་གསུམ་གྱིས་ལམ་མཐར་ཕྱིན་ནས་འབྲས་བུ་མངོན་དུ་བྱས་པ་ལ་ནི་གསང་སྔགས་ནང་པ། བསྙེན་སྒྲུབ་བཞིས་ལམ་མཐར་ཕྱིིན་པར་བཞེད་དེ། དེ་ཡང་རྒྱུད་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོས། །ཞེས་པ་ལ་སོགས་ཏེ། དེ་ལ་ཡང་སྤྱི་ལམ་གྱི་བསྙེན་གྲུབ་བཞི་དང་། ཟག་བཅས་ཟག་མེད་སོ་སོའི་བསྙེན་སྒྲུབ་བཞི་བཞི་དང་། ཏིང་ངེ་འཛིན་ཚོམ་རེ་རེའི་བསྙེན་སྒྲུབ་བཞིའི་མདོར་བསྟན་ནི། གསང་བའི་བསྙེན་སྒྲུབ་བཞི་ལ་སོགས་པ་བསྟན་ན། འདིར་ཚང་ངམ་མ་ཚང་ཞེ་ན། ཚང་བར་བསྟན་པ་ནི། དེ་ལ་བསྙེན་སྒྲུབ་བཞིའི་མདོར་བསྟན་ནོ། །དེ་ལ་བསྙེན་པ་དང་ཞེས་པ་ལ་སོགས་པ་སྟེ། གོང་དུ་བསྟན་པའི་རྟོགས་པ་བཞི་མཚན་ཉིད་གསུམ་གྱི་ཚུལ་གྱི་དགོས་འབྲེལ་གསུམ་འཛོམ་སྟེ། གཞན་གྱི་གླན་ཀ་བྲལ་བ་དང་ལྡན་པའི་དོན་གྱིས་འབྲས་བུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷུན་གྱིས་གྲུབ་པའི་གཞི་དེ་ལ་འདིར་བསྙེན་སྒྲུབ་བཞི་ཚང་སྟེ། བསྙེན་པ་དང་ཞེས་པ། ངོ་བོ་རྟོགས་པ་མེད་པའི་མཚན་ཉིད་ཀྱིས་རང་བཞིན་རྫོགས་པ་ཆེན་པོའི་དོན་ཤེས་པའོ། །ཉེ་བའི་བསྙེན་པ་ནི། མ་འགགས་པ་ཕུང་པོ་ལྔ་མ་འདྲེས་ཡོངས་རྫོགས་ཀྱི་དོན་དུ་གྱུར་པའོ། །སྒྲུབ་པ་ནི་འབྱུང་བ་ལྔ་སྣང་ལ་མ་དམིགས་པ་རྫོགས་པ་ཆེན་པོའི་ངོ་བོར་རྟོགས་པའོ། །སྒྲུབ་པ་ཆེན་པོ་ནི་དེ་གཉིས་ཡབ་ཡུམ་ཐམས་ཅད་ཤེས་རབ་དབྱེར་མེད་པའི་ངང་ལ་བྱང་ཆུབ་སེམས་ཁམས་དང་སྐྱེ་མཆེད་ཐམས་ཅད་མ་འགགས་པ་བྲལ། མ་དམིགས་པ་ལྕམ་གྱི་ཚུལ་དུ་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཀུན་ཏུ་བཟང་པོ་ཉིད་དུ་བསྒྲུབ་བྱའི་ངོ་བོའམ་དོན་ལྷུན་གྱིས་གྲུབ་པར་འགྱུར་བས་སྟེ། དེས་ན་རྣལ་འབྱོར་ལ་བརྩོན་པར་བྱའོ། །ཞེས་པ། གོང་མ་ལྟ་བུའི་དོན་རྟོགས་ནས་སོ། །དེས་མི་ཆོག་པས་རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ་ཡིན་པའི་དོན་རྟོགས་པ་མངོན་དུ་གྱུར་པ་དེའི་ངང་ལས་མི་འདའ་བར་བསྒོམས་པས། གོམས་པ་དྲག་དལ་གྱིས་བརྩོན་པར་འབད་པར་གདམས་སོ། །རྒྱས་པར་བཤད་པའི་བསྙེན་པ་ནི་བཞིར་དབྱེར་པའི་གཞི་དེ་ལས་བསྙེན་པ་བཀར་ནས་བསྟན་པ་ནི། རྒྱུད་ལས། གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །ཞེས་པ། རང་རིག་སྙིང་པོ་བྱང་ཆུབ་སེམས་ཐམས་ཅད་མཁྱེན་པས་ཀྱང་དམིགས་པའི་ཡུལ་དུ་མ་གྱུར་ཅིང་། སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ཉིད་ལ་ཁམས་དང་སྐྱེ་མཆེད་འབྱུང་བའི་གཞིར་གྱུར་པས་དབྱིགས་ཞེས་བྱ་སྟེ། དེས་ན་བྱང་ཆུབ་སེམས་ཞེས་པས། བཤད་པའི་རང་རིག་པ་ཉིད་ཕྱོགས་ཞེན་གྱི་ཆོས་མི་མངའ་བས་བྱང་། མ་འགགས་པའི་ཆོས་ཐམས་ཅད་དེ་ལས་མ་གཡོས་པས་ཆུབ། དེ་ཉིད་དབྱེར་མེད་པའི་རིག་པ་བྱང་ཆུབ་སེམས་ནི་དངོས་པོར་མ་གྲུབ་སྒྲིབ་གཡོག་ཐམས་ཅད་དང་བྲལ་ལ་ཁྱབ། རང་གི་ངོ་བོ་མི་འགྱུར་བ་བཞིས་སེམས་ཅན་ཏེ་ཤེས་པ་ཞེས་པ། རིག་པ་དེ་ཉིད་དུ་སོན་པའོ། །དེ་ནི་བསྙེན་པའི་མདོར་བསྟན་པ་ཡིན་ལ། སྟེ་ཞེས་པ་རྒྱས་པ་རབ་བཤད་པའི་མགོ་འདྲེན་ཏེ། བྱང་ཆུབ་སེམས་ཤེས་པའི་ངོ་བོ་དེ་ཡང་ཆོས་ཐམས་ཅད་ཅེས་ཏེ། སྣོད་བཅུད་འཁོར་འདས་གཟུང་ཡུལ་ཏེ་ཐ་སྙད་གདགས་སུ་རུང་བ་ཐམས་ཅད་སྡུད་དོ། །དེ་དག་ནི་ཡེ་ནས་སངས་རྒྱས་ཞེས་པ། ནམ་མཁའ་འབྱེད་པ་མེད་པར་ཡེ་ནས་སྟོང་གསལ་ཡིན་པའི་དཔེས་ཡེའམ་ཐོག་མ་ནས་འཁྲུལ་ཆོས་ཅི་ལྟར་སྣང་ཡང་། བྱང་ཆུབ་སེམས་ཀྱི་ངང་ལས་གཏན་ནས་སྣང་མ་མྱོང་སྟེ། མི་གནས་པས་སངས། ལྷུན་གྲུབ་ཀྱི་ཡེ་ཤེས་ཆེན་པོ་ཕྱོགས་འཛིན་དང་བྲལ་བས་རྒྱས་ཏེ། ཆོས་ཐམས་ཅད་དེའི་རང་བཞིན་དུ་ཡེ་ནས་ཡིན་ཏེ། ལམ་གྱི་བསྒྲུབ་ཅིང་ཞེས་པ། དེ་ལམ་པ་རྣམས་ཀྱི་བློས་ཞེ་འདོད་ཀྱིས་བསྒྲུབ་ཅིང་། ཐེག་པ་འོག་མ་པ་བཞིན་ཆོས་དེ་དག་ལ་མི་མཐུན་པ་དང་གཉེན་པོའི་ངོས་ནས་བཅོས་སུ་མེད་དེ། ནང་པ་པར་ཡང་། དུག་ལྔ་ཡེ་ཤེས་ལྔ། དུག་གསུམ་སྐུ་གསུང་ཐུགས། ཞེས་པ། གཉེན་པོས་བཅོས་པའི་ཐབས་ཀྱང་། འདིར་གཟུང་འཛིན་ཞེན་པ་ཁོ་ན་བས། དེ་ལྟ་བུ་ལ་མི་གནས་པའི་དོན་མངོན་དུ་བྱས་པ་ནི་མི་རྟོགས་པ་ཞེས་སོ། །དེས་ན་མཆོག་གི་ཐེག་པ་འདིའི་སྐབས་སུ་དཔེར་ན་བྱིས་པ་ཡི་གེ་བསླབ་པ་ཀ་ཁ་ནས་གཞུང་རྩལ་རྫོགས་ཀློག་མཐར་ཕྱིན་པའི་བར་ཏེ། ཀ་ཁ་ཉིད་ལ་རྩལ་འབྱོངས་པ་མིན་པ་ཀ་ཁ་རྒྱུར་བྱས་ནས་བཞག་སྟེ་འབྲས་བུ་ལོགས་སུ་ཚོལ་རྒྱུ་མེད་པ་ལྟར། འདིར་གཞིའི་གནས་ཚུལ་གྱི་དོན་ངོ་བོ་ཉིད་ཀྱི་སྐུ་རང་བཞིན་རྫོགས་པ་ཆེན་པོ་མཐར་ཕྱིན་པ་ཉིད་འབྲས་བུ་ཐོབ་བྱའི་ངོ་བོ་ཡིན་པས་ལམ་གྱི་རྩོལ་བ་ཟད་པ་ཉིད་ལ་འབྲས་བུ་ཞེས་བརྗོད་དོ། །དེས་ན་ཀུན་བརྟགས་ཅན་གྱི་ངོ་ལ་སྣང་བའི་གཟུང་འཛིན་ཉིད་མ་བཤིག་མ་སྦྱངས་མ་བཅོས་པར། ཐུན་མོང་མ་ཡིན་པའི་ལུང་མན་ངག་གཉིས་ཀྱིས་བཤད་པའི་བྱང་ཆུབ་སེམས་ཡིན་ཚུལ་གྱི་དོན་རྟོགས་པའི་གནས་སྐབས་ན་འབྲས་བུ་ཡུལ་དུ་རེ་བའི་རྩོལ་བ་དང་བྲལ། ལམ་གཉེན་པོ་སྒྲུབ་པའི་རྩོལ་བ་དང་བྲལ་བར་རིག་པ་ལ་ཐག་ཆོད། ཕྱོགས་ཞེན་མེད་པ་ནི་རྟོགས་པ་ཞེས་བྱ་སྟེ། དེ་ཉིད་བཤད་པའི་འབྲས་བུའི་ངོ་བོ་ལ་བསྙེན་པས་ན་བསྙེན་པ་ཞེས་བྱ་སྟེ། ཐ་མ་པ་ལ་གཟུང་འཛིན་གྱི་ཞེན་པ་རྟོགས་པའི་ངོས་ལ་དག་པའོ། །མ་ཧཱ་ཡོ་གའི་གནས་སྐབས་ན་བསྙེན་པ་ལྟ་བ་ཤེས་པ་དང་། ཉེ་བསྙེན་དེའི་ངང་ལས་བདག་ཉིད་ལྷར་བྱས་པ་དང་། སྒྲུབ་པ་ཡུམ་བསྐྱེད་པ་དང་། སྒྲུབ་པ་ཆེན་པོ་ཡབ་ཡུམ་རོལ་ནས་སྲས་ལྕམ་དྲལ་གྱི་དཀྱིལ་འཁོར་ལ་བཀོད་པ་བརྗོད་པས། འདིར་དེ་དག་གོང་གི་མཚན་ཉིད་གསུམ་མཐར་ཕྱིན་པའི་བར་ལ་ངོ་བོ་གཅིག་ཀྱང་བསྙེན་སྒྲུབ་བཞི་ཚང་བར་སོ་སོར་གསལ་བར་བྱས་པའོ། །དེ་ལ་འདིར་ཡང་། ཉེ་བའི་བསྙེན་པ་བདག་ཉིད་ལྷར་ཤེས་པ་དང་། ཞེས་པ། མཐར་ཕྱིན་པའི་དོན་མངོན་དུ་སྣང་བ་ལས་བསྙེན་པ་བས་ཀྱང་ཉེ་བས་ན་ཉེ་བའི་བསྙེན་པ་ཞེས་བྱ་སྟེ། བདག་ཉིད་ལྷར་ཤེས་པ་སྟེ། ཞེས་པ། དོན་བྱང་ཆུབ་སེམས་རང་སྣང་བ་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སྐུ་གསུང་ཐུགས་སུ་ངོ་སྤྲོད་པ་སྟེ། དེ་ཡང་རྒྱུད་ལས། ཆེན་པོ་རིགས་ཀྱི་དེ་བཞིན་ཏེ། ཞེས་པས། ཆེན་པོ་ནི་འབྱུང་བ་ལྔ་ལས་སྣང་བའི་ཕུང་པོ་ལྔའི་ནང་དུ་ཁམས་གསུམ་གྱི་ཆོས་མ་ལུས་པ་ཐམས་ཅད་འདུས་པས་གཙོ་བོ་ལྟ་བུ་བས་ཆེན་པོ་ཞེས་བྱ་སྟེ། རིགས་ཀྱི་དེ་བཞིན་ནི་མ་འདྲེས་ཡོངས་རྫོགས་ཉིད་རིགས་ལྔའི་སྐུ་གསུང་ཐུགས་སུ་སྣང་བའོ། །བདག་ཉིད་ཅེས་པ། ཆོས་ཐམས་ཅད་ཕུང་པོ་ལྔར་མ་འདུས་པ་མེད་པས། བདག་ཉིད་ཅེས་བྱ་སྟེ། ལྷར་ཤེས་པ་ནི་རང་བཞིན་རྫོགས་པ་ཆེན་པོའི་སྐབས་སུ་བཤད་པ་བཞིན་རིགས་ལྔའི་སྐུ་གསུང་ཐུགས་མ་ཟད་བ་རྒྱན་གྱི་འཁོར་ལོ་རྟོགས་པ་རིག་པ་ལ་ཆུད་པ་ལ་ནི་ཤེས་པ་ཞེས་བྱ་སྟེ། མདོར་བསྟན་ནོ། །རྒྱས་བཤད་ནི། དེ་ཡང་ཞེས་པ་ལ་སོགས་པ་སྟེ། མདོར་བསྟན་དུ་བཤད་པའི་དོན་དེ་ཡང་། སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཡེ་འམ་ཐོག་མ་ནས་སངས་རྒྱས་པའི་རང་བཞིན་བཤད་པ་ཡིན་པས་ན། དཔེར་ན་ཆུ་ཐམས་ཅད་གཤེར་བ་ལས་མ་འདས་པས་གཙང་པོའང་གཤེར་བ་ལས་མ་འདས་པ་བཞིན། བདག་ཉིད་ཀྱང་ཞེས་པ། རིག་པ་རང་བྱུང་གི་ཡེ་ཤེས་ཉིད་གསལ་ལ་མ་འགགས་པ་ཕུང་པོ་ལྔ་སྟེ། དེའང་ཕྱོགས་བཅུའི་ཕུང་པོ་མ་ལུས་པ་རྣམས་གཟུག་ཆེན་བཅོ་ལྔ་དང་ཚོར་བ་དྲུག་གསུམ་བཅོ་བརྒྱད་ལ་སོགས་པ་མཚུངས་པས་དབྱེར་མེད་པས་ཀྱང་། བདག་ཉིད་ཅེས་པ་དང་། དེས་ན་ཕུང་པོ་ལ་དུ་མ་མེད་པས་ཕུང་པོ་ལྔ་འང་ཡེ་འམ་ཐོག་མ་ནས་ལྷའི་རང་བཞིན་ཏེ། གཟུགས་ཀྱི་ཕུང་པོ་མ་འགགས་མ་དམིགས་དབྱེར་མེད་པ་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་ནི་ཕྱོགས་འཛིན་མི་མངའ་བས་རྣམ་པར་དག་པ་ལ་ལྷ་ཞེས་བརྗོད་དེ། དེས་ན་རང་བཞིན་ཞེས་བྱའོ། །ཚོར་བ་ལ་སོགས་པ་བཞི་པོ་ལའང་དེས་བསྒྲེ་སྟེ་ཕྱོགས་ཞེན་མི་མངའ་བ་སངས། རིག་པ་མཐའ་དབུས་བྲལ་བས་རྒྱས་པ་ཡིན་གྱི། རྣལ་འབྱོར་པས་ད་ལྟ་ཁོ་ནར་ལམ་གྱི་ཞེ་འདོད་ཀྱི་བསྒྲུབས་པ་མ་ཡིན་པར་རྟོགས་པའོ། །དེས་ནི་གོང་མ་ལས་ལམ་པའི་བློས་ཉམས་སུ་ལེན་པ་ཤས་ཆེ་བས་མཐར་ཕྱིན་པ་ལ་ཉེ་བས་ཉེ་བའི་བསྙེན་པ་ཞེས་བྱའོ། །སྒྲུབ་པ་ནི་ཡུམ་བསྐྱེད་པ་སྟེ་ཞེས་པ་སྟེ། འདིར་ཡང་ཡབ་དང་ཡུམ་དུ་འཛོམ་ཡུལ་དང་ཡུལ་ཅན་དུ་འཛོམ་པས་གཅིག་ཡོད་ན་གཅིག་མེད་མི་སྲིད་པ་དང་། ཕུང་པོ་ལྔ་གོང་ལྟར་རྟོགས་པས་དེས་བསྐྱེད་པར་བྱེད་པའི་འབྱུང་བ་ལྔ་ཡུམ་ལྔར་མི་རྟོགས་མི་སྲིད་སྟེ། དུས་གཅིག་རྟོགས་ཀྱང་སོ་སོར་གསལ་བའི་དབྱེ་བའི་ངོས་ནས་བསྟན་པའི་ཕྱིར་ཡང་སྒྲུབ་པ་ཞེས་བྱ་བ་དང་། ཡང་སྒྲུབ་པ་ཆེན་པོ་འབྲས་བུའི་ངོ་བོ་མཐར་ཕྱིན་པ་ཉིད་བསྙེན་པ་དང་སྒྲུབ་པ་གཉིས་འཛོམ་པ་ལ་སྣང་གི། ཡ་བྲལ་ལ་མི་སྣང་བས་སྒྲུབ་པ་ཆེན་པོ་ལ་ཉེ་བས་སྒྲུབ་པ་ཞེས་བྱ། ཡུམ་ཅེས་པ་འབྱུང་བ་ལྔ་ནི་འཁྲུལ་སྣང་ལ་ཡང་ཡུམ་སྟེ། ནམ་མཁའ་གོ་འབྱེད་པའི་ཡུམ། ས་བསྐྱེད་པའི་ཡུམ། མེ་སྨིན་པའི་ཡུམ། ཆུ་སྡུད་ཅིང་བརྟས་པར་བྱེད་པའི་ཡུམ། རླུང་གིས་གཡོ་སྟེ་བར་མ་དོར་ཆུད་མི་ཟ་སྟེ་མི་རུལ་བའི་ཡུམ། བསྐྱེད་པ་སྟེ་ཞེས་པ། ཡུམ་བཞི་ནམ་མཁའ་ལ་སྣང་བ་དང་། ལྔ་པོ་ཉིད་མ་འགགས་པ་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ། །མ་དམིགས་པ་དང་དབྱེར་མེད་པ་ནི་གསུང་དང་ཐུགས་རྒྱན་གྱི་འཁོར་ལོ་སྟེ། དེ་ལྟ་བུ་རིག་པའི་ངང་ལས་སྣང་ཞིང་མི་འགགས་པ་རིག་པ་ལས་མ་གཡོས་ཤིང་ཕྱོགས་སུ་ཞེན་པ་མེད་པའི་དགོངས་པ་རྟོགས་པ་ནས། མཐར་ཐུག་པའི་བར་དུ་བསྒོམ་པའི་སྟོབས་ཀྱིས་འཕར་བ་ལ་བསྐྱེད་པ་སྟེ། ཞེས་བྱ་སྟེ་མདོའོ། །རྒྱས་པ་ནི། རྒྱུད་ལས། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཞེས་པས། འབྱུང་བ་ལྔ་མ་འདྲེས་ཡོངས་རྫོགས་ཉིད་ཐམས་ཅད་བསྐྱེད་པ་དང་། ཐམས་ཅད་དང་མི་ཕྱེད་པའི་དོན་གྱིས་ཐབས་ཤེས་རབ་ཉིད་ལས་ཤེས་རབ། ཡབ་ཡུམ་གཉིས་ལས་ཡུམ་སྟེ། ལས་དང་ངོ་བོ་གཉིས་ཀྱིས་སོ། །ཡུམ་ཆེན་མོ་ཞེས་པ། འཁོར་འདས་དབྱེར་མེད་བྱང་ཆུབ་སེམས་བདེ་བ་ཆེན་པོ་བསྙེན་པའི་སྐབས་སུ་བཤད་པའི་ངོ་བོ་ཉིད་ནི། ཐ་སྙད་ཀྱི་མཚན་ཉིད་ཐམས་ཅད་དང་བྲལ་ཏེ་མཐའ་ཐམས་ཅད་ཀྱིས་སྟོང་པས་ཀྱང་ཡུམ། མཚན་ཉིད་མེད་པ་ཉིད་མཚན་ཉིད་ཐམས་ཅད་པའི་ངོ་བོར་བཞུགས་པས་ཀྱང་ཡུམ། དེའི་དབང་གིས་མ་རྟོགས་འཁོར་བའི་ཆོས་སུ་སྣང་ལ། རྟོག་པ་མྱ་ངན་ལས་འདས་པའི་ཆོས་སུ་སྣང་སྟེ་འཁོར་འདུས་སུ་སྣང་བས་ཀྱང་ཡུམ། འཁོར་འདས་དང་སྣོད་བཅུད་དང་ཡོད་མེད་དང་གཉིས་སུ་སྣང་བ་ཐམས་ཅད་དེའི་ངང་ལས་གཉིས་སུ་མེད་པས་ནི། ཆེན་མོའི་ནམ་མཁའི་ཞེས་པ། སྟོང་ལ་གསལ་མཐའ་ཐམས་ཅད་དང་བྲལ། མཐའ་དབུས་མེད་རིས་སུ་མི་འཛིན་པས་ན་ནམ་མཁའ་ལ། དེ་ཉིད་དབྱིངས་ཞེས་པ། ཆོས་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུ་མེད་ལ་ཟད་མི་ཤེས་སྟོང་ལ་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པ་དང་། མ་ཞེས་པ་ཐམས་ཅད་དེས་བསྐྱེད་པའི་ངང་ལས་ནམ་མཁའ་ཉིད་ཅེས་པ། འབྱུང་བའི་ནམ་མཁའི་མཚན་ཉིད་ནི་སྟོང་གསལ་གོ་འབྱེད་པ་ཉིད་དུ་སྣང་ལ། ཡུམ་ཆེན་མོ་ཞེས་པ། འགོ་མའི་མགོ་འདྲེན་གོང་མའི་ཞབས་སྡུད་དེ། ཞབས་སྡུད་ན་ནམ་མཁའི་ཉིད་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཆོས་ཐམས་ཅད་སྐྱེ་ཞིང་སྣང་བར་བྱེད་པས་ན་ཡུམ་ཆེན་མོ། །མགོ་འདྲེན་ན་ནམ་མཁའི་ཉིད་མི་འགགས་པའི་ངང་ལས་ཡུམ་ཆེན་མོ་བཞིར་སྣང་སྟེ། གང་ཞེ་ན། ས་དང་ཆུ་དང་མེ་དང་རླུང་བཞིར་སྣང་ཞིང་ཅི་བྱེད་ན་བྱ་བ་བྱེད་དེ། སས་བརྟན་པའི་བྱ་བ་བྱེད། ཆུས་སྡུད། མེས་སྨིན། རླུང་གིས་གཡོ་ཞིང་བསྐྱོད་པའི་བྱ་བ་བྱེད་པའི་ཡུམ་ཞེས་པ། བྱ་བ་བཞི་པོ་བྱེད་པའི་ངང་ལས་ཆོས་ཐམས་ཅད་བསྐྱེད་པས་ན་ཡུམ། སྣང་བའི་ཆོས་ཐམས་ཅད་མི་ཕྱེད་པས་ན་ཡུམ་དེ་ཡང་ཡེ་ནས་ཡིན་ཞེས་པས། ཀུན་བརྟགས་ཀྱི་ངོ་ལ་འཁྲུལ་སྣང་ལས་ཀྱི་བྱ་བར་བརྟགས་ཀྱང་། ངོ་བོ་ཉིད་ལས་རང་བཞིན་གྱིས་བདེ་བར་གཤེགས་པའི་ཡུམ་ལྔའི་ངང་ཉིད་དེ་མ་འགགས་པའི་ངོས་ནས་འབྱུང་བ་ལྔའི་མཛད་པ་ལ་ཐོག་མ་དང་ཐ་མ་མེད། ངར་འཛིན་དང་རློམ་སེམས་མེད། སྐྱོ་བ་དང་དུབ་པ་མེད་ཅིང་སྔ་ཕྱི་རྒྱུན་ཆད་པ་མེད་པས་ངོ་བོ་ཉིད་ཀྱི་མཛད་པ་ཆེན་པོའོ། །དེ་ཡང་མ་འགགས་པར་སྣང་བ་ནི་སྐུ། རང་བཞིན་མེད་པ་ནི་གསུང་། དབྱེར་མེད་པ་ནི་ཐུགས་ཏེ། ཡུམ་གྱི་སྐུ་གསུང་ཐུགས་ཡེ་ནས་ཡིན་པར་རྟོགས་པའོ། །འཁྲུལ་བ་བདག་གིས་འབྱུང་བ་ལྔ་ནི་བེམ་པོ་ཡིན་ལ། སེམས་ཅན་གྱི་ལས་ཀྱི་སྣང་བ་སྟེ་འཁྲུལ་པའི་སྤྱོད་ཡུལ་ལོ་ཅེ་ན། རིག་པ་ཡུལ་ཅན་མེད་པའི་འབྱུང་བ་ཡུལ་ཡོད་པ་མེད་སྟེ་མ་རྟོགས་པའི་དུས་སུ་ཡང་ཐམས་ཅད་ཡིད་ཀྱི་ཤེས་པ་འབའ་ཞིག་ཏུ་འདུས་པ་ཡིད་མི་དམིགས་པའི་ཤེས་རབ། རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པའི་གཞལ་བྱ་ཐམས་ཅད་རང་བྱུང་ཡེ་ཤེས་སྤྲོ་བསྡུ་དང་བྲལ་བའི་ཚུལ་གྱིས་རང་སྣང་སྟེ། གཞལ་བྱ་གཞལ་བྱེད་མེད་པའི་དུས་སུ་ལྟ་བ་ཤེས་པ་རྟོགས་པའི་མགོ་ཟུག་པའོ། །དེས་ན་དངོས་པོ་གཅིག་ལ་མཐོང་སྣང་ཐ་དད་སྟེ་འཕྲུལ་ཆོས་བེམ་པོར་སྣང་བས་དང་། ཡེ་ཤེས་ཡུལ་བྲལ་གྱི་སྣང་བ་གཉིས་དངོས་པོའི་ཆོས་གཅིག་ལ་སྐད་ཅིག་མ་གཅིག་ལ་མཚུང་པར་ལྡན་ནོ། །དེས་ན་ཡུལ་ལྔའི་དཀྱིས་འཁོར་དུ་ལྷུན་གྱིས་གྲུབ་པ་ནི་སྒྲུབ་པ་ཆེན་པོ་ལ་ཁ་ཐག་ཉེ་བས་སྒྲུབ་པ་ཞེས་བྱའོ། །སྒྲུབ་པ་ཆེན་པོ་ནི། འབྲས་བུའི་ངོ་བོ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས། སྣོད་བཅུད་ཀྱི་ཆོས་རྟོག་ཚོགས་བཞི་བཅུ་རྩ་གཉིས་རྣམས་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་སྐུ་གསུང་ཐུགས་ཀྱི་འཁོར་ལོར་སངས་རྒྱས་པ་འབྲས་བུའི་ངོ་བོ་བས་ཆེན་པོ་ཞེས་བྱ་སྟེ། དེ་ཡང་རྒྱུད་ལས། བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། དབང་པོ་ཡུལ་དུས་རིག་པ་རྣམས། ཞེས་བཤད་པའི་ཉེ་བསྙེན་དང་། སྒྲུབ་པ་གཉིས་ཡབ་ཡུམ་དུ་འབྱོར་བའི་རྩལ་ལས་། བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས་ཞེས་བྱ་སྟེ། དབང་པོ་ཡུལ་དུས་རིག་པ་རྣམས། ཞེས་པས། ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོའི་དཀྱིལ་འཁོར་ཉིད་དེ་མངོན་དུ་གྱུར་པས་དེ་བཤད་པ་ནི། ཐབས་དང་ཤེས་རབ་འབྲེལ་བ་སྟེ། ཞེས་པ། ཕུང་པོ་ལྔ་ཐབས་ཀྱི་ངོ་བོ་དང་། འབྱུང་བ་ལྔ་ཤེས་རབ་ཀྱི་ངོ་བོ་དང་། ཡང་རགས་པར་སྣང་བ་ཐབས་དང་། རང་བཞིན་མེད་པ་ཤེས་རབ་གཉིས། གང་ལྟར་ན་འང་དུང་དང་དཀར་བའམ། ཆུ་དང་གཤེར་བ་བཞིན་མགོ་མཉམ་དུ་གྲུབ་ལ་འབྲེལ་པོ་ནི་དེ་དག་དང་དུས་མཚུངས་པར་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་སྟེ། ཕྱི་ནང་གི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་མངོན་དུ་གྱུར་པ་ནི་སྒྲུབ་པ་ཆེན་པོ་འབྲས་བུའི་ངོ་བོ་སྟེ་མདོའོ། །རྒྱས་པ་ལ་དང་པོར་ཀུན་གྱི་གཞི་ཡུམ་བསྟན་པ་ནི། དེ་ཡང་ཞེས་པ་བསྟན་པའི་སྒྲུབ་པ་ཆེན་པོ་དེ་ཡང་ཆོས་དབྱིངས་ཀྱི་ཡུམ་ཆེན་མོ་སྟོང་ལ་ཐམས་ཅད་འབྱུང་བའི་ངང་ལས་ལྔ་ཡི་ཞེས་པ། ནམ་མཁའ་ལ་སོགས་པའི་འབྱུང་བ་ལྔ་སྒྲུབ་པར་བཤད་པ་བཞིན་གྱི་དོན་ཐབས་དང་ཤེས་རབ་ལས་ཤེས་རབ་དང་། ཡང་འབྱུང་བ་ཆེན་པོ་ལྔ་མ་འགགས་བར་སྣང་ཡང་། སྤྱི་ཡུམ་ཆོས་དབྱིངས་ཀྱི་ངང་ལས་མ་གཡོས་ཤིང་དེ་ལས་བྱ་བ་བྱེད་པ་དང་བཅས་པའི་ཡུམ་ཆེན་མོ་ལྔ། རང་བཞིན་མེད་པ་རྣམ་པར་དག་པའི་ཤེས་རབ་དང་ཞེས་ཏེ། ཐབས་ཤེས་རབ་གཉིས་ལས་ཤེས་རབ་བསྟན་ཏོ། །དེ་ཉིད་རྣམ་ཐར་སྒོ་གསུམ་ལས་སྟོང་པ་ཉིད་དུ་བསྟན་པ་ནི། ཡུམ་གྱི་མཁའ་སྟོང་པ་ཉིད་ལས། ཞེས་པ། སྤྱི་ཡུམ་ཆོས་ཀྱི་དབྱིངས་གསལ་ཞིང་གོ་འབྱེད་པས་མཁའ་དང་དེ་ཉིད་དངོས་པོའི་ཆོས་མ་གྲུབ་པས་སྟོངས། དེའི་ངང་ལས་སྣང་བའི་ཡུམ་ནམ་མཁའ་དབྱིངས་ཕྱུག་མ་འབྱུང་བ་བཞི་གསལ་ཞིང་གོ་འབྱེད་པས་མཁའ། དངོས་པོའི་ཆོས་ཀྱི་སྟོང་པས་སྟོང་པ་ཉིད། དེ་ལས་སྣང་བའི་འབྱུང་བ་བཞི་སྣོད་བཅུད་ཀྱི་ཆོས་ཐམས་ཅད་བསྐྱེད་པས་ཡུམ། ཕུང་པོ་ལ་སོགས་པ་གསལ་ཞིང་གོ་འབྱེད་པས་མཁའ། དེ་ཉིད་མ་འདྲེས་ཡོངས་རྫོགས་ཀྱི་ངང་ལས་སྣང་སྟོང་གི་ལྟོས་པའི་ཆོས་ཀྱི་དངོས་པོས་དབེན་པས། རྣམ་ཐར་སྟོང་པ་ཉིད་ཀྱི་ངང་ལས། ཡབ་དང་སྨོན་པ་མེད་པ་མཚོན་པ་ནི་ཕུང་པོ་ལྔའི་ཞེས་པ་ལ་སོགས་པ་སྟེ། འབྱུང་བ་ལས་སྣོད་བའི་གཟུགས་ཀྱི་ཕུང་པོ་ལ་སོགས་བ་ལྔ་མ་འདྲེས་ཡོངས་རྫོགས་ཀྱི་མཐར་གཉིས་ཀྱི་ན་དག་པས་སངས། ལྷུན་གྲུབ་ཀྱི་ཡེ་ཤེས་ཀྱིས་མཐའ་དབུས་མེད་པར་རྒྱས་པ་ཉིད་རྒྱུད་ཀྱི་ལུང་གིས་བཤད་པ་ཡིན་པས། དེ་ཉིད་ནི་ཐབས་ཤེས་རབ་གཉིས་ལས། ཐབས་ཏེ་འབྱུང་བ་ལྔ་ཉིད་མ་འགགས་པར་སྣང་བའི་སྒོ་ནས་སོ། །ཡབ་ཡུམ་གཉིས་ལས་ཡབ་སྟེ། འབྱུང་བ་དང་དབྱེར་མེད་པ་སྟེ་འབྱུང་བ་ལས་སྤྱོད་པར་བྱ་བའི་ངོ་བོ་ཉིད་དུ་བཞུགས་པ་དང་། འབྱུང་བ་ཉིད་དེའི་རང་བཞིན་ཡིན་པས་མི་ཕྱེད་པའི་དོན་གྱིས་སོ། །སྨོན་པ་མེད་པར་ཞེས་པ་དེ་ལྟར་ཕུང་པོ་དང་འབྱུང་བ་དབྱེར་མེད་ཀྱང་དུས་མཚུངས་པར་གྲུབ་པས་ཡུལ་དང་ཡུལ་ཅན་མེད་པས་སྨོན་པ་མེད་པ་དང་། འབྱུང་བ་དང་ཕུང་པོ་དབྱེར་མེད་པ་ཉིད་མ་འགགས་མ་བྱུང་དབྱེར་མེད་པ་ཉིད་བྱང་ཆུབ་སེམས་སུ་དབྱེར་མེད་པ་ལ་བདག་ཉིད་ཆེན་པོའི་དོན་གྱི་ཡུལ་ཆོས་མ་གྲུབ་པས་སྨོན་པ་མེད་པ་སྟེ། དེས་ནི་ཐམས་ཅད་བདག་ཉིད་ལ་ལྷུན་གྱིས་གྲུབ་པས་འབྲས་བུ་ལོངས་སུ་མི་རེ་བས་སྨོན་པ་མེད་པར་བསྟན་ཏོ། །དོན་དེ་ཡང་ལམ་བློས་བྱས་པ་མ་ཡིན་ཏེ། ཡེ་འམ་ཐོག་མ་ནས་ཕུང་པོ་དང་འབྱུང་བ་ཐབས་ཤེས་རབ་ཡབ་དང་ཡུམ་མ་འདྲེས་ཡོངས་རྫོགས་སུ་ཟུང་དུ་འབྲེལ་པར་ཡེ་བཞུགས་ཆེན་པོ་ཡིན་ལ། ལས་ཞེས་པ། འདིར་གཞི་དང་གཞི་ཅན་སྨོས་ཀྱང་བརྗོད་པའི་ངོས་ནས་ཡིན་གྱི། ངོ་བོ་ལ་ནི་སྐད་ཅིག་མ་སྔ་ཕྱི་དང་བྲལ་བས་དུས་མཚུངས་ཏེ་འགྲོ་འོང་དང་བྲལ་བས་ཆུ་ཟླ་བཞིན་ནོ། །དེས་ན་སྒྲུབ་པ་ཆེན་པོའི་གཞི་སྟོང་པ་ཉིད་སྨོས་པ་མེད་པ་དང་གཉིས་བསྟན་ནས། སྒྲུབ་པ་ཆེན་པོ་རང་གི་ངོ་བོ་མཚན་མ་མེད་པའི་དོན་མཐར་ཕྱིན་པ་བསྟན་ཏེ། དེ་ཡང་སྒྲུབ་པ་ཆེན་པོའི་དོན་གྱི་ངོ་བོ་ནི། བྱང་ཆུབ་ཀྱི་སེམས་སྤྲུལ་པ་ལྕམ་དྲལ། ཞེས་པ་ལ་སོགས་ཏེ། འདིར་ཡང་མ་ཧཱ་བས་ཐབས་ཤེས་རབ་བསྲུབ་པའི་ཀུན་རྫོབ་བྱང་ཆུབ་སེམས་ལས་སྲས་ལྕམ་དྲལ་འཕྲོ་བ་དང་འདྲ་བར། འདིར་བྱང་ཆུབ་སེམས་ནི་བཤད་པ་ལྟར་ཕུང་པོ་དང་འབྱུང་བ་དབྱེར་མེད་པ་ཉིད་རིག་པ་བྱང་ཆུབ་སེམས་ལས་མ་གཡོས་བཞིན་མ་འདྲེས་ཡོངས་རྫོགས་ཀྱི་དོན་ལ་ཕྱོགས་འཛིན་མི་མངའ་བས་བྱང་། མ་འདྲེས་པའི་ཆོས་ཐམས་ཅད་དེ་ཉིད་དུ་ལྷུན་གྱིས་གྲུབ་པས་ཆུབ། དེ་དབྱེར་མེད་པ་རིག་པ་རང་བྱུང་གི་ཡེ་ཤེས་བྱང་ཆུབ་སེམས་བདལ་བ་ཆེན་པོ་ཞེས་བྱ་སྟེ། ཕུང་པོ་དང་འབྱུང་བ་དབྱེར་མེད་པ་ཉིད་མ་འགགས་མ་དམིགས་དབྱེར་མེད་ཕྱོགས་ཞེན་གྱི་མཚན་མ་ཕྲ་བའི་ཕྲ་བའང་མི་མངའ་བ་ལ་བརྗོད་དོ། །དེས་ན་རྒྱུད་ཀྱི་ཚིག་གི་བཤད་པ་ཉིད་ཀྱང་དེའོ། །སྤྲུལ་པ་ཞེས་པ། མེད་བཞིན་དུ་མི་འགགས་པར་འཆར་ཞིང་དེ་ཉིད་གང་དུའང་མ་གྲུབ་པ་མེད་པ་སྟེ། ཕུང་པོ་དང་འབྱུང་བ་བྱང་ཆུབ་སེམས་སུ་དབྱེར་མེད་པའི་རྩལ་ལས་སྣང་བའི་རྣམ་ཤེས་བཞི་དང་། དབང་པོ་བཞི་དང་། ཡུལ་བཞི་དང་། དུས་བཞི་དང་། དུས་ཀྱི་ཆོས་བཞི་དང་། རྟག་ཆད་མཐའ་བཞི་སྟེ། སྣང་ལ་མ་གྲུབ་ཆོས་ཀྱི་དབྱིངས་སུ་ལྷུན་གྱིས་གྲུབ་པ་སྤྲུལ་པ་ལྟ་བུའོ། །ལྕམ་དྲལ་ནི་དེ་ཉིད་ལ་སྣང་བ་དང་། སླར་དགོས་པ་སྐོར་བ་སྟེ། དེ་ཡང་དང་པོ་དགོས་པ་སྐོང་བ་བཤད་ན། སྤྲུལ་པའི་ཚོགས་རྣམ་ཤེས་བཞི་ནི་ཡབ། ཡུལ་བཞི་ནི་ཡུམ་ལ་སོགས་པ་བཤད་པ་བཞིན་ནོ། །དེའི་ངོས་ནས་མི་ཕྱེད་པ་དང་། དགོས་པ་སྐོང་བ་དང་། མཉེས་པ་ཕུལ་བའི་དོན་གྱིས་ཡབ་ཡུམ་ཞེས་ཀྱང་བྱ། འདིར་ཕུང་པོ་འབྱུང་བ་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པའི་ངང་ལས་སྣང་སྟེ། ཆུའི་ཁ་དོག་ཐམས་ཅད་ཆུ་ལས་མ་གཡོས་པ་དང་མཚུངས། ལས་ཀྱི་སྒོ་ནས་ཡབ་ཡུམ་དུ་སྣང་ཡང་བྱང་ཆུབ་སེམས་སུ་ལྷུན་གྲུབ་ཀྱི་ངང་ལ་གཅིག་ཆར་དུ་ཤར་བས་ལྕམ་དྲལ་ཞེས་སྨོས་སོ། །གྱུར་པ་ནི། ཐབས་ཤེས་རབ་དབྱེར་མེད་པའི་ངོ་བོའོ། །རང་བཞིན་ཞེས་པ་ནི། མ་ཧཱ་ཡོ་ག་བ་ལྟར་དངོས་པོར་འཛིན་བཅས་ཀྱི་སྦྱོར་བ་ལྟ་བུ་མ་ཡིན་ཏེ། ནམ་མཁའ་ལྟར་ཡེ་ནས་དེའི་རང་བཞིན་པས། རྒྱུད་ལས། ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། བདག་ཉིད་ཆེན་པོའི་ལྷག་པ་ཡི་ཐུགས་ཀྱི་ཡེ་ཤེས་ལྔ་ལྟ་ཞིང་། ཞེས་པ། བཤད་མ་ཐག་པའི་དོན་ནི། ཀུན་ཏུ་བཟང་པོའི་དཀྱིལ་ཞེས་བྱ་སྟེ། མ་འགགས་པ་དང་མ་དམིགས་པ་དང་དབྱེར་མེད་པ་གསུམ། སྐུ་གསུང་ཐུགས་ཀུན་ཏུ་བཟང་པོའི་ངོ་བོར་ལྷུན་གྱིས་གྲུབ་སྟེ། ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་དེས་ཁྱབ་པས་དཀྱིལ་འཁོར་ལ། བདག་ཉིད་ཆེན་པོ་ནི་ཐམས་ཅད་དེ་ཉིད་ལ་དུ་མ་དང་ཆ་ཤས་མེད་པའོ། །ལྷག་པ་ཞེས་པ། དེ་ཉིད་མཚོན་པའི་ངོས་ནས་ཡེ་ཤེས་ལྔར་ཡང་ལྷུན་གྱིས་གྲུབ་སྟེ། སྐུ་གསུང་ཐུགས་དབྱེར་མེད་པའི་དོན་ཉིད་མཚན་མའི་འཛིན་པ་ཐམས་ཅད་དང་བྲལ་བ་ཆོས་དབྱིངས་ཡེ་ཤེས། གསལ་ལ་འགགས་པ་མེད་པ་མེ་ལོང་ཡེ་ཤེས། ཕུང་ཁམས་སྐྱེ་མཆེད་ཅིར་ཡང་སྣང་བ་སོ་སོར་རྟོག་པའི་ཡེ་ཤེས། ཆོས་དབྱིངས་ཡེ་ཤེས་ལས་མ་གཡོས་པ་མཉམ་ཉིད་ཡེ་ཤེས། མི་འགགས་པའི་མཛད་པ་ཐམས་ཅད་ཀྱིས་བྱ་བ་བྱེད་པ་དང་ངོ་བོ་ཆོས་དབྱིངས་ལས་མ་གཡོས་པ་བྱ་གྲུབ་ཡེ་ཤེས། དེ་ལྟ་བུ་དེ་ཡང་ལམ་གྱིས་བཅོས་པ་མ་ཡིན་ཡེ་ནས་དངོས་པོའི་མཐའ་ལ་མི་གནས་པས་སངས། རིག་པ་ཕྱོགས་ལྷུང་དང་བྲལ་བའི་དོན་ལྷུན་གྱིས་གྲུབ་པས་རྒྱས་པའི་དོན་ལ་མཐོང་བ་མེད་པའི་ཚུལ་གྱིས་རྟོགས་པའོ། །དོན་དེ་ལྟ་བུ་ལམ་པའི་བློ་ལ་མྱོང་ཚུལ་ནི། སྒྱུ་མ་ལས་སྒྱུ་མ་རོལ་ཅིང་ཞེས། རྒྱུད་ལས། སྙིང་པོའི་ཐིག་ལེ་མཉམ་སྦྱོར་བས། །ཞེས་པས། སྙིང་པོ་དང་ཐིག་ལེ་གཉིས་ཕུང་པོ་དང་འབྱུང་བའམ། རྣམ་ཤེས་དང་ཡུལ་ལམ། དབང་པོ་དང་དུས་གསུམ། ཐབས་དང་ཤེས་རབ་སྟེ། དེ་དག་ཅི་ལྟར་སྣང་ཡང་མ་འགགས་མ་དམིགས་དབྱེར་མེད་པས་བྱང་ཅུབ་སེམས་སུ་ལྷུན་གྱིས་གྲུབ་པར་སྟོན་ཏེ། སྒྱུ་མ་ལ་ཞེས་པ། སྣང་ཡང་ངོ་བོ་མ་གྲུབ་པས་ཞེན་པ་མེད་པ་བཞིན། ཐ་སྙད་ཀྱི་དབང་དུ་བཤད་པའི་ཡུལ་གྱི་ཆོས་རྣམས་ཆོས་ཀྱི་དབྱིངས་མི་འགག་པའི་རྩལ་ལས་སྣང་། སོ་སོའི་བྱ་བ་བྱེད་འདོད་ནའང་ངོ་བོ་ལ་གྲུབ་པ་མ་མཆིས་ཏེ་ཆོས་ཀྱི་དབྱིངས་སུ་ལྷུན་གྱིས་གྲུབ་པས་ཡུལ་ལམ། ཆོས་ཉིད་སྒྱུ་མ་ལྟ་བུ་ལ་དབང་པོ་འམ་ཡེ་ཤེས་སྒྱུ་མ་ལྟ་བུར་རོལ་ཅིང་མ་འགགས་མ་དམིགས་དབྱེར་མེད་པའི་གནས་སྐབས་ན། བདེ་མཆོག་སྒྱུ་མའི་རྒྱུན། ཞེས་པ། ལམ་པའི་དགོངས་པ་ཉམས་སུ་མྱོང་བའི་ངོ་བོ་སྟེ། རྒྱུད་ལས། བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཆོད་པ་འབུལ། ཞེས་པ་མ་འགགས་མ་དམིགས་དབྱེར་མེད་པ་ཕྱོགས་ཞེན་ཐམས་ཅད་དང་བྲལ་བའི་བདེ་བའི་ཡེ་ཤེས་ཅིར་ཡང་འཆར་བ་རོལ་མོ་ལྟ་བུའི་དགོངས་པ་ཉམས་སུ་མྱོང་བ་ནི། གཉིས་འཛིན་གྱི་ཞན་པ་རྡུལ་ཕྲ་རབ་ཙམ་ཡང་མི་མངའ་བས་ཡེ་ཤེས་དགྱེས་པ་ཞེས་བྱ་སྟེ། དེ་ཉིད་བུལ་བ་མེད་པར་མཉེས་པའི་མཆོག་ཡིན་པ་ལ་ནི་བདེ་མཆོག་ཅེས་ཏེ། མ་འགགས་པ་ནི་མ་འདྲེས་པའི་བདེ་བ་ལ། མ་དམིགས་པ་ནི་ཡོངས་སུ་རྫོགས་པའི་བདེ་བ། དེ་ནི་ལོངས་སྤྱོད་གཉིས་ཏེ་མ་བཀག་པས་བདེ་ཞེས་བྱ་ལ། དེ་ཉིད་རང་རིག་བྱང་ཆུབ་སེམས་སུ་གཅིག་ཅིང་འཛིན་པ་ཐམས་ཅད་དང་བྲལ་བས་མཆོག་གོ། །སྒྱུ་མའི་རྒྱུན་ཞེས་པ། འཁྲུལ་བ་ལོག་རྟོག་སྒྱུ་མའི་ཆོས་ཐམས་ཅད་མ་བསྒྱུར་མ་བཅོས་བར་སྣང་སྟོང་དབྱེར་མེད་པ་ཡེ་ཤེས་སྒྱུ་མའི་རྒྱུན་ལ་ལྷུན་གྱིས་གྲུབ་སྟེ། སྐད་ཅིག་མ་གཅིག་དང་ངོ་བོ་ཉིད་ཀྱི་རྒྱུན་ནམ་མཁའ་ལྟ་བུའོ། །བདེ་བའི་དུས་ཉིད་ན་ཞེས་པ། རྒྱུད་ལས། ཟག་པ་མེད་པའི་བསོད་ནམས་ཀྱིས། ཞེས་སྨོས་པས། ཟག་པའི་རྒྱུད་གཟུང་འཛིན་རང་བྱུང་གི་ཡེ་ཤེས་སུ་དག་པས་དེ་མ་འགགས་པར་སྣང་བས། ངོ་བོ་ཉིད་ཀྱི་རྒྱུན་ཡང་མ་འགགས་པ་ནི་བསོད་ནམས་ཀྱི་ཚོགས། མི་འཛིན་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ། བདེ་བའི་ཞེས་པ། ཚོགས་གཉིས་ཀྱིས་འཁོར་འདས་ཀྱི་བདེ་བ་གཉིས་དབྱེར་མེད་པར་བདག་ཉིད་ཆེན་པོའི་ངང་ལ་གཅིག་ཏུ་ལྷུན་གྱིས་གྲུབ་པའི་གདིང་ལས་མི་འདའ་བའི་དུས་དེ་ཉིད་ཀྱི་གནས་སྐབས་ན། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་སྟེ། སྒྱུ་མ་ལ་སྒྱུ་མ་རོལ་ཅིང་བདེ་མཆོག་སྒྱུ་མའི་རྒྱུན་ལ་གནས་པའི་ཚེ་སྐབས་ན། ཆོས་ཀྱི་དབྱིངས་ལས་མ་གཡོས་པར་དངོས་པོའི་མཚན་མས་མ་གོས་མི་འགགས་པས་སྟོང་པའི་མཚན་མས་མ་གོས་ལ། དེ་དབྱེར་མེད་པས་མཚན་མ་ཐམས་ཅད་དང་བྲལ་བའོ། །དེ་ཉིད་ནི། རྒྱུད་ལས་ཀྱང་། ཡེ་ཤེས་སྒྱུ་མར་རང་སྣང་བ། །རོལ་མོའི་དཀྱིལ་འཁོར་བསམ་ཡས་མཆོག །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཞེས་པ་སྟེ། རང་བྱུང་གི་ཡེ་ཤེས་སྣང་བཞིན་མ་གྲུབ་པར་རང་སྣང་བ་ནི། རོལ་མོ་དང་འདྲ་སྟེ། རྟོག་ཚོགས་མཐའ་ཡས་ལ། དེ་ཉིད་དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ་ཅིང་དེ་ལ་དེར་འཛིན་དང་བྲལ་བའི་ཕྱིར། མཆོག་ཅེས་སྨོས་ལ། ངོ་བོ་ནི། སེམས་ཉིད་གསང་བའི་ངོ་བོ་སྤྲོས་པ་དང་བྲལ་བའི་ཐིག་ལེ་མི་འགགས་པའི་རྩལ་དང་ལྡན་པས་དབྱིངས་ཏེ། དེ་ནི་ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་དངོས་གཞིར་བརྗོད་པས། འདིར་མཚན་མ་མེད་པའི་དོན་མཐར་ཕྱིན་པའི་ངང་ལ་མི་དམིགས་ཞེས་སྨོས་པས། བཤད་པའི་སྣང་སྟོང་གི་མཐའ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ལ། རྟོགས་པའི་དོན་གྱི་ཡུལ་ཡུལ་ཅན། སྣང་བ་སྟོང་པ་གཉིས་ཅན་གྱི་དངོས་པོ་གང་ཡང་མ་གྲུབ་པའི་དབང་གིས་དམིགས་པ་ཐམས་ཅད་དང་བྲལ་བ་ལ་མི་དམིགས་པ་ཞེས་བྱའོ། །ཆེད་དུ་མི་དམིགས་པ་ལ་ནི་འདིར་མི་བརྗོད་དོ། །ནམ་མཁའ་ནི་དངོས་གཞི་དང་བྲལ་ཡང་གསལ་ཞིང་གོས་བྱེད་ལ། དུས་གསུམ་དུ་མི་འགྱུར་ཡང་ངར་འཛིན་རྩ་བ་ནས་ཟད་དོ། །དཔེ་དེ་ལྟར་རྟོགས་པ་མཐར་ཕྱིན་པའི་རིག་པ་ཕྱོགས་ཞེན་དང་བྲལ་བ་ཉིད་གསལ་བ་ནི་མཐས་མ་སྒྲིབ་པའོ། །གོ་འབྱེད་པ་ནི་ཅིར་ཡང་སྣང་བའོ། །ཕྱོགས་ཞེན་བྲལ་བ་ཉིད་ཀྱི་ངང་དུས་གསུམ་དུ་མི་འགྱུར་ཞིང་དེར་འཛིན་བྲལ་བ་ལ་ནི་སྙོམས་པ་ཞེས་བྱ་སྟེ། དེ་ཡང་ཡུལ་གཅིག་ལ་ཡུལ་ཅན་གཅིག་གིས་དམིགས་ནས་སྙོམས་པ་ལྟ་བུ་ལ་ནི་མི་བྱ་སྟེ། རྟོགས་པ་མཐར་ཕྱིན་ལམ་བསྐྱེད་དུ་བྱ་རྒྱུ་མེད་རྫོགས་པ་ཆེན་པོའི་དོན་མངོན་དུ་གྱུར་ནས་ལྷུན་གྲུབ་ཀྱི་རིག་པ་སྤྲོས་པའི་མཐའ་དབུས་དང་ཕྱོགས་ཀྱི་མཐའ་དབུས་རྣམས་དག་སྟེ། ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་ལྷུན་གྲུབ་ཏུ་གྱུར་ནས་དེང་འཛིན་དང་བྲལ་ཏེ། ས་བཅུ་པའི་ཤེས་བྱའི་སྒྲིབ་པ་ཕྲ་བའི་ཕྲ་བ་ལྟར་ཞེ་འདོད་ཕྲ་བའང་མི་གནས་པ་ལ་ནི་དོན་དམ་པར་ངོ་བོ་ཉིད་ཀྱིས་བཏང་སྙོམས་ཆེན་པོའོ། །དེས་ན་དཀྱུས་ཀྱི་སྒྱུ་མ་ནས་གཟུང་སྟེ། འདིའི་བར་ནི་སྒོམ་པའི་ཏིང་ངེ་འཛིན་དབང་པོ་རྣོ་བརྟུལ་དང་བརྩོན་འགྲུས་དྲག་ན་སྐྱེད་དུ་བྱ་བ་མྱུར་བྲལ་གྱི་བྱེ་བྲག་སྟེ། དེ་རྣམས་སྒྲུབ་པ་ཆེན་པོའི་དངོས་གྲུབ་ལེན་པའི་ཐབས་ལྟ་བུ་ཡིན་ལ། སྙོམས་པ་ནི་དངོས་གྲུབ་མངོན་དུ་བྱས་པ་ལྟ་བུ་ཁོ་ནའོ། །དེས་ན་སྒྲུབ་པ་ཆེན་པོ་འབྲས་བུ་མངོན་དུ་བྱས་བའི་དོན་ནི། རྒྱུད་ལས། ཕྱོགས་བཅུ་དུས་བཞི་རྫོགས་པ་ནི། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་བདག་ཉིད་ཞལ་མཐོང་བ། །དབང་བསྒྱུར་མཆོག་ཉིད་དམ་པ་ཡིན། །དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །ཞེས་པ། ངོ་བོ་ཉིད་ཀྱི་སྙོམས་པ་ཆེན་པོ་ལ། ཀློང་དུ་གྱུར་ནས། ཞེས་པ། ཆུ་ཀླུ་ཆེན་པོ་འབྲུབ་པའི་དུས་སུ་ཆུའི་འགལ་རྐྱེན་ཐམས་ཅད་ཆུའི་དཔུང་དུ་གྱུར་ལ་གཞན་གང་གིས་ཀྱང་བར་བཅད་དུ་མེད་པ་བཞིན། འདིར་རང་བྱུང་གི་ཡེ་ཤེས་ཕྱོགས་ལྟུང་དང་བྲལ་བ་ཞེར་འཛིན་མེད་པ་སྟོབས་སུ་ཞུགས་པའི་ཚེ། གཟུང་འཛིན་ཞེན་པའི་ཆོས་ཉིད་བྱང་ཆུབ་སེམས་སུ་རྟོགས་པ་ཐམས་ཅད་རྫོགས་པ་ཆེན་པོའི་ངང་ལས་མ་གཏོགས་པ་གང་ཡང་མི་རྙེད་སྟེ་གསེར་གླིང་གི་དཔེ་ལྟ་བུའོ། །ལྷུན་གྱིས་གྲུབ་སྟེ་ཁམས་གསུམ་གྱི་ཆོས་ཐམས་ཅད་རང་སྣང་གི་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་གསུམ་དུ་ལྷུན་གྱིས་གྲུབ་སྟེ་བདག་ཞལ་བདག་གིས་མཐོང་བ་ལ་ཡུལ་དང་ཡུལ་ཅན་མེད་པའི་དབང་གིས་རང་སྣང་དུ་གསལ་ལོ། །དེའང་ཕྱོགས་བཅུ་དང་དུས་བཞིའི་ཆོས་ཐམས་ཅད་དབང་པོའི་མངོན་སུམ་ཉིད་རང་རིག་པའི་མངོན་སུམ་དུ་ལྷུན་གྱིས་གྲུབ་ནས། མ་འདྲེས་ཡོངས་རྫོགས་ཀྱིས་ཚོགས་གཉིས་གཅིག་ཆར་རྫོགས་པ་མ་འགགས་པ་སྐུ། རང་བཞིན་མེད་པ་གསུང་། དབྱེར་མེད་པ་ཐུགས། རྟོགས་པ་མེད་པར་སྣང་བ་ཡོན་ཏན། བྱ་བ་བྱེད་པའི་ཆ་ཐམས་ཅད་ཕྲིན་ལས་ཏེ། ཆོས་ཐམས་ཅད་རང་སྣང་གི་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་ལྷུན་གྱིས་གྲུབ་པ་ནི་བདག་ཞལ་བདག་གིས་མཐོང་བའོ། །འཁོར་འདས་དབྱེར་མེད་རིག་པ་ལ་རང་དབང་བསྒྱུར་བ་ཉིད་ཕྱོགས་ཞེན་ཐམས་ཅད་དང་བྲལ་བས་མཆོག་ཉིད་དམ་པ་ཡིན་ཏེ། བསྙེན་པ་ཡེ་ནས་གནས་པའི་དཀྱིལ་འཁོར་ལ། ཉེ་བསྙེན་དང་སྒྲུབ་པ་ཉམས་སུ་བླང་བའི་དཀྱིལ་འཁོར་ཉིད་ཀྱིས་སྒྲུབ་པ་ཆེན་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཕྱི་ནང་གི་ཆོས་ཐམས་ཅད་རྟོགས་པ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་རྫོགས་པས་ལྷུན་གྱིས་གྲུབ་ཅེས་བྱ་སྟེ། རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས་ཞེས་པ། ཕྱོགས་བཅུ་དུས་བཞིའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་རྟོགས་པ་ལྷུན་གྱིས་གྲུབ་པས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པར་རང་སྣང་སྟེ། གཟུང་འཛིན་འཁོར་བའི་ཆོས་རྡུལ་ཕྲ་རབ་ཙམ་ཡང་མི་སྣང་བ་ནི་ནམ་མཁའི་དབྱིངས་བཞིན་ནོ། །འོ་ན་འབྲས་བུ་ལྷུན་གྱིས་གྲུབ་པའི་དུས་སུ་འོག་མ་རྣམས་ལ་ནི་བདུད་བཞི་བཏུལ་བ་ཡིན་ན། དེ་ཚང་ངམ་མི་ཚང་ཞེ་ན། ཚང་པར་བསྟན་པས་བདུད་བཞི་ཡང་བཏུལ། ཞེས་ཏེ། དེ་ཡང་བདུད་བཞི་སྟེ། ཕུང་པོ་དང་ཉོན་མོངས་པའི་བདུད་དང་། འཆི་བདག་དང་ལྷའི་བུའི་བདུད་ལས། ཉེ་བའི་བསྙེན་པའི་སྐབས་སུ་བདག་ཉིད་ལྟར་ཤེས་པ་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་རྟོགས་པ་ཉིད་མཐར་ཕྱིན་པས་ཕུང་པོའི་བདུད་བཅོམ། སྒྱུ་མ་ལ་སྒྱུ་མ་རོལ། ཞེས་པ་ལ་སོགས་པས་ཐམས་ཅད་བདག་ཉིད་ཆེན་པོའི་ངང་དུ་ལྷུན་གྱིས་གྲུབ་ཏེ་ཡུལ་ཡུལ་ཅན་མེད་དེ་གཟུང་འཛིན་ཀ་ནས་དག་པས་ཉོན་མོངས་པའི་བདུད་བཅོམ། སྒྱུ་མའི་རྒྱུད་ལ་བདེ་བའི་དུས་ཉིད་ན། ཞེས་པ། རིག་པའི་ཡེ་ཤེས་སྐད་ཅིག་མའི་རྒྱུན་ལས་གྲོལ་ཏེ་ངོ་བོ་ཉིད་ཀྱི་རྒྱུན་ལ་སྐྱེ་འགགས་མ་དམིགས་པས་འཆི་བདག་གི་བདུད་བཅོམ། ཡབ་ཡུམ་ཐབས་ཤེས་རབ་ཡེ་ནས་ཟུང་དུ་འབྲེལ། ཞེས་པས། གཉིས་ཅན་གྱི་ཆོས་མ་དམིགས་ཏེ་ཡུལ་ཡུལ་ཅན་དང་བྲལ་བས། གཉེན་པོ་མེད་པས་ལྷའི་བུའི་བདུད་བཅོམ་མོ། །དེས་ན་རྟོགས་པའི་དུས་ནས་ཀྱང་བདུད་བཅོམ་པའི་མགོ་ཟུག འབྲས་བུ་མཐར་ཕྱིན་པ་དང་བདུད་བཅོམ་པ་དུས་གཅིག་པས། མཐའ་ཕྱིན་པའི་དོན་གྲུབ་བོ། །ཞེས་པས། ལམ་གྱི་བྱ་བ་ཟད་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་གྱུར། རང་སྣང་ཀུན་ཏུ་བཟང་པོ་ལྷུན་གྱིས་གྲུབ་པ་ནི་དོན་ཞེས་བྱ་སྟེ། བསྒྲུབ་བྱའི་ངོ་བོ་སྒྲུབ་པ་ཆེན་པོ་མངོན་དུ་སྣང་བའོ། །འོ་ན་བཤད་པའི་དོན་གྱིས་འཁྲུལ་པ་རྡུལ་ཕྲ་རབ་ཙམ་ཡང་མ་དམིགས་པ་ཐམས་ཅད་དཀྱིལ་འཁོར་འབའ་ཞིག་ཏུ་ལྷུན་གྱིས་གྲུབ་པས་ཐུགས་རྗེ་འགགས་པར་དོགས་པ་ལ། མ་འགགས་པར་བསྟན་པ་ནི། གཏན་ཚིགས་གཉིས་ཏེ། བདུད་བཏུལ་བས། ཞེས་པའི་གཏན་ཚིགས་ཀྱིས། ཤིན་ཏུ་རྣལ་འབྱོར་གྱི་སྐབས་འདིར། བདུད་གཅིག་བཏུལ་བས་ཐམས་ཅད་ཐུལ་ཏེ་གཞན་དོན་གྱི་མཛད་པ་མི་འགགས་པ་དེའི་རྩལ་ཡིན་པ་དང་། ཡང་དོན་གྲུབ་ཅེས་པས། རང་དོན་གཞན་དོན་དུས་གཅིག་ལ་གྲུབ་སྟེ། རང་དོན་གྲུབ་ཤས་ཆེ་ཆུང་གིས་གཞན་གྱི་སྣང་བ་ཡང་། དེ་བཞིན་ཤར་བས་རང་དོན་ལྷུན་གྱིས་གྲུབ་ནས། གཞན་དོན་ཕྱོགས་མེད་དུ་འཆར་བར་བསྟན་པ་ནི། རྒྱུད་ལས། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས། །ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱི་འབྱུང་། །ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མགོན། །སྒྱུ་མའི་དཀྱིལ་འཁོར་བསྒྲལ་བའི་ཕྱིར། །བྱ་བྱེད་མེད་པའི་དཀྱིལ་འཁོར་སྤྱོད། ཅེས་པས། ཆོས་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་རྫོགས་པ་དེ་རྟོགས་པ་མཐར་ཕྱིན་པ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་སྦྱོར་བའི་གཏན་ཚིགས་ཀྱིས། འགྲོ་དྲུག་རང་བྱུང་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པའི་ཡུལ་དང་བྲལ་བའི་ཐུགས་རྗེ་ཆེན་པོའི་གཏན་ཚིགས་ཀྱིས། ཕྱོགས་བཅུའི་དུས་གནས་སོ། །སའི་མཚན་ཉིད་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་གསལ་བས་ཐབས་ཀྱི་མཛད་པ་གང་ཡང་མི་འགོག་པ་ལ་ནི། དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། ཞེས་ཏེ། མདོར་ན་གདུལ་བྱ་ཉིད་ཀྱང་ཐུགས་རྗེའི་མཛད་པ་མི་འགགས་པའི་སྣང་བའོ། །དེས་ན་ཕྱོགས་དུས་ཀྱིས་བསྡུས་པའི་ཆོས་མ་ལུས་པ་གདུལ་བྱ་འདུལ་ཐབས་རྣམས་དང་བཅས་པ་རྣམས་གང་ཡང་མི་འདོར་བས། ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མགོན། ཞེས་སོ། །འོ་ན་དེ་ལྟར་མཛད་པ་ལ་རྟོག་པ་མངའ་འམ་སྙམ་ན། གདུལ་བྱ་གདུལ་བྱེད་མཛད་པ་ཐམས་ཅད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པས། སྒྱུ་མའི་ཆུ་ལས་སྒྱུ་མའི་མིས་སྒྱུ་མའི་འགྲོ་བ་བཏོན་པ་ལྟར་སྣང་ཡང་བྱས་པ་མེད་བཞིན་དོན་བྱེད་མཁན་དང་ཡུལ་དང་མཛད་པ་གསུམ་དུ་མི་རྟོག་པར་མཛད་པ་མི་འགོག་པའི་ཕྱིར། བྱ་བ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། ཅེའོ། །དེས་ནི་རྟོགས་པ་བཞི་ལ་བསྙེན་སྒྲུབ་བཞི་ཚང་བའི་ཚུལ་བསྟན་ཏོ། །དེ་ལ་འདིའི་དཀྱུས་སུ་བསྟན་པ་ནི། རྟོག་པ་བཞི་ནི་རང་བཞིན་རྫོགས་པ་ཆེན་པོའི་རྟོགས་ཚུལ་ཁོ་ན་སྟེ། ལུང་སྒྱུ་འཕྲུལ་ལས་ཀྱང་། རྟོགས་པ་བཞི་ཡི་གཏན་ཚིགས་ཀྱིས། །སྣང་སྲིད་ཕྱི་ནང་ཆོས་རྣམས་ཀུན། །མི་ཟད་རྒྱན་གྱི་འཁོར་ལོར་སྟོན། །ཅེའོ། །དེས་མཆོག་པ་མེད་ཀྱང་ལམ་པའི་ངོར་རྟོགས་པ་བཞི། མཚན་ཉིད་གསུམ་དུ་བསྟན་པ་ནི། མཚན་གཞི་ཡིན་ལ། དགོས་འབྲེལ་གསུམ་ནི་མཚན་ཉིད་གསུམ། གཞི་ལམ་འབྲས་བུར་འབྲེལ་བའི་མཚན་ཉིད་བསྟན་ལ། སྤྱིར་གང་ཟག་གཅིག་གི་ཆ་རྐྱེན་དུ་དེས་ཆོག་ལ། བསྙེན་སྒྲུབ་ནི་གསང་སྔགས་སྤྱི་གཞུང་དང་མཐུན་པ་དང་། དེ་ལ་མོས་པ་རྣམས་ཀྱི་དོན་དུ་ཐེག་པ་འདི་ཉིད་ལའང་ཚང་བར་བསྟན་པའོ། །དཀྱིལ་འཁོར་འཇུག་པའི་དཔེ་བཞི་ནི་ཤས་ཆེ་བར་ལམ་པའི་བློ་ངོར། དེ་ལྟར་ཁོག་དོན་བསྟན་ནས། དཀྱུས་ཀྱི་མདོར་བསྟན་ནི། ཆོས་ཐམས་ཅད་གདོད་མ་ནས་ཞེས་པ་ལ་སོགས་པ་སྟེ། དེའང་རྒྱུད་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཞེས་པ། རང་བྱུང་གི་ཡེ་ཤེས་ལ་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་རྫོགས་པ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་འབྲས་བུའི་དཀྱིལ་འཁོར་ཡིན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གདོད་མ་ནས་ལྷུན་གྱིས་གྲུབ་པས། དེའི་ངང་ལ་འཁོར་བ་མ་དམིགས་པའི་ཕྱིར་མྱ་ངན་འདས་པ་ཞེས་གདགས་གཞི་བྲལ་བས་ཕྱོགས་ཞེན་གཏན་ནས་མི་མངའ་བས་རྣམ་པར་དག་པ་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ནི། སྟོན་པ་དང་བསྟན་པ་དབྱེར་མེད་དེ་གསལ་ལ་འགགས་པ་མེད་པ་རང་བྱུང་ཡེ་ཤེས་ཀྱི་ངོས་ནས་ནི་སྟོན་པ་ཞེས་བརྗོད་ལ། ཆོས་ཀྱི་དབྱིངས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བས་ཆོས་ཐམས་ཅད་ལ་ཁྱབ་ཅིང་ཐམས་ཅད་དེ་ལས་མི་གཉིས་པའི་ངང་ལས་གཞལ་ཡས་ཞེས་བྱ་སྟེ། དེ་ཡང་འདིར་གཞལ་ཡས་ཁང་གཙོ་ཆེ་བར་སྨོས་པ་ལྟ་བུ་སྟེ། ཡིད་བཞིན་ཞེས་པ། རིན་པོ་ཆེ་ལ་རྟོག་པ་མེད་ཅིང་རིས་སུ་མི་སྙེད་ཀྱང་དགོས་འདོད་འབྱུང་བ་བཞིན་ཆོས་ཀྱི་དབྱིངས་ལ་རྟོག་པ་མི་མངའ་ཞིང་ཡོན་ཏན་རིས་སུ་མ་རྙེད་ཀྱང་རྟོགས་མ་རྟོགས་ཀྱིས་དགོས་པ་སྐོང་བས་ཡིད་བཞིན་ཞེས་བྱ་ལ། དེ་ཉིད་རྟགས་སུ་གསལ་བ་མ་འགགས་པར་སྣང་བ་ལོངས་སྐུ་ཆེན་པོའི་ངོ་བོ་གང་དུའང་མ་གྲུབ་བཞིན་དུ་གདུལ་བྱའི་སྣང་བས་ཅིར་ཡང་འཆར་བས་ཡིད་བཞིན། རང་རིག་བྱང་ཆུབ་སེམས་དེ་ལྟ་བུ་ཉིད་གསལ་ལ་མི་འགགས་པ་ཁ་དོག་དང་དབྱིབས་སུ་སྣང་བ་ལ་ནི་གཞན་ཡས་ཁང་ཞེས་བྱ་སྟེ། །དེ་ཡང་དོན་རྟོག་གཉིས་ལས། དོན་རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་ལམ་པ་རྣམས་ཀྱིས་གཞལ་དུ་མེད་ཅིང་ཐམས་ཅད་མཁྱེན་པས་ཀྱང་ངོ་བོ་འདི་ལྟ་བུ་ཞེས་མི་དཔོག་པས། གཞལ་ཡས་ཁང་ནི་དེ་ཉིད་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་བཞུགས་པས་སོ། །རྟགས་གཞལ་ཡས་ནི། སྟོན་པའི་དགོངས་པ་རིག་པའི་ཡེ་ཤེས་ཉིད་མ་འགགས་པ་རིན་པོ་ཆེ་ལ་སོགས་པའི་ཁ་དོག་དང་དབྱིངབས་སུ་སྣང་བ་ནི་གཞན་ཡས་ཁང་གི་རྒྱུ་སྟེ། དེ་ཡང་། རང་རིག་ཉིད་མཐའ་བྲལ་བས་དེ་སྣང་བའི་གཞལ་ཡས་ཁང་ཡང་མཐའ་བྲལ་ཏེ། ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་ཏུ་ཁྱབ་པ་ནི། གདུལ་བྱའི་བློས་མི་དཔོག་སྟེ། དེ་བཞིན་གཤེགས་པའི་སྣང་བ་འབའ་ཞིག་གོ། །ཁང་ནི་སྟོན་པའི་ངོ་བོ་རིག་པའི་ཡེ་ཤེས་དེ་ལས་མི་འདའ་སྟེ། བསྐལ་པར་བརྒྱུགས་ཀྱང་འབྱུང་ས་མ་རྙེད་པས་གཏན་ཚིགས་དེས་རྒྱ་ཡོངས་སུ་མ་ཆད་སྟེ། ཆོས་ཀྱི་དབྱིངས་རྒྱ་མ་ཆད་པས་ཐམས་ཅད་ཁྱབ་འདལ་བ་ནི་ངོ་བོའོ། །རྣམ་པ་ནི་ཡེ་ཤེས་ཀྱི་སྣང་བ་པས་སྟོན་འཁོར་སོ་སོའི་སྣང་བ་བཞིན་དུ་ལྷུན་གྲུབ་ཏུ་བཞུགས་པའོ། །དེས་ཀྱང་གོང་གི་རང་བཞིན་རྫོགས་པ་ཆེན་པོ་ལས་ལྷག་པ་གཞན་ཞིག་སྟོན་པ་མ་ཡིན་ཏེ། དེ་ཉིད་འདིར་གཞལ་ཡས་ལ་མོས་པ་རྣམས་ཀྱི་སྣང་བ་ལ་འདི་ལྟར་སྣང་བའོ། །འཁོར་ལོ་ཅེས་པས་གདུལ་བྱའི་ངོས་ནས་བཅུད་བསྟན་པ་ལྟ་བུ་སྟེ། སྣོད་བསྟན་པ་ཆོས་ཀྱི་དབྱིངས་ཀྱི་ངང་ལས་བཅུད་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་བསྟན་པ་བཞིན་མ་འགགས་པ་རྟོགས་པའི་ཆོས་རྣམས་རྟོག་པ་རྒྱུ་རྐྱེན་འདུས་པ་ལས་སྣང་བ་དེ་ཙམ་ན་གོང་དུ་བཤད་པ་བཞིན་སྣང་བ་སྐུ། རང་བཞིན་མེད་པ་གསུང་། དབྱེར་མེད་པ་ཐུགས་ཏེ། རྒྱན་གྱི་འཁོར་ལོ་གསུམ་རང་བཞིན་གྱིས་ཡེ་ནས་དེ་ལྟར་ཡིན་པས་དུས་སྐབས་ན་རྟོག་ཚོགས་ཐམས་ཅད་དེ་བཞིན་དུ་ལྷུན་གྱིས་གྲུབ་པས་ཞེན་པ་ཕྲ་བ་འང་མ་དམིགས་པས་རིན་པོ་ཆེ་གསེར་གླིང་ལྟ་བུ་ནི། ལམ་པའི་བློས་བྱས་པ་མ་ཡིན་པ་གསེར་གླིང་ཡེ་ནས་སེར་བ་དང་འདྲའོ། །བླ་ན་མེད་པའི་ཞེས་པ། དོན་དེ་ལྟ་བུ་གང་གི་འོག་ཏུ་མ་གྱུར་ཏེ་དམན་པ་གཉིས་ཀྱི་སྤྱོད་ཡུལ་མ་ཡིན་པ་ལྟ་ཡང་ཅང་ཆེས་ཏེ་ཀུན་ཏུ་འོད་ཀྱི་ས་པས་ཀྱང་མི་རྟོགས་ཏེ། འཁོར་བ་སྤང་བྱ་འདས་པ་བླང་བྱར་སྒྲུབ་ཕྱིར་རོ། །གསང་སྔགས་ཕྱི་ནང་ལྔ་པོས་ཀྱང་མི་རྟོགས་ཏེ། ཕུང་པོ་ཁམས་སྐྱེ་མཆེད་ལྕགས་ལྟ་བུ་ལ། སྐུ་དང་ཡེ་ཤེས་འགྱུར་རྩི་ལྟ་བུས་བགྱུར་བར་བཞེད་པའི་བསྒྱུར་བྱ་སྒྱུར་བྱེད་དང་དེར་འཛིན་དང་མ་བྲལ་བས་སོ། །དེས་ན་ཐེག་པ་འདིར་ནི་ཡིན་ཚུལ་གྱི་དོན་མངོན་དུ་གྱུར་པ་ལས་མ་གཏོགས་པའི་བསྒྱུར་བྱ་སྒྱུར་བྱེད་ཀྱི་ཕྱོགས་ཞེན་མེད་པས་ཐེག་པ་གང་གིས་ཀྱང་མ་རེག་པས་ན་བླ་ན་མེད་པའོ། །དེ་ལྟ་བུ་ལ་ནི་ཡེ་གེ་ནས་པའི་ངོས་ནས་རང་བཞིན་གྱི་དཀྱིལ་འཁོར་ཞེས་ཀྱང་བྱ། བྱེད་མཁན་མེད་ལ་རྒྱུ་རྐྱེན་བྲལ་བས་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཞེས་ཀྱང་བྱ་སྟེ། དོན་ལ་མ་འདྲེས་ཡོངས་རྫོགས་སོ། །རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པ་ཡང་། ཞེས་པའི་བློ་ངོ་ལ་སོ་སོར་རྟོགས་པའི་ཤེས་རབ་ཀྱི་དོན་སྤྱི་ཡིད་ཀྱི་ཡུལ་དུ་བྱ་བ་ནི། འཇུག་པ་དང་པོ་ཡིན་ལ། བསམ་བའི་ཤེས་རབ་ཀྱིས་དབྱོད་པའི་ཤེས་རབ་མཐར་ཕྱིན་ཏེ་ཡུལ་ཡུལ་ཅན་མེད་པར་རྫོགས་པ་ཆེན་པོའི་དོན་གྱི་ངོ་བོ་རིག་པ་གདིང་དུ་གྱུར་ཀྱང་། མཐོང་བྱ་མཐོང་བྱེད་མེད་པ་ནི། མི་དམིགས་པའི་ཤེས་རབ་ཅེས་བྱ་སྟེ། ལྟ་བ་གཏན་ལ་ཕེབས་པ་སྟེ་འཇུག་པ་གཉིས་པའོ། །རྟོགས་པའི་དོན་ལས་མ་ཡེངས་པར་སྒོམ་པའི་གནས་སྐབས་སུ་འདྲེས་ཤིང་གོམས་པར་བྱེད་པ་ནི་འཇུག་པ་གསུམ་པའོ། །གོམས་པ་མངོན་གྱུར་ལམ་གྱི་བཙལ་བ་ཟད་བཙལ་བྱ་བཙལ་བྱེད་ཀྱི་ཆོས་ཕྲ་བའང་མི་གནས་པས་རང་རིག་བྱང་ཆུབ་སེམས་སྣང་སྟོང་གི་ཕྱོགས་ལྷུང་ཐམས་ཅད་མ་སྤངས་ངང་གིས་དག་པ་ཉིད། ནམ་མཁས་ནམ་མཁའ་ལ་འཛིན་པ་མེད་པ་བཞིན་དུ་སྙོམས་པ་ཆེན་པོར་གྱུར་པ་ནི་འཇུག་པ་མཐར་ཕྱིན་པ་སྟེ་མངོན་དུ་གྱུར་པའོ། །དེ་ལྟར་མདོར་བསྟན་ནས། ཡང་ཞེས་པས། དེ་ལ་ཡང་ཚུལ་བཞིའི་སྒོ་ནས་རྒྱས་པར་བཤད་ན། རྒྱུད་ལས། ཐོས་བསམ་སྒོམ་པའི་མཉམ་སྦྱོར་ཡིན། །ཞེས་པས། ཐོས་པའི་གནས་སྐབས་སུ། ཐབས་ཀྱི་ཐེག་པའི་གནས་སྐབས་ནི་མིག་ཕྱེ་བའོ། །ཐབས་མཁས་ཆེ་དང་མང་ཡས་ཡངས། ཞེས་པ། བཤད་པ་ཉིད་ཀྱི་ཐེག་པ་དོན་སྟོན་པར་བྱེད་པ་གསང་སྔགས་ནང་པ། དེ་ལས་ཀྱང་ཉེ་བ་ཐེག་པ་ཐམས་ཅད་ཀྱི་སྤྱི་ལུང་གསང་བའི་སྙིང་པོ་འདི་ཉིད་དོ། གཞུང་ནི་དབུ་ནས་ཞབས་ཀྱི་བར་ལམ་གྱི་དགོས་པ་རྒྱུད་ཀྱི་དངོས་པོ་བདུན་གསལ་བར་སྟོན་པའི་བརྗོད་བྱེད་ཀྱི་ཚིག་འདི་ཉིད་དོ། །ཐོས་པ་ནི་ཉམས་ཐོག་ཏུ་ལུང་སོན་པའི་དམ་པ་ལ། སློབ་མ་རྒྱུད་ཉིད་དུ་སྨོས་པའི་མཚན་ཉིད་དང་ལྡན་པས་དད་པས་ཀུན་ནས་སློང་པའི་མ་ཡེངས་པར་རྣ་བའི་དབང་པོ་ལ་བརྒྱུད་ནས་རིག་པ་མ་ཡེངས་པས་སྒྲ་སྤྱི་ལ་བརྟེན་སྒྲ་རང་གི་མཚན་ཉིད་ཀྱིས་དོན་སྤྱི་ལ་གཅོད་པའི་གནས་སྐབས་སོ། །མིག་ཕྱེ་བའོ། །ཞེས་པ། དཔེར་ན་སྐྱེས་བུ་གཅིག་མིག་ལོང་ནས་དངོས་པོ་གང་ཡང་མཐོང་བའི་ནུས་པ་མེད་པ་མིག་མཁན་གྱིས་ཕྱེས་ནས་མིག་གི་སྐྱོན་དག་པའི་སྐད་ཅིག་ལ་དངོས་པོ་གང་ལའང་ཐོགས་པ་མེད་པར་རང་འཇུག་པའི་ནུས་པ་དང་ལྡན་པ་དང་འདྲ་བར། ཐོས་པའི་ཤེས་རབ་ཀྱིས་དོན་སྤྱི་ཡིད་ཀྱི་ཡུལ་དུ་བྱས་པ་ཙམ་དེ་མིག་ཕྱེ་བ་དང་འདྲ་བར། བསམ་པའི་ཤེས་རབ་ཀྱི་སྐབས་སུ་དོན་རང་གི་མཚན་ཉིད་ལ་འཇུག་པའི་རྒྱུ་ནུས་པ་ཐོགས་མེད་དང་ལྡན་པའོ། །དེས་ན་མདོར་བསྟན་པའི་སྐབས་སུ་བཤད་པའི་གཞལ་ཡས་ཁང་ཆེན་པོ་ལ་རྟེན་གྱི་གང་ཟག་དང་འཇུག་པའི་མིག་ཕྱེ་བ་དང་འདྲ་སྟེ། དཀྱིལ་འཁོར་མཐོང་མ་རག་པའོ། །བསམ་པའི་ཤེས་རབ་སྟོན་ཏེ། དོན་རྟོགས་ནི་དཀྱིལ་འཁོར་མཐོང་བའོ། །ཞེས་པ། བསམ་པའི་ཤེས་རབ་ཀྱིས་ཡང་ནས་ཡང་དུ་གདར་ཤ་ཆོད་པར་བསམ་སྟེ། དོན་གྱི་ངོ་བོ་ནི། རང་བཞིན་རྫོགས་པ་ཆེན་པོ་མཉམ་པ་ཉིད་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཉིད། རྟོགས་པ་ཞེས་པ། དེ་ཉིད་ལ་བློ་རིག་པ་གདེང་དུ་གྱུར་ཏེ་གཞལ་བྱ་གཞལ་བྱེད་གཏན་ཚིགས་ཐམས་ཅད་ཐག་ཆོད་པའི་ངོ་བོ་བཤད་པ་ཉིད་ལ་དབྱེར་མེད་ནས་ཕྱོགས་སུ་འཛིན་པའི་ཞེ་འདོད་ངང་གིས་མི་གནས་པ་ལ་ནི་རྟོགས་པ་ཞེས་བྱ་སྟེ། བསམ་པའི་ཤེས་རབ་མཐར་ཕྱིན་པའོ། །དཀྱིལ་འཁོར་མཐོང་བའོ་ཞེས་པ། དེ་ཉིད་མིག་ཕྱེས་ན་དཔེ་དཀྱིལ་འཁོར་མཐོང་བ་དང་འདྲ་བར། རང་བཞིན་གྱི་དཀྱིལ་འཁོར་ཤེས་རབ་ཀྱི་སྤྱན་གྱིས་མཐོང་བྱ་མཐོང་བྱེད་མེད་པར་མངོན་དུ་གྱུར་པའོ། །སྒོམ་པའི་ཞེས་པ། ཞུགས་པ་བསྟན་ཏེ། རྟོགས་ནས་གོམས་པར་བྱེད་པ་ནི། དཀྱིལ་འཁོར་དུ་ཞུགས་པའི་ཞེས་པ། རྟོགས་པའི་དོན་སྒྲོ་འདོགས་ཆོད་ཀྱང་། སྔོན་ལོག་རྟོག་ལ་གོམས་པའི་དབང་གིས་ཆུའི་རྙོགས་མ་དང་འདྲ་བའི་གཟུགས་འཛིན་ཞེན་པའི་གྱོང་མ་སངས་པས་དེ་དག་པར་བྱེད་པ་ལ་ནི། སྒོམ་པ་ཞེས་བྱ་སྟེ། དེ་ཡང་འོག་མ་བཞིན་བསྒྱུར་བྱ་དང་སྒྱུར་བྱེད་དང་མི་མཐུན་པ་དག་གཉེན་པོ་མ་ཡིན་ཏེ་རྟོགས་པའི་རིག་པ་ཉིད་ལ་དུས་རྒྱུན་དུ་འདའ་ཉམས་མེད་པར་གྱི་ན་འདའ་མར་གནས་པ་ལ་ཐ་སྙད་དུ་གོམས་པར་བྱེད་ཅེས་བྱ་སྟེ། རྩོལ་བས་མ་སྤགས་པའི་ཚིག་གོ། །དེ་ལ་ནི་གཡོ་ཐོབ་བརྟན་པ་དང་། དྲོད་དང་རྟགས་དང་ཆོ་འཕྲུལ་དང་མངོན་ཤེས་རྣམས་ཀྱང་སྐབས་དེའི་མཐོ་དམན་ལ་སྣང་སྟེ། ལམ་རིང་ཐུང་ཡང་བརྩི་བ་མེད་པ་སྟེ། གང་ཟག་གི་ཤེས་རབ་དང་བརྩོན་འགྲུས་ཀྱི་སྟོབས་སོ། །དཀྱིལ་འཁོར་དུ་ཞུགས་པའོ་ཞེས་པ། དཔེའི་དཀྱིལ་འཁོར་དུ་ཞུག་པའི་ཆོ་ག་རྫོགས་པ་བཞིན་འདིར་རང་བཞིན་གྱི་དཀྱིལ་འཁོར་རྟོགས་པ་བཞིའི་གསུམ་པ་གོམས་པ་སྟེ། དེ་ལ་ལྟ་བ་ནི་རྒྱུ་ཤེས་པ་ཙམ་ལ་ཉམས་སུ་མྱོང་བར་ནི་ཏིང་ངེ་འཛིན་གྱི་བྱེད་ཅེས་ཀྱང་བརྗོད་དེ། དེས་ནི་རང་བཞིན་གྱི་དཀྱིལ་འཁོར་དུ་ཞུགས་པ་བསྟན་ཏོ། །དེ་འཇུག་པ་བཞིའི་ཐ་མ་ནི། མཉམ་སྦྱོར་ཡིན་ཞེས་པ་སྟེ། ཞུགས་ནས་མངོན་དུ་གྱུར་པ་ནི་དངོས་གྲུབ་ཆེན་པོ་ཐོབ་པའོ། །ཞེས་པ། ཐོས་བསམ་སྒོམ་གསུམ་གྱིས་མཉམ་པར་སྦྱོར་བ་མཐར་ཕྱིན། ཏིང་ངེ་འཛིན་གྱིས་ཞུགས་ཏེ་གོམས་པ་མངོན་དུ་གྱུར་པ་ནི། ཕྱི་ནང་གི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པ་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པ་མངོན་དུ་གྱུར་ནས་ཡུལ་དང་ཡུལ་ཅན་མེད་དེ་བདག་ཞལ་བདག་གིས་མཐོང་། བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་ཕྱོགས་ཞེན་ཕྲ་བའི་བའང་མི་མངའ་བ་ནི། གཞི་ཇི་བཞིན་པ་ཉིད་དུ་གྱུར་པ་ནི་དངོས་གྲུབ་ཆེན་པོ་ཐོབ་པའོ། །ཞེས་པ། དངོས་པོ་མེད་པའི་ངོ་བོ་ཉིད་མངོན་སུམ་དུ་གྲུབ་པ་མ་འདྲེས་ཡོངས་རྫོགས་རྫོགས་པ་ཆེན་པོའི་དོན་རང་སྣང་བ་ལ་ནི་ཐ་སྙད་དུ་ཐོབ་པ་ཞེས་བྱ་སྟེ། སྒྲུབ་པ་ཆེན་པོའི་སྐབས་སུ་བཤད་པ་བཞིན་ནོ། །དེ་ལ་ནི། རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། འདི་ནི་སངས་རྒྱས་ཀུན་གྱི་དངོས། ཞེས་པ་སྣོད་བཅུད་ཐམས་ཅད་ཀུན་ཏུ་བཟང་པོའི་ངང་དུ་ལྷུན་གྱིས་གྲུབ་པ་ནི། རྒྱུ་ལས་མ་བྱང་རྐྱེན་གྱིས་མ་སྐྱེད་པས། རང་བྱུང་ཀུན་ངམ་སྟེ། ཆོས་ཀྱི་དབྱིངས་དངོས་གཞི་ཐམས་ཅད་དང་བྲལ་བ་ཉིད་མི་འགགས་པའི་རྩལ་ལས་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ཅིར་ཡང་སྣང་། སྣང་བཞིན་དུ་ཆོས་ཀྱི་དབྱིངས་ལས་མ་གཡོས་པ་དུས་གཅིག །དེའི་ངང་དུ་ལྷུན་གྱིས་གྲུབ་ཅེས་པ། ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་ལྷུན་གྱིས་གྲུབ་ལ། ཐུགས་རྗེ་དང་མཛད་པ་མཁྱེན་པ་ཐམས་ཅད་རེས་མོས་བྲལ་བས་ལྷུན་གྲུབ་ཏུ་བཤད་པ་བཞིན་ཏེ། འདིའི་སྐབས་སུ་གདུལ་བྱ་ཡང་མཛད་པ་ཉིད་མི་འགགས་པའི་རྩལ་ལོ། །དོན་དེ་ནི་ཕྱོགས་བཅུ་ན་བཞུགས་ཤིང་དུས་བཞིར་གཤེགས་པའི་རྒྱལ་བ་མ་ལུས་མི་ལུས་ལུས་པ་མེད་པ་ཉིད་དོ། །འདིར་ཡང་རྟོགས་པ་བཞི་ལས་གཞན་དུ་མ་སོང་སྟེ། རྟོགས་པ་བཞིའི་དོན་ཉིད་འཇུག་ཚུལ་འདི་ལྟ་བུ་ལ་དགའ་བ་རྣམས་ཀྱི་ངོར་འདི་ཉིད་བསྟན་ཏོ། །དེས་ཡན་ཆད་དུ་གྱུར་པ་རྫོགས་པ་ཆེན་པོ་བསྟན་ནས། སྐོལ་མདོ་དང་སྦྱར་བ་ནི། སྤྱི་རྫོགས་པ་ཆེན་པོའི་འབྲས་བུ་གཅིག་ཆར་འཇུག་པས་རིམ་པར་བསྒྲང་དུ་མེད་ཀྱང་འདིར་ཐེག་པ་གཞན་གྱི་ཟླ་དང་གང་ཟག་གི་འཇུག་ངོར་དབྱེ་ནས་འཇུག་པའི་སྒོ་དང་གང་ཟག་གཉིས་བསྟན་ན། རང་བཞིན་རྫོགས་པ་ཆེན་པོ་ནི་གཞི་ནས་ཚུལ། རྟོགས་པ་བཞི་ཤེས་པའི་མཚན་ཉིད་དང་འབྲལ་བ་དང་། བསྙེན་པ་དང་མིག་ཕྱེ་བ་དང་དཀྱིལ་འཁོར་མཐོང་བ་རྣམས་ནི་ལྟ་བའོ། །འཇུག་པའི་མཚན་ཉིད་དང་། དགོས་པ་དང་ཉེ་བསྙེན་སྒྲུབ་པ་གཉིས་དང་དཀྱིལ་འཁོར་དུ་ཞུགས་པ་རྣམས་ནི་སྒོམ་པའོ། །འབྲས་བུའི་མཚན་ཉིད་དང་ཡང་དགོས་དང་སྒྲུབ་པ་ཆེན་པོ་དང་དངོས་གྲུབ་ཆེན་པོ་ཐོབ་པ་ནི་འབྲས་བུའོ། །སྤྱོད་པ་ནི་ངོ་བོ་ཉིད་ཀྱི་སྤྱོད་པ་འཁོར་འདས་ཀྱི་མི་འགགས་པ་ཐམས་ཅད་ཡིན་ལ། ལམ་པའི་སྤྱོད་པ་ནི་དུག་གསུམ་བྱང་ཆུབ་ཀྱི་ལམ་དུ་ཤར་བའི་སྤྱོད་པ་ལ་སོགས་པའི་སྤྱོད་པ་ལྔའོ། །དམ་ཚིག་ནི། རྫོགས་པ་ཆེན་པོ་ནི་ཆེད་དུ་བྱ་བ་ཐམས་ཅད་དང་བྲལ་ནས་བསྲུང་བའི་དངོས་པོ་མ་གྲུབ་པ་དང་། མི་འགགས་པ་ཐེག་པ་བརྒྱད་པོའི་དམ་ཚིག་རྣམས་དེ་ཉིད་དུ་ཤར་བ་དང་། མདོར་བསྟན་ན་མཉམ་པའི་དམི་ཚིག་གཅིག་གམ། ཡང་ན། མེད་པ། ཕྱལ་བ། གཅིག་པུ། ལྷུན་གྲུབ་བཞིའོ། །ཡུན་ནི་ས་ལམ་རིམ་གྱིས་བགྲོད་པ་དང་། བྲལ་བས་ལམ་རིམ་བསྟན་དུ་མེད་ཀྱང་འདིར་སྔར་གྱི་སྦྱངས་པ་དང་ཤེས་རབ་དང་བརྩོན་འགྲུས་སུ་ལྡན་ན། ཚེ་གཅིག་གིས་རྫོགས་པ་སྤྱིར་ཆིབས་ཀྱིས་མངོན་དུ་སྣང་བའོ། །གདམས་པ་བརྗོད་པ་ལ་གཉིས་ཀྱི། དང་པོ་སྐལ་ལྡན་གྱི་མཚན་ཉིད་བསྟན་པ་ལའང་གཉིས་ཏེ། དངོས་དང་ཡུལ་ཁྱད་པར་ཅན་དེ་ཡུལ་ཅན་ཀྱང་ཁྱད་པར་ཅན་དུ་བསྟན་པ་ནི། དེ་ལྟར་ཚུལ་འདི་ནི་རྫོགས་པ་ཆེན་པོའི་དོན་ཞེས་པ་ལ་སོགས་ཏེ། གོང་དུ་བསྟན་པའི་རྟོག་པ་བཞི་ནས། དཀྱིལ་འཁོར་དུ་ཞུགས་པའི་དཔེ་བཞིའི་བར། རྫོགས་པ་ཆེན་པོའི་དོན་ལ་འཇུག་པའི་ཚུལ་འདི་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་སུ་རྫོགས་ལ། དེ་ཡང་མ་འགགས་པ་དང་མ་དམིགས་པ་དབྱེར་མེད་པ་ཆེད་འཛིན་ཐམས་ཅད་དང་བྲལ་བས་ཆེན་པོ་སྟེ། མཐར་ཕྱིན་པ་ནི་དེ་ལས་ཐོབ་བྱ་དང་རྟོགས་བྱ་དང་གོམས་བྱ་མ་མཆིས་པས་ན། མཐར་ཕྱིན་པ་ཞེས་བྱ་སྟེ། ཆོས་ཐམས་ཅད་དེ་ལས་མི་འདའ་སྟེ་ལམ་སྣང་དེར་ལྷུན་གྱིས་གྲུབ་པའི་དོན་ནོ། །ཡི་གེ་འཁོར་ལོ་ཚོགས་ཆེན་ཞེས་པ། ཡི་གེ་ནི་བརྟགས་པ་དང་བརྗོད་པ་དང་ཐ་སྙད་སྟེ། ཕྱི་ནང་ངམ་སྣོད་བཅུད་དམ་འཁོར་འདས་སམ་མཐོ་རིས་ངན་སོང་དམ་གཉིས་ཅན་དུ་བཏགས་པ་ཐམས་ཅད་ངོ་བོ་ལ་མ་གྲུབ་སྟེ། སྒྲ་ཙམ་ཐ་སྙད་ཙམ་དུ་ཟད་པས་ཡི་གེའོ། །འཁོར་ལོ་ནི་རྒྱུན་ཆད་མེད་པར་སྣང་བ་སྟེ། དེ་ལྟར་ཡི་གེས་མཚོན་པའི་ཕྱོགས་བཅུ་མཐའ་ཐུག་པ་མེད་པའི་མི་འགགས་པའི་ཚོགས་རྣམས། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོར་རྫོགས་ལ། རང་བཞིན་མེད་པ་གསུང་། དབྱེར་མེད་པ་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་རྫོགས་ཏེ་ཕྱོགས་ཐམས་ཅད་སྐུ་གསུང་ཐུགས་སུ་གསལ་བའོ། །དེ་ལའང་ཡུལ་ཡུལ་ཅན་ནི་མ་དམིགས་སོ། །ཚོགས་ཆེན་ཞེས་པ། དེ་ལྟ་བུའི་ངང་ལས་མ་འགགས་པ་བསོད་ནམས། མི་འཛིན་པ་ཡེ་ཤེས་ཀྱི་ཚོགས། དབྱེར་མེད་པ་ཆེན་པོ་སྟེ་ཚོགས་ཡེ་རྫོགས་ཆེ་པོའི་ངང་ལ། ས་ཞེས་པ་ནི་ཐམས་ཅད་དེར་འདུས་ཤིང་དེ་ལས་སྣང་སྟེ་དེ་ཉིད་ལས་མི་འགྱུར་བས་སོ། །དེའི་ངང་ལས་ཡུལ་ཡུལ་ཅན་མེད། འཇུག་བྱ་འཇུག་བྱེད་མེད་པར་རང་སྣང་དུ་ལྷུན་གྱིས་རྟོགས་པ་འཇུག་པ་ཞེས་བྱའོ། །དེ་ནི་ཡུལ་ཁྱད་པར་ཅན་དུ་བསྟན་ནས། ཡུལ་དེས་ཡུལ་ཅན་ཡང་ཁྱད་པར་ཅན་དུ་བསྟན་པ་ནི། རྒྱུད་ལས། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་པ། ལྷག་པའི་ཤེས་རབ་རྣམ་པར་དག་པ་དང་ལྡན་པ་གང་ཞིག་རྫོགས་པ་ཆེན་པོའི་དོན་ཡུལ་ཁྱད་པར་ཅན་གོང་མ་ལ་མོས་པ་ཙམ་གྱིས་ཀྱང་། སངས་རྒྱས་ཀྱི་འཁོར་མ་ལུས་པས་ཕྱོགས་ཀུན་ནས་ཀུན་ཏུ་འབྲས་བུ་ལ་རེག་མ་ཐག་ཡིན་པས། ཉེ་བའི་སྲས་སུ་དགོངས་པས་བར་མ་དོར་མི་འདོར་ཞེས་བྱའོ། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་པས། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །ཞེས་པ། བསྐལ་པ་གྲངས་མེད་པ་གསུམ་སྦྱངས་པ་དང་། དཀྱིལ་འཁོར་ཐམས་ཅད་མཆོད་ཅིང་བསྒྲུབ་པའི་འབྲས་བུ་གསང་ཆེན་རྫོགས་པ་ཆེན་པོའི་དོན་མཐོང་བར་ནུས། ཞེའོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདས་དང་ད་ལྟར་བྱུང་བ་ཡི། །སངས་རྒྱས་དཀྱིལ་འཁོར་མ་ལུས་པ། །བསྙེན་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །ཞེས་པ། དྲུག་གི་འཇིག་རྟེན་ཕྱོགས་བཅུ་ན་འདས་པ་དང་། ད་ལྟར་གཉིས་ཀྱིས་བསྡུས་པའི་སངས་རྒྱས་རིལ་གྱིས་རང་བཞིན་རྫོགས་པ་ཆེན་པོའི་དོན་འདི་རྙེད་ནས་གཟོད་སངས་རྒྱས་པར་གྱུར་པ་འབྲས་བུའི་ངོ་བོའོ། །འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་པ། འབྱུང་དང་མ་འོངས་པའི་དུས་གཉིས་ཀྱིས་བསྡུས་པའི་རྒྱལ་བ་ཐམས་ཅད་འབྲས་བུ་མངོན་དུ་བྱེད་པའི་ཚེ། རྫོག་པ་ཆེན་པོ་ལ་བརྟེན་དགོས་ཞེའོ། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན་ཞེས་པ། རྫོགས་པ་ཆེན་པོའི་དོན་གསང་ཆེན་ངེས་པ་ཉིད་གོང་དུ་རྒྱུ་རྐྱེན་འབྲས་བུ་མཚན་ཉིད་གསུམ་དུ་བཏགས་ཀྱང་ངོ་བོ་རྫོགས་པ་ཆེན་པོ་ཉིད་དུ་གཅིག་པས་འབྲས་བུ་ལམ་ཞེས་སོ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཀྱང་རྒྱལ་བས་མི་བརྙེད་སོ། །ཞེས་པ། རྒྱལ་བ་རྣམས་ཀྱི་དགོངས་པ་རྫོགས་པ་ཆེན་པོ་འདི་ཉིད་ལ། འདི་ལས་ལྷག་པའི་ལོགས་སུ་བཙལ་ན་རྒྱལ་བས་ཀྱང་མི་བརྙེད་ཅེས་བྱའོ། །ཀུན་གྱི་ཕྱག་རྒྱ་ཆེན་པོ་མཆོག །ཅེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལམ་ཡང་འདི་ཡིན་ཏེ་འདི་མ་རྟོག་བར་དུ་ལམ་བགྲོད་དགོས་ལ། འདི་མ་ཐོབ་པར་དུ་བསྒྲུབ་དགོས་པས། འབྲས་བུའང་འདི་ལས་མི་འདའ་བའོ། །དེས་ཡུལ་གྱི་ཡོན་ཏན་བསྟན་ནས། །ཡུལ་ཅན་གྱི་ཡོན་ཏན་ནི། །ཐོས་བསམ་སྒོམ་ལ་རབ་སྦྱངས་པའི། །ཞེས་པ་གསུམ་ལས། སྦྱངས་པ་མཐར་ཕྱིན་པའི་སྟོབས་ཀྱིས་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཤེས་པ་ནི་རྫོགས་པ་ཆེན་པོ་སྟེ། དེ་ནི་ཤེས་རབ་ཀྱི་མིག་དང་ལྡན་པ་རྣམས་ཀྱིས་བཟུང་ངོ་། །སྣོད་ལྡན་དང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་པ། སྣོད་དང་ལྡན་པའི་མཚན་ཉིད་ནི་རྫོགས་པའི་གཞུང་ནས་བཤད་པ་རྣམས་ཡིན་ལ། གཞན་ཡང་ངང་རིང་བ་ཚུལ་ཤེས་པ་རང་བཞིན་བཟང་བ་བརྟན་པ། ལུས་དང་ལོངས་སྤྱོད་གཏོང་བ་རྣམས་ནི་སྔོན་དུ་སྦྱངས་འཕྲོ་སྟོབས་སུ་གྱུར་པ་སྟེ། རྒྱུད་ཀྱི་ཁུངས་དེ་ཉིད་དཀྱུས་ལ་སྦྱར་ན། སྐྱེས་བུ་ཞེས་པ། རྒྱུད་ཀྱི་མཚན་ཉིད་དེ་རྣམས་དང་ལྡན་པ་ནི། སྦྱངས་པའི་སྟོབས་ཀྱིས་བསོད་ནམས་དང་ཡེ་ཤེས་ལས་སྐྱེས་ལ། བློ་རྩལ་རབ་ནི་རབ་འབྲིང་གསུམ་ཕྱེས་པའི་ཐ་མ་གསུམ་ལས་ཀྱང་འདས། འབྲིངས་གསུམ་ལས་ཀྱང་འདས། རབ་ཀྱི་ཡང་རབ་ཕྱི་ནང་གི་ཆོས་ཐམས་ཅད་མ་འདྲེས་ཡོངས་རྫོགས་པ་ཆེན་པོའི་ངོ་བོ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་སུ་རྟོགས་པའི་རྩལ་དང་ལྡན་པ་ལ་རབ་ཅེས་བྱའོ། །རྟེན་གྱི་གང་ཟག་དེ་ལྟ་བུ་དེས་ཆོས་ཐམས་ཅད་ཡེ་གནས་པའི་ངོ་བོ་བཤད་པའི་དོན་གྱིས་སངས་རྒྱས་པའི་གཞིའམ་དོན་ལ། གནས་ཚུལ་བཞིན་ཡེ་ནས་སངས་རྒྱས་པར་རྟོགས་པར་རྟོགས་པ་ཡུལ་དང་ཡུལ་ཅན་དབྱེར་མེད་པའི་ངང་ལ། གོམས་པ་དྲག་དལ་ཞེས་པ། རྟོགས་པའི་ངང་ལས་ཏིང་ངེ་འཛིན་གྱིས་རྒྱུན་དུ་གནས་པ་ནི་བརྩོན་འགྲུས་ཆེ་ན་གོམས་པ་དྲག་སྟེ་འབྲས་བུ་ལ་མྱུར་དུ་ཕྱིན། བརྩོན་འགྲུས་ཆུང་ན་དལ་ཏེ་ཕྱི་མར་ཕྱིན། ཡང་ན་གོམས་པ་དྲག་པ་ནི་གཅིག་ཆར་རྟོགས། དལ་བ་ནི་རིམ་གྱིས་པའོ། །ཡང་ན། གོམས་པ་དྲག་དལ་ཞེས་པ། རྟོགས་པའི་ངང་ལ་བར་ཆད་མེད་པའི་ལམ་དུ་བསྒོམ་པའི་ཏིང་ངེ་འཛིན་གསུམ་གྱིས་འགྲོད་པ་ལ་ནི་གོམས་པ་ཞེས་བྱ་སྟེ། མིག་ལམ་དུ་འགྲོ་བ་ཡང་གཞན་དུ་སྐད་ཅིག་ཙམ་ཡང་མི་ཡེངས་ནས་ལམ་དུ་གོམ་པ་དྲག་དལ་གྱིས་འགྲོ། ཞེས་པ་དང་འདྲ་བར། ཡིད་ལ་བྱ་བ་ཐམས་ཅད་དང་བྲལ་བའི་ཚུལ་གྱིས་ཏིང་ངེ་འཛིན་ལ་རྒྱུད་དུ་མི་ཡེངས་པ་ལ་ནི། འགྲོ་བ་ཡིན་ཞེས་བྱ། དོན་དེས་ནི་རྟོགས་པས་མི་ཆོག་འབྲས་བུ་ཏིང་ངེ་འཛིན་གྱིས་མྱོང་བར་ནན་ཏན་དུ་གདམས་པའོ། །ཕལ་གྱི་བྱ་བ་མ་ཡིན་ནོ། །ཞེས་པ། བློ་རབ་བཤད་པ་བཞིན་ལམ་མ་གཏོགས་པ་དགུར་དབྱེར་བའི་ཤེས་རབ་བརྒྱད་པོ་མན་ཆོད་ཀྱི་སྤྱོད་ཡུལ་མ་ཡིན་པ་དང་། གཞན་ཡང་སྣོད་ཀྱི་སྐྱོན་རྣམས་དང་ལྡན་པ་དང་། བརྩོན་འགྲུས་ཞན་པ་ལ་སོགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །ཞེས་བྱའོ། །སྣོད་ངན་པའི་མཚན་ཉིད་ཀྱང་། རྒྱུད་ལས། གཞན་དུ་ནམ་ཡང་སྦྱིན་མི་བྱ། །རྨོངས་ལ་འཕྱར་བས་གལ་ཏེ་བྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེག་དང་སྦྲེབས་ལ་ཡུན་རིང་གནས། །ཞེས་པ། གཞན་དུ་གོང་མའི་ཡོན་ཏན་རྣམས་ལ་བཟློག་པའི་སྐྱོན་དང་ལྡན་པ་རྣམས་ལ་ནི་ནམ་ཡང་མི་སྦྱིན་ཏེ། རང་གི་སྙིང་འབྱིན་ཉེས་དང་བསྡོས་ཏེ་གསང་ངོ་། །ཞེས་སོ། །བྱིན་པའི་ཉེས་དམིགས་ནི་གོ་སླའོ། །ཕལ་གྱི་ཐོག་ཏེ་ཞེས་པ། བསོད་ནམས་མ་བསགས་པ་ཤེས་རབ་རྣམ་གསུམ་ལ་མ་སྦྱངས་པས་རིག་པ་མ་འབྱོངས་པ་བཅུད་འདིའི་སྣོད་ཀྱི་སྐལ་བར་མི་ལྡན་པ་ལ་ནི་ཕལ་ཀྱིས་ཞེས་བྱའོ། །ཐོས་ཏེ་ཞེས་པ། དེ་ལྟ་བུ་ལ་དོན་བསྟན་ཏེ་ཐོག་ཀྱང་སྣོད་བཅུད་དུ་མི་འཛོམ་པས་བློ་ལ་མི་ཤོངས་ཏེ། དཔེན་ན་ཉན་ཐོས་ཀྱིས་ཉན་ཐོས་གོ་ཡང་དོན་འདི་ཉིད་མི་གོ་བ་བཞིན་པས་རང་གིས་མ་གོ། མ་གོ་བའི་དབང་གིས་ཇི་ལྟར་བསམ་ཀྱང་ངེས་ཤེས་མི་སྐྱེ་སྟེ། བདེན་ཞིང་བཟང་བར་ཞེས་པ། ཐེག་པ་འདིའི་ཚིག་བདེན་པར་ཡིད་ལ་མི་འབྱོར་བ་དང་། དོན་བཟང་སྟེ། སྣང་སྲིད་ཀུན་ཏུ་བཟང་པོར་སྟོན་པ་ལ་ཚིག་བདེན་པར་ཡིད་ཆེས་པར་ཡང་མི་འགྱུར་ལ། དོན་བཟང་བར་ཡང་ཡིན་ཆེས་པར་མི་འབྱུང་། ཞེའོ། །ཡང་ན། རང་གིས་མ་གོ་བའི་དབང་གིས་ཐབས་ཀྱི་ཐེག་པ་འདི་ལ་ཅི་ལྟར་བསམ་ཀྱང་འདི་ཆོས་ཀྱི་གནས་ཚུལ་ཡིན་པས་བདེན་པ་དང་། ལམ་ཉེ་ཞིང་འཇིགས་པ་མེད་པས་ཡིད་ཆེས་པར་མི་འགྱུར་རོ། །ཡིད་མ་ཆེས་པའི་སྐྱོན་བསྟན་པ་ནི། ཡིད་མ་ཆེས་པ་དང་ཞེས་པ་བཤད་པ་བཞིན་པས། ཕལ་ཞེས་པ་བློ་དམན་པ་རྣམས་སྡུད་སྟེ། དེ་དག་གི་བློ་ལ་དཀའ་ཞིང་ཞེས་པ་ནི། རང་གིས་མ་རྟོགས་པས་སོ། །དེས་ན་རང་ཤེས་རབ་ཆུང་བའི་ཉམས་དང་སྦྱར་ནས་ཚིག་བདེན་པ་དང་། དོན་བཟང་བར་ཡང་མ་ཤེས། གནས་ཚུལ་ཡིན་པས་བདེན་པ་དང་ལམ་ཉེ་ཞིང་འཇིགས་པ་མེད་པས་བཟང་བར་མ་ཤེས་པའི་རང་ཉམས་དང་སྦྱར་ནས། ཀུན་ཀྱང་ཞེས་པ། ཤེས་རབ་ཅན་རྫོགས་པ་ཆེན་པོ་རྟོགས་པའི་སྐལ་བ་དང་ལྡན་པ་རྣམས་དེ་དང་འདྲ་སྙམ་སྟེ། རྒྱུ་ངེས་འབྲས་བུ་ནི་རྫོགས་པའི་དོན་ཕྱི་ནང་གི་ཆོས་ཐམས་ཅད་འབྲས་བུའི་ངོ་བོ་ཡིད་པ་དང་། ཐེག་པ་འདི་ཉིད་ཆོས་ཀྱི་གནས་ཚུལ་ཡིན་པ་དང་། ལམ་ཉེ་ཞིང་འཇིགས་པ་མེད་པ་རྣམས་ཡང་བརྫུན་ཞེས་ཆོས་ལ་མ་དད་དེ། དེ་རྟོགས་པའི་སྐྱེས་བུ་ལའང་མ་དད་དེ། བློ་རྩལ་རབ་ནི། རྫོགས་པ་ཆེན་པོ་མཉམ་པ་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་ལ་ཡང་མི་བདེན་ཏེ། ཆོས་མིན་ཏེ་དེས་ན་ཤེས་རབ་ཆུང་བས་ཐབས་ཀྱི་ཐེག་པ་མ་གོ་ན་དེ་ལ་སྐྱོན་བཞི་འབྱུང་སྟེ། མ་དད་པས་དམ་པའི་ཆོས་སྤོང་བ་ཉིད་ཀྱི་ཆོས་ལ་སྐུར་པ་བཏབ་དང་། དེ་རྟོགས་པའི་སྐྱེ་བུ་ཡང་མི་བདེན་སྙམ་ནས་འཕགས་པ་ལ་སྐུར་པ་བཏབ་པ་དང་། ཐབས་ཀྱི་ཐེག་པ་ནི་འབྲས་བུའི་ངོ་བོ་ཡིན་པ་ལས་དེ་ལ་མ་དད་པ་ནི་འབྲས་བུ་སྤོང་བ་ཡིན་ཏེ། འབྲས་བུ་སྤོང་། རྒྱུ་བསྒྲུབ་པ་ལ་དོན་མེད་དེ། དེའི་འབྲས་བུ་ནི་ངན་སོང་ཁ་བརྒྱུད་པར་འགྱུར་ནས་ཐར་བའི་སྐལ་པ་མེད་དོ། །དེ་བས་ན་དེ་དག་ཆུད་མི་གནས་པའི་ཕྱིར་གསང་བར་གསུངས་སོ། །སུན་འབྱིན་པའི་བློ་སྐྱེ་བར་འགྱུར་ཞེས་པ། སུན་འབྱིན་པ་ནི། མཉམ་པ་ཉིད་ཅེས་བྱ་བ་སུན་འབྱིན་ཏེ། མངོན་སུམ་དུ་མི་མཉམ་པ་བཀོད་པ་དང་། སྣང་སྲིད་ཀྱི་ཆོས་རང་སྣང་འབྲས་བུ་ཡིན་པ་སུན་འབྱིན་ཏེ། འཁྲུལ་བ་གཟུང་འཛིན་ཡིན་པར་བཀོད་པ་དང་། བླང་དོར་མེད་པར་སུན་འབྱིན་ཏེ། ཁྱི་ཕག་ལ་སོགས་པའི་འཐད་པ་བཀོད་པ་ལ་སོགས་བློ་ལ་དེ་ལྟ་བུ་སྐྱེ་བར་འགྱུར་བས་དངོས་སུ་སྐུར་པ་འདེབས་ཏེ། གོང་མའི་དོན་རྣམས་བརྗོད་ནས་ཆོས་ལ་སྐུར་བ་འདེབས་པ་དང་། དེ་ལྟ་བུ་རྟེན་གྱི་གང་ཟག་གི་ངོས་ནས་གང་ཟག་ལ་འང་སྐུར་པ་འདེབས་པར་འགྱུར་བས། དེ་ལྟར་བྱས་པས་དཔེར་ན་གླང་བུ་བྲག་ལ་འཕྲས་ན་རྨིག་པ་ཁྲག་གིས་གང་། སྒོ་ང་གནས་དུ་འཕགས་ན་རྟིང་པས་ལ་གྲུབ་པ་དང་འདྲ་བར་བཤད་པ་བཞིན་ཁོ་ལྷུང་པའི་གནས་སུ་འགྱུར་ཏེ། བསྲེག་དང་སྦྲེབས་ལ་ཡུན་རིང་གནས་ནས་ངན་སོང་ཁ་བརྒྱུད་དེ་ཐར་དཀའོ། །དེ་བས་ན་བློ་དམན་དེ་དག་གི་དོན་དུ་རབ་ཏུ་གསང་ཏེ་མི་བསྟན་པའི་ཕྱིར། གསང་བའི་ཐེག་པ་ཞེས་བཀའ་སྩལ་ཏོ། །གར་སྩལ་ན། ཟླ་གསང་ལས། སངས་རྒྱས་ཀུན་གྱི་གསང་བ་ཆེ། །གསང་ཆེན་སྦྱོར་བས་དངོས་གྲུབ་ཐོབ། །ཅེས་པ་དང་། སྒྱུ་འཕྲུལ་ལས། གསང་སྔགས་གསང་བར་བྱ་བ་ཡང་། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ལས་འཕྲོ་ངན་དང་སྐལ་མེད་ལ། །དེ་ལ་ཤིན་ཏུ་གསང་བར་བྱ། །ཞེས་པ་དང་། དེ་ལ་སོགས་ཏེ་གསང་སྔགས་ཕྱི་ནང་རྣམས་ན་གསང་བའི་ཐབས་སུ་ལུས་བརྡའ་དང་ངག་བརྡའ་དང་སྣོད་བརྟགས་པ་ལ་སོགས་པ་རྒྱས་པར་བཀའ་སྩལ་ཏོ། །དེ་ནི་རྒྱུད་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། ཞེས་པས་སོ། །བློ་དམན་རྣམས་རིམ་པ་བཞིན་དུ་དོན་བྱ་བར་བསྟན་པ་ནི། དེ་བས་ན་ཆོས་ཐམས་ཅད། ཅེས་པ་ལ་སོགས་པ་སྟེ། འདི་ནི་རྒྱུད་ལས། ཁོང་ནས་གབ་སྦས་དོན་འབྱིན་པ། སྟོན་པ་རྡོ་རྗེའི་ཐུགས་ལ་གནས། ཞེས་པ་རྡོ་རྗེ་སློབ་དཔོན་ཐེག་པ་དགུ་ལ་མཁས་དགོས་པར་བསྟན་ཏེ། དེ་བས་ན་ཞེས་པ། གསང་སྔགས་ཕལ་གྱི་བློ་ལ་ཤོངས་དཀའ་བ་དང་། མ་ཤོངས་ནས་སྐུར་བ་བཏབ་ན་ཐོན་པའི་ཐབས་མེད་པས་གཞན་དུ་གསང་དགོས་པའི་གཏན་ཚིག་དེ་བས་ན། རྡོ་རྗེ་སློབ་དཔོན་གྱིས་སློབ་མ་རྣམས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་འམ་ཐོག་མ་ནས་ཆོས་ཀྱི་དབྱིངས་སམ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་དུ་སངས་རྒྱས་པའི་དོན་ལ། ཤེས་རབ་རྣམས་གསུམ་གྱིས་བློ་སྦྱངས་ནས། རྟོགས་པ་ཐག་ཆོད་པའི་བློ་མ་སྐྱེས་ཀྱི་བར་དུ་ཐེག་པ་འོག་མ་པས་ཞེས་པ། ལྷ་དང་མིའི་ཐེག་པ་དགེ་བ་བཅུ་དང་། རྒྱུ་འབྲས་མི་བསླུ་བའི་ཆོས་སྤྱོད་ཉན་ཐོས་རང་རྒྱལ་དང་། རྒྱུའི་ཐེག་པ་ཆེན་པོ་དང་གསང་སྔགས་ཕྱི་པ་གསུམ་སྟེ་བདུན་གྱི་སྒོ་ནས་གདུལ་བྱ་རྣམས་ཀྱིས་སོ་སོར་རང་རང་གི་བློ་ཚོད་དང་བསྟུན་པ་དེའི་ཐེག་པ་དེ་བསྟན་ནས། འགྲོ་དོན་བྱས་ན་ཇི་སྲིད་བདག་འཛིན་དང་མ་བྲལ་གྱི་བར་དུ་རྒྱུ་འབྲས་མི་བསླུ། དེས་ནག་པོ་རྣམས་མི་སྤྱོད་པས་ངན་སོང་གི་སྒོ་ཁེགས། ཆོས་སྤྱོད་དཀར་པོ་རྣམས་སྤྱད་པས་མཐོ་རིས་སུ་རྒྱུ་འབྲས་མི་བསླུ་སྟེ། ཁང་བཟང་ནས་ཁང་བཟང་དུ་འགྲོ་བ་དང་འདྲ་བར་གྱུར་ནས་གདུལ་བྱའི་བྱ་བ་ཆུད་མི་གསན་བའི་གཏན་ཚིགས་དེ་བས་ན། སློབ་དཔོན་གྱིས་ཐེག་པ་ཀུན་ལ་མཁས་པར་བྱ་དགོས་པར་བསྟན་པ་ནི། སློབ་དཔོན་གྱིས་ཅེས་པ་ལ་སོགས་པ་སྟེ། རྡོ་རྗེ་སློབ་དཔོན་གྱིས་བཟུང་བ་ཀུན་གྱིས་ཀྱང་། ཁམས་གསུམ་འཁོར་བའི་སྐྱོན་དང་ཞེས་པ། རྒྱུ་རྐྱེན་ངོ་བོ་མཚན་ཉིད་རྣམས་ཤེས་པར་བྱས་ནས། སློབ་མ་དེ་ལ་སྐྲགས་ནས་སྐྱོ་བ་སྐྱེ་པ་དང་། མྱ་ངན་ལས་འདས་པའི་རྒྱུ་རྐྱེན་མཚན་ཉིད་ངོ་བོ་ཡོན་ཏན་རྣམས་ཤེས་པར་བྱས་ནས་བཤད་དེ་སློབ་མས་གོ་ནས་བྲོད་པ་བསྐྱེད་པ་དང་། ཐེག་པ་ཐམས་ཅད་ལ་མཁས་པར་བྱ་བ་ཡིན་གྱི། ཞེས་པ། དཀྱུས་འདི་ཉིད་དུ་བསྟན་པའི་མུ་སྟེགས་ཡན་ཆད་ཐེག་པ་དགུའི་ལྟ་སྤྱོད་སྒོམ་པ་ལ་སོགས་པ་སྐོལ་མདོར་དབྱེས་པ་ཐམས་ཅད་ལ་མཁས་པར་བྱས་ན། སློ་མ་ལ་ཡང་བློ་ཚོད་དང་སྦྱར་བའི་ཐེག་པ་དེ་དང་དེ་བསྟན་ནས་ཆུད་མི་ཟ་བས་ཆོས་གྲྭའི་སློབ་དཔོན་ཆེན་པོས་ཐེག་པ་ཀུན་ལ་མཁས་པར་བྱ་བ་ཡིན་གྱི། ཞེས་སོ། །ཕྱོགས་འགའ་ཤེས་པས་སློབ་དཔོན་གྱི་ས་བཟུང་དུ་མི་རུང་བར། ཞེས་པ། །གདུལ་བྱ་བློ་ཆེ་ཆུང་གི་འཚམས་ཚད་དུ་སྟོན་དགོས་པའི་གཏན་ཚིགས་དེས་ན། སློབ་དཔོན་གྱི་ཕྱོགས་འགའ་ཞེས་པ། ཐེག་པ་ཆེ་ཆུང་གང་ཡིན་པའི་ཕྱོགས་འགའ་དང་། གཅིག་ཤེས་པས་ནི་དོན་སྟོན་མི་ནུས་པར་གསུངས་ཏེ། དེ་ནི་བླ་མ་དམ་པ་བདེ་བར་གཤེགས་པ་ཆེན་པོས་ཀྱང་། མི་མཁས་གང་ཟག་གིས། །སྐུད་པ་ཕྲ་སྦོམ་རྣམས། ཁབ་མིག་གཅིག་ལ་འདྲེན། །ཞེས་གསུངས་སོ། །རྒྱ་ཆེར་འབྱུང་ངོ་ཞེས་པ། དགུ་བསྟན་བཅོས་དང་བཅས་པ་ལས་འབྱུང་བས་ན་རྒྱས་ཆེར་ཞེས་བྱ་སྟེ། དགོངས་འདུས་དང་། གསང་འདུས་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དང་། དེ་ལ་སོགས་སྟེ་གསང་སྔགས་ཕྱི་ནང་ཀུན་དང་། སོགས་པ་བརྒྱད་ཀྱིས་གཏན་ལ་དབབ་པའི་མདོ་སྡེ་ལ་སོགས་པའི་མདོ་སྡེ་རྣམས་དང་། གཞུང་འདི་ཉིད་ལ་སོགས་པའི་བསྟན་བཅོས་རྣམས་ལས་འབྱུང་ངོ་། །སྤྱོད་པ་བསྟན་པ་ལ་གཉིས་ཀྱི་མདོ་ནི། ལྟ་བའི་ཁྱད་པར་གྱིས་ཞེས་པ་སོགས་པ་འཇིག་རྟེན་དང་འདས་པའི་ལྟ་བའི་ཁྱད་པར་དང་། འཇིག་རྟེན་པ་རང་ལའང་ལྟ་བ་ཡོད་མེད་ཀྱི་ཁྱད་པར་དང་། འདས་པའི་ཐེག་པ་དགུ་སོ་སོའི་ལྟ་བ་ནི་རིས་མི་འདྲ་བའི་གོང་འོག་གི་ཁྱད་པར་གྱིས། དཀའ་ཐུབ་དང་ཞེས་པ། བསྲུང་བའི་ངོས་སམ། ཡང་ན་སྲུང་སྟེ་རྣམ་པར་དག་པ་ལྟ་བུའོ། །བརྟུལ་ཞུགས་ཀྱིས། ཞེས་པ། སྤྱོད་པ་ཤེས་ཆེ་བའི་ངོས་ནས་སམ། ཡང་ན་གང་ཡིན་ཡང་དངོས་སུ་ཉམས་སུ་བླང་བདེ་བའི་ངོས་ནས་སོ། །བྱེ་བྲག་ཏུ་འགྱུར་ཏེ། ཞེས་པ། གོང་གི་ལྟ་བའི་ཁྱད་པར་བཞིན་དུ་སྤྱོད་པའང་དེ་ལྟར་སྣང་བ་སྟེ། དེས་ན་སོ་སོའི་སྤྱོད་པ་རྣམས་སུ་འགྱུར་རོ། །སྤྱོད་པ་ཡོད་མེད་ཀྱི་ཁྱད་པར་སྤྱིར་བསྟན་པ་ནི། དཀའ་ཐུབ་མེད་པ་ནི་ཞེས་པ་ལ་སོགས་པ་སྟེ། བསྲུང་བ་སྤྱོད་པ་ཉམས་སུ་བླང་རྒྱུ་མེད་པ་ནི། འཇིག་རྟེན་ཕྱལ་པ་མུར་ཐུག་གོ། །དཀའ་ཐུབ་ཡོད་པ་ནི་རྣམ་པ་བཞི་སྟེ། འཇིག་རྟེན་འདི་བསྒྲུབ་པའི་རྒྱང་འཕེན་དང་། འབྲས་བུ་ཚོལ་བ་ལ་ཞུགས་ཀྱང་ལོག་པར་སོང་བའི་མུ་སྟེགས་ཏེ། འཁོར་བ་ལས་མི་འདའ་བས་འཇིག་རྟེན་གྱི་དཀའ་ཐུབ་ཅེའོ། །གཞན་ཡང་འཆད་པར་འགྱུར་བའི་ཉན་ཐོས་ཏེ། ཐེག་པ་དམན་པ་གཉིས་ཀྱི་དཀའ་ཐུབ་དང་། གཞན་དོན་ཆེད་དུ་གཉེར་བ་བྱང་ཆུབ་སེམས་དཔའི་དཀའ་ཐུབ། ཕལ་ལ་མེད་ཅིང་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་བླ་ན་མེད་པའི་དཀའ་ཐུབ་པོ། །དེ་ལྟར་སྤྱིར་བསྟན་ནས། རྒྱས་པར་དཀའ་ཐུབ་མེད་པ་གཉིས་ནི། དེ་ལ་ཕྱལ་པ་ནི་ཞེས་པ་ལ་ལོགས་པ་སྟེ། གོང་དུ་བྱུང་གདབ་པའི་གཞི་དེ་ལས་ཕྱལ་བ་བཀར་ནས་བསྟན་པ་ནི། རྒྱུ་འབྲས་ལ་རྨོངས་པས་ཞེས་པ། དགེ་བ་སྤྱོད་པས་མཐོ་རིས་ཀྱང་མི་ཤེས། མི་དགེ་བ་སྤྱད་པས་ཀྱང་ངན་སོང་ཡང་མི་ཤེས། ཚེ་སྔ་མ་དང་ཕྱི་མ་འདིའང་རྒྱུ་འབྲས་ཀྱི་བྱ་བ་རྣམས་ལ་བློ་མ་ཞུགས་ཏེ། མགོ་རྨོངས་པ་ནི་མ་རྟོས་པའི་ཕྱིར་ཞེ་འདོད་མེད་པས་སྒྲུབ་པ་མེད་སྟེ། དེས་ན་འགྲུབ་བྱེད་ཀྱི་དཀའ་ཐུབ་མེད་དོ། །མུར་ཐུག་པ་ནི། ཚེ་ཕྱི་མ་མེད་དེ་འཇིག་རྟེན་འདི་ཁོ་ན་ཡིན་ལ་མཐའ་ཆད་པར་ལྟ་སྟེ། འདི་སྣང་བའང་སྟེས་དབང་གིས་སྤང་ལ་ཤ་མོང་སྐྱེ་བའི་ཚུལ་དུ་གློ་བུར་སྐྱེ་བས་ཕྱི་མའི་འབྲས་བུ་མེད་པས་འདིར་རྒྱུས་བསྐྱེད་པ་མེད་སྟེ། ལོག་པར་རྫོགས་པའི་ཕྱིར་དམ་དུ་བཅའ་དཀའ་ཐུབ་མེད་སྟེ། དཀའ་ཐུབ་ཡོད་པའི་རྒྱང་འཕེན་ནི། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་བློ་མ་ཞུགས་ཀྱང་ཚེ་འདི་ལ་གཞན་པས་དཔག་པའི་ཁྱད་པར་ཚེ་རིང་བ་དང་། ནད་མེད་པ་དང་། ནོར་ཕྱུག་པ་དང་། རིགས་རྒྱུད་འཕེན་པོ་བསྒྲུབ་པའི་ཕྱིར་གཙང་སྦྲ་ཞེས་བྱ་སྟེ། གཙང་རྩོག་འཇོམ་པ་དང་། སྨེ་མནོལ་བསྲུང་བ་དང་། ཁྲུས་དང་འཇིག་རྟེན་གྱི་ལྷ་ལ་བསང་ལ་སོགས་པ་བྱེད་པ་དང་། གཞན་ཡང་རྒྱལ་རིགས་དང་བྲམ་ཟེའི་རིགས་སོ་སོ་ནང་དུ་མི་ཉམས་པར་བྱ་བའི་ཤ་མི་ཟ་བ་དང་། ཁ་འཕྲོ་བསྲུང་བ་དང་། གདོལ་པ་ལས་ཕྱོགས་བསྲུང་བ་རྣམས་སོགས་ཁོངས་སུ་བསྡུ་སྟེ། དེས་ཀྱང་ལས་དཀར་ནག་ནི་རྒྱུ་འབྲས་དང་ཚེ་སྔ་ཕྱིའི་བྱེད་པ་རྣམས་མ་རྟོགས་ཏེ་ནག་པ་ལ་འཛོམ་པའང་མེད། དཀར་བ་ལ་བླང་བའང་མེད་པས་ཡང་དག་པའི་དོན་ལས་རྒྱང་རིང་དུ་སོང་བ་དང་། ཚེ་འདིའི་ཕན་པ་བསྒྲུབ་པའི་སྤྱོད་པའི་བརྟུལ་ཞུགས་ཅན་པས་མ་རྟོགས་པའོ། །མུ་སྟེགས་པ་ནི། ཞེས་པ་ལ་སོགས་པ་སྟེ། ལོག་པར་རྟོགས་པའི་ཉམས་པ་ནི། བདག་རྟག་པ་གཅིག་ཡོད་པ་ཞེས་པ། འགྲོ་བ་ཀུན་གྱི་ལུས་ཀྱི་ཁོང་ན་བདག་ཅེས་བྱ་བའི་རྟག་པ། ཆེ་ན་སྒོ་ང་བ་ཙམ། ཆུང་ན་ཡུངས་འབྲུ་ཙམ་ཡོད་པ་དེ་མ་དག་པའི་དུས་སུ་ངན་སོང་གསུམ་དུ་སྣང་ལ། དག་ན་འབྲས་བུ་ཐོབ་པར་བལྟ་བས་གྲོགས་ངན་པའི་སྟོབས་ཀྱིས་དེ་དག་པར་བྱ་བའི་ཕྱིར། སུན་འབྱིན་ཞིང་། ཞེས་པ། རང་གི་ལུས་སྡུག་བསྔལ་གྱིས་སུན་འབྱིན་ཅིང་སྨྲ་ཕབས་ཏེ་ངོ་བོ་གང་ཡིན་ན། མེ་ལྔ་བརྟེན་ཞེས་པས། ཕྱོགས་བཞིར་མེ་བཞི་བཏང་སྟེ་སྟོང་ནས་ཉི་མས་གདུང་པ་དང་ལྔས་དག་པར་རེ་བ་དང་། སོགས་ཁོངས་སུ་ལོ་སར་པའི་ཁྱགས་ཀྱིས་ཁྲུས་བྱེད་ན་དག་པར་བལྟ་བ་དང་། གཞན་ཡང་དབྱུག་གུ་གསུམ་པ་དང་། གཡང་ལ་མཆོངས་པ་དང་། གཅེར་བུ་དང་། རབ་པ་དང་། ཐལ་བས་བསྐུ་བ་དང་། གཞན་ཡང་ཁྱིིའི་བརྟུལ་ཞུགས་ཏེ་མུ་སྟེགས་པ་ལ་ལོག་ལྟ་མ་གཏོགས་པའི་མི་དགེ་བ་དགུ་བསྲུང་། བླ་གབ་མེད་པ་ལ་སོགས་པའི་གཙང་སར་བསྡུད། ཏིང་ངེ་འཛིན་རྩེ་གཅིག་ཏུ་བྱས་པས་མ་འཕྲོས་པའི་དབང་གིས་མིག་རྣོན་ལ་སོགས་པའི་མངོན་ཤེས་ཕྲ་བ་ཡོད་པས་ཁྱི་དང་བྱ་ལ་སོགས་པ་ཤི་ནས་ལྷར་སྐྱེ་བར་མཐོང་སྟེ། དེར་སྐྱེ་བའི་རྒྱུ་སྔ་མའི་དགེ་བའི་ལས་ཀུན་གཞི་ལ་ཡོད་པ་ནི་མ་མཐོང་ཞིང་མ་ཤེས་པས། སྤྱོད་པ་དེ་ཉིད་ཀྱི་སྟོབས་ཀྱིས་སྐྱེ་བར་མཐོང་བས། ཉལ་ཐབས་ལ་སོགས་པ་ཁྱིའི་སྤྱོད་པ་རྣམས་འཆང་བ་དང་། སྟེག་ལ་གནས་ཏེ་བྱའི་སྤྱོད་པ་འཆང་བ་དང་། ཉ་བཞིན་དུ་ཆུ་ལ་འཕྱོང་བའོ། །དེ་དག་ནི་ཁོའི་འབྲས་བུ་སྒྲུབ་པའི་ལམ་དུ་མཐོང་བས་ན་དཀའ་ཐུབ་དང་། ཐ་མལ་པ་བརྟུལ་ནས་སྤྱོད་པ་དེ་དག་ཉམས་སུ་བླང་བ་ལ་ཞུགས་པ་ནི། རྒྱུ་འབྲས་རེ་ཡང་སྤྱོད་པ་དེ་ལས་འབྲས་བུ་མི་འབྱུང་བས་ན་ལོག་པའི་སྤྱོད་པ་ཞེས་བྱའོ། །འདས་པའི་དཀའ་ཐུབ་ནི། ཉན་ཐོས་དང་དམན་པ་གཉིས། རང་ཉིད་ཁམས་གསུམ་གྱི་སྡུག་བསྔལ་མ་བཟོད་ནས་དེ་ལས་འདའ་བའི་ཐབས་ཀྱི་ཚུལ་ཁྲིམས་དང་སྤྱོད་པ་ལ་དཀའ་ཐུབ་ཅེས་བྱ་བ་ནི། འདུས་བ་ལས་ཞེས་པ། ལུང་སེལ་སོགས་པ་ཐམས་ཅད་ཚིག་འདི་བཞི་ལས་འཕྲོས་པས་ཐམས་ཅད་ཀྱི་རྩ་བའོ། །སྡིག་པ་ཐམས་ཅད་མི་བྱ་སྟེ། ཞེས་པ། སྡིག་པ་ནི་རྒྱུ་ལུས་ངག་ཡིད་གསུམ་བརླབ་པ་དང་དང་བཅས་པའི་ལས་སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་གྱིས་འབྲས་བུ་ངན་སོང་གསུམ་དུ་མནར་བས་ན་སྡིག་པ་ཞེས་བྱ་སྟེ། ཐམས་ཅད་ནི་རྟེན་གྱི་སྒོ་ནས་ལུས་ངག་ཡིད་གསུམ་དུ་འདུས་པ་ཐམས་ཅད་ངོ་བོའི་སྒོ་ནས་མི་དགེ་བ་བཅུ། ཕྲ་རགས་ཀྱི་སྒོ་ནས་རགས་པ་མི་བསད་པ་ལྟ་བུ། ཕྲ་བ་སྲོག་ཆགས་ཕྲ་བའི་ཕྲ་བ་སྟེ། བཅུ་ཀ་ལ་སྦྱར་རོ། །མི་བྱ་སྟེ་ཞེས་པ། རང་དོན་དུ་མི་བྱ་བ་ལྟ་ཨ་ཅང་ཡང་ཆེས་ཏེ། གཞན་དོན་དུ་འགྱུར་ཡང་མི་བྱ་བ་ནི་དགེ་སྡིག་གི་རྣམ་པ་ཀུན་རྫོབ་དང་དོན་དམ་སོ་སོར་ཡོད་པར་ལྟ་སྟེ། རང་ཞི་བ་འབའ་ཞིག་གིས་ཀུན་ནས་བསླང་བས་སོ། །དེ་ནི་སྡོམ་པའི་ཚུལ་ཁྲིམས་སོ། །དགེ་བ་ཕུན་ཚོགས་པར་སྤྱོད། ཅེས་པ། རྒྱུད་དགེ་བ་རྣམ་པར་དཀའ་བདག་ཉིད་ཅན་བདག་གཞན་ལ་བྱམས་པ་དང་། སྙོམས་པ་ཉིད་འབྲས་བུ་དགེ་བ་མཐོ་རིས་དང་ཐར་པར་སྣང་བས་སོ། །ཕུན་སུམ་ཚོགས་པ་ནི་དགེ་བ་བཅུ་ལ་སོགས་ཏེ་རང་དོན་དུ་འགྱུར་ལ། གཞན་ལ་མི་གནོད་པའི་ངོ་བོ་ཕྲ་རགས་ཚོགས་པར་སྤྱད་དེ་དེ་ལ་ནི་ཤེས་རབ་ཅེས་བྱའོ། །ཏིང་ངེ་འཛིན་ནི། རང་གི་སེམས་ནི་ཡོངས་སུ་འདུལ། ཞེས་ཏེ། ཉན་ཐོས་ཀྱི་ཚུལ་ཁྲིམས་དང་སྤྱོད་པ་ཐམས་ཅད་ཀྱི་རྩ་བ་ནི་རང་གི་སེམས་འདུས་བ་ཚུལ་བཞིན་མ་ཡིན་པ་ཡིད་ལ་མི་བྱེད་པ་འབའ་ཞིག་སྟེ། དཔེར་ན་ཤིང་རྟ་བླན་དཀའ་བ། སྲབ་ནི་སོ་སོར་ཐར་འདི་ཡིན། ཞེས་འབྱུང་བས། ཤིང་རྟ་མི་སྡོད་པར་རྒྱུག་པ་ལ་མཐུན་པའི་འཛེར་བུ་བཏབ་ན་ནི་སྡོད་ལ། མི་མཐུན་པའི་འཛེང་བུ་བཏབ་ན་ནི་འགྲོ་བ་བཞིན། བདག་གི་སེམས་རྟ་རྒོད་དང་འདྲ་བ་དེ་གང་ལ་བའི་ཕྱིར། སོ་སོར་ཐར་པའི་འདུལ་བ་དང་འདྲ་བ་ཉིད་ཀྱིས་རང་སེམས་འདུལ་བར་བྱས་པ་ནི་རྩ་བའང་ཡིན་ལ། ཡོན་ཏན་ནམ་འབྲས་བུའང་ཡིན། འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་པ། བརྗོད་བྱེད་ཀྱི་ཚིག་གསུམ་པོ་དེའང་དེས་མཚོན་པའི་ཚུལ་ཁྲིམས་གསུམ་པོ་དང་འདི་ནི་སྤྲུལ་པའི་སྐུ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པའི་ངོ་བོ་ཡིན་ཏེ། དེའང་སྟོན་པ་འཇིག་རྟེན་དུ་བྱོན་མ་ཐག་ཏུ་གསུང་བའོ། །ཞེས་ལུང་ལས་འབྱུང་སྟེ། དགེ་བ་བཅུ་ལ་སོགས་པའི་རྣམ་པར་དགར་བའི་ཆོས་ཐམས་ཅད་དང་། མི་དགེ་བཅུ་ལ་སོགས་པ་རྣམ་པར་གནག་པའི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་ཡང་ཐ་དད་དེ། དགེ་བ་ཀུན་རྫོབ་ཀྱིས་མཐོ་རིས། སྡིག་པ་ཀུན་རྫོབ་ཀྱིས་ངན་སོང་། དོན་དམ་པར་ཡང་ཐ་དད་སྟེ། རྡུལ་ཕྲ་རབ་དག་སྐད་ཅིག་མར་མཚུངས་པས་དེས་ན་སོ་སོར་ཡོད་པར་ལྟ་བས། དགེ་བའི་ནི་སྤྱད་ཅེས་པ། གཏན་ཚིགས་གོང་མས་དགེ་བ་ནི་དང་དུ་བླང་ཞིང་སྤྱོད། མི་དགེ་བ་ནི་གཞན་དོན་དུ་འགྱུར་ནའང་སྤོང་བས་བསྲུང་བའི་ཚུལ་ཁྲིམས་ཀྱི་དཀའ་ཐུབ་དང་། ཐ་མལ་པ་ལས་བརྟུལ་ཞིང་རང་གི་སྤྱོད་པའི་དངོས་པོ་སྡོམ་པ་ལ་ཞུགས་པའི་སྤྱོད་པའོ། །དེས་ན་ཕྱོགས་རྟོགས་ཞེས་བྱ་སྟེ། དོན་དམ་པ་ཇི་བཞིན་པ་མ་རྟོགས་པའི་ཕྱོགས་ཆོས་སོ། །བྱང་ཆུབ་སེམས་དཔའི་དཀའ་ཐུབ་ནི། ཞེས་པ་སྙིང་རྗེ་ཆེན་པོས་ཁམས་གསུམ་གྱི་སྡུག་བསྔལ་མ་བཟོད་དེ། དེ་དག་གི་ཆེད་དུ་ས་བཅུ་རིམ་པ་བཞིན་བགྲོད་ནས་བདག་གཞན་གྱི་དོན་གཅིག་ཆར་དུ་སྤྱོད་པ་ལ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེའི་སྤྱོད་པ་དང་ཚུལ་ཁྲིམས་ཐུན་མོང་དུ་བསྟན་པས་སོ། །དཀའ་ཐུབ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ལས་ཞེས་པ། དེ་སྟོན་པར་བྱེད་པའི་གཞུག་ཉི་ཤུ་པ་ལས། རྐྱེན་དུ་འཚམ་པར་དོན་མི་བྱེད། ཅེས་པ། གཞན་དོན་བྱེད་པར་ཁས་བླངས་ཏེ་སྤྱོད་པ་ལ་ཞུགས་ན་ཕ་རོལ་པའི་དོན་དུ་གྱུར་པའོ། །རྐྱེན་དུ་འཚམ་པའི་ནུས་པ་རང་ལ་ཡོད་བཞིན་དུ་དེའི་དོན་མི་བྱེད་པ་སྟེ་སྡིག་པའི་ལས་བྱེད་པ་མི་བཀག་ནས་བྱེད་དུ་བཅུག་པ་ལྟ་བུ། དགེ་བའི་ལས་ལ་མི་བསྐུལ་ནས་འཕྱལ་བར་བཞག་པ་ལྟ་བུ་དང་། ཡང་རྐྱེན་དུ་འཚམ་པར་ཞེས་བྱ་སྟེ། ཐེག་པ་ཆེན་པོས་དོན་མི་བྱེད་ནས་ཐེག་ཆུང་ལ་སྦྱོར་ནའང་དེ་དག་བྱང་ཆུབ་སེམས་དཔའི་ལྟུང་བའོ། །ཡང་མི་འདུལ་བཞིན་དུ་འདུལ་བར་བྱེད་ནའང་རྐྱེན་དུ་མི་འཚམ་ཏེ་ལྟུང་བའོ། །མདོར་ན་གཞན་དོན་དུ་འགྱུར་ན་ཅི་ཡང་ཉམས་སུ་བླང་བ་ནི། དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་མ་བསད་ན་བྱང་ཆུབ་སེམས་ལས་ཉམས་པ་ལས། བསད་པས་མཉམས་པའང་རྐྱེན་དུ་འཚམ་པར་དོན་བྱེད་པ་ཡིན་ལ། མ་བསད་ན་མི་བྱེད་པའོ། །རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། ཅེས་པ་ལ་སོགས་པ་མཐུ་དང་རྫུ་འཕྲུལ་བསྟན་ནས་བསྡིགས་པ་ལ་སོགས་པ་རྣམས་ཀྱིས་ཡུལ་དེ་དགེ་བ་ལ་འཁོར་བའི་སྐབས་སུ་ཐབས། ནུས་པ་ཡོད་པ་ལ་དེ་ལྟར་མི་བྱེད་པ། བྱང་ཆུབ་སེམས་དཔའི་ལྟུང་བའོ། །སོགས་ཁོངས་སུ་བྲིད་པ་དང་བརྔན་པ་སྦྱིན་པ་དང་ཐབས་ཅིའི་སྒོ་ནས་ཀྱང་འགྲོ་བ་རྣམས་དགེ་བ་ལ་སྦྱོར་བ་ནི། བྱང་ཆུབ་སེམས་དཔའི་བསླབ་པ་ཡིན་པ་ལ། དེ་དག་མི་བྱེད་ན་བྱང་ཆུབ་སེམས་དཔའི་འགལ་བའོ། །དོན་དེས་ན་བྱང་ཆུབ་སེམས་དཔའི་དཀའ་ཐུབ་ནི་གཞན་དོན་དུ་འགྱུར་བ་འབའ་ཞིག་ཡིན་ལ། དེར་འགྱུར་ན་ཅིའང་ཉམས་སུ་བླང་ཞེའོ། །དེའི་གཏན་ཚིགས་ནི། སྙིང་རྗེར་ལྡན་དང་བྱམས་ཕྱིར་དང་། ཞེས་པ། སྙིང་རྗེ་ནི་ཐམས་ཅད་ཀྱི་རྒྱུ་རྐྱེན་འབྲས་བུ་རྣམས་ཀུན་ནས་ཀུན་ཏུ་སྡུགས་བསྔལ་གྱི་རྒྱུན་པར་གནས་པ་ལ་གདུང་སྟེ་མ་བཟོད་ནས་སེམས་འཕྲོག་པའོ། །བྱམས་པ་ནི། སྦྱོར་དངོས་རྗེས་གསུམ་གྱིས་དེ་དག་སྡུག་བསྔལ་དང་བྲལ་ཏེ་བདེ་བ་ལ་བཀོད་པའི་རྣམ་པའོ། །དེས་ན་བྱང་ཆུབ་སེམས་དཔའ་ལ་བསམ་པ་དེ་གཉིས་དང་ལྡན་པའི་དབང་དང་། སེམས་དགེ་བ་ལ་ཉེས་པ་མེད་ཅེས་པས་སེམས་དགེ་བ་ནི། རྒྱུ་རྐྱེན་འབྲས་བུ་ཐམས་ཅད་ཀྱི་ངོས་ནས་གཞན་ལ་བསམ་པ་བཟང་པོ་གནག་ཆོས་དང་བྲལ་བ་དུང་ལྟ་བུ་ཡོད་པས་རྩ་བ་དེས། ཉེས་པ་མེད་ཅེས་པ། བསམ་པ་དཀར་ན་སྦྱོར་བ་གནག་ཀྱང་སླ་བས། དཔེར་ན་རྒྱལ་པོ་མེ་ལྟ་བུ་སྟེ། སེམས་ཅན་གྱི་དོན་དུ་འགྱུར་ན་མི་དགེ་བ་སྤྱད་པའི་ཉེས་པས་མི་གོས་ཏེ། རྔོན་པ་དང་སྨད་འཚོང་མའི་སྒྲུངས་བཞིན་ནོ། །ཞེས་གཞུང་ལས་འབྱུང་སྟེ། གཞི་སྙིང་རྗེ་ཆེན་པོས་ཀུན་ཏུ་ཟིན་ན་འགྲོ་བའི་དོན་དུ་སྤྱོད་པའི་ཆོས་ཐམས་ཅད་རྣམ་པ་དགེ་བ་དང་། མི་དགེ་བ་གང་སྤྱོད་ཀྱང་གཞན་གྱི་དོན་དུ་འགྱུར་བས་རང་གི་སྡོམ་པ་ཉམས་པར་མི་འགྱུར་ཏེ། མདོར་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཅི་བྱེད་ཀྱང་སྙིང་རྗེས་གཞི་བཟུང་ནས་འགྲོ་བའི་དོན་འབའ་ཞིག་སྤྱོད་དེ། རང་དོན་ལ་རག་མ་ལས་པ་ལྟ་བུའོ། །གསང་སྔགས་ཀྱི་སྤྱོད་པ་ལ་གཉིས་ཀྱི། མཉམ་པའི་སྤྱོད་པའི་སྤྱོད་པ་ནི། བླ་ན་མེད་པའི་དཀའ་ཐུབ་ནི། ཞེས་པ་ལ་སོགས་ཏེ། འདིར་གསང་སྔགས་ཕྱི་ནང་དྲུག་ཏུ་ཡོད་པ་ལ། མ་ཕྱེས་པ་ནི་སྤྱིར་གསང་སྔགས་ཙམ་ལྟ་སྤྱོད་མཉམ་པ་ཉིད། དབྱེར་མེད་པར་ཕྱོགས་མཐུན་པ་དང་། འདི་ཉིད་བསྟན་པས་འགོ་མ་རྣམས་ཀྱང་ཤུགས་ཀྱིས་ཤེས་པ་དང་། དཀྱུས་ཐད་ཀ་ཞར་ལ་བསྟན་པའོ། །བླ་ན་མེད་པའི་གསང་སྔགས་ཀྱི་ཐེག་པ་སྟེ། ཐེག་པ་གང་གིས་ཀྱང་མ་རེག་པ་མཐར་ཐུག་པ་འབྲས་བུའི་ངོ་བོ་ཉེ་བར་རྫོགས་པ་ཆེན་པོའོ། །དེའི་མི་འགགས་པ་བསྲུང་བ་དང་སྤྱོད་པ་ཐུན་མོང་དུ་བསྟན་པ་ལ་ནི། དཀའ་ཐུབ་ཅེས་བྱ་སྟེ། ངོ་བོ་ནི་གཉིས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ནང་དུ་ལྷུན་གྲུབ་པའོ། །དམ་ཚིག་ཆེན་པོའི་མདོ་ལས། ཞེས་པ། འབྲས་བུ་མཉམ་པ་ཉིད་འབའ་ཞིག་སྟོན་པས་དམ་ཚིག་ཆེན་པོའོ། །དེའི་མདོ་ནི་གསང་བའི་སྙིང་པོའི་དམ་ཚིག་གི་ལེའུ་བཅུ་དགུ་པའོ། །སངས་རྒྱས་ཐེག་པར་རབ་ངེས་ན། ཞེས་པ། འབྲས་བུའི་ཐེག་པ་འདི་སངས་རྒྱས་ཞེས་བྱ་སྟེ། ཕྱི་ནང་གི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སངས་རྒྱས་པ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་སུ་ད་ལྟ་ཉིད་དུ་སྟོན་པས་ལམ་དང་འབྲས་བུ་གཉིས་ཀ་མཐར་ཕྱིན་པའི་དོན་གྱིས་ཅིག་ཆར་དུ་སྐྱོལ་བར་བྱེད་པས་ན་ཐེག་པ་རབ་ངེས་ན་ཞེས་པ། ངོ་བོ་དང་། རྣམ་པ་གཉིས་ཏེ། རྣམ་གྲངས་ནི་དམ་ཚིག་གི་གཞུང་རྣམས་མ་ཉམས་པར་ཉམས་སུ་ལོན་པའི་སྟོབས་ཀྱིས། ཏིང་ངེ་འཛིན་ཀྱང་ཅི་ལྟར་དམིགས་པ་བཞིན་དུ་བཏུབ་པ་དང་། རྟོགས་པ་བཞི་དང་མཉམ་པ་བཞིས་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་དགོངས་པར་ལྷུན་གྱིས་གྲུབ་པ་ལ་འགྱུར་ལྡོག་མི་མངའ་བ་ནི་ངེས་པ་ཞེས་བྱ་སྟེ། གནས་སྐབས་དེའི་ཚེ་ན། ཉོན་མོངས་འདོད་ལྔ་ཀུན་སྤྱོད་ཀྱང་། ཞེས་པ། སྤང་བྱ་ཉོན་མོངས་པ་ལྔ་དང་། འགྲོ་བ་ཀུན་གྱི་ལོངས་སྤྱོད་པའི་འདོད་པའི་ཡོན་ཏན་ལྔ་དང་། ཀུན་གྱི་སྒྲས་འོག་མ་རྣམས་ཀྱིས་གནག་པའི་ལས་སུ་བལྟས་པའི་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་ལ་སོགས་པའོ། །དེ་དག་མི་འགགས་པའི་ངོས་ནས་སྤྱོད་ཀྱང་། ཞེས་པ། ཆེད་འཛིན་དང་བྲལ་བ་ནམ་མཁའ་ལྟ་བུའི་བློ་འཆོང་བའི་སྐྱེས་བུ་ལ་སྤྱོད་ཀྱང་མ་གོས་ཏེ། དེའི་དཔེ་ནི་པདྨ་ལ་ནི་འདམ་བཞིན་ཏེ། ཞེས་པ། པདྨ་འདམ་ན་གནས་ཀྱང་འདམ་གྱི་ཉེས་པས་མ་གོས་ཏེ། ཁ་དོག་ཕུན་སུམ་ཚོགས་ལ། མ་གོས་པར་མ་ཟད་འདམ་ན་གནས་པ་ཉིད་ཀྱིས་པདྨའི་དྲི་དང་ཁ་དོག་གསལ་བར་བྱེད་པ་དང་འདྲ་བར། འདམ་དང་འདྲ་བའི་བཤད་པའི་འཁོར་བའི་ཆོས་རྣམས་ལ་སྤྱོད་ཀྱང་ཉེས་པའི་གཞི་གཟུང་འཛིན་ཡིན་པ་ལ། གཟུང་འཛིན་དག་པ་ནམ་མཁའ་བཞིན་པས་མི་གོས་ལ། དེར་མ་ཟད་ཉོན་མོངས་པ་ལྔ་ལ་སོགས་པ་འཁོར་བའི་ཆོས་རྣམས་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ནི་པདྨ་འདམ་གྱིས་བསྐྱེད་པ་དང་འདྲ་ལ། དེ་ལ་ཆེ་བའི་ཡོན་ཏན་ཐམས་ཅད་རང་སྣང་བའོ། །དེ་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས། ཞེས་པ། དེ་ལྟ་བུའི་རྟེན་གྱི་གང་ཟག་དེ་ལ་ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། ཕུན་སུམ་ཚོགས་ཞེས་པས། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། གསང་སྔགས་ཀྱི་དམ་ཚིག་རྣམས་ཀྱི་འབྲས་བུ་མངོན་དུ་བྱས་པ་དགོངས་པ་ལ་རྫོགས་པ་ནི་མཐར་ཐུག་པ་མེད་པའི་བསྲུང་བ་ཐམས་ཅད་རིག་པ་ཉིད་ལས་མི་གཞན་པས་རྣམ་གྲངས་རྫོགས་པས་ཕུན་སུམ་ཚོགས་ཞེས་བྱ་ལ། ཡང་ན། ཚུལ་ཁྲིམས་ཕུན་སུམ་ཚོགས་ཞེས་པ། ཚུལ་ཁྲིམས་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་ནི་དགོངས་པ་དེ་ལྟ་བུ་མངའ་བས་བཤད་པ་ལྟར་ལས་དང་ཉོན་མོངས་པ་རིལ་ལ་སྤྱད་ཀྱང་། ཞེས་ཡང་བྱས་པ་མེད་པ་ཉིད་ཀྱི་དགོངས་པ་ཉམས་སུ་ལོན་པ་ནི་ཉེས་པ་རྩ་བ་ནས་བྲལ་ནས་སྡོམ་པའི་ཚུལ་ཁྲིམས། གཞན་དོན་དུ་འགྱུར་ན་རྩ་བ་བཞི་ལ་སོགས་ལ་གང་ཡང་སྤྱོད་པས་གཞན་གྱི་དོན་དུ་འགྱུར་བ་ནི་དོན་བྱེད་པའི་ཚུལ་ཁྲིམས་སོ། །སྐུ་གསུམ་འགྱུར་བ་མེད་པ། རྫོགས་པ་ཆེན་པོའི་སྐུ་གསུང་ཐུགས་ལས་མི་ཉམས་པ་ནི། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་སོ། །ཞེས་རྒྱུད་ལས་འབྱུང་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེའམ་གདོད་མ་ནས་མཉམ་པ་བཞིའམ་གཉིས་ཀྱི་ངོ་བོ་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་རང་བཞིན་ལས་འདས་ཉམས་མེད་པ་སྟེ། ཁམས་གསུམ་རང་རིག་ཉིད་དུ་གསལ་བའི་ཕྱིར་ན། འོག་མ་བཞིན་ཡུལ་དང་ཡུལ་ཅན་གྱི་སྙིང་རྗེས་ཀྱང་ལྷག་པར་བསྟེན་དུ་མེད་སྟེ། ངོ་བོ་ཉིད་ཀྱི་སྙིང་རྗེ་ཆེན་པོ་ལ་འབྲལ་བ་མེད་པས་སོ། །གཞི་དེ་ལས་ཞེ་སྡང་ནི་སྤང་དུ་མེད་དོ་ཞེས་པ། ཞེ་སྡང་མནར་སེམས་དགུ་དང་ལྡན་པའི་མཚན་ཉིད་ཀྱང་། རིག་པ་བྱང་ཆུབ་སེམས་སུ་གཅིག་སྟེ་ཡུལ་མེད་པ་དང་། ནམ་མཁའ་དངོས་པོར་མི་སྣང་བ་བཞིན་ཞེ་སྡང་གཏན་ནས་མ་གྲུབ་པ་དང་། མ་འགགས་པར་སྣང་བ་ཉིད་ཀྱང་སེམས་ཉིད་ཀྱི་ངང་དུ་རང་བཞིན་མེད་པ། མདོར་ན་གཏན་ནས་མ་གྲུབ་པ་ལ་ནི་སྤང་དུ་མེད་ཅེས་བྱའོ། །འོ་ན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གྱུར་ན་ཐེག་པ་ཆེན་པོའི་ལམ་གྱི་ངོ་བོ་སྙིང་རྗེ་ཡེ་མེད་པ་མ་ཡིན་ནམ་ཞེ་ན། མ་ཡིན་པར་བསྟན་པ་ནི། དེ་ལྟར་མ་རྟོགས་པ་རྣམས་ལ་ཞེས་པ་ལ་སོགས་ཏེ། དེ་ལྟར་ཞེས་པ་ནི། གོང་མ་མཉམ་པ་ཉིད་ཀྱི་དོན་ནོ། །མ་རྟོགས་པ་ནི་དོན་ཉམས་སུ་མ་མྱོང་བའོ། །རྣམས་ནི་གཉིས་ཏེ། གཏན་ནས་མ་རྟོགས་པ་ཁམས་གསུམ་གྱི་སེམས་ཅན་རྣམས་སམ། ཅི་བཞིན་པར་མ་རྟོགས་པ་བློའི་རིམ་པའི་བྱེ་བྲག་གིས་ཐེག་པ་བརྒྱད་པོ་རྣམས་ལ་ཐུགས་རྗེ་མི་འབྱུང་བའང་མ་ཡིན་ཏེ། ཞེས་པ། སྤྱིར་ཁམས་གསུམ་གྱི་སེམས་ཅན་ལ་ཐུགས་རྗེ་མི་འབྱུང་བ་མ་ཡིན་ཏེ། རང་རང་གི་བློ་རྟོག་གི་སྣང་བ་དོན་བྱེད་ནུས་པ་རྒྱུན་མི་ཆད་པའང་ངོ་བོ་ཉིད་ཀྱི་མཛད་པ་ཡིན་ལ། དེ་ཉིད་རྟོགས་པ་དང་དབྱེར་མེད་པའི་མཛད་པ་ཤར་རོ། །ཉེ་བར་ཐེག་པ་བརྒྱད་པོ་ལ་ཐུགས་རྗེས་མི་འབྱུང་བའང་མ་ཡིན་ཏེ། ཐེག་པ་བརྒྱད་པོ་མ་འགགས་པ་དང་ཐེག་པ་སོ་སོའི་རྟེན་གྱི་གང་ཟག་རྣམས་ཀྱི་བློ་ངོ་ལ་བྱ་བ་མཐར་ཕྱིན་པར་མཛད་པ་ནི། རྒྱུད་ཆད་མེད་པའི་ཐུགས་རྗེ་སྟེ། བར་མཚམས་མེད་པར་འབྱུང་བ་རྒྱུན་མི་ཆད་པའོ། །དེ་ལྟར་མཐར་ཐུགས་པ་རྫོགས་པ་ཆེན་པོའི་དཀའ་ཐུབ་དང་བརྟུལ་ཞུགས་བསྟན་ནས། ཞར་ལ་གསང་སྔགས་ལྔ་པོའི་དཀའ་ཐུབ་དང་བརྟུལ་ཞུགས་བསྟན་པ་ནི། ཇི་ལྟར་ན་ཡེ་ནས་རྣམ་པར་དག་པ་རྟོགས་པ་བཞིན། ཞེས་པ། ཤེས་བྱ་ལྟ་བའི་ངོ་བོ་ཡེ་ཇི་ལྟར་ཡིན་པའི་དོན་དེ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ངང་ལ་ཕྱོགས་ཞེན་མི་མངའ་བའི་དག་པའི་ལྟ་བུའི་ངོ་བོ་རྟོགས་པ་བཞིན། ཞེས་པ། ལུང་ཨ་ནུ་ཡོ་ག་དབྱིངས་དང་ཡེ་ཤེས་རྒྱུ་འབྲས་སུ་རྟོགས་པ་དང་། མ་ཧཱ་ཡོ་ག་པས་ཐབས་དང་ཤེས་རབ་སུ་རྟོགས་པ་དང་། ཡོ་ག་པ་དག་གིས་ཡུལ་སེམས་སྟོང་པ་མཉམ་ཉིད་ཀྱི་རྟོགས་པ་དང་། ཀྲི་ཡ་ཆོས་ཐམས་ཅད་རིག་པ་མཐའ་བྲལ་གྱི་རྟོགས་པ་དང་མཐུན་བཞིན་དུ་བསྲུང་བའི་ཚུལ་ཁྲིམས་ཀྱི་དཀའ་ཐུབ་དང་། སྤྱོད་པའི་ཁྱད་པར་གྱི་བརྡུལ་ཞུགས་ཀྱང་རྟོགས་པ་དང་མཐུན་པ་དེ་ལྟར། རྣམ་པར་དག་པ་ཞེས་པ། ཀྲི་ཡ་བདག་སྤྱོད་ཆེད་འཛིན་གྱི་ངོས་ནས་རྣམ་པར་དག་པ་དང་། ཨུ་པ་ཡ་དེ་དང་མཐུན་པ་དང་། ཡོ་ག་པ་ལུས་གར་དང་ཕྱག་རྒྱ། ངག་སྔགས་དང་ཚིགས་བཅད། སེམས་ཏིང་ངེ་འཛིན་ལ་སེམས་མེད་པའི་རྣམ་པར་དག་པ་དང་། མ་ཧཱ་པ་དག་ཐབས་དང་ཤེས་རབ་དང་བླང་དོར་མེད་པའི་དོན་ཉམས་སུ་ལེན་པ་ཉིད་ཀྱིས་བླང་དོར་གཉིས་འཛིན་རྣམ་པར་དག་པ་དང་། ཨ་ནུ་དེ་དང་མཐུན་ཡང་མ་ཧཱ་བཞིན་དུ་དེ་ཉིད་དུ་འཛིན་པ་དང་བྲལ་བ་ནི་རྣམ་པར་དག་པ་ཞེས་བྱ་སྟེ་སྤྱོད་པའོ། །དེས་ན་ཉམས་སུ་བླང་བའི་ངོས་ནས་བརྟུལ་ཞུགས་ཞེས་བྱ་ལ། ཉམས་སུ་བླངས་ཏེ་མཐར་ཕྱིན་པའི་ངོས་ནས་དཀའ་ཐུབ་ཅེས་བྱའོ། །དེས་ན་བཤད་པའི་ཚིག་རྐང་གཉིས་པོ་དེས་གསང་སྔགས་ཕྱི་ནང་གི་སྤྱོད་པ་རྣམས་བསྟན་ལ། ཐུགས་རྗེ་མི་འབྱུང་བ་ཕྱིན་ཆོད་ཀྱི་སྦྱིས། ཐུགས་རྗེ་འབྱུང་བའི་ངོ་བོ་ཐེག་པ་དགུ་ཀུན་གྱི་རང་རང་གི་རྟོགས་པ་དང་མཐུན་པའི་སྡོམ་པ་དང་སྤྱོད་པ་རྣམས་ཤེས་པར་བྱའོ། །དེས་ན་རྫོགས་པ་ཆེན་པོ་ནི། མཐར་ཐུག་པའི་འབྲས་བུའི་ངོ་བོ་བཅུད་དམ་པ་ཡིན་པ་ཡིད་བཞིན་གྱི་ནོར་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། ཐེག་པ་ཀུན་གྱིས་བསྒྲུབ་པའི་འབྲས་བུ་ཡིན་པ་དང་། དེ་ཉིད་མི་འགགས་པ་ལས་གདུལ་བྱའི་བློ་ཚོད་དང་མཐུན་པ་བཞིན་དུ་ཐེག་པ་རྣམས་སྣང་བར་བསྟན་པ་ནི། རྒྱུད་ཉིད་ལས། རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་སོ། །དེ་ལྟར་དཀྱུས་ཚར་ནས། ཞབས་ཀྱི་དོན་སློབ་དཔོན་ཉིད་ཀྱི་སྨོན་ལམ་མིན། ལྟ་བའི་ཕྲེང་བའི་གསང་བ་འདི། ཞེས་པ། ལྟ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་བཅུ་གསུམ་སྟེ། དོན་ལས་མཚན་དུ་སྩལ་བའོ། །ཕྲེང་བ་ནི་དཔེ་ལས་མཚན་དུ་གསོལ་བ་སྟེ། ཕྲེང་བ་དང་ཐག་པ་གཅིག་ལ་བརྒྱུས་ཀྱང་རྡོག་པ་རྣམས་སོ་སོར་མ་འདྲེས་པ་དང་འདྲ་བར། ཆོས་མཉམ་པ་ཉིད་ཕྲེང་ཐག་ལྟ་བུ་ལས་ལྟ་བ་བཅུ་གསུམ་པོ་རྒྱུན་ཆགས་སུ་གྲལ་རིམ་མ་ནོར་བར་ཡོད་པས་སོ། །ཡང་ན་ཕྲེང་བ་ནི་མཛེས་པ་ཡིན། དེ་དང་འདྲ་བར་གདུལ་བྱ་རྣམས་སོ་སོ་རང་རང་གི་བློ་ངོ་ལ་རིག་པ་ཚིམ་ཞིང་མཛེས་པའི་བྱ་བ་བྱེད་པ་སྟེ། དེས་ན་གཡུ་ཐང་བཞིན་དུ་གོང་མས་འོག་མ་སུན་མི་འདོད་སོ་སོར་ཐེག་པ་རང་རང་གི་ངོ་བོ་བཀོད་པར་ངེས་སོ། །གསང་བ་འདི་ཞེས་པ་གཉིས་ཏེ། རང་བཞིན་གྱི་གསང་བ་དང་། མི་བསྟན་པ་གཉིས་ལས། རང་བཞིན་གྱིས་གསང་བ་ནི། བཤད་པ་དང་འཆད་པ་བཞིན་པས། རྟོགས་པའི་སྐལ་ལྡན་པས་ཕལ་གྱི་སྤྱོད་ཡུལ་མ་ཡིན་པས་སོ། །དོན་དེས་ན་སྣོད་དུ་མ་གྱུར་པ་ལ་ཡང་གསང་བས་བཤད་པ་བཞིན་ནོ། །འདི་ཞེས་བྱ་བ་ནི་བརྗོད་བྱ་བརྗོད་བྱེད་གཉིས་ཀྱི་ངོ་བོ་སྟོན་པས་སོ། །འོ་ན་ལྟ་བའི་ཕྲེང་བ་ཞེས་སྨོས་ན། གསང་བ་འདི་ཞེས་པ་རྫོགས་པ་ཆེན་པོ་ལ་བཞག་པ་ཅི་ཡིན་ཞེ་ན། འདིའི་རྒྱུད་ཀྱི་ཁུངས་ཀྱི་གཞུང་སྤྱི་ཡང་གསང་བར་བསྡུ་བ་དང་། ལྟ་བའི་རྣམ་གྲངས་བསྟན་པ་ཀུན་ཀྱང་རྫོགས་པ་ཆེན་པོ་མཐོང་བའི་ཐབས་ཡིན་པ་དང་། ལྟ་བ་རྣམས་སྤྱིར་བསྟན་ནས། དམིགས་ཀྱིས་རྫོགས་པ་ཆེན་པོ་བསལ་བས་སོ། །དམུར་ལོང་རང་ཕྱེའི་མིག་རྙེད་ལྟར། ཞེས་པ། དཔེར་ན་སེམས་ཅན་མ་ཁོང་ནས་མིག་ལོང་བས་མཐོང་སྣང་གི་དངོས་པོ་ཅི་ཡང་མིག་གི་ཡུལ་དུ་མ་གྱུར་པ་ཉིད་སྔ་མའི་ལས་ངན་པ་ཟད་པའི་སྟོབས་དང་། ལས་བཟང་པོ་སད་པའི་མགོ་མཉམ་པས་དེའི་སྟོབས་ཀྱིས་མིག་རང་ཕྱི་སྟེ་མིག་རྙེད་པར་གྱུར་ན་སྐད་ཅིག་མ་གཅིག་ལ་ཕྱི་ནང་གི་ཆོས་ཐམས་ཅད་བརྡ་འཕྲད་པ་རིམ་པ་བཞིན་དུ་སྐྱེ་མི་དགོས་པ་ལྟར། འདིར་དམུས་ལོང་དང་འདྲ་བའི་ཐོག་མ་མེད་པའི་མུ་ནས་མ་རིག་པ་གཉིས་ཀྱིས་ཤེས་རབ་ཀྱི་མིག་ལོང་སྟེ། ལས་གསུམ་གྱི་བག་ཆགས་ཀྱིས་བསྣན་ཏེ་བསྒྲིབས་པས། རང་བཞིན་རྫོགས་པ་ཆེན་པོའི་དོན་རང་དང་སྐད་ཅིག་ཙམ་མ་བྲལ་ཡང་། ཟུར་ཙམ་ཡང་མ་མཐོང་བའི་སྐབས་སུ། ལས་བཟང་པོ་སད་པ་དང་འདྲ་བའི་བསྐལ་པ་ཞིང་གི་རྡུལ་སྙེད་དུ་གསུམ་ལ་བློ་སྦྱངས་ཏེ། དཀྱིལ་འཁོར་མ་ལུས་བསྙེན་པའི་གང་ཟག་ཡང་རབ་ཀྱིས་ལས་ངན་པ་དག་པ་དང་འདྲ་བའི་མ་རིག་པ་གཏན་ནས་དག་མིག་རང་ཕྱེ་བ་དང་འདྲ་བའི་རྟོགས་པའི་ཤེས་རབ་རང་ལས་འཁྲུངས་ཏེ་རང་གི་རང་ངོ་ཤེས། རང་བཞིན་རྫོགས་པ་ཆེན་པོའི་དོན་གཅིག་ཆར་མངོན་དུ་གྱུར་པའི་ཤེས་རབ་ཐབས་ཀྱི་རྩལ་འཆང་བ། ཅེས་པ། བཤད་མ་ཐག་པའི་རིག་པ་ཉིད་ཆོས་ཐམས་ཅད་གང་དུའང་མི་དམིགས་པའི་ཤེས་རབ་དང་། ཅི་ཡང་མི་འགགས་པའི་ཐབས་ཏེ། དེ་དབྱེར་མེད་དུ་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པ་སྐད་ཅིག་ལ་རྟོགས་པར་ནུས་པའི་རྩལ་འཆང་བ་དེ་ནི་སྐྱེས་མཆོག་ཅེས་བྱ་སྟེ། བཤད་པ་ཉིད་ཀྱི་བསགས་པ་དང་སྦྱངས་པ་མཐར་ཐུགས་པ་ལས་སྣང་བས་ན་སྐྱེས། འདིར་ཐེག་པ་ཉིད་ཀྱི་སྣོད་དུ་གྱུར་པས་ན་མཆོག་ཡོད་ན་ཞེས་པ། དཀོན་པ་སྟེ་ལམ་ལ་ཞུགས་པ་ཁྲི་ཙམ་གྱི་ནང་ན་ཡང་། འདི་རྟོགས་སུ་རུང་བའི་གང་ཟག་གཅིག་ཙམ་ལས་དཀོན་པས་ན་དེ་ལྟ་བུ་ཡོད་ན་གཞུང་འདི་དང་འཕྲད་པར་གྱུར་ཅིག །དེ་ལྟར་འཕྲད་པ་ཙམ་གྱིས་སྣོད་བཅུད་འཛོམ་པས་རིག་པ་ལ་མཇལ་བ་ཐེ་ཚོམ་མི་ཟ་སྟེ། དཔེར་ན་མེ་ལོང་གཡའ་དག་པ་ལ་བཞིན་འཕྲད་པ་བཞིན་ནོ། །འོ་ན་གཞན་གྱི་བསྔོ་བ་འགྲོ་བ་ཡོངས་ལ་བསྔོ་ན། འདི་ལྟར་བསྔོ་བ་ཅི་ཞེ་ན། སྤྱིར་བསྟན་པ་འདི་ནི། འདི་ཉིད་ཀྱིས་འགྲོ་བ་ཡོངས་ལ་བསྔོ་བའང་ཡིན་ཏེ། དཔེར་ན་རི་དབང་གི་རྒྱལ་པོ་ཡོད་ན་དགོས་འདོད་ལྷུན་གྱིས་གྲུབ་པ་བཞིན། འདིར་བསྔོ་བ་བཞིན་གྱི་སྣོད་བཅུད་འཛོམ་ན་འགྲོ་དོན་ཕྱོགས་མེད་དུ་འཆར་བའོ། །དམིགས་ཀྱིས་བསལ་བ་ནི། རི་དབང་གི་རྒྱལ་པོ་སེམས་ཅན་གྱི་མདུན་དུ་སྣང་བར་གྱུར་ཅིག་བྱས་ཀྱང་། སྤྱོད་ཡུལ་དུ་མ་གྱུར་པས་མི་སྣང་ལ། ཟག་མེད་མཐོང་བ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་ཅིག་ཅེས་བརྗོད་ན། དེ་བཞིན་དུ་འགྱུར་བས་སློབ་དཔོན་ཉིད་རྩལ་ཆེན་རྫོགས་པའི་སྐྱེས་བུ་ཤེས་རབ་ཀྱི་འཕང་མཐོ་བའི་མཛད་པའོ། །མཚན་བསྟན་པ་ནི། ལྟ་བ་ཕྲེང་བ་ཅེས་པ། དོན་དང་དཔེ་གཉིས་ལས་བཏགས་པ་སྟེ་བཤད་ཟིན་ཏོ། །རྫོགས་སོ་ཞེས་པ། ཚིག་དོན་མ་ལུས་པའི་ཐ་ཚིག་གོ། །ཞེས་སོ།། ༈ །།རང་བཞིན་རྫོགས་པ་ཆེན་པོའི་དོན། །ཏིལ་མར་བཞིན་དུ་ཆོས་ཀུན་ལ། །གསང་བ་བཞི་ཡིན་ཆོད་ནས་གབ། །སྟོན་བྱེད་དྲུག་པ་ཀུན་བཟང་གིས། །སྤྱི་ལུང་གསང་བའི་སྙིང་པོར་བསྟན། །ཐམས་ཅད་མཁྱེན་པའི་ཐུགས་རྗེ་ཡིས། །གང་ཟག་རས་ཆོད་ཅན་དོན་དུ། །བརྡའ་དང་ཟུར་གྱིས་སྦས་པ་ལས། །སྦྱངས་པ་མཐར་ཕྱིན་རྩལ་ཆེན་རྫོགས། །ལྷུན་གྲུབ་སྟོབས་མངའ་པདྨ་བས། །སྦས་པའི་དོན་རྣམས་འདི་རུ་བསྟན། །དེ་དོན་བཤེས་གཉེན་འགྲོ་བའི་མགོན། །བདེ་བར་གཤེགས་པའི་ཐུགས་དཀྱིལ་ན། །མཚོ་དྭངས་ཉི་ཟླ་གཟའ་སྐར་རམ། །ཉི་མའི་སྙིང་པོ་བཞིན་དུ་གསལ། །ཞབས་ཀྱི་ལྡུལ་ལ་རེག་པ་ཡི། བན་ལྡོམ་དཔྱིད་ཆུང་དབྱར་རིང་ལ། །སྦྱངས་བསགས་མཐར་ཕྱིན་དཔོན་སྟོན་གྱིས། །གཞན་དོན་གཙོ་ཆེར་བསྐུལ་མ་བཏབ། །སྡེབས་སྦྱོར་སྤངས་ཏེ་ནུ་རུའི་ལུགས། །ཅི་ནུས་ཙམ་དུ་དབྱེས་པ་ལས། །ནོངས་པ་གོང་མ་རྣམ་ལ་བཤགས། །ངལ་བའི་དགེ་རྩལ་འགྲོ་བ་རྣམས་། འདི་དོན་རྟོགས་ནས་འབད་པ་ཡིས། རིགས་བདག་ཉིད་དང་དབྱེར་མེད་ཤོག །དམ་མེད་རྣམས་དང་མ་འཕྲད་ཅིག ༈ །ཐེག་པའི་འབྱུང་གནས་བསྟན་པའི་རྒྱ་མཚོ་ཆེ། །དོན་གྱི་བཅུད་འདུས་གསང་བའི་མན་ངག་ལེའུ། །རྟོགས་དཀའ་ཐེ་ཚོམ་ཞུས་པའི་ཚིག་བཀྲོལ་བ། །རྩལ་ཆེན་རྫོགས་པའི་སྐྱེས་བུས་དཀྱུས་སུ་བཀོད། །དུས་ཀྱི་མནར་བའི་འགྲོ་བའི་བློ་ངོ་ལ། །ལོན་པར་དཀར་བས་དཀྱུས་ཀྱི་ཚིག་སྦྲམ་རྣམས། །གསལ་བར་བྱས་ཀྱང་ཉིད་ཀྱིས་ཉིད་བཀྲོལ་བ། །མ་གཏོགས་གཞན་པའི་སྤྲོས་པ་ཕལ་ཆེར་བཅད། །འདི་ཉིད་རྟོགས་པས་རྒྱུད་དོན་མཐར་ཕྱིན་ཏེ། །ཡུལ་བྲལ་ཡེ་ཤེས་ཆེན་པོ་མངོན་གྱུར་ཤོག །ལྟ་བའི་ཕྲེང་བའི་བཤད་པ། རྒྱུད་དོན་རིན་པོ་ཆེ་སྣང་བྱེད་ཅེས་བྱ་བ་ཀཿབན་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ་རྫོགས་སོ། ། ༈ ༀ་སྭ་སྟི། གཞི་རྒྱུད་གདོད་ནས་རྣམ་དག་འོད་གསལ་གཤིས། །ཐབས་གྲོལ་རྟོགས་གོམས་བགྲོད་བྱེད་ལམ་གྱི་རྒྱུད། །འབྲས་རྒྱུད་ཉེར་ལྔའི་བདག་ཉིད་རྡོ་རྗེ་སེམས། །དབྱེར་མེད་གཏེར་ཆེན་བླ་མར་ཕྱག་བགྱིའོ། ༡ །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མ་ལུས་པའི། །ཐུགས་བསྐྱེད་སྨོན་ལམ་པཎ་གྲུབ་ཞལ་འཛོམ་པས། །གངས་ལྗོངས་གསང་སྔགས་བསྟན་པའི་ཀླུང་རྡོལ་བ། །སྔ་འགྱུར་རྙིང་མ་ཞེས་བྱར་གྲགས་པ་སྟེ། ༢ །དེ་ཡི་རིག་འཛིན་བརྒྱུད་པའི་ཕ་ནོར་དབྱིག །ཡོ་ག་གསུམ་གྱི་དོན་བསྡུས་རྩ་བའི་རྒྱུད། །སྒྱུ་འཕྲུལ་གསང་བའི་སྙིང་པོ་དེ་ཁོ་ན། །བཀའ་གཏེར་བསྟན་པ་རྒྱ་མཚོའི་ནང་གི་མཛོད། ༣ །ཏནྟྲ་བཅོ་བརྒྱད་ལ་སོགས་རྒྱུད་ཀུན་ཀྱང་། །འདི་ལས་བྱུང་ཞིང་འདི་ལ་གཞོལ་བས་ན། །བསང་སྔགས་ཆུ་བོ་བཞི་ཡི་འབྱུང་གནས་ཏེ། །རྒྱུད་ཀྱི་རྒྱལ་པོ་ཐེག་པའི་ཡང་རྩེ་ཡིན། ༤ །བསྟན་པའི་འབྱུང་ཁུང་ལུང་རྣམས་སྤྱི་ཡི་འགྲེལ། །རྒྱལ་བའི་དགོངས་ཕུག་འབྲས་བུའི་མཐར་ཐུག་པ། །དེ་བཞིན་གཤེགས་པ་ཐམས་ཅད་གཤེགས་པའི་ཤུལ། །རྣལ་འབྱོར་ཆེ་རྣམས་བགྲོད་པའི་ལམ་པོ་ཆེ། ༥ །ཆེ་བ་བརྒྱད་ལྡན་གསང་བའི་སྙིང་པོ་ཡི། །གབ་པའི་མན་ངག་མཐའ་དྲུག་ཚུལ་བཞི་ཡི། །བཅིང་ཀུན་སྟོན་པ་རྡོ་རྗེའི་ཐུགས་མཛོད་ནས། །རྣམ་པར་འབྱེད་པོ་སངས་རྒྱས་གཉིས་པ་སྟེ། ༦ །མན་ངག་ལྟ་བའི་ཕྲེང་བ་ཞེས་བྱར་གྲགས། །དེ་ཡང་མན་ངག་སྙན་བརྒྱུད་ཟབ་མོ་ནས། །རྒྱུད་དོན་འགྲེལ་མཛད་སྤོབ་པ་མཐའ་ཡས་ཏེ། །དེ་གསུངས་བདུད་རྩིའི་སྟོབས་རྩལ་རབ་རྒྱས་པ། ༧ །གསང་བདག་དཔའ་བོ་རྡོ་རྗེ་རྒྱལ་མཚན་གྱིས། །ཕྱི་རབས་འགྲོ་ལ་བརྩེ་བ་ཆེན་པོ་ཡིས། །སྔ་ན་མེད་པའི་ལེགས་བཤད་འདི་ཕྱུངས་ཏེ། །སྔ་འགྱུར་བསྟན་པའི་ཉི་མ་གསལ་བར་བྱས། ༨ །དེ་ཕྱིར་རིན་ཐང་ལྕི་བའི་ཆོས་ཀྱི་མཛོད། །འདི་ལ་ཆོས་སྤྱན་ལྡན་ཀུན་གཟིགས་མཛོད་དང་། །རྨོང་པའི་མུན་པ་དྲུང་ནས་འབྱིན་བྱས་ཏེ། །མཚན་ཉིད་གསུམ་པོ་མངོན་སུམ་རྟོགས་པར་ངེས། ༩ །དེ་བས་ཕྱོགས་དུས་ཀུན་ཏུ་འཆད་སྤེལ་དང་། །ཐོས་བསམ་སྒོམ་པའི་རྣལ་འབྱོར་བྱེད་པོ་ཀུན། །འོག་མིན་གནས་སུ་གསང་བདག་སྟོན་འཁོར་དང་། །ཐ་མི་དད་པའི་ཕྲིན་ལས་དབང་འབྱོར་ཕྱིར། ༡༠ །དད་དང་འདུན་པ་ལྷག་བསམ་དང་ལྡན་པས། །ཀཿཐོག་ཤར་གནས་སེངྒེ་གཡུ་རྫོང་དུ། །འབད་པས་སྤར་དུ་བཞེངས་པའི་ལེགས་ཚོགས་རྒྱུན། །སྙིང་པོའི་བསྟན་ལ་ཟུངས་སུ་སྨིན་པ་དང་། ༡༡ །དཔལ་ལྡན་བླ་མའི་ཐུགས་དགོངས་ཡོངས་སུ་རྫོགས། །བསྟན་འཛིན་སྐྱེས་བུའི་ཞབས་པད་རྟག་ཏུ་བརྟན། །བསྟན་པའི་སྙིང་པོ་བཤད་དང་སྒྲུབ་པ་འཕེལ། །བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག ༡༢ །བདག་དང་བདག་ལ་འབྲེལ་ཐོགས་སེམས་ཅན་ཀུན། །ལམ་མཆོག་ཟབ་མོ་འདི་ལ་སྤྱོད་པ་དང་། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ཕུན་ཚོགས་ཏེ། །དོན་གཉིས་འབྱོར་པ་རྒྱ་མཚོ་རྒྱས་པར་ཤོག་༡༣ཅེས་པའང་འདི་ཉིད་ཀྱི་རྩ་བ་དང་འབྲེལ་པ་ཆོས་ཀྱི་འབྱུང་ཁུངས་བཅས་སྤར་དུ་བསྒྲུབས་ཅིང་ལེགས་པར་གྲུབ་པའི་ཚེ་སྤར་བྱང་སྨོན་ཚིག་བཅུ་གསུམ་ས་ཡི་གྲངས་ལྡན་འདི་ཉིད་སྔ་འགྱུར་བའི་གྲལ་འཐར་སྐྱེས་པའི་རྨོང་བཏུལ་གྱི་ན་བ་པདྨ་ཐུགས་རྗེའི་དབང་ཕྱུག་གཞན་ཕན་མཐའ་ཡས་པས་ལྕགས་ཕོ་འབྲུག་གི་ལོའི་ཧོར་ཟླ་གསུམ་པའི་ཡར་ཚེས་བཅུ་བཞི་ཉི་མ་མེ་བཞིའི་འགྲུབ་སྦྱོར་བཟང་པོ་དང་ལྡན་པའི་སྔ་དྲོའི་འཆར་བྲིས་པ་ཕྱོགས་དུས་ཀུན་ཏུ་དགེ་ལེགས་སུ་གྱུར་ཅིག །སརྦ་མདྒ་ལཾ། དགེའོ། དགེའོ།། །།

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་མན་ངག་ལྟ་བའི་ཕྲེང་བའི་མཆན་འགྲེལ་ནོར་བུའི་བང་མཛོད། འཇམ་མགོན་མི་ཕམ།

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་མན་ངག་ལྟ་བའི་ཕྲེང་བའི་མཆན་འགྲེལ་ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་ཡེ། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཐེག་པ་སྣ་ཚོགས་སྟོན་པ་པོ། །ཨོ་རྒྱན་དུས་གསུམ་མཁྱེན་པས་སྐྱོངས། །འདིར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞར་སྔ་ནས་སྩལ་བའི་བསྟན་བཅོས་རྩོད་པ་དང་བྲལ་བ་མན་ངག་ལྟ་བའི་ཕྲེང་བ་ཉིད་འཆད་པ་ལ་གསུམ། ཀླད་ཀྱི་དོན་གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཚན་བསྟན་པ་དང་། མཆོད་པར་བརྗོད་པའོ། །དང་པོ་ནི། ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱི་གྲུབ་པའི་ཚུལ་བསྟན་པ་རྒྱུད་དང་ལུང་ཐམས་ཅད་ཀྱི་སྤྱི་དཔལ་གསང་བའི་སྙིང་པོ་ལས། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཡི་གེ་སྒྲས་བཏགས་མིག་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྤས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་གསུངས་པ་ལྟར། གང་ཟག་གི་བློ་རིམ་དང་མཐུན་པར། མ་རྟོགས་པ་འཇིག་རྟེན་ཕྱལ་པ་དང་རྒྱང་འཕེན་གཉིས། ལོག་པར་རྟོགས་པ་ཕྱི་རོལ་མུར་རྟུག་པ་དང་མུ་སྟེགས་གཉིས། ཕྱོགས་ཙམ་རྟོགས་ལ་ཉན་ཐོས་དང་རང་རྒྱལ་བ་གཉིས། ཡང་དག་ཉིད་མ་རྟོགས་པ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་གནས་པའི་བྱང་སེམས། འདུལ་བ་བྱ་བའི་རྒྱུད། དགོངས་པ་རྣམས་འབྱོར་གྱི་རྒྱུད། གསང་བ་རྣལ་འབྱོར་ཆེན་པོ་ཚུལ་སྔགས་ནང་པ་བསྐྱེད་རྫོགས་གཉིས། རང་བཞིན་གསང་བ་རྫོགས་པ་ཆེན་པོའི་ཚུལ་ཏེ། འཇིག་རྟེན་ལས་འདས་མ་འདས་ཀྱི་ལྟ་བ་དང་། ཁྱད་པར་དུ་ཉན་རང་བྱང་སེམས་ཏེ་མཚན་ཉིད་ཀྱི་ཐེག་པ་གསུམ་དང་། བྱ་སྤྱོད་རྣལ་འབྱོར་ཏེ་སྔགས་ཕྱི་པ་གསུམ་དང་། བསྐྱེད་རྫོགས་རྫོགས་ཆེན་ཏེ་ནང་པ་གསུམ་བཅས་རྣམ་གྲོལ་གྱི་ལམ། ཐེག་པ་རིམ་པ་དགུ་ལ་སྩོགས་པ་སྟེ་དེ་རྣམས་གྱི་འབྲས་བུའང་སྟོན་པའི། རྣམ་པ་མི་འདྲ་བའི་ཁྱད་པར་མཐའ་དག་གཞུང་ཉུང་ངུར་བསྡུས་ཏེ་སྔོན་གྱི་ལས་ཅན་རྒྱལ་འབངས་ཉེར་ལྔ་སོགས་ཀྱིས་བརྗེད་པར་དོགས་པའི་འཇིགས་པ་སེལ་བའི་ཕྱིར་བསྐྱུད་བྱང་དུ་གུ་རུ་ཉིད་ཀྱི་མཛད་པ་སྟེ་དོན་དང་མཐུན་པར་མཚན་བཏགས་པའོ། །གཉིས་པ་ནི། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་བཅོམས་ཤིང་རྒྱུ་འབྲས་ཕར་ཕྱིན་གྱི་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པས་སྲིད་ཞིའི་མཐའ་གཉིས་ལས་འདས་པ་ཐུགས་ཆོས་ཉིད་སྤྲོས་པའི་ཟུག་རྔུ་དང་བྲལ་བས་འཇམ་ཞིང་དོན་གཉིས་ཀྱི་འབྱོར་བའི་དཔལ་དང་ལྡན་པ་རྒྱལ་སྲས་གཞོན་ནུ་ཡི་ཚུལ་ཅན་ཏེ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་སྒོ་བསྟུན་པའི་ཤེས་རབ་ཀྱི་ལྷ་དང་། གནས་ལུགས་སྟོང་པ་ཉིད་ཀྱི་རྡོ་རྗེ་སྤྲོས་མཚན་གང་གིས་ཀྱང་མི་ཕྱེད་ཅིང་ཐུགས་རྗེ་མ་འགགས་པའམ་གསུང་ཆོས་ཀྱི་བདག་ཉིད་དུ་སྟོན་པ་གསང་བའི་བདག་པོ་དེ་ལ་ཕྱག་འཚལ་ལོ་ཞེས་འབྲས་བུ་གསང་སྔགས་ཀྱི་ཚུལ་དང་སྒོ་མཐུན་པར་ལྷག་པའི་ལྷ་ལ་ཕྱག་མཛད་པའོ། །གཉིས་པ་ལ། ལྟ་བའི་ཁྱད་པར་དང་། བརྟུལ་ཞུགས་ཀྱི་ཁྱད་པར་བཤད་པ་ལ་གཉིས་ལས། དང་པོ་ལའང་། ཕྱི་རོལ་པ་དང་། ཆོས་འདི་པ་རྣམས་ཀྱི་ལྟ་བཤད་པ་གཉིས། དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། འཇིག་པའི་ཆོས་དང་ལྡན་པའི་འཇིག་རྟེན་གྱི་ཁམས་སམ་ཕྱི་སྣོད་ཀྱི་རིས་ན། ནང་ཕུང་ལྔའི་རྒྱུན་བློས་མ་ཕྱེད་ཙམ་ལ་བཏགས་པའི་སེམས་ཅན་ནམ་གང་ཟག་མ་རིག་པ་དང་མཚུངས་པར་ལྡན་པས་ཡང་དག་པའི་དོན་ལས་གོལ་བ་ཕྱིན་ཅི་ལོག་གི་ཤེས་རབ་དང་མོས་པའི་བྱེ་བྲག་གིས་ལྟ་བ་གྲངས་མེད་པ་ཡོད་དེ་ལོག་རྟོག་མཐའ་མེད་པའི་ཕྱིར་རོ། །འོན་ཀྱང་དེའི་མདོ་རྣམ་པ་བཞིར་འདུས་ཏེ་དེ་ལ་རྣམ་པའི་སྒྲ་ནི་རྒྱུ་བྱེ་བྲག་འདྲ་བ་སྣང་བ་གྲངས་རྐྱེན་རྣམས་ལ་འཇུག་པ་ལས་འདིར་གྲངས་ཉིད་བཟུང་བར་བྱའོ། །དེ་ཡང་གྲུབ་མཐའ་དང་ཐེག་པ་མེད་པས་སམ། །དོན་ལ་ཞེ་འདོད་ཀྱི་གཏད་སོ་མེད་པས་ཕྱལ་བ་དང་བསམ་སྦྱོར་གྱི་སྟེང་ནས་འཇིག་རྟེན་ཕ་རོལ་ལ་རྩིས་མི་འཇོག་པར་རྒྱང་རིང་དུ་འཕེན་པ་ལྟར་བྱེད་པས་ན་རྒྱང་འཕེན་ནམ་ཡང་ན་འཇིག་རྟེན་ཅི་ཙམ་ཞེས་ཚེ་འདིར་སྣང་རྒྱང་རྒྱང་ངམ་བྲེང་བྲེང་པོའི་ངོར་ཕན་པ་ཙམ་སྒྲུབ་པ་ལས་དོན་ཆེན་པོ་དང་བྲལ་བས་ན་རྒྱང་ཕན་པ་དང་། མྱ་ངན་ལས་འདས་པའི་རྒྱ་མཚོར་འབབ་པའི་ལམ་གྱི་ཆུ་རྒྱུན་གྱི་མུ་ལ་སྟེགས་བཅས་ཤིང་རྟེན་པ་སྐད་དུ་འཆད་པས་མུ་སྟེགས་པའོ། །དེ་ཡང་རྒྱང་ཕན་ཞེས་པ་སྒྲ་མ་འདོམ་པའི་ཚེ་སངས་རྒྱས་པ་མིན་པའི་ཕྱི་རོལ་པ་ཐུན་མོང་ལ་འཇུག་སྟེ། མྱང་འདས་ལས། བཅོམ་ལྡན་འདས་ཀྱི་ལྟར་ན་ཞེའམ། འཇིག་རྟེན་རྒྱང་ཕན་པའི་ལྟར་ན་ཞེས་གསུངས་པ་ལྟ་བུ་ཡིན་ལ། འདིར་ལྟ་བ་རྣམ་པ་བཞི་འདོམ་པའི་སྐབས་སུ་སྤྱིའི་སྒྲ་བྱེ་བྲག་ལ་འཇུག་པར་སྦྱར་ཏེ། ཇི་སྐད་གསུངས་པའི་ལྟ་བ་ཕྱོགས་གཅིག་ཏུ་སྦྱར་རོ། །ཡང་རྒྱང་འཕེན་ཞེས་ཕུར་བུའི་ལུགས་ཀྱི་རྗེས་འབྲང་ཆད་པར་ལྟ་བ་རྣམས་ནི་ལོག་རྟོགས་ཏེ། མུར་ཐུག་པ་ལྟ་བུ་མ་ཡིན་ལ། འདི་ནི་མ་རྟོགས་པ་སྟེ། འདི་དང་ཕྱལ་བ་གཉིས་ཀྱིས་རྒྱུ་འབྲས་ཀྱི་དངོས་པོ་རྣམ་པར་མ་དཔྱད་པར་འདྲ་ཡང་། འདི་ལ་ཚེ་འདིའི་དོན་ལ་འཇུག་པའི་བློ་གྲོས་ཅུང་གསལ། ཅིག་ཤོས་མི་གལས་བའི་ཁྱད་པར་ཡོད་དེ། ཕྱི་མ་ནི་བདེ་འགྲོ་ཕལ་ཆེ་བའོ། །དེས་ན་འཇིག་རྟེན་འདིར་ཕན་ཞེས་པའི་སྒྲ་སྐབས་ཀྱིས་གོ་བར་བྱ་དགོས་ཏེ་མཐའ་གཅིག་ཏུ་ཕུར་བུ་པ་སོགས་ལ་གཟུང་ན་གཞུང་གི་དགོངས་པ་མ་ཤེས་པ་སྟེ། དེས་ན་སནྡྷ་པའི་སྒྲ་བཞིན་དུ་ཚིག་ལ་གནས་སྐབས་ཀྱི་གོ་བ་ལེན་པ་ནི་བསྟན་བཅོས་ཐམས་ཅད་འཆད་པ་ལ་མེད་དུ་མི་རུང་ངོ་། །དེ་བཞིན་མུར་ཐུག་ཀྱང་འོད་སྲུང་གིས་ཞུས་པའི་མདོ་ལས། འོད་སྲུང་ངའི་བསྟན་པ་ནི་མུར་ཐུག་དགུ་བཅུ་རྩ་དྲུག་གིས་ནི་འཇིག་པར་བྱེད་མི་ནུས་ཏེ། ངའི་དགེ་སློང་ང་དང་འདྲ་བས་འཇིག་པར་བྱེད་པར་འགྱུར་རོ། །ཞེས་ཕྱི་རོལ་པ་ཐུན་མོང་དུ་བཤད་པ་དང་། མུ་སྟེགས་ཀྱང་རྟག་ཆད་དུ་སྨྲ་བའི་ཕྱི་རོལ་སྤྱི་ལ་འཇུག་ཀྱང་། འདིར་དེ་གཉིས་རིམ་པ་ལྟར་ཆད་པ་དང་རྟག་པར་སྨྲ་བའི་ཕྱིར་རོལ་པ་སྤྱི་མིང་དུ་སྦྱར་བར་བྱས་ན་སྒྲ་དོན་ལེགས་པར་འཕྲོད་ཅིང་གཞུང་འདིའི་དགོངས་པ་ཡིན་ནོ། །དེ་ལ་ཡང་ལམ་གྱི་གཞི་མདོར་ནོར་བུ་རིན་པོ་ཆེ་གཅིག་གནས་པ་ལ། ལ་ལས་གཞི་ནས་མ་མཐོང་། ཁ་ཅིག་གིས་མཆིང་བུར་མཐོང་། ཁ་ཅིག་གིས་རིན་པོ་ཆེ་ཕལ་པར་མཐོང་། ཁ་ཅིག་གིས་ཇི་ལྟ་བ་བཞིན་མཐོང་ན། གཞི་ནས་མ་མཐོང་བ་རྣམས་ཀྱང་། མཐོང་སྟངས་ཀྱི་མདོ་རིས་གཅིག་ཏུ་བྱེད་པ་དང་འདྲ་བར་རྒྱང་ཕྱལ་གཉིས་ཡང་དག་པའི་མཐར་ཐུག་གི་གནས་ལུགས་མ་རྟོགས་པས་གཅིག་ཏུ་བཞག་ལ། དེ་དག་ནི་ངན་སོང་གསུམ་གཙོ་བོར་གྱུར་བའི་འགྲོ་བ་སྐྱེ་བ་སྔ་ཕྱི་ལ་དཔྱོད་པ་ཙམ་ཡང་མི་ཤེས་པའི་རང་གར་བླུན་པ་ཕྱུགས་ལྟ་བུའོ། །དེ་ནི་ལྟ་བའི་དམའ་ཤོས་ཏེ་དེ་ལས་དམན་པ་མི་སྲིད་པས་སོ། །དེ་ལམ་ལ་མ་ཞུགས་པ་ཡིན་པས་ལྟ་བར་མི་རུང་སྙམ་ན་མ་རིག་མཚུངས་ལྡན་གྱི་སེམས་ཀྱིས་ལྟ་བ་མ་རྟོགས་པ་ཡིན་པས། ལྟ་བ་གཏན་ལ་ཕབ་པའི་སྐབས་སུ་སྤང་བྱར་ཤེས་དགོས་པའི་ཕྱིར་དུའོ། །དེ་ལ་སེམས་ཅན་ཕལ་མོ་ཆེ་དེ་དག །དངོས་པོ་ལ་ཞེན་ཅིང་འཇིག་ཚོགས་ལ་ལྟ་བ་ལ་གནས་སུ་ཟིན་ཀྱང་འདུ་ཤེས་དང་ཤེས་རབ་ཀྱི་ཆ་ཞན་པས་རྒྱུ་འབྲས་ཀྱི་དངོས་པོ་རྣམས་ལ་མཚན་མར་བཟུང་ནས་བྱེ་བྲག་མ་ཕྱེས་པའི་ལྟ་བུའི་འཐིབ་པོས་ནོན་པའི་ཕྱིར་དེ་སྐད་ཅེས་བྱའོ། །གཉིས་པ་ལ་གཉིས་ལས། དང་པོ་ཕྱལ་རྒྱང་གཉིས་བཤད་པ་ནི། དེ་ལ་ཕྱལ་བ་ནི་གང་ཞེ་ན། འདི་ལྟར་ཕྱི་ནང་གི་ཆོས་འདི་དག་ཐམས་ཅད་གང་འབྱུང་བའི་རྒྱུ་དང་གང་བྱུང་བའི་འབྲས་བུ་འདི་དག་ཡོད་པའམ་མེད་པ་དག་ཏུ་ཡང་མ་རྟོགས་ཏེ་རང་གར་གནས་པ་སྟེ་དེ་དག་ནི་རྒྱུ་འབྲས་ལ་ཀུན་ཏུ་རྨོངས་པའི་མ་རིག་པ་དང་མཚུངས་པར་ལྡན་པའོ། །རྒྱང་འཕེན་ནམ་རྒྱང་ཕན་པ་ནི། ཚེ་སྔ་ཕྱི་ཡོད་པའམ་མེད་པ་དག་ཏུ་མ་རྟོགས་ཤིང་ཚེ་གཅིག་ལ་བཙན་ཕྱུགས་དང་མཐུ་སྟོབས་སྒྲུབ་པ་ཡི་ཐབས་སྣ་ཚོགས་པ་ལ་འབད་པར་བྱེད་པ་སྟེ། དེ་ཡང་རྣམ་གྲོལ་གྱི་སྒོར་མ་གྱུར་པ་འཇིག་རྟེན་པས་བཤད་པ། འཇིག་རྟེན་གྱི་བྱ་བ་སྒྲུབ་པ་འཚོ་རྩིས་དང་སྲིད་སྐྱོང་དཔྱད་སོགས་དང་། གར་ཤིའི་ངན་སྔགས་དང་མོ་བོན་འདྲེ་མནན་ནས་བདག་མཆོད་པ་གཡང་ལེན་སོགས་རང་ངམ་གཞན་ལ་བྱེད་དུ་འཇུག་པ་ལྟ་བུ་འཇིག་རྟེན་པའི་གསང་ཚིག་ལ་བརྟེན་པའོ། །གཉིས་པ་མུར་ཐུག་དང་མུ་སྟེགས་ཀྱི་གྲུབ་མཐའ་བཤད་པ་ནི། མུར་ཐུག་པ་ནི། ལྟ་ཡུལ་ཤེས་བྱའི་ཆོས་ཐམས་ཅད་ལ་རྒྱུ་དང་འབྲས་བུ་མེད་པ་སྟེ། དེ་ཡང་ཚེ་གཅིག་ལ་སྐྱེས་པའི་ཆོས་ཐམས་ཅད་ཚེ་སྔ་མའི་ལས་ཀྱིས་མ་འཕང་བར་སྤང་ལ་ཤྭ་མོང་དང་ཆུ་ལ་ཆུ་བུར་བཞིན་གློ་བུར་དུ་སྐྱེས་ལ་མཐའ་མར་མེ་རྒྱུན་ཆད་པ་ལྟར་ཆད་པར་བལྟ་བའོ། །མུ་སྟེགས་པ་ནི། རྒྱུ་འབྲས་ཀྱི་དངོས་པོའི་ཆོས་ཐམས་ཅད་ལ་མེད་བཞིན་དུ་ཀུན་ཏུ་བརྟག་པའི་བདག་ནི་རྟག་པ་ཞིག་ཡོད་པར་ལྟ་བ་སྟེ། དེ་ལའང་རང་བཞིན་རྒྱུ་བལྟ་བས། རང་བཞིན་རྒྱུ་རྐྱེན་མེད་པ་དེའི་ངོ་བོར་ཆོས་ཀུན་གྱུར་པས་རང་བཞིན་རྣམ་པ་ཐ་མི་དད་པར་འདོད་པས་བདག་གཅིག་པུ་རིལ་པོར་འཛིན་པ་ཞེས་བྱ་སྟེ། སྣང་བའི་དངོས་པོ་ཡེ་ནས་གྲུབ་པ་ཡིན་ལ། དེ་བསྐྱེད་པའི་རྒྱུ་གཞན་མེད་པར་བལྟ་བས་རྒྱུ་མེད་པ་ལ་འབྲས་བུ་ཡོད་པར་ལྟ་བ་དང་ཞེས་བྱ་སྟེ། དེ་ཡང་རྒྱུ་ལ་མ་ལྟོས་ན་འབྲས་བུ་ཇི་ལྟར་བཞག་ཅེ་ན་ཡོད་པ་ཉིད་འབྲས་བུའམ་གྲུབ་པ་སྟེ། ནམ་མཁའ་གདོད་ནས་གྲུབ་པ་ཞེས་བྱ་བ་བཞིན་ཏེ། འདི་ནི་དམིགས་པ་གཅིག་པུ་ཡིན་ནོ། །རྒྱུ་འབྲས་ལོག་པར་ལྟ་བ་དང་། ཞེས་པ་ནི་དབང་ཕྱུགས་ཞེས་བྱ་བའི་གང་ཟག་གདོད་ནས་གྲུབ་པ། རྟགས་པ་དེས། གཡོ་མི་གཡོའི་དངོས་པོ་ཐམས་ཅད་ལ་དབང་བསྒྱུར་ཞིང་རྣམ་པར་འཕྲུལ་ལོ་ཞེས་བྱ་ཞིང་། དབང་ཕྱུག་མཉེས་པའི་སླད་དུ་སྲོག་ཆགས་དུ་མའི་མཆོད་སྦྱིན་སོགས་བྱེད་ལ། འདི་ནི་དམིགས་པ་གཉིས་དང་ལྡན་ཏེ། དབང་ཕྱུག་རྟག་ལ་སྤྲུལ་པ་མི་རྟག་ཞེས་འདོད་པའོ། །འདིས་མི་དགེའོ་ལས་ཀྱིས་མཐོ་རིས་སྒྲུབ་པས་སམ། རྒྱུ་རྟག་པས་འབྲས་བུ་མི་རྟག་པ་བསྐྱེད་པས་དེ་སྐད་ཅེས་བརྗོད་དོ། །རྒྱུ་ཡོད་ལ་འབྲས་བུ་མེད་པར་ལྟ་བ་སྟེ་ཞེས། འདིས་ནི་བྱེད་པ་པོ་རྒྱུར་ལྟ་བ་སྟེ། བདག་རྟག་པ་མཐེ་བོང་ཙམ་སོགས་རྫ་བཅག་བྱེའུ་འཕུར་བཞིན་དུ་འདོད་པ་སྟེ། འདི་ནི་དམིགས་པ་གསུམ་དང་ལྡན་ཏེ་བདག་རྟག་པ་རྒྱུའི་བྱ་བ་ཁོ་ན་བྱེད་པར་འདོད་པ་དང་། དེས་བྱས་འབྲས་ཕུང་པོའི་ངོ་བོ་མི་རྟག་འགྱུར་བའི་ཆོས་ཅན་དུ་འདོད་པ་དང་། འབྲས་བུ་དེ་ཡང་ཐེབས་གཅིག་གི་འབྲས་བུ་ཙམ་སྟེ་དེས་ཕུང་པོ་གཞན་སྐྱེད་པའི་རྒྱུ་མེད་ཅིང་རྒྱུན་ཆད་པའོ། །རྟག་ཆད་ཀྱི་ལྟ་བ་དེ་གཉིས་ཀྱི་ཁོངས་སུ་ཕྱི་རོལ་བའི་འདོད་པའི་རྟག་ཆད་ཀྱི་རྣམ་པ་མ་ལུས་པ་ཟད་པར་འདུའོ། །གོང་བསྟན་བཞི་པོ་འདི་དག་ནི་རིག་པའི་མི་མཐུན་ཕྱོགས་སུ་གྱུར་པ་མ་རིག་པ་དང་མཚུངས་པར་ལྡན་པའི་ལྟ་བུའོ། །དེ་ལ་འཇིག་རྟེན་པའི་ལྟ་བའི་སྐབས་འདིར་ནི་ལྟ་བ་ཙམ་ཞིག་བསྟན་གྱི། ལམ་དང་འབྲས་བུ་མ་བསྟན་པ་ནི་དོན་མེད་པར་དགོངས་པར་ཟད་དོ། །གཉིས་པ་ལ་མདོར་བསྟན་པ་དང་། །རྒྱས་པར་བཤད་པ་གཉིས། དང་པོ་ནི། ཟག་མེད་ཀྱི་ལམ་དང་རྗེས་སུ་འབྲེལ་པ་འཇིག་རྟེན་ལས་འདས་པའི་ལམ་ལའང་དབྱེ་ན་རྣམ་པ་གཉིས་ཏེ། ཆོས་རྣམས་ཀྱི་རང་སྤྱི་དང་ཀུན་བྱང་གི་མཚན་ཉིད་རྣམས་སོ་སོར་མ་འདྲེས་པར་སྟོན་ཅིང་དེ་ལ་སྤང་བླང་དུ་སྟོན་པ་མཚན་ཉིད་ཀྱི་ཐེག་པ་དང་། ཀུན་བྱང་གཉིས་ངོ་བོ་དབྱེར་མེད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་མི་ཕྱེད་པར་སྟོན་པ་རྡོ་རྗེའི་ཐེག་པའོ། །གཉིས་པ་ལ་མཚན་ཉིད་ཐེག་པ་དང་། སྔགས་ཀྱི་ཐེག་པའི་རྣམ་བཞག་གཉིས། དང་པོ་ལའང་གཉིས་ལས། མདོར་བསྟན་པ་ནི། མཚན་ཉིད་ཀྱི་ཐེག་པ་ལའང་སྐལ་པ་དང་མོས་པ་དབང་པོའི་བྱེ་བྲག་གིས་མཚན་ཉིད་དེ་ལ་མངོན་པར་ཞེན་མ་ཞེན་གྱི་དབང་གིས་རྣམ་པ་གསུམ་སྟེ། རང་ཉིད་ཀྱིས་གདམས་ངག་བཞན་ལས་ཉན་ཅིང་གཞན་ལ་ཐོས་པར་བྱེད་པ་ཉན་ཐོས་ཀྱི་ཐེག་པ་དང་། སྲིད་པ་ཐ་མའི་དུས་སུ་རང་ཉིད་ཀྱི་བདེན་པའི་འབྲས་བུ་ཁོང་དུ་ཆུད་པ་རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་ཀྱི་ཕྱིར་བསམ་པ་བརྟན་པའམ་བྱང་ཆུབ་དང་སེམས་ཅན་ལ་དམིགས་པ་ཡོད་པས་བྱང་ཆུབ་སེམས་དཔའི་ཐེག་པའོ། །གཉིས་པ་ལ། ཉན་ཐོས། རང་རྒྱལ། བྱང་སེམས་ཀྱི་ཐེག་པ་བཤད་པ་གསུམ་ལས། དང་པོ་ནི། དེ་ལ་ཉན་ཐོས་ཀྱི་འབྲས་བུ་ཐོབ་པར་བྱེད་པ་རང་ལམ་གྱི་ཐེག་པ་ལ་ཞུགས་པ་ཡི་གང་ཟག་རྣམས་ཀྱི་ལྟ་བ་ནི་གྲུབ་པའི་མཐའ་སྟེ་ཤེས་རབ་ཀྱིས་བཅད་པ་ལྟར་མོས་པས་ངེས་པའོ། །འདིར་ལྟ་སྒོམ་འབྲས་བུ་གསུམ་དུ་སྟོན་ཏེ། དེ་ལ་ལྟ་བ་ཡང་། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་ཕྱི་རོལ་མུ་སྟེགས་པ་ལ་སོགས་པས་མེད་པ་ལ་རྟག་པར་སྒྲོ་བཏགས་པ་དང་། ཡོད་པ་ལ་མེད་པར་སྐུར་པའི་རྣམ་པ་ཅན་གྱི་ཀུན་ཏུ་བརྟག་པ་ཡེ་མེད་པའམ་གཏན་ནས་མེད་པ་ཆད་པའི་ལྟ་བ་དང་། རྟག་པ་ལ་སྩོགས་པའི་ཡོད་པ ར་ལྟ་བ་ནི་ཐག་པ་ལ་སྤྲུལ་དུ་མཐོང་བ་ཡི་སྤྲུལ་བཞིན་དུ་མེད་དེ། །སྣང་གཞི་ཐག་པ་ལྟ་བུའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་བདག་ཉིད་ནི་ཕྱི་རོལ་གྱི་གཟུགས་སོགས་བེམ་པོ་ནི་རགས་པར་སྣང་བའི་རྒྱུ་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་དང་། ནང་གི་རྣམ་པར་ཤེས་པ་སྐད་ཅིག་མ་ནི་དོན་དམ་པར་རམ་བདེན་པར་ཡོད་པར་ལྟ་ཞིང་། འདི་ལ་བྱེ་སྨྲ་དང་མདོ་སྡེ་པ་གཉིས་པོ་སྔ་མས་འདུས་མ་བྱས་རྟག་པར་འདོད་པ་དང་། ཕྱི་མས་མོ་གཤམ་གྱི་བུ་བཞིན་གཏན་མེད་དུ་འདོད་པ་སོགས་ནང་ཅུང་མི་མཐུན་ཞིང་བྱེ་སྨྲ་ལའང་སོ་སོའི་འདོད་པ་ཕྲ་མོ་མི་མཐུན་པ་མང་ཡང་། དོན་དུ་རྡུལ་དང་སྐད་ཅིག་བདེན་པར་ཁས་ལེན་པ་འདྲ་བས་གཅིག་ཏུ་བཞག་གོ། །བསྒོམ་པ་བསམ་གཏན་གྱི་རིག་པ་དང་། སྡུག་ཀུན་འགོག་ལམ་སྟེ་འཕགས་པའི་བདེན་པ་བཞི་བསྒོམས་པ་སྟེ། དེ་ཡང་ངོ་བོ་ཇི་ལྟ་བ་ཡིན་པས་ཕྱིན་ཅི་ལོག་མེད་པས་བདེན་ལ། འཕགས་པ་རྣམས་ཀྱིས་ཐུགས་སུ་ཆུད་པའམ་འཕགས་པའི་རང་བཞིན་ཡིན་པས་ཀྱང་ངོ་། །བདེན་པ་དེ་དག་ཀྱང་ཁམས་གསུམ་གྱི་བདེན་བཞི་ལ་དམིགས་ནས་རྣམ་པ་བཅུ་དྲུག་གི་ཚུལ་ཅན་དུ་གོམས་པ་དང་། ནམ་ཞིག་ཤེས་བཟོད་སྐད་ཅིག་མ་བུ་དྲུག་གི་རང་བཞིན་ཅན་གྱི་ཡེ་ཤེས་མཐོང་བའི་ལམ་སྐྱེ་ཞིང་། དེ་ནས་རིམ་གྱིས་ཁམས་གསུམ་ས་དགུའི་ཉོན་མོངས་པ་སྒོམ་སྤང་རྣམས་རིམ་པར་སྤང་སྟེ། དེ་ཡང་འདོད་ཉོན་དགུའི་རྣམ་པ་གསུམ་པ་བཞི་པ་ཡན་ཆད་ལས་གྲོལ་བ་རྒྱུན་ཞུགས། དྲུག་པ་སྤང་བ་ལན་གཅིག་ཕྱིར་འོང་། དགུ་པ་སྤང་པ་ཕྱིར་མི་འོང་། སྲིད་རྩེའི་ཉོན་མོངས་པ་མ་ལུས་པ་སྤང་བ་དགྲ་བཅོམ་སྟེ་འབྲས་བུ་རྣམ་པ་བཞི་འགྲུབ་པ་ཡིན་ནོ། །གཉིས་པ་ནི་རང་སངས་རྒྱས་ཀྱི་འབྲས་བུའི་ངོ་བོ་འདུས་མ་བྱས་བའི་མཚན་ཉིད་དེ་ཐོབ་པར་བྱེད་པའི་ལམ་གྱི་ཐེག་པ་ལ་ཞུགས་པ་རྣམས་གྱི་ལྟ་བ་ནི། ཆོས་ཐམས་ཅད་ལ་མུ་སྟེགས་ལ་སོགས་པས་སྒྲོ་དང་སྐུར་པའི་ཀུན་ཏུ་བརྟག་པའི་བདག་རྟག་པ་དང་ཆད་པ་ལ་སོགས་པ་མེད་པར་ལྟ་བ་ཉན་ཐོས་དང་མཐུན་ཞིང་། དེ་ལས་ཁྱད་པར་དུ་ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོའི་སྐྱེ་མཆེད་དང་ཁམས་ལས་གཟུགས་ཅན་བཅུ་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་རྣམ་པར་རིག་བྱེད་མིན་པའི་གཟུགས་ཏེ་མདོར་ན་གཟུགས་ཀྱི་ཕུང་པོར་གཏོགས་པའི་ཆོས་ལ་བདག་མེད་པར་རྟོགས་ཤིག་དེ་གོམས་པས་ནམ་ཞིག་སྲིད་པ་ཐ་མར་རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པའི་དུས་ནའང་ཉན་ཐོས་ལྟར་དགེ་བའི་བཤེས་གཉེན་ལ་མ་ལྟོས་པར། ཇི་ལྟར་སྒོམ་པའི་ཚུལ། སྔོན་དཀར་པོ་རྣམ་པར་མཐོང་བའི་ས་སོགས་སུ་སངས་རྒྱས་ལ་བསྟེན་ཅིང་སྦྱངས་པ་གོམས་པའི་ཤུགས་ཀྱིས་བདེན་བཞིའི་རང་བཞིན་ཅན་གྱི་རྟེན་ཅིང་འབྲེལ་བར་འགྱུར་བ་ཡན་ལག་བཅུ་གཉིས་ཀྱི་དོན་རྟོགས་ཏེ། དེ་ཡང་སྡུག་བསྔལ་བདུན་སྡུག་བདེན་ཉོན་མོངས་གསུམ་དང་ལས་གཉིས་ཀུན་འབྱུང་། ཀུན་ཉོན་དེ་དག་བྲལ་བ་འགོག་བདེན། དེར་འགྲོ་བའི་ལམ་རྟེན་འབྲེལ་གྱི་དོན་རྟོགས་ནས་གོམས་པ་ལམ་མོ། །རྣམ་པ་གཅིག་ཏུ་ན་ཡན་ལག་བཅུ་གཉིས་རེ་རེ་ལའང་བཞི་བཞི་ལྡན་ཏེ། དེ་དག་རང་གི་བདག་ཉིད་ཐོབ་པ་སྡུག་བདེན། དེ་དག་གཅིག་རྐྱེན་གཅིག་གིས་འགྲུབ་པ་ཀུན་འབྱུང་། གཅིག་འགག་པས་གཅིག་འགོག་པ་འགོག་བདེན། དེ་དག་འགོག་པའི་ཕྱིར་དེ་ཉིད་ཕྱིན་ཅི་མ་ལོག་པར་སྒོམ་པ་ལམ་སྟེ། དེ་ལྟར་ན་བདེན་བཞི་ལ་དམིགས་པའི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ཀྱང་། ཡན་ལག་རེ་རེ་ལ་འབྱུང་བས། ཡེ་ཤེས་སྐད་ཅིག་མ་བརྒྱ་དགུ་བཅུ་རྩ་གཉིས། སྟན་གཅིག་གི་སྟེང་དུ་སྐྱེས་ནས་རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་བོ། །དེ་ལྟ་བུའི་སྒོ་ནས་སྒྱུ་མ་ལྟ་བུའི་ཆོས་ཉིད་ཟབ་མོའི་དོན་རྟོགས་ཏེ། དེ་ཡང་བརྗོད་དུ་མེད་པའི་ངག་ཤིན་ཏུ་འགོག་པའི་ཏིང་ངེ་འཛིན་ལ་གནས་ཀྱང་། བརྗོད་དུ་མེད་དོ་སྙམ་པའི་འདུ་ཤེས་ནི་འཇུག་སྟེ་འཇིག་པའི་རྟོག་པ་མ་སྤང་བས་སོ། །དེ་ཡང་རྟེན་འབྲེལ་ནི་ཀུན་གྱི་ལམ་ཐུན་མོང་སྟེ། ཉན་ཐོས་པས་རྒྱུ་འབྲས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པས་ཕྱི་རོལ་བས་རྒྱུ་འབྲས་ལ་ལོག་པར་རྟོགས་པ་སེལ། རང་རྒྱལ་གྱིས་དེ་ལས་ཟབ་ཏུ་རྟོགས་ཏེ། རྒྱུ་འབྲས་ཀྱི་ངོ་བོ་གཟུང་བའི་དོན་དུ་ཡང་མེད་པར་རྟོགས། རྣལ་འབྱོར་སྤྱོད་པས་དེ་བས་ཀྱང་ཟབ་ཏུ་རྟོགས་ཏེ། རྒྱུ་འབྲས་ཀྱི་དངོས་པོ་འཛིན་པའི་བདག་ཏུ་ཡང་མེད་པར་རྟོགས། དབུ་མ་པས་རྒྱུ་དང་འབྲས་བུའི་དངོས་པོ་རང་རིག་པའི་བདག་ཉིད་དུ་ཡང་མེད་པར་རྟོགས་པས་སྤྲོས་པ་ཉེ་བར་ཞི་བའོ། །དེ་ལྟར་ལམ་སྒོམ་ཚུལ་བསྟན་ནས། འབྲས་བུ་ནི། ཚོགས་ན་སྤྱོད་པ་དང་བསེ་རུ་ལྟ་བུའི་རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་ཡིན་ནོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་རྒྱུའི་སྔ་ནས་སྨོས་པ་སྟེ། འབྲས་བུ་ནི་གསང་སྔགས་དང་བྱེ་བྲག་མེད་པས་སྔགས་ཕར་ཕྱིན་གཉིས་ཀ་ཐེག་པ་ཆེན་པོར་གཅིག་ཀྱང་། ལམ་གྱིས་བྱེ་བྲག་ཏུ་བྱ་བའི་ཕྱིར་མཚན་ཉིད་ཀྱི་ཐེག་པ་དེ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཀུན་ནས་ཉོན་མོངས་པ་འཁོར་བ་རྒྱུ་འབྲས་དང་བཅས་པ་དང་། རྣམ་པར་བྱང་བའི་ཆོས་མྱང་འདས་རྒྱུ་འབྲས་དང་བཅས་པ་དེ་ཐམས་ཅད་དོན་དམ་པར་ནི་བདེན་པའི་རང་བཞིན་དུ་གྲུབ་པ་གང་ཡང་མེད་པ་ཡིན་ལ། དེ་ཡང་དོན་དམ་རང་གི་ངོ་བོ་ནི་སྤྲོས་པ་དང་བྲལ་བ་ལ་བྱ་སྟེ། སྒྲ་དོན་ཡེ་ཤེས་དམ་པའི་ཡུལ་ཡིན་པས་སམ་ཐོབ་བྱ་རྣམས་ཀྱི་ནང་ནས་དམ་པ་ཡིན་པས་དེ་སྐད་ཅེས་བརྗོད་དེ། འདི་ལ་དབྱེ་ན་སྤྲོས་པ་ཕྱོགས་རེ་ཆད་པ་རྣམས་གྲངས་ཀྱི་དོན་དམ་དང་། སྤྲོས་པ་མཐའ་དག་ཡོངས་སུ་ཞི་བ་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་སུ་ཡོད་དོ། །ཀུན་རྫོབ་ནི་འཁྲུལ་པའི་ཤེས་པ་སྣང་བ་དང་བཅས་པ་སྟེ། ཡང་དག་པའི་དོན་ལ་སྒྲིབ་པས་སམ་གློ་བུར་འཁྲུལ་པའི་བློས་བརྫབས་ཤིང་བརྟགས་ཏེ་རྣམ་པར་བཞག་པས་དེ་སྐད་ཅེས་བརྗོད་དེ། དབྱེ་ན་ཡང་དག་དང་ལོག་པའི་ཀུན་རྫོབ་གཉིས་ཡོད། ཀུན་རྫོབ་དེའི་དབང་དུ་བདེན་མེད་ཀྱི་སྣང་བ་སྒྱུ་མ་ཙམ་དུ་སྣང་སྟེ། འདིར་ཙམ་སྒྲས་ཡང་དག་པར་གྲུབ་པ་གཅོད་དོ། །སྣང་ཙམ་པོ་དེའི་ངོར་རང་རང་གི་བྱ་བ་བྱེད་བ་སོགས་ཀྱི་ནུས་པ་མེད་ཅེས་སྐུར་པ་གདབ་ཏུ་མི་རུང་བས་སྤྱོད་ཡུལ་ཡོངས་སུ་དག་མ་དག་སོགས་སོ་སོའི་མཚན་ཉིད་མ་འདྲེས་པར་ཡོད་དེ་རང་གཞལ་བྱེད་ཐ་སྙད་ཀྱི་ཚད་མའི་ངོར་གྲུབ་པས་སོ། །དེ་ལྟར་གནང་སྐབས་ཚད་མ་གཉིས་ཀྱི་ངོར་ངེས་པར་བྱ་བ་དང་། མཐར་ཐུག་སྣང་སྟོང་ཟུང་འཇུག་བདེན་གཉིས་དབྱེར་མེད་སྤྲོས་བྲལ་མཉམ་པ་ཆེན་པོའི་ཚུལ་དུ་ལེགས་པར་གཏན་ལ་ཕབ་ནས་སྒོམ་པའི་ལམ་བསྟན་པའི་ཕྱིར་ཤེས་རབ་ཐམས་ཅད་ཀྱི་ནང་ནས་དམ་པར་གྱུར་ཅིང་མཐར་ཕྱིན་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པས། དེས་ཟིན་པའི་སྦྱིན་སོགས་དགེ་བའི་ཆོས་བཅུ་ལ་ཕ་རོལ་དུ་ཕྱིན་པར་བཅུ་ཞེས་བྱ་སྟེ། འདི་ལ་ཕར་ཕྱིན་གྱི་སྒྲ་ཤེས་རབ་ལས་འདས་ཏེ་ཡུལ་དུ་མ་གྱུར་པ་ནི། ཆོས་ཉིད་སྤྲོས་བྲལ་ལ་བྱ་སྟེ་འདི་ཕ་རོལ་དུ་ཕྱིན་པས་དང་། འདིར་འཁོར་བའི་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པས་དེ་སྐད་ཅེས་བརྗོད་དེ་ལམ་ལ་སྦྱར་བའི་ཚུལ་གཉིས་ཡོད་དོ། །དེ་ལྟར་སྤྱོད་པའི་གནས་སྐབས་ཀྱི་འབྲས་བུ་ས་བཅུ་པོ་རིམ་གྱིས་བགྲོད་པའི་མཐར་ཐུག་གི་འབྲས་བུ་ཉན་རང་སོགས་ལས་ཁྱད་པར་དུ་གྱུར་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པའི་མཚན་ཉིད་ཅན་གྱི་བླ་ན་མེད་པའི་བྱང་ཆུབ་ཏུ་གྲུབ་པར་འདོད་པ་ཡིན་ནོ། །གཉིས་པ་ལ། བསྟན་བཤད་གཉིས་ལས། དང་པོ་ནི། རྡོ་རྗེ་ཐེག་པ་དེ་ལའང་དབྱེ་ན་རྣམས་གསུམ་སྟེ། ནང་གི་ཏིང་ངེ་འཛིན་རྒྱུའི་གཙོ་བོ་ཡིན་མོད་ཀྱི་ཕྱིའི་གཙང་སྤྲ་དང་དཀའ་ཐུབ་སོགས་ཀྱི་བྱ་བ་ལམ་ལྟོས་པར་དངོས་གྲུབ་མི་ཐོབ་པར་འདོད་པ་བྱ་བའི་རྒྱུད་ཀྱི་ཐེག་པ་དང་། ཕྱིའི་བྱ་བ་དང་ནང་གི་ཏིང་ངེ་འཛིན་གཉིས་ཀས་གྲུབ་པར་འདོད་པ་གཉིས་ཀའི་རྒྱུད་ཀྱི་ཐེག་པ་དང་། ཕྱིའི་བྱ་བ་ལ་མ་ཐོས་ཀྱང་ནང་གི་ཏིང་ངེ་འཛིན་འབའ་ཞིག་གི་གྲུབ་པར་འདོད་པ་རྣལ་འབྱོར་རྒྱུད་ཀྱི་ཐེག་པའོ། །གཉིས་པ་ལ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་ཀྱི་རྣམ་པར་བཞག་པ་གསུམ་ལས། དང་པོ་ནི། དེ་ལ་བྱ་བའི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། དོན་དམ་པར་ཆོས་ཐམས་ཅད་རང་གི་ངོ་བོ་སྐྱེ་འགག་མེད་པ་ལས། ཀུན་རྫོབ་ཏུ་ལྷའི་གཟུགས་ཀྱི་སྐུར་སྒོམ་ཞིང་ཞེས་བྱང་ཆུབ་ཀྱི་སེམས་དང་དེ་ཉིད་གསུམ་དང་ལྡན་པ་ནི་དངོས་གྲུབ་ཀྱི་སྣོད་དུ་བཤད་དོ། །དེ་ལ་དེ་ཉིད་གསུམ་ནི། བདག་གི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དེ། དེ་གསུམ་གྱིས་རིམ་པར་འཁོར་བའི་ཆོས་ཀྱི་རང་བཞིན་དང་། མྱ་ངན་ལས་འདས་པའི་མཚན་ཉིད་དང་། དེ་སྒྲུབ་པའི་ཐབས་ཀྱི་མཚན་ཉིད་རྣམས་བསྡུས་པ་སྟེ། དེ་ལ་བདག་གི་དེ་ཁོ་ན་ཉིད་ཕུང་ལྔའི་དོན་བློས་རྣམ་པར་མ་ཕྱེ་ཙམ་ནི་བདག་ཡིན་ལ། དེའི་དེ་ཉིད་ནི་ཉན་ཐོས་དང་སྒོ་བསྟུན་ན། མུ་སྟེགས་པས་བརྟགས་པའི་བདག་དང་བདག་གི་དང་རྟག་ཆད་སོགས་ཀུན་ཏུ་བརྟགས་པ་སྟོང་པ། ཕུང་སོགས་ཀྱི་ཆོས་ཙམ་མེད་པར་སྐུར་བ་གདབ་ཏུ་མི་རུང་བའོ། །རྣལ་འབྱོར་སྤྱོད་པས་ནི། ཉན་ཐོས་ཀྱི་བརྟགས་པའི་གཟུག་འཛིན་ཀུན་བརྟགས་ཀྱིས་སྟོང་པ། སེམས་དང་སེམས་བྱུང་རང་རིག་པ་ཙམ་མེད་པར་སྐུར་པ་གདབ་ཏུ་མི་རུང་བ་ཙམ་མོ། །དབུ་མ་པས་ནི། སེམས་ཙམ་པས་རྣམ་པར་མི་རྟོགས་པའི་ཡེ་ཤེས་དོན་དམ་པར་ཡོད་པར་བརྟགས་པས་ཀྱང་སྟོང་སྟེ་སྤྲོས་པའི་མཚན་མ་ཐམས་ཅད་ཡོངས་སུ་ཞི་བ་ཉིད་དུ་འདོད་པའོ། །ལྷའི་དེ་ཁོ་ན་ཉིད་ནི་ཆོས་ཉིད་དང་སྒྲ་ལ་སོགས་པ་གསང་སྔགས་ཀྱི་དངོས་པོ་ལྷ་དྲུག་ཏུ་གྲགས་པ་རྣམས་ཏེ། དེ་ཡང་བདག་གི་དེ་ཁོ་ན་ཉིད་གསེར་གྱི་གླེགས་བམ་ལྟ་བུ་ལ། ལྷའི་དེ་ཉིད་དངུལ་ཆུ་ཞུན་མ་ལྟ་བུས་བགོས་ཏེ་སླར་བསྒོམ་པར་བཞེད་དོ། །བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ནི་དེ་ཉིད་གསུམ། གཟུགས་བརྙན་ཆེན་པོ་གསུམ། དམིགས་པ་གསུམ་ཡན་ལག་བཞི་ལྡན་ཏེ། དེ་ལ་དེ་ཉིད་གསུམ་ནི་ཡེ་ཤེས་མིང་གཟུགས་གསུམ་ཏེ། དེ་ཡང་དོན་དམ་པར་ལྷའི་ཆོས་ཉིད་དག་པ་དང་བདག་གི་ཆོས་ཉིད་མ་དག་པ་གཉིས་རང་བཞིན་བྱེ་བྲག་མེད་པར་རྟོགས་ནས། དེ་བཞིན་དུ་སྒོམ་པ་སྟེ། ལྷའི་ཡེ་ཤེས་རང་རིག་དག་པ་དང་བདག་གི་ཤེས་པ་རང་རིག་མ་དག་པ་གཉིས་རང་བཞིན་དབྱེར་མེད་པ་དང་། དེ་བཞིན་དུ་ལྷའི་སྐུ་དང་གསུང་ཁྱད་པར་དུ་འཕགས་པར་སྣང་བ་དང་། རང་གི་ལུས་དང་ངག་ཁྱད་པར་ཅན་མིན་པར་སྣང་བའམ་བྱེ་བྲག་མེད་པར་ཤེས་ཏེ། དེ་ལ་བརྟེན་ནས་ཀུན་རྫོབ་ཏུའང་ལྷར་བསྒྱུར་ཞིང་བསྐྱེད་དེ་བསྒོམས་པས། འཁྲུལ་པ་དག་པ་ཉིད་འབྲས་བུའི་ལྷར་ངོ་བོ་གྲུབ་པར་ལྟ་བའོ། །གཟུགས་བརྙན་ཆེན་པོ་གསུམ་ནི། ཚུལ་དེ་དང་མཐུན་པར་བསྒོམ་པ་སྟེ་སྐུ་མཚན་དཔེར་གསལ་བ་སྐུའི་གཟུགས་བརྙན། དེའི་ཐུགས་ཀར་བྱང་ཆུབ་སེམས་ཀྱི་རྟགས་ཟླ་དཀྱིལ་བསྒོམ་པ་ཐུགས་ཀྱི་གཟུགས་བརྙན། དེ་ལ་སྙིང་པོ་བཀོད་པ་གསུང་གི་གཟུགས་བརྙན་ནོ། །དམིགས་པ་གསུམ་ནི་བཟླས་བརྗོད་ཀྱི་དུས་སུ་ཡེ་ཤེས་སེམས་དཔའ་མདུན་དུ་དམིགས་པ་ལ། གཟུགས་བརྙན་གསུམ་པོ་དེ་ཀུན་ཀྱང་དམིགས་པར་བྱ་བ་ཡིན་པས་དམིགས་པ་གསུམ་མོ། །ཡན་ལག་བཞི་ནི། དམིགས་པ་གསུམ་བདག་དམ་ཚིག་སེམས་དཔའ་ཟློས་པ་པོ་དང་བཞི་ཆར་ཡང་བཟླས་བརྗོད་ཀྱི་ཡན་ལག་རེ་རེ་ཡིན་པས་བཞིའོ། །དམིགས་པ་གཉིས་དང་ཡན་ལག་གསུམ་སོགས་དེ་ཡིས་བསྡུས་པར་ཟད་དོ། །དེས་ན་རང་ཉིད་ལྷར་མིན་ཀྱང་རྒྱུ་རྐྱེན་གྱིས་ནམ་ཞིག་འགྱུར་སྣང་བས་རྒྱུད་དེ་ལྷར་ལྟ་བའོ། །དེའི་གྲོགས་སུ་རིགས་གསུམ་གང་ལ་མོས་པའི་སྐུའི་གཟུགས་བརྙན་བྲིས་སམ་བླུགས་མ་དང་། རིགས་གསུམ་ཐུགས་ཀྱི་གཟུགས་བརྙན་ནམ་མཚན་མ་དང་སྟེ། འཆིང་བ་དམ་ཚིག་གི་ཕྱག་རྒྱ། འཛིན་པ་དམ་ཚིག་གི་ཕྱག་རྒྱ། བསམ་པ་དམ་ཚིག་གི་ཕྱག་རྒྱ་གསུམ་ལས། དང་པོ་རྣལ་འབྱོར་པས་རྡོར་དྲིལ། གཉིས་པ་ཡེ་ཤེས་སེམས་དཔའི་ཐུགས་མཚན་པདྨ་རྡོ་རྗེ་རལ་གྲི་སོགས། གསུམ་པ་དམ་ཡེའི་ཐུགས་མཚན་བསྒོམ་པ་ལ་བྱའོ། །གསུང་གི་གཟུགས་བརྙན་བཟླས་བརྗོད་དང་སྟེ། འདི་ལ་ངེས་པ། བར་མ་ཆད་པ། ཚང་བ་གསུམ། དང་པོ་ཇི་ལྟར་དམ་བཅས་པ་ལྟར། གཉིས་པ་ཟླ་ཚེ་གཡལ་ལུ་མི་ཚིག་སོགས་ཀྱི་སྐྱོན་མེད་པ། གསུམ་པ་གྲངས་མཐར་ཕྱིན་པའི། ཕྱིའི་སྤྱོད་ལམ་ཕྱི་ནང་གི་ཁྲུས་སོགས་སྤྱོད་ཡུལ་དག་པའི་གཙང་སྦྲ་དང་། བྱ་བ་དང་འཇུག་པའི་དུས་ཚིག་དང་། གཟའ་ཕུར་བུ་སོགས་དང་རྒྱུ་སྐར་རྒྱལ་ལ་སོགས་རྩིས་ཀྱི་ལ་ཉེ་ཐམས་ཅད་པ་གཙོ་བོར་ཕྱིའི་ཡོ་བྱད་དང་། རྒྱུ་ལྟ་བ་དང་རྐྱེན་ཕྱི་ནང་གི་ཡོ་བྱད་སོགས་ཚོགས་པའི་མཐུ་ལས་དངོས་གྲུབ་འགྲུབ་པར་འདོད་པའོ། །འདིར་དོན་དམ་སྐྱེ་འགགས་མེད་པ་དང་། ཀུན་རྫོབ་ཏུ་ལྷར་བསྒོམ་པའི་ཚུལ་སོ་སོ་ཙམ་བསྟན་གྱིས། ཀུན་རྫོབ་ཀྱི་སྤྱོད་ཡུལ་ལ་དག་མ་དག་ཇི་ལྟར་བལྟ་བའི་ཚུལ་དང་། འབྲས་བུའི་ཁྱད་པར་དག་ནི་མ་གསུངས་ཏེ། འདིའི་དགོངས་པ་ནི། ཀུན་རྫོབ་ཏུ་ལྷར་བསྒོམ་མོ་ཞེས་གསུངས་པ་ཉིད་ཀྱིས། ཀུན་རྫོབ་ཏུ་ལྷར་བལྟའོ་ཞེས་སྨོས་མི་དགོས་ཏེ། ལྟ་བས་ཇི་ལྟར་བཅད་པ་བཞིན་དུ་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པ་ཡིན་ཏེ། གང་གི་ཕྱིར་ལྟ་བ་དང་སྒོམ་པ་ནི་འགལ་དུ་མི་རུང་སྟེ། རིག་པ་དང་རྐང་པར་ལྡན་དགོས་པའི་ཕྱིར་དང་། གསང་སྔགས་ཀྱི་གཞུང་དམིགས་པ་རྣམ་པར་དག་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་རོ། །གྲུབ་པའི་འབྲས་བུ་ནི། ཐུང་མོང་གི་ལས་དང་དངོས་གྲུབ་དག་མི་མཐུན་ཡང་། མཆོག་གི་དངོས་གྲུབ་བླ་ན་མེད་པའི་བྱང་ཆུབ་མཚུངས་པས་གུད་དུ་མ་སྨོས་སོ། །གཉིས་པ་ནི། གཉིས་ཀའི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི་དོན་དམ་པར་སྐྱེ་འགག་མེད་པ་ལས་ཀུན་རྫོབ་ཏུ་ལྷའི་གཟུགས་ཀྱི་སྐུར་བསྒོམ་ཞིང་དེ་ཉིད་རྣམས་བཞི་དང་ལྡན་པར་བསྒོམ་པའི་ཏིང་ངེ་འཛིན་ཞེས་བདག་གི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། ཏིང་ངེ་འཛིན་གྱི་དེ་ཁོ་ན་ཉིད། བཟླས་པའི་དེ་ཁོ་ན་ཉིད་བཞི། དང་པོ་ནི་བདག་དམ་ཚིག་པར་བསྐྱེད་པའོ། །གཉིས་པ་ཡེ་ཤེས་པ་སྤྱན་དྲངས་ནས་སྨིན་ཐད་བཞུགས་པའོ། །གསུམ་པ་ནི། བདག་མདུན་གྱི་ཐུགས་ཀ་ན་ཟླ་བ་དང་ཡིག་འབྲུ་ཀླག་སྔགས་བཀོད་པའོ། །བཞི་པ་ནི་དབུགས་དང་སྤྲད་དེ་ཕར་འཕྲོས་ཐུགས་དམ་བསྐུལ། ཚུར་བྱུང་དངོས་གྲུབ་སྩོལ་བའི་དམིགས་པ་དང་བཅས་སྐྱོན་བཅུ་སྤང་ལ་བཟླས་པའོ། །ནང་གི་ཏིང་ངེ་འཛིན་དེ་དང་། ཕྱིའི་ཡོ་བྱད་དང་རྒྱུ་རྐྱེན་ཚོགས་པ་དང་དམ་ཚིག་མ་ཉམས་པ་ལ་སྩོགས་པ་གཉིས་ཀ་བསྟེན་པ་ལས་ཐུན་མོང་གི་གྲུབ་པ་དང་མཆོག་གི་རིགས་བཞི་རྡོ་རྗེ་འཆང་གིས་འགྲུབ་པར་འདོད་པའོ། །གསུམ་པ་ལ་བསྟན་བཤད་གཉིས་ཀྱི། དང་པོ་ནི། ཆོས་ཉིད་ཀྱི་དོན་ལ་རེག་པ་རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི་རྣམས་པ་གཉིས་ཏེ། ཀུན་རྫོབ་ཏུ་བདག་དང་སངས་རྒྱས་མཉམ་པར་མི་ལྟ་བ་དང་། སྤྱོད་པ་མཉམ་པའི་བརྟུལ་ཞུགས་དང་དུ་མི་ལེན་པ་ནི་རྣལ་འབྱོར་ཕྱི་པ་སྟེ་བསྲུང་མེད་ཀྱི་དམ་ཚིག་ཉམས་སུ་ལེན་མི་ནུས་པར་ཐུན་མོང་གི་སྡོམ་པ་རྣམས་དང་མ་བྲལ་བས་སམ་སྒོ་གསུམ་གསང་གསུམ་དུ་སྒོམ་ནས་མི་མཐུན་པའི་ཕྱོགས་ཀྱི་དབང་དུ་མི་འགྱུར་བས་ན་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། གོང་ལས་བཟློས་སྟེ་རྣལ་འབྱོར་ནང་པ་ཅིར་སྣང་བདེ་བ་ཆེན་པོར་དབང་སྒྱུར་བའི་ཐབས་མཁས་ཀྱི་རྒྱུད་ཀྱི་ཐེག་པའོ། །གཉིས་པ་ལ་རྣལ་འབྱོར་ཕྱི་རྒྱུད་དང་། བླ་མེད་རྒྱུད་ཀྱི་རྣམ་བཞག་གཉིས། དང་པོ་ནི། དེ་ལ་རྣལ་འབྱོར་ཕྱི་པ་ཐུབ་པའི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཀྲི་ཡ་ལྟར་ཕྱིའི་ཡོ་བྱད་ལ་གཙོ་བོར་མི་འཛིན་པར་དོན་དམ་པར་སྐྱེ་འགག་མེད་པའི་རང་བཞིན་སྣང་ཆར་ཤར་བ་ལྷ་དང་ལྷ་མོ་དང་། སྒོམ་པ་ལྟ་བ་དེ་དང་རྣམ་པ་འདྲ་བའི་རྒྱུད་ཡོངས་སུ་དག་པའི་ཏིང་ངེ་འཛིན་གྱིས་འཕགས་པའི་གཟུགས་ཀྱི་སྐུ་ཞེས། དོན་དམ་པའི་ལྷ་དང་། སེམས་པའི་བྱེ་བྲག་གི་ལྷ་གཉིས་ནི། དོན་དམ་པ་དང་། ཀུན་རྫོབ་ཀྱི་སྣང་ཆའི་ལྷ་གཉིས་ཡིན་པ། དེའི་ཆར་གཏོགས་པའི་རྒྱུ་མཐུན་པའི་ལྷར་བསྒོམ་པ་དམ་ཚིག་ཅན་གྱི་སྐྱེ་བོས་བཏགས་པའི་ལྷ་སྟེ། དེ་ལྟར་གོམས་ན་བདེན་གཉིས་ལྷའི་རང་བཞིན་ཡིན་པའི་ཚུལ་མངོན་དུ་གྱུར་པར་བྱེད་པའི་ཏིང་ངེ་འ ཛིན་ལ་ཡང་མངོན་བྱང་ལྔ་དང་ཆོ་འཕྲུལ་ཆེན་པོ་བཞིའི་སྒོ་ནས་བསྐྱེད་ཅིང་ཕྱག་རྒྱ་བཞི་དང་ལྡན་པར་བྱ་སྟེ། སྐུ་ཕྱག་རྒྱ་ཆེན་པོ་སྐུ་དངོས། དེའི་རྒྱུ་ཡིན་འབྲུ་དང་ཕྱག་མཚན་སོགས་སོ། །གསུང་ཆོས་ཀྱི་ཕྱག་རྒྱ་ལྗགས་སྟེང་རྡོ་རྗེ་རྩེ་ལྔ་སོགས་བསྒོམ་པ། ཐུགས་དམ་རྒྱལ་འཛིན་འཆང་གཉིས་ལས། འཛིན་པ་ཡེ་ཤེས་ལྔ་ཐུགས་སུ་ཆུད་པའི་རྟགས་རྡོ་རྗེ་རྩེ་ལྔ་སོགས་རྣམ་པ་དང་། འཆང་བ་རྡོར་དྲིལ། ཕྲིན་ལས་ལས་རྒྱ་ཐུགས་ཀར་ཟླ་སྟེང་རྡོ་རྗེ་རྒྱ་གྲམ་ལས་འོད་ཟེར་འཕྲོ་འདུས་འཕགས་པ་སྤྱན་དྲངས་པ་འགྲོ་བའི་དོན་བྱེད་པ་སོགས་ཏེ་དེ་དག་གིས་བདག་ཉིད་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པའི་ཚུལ་ལམ་མི་འདའ་ཞིང་བརྩོན་པར་བྱེད་པའམ། དེ་དང་པོ་གཅིག་པར་རྒྱལ་འདེབས་པའི་ཚུལ་གྱིས་བསྒོམས་པའི་ནང་གི་རྣལ་འབྱོར་གཙོ་བོར་བྱས་པ་ལས་ཐུན་མོང་དང་མཆོག་གི་དངོས་གྲུབ་འགྲུབ་པར་འདོད་པའོ། །གཉིས་པ་ལ། བསྟན་བཤད་གཉིས་ལས། དང་པོ་ནི། རྣལ་འབྱོར་ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི་རྣམ་པ་གསུམ་སྟེ། ཐབས་བསྐྱེད་པ་གཙོ་བོར་སྟོན་པ་བསྐྱེད་པའི་ཚུལ་མ་ཧཱ་ཡོ་ག་དང་། ཤེས་རབ་རྫོགས་རིམ་ཤས་ཆེར་སྟོན་པ་རྫོགས་པའི་ཚུལ་ཨ་ནུ་ཡོ་ག་དང་། གཉིས་མེད་ཟུར་འཇུག་གཙོ་བོར་སྟོན་པ་ཨ་ཏི་རྫོགས་པ་ཆེན་པོའི་ཚུལ་ལོ། །གཉིས་པ་ལ། ཚུལ་གསུམ་སྤྱིར་བཤད་པ་དང་། དེ་ལ་འཇུག་པའི་སྒོ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ལ། བསྐྱེད་པ་དང་། རྫོགས་པ་དང་། རྫོགས་པ་ཆེན་པོའི་ཚུལ་གསུམ་ལས། དང་པོ་ནི། དེ་ལ་བསྐྱེད་པའི་ཚུལ་ནི། ནང་རྒྱུད་གསུམ་པོ་འདི་དག་གིས་བསྐྱེད་ན་ནི་ལྷ་ཡིན་ལ། མ་བསྐྱེད་ན་ལྷར་མི་ལྟ་བ་མ་ཡིན་ཏེ། རྒྱུ་འབྲས་དབྱེར་མེད་པར་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ལྟ་བར་མཐུན་པས་སོ། །འོན་ཀྱང་ཏི་ངེ་འཛིན་གྱིས་རྩལ་སྦྱང་བ་རིམ་གྱིས་སྦྱང་བར་བྱ་བ་ཙམ་དུ་ཟད་དོ། །དེ་ལ་ཆོས་ཐམས་ཅད་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སངས་རྒྱས་པར་ལྟ་བ་ལ། རང་བཞིན་གྱི་སངས་རྒྱས་དང་། རྟོགས་པའི་སངས་རྒྱས་དང་། གྲུབ་པའི་སངས་རྒྱས་གསུམ། དང་པོ་སེམས་ཅན་རྣམས་ཏེ། དེ་ལའང་། སྐྱེ་བ་རྒྱུའི་སངས་རྒྱས། སྐྱེ་བ་རྟེན་པའི་སངས་རྒྱས། སྐྱེ་བ་མངོན་པར་གྲུབ་པའི་སངས་རྒྱས་སོ། །དེའི་དང་པོ་ལས་འགྲུབ་པའི་རྒྱུ་ཁུ་རྡུལ་སེམས་གསུམ། གཉིས་པ་ཕ་མ་གཉིས་ཀྱི་ལུས་སེམས་ཀྱི་ཁམས་ཐམས་ཅད། གསུམ་པ་རང་གི་ལུས་མངོན་པར་གྲུབ་པའི་སྐབས་ཏེ། དེ་གསུམ་པོ་ཀུན་ཏུ་རང་བཞིན་གྱིས་སངས་རྒྱས་པའོ། །གཉིས་པ་རྟོགས་པའི་སངས་རྒྱས་ནི་རིག་འཛིན་གྱི་ས་ལ་གནས་པ་རྣམས་སོ། །གསུམ་པ་གྲུབ་པའི་སངས་རྒྱས་ནི་དེ་ཉིད་མངོན་དུ་གཟིགས་པའོ། །འདི་རྣམས་ཀྱང་རང་བཞིན་དང་གནས་སྐབས་ཀྱི་བྱེ་བྲག་ཏུ་འདོད་དོ། །དེས་ན་སངས་མ་རྒྱས་པའི་ཆོས་མ་དམིགས་ཀྱང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མ་གོམས་པ་གོམས་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ས་གསུམ་ལ་བློ་སྦྱང་བར་འདོད་དེ། དེ་ཡང་ཀུན་ཏུ་འོད་ཀྱི་ས་ལ་བློ་སྦྱང་བའི་ཕྱིར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་སྒོམ་པ་དང་། པདྨ་ཅན་གྱི་ས་ལ་གོམས་པར་བྱ་བའི་ཕྱིར་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཤེས་རབ་དང་སྙིང་རྗེ་འབྲེལ་བ་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་གོམས་པར་བྱ་བའི་ཕྱིར་རྒྱུའི་ཏིང་ངེ་འཛིན་ཡིག་འབྲུ་བསྒོམ་པ་སྟེ་ཏིང་ངེ་འཛིན་རྣམ་པ་གསུམ་རིམ་གྱིས་བསྐྱེད་དེ། དེ་གོམས་པ་ན་རྟེན་དང་བརྟེན་པའི་དཀྱིལ་འཁོར་རིམ་གྱིས་བཀོད་ཅིང་བསྒོམས་པས་འགྲུབ་པར་འདོད་པའོ། །གཉིས་པ་ནི། རྫོགས་པའི་ཚུལ་ཨ་ནུ་ཡོ་ག་ནི། རྣལ་འབྱོར་རྒྱུད་ཀྱི་གཞུང་ལས་གྲགས་པའི་སྒོམ་ཞིང་ཉམས་སུ་བླང་བར་བྱ་བའི་དོན་ཐམས་ཅད། བྱང་ཆུབ་སེམས་ཀྱི་རང་བཞིན་རིག་པ་སྐད་ཅིག་མ་གཅིག་ལ་རྫོགས་པར་གསལ་བར་སྒོམ་པ་ནུས་པའི་དབང་དུ་གསུངས་པ་སྟེ། དེ་ཡང་གཉིས་ལས་མ་གཡོས་བཞིན་དུ་གཅིག་ཏུ་གསལ། གཅིག་ཏུ་དབྱེར་མེད་བཞིན་དུ་གསུམ་དུ་མ་འདྲེས་པ་སྟེ། རྒྱ་མཚོ་ལ་གཟའ་སྐར་ཤར་བའམ། རྫུ་འཕྲུལ་ཅན་གྱི་སྤྱོད་ལམ་བཞི་དུས་གཅིག་ཏུ་སྟོན་པ་བཞིན་ནོ། །དེ་ལ་དོན་དམ་པར་སྐྱེ་འགག་མེད་པའི་རང་བཞིན་དུ་ལྷུན་གྱིས་གྲུབ་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་ལྷ་དང་ལྷ་མོ་ཡི་རང་བཞིན་སྣང་སྲིད་ཐམས་ཅད་སངས་རྒྱས་པའི་དགོངས་དོན་ལས་མ་གཡོས་པ་དང་གཅིག །མཐའ་གང་དུ་ཡང་རྣམ་པར་མི་རྟོག་པའི་དོན་དབུ་མ་ཆོས་ཀྱི་དབྱིངས་ལས་ཀྱང་མ་གཡོས་པ་གཉིས་ནི་མ་གཡོས་པ་གཉིས་ཞེས་བྱ་ལ། དེ་ལས་མ་གཡོས་བཞིན་དུ་ཀུན་རྫོབ་ཏུ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷག་པའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་འཕགས་པའི་གཟུགས་ཀྱི་སྐུའང་གསལ་བར་བསྒོམས་པ་ནི། གསལ་བ་གཅིག་ཅེས་བྱ་ཞིང་། ཅིར་སྣང་ཅི་སྒོམ་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་སྐྱེ་འགག་མེད་པའི་དབྱིངས་སུ་མཉམ་པ་ནི་གཅིག་ཏུ་དབྱེར་མེད་ཅེས་བྱ་ལ། མ་འདྲེས་པ་གསུམ་ནི། ཐམས་ཅད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བསྒོམ་པའང་ཏིང་ངེ་འཛིན་གཞན་དང་མ་འདྲེས། ལྷག་ཏིང་གི་དཀྱིལ་འཁོར་དུ་སྐུ་མདོག་ཕྱག་རྒྱ་མཚན་སོགས་གསལ་བ་ཡང་གཞན་དང་མ་འདྲེས། གཙོ་གཟུགས་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་སོ་སོར་མ་འདྲེས་པར་བྱང་ཆུབ་སེམས་ཀྱི་རང་བཞིན་རིག་པ་སྐད་ཅིག་མ་གཅིག་ལ་གསལ་བ་སྟེ། དེ་ལྟར་སྒོམ་པས་འགྲུབ་བོ། །དེ་ཡང་བཙལ་མེད་ལྷུན་གྱིས་གྲུབ་པར་སྦྱོར་ནུས་ཤིང་། ཕྱོགས་དུས་མཉམ་པ་ཉིད་དུ་སྦྱོར་ནུས་ན་ནི་རྫོགས་ཆེན་དང་ཁྱད་མེད་ཀྱང་། འདིར་སྦྱོར་བ་རྩོལ་བ་དང་བཅས་པ་དང་། རིག་པ་ཕྱོགས་སུ་སྦྱོར། སྐད་ཅིག་མ་དུས་སུ་སྦྱོར་ཏེ་སྐད་ཅིག་ལ་དོན་ཐམས་ཅད་རྫོགས་པར་སྦྱར་རོ། །བསྐྱེད་རྫོགས་འདི་གཉིས་ཀྱི་སྐབས་སུ་ལམ་སྒོམ་ཚུལ་ཙམ་ལས། སྤྱིའི་ལྟ་བ་དང་འབྲས་བུའི་ཁྱད་པར་མ་གསུངས་པ་ནི། དགོངས་པ་གོང་དུ་བསྟན་པ་ལྟར། དོན་དམ་པར་སྐྱེ་འགག་མེད་པ་དང་། ཀུན་རྫོབ་སྒྱུ་མ་ཡོངས་སུ་དག་པའི་ལྷའི་དཀྱིལ་འཁོར་དུ་ལྟ་བ་དང་། བདེན་གཉིས་དབྱེར་མེད་པར་ལྟ་བ་དང་། འབྲས་བུ་བླ་མེད་ཀྱི་བྱང་ཆུབ་ལ་ཐེག་ཆེན་ཐམས་ཅད་ཁྱད་མེད་པས་དབྱེ་མི་དགོས་སོ་ཞེས་དགོངས་པའོ། །གསུམ་པ་རྫོགས་པ་ཆེན་པོའི་ཚུལ་ནི། དེ་ལ་རྫོགས་པ་ཆེན་པོ་ནི་དོན་དང་ཚུལ་གཉིས་ལས། དོན་ནི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་བྱང་ཆུབ་ཀྱི་རང་བཞིན་དུ་བསྟན་པ་ཡིན་ལ། ཚུལ་ནི་དེ་ལ་འཇུག་པའི་ཐབས་དང་སྒོ་སྟེ། དེ་གཉིས་མདོར་བསྟན་པར་དགོངས་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཀུན་རྫོབ་དང་དོན་དམ་རང་མཚན་དང་སྤྱི་མཚན། དཀར་པོ་དང་ནག་པོ་སོགས་འདི་དང་འདིའོ་ཞེས་དབྱེ་བ་ཇི་སྙེད་པ་ཐམས་ཅད་རྣམ་དབྱེར་མེད་པར་ཏེ་གང་དུ་དབྱེར་མེད་ན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་དབྱེར་མེད་དེ་དཔེར་ན་འཇིག་རྟེན་ཕལ་པ་དང་། ཕྱི་རོལ་མུ་སྟེགས་ཅན་གྱིས་རྣམ་པར་བཞག་པའི་ཐ་སྙད་ཀྱི་མཚན་ཉིད་ཐམས་ཅད་དང་། གང་ཟག་གི་མཚན་ཉིད་ཐམས་ཅད་ཀྱང་། སངས་རྒྱས་པའི་ཆོས་སུ་བསྡུས་ཏེ་བསྟན་པ་བཞིན་ནོ། །ཇི་ལྟར་དབྱེར་མེད་ན་དེའི་རང་བཞིན་ཡེ་ནས་ཡིན་པར་རྟོགས་ནས་བསྒོམ་པ་ཡིན་པའི་ཕྱིར་ཏེ་ཞེས་ཚུལ་མདོར་བསྟན་ནས། དེ་ཡང་རྒྱུད་གསང་བ་སྙིང་པོ་ལས། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཡིན་པས་རྡོ་རྗེའི་སྒྲས་བསྟན་ཏེ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་རྣམ་པར་དག །ཅེས་འབྱུང་སྟེ། དེའི་དོན་སློབ་དཔོན་གྱིས་རྣམ་པར་སྦྱང་བར་མཛད་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པས་ཡེ་ནས་མ་སྐྱེད་ལ་སྐྱེ་མེད་སྟོང་པ་ཆེན་པོར་གནས་བཞིན་སྣང་ཆ་རྣམས་འགགས་མེད་དུ་ཤར་བའི་ས་སོགས་རང་རང་གི་བྱ་བ་བྱེད་ནུས་པའི་སྒྱུ་མ་རྣམས་བདེ་བར་གཤེགས་པ་ཡབ་ཡུམ་བཅུ་དང་སེམས་དཔའ་སེམས་མ་ལ་སྩོགས་པའི་རང་བཞིན་ལམ་གྱིས་བཅོས་ཤིང་བསྒྱུར་བ་ལྟ་བུ་མ་ཡིན་པར་ཡེ་ནས་ཡིན་པའི་ཕྱིར། ཆོས་ཐམས་ཅད་རང་བཞིན་གྱི་མྱ་ངན་ལས་འདས་པ་སྟེ། ས་སོགས་འབྱུང་བ་ཆེན་པོ་ལྔ་ནི་ཡུམ་ལྔའི་རང་བཞིན་ཏེ་ས་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཕྱུགས་མའོ། །དེ་བཞིན་དུ་ཕུང་པོ་ལྔ་ནི་རིགས་ལྔའི་སངས་རྒྱས་ཏེ། རྣམ་ཤེས་མི་བསྐྱོད་པ། ཚོར་བ་རིན་འབྱུང་། འདུ་ཤེས་སྣང་མཐའ། འདུ་བྱེད་དོན་གྲུབ། གཟུགས་རྣམ་སྣང་ངོ་། །རྣམ་པར་ཤེས་པ་བཞི་ནི་བྱང་ཆུབ་སེམས་དཔའ་བཞིའི་རང་བཞིན་ཏེ། མིག་ཤེས་ས་སྙིང་། རྣ་ཤེས་ཕྱག་རྡོར། སྣ་ཤེས་ནམ་སྙིང་། ལྕེ་ཤེས་སྤྱན་རས་གཟིགས་སོ། །ཡུལ་བཞི་ནི་ཤེས་བཞིར་དགྱེས་བསྐྱེད་མཛེས་པའི་ལྷ་མོ་བཞིའི་རང་བཞིན་ཏེ། གཟུགས་སྒེག་མོ། སྒྲ་གླུ་མ། དྲི་ཕྲེང་བ་མ། རོ་གར་མའོ། །དབང་པོ་བཞི་ནི་བྱང་ཆུབ་སེམས་དཔའ་བཞིའི་རང་བཞིན་ཏེ། མིག་དབང་བྱམས་པ། རྣ་དབང་སྒྲིབ་སེལ། སྣ་དབང་ཀུན་བཟང་། ལྕེ་དབང་འཇམ་དཔལ་ལོ། །དུས་བཞི་ནི་མཆོད་པའི་ལྷ་མོ་བཞིའི་རང་བཞིན་ཏེ། དུས་འདས་པ་ནི་བདུག་སྤོས་མ། ད་ལྟར་ནི་པུཥྤེ་མ། མ་འོངས་པ་ནི་སྣང་གསལ་མ། འབྱུང་བར་མ་ངེས་པ་ནི་དྲི་ཆབ་མའོ། །ལུས་ཀྱི་དབང་པོ་དང་རྣམ་པར་ཤེས་པ་དང་། ཡུལ་རེག་བྱ་དག་དེ་ལས་བྱུང་བའི་རེག་པ་སྟེ། བདེ་ཆེན་བྱང་ཆུབ་ཀྱི་སེམས་ནི་ཁྲོ་བོ་བཞིའི་རང་བཞིན་ཏེ། དེ་ཡང་ལུས་དབང་གི་གསང་བའི་རྡོ་རྗེ་ཡུལ་དང་ཕྲད་པས་དབང་ཤེས་གཞན་བཅོམས་ཤིང་མི་གནས་པར་བྱེད་པའི་ཕྱིར་སྟོབས་ཆེན་ཁྲོ་བོ་བཞིར་བཞག་སྟེ། རེག་པ་བདུད་རྩི་འཁྱིལ་རེག་བྱེད་ཀྱི་ལུས་དབང་རྟ་མགྲིན། རེག་ཡུལ་སྟོབས་ཆེན། རེག་ཤེས་གཤིན་རྗེ་གཤེད་དོ། །རྟག་ཆད་མུ་བཞི་ནི་ཁྲོ་མོ་བཞིའི་རང་བཞིན་ཏེ། རྟག་པར་ལྟ་བ་གནས་སུ་དམ་པ་ལྕགས་ཀྱུ་མ། དེ་བཞིན་དུ་ཆད་པར་ལྟ་བ་ཞགས་པ་མ། བདག་ཏུ་ལྟ་བ་ལྕགས་སྒྲོགས་མ་མཚན་མར་ལྟ་བ་དྲིལ་བུ་མའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་བྱང་ཆུབ་ཀྱི་རང་བཞིན་ཅན་གྱི་སེམས་མི་ཕྱེད་པ་རྡོ་རྗེ་ལྟ་བུ་ཐམས་ཅད་དུ་དོར་བྱའི་ཆོས་མེད་པའི་ཀུན་ཏུ་བཟང་པོའི་རང་བཞིན། ཡིད་དེའི་ཡུལ་ཆོས་འདུས་བྱས་དང་འདུས་མ་བྱས་ནི་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོའི་རང་བཞིན་ཏེ། དེ་དག་ཀྱང་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རང་བཞིན་ཡིན་གྱི། དེ་ལམ་གྱིས་གསར་དུ་བསྒྲུབ་པ་ནི་མ་ཡིན་ནོ། །དེ་ལྟར་རང་གི་རྒྱུད་ཀྱི་གཞུངས་དྲངས་ནས། དེ་དང་མཐུན་པའི་ལུང་གཞན་དག་དྲངས་པའི་ཕྱིར། དཀྱིལ་འཁོར་གསུམ་དུ་སྣང་བའང་རྩ་བ་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་ཐེག་ལེ་ཉག་གཅིག་ཏུ་བསྟན་པ་དེ་ལྟར་ཕྱོགས་བཅུ་དུས་གསུམ་དང་ཁམས་གསུམ་ལ་སོགས་པ་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་རང་གི་སེམས་ལས་གུད་ན་མེད་དེ་ཇི་སྐད་དུ། ཁམས་གསུམ་རྣམ་རྒྱལ་གྱི་རྟོགས་པ་ལས། རང་སེམས་ཕྱིན་ཅི་མ་ལོགས་པའམ། བློའི་རྩལ་བཞིན་དུ་སོ་སོར་རྟོགས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་དེ་ཉིད་དོ་ཞེས་རྟོགས་ན་སངས་རྒྱས། མ་རྟོགས་ན་འཁོར་བའི་སྣོད་བཅུད་དུ་སྣང་སྟེ་འཇིག་རྟེན་གསུམ་པོ་དེ་ཉིད་དོ། །འབྱུང་བ་ཆེ་རྣམས་དེ་ཉིད་དོ། །ཅེས་འབྱུང་ངོ་། །ཇི་སྐད་དུ་གསང་བ་འདུས་པ་ལས། ཆོས་ཐམས་ཅད་ནི་སེམས་ལ་གནས་སོ། །ཞེས་ཅིར་སྣང་རང་སེམས་ཀྱི་སྣང་བ་ཙམ་དུ་ཟད་ལ། སེམས་ནི་ནམ་མཁའ་ལ་གནས་སོ། །ཞེས་སེམས་ཀྱི་རང་བཞིན་སྐྱེ་མེད་ནམ་མཁའ་དང་འདྲའོ་ཞེས་སོ། །ནམ་མཁའ་ནི་མཚན་ཉིད་ཐམས་ཅད་དང་བྲལ་བས་ཅི་ལའང་མི་གནས་སོ། །ཞེས་འབྱུང་བ་དང་། ལུང་གཞན་ལས་ཀྱང་། ཆོས་ཐམས་ཅད་ནི་ཆོས་ཅན་དང་ཆོས་ཉིད་རྣམ་པར་སྒྲུབ་པ་དང་བྲལ་བས་འདི་ལ་འདིས་སྟོང་ཞེས་རྣམ་བཞག་བྲལ་བས་ངོ་བོ་ཉིད་ཀྱིས་སྟོང་པའོ། །ཆོས་ཐམས་ཅད་ནི་ཉོན་མོངས་པའི་དྲི་མ་ཉིད་ཡེ་ནས་གྲུབ་མ་མྱོང་བས་གདོད་མ་ནས་རྣམ་པར་དག་པའོ། །ཆོས་ཐམས་ཅད་ནི་སྒྲིབ་པའི་མུན་པ་ཉིད་ཡེ་ནས་མ་གྲུབ་པས་ཡོངས་ཀྱིས་འོད་གསལ་བའོ། །ཆོས་ཐམས་ཅད་ནི་མི་མཐུན་པ་དང་གཉེན་པོ་གཉིས་སུ་མེད་པས་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །ཆོས་ཐམས་ཅད་ནི་སྒྲིབ་གཉིས་བྲི་བ་དང་ཚོགས་གཉིས་བསགས་པ་བྲལ་བས་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཞེས་གསུངས་སོ། །འདི་ནི་རྫོགས་པ་ཆེན་པོའོ། །སྐབས་འདིར་རྩ་བའི་མཆན་རྙིང་གྲུབ། རྫོགས་པ་ཆེན་པོའི་ཚུལ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ། འབྲས་བུའི་ཆོས་ལྷུན་གྱིས་གྲུབ་པའི་ཚུལ་འདི་ནི་དོན་ལ་འཇུག་པའོ། །ཞེས་ཀྱང་འབྱུང་ངོ་། །གཉིས་པ་ལའང་རྟོགས་པ་བཞི་དང་། མཚན་ཉིད་གསུམ་དང་། ཡན་ལག་བཞི་དང་། དཀྱིལ་འཁོར་དུ་འཇུག་པའི་རིམ་པ་སྟེ་ཚུལ་བཞིས་བཤད་དེ། དེ་ཡང་རྟོགས་པ་བཞི་ཡུལ་གྱི་ཚུལ་ཏེ་མཚན་གཞིར་བཞག་མཚན་ཉིད་གསུམ་ཐབས་ཀྱི་ཚུལ་ཏེ་དེའི་མཚན་ཉིད་དུ་བཞག །བསྙེན་སྒྲུབ་བཞི་ནི་འབྲས་བུའི་ཚུལ་ཏེ་ལ་བཟླ་བའི་མན་ངག་ཏུ་བཞག །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འཇུག་པའི་ཚུལ་ནི་འཇུག་རིམ་དུ་བཞག་གོ། །དེ་ལའང་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གཉིས་ནི་ཡུལ་གྱི་ཚུལ། བྱིན་གྱིས་བརླབས་པར་རྟོགས་པ་ནི་ཐབས་ཀྱི་ཚུལ། མངོན་སུམ་པར་རྟོགས་པ་ནི་འབྲས་བུའི་ཚུལ་ལོ། །དེ་བཞིན་དུ་མཚན་ཉིད་གསུམ་པ་ཡང་། ཤེས་པའི་མཚན་ཉིད་ནི་ཡུལ་གྱི་ཚུལ། འཇུག་པའི་མཚན་ཉིད་ནི་ཐབས་ཀྱི་ཚུལ། འབྲས་བུའི་མཚན་ཉིད་ནི་འབྲས་བུའི་ཚུལ་ལོ། །བསྙེན་སྒྲུབ་བཞི་ལ་ཡང་། བསྙེན་པ་ནི་ཡུལ་གྱི་ཚུལ། ཉེ་བར་བསྙེན་པ་དང་སྒྲུབ་པ་ནི་ཐབས་ཀྱི་ཚུལ། སྒྲུབ་པ་ཆེན་པོ་ནི་འབྲས་བུའི་ཚུལ་ལོ། །དེ་བཞིན་དུ་འཇུག་རིམ་གསུམ་ལ་ཡང་། ཐོས་པས་མིག་ཕྱེ་བ་ནི་ཡུལ་གྱི་ཚུལ། གོམས་པར་བྱེད་པས་དཀྱིལ་འཁོར་དུ་ཞུགས་པ་ནི་ཐབས་ཀྱི་ཚུལ། གོམས་པའི་མཐུས་མངོན་དུ་གྱུར་པས་དངོས་གྲུབ་ཆེན་པོ་ཐོབ་པ་ནི་འབྲས་བུའི་ཚུལ་ལོ། །དེ་ལྟར་ངེས་པར་བྱས་ནས། དང་པོ་ནི། ཚོགས་གཉིས་རྫོགས་པས་རྫོགས་པ་ཞེས་བྱ་ལ། དེ་ཡང་ཐེག་པ་འོག་མ་ལྟར་བགྲོད་ཅིང་སྦྱང་བ་ལ་ལྟོས་པ་མ་ཡིན་གྱི། སྐུ་གསུང་ཐུགས་འབྲས་བུའི་ཆོས་སུ་གདོད་ནས་ལྷུན་གྱིས་གྲུབ་པས་ཆེན་པོའི་སྟེ་དེའི་དོན་ལ་འཇུག་པའི་ཐབས་དང་སྒོ་ནི་ཚུལ་ཏེ། །དེ་ནི་རྟོགས་པ་རྣམ་པ་བཞིའི་ལམ་གྱི་ཡིད་ཆེས་པར་བྱ་དགོས་ཏེ། རྟོགས་པ་བཞི་ནི། རྩ་རྒྱུད་ལེའུ་བཅུ་གཅིག་པ་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་རླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ་ལྟར། རྒྱུ་གཅིག་པར་རྟོགས་པ་དང་། །ཡིག་འབྲུའི་ཚུལ་གྱི་རྟོགས་པ་དང་། བྱིན་གྱིས་རླབས་ཀྱིས་རྟོགས་པ་དང་། མངོན་སུམ་པར་རྟོགས་པའོ། །དེ་ཡང་རྟོགས་པ་བཞི་འདི་ལ་རིམ་ཅིག་ཅར་གཉིས་ཀྱི་བཤད་པ་འབྱུང་ཡང་འདིར་རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་ཏུ་གཏན་ལ་ཕེབས་པས་ཅིག་ཆར་བ་ལྟར་དུ་བཤད་དེ། དེ་ལ་རྒྱུ་སྟེ་རང་བཞིན་ནམ་གཞི་གཅིག་པར་རྟོགས་པ་ནི་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པས་ཞེས་མ་སྐྱེས་པའི་རང་བཞིན་དུ་སོ་སོ་མ་ཡིན་པ་དང་། ཀུན་རྫོབ་ཏུ་སྣང་བ་བདེན་སྟོང་སྒྱུ་མའི་མཚན་ཉིད་དུ་སོ་སོ་མ་ཡིན་པ་ནི་ཐེག་པ་ཆེན་པོ་ཐུན་མོང་དུ་གྲགས་པ་དང་། མ་སྐྱེས་པ་ཉིད་མ་སྐྱེས་བཞིན་དུ་ཆུ་ཟླ་ལྟར་རྒྱུ་དག་མ་དག་སྣ་ཚོགས་སུ་སྣང་ཞིང་རང་རང་གི་བྱ་བ་བྱེད་ནུས་པ་དང་། སྒྱུ་མ་ལྟར་སྣང་བ་ཉིད་སྣང་བཞིན་དུའང་ངོ་བོ་མེད་དེ་མ་སྐྱེས་པས་ན་ཀུན་རྫོབ་དང་དོན་དམ་པར་དབྱེར་མེད་པས་ཟུང་འཇུག་རང་བྱུང་གི་ཡེ་ཤེས་རྒྱུ་གཅིག་པར་རྟོགས་པ་ནི་ལུང་ཟབ་མོ་ལས་གྲགས་པའི་ཐུན་མོང་མ་ཡིན་པའོ། །མདོར་ན་རང་བྱུང་ཡེ་ཤེས་བྱང་ཆུབ་སེམས་ཀྱི་ངོ་བོ་ནི་སྣང་སྟོང་དབྱེར་མེད་ཕྱེད་པའི་རང་བཞིན་ཡིན་ལ། འཁོར་འདས་ཐམས་ཅད་དེའི་ཚུལ་གཅིག་ལས་མི་འདའ་བ་ནི་རྒྱུ་གཅིག་པའོ། །ཡིག་འབྲུའི་ཚུལ་གྱིས་རྟོགས་པ་ནི། དེ་ལྟ་བུའི་སྣང་སྟོང་དབྱེར་མེད་ཀྱི་རང་བཞིན་དེ་ཉིད་ཀྱང་གདོད་མ་ནས་སྐུ་གསུང་ཐུགས་འབྲས་བུའི་ཆོས་སུ་སངས་རྒྱས་པར་བསྟན་པ་སྟེ། དེ་ལ་ཆོས་ཐམས་ཅད་མ་སྐྱེས་པ་ནི་ཨ་ཡིས་མཚོན་ཏེ་གསུང་གི་རང་བཞིན། མ་སྐྱེས་པ་ཉིད་སྒྱུ་མར་སྣང་ཞིང་བྱ་བ་བྱེད་ནུས་པ་ནི་ཨོ་ཡིས་མཚོན་ཏེ་སྐུའི་རང་བཞིན། དེ་ལྟར་རྟོགས་པའི་རིག་པ་སྒྱུ་མའི་ཡེ་ཤེས་མཐའ་དབུས་མེད་པ་ནི་ༀ་གྱིས་མཚོན་ཏེ་ཐུགས་ཀྱི་རང་བཞིན་དུ་རྟོགས་པའོ། །དེ་ཡང་གདོད་ནས་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་དེ་ལ་བསལ་བཞག་གི་བྲི་གང་ནམ་ཡང་མེད་ཅིང་། དེ་ཉིད་རང་བཞིན་རྣམ་པར་དག་པ་འཁོར་བ་ཡེ་སངས་ཆེན་པོ་ཡིན་ལ། དེ་ཉིད་ཀྱི་རོལ་པ་ནི་གདོད་ནས་དཀྱིལ་འཁོར་གསུམ་དུ་གནས་པ་ཡིན་པར་ནི་ཡིག་འབྲུའི་ཚུལ་གྱིས་རྟོགས་པའོ། །བྱིན་གྱིས་རླབས་ཀྱི་རྟོགས་པ་ནི། རྟོགས་པ་རྣམ་པ་གཉིས་པོ་དེའི་མཐུ་དང་བྱིན་རླབས་ཤེས་པ་སྟེ། དཔེར་ན་རས་དཀར་པོ་ལ་དམར་པོར་བྱིན་གྱིས་རློབས་པའི་མཐུ་བཙོད་ལ་ཡོད་པ་བཞིན་དུ། ཆོས་ཐམས་ཅད་གདོད་མ་ནས་སངས་རྒྱས་པར་བྱིན་གྱིས་རློབས་པའི་མཐུ་ཡང་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གྱི་མཐུས་བྱིན་གྱིས་རློབས་པར་ཤེས་ཤིང་རྟོགས་པའོ། །དེ་ལ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་མོད་ཀྱི་རྟོགས་པ་གཉིས་དང་མི་ལྡན་པ་རྣམས་ལ། དེས་ཕན་འདོགས་པར་མི་འགྱུར་ལ། དེ་གཉིས་དང་ལྡན་ན་ནི་ཕན་ཐོགས་པར་སྣང་བར་འགྱུར་བས། རྟོགས་པ་གཉིས་ཀྱི་མཐུས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་བྱིན་གྱིས་རློབ་ས་པ་ལྟར་སྣང་བར་འགྱུར་པས་བྱིན་གྱིས་རློབ་པར་རྟོགས་པ་ཞེས་བྱའོ། །མངོན་སུམ་པར་རྟོགས་པ་ནི། སྤྱི་དབང་པོའི་མངོན་སུམ་སོགས་ཡོད་ཀྱང་འདིར་ཤེས་རབ་ཀྱི་དབང་པོའི་མངོན་སུམ་སྟེ། དེ་ཡང་སོ་སོར་རྟོགས་པའི་ཤེས་རབ་ཉིད་ལ་གོ་བར་བྱ་སྟེ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་གནས་པ་དེ་ཡང་ཡིད་ཆེས་པའི་ལུང་དང་བླ་མ་བརྒྱུད་པའི་མན་ངག་དང་འགལ་བའང་མ་ཡིན་པ་སྟེ། དཔེར་ན་བསྲེག་བཅད་བརྡར་བས་གསེར་ཡིན་མིན། ཡོད་མེད་གསེར་བཟང་ངན་ཤེས་པ་བཞིན་དུ། ལུང་གིས་སྤྱི་ལ་མི་འཁྲུལ། ལུང་ལ་དྲང་ངེས་ལྡེམ་དགོངས་སྣ་ཚོགས་པ་ལ་མན་ངག་གིས་དེའི་སྐྱོན་བསལ་བས་ཡིད་ཆེས། ལུང་དང་མན་ངག་ཡིད་ཀྱང་ཚིག་ཙམ་གྱི་སྒྲ་ཕྱིར་འབྲང་བས་བློའི་གཏིང་དུ་ཉམས་སུ་མ་ལོན་པ་ཡང་ཡོད་པས། ལུང་དང་མན་ངག་གི་ཚིག་ཙམ་ལ་བརྟེན་པའང་མ་ཡིན་པར་སོ་སོར་རྟོགས་པའི་ཤེས་རབ་བམ་རང་གི་རིག་པས་བློའི་གཏིང་དུ་ཡིད་ཆེས་པས་མངོན་སུམ་དུ་རྟོགས་པའོ། །ཞེས་འདིས་ནི་ལུང་གིས་དོན་སྤྱི་ཕྱིན་ཅི་མ་ལོག་པ་ཤེས་པར་འགྱུར་ལ། མན་ངག་གིས་ལུང་གི་དགོངས་པ་གཞན་དུ་འདྲེན་པ་གཅོད་ཅིང་། ཤེས་རབ་ཀྱིས་མངོན་སུམ་དུ་རྟོགས་པས་ཐོས་པ་ཙམ་ལ་སོགས་པ་ཉིད་དུ་ཞན་པ་སེལ་ཞིང་གཅོད་པར་བྱེད་པ་ཡིན་ནོ། །དེ་ལྟར་ལམ་གྱིས་ཡིད་ཆེས་པ་ནི། རྟོགས་པ་རྣམ་བཞིའི་དོན་དེ་ཉིད་ཤེས་ཤིང་རིག་པ་ཉིད་རྣལ་འབྱོར་བའི་ལམ་སྟེ། དེའང་མཚན་ཉིད་ཐེག་པར་རྒྱུ་སྔོན་དུ་བསྒྲུབས་པའི་འབྲས་བུ་སངས་རྒྱས་ཉིད་ཕྱིས་ནམ་ཞིག་ན་འབྱུང་བའི་དུས་ལ་ལྟོས་པ་ལྟ་བུ་མ་ཡིན་གྱིས། ད་ལྟ་ཉིད་དུ་ཤེས་རབ་ཀྱི་དབང་པོས་རང་གིས་མངོན་སུམ་དུ་རྟོགས་ཤིང་ཡིད་ཆེས་པའོ། །གཉིས་པ་ནི། དེ་ལ་ཤེས་པ་དང་འཇུག་པ་དང་མངོན་དུ་གྱུར་པ་སྟེ་མཚན་ཉིད་གསུམ་གྱི་ཇི་ལྟར་རྟོགས་པའི་རྫོགས་པ་ཆེན་པོའི་དོན་མཐར་ཕྱིན་པར་འགྱུར་ཏེ། དེ་ཡང་། རྟོགས་པ་བཞིའི་ཚུལ་རིག་པ་ནི་གཏན་ལ་དབབ་བྱ་རྒྱུ་ཤེས་པའི་མཚན་ཉིད་དོ། །ཡང་ནས་ཡང་དུ་དེ་ལ་གོམས་པར་བྱེད་པ་ནི་རྐྱེན་འཇུག་པའི་མཚན་ཉིད་དོ། །དེ་ལྟར་གོམས་པའི་མཐུས་དོན་ཇི་ལྟར་བ་བཞིན་མངོན་དུ་གྱུར་པ་ནི་མཐར་ཕྱིན་འབྲས་བུའི་མཚན་ཉིད་དོ། །དེ་ལ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་། རྐྱེན་འཇུག་པའི་མཚན་ཉིད་སྒོམ་པ་དང་མངོན་དུ་གྱུར་པ་འབྲས་བུའི་ཚུལ་གསུམ་པོ་འདིས་དོན་མཐར་ཕྱིན་པར་བྱེད་པས་ན་འདི་དང་མི་ལྡན་དུ་མི་རུང་བས་ན། མཚན་ཉིད་གསུམ་གྱིས་འབྲེལ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་སྟོན་ཏེ། དེ་ལ་འབྲེལ་པ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་སུ་བཏགས་པ་ཐམས་ཅད་ཡིག་འབྲུའི་ཚུལ་གྱིས་ཡེ་ནས་སྐུ་གསུང་ཐུགས་ཀྱི་བདག་ཉིད་དང་། རྒྱུ་གཅིག་པར་རྟོགས་པས་རང་བཞིན་གྱིས་སངས་རྒྱས་པའི་དབྱིངས་དང་བྱིན་གྱིས་བརླབས་པར་རྟོགས་པ་དང་མངོན་སུམ་པར་རྟོགས་པའི་དོན་གྱིས་བྱིན་གྱིས་རློབས་པའི་དོན་མངོན་སུམ་དུ་རྟོགས་པ་ནི་རྒྱུ་ཤེས་པའི་མཚན་ཉིད་དེ། དེ་ནི་གང་དང་འབྲེལ་ན་བླ་ན་མེད་པའི་སངས་རྒྱས་སུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་དོན་དུ་འབྲེལ་བའོ། །དགོས་པ་ནི་འཇུག་པའི་མཚན་ཉིད་དེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་དང་། སྨན་ལྔ་དང་། བདུད་རྩི་ལྔ་དང་གཉེན་པོ་ལྔ་དང་དུག་ལྔ་ལ་སོགས་པར་བརྟགས་པ་གཙང་མི་གཙང་དང་དག་མ་དག་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ཡིན་པས་མཉམ་པ་ཆེན་པོ་ལ་བླང་དོར་མེད་པར་སྤྱོད་པ་ནི་འཇུག་པའི་མཚན་ཉིད་དོ། །དེ་ལྟར་ཞུགས་པ་དེ་ནི་གང་གི་ཕྱིར་དགོས་ཞེ་ན་བླ་ན་མེད་པའི་སངས་རྒྱས་སུ་འགྲུབ་པའི་རྒྱུ་ཐུན་མིན་ཏེ་བླང་དོར་མཉམ་ཉིད་དུ་མ་རྟོགས་པར་སངས་རྒྱས་པའི་ཐབས་ཡོད་པ་མ་ཡིན་པའི་ཕྱིར་དགོས་པའོ། །དགོས་པའི་ཡང་དགོས་པ་ནི་འབྲས་བུའི་མཚན་ཉིད་དེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་སྤྱི་དང་། སྨན་ལྔ་དང་བདུན་རྩི་ལྔ་སོགས་སྤྱོད་བྱ་ཁྱད་པར་དུ་བཏགས་པ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་མཉམ་པ་ཆེན་པོའི་ངང་དུ་བླང་དོར་མེད་པར་ལྷུན་གྱིས་གྲུབ་པའི་ཕྱིར། སྲིད་པའི་འཁོར་བ་ཉིད་ཡེ་ནས་བླ་ན་མེད་པར་སངས་རྒྱས་པའི་རང་བཞིན་མྱ་ངན་ལས་འདས་པའི་མཚན་ཉིད་དུ་ལྷུན་གྱིས་གྲུབ་པ་མངོན་དུ་གྱུར་པ་ཡིན་པའི་ཕྱིར་འབྲས་བུའི་མཚན་ཉིད་དེ། སྐུ་གསུང་ཐུགས་དུས་རྟག་ཁྱབ་ཏུ་མི་ཟད་པ་རྒྱན་གྱི་ཞེས་ཆོས་ཀྱི་དབྱིངས་གང་བར་ཡེ་ཤེས་ཀྱི་རོལ་པ་ཚད་མེད་པ་སྟེ། དཔེ་གསེར་མིག་གཡུས་སྤྲས་པ་ལྟར་དང་། འཁོར་ལོ་ཞེས་གདུལ་བྱའི་རྒྱུད་ལ་འཇུག་ཅིང་སྒྲིབ་པ་རྣམས་གཅོད་པར་བྱེད་པ་སྟེ། དེ་ལྟ་བུ་མངོན་སུམ་དུ་གྱུར་པ་ནི་དགོས་པའི་ཡང་དགོས་པའོ། །དེ་ལ་རྫོགས་པ་ཆེན་པོ་ཡེ་ནས་སངས་རྒྱས་པ་ལ་རྒྱུ་རྐྱེན་འབྲས་བུར་བཞག་པ་མི་འགལ་ལམ་ཞེ་ན། དེ་ལྟར་མ་ཧཱ་སོགས་ཐེག་པ་འོག་མའི་གཞུང་གིས་ལམ་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་འབྲས་བུ་འགྲུབ་པར་འདོད་ལ། སྐབས་འདིར་ནི་དེ་ལྟར་བྱ་མི་དགོས་ཏེ། བསྙེན་སྒྲུབ་རྣམ་པ་བཞི་ཡང་བརྩལ་མེད་ལྷུན་གྲུབ་པའི་རྣལ་འབྱོར་ལ་རྫོགས་པས། རྒྱུ་རྐྱེན་འབྲས་བུར་གྱུར་པའི་དངོས་པོར་དངོས་སུ་ན་མེད་དོ་ཞེས་ལ་བཟླ་བའི་མན་ངག་དུ་སྦྱར་རོ། །དེས་ན་ཤེས་པའི་ཡུལ་དང་། དེ་ལ་འཇུག་པ་དང་། དེ་མངོན་དུ་གྱུར་པ་གསུམ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་ཁྱད་པར་མེད་པས་གཞི་འབྲས་དབྱེར་མེད་རང་བཞིན་ལྷུན་གྲུབ་ཆེན་པོའོ། །གསུམ་པ་ནི། དེ་ལ་བསྙེན་པ་དང་། །ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའི་དོན་ཏེ་བསྙེན་སྒྲུབ་ཡན་ལག་བཞི་པོ་ཡང་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་གྱུར་པའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །ཞེས་སྤྱིར་བསྟན་ཏེ། དེ་ལ་མ་ཧཱ་ཡོ་གའི་བསྙེན་སྒྲུབ་བཞི་ལས་རྫོགས་པ་ཆེན་པོར་ལ་བཟླ་བའི་ཚུལ་རྒྱུ་འབྲས་སུ་གྱུར་པའི་འབྱུང་བ་དང་ཕུང་པོའམ། རྣམ་ཐར་གསུམ་མམ། ཐབས་ཤེས་ཟུང་འཇུག་གམ། སྣང་སྟོང་དབྱེར་མེད་སོགས་ཡབ་ཡུམ་གྱི་ཆར་སྣང་བ་ཐམས་ཅད་ལ་རང་བཞིན་རྩོལ་མེད་ལྷུན་གྲུབ་ཀྱི་ཚུལ་དུ་སྦྱོར་དགོས་ཏེ། དེ་ལ་བསྙེན་པ་ནི། གཞི་ཀ་དང་དང་ལྷུན་གྲུབ་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་ཤེས་པ་སྟེ། དེ་ཡང་ཀུན་བྱང་གི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་ལམ་གྱིས་གསར་དུ་སྒྲུབ་ཅིང་གཉེན་པོས་བཅོས་སུ་མེད་པར་རྟོགས་པའོ། །ཉེ་བའི་བསྙེན་པ་ནི། ལྟ་བ་དེའི་ངང་ནས་ཕུང་པོ་ལྔའི་རང་བཞིན་ཅན་བདག་ཉིད་ལྷར་ཤེས་པ་སྟེ། དེའང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ཡིན་པས། བདག་ཉིད་ཀྱང་ཡེ་ནས་ལྷའི་རང་བཞིན་ཡིན་གྱིས། མ་ཧཱ་སོགས་ཀྱི་ལྟ་བའི་ངང་ནས་བདག་ལྷར་བསྐྱེད་པ་ལྟར་ད་ལྟ་བསྒྲུབ་པ་ནི་མ་ཡིན་པར་རྟོགས་པའོ། །སྒྲུབ་པ་ནི་ཡུམ་བསྐྱེད་པ་སྟེ། དེའང་མ་ཧཱ་སོགས་ཀྱི་ཡུམ་བསྐྱེད་པ་ལྟ་བུ་མིན་གྱི་ཡུམ་ཆེན་མོ་ནམ་མཁའི་དབྱིངས་ལ་ལས། ནམ་མཁའ་ཉིད་ཡུམ་ཆེན་མོ་ས་ཆུ་མེ་རླུང་བཞིར་སྣང་ཞིང་། དེ་ཡང་གོ་འབྱེད་པ་དང་། རྟེན་བྱེད་པ་དང་། སྡུད་པ་དང་། སྨིན་པ་དང་། གཡོ་བའི་བྱ་བ་བྱེད་པའི་ཡུམ་ཡེ་ནས་ཡིན་པར་རྟོགས་པའོ། །སྒྲུབ་པ་ཆེན་པོ་ནི། ཐབས་དང་ཤེས་རབ་འབྲེལ་བ་སྟེ། དེའང་ཅི་ལྟར་འབྲེལ་ན། ཡུམ་འབྱུང་བ་ཆེན་པོ་ལྔའི་རང་བཞིན་མེད་པའི་ཤེས་རབ་དང་ཡུམ་གྱི་མཁའ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་ལས། མ་འགགས་པར་སྣང་བའི་ཕུང་པོ་ལྔའི་སངས་རྒྱས་ཐམས་ཅད་ཀྱི་ཡབ་སྨོན་པ་མེད་པའི་རྣམ་པར་ད་ལྟ་ལམ་གྱིས་ཟུང་དུ་སྤྲེལ་བ་ལྟ་བུ་མིན་པར་ཡེ་ནས་ཟུང་དུ་གྱུར་པའི་འབྲེལ་པ་ལས། བྱང་ཆུབ་སེམས་སུ་དབྱེར་མེད་པའི་རང་བཞིན་ལས་སྐྱེ་མཆེད་ཐམས་ཅད་སྲས་སྤུལ་པ་ལྕམ་དྲལ་དུ་གྱུར་པའི་རང་བཞིན་ནི། མ་ཧཱ་སོགས་ཀྱི་ཡབ་ཡུམ་འབྲེལ་བའི་བྱང་ཆུབ་སེམས་ལ་སྲས་ལྕམ་དྲལ་འཕྲོ་བ་ལྟ་བུ་མ་ཡིན་ཏེ་ཡེ་ནས་སངས་རྒྱས་པའི་དོན་ལ། ཡུལ་ཆོས་ཀྱི་དབྱིངས་ཡུམ་སྒྱུ་མ་ལྟ་བུ་ལ་རིག་པའི་ཡེ་ཤེས་ཡབ་སྒྱུ་མ་ལྟ་བུར་རོལ་ཅིང་དེ་ལ་མ་འགགས་མི་དམིགས་དབྱེར་མེད་ཕྱོགས་ཞེན་ཐམས་ཅད་དང་བྲལ་བའི་བདེ་བའི་ཡེ་ཤེས་ཅིར་ཡང་འཆར་བ་རོལ་མོ་ལྟ་བུའི་དགོངས་པ་ཉམས་སུ་མྱོང་བ་ནི། གཉིས་འཛིན་གྱི་ཞེན་པ་རྡུལ་ཕྲན་ཙམ་ཡང་མེད་པས་ཡེ་ཤེས་དགྱེས་པ་དེ་ནི་བདེ་བའི་མཆོག་ཡིན་པ་དེ་འདྲ་བའི་སྒྱུ་མའི་རྒྱུན་ལ་རོལ་ཞིང་ཉམས་སུ་མྱོང་བའི་ཚུལ་གྱིས་ཏེ། དེ་ཡང་སྐད་ཅིག་མ་དང་བྲལ་བའི་ངོ་བོ་ཉིད་ཀྱི་རྒྱུ་ནམ་མཁའ་ལྟ་བུའོ། །བདེ་བའི་དུས་ཉིད་ན་སྤྲོས་པ་ཀུན་བྲལ་མཚན་མ་མེད་པའི་རྣམ་ཐར་གྱི་དོན་མཐར་གང་དུའང་མི་དམིགས་ཤིང་མཁའ་དང་སྙོམས་པ། བཏང་སྙོམས་ཆེན་པོའི་ར་བ་ལས་མི་འདའ་བ་ནི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཉག་གཅིག་གི་ཀློང་དུ་གྱུར་ནས་བྱེད་སྩོལ་མེད་པར་ལྷུན་གྱིས་གྲུབ་པ་སྟེ། དེ་ལ་ཟག་པའི་རྒྱུ་གཟུང་འཛིན་རང་བྱུང་གི་ཡེ་ཤེས་སུ་དག་ཅིང་མི་འགག་པར་ངོ་བོ་ཉིད་ཀྱི་རྒྱུན་སྣང་བ་བསོད་ནམས་ཀྱི་ཚོགས་དང་། དེ་ཡང་སྤྲོས་མཚན་འཛིན་ཞེན་ཅུང་ཟད་ཀྱང་མེད་པ་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལྟ་བུའི་ཚོགས་གཉིས་ལྷུན་གྱིས་གྲུབ་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་དེས་བདུན་རྣམ་པ་བཞིའམ་བརྟུལ་ནས་མཐར་ཕྱིན་པའི་དོན་འགྲུབ་པའོ། །དེ་ལ་བདུད་བཞི་བརྟུལ་ཚུལ་ནི། བསྙེན་པ་བྱང་ཆུབ་ཀྱི་སེམས་ཤེས་པའི་མཚན་ཉིད་མ་སྐྱེས་པའི་ཏིང་འཛིན་གྱི་འཆི་བདག་གི་བདུད་བཅོམ། ཉེར་བསྙེན་བདག་ཉིད་ལྷར་ཤེས་པའི་མཚན་ཉིད་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས་ཕུང་པོའི་བདུད་བཅོམ། སྒྲུབ་པ་ཡུམ་བསྐྱེད་པའི་མཚན་ཉིད་རྡུལ་དང་བྲལ་བའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་བདུད་བཅོམ། སྒྲུབ་པ་ཆེན་པོ་ཐབས་ཤེས་ཟུང་དུ་འབྲེལ་མཚན་ཉིད་མི་དམིགས་མཁའ་དང་སྙོམས་པའི་ཏིང་ངེ་འཛིན་གྱིས་ལྷ་བུའི་བདུད་བར་ཆད་གཡེངས་པའི་བདུད་བཅོམ། དེ་ལྟར་ན་གང་ལ་བདུད་རྣམ་པ་བཞི་འདུལ་བར་བྱེད་པའི་མཐུ་ཡོད་པའི་ལམ་དེ་ནི་རྣམ་པར་དག་པའི་ལམ་ཡིན་ལ། དེ་ཡང་བརྩལ་བ་མེད་པར་ལྷུན་གྱིས་གྲུབ་པའི་ལམ་ཆེན་པོའོ། །བཞི་པ་ནི། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་སྟེ། དེ་ཡང་ཐེག་པ་འོག་མ་ལྟར་དཀྱིལ་འཁོར་བཞེངས་བཀོད་སོགས་ཀྱི་རྩོལ་བ་ལ་ལྟོས་པ་མ་ཡིན་ཏེ། ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པའི་སྒྱུ་འཕྲུལ་འདོད་དགུར་འཇོ་བ་ཡིད་བཞིན་གྱི་གཞལ་ཡས་ཁང་ཕྱོགས་དུས་ཀྱི་རྣམ་པས་རྒྱ་ཡོངས་སུ་མ་ཆད་པའི་འཁོར་ལོ་ཡེ་ནས་བླ་ན་མེད་པའི་སྟེ་རྡུལ་ཚོན་སོགས་དང་གཟུགས་བརྙན་ཐམས་ཅད་ལས་འདས་པའི་དཀྱིལ་འཁོར་དུ་འཇུག་པའང་ཡེ་སངས་རྒྱས་པའི་དོན་རྟོགས་བྱེད་གསང་སྙིང་ལེའུ་བཅུ་གསུམ་པ་མན་ངག་དང་བཅས་པ་རྫོགས་ཆེན་སོགས་ཐབས་ཀྱི་ཐེག་པའི་གཞུང་རྣམས་ཐོག་མར་ཉན་པའི་ཤེས་རབ་ཀྱིས་བླ་མ་ལས་ཐོས་པ་ནི་མིག་ཕྱེ་བའོ། །བསམ་པའི་ཤེས་རབ་ཀྱིས་དེའི་དོན་རྟོགས་པ་ནི་དཀྱིལ་འཁོར་མཐོང་བའོ། །སྒོམ་པའི་ཤེས་རབ་ཀྱིས་རྟོགས་ནས་གོམས་པར་བྱེད་པ་ནི་དཀྱིལ་འཁོར་དུ་ཞུགས་པ་སྟེ་དབང་བསྐུར་ཐོབ་པའོ། །དེ་ལྟར་ཞུགས་ནས་མངོན་དུ་གྱུར་པ་ནི་དངོས་གྲུབ་ཆེན་པོ་ཐོབ་པའོ། །ད་ནི་རྫོགས་པ་ཆེན་པོའི་ཚུལ་འདི་ཀུན་གྱི་ཐུན་མོང་མ་ཡིན་པར་སྟོན་པའི་ཕྱིར་གསུངས་པ། དེ་ལྟར་ཚུལ་འདི་ནི་མཉམ་ཉིད་རྫོགས་པ་ཆེན་པོ་རྒྱུ་འབྲས་ཀྱི་ཐེག་པ་ཐམས་ཅད་མཐར་ཕྱིན་པ་སྟེ་དེ་ལས་གོང་དུ་བགྲོད་དུ་མེད་པའི་དོན་ཏོ། །ལམ་འདིའི་འབྲས་བུ་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་བརྩལ་མེད་ལྷུན་གྱིས་འཇུག་པ་སྟེ། དེ་ཡང་སྤྱིར་མཚན་ཉིད་ཀྱི་ཐེག་པ་སྤྱི་ལས་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཅེས་བྱ་སྟེ། འདི་ལྟར་འོད་ཟེར་མང་པོ་བཀྱེ་བས་འདུལ་བའི་འགྲོ་བ་སྣོད་དུ་རུང་བར་མཛད་པའི་ཕྱིར་དེ་སྐད་ཅེས་གྲགས་སོ། །རྡོ་རྗེ་ཐེག་པ་སྤྱི་ལས་ནི་སངས་རྒྱས་ཀྱི་ས་གསུམ་དུ་གྲགས་ཏེ། དེ་ལ་ཀུན་ཏུ་འོད་ནི་ཆོས་ཀྱི་སྐུ་མཚན་མ་མེད་པ་རང་བཞིན་གྱིས་འོད་གསལ་བས་ཀུན་ལ་ཁྱབ་པའོ། །པདྨ་ཅན་ནི་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཆོས་ཀྱི་སྐུའི་དོན་ཅིར་ཡང་མ་གཟིགས་པ་ཉིད་མ་ཆགས་པའི་ཐུགས་རྗེའི་གཞི་ཡིན་པའོ། །ཡི་གེ་འཁོར་ལོ་ཚོགས་ཆེན་ནི། དེ་ཉིད་ཀྱི་དུས་ཡེ་ཤེས་དང་མཚན་མའི་དཀྱིལ་འཁོར་གྱི་བདག་ཉིད་བརྩལ་བ་མེད་པར་ལྷུན་གྱིས་གྲུབ་པ་སྟེ། དེ་ལ་ཡི་གེ་ནི་གཉིས་ཏེ། ཡེ་ཤེས་དང་མཚན་མའོ། །མཚན་མ་ལའང་གཉིས་ཏེ་མིང་དང་གཟུགས་སོ། །གཟུགས་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་རྫོགས་པ་དང་ཆ་ཤས་སུ་སྣང་བའོ། །འདི་ལྟ་བུའི་འབྲས་བུའི་ཆོས་ཀྱི་དཀྱིལ་འཁོར་གྱི་ཚོགས་ཆེན་པོར་ལྷུན་གྱིས་གྲུབ་པ་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ཞེས་ཀྱང་བྱ། སངས་རྒྱས་ཀྱི་ས་བཅུ་གསུམ་པ་ཞེས་ཀྱང་བྱའོ། །དེ་ནི་སྐྱེས་བུ་བློ་རྩལ་རབ་ཀྱི་ཡེ་ནས་སངས་རྒྱས་པའི་དོན་ལ་ཡེ་ནས་སངས་རྒྱས་པར་རིག་ནས་ལམ་གྱི་བྱ་རྩོལ་ལ་མི་ལྟོས་པར་སྐད་ཅིག་གིས་གོམས་པ་དྲག་བརྡལ་ཏེ་ཅིག་ཆར་དུ་འགྲོ་བ་ཡིན་གྱིས། གང་ཟག་ཕལ་གྱི་བསམ་ཞིང་གོམས་པར་བྱ་བ་ནི་མ་ཡིན་ནོ། །སྐྱེ་བོ་ཕལ་གྱིས་འདི་ལྟ་བུའི་དོན་ཐོས་ཏེ་ནན་ཏན་དུ་ཇི་ལྟར་བསམས་ཀྱང་དོན་འདི་ནི་བདེན་ཞིང་ཆེས་ཟབ་པར་ཡིད་ཆེས་པར་མི་འགྱུར་རོ། །ཡིད་ཆེས་པ་དང་ཕལ་གྱི་བློ་ལ་གོ་དཀའ་ཞིང་བདེན་པ་དང་ཟབ་པར་མ་ཤེས་པའི་དབང་གིས་རང་གི་ཉམས་དང་སྦྱར་ནས་གང་ཟག་གཞན་ཀུན་ཀྱང་དེ་དང་འདྲ་སྙོམས་ནས་ཡོངས་ཏེ་རྫོགས་པ་ཆེན་པོ་རྟོགས་པ་རྣམས་དང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ནི་རྫུན་ཞེས་སྐྱེས་བུ་རབ་རྣམས་ལ་སྐུར་པ་འདེབས་ཤིང་ཐེག་པ་ཆེན་པོ་སུན་འབྱིན་པའི་བློ་སྐྱེ་བར་འགྱུར་བས་རབ་ཏུ་གསང་པར་བྱ་དགོས་པའི་ཕྱིར་ཡང་རང་བཞིན་གསང་བའི་ཐེག་པ་ཞེས་སྟོན་པ་ཉིད་ཀྱིས་བཀའ་སྩལ་ཏོ། །དེ་བས་ན་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་ལ་ཇི་བཞིན་པར་རྟོགས་ནུས་པའི་བློ་མ་སྐྱེས་པར་དུ་ཐེག་བ་འོག་མ་བས་ཞེས་ལྷ་མི་ཉན་རང་སོགས་ཀྱི་ལམ་གྱིས་འགྲོ་བའི་དོན་བྱས་ན་གདུལ་བྱ་རྣམས་ཀྱི་རྒྱུད་ཆུད་མི་ཟ་བས་ན། སློབ་དཔོན་གྱིས་བློ་དམན་རྣམས་ལ་འཁོར་བའི་སྐྱོན་དང་། མྱ་ངན་ལས་འདས་པའི་ཡོན་ཏན་ལ་བསྔགས་པ་དང་། ཐེག་པ་ཐམས་ཅད་ཀྱི་རིམ་པ་མཐའ་དག་ལ་མཁས་པར་བྱ་བ་དང་། དེའི་དོན་སློབ་མའི་ཉམས་དང་སྦྱར་ལ་རིམ་པས་དྲང་བར་བྱ་བ་ཡིན་གྱི། ཐེག་པའི་ཕྱོགས་འགའ་མི་ཤེས་པས་སློབ་དཔོན་གྱིས་བཟུང་དུ་མི་རུང་བར་མདོ་རྒྱུད་དག་ན་རྒྱ་ཆེར་འབྱུང་ངོ་། །གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ལྟར་ལྟ་བའི་ཁྱད་པར་གྱིས་ཡོན་ཏན་གྱི་འབྲས་བུ་འདོད་པའི་ཕྱིར་ལུས་ཀྱི་དཀའ་ཐུབ་དང་རང་གི་ངང་ཚུལ་སྔ་མའི་གནས་སྐབས་ལས་གཞན་དུ་བསྒྱུར་བའི་སྤྱོད་པ་བརྟུལ་ཞུགས་ཀྱང་མི་འདྲ་བའི་བྱེ་བྲག་ཏུ་འགྱུར་ཏེ་ལྟ་བ་མིག་དང་འདྲ་བས་ཇི་ལྟར་བཅད་པ་བཞིན་དུ། དཀའ་ཐུབ་དང་བརྟུལ་ཞུགས་རྐང་པ་འདྲ་བ་རྗེས་སུ་འགྲོ་བར་འགྱུར་བའི་ཕྱིར་རོ། །དེ་ལ་ལྟ་བའི་བྱེ་བྲག་གིས་དཀའ་ཐུབ་ཡོད་མེད་གཉིས་སུ་འགྱུར་ཏེ། དཀའ་ཐུབ་མེད་པ་ནི་གཉིས་ཏེ། ལྟ་བ་ལ་སྒྱུབ་བྱ་མེད་པའི་དབང་གིས་འཇིག་རྟེན་ཕྱལ་བ་དང་ཕྱི་རོལ་མུར་ཐུག་གོ། །གང་ལྟ་བ་ལ་སྒྲུབ་པར་བྱ་བ་ཡོད་པའི་དབང་གིས་དཀའ་ཐུབ་ཡོད་པ་ནི་རྣམ་པ་བཞི་སྟེ། འཇིག་རྟེན་རྒྱང་འཕེན་པ་དང་ཕྱི་རོལ་མུ་སྟེགས་པ་སྟེ་ཐར་པའི་ལམ་དང་རྗེས་སུ་མ་འབྲེལ་བ་འཇིག་རྟེན་གྱི་དཀའ་ཐུབ་དང། །འཇིག་རྟེན་ལས་འདས་པའི་ལམ་དུ་གྱུར་པ་ཉན་ཐོས་ཀྱི་དཀའ་ཐུབ་དང་བྱང་ཆུབ་སེམས་དཔའི་དཀའ་ཐུབ་དང་། བླ་ན་མེད་པའི་དཀའ་ཐུབ་བོ། །གཉིས་པ་ནི། དེ་ལ་གོང་དུ་ལྟ་བའི་སྐབས་སུ་སྨོས་པའི་འཇིག་རྟེན་ཕྱལ་བ་ནི་རྒྱུ་དང་འབྲས་བུ་ལ་རྨོངས་པའི་ཕྱིར་བླང་དོར་གྱི་གནས་ཅི་ཡང་མི་ཤེས་པས་དཀའ་ཐུབ་མེད་པའོ། །ཕྱི་རོལ་མུར་ཐུག་པ་ནི་རྒྱུ་འབྲས་ཆད་པར་ལྟ་བའི་ཕྱིར་ཚེ་ཕྱི་མ་ལ་ཕན་པ་དོན་དུ་མི་གཉེར་བས་དཀའ་ཐུབ་མེད་པའོ། །དེ་གཉིས་ནི་དཀའ་ཐུབ་མེད་པ་སྟེ། དཀའ་ཐུབ་ཡོད་པའི་ཕྱོགས་ལ། །འཇིག་རྟེན་རྒྱང་འཕེན་པ་ནི་ཚེ་འདིའི་བཙན་ཕྱུགས་སོགས་གཞན་ལས་ཁྱད་པར་དུ་འཕགས་པ་བསྒྲུབས་པའི་ཕྱིར་གཙང་སྦྲ་ལ་སོགས་པའི་དཀའ་ཐུབ་ཅན་ནོ། །ཕྱི་རོལ་མུ་སྟེགས་པ་ནི། བདག་རྟག་པ་ཞིག་ཡོད་པ་དེ་དག་པར་བྱ་བའི་ཕྱིར། ཚ་གྲང་སོགས་ཀྱིས་སུན་འབྱིན་ཅིང་ཕྱོགས་བཞིར་མེ་དང་སྟེང་ནས་ཉི་མ་སྟེ་མེ་ལྔ་བརྟེན་པ་ལ་སོགས་པའི་དཀའ་ཐུབ་དང་། ཁྱི་ཕག་སོགས་ཀྱི་རྟུལ་ཞུགས་དམན་པ་ངལ་བ་དོན་མེད་ཕྱིན་ཅི་ལོག་པར་སྤྱོད་པའོ། །ཉན་ཐོས་ཀྱི་དཀའ་ཐུབ་ནི་འདུལ་བ་ལས། བསླབ་པ་གསུམ་མདོར་བསྡུས་ཏེ། སྡིག་པ་ཅི་ཡང་མི་བྱ་སྟེ། ཞེས་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་བྱས་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་ཀྱང་། ཤིན་ཏུ་ལྕི་བ། སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་སྨྲ་ལྟ་བུ་ཕམ་པར་གྱུར་པའི་ཆོས་བཞི་སོགས་བྱ་བ་མ་ཡིན་པ་ལས་ལྡོག་པའོ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། ཅེས་ཤེས་རབ་ཀྱི་བསླབ་པའི་དབང་དུ་བྱས་ཏེ་བདེན་པ་བཞིའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཀྱིས་བསྡུས་པ། འཕགས་པའི་ལམ་དང་འབྲས་བུའི་ཆོས་སྤྱད་ཅིང་ཐོབ་པར་བྱ་བ་རྣམས་སོ། །རང་གི་སེམས་ནི་ཡོངས་སུ་འདུལ། ཞེས་སེམས་ཀྱི་བསླབ་པའི་དབང་དུ་བྱས་ཏེ་སེམས་ཕྱིར་རོལ་གྱི་གཡེངས་བ་ལས་བཟློག་ཏེ་རྩེ་གཅིག་མཉམ་པར་བཞག་པའི་བསམ་གཏན་ལ་བསླབ་པའོ། །ཚུལ་འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་ཚད་མར་བྱེད་པའི་ཚིག་སྟེ། ཕྱིར་རོལ་དབང་ཕྱུག་སོགས་ཀྱི་ལུང་དང་མི་འདྲ་སྟེ། ཀུན་གྱིས་ཡིད་བརྟན་དུ་རུང་བའི་ཚད་མ་སངས་རྒྱས་ཀྱིས་བསྟན་པ། དམ་པའི་ཆོས་འདུལ་བ་ལེགས་པར་གསུངས་པ་ཡིན་ནོ། །ཞེས་འབྱུང་སྟེ། དེའི་དབང་གིས་དགེ་བ་དང་མི་དགེ་བའི་ཆོས་ཐམས་ཅད་ཀུན་རྫོོབ་དང་དོན་དམ་པར་གཉིས་ཀ་ཡོད་པར་ལྟ་བ་དང་ཞེས་འདི་ལྟར་ཀུན་རྫོབ་ཀྱི་ཤེས་པ་ལ་སྣང་བའི་ཆོས་གང་དག །དོན་དམ་པའི་ཤེས་པ་ལའང་སྣང་སྟེ། དེ་བས་ན་གཉིས་ཀར་ཡོད་པ་ཞེས་བྱའོ། །དེའི་དབང་གིས་ལུས་ངག་གིས་དགེ་བ་ནི་སྤྱོད། མི་དགེ་བ་ནི་སྤོངས་པའི་དཀའ་ཐུབ་དང་བརྟུལ་ཞུགས་ལ་སྤྱོད་པའོ། །གོང་དུ་རང་སངས་རྒྱས་ལྟ་བའི་སྐབས་སུ་གུད་དུ་བཞག་ནས། འདིར་དཀའ་ཐུབ་མ་སྨོས་པ་ནི་ཉན་ཐོས་དང་མཐུན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་དཀའ་ཐུབ་ནི། སེམས་ཅན་ཐམས་ཅད་འ ཁོར་མཚོ་ལས་བསྒྲལ་བའི་ཕྱིར། ཐམས་ཅད་མཁྱེན་པ་ཡེ་ཤེས་ཀྱི་སེམས་བསྐྱེད་པ་ནི་སྡོམ་པའི་དངོས་གཞི་ཡིན་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་མ་ཐོབ་པར་སེམས་ཅན་གྱི་དོན་བྱེད་མི་ནུས་པས་དེ་ཐོབ་པར་བྱ་ན་རྒྱུ་ནི་བྱང་ཆུབ་ཀྱི་སེམས། རྩ་བ་སྙིང་རྗེ་ཆེན་པོ། མཐར་ཕྱིན་པ་ཐབས་ལ་མཁས་པ་སྟེ། འདི་གསུམ་ནི་མི་ཚང་མི་རུང་ངོ་། །དེའི་མི་མཐུན་ཕྱོགས་རང་བཞིན་གྱི་ཁ་ན་མ་ཐོ་བ། །བྱང་སེམས་ལ་ཕམ་པ་བཞི་སྟེ། བྱང་ཆུབ་ཀྱི་སེམས་གཏོང་བ་ནི་བྱང་སེམས་ཡོངས་གཟུང་གི་མི་མཐུན་ཕྱོགས་དང་སེར་སྣའི་དབང་གིས་སེམས་ཅན་མི་སྐྱོབ་པ་དང་། གནོད་སེམས་ཀྱིས་སེམས་ཅན་ལ་གནོད་པ་བྱེད་པ་གཉིས་ནི་སྙིང་རྗེའི་མི་མཐུན་ཕྱོགས་དང་དམ་པའི་ཆོས་སྤོང་བ་ནི་ཐབས་མཁས་ཀྱི་མི་མཐུན་ཕྱོགས་ཏེ། དེ་བཞིས་མ་ཟིན་པར་སྙིང་རྗེས་ཟིན་ན་ལུས་ངག་གིས་ཚར་གཅོད་པ་ཡང་བྱ་དགོས་ཏེ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་ལས། བྱང་ཆུབ་སེམས་དཔས་ཚར་བཅད་པའི་ལས་ཀྱིས་འགྲོ་བ་འདུལ་བའི་རྐྱེན་དུ་འཚམས་པར་འགྱུར་ཡང་། ཚང་གཅོད་པའི་ལས་ཀྱིས་འགྲོ་བའི་དོན་མི་བྱེད་ན་ཡང་ཉམས་པར་འགྱུར་རོ། །རྫུ་འཕྲུལ་བསྟན་པས་བྲིད་པ་དང་སྤྱོ་བ་དང་བསྡིགས་པ་ལ་སོགས་པ་སྦྱོར་བ་དམ་པ་མིན་པས་འདུལ་ཀྱང་དེ་ལྟར་མི་བྱེད་ན་ཡང་ཉམས་སོ། །དེ་ཅིའི་ཕྱིར་ན། བསམ་པ་སྙིང་རྗེར་ལྡན་ཞིང་བྱམས་པའི་ཕྱིར་དང་། སེམས་དགེ་བ་ལ་སྦྱོར་བ་རྩུབ་ཀྱང་ཉེས་པ་མེད། ཅེས་འབྱུང་སྟེ། ཀུན་སློང་སྙིང་རྗེ་ཆེན་པོས་ཟིན་ན་ཆོས་ཐམས་ཅད་དགེ་བ་དང་། ལྟར་སྣང་མི་དགེ་བ་གང་སྤྱད་ཀྱང་བྱང་སེམས་ཀྱི་སྡོམ་པ་ཉམས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་མདོར་ན་སྙིང་རྗེ་ཆེན་པོས་གཞི་བཟུང་ནས་སྤྱོད་དོ། །གསང་བ་བླ་ན་མེད་པའི་དཀའ་ཐུབ་ནི། དམ་ཚིག་ཆེན་པོའི་མོད་ཉིད་ལས། །ཐབས་ཤེས་མཉམ་པ་ཆེན་པོ་བླ་ན་མེད་པ་སངས་རྒྱས་ཀྱི་ཐེག་པར་བློ་རབ་ཏུ་ངེས་པའམ་གདེང་དུ་གྱུར་ན། ཉོན་མོངས་པ་ལྔ་དང་། འདོད་ཡོན་ལྔ་ཀུན་ལ་སྤྱད་ཀྱང་། པདྨ་ལ་ནི་འདམ་གྱིས་མི་གོས་པ་བཞིན་ཏེ། གང་ཟག་མཆོག་དེ་ལ་ཉན་ཐོས་ཀྱི་ཚུལ་ཁྲིམས་དང་བྱང་ཆུབ་སེམས་དཔའི་སྡོམ་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་འགྱུར་བའོ། །ཞེས་འབྱུང་སྟེ། ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཉིད་ཀྱི་ཕྱིར། དེ་ལ་སྙིང་རྗེ་ནི་ཡེ་ལྡན་ཡིན་པས་འབྲས་བུ་མི་རུང་བས་བསྟེན་དུ་མེད་ལ། ཞེ་སྡང་ནི་རང་མཚན་པ་མེད་པས་སྤང་དུ་མེད་དེ་ཡེ་ནས་མཉམ་ཉིད་ཡིན་པའི་ཕྱིར། དེ་ལྟ་བུའི་མཉམ་ཉིད་ཀྱི་བློས་ཟིན་ན་ཅི་ཡང་མི་འགལ་ལོ་ཞེས་དགོངས་པའོ། །མདོར་ན་ཉན་ཐོས་ཀྱི་སྡོམ་པ་ནི་སེམས་ཅན་ལ་གནོད་སྦྱོར་ལས་ལོག་པའོ། །བྱང་སེམས་ཀྱི་སྡོམ་པ་ནི། དེའི་སྟེང་དུ་ཕན་འདོགས་ལ་ཞུགས་སོ། །གསང་སྔགས་ཀྱི་སྡོམ་པ་ནི་དེ་གཉིས་ཀྱི་སྟེང་དུ་དེ་བཞིན་གཤེགས་པའི་མཛད་སྤྱོད་ཉམས་སུ་བླང་སྟེ་སྤྱོད་པའོ། །གཞན་ཡང་ཉན་ཐོས་ཀྱི་སྡོམ་པ་ནི་འདུ་ཤེས་དང་དངོས་གཞིའི་སྒོ་ནས་ལས་གཙོ་བོ་ཡིན་ལ། བྱང་སེམས་ནི་སྙིང་རྗེ་གཙོ་བོ་ཡིན་ཞིང་། གསང་སྔགས་ནི་ཤེས་རབ་གཙོ་བོ་ཡིན་པར་འདོད་དོ། །ཡང་ཉན་ཐོས་ཀྱིས་ནི། སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་ཅིང་། བྱང་སེམས་ནི་ས་ཆེན་པོ་ལ་གནས་པའི་བྱང་འཕགས་རྣམས་ཀྱི་རྗེས་སུ་སློབ་ལ། གསང་སྔགས་ཀྱིས་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་རྗེས་སུ་སློབ་པའོ། །དེ་ལྟར་ཆོས་མཉམ་པ་ཉིད་མངོན་དུ་གྱུར་ཀྱང་དེ་ལྟར་གཏན་ནས་མ་རྟོགས་པ་དང་ཕྱོགས་རེ་ལས་མ་རྟོགས་པ་ཐེག་བརྒྱད་ལ་གནས་པ་རྣམས་ལ་ཐུགས་རྗེ་མི་འབྱུང་བ་མ་ཡིན་ཏེ་དམིགས་མེད་ཀྱི་ཐུགས་རྗེ་ངོ་བོ་ཉིད་ལྷུན་འགྲུབ་ཏུ་འབྱུང་ངོ་། །མདོར་ན་གསང་སྔགས་མཉམ་པ་ཆེན་པོའི་དམ་ཚིག་ལ་སྤྱོད་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་མ་དག་པ་མེད་དེ། ཇི་ལྟ་བས་ཡེ་ནས་རྣམ་པར་དག་པར་རྟོགས་པ་བཞིན་དུ་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་དེ་ལྟར་རྣམ་པར་དག་པར་སྤྱོད་དོ་ཞེས་གསང་སྔགས་མཉམ་པ་ཆེན་པོའི་དམ་ཚིག་གི་སླར་སྡུད་པའི་ཚིག་ཏུ་སྦྱར་བར་མཛད་དེ་ཐེག་པ་འོག་མའི་དཀའ་ཐུབ་དང་བརྟུལ་ཞུགས་ལས་ཁྱད་པར་དུ་གྱུར་པར་བསྟན་པའོ། །གསུམ་པ་མཇུག་གི་དོན་ལ། གདམས་ངག་གང་ལ་གཏད་པའི་སྣོད་དང་། བརྩམས་ཟིན་པའི་མཐའ་བྱང་གདམས་པ་གཉིས་ལས། དང་པོ་ནི། ལྟ་བ་མཐོ་དམན་གྱི་བྱེ་བྲག་རྣམས་ཕྲེང་བ་བཞིན་དུ་རྒྱུན་ཆགས་སུ་བཀོད་ཅིང་དགོས་པ་བསྡུས་པས་ན། ལྟ་བའི་ཕྲེང་བ་ཅེས་བྱ་བ་ལ་གསང་བ་ནི་ཐེག་པ་མཐའ་དག་གི་དོན་ཚིག་ཉུང་ངུར་བསྡུས་ནས་བློ་ལ་འཆང་བའི་མན་ངག་བཞག་པ་ཡིན་པ་དང་། ཚིག་ཉུང་ངུ་འདིས་དོན་མང་པོ་རྟོགས་པར་བྱེད་པའི་སྒོ་ནས་སྒྲོན་མ་ཡིན་པས་ནོར་བུ་རིན་པོ་ཆེ་བཞིན་དུ་སྦས་ཤིང་བཅད་པར་བྱ་བའམ། རྣམ་པ་གཅིག་ཏུ་ན་རྫོགས་པ་ཆེན་པོའི་དོན་ནི་ཀུན་གྱི་ཐུན་མོང་མ་ཡིན་པས་ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་ཀྱང་གསང་བར་བྱ་བའི་ཆོས་ཟབ་མོ་འདི་ནི། ཇི་ལྟར་དམུས་ལོང་གཟུགས་མི་མཐོང་བ་དག་ནམ་ཞིག་རང་གི་བསོད་ནམས་ཀྱིས་ནོར་བུ་རིན་པོ་ཆེ་རྙེད་པའམ་རང་བཞིན་གྱིས་ཕྱི་ནས་མི་རྙེད་པ་ལྟར། ཐོག་མེད་མ་རིག་གིས་མདོངས་པའི་སྐྱེ་བོ་ཡང་དག་པའི་དོན་མཐོང་བ་མྱོང་བ་ལས་ནམ་ཞིག་སྔོན་གྱི་བསོད་ནམས་ཀྱི་དགེ་བའི་བཤེས་གཉེན་དང་ཕྲད་ནས། དེའི་དབང་གིས་ཤེས་རབ་གསུམ་གྱི་མིག་རྙེད་དེ། ཤེས་རབ་དང་ཐབས་ཀྱི་རྩལ་རྙེད་པའམ་འཆང་བའི་རང་བཞིན་རྫོགས་པ་ཆེན་པོའི་སྣོད་དུ་གྱུར་པའི་སྐྱེས་མཆོག་ཡོད་ན་དེའི་དོན་དུ་གྱུར་པའི་གདམས་ངག་རིན་པོ་ཆེ་འདི་དང་ཕྲད་པར་གྱུར་ཅིག །ཅེས་སྨོན་ལམ་དུ་མཛད་པའོ། །གཉིས་པ་ནི། ལྟ་བའི་ཕྲེང་བ་ཅེས་བྱ་བའི་མན་ངག་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བོད་ཡུལ་ནས་སླར་གཤེགས་ཀར་བྲག་དམར་མཚོ་མོ་འགུལ་གྱི་ནེ་ཐང་དུ་དགུང་གསུམ་བཞེས་ནས་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་དང་རྗེ་འབངས་འགྱེས་ཕྱག་གི་དུས་སུ་མཛད་པ་རྫོགས་སོ། །ཞེས་པའོ། །འདི་བྲིས་དགེ་བས་ཚེ་རབ་ཐམས་ཅད་དུ། །པདྨ་འཇམ་པའི་རྡོ་རྗེ་སྙིང་ལ་ཞུགས། །ཡང་དག་ལྟ་བའི་ཟབ་གནད་ཀུན་རྟོགས་ནས། །འགྲོ་ལ་རྒྱལ་བའི་ལམ་བཟང་སྣང་གྱུར་ཅིག །མི་ཕམ་པས་ཐུན་བར་གཅིག་ལ་བྲིས་པ་མདྒ་ལཾ།། །།ཞེས་འཇམ་མགོན་སྨྲ་བའི་སེང་གེ་མི་ཕམ་འོད་གསལ་རྡོ་རྗེའི་ཕྱག་མཆན་སོར་བཞག་ལ་གསང་བའི་བདག་པོ་བློ་གྲོས་མཐའ་ཡས་གྱིས་མཛད་པའི་འགྲེལ་བའི་ས་བཅད་ཀྱིས་བརྒྱན་ཏེ་རབ་ཚེས་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོར་ཞེ་ཆེན་རི་ཁྲིད་དུ་ཞལ་བཞུས་ཤིང་སྡེ་སྣོད་འཛིན་པ་ཆེན་པོ་མཁན་ཆེན་བླ་མ་ཀུན་བཟང་དཔལ་ལྡན་ཞུས་ཆེན་མཛད་དེ་ལེགས་པར་གཏན་ལ་ཕབ་པའོ། །རྒྱལ་བ་རིག་འཛིན་བརྒྱུད་པའི་མན་ངག་བཅུད། །རྒྱལ་དབང་པདྨའི་ཐུགས་མཚོར་བསྐྱིལ་བ་ལས། །རྒྱལ་བློན་ལས་ཅན་འཁོར་ལ་གདམས་པའི་ཕུལ། །རྒྱལ་བསྟན་འཛིན་པ་རྣམས་ཀྱི་གཅེས་ནོར་ལགས། །དུས་ཀྱི་མཐར་ཡང་སྐྱོབ་པ་མཆོག་དེ་ཡི། །ཐུགས་བསྐྱེད་སྨོན་པའི་རེ་ཁཱ་མ་རྨས་པས། །ཉེ་བརྒྱུད་བྱིན་རླབས་དང་ལྡན་བདུད་རྩིའི་ཆབ། །ལོངས་སུ་སྤྱོད་འདི་སྐལ་པ་ཅིས་མི་བཟང་། །དེ་སླད་འཇམ་མགོན་བླ་མའི་ཕྱག་མཆན་གཞུང་། །གུས་པས་བཤུས་ལ་རང་བློས་མ་བསླད་སྙམ། །འོན་ཀྱང་ནོངས་གྱུར་གང་མཆིས་བདག་བློའི་སྐྱོན། །ཆོས་སྤྱན་ལྡན་པ་རྣམ་ཀྱིས་བཟོད་པར་མཛོད། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་ཀྱིས། །ཐེག་མཆོག་བསྟན་པའི་པད་ཚལ་རྒྱས་པ་དང་། །བདག་ཀྱང་སྐྱེ་ཀུན་པདྨའི་བྲན་གྱུར་ཏེ། །ཡང་དག་ལྟ་བའི་ལམ་བཟང་སྣང་གྱུར་ཅིག །ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྨྲས་པ་དགེ།། །།

ལྟ་བའི་རིམ་པ་བཤད་པ། སྐ་བ་དཔལ་བརྩེགས།

ལྟ་བའི་རིམ་པ་བཤད་པ་བཞུགས། པདྨའི་སྤྱན་ལ་ཕྱག་འཚལ་ནས། །ལྟ་བའི་རིམ་པ་བཤད་པར་བྱ། །འཇིག་རྟེན་པ་དང་འཇིག་རྟེན་འདས། །གསེར་གྱི་རྫས་ལྟར་གཅིག་ལས་སྣང་། །རྣམ་གྲངས་རྣམ་པ་ལྔ་གསུམ་གཉིས། །ཤེས་ནས་གཞག་དང་བླང་བར་བྱ། །ཐམས་ཅད་བྱང་ཆུབ་སྙིང་པོའི་ཀློང་། །པདྨའི་འཁྱིལ་བའི་རང་བཞིན་ལ། །རང་གི་རྟོག་རྙོག་རི་བོས་མནན། །རང་རྒྱུད་རྐྱེན་གྱིས་ལོག་སྣང་བ། །སྐྱེ་བོ་པ་དང་མུ་སྟེགས་པ། །དྲུག་དང་རྟག་ཆད་སྣང་བར་བྱུང་། །དམུས་ལོང་ཚུལ་དུ་གྱུར་སྐྱེ་བོ་བས། །ཐོ་ཡོར་མི་ལྟར་བརྟགས་སྣང་བ། །དམྱལ་བའི་རང་སེམས་མི་སོགས་སྣང་། །ཡི་དྭགས་སྡིག་སེམས་མི་གཙང་སྣང་། །བྱོལ་སོང་གྱེན་ཐུར་ངམ་གྲོག་སྣང་། །མི་ལ་མཐོང་ཡུལ་འདི་ཉིད་སྣང་། །དེ་བཞིན་ལྷ་མིན་གོ་མཚོན་སྣང་། །ལྷ་ཡི་དགེ་སེམས་རིན་ཆེན་སྣང་། །ཅིར་ཡང་སྣང་ཕྱིར་མཐོང་མི་བདེན། །སྐྱེ་བོ་རྟོག་པས་ཕྲོགས་པ་ཡིས། །རྣམ་འཕྲུལ་ཕྱི་ནང་ལྟ་བུར་སྣང་། །བརྟགས་པ་བརྡ་ཡི་ཐ་སྙད་ཤར། །རྐྱེན་གྱིས་ལོག་ཚུལ་མུ་སྟེགས་པ། །ཁྲིད་བྱེད་དྲུག་གི་བསྟན་པས་བསླུས། །མདོར་བསྡུས་མུ་སྟེགས་ཆད་པ་ལ། །གློ་བུར་ཙམ་སྣང་མཐའ་མེད་དེ། །རྟག་པ་བྱས་སྣང་དངོས་པོར་འདོད། །དེ་ཡང་རྒྱུ་མིན་རྒྱུད་སྨྲ་བ། །རང་བཞིན་རྒྱུར་འདོད་དབང་ཕྱུག་རྒྱུ། །ངོ་བོ་ཉིད་ལ་རྒྱུད་སྨྲ་དང་། །རྡུལ་ཕྲན་རྒྱུ་རུ་འདོད་པ་དང་། །བྱེད་པོ་རྒྱུ་རུ་འདོད་པ་ལོག །གཞན་ཡང་མུ་སྟེགས་ཞར་བྱུང་བ། །ཕྱི་རོལ་པ་དང་ཡང་དག་པ། །གསང་སྔགས་པ་དང་གསང་ཆེན་པ། །གཉིས་གསུམ་ལྔ་རྣམས་རྒྱུ་ཡི་ཚུལ། །གསུམ་གཉིས་འབྲས་བུའི་ཚུལ་སྣང་བ། །བདག་ཏུ་འཛིན་པ་བཞི་ལ་ལྟ། །འཇིག་རྟེན་འདས་པའི་ལྟ་བ་ཡང་། །ཅིག་ཤོས་ལྟ་བ་ལས་འཕགས་པ། །ཉན་ཐོས་རང་རྒྱས་མདོ་སྡེ་དང་། །ཀྲི་ཡ་ཨུ་པ་ཡང་དག་དང་། །དེ་བཞིན་ཡོ་གའི་ཐེག་པ་དང་། །མ་ཧཱ་ཡོ་གའི་ཐེག་པ་དང་། །ཨ་ནུ་ཡོ་གའི་ཐེག་པ་དང་། །ཨ་ཏི་ཡོ་གའི་ཐེག་པའོ། །ཆོས་ཙམ་ལྟ་བའི་ཉན་ཐོས་པས། །མདོ་སྡེ་པ་དང་བྱེ་བྲག་གཉིས། །ཕྱི་རོལ་རྡུལ་ལ་རྩོད་བྱེད་ཅིང་། །ཤེས་པ་སྐད་ཅིག་སྣང་བར་མཐུན། །དེ་བཞིན་རང་རྒྱལ་ཐེག་པ་པ། །ཕྱི་རོལ་བཅུ་གཉིས་སྒྱུ་མ་ཙམ། །རྡུལ་ཡང་ཕྱོགས་ཆས་མ་གྲུབ་འཕགས། །ཤེས་པ་སྐད་ཅིག་སྣང་དང་ཐུན། །མཚན་ཉིད་ཐེག་པའང་རྣམ་པ་གསུམ། །རྣམ་རིག་པ་དང་རྣལ་འབྱོར་པ། །དེ་བཞིན་མདོ་སྡེ་དབུ་མ་པའོ། །རྣམ་རིག་ཕྱི་རོལ་ཐོ་ཡོར་མི། །སབ་མོ་རྟ་ལྟར་མེད་བཞིན་དུ། །རང་གི་རྣམ་ཤེས་འཁྲུལ་སྣང་འདོད། །དོན་དམ་ཡེ་ཤེས་སྐད་ཅིག་འདོད། །རྣལ་འབྱོར་དབུ་མ་ཀུན་རྫོབ་མཐུན། །དོན་དམ་སྟོང་པ་མ་སྐྱེས་འདོད། །མདོ་སྡེ་ཀུན་རྫོབ་སྒྱུ་མ་ཙམ། །ཡུལ་རྣམས་ལོགས་ནས་སྣང་བར་ལྟ། །དམ་པར་མཐའ་གཉིས་བྲལ་བ་ཡི། །དབུ་མ་ཆེན་པོར་འདོད་པའོ། །ཀྲི་ཡས་དོན་དམ་ཆོས་ཉིད་བལྟ། །ཀུན་རྫོབ་རང་རིག་ཡོན་ཏན་བལྟ། །རིགས་གསུམ་དཀྱིལ་འཁོར་སྣང་བ་ལ། །སྐྱེ་བའོ་འཁྲུལ་པ་མེད་པར་འདོད། །གཉིས་ཀ་རྒྱུད་ཀྱི་སྤྱོད་པ་ནི། །ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཡོ་གས་དོན་དམ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་པའི་བྱིན་རླབས་ལྷར་སྣང་བ། །སྐྱེ་བོས་འདི་དག་ལྷར་མཐོང་འཁྲུལ། །མ་ཧཱ་ཡོ་གས་དོན་དམ་དུ། །རང་གཉིས་མེད་དེ་དེ་བཞིན་ཉིད། །རྟོགས་པའི་ཆོ་འཕྲུལ་དྲུག་སོགས་པའི། །ལྷར་སྣང་ངང་ལ་འཁོར་བ་མེད། །ཨ་ནུ་ཡོ་གས་དོན་དམ་དུ། །བདེ་ཆེན་རྟོགས་པ་རིག་པའི་རྩལ། །ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་སྣང་། །དེ་ཕྱིར་སྐྱེ་བོས་བརྟགས་པ་འཁྲུལ། །ཨ་ཏི་ཡོ་གས་བདེན་གཉིས་བྲལ། །ཐམས་ཅད་རང་བྱུང་རང་སྣང་བའི། །ཡེ་ཤེས་མཐའ་དབུས་བྲལ་བ་ལ། །བརྟགས་པ་གཉིས་པོ་གདོད་ནས་མེད། །དེ་ཕྱིར་གསེར་ལ་གསེར་མཐོང་ལྟར། །ཇི་བཞིན་མ་ནོར་བདེན་མཐོང་ཡིན། །མཉམ་ཉིད་རང་བཞིན་མ་ངེས་པས། །ཇི་ལྟར་བལྟས་པ་དེར་སྣང་ཕྱིར། །དངོས་པོ་རྟག་པ་ཡོད་མིན་ཏེ། །ཡོད་ན་ཀུན་ལ་མཐུན་སྣང་ཕྱིར། །དེ་ཕྱིར་རང་སེམས་སོ་སོར་སྣང་། །བརྟགས་པ་གཅིག་ཡུལ་གཅིག་ཡིན་པས། །འཁྲུལ་པ་སྣང་བར་ཐེ་ཚོམ་མེད། །དེས་ན་སྤྱོད་ཡུལ་གདོད་ནས་མེད། །རྟོག་སེམས་འགྲོ་བ་སོ་སོའི་སེམས། །གཅིག་ན་དགེ་སྡིག་རྣམ་སྨིན་ཡང་། །མ་སྤྱད་ཀུན་གྱིས་མྱོང་བར་རིགས། །དེ་མིན་ཡང་དག་དོན་མི་རུང་། །རྣམ་སྨིན་ཐུན་མོང་མ་གྱུར་ཕྱིར། །གཅིག་མིན་དེ་ཉིད་མ་སྐྱེས་པས། །ཐ་དད་དོན་དུའང་མི་རུང་སྟེ། །གཅིག་དང་ཐ་དད་ལས་གྲོལ་བའོ། །དངོས་པོ་སྣ་ཚོགས་བརྟགས་པ་ཡི། །མིང་ལ་གྲུབ་པའི་གཏན་ཚིགས་མེད། །དེ་ཕྱིར་ཚན་ཉིད་ཅི་ཡང་མིན། །མ་གྲུབ་པ་ལ་ཡོད་རྟོགས་པ། །སྒྱུ་མའི་སྐྱེས་བུས་ཤེས་འགྱུར་གྱི། །རྒྱལ་བ་ཉིད་ཀྱིས་མི་མཁྱེན་ནོ། །སྣང་བས་སྤྱོད་ཡུལ་མ་གྲུབ་ཕྱིར། །དམིགས་པའི་ཤེས་པ་ཡོད་མི་རུང་། །སྤྱོད་ཡུལ་མ་སྐྱེས་ཡེ་ཤེས་ཕྱིར། །བསྒོམ་བྱའི་ཆོས་ཉིད་ལོགས་ན་མེད། །སེམས་ཀྱི་ཡེ་ཤེས་མཐའ་བྲལ་ཕྱིར། །སྒོམ་པ་པོ་ཡང་ག་ལ་ཡོད། །དེ་ལྟར་སྒོམ་མཁན་དངོས་མེད་ན། །མི་གནས་མི་རྟོགས་འཇོག་པ་དང་། །ནམ་མཁའ་ལྟ་བུ་རང་གསལ་བའོ། །རང་སེམས་ཡོང་གིས་དེ་ལྟའོ། །ཅི་ཡང་ཡིད་ལ་མི་བྱེད་ན། །ཡང་དག་དོན་ལ་ཕེབས་པའི་རིགས། །ལུས་ངག་མ་སྐྱེས་གཞི་མེད་ཕྱིར། །སྐྱིལ་ཀྲུང་སྨྲ་བཅད་ཁ་ན་མེད། །དེ་བཞིན་སེམས་ཀྱང་དངོས་བྲལ་བས། །རྟོགས་སྤང་སྒོམ་པའི་ཁར་མི་འོང་། །དེ་ལྟར་རྟོགས་པ་སྒོམ་པའོ། །ཡལ་བར་འདུག་པ་ནམ་ཡང་མེད། །ཅི་ཕྱིར་བདག་ཉིད་དེ་ཕྱིར་བས། །རང་གི་དབྱིངས་ལས་གཡོས་པ་མེད། །རྟོག་པའི་མཚན་མ་བཟང་དང་ངན་། །ཅི་སྐྱེས་དགག་པར་མི་བྱ་ཞིང་། །དེ་དོན་དྲན་པས་འབྲལ་བའང་མེད། །རང་བྱུང་རང་ཞིར་ང་སྨྲའོ། །དཔེར་ན་རྐུན་པོ་ཚོར་མ་ཐག །མ་སྤངས་འབྲོས་བཞིན་གདེང་གིས་ཞི། །ལྟ་བའི་ཤུགས་ལས་བྱུང་བའི་ཕྱིར། །ཆེད་དུ་ཚོར་བ་སྟེན་མི་དགོས། །དེ་མིན་བློ་ཡིས་སྐད་ཅིག་ཏུ། །རྣམ་རྟོག་རང་གི་དེ་ཉིད་བལྟའོ། །བྱིང་བ་ཤེས་པ་ལྡང་མི་ནུས། །རྨུགས་པ་དོན་ཉིད་མི་གསལ་བའོ། །བྱིང་རྨུགས་རབ་ཏུ་བྱིང་རྨུགས་དང་། །ཤིན་ཏུ་བྱིང་རྨུགས་ཕྱིར་མི་བཏང་། །དེ་བཞིན་རྒོད་པ་རྣམ་པ་གསུམ། །ལེ་ལོ་སྙོམས་ལས་དམན་ལ་སྦྱོར། །དོགས་བ་རྒོལ་དང་ལྷུང་བ་གཉིས། །རེ་བ་རྟགས་དང་འབྲས་བུའོ། །འཁྲུག་དང་འཇུག་ཏུ་མི་བཏུབ་དང་། །ལུས་ཀྱི་བྱ་བྱེད་སྤྱོད་ལ་དགའ། །ངག་གི་ཅ་ཅོ་སྨྲ་དགའ་བ། །ཡང་དག་དོན་ལས་རིང་བའི་ཕྱིར། །བྱ་བྱེད་གྲོང་ཡུལ་གཏམ་མི་གླན། །སྦྱིན་དང་ཆོ་གའི་ལས་མི་བྱ། །དགེ་བའི་ལས་ཀྱང་གཡེང་འགྱུར་ན། །སྡིག་ལས་མི་བྱ་སྨོས་ཅི་དགོས། །ཉམ་དང་གཡོ་དང་གོམས་པ་དང་། །བརྟག་པའི་ཉམས་དང་སྦྱར་བར་བྱ། །དོན་དུ་འདི་སྙམ་བསྟན་དུ་མེད། །དེ་རྟོགས་ཡང་དག་ཉམས་དང་ལྡན། །དེ་ཚེ་ཕྱི་ནང་གསང་བའི་དྲོད། །ཕྱི་ནང་རྟགས་ཀྱང་རིག་པར་འབྱུང་། །སྐྱེས་ཀྱང་དགའ་བྲོད་སེམས་མ་སྐྱེད། །མེད་ཀྱང་དེ་ལ་མི་དགའ་མེད། །དེ་དག་གཡོ་དང་ཐོབ་བརྟན་ན། །རིམ་འབྱུང་གསང་ན་དངོས་གྲུབ་མྱུར། །ཀླུངས་གསུམ་ལྡན་པའི་སྐྱེས་མཆོག་ལ། །སེངྒེ་ལྟ་བུར་འཇིག་ཚོགས་བྲལ། །ཟས་དང་ནོར་གཉེན་མ་ཆགས་ཤིང་། །སྙིང་རྗེ་ཆེན་པོ་མི་འབྲལ་ན། །ཆོས་ཉིད་དོན་དང་ཕྲད་པའི་རྟགས། །ཅི་སྤྱོད་དོན་ལས་མ་ཉམས་ན། །གོམས་པས་ལས་སུ་རུང་བའི་རྟགས། །འདི་ལྡན་དབང་ཕྱེ་བཙུམས་མེད་ན། །སྣང་བ་གང་ཡང་མི་སྐྱོན་ཞིང་། །ཡིད་ལ་བྱ་བ་མེད་ཕྱིར་རོ། །ལུས་ཀྱིས་རིམ་པར་བཟོད་ཐོབ་དང་། །ཆོས་བརྒྱད་སྤོང་ལེན་མེད་པ་དང་། །གང་ལའང་ཉོན་མོངས་མི་སྐྱེ་ན། །འདི་ཡང་ས་ལམ་བགྲོད་པའི་རྟགས། །ཡིད་ལ་བྱེད་མེད་འགགས་སྣང་མེད། །འདུ་ཤེས་མ་གཟུང་རང་གསལ་ལ། །གང་ཡང་ཉམས་སུ་མི་ལེན་ཅིང་། །སེམས་ཀྱི་མངོན་པར་མ་ཕྱོགས་ཤིང་། །དམིགས་མེད་ཚུལ་དུ་རང་སྣང་བ། །ཐ་སྙད་ཙམ་དུ་བསྒོམ་ཞེས་བརྗོད། །ཡང་དག་དོན་གྱི་གདེང་མེད་པར། །ཚིག་ཙམ་ལྟ་ལ་ཁུངས་ཆུང་ཞིང་། །བྱར་མེད་ཆོས་ལ་བློ་གཏད་ནས། །རྩིང་ཆོས་ཕཊ་རལ་སྤྱོད་བྱེད་པ། །རྒྱལ་བའི་བཀས་ཀྱང་མི་སྐྱོབ་སྟེ། །ཡ་ངའི་འབྲས་བུ་ཐེ་ཚོམ་མེད། །རྟོགས་པའི་མཚན་ཉིད་བརྒྱད་ལྡན་ན། །སྐྱེ་བུ་དེ་ནི་རྒྱལ་བའི་སྲས། །གདིང་མེད་ལྟ་བ་མཐོ་འདོད་པས། །རང་གི་ང་རྒྱལ་སྙེམས་བྱེད་པ། །རི་བོས་སྲོག་ཆགས་མནན་པ་ལྟར། །ནམ་ཡང་ཐར་པའི་ཁར་མི་འབྱུང་། །གསང་སྔགས་གསང་བའི་སྒོར་ཞུགས་ནས། །ཡང་དག་དོན་ལ་མི་འདུད་པར། །མི་ཆོས་ཟང་ཟིང་ལས་བྱེད་ཅིང་། །རང་དབང་ཡོད་བཞིན་དབང་མེད་ཅེས། །སྨྲ་ཞིང་གསང་དོན་ཡལ་འཇོག་པ། །ཕྱི་མ་གར་འགྲོ་བརྟོལ་མེད་པར། །གལ་མེད་ལེ་ལོའི་ལས་བྱེད་པ། །ཨེ་མའོ་རང་འཇོམས་དཔའ་བོ་སྟེ། །རྒྱ་མཚོ་མཇིང་གི་ཕ་བོང་ལྟར། །ཐུགས་རྗེ་ཞགས་པ་དཔྱང་ཐག་ཡན། །རང་གི་རང་བསླུས་སྙིང་རེ་རྗེ། །ལེ་ལོ་ཅན་ལ་ཐར་ལམ་མེད། །ལྟ་བའི་རིམ་པའི་མན་ངག་སྐ་བ་དཔལ་བརྩེགས་ཀྱིས་མཛད་པའི་སྣང་བ་བཅུ་བདུན་རྫོགས་སོ།། །།