Nitartha Digital Library
Tibetan
 
previousརྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གསང་བའི་སྙིང་པོའི་འགྲེལ་པ། སྒེད་རྡོར། next

རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གསང་བའི་སྙིང་པོའི་འགྲེལ་པ། སྒེད་རྡོར།

མ ཧཱ རཱ ཛ ཏ ནྟྲ ཤྲཱི གུ ཧྱ ག རྦྷ ནཱ མ ཊཱི ཀཱ སྟི།
རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གསང་བའི་སྙིང་པོའི་འགྲེལ་པ་ཞེས་བྱ་བ་བཞུགས།
རྒྱ་གར་སྐད་དུ། མ་ཧཱ་རཱ་ཛ་ཏནྟྲ་ཤྲཱི་གུ་ཧྱ་གརྦྷ་ནཱ་མ་ཊཱི་ཀ །བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གསང་བའི་སྙིང་པོའི་འགྲེལ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དུས་གསུམ་ཀུན་གྱི་བདག་ཉིད་ཆེ། །བྱེད་པ་རྡོ་རྗེ་དཀྱིལ་འཁོར་གཙོ། །དགོས་པ་མཐའ་དག་གཏེར་གྱུར་པ། །ཀུན་བཟང་ཡིད་ལའང་ཕྱག་འཚལ་ལོ། །སྟོན་པ་གཉིས་ལ་མཆོད་བྱས་ནས། །དངོས་གསུམ་གསལ་བྱེད་གཅིག་གི་གཏེར། །རྣམ་གྲངས་གསུམ་བཞིས་མཚོན་པའི་རྒྱུད། །མཐར་ལམ་མདོ་ཙམ་དབྱེ་བར་བྱ། །དེ་ལ་སྤྱིར་གསང་སྔགས་ཀྱི་རྒྱུད་མཐའ་དག་རྒྱུད་གསུམ་གྱི་དབྱེ་བས་བཤད་དེ། ཐུགས་ཀྱི་ཐིགས་པ་ལས། རང་བཞིན་བདེར་གཤེགས་གདུལ་བྱ་ཡི། །སྣང་བ་གསུམ་གྱི་ངོ་བོ་ལ། །རྒྱུད་ཀྱི་དབྱེ་བ་རྣམ་པར་བཞག །གཅིག་ལ་གསུམ་གྱི་ངོ་བོ་ཡང་། །འཁྲུལ་པའི་སྣང་བས་གསུམ་དུ་འགྱུར། །དེས་ན་སྣང་བ་བཞི་དག་ཏུ། །ལུང་རིགས་ཀུན་ལས་གསལ་བར་བཤད། །ཅེས་འབྱུང་བས། རང་རིག་པ་ཐམས་ཅད་དུ་རྩལ་མ་འགགས་པ་ནི་རང་བཞིན་གྱི་སྣང་བ་སྟེ། ཐམས་ཅད་དུ་འབྲེལ་ཅིང་ཐམས་ཅད་ཚང་བའི་ཕྱིར། རང་བཞིན་གྱི་རྒྱུད་དུ་གསུངས་ལ། དེ་ངེས་པར་སྟོན་པ་ཡང་། བློའི་རིམ་པ་བྱེ་བྲག་ཏུ་སྣང་བ་རྣམས་ནི། གདུལ་བྱའི་སྣང་བ་སྟེ། རྗེས་སུ་མཐུན་ཅིང་ཐམས་ཅད་དུ་འགྲོ་བའི་ཕྱིར་ལམ་གྱི་རྒྱུད་དོ། །དེས་མཐར་ཐུག་པ་ནི་བྲལ་བ་དང་ཐོབ་པ་མེད་པའི་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པས་ཐམས་ཅད་རྫོགས་པ་ནི། དེ་བཞིན་གཤེགས་པའི་སྣང་བ་སྟེ། རྗེས་སུ་སྙེགས་པའི་ཕྱིར་འབྲས་བུའི་རྒྱུད་དེ། དེ་དག་ངོ་བོ་གཅིག་པ་ལ། རིམ་པར་སྣང་བ་ནི་ཀུན་ཏུ་བརྟགས་པ་སྣ་ཚོགས་ཀྱིས་བསྒྲིབས་པ་དང་། སངས་པ་དང་ཕྱེ་བ་གང་ཡིན་པ་ནི། འཁྲུལ་པའི་སྣང་བར་གསུངས་པའི་ཕྱིར། ཞོར་ལ་བཤད་པས་བཞིར་ཕྱེ་བར་འགྱུར་རོ། །དེ་ལ་རང་བཞིན་གྱི་སྣང་བ་ནི་གཞུང་ཉིད་ལས། ཀུན་གཞི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་སྟེ། །ཞེས་འབྱུང་བས། རང་རིག་པའི་ལུགས་ཀྱིས། ཅིར་སྣང་བ་དེ་ཉིད་རང་རིག་པ་ཉིད་ཀྱི་ཕྱིར་ཡོན་ཏན་ཚང་ཞིང་གཉིས་ཀྱང་སྐབས་ལས་འབྲེལ་བ་རྒྱུད་དེ། ཞོར་ལ་བཤད་པའི་ཉེས་པ་ལྔ་ཡིས་བསྒྲིབས་པས། གཉིས་ལ་རག་ལུས་པར་སྣང་ངོ་། །ལྔ་གང་ཡིན་སྙམ་པ་ལ། རྒྱུ་རྐྱེན་བྱེད་པོ་ངོ་བོ་དང་། །དེ་ཡི་ཉེས་པ་རྒྱལ་བས་གསུངས། །ཞེས་འབྱུང་བ་སྟེ། གཞུང་ལས། མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཞེས་པ་དང་། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཅེས་པ་དང་། མ་བཅོས་རྒྱུན་གྱི་སྐད་ཅིག་མ། །དེ་ཡིས་མ་བྱས་གང་ཡང་མེད། །ཅེས་པ་དང་། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །དེ་ཡང་། བདག་དང་བདག་གི་གཞན་རྣམས་ནི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ཅེས་འབྱུང་ངོ་། །ཉེས་པ་ཡང་། ཆོས་རྣམས་ཡེ་ནས་དག་གྱུར་ཀྱང་། །ཕྱིན་ཅི་ལོག་གི་བློ་ལོག་ནས། །ལོག་རྟོག་གནས་དག་ལོངས་སྤྱོད་དང་། །མ་རིག་འཁྲུལ་འཁོར་བསམ་མི་ཁྱབ། །ཡང་། སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་བསྒྲིབས་བྱས་ནས། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །ཞེས་གསུངས་སོ། །དེའི་ཕྱིར་ལམ་གྱིས་རང་གི་ངོ་བོ་ཉིད་མངོན་དུ་བྱས་པ་ལ། འབྲས་བུར་འདོགས་ཀྱང་། ངོ་བོ་ཉིད་གཅིག་སྟེ། རང་བཞིན་ནི་ཐམས་ཅད་ཀྱི་གདགས་གཞིར་གྱུར་པའི་ཕྱིར། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཚད་བཞིས་ཕབ་པའི་དོན་ཡིན་ཏེ། །དག་པ་རྣམ་གསུམ་ཚུལ་གནས་ཤིང་། །འབྲུ་ལྔར་འདུས་པའི་ཐབས་ཆེན་དེ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་གསུངས་སོ། །གཉིས་པ་ནི་གཞི་དག་ལམ་གྱི་ཉེས་པ་གཉིས་ཟད་པ་གང་ཡིན་པ་སྟེ། དེས་སྣང་བའི་ཕྱིར་འབྲས་བུ་ཞེའོ། །དེ་ཡང་རང་བཞིན་གྱི་བྱིན་གྱིས་བརླབས་ཀྱིས་འབྲེལ་པ་དང་། བདག་དང་གཞན་གྱི་དགོས་པ་ཕུན་སུམ་ཚོགས་པའི་ཕྱིར་རྒྱུད་དོ། །དེ་ལ་གཉིས་སུ་འགྲེལ་ཏེ། དེ་ལ་ངོ་བོ་ནི་མཚན་ནི་འདི་འདྲར་བརྗོད་པར་དཀའ་ན་ཡང་། རྨོངས་པ་རྣམས་ཀྱི་དོན་དུ། ཉི་ཤུ་རྩ་ལྔར་བསྡུ་བ་མཛད་དོ། །དེ་ཐོབ་པའི་ཚུལ་ནི་ལམ་གྱི་གཏན་ཚིགས་དང་རྩོལ་བས་ཉེས་པ་གཉིས་ཟད་པའི་དུས་ན་རང་སྣང་བ་ལ་འདོགས་པའི་ཕྱིར། གཞུང་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་པ་དང་། ཡང་རྒྱུ་འབྲས་ཡེ་ནས་དབྱེར་མེད་སྔ་ཕྱི་མ་ཡིན་པས། །འབྲས་བུ་ལམ་དུ་གྱུར་ནས་དུས་གཅིག་མཉམ་པར་སྦྱོར། །ཞེས་པ་ལ་སོགས་པ་གསུངས་སོ། །གསུམ་པ་ནི་དེ་དག་ཤེས་པ་དང་། གྲུབ་པར་བྱེད་པ་ལས་བཏགས་ཏེ། དེ་ཡང་བློའི་བྱེ་བྲག་གིས་ཐ་དད་པར་སྣང་བ་ཁོ་ནའོ། །དེ་ལ་དོན་དྲུག་སྟེ། ངོ་བོ་ངེས་ཚིག་དགོས་ཆེད་དང་། །འབྱུང་ཚུལ་གཉེར་བཤད་ཐབས་ཀྱིས་དབྱེ། །ཞེས་པས། ངོ་བོ་ལ་གསུམ་སྟེ། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་བྱ་བའི་རྒྱུད་དང་། དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་ཐུབ་པའི་རྒྱུད་དང་། ཐབས་ཀྱི་ཐེག་པའི་རྒྱུད་དོ། །དེ་ལ་ཡང་གསུམ་སྟེ། དཔལ་གསང་བ་འདུས་པ་ལ་སོགས་པ་ཐབས་ཀྱི་རྒྱུད་དང་། དཔལ་བདེ་མཆོག་ལ་སོགས་པ་ཤེས་རབ་ཀྱི་རྒྱུད་དང་། དཔལ་བུདྡྷ་འབྱུང་བ་ལ་སོགས་པ་མ་ནིང་གི་རྒྱུད་དོ། །དེ་ལ་དཔལ་གསང་བའི་སྙིང་པོ་འདི་ནི་ཐམས་ཅད་ཀྱི་དོན་དང་རྒྱུ་འབྲས་ཚང་བར་འབྱུང་བའི་ཕྱིར། རྒྱུད་ཐམས་ཅད་ཀྱི་སྤྱི་ཡིན་པར་གསུངས་སོ། །ངེས་ཚིག་ནི། རང་བཞིན་འབྲས་བུ་རྣམ་གཉིས་ལས། །ཤེས་ཐོབ་བཏགས་པའི་ངེས་ཚིག་གཉིས། །རྒྱུ་རྐྱེན་ཐབས་འབྲེལ་དགོས་རྫོགས་ཕྱིར། །རང་གི་ངེས་ཚིག་བཞི་རུ་འགྱུར། །ཞེས་པ་གོ་སླའོ། །དགོས་ཆེད་ནི། རང་བཞིན་གྱི་རྒྱུད་མི་འགྱུར་བའི་ཡོངས་སུ་གྲུབ་པ་སྟེ། ལམ་གྱི་རྒྱུད་གསུམ་གྱིས་ཕྱིན་ཅི་མ་ལོག་པར་བྱ་བ་དང་། འབྲས་བུའི་རྒྱུད་མངོན་དུ་སྣང་བར་བྱེད་པའི་ཕྱིར་རོ། །འབྱུང་ཚུལ་ནི། དྲུག་པའི་སྟོན་པ་ལྷུན་གྱིས་གྲུབ་པའི་ཐབས་དང་། སྨོན་ལམ་གྱིས་གོ་ཕྱེ་ནས། ལེའུ་དང་པོར་རྒྱུ་སྣང་བར་མཛད། གཉིས་པར་རྐྱེན་སྦྱར། གསུམ་པར་ཐུན་མོང་བཅས་གཞིའི་སྟོན་པ་དྲུག་སྣང་བར་མཛད་དེ། དུས་མཚུངས་པར་ཐ་དད་པའི་རྒྱུད་རྣམས་འབྱུང་བའོ། །གཉེར་ནི་ཡོངས་སུ་གྲུབ་པ་གཉིས་དང་། ཐ་མལ་པའི་བློ་བྲོད་པ་བསྐྱེད་པའི་ཕྱིར་འབྲས་བུའི་ཆོས་རྣམས་ཀྱི་མཚན་ཉིད་བརྗོད་པའོ། །རྒྱུད་ཀྱི་བཤད་པའི་ཐབས་ནི། གདུལ་བྱ་དབང་པོ་རབ་འབྲིང་ཐ་མའི་དོན་དུ་དོན་གསུམ་མོ། །དེ་ལ་རབ་ཀྱི་དོན་དུ་མཚན་བཤད་པ་ཡང་འདིར་གསུམ་སྟེ། རྒྱུད་དང་དཀྱིལ་འཁོར་སྐྱེས་བུའི་མཚན་ཐུན་མོང་དུ་བཏགས་པ་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའོ། །ཆེ་བ་ལས་བཏགས་པ་ནི། ལུང་གི་སྤྱིའོ། །དོན་གྱི་ངོ་བོ་ལས་བཏགས་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་བྱ་བ་སྟེ། དེ་ལ་གསང་བ་ལ་གསུམ་སྟེ། རང་བཞིན་དང་། སྦས་པ་དང་། གབ་པའོ། །དེ་ལ་རང་བཞིན་གྱིས་གསང་བ་ནི། གཞུང་ཉིད་ལས། ཨེ་མའོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མི་ལས་ཤིན་ཏུ་གསང་། །ཞེས་འབྱུང་སྟེ། ཡེ་ནས་གསང་བ་ནི། གཉིས་སུ་མེད་པ་རང་བྱུང་གི་ཡེ་ཤེས་ཡོན་ཏན་རིལ་ལྷུན་གྱིས་གྲུབ་པ་དེ། རང་ཆས་སུ་ཡོད་ཀྱང་མ་ཤེས་པ་ཁོ་ན་ལ་བྱའོ། །རང་བཞིན་གྱིས་གསང་བ་ནི། དེ་ཉིད་རང་སྣང་བའི་དངོས་པོ་རིལ་མི་ཟད་པ་རྒྱན་གྱི་འཁོར་ལོར་རང་རྒྱུད་དུ་གནས་པ། བརྟགས་པས་བསྒྲིབས་པའོ། །ངོ་བོས་གསང་བ་ནི། རང་བཞིན་གྱི་རྒྱུད་ཀྱི་ངོ་བོ་ཉིད། ཡུལ་སེམས་རྒྱུ་འབྲས་དང་། བདེན་པ་གཉིས་པོ་ལས་གྲོལ་བ་དེ། རང་སྣང་བའི་ཕྱིར་རང་གི་ངོ་བོ་ཉིད་ཡུལ་དུ་བྱ་བར་མ་དམིགས་པ་ཁོ་ནའོ། །ཤིན་ཏུ་གསང་བ་ནི། འབྲས་བུའི་རྒྱུད་བསྒྲུབ་པར་བྱ་བ་སྟེ། གུད་ན་མེད་ཀྱང་། ཉོན་མོངས་པ་དང་། ཤེས་བྱ་དང་། ལྟ་པའི་སྒྲིབ་པས་གཞན་དུ་ཚོལ་ཡང་། རང་རིག་པ་ལ་སྣང་བ་ཁོ་ནའོ། །སྦས་པའི་གསང་བ་ནི། སྤྱོད་པའི་ཁྱད་པར་ལྔ་གསུམ་དང་། ཏན་གན་དང་བྱ་བ་མེད་པ་ལ་སོགས་པ། ལྟ་སྤྱོད་འབྲེལ་པ་དང་། འཇུག་པར་གསུངས་པ་དེ་དག །སྔགས་ཀྱི་མན་ངག་མེད་པ་དང་། སྒྲ་བཞིན་སྤྱོད་པ་རྣམས་ཀྱིས་སྤྱད་ན། ཤིན་ཏུ་ཉེས་པ་ཆེ་བས། བརྡར་སྦས་ནས་བསྟན་དགོས་པ་སྟེ། གཞུང་ལས་ཀྱང་། ཁ་ཅིག་ལྟ་བ་མཉམ་གནས་ཀྱང་། །ཞེས་པ་ལ་སོགས་པ་དང་། མཉམ་པའི་དོན་ཉིད་མ་རྟོགས་པར། །ཞེས་པ་ལ་སོགས་པའི་དོན་གྱིས། གསང་ཕྱིར་བརྡ་དག་སྣ་ཚོགས་གསུངས། །ཞེས་པ་འབྱུང་བའོ། །གབ་པའི་གསང་བ་ནི། རྒྱུད་ཀྱི་དོན་ཕུན་སུམ་ཚོགས་པ་དང་། རང་བཞིན་གྱི་དོན་རྣམས་འཁྲུལ་པ་དང་། རས་ཆོད་པ་རྣམས་ལ་གབ་པ་དེ་དང་དེ། ཚད་མ་གཉིས་ཀྱི་བདག་པོས་འབྱིན་པའོ། །སྙིང་པོ་ཞེས་བྱ་བ་ལ་གསུམ་སྟེ། དེ་ལ་ཐེག་པ་ཐམས་ཅད་འབྱུང་བའི་སྙིང་པོ་ནི། བྱིན་གྱིས་བརླབས་ཀྱིས་བསྟན་པ་སྟེ། གདུལ་བྱ་ལས་ཐ་མའི་དོན་དུ་རྒྱུད་འདི་བསྟན་པའི་མཛད་པས་གོ་ཕྱེད་ནས། ཐམས་ཅད་ཀྱང་འབྱུང་བ་སྟེ། གཞུང་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །ཞེས་པ་ནས། འབེབས་པར་མཐར་ཐུག་པའོ། །ཐེག་པ་ཀུན་གྱི་འབྲས་བུའི་སྙིང་པོ་ནི། སྒོ་ཀུན་ནས་བསྒྲུབ་པའི་མཐའ། རང་བཞིན་གསང་བའི་སྙིང་པོ་འདི་མངོན་དུ་བྱེད་པའི་ཕྱིར། གཞུང་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པ་ལ་སོགས་པས་སྟོན་པའོ། །ཆོས་ཐམས་ཅད་ཀྱི་དོན་གྱི་སྙིང་པོ་ཡིན་པ་ནི། །གཏན་ཚིགས་ཀྱི་སྒོ་གང་ནས་སྨྲས་ཀྱང་། མཐར་ཐུག་པ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི། རྟོག་ཚོགས་སུ་བཏགས་པ་རིལ། སྐུ་དང་ཡེ་ཤེས་བཞི་བཅུ་གཉིས་སུ་སངས་རྒྱས་པས་འཁོར་བ་ཀར་དག་པ་སྟེ། གཞུང་ལས། དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །དེ་ལས་ལྷག་པའི་དོན་སྨྲ་བ། །དེ་ནི་རྣམ་དག་ལམ་མིན་ཏེ། །རང་བློས་བསམ་པ་འཁྲུལ་པ་ཡིན། །ཅེས་པ་དང་། ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བའི་འདི་ལས་གཞན་མི་མངའ། །ཞེས་གསུངས་སོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ལ་གསུམ་སྟེ། རྒྱུ་འབྲས་གཉིས་སུ་མེད་པ་ལ། །དེ་ཉིད་ངོ་བོ་སྐབས་ཀྱིས་གསུམ། །ཞེས་པས། རྟོག་ཚོགས་རིལ་རང་རིག་པ་ལས་མི་གཞན་པའི་ཕྱིར། སྣང་སྟོང་གཉིས་དང་བྲལ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ། བློ་མ་བཅོས་པར་བཞག་པ་ནི། མ་བཅོས་པའི་དེ་ཁོ་ན་ཉིད་དེ། སྐབས་ཀྱི་རྒྱུ་ཞེས་འདོགས་སོ། །དེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་མང་པོར་རང་སྣང་བར་མངོན་སུམ་དུ་བྱུང་བ་ནི། མ་ནོར་བའི་དེ་ཁོ་ན་ཉིད་དེ། སྤྲོས་པ་ལ་ཞེན་པ་རྣམས་འབྲས་བུ་ཞེས་བཏགས་སོ། །དེ་དག་ཀྱང་མངོན་པར་ཞེན་པ་དག་གི་སྐབས་ལས་གཞན་མ་ཡིན་པ་ནི། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དེ། དབྱེ་བ་མ་གྲུབ་པས་རྒྱུ་འབྲས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དོ་ཞེས་བྱའོ། །ངེས་པའོ་ཞེས་བྱ་བ་ནི། གཞི་དང་ལམ་དང་ངོ་བོ་ཡིས། །ངེས་པ་རྣམ་པ་གསུམ་དུ་བཤད། །ཅེས་པས། རྒྱུད་ཀྱི་གཞི་ནི། རང་བཞིན་གསང་བའི་སྙིང་པོ་སྟེ། རང་བཞིན་གྱིས་ངེས་པའོ། །དེ་འདིར་ངེས་པར་སྟོན་པའི་ཕྱིར། གཞུང་ལས། སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་གསུངས་སོ། །འདིའི་ལུགས་ཀྱིས་འབྲས་བུ་ཉིད་ངེས་པའི་ལམ་དུ་བྱེད་པའི་ཕྱིར། ཡང་། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཅེས་གསུངས་སོ། །འདི་རང་གི་ངོ་བོས་དེ་བཞིན་གཤེགས་པའི་དགོངས་པ་མངོན་དུ་སྟོན་པའི་ཕྱིར། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་གསུངས་པས། དོན་གཉིས་ལས། སྐལ་བ་དང་ལྡན་པའི་ལས་ཅན་ལ་ངེས་པའི་དོན་དུ་གསུངས་པའོ། །སྤྲོས་པ་ལ་དགའ་བ་དབང་པོ་འབྲིང་གི་དོན་དུ་རྒྱུད་ཀྱི་དོན་རྣམ་པར་ཕྱེ་བ་ལ་དོན་རྣམ་པ་ལྔ་སྟེ། རྒྱུད་ཀྱི་རྒྱུ་དང་། རྐྱེན་དང་། ཡོངས་སུ་ཤེས་པར་བྱ་བ་དང་། དགོས་འབྲེལ་དང་། ཡོངས་སུ་གཏད་པའོ། །དེ་ལ་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་ལ་རྣམ་པ་གཉིས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །ཐུན་མོང་གི་གླེང་གཞི་ལ་གཉིས་ཏེ། ཁྱད་པར་དང་། བསྟན་པའི་སྤྱིའི་གླིང་གཞིའོ། །ཁྱད་པར་གྱི་གླེང་གཞི་ལ་དྲུག་གོ། །དེ་ལ་སྟོན་པ་ལ་ངོ་བོ་དང་། རང་བཞིན་དང་། འཆད་པའི་སྐྱེས་བུའོ། །གནས་ལ་རང་བཞིན་དང་། གཞལ་ཡས་ཁང་གདན་དང་རྒྱན་དུ་བཅས་པའི་མཚན་ཉིད་དོ། །འཁོར་ལ་རང་བཞིན་གཉིས་སུ་མེད་པའི་འཁོར་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་དང་། ཚད་དང་མདོག་གོ། །དུས་དང་། སྡུད་པ་དང་། བསྟན་པའོ། །བསྟན་པ་སྤྱིའི་གླེང་གཞི་ལ། རྒྱུ་དང་། ངོ་བོའོ། ངོ་བོ་ལ་སྟོན་པ་དང་། ཞིང་ཁམས་དང་། མཛད་པ་དང་། གདུལ་བྱ་དང་། དེ་དག་གི་བསྟན་པའོ། །རྒྱུ་འབྱུང་བའི་རྐྱེན་གླེང་བསླང་བ་ལ་གཉིས་ཏེ། ཐུན་མོང་མ་ཡིན་གླེང་བསླང་བ་འཁོར་ལ་དབང་གཉིས་ཀྱི་སྐབས་ཕྱེ་བ་དང་། ཐུན་མོང་དུ་གླེང་བསླང་བ་བསྟན་པ་མཐའ་དག་བཤད་པར་ཞུས་པ་དང་གནང་བའོ། །རྒྱུད་རང་གི་ངོ་བོ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ལ་བདུན་གྱིས་དབྱེ་སྟེ། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །ཕྲིན་ལས་བསྒྲུབ་པའི་ལམ་རིམ་གྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་པས་སྟོན་ཏེ། དེ་ལ་ལྟ་བ་གཏན་ཚིགས་དང་། ངོ་བོའོ། །སྤྱོད་པ་ལ། ཤེས་རབ་དང་མཐུན་པའི་སྤྱོད་པ་དང་། ཐབས་དང་མཐུན་པའི་སྤྱོད་པ་དང་། ཕྱོགས་གཅིག་པའི་སྤྱོད་པ་དང་། ཚོགས་ཀྱི་སྤྱོད་པའོ། །དཀྱིལ་འཁོར་ནི་གཞུང་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། །ཏིང་འཛིན་ལྷག་པའི་དཀྱིལ་འཁོར་ལྔ། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཅེས་པའོ། །དེ་ལ་རང་བཞིན་ལ། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། །རང་བཞིན་ལྷུན་གྱིས་གྲུབ་པའོ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་ཞི་ཁྲོ་གཉིས་སོ། །དེ་རེ་རེ་ལ་ཡང་སྐུ་གསུང་ཐུགས་ཏེ་དྲུག་པའོ། །ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཡང་དྲུག་རྗེས་སུ་མཐུན་ནོ། །ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ། ས་གཞི་སྙོམས་པ་དང་། ཚད་དང་། ཐིག་དང་། བྲི་བ་དང་། ཚོན་དང་། དབྱེ་བ་དང་། རབ་གནས་དང་། སྦྱིན་སྲེག་དང་། དེར་འཇུག་པ་དང་། བྱས་ནས་ཞུགས་པའི་ཡོན་ཏན་དང་བཅུའོ། །ཚོགས་ཀྱི་དཀྱིལ་འཁོར་ལ་ཞི་ཁྲོ་གཉིས་སོ། །དཀྱིལ་འཁོར་གྱི་ངེས་ཚིག་ནི་རྒྱས་པ་ནས་གསལ་ལོ། །དམ་ཚིག་ལ་རང་བཞིན་དང་། ཆེ་བ་དང་། རྣམས་གྲངས་དང་། སྐྱོན་དང་། ཡོན་ཏན་ནོ། །དབང་ལ་ངོ་བོ་དང་། བསྐུར་བའི་རིམ་པ་དང་། བསྐུར་ཐབས་དང་། སྐྱོན་དང་། ཡོན་ཏན་ནོ། །ཕྲིན་ལས་ལ། ལྷག་པ་ཧོམ་གྱི་ལས་དང་། ལྷག་པ་རྫས་ཀྱི་ལས་དང་། ལུ་གུ་རྒྱུད་ཀྱི་ལས་དང་། ཡོན་ཏན་ནོ། །བསྒྲུབ་པའི་ཐབས་ལམ་གྱི་རིམ་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་ཏིང་ངེ་འཛིན་ལྔའི་སྒོ་ནས་རིམ་པར་འཇུག་པ་དང་། རྫོགས་པའི་རིམ་པ་ཆོས་ཐམས་ཅད་དག་པ་གསུམ་དང་མཉམ་པ་རྣམ་ལྔའི་ངང་དུ་སངས་རྒྱས་པ་དེ་རྟོགས་པ་བཞིའི་ལམ་གྱིས་ཡིད་ཆེས་ཏེ། དེ་ལ་མཚན་ཉིད་གསུམ་དང་དགོས་འབྲེལ་གྱིས་ལམ་མཚོན་ནས། བསྙེན་སྒྲུབ་བཞིས་དོན་མཐར་ཕྱུང་སྟེ། བདུད་བཞི་ཡང་བཏུལ་བས། འབྲས་བུ་ལྷུན་གྱིས་གྲུབ་པར་འཇུག་གོ། །དགོས་འབྲེལ་ནི་ཐུན་མོང་དང་ཐུན་མོང་མིན་པའི་ཚུལ་གྱིས་གཉིས་ཏེ། དེ་ཡང་། བརྗོད་འབྲེལ་དགོས་དང་ཡང་དགོས་པའི། །རྒྱུད་ཀྱི་ཡན་ལག་བཞི་རུ་འགྱུར། །ཞེས་པས། ཐུན་མོང་ལམ་གྱི་རྒྱུད་ནི་རྗོད་པར་བྱེད་པའོ། །རྒྱུད་གཉིས་ནི་བརྗོད་བྱའོ། །གླེང་གཞི་ཚོགས་ནས་གླེང་བསླང་བ་ནི་ཐབས་དེ་ལས་རྒྱུད་འདི་སྣང་བ་ནི་ངེས་པར་འབྱུང་བའོ། །ལམ་གཉིས་ནི་རྒྱུ། མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་འབྲས་བུའོ། །རྒྱུད་ཀྱི་དངོས་པོ་བདུན་ནི་དགོས་པའོ། །མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་དགོས་པའི་ཡང་དགོས་པའོ། །ཐུན་མོང་མ་ཡིན་པར་ནི། ཐིག་ལེ་ཆེན་པོ་ཐབས་དང་བཅས་པ་ནི་རྗོད་པར་བྱེད་པའོ། །ཐིག་ལེ་བཅུ་དྲུག་གི་བདེ་བ་ནི་བརྗོད་པར་བྱ་བའོ། །བྱེད་པ་སྡོམ་པ་རླུང་དང་བཅས་པ་ནི་ཐབས་སོ། །དེས་རང་བཞིན་གསང་བའི་སྙིང་པོ་མྱོང་བ་ནི་ཐབས་ལས་བྱུང་བའོ། །ཐིག་ལེ་བཞི་བཅུ་རྩ་གཉིས་ནི་རྒྱུའོ། །ཡེ་ཤེས་བཞི་བཅུ་རྩ་གཉིས་མངོན་དུ་ཤར་བ་ནི་འབྲས་བུའོ། །སེམས་ལྔ་རྒྱུན་དུ་བསྐྱེད་པ་ནི་དགོས་པའོ། །བཅུ་དྲུག་ཆ་ལ་རྫོགས་པའི་ཡེ་ཤེས་ཆེན་པོ་ནི་དགོས་པའི་ཡང་དགོས་པའོ། །རྒྱུད་ཡོངས་སུ་གཏད་པ་ལ་གཉིས་ཏེ། དེ་ལ་གདམས་པ་ནི་རང་བཞིན་གསང་བའི་སྙིང་པོ་ལ། རྩོལ་བ་རིལ་བྲལ་བར་གདམས་པའོ། །གཏད་པ་ལ་གཉིས་ཏེ། སྡུད་པ་པོ་ལ་ཟུངས་ལ་སྤྲོས་ཤིག་པ་དང་། རྣལ་འབྱོར་པ་ལ་ཡོན་ཏན་བརྗོད་དུ་ཟུངས་ཤིག་པའོ། །ས་གཅོད་ཀྱི་གྲངས་དེ་དག་དཀྱུས་ཀྱི་ཐད་ཀར་ངོ་སྤྲད་ནས་སྟོན་ཏོ། །དབང་པོ་ཐ་མའི་དོན་དུ། གསང་སྔགས་སྤྱིའི་རྒྱུད་ཀྱི་བཤད་ཐབས་བཅུ་ཡིས་འབྲུ་གཉེར་དབྱེའོ། །དེ་ལ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི། སྡུད་པ་པོས་ཚིག་གཉེར་བ་དེའི་ཚེ་རང་གི་སྟོན་པ་ལ་མཆོད་པའོ། །འདི་སྐད་བཤད་པའི་དུས་ན། ཞེས་བྱ་བ་ནི། ཐུན་མོང་མ་ཡིན་པའི་གླེང་གཞི་སྟེ། གཞུང་གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱིར། སྒྱུ་འཕྲུལ་ཐལ་བའི་རྒྱུད་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །སྐད་ཅེས་གསལ་བྱེད་ལས་མིང་ཅན། །བྃ་དབྱིབས་ཐིག་ལེར་བཅས་སྟོན་པའོ། །མ་ད་མ་ནུ་སྡོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བར་བཤད་པར་འདོད། །པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡ་ན་ཐེག་ཆེན་འདི་ཡིན་ནོ། །དུས་ནི་བསམ་གྱིས་མི་ཁྱབ་དུས། །ནཱ་མ་དེ་མིང་ཞེས་བྱའོ། །ཞེས་འབྱུང་ངོ་། །དེ་ལ་ཉེ་བར་མཚོན་པ་ནི་གནས་ཏེ། ཁྱམས་དང་། སྒོ་དང་། བྱའི་གདོང་དང་། ཟ་མ་ཏོག་རྣམས། དྲག་རྒྱས་ཞི་དབང་དུ་གནས་པ་ནི། སངས་རྒྱས་རིལ་གྱི་བཞུགས་གནས་སུ་གསུངས་སོ། །གུ་ཧྱ་བཛྲ་དབུར་རྫོགས་པའི་ཐིག་ལེ་དང་བཅས་པ་ནི་མ་ལུས་པའི་བྱེད་པ་པོའི་ཕྱིར་སྟོན་པའོ། །མ་ནི་མ་ད་ན་སྡོམ་བྱེད་དེ་སེམས་ལྔ་པ་གླེང་བསླང་བའི་ལས་ཀྱིས་མ་ནུ་ནི་ཡིད་དེ། རྣམ་པར་ཤེས་པའི་རྒྱལ་པོ་དང་། རྡོ་རྗེ་མཐོང་བ་ལ་སོགས་པས་ཕྱིན་ཅི་མ་ལོག་པར་གོ་བ་ནི་བརྗོད་པ་དང་འདྲ་བའི་ཕྱིར། འཁོར་ལ་བཤད་དོ་བར་ཐ་སྙད་དུ་འདོགས་སོ། །གོ་བ་ཉིད་གང་སྙམ་པ་ལ། པ་ར་མཱརྠ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཏེ། སེམས་ལྔའི་ཐ་མ་སྐད་ཅིག་མ་བཅུ་དྲུག་པའི་བྱང་ཆུབ་སེམས་མཐས་མ་རེག་པ་ནི། མ་ཧཱ་ཡ་ན་ནི་ཐེག་པ་ཆེན་པོ་སྟེ། རྒྱུད་འདིའོ། །དེའི་དུས་ནི་གཅིག་ཏུ་བརྗོད་དུ་མེད་པས་ན། བསམ་གྱིས་མི་ཁྱབ་པའི་དུས་ཞེས་བྱ་བར་ཐ་སྙད་དུ་འདོགས་སོ། །དེ་ནི་གདུལ་བྱ་ལས་ཐ་མ་པ་རྣམས་ཀྱི་དོན་གྱི་ཕྱིར། ཐུན་མོང་མ་ཡིན་པའི་གླེང་གཞིའོ། །ད་ནི་ཐུན་མོང་གི་གླེང་གཞི་སྟོན་པའི་རང་བཞིན་ཏེ། རྒྱལ་བ་དྲུག་པའི་ཡོན་ཏན་མཐའ་ཡས་པ་ཡང་མདོར་བདུན་དུ་བསྡུ་སྟེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། གཉིས་སུ་མེད་པའི་རིག་པ་རང་བྱུང་གི་ཡེ་ཤེས་ཏེ། མ་བཅོས་པར་རིལ་ལྷུན་གྱིས་གྲུབ་པའི་ཕྱིར། དེ་བཞིན་ཉིད་དོ། །དེར་སོན་པ་ནི་ངོ་བ་ཉིད་དུ་གྱུར་པས། གཉིས་དང་བྲལ་བའི་ཕྱིར། དེ་བཞིན་ཉིད་དུ་གཤེགས་པ་ཡང་། །སྣ་ཚོགས་ཞེན་ལས་གྲོལ་བར་ཟད། །ཅེའོ། །ཡང་དག་པར་རྫོགས་པ་ཞེ་བྱ་བ་ནི། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ནི་རིལ་ངོ་བོར་གྱུར་པས། སྤང་བྱ་མི་དམིགས་པའི་ཕྱིར་ཡང་དག་པའོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་འབྲས་བུར་རང་སྣང་བར་ཡང་བཞུགས་སོ། །སངས་རྒྱས་ཞེས་བྱ་བ་ནི། ས་པ་ལ་སོགས་པའི་ལྟ་བ་ངན་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་མཐའ་དབུས་མེད་པར་བརྡལ་བས་ཡེ་ཤེས་བླ་མའི་ས་མངོན་དུ་བྱས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། ཉོན་མོངས་པ་ལ་སོགས་པ། མི་མཐུན་པ་ཉིད་རང་རིག་ཏུ་གསལ་བས། དེ་དག་འབྲས་བུར་མངའ་མཛད་ཀྱང་། ངོ་བོ་ཉིད་འདི་འདྲ་མི་རྙེད་པས་སྤྱོད་ཡུལ་དུ་བྱར་མེད་པའི་ཕྱིར་རོ། །ལོངས་སྤྱོད་ཆེན་པོ་ཞེས་བྱ་བ་ནི། ཐམས་ཅད་ཀྱི་རོ་མྱོང་ཡང་། བདག་ཉིད་ཆེན་པོའི་ཕྱིར། སྤྱོད་ཡུལ་དང་བྲལ་བས་གཞན་ལས་ཁྱད་པར་དུ་གྱུར་པས་སྐུ་ཆེན་པོའོ། །ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། ཅེས་བྱ་བ་ནི། ཐ་སྙད་གཉིས་ཀྱིས་བསྡུས་པའི་དེ་བཞིན་གཤེགས་པ་རིལ་གྱི་ཡོན་ཏན་བརྗོད་པ་ལས་འདས་པའང་མདོར་ཉི་ཤུ་རྩ་ལྔར་བསྡུས་ཏེ། དེ་དག་ཡང་དག་པར་རྫོགས་པའི་ཕྱིར། རྒྱལ་བ་དྲུག་པའི་ཁྱད་པར་ལས་སྣང་བས། སངས་རྒྱས་ཀུན་གྱི་སྤྱིའི་གཟུགས་ཅན་དང་། རིགས་ཐམས་ཅད་ཀྱི་བདག་པོ་ཞེས་ཐ་སྙད་དུ་འདོགས་སོ། །མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་། སོ་སོ་མ་ཡིན་ཐ་མི་དང་དབྱེར་མེད་པའི་རང་བཞིན་ཏེ། ཞེས་བྱ་བ་ནི། དུས་གསུམ་གྱིས་བསྡུས་པའི་སེམས་ཅན་དང་། ཆོས་ཐམས་ཅད་དང་བསྡུ་བ་ནི་སུ་ཞིག་སྙམ་པ་ལ། དྲུག་པའི་དེ་བཞིན་གཤེགས་པ་སྟེ། དེ་དག་རིག་པ་སྒྱུ་མའི་ཕྱིར་དང་། སེམས་ཉིད་དུ་མ་སྐྱེས་པ་དང་། བདེན་པ་གཉིས་ཀྱི་ཐ་སྙད་ལས་འདས་པར་གཅིག་པ་སྟེ། ཀུན་ཀྱང་དེ་དང་འདྲ་བའི་ཕྱིར་གཉིས་སུ་མེད་པ་དང་། སྙིང་རྗེ་ཆེན་པོ་ཞེས་བྱ་བ་ཁོ་ནའོ། །དེའི་གནས་གང་སྙམ་པ་ལ། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། ཞེས་བྱ་བ་ནི་རང་བཞིན་བསྟན་ཏེ། དེ་ཡང་། གཙང་མའི་རིས་དག་སྤངས་པ་ཡི། །འོག་མིན་ཆེན་པོའི་གནས་མཆོག་ན། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་དུ་མ་རྣམ་སྤངས་པ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཏེ། །གདོད་ནས་ཐེག་མཆོག་མཛོད་ཉིད་ཕྱིར། །སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྣང་བར་མཛད། །ཅེས་འབྱུང་བས། ཡུལ་ཁྱད་པར་ཅན་དེ་ནི་རང་རིག་པ་ཁོ་ནའི་ཕྱིར་མཐའ་དབུས་དང་བྲལ་བའོ། །གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ། ཞེས་བྱ་བ་ནི། འོག་གི་འཁོར་ལོ་ཆེན་པོ་ནི་ཡེ་ཤེས་ཀྱི་ཕྱིར། གདུལ་བྱའི་སྣང་བས་ཚད་གཟུང་དུ་མེད་དེ། དེ་ཡང་ཡེ་ཤེས་ལྔའི་རྩལ་རང་སྣང་བའི་ཕྱིར། ཕན་ཚུན་དུ་གསལ་བའོ། །གཞན་གྱི་རྒྱུ་ཅི་སྙམ་པ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། ཞེས་བྱ་བ་ནི་གནས་ཀྱི་རྒྱུ་ཡང་རང་རིག་པ་ཉིད་ཁ་དོག་དང་། དབྱིབས་སུ་སྣང་བ་ནི་ཐ་སྙད་དུ་རིན་པོ་ཆེ་སྟེ། ལས་ཀྱང་མི་འདོད་པ་མ་ཡིན་ནོ། །རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཞེས་བྱ་བ་ནི། རང་བཞིན་ཏེ་རྒྱུའི་ཕྱིར་ཡེ་ཤེས་ཉིད་མཐའ་ཀུན་དང་བྲལ་བ་ནི་དེ་བཞིན་གཤེགས་པའི་སྣང་བར་འགྱུར་རོ། །དེའི་ཕྱིར་ཕྱལ་བར་འགྱུར་རོ་སྙམ་པ་ལ། ཡོན་ཏན་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ཞེས་གསུངས་ཏེ། ཡེ་ཤེས་ཀྱི་ཕྱིར་འབྲས་བུའི་ཆོས་རིལ་ལྷུན་གྱིས་གྲུབ་པ་དེ་ཉེ་བར་མཚོན་པའོ། །ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། ཞེས་བྱ་བ་ནི། གང་རྟོགས་པའི་ཡེ་ཤེས་ནི་བྱེ་བྲག་མངོན་དུ་སྣང་བས། དེ་ཉིད་ཀྱི་རྩལ་གློ་འབུར་བཞིར་སྣང་བ་ནི། ཁ་དོག་གིས་རྒྱན་ལྟ་བུར་མཛེས་པའོ། །རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ། ཞེས་བྱ་བ་ནི། ཟླུམ་པོར་མཐོ་བ་ཉིད། རང་རིག་པ་ཉིད་ཞིང་ཁམས་ཐམས་ཅད་དུ་སྣང་བས། ཐམས་ཅད་རང་རིག་ཏུ་གྱུར་པ་ནི། གང་དུའང་མི་གནས་པའི་ཡེ་ཤེས་ཆེན་པོ་སྟེ། སྣང་བ་གཉིས་ལས་མ་འདས་པའོ། །ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་། ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པ། ཞེས་བྱ་བ་ནི། ཡེ་ཤེས་ཀྱི་ལས་ཀྱི་སྐབས་ལས་བྱེ་བྲག་བསམ་གྱིས་མི་ཁྱབ་པར་སྣང་བ་ཉིད། སྣ་ཚོགས་ཀྱི་དབྱིབས་དང་འོད་ཟེར་དང་། སྤྲུལ་པའི་རྣམ་པ་བལྟ་བས་མི་ངོམས་པར་རྫོགས་པར་སྣང་ངོ་། །སྤགས་པ། ཚད་དཔག་ཏུ་མེད་པ་ཞེས་བྱ་བ་ནི། ལམ་གཞན་ལས་འདི་འཕར་བ་དང་། འདི་ཉིད་ཐུག་པ་མེད་པའི་ཕྱིར་སྒོ་ལ་སོགས་པའི་རིམ་པ་དང་། བུམ་པ་སངས་རྒྱས་ཀྱི་སྤྱི་གཙུག་ལྟ་བུར་གནས་པའོ། །ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཞེས་པ་ནས། བཀླུབས་པའི་མཐར་ཐུག་པ་ནི། ཡེ་ཤེས་ཆེན་པོ་སྣང་སྟོང་གཉིས་སུ་མེད་པ་ཉིད་ཐུགས་རྗེ་དང་སྤྲུལ་པ་རྒྱུན་དང་ལྡན་པ་དང་། བདེན་པ་གཉིས་མི་ཕྱེད་པ་དང་། ཐབས་སྣ་ཚོགས་མ་འདྲེས་པ་དང་། གང་ཡང་མ་སྤངས་པའི་ལོངས་སྤྱོད་ཆེན་པོའི་ཕྱིར། རྒྱན་དེ་དག་གིས་མཛེས་པ་ཡང་འཁྲིགས་པ་དང་འདུས་མ་བྱས་ཏེ། ཡེ་ཤེས་ཀྱི་ཕྱིར་ཕྱི་ནང་མེད་པར་གསལ་བ་ནི། གསེར་གྱི་སྦུ་གུ་ར་རིན་པོ་ཆེའི་ཟེའུ་བཅུག་པ་ལྟ་བུའོ། །རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། ཞེས་བྱ་བ་ནི། ཡེ་ཤེས་ཆེན་པོ་མཐའ་ཀུན་དང་བྲལ་བ། རང་གི་མཚན་ཉིད་མེད་པ་ལ་འབྲས་བུ་རིལ་ཚང་བས་འདོད་པ་དང་བྲལ་བ་ཉིད་ཅིར་ཡང་སྣང་བའི་ཕྱིར། སྟོང་པ་ཉིད་ལ་སོགས་པའི་སྒོ་བཞི་མ་འདྲེས་ལ། ཡོངས་སུ་རྫོགས་པར་རྟོགས་པ་ནི། ཨ་ཏི་ཡོ་གར་འཇུག་གོ། །ཞེས་ཐ་སྙད་དུ་འདོགས་པས་སྒོ་བཞི་ཁ་དོག་གིས་གསལ་བའོ། །རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཞེས་བྱ་བ་ནི། འདས་མ་ཐག་པ་ཉིད་ཐེག་པ་བརྒྱད་ལ་སྦྱངས་པ་ལས་སྣང་བའི་ཕྱིར་ཉེ་བར་མཚོན་པ། ཞབས་དང་མ་ཆགས་ཟ་ར་ཚགས། །སྣ་འཕྱང་ཆུན་འཕྱང་ཕྲེང་བ་དང་། །སྣ་ཚོགས་ཁྱུང་མགོ་རིམ་པ་འཁྲིགས། །ཤེའོ། །ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། ཞེས་བྱ་བ་ནི། རང་རིག་པ་ནི། བདག་ཉིད་ཆེན་པོའི་ཕྱིར་བསལ་བར་བྱ་བ་མི་དམིགས་པས། མཐའ་དབུས་མེད་པ་ལ་ཕྱི་ནང་ཡང་པར་མི་འགྱུར་བ་ནི། དེ་བཞིན་གཤེགས་པའི་སྣང་བ་སྟེ། རང་བཞིན་ནོ་ཞེས་བྱ་བའོ། །མི་འཇིགས་པ་སེང་གེ་ཞེས་པ་ནས། གདན་ལ་ཞེས་པའི་མཐར་ཐུག་པ་ནི། ཡེ་ཤེས་ཆེན་པོ་མངོན་དུ་བྱས་པའི་རིག་པ་ནི་འབྲས་བུའི་ཆོས་བཞི་དང་། བཅུ་གཉིས་གཉིས་དང་། ཐམས་ཅད་མཁྱེན་པ་ཉིད་རྫོགས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བསྟན་ཅིང་ངེས་པར་བྱས་པ་ཡང་ཐེག་པ་བརྒྱད་ཀྱིས་ངེས་པར་འབྱུང་བའི་ཕྱིར། སེང་གེ་ལ་སོགས་པ་སྨོན་ལམ་གྱིས་བྱང་ཆུབ་སེམས་དཔའ་གཅིག་ཀྱང་བརྒྱད་བརྒྱད་དོ། །རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་། ཞེས་བྱ་བ་ནི་རང་རིག་པ་ཅིར་ཡང་མ་སྐྱེས་པ་ཉིད་ཀུན་ཏུ་སྣང་བས། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཕྱིར་ཉི་ཟླ་བརྩེགས་མ་སྟེ། ཐིག་ལེ་ཆེན་པོ་དང་ས་བོན་ནི། ཐམས་ཅད་ཀྱི་བྱེད་པ་པོའི་ཕྱིར་བདག་པོ་དང་རྡོ་རྗེ་སྟེ། དབུས་ན་ཟླ་བ་བླར་གནས་སོ། །གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ། ཞེས་བྱ་བ་ནི། སྣང་སྟོང་གཉིས་དང་བྲལ་བའི་རིག་པ་ནི་གང་དུ་ཡང་མ་ངེས་པས་ཅིས་ཀྱང་མ་གོས་པ་དང་། ཅི་བྱས་ཅི་སྣང་བ་རིལ་གཞན་དུ་མི་གཡོ་བར་བྱེད་པའི་དཔེ་རིན་པོ་ཆེ་ཆུ་དྭངས་ལྟ་བུ་དེ་ཉིད་ཡོན་ཏན་དུ་སྣང་བའི་ཕྱིར། རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་ཀ་བས་བཏེགས་པའི། གདུང་རེ་རེ་ལ་མཛོད་བདུན་བདུན་ཏེ། དེས་པདྨ་སྣ་ཚོགས་བཏེགས་པའོ། །དེ་དག་ནི་གདུལ་བྱའི་སྣང་བས་གཉིས་སུ་ཡང་འགྱུར་ཏེ། ཐལ་བའི་རྒྱུད་ལས། བཅུད་འདུས་ཐིག་ལེ་ཆེན་པོ་ཉིད། །སྣང་དང་སྟོང་པ་སོགས་པ། །བརྗོད་བྱ་མ་ལུས་རྫོགས་པར་སྣང་། །རྟོག་ཚོགས་སངས་རྒྱས་བཞི་བཅུ་ལྔ། །སྣང་བས་ཕྱི་ཕྱིར་གཉིས་སུ་མེད། །དེ་གནས་པདྨ་རིམ་གསུམ་པོ། །གཉིས་གསུམ་བརྒྱད་ཀྱི་ཁྱད་པར་ཅན། །ཐ་མ་གནས་དང་ཡོན་ཏན་གྱིས། །མངོན་པར་མཐོ་བས་འོག་མིན་ཏེ། །ལས་དང་བཅུད་ཀྱིས་མཐའ་བྲལ་བ། །ཡེ་ཤེས་བཞི་ལ་དཔག་མི་རིག །དགོས་པ་འབྱུང་ལྡན་རིན་པོ་ཆེ། །ཡེ་ཤེས་ལྔ་ཡི་འཁོོར་ལོས་བསྐོར། །སངས་རྒྱས་ངོ་བོ་སྣོད་བཅུད་ཀྱིས། །སྤྱི་བོ་ཤིན་ཏུ་འཁྱིལ་བར་གནས། །ཡུངས་ཀར་སོར་གྱིས་སྤགས་པ་ནི། །ས་ཡ་བཅུ་གསུམ་བདེ་བས་བརྒྱན། །འདོད་ཡོན་ཁྱད་པར་ཅན་གྱིས་མཛེས། །གང་ཡང་བདེ་བྱེད་ཕྱི་ནང་བྲལ། །བདེ་བ་ཆེན་པོའི་རོ་ཉིད་ལའང་། །འབྲས་བུའི་ཆོས་ཀུན་རྫོགས་པར་ལྡན། །བྱང་ཆུབ་མཆོག་ཏུ་ཉི་ཟླ་ཤར། །དེ་ཉིད་བཞུགས་གནས་ཡིན་པར་བཤད། །ཅེས་འབྱུང་ངོ་། །སྒོ་ལ་སོགས་པ་ཇི་ལ་བུ་སྙམ་པ་ལ། རྒྱས་པའི་རྒྱུད་ལས། ནུབ་ཕྱོགས་འོག་མིན་གནས་མཆོག་ཏུ། །མ་ཆགས་པདྨའི་གདན་བཏིང་བ། །དུས་གསུམ་རྒྱལ་བ་བཞུགས་པའི་གནས། །རྣམ་པར་ཐར་པའི་སྒོ་བཞི་ལ། །ཕྱག་རྒྱ་བཞི་དང་ངེས་པར་ལྡན། །དབང་དང་སྐལ་མེད་གསང་བའི་ཕྱིར། །ནང་གཏན་ཕྱི་རིམ་ལྕགས་དང་ལྡན། །ཅེས་གསུངས་ཏེ། བླ་མས་འཆད་པར་འགྱུར་རོ། །སྐུ་མདུན་དང་རྒྱབ་མེད་པར། ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་། ཞེས་བྱ་བ་ནི། སྟོན་པའི་ངོ་བོ་དང་སྐྱེ་བུའི་མཚན་ཉིད་ཐུན་མོང་དུ་བསྟན་ཏོ། །དྲུག་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ནི། ཡེ་ཤེས་ཁོ་ནའི་ཕྱིར། གདུལ་བྱའི་སྣང་བ་ལྟར་མ་ཡིན་ཏེ། ཐམས་ཅད་དུ་ཡང་ཞལ་ལོ། །མཚན་དང་དཔེ་བྱད་དང་ལྡན་པ་ཞེས་བྱ་བ་ནི། འཁོར་ལོ་ལ་སོགས་པ་ཐུན་མོང་པའི་ཆོས་དེ་ཉིད་ཡོན་ཏན་ཕྲིན་ལས་ཀྱི་བྱེ་བྲག་སུམ་ཅུ་གཉིས་དང་། ཡེ་ཤེས་ཀྱི་ཁྱད་པར་བརྒྱད་ཅུར་སྣང་པའི་ཕྱིར། གང་ཡང་མ་སྤངས་པའོ། །ཞེས་བྱ་བ་ཁོ་ནའོ། །བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ། སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ་ཞེས་བྱ་བ་ནི། ཁྱབ་པ་དང་རྫོགས་པའི་ཕྱིར། མཐའ་ཡས་པའི་གདུལ་བྱའི་ངོ་ལ་ཞི་ཁྲོ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་གང་ཡང་མ་ངེས་པར་སྣང་བའོ། །ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པ་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་སྤྱོད་པས་གདུལ་བའི་ཕྱིར། རྡོ་རྗེའི་སྐྱིལ་མོ་ལ་ཤེས་རབ་ཀྱིས་འཁྱུད་པ་དང་། རྩེ་མོ་སྤྲད་པའི་བདེ་བ་ལ་རྒྱུ་འབྲས་རིལ་མཉམ་པར་རྫོགས་པའི་ཕྱིར་མི་འགྱུར་བར་བཞུགས་སོ། །ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན་ཞེས་བྱ་བ་ནི། དེ་བཞིན་ཉིད་ཡེ་ཤེས་སུ་རང་སྣང་བ་ནི། ཡུལ་ཤིན་ཏུ་རྣམ་པར་དག་པས་མིང་གསུམ་དང་ལྡན་ཏེ། ཐུན་མོང་དང་ཐུན་མོང་མིན་པའི་བཞི་དང་ལྔ་རྫོགས་པའི་རྩལ་ཉིད་ཅིར་ཡང་མི་འགོག་པས། དོན་མཛད་པའི་ཕྱིར། རྡོ་རྗེ་ལ་སོགས་པ་འོད་ཟེར་དང་བཅས་པ་འཛིན་པའོ། །སྐུ་གསུང་ཐུགས་བསམ་གྱི་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ་ཞེས་བྱ་བ་ནི། རྣམ་པར་ཐར་པ་གསུམ་ཆུབ་པའི་རིག་པ་ནི། སྐུ་གསུང་ཐུགས་སུ་རང་སྣང་བ་སྟེ། དེ་གཅིག་ཀྱང་གསུམ་གསུམ་ལ་སོགས་པའི་ཕྱིར། གྲངས་དང་བྲལ་བ་ཡང་གདུལ་བྱའི་སྣང་བས་གསུམ་ཁོ་ནའོ། །དེ་དག་གདུལ་བྱའི་སྣང་བས་གཉིས་སུ་འགྱུར་ཏེ། ཐལ་བའི་རྒྱུད་ལས། བཅུད་ལྔ་ཡེ་ཤེས་ཁོ་ནའི་ཕྱིར། །དྭངས་སྙིགས་མེད་པར་ཀུན་ཏུ་གསལ། །སྒྲ་དབྱངས་གསུང་གི་གནས་བཞི་ཡི། །དབྱེ་བས་གསུམ་གསུམ་ངོ་གཉིས་དང་། །བཞི་བཅུ་གཉིས་སུ་འགྱུར་བ་ཡིན། །ས་ཡ་བཅུ་གསུམ་ལ་སོགས་པར། །སྐྱེ་འགག་གནས་པའི་ངོ་བོ་ཡང་། །རྟེན་ཅན་ཇི་བཞིན་རྟེན་དེ་བཞིན། །ཉི་ཟླ་ཐབས་དང་ཤེས་རབ་ཀྱི། །རོ་གཉིས་མཉམ་པར་དུས་གསུམ་བཞུགས། །དྭངས་མའི་ཐིག་ལེ་ཆེན་པོ་ཡི། །བདེ་བས་དངོས་པོའང་ཡེ་ཤེས་སྣང་། །ཞེས་འབྱུང་ངོ་། །འཕྲོ་ཚོལ་བ་ནི་གང་ཞེ་ན། ལྡན་པ་ཞེས་བྱ་བ་སྟེ། ཐུན་མོང་དུ་བསྟན་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་པ་ནས། འདུ་བྱེད་ཀྱི་རྒྱལ་པོའི་བར་དུ་ནི། སྐྱེ་བུ་དང་རང་བཞིན་གཉིས་སུ་མེད་པའི་འཁོར་ཏེ། མཚན་ཐུན་མོང་བ་གཉིས་ནི་སྔར་ཐལ་ཏེ། ཀུན་གཞི་ལ་སོགས་པ་དང་རྟོག་པ་ལྔ་སྨོས་པ་ནི་རང་བཞིན་ཡིན་པ་དང་། ཐུན་མོང་མ་ཡ ིན་པའི་ཕྱིར་སྨོས་པ་སྟེ། དེ་དག་ཀར་དག་པར་ཆུད་པ་ལ། རྡོ་རྗེ་འཛིན་པ་ལ་སོགས་པར་རང་སྣང་བའི་ཕྱིར་རོ། །རང་བཞིན་ལས་ཁྱད་པར་མངོན་དུ་བྱས་པ་དང་། ཟག་པ་མེད་པའི་ལོངས་སྤྱོད་ཡོངས་སུ་རྫོགས་པའི་ཕྱིར་ན་རྒྱལ་པོ་ཞེས་བྱའོ། །དེ་དག་ཀུན་ཀྱང་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། ལེ་བརྒན་དང་། ལྗང་གུའི་མདོག་ཏུ་འཚེར་བ་ཞེས་བྱ་བ་ནི། རང་བཞིན་ལས་འདས་པ འི་ཕྱིར་སྨོས་ཏེ། ཡེ་ཤེས་ཀྱི་རྩལ་མ་འདྲེས་པ་ཉིད་ཅིར་ཡང་སྣང་བས་བལྟ་བས་མི་ངོམས་པའོ། །དེ་དག་གདུལ་བྱའི་སྣང་བས་གཉིས་སུ་འགྱུར་ཏེ། ཐལ་བའི་རྒྱུད་ལས། མཚན་ཉིད་ཀུན་བཅོམ་བདེ་ཆེན་པོ། །རང་གི་ངོ་བོ་མ་གྲུབ་པས། །རང་བཞིན་ལྷན་ཅིག་སྐྱེས་པའི་ཕྱིར། །བཅོམ་ལྡན་དེ་བཞིན་བཤེགས་ཞེས་བྱ། །གཟུགས་སོགས་ལྷག་པའི་ཐིག་ལེ་ནི། །ལས་དང་ཡོན་ཏན་སྔོན་ལྡན་ཕྱིར། །རིགས་ཀྱི་རྒྱལ་པོ་ཉིད་དུ་བརྗོད། །བཅུད་ལྔ་ཁུ་བའི་ཐིག་ལེ་ནི། །རྒྱུ་དང་གནས་ཀྱི་ཁ་དོག་ལྡན། །རོ་དང་ལས་ཀྱང་དེ་བཞིན་ཏེ། །རང་གི་མཚན་ཉིད་ཀུན་ཏུ་སྣང་། །ཞེས་འབྱུང་ངོ་། །བཙུན་མོ་ཞེས་པ་ནས། སོགས་ཞེས་པའི་བར་དུ་ནི། གང་ཞིག་སྤྱད་པར་བྱ་བ་ནི་བཙུན་མོ་སྟེ། དེ་དག་ཡོན་ཏན་གྱི་རྩལ་ཁྱད་པར་དུ་གྱུར་པས་སོ། །ནམ་མཁའ་ལ་སོགས་པ་སྨོས་པ་རྗེས་སུ་མཐུན་ཏེ། རྒྱུར་གྱུར་བ་ནི་སྐབས་ཀྱིས་དབྱིངས་སོ། །བསྡུ་བ་ནི་ཚོགས་དང་མཐུན་པ་སྟེ། རྒྱུད་འདི་ཐམས་ཅད་དུ་ཁས་ལེན་པའི་ཕྱིར། བུད་མེད་ཀྱི་དཀྱིལ་ན་གསུང་བརྗོད་པ་མེད་པར་བཞུགས་སོ། །ཆོས་ཀྱི་དབྱིངས་ཞེས་པ་ནས། བཞུགས་པའི་བར་ནི། དཔེས་འཁོར་གྱི་ཚད་སྟོན་པ་སྟེ། རང་བཞིན་མངོན་དུ་བྱས་པ་དང་བདག་ཉིད་ཆེན་པོའི་ཕྱིན། སེལ་མེད་པ་ནི་ཚད་ཁོ་ནའོ་ཞེས་བྱའོ། །དེ་དག་ཡང་ཐལ་བའི་རྒྱུད་ལས། མཁའ་སོགས་ནང་གི་འབྱུང་ལས་སྣང་། །ཡེ་ཤེས་འབྱུང་ལྔའི་ལས་དག་གིས། །སྐྱེད་ཕྱིར་དབྱིངས་སུ་བརྗོད་པ་སྟེ། །བཙུན་མོའི་དངོས་པོར་དེ་འདོད་དོ། །ཐིག་ལེ་སྣོད་ཀྱི་ཁྱད་པར་གྱིས། །ཏིལ་གང་ལྟ་བུར་མཁའ་གང་བ། །དཀྱིལ་འཁོར་ཚོགས་ཆེན་བརྗོད་མི་ལང་། །ཞེས་འབྱུང་ངོ་། །དེ་ནས་བྱང་ཆུབ་ཆེན་པོ་ཞེས་པ་ནས། མྱོང་པར་བྱ་བ་ཞེས་པའི་བར་དུ་ནི། རིག་པ་ཁྱད་པར་གྱི་འཁོར་ཏེ། གདུལ་བྱ་ལས་མཐར་ཐུག་པ་ནི་དྲུག་པའི་སངས་རྒྱས་ཀྱི་ཞིང་དུ་འགྱུར་ཏེ། དེ་དག་ས་གཞན་ལས་ཁྱད་པར་གྱུར་པས་ཆེན་པོ་སྟེ། ལྟ་བའི་སྒྲིབ་པ་འཇོམས་པའི་ཕྱིར། ལས་ཀྱི་རྡོ་རྗེའོ། །མིག་ལ་སོགས་པ་སྨོས་པ་རྗེས་སུ་མཐུན་ཏེ། སའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་དེ་དག །ལཱ་སྱ་དང་། མཱ་ལེ་དང་། གླུ་དང་གར་དང་ལྡན་པར་བཞུགས་སོ། །བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་ཅེས་པ་ནས། མ་བྱོན་པ་བྱ་བའི་བར་དུ་གཞན་ནི་བཤད་ཟིན་ཏེ། དུས་ནི་དབང་པོ་དྭངས་མའི་ལས་ཀྱིས་ཡུལ་སྣང་བའི་གོ་འབྱེད་པའི་ཕྱིར། དེ་དག་ཐབས་དང་ཤེས་རབ་ཏུ་སྨོས་སོ། །དེ་དག་ཀྱང་བྱམས་པ་དང་། སྒྲིབ་སེལ་དང་། ཀུན་ཏུ་བཟང་པོ་དང་། འཇམ་དཔལ་རྣམས། སྤོས་མ་དང་། མེ་ཏོག་དང་། མར་མེ་དང་། བསིལ་བྱེད་མར་ལྡན་པའོ། །ཡང་ཐལ་བའི་རྒྱུད་ལས། མིག་སོགས་རང་གི་ཐིག་ལེ་ནི། །ལས་དང་ངོ་བོ་འབྲས་བུའི་ཕྱིར། །སེམས་དཔའ་ཆེན་པོ་ཉིད་དུ་བརྗོད། །ཉེས་ཟད་བྱེད་ཕྱིར་རྡོ་རྗེ་སྟེ། །རང་གི་གནས་ཀྱིས་ཕྱེ་བའོ། །གཟུགས་སོགས་ནང་ཉིད་ཕྱིར་སྣང་སྟེ། །རང་གི་རྩ་བཅུད་བཅས་པ་ལས། །བདེ་བ་བསྐྱེད་པའི་བཙུན་མོའོ། །དུས་ནི་རླུང་གིས་གོ་ཕྱེ་སྟེ། །བྱམས་པ་ལ་སོགས་ཡེ་ཤེས་བཞི། །དེ་བདེ་རིམ་པས་སྐྱེ་བ་ཡང་། །ཏིང་འཛིན་དབང་དུ་ངེས་པར་གསུངས། །ཞེས་འབྱུང་ངོ་། །འཇོམས་པ་ཆེན་པོ་རྡོ་རྗེ་རེག་པ་ཞེས་པ་ནས། བཞུགས་སོ་ཞེས་པའི་བར་དུ་ནི། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཁོ་ནའི་ཕྱིར་ཏེ། གནོད་སྦྱིན་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པའོ། །ལུས་ཀྱི་རེག་པ་ལ་སོགས་པ་ནི་གསང་བའི་ཁམས་ཏེ། གཞན་ཡང་དོར་བ་མ་ཡིན་ནོ། །རྟག་པ་ལ་སོགས་པ་ནི། དངོས་པོ་རྣམས་ལ་ཕྱིན་ཅ ི་ལོག་པར་འཛིན་པའི་ཕྱིར་འབྲེལ་པ་སྟེ། སྨོས་པ་ནི། རྗེས་སུ་མཐུན་པ་དང་། དེ་དག་མི་གནས་པར་བྱེད་པའི་ཕྱིར་རོ། །དེ་དག་ཀྱང་གཤིན་རྗེ་གཤེད་དང་། སྟོབས་པོ་ཆེ་དང་། རྟའི་རྒྱལ་པོ་དང་། བདུད་རྩི་འཁྱིལ་བ་རྣམས་ཡུམ་དང་འཁྲིལ་བར་རྔམ་པར་ཞལ་ཕྱིར་བལྟས་པའོ། །གཉིས་སུ་མེད་པར་བཞུགས་སོ། །ཞེས་བྱ་བ་ནི། རང་བཞིན་དང་། ཐུན་མོང་མིན་པ་དང་། བདག་ཉིད་ཆེན་པོ་དང་། གནས་ཀྱི་ཕྱིར་བཞག་པའོ། །ཐལ་བའི་རྒྱུད་ལས། གསང་ཡུལ་དབང་པོ་རྣམས་ཤེས་རེག །ལུས་ཀྱི་ཆོས་བཞི་འདུས་སྤྱད་པས། །མ་ལུས་འཇོམས་ཕྱིར་ཁྲོ་བོ་སྟེ། །མཚན་ཉིད་ལས་ཀྱིས་ཕྱེ་བ་ཡིན། །གསང་གསུམ་ཐབས་ཀྱི་སྤྱོད་པ་ཉིད། །རྟག་སོགས་མཚན་མ་ལས་སྐྱེད་ཕྱིར། །བཙུན་མོ་ཞེས་སུ་བསྟན་པ་སྟེ། །ལས་ཀྱི་སྐབས་ཀྱིས་མི་གནས་པའོ། །ཞེས་འབྱུང་ངོ་། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་། གཉིས་སུ་མེད་པ འི་གསང་བའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་ཅེས་བྱ་བ་ནི། འདི་ནས་མར་གླེང་གཞི་བསྡུས་པ་སྟོན་ཏེ། ཐབས་དང་ཤེས་རབ་འབྱོར་པའི་བདེ་བ་ཆེན་པོ་ལ། འབྲས་བུ་རིལ་ལྷུན་གྱིས་གྲུབ་པ་ནི། དཀའ་བའི་ཕྱིར་ཐུན་མོང་མ་ཡིན་པས་གསང་བའི་དཀྱིལ་འཁོར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་ངོ་བོ་ནི་སྣང་བ་གསུམ་མི་ཕྱེད་པའོ། །དེ་ཉེ་བར་མཚོན་པ་ནི་འོག་ནས་སྟོན་པའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཞེས་བྱ་བ་ནི། ལྔའི་ངོ་བོ་ནི་རིགས་ལྔ་སྟེ། དེ་དག་གཅིག་དང་དུ་མ་དང་བྲལ་བས་མི་ཕྱེད་པས་རྡོ་རྗེ་སྟེ་སྟོན་པའི་ངོ་བོ་ཡང་ཡིན་ལ། གདུལ་བྱའི་སྣང་བས་འཆད་པའི་སྐྱེས་བུ་ནི། རིགས་ལྔ་ཁོ་ནའི་ཕྱིར་རྡོ་རྗེ་སྟེ། དེ་ལས་མངོན་དུ་སྣང་བ་ལས་ཕྱུང་ངོ་། །ཨེ་ཨེ་མ་ཨེ་མའོ་ཞེས་བྱ་བ་ནི། སྟོན་པ་དང་། གནས་དང་། འཁོར་ཁྱད་པར་དུ་གྱུར་པ་ལ་ངམ་པ་སྟེ། རང་རིག་པ་ཉིད་གསུམ་གྱི་ཁྱད་པར་དུ་སྣང་བ་ལ་ངམ་པ་གསུམ་མོ། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཅེས་བྱ་བ་ནི། གནས་ཀྱི་རང་བཞིན་སྟོན་ཏེ། དེ་ཡང་སེམས་ཉིད་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་དང་། མཉམ་པ་ཉིད་ཀྱི་དབྱིངས་སུ་ཡེ་ནས་གནས་པའོ། །དབང་སྒྱུར་ཞེས་བྱ་བ་ནི། སྟོན་པའི་ངོ་བོ་སྟེ། དེ་ཡང་དོན་གོང་མ་དེ་ཡིད་བྱེད་པ་པོ་རང་བྱུང་གི་ཡེ་ཤེས་ཀྱིས་རྟོགས་པར་མངའ་མཛད་པའོ། །ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། །ཞེས་བྱ་བ་ནི། སྟོན་པའི་རང་བཞིན་ཏེ། དེ་ཡང་རྟོགས་པའི་རིག་པ་ཉིད་ཡེ་ཤེས་ལྔར་གསལ་བའི་བྱེ་བྲག་རྣམས་ལས་འབྲས་བུའི་ཆོས་རིལ་དུ་སྣང་ལ་དུས་གསུམ་གྱི་ཆོས་ཀུན་ཏུ་རྒྱ་མ་ཆད་པས། ཐུགས་རྗེས་འབྲེལ་པའོ། །རང་སྣང་བ་ཉིད་ཅེས་བྱ་བ་ནི། གནས་ཀྱི་ངོ་བོ་སྟོན་ཏེ། དེ་རྟོགས་པའི་རིག་པ་ལ་འབྲས་བུ་སྐུ་དང་ཡེ་ཤེས་ཐམས་ཅད་རྫོགས་པ་ཉིད་རྩལ་མ་འགགས་པར་རང་སྣང་བ་ནི་གྲུ་བཞི་གློ་འབུར་དང་དབྱིབས་དང་ཁ་དོག་སྣ་ཚོགས་སུ་སྣང་བའོ། །ཏིང་འཛིན་ཞེས་བྱ་བ་ནི། སྒོ་བཞི་སྟེ། དེ་ཡང་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་བཞིའི་སྒོ་ནས་འཇུག་པས། སྒོ་བཞིར་བསྒོམ་པ་ཡང་། ཐེག་པ་བརྒྱད་ཀྱི་སྒོ་ནས་མཚོན་དགོས་པའི་ཕྱིར་ཏེ། དེའི་གཟུགས་བརྙན་ནི་རྟ་བབས་བརྒྱད་དོ། །སྒྱུ་མ་རྣམ་དག་གསལ་བ་ནི། ཞེས་བྱ་བ་ནི་གདན་ཏེ་རྟོགས་པའི་རིག་པ་སྒྱུ་མ་ཉིད་སྟོབས་ལ་སོགས་པ་འབྲས་བུའི་ཆོས་སུ་སྣང་བས་སེང་གེ་ལ་སོགས་པར་བསྒོམ་པའོ། །རྣམ་དག་ནི་ཐམས་ཅད་རང་རིག་པའི་ཕྱིར་སྤྱད་ཀྱང་མི་གོས་པས་པདྨར་གྱུར་པའོ། །གསལ་བ་ཞེས་བྱ་བ་ནི། མ་སྐྱེས་པའི་ཡེ་ཤེས་ཉིད་ཐབས་དང་ཤེས་རབ་ཏུ་གསལ་བས་ཉི་ཟླར་བསྒོམ་པའོ། །དེར་ཅི་ཞིག་བསྒོམ་སྙམ་པ་ལ། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཞེས་གསུངས་ཏེ། སྐྱེས་བུ་དང་འཁོར་ཏེ། ཕུང་པོ་དང་འབྱུང་བ་ཀར་དག་པ་རིགས་ལྔ་ཡབ་ཡུམ་དུ་བསྒོམ་པའོ། །སེལ་མེད་པ་ཞེས་བྱ་བ་ནི། འཁོར་གྱི་ཚད་དེ། དེ་ཡང་ཕུང་པོ་དང་འབྱུང་བས་རིལ་བསྡུས་པ་ཐམས་ཅད་ཀྱང་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་གྱུར་པས་ཁྱབ་པ་ནི་ཏིལ་གྱི་གང་བུ་ལྟར་སྤྱོད་ཡུལ་ཡོངས་སུ་དག་པ་ཁོ་ནའོ། །ཡོན་ཏན་ཡིད་བཞིན་རིན་པོ་ཆེ། །ཞེས་བྱ་བ་ནི། སྐུ་མདོག་སྟེ་ཕྱག་རྒྱ་ཆེན་པོར་གསལ་བ་དེ་དག་ཐབས་མ་འདྲེས་པར་དོན་མཛད་པའི་ཕྱིར། རིན་པོ་ཆེ་ཚོན་ཤེལ་དུ་བཅུག་པ་ལྟར་གསལ་བར་བསྒོམ་པའོ། །མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་ཞེས་བྱ་བ་ནི། རིག་པ་ཁྱད་པར་ཅན་གྱི་འཁོར་ཏེ། དེ་ཡང་དེ་དག་ཕྱེ་བ་ཁམས་ལ་སོགས་པའི་ཐ་སྙད་རིལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གྱུར་པ་ནི། རྒྱས་པར་ཕྱེ་བ། གྲངས་ལས་འདས་པས། བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །ཞེས་བྱ་བ་ཁོ་ནའོ། །རྡོ་རྗེ་མཆོག་གི་གནས་ཉིད་དོ། །ཞེས་བྱ་བ་ནི། གླེང་གཞིའི་ངེས་ཚིག་སྟེ། དེ་ཡང་རྡོ་རྗེ་ཐེག་པའི་རྒྱུད་ཀྱི་མཆོག་གི་གནས་ནི་གསུམ་པོ་ཚོགས་པ་ལས་འབྱུང་ཡང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་འབྲས་བུ་ནི། ཚིག་བཞིས་མཚོན་པའི་ཏིང་ངེ་འཛིན་ལས་བྱུང་བའི་ཕྱིར་རོ། །རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་བྱ་བ་ནི་སྣང་བ་གསུམ་མི་ཕྱེད་པ་ནི་རྡོ་རྗེ་སྟེ། ཉམས་སུ་ལེན་པ་དཀའ་བ་དེ་མཚོན་པའོ། །གླེང་གཞིའི་ལེའུ་ཞེས་བྱ་བ་ནི། གླེང་བ་ནི་བརྗོད་པ་སྟེ། བྱ་བ་དང་བྱེད་པ་གཉིས་ཀྱི་རྩ་བ་ནི་སྟོན་པ་ལ་སོགས་པ་ཚོགས་པ་ཁོ་ནའོ། །ལེའུ་དང་པོ་མདོར་བཀྲོལ་བའོ།། །།དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ། ཞེས་བྱ་བ་ནི། དེ་མ་ཐག་པར་སྐབས་འབྱེད་པ་སྟེ། རྒྱུ་བསྟན་ནས་རྒྱུད་ཀྱི་རྐྱེན་གཉིས་ལས། ཐུན་མོང་མ་ཡིན་པའི་གླེང་བསླང་བ་གསང་བའི་དབང་སྟོན་པའི་ཕྱིར་རོ། །ཡིད་ནི་སྐབས་ཀྱིས་རྟོག་པ་དང་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀའི་བྱེད་པ་པོའོ། །དེ་ཡང་ལྟོས་པའི་ཀུན་ཏུ་བརྟགས་པ་ཅན་རྣམས་ཀྱིས་ཡིད་རྒྱུ་རྐྱེན་ལས་སྣང་བར་འདོད་པ་ལས་ཁྱད་པར་དུ་གྱུར་པས་རྡོ་རྗེ་ཡིད་དེ། གང་འདུས་མ་བྱས་པས་སྐྱེ་འཇིག་དང་བྲལ་བའི་ཕྱིར་རོ། །དེ་ཉིད་མ་བཙལ་བར་རང་སྣང་བས། ཐམས་ཅད་ཀྱང་ཡེ་ཤེས་ཁོ་ན་བས་སྤང་བྱ་མི་དམིགས་པའི་ཕྱིར་ཀུན་ཏུ་བཟང་པོའོ། །དེ་ཉིད་དྲུག་པར་སྣང་བས་དོན་ལས་མཚན་བཏགས་པའོ། །ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེས། ཞེས་བྱ་བ་ནི། བྱེད་པ་པོའི་ཕྱིར་གང་བྱས་པ་རིལ་གྱི་རང་བཞིན་རང་རིག་པའི་ཡེ་ཤེས་སུ་ཚུལ་གཅིག་ལ། དེ་ལས་སྣང་བའི་རྒྱལ་བ་རིལ་ཡང་དྲུག་པར་ཚུལ་གཅིག་པས། མི་ཕྱེད་པ་ནི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོའོ། །བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏོ། །ཞེས་བྱ་བ་ནི། ཡོངས་སུ་ཤེས་པར་བྱ་བ་ཉིད་ནི། འདུས་བྱས་པ་དང་འདུས་མ་བྱས་པའི་ཆོས་རིལ་སེམས་ཉིད་ཀྱི་ཕྱིར་སྤང་བྱ་མི་དམིགས་པ་ཉིད་རང་སྣང་བ་ནི་ཕྱག་རྒྱ་ཆེན་པོའི་གཟུངས་ཏེ། དེ་ལ་དེ་སྐད་ཅེས་བྱའོ། །སྙོམས་པར་འཇུག་པ་ནི། གདུལ་བྱའི་སྣང་བའོ། །ཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་གཅིག་གི་རང་བཞིན་དུ་དབྱེར་མེད་པས་ཞེས་བྱ་བ་ནི། འབྱུང་བར་མ་ངེས་པའི་དེ་བཞིན་གཤེགས་པ་ནི་འགྲོ་བ་རིལ་ཡང་འགྱུར་བས་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གསལ་བ་ལ། གཉིས་པ་མི་སྣང་བའི་ཕྱིར། དེ་བཞིན་གཤེགས་པ་ཉིད་ལ་ཉིད་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་གསུངས་ཏེ། བརྗོད་པ་དང་འདྲའོ་ཞེས་བྱའོ། །ཨེ་མའོ་ཞེས་བྱ་བ་ནི། ངམ་པ་སྟེ་འདོད་ཆགས་ཀྱི་སྒོ་ནས་སྤྱོད་ཡུལ་ཡོངས་སུ་དག་པའི་ཕྱིར་རོ། །མྱོང་བ་ཉིད་ལ་ངམ་པ་སྟེ་དེ་དག་གང་ཡིན་སྙམ་པ་ལ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །ཞེས་པ་ལ་སོགས་པ་གསུངས་ཏེ། ལྔ་ཕུང་གི་རྒྱུ་ནི་རང་རིག་པའི་ཡེ་ཤེས་རྡོ་རྗེའོ། །རྐྱེན་ནི་ༀ་དང་མཱུཾ་དུ་འབྲེལ་བའི་རྡོ་རྗེ་དྲིལ་བུའི་ས་བོན་ནོ། །རྒྱུ་རྐྱེན་གཉིས་ཀྱི་ཕྱིར། ངོ་བོ་ཉིད་སྣང་སྟོང་མི་ཕྱེད་པའི་རྡོ་རྗེ་སྟེ། དེ་དག་རང་གི་ཡན་ལག་བརྒྱད་ཅུ་དང་བཅས་པ་ཉིད། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་བྱ་བ་ནི། སྤྱིར་སངས་རྒྱས་དང་ཡང་དག་པ་རྫོགས་པའི་སངས་རྒྱས་ལས། སྐུ་གསུམ་ཐོབ་པ་དང་། སྐུ་ལྔར་ལྷུན་གྱིས་གྲུབ་པའོ། །དེ་ནི་ལམ་འདིས་འབྲས་བུ་མཐར་ཕྱིན་པའི་ཕྱིར་རོ། །གྲགས་པ་ནི་གསལ་བའོ། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཅེས་བྱ་བ་ནི། སྐྱེ་མཆེད་དང་ཁམས་ནི། མིག་ལ་སོགས་པ་བཅོ་ལྔའོ། །རྣམས་ཀྱི་སྒྲ་ནི་དུས་བཞི་དང་། ཕྱིན་ཅི་ལོག་བཞི་དང་། རེག་པ་དག་གོ། །དེ་དག་རིག་པ་རང་སྣང་བས་རྡོ་རྗེའི་ཕྱིར་སེམས་དཔའ་དང་སེམས་མ་བཅུ་དྲུག་གོ། །ཁྲོ་བོ་ཡང་འདུལ་བའི་སྐབས་ཀྱིས་སེམས་དཔའ་དང་སེམས་མའོ། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །ཞེས་བྱ་བ་ནི། ནང་གི་དྭངས་མ་ཡེ་ཤེས་ཀྱི་འབྱུང་བ་ཉིད་བརྟགས་པའི་དབང་གིས་ནམ་མཁས་འཕངས་པར་སྣང་བ་དེ་དག་རང་རིག་གི་ཕྱིར་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་དག་ལས་ཀྱི་ཡུམ་ཁོ་ནའོ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཞེས་བྱ་བ་ནི། ཁམས་གསུམ་གྱིས་བསྡུས་པ་རིལ་ཆགས་པ་དང་གནས་པ་དང་འཇིག་པར་སྣང་བ་དེ་དག་ཀྱང་། རང་རིག་གི་ཕྱིར། སྐུ་གསུམ་གྱི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར། ཞིང་ཁམས་ཡོངས་སུ་དག་པའོ། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་བྱ་བ་ནི། དེ་དག་གིས་མཚོན་ནས་ཆོས་ཇི་སྙེད་པ་ཡང་། མིང་དང་། ལས་དང་། དངོས་པོ་དང་། མཚན་ཉིད་ཐ་སྙད་བཞིར་བསྡུས་པ་རིལ། རང་རིག་གི་ཕྱིར་སྐུ་དང་ཡེ་ཤེས་སུ་ཀར་དག་པས། བརྟགས་པའི་ཐ་སྙད་དེ་དག །དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ལ་བཙལ་ན། དེ་བཞིན་གཤེགས་པའི་སྤྱན་གྱིས་ཀྱང་མི་གཟིགས་པས། སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་གསུངས་སོ། །ཐལ་བའི་རྒྱུད་ལས་ཀྱང་། ཐབས་ལམ་བདེ་བའི་གཉེར་དག་གིས། །བརྟགས་པས་རང་གི་རྟོག་པ་ཟློག །དངོས་པོ་རྣམས་ཀྱི་ངོ་བོ་ལ། །བཟློག་བྱ་ངས་ཀྱང་མ་གཟིགས་སོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །ཞེས་བྱ་བ་ནི། རང་བཞིན་གཉིས་སུ་མེད་པའི་འཁོར་རྣམས་སོ། །དེ་ནས་ཞེས་པ་ནས། བཟང་པོ་དང་ཞེས་པའི་བར་དུ་ནི་གོ་སླའོ། །གཉིས་སུ་མེད་པར་གྱུར་ནས། ཞེས་བྱ་བ་ནི། ཐིག་ལེ་གཉིས་སུ་མེད་པ་སྟེ། དགོངས་པ་ཡང་བསྡུའོ། །ཡབ་ཡུམ་གྱི་ལས་དང་མྱོང་བ་དང་། ཚིག་འདི་དག་ཡི་གེ་སྔ་ཕྱི་ཡོད་ཀྱང་དུས་མཉམ་པར་གསུངས་སོ། །ཀྱེ་མའོ་ཞེས་པ་ནི་འབོད་པ་དང་ངམ་པ་སྟེ། བདེན་པ་གཞན་ལ་བསྟན་པའི་ཕྱིར་རོ། །གཅིག་ནི་རྗེས་སུ་མཐུན་ནོ། །ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །ཞེས་བྱ་བ་ནི། ཀུན་གཞི་ཉིད་ཐ་སྙད་གཉིས་ཀྱིས་བསྡུས་པའི་དོན་དང་སེམས་ཅན་དུ་སྣང་བས་དེ་དག་ཉིད་ཀུན་གཞི་མ་སྐྱེས་པའི་ཡེ་ཤེས་ཀྱི་ཕྱིར་ཆོས་ཀྱི་སྐུ་སྟེ། དེ་ལ་བཅུ་དང་གསུམ་ལ་སོགས་པའི་ཐ་སྙད་ཐམས་ཅད་དང་གདོད་ནས་སྟོང་པ་ཁོ་ནའོ། །སྲིད་པ་གསུམ་ཉིད་དག་པའི་ཞིང་། །ཞེས་པ་བཤད་ཟིན་ཏོ། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཞེས་བྱ་བ་ནི། དུས་དང་སེམས་ཅན་དང་ཚེ་དང་ལས་དང་ཉོན་མོངས་པ་རྣམས་ཐ་མ་པའི་ཕྱིར་སྙིགས་མའོ། །དེ་ཉིད་བརྟགས་པའི་ཕྱིར་གློ་བུར་བ་ཡིན་པས། རང་བཞིན་ཉིད་ནི་མྱོང་བ་ཡང་མི་དམིགས་པས་བདེ་བ་ཆེན་པོའི་རོལ་པ་ཁོ་ནའོ། །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །ཞེས་པ་བཤད་ཟིན་ཏོ། །ཐམས་ཅད་མཆོག་གི་སྙིང་པོ་ལས། །ཞེས་བྱ་བ་ནི། བཤད་པའི་དངོས་པོ་བཞིས་བསྡུས་པ་རིལ་ཡོན་ཏན་དུ་བསྟན་པ་ནི་འབྲས་བུའི་མཆོག་སྟེ། བསྒྲུབ་བྱའི་སྙིང་པོའོ། །གཞན་དུ་རྒྱལ་བའི་ཞེས་པ་ནས། །མི་བརྙེས་སོ། །ཞེས་པའི་བར་དུ་ནི་གོ་སླ་སྟེ། ཆོས་བཞི་པོའི་རང་བཞིན་ལས་འབྲས་བུ་གུད་ནས་མི་རྙེད་པའི་ཕྱིར་རོ། །ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །ཞེས་བྱ་བ་ནི། སྙོམས་པར་ཞུགས་པའི་འབྲས་བུ་དེ་འཁོར་རྣམས་ལ་བྱིན་ཡང་ཉིད་ལ་གསལ་བ་ཉིད་གཞན་ལ་མི་སྣང་བའི་ཕྱིར་ངེས་ཚིག་ཏུ་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་གཉིས་སུ་མེད་པའི་བདག་ཉིད་ཆེན་པོ། ཞེས་བྱ་བ་ནི། ཐམས་ཅད་མཁྱེན་པའི་དབང་དང་། ཤིན་ཏུ་བརྟན་པའི་དབང་གིས་ལས་ཐུན་མོང་དུ་སྟོན་ཏེ། གཉིས་སུ་མེད་པ་ནི་ཐིག་ལེ་སྟེ། དགོངས་པ་ཡང་མི་འདོད་པ་མ་ཡིན་ནོ། །སྔོན་ནས་སྙོམས་པར་ཞུགས་པས་མངའ་མཛད་པའི་ཕྱིར་བདག་པོའོ། །ཡེ་ནས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི་ཞེས་བྱ་བ་ནི། དེའི་དངོས་པོ་ཉིད་ཡབ་ཡུམ་གཉིས་ཀྱིས་མཁྱེན་པ་གང་ཡིན་པ་དེའོ། །དེ་ལ་འཁོར་གྱི་སེམས། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་སྣང་བར་བྱ་བ་ཡང་རིམ་པ་ལྔ་ཡི་བསྐྱེད་པར་བྱ་བའི་ཐབས་ཀྱི་རིམ་པ་འདི་ཞེས་བྱ་བ་ཁོ་ནའོ་ཞེས་བྱའོ། །དེ་ལ་སེམས་ལྔ་ནི་བཀའ་ཚད་མ་ལས། གཡོ་དང་སྨོན་པ་ལ་སོགས་པ་ལྔས་འབྲས་བུ་མཐར་ཕྱིན་པར་གསུངས་པ་དེ་དག །སྐབས་འདིར་རྒྱས་པ་ལས། འཇིག་དང་ལྡང་དང་གནས་དང་སྨོན་པ་ཡི། །གཡོ་དང་འགྲོ་འོང་འཇུག་དང་བདེ་གནས་པ། །གསང་བའི་དབང་པོ་པདྨས་ཐོབ་པར་འགྱུར། །ཞེས་འབྱུང་བས། ཐབས་ཀྱི་རིམ་པས་སེམས་ལྔ་རྫོགས་པར་སྟོན་ཏེ། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །ཞེས་བྱ་བ་ནི། ངམ་པ་སྟེ་སྤྱིར་འགྲེའོ། །གང་ལ་ངོ་མཚར་ཆེ་ཞེ་ན། འདོད་ཆགས་ཀྱི་སྤྱོད་པ་ཉིད། བཀའ་ཚད་མ་ལས་རྨད་དུ་བྱུང་བའི་བྱང་ཆུབ་སེམས་ལྔར་སྣང་བ་ནི། ཐབས་ཀྱི་ཐེག་པ་ཆེན་པོའི་ཆོས་སོ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་བྱ་བ་ནི། འདོད་ཆགས་ཀྱི་བྱང་ཆུབ་ནི། དྲུག་པའི་སངས་རྒྱས་ཀྱི་རྒྱུ་དང་ངོ་བོ་ཉིད་ཀྱི་ཕྱིར་ཕལ་གྱི་སྤྱོད་ཡུལ་མ་ཡིན་པའོ། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །ཞེས་བྱ་བ་ནི། གཡོ་ལྡང་གི་བྱང་ཆུབ་སེམས་ཏེ། ཐིག་ལེ་རང་གི་གནས་དང་ལམ་ནས་ལྡང་བའི་ཚེ་བདེ་བ་མཉམ་དུ་གཡོ་བའི་ཕྱིར་རོ། །རང་བཞིན་གྱི་ཡེ་ཤེས་ནི་སྐྱེ་འཇིག་སྨོན་འཇུག་རིལ་དང་བྲལ་བ་སྟེ། དེ་ནི་གཞི་དང་བསྒྲུབ་བྱ་སྟེ། །ལྔའི་སྤྱིར་ཤེས་པར་བྱའོ། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་བྱ་བ་ནི། དེའི་རོ་ཡང་རང་བཞིན་ལས་མ་འདས་པའི་ཕྱིར་རོ། །ཨེ་མའོ་ཞེས་པ་ལ་སོགས་པ་གཞན་ནི་བཤད་ཟིན་ཏོ། །འགག་པ་མེད་ལས་ཐམས་ཅད་འགག །ཅེས་བྱ་བ་ནི། འཇིག་པ་དང་འཇུག་པར་བྱང་ཆུབ་སེམས་ཏེ། ས་བཅུ་དྲུག་པ་ནི་ཕྱི་མ་ཕྱི་མ་ལ་ཐིག་ལེ་འཇུག་པའི་ཚེ། སྔ་མའི་འདོད་ཆགས་ཀྱི་རོ་འགག་པའི་ཕྱིར་རོ། །འགག་པ་ཉིད་ན་འགག་པ་མེད། །ཅེས་བྱ་བ་ནི། ཡེ་ཤེས་ཀྱི་རོ་ནི་སྐད་ཅིག་མའི་རྒྱུན་དུ་འཕེལ་བའི་ཕྱིར། མི་འགག་པ་ཁོ་ནའོ། །གནས་པ་མེད་ལས་ཐམས་ཅད་གནས། །ཞེས་བྱ་བ་ནི། གནས་པ་བྱང་ཆུབ་སེམས་ཏེ། ཐིག་ལེ་བཅུ་དྲུག་གི་ཡེ་ཤེས་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པའི་ཕྱིར་རོ། །གནས་པ་ཉིད་ན་གནས་པ་མེད། །ཅེས་བྱ་བ་ནི། ཡེ་ཤེས་ཉིད་རང་སྣང་བའི་ཕྱིར། ཡུལ་དང་བྲལ་བས་གནས་བཅའ་རུ་མེད་འབྲས་བུ་ལ་ལམ་དུ་བྱེད་པའི་ཕྱིར་རོ། །དམིགས་པ་མེད་ལས་ཐམས་ཅད་དམིགས། །ཞེས་བྱ་བ་ནི། སྨོན་པ་བྱང་ཆུབ་སེམས་ཏེ། ཡེ་ཤེས་སྔ་མ་ལ་གནས་བཞིན་དུ་སའི་དབང་གིས་ཕྱི་མ་འདོད་པ་ཁོ་ནའོ། །དམིགས་པ་ཉིད་ན་དམིགས་པ་མེད། །ཅེས་བྱ་བ་ནི། སྐྱེད་དུ་ཐལ་བ་ཉིད་ཀྱང་། རང་རིག་པའི་ཕྱིར་རྐྱེན་ཙམ་སྟེ། གཞན་ནས་ཐོབ་པ་མེད་པའི་ཕྱིར་རོ། །འགྲོ་འོང་མེད་ལས་འགྲོ་དང་འོང་། །ཞེས་བྱ་བ་ནི། འཇུག་པ་བྱང་ཆུབ་སེམས་ཏེ། ངང་ལ་ཐུན་མོང་གི་ལམ་དུ་འཇུག་པ་ནི། འགྲོ་བའོ། །ཐེག་པ་ཆེན་པོའི་ལུགས་ཀྱིས་རྒྱུ་འབྲས་བཟློག་པ་ནི་འོང་བ་ཞེས་བྱ་བ་ཁོ་ནའོ། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་བྱ་བ་ནི། ལམ་འདིས་འབྲས་བུ་མངོན་དུ་བྱེད་དེ། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པའི་ཕྱིར་དང་། གང་དུ་ཡང་ཕྱིན་པ་མེད་པ་ཁོ་ནའོ། །ཞེས་བྱའོ། །སེམས་འདི་དག་ས་གཅིག་ལ་ཡང་ཚང་བའི་ཕྱིར། དུས་གཅིག་ཏུ་སྐྱེ་བར་འགྱུར་བའི་ཕྱིར། ཅིག་ཅར་འཇུག་པའི་ལམ་ཞེས་བྱའོ། །ཞེས་བརྗོད་པས། ཞེས་བྱ་བ་ནི། ཐབས་ལྔ་པོ་དེས་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བཙུན་མོའི་ཚོགས་ཐམས་ཅད་ཀྱང་མཉེས་པས་ཁྱབ་པར་གྱུར་ཏོ། །ཞེས་བྱ་བ་ནི། སེམས་བསྐྱེད་པའི་ཐབས་ལྔའི་སྒོ་ནས་མ་འོངས་པའི་དེ་བཞིན་གཤེགས་པ། སེམས་དཔའ་དང་སེམས་མ་རིལ་གྱིས་ཕུན་སུམ་ཚོགས་པ་ལྔ་ལྷུན་གྱིས་གྲུབ་སྟེ། རང་བཞིན་གསང་བའི་སྙིང་པོ་མངོན་དུ་བྱས་ནས། སྐུ་དང་ཡེ་ཤེས་བཞི་བཅུ་རྩ་ལྔ་མཐར་ཕྱིན་ནས་རྡོ་རྗེ་གསང་བའི་གྲལ་དུ་འཁོད་པ་ནི་དགྱེས་པ་ཆེན་པོའི་ཕྱིར། རྒྱས་པའི་རྒྱུད་ལས། དཀྱིལ་འཁོར་བཞི་བཅུ་རྩ་གཉིས་དང་། །ཕུན་སུམ་ཚོགས་པའི་ལྷུན་གྲུབ་རྣམས། །གསང་དབང་མཆོག་གིས་འབྱིན་པར་བྱེད། །ཅེས་འབྱུང་ངོ་། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་བྱ་བ་ནི། འདི་ནས་མར་ཐུན་མོང་གི་གླེང་བསླང་བ་བསྟན་པ་མཐའ་དག་བཤད་པར་ཞུས་པ་སྟོན་ཏེ། འབྲས་བུ་མཐར་ཕྱིན་པའི་དེ་བཞིན་གཤེགས་པས་སོ། །ཨེ་མའོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་བྱ་བ་ནི། བཤད་ཟིན་ཏེ། རང་བཞིན་གསང་བའི་སྙིང་པོ་འབྲས་བུ་ཁྱད་པར་ཅན་འདི་ལྟ་བུ། གསང་བ་བཞིས་ཆོད་པའི་ཕྱིར། རྡོ་རྗེ་འཛིན་པའི་ཞལ་དང་དབང་མ་མཐོང་མ་ཐོབ་པས་མངོན་དུ་བྱེད་མི་ནུས་པས་ལམ་སྟེགས་གཞན་ལ་བློ་སྦྱངས་པ་སྟོན་པའི་ཕྱིར། ལམ་གྱི་རྒྱུད་དང་ཐུན་མོང་བའི་ཆོས་རྣམས་བཤད་དུ་གསོལ་ཞེས་ཞུས་པའོ། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་ནའང་། ཞེས་བྱ་བ་ནི། འདི་ནས་མར་སྣང་བ་སྟོན་ཏེ། དེ་བཞིན་གཤེགས་པ་སྨོས་པའི་ཕྱིར་ཆོས་ནི་འབྲས་བུ་མ་གཏོགས་པ་སྟེ། རང་བཞིན་དང་། མཚན་ཉིད་དང་། འཁྲུལ་པ་དང་། ལམ་དང་། ཐ་སྙད་ཀྱིས་བསྡུས་པའོ། །དེ་དག་རིལ་སེམས་ཉིད་པས་མཐའ་དང་བྲལ་བའི་རིག་པ་བརྡལ་ཁྱབ་ཆེན་པོའི་ངོ་བོར་གཅིག་པ་སྟེ། ཡང་དག་པའི་ཆོས་ཀྱི་སྐུའི་མཚན་ཉིད་ཡིན་པས། རང་གི་ངོ་བོ་ཅིར་ཡང་མི་གཡོ་བའི་ཕྱིར་རོ། །འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལས། འགྲོ་བ་ལྔའི་རིས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ། ཞེས་བྱ་བ་ནི། འགྲོ་བ་ནི་ལྔ་སྟེ། དེའི་ཕྱིར་ལས་དང་ཉོན་མོངས་པ་ཡང་ལྔའོ། །དེ་དག་གི་རྩ་བ་ནི་མ་རིག་པ་གཉིས་ཁོ་ན་ལས་བྱུང་བས་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་ནང་རིས་ནི་མང་སྟེ། ཁམས་གསུམ་གྱི་ལྷ་ཡང་ཉི་ཤུ་རྩ་བདུན་ལ་སོགས་པའི་ཕྱིར་རོ། །ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས། ཞེས་བྱ་བ་ནི། སྤྲོས་པ་དང་བྲལ་བའི་རིག་པ་ཐམས་ཅད་དུ་མཉམ་པར་ཁྱབ་པ་ནི་ཐུགས་རྗེ་ཆེན་པོའོ། །དེ་ཉིད་གང་དག་གསང་བ་བཞིས་ཆོད་དེ། ཉམ་ཐག་པ་དང་གཞན་དུ་ཚོལ་བ་དེ་དག་ལ་ཡང་སྣང་ངོ་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་བྱང་ཆུབ་སེམས་དཔའ་ལས་ཁྱད་པར་དུ་གྱུར་པས་ཆེན་པའོ། །དེ་དག་སྐྱེས་པ་ནི་གདུལ་བྱའི་སྣང་བར་འདོད་དོ། །ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །ཞེས་བྱ་བ་ནི། གཅིག་ལ་གཉིས་ལ་སོགས་པར་འཁྲུལ་པ་ནི་ངོ་མཚར་ཏེ། དེ་བཞིན་ཉིད་ལ་སྤྲོས་པའི་ཟུག་རྔུ་མེད་པས་བདེ་བ་སྟེ་བཤད་ཟིན་ཏོ། །སྙིང་པོ་ནི་གཉིས་ཏེ། ཀུན་གཞི་གཉིས་སོ། །དེ་ལ་སྦྱོར་བ་ནི་སྣང་བར་བྱེད་པའི་གོ་འབྱེད་པས་སོ། །གཞི་ནི་འབྲས་བུ་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར། དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་དག་རང་གི་ངོ་བོ་མ་ཤེས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ། དེ་གཞིར་གྱུར་པ་ལས་ཤེའོ། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་བྱ་བ་ནི། རྒྱུ་དེས་སྦྱོར་བ་ལ་བདག་ཏུ་གཟུང་བས་ནི་རང་གི་རྣམ་པར་རྟོག་པ་སྟེ། དེ་ལ་ཀུན་ཏུ་བརྟགས་པའི་ཉོན་མོངས་པ་སྐྱེས་པས། དེ་ལ་ལས་སྣ་ཚོགས་སྤྱད་པས་གློ་བུར་དུ་སྣང་བའི་ཕྱིར་སྤྲུལ་པའོ། །དེ་ཉིད་ཇི་ལྟ་བུ་སྙམ་པ་ལ། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །ཞེས་བྱ་བ་ནི་གོ་སླ་སྟེ། སྡུག་བསྔལ་ནི་ལས་དང་ཉོན་མོངས་པའོ། །བདག་དང་བདག་གིར་སོ་སོར་འཛིན། །ཞེས་བྱ་བ་ནི་བཤད་པ་ཉིད་ལ་སྟེ། དེས་ཡང་འཁོར་ཏེ། ཉམ་ཐག་གོ། །དེ་སུས་བྱས་སྙམ་པ་ལ། སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །ཞེས་བྱ་བ་ནི། བྱེད་པ་པོ་ལྟ་བུ་དང་ཞབས་པ་དང་དགྲ་བོ་ལྟ་བུ་གསུམ་ནི་ངང་གིས་མེད་དོ། །འོ་ན་གང་གིས་ཉེས་སྙམ་པ་ལ། རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་འདོར། །ཞེས་གསུངས་ཏེ། བཤད་པའི་རྒྱུ་རྐྱེན་གྱིས་དེ་དག་ཏུ་སྣང་བ་ནི། དཔེར་ན་ཐང་ཕྲོམ་གྱི་འབྲས་བུ་ཟོས་པའི་མིས། ནམ་མཁའ་ལ་གཟུགས་སྣ་ཚོགས་མཐོང་ནས་མདུད་པ་བྱས་པ་ལྟ་བུའི་ཕྱིར་རོ། །བཅིང་མེད་རྣམ་པར་གྲོལ་མེད་པའི། །ཞེས་བྱ་བ་ནི། ལུང་ལས། བཅིང་བྱ་འཆིང་བྱེད་བཅིངས་པ་པོ། །བདག་འཛིན་སེམས་ཅན་སྡུག་བསྔལ་དངོས། །ཐམས་ཅད་སེམས་ཀྱི་ངོ་བོའི་ཕྱིར། །བདག་འཛིན་ཞེས་བྱའི་མིང་ཡང་མེད། །དེས་ན་གཉིས་པོའང་མེད་པ་ལ། །གྲོལ་བ་པོ་ཡང་ཡོད་མ་ཡིན། །ཞེས་འབྱུང་སྟེ། དེ་ནི་གོ་སླའོ། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་བྱ་བ་ནི། ཐམས་ཅད་རང་རིག་པའི་ཡེ་ཤེས་སུ་བརྡལ་བ་ནི་བདག་ལ་སོགས་པ། རང་བཞིན་གྱིས་སྟོང་པ་ཉིད་སྐུ་དང་ཡེ་ཤེས་སུ་གསལ་བར་སངས་རྒྱས་ཀྱིས་ཆུད་པ་དང་། ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ངེས་པར་མཚོན་པའི་གསང་བའི་སྙིང་པོ་འདི་ཉིད་བཤད་པར་དགྱེས་པའི་ཚུལ་དྲུག་མཛད་པ་དང་། འདིའི་ལམ་སྟེགས་ཀྱི་ཐེག་པ་གཞན་བསྟན་པའི་ཕྱིར་སྤྲུལ་པ་དྲུག་ལ་སོགས་སྤྲོས་པས། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། །ཞེས་བྱ་བ་ནི། དབང་རྫོགས་པའི་རིལ་དྲུག་པ་ཉིད་དུ་གྱུར་པའི་ཕྱིར་རོ། །དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པ་ཞེས་བྱ་བ་ནི། རང་གི་ངོ་བོས་ཐམས་ཅད་དུ་ཡང་མི་ཕྱེད་པ་ནི་དོན་དམ་པ་སྟེ། སྐབས་ཀྱི་རང་བཞིན་དང་། ཡེ་ཤེས་དང་། འབྲས་བུ་དོན་དམ་པའོ། །དེ་དག་གསལ་བས་ཐ་དད་ཀྱང་ངོ་བོ་གཅིག་གོ། །དེ་ཉིད་སེམས་ལྔའི་རིམ་པས་ཕྱིན་ཅི་མ་ལོག་པ་ལས་སྣང་ལ། གདུལ་བྱའི་དབང་གིས་ཐ་དད་དུ་སྣང་བ་ནི་ཀུན་རྫོབ་སྟེ། རྒྱུ་རྐྱེན་དང་ལྟོས་པ་ལས་སྣང་བ་སྟེ། ངོ་བོ་བཤད་ཟིན་ཏོ། །ལེའུ་གཉིས་པ་མདོར་བཀྲོལ་བའོ།། །།དེ་ནས་བསྟན་པ་སྤྱིའི་གླེང་གཞི་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་དུམ་བུར་གྱུར་ཀྱང་རིམ་པ་མ་ནོར་བ་ཁོ་ནའི་ཕྱིར། དེ་ནས་ཞེས་བྱའོ། །དྲུག་པའི་སྟོན་པ་ནི་སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཅན་གྱི་ཕྱིར་རིལ་དུ་ཡང་འགལ་བ་མེད་དོ། །ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཞེས་བྱ་བ་ནི། སྤྲོས་པ་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་ནི་དངོས་པོ་རིལ་ལ་ཁྱབ་པའི་ཕྱིར། ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་ཉིད་གདུལ་བྱའི་སྣང་བ་ཅིར་ཡང་མི་འགག་པས། དེ་ལ་དེ་སྐད་ཅེས་བྱའོ། །རིག་པའི་སྐྱེ་བུ་ཐུབ་པ་དྲུག །ཅེས་བྱ་བ་ནི། གཞན་དག་ལས། རང་གི་ལུས་ངག་ཡིད་རྡོ་རྗེ། །མི་ཕྱེད་པ་ཡི་ངོ་བོ་སྟེ། །རིག་དང་བཅས་པར་ལྡན་པ་ནི། །རིག་པའི་སྐྱེས་བུ་ཞེས་སུ་བཤད། །ཅེས་པ་གོ་སློའོ། །དེ་དག་ཀྱང་སྐུ་སྟག་དང་སྤྲེའུ་ལ་སོགས་པ་ལྟར་མི་མཛད་པ་དང་། ཅ་ཅོ་སྤངས་པ་དང་། མཉམ་པར་མ་བཞག་པ་མི་མངའ་བའི་ཕྱིར་ཐུབ་པ་སྟེ། ལས་ཀྱང་མི་འདོད་པ་མ་ཡིན་ནོ། །གྲངས་ནི་གདུལ་བྱའི་ངོར་ངེས་པ་ཁོ་ནའོ་ཞེས་བྱའོ། །དེ་དག་གི་གཞི་གང་ལས་སྙམ་པ་ལ། །དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཞེས་བྱ་བ་ནི། སྔགས་ཀྱི་ལུགས་ཀྱི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ནི་ཡོངས་སུ་རྫོགས་པའི་རྒྱུར་གསུངས་སོ། །དེ་ཡང་མ་གཡོས་པར་བཀོད་པ་ནི་ཟླ་བ་དང་ཆུ་ཟླ་ལྟ་བུའི་ཕྱིར། འཐོན་ཅེས་ཐ་སྙད་དུ་འདོགས་སོ། །དེ་དག་གང་དུ་ཅི་མཛད་སྙམ་པ་ལ། འཐོན་ནས་ཀྱང་ལས་ཀྱི་དབང་གིས་སྣྲེལ་གཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་ཞེས་བྱ་བ་ནི། ལས་མི་མཐུན་པས་སྣང་བའི་གནས་རིས་སོ་སོར་དྲུག་ཏུ་སྣང་བའི་ཕྱིར། འཇིག་རྟེན་དྲུག་ཁོ་ན་སྟེ། དེ་ཡང་དྲུག་པ་ནི་ལོངས་སྤྱོད་རྫོགས་པའི་ཕྱིར་ཞིང་ཁམས་མུ་མེད་ལ་སྤྲུལ་པའི་ཞིང་ངེས་པ་ནི་གདུལ་བྱའི་སྣང་བས་ཐུན་མོང་མཐུན་པར་བཀོད་དེ། རིལ་ཡང་བདག་ཉིད་ལས་རྒྱ་མ་ཆད་དོ། །ཞེས་བྱ་བ་ཁོ་ནའོ། །འདུལ་བ་རྣམ་པ་བཞིས་འགྲོ་བ་ལྔའི་དོན་མཛད་དེ། ཞེས་བྱ་བ་ནི། གྲངས་ནི་དཀྱུས་ལས་གསལ་ཏོ། །འགྲོ་བ་ལྔ་ནི་བསྡུས་པ་སྟེ་དྲུག་ཁོ་ནའོ། །དེ་ལ་སྐུས་འདུལ་བ་བསྟན་པའི་ཕྱིར། བལྟམས་པ་དང་། ཞེས་པ་ནས། ལ་སོགས་པར་མཐར་ཐུག་པ་ནི། དྲངས་པས་དགའ་ལྡན་ནས་བབས་པར་ཟེར་བ་ནི། བདེན་མོད་ཀྱི་བྱང་ཆུབ་སེམས་དཔའ་དབང་ཐོབ་པས་མཐར་ཕྱིན་པའི་ཕྱིར་འགལ་བ་མེད་དེ་ལེའུ་ཀླད་ནས་འབྱུང་ཁུངས་སྨོས་པའོ། །མཐུན་པར་བསྟན་པའི་ཕྱིར། ལྷུམས་སུ་ཞུགས་པ་དང་། བཤུང་བ་སྤང་བའི་ཕྱིར་མཆན་ཁུང་ནས་བལྟམས་པ་དང་། རོལ་རྩེད་མཛད་པ་དང་། ཁབ་བཞེས་པ་དང་། གཞན་ནི་གོ་སླའོ། །བསྡུ་བ་ནི་སྦྱངས་ཏེ་སྐུ་གདུང་ཆ་བརྒྱད་དུ་བགོས་པའོ། །ཐུགས་ཀྱིས་འདུལ་བ་གང་ཡིན་སྙམ་པ་ལ། དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཞེས་པ་ལ་སོགས་པ་གསུངས་ཏེ། སྔོན་གྱི་གནས་ལ་སོགས་པ་མཁྱེན་པའོ། །ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀུན་ཏུ་མཁྱེན་པ་དང་། ཞེས་བྱ་བ་ནི། ཕ་རོལ་གྱི་སེམས་ཀྱི་ཉོན་མོངས་པ་དང་། རྟོག་པ་རིལ་བདག་ལས་མི་གཞན་པའི་ཕྱིར་མཁྱེན་པའོ། །རྫུ་འཕྲུལ་གྱི་སྤྱན་དང་སྙན་ཞེས་བྱ་བ་ནི། ལྷའི་མིག་དང་རྣ་བ་སྟེ་གོ་སླའོ། །རྫུ་འཕྲུལ་གྱི་ཆོ་ག་ནི། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་སྟེ། མི་མཐུན་པ་བརྒྱད་ལ་སོགས་པར་སྟོན་པའོ། །ཟག་པ་མེད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པ། ཞེས་བྱ་བ་ནི། དེ་དག་འཇིག་རྟེན་པ་ལ་ཡོད་པ་འཛིན་པའི་ཕྱིར་ཟག་པར་འགྱུར་ལ། འདིར་ཐམས་ཅད་ཀྱང་གསལ་ལ། བདག་ཉིད་ཀྱི་ཕྱིར་མི་འཛིན་པས་མ་སྤངས་ལ་བྲལ་བའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པས་འདུལ་བ་བསྟན་པའི་ཕྱིར། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཞལ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། ཞེས་བྱ་བ་ནི། དུས་དང་གདུལ་བྱ་གང་ཡང་མ་བཀོལ་བར། དེ་དག་གི་ངོ་ལ་ཁྲོ་བོ་དང་ཕྲ་མེན་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་དངོས་པོ་དང་མཛད་པ་གང་དུ་ཡང་མ་ངེས་ཏེ། ཐམས་ཅད་དུ་སྣང་བས། གཞན་དག་ལས། རེས་འགའ་ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། །དེ་ལ་སོགས་ཏེ་མཐའ་ཡས་མཆོག །རི་དང་སྐྱེ་བོ་ཐམས་ཅད་དོ། །ཞེའོ། །གྲངས་མེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏོ། །ཞེས་བྱ་བ་ནི། གདུལ་བྱའི་སྣང་བ་དང་ལྷུན་གྱིས་གྲུབ་པའི་རོལ་པ་མི་འགག་པ་ཁོ་ནའི་ཕྱིར། དེ་དག་ལ་ཡང་སྤྲུལ་ཟེར་བ་ནི་ཁ་བཀང་བའོ། །གསུང་གིས་འདུལ་བ་བསྟན་པའི་ཕྱིར། །ཐམས་ཅད་ཀྱང་འདི་ལྟ་སྟེ་འདུལ་བའི་དབང་གིས་ཞེས་བྱ་བ་ནས་མར་ནི་གོ་སླའོ། །དེ་དག་གི་དགོས་ཆེད་ནི་ཅི། སྤྲོས་ན་ནི་དུ་ཡོད་སྙམ་པ་ལ། མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཞེས་གསུངས་ཏེ། རྩ་བ་མ་རིག་པ་གཉིས་ལས་གྱུར་པའི་ཉོན་མོངས་པ་དང་རྟོག་པ་དེ་དག་གི་རྩ་བ་ནི་དུག་གསུམ་དང་ངར་བཟུང་བ་ལས་གཞན་ལ་འདོགས་པའི་ཕྱིར་བསྡུ་བས་གཅིག་སྟེ། བཞི་ལ་ནང་རིས་སུ་གཅིག་ཀྱང་ཉི་ཁྲི་ཆིག་སྟོང་སྟེ། དེ་དག་གང་གིས་དག་པར་བྱེད་པ་ནི་གཉེན་པོ་སྟེ། དེ་ཡང་སྤོང་བ་དང་། སྦྱོང་བ་དང་། དབང་དུ་བྱེད་པའི་ཕྱིར་རོ། །དེ་བས་ན་ཆོས་ནི་ཕྲག་གསུམ་དུ་ཡང་སྣང་ངོ་། །དེ་ལྟར་དུས་གསུམ་གྱི་སངས་རྒྱས་ཀྱི་ས་མཐུན་པར་བསྟན་པ་ཁོ་ནའོ་ཞེས་བྱའོ། །གཉེན་པོ་ཇི་ལྟ་བུ་སྙམ་པ་ལ། དེ་དག་ཀྱང་གཟུང་བ་དང་འཛིན་པའི་ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་དང་། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་། ཞེས་བྱ་བ་ནི། དགེ་བ་བཅུས་ལྷ་དང་མིར་ངེས་པར་འབྱུང་བས་མི་དགེ་བ་བཅུ་སྤོང་བ་དང་། རྡུལ་ལས་སྤྱོད་ཡུལ་ངེས་པར་ཡོད་པས་འཛིན་པ་འགོག་པས། གཉི་ག་ཡང་སྤོང་བའི་ཉན་ཐོས་དང་། ཕྱི་ནང་གི་རྟེན་འབྲེལ་ངེས་པར་ཡོད་པའི་ཕྱིར། ཉོན་མོངས་པ་འགོག་པས་སྤོང་བའི་རང་རྒྱལ་བ་དང་། དེ་དག་ནི་གཉེན་པོ་གཅིག་གོ། །འཛིན་པ་འཁྲུལ་པ་ལས་འདོགས་པ་དང་། ཞེས་བྱ་བ་ནི། སེམས་འཁྲུལ་པའི་རྟོག་པ་ལས་གུད་དུ་ཡུལ་མེད་པའི་ཕྱིར་ཕན་ཚུན་མ་སྐྱེས་པར་ཤེས་ན། ཉོན་མོངས་པ་ཆོས་ཉིད་དུ་རྒྱུད་སྦྱོང་བ་དང་། ལས་དང་ལས་ཀྱི་འབྲས་བུས་མི་གོས། ཞེས་བྱ་བ་ནི། ཉོན་མོངས་པ་རྣམས་སེམས་ཉིད་སྣང་བའི་ཕྱིར། སེམས་ལྷར་སྣང་བའི་དུས་ན་སྤང་བྱ་མེད་པ་དང་། ཞེན་པ་དགག་པའི་ཀྲི་ཡ་དང་ཡོ་ག་པ་ཁོ་ནའོ། །གོས་པར་མི་འགྱུར། གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ། །ཞེས་བྱ་བ་ནི། བདག་ཉིད་ཀྱི་ཕྱིར་ཉོན་མོངས་པ་ཉིད་ཡེ་ཤེས་སུ་ཤེས་པ་ནི་མཐུན་པ་དང་གཉེན་པོ་མེད་དེ། སྤྱད་པ་ཉིད་ཡོན་ཏན་དུ་སྣང་བའི་ཐབས་ཀྱི་ཐེག་པ་ནི་རྒྱུ་འབྲས་གཉིས་སུ་སྣང་བ་དང་བྲལ་བ་ཁོ་ནའོ་ཞེས་བྱའོ། །དེ་དག་འབྱུང་བ་ནི་གསང་བའི་སྙིང་པོའི་ལམ་ཡོངས་སུ་སྦྱངས་པའི་ཕྱིར་དང་། བྱིན་གྱིས་བརླབས་ཀྱི་ཕྱིར་བསྟན་ཏོ། །དེ་ཡན་ཆད་དུ་རྒྱུ་རྐྱེན་ཚང་ནས། གསུམ་པའི་དང་པོ་ལྟ་བ་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ལ་སོགས་པ་གསུངས་ཏེ། གོ་སླའོ། །ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །ཞེས་བྱ་བ་ནི། འདི་ནས་མར་ལ་འཁྲུལ་བའི་སྣང་བའི་རྒྱུ་རྐྱེན་ངོ་བོ་གསུམ་སྟོན་ཏེ། སྣོད་བཅུད་མཐའ་ཡས་པའི་རིས་སུ་སྣང་བ་ནི་བློ་འཁྲུལ་པ་ཁོ་ནའི་ཕྱིར་རོ། །དེའི་རྒྱུ་ཅི་སྙམ་པ་ལ། མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཞེས་གསུངས་ཏེ། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ཡིན་ཡང་ངེས་པའི་ཤེས་པ་མ་སྐྱེས་པ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པའོ། །དེས་ན་ང་རུ་བལྟ་བ་ལས་ཉོན་མོངས་པ་དང་ལས་དང་ཡུལ་སེམས་གཞན་དུ་སྣང་བ་ནི་རྐྱེན་ཁོ་ནའོ། །ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཞེས་བྱ་བ་ནི། དེས་ན་སྣོད་བཅུད་དངོས་སུ་སྣང་བས་འདིར་འབྱུང་ཞིང་སྣང་བ་ནི་འབྲས་བུ་ཁོ་ནའོ། །རང་བཞིན་ཉིད་ལས་ཉམས་པ་མེད། ཅེས་བྱ་བ་ནི། ཤེས་ན་སྤང་བྱ་མི་དམིགས་པ་ནི། རང་བཞིན་གྱི་སྣང་བ་སྟེ། ཆོས་དེ་དག་གི་རང་བཞིན་ནི། སེམས་ཉིད་ཀྱི་ཕྱིར་སྐུ་དང་ཡེ་ཤེས་ཁོ་ན་ལས་འགྱུར་བ་མེད་དོ། །ཞེས་བྱ་བ་ཁོ་ནའོ། །དེ་ངེས་པར་མཚོན་པར་བྱ་བའི་ཕྱིར། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཡང་དག་སྒྱུ་མ་ནི་ངེས་པ་བདེན་པ་གཉིས་སོ། །ཚུལ་ནི་རྗེས་སུ་འཇུག་པ་ཏེ། མདོ་སྡེ་པ་ལྟར་གཉིས་སུ་ཕྱེ་ན་ཞེས་བྱའོ། །བདག་དང་བདག་གི་གཞན་མེད་དེ། །ཞེས་བྱ་བ་ནི། མ་རིག་པའི་ང་དང་མྱོང་བའི་ཕུང་པོ་དང་ཡུལ་སྣ་ཚོགས་སུ་སྣང་བ་དག་མ་གྲུབ་སྟེ། ཇི་ལྟར་ཞེ་ན། སེམས་ཉིད་ཆོས་གསུམ་དུ་སྣང་བས་གཞན་དུ་མ་གྲུབ་པ་ནི་དོན་དམ་པའི་ཚུལ་ལོ། །དེ་དག་སེམས་ཉིད་ཀྱི་ཕྱིར་ཡེ་ཤེས་རང་སྣང་བས་མ་འགག་པ་ནི་ཀུན་རྫོབ་ཀྱི་ཚུལ་ལོ། །དེ་གཉིས་ལ་དེ་དག་མ་གྲུབ་པ་ཁོ་ནའོ། །དེ་ནི་ལྷག་པའི་མཉམ་པ་གཉིས་སོ། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ། །ཞེས་བྱ་བ་ནི། དབྱེར་མེད་པར་མཉམ་པ་སྟེ། བཤད་པ་ལྟར་ཤེས་ནས་དེ་ལའང་མི་གནས་པ་ནི། མཐའ་གཉིས་དག་པས་དབྱིངས་གཉིས་ལས་མཉམ་པ་ཉིད་ཀྱི་དབྱིངས་ཞེས་བྱ་སྟེ། སྣང་སྟོང་གཉིས་སུ་མེད་པའི་བདེན་པ་གཉིས་ཚུལ་གཅིག་པ་ཁོ་ནའོ། །ཞེས་བྱའོ། །འོ་ན་འཁྲུལ་པའི་སྣང་བར་ཡང་མེད་དོ་སྙམ་པ་ལ། བདག་དང་བདག་གི་གཞན་རྣམས་ནི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ཞེས་གསུངས་ཏེ། ཆོས་གསུམ་པོ་སེམས་ཉིད་ལས་མི་གཞན་བཞིན་དུ། རང་རྒྱུད་ཀྱི་རིས་སུ་སྣང་བ་ནི་འཁྲུལ་པའི་སྣང་བའོ། །དེ་ཙམ་ནི་མི་འགལ་ལ་དེ་ལས་གཞན་པའི་རྫས་རྡུལ་ཙམ་དང་། རང་རྒྱུད་ཀྱི་སྐད་ཅིག་མ་གཟུགས་མེད་པ་ནི་ངང་གིས་མེད་པ་ཁོ་ནའོ། །ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། །གཞན་དུ་གཡོ་བ་ཅི་ཡང་མེད། །ཅེས་བྱ་བ་ནི། སྣང་སྤྱོད་འདི་ནི་རྟོག་པ་བརྟས་པ་སྔ་མ་ལ་ཕྱི་མས་རྒྱུད་མཐུན་པར་སྤྱོད་ཀྱི། སེམས་ཉིད་ཆོས་གསུམ་གྱི་རིས་སུ་གྱུར་པ་མེད་དོ། །ཞེས་གསུངས་སོ། །དེ་བས་ན་ལོག་རྟོག་ཙམ་ནི་ངེས་པར་ཡོད་དེ་སྙམ་པ་ལ། ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །ཞེས་བྱ་བ་ནི། རྒྱུ་གཅིག་པར་རྟོགས་པ་སྟེ། མ་རིག་པའི་བདག་དང་། ཞེས་པ་སྣང་བ་ཆོས་སྣ་ཚོགས་ཀྱང་། སྐད་ཅིག་མའི་ཕྱིར་བཤད་པ་གསུམ་གྱི་རྗེས་སུ་མཐུན་ཏེ། ཇི་ལྟར་ཞེ་ན། ཕྱི་མོ་ནས་རང་གི་ངོ་བོ་མ་གྲུབ་སྟེ། སེམས་ཉིད་ཁོ་ནའི་ཕྱིར་སྣང་སྟོང་མི་ཕྱེད་པ་ནི་བཤད་པའི་དབྱིངས་སོ། །དེ་ལ་ལོག་རྟོག་སྐད་ཅིག་གི་རྒྱུན་མ་གྲུབ་པར་རིལ་སེམས་སུ་གཅིག་པ་ཁོ་ནའོ། །རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཉིད་ལ་དབང་སྒྱུར་ཉིད་སྤྱོད་ཕྱིར། །ཞེས་བྱ་བ་ནི། འདི་ནས་མར་ཡིག་འབྲུའི་ཚུལ་དང་དག་པ་གསུམ་སྟོན་ཏེ། བཤད་པ་ལྟར་ལོག་རྟོག་གི་རྒྱུན་དག་སྟེ། རང་གི་ངོ་བོས་སེམས་སུ་འོད་གསལ་བས་མ་སྐྱེས་པའི་ཕྱིར། ཨ་ལྟ་བུའོ། །རྒྱུན་མེད་པར་རང་རིག་པ་ཉིད་ཅིར་ཡང་སྣང་བ་ནི་མ་བཅོས་པའི་སྐད་ཅིག་མ་སྟེ། ཡེ་ཤེས་ཁོ་ནའི་ཕྱིར་སྣང་ཞིང་སྤྱོད་ཀྱང་གཉིས་སུ་བྱ་བ་མེད་པ་ནི། ཐེག་པ་ཆེན་པོའི་གཏན་ཚིགས་སོ། །མ་སྐྱེས་པ་ཉིད་ཡེ་ཤེས་སུ་གསལ་བས་རྒྱན་ལྟ་བུའོ། །བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །ཅེས་བྱ་བ་ནི། བཤད་པའི་བྱིན་གྱིས་བརླབས་ཀྱིས་ཕུང་པོ་དང་འབྱུང་བ་དང་བསླད་པའི་རྣམ་པར་ཤེས་པ་གསུམ་སོ་སོ་བ་ངང་གིས་དག་སྟེ། གཉིས་སུ་མེད་པར་གསལ་བ་ནི། རིགས་ལྔ་ཡབ་ཡུམ་དང་། ཡེ་ཤེས་ལྔར་གདོད་ནས་ལྷུན་གྱིས་གྲུབ་པས་རྡོ་རྗེ་ཐེག་པ་ཞེས་བྱ་བ་ཁོ་ནའོ། །དེ་ནི་ཡི་གེ་རྫོགས་པ་ལྟ་བུ་སྟེ། དག་པ་གསུམ་དུ་ཡང་འདོགས་སོ། །ཐེག་པ་བཞིའི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་བྱ་བ་ནི། བཤད་པ་གཞན་ནི་གཞུང་མ་ནོར་ན་ངན་སོང་དང་འཁོར་བ་དང་མཐའ་གཉིས་ལས་ངེས་པར་འབྱུང་ལ། འདས་མ་ཐག་པར་སྟོན་པ་ནི། དོན་མཐར་ཐུག་པའི་ཕྱིར་འབྲས་བུ་ཁོ་ནའོ། །ཡང་དག་རྟོགས་པས་རབ་བརྟགས་ན། །རང་བཞིན་མེད་ལས་ཅིར་ཡང་འགྲུབ། །ཅེས་བྱ་བ་ནི། དོན་དམ་པ་གསུམ་མངོན་དུ་བྱས་པའི་བློ་ཅན་ལ་སྤྱོད་ཡུལ་དང་བྲལ་བར་མི་སྣང་བ་ཅི་ཡང་མེད་པའི་ཕྱིར། མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་ཞེས་པ་དང་། རྣམ་རྟོག་མི་མངའ་ཅིར་ཡང་ས་ལེར་མཁྱེན། །ཞེས་པ་ཁོ་ནའོ། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་པའི་ཚིགས་བཅད་གཅིག་གི་དོན་ནི་བཤད་པ་ལྟར་ལྷུན་གྱིས་གྲུབ་པ་ལ། སྟོན་པ་འབྱུང་འཇིག་དང་། བསྟན་པ་དར་ནུབ་མེད་དེ་ངོ་བོ་ཉིད་ཀྱིས་རྟག་པ་ཁོ་ནའོ། །མཚན་མ་བཞིར་སྣང་བ་ནི། དམན་པ་རྣམས་ཀྱི་ཕྱིར་ཏེ། གདུལ་བྱའི་སྣང་བ་ཁོ་ནའོ། །སྣང་བ་དེའི་ངོ་བོ་དང་། གཞི་བསྟན་པའི་ཕྱིར། འདུལ་བ་མདོ་སྡེ་ཆོས་མངོན་དང་། །ཞེས་པ་ལ་སོགས་པ་ནི་གོ་སླ་སྟེ། རྒྱུད་འདིའི་རྒྱུ་རྐྱེན་ཚང་བའི་བྱིན་གྱིས་བརླབས་ལས། སྡེ་སྣོད་གསུམ་དང་། སྔགས་ཕྱི་པ་གསུམ་དང་། སྐུ་གསུང་ཐུགས་ཀྱི་རྒྱུད་རྣམས་ཀྱི་སྟོན་པ་དྲུག་དང་། བསམ་གྱིས་མི་ཁྱབ་པས་འདུལ་བའི་སྟོན་པ་རྣམས་འཐོན་ནས། དུས་མཉམ་དུ་གསུངས་ཤིང་གཏན་ལ་ཕབ་པའི་ཕྱིར་རོ། །དེ་ལྟར་ན་དེ་དག་སོ་སོར་ངེས་སོ་སྙམ་པ་ལ། ཆོས་རྣམས་མིང་ཏུ་བཏགས་པ་ཙམ། །སྟོན་པ་དོན་དམ་མཐུན་ཕྱོགས་སུ། །མིང་དང་ཚིག་ཏུ་བཏགས་ནས་བསྟན། །སྟོན་མིང་ཚིག་ལ་དངོས་པོ་མེད། །ཅེས་གསུངས་སོ། །ཆོས་ཐམས་ཅད་རང་བཞིན་གྱི་ངོ་བོས་སྟོན་པའི་ཕྱིར། སྣང་བ་གཉིས་ཁོ་ནའི་ངོ་བོར་བརྟགས་པ་ཙམ་མོ། །དེ་ལྟར་མ་གྲུབ་པའི་རྗེས་སུ་ཐེག་པ་སོ་སོའི་ལྟ་སྤྱོད་བསྒྲུབ་པ་ལ་སོགས་པ་རིལ་ཡང་གདུལ་བྱའི་ངོ་བོ་ཙམ་སྟེ། རང་གི་ངོ་བོ་ཉིད་དང་། གྲངས་ནི་གྲུབ་པ་དང་ངེས་པ་མེད་དོ། །ཞེས་བྱ་བ་ཁོ་ནའོ། །དེ་དག་ཀྱང་གདུལ་བྱའི་སྣང་བས་གཉིས་སུ་འགྱུར་ཏེ། ཐལ་བའི་རྒྱུད་ལས། ཐིག་ལེ་ཟུང་འཇུག་བདེ་བ་ནི། སེམས་མཐའ་ལྡོག་པས་གོ་ཕྱེ་ནས། །དཀྱིལ་འཁོར་དྲུག་གི་ཡུལ་རྣམས་སུ། །སྤྲུལ་པའི་ཐིག་ལེ་རང་ཤར་བའི། །སྣང་བའི་མཛད་པ་བསམ་མི་ཁྱབ། །ཆགས་སོགས་ཉོན་མོངས་ལས་རྟོག་རིལ། །གདུལ་ཕྱིར་སྤྲུལ་པ་ཞེས་སུ་བཤད། །སྒྲ་དབྱངས་གསུང་གི་བསྟན་པ་རྣམས། །ངེས་པར་གྲགས་པ་ཁོ་ན་ཉིད། །ཕུང་སོགས་རྟོག་པའི་འཇིག་རྟེན་ཀུན། །ལོག་རྟོག་སྒྱུ་མ་སྣང་ཙམ་ལས། །ཉི་ཟླ་བདེན་གཉིས་ལས་གཉིས་ཀྱིས། །མ་སྐྱེས་མཉམ་ལ་གནས་འགྱུར་ཞིང་། །ཕུང་སོགས་ལྷ་ཡི་དཀྱིལ་འཁོར་དུ། །རང་སྣང་རང་རིག་མངོན་སུམ་གསལ། །དུས་གསུམ་དུ་ཡང་མི་འགྱུར་ཕྱིར། །ཐེག་འདི་ཐབས་དང་རྡོ་རྗེར་བཤད། །ཅེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ལ་སོགས་པ་ནི་རྗེས་སུ་མཐུན་ནོ། །ཨ་ཧོ་ཞེས་བྱ་བ་ནི། བཤད་པའི་དངོས་པོ་གཉིས་གཏན་ཚིགས་གསུམ་གྱིས་ངོ་བོར་གཅིག་པར་གྲུབ་པས་མཉེས་པའི་ཕྱིར་རོ། །སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། །ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །ཅེས་བྱ་བ་ནི། བཤད་པའི་མ་རིག་པའི་བདག་དང་། ཉོན་མོངས་པ་ལ་སོགས་རང་སྣང་བའི་འགྲོ་བ་དྲུག་གི་སྤྱོད་ཡུལ་རིལ་རང་རྒྱུད་དུ་ལྟ་བའི་ལོག་རྟོག་གི་རྒྱུན་ཁོ་ནའི་ཕྱིར་འཁྲུལ་པའི་སྣང་བ་ཞེས་བྱ་བ་ཁོ་ནའོ། །སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་སྒྱུར། །ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་བྱ་བ་ནི། འདས་མ་ཐག་པ་ཉིད་གསང་སྔགས་ཀྱི་གཏན་ཚིགས་གསུམ་པོས་གཞལ་བའི་དུས་ན། ལོག་རྟོག་གི་རྒྱུན་ལས་འདས་ཏེ་མཉམ་པའི་དབྱིངས་ཉིད་ཡེ་ཤེས་སུ་གསལ་བ་ནི། ཡེ་ཤེས་ཉིད་ལ་ཉིད་སྤྱོད་པས་ཤེས་བྱ་དང་ཤེས་བྱེད་ངང་གིས་མེད་ལ། རང་སྣང་གི་ཡེ་ཤེས་ནི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པ་ལས་འདུལ་བ་བཞིའི་དེ་བཞིན་གཤེགས་པ་རིལ་ཞིང་ཁམས་དང་མཛད་སྤྱོད་དུ་བཅས་པར། རང་སྣང་བ་ནི་སྐབས་ཀྱི་སྣང་བ་གཉིས་ཁོ་ནའོ་ཞེས་གསུངས་སོ། །ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱི་མཁྱེན་ཏོ། །ཞེས་བྱ་བ་ནི། འདས་མ་ཐག་པ་ཉིད་གོ་སླ་སྟེ། དེ་དག་ཏུ་ལེའུ་རིལ་འདུས་པ་གོ་སླའོ། །ཆོས་ཐམས་ཅད་གཏན་ལ་ཕབ་པ་ཞེས་བྱ་བ་ནི། ཐེག་པ་དགུའི་ཆོས་རིལ་གསང་བའི་སྙིང་པོའི་བྱིན་བརླབས་ཀྱིས་གཏན་ལ་ཕབ་ལ། དངོས་པོ་གཉིས་ཀྱིས་བསྡུས་པ་རིལ་སྣང་བ་གཉིས་ལས་ཀྱང་འདས་ཏེ། གཅིག་ཁོ་ནར་གཏན་ཚིགས་གསུམ་གྱིས་ཕབ་བོ་ཞེས་བྱ་ཁོ་ནའོ། །ཞེས་བྱ་བའོ། །ལེའུ་གསུམ་པ་མདོར་བཤད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས། ཞེས་བྱ་བ་ནི། དྲུག་པའི་དེ་བཞིན་གཤེགས་པ་ནི། གཅིག་དང་དུ་མར་བྲལ་བའི་ཕྱིར། །ཐམས་ཅད་དུའང་འགལ་བ་མེད་དེ། །དེ་ཉིད་གསུང་ལྔ་ལྷུན་གྱིས་གྲུབ་པར་རང་སྣང་བ་ལས་མི་གཡོ་བ་ནི་དགོངས་པ་སྟེ། གྱུར་པ་ནི་གདུལ་བྱའི་སྣང་བའོ། །དེ་ཉིད་བསྟན་པའི་ཕྱིར། མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར། ཞེས་བྱ་བ་ནི། སྣང་སྟོང་གཉིས་སུ་མེད་པ་ནི། བདེན་པ་གཉིས་ཀྱི་མཉམ་པ་ལ་ལྟོས་པས་ཆེན་པོ་སྟེ། དེའི་ངོ་བོ་ནི། དངོས་པོ་གཉིས་ཀྱིས་བསྡུས་པ་རིལ་སེམས་ཉིད་དུ་མ་སྐྱེས་པ་སྟེ་སྐུ་དང་ཡེ་ཤེས་སུ་གསལ་བར་རང་སྣང་བ་ཉིད་དྲུག་པའི་ངོ་བོ་སྟེ། བསྒོམ་བྱ་སྒོམ་བྱེད་གཉིས་ལས་འདས་པས་ཏིང་ངེ་འཛིན་ཞེས་བ་ཁོ་ནའོ། །ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་ནི། དངོས་པོ་རྣམས་ནི་ངོ་བོ་ཉིད་མེད་པ་ཁོ་ནའི་ཕྱིར། མིང་ཙམ་ལ་དེ་ནི་ཡི་གེ་ཁོ་ནའོ། །ཡི་གེའི་རྒྱུན་ཉིད་གསུང་གི་འཁོར་ལོ་སྟེ། སྐུ་ལ་སོགས་པ་བཞི་ཡང་ལྷུན་གྱིས་གྲུབ་པ་ལས་རང་སྣང་བའོ། །དེ་དག་ནི་འདི་ལྟ་སྟེ། ཨ། ཀ་ཁ་ག་གྷ་ང་ཞེས་པ་ནས། ཕྱུང་བས། ཞེས་པའི་བར་ནི། དེ་དག་རང་སྣང་བ་སྟེ། གནས་དང་རྐྱེན་ནི་མགུར་དང་། ལྗགས་ཀྱི་དཀྱིལ་དང་རྩེ་མོ་དང་། ཞལ་གྱི་སྒྲོས་དང་། སྟ་ཟུར་ལ་སོགས་པའོ། །དེ་དག་ཀྱང་དག་གདུལ་བྱའི་སྣང་བས་གཉིས་སུ་འགྱུར་ཏེ། ཐལ་བའི་རྒྱུད་ལས། རང་སྣང་སྐུ་ཡི་འཁོར་ལོ་ལ། །རང་བཞིན་གསུང་གི་དཀྱིལ་འཁོར་ཉིད། །གཡས་དང་གཡོན་གྱི་དབྱེ་བ་ཡིས། །སྡེ་ཚན་བརྒྱད་དང་བྱེད་པ་དང་། །ཁྱབ་འཇུག་གསུམ་ཡང་དེ་བཞིན་ཏེ། །རིམ་པར་བཀོད་པ་རང་སྣང་བས། །འཇིག་རྟེན་འདས་དང་མ་འདས་པའི། །ཇི་སྙེད་བསྒྱུར་བའི་སྒྲ་རྣམས་འབྱུང་། །རྒྱལ་བ་བཞི་བཅུ་རྩ་ལྔ་ཡི། །ངོ་བོ་ཉིད་དུའང་ངེས་པས་ན། །ཁུ་བ་རྩ་ཡི་གཟུགས་དག་གིས། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔར། །མ་བརྩལ་ལྷུན་གྱིས་གྲུབ་པའོ། །ཞེས་གསུངས་སོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས་ནས། ཆོས་ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ། །ཞེས་བྱ་བ་ནི། ཡི་གེའི་མཐུས་ཆོ་འཕྲུལ་རྣམ་པ་དྲུག་ཏུ་སྣང་ལ། བཤད་པ་བཞིན་དངོས་པོ་རིལ་མིང་དང་ཡི་གེ་ཁོ་ནའི་ཕྱིར། ངོ་བོ་ཉིད་བསྟན་དུ་མེད་པར་སྣང་ངོ་། །གཞན་ཡང་འཆད་པ་བཞིན་འཁོར་ལོར་གསལ་བར་གྱུར་པའི་དུས་སུ་ལུས་ཀྱི་དངོས་པོ་རིལ་གཡོ་ཞིང་དེས་མཚོན་པ་ཐམས་ཅད་ཀྱང་མིང་གིས་བསྡུས་པ་ཙམ་སྟེ། སྒྱུ་མར་མངོན་དུ་གྱུར་པ་ཁོ་ནའོ། །ཞེས་བྱ་བ་ཁོ་ནའོ། །ཨ། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །ཅེས་བྱ་བ་ནི། ལམ་གྱི་དབང་དུ་གསུངས་ཏེ། ཨ་ནི་ཨའོ། །དཀར་བ་ནི་བྱང་ཆུབ་སེམས་ཀྱི་ཕྱིར་རོ། །གནས་ནི་བསྐྱེད་རིམ་ལ་ངེས་པར་སྙིང་གར་ཏེ། ཏིང་ངེ་འཛིན་བརྟན་ནས་སྤྲོས་ལ་དེས་ཁམས་གསུམ་རིམ་ཡང་སེམས་ཀྱི་ངོ་བོ་ཉིད་དུ་བརླབ་པར་སྣང་བའོ། །རྫོགས་པའི་རིམ་པ་ལ་ནི་ལྟེ་བ་ཉིད་དུ་སྟེ། ཏིང་ངེ་འཛིན་རྗེས་སུ་མཐུན་པས་ལུས་ཀྱི་རྩ་མ་ལུས་པའི་བདེ་བ་ཆེན་པོ་བསྐྱེད་དེ་བསྡུ་བ་ལས་འདས་པ་ནི། ཡེ་ཤེས་རྡོ་རྗེའི་ངོ་བོ་ཉིད་དང་། ཉེ་བར་ལེན་པའི་ཡང་རྒྱུའོ། །དེ་བཞིན་དུ་ཀ་ལ་སོགས་པ་ཀུན་ལ་ཡང་འཇུག་པ་ནི་ཡོངས་སུ་རྫོགས་པའི་རྒྱུའི་ཕྱིར། དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཞེས་གསུངས་སོ། །ཨ་ནི་སྟོང་དང་མི་སྟོང་གི། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེ་ཕྲེང་བ་ཉིད་ལ་གནས། །ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་གནས་པའི་ཕྱིར་དབྱིབས་དང་ཁ་དོག་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་སུ་གསལ་བས་བརྗོད་དུ་མེད་པའི་ཕྱིར་མཐའ་གསུམ་ལས་འདས་པས་ཆོས་ཀྱི་སྐུ་ཁོ་ནའོ། །དེས་ན་དེ་ཉིད་རང་སྣང་བའི་ཡི་གེ་ཀུན་དང་། དེས་མཚོན་པའི་དངོས་པོར་རིལ་ཡང་རྗེས་སུ་མཐུན་པར་ཤེས་ན། སངས་རྒྱས་ཀྱི་ཆོས་སྐུ་གཞན་ན་མེད་པའོ་ཞེས་བྱའོ། །ལོངས་སྤྱོད་ཀྱི་སྐུ་བསྟན་པའི་ཕྱིར། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཞེས་གསུངས་ཏེ། ཨའི་བདེ་བ་མ་འགགས་པ་ཡི་གེ་བཞི་བཅུ་ཞེ་གཉིས་སུ་རང་སྣང་བའི་ཕྱིར་རྟ་རྔ་བརྒྱ་ཤས་ཀྱི་སྒྲའི་ཡེ་ཤེས་སྐད་ཅིག་མའི་བདེ་བ་ཇི་ལྟ་བར་ཕུང་པོ་ལ་སོགས་པ་རིལ་དེ་ལྟར་མངའ་མཛད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཁོ་ནའོ། །ཨེ་མའོ་ངོ་མཚར་ཡ་མཚན་གྱི། །འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་། །ཚིག་རྣམས་ལ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །ཞེས་བྱ་བ་ནི། སྤྲུལ་པའི་སྐུར་སྟོན་ཏེ། མིང་དང་ལས་དང་རང་བཞིན་ལ་ངམ་པ་གསུམ་མོ། །ཡི་གེའི་མིང་རྣམས་ཀྱིས། ཚིག་ཐམས་ཅད་སྡུད་ལ། ཚིག་གིས་ཐ་སྙད་མ་ལུས་པ་བརྡའ་སྤྲོས་པས། མིང་གི་ལས་ཡིན་ཏེ། གསུང་ཁོ་ནའོ། །དངོས་མེད་ཡི་གེའི་རང་བཞིན་སེམས། །བདག་མེད་མཐའ་བྲལ་མི་དམིགས་ཀྱང་། །ཞེས་བྱ་བ་ནི། སེམས་ཉིད་ཡི་གེ་རང་སྣང་བའི་ཕྱིར་བདེ་བ་ཆེན་པོའི་རིག་པ་ལས་གཞན་མེད་པས་མཐའ་གསུམ་ལས་འདས་པའི་ཕྱིར། ཡུལ་དང་བྲལ་བས་ཐུགས་ཁོ་ནའོ། །དབྱིབས་དང་ཁ་དོག་མིང་ཚོགས་ཀྱི། །རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན། །ཞེས་བྱ་བ་ནི། རང་བཞིན་དེ་ལྟ་བུའི་ཕྱིར། ཡི་གེ་དེ་ལས་ཕུང་པོ་དང་རིགས་ལ་སོགས་པ་ཐམས་ཅད་དུ་སྣང་ཞིང་ཀུན་ཏུ་གྱུར་པས་ན་སྐུའི་ལས་ཁོ་ནའོ། །བཤད་པ་དེ་དག་ཡོངས་སུ་རྫོགས་པའི་ཕྱིར། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས། །དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཡི་གེ་མགོ་ནས་ཀྵ་ལ་རྫོགས། །ཞེས་གསུངས་སོ། །སེམས་ཀྱི་རང་བཞིན་ཡི་གེ་སྟེ། །ཡི་གེ་དངོས་པོ་ཡོད་མ་ཡིན། །ཞེས་བྱ་བ་ནི། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་བཞི་ནི་ཨ་ལ་སོགས་པ་བཞིར་ངེས་པར་གནས་ལ། དེ་དག་རེ་རེའི་རྩལ་ཡང་ཡི་གེ་དུ་མར་རང་སྣང་བས་ཡི་གེའི་ངོ་བོ་ཉིད་མེད་པ་ཁོ་ནའོ། །དེ་ལྟ་བས་ན་སེམས་ཀྱི་ངོ་བོ་ཡི་གེ་རྣམས་ནི་སྣང་སྟོང་གཉིས་སུ་མེད་པའི་ཕྱིར། དམིགས་པ་དང་བྲལ་བས་རང་རིག་པ་ཁོ་ན་སྟེ། དཀྱིལ་འཁོར་ལ་སོགས་པ་གང་དུ་ཡང་མི་འགག་པར་སྣང་བའི་ཕྱིར། དམིགས་མེད་དེ་ཉིད་སྣ་ཚོགས་པའི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ། །ཞེས་གསུངས་སོ། །སྐུ་གསུང་ཐུགས་ནི་ངོ་མཚར་གྱི། །ཡ་མཚན་འཕྲུལ་ཆེན་རབ་འགུགས་པའོ། །དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །ཅེས་བྱ་བ་ནི་ལས་དང་རྒྱུ་ཡིས་མིང་དོན་ལས་བཏགས་པ་སྟེ། བཤད་པའི་ཡོན་ཏན་རིལ་རང་རིག་པའི་མངོན་སུམ་དུ་སྟོན་པའི་ཡི་གེ་ཉིད། ཚུལ་ཇི་ལྟར་སྣང་ཞེ་ན། གང་ཕུང་པོ་ལ་སོགས་པ་སེམས་ཉིད་ཀྱི་ངོ་བོ་ཉིད་ལས་མི་གཞན་པ་ནི་གསུམ་པ་ཁོ་ནར་འགྱུར་ལ། དེ་དག་ཉིད་རང་སྣང་བའི་བདེ་བ་ཆེན་པོ་ནི། བཤད་པ་བཞིན་དུ་སྣ་ཚོགས་སུ་ཡང་གསལ་བའི་ཕྱིར་གཉིས་པ་སྟེ། དེ་ཡང་རང་སྣང་བའི་ཕྱིར་གཞན་གྱིས་བྱས་པར་ཐལ་བ་མེད་དོ། །མགོ་ནི་མ་ནོར་ལམ་ཡིན་ཏེ། །ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། །ཅེས་བྱ་བ་ནི་རིམ་པ་བཟློག་སྟེ་ལུས་ཀར་དག་པ་ཐབས་ཀྱི་ངོ་བོ་སྐུ་སྟེ། དེ་ཉིད་ཡི་གེ་རྣམས་ཚིགས་སུ་གཅོད་པའི་ཤད་དུ་སྣང་ངོ་། །ཏིག་གིས་བྱེ་བྲག་ཕྱེ་ནས་མིང་སྟོན་པས་ངག་ཀར་དག་པ་གསུང་སྟེ། ཤེས་རབ་བོ། །ཡི་གེ་སྦྲུལ་ལྟ་བུས་ཐམས་ཅད་ཀྱི་མགོ་འདྲེན་པ་ཉིད་པས་ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྟེ། ཡང་དག་པའི་ལམ་མོ་ཞེས་བྱའོ། །ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཅེས་བྱ་བ་ནི། ཆོས་ཀྱི་ཁམས་རིལ་སེམས་ཉིད་པས་སོ་སོར་མ་སྐྱེས་པ་ནི་བླ་དྭགས་སུ་དེ་བཞིན་ཉིད་ཅེས་བྱ་སྟེ། དེ་ཉིད་ངེས་པར་ཨར་སྣང་སྟེ། དེའི་ཕྱིར་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པས་ཀུན་ཏུ་བཟང་མོ་ཞེས་བྱ་སྟེ། གང་དུ་ཡང་མ་ངེས་པར་ཐམས་ཅད་སྣང་བ་ཁོ་ནའོ། །ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཅེས་བྱ་བ་ལ་སོགས་པ་ནི་ལྔ་ཕུང་སྒྱུ་མ་ལྟ་བུ་སེམས་ཉིད་ཡིན་པས་ཡེ་ཤེས་སུ་རང་སྣང་བ་ནི་དམིགས་པ་མེད་པར་སྣ་ཚོགས་སུ་སྣང་བའི་ཕྱིར། སྐབས་ཀྱི་ཡི་གེ་ལྔ་སྟེ། དེ་དག་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པར་ཐ་སྙད་དུ་འདོགས་སོ། །ཐ་ནི་དྲྭ་བས་མངོན་རྫོགས་ཉིད། །ཅེས་བྱ་བ་ལ་སོགས་པ་ནི། དྭངས་མ་ཡེ་ཤེས་ཀྱི་འབྱུང་བ་ལྔ་ནི་ནམ་མཁའ་ལ་སོགས་པ་ཀུན་ཏུ་སྣང་ཞིང་རིལ་ཡང་ཐ་མི་དད་པར་སྡུད་པས་ཐམས་ཅད་སེམས་ཉིད་དུ་རང་སྣང་བ་ནི་ཡི་གེ་ལྔ་སྟེ། ཀུན་ཏུ་བཟང་མོ་ལ་སོགས་པ་ཁོ་ནའོ། །ཞེས་བྱའོ། །ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག །ཅེས་བྱ་བ་ལ་སོགས་པ་ནི། རྣམ་ཤེས་བཞི་པོ་ཉིད་རིག་པ་ཁོ་ནའི་ཕྱིར་ཐུགས་ཏེ། དེའི་ཕྱིར་ཡི་གེ་བཞི་པོ་ཉིད་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། སྤྱན་རས་གཟིགས་དང་བཞིའོ་ཞེའོ། །ང་ནི་ཐུགས་ཀྱང་འཇིག་བྱེད་པའོ། །ཞེས་བྱ་བ་ནི། ལུས་ཀྱི་འབྲས་བུ་ཤེས་པའི་ངོ་བོ་གསང་བའི་རྣམ་པར་ཤེས་པའི་ལས་ཀྱིས་དེ་དག་ལ་ཡང་མི་གནས་པར་བྱེད་པའི་ཕྱིར་ཁྲོ་བོ་སྟེ། གཤིན་རྗེ་གཤེད་པོ་ཞེས་བྱའོ། །ཙ་ནི་སྤྱན་གྱི་སྐུ་ཡི་མཆོག །ཅེས་བྱ་བ་ལ་སོགས་པ་ནི་ཡུལ་བཞི་ལ་རྣམ་ཤེས་བརྟེན་པའི་ཕྱིར་སྐུར་འགལ་བ་མེད་དེ། བཤད་པ་བཞིན་སེམ་མ་ལཱ་སྱ་ལ་སོགས་པ་བཞིའོ་ཞེའོ། །ཉ་ནི་སྐུ་ཡང་འཇིག་བྱེད་པའོ། །ཞེས་བྱ་བ་ནི། ལུས་ཀྱི་ཡུལ་གསང་བའི་པདྨའི་ལས་རྗེས་སུ་མཐུན་ཏེ་རང་བཞིན་བཤད་པ་བཞིན་པས། ཉ་ནི་སྟོབས་པོ་ཆེའོ། །པ་ནི་སྤྱན་གྱི་གསུང་གི་མཆོག །ཅེས་བྱ་བ་ལ་སོགས་པ་ནི། དབང་པོ་རྣམས་ནི་ཡུལ་དང་ཤེས་པ་རྣམས་ཕྱི་ནང་གི་ཚུལ་གྱིས་བརྡའ་སྤྲོད་པར་བྱེད་པས་གསུང་སྟེ། བཤད་པ་བཞིན་པས། བྱམས་པ་ལ་སོགས་པ་ཁོ་ནའོ། །མ་ནི་གསུང་ཡང་འཇིག་བྱེད་པའོ། །ཞེས་བྱ་བ་ནི། གསང་བའི་དབང་པོ་སྟེ། རྗེས་སུ་མཐུན་པའི་ཕྱིར་རོ། །ཡ་ནི་སྐྱེ་བ་རྣམ་པར་དག །ཅེས་བྱ་བ་ལ་སོགས་པ་ནི། དུས་བཞི་ཁོ་ན་སྟེ། འདས་པ་གོ་འབྱེད་པ་དང་། ད་ལྟར་གནས་པ་དང་། རྒྱུ་རྐྱེན་འདུ་དགོས་པའི་ཕྱིར་མི་རྟག་པ་ཉིད་དང་། ངོ་བོ་ཉིད་འདི་འ དྲར་བསྟན་དུ་མེད་པ་རྣམས་ནི་མ་ནིང་གི་ཡི་གེ་བཞིར་སྣང་སྟེ་དྷཱུ་པེ་ལ་སོགས་པའོ། །ཤ་ནི་རྟག་པ་དག་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ནི། གསང་བའི་ཁམས་གསུམ་འདུས་ནས། ཨོ་ལྟར་སྣང་བའི་དུས་ན་རྟག་ཆད་བདག་མཚན་ངང་གི་སྟོང་པ་ཉིད་དེ། དེ་ཡང་ངོ་བོར་ཉིད་ཀྱིས་མ་གྲུབ་པ་ཉིད་ཡི་གེ་བཞི་སྟེ། སྒོ་མ་བཞིའོ། །ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ཞེས་བྱ་བ་ནི། རྣམ་ཤེས་ལྔའི་ཡུལ་རིལ་ཀྱང་ཡིད་ཁོ་ནས་གཅོད་པའི་ཕྱིར་བརྩེགས་པ་སྟེ། ཡིད་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་ལ་སོགས་པའི་ཆ་ཤས་རིལ་ཟད་པས། ཀྵ་ཡ་ཞེས་བྱ་བ་སྟེ། ཐམས་ཅད་ཀྱང་དེ་བཞིན་པར་བྱེད་པས་ཀུན་ཏུ་བཟང་པོའོ། །ཨི་ནི་རྡུལ་སྙེད་ལྷ་རྣམས་སུ། །ཞེས་བྱ་བ་ལ་སོགས་པ་ནི། ཐོག་མ་མེད་པ་ཅན་གྱི་གཉིས་ཀྱི་བག་ཆགས་དྲུག་པོ་ནང་རིས་སུ་གྲངས་ལས་འདས་པ་རིལ་ཡང་སེམས་ཉིད་ཁོ་ན་བས་ཡེ་ཤེས་དྲུག་གི་ངོ་བོ་ཉིད་དུ་གསལ་བ་ནི་ཡི་གེ་དྲུག་ཁོ་ན་སྟེ། ཐུབ་པ་དྲུག་གོ། །ཨོ་ནི་ཐམས་ཅད་འཇིག་པར་བྱེད། །ཨ་ནི་ཐམས་ཅད་ཞིག་པ་ཡིན། །ཞེས་བྱ་བ་ནི། གསང་བའི་ཁམས་གསུམ་འདུས་པ་ཉིད་དུ་བདེ་བ་སྐྱེས་པའི་དུས་ན། ཁམས་བཅོ་བརྒྱད་དང་། ཕྱིན་ཅི་ལོག་བཞི་ལ་སོགས་པ་རིལ་མཐུ་ཉམས་པར་འགྱུར་ལ། ངེས་པར་གཅད་པའི་དུས་ན་བདེ་བ་ཉིད་ལས་ཀྱང་འདས་ཏེ། བརྗོད་པ་དང་བྲལ་བ་ཉིད་ཡེ་ཤེས་ལྔ་སྟེ། བདུད་རྩི་འཁྱིལ་བའོ་ཞེས་བྱའོ། །དེ་དག་ཉིད་ཀྱི་ཕྱིར། ཡི་གེ་འཁོར་ལོ་ཚོགས་ཆེན་འདིས། །སྐུ་གསུང་ཐུགས་ཀྱི་ཕྲེང་བ་བསྡུས། །ཞེས་གསུངས་སོ། །དེ་ནས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །ཞེས་བྱ་བ་ནི། ཉི་ཟླ་འབྱོར་པ་ནི་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཞེས་བྱའོ། །དེ་ཉིད་སྤྲིན་ལྟ་བུར་འཁོར་ལོ་བཞི་ལ་སོགས་པ་ཀུན་ཏུ་ཁྱབ་པ་ཉིད་ཡི་གེའི་ཚོགས་སུ་རང་སྣང་བས། འདུས་མ་བྱས་པ་ནི་ཡོངས་སུ་རྫོགས་པའི་རྒྱུ་ཁོ་ན་སྟེ། རང་བཞིན་གྱིས་གནས་པའི་ཕྱིར་རང་བཞིན་གསུང་གི་དཀྱིལ་འཁོར་ཉིད་དོ། །སྒྲུབ་པ་པོས་ཀྱང་རྗེས་སུ་མཐུན་པར་རྒྱུ་མ་ནོར་བ་རྩ་བའི་སྔགས་ལས། ཏིང་ངེ་འཛིན་ནམ་ཐབས་ཀྱིས་བཀོད་པ་ནི་རྐྱེན་ཁོ་ནའོ། །དེས་ཅི་ཞིག་འོང་སྙམ་པ་ལ། འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ། །ཞེས་བྱ་བ་ནི། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྨད་དུ་བྱུང་བ་རང་རིག་པའི་མངོན་སུམ་པ་ནི། སངས་རྒྱས་བཞི་བཅུ་གཉིས་སོ། །དེ་དག་བསྒྲུབ་པའི་དབང་དུ་འདུས་བྱས་ཉིད་དུ་བརྗོད་ཀྱང་། ངོ་བོ་ཉིད་ནི་དུས་གསུམ་དུ་མི་ཕྱེད་པས་རྡོ་རྗེའི་དཀྱིལ་འཁོར་ཉིད་དོ། །འདའ་བར་མི་མཛད་དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན། །ཞེས་བྱ་བ་ནི་མི་འདའ་བའི་ཕྱིར་དམ་ཚིག་སྟེ། ཡོངས་སུ་རྫོགས་པའི་རྒྱུ་ལ། ལས་སམ་ཏིང་ངེ་འཛིན་གྱིས་ལྷན་ཅིག་བྱས་པས་སྨིན་པར་སྣང་བ་ནི། གདུལ་བྱའི་སྣང་བ་སྟེ། རང་སྣང་བ་ཉིད་མཐུ་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེའི་འཁོར་ལོར་གྱུར་ཏོ། །ཞེས་བྱ་བ་ནི། རང་བཞིན་གྱི་དཀྱིལ་འཁོར་གཉིས་ཀྱིས་བསྡུས་པ་རིལ། ཡི་གེ་བཞི་བཅུ་རྩ་ལྔར་འདུས་ཤིང་། དེ་དག་ཉིད་དེའི་ངོ་བོ་བས་དེ་ལ་དེ་སྐད་ཅེས་བྱའོ། །ཡི་གེ་ཕྲེང་བའི་འཁོར་ལོ་བཀོད་པ་ཞེས་བྱ་བ་ནི། གསུང་གི་དཀྱིལ་འཁོར་གྱི་རིམ་པ་དང་། ལས་དང་། ཡོན་ཏན་དང་། མཚན་ཉིད་དང་། ངོ་བོ་ཐ་དད་པར་སྣང་བའི་ཕྱི་རོ། །ལེའུ་བཞི་པ་མདོར་བཤད་པའོ།། །།དེ་ནས་ཡི་གེ་འཁོར་ལོ་སྤྲིན་བཀོད་པ་ལས་སྒྱུ་འཕྲུལ་རྣམ་པར་འཕྲོ་བ་ཞེས་བྱ་བ་ནི། ཏིང་ངེ་འཛིན་གྱིས་ཡི་གེ་བཀོད་པའི་མཐུ་ལས་ལྷའི་དཀྱིལ་འཁོར་དང་། ལས་དང་དངོས་གྲུབ་གསུམ་ལ་སོགས་པར་སྣང་བ་རྣམས་ནི་འཕྲོ་བ་ཞེས་བྱ་བ་སྟེ། གདུལ་བྱའི་སྣང་བ་ཁོ་ནར་སྟོན་ཏེ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་བསྐྱེད་པའི་རིམ་པའི་དབང་དུ་རྒྱུད་ཀྱི་རིམ་པ་སྤངས་ཏེ། མན་ངག་གི་རིམ་པ་ལ་འཇུག་པར་བྱའོ། །དེ་ལ་འགྲུབ་པའི་རྒྱུ་བསྟན་པའི་ཕྱིར། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །འགྲུབ་འགྱུར་མི་ལྡན་དོན་མེད་བརླག །ཅེས་གསུངས་ཏེ། སྟོན་པའི་རང་བཞིན་ཅན་གྱི་བླ་མ་ཡང་དག་པ། སྒོ་གསུམ་ནས་མཉེས་པར་བྱས་ནས། དབང་རིམ་པར་ཐོབ་པར་བྱ་བ་དང་། བརྩོན་འགྲུས་ཀྱིས་མངོན་དུ་བྱ་བའི་སྒོ་གསུམ་གྱི་སྤྱོད་ལམ་ཡོངས་སུ་སྦྱངས་པ་དང་། འཆད་པ་བཞིན་ལྟ་བ་ཡོངས་སུ་དག་པར་བྱ་བ་དང་། བཅོ་ལྔ་པོ་ལ་སོགས་པའི་དམ་ཚིག་ཡོངས་སུ་དག་པར་བྱ་བ་དང་། ཕྱག་རྒྱ་ཆེན་པོ་དང་སྔགས་ཀྱི་ཡན་ལག་རྣམས་མ་ཉམས་པར་ལྡན་པ་དང་། གནས་ཁང་དང་ལོངས་སྤྱོད་བཞི་པོ་དག་ཚང་བར་མི་ལྡན་པར་བསྒྲུབས་ཀྱང་ཆད་པའི་གནས་སུ་འགྱུར་བའི་ཕྱིར་དེ་དག་ངེས་པར་རྫོགས་པར་བྱའོ་ཞེས་གསུངས་སོ། །གཉིས་པ་ལྟ་བ་བསྟན་པའི་ཕྱིར། གང་གིས་དམིགས་མེད་མི་ཤེས་པ། །དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས། །ཞེས་གསུངས་ཏེ། གང་ནི་སྐལ་བ་དམན་ཞིང་བླ་མའི་མན་ངག་གིས་མ་ཟིན་པ་དག་གོ། །སེམས་ཉིད་ནི་ཅི་ཡང་མ་ཡིན་པའི་ཕྱིར། མིང་གི་མཚོན་པ་ཞིག་ཡིད་ལ་བྱེད་པ་རྣམས་ནི་དམིགས་པ་ཅན་ཞེས་བྱའོ། །དེ་དག་ནི་འོ་མ་འདོད་པ་རྭ་ལ་འཇོ་བ་ལྟ་བུའོ། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་དམིགས་མེད་ཤེས་པར་གྱིས། །ཞེས་བྱ་བ་ནི། གཏན་ཚིགས་སྔར་ཐལ་ཏེ། ཡེ་ཤེས་ནི་རྒྱུ་རྐྱེན་ལས་འདས་པ་ཁོ་ནའི་ཕྱིར། འཇིག་པ་ལ་མི་ལྟོས་ཏེ། དངོས་པོ་རིལ་སེམས་ཉིད་དུ་འཇིག་ལ། དེ་ཉིད་ཡེ་ཤེས་སུ་གསལ་བས་སྟོང་པ་ཉིད་ཀྱང་འཇིག་སྟེ། སེམས་ཀྱི་ཡེ་ཤེས་ནི་འཆད་པ་བཞིན་པས་ངང་གིས་དམིས་སུ་མེད་པའོ་ཞེས་བྱའོ། །དེ་ཉིད་ཅིའི་ཕྱིར་སྙམ་པ་ལ། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིག་རྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཞེས་བྱ་བ་ནི། སེམས་ཉིད་ཕྱི་མོའི་རྒྱུ་རྐྱེན་དང་བྲལ་བའི་ཕྱིར། རང་བྱུང་གི་ཡེ་ཤེས་ཏེ། དེ་ནི་ངོ་བོ་ཉིད་མ་གྲུབ་པས་སེམས་ཅན་གྱི་མཚན་མ་གསུམ་དང་། སྒོ་ང་ལྟ་བུ་དང་། འགྲོ་བ་དྲུག་དང་། གཟུགས་ཀྱི་མཚན་མ་གཉིས་དང་རྟེན་པར་བྱ་བ་དང་། བྱེད་པའི་གནས་ལ་སོགས་པ་གང་གི་ངོ་བོ་ཉིད་དུ་ཡང་གདོད་ནས་མ་གྲུབ་པས་དེ་བཞིན་ཉིད་ཅེས་བྱའོ། །དེ་ཉིད་མུ་མཐའ་བྲལ་ཞིང་ཐམས་ཅད་ཀྱི་འབྱུང་གནས་པས་མཉམ་པའི་དབྱིངས་ཏེ། དེ་ཉིད་རང་རིག་པ་ཁོ་ནར་གསལ་བས་མིང་ཡེ་ཤེས་གཉིས་སུ་ཡང་འདོགས་སོ། །དེའི་ཕྱིར་དེ་ཉིད་རང་བཞིན་དང་། ཏིང་ངེ་འཛིན་དང་། ལྷག་པའི་ཕྱག་རྒྱ་གསུམ་དང་ཡང་མི་འགགས་པར་སྣང་བའི་ཕྱིར། ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་གསུངས་སོ། །གསུམ་པ་དེ་ལ་བསྒོམ་དགོས་པར་བསྟན་པའི་ཕྱིར། དངོས་རྣམས་ཉིད་ནི་དངོས་མེད་པར། །རྟོགས་པའི་དབང་སྒྱུར་ཏིང་འཛིན་ཡིན། །ཞེས་གསུངས་ཏེ། བཤད་པ་ལྟར་དངོས་པོ་རིལ་སེམས་ཉིད་ཁོ་ནར་གསལ་ལ། སེམས་ཉིད་བཤད་པ་ལྟར་མ་གྲུབ་བཞིན་པས། དངོས་པོ་རྣམས་གང་དུ་ཡང་གྲུབ་མ་མྱོང་བར་ཤེས་ནས། དེ་ཉིད་ལས་མ་ཡེངས་པའི་བཏང་སྙོམས་ནི་ཤིན་ཏུ་གཅེས་པར་གསུངས་སོ། །བཞི་པ་བསྒོམ་པའི་ཐབས་བསྟན་པའི་ཕྱིར། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་གསུངས་ཏེ། གང་བཤད་པ་ལྟར་ཤེས་པ་དེས་ཤེའོ། །འཁྲུལ་པའི་ཡུལ་སྣ་ཚོགས་ཀྱིས་གཡེངས་པའི་སེམས་ནི། དཔེར་ན་གླང་པོ་ཆེ་རྒུན་ཆང་གིས་མྱོས་པ་ལྟ་བུ་སྟེ། དེ་དག་འདུལ་བ་ནི་ཞི་གནས་ལྟ་བུ་མ་ཡིན་ཏེ། ལྟ་བའི་རྗེས་སུ་ཅིར་ཡང་མི་དམིགས་པ་ནི་མཉམ་པར་བཞག་པ་ཞེས་བྱ་སྟེ། དབུས་ལས་ཀྱང་འདས་པའི་ཕྱིར་རོ། །གཞི་ཇི་བཞིན་པར་མིང་གཉིས་སུ་ཕེབས་པ་ནི་ཐུལ་བ་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཞེས་ཐ་སྙད་དུ་འདོགས་སོ། །ཞེས་བྱའོ། །ལྔ་པ་དེ་ཉིད་ཐམས་ཅད་དུ་སྣང་བར་བསྟན་པའི་ཕྱིར། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་གསུངས་ཏེ། གཅིག་ནི་བཤད་ཟིན་ཏོ། །དེ་ལྟ་བུ་ལས་ཕྱག་རྒྱ་གསུམ་པོ་དང་འཁྲུལ་པའི་ཆོས་རིལ་ཡང་སྣང་བས་ཐམས་ཅད་ཀྱི་རྩ་བ་སྟེ། དེ་དག་དེ་ཉིད་དུ་གཉིས་མེད་པར་ཤེས་པ་ནི། གཉིས་སུ་མེད་པའི་སྙིང་རྗེའོ། །ཐམས་ཅད་ལས་འདིར་སྐབས་ཀྱི་ཡི་གེ་ཨ་རུ་སྣང་བ་ལས། རིན་པོ་ཆེ་ལྟར་དྲན་པ་ཙམ་གྱིས་ཡི་གེ་ཕྲེང་བ་ཡང་འབྱུང་ལ། དེ་དག་ནམ་མཁའ་ཁྱབ་པར་སྤྲོ་བ་དང་བསྡུ་བའང་བྱའོ། །ཞེས་བྱའོ། །དྲུག་པ་དེ་ལས་དཀྱིལ་འཁོར་བསྐྱེད་པ་བསྟན་པའི་ཕྱིར། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་གྱི། །དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་གསུངས་ཏེ། རང་རིག་པ་ཉིད་ཡི་གེ་ཨར་སྣང་བ་ནི་རྩ་བའི་ཐབས་ཞེས་བྱའོ། །དེ་ལས་གཞལ་ཡས་ཁང་གདན་དང་བཅས་པར་སྣང་བ་ནི་གཞིའི་ཐབས་སོ། །དེ་དག་ཏུ་ལྷའི་དཀྱིལ་འཁོར་བཀོད་པ་ནི་བསམ་གྱིས་མི་ཁྱབ་པའི་ཐབས་ཞེས་བྱའོ། །དེ་དག་ཀྱང་རང་རིག་པ་ཁོ་ན་ཡིན་པ་ལས། དམན་པའི་བློ་ལ་ཐ་དད་དུ་སྣང་བའི་ལྷ་རྣམས་དང་གནས་དེ་དག་འདུས་མ་བྱས་ཏེ། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སུ་རང་སྣང་བས། ཡེ་ཤེས་ལ་ཡེ་ཤེས་རོལ་པ་སྟེ་བརྟགས་པ་དང་རྒྱུ་རྐྱེན་གཞན་གྱི་དབང་ལས་འདས་པ་ཁོ་ནའོ། །དེ་ནི་སྤྱོད་ཡུལ་ཡོངས་སུ་དག་པས། འཁོར་བ་དང་ལམ་གྱི་གཡང་ས་གཉིས་དང་བྲལ་བས་ཅི་བདེར་མནོས་ཤིང་ཅེས་བྱའོ། །བདུན་པ་དེ་ཉིད་ཀར་དག་པས་བླང་དོར་བྲལ་བར་བསྟན་པའི་ཕྱིར། དེ་ཉིད་ཡེ་ཤེས་རང་སྣང་བའི། །མིང་ཚིག་གཟུགས་སོགས་ཡིད་བཞིན་གྱིས། །མུན་ལ་སྣང་འབྱུང་ཇི་བཞིན་དུ། །འགྱུར་བ་གསེར་འགྱུར་སྨན་གྱི་ཚུལ། །ཞེས་གསུངས་ཏེ། ཐབས་གསུམ་པོ་ཉིད་ཅི་ཞིག་ལས་སྣང་ཞེ་ན། གདོད་མ་ནས་སེམས་ཀྱི་ཡེ་ཤེས་རང་སྣང་བའི་འཁོར་ལོའི་ཡི་གེ་དང་། ཕུང་པོ་ལ་སོགས་པ་ཁམས་གསུམ་རིལ་སེམས་ཉིད་ཀྱི་ཕྱིར་ཅིར་ཡང་སྣང་བས། དེ་དག་ཐབས་གསུམ་དུ་ཏིང་ངེ་འཛིན་གྱིས་དབང་སྒྱུར་ཡང་བླང་བ་དང་དོར་བ་མེད་པ་ནི་ངེས་པར་དཔེ་གསུམ་གྱིས་མཚོན་ཏེ་གོ་སླ་བས་མ་བཤད་དོ། །བརྒྱད་པ་དེ་དག་ལ་འདྲིས་པར་བསྒོམ་པའི་ཕྱིར། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་གསུངས་ཏེ། དེ་དག་ལས་ཕྲ་མོ་དང་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་གྱིས་ཕྱག་རྒྱ་ཆེན་པོར་སྔགས་ཀྱི་ཡན་ལག་ལྔ་དང་ལྡན་པར་གསལ་བ་ལ་ཡུལ་གྱིས་མི་འཕྲོགས་པ་ལས་དངོས་གྲུབ་རྣམ་གཉིས་ངེས་པར་འབྱུང་བས། བརྟན་པ་གནས་པ་ཁོ་ནར་བྱའོ་ཞེའོ། །དགུ་པ་དེའི་ཐུན་མོང་གི་དངོས་གྲུབ་བསྟན་པའི་ཕྱིར། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །ཞེས་བྱ་བ་ནས། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་པའི་བར་དུ་གསུངས་ཏེ། དུག་ལས་བདུད་རྩིར་བསྒྱུར་བ་ལ་སོགས་པ་དངོས་པོ་ཐམས་ཅད་ཕན་ཚུན་མི་མཐུན་པར་བསྒྱུར་བ་དང་། དངོས་པོ་ཁྱད་པར་དུ་གྱུར་བར་བྱས་པ་ལ་སོགས་པས་སེམས་ཅན་གྱི་བསམ་པ་ཡོངས་སུ་སྐོང་བ་སྟེ། ཐམས་ཅད་ཀྱང་བདག་ལས་མི་གཞན་པར་ཤེས་ནས་སྟོབས་སུ་གྱུར་པའི་ཕྱིར་རོ། །དེ་དག་ཏིང་ངེ་འཛིན་གཉིས་ཀྱི་སྐབས་སུ་ཤས་ཀྱིས་ནུས་སོ་ཞེས་བྱའོ། །བཅུ་པ་མཆོག་གི་དངོས་གྲུབ་བསྟན་པའི་ཕྱིར། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། གང་ཕུང་པོ་ལ་སོགས་པ་ལྷའི་དཀྱིལ་འཁོར་བཞི་བཅུ་གཉིས་སུ་རང་རིག་པ་མངོན་སུམ་དུ་གསལ་བས་ཁམས་གསུམ་རིལ་ལྷའི་ཚོགས་སུ་གསལ་ཡང་། སྤྱོད་ཡུལ་དང་བྲལ་བས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། འབྲས་བུ་ལུས་པ་མེད་པ་ཁོ་ནའོ་ཞེས་བྱའོ། །བཅུ་གཅིག་པ་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། དུས་གསུམ་རྒྱལ་བས་ཐུགས་ཆུད་པའི། །དངོས་གྲུབ་མཆོག་གི་སྙིང་པོ་ནི། །ཟད་པའི་དུས་མེད་ཡིད་བཞིན་མཛོད། །འཕེལ་འགྲིབ་མེད་པར་འབྱུང་བ་སྟེ། །དངོས་པོ་མེད་ལས་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །ཞེས་གསུངས་ཏེ། བཤད་པ་བཞིན་དུ་དངོས་པོ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བ་ནི། རྒྱལ་བ་མ་ལུས་པའི་ངོ་བོ་ཉིད་དང་། ལྟ་བ་དང་། དངོས་གྲུབ་གསུམ་ག་ཡིན་པའི་ཕྱིར། གཞན་དག་ལས། བྱང་ཆུབ་སེམས་ཀྱི་དོན་རྟོགས་པས། །སངས་རྒྱས་ཀུན་གྱི་ཉིང་ཤ་ཅན། །ང་ནི་སངས་རྒྱས་ཀུན་གྱི་དུར། །དུར་ཁྲོད་ཆེན་པོ་ང་ཉིད་ཡིན། །ཞེས་འབྱུང་ངོ་། །དེ་ཉིད་ངོ་བོ་གཅིག་ཏུ་མ་གྲུབ་པར་གདུལ་བྱ་ལ་སྣ་ཚོགས་སུ་སྣང་ཞིང་འགྱུར་ཡང་འཕེལ་བ་དང་འགྲིབ་པ་མེད་དེ། ངོ་བོ་ཉིད་ཀྱིས་རྟག་པ་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ ཐམས་ཅད་གཟིགས་མོས་མཉེས་པར་གྱུར་ཏོ། །ཞེས་བྱ་བ་ནི། ཏིང་ངེ་འཛིན་གྱི་མཐུ་ལས་སྣ་ཚོགས་སུ་སྣང་བ་རིལ་བདག་ཉིད་ཀྱི་ཕྱིར་མ་བལྟས་པར་གསལ་བ་ནི་གཟིགས་མོ་སྟེ། མི་ཕྱེད་པ་ནི་གཉིས་སུ་མེད་པའི་མཆོད་པ་ཞེས་བྱའོ། །སྒྱུ་འཕྲུལ་དྲྭ་བ་སྒྲུབ་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི། ལྷའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་གཉིས་ཀྱིས་མཐུས་ལས་དང་དངོས་གྲུབ་མ་ལུས་པ་འགྲུབ་པ་སྟེ། ལེའུ་ལྔ་པ་བཤད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཐམས་ཅད་ཀྱིས། ཞེས་བྱ་བ་ནི། དེ་བཞིན་གཤེགས་པར་མ་ཟད། ཆོས་ཐམས་ཅད་རང་རིག་པར་གསལ་བས། མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཕྱིར་གཅིག་དང་དུ་མ་བྲལ་བ་ཁོ་ནའོ། །གང་དེ་ཉིད་མངོན་དུ་བྱས་པ་ནི་བདག་ཉིད་ཆེན་པོ་སྟེ། ཐམས་ཅད་ཀྱི་ངོ་བོ་ཉིད་དེ་ལྟར་མཚུངས་པར་བཞུགས་སོ། །ཞེས་བྱའོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་དབྱུང་བར་བཞེད་ནས་ཞེས་བྱ་བ་ནི། ཁམས་གསུམ་གྱི་ཕྱོགས་དབུས་ཐམས་ཅད་དུ་རིག་པར་རང་སྣང་བས་རིལ་ཡང་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་གདལ་བ་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་ངོ་བོ་ཡང་ཡིན་ལ་དེ་ཉིད་གསལ་བར་བསྟན་པར་དགོངས་པ་མངོན་དུ་བཞག་པ་ནི། བཞེད་པ་ཞེས་ཐ་སྙད་དུ་འདོགས་སོ། །དེ་ཉིད་བསྟན་པའི་ཕྱིར། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་སྟུན་གྱིས་གྲུབ། །ཅེས་བྱ་བ་ནི། རང་རིག་པ་ཉིད་ཕྱོགས་དབུས་ཀྱིས་བསྡུས་པ་ཐམས་ཅད་དུ་རང་སྣང་བའི་ཕྱིར། དེ་དག་དེའི་ངོ་བོ་ཉིད་དུ་གསལ་ལ་མི་རྟོག་པ་དང་། ཐམས་ཅད་དེའི་ངོ་བོར་གཅིག་པ་དང་། མ་འདྲེས་པ་དང་། ཡོངས་སུ་རྫོགས་པས་བྱ་བ་མེད་པ་དང་། མཐའ་ཐམས་ཅད་ལས་འདས་པའི་ཕྱིར་ཡེ་ཤེས་ལྔའི་དཀྱིལ་འཁོར་ཉིད་དེ། དེའི་ངོ་བོ་བློས་གཞལ་བ་ལས་འདས་པར་གནས་པ་ནི་རྫོགས་པ་ཆེན་པོ་ཞེས་བྱ་བ་སྟེ། རང་བཞིན་གསང་བའི་སྙིང་པོའོ། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་བྱ་བ་ནི། གང་གིས་དེ་མངོན་དུ་བྱས་པའི་དུས་ན། སྣང་སྤྱོད་ཐམས་ཅད་ཡེ་ཤེས་ལྔ་ལས་མི་འདའ་བས་ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པ་སྟེ་ཆེ་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཕྱུང་བ་ཞེས་བྱའོ། །དེའི་རྩལ་མི་འགག་པ་དང་། མི་ལྕོགས་པ་རྣམས་ཀྱི་ཕྱིར་ཡང་གསུངས་པ། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ཞེས་བྱ་བ་ལ་སོགས་པའི་ཚིག་གོ་སླ་སྟེ། ལེའུ་ལྔ་པ་ཏིང་ངེ་འཛིན་གསུམ་གྱི་རྗེས་སུ་གཞི་ཡི་ཐབས་འདི་ལྟར་མངོན་དུ་བྱ་བ་སྟེ། དེ་ལ་ལྷ་བཞི་བཅུ་རྩ་གཉིས་ཀྱི་ཆ་བྱད་ཅན་གྱི་སྤྲུལ་པའི་འཕྲོ་འདུས་བརྒྱན་པའོ། །དེར་ཅི་ཞིག་སྙམ་པ་ལ། སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་གསུངས་ཏེ། རང་བྱུང་གི་ཡེ་ཤེས་ལ་འབྲས་བུའི་ཆོས་ལྔ་ལྷུན་གྱིས་རྫོགས་པ། དེས་ཐམས་ཅད་ཀྱང་ཚིམ་པར་བྱེད་པ་ཉིད་སེམས་ཅན་ཆེན་པོ་ལྔ་དང་རིན་པོ་ཆེའི་ཁྲི་སྣ་ཚོགས་སུ་མཛེས་པ་བརྟན་པས་འདེགས་པ་ནི། གཞན་གྱི་གདན་ལས་སྤགས་པས་ཆེ་བའོ། །དེ་དག་ལ་སོགས་པར་དགོད་པ་ནི། ཐབས་དང་ཤེས་རབ་སྤྱོད་པའི་གདན་སུམ་བརྩེགས་ཏེ། ཐམས་ཅད་རང་རིག་པར་གསལ་བ་ནི་གང་ལ་སྤྱད་ཀྱང་མི་གོས་པས་འབྲས་བུར་གྱུར་པའི་ཕྱིར་རོ། །དེ་དག་ལ་ཅི་ཞིག་བཞུགས་སྙམ་པ་ལ། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །ཞེས་གསུངས་ཏེ། གཙོ་བོ་ལྔ་ནི་རྫོགས་པའི་སྐྱིལ་མོའོ། །ཡུལ་ལྔ་ནི་བརྟུལ་ཞུགས་ཀྱི་སྐྱིལ་མོའོ། །སེམས་དཔའ་རྣམས་ནི་མཛད་པ་ཡོངས་སུ་མ་རྫོགས་པས་འབབ་པའི་ཚུལ་ལོ། །སེམས་མ་རྣམས་བཞུགས་ཚུལ་གྱིས་འཁྱུད་པའོ། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །གཡས་ནས་མཐོང་ཐོས་སྣོམ་པ་དང་། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །ཞེས་བྱ་བ་ནི། ལྟེ་བ་དང་རྩིབས་ལ་རིགས་ལྔ་དང་། རྩིབས་མཆན་ལ་ཐུགས་ཀྱི་སེམས་དཔའ་བཞི་སྟེ། རིམ་པ་ནི་ཡི་གེའི་དབང་དུ་གསུངས་པ་སྟེ། གྲལ་ནི་ལུགས་སུ་མཐུན་པ་ཁོ་ནའོ། །གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཞེས་པ་ལ་སོགས་པ་ནི་གོ་སླ་ཏེ་རིམ་པ་ཡང་རྗེས་སུ་མཐུན་ནོ། །བར་ཁྱམས་ལ་ནི་ཐུབ་དྲུག་དང་། །མདུན་དང་རྒྱབ་ཏུ་བྱེད་པ་དང་། །བྱ་བ་དག་ནི་གནས་པར་བསྟན། །ཞེས་བྱ་བ་ནི། སྡུད་པའི་དོན་གྱིས་འདིར་བརྒྱད་ཁོ་ན་སྟེ། ཕྱོགས་མཚམས་སུ་མཉམ་པར་བཞུགས་པའོ། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །ཞེས་བྱ་བ་ནི། རྔམ་པའི་ཚུལ་གྱིས་ཞལ་ཕྱིར་བལྟས་པའོ། །དེ་དག་གི་ཕྱག་མཚན་ནི་ཅི་དང་ཅི་ཞིག་སྙམ་པ་ལ། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཛིན་པའི་རིམ་པ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། རྡོ་རྗེ་འཁོར་ལོ་རལ་གྲི་འབར། །དྲིལ་བུ་པདྨ་རིན་པོ་ཆེ། །རྡོ་རྗེ་འཛིན་པའི་རིམ་པའོ། །གཞན་གང་གནས་སུ་རྡོ་རྗེ་ཤེས། །དང་པོ་ཐུགས་དང་གཡོན་འཁྱུད་པའོ། །རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་ཆེ། །ཨུཏྤལ་ཀླུ་ཤིང་པོ་ཏི་སྙེ། །གཟུགས་མཛེས་རིན་ཆེན་ཕྲེང་བ་དང་། །པི་ཝང་གར་བསྒྱུར་སྤོས་མེ་དང་། །པུཥྤེ་མེ་ཏོག་མར་མེ་དང་། །བྱུག་པ་གཙོ་བོའི་རིམ་ཞེས་བྱ། །ནྲྀ་མགོ་རྡོ་རྗེ་ཐོད་རྒྱ་གྲམ། །ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོཿ འོད་འཕྲོ་མཉམ་བཞག་རྡོ་རྗེ་ཐལ། །ཡེ་ཤེས་རྩེ་ལྔ་ཆོས་ཁམས་དྲིལ། །ཐུགས་ལ་བསྟེན་པ་ཉིད་དུའང་གསུང་། །ཐུབ་ཆེན་ངེས་པར་ཕྱག་གཉིས་ཤེས། །གསེག་པར་གོ་མཚོན་པི་ཝང་རྡེབས། །སྒྲོམ་སྟོབས་པུ་ཏི་ཆོས་འཆད་ཚུལ། །མེ་དཔུང་བུམ་པར་ཤེས་པར་བྱའོ། །ཞེའོ། །དེ་དག་གི་སྐུ་མདོག་ཅི་ཞིག་སྙམ་པ་ལ། མཐིང་ག་དཀར་པོ་སེར་ལེ་བརྒན། །ལྗང་གུ་ལ་སོགས་སྣ་ཚོགས་པའི། །ཞེས་གསུངས་ཏེ། མཚམས་ཀྱི་སེམས་དཔའ་དང་ཁྲོ་བོ་ལ་སོགས་པའི་ཕྱིར་ན་ཉི་ཤུ་རྩ་ལྔར་ཡང་གསལ་ལོ། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །ཞེས་བྱ་བ་ནི། སྒེག་པའི་ཚུལ་གྱིས་ཐབས་དང་ཤེས་རབ་སྙོམས་པར་ཞུགས་ཀྱང་། སྐུ་དང་ཡན་ལག་མཉེན་པའི་ཕྱིར། དྲང་ཞིང་སོ་སོར་མ་འདྲེས་པར་གསལ་ལོ། །ཞེས་བྱ་བའོ། །གསལ་འཚེར་ལྷུན་སྟུག་གཟི་བྱིན་ལྡན། །ཞེས་བྱ་བ་ནི། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པས་ཤིན་ཏུ་བརྗིད་པའི་ཕྱིར། ཐམས་ཅད་ཀྱང་ཟིལ་གྱིས་གནོན་པའོ། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །ཞེས་བྱ་བ་ནི། གསལ་ལ་རྣོ་བའི་ཕྱིར་ཏེ། དེ་ཡང་དཀར་པོ་དང་། དམར་པོ་དང་། སེར་པོ་དང་། སྔོན་པོ་དང་། བཙོད་ཁ་དང་། ཤེལ་དང་དངུལ་གྱི་མདོག་ལྟ་བུ་དང་དྲུག་གོ། །དེ་དག་ནང་རིས་སུ་གཅིག་ཀྱང་དབྱེ་བ་སྟེ། དེ་དག་གི་གནས་བསྡུས་པ་མ་ཡིན་གྱི། འདིར་བ་སྤུ་རེ་རེ་ནས་བྱེ་བ་ཕྲག་དྲུག་དྲུག་ཕྱོགས་བཅུར་འཕྲོ་བའི་སྣང་བས་ཁྱབ་པར་བྱེད་པ་ནི་ཚོགས་ཆེན་པོ་ཞེས་བྱའོ། །འབར་བའི་ཕྲེང་བས་འཁྲིགས་པ་སྟེ། ཞེས་བྱ་བ་ནི། ཁྲོ་བོ་དང་ཁྲོ་མོའི་མེ་དཔུང་སྟེ་རྡོ་རྗེ་རྩེ་ལྔ་པར་འཁྱིལ་བའོ། །མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་བྱ་བ་ནི། རང་བཞིན་གྱི་རྗེས་སུ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡང་དབྱིངས་ཀྱི་མཐས་ཀླས་པར་དེ་དག་གི་ངོ་བོ་ཉིད་དུ་གསལ་བ་ལས། གདུལ་བྱ་རང་གི་སྣང་བས། གོ་ཕྱེ་ནས་སྣ་ཚོགས་སུ་སྣང་བས། དོན་བྱ་བར་བསྒོམ་པར་ཁོ་ནའོ། །ཞེས་བྱའོ། །རང་བཞིན་སྐུའི་དཀྱིལ་འཁོར་གྱི་མཚན་ཉིད་དང་། ཕྲིན་ལས་དང་། དེ་གྲུབ་པའི་ཚུལ་བསྟན་པའི་ཕྱིར། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །སྐུ་ཡི་ཕྱག་རྒྱ་ཆེན་མཆོག་ནི། །དེ་བཞིན་དབྱིངས་ལས་མ་གཡོས་ཀྱང་། །ཡང་དག་ཐར་པའི་གཟུགས་སྐུ་དང་། །འགྲོ་བ་མ་ལུས་གདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །ཞེས་པ་ནི་ཡང་དག་པར་རྫོགས་པའི་ཟུང་འཇུག་གི་སྐུ་ནི་སྐུ་ལྔ་ལྷུན་གྱིས་གྲུབ་པས། སྐུ་ཕྱག་རྒྱ་ཆེན་པོ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་མཆོག་ཁོ་ནའོ། །དེ་དག་གང་ཞེ་ན་ཅིར་སྣང་ཡང་སེམས་ཉིད་ཁོ་ནའི་ཕྱིར་སྣང་སྟོང་གཉིས་སུ་མེད་པ་ནི་ཆོས་སྐུ་ཉིད་དེ། རྒྱས་པ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཅེས་གསུངས་པས། དེ་ནི་དེ་བཞིན་ཉིད་ཀྱི་ཡང་ཡེ་ཤེས་སོ། །དེས་མ་བརྩལ་བ་ནི་མ་གཡོས་པའོ། །རྩོལ་བ་ལས་གྲོལ་བར་སྟོན་པ་ནི་ཡང་དག་པའི་ཐར་པ་སྟེ། ལོངས་སྤྱོད་ཆེན་པོའི་སྐུ་དང་། འགྲོ་བ་དྲུག་དང་མཐུན་པར་བསྟན་པ་ནི་སྤྲུལ་པ་སྟེ་བསམ་གྱིས་མི་ཁྱབ་པས་འདུལ་བ་རྣམས་སུ་སྣང་ངོ་། །ཞེས་བྱའོ། །སྟོན་ཉིད་སྒྱུ་མ་མིག་ཡོར་ཚུལ། །ཞེས་བྱ་བ་ནི། དེ་དག་ཀྱང་ལྷུན་གྱིས་གྲུབ་པའི་རྒྱུ་དང་། ལས་ཀྱི་རྐྱེན་གྱིས་སྣང་བ་ཁོ་ན་ལས། རང་རྒྱུད་དུ་སྣང་བ་རྣམས་ནི་འཁྲུལ་པའོ། །ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། ཚུལ་ཉིད་དབྱིངས་ལས་གཡོས་པ་མེད། །ཅེས་གསུངས་ཏེ། དཔེ་དེ་ཉིད་ཀྱི་ཕྱིར་སྣ་ཚོགས་སུ་སྣང་བ་ཉིད་ན་སེམས་ཀྱི་དབྱིངས་ཉིད་ཁོ་ན་བས་བདེན་པ་གཉིས་སུ་མི་ཕྱེད་པས་རྡོ་རྗེའི་སྐུའོ། །འོ་ན་ངོ་བོ་ཉིད་མེད་པ་ཉིད་སྣ་ཚོགས་སུ་སྣང་བས་རྩོལ་བས་བྱས་སོ་བར་དོགས་པ་ལ། མ་གཡོས་བཞིན་དུ་སྣ་ཚོགས་པ། །དེ་ཚེ་མི་མཐུན་སྣ་ཚོགས་ལ། །སོ་སོ་འདྲ་བར་སྣང་བ་ནི། །དེ་བཞིན་ཉིད་ཀྱིས་མ་བཅོས་ཀྱང་། །ལས་འཕྲོའི་དབང་གིས་སོ་སོར་སྣང་། །ཞེས་གསུངས་ཏེ། ཐམས་ཅད་མ་བརྩལ་བར་ལྷུན་གྱིས་གྲུབ་པ་ནི། མངོན་པར་བྱང་ཆུབ་པའི་སྐུ་སྟེ། །དེ་ཡང་རིམ་པ་མཐུན་པར་སྣང་བ་ནི་ལས་ཁོ་ནའོ་ཞེས་བྱའོ། །དཔེར་ན་མེ་ལོང་ཆུ་ཟླ་བཞིན། །ཞེས་བྱ་བ་ནི། དེ་དག་མ་གཡོས་པར་ཀུན་ཏུ་སྣང་བ་ནི་མེ་ལོང་དང་བཞིན་གྱི་ཚུལ་ལོ། །འགྲོ་འོང་མེད་པར་ཀུན་ཏུ་ཁྱབ་པ་ནི་ཆུ་ཟླའི་དཔེས་སྟོན་ཏོ། །ཞེས་བྱ་བའོ། །དེ་ཚེ་འགྲོ་དྲུག་ཐམས་ཅད་ལ། །སྡིག་སྤོང་གཟུགས་སུ་རྣམ་པར་བསྟན། །དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས། །རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། །ཞེས་བྱ་བ་ནི་གོ་སླའོ། །གཞན་ཡང་ཐེག་མཆོག་རིམ་པ་བཞིན། །ཞེས་བྱ་བ་ནི། མོས་པས་སྤྱོད་པ་ལ་སྤྲུལ་པའི་སྐུ་ཉིད་དོ། །ཀྲི་ཡ་ལ་སོགས་པ་སོ་སོའི་སྟོན་པ་རྣམས་ཀྱང་དེ་བཞིན་དུ་སྣང་ངོ་། །འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །ཞེས་བྱ་བ་ནི། འོག་མིན་ཆེན་པོའི་ལོངས་སྤྱོད་ཀྱི་སྐུ་ནི་སྤྲུལ་པའི་དེ་བཞིན་གཤེགས་པ་ལྟར་ཚིག་གི་གསུང་གིས་མི་སྟོན་ཏེ། གཞན་དག་ལས། དེ་བཞིན་གཤེགས་པ་ལ་ལ་ནི་སྤྱན་ཕྱེ་བས་ཆོས་སྟོན་ཏོ། །ལ་ལ་ནི་བཙུམ་པས་སྟོན་ཏོ། །ལ་ལ་ཕྱག་བརྐྱང་བས་སྟོན་ཏོ། །ལ་ལ་ནི་བསྐུམ་པས་སྟོན་ཏོ། །ལ་ལ་ནི་བཙུན་མོ་དང་བཅས་པ་སྟོན་ཏོ། །ལ་ལ་ནི་བཙུན་མོ་མེད་པས་སྟོན་ཏོ་ཞེས་འབྱུང་བ་ལྟ་བུའོ། །ཞེས་བྱའོ། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །ཞེས་བྱ་བ་ནི་གོ་སླའོ། །འཁོར་གྱིས་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ནི་གཅིག་ཏུ་མ་གྲུབ་པས་ཐམས་ཅད་དུ་སྣང་བའི་ཕྱིར་སྒྱུ་མ་ལས་འདས་པ་ཁོ་ནའོ། །དེ་དག་དེ་ལྟར་མ་གྱུར་པ་ནི་ངོས་ཟིན་པའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཐབས་ཀྱི་ལུས་ནི་ཐིག་ལེ་ཆེན་པོ་གནས་ན་བཞུགས་པས་ཐམས་ཅད་ཀྱང་ཡེ་ཤེས་ཆེན་པོར་བྱིན་གྱིས་རློབ་པ་སྟེ། དེ་དག་གི་ལམ་མི་མཐུན་པ་ནི་འོ་མ་འདོད་པས་རྭ་ལ་བཞོས་པ་ལྟར་ཤེས་བའི་ཕྱིར་རོ། །དེ་ནས་ས་བཅུ་རིམ་གྱིས་འབྱང་། །ཞེས་བྱ་བ་ནི། ས་བཅུ་པ་རྣམས་ནི་སངས་རྒྱས་ཀྱི་ས་ལ་ངེ་པར་དབང་ཁོ་ནས་འགྲོ་སྟེ། ལང་ཀའི་མདོ་ལས། བློ་གྲོས་ཆེན་པོ་བྱིན་གྱིས་བརླབས་གཉིས་ཀྱིས་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའ་དག །དེ་བཞིན་གཤེགས་པའི་ཞབས་ལ་གཏུག་ཅིང་དྲི་བ་ཡོངས་སུ་འདྲིའོ། །གཉིས་གང་ཞེ་ན། ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་དང་སྐུ་དང་ཞལ་དང་ཕྱག་གིས་དབང་བསྐུར་བའི་བྱིན་གྱི་བརླབས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ས་དང་པོ་པ་ལ་སངས་རྒྱས་ཀྱིས་ཏིང་ངེ་འཛིན་གྱིས་བྱིན་གྱི་བརླབས་ནས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ཞེས་བྱ་བ་ལ་འཇུག་སྟེ། ཞུགས་མ་ཐག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་སྟོན་ཏོ། །ཞེའོ། །ཡང་སའི་མི་མཐུན་པའི་ཕྱོགས་རྟོགས་པར་ཁོང་དུ་ཆུད་དེ། ཆོས་ཀྱི་སྤྲིན་གྱིས་ཐོབ་བོ། །དེ་ལ་དེ་བཞིན་གཤེགས་པའི་ཞལ་དང་ཕྱག་གིས་དབང་བསྐུར་རོ། །ཞེས་འབྱུང་ངོ་། །དེ་ལྟར་བཅུ་པ་དག་དབང་རིམ་པར་ཁོང་དུ་ཆུད་ནས་སྤང་བྱ་རྣམས་ཀྱང་དེ་བཞིན་དུ་འདག་པ་ཁོ་ནའོ། །དེའི་རྗེས་སུ་ཀུན་ཏུ་འོད་ཀྱིས་ངེས་པར་སྣང་བའི་ཕྱིར། བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་གསུངས་སོ། །དེ་ཉིད་དུ་མདོ་སྡེ་པའི་སྐུ་གསུམ་བསྟན་པའི་ཕྱིར། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྐུ་ཟད་མེད་རིན་ཆེན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་གསུངས་ཏེ་གོ་སླའོ། །དེ་ལས་ཀྱང་སྔགས་ཀྱི་ས་གཉིས་བསྟན་པའི་ཕྱིར་དུ། ཐབས་དང་ཤེས་རབ་ས་ཡི་མཆོག །ཅེས་བྱ་བ་ནི། དེའི་ཚེ་སྙིང་རྗེ་ཆེན་པོ་མངོན་དུ་བྱས་པས་ཐམས་ཅད་དུ་སྣང་ཡང་། བདག་ཉིད་ཆེན་པོའི་ཕྱིར་མི་དམིགས་པས་ཅིས་ཀྱང་གོས་པ་མེད་པའི་ས་ནི་ལྟོས་ནས་མཆོག་ཁོ་ནའོ། །དེ་ཉིད་དུ་ཡི་གེ་འཁོར་ལོའི་ས་བསྟན་པའི་ཕྱིར། མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །སྤྱོད་ཡུལ་ཀུན་ཏུ་མཎྜ་ལ། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །ཞེས་བྱ་བ་ནི། ཡེ་ཤེས་བཞིའི་བྱིན་བརླབས་ཡེ་ཤེས་བཅུ་དྲུག་དང་། ཡུལ་བཅུ་དྲུག་གི་བྱིན་བརླབས་སེམས་དཔའ་དང་སེམས་མ་སུམ་ཅུ་རྩ་གཉིས་དང་། ཡེ་ཤེས་ལྔའི་བྱིན་བརླབས་རིགས་བརྒྱད་ཅུ་ལ་སོགས་པ་ལྷུན་གྱིས་གྲུབ་པར་རང་སྣང་བ་དང་། སྤྱོད་ཡུལ་རིལ་བདག་ལས་མི་གཞན་པའི་དཀྱིལ་འཁོར་དུ་སྣང་བ་དག་ནི། ཚོགས་གཉིས་ལྷུན་གྱིས་གྲུབ་པ་ཁོ་ནའོ། །དེའི་ཡོན་ཏན་བགྲང་བར་མི་ནུས་པའི་ཕྱིར། དེ་ལ་སོགས་པ་བསམ་ཡས་མཆོག །ཅེས་གསུངས་སོ། །དེ་ལ་སྔགས་ཀྱི་ལུགས་སུ་སྐུ་ལྔ་ལྷུན་གྱིས་གྲུབ་པར་བསྟན་པའི་ཕྱིར། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཞེས་བྱ་བ་ནི། ཆོས་ཀྱི་སྐུ་ནི་བཤད་པ་བཞིན་པས་སྐད་ཅིག་མའི་སྐྱེ་འཇིག་དང་བྲལ་བ་ཁོ་ནའོ། །ཉོན་མོངས་ཀུན་གྱི་ཞིང་དུ་གནས། །ཟད་མེད་རིན་ཆེན་གཏེར་དུ་འགྱུར། །ཞེས་བྱ་བ་ནི། ལོངས་སྤྱོད་ཆེན་པོའི་སྐུ་ནི་གང་ཡང་མ་སྤངས་པ་ཁོ་ན་ལས་ཉོན་མོངས་པ་སྦྱོང་བའི་སྤྲུལ་པ་མི་ཟད་པའི་འབྱུང་ཁུངས་ཡིན་པའོ། །རྡོ་རྗེ་རིག་པ་འཛིན་པའི་སྐུ། །ཞེས་བྱ་བ་ནི། གང་དུ་ཡང་རིག་པར་གསལ་བས་སྣང་སྟོང་གཉིས་སུ་མི་ཕྱེད་པ་ནི་རྡོ་རྗེའོ། །འཛིན་པའི་ནི་འཆང་བ་སྟེ། རང་གི་རིག་པ་དེ་ལྟར་ལྡན་པ་ནི་རྡོ་རྗེའི་སྐུ་ཁོ་ནའོ། །ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །ཞེས་བྱ་བ་ནི། ཕུང་པོ་ལ་སོགས་པ་རིལ་རིག་པར་མཉམ་པ་ནི་ཐམས་ཅད་ཀྱང་བདག་ཉིད་ཆེན་པོའི་སྐུ་དང་ཡེ་ཤེས་སུ་གསལ་བས་མངོན་པར་བྱང་ཆུབ་པའི་སྐུའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཞེས་བྱ་བ་ནི། སྤྲུལ་པའི་སྐུ་ནི་གདུལ་བྱ་ཐམས་ཅད་ཀྱི་འདུལ་བའི་དུས་དང་གང་ལྟར་འཚམས་པ་མི་འདའ་བ་དང་། མ་འདྲེས་པ་ཁོ་ནར་སྣང་བའི་ཕྱིར་རོ། །དེ་དག་གི་ཕྱིར་ན། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་གསུངས་སོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ཐམས་ཅད་དུ། དཀྱིལ་འཁོར་བརྗོད་ཀྱིས་མི་ལང་བ་ཞིང་གི་རྡུལ་སྙེད་དུ་གསལ་བར་གྱུར་ཏོ། །ཞེས་བྱ་བ་ནི། གོ་སླ་སྟེ་ཆེ་བའི་དཀྱིལ་འཁོར་མངོན་དུ་ཕྱུང་བའི་ཕྱིར་དང་སྐུའི་རོལ་པ་ཡོངས་སུ་བསྟན་པའི་ཕྱིར་རོ། །དམིགས་བྱ་དམིགས་བྱེད་མི་དམིགས་དཔག་མེད་བསམ་མི་ཁྱབ། །ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་། །ཞེས་བྱ་བ་ནི། སྣོད་བཅུད་རིལ་སེམས་ཀྱི་ཡེ་ཤེས་སུ་གསལ་བའི་དུས་ན། དབྱིངས་དང་ཡེ་ཤེས་གཉིས་ཀྱི་ཐ་སྙད་ལས་ཀྱང་འདས་ཏེ། སྤྱོད་ཡུལ་དང་བྲལ་བར་གསལ་བ་ནི། རྫོགས་པ་ཆེན་པོའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་བྱའོ། །དེ་ལ་སྐུ་དང་ཡེ་ཤེས་རིལ་ལྷུན་གྱིས་གྲུབ་པ་ཉིད་རིག་པའི་རྒྱལ་པོས་རང་དབང་སྒྱུར་ཏེ། ཡེ་ཤེས་ཀྱི་རོལ་པ་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྣ་ཚོགས་སུ་རང་སྣང་བ་ཉིད་བདག་ཉིད་ཆེན་པོའི་དཀྱིལ་འཁོར་དུ་གསལ་བས་སྤྱོད་ཡུལ་ཡོངས་སུ་དག་པའི་ཕྱིར། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །མཉམ་དང་མི་མཉམ་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས། །ཞེས་བྱ་བ་ནི། དྲུག་པའི་སྐུའི་རོལ་པ་ནི་གདུལ་བྱ་དག་པ་དང་མ་དག་པ་རིལ་ལ་ཁྱབ་པར་དོན་མཛད་ཙམ་ན་དེ་དག་གི་དེ་བཞིན་ཉིད་ལས་མ་གྱུར་པའི་ཕྱིར། སྣང་སྟོང་གཉིས་སུ་སོང་བ་མེད་པ་ཁོ་ནའོ། །དེ་དག་ཅིའི་ཕྱིར་སྙམ་པ་ལ། ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམས་འཕྲོ་སྤྲོས་པ་མེད། །ཅེས་གསུངས་ཏེ། དངོས་པོ་ཀུན་གྱི་རང་བཞིན་གདོད་ནས་སྐུ་ལྔའི་དཀྱིལ་འཁོར་དུ་གསལ་བ་ལས། དེ་བཞིན་ཉིད་དུ་གཤེགས་པ་དང་ཡང་དག་པར་རྫོགས་པ་ཉིད་ཀྱི་ཕྱིར་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་སྟེ་དེ་ཉིད་རང་སྣང་བ་ནི་འཕྲོ་ཞེས་ཐ་སྙད་དུ་འདོགས་སོ། །དེ་དག་ལས་ཀྱི་རིམ་པ་ཇི་ལྟ་བར་སྣང་ཡང་། རང་རྒྱུད་པར་བྱུང་བ་མེད་པ་ཁོ་ནའོ་ཞེས་བྱའོ། །དཀྱིལ་འཁོར་སྤྲོས་པ་ཞེས་བྱ་བ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། རང་བཞིན་སྐུའི་དཀྱིལ་འཁོར་དེ་དག་གི་ངོ་བོ་དང་མཚན་ཉིད་དང་། ཕྲིན་ལས་ཡོངས་སུ་བཤད་པའོ། །ལེའུ་དྲུག་པའོ།། །།ད་ནི་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་གསལ་བར་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཞེས་བྱ་བ་ནི། འདིས་གཞིའི་ཐབས་གཞལ་ཡས་ཁང་ཡོངས་སུ་སྣང་བར་བྱེད་པའོ། །དེ་ཡང་སྒྱུ་འཕྲུལ་ཐལ་བའི་རྒྱུད་ལས། བྷྲཱུཾ་དབྱིབས་བྷ་གར་སྣ་ཚོགས་འདུས། །ལས་དང་ངོ་བོ་དག་པ་ཉིད། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བྱིན་རླབས་སྐྱོབ་ཕྱིར་སྔགས་སུ་བརྗོད། །ཅེས་བྱའོ། །ཧཱུྃ་བཛྲ་དྷྲྀཀ྄ །ཅེས་བྱ་བ་ལ་སོགས་པ་ནི་རིགས་ལྔ་བསྐྱེད་པའི་སྔགས་སོ། །དེ་ཡང་ཐལ་བའི་རྒྱུད་ལས། ཙིཏྟ་ཁ་ལྔའི་ཤི་ར་ལ། །རྡོ་རྗེ་རྒྱལ་བ་རིན་ཆེན་ཆོས། །ཤེས་རབ་རིགས་ལྡན་བཅུད་ཀྱི་གཟུགས། །ངེས་པར་འཛིན་པ་གསང་བའི་སྔགས། །ཤེའོ། །མཱུཾ་དྷཱ་ཏཱི་ཤྭ་རཱི། ཞེས་པ་ལ་སོགས་པ་ནི་ཡུམ་ལྔའི་སྔགས་སོ། །དེ་ཡང་དེ་ཉིད་ལས། དེ་ཉིད་དྭངས་མའི་ཡེ་ཤེས་ལྔ། །མ་རིག་གཉིས་སོགས་བཞི་པོ་དང་། །མི་ཕྱེད་ཕྲག་དོག་རྡོ་རྗེའི་སྔགས། །དབྱིངས་སུ་སྐྱོབ་པས་དགའ་མར་བརྗོད། །ཅེའོ། །ཀྵཱིཾ་ཧི་རཱ་ཛ་ཡ། ཞེས་བྱ་བ་ལ་སོགས་པ་ནི་ཐུགས་ཀྱི་སེམས་དཔའ་བཞིའི་སྔགས་སོ། །ཧཱུྃ་ལཱ་སྱ་ས་མ་ཡ་སྟཱཾ། ཞེས་བྱ་བ་ལ་སོགས་པ་ནི་དེ་དག་གི་ཡུམ་བཞིའི་སྔགས་ཏེ། ཡང་། ལས་ཀྱི་བདེ་བས་སྒེག་པ་ནི། །ཆགས་པའི་དམ་ཚིག་དུས་ཡིན་ནོ། །སླར་ཡང་ལན་གྱིས་འབྲེལ་བ་ནི། །གཉིས་ཀ་དགྱེས་པའི་མཆོག་ཏུ་བཤད། །ཧ་དང་སི་ཡི་བདེ་སྒྲ་དག །བདག་གིས་ཆགས་པ་ཐོབ་པའོ། །ཤིན་ཏུ་བསྐྱོད་པའི་བདེ་བ་ཉིད། །ཀུན་ནས་བསྐྱོད་པས་རླུང་ཞེས་བྱ། །ཞེའོ། །མཻ་དྷཱ་ར་ཎི་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་ནི། གསུང་ནི་བྱང་ཆུབ་སེམས་དཔའི་བཞིའི་སྔགས་སོ། །ཛཿདྷཱུ་བེ་པྲ་བེ་ཤ །ཞེས་བྱ་བ་ལ་སོགས་པ་ནི། ཡང་། གཉིས་འདྲེས་འཛིན་པ་ཞེས་བྱ་སྟེ། །དེ་ཉིད་ཕྱེ་བ་ལས་བྱུང་བའོ། །མེ་ཏོག་བསྡུས་པའི་ངོ་བོ་ཉིད། །བདག་པོའི་ཞལ་དུ་ཐིམ་པར་བཤད། །ཤིན་ཏུ་བསྡམས་པའི་རིམ་ལས་བྱུང་། །གསལ་བའི་ཡེ་ཤེས་བདེ་བ་ཆེ། །ཀུན་གསལ་བརྗོད་དང་འདྲ་བའི་སྒྲ། །གཉིས་མེད་ཐུགས་སུ་ཤེས་པར་བྱ། །ཞེའོ། །ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ། ཅེས་བྱ་བ་ལ་སོགས་པ་ནི་ཁྲོ་བ་ཡབ་ཡུམ་བརྒྱད་ཀྱི་སྔགས་སོ། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཨཱོཾ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཿ ཞེས་བྱ་བ་ནི། བྱེད་པ་པོ་ཡབ་ཡུམ་གྱི་སྔགས་ཏེ། ཡང་། རྣམ་ཤེས་གསུམ་འདས་རྡོ་རྗེ་ནི། །ཡེ་ཤེས་ལྔ་རྫོགས་ཐུགས་ཉིད་དོ། །དབྱིངས་གསུམ་རྣམ་དག་འདུས་མ་བྱས། །ཀུན་ཏུའང་དེ་བཞིན་གནས་བྱེད་པའོ། །ཞེའོ། །ༀ་མུ་ནེ་ཀྲཱེཾ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་ནི་སྤྲུལ་པ་རྣམས་ཀྱི་སྔགས་ཏེ། ཡང་། ས་བོན་ཟུང་གསུམ་དེ་བདེ་བ། །དེས་སྐྱེས་རང་རིག་གྱུར་པ་ཡིས། །གཉིས་བྱུང་འདུལ་བས་ཐུབ་པར་གསུངས། །ཤེའོ། །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿས་མ་ཡ་སྟྭཾ། ཞེས་བྱ་བ་ནི། རང་བཞིན་གྱི་དཀྱིལ་འཁོར་ལ་དམ་ཚིག་བསྐུར་ཏེ་སྙན་གསན་དབབ་པའོ། །ཛཿཧཱུཾ་བྃ་ཧོཿ ཞེས་བྱ་བ་ནི། རིམ་པར་སྤྱན་དྲངས་ཏེ་གུར་གྱི་སྟེང་དུ་བཞུགས་པ་ཁོ་ནའོ། །ༀ་བཛྲ་ས་མ་ཡ་ༀ། ཞེས་བྱ་བ་ལ་སོགས་པ་ནི། ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཉེར་ལྔར་ཤེས་པའི་དུས་ན་ཐམས་ཅད་ཀྱང་གཉིས་སུ་མེད་པར་གསལ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པའི་ཕྱིར། དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པ་ཁོ་ནའོ། །དེ་ཉིད་དུ་གྱུར་པ་ནན་ཏན་གྱིས་བྱིན་གྱིས་བརླབས་པར་བསྐུལ་བའི་ཕྱིར། ༀ། ཡེ་ཤེས་རྒྱ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་གསུངས་སོ། །ༀ་བཛྲ་ས་མ་ཡ་ཧཱུྃ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོཿ ཞེས་བྱ་བ་ནི། རང་བཞིན་ཡེ་ཤེས་སུ་གཅིག་པར་བྱིན་གྱིས་བརླབས་པའི་དུས་ལ་བབས་པས་དེ་བདག་ལ་གསལ་བར་མཛོད་ཅིག་ཅེས་བྱ་བ་ཁོ་ནའོ། །ཛཿཧཱུྃ་བྃ་ཧོཿ ཞེས་བྱ་བ་ནི། རིམ་པས་བདག་གི་དཀྱིལ་འཁོར་ལ་ཞུགས་པའོ། །ཞེས་བརྗོད་པས་གསུང་གི་དཀྱིལ་འདི་དག་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གྲགས་སོ། །ཞེས་བྱ་བ་ནི། འཇིག་རྟེན་དྲུག་གི་ལུས་ལ་སྔགས་ཉིད་གནས་པ་ལས་ལྷའི་དཀྱིལ་འཁོར་དང་། ལས་དང་དངོས་གྲུབ་རིལ་དུ་སྣང་བ་དེ་ཉིད་གསལ་བར་བྱས་པའོ། །དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་དང་བྱ་བ་མོ་གཉིས་སུ་མེད་པའི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ། །ཞེས་བྱ་བ་ནི། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ། རང་བཞིན་ལྷུན་གྱིས་གྲུབ་པའི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཁོ་ནས་དབང་བསྐུར་བར་བྱ་བའི་ཕྱིར་རོ། །བདག་ཉིད་ཆེན་པོའི་ཡེ་ཤེས་དང་བྱིན་བསྡུ་བ་ཞེས་བྱ་བ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ཡན་ལག་གི་ལྷ་རྣམས་ནི། ཡེ་ཤེས་ལྔའི་རྒྱུན་དང་། སྐུ་གསུང་ཐུགས་ཀྱི་བྱིན་བབ་པ་ལས་བྱུང་བས་དེ་ཉིད་དུ་ང་རྒྱལ་བྱེད་པའི་ཕྱིར་རོ། །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾཿ ཞེས་བྱ་བ་ལ་སོགས་པ་ནི། ཐལ་བ་ལས། མི་བསྐྱོད་བྱེད་པོ་ཡུམ་དང་བཅས། །རྡོ་རྗེ་འཛིན་པའི་ཕྱག་རྒྱར་ལྡན། །བྱམས་པ་ས་སྙིང་དེ་བཞིན་ནོ། །གཞན་དག་རང་གི་ཕྱག་རྒྱ་སྟེ། །གཤིན་རྗེ་གཤེད་ལ་རྟག་པར་བཤད། །ཐུབ་ཆེན་རྡོ་རྗེ་འཛིན་འཆང་བ། །ཟླ་དང་བྲལ་་བས་དཔའ་བོ་ཆེ། །ཞེས་འབྱུང་བ་ཁོ་ནའོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾཿ ཞེས་བྱ་བ་ལ་སོགས་པ་ནི། ཡང་། གནས་གསུམ་ཁྱབ་འཇུག་ཡི་གེ་ལས། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོས། །ཁམས་གསུམ་བྱིན་རླབས་གཟི་བྱིན་བསྡུས། །རང་བཞིན་རྡོ་རྗེ་གསུམ་གནས་པ། །རྒྱུ་གཉིས་ཚུལ་གྱིས་རང་སྣང་བའོ། །ཞེས་འབྱུང་ངོ་། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾཿ ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾཿ ཞེས་བྱ་བ་ནི། ཡང་། ལྟེ་བ་རྣམ་གཉིས་ཟླ་བ་ལ། །སྔོ་ལྗང་ཡི་གེ་སྭཱ་ཧཱ་ཉིད། །རྗེས་མཐུན་འོད་ཀྱི་ཡོན་ཏན་ལས། །ཡན་ལག་རྫོགས་པའི་གཟི་བྱིན་ལྡན། །ཞེས་འབྱུང་ངོ་། །ཞེས་བརྗོད་པས་ཐིམ་པར་གྱུར། གསལ་བར་གྱུར། འབར་བར་གྱུར་ཏོ། །ཞེས་བྱ་བ་ནི། ཡེ་ཤེས་རྒྱུན་དུ་འབབ་པ་གཉིས་སུ་མེད་པ་དང་། རྡོ་རྗེ་གསུམ་མངོན་དུ་སྣང་བ་དང་། ཡན་ལག་གཉིས་ཀྱི་གཟི་བྱིན་དང་ལྡན་པ་ཁོ་ནའི་ཕྱིར་རོ། །དེ་ནས་རང་བཞིན་གསུང་གི་དཀྱིལ་འཁོར་གྱི་གྲངས་དང་ལས་དང་མཚན་ཉིད་བསྟན་པའི་ཕྱིར། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསུང་། །སྒྲ་དང་མིང་ཚིག་ཀུན་ལས་འདས། །སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲུག་པའི་དོན་གྱི་གསུང་ནི། བརྗོད་བྱའི་ངོ་བོ་ཉིད་གུད་ན་འདི་འདྲར་གྲུབ་པ་མེད་པའི་ཕྱིར། ཡི་གེའི་སྒྲ་ཐམས་ཅད་ལས་འདས་ཏེ། བརྗོད་པ་དང་བྲལ་བ་ཉིད་བསམ་བརྗོད་མ་ལུས་པའི་གཞིར་གནས་པར་གསུངས་པའོ། །གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ། །སྒྲ་དང་མིང་ཚིག་སོ་སོར་གྲགས། །ཐམས་ཅད་གསུང་གི་ཕྱག་རྒྱའི་མཆོག །ཅེས་བྱ་བ་ནི། ཚིག་གི་གསུངས་སྟེ། དེ་བཞིན་གཤེགས་པའི་དོན་གྱི་གསུང་ཉིད་བརྗོད་བྱ་ཐམས་ཅད་དུ་སྣང་བའི་ཕྱིར། དེ་དག་མཚོན་པར་བྱེད་པའི་ཡན་ལག་ཚིག་གི་གསུང་། གྲངས་ལས་འདས་པར་སྣང་བ་ཐམས་ཅད་ཀྱང་དོན་རེ་མཚོན་པ་ལས་མི་འདའ་བའི་ཕྱིར། དེ་བཞིན་གཤེགས་པའི་གསུང་ཉིད་དོ། །ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་མིང་གསུམ་གྱིས་མཚོན་པའི་རྡོ་རྗེའི་གསུང་གསལ་བར་བསྟན་པའི་ཕྱིར། རྒྱུད་མཆོག་སྒྱུ་འཕྲུལ་དྲྭ་བ་ལས། །བདེ་ལྡན་གསུང་གི་དོན་འབྱུང་བའང་། །ཐམས་ཅད་པདྨའི་ངང་གྱུར་ན། །གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ཇི་སྐད་བརྗོད་ཀྱང་གསུང་མཆོག་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བའི་སྙིང་པོ་བདེ་བ་ཆེན་པོའི་གསུང་ནི། འཇིག་རྟེན་དང་འདས་པའི་སྒྲ་ཐམས་ཅད་སེམས་ཉིད་ཁོ་ནའི་ཕྱིར། སོ་སོར་འཛིན་པ་མེད་ན། ཅི་སྣང་ཅི་སྲིད་བརྗོད་ཀྱང་གོས་པ་མེད་པས་ཤིན་ཏུ་ཡངས་པའི་ཕྱིར་བདེ་བ་ཆེན་པོའི་གསུང་ཞེས་བྱ་བའོ། །དེ་ཉིད་ལས་མིང་གཉིས་ཀྱི་དོན་བསྟན་པའི་ཕྱིར། ཐེག་པ་མཐོན་དམན་ཐམས་ཅད་དང་། །ལོག་འགྲོ་མ་ལུས་ཐམས་ཅད་སྐད། །བྱང་ཆུབ་རྡོ་རྗེའི་གསུང་དུ་བསྡུས། །བསྡུས་ཉིད་ཕྱོགས་བཅུར་རྣམ་པར་གྲགས། །གྲགས་ཉིད་མ་ཆགས་ངང་དུ་གསུངས། །གསུངས་པ་ཉིད་ན་བརྗོད་དུ་མེད། །ཅེས་བྱ་བ་ནི། དེ་བཞིན་གཤེགས་པའི་བསྟན་པ་དང་། སེམས་ཅན་གྱི་སྒྲ་རིལ། སེམས་ཉིད་པས་བདག་ཉིད་ཀྱི་གསུང་དུ་གསལ་བ་ནི་མངོན་པར་བྱང་ཆུབ་པའི་གསུང་ཞེས་བྱ་བའོ། །དེ་ཉིད་དུ་གྲགས་སྟོང་གཉིས་སུ་མེད་པས་མཐའ་གཉིས་སུ་མི་ཕྱེད་པའི་ཕྱིར་རྡོ་རྗེའི་གསུང་ཞེས་བྱའོ། །ཚངས་པའི་གསུང་བསྟན་པའི་ཕྱིར། བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ། །ཀུན་ལ་གྲགས་ཤིང་སོ་སོར་མཇལ། །དཔེར་ན་དེ་བཞིན་སྤྲིད་སངས་བཞིན། །གསུང་གཅིག་སྒྲ་ཡིས་ཐམས་ཅད་གོ། །འདི་ནི་གསུང་མཆོག་རྒྱལ་པོ་ཡིན། །ཐེག་པ་མཐོན་དམན་ཐམས་ཅད་ཀྱང་། །དེ་བཞིན་ཉིད་ལས་མ་གསུངས་ཏེ། །འདུས་བའི་ཐབས་སུ་སོ་སོར་ཐོས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་གྱི་གསུང་ལས་ཚིག་གི་གསུང་རྣམས་གདུལ་བྱ་ལ་སོ་སོར་སྣང་བ་ནི། སྟོན་པས་དེ་བཞིན་ཉིད་འབའ་ཞིག་གསུངས་ན། དེ་ཉིད་ལ་སྒྲའི་བྱེ་བྲག་རིལ་རྫོགས་པའི་ཕྱིར་གདུལ་བྱའི་བསམ་པ་ཇི་ལྟར་སོ་སོར་ཐོས་པ་ནི། དཔེར་ན་བཅོམ་ལྡན་ཤཱཀྱ་ཐུབ་པས་སྤྲིད་པ་སངས་པ་ལྟ་བུ་སྟེ། མདོ་སྡེ་ལས་ཀྱང་། ཀ་དཱིནྱ། ངས་ནི་གཟུགས་ཀྱི་དེ་བཞིན་ཉིད་འབའ་ཞིག་གསུངས་ན། ལ་ལས་ནི་གཟུགས་སྟོང་ཞེས་བྱ་བར་ཐོས་སོ། །ལ་ལས་ནི་གཟུགས་མི་སྟོང་ཞེས་བྱ་བ་ཐོས་སོ། །ལ་ལས་ནི་གཟུགས་བདེ་ཞེས་བྱ་བར་ཐོས་སོ། །ལ་ལས་ནི་གཟུགས་སྡུག་བསྔལ་ཞེས་བྱ་བར་ཐོས་སོ། །ཞེས་བྱ་བ་ལ་སོགས་པར་འབྱུང་བའི་ཕྱིར་རོ། །འོ་ན་སྤྲུལ་པའི་སྐུ་ལྟར་སྐུ་གཞན་ཡང་གསུང་གཅིག་གིས་ངེས་པར་གསུང་ངོ་སྙམ་པ་ལ། ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་། །དེ་བཞིན་ཉིད་ཀྱིས་གསུངས་པ་མེད། །ཅེས་གསུངས་ཏེ། ལོངས་སྤྱོད་ཀྱིས་སྟོན་པའི་ཆོས་རྣམས་ཀྱང་ཚིག་ཏུ་སྣང་མོད་ཀྱི། དེ་བཞིན་གཤེགས་པས་གསུངས་པ་མེད་པ་ཁོ་ནའོ། །འོ་ན་ཅིའི་ཕྱིར་སྣང་སྙམ་པ་ལ་མིང་གསུམ་པ་ནི་རིག་པའི་གསུང་མངའ་བར་བསྟན་པའི་ཕྱིར། ཡི་གེ་མེད་དང་རིག་པའི་གསུང་། །ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་། །ཐུགས་རྗེ་གསུང་གི་བྱིན་རླབས་ཀྱིས། །འགྲོ་དོན་སྣ་ཚོགས་སོ་སོར་གསལ། །གསལ་ཉིད་གསུང་གི་རྡོ་རྗེའི་མཆོག །ཅེས་གསུངས་ཏེ། རིག་པའི་གསུང་ནི་རིག་པ་ཁོ་ནའི་ཕྱིར། ཡི་གེ་དང་བྲལ་བ་ཉིད་པས་སྒྲས་བརྗོད་དུ་མེད་པའོ། །ཐུགས་རིག་པ་ཉིད་སྤྲོས་པ་དང་བྲལ་བ་དེ་ཐམས་ཅད་དུ་ཁྱབ་པས་ཆོས་ཐམས་ཅད་དང་སྒྲ་རིལ་བདག་ཉིད་དུ་ལྷུན་གྱིས་གྲུབ་པའི་བྱིན་རླབས་ནི་ཅིར་ཡང་མི་འགགས་པས་གདུལ་བྱའི་བསམ་པ་བཞིན་སོ་སོར་བརྡའ་དུས་གཅིག་ཏུ་སྤྲོད་པར་བྱེད་པ་ནི། དྲུག་པའི་གསུང་དུ་འགྱུར་རོ། །ཞེས་བྱ་བའོ། །དེ་བཞིན་གསུང་གི་འགྲོ་དོན་རྣམས། །དེ་བཞིན་ངང་ལས་མ་གཡོས་ཀྱང་། །དཔེར་ན་བྲག་ཆའི་སྒྲ་བཞིན་ནོ། །ཞེས་བྱ་བ་ནི། བཤད་པ་ཉིད་ཀྱི་ཕྱིར། ཚིག་སོ་སོར་བརྗོད་པ་མེད་བཞིན་དུ་བརྗོད་པར་སྣང་བ་ནི། དཔེར་ན་བྲག་ཆའི་སྒྲ་ནི་རང་གིས་བོས་པ་ལྟར་ཐོས་ཀྱང་བྲག་གིས་སྨྲས་པ་མེད་པ་ལྟ་བུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ཅེས་པ་ནི་གོ་སླའོ། །དཀྱིལ་འཁོར་བསྡུས་པ་དང་གསང་སྔགས་ཀྱི་ལེའུ་ཞེས་བྱ་བ་ནི། གསུང་གི་དཀྱིལ་འཁོར་ཇི་སྙེད་པ་ཡང་གསུང་ལྔ་ཁོ་ནར་བསྡུས་པའི་ལྔའི་ངོ་བོ་དང་ལས་དང་གཞལ་ཡས་ཁང་དང་། ལྷ་རྣམས་ཀྱི་སྔགས་ཀྱི་ངོ་བོ་དང་ལས་རྣམས་བཤད་པའི་ལེའུ་སྟེ་བདུན་པའོ།། །།ཕྱག་རྒྱ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། ཡན་ལག་ཐམས་ཅད་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབ་པ་ཞེས་བྱ་བ་ནི། ཡན་ལག་ནི་གཉིས་ཁོ་ན་སྟེ། ལུས་ཀྱི་ཡན་ལག་མགོ་ལ་སོགས་པ་དང་། རྟོག་པའི་ཡན་ལག་ཕུང་པོ་དང་། ཁམས་ལ་སོགས་པའོ། །དེ་དག་རིགས་ལྔ་ལ་སོགས་པའི་དཀྱིལ་འཁོར་དུ་ཡེ་ནས་གནས་པ་ནི་རང་བཞིན་གྱི་ཕྱག་རྒྱ་ཡིན་ཏེ། རྒྱས་པའི་རྒྱུད་ལས། རང་བཞིན་ཕྱག་རྒྱ་ཆེན་པོ་ནི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རིགས་ལྔ་བདེར་གཤེགས་ཡབ་ཡུམ་གྱི། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་འབྱུང་ངོ་། །དེ་དག་དེ་ལྟར་གང་གིས་ཤེས་པ་ནི་ལྟ་བའི་ཕྱག་རྒྱའོ། །དེ་ལྟར་རིགས་ནས་ཏིང་ངེ་འཛིན་གྱིས་བརྟན་པར་བྱས་པ་ལས་མ་བརྩལ་བར་ཐམས་ཅད་དུ་སྣང་བ་ནི་ལྷུན་གྱིས་གྲུབ་པ་སྟེ། དེ་ལྟར་བསྒོམས་པ་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཞེས་བྱའོ། །དེ་ལས་ཕྱག་རྒྱ་གསུམ་ཐུན་མོང་དུ་བསྟན་པའི་ཕྱིར། སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པ། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །ཞེས་གསུངས་ཏེ། རྟོག་ཚོགས་ཐམས་ཅད་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་ཡེ་ནས་གསལ་བར་རྫོགས་པའི་ཕྱིར། ཅི་སྣང་བ་རིལ་དཀྱིལ་འཁོར་གྱི་ངོ་བོ་ཉིད་ལས་འདའ་བ་མེད་པ་ནི། རང་བཞིན་གྱི་ཕྱག་རྒྱའོ། །དེ་ཉིད་རྟོགས་པས་དེ་ལྟར་གྱུར་པ་ནི་ལྟ་བའི་ཕྱག་རྒྱའོ། །དེ་དག་མངོན་དུ་གྱུར་པས་ཐམས་ཅད་རིག་དྲུག་ལ་སོགས་པར་རང་སྣང་བ་ནི་ལྷག་པའི་ཕྱག་རྒྱའོ། །དེ་དག་ནི་ཕྱག་རྒྱའི་མཆོག་ཁོ་ནའོ། །དེ་དག་གཞུང་གང་གིས་སྟོན་སྙམ་པ་ལ། གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོའི་ཕྱག་རྒྱ་འདའ་དཀའོ། །ཞེས་གསུངས་སོ། །ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་འབྱུང་བའི་རྒྱུ་གཉིས་བསྟན་པའི་ཕྱིར། མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་སྤྲད་པ་ལས། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །ཞེས་གསུངས་ཏེ། ལག་པ་གཡས་གཡོན་ཉིད་རྡོ་རྗེ་དང་རིན་པོ་ཆེའི་རིགས་ཀྱི་རང་བཞིན་ཁོ་ནའི་གུང་མོ་དང་མཛུབ་མོ་དང་མཐེ་བོང་དང་སྲིན་ལག་དང་མཐེའུ་ཆུང་རྣམ་ལ་གཡས་པར་ཉི་མ་གཡོན་པར་ཟླ་བའི་དཀྱིལ་འཁོར་སྲན་མ་ཙམ་བསྒོམས་ལ། གཡས་སུ་ཧཱུྃ་དང་གཡོན་དུ་མཱུཾ་ལ་སོགས་པ་བཀོད་པ་ནི་སོ་སོའི་ཕྱག་རྒྱ་འབྱུང་བའི་རྒྱུ་ཁོ་ནའོ། །དེ་དག་སོར་མོ་ཐད་ཀར་སྦྱར་བ་ནི་དངོས་གྲུབ་བླང་བའི་ཕྱག་རྒྱ་འབྱུང་བའི་རྒྱུ་ཁོ་ནའོ། །ༀ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །ཞེས་བྱ་བ་ནི། དངོས་གྲུབ་བླང་བའི་ཕྱག་རྒྱ་སྟེ། རྒྱུ་དེ་ཉིད་ལས་གཡས་ཀྱི་གུང་མོ་དང་། གཡོན་གྱི་མཛུབ་མོ་སྤྲད་དོ། །གཞན་ཡང་སོ་སོར་སྤྲད་པ་ནི་རིགས་ལྔའི་དངོས་གྲུབ་བླང་བའི་ཕྱག་རྒྱའོ། །དེ་དག་ཀྱང་གདུལ་བྱའི་སྣང་བས་གཉིས་སུ་འགྱུར་ཏེ། སྒྱུ་འཕྲུལ་ཐལ་བའི་རྒྱུད་ལས། མི་བསྐྱོད་རྡོ་རྗེ་རྩེ་ལྔ་པ། །ཉི་ཟླའི་ཐིག་ལེ་ཡི་གེ་དངོས། །རིན་ཆེན་པར་བུའི་ཉི་ལྔ་ཡང་། །ཟླ་བའི་ཐིག་ལེ་ཡི་གེ་ཉིད། །ཐིག་ལེ་ཐབས་ཤེས་ལྔ་གཉིས་རྣམས། །ཕྲད་པའི་དུས་ལས་རང་སྣང་བའི། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་། །དབྱིངས་དང་ཡེ་ཤེས་བདག་པོ་ཉིད། །ༀ་དང་མཱུཾ་དུ་རང་བཞིན་གནས། །རྭ་དང་འདབ་མའི་ཐིག་ལེ་རྣམས། །རང་གི་གནས་ཀྱིས་བསྣོལ་མར་འགྱུར། །རབ་ཏུའང་འདྲེས་པར་གྱུར་པ་ལས། །རྒྱལ་བའི་ཡེ་ཤེས་བདེ་ཆེན་པོ། །མྱོང་ཕྱིར་ཐོབ་པ་ཞེས་སུ་གསུངས། །ཞེས་འབྱུང་ངོ་། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུྃ་བསྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཞེས་བྱ་བ་ལ་སོགས་པས་ལྷག་པ་ཏིང་ངེ་ཛིན་གྱི་ཕྱག་རྒྱ་བསྟན་ཏེ། གཡས་པ་གནོད་སྦྱིན་གྱི་ཁུ་ཚུར་ལས་གུང་མོ་བསྒྲེང་བའི་རྒྱབ་ཐུགས་ཀར་གཏད་ལ་རྩེ་མོའི་ཧཱུྃ་ཉིད་རྡོ་རྗེ་རྩེ་ལྔ་པར་གྱུར་པ་ནི། བཅིང་བ་དང་བསམ་པ་གཉིས་ཀའི་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པའི་ཟླ་བའི་ཡི་གེ་རྣམས་བཤད་པའི་ཁུ་ཚུར་དུ་བྱས་པ་དྲིལ་བུ་དང་བཅས་པ་ཡུམ་ལ་འཁྱུད་ནས་དཀུར་བརྟེན་པ་ནི། བཅིང་པ་དང་བསམ་པ་གཉིས་ཀ་ལས་ཀྱི་ཕྱག་རྒྱ་སྟེ། དེས་ཐབས་དང་ཤེས་རབ་འཁྲིལ་བར་སྦྱོར་བ་བྱེད་པའི་ཕྱིར་རོ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུྃ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ཞེས་བྱ་བ་ནི་རྗེས་སུ་མཐུན་ཏེ་གོ་སླའོ། །མཱུཾ་ཉིད་དྲིལ་བུ་སྒྲ་དང་བཅས་པར་གྱུར་པ་ནི། ཡུམ་གྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སོ། །གཡས་ཀྱི་སོར་མོ་བསྣོལ་མར་ཡབ་ལ་འཁྱུད་པ་ནི་ལས་ཀྱི་ཕྱག་རྒྱ་གཉིས་སོ། །རིག་བཞིའང་དེ་བཞིན་དུ་ཤེས་པར་བྱའོ། །ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །ཞེས་བྱ་བ་ལ་སོགས་པ་ནི། སེམས་དཔའ་དང་སེམས་མ་དང་སྒོ་བ་ཡབ་ཡུམ་རྣམས་ཀྱི་ཕྱག་རྒྱ་གཉིས་པོ་སྟེ། སོར་མོ་བཞི་བཞི་ལ་ཉི་ཟླའི་སྟེང་དུ་ཡབ་ཡུམ་སོ་སོར་ཡི་གེ་བཞི་བཞི་བཀོད་དེ་བཅའ་ལུགས་དང་ཏིང་ངེ་འཛིན་ནི་རྗེས་སུ་མཐུན་པ་ཁོ་ནའི་ཕྱིར་ན། ལས་ལ་འཁྲིལ་ཞིང་ཆོས་ལ་བརྟེན། །དབུ་རྣམས་འབྱོ་ཞིང་འདུད་པའི་ཚུལ། །གོང་གི་ཕྱག་རྒྱ་ཆེན་པོ་བཞིན། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །ཞེས་གསུངས་ཏེ། ཀུན་ཀྱང་འཛུམ་པ་དང་བཅས་པས་ཕན་ཚུན་བལྟ་ཞིང་འཁྱུད་པ་ཁོ་ནའོ། །དེ་དག་ཀྱང་གདུལ་བྱའི་སྣང་བས་གཉིས་སུ་འགྱུར་ཏེ། ཐལ་བའི་རྒྱུད་ལས། ཐིག་ལེ་བཞི་བསྡུས་གཅིག་ཏུ་འགྱུར། །རླུང་གིས་བསྡུས་པ་བཀན་པར་བརྗོད། །ཞལ་གྱི་ལམ་དག་གང་རྒྱས་པ། །ཕྱག་རྒྱ་འབར་བ་ཞེས་པའི་སྒྲ། །ཟླ་བ་ཉི་མས་བསྒྲིབས་པ་ཡི། །ཆུ་སྐྱེས་རབ་ཏུ་རྒྱས་པ་ནི། །དྲིལ་བུ་སྒྲ་དང་ལྡན་པའོ། །ཕྱེད་ཆུད་ཚུལ་གྱིས་གར་སྤྱོད་པ། །ལྟུང་བ་མེད་ཕྱིར་བརྟན་པར་བཤད། །ཟླ་བའི་ཐིག་ལེ་རྗེས་མཐུན་པར། །དྲིལ་བུ་ཕྱེད་ཀྱིས་འབྱོར་དགྱེས་པ། །མཐའ་གཉིས་གནོན་པའི་བྱང་ཆུབ་སེམས། །ཕྱག་རྒྱ་ཆེན་པོར་འདི་བརྗོད་དོ། །ཞེས་འབྱུང་ངོ་། །ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། །མདོར་བསྡུས་ཕྱག་རྒྱ་དྲུག་ཡིན་ནོ། །ཞེས་བྱ་བ་ནི་ལེའུ་དྲུག་པར་བཤད་ཟིན་ཏོ། །དེ་དག་གཞན་ཀུན་ལྟར་ཕན་ཚུན་འཁྱུད་པར་མ་གསུངས་པའི་ཕྱིར་རོ། །ཡུམ་ནི་དམིགས་མེད་ཅེས་གསུངས་སོ། །འོ་ན་རྒྱུད་འདིའི་གཞུང་དུ་མི་འགྱུར་རོ་སྙམ་པ་ལ། ཆོས་ཀྱི་དབྱིངས་ཞེས་གསུངས་ཏེ། གང་ཡང་རང་བཞིན་མ་སྐྱེས་པ་ཉིད་དབྱིངས་ཁོ་ན་སྟེ། ཡུམ་ཉིད་པས་གང་དུ་ཡང་བྲལ་བ་མེད་པའི་ཕྱིར། སྣང་བ་མི་འགོག་ཐབས་ཡིན་ཏེ། །རང་བཞིན་མེད་པས་ཤེས་རབ་ཡིན། །ཞེའོ། །ཀུན་བཟང་མཉམ་གཞག་ཡེ་ཤེས་འཕྲོ། །ཡུམ་འགྱུར་མཉམ་རྫོགས་པདྨ་སྐྱིལ། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཡང་ན་དེ་བཞིན་གཤེགས་ཉིད་དམ། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །ཅེས་བྱ་བ་ནི། ཀུན་ཏུ་བཟང་པོ་ནི་མཉམ་པ་ལས་སོར་མོ་ཀུན་ཏུ་འོད་འཕྲོས་པའོ། །ཡུམ་གྱི་ཕྱག་རྒྱ་མ་ངེས་ཏེ། མཉམ་པ་ལས་མཐེ་བོང་རྩེ་སྤྲད་དེ་པདྨོ་ལྟར་བྱས་པ་དང་། གཉིས་ནི་གོ་སླའོ། །དེ་ལས་ཆོས་ཁམས་དྲིལ་བུ་ཐུགས་ཀར་བརྟེན་ཞེས་ཀྱང་ཟེར་ཏེ། ཆོས་ཉིད་ཅིར་ཡང་སྣང་བའི་ཕྱིར་མ་ངེས་པའོ། །ལྟ་བའི་ཕྱག་རྒྱ་བསྟན་པའི་ཕྱིར། །ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི། །ཐབས་དང་ཤེས་རབ་ལྡན་འབྱོར་ན། །མ་བསྐྱོད་མ་བསྒུལ་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་གསུངས་ཏེ། ཕུང་པོ་ལ་སོགས་པ་རིལ་ལྷ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིན་པ་སྟེ། སྣང་ལ་མི་འཛིན་པར་གསལ་བའི་དུས་ན། སྒོ་གསུམ་གྱིས་ཅི་བྱས་པ་དང་། མ་བྱས་པ་ཀུན་སྐུ་གསུང་ཐུགས་ལས་འདའ་བ་མེད་པར་གནས་པ་ནི་ཕྱག་རྒྱའི་མཆོག་གོ། །ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །ཞེས་བྱ་བ་ལ་སོགས་པ་ནི། ཡན་ལག་གཉིས་པ་བྱིན་གྱིས་རློབ་པ་སྟོན་ཏེ། བདག་ཏུ་ལྟ་བའི་ཡན་ལག་རྟོག་པ་རྣམས་ཟུང་ཅིག་ལ་ཡང་བཞི་བཅུ་གཉིས་གཉིས་ཡོད་པའི་ཕྱིར། མི་བསྐྱོད་པ་ཡབ་ཡུམ་གྱི་རྟོག་པའི་གནས་སུ་ཡབ་ལ་ཡབ་རྣམས་དང་། ཡུམ་ལ་ཡུམ་རྣམས་དང་ཡབ་ལ་ཐུབ་པ་རྣམས་གསལ་བར་བཀོད་དེ་བསྒོམ་པ་ནི་ལྡན་པ་ཞེས་བྱ་བ་སྟེ་དེ་ནི་ཐབས་ཁོ་ནའོ། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །ཞེས་བྱ་བ་ནི། ཡབ་ལག་བཞི་བཅུ་པོ་དེ་དག་ཉིད་ཁོ་ན་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རེ་རེ་སྙིང་ལ་ངེས་པར་གནས་ཏེ་ཤེས་རབ་བོ། །བདག་སྟེ་ཞེས་བྱ་བ་ནི་བཤད་པའི་ལྷ་རྣམས་དང་། འཆད་པའི་རྡོ་རྗེ་གསུམ་གྱི་ལྷ་རྣམས་ལ་རིགས་ཀྱི་བདག་ཉིད་ལྔ་ལྔས་དབང་བསྐུར་བས་བདག་པོའི་རིག་སོ་སོར་མཚོན་པ་ཁོ་ནའོ། །དེ་དག་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟོང་ཁོ་ནའོ། །བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །ཞེས་བྱ་བ་ནི། བཀོད་པ་བཞི་བཅུ་རྩ་གཉིས་ལ། རྡོ་རྗེ་གསུམ་གསུམ་འཕྲོ་བའོ། །དེ་ལྟར་ལྡན་པའི་གཙོ་མཆོག་གིས། །ཞེས་བྱ་བ་ནི། གཙོ་བོ་ཡབ་ཡུམ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟོང་། ཐབས་དང་ཤེས་རབ་བརྒྱད་ཅུ། མི་ཟད་པ་རྒྱན་གྱི་འཁོར་ལོའི་ལྷ་བརྒྱ་ཉི་ཤུ་དེ་དག་མངོན་དུ་གསལ་བ་ནི་རྣལ་འབྱོར་གྱི་མཆོག་གོ། །དེ་ལས་གཞན་ཡང་བསྒོམ་པའི་ཕྱིར། །རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ། །ཞེས་གསུངས་ཏེ། རྒྱལ་བ་རིགས་བཞིའོ། །ཀུན་ཏུ་བཟང་པོ་ནི་རིགས་ཀྱི་བདག་པོའི་ཕྱིར་མཆོག་སྟེ། ཡབ་ཡུམ་བཅུ་ལའང་དེ་བཞིན་བསྒོམ་མོ། །ཞེས་བྱ་བའོ། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །ཞེས་བྱ་བ་ནི། ཡབ་ཡུམ་བཅུ་གཉིས་ཕྲག་གཉིས་ཀྱི་སེམས་དཔའ་དང་སྒོ་བ་རྣམས་ལའང་དེ་ལྟར་གསལ་ལ་ཐུབ་དྲུག་རེ་རེ་ལ་ཡང་དེ་ལྟར་གསལ་བ་ནི་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་སོགས་ཏེ་བསམ་མི་ཁྱབ། །ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། །འདུལ་བའི་དོན་རྣམས་སོ་སོར་སྟོན། །ཞེས་བྱ་བ་ནི། དེ་དག་ལས་སུ་རུང་ནས་དངོས་པོ་རིལ་དཀྱིལ་འཁོར་དུ་མ་གྱུར་པ་མེད་པ་དེས་གདུལ་བྱ་མ་ལུས་པའི་རེ་བ་སྐོང་བར་བྱེད་པའོ། །འོ་ན་གཞི་དེའི་ཕྱིར་དཀྱིལ་འཁོར་ཁོ་ནས་དོན་བྱེད་དོ་སྙམ་པ་ལ། ཐེག་པ་མཐོན་དམན་ཐམས་ཅད་དང་། །ཕྱིན་ཅི་ལོག་རྣམས་བསམ་ཡས་དང་། །ཞི་ཁྲོའི་ཚོགས་ཆེན་ཐམས་ཅད་ལ། །སོ་སོར་མཐུན་བྱས་ཀུན་ཏུ་སྣང་། །ཞེས་གསུངས་ཏེ། རྟག་ཆད་ལ་སོགས་པ་སོ་སོར་སྟོན་པ་རྣམས་དང་ལྷ་རྣམས་དང་བདུད་དང་སྲིན་པོ་ལ་སོགས་པ་གང་ལ་མོས་པ་ལྟར་སྣང་བས་གཅིག་ཏུ་མ་ངེས་པའི་ཕྱིར། ས་གསུམ་ཐམས་ཅད་ཀུན་ཏུ་ནི། །སེམས་དཔའ་ཆེན་པོ་སྟོན་བྱེད་པ། །རེས་འགའ་བྱང་ཆུབ་རེས་འགའ་ལྷུམས། །རེས་འགའ་ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། །དེ་ལ་སོགས་པ་མཐའ་ཡས་མཆོག །རི་དང་སྐྱེ་བོ་ཐམས་ཅད་དོ། །ཞེས་འབྱུང་ངོ་། །དེ་དག་ཀྱང་རྩོལ་བས་བྱེད་པ་མ་ཡིན་ཏེ། །ལྷུན་གྱིས་གྲུབ་པ་ཉིད་ཀུན་ཏུ་སྣང་བའི་ཕྱིར། དཔེར་ན་གར་མཁན་ཉིད་འདྲ་བ། །ལུས་ལས་མ་བཀོད་སྣ་ཚོགས་སྟོན། །ཞེས་གསུངས་སོ། །ཕྱག་རྒྱའི་རྣམ་གྲངས་བསྟན་པའི་ཕྱིར། མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །འདི་ཞེས་གཅིག་ཅེས་བརྗོད་དུ་མེད། །གཉིས་དང་གསུམ་དུ་རྣམ་པར་འཕྲོ། །བསྐྱོད་དང་སྤྲོ་བའང་དེ་བཞིན་ཉིད། །ཅེས་བྱ་བ་ནི། ཕྱག་རྒྱ་རིལ་ཚིག་གིས་མདོར་བསྡུ་ན། ལུས་ཀྱི་ཡན་ལག་གི་ཕྱག་རྒྱ་བསྐྱོད་པ་ཀུན་ཡང་བྱ་བ་མོ་ཡི་ཕྱག་རྒྱ་ལྟར་གཅིག་ཏུ་ངེས་པ་མེད་དེ། ཞབས་གཉིས་དབུ་ཕྱག་གསུམ་སྟེ། ལྔ་ལ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལྔ་བཅུར་ཡང་འགྱུར་རོ། །རྟོག་པའི་ཡན་ལག་སྤྲོ་བའི་ཕྱག་རྒྱ་ལ་ཡང་སྐུ་གསུང་ཐུགས་གསུམ་དང་ཐབས་དང་ཤེས་རབ་བརྒྱད་ཅུ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་སྟོང་ལ་སོགས་པར་འཕྲོ་བས་ཕྱག་རྒྱའི་གྲངས་ནི་མ་ངེས་པ་ཁོ་ནའོ་ཞེས་བྱའོ། །མདོར་ན་བསྒུལ་བསྐྱོད་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །གནས་ཉིད་མི་གནས་གནས་པའང་མིན། །དེ་སྐད་དག་མཆོག་ཉིད་ཀྱིས་བཤད། །ཅེས་བྱ་བ་ནི། གྲངས་དེ་ལྟ་བུས་མཚོན་ནས་ཕྱག་རྒྱ་བརྗོད་ཀྱིས་མི་ལང་བ་རྣམས་ཀྱང་ཚིག་གིས་མདོར་བསྡུ་ན། རང་བཞིན་གྱི་ཕྱག་རྒྱ་ལྟ་བའི་ཕྱག་རྒྱས་མངོན་དུ་བྱས། ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་གསལ་བར་བསྒོམ་པའི་དུས་ན། ཅིར་སྣང་ཅི་བྱས་པ་ཐམས་ཅད་བདག་ཉིད་ཆེན་པོའི་སྐུ་གསུང་ཐུགས་ཁོ་ན་ལས་མི་འདའ་བར་གནས་ལ། དེ་ཙམ་དུ་ཡང་བློས་འཛིན་པ་མེད་པར་གནས་ན། ཕྱག་རྒྱ་ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབས་པ་ཞེས་བྱ་བ་ཁོ་ནའོ། །ཞེས་གསུངས་སོ། །དེ་དག་ཉིད་ཁོ་ནའི་ཕྱིར། ཡན་ལག་ཐམས་ཅད་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་ཕྱག་རྒྱ་སྤྲོས་པ་ཞེས་གསུངས་པའོ། །ལེའུ་བརྒྱད་པ་མདོར་བཤད་པའོ།། །།དེའི་རྗེས་སུ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རྒྱས་པར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགྱེས་པ་ཆེན་པོའི་ཞེས་བྱ་བ་ནི། ཐུན་མོང་གི་དགའ་བ་དང་། འཇིག་རྟེན་པའི་དགའ་བ་དང་། དགའ་བའི་དགའ་བ་དག་སྟེ། དེ་དག་ནི་འདོད་པ་ཉེ་བར་སྤྱོད་པ་དང་། བསམ་གཏན་བཞི་དང་། མཐོང་ལམ་པ་རྣམས་ཀྱི་ཕྱིར་སྨོས་པ་སྟེ། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་དགྱེས་པ་ནི་ལྟོས་པ་ཙམ་མ་ཡིན་གྱི་ངོ་བོས་ཀྱང་ཆེ་བ་སྟེ། མཚན་དོན་གྱི་སྐབས་ལས་བརྟགས་པའོ། །རྡོ་རྗེ་གསང་བའི་དམ་ཚིག་བཀོད་པ་ཞེས་བྱ་བ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཐམས་ཅད་ཡེ་ཤེས་རྡོ་རྗེའི་ངོ་བོར་ལྷུན་གྱིས་གྲུབ་པ་དེ་ཕལ་གྱི་ཡུལ་དུ་མ་གྱུར་པས་དེ་མཚོན་ཅིང་སྦྱོར་བ་ལས་མི་འདའ་བ་ནི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཏེ། དེ་དག་གི་ལས་ཀྱི་རིམ་པ་དང་། ཚད་དང་། ངོ་བོ་དང་། འཇུག་པ་དང་། ཞུགས་ནས་བསྒྲུབ་པ་དང་། འབྲས་བུའི་བར་རྣམས་གསལ་བར་སྟོན་པ་ནི་རྒྱུར་ཉེ་བར་གནས་པ་ཁོ་ནའོ། །གཞན་དོན་ཉེ་བར་སྟོན་པའི་ལེའུ་འདི་ཡང་རྒྱུད་ཀྱིི་རིམ་པ་རིང་དུ་སྤངས་ནས་མན་ངག་གི་རིམ་པ་ལ་འཇུག་པར་བྱ་བ་སྟེ། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་བྱ་བ་ནི། ཉེ་བར་སྟོན་པ་ཉིད་ཀྱང་ཤིན་ཏུ་ཕྲ་བའི་དཀྱིལ་འཁོར་རོ། །འོག་ནས། ཤིན་ཏུ་ཕྲ་ལ་སྦྱངས་པ་ཡིས། །བསམ་ཡས་དག་ལའང་དེ་བཞིན་བྱ། །ཞེས་པའི་ཕྱིར། འདི་ནི་ཟུར་གཉིས་པ་ཁོ་ན་སྟེ། གཞན་དོན་ཉེ་བར་བྱེད་པའི་བླ་མས་ཏིང་ངེ་འཛིན་རྣམ་པ་གསུམ་ལ་བློ་སྦྱངས་ཏེ་རྒྱས་པ་ལས་འབྱུང་བའི་ཕྲ་བའི་དཀྱིལ་འཁོར་ལ་གོམས་ནས་བཟླས་པ་རྫོགས་པ་བྱ་བ་ལས་མི་འདའ་བ་ཁོ་ནའོ། །ཞེས་བྱ་བའོ། །དེ་ནས་གནས་བཟང་པོ་རུ། སའི་ཆོ་ག་བྱ་བའི་ཕྱིར། ཡང་ན་ས་གཞི་རབ་མཉམ་ལ། །ཞེས་གསུངས་སོ། །ས་བཙལ་བ་དང་། བསླང་བ་དང་། བརྟག་པ་དང་། སྦྱང་བ་དང་། བསྲུང་བ་རྣམས་མངོན་པར་རྟོགས་པ་ནས་འབྱུང་བ་ལྟར་སྦྱར་བར་བྱའོ། །དེ་ནས་དཀྱིལ་འཁོར་རྒྱས་འབྲིང་གི་ཚད་བསྟན་པའི་ཕྱིར། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་སྟེ། །ཡང་ན་ལུས་ནི་གསུམ་གྱི་ཚད། །ཅེས་གསུངས་ཏེ། སྒྱུ་འཕྲུལ་བསྡུས་པའི་དཀྱིལ་འཁོར་ནི་སྟངས་དཔྱལ་གཉིས་པ་སྟེ། དེ་ལ་ཁྲུ་གང་ངམ་བཞི་པར་བྱ་སྟེ། གཉིས་པ་ནི་བཟོའི་སྦྱོར་བའི་ཕྱིར་རོ། །འབྲིང་གི་དཀྱིལ་འཁོར་ནི་བཞི་བཅུ་རྩ་གཉིས་ཏེ། དེ་ལ་ལུས་གསུམ་པ་ཁྲུ་བཅུ་གཉིས་སམ་གཞན་ཡང་། ཡང་ན་ཁྲུ་ནི་བཅུ་དྲུག་དང་། །ཞེས་བྱ་བ་དང་། གཉིས་སོ། །ཉི་ཤུའམ་ཉི་ཤུ་རྩ་ལྔར་བྱ། །ཞེས་བྱ་བ་ནི། རྒྱས་པའི་དཀྱིལ་འཁོར་གྱི་ཚད་གཉིས་སོ། །དེ་དག་ལས་ལྷག་པ་ཏིང་ངེ་འཛིན་གྱི་གཟུགས་བརྙན་བསྟན་པ འི་ཕྱིར། ཡང་ན་རྒྱང་གྲགས་དཔག་ཚད་དམ། །ནམ་མཁའི་དབྱིངས་ནི་བསམ་ཡས་པར། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། །ཞེས་གསུངས་ཏེ། དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། སློབ་དཔོན་མཐར་ཉེའི་ལམ་གནས་པས། །རྒྱང་གྲགས་དཔག་ཚད་ལ་སོགས་པར། །རྡོ་རྗེའི་ཐིག་ཚད་དོར་ཙམ་གྱིས། །ཕྱག་རྒྱའི་དཀྱིལ་འཁོར་གསལ་ལྡན་པ། །དཀྱིལ་འཁོར་སྣ་ཚོགས་མཆོག་ཏུ་གསུངས། །ཞེས་འབྱུང་བ་ནི་མཆོག་གི་ཡང་མཆོག་གི་དཀྱིལ་འཁོར་ཏེ། སློབ་བུ་ལས་དག་པ་རྣམས་ཀྱི་ཕྱིར་རོ། །དེ་དག་གང་བྱེད་ཀྱང་ལས་དང་བྱ་བས་སྦྱངས་ནས་ས་བསྲུང་བ་ལ་སྦྱར་བའི་ཕྱིར། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །བདུད་རྩི་ལྔ་ནི་རབ་མཉམ་ལ། །རིག་པས་ཐིག་ནི་གདབ་པར་བྱ། །ཞེས་གསུངས་ཏེ། ཕུང་པོ་ལྔ་དག་པ་སྐུ་ལྔ་ཐོབ་པར་བྱ་བའི་ཕྱིར་འབྲུ་ལྔ་དང་། དབང་པོ་ལྔ་དག་པ་ཕྲིན་ལས་ལྔ་ཐོབ་པར་བྱ་བའི་ཕྱིར་སྤོས་ལྔ་དང་། ཡུལ་ལྔ་དག་པ་ཡོན་ཏན་ལྔ་ཐོབ་པར་བྱ་བའི་ཕྱིར་རིན་པོ་ཆེ་ལྔ་དང་། རྣམ་ཤེས་ལྔ་དག་པས་ཡེ་ཤེས་ལྔ་ཐོབ་པར་བྱ་བའི་ཕྱིར་སྙིང་པོ་དང་། འདོད་ཡོན་ལྔ་དག་པ་གསུང་ལྔ་ཐོབ་བར་བྱ་བའི་ཕྱིར་སྨན་ལྔ་དང་། ཁམས་ལྔ་དག་པ་རིགས་ལྔ་ཐོབ་པར་བྱ་བའི་ཕྱིར་བདུད་རྩི་ལྔ་སྟེ། དེ་དག་ཆ་མཉམ་པའི་འཇིམ་པའི་ལྡེ་གུ་གླང་ཀོ་ཙམ་དུ་བྱུགས་ལ། དེར་ས་བསྲུང་བ་བྱའོ། །དེ་ནས་རིག་པ་མ་ཡེངས་པས་ཐིག་གདབ་པར་བྱ་སྟེ། དེའི་ཕྱིར། ཕུར་བུ་སྲད་བུ་ཚོན་ཕྱེ་དང་། །གོས་རྒྱན་མཛེས་པ་ཡིད་འོང་གྲོགས། །ཐིག་གདབ་ཆོ་ག་ཕུན་སུམ་ཚོགས། །མཁས་ལྡན་ཆེན་པོས་བསྒྲིམས་ཏེ་བྱ། །ཞེས་བྱ་བ་གསུངས་ཏེ། རྒྱུ་པདྨའི་རྒྱུས་པའམ་རས་ལས་མཚན་ལྡན་བཅུ་དྲུག་མས་བཀལ་བའི་སྐུད་པ་ཁ་དོག་གསུམ་ལ་དགུ་བསྒྲིག་དམ་ཚིག་གི་ཐིག་སྟེ། རིང་ཐུང་མཎྜལ་འཁོར་ཁྱུད་ཙམ་པ་སྟེ། སྐུ་གསུང་ཐུགས་ཀྱི་བྱེ་བྲག་ཏུ་བྱིན་གྱིས་བརླབས་པ་ཐོགས་ཏེ། བཅུ་དྲུག་མ་རྒྱན་གྱི་མཛེས་པ་དང་། གཉིས་ཀྱིས་དྲངས་ཏེ། རྟ་བབས་བརྒྱད་ཀྱི་མཛེས་པར་གདབ་བོ། །དེ་ནས་ཡེ་ཤེས་ཀྱི་ཐིག །ཁ་དོག་སྣ་ལྔ་ལ་རེ་རེ་ཡང་ལྔ་ལྔའོ། །ཡེ་ཤེས་ཉི་ཤུ་རྩ་ལྔར་བྱིན་གྱིས་བརླབས་པ་སྟེ། ཡབ་ཡུམ་གཉིས་ཀྱི་ཕྱག་རྒྱར་གསལ་བའི་བྱང་ཆུབ་སེམས་ཡེ་ཤེས་སུ་དྲངས་པས་བཏབ་པས་དམ་ཚིག་གི་ཐིག་ཐམས་ཅད་སྐུ་གསུང་ཐུགས་གཅིག་ཀྱང་ཡེ་ཤེས་ལྔ་ལྔར་གསལ་བས་སྐུ་དང་ཡེ་ཤེས་ཀྱི་གཞལ་ཡས་སུ་གསལ་བ་ཁོ་ནའོ། །དེ་ནས་ས་བཟུང་བའི་ཆོ་ག་བྱས་ནས། སྐུད་པ་དང་རྡུལ་ཚོན་ཇི་ལྟར་བྱིན་གྱིས་བརླབ་སྙམ་པ་ལ། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། །ཞེས་གསུངས་ཏེ། ཚོན་སྣ་རེ་རེ་ཡང་ཡི་གེ་འབྲུ་ལྔ་རེ་རེ་ཡང་ཁ་དོག་ནང་རིས་སུ་ལྔ་ལྔ་སྟེ། ཉི་ཤུ་རྩ་ལྔ་འཕྲོས་འདུས་པ་ལས་ཡེ་ཤེས་ཉི་ཤུ་རྩ་ལྔ་དྲངས་ཤིང་བསྟིམས་ནས་ཡེ་ཤེས་ཀྱི་རིན་པོ་ཆེ་ཉི་ཤུ་རྩ་ལྔ་ཁོ་ནར་གྱུར་པར་བྱའོ། །དེ་ལྟར་ཚོན་ཉི་ཤུ་རྩ་ལྔའི་དགོས་པ་ཅི་སྙམ་པ་ལ། མ་མཐོང་རྨོངས་ལ་བསྟན་ཕྱིར་མཚོན། །ཁ་དོག་ཉི་ཤུ་རྩ་ལྔའམ། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །འདུལ་བའི་ཆོ་ག་བཞིན་དུ་དགྱེ། །ཞེས་གསུངས་ཏེ། སེམས་ཉིད་ཡེ་ཤེས་ཉི་ཤུ་རྩ་ལྔར་གདོད་ནས་གནས་པ་དེ་མཚོན་པར་བྱ་བའི་ཕྱིར། རྒྱས་པའི་རྒྱུད་ལས། སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་བསྒྲིབས་བྱས་ནས། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །དེ་ལྟར་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་བ་དང་། །ལྗང་གུ་ལ་སོགས་ནག་པོར་བསྟན། །ཞེས་གསུངས་སོ། །དེ་ལྟ་བུའི་བྲི་བ་ཡང་རྒྱས་འབྲིང་བསྡུས་པ་གསུམ་ནི་སློབ་བུ་གང་ལ་དད་པ་བཞིན་བྲི་བའོ་ཞེས་བྱའོ། །དེ་དག་གི་དབྱིབས་ཇི་ལྟར་བྲི་སྙམ་པ་ལས། ལྟེ་བ་རྩིབས་དང་ལྡན་པ་ཡི། །རྩིབས་བཞི་འཁོར་ལོ་མྱུ་ཁྱུད་བཅས། །གྲུ་ཆད་བཞི་དང་གྲུ་བཞི་པ། །བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ། །ཞེས་གསུངས་པ་གོ་སླ་སྟེ། རྒྱས་པ་ལ་ནི། གཞི་ཚད་མེད་པའི་འཁོར་ལོའི་སྟེང་དུ་འཁོར་ལོ་ལྔ་སྟེ། འཁོར་ལོ་དྲུག་པའོ། །འབྲིང་པོ་ནི་དཀྱུས་བཞིན་ཏེ་གྲུ་ཆད་ལ་སོགས་པ་ནི་གཉི་ག་ལ་མཐུན་ནོ། །བསྡུས་པ་ནི་བར་ཁྱམས་སྤངས་པ་སྟེ། རྟ་བབས་བརྒྱད་ནི་ཐམས་ཅད་ལ་ཡང་བྲི་བར་བྱའོ། །དེ་དག་ཏུ་ལྷ་རྣམས་ཇི་ལྟར་དགོད་སྙམ་པ་ལ། སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཅེས་གསུངས་ཏེ། ཁྲུ་གང་ལ་སོགས་པ་ལ་ཙཀླི་དགོད་པ་ནི་སྐུའི་དཀྱིལ་འཁོར་རོ། །སྙིང་པོའམ་ཏ་ཐཱ་སོགས་བཀོད་པ་ནི་གསུང་གི་དཀྱིལ་འཁོར་རོ། །ཕྱག་རྒྱ་བཀོད་པ་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་དག་གི་རྒྱན་ཇི་ལྟར་བྲི་སྙམ་པ་ལ། བཅོས་བུའི་རས་ནི་སྣ་ཚོགས་དང་། །རྒྱན་ཕྲེང་བཏུང་དང་བྲོ་བས་བསྐོར། །ཞེས་གསུངས་ཏེ། ཁ་དོག་སྣ་ཚོགས་བྲིས་པའི་རས་ཀྱི་བླ་འཕན་ལ་སོགས་པ་དང་། རིན་པོ་ཆེའི་ཕྲེང་བ་སྣ་ཚོགས་དང་། ཆུན་འབྱང་དང་རོལ་མོ་སྣ་ཚོགས་དང་། བཟའ་བཏུང་སྣ་ཚོགས་ཀྱིས་བསྐོར་རོ་ཞེས་གསུངས་སོ། །དེ་དག་གི་རབ་གནས་བསྟན་པའི་ཕྱིར། ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པ། །མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་གསུངས་ཏེ་གཟུགས་བརྙན་གསུམ་གྱི་ཕྱག་རྒྱ་དང་། གཞལ་ཡས་ཁང་གིས་མཚོན་པའི་ཆོས་ཐམས་ཅད། སེམས་ཉིད་ལས་དངོས་པོ་གཞན་མེད་པའི་ཕྱིར། ཅིར་སྣང་ཡང་མིག་ཡོར་ལྟ་བུར་རང་གི་ངོ་བོ་ཉིད་མེད་ལ་སེམས་ཉིད་ཇི་ལྟ་བུའི་ངོ་བོར་ཡང་དམིགས་སུ་མེད་པ་ནམ་མཁའ་ལྟ་བུའི་ཕྱིར་བློ་ཡང་ནམ་མཁའ་ལྟར་མི་དམིགས་པར་རང་གསལ་བར་འདུག་གོ། །དེ་ལ་ཤུ་ནྱ་ཏཱ་ཞེས་བྱ་བའི་སྔགས་ཀྱི་ང་རྒྱལ་བྱའོ། །དེ་ལས་རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྣ་ཚོགས་སུ་བསྐྱེད་པར་བསྟན་པའི་ཕྱིར། ཏིང་འཛིན་རོལ་མོ་མཐའ་ཡས་མཆོག །ཡི་གེའམ་གདན་ནམ་སྙིང་པོའམ། །ཕྱག་རྒྱའམ་སྐུ་གསུང་ཐུགས་ལྡན་པར། །བྱིན་བརླབས་ཡ་མཚན་རྨད་པོ་ཆེ། །འགྲུབ་འགྱུར་སངས་རྒྱས་ཀུན་གྱི་དམ། །ཞེས་གསུངས་ཏེ། དཔེར་ན་རོལ་མོ་ནི་གཞི་མ་ངེས་པ་ལ་ལས་ཐབས་ཀྱིས་དྲངས་ནས་སྣ་ཚོགས་སུ་སྣང་བ་བཞིན་དུ། བཤད་པའི་མི་རྟོག་པའི་ཡེ་ཤེས་ལས། ཡེ་ཤེས་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་རང་དབང་སྒྱུར་ནས་འབྱུང་བའི་དཀྱིལ་འཁོར་དང་བཅས་པའི་གཞལ་ཡས་ཁང་གདན་དང་བཅས་པར་རང་སྣང་ལ། དེ་དག་ཏུ་སྔར་བཀོད་པའི་ཧཱུྃ་མཱུྃ་ལ་སོགས་པའི་སྙིང་པོའམ་ཏ་ཐཱ་ལ་སོགས་པའི་གསུང་གི་དཀྱིལ་འཁོར་དང་གདན་ལ་ཙཀླི་བཀོད་པ་ནི་སྐུའི་དཀྱིལ་འཁོར་དང་ཕྱག་རྒྱ་ཐུགས་ཀྱི་དཀྱིལ་འཁོར་གང་ཡིན་ཡང་། དེ་ཉིད་སྐུ་གསུང་ཐུགས་གསུམ་གསུམ་དང་ལྡན་པའི་ལྷར་བྱིན་གྱིས་བརླབས་ནས། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡང་དྲངས་ཏེ། བསྟིམས་ནས་འདོད་པ་ཡོངས་སུ་གྲུབ་པར་གྱུར་ཏེ། རང་བཞིན་གཉིས་དང་ཏིང་ངེ་འཛིན་དང་གསུམ་ཚོགས་པའི་ཕྱིར་རོ། །འོ་ན་གཞན་དུ་ཚོལ་ལམ་སྙམ་པ་ལ། ས་ལ་སོགས་པ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པར་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་གསུངས་ཏེ། འབྱུང་བ་དང་དེ་ལས་གྱུར་པ་ལ། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་དབྱིབས་བྱས་པ་ཙམ་གྱི་ཀྱང་། རྒྱུ་དང་སེམས་ཀྱི་རིམ་པས་སྡུག་བསྔལ་ལས་རིམ་པར་གྲོལ་བར་འགྱུར་ན་སྟོང་པ་ཉིད་དང་། རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གཉིས་ཀྱིས་ལྷར་སྦྱངས་ཏེ། བྱིན་གྱིས་བརླབས་ཀྱང་འདུས་པ་དེ་ནི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཁོ་ནའོ། །དེའི་བྱིན་བརླབས་གཞུག་པའི་རབ་ཏུ་གནས་པ་བསྟན་པའི་ཕྱིར། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པས་དམ་ཚིག་མཆོག །ཅེས་གསུངས་ཏེ། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་རིམ་གྱི་བདག་ཉིད་ནི། བྱང་ཆུབ་སེམས་རང་བྱུང་གི་ཡེ་ཤེས་ཁོ་ན་ཡིན་ལ། དེའི་ངོ་བོ་ཉིད་ནི་ཅིར་ཡང་མི་དམིགས་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །དེ་ཉིད་གཅིག་ཀྱང་ཡེ་ཤེས་ལྔ་ལྔ་ལ་སོགས་པ་གསལ་བ་ལས་དཀྱིལ་འཁོར་ཐམས་ཅད་དུ་རང་སྣང་བ་དེ་ལས་སྤྱན་དྲངས་ནས་བསྟིམ་མོ། །དེ་ཡང་གུད་ན་མེད་དེ། སེམས་རང་སྣང་བའི་ཕུང་པོ་ལ་སོགས་པ་རྣམས། རིག་པ་རང་སྣང་བའི་སྐུ་དང་ཡེ་ཤེས་སུ་དབྱེར་མེད་པ་དེ་ལ། ཕྱག་རྒྱ་བཞིས་བསྟིམ་ནས་གཉིས་སུ་མེད་པར་གྱུར་པ་དེ་ལ། རྐྱེན་འཇུག་པའི་མཚན་ཉིད་ཀྱིས་ཉམས་སུ་ལོན་པར་བསྒོམས་པས། དེ་ལ་དཀྱིལ་རིལ་གྱི་ཡོན་ཏན་རྫོགས་པའི་ཕྱིར། ཅི་འདོད་པ་ཡོངས་སུ་འགྲུབ་པར་འགྱུར་རོ། །ཞེས་བྱ་བའོ། །དེ་ལ་ཕྱི་དང་ནང་གི་མཆོད་པ་བྱ་དགོས་པའི་ཕྱིར་རོ། །གླུ་ཚིག་བྲོ་གར་རོལ་མོ་ཡི། །སྤྲིན་ཕུང་ཚོགས་ཀྱིས་རབ་ཏུ་མཆོད། །ཡུམ་དང་འཇོ་མ་སེམས་མ་ཡིས། །ཇི་ལྟར་འདོད་པའི་ལས་བཞིན་མཆོད། །ཅེས་གསུངས་ཏེ། ཕྱིའི་མཆོད་པ་ལྔ་དང་བླ་འཕན་རོལ་མོ་རྣམས་དང་ནང་གི་དམ་རྫས་རྣམས་དང་། བྲོ་གར་བཅུ་དྲུག་གི་གླུ་ཡེ་ཤེས་ཀྱི་མཆོད་པ་སྟེ། གསང་བའི་ཡུམ་དང་སེམས་མ་བརྒྱད་དང་། སྒོ་མ་བཞི་པོ་དག་ཀྱང་ནམ་མཁའི་ཁམས་བཀང་ལ་དབུལ་ལོ། །དེ་དག་གི་བསམ་པ་དང་བསྐུལ་བ་ནི། ལས་གང་འདོད་པའི་སྐབས་ཀྱིས་བྱེད་པའོ་ཞེས་བྱ་བ་ཁོ་ནའོ། །དེ་དག་ལས་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་དང་། གསང་བའི་མཆོད་པར་བསྟན་པའི་ཕྱིར། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱི་གང་གིས་མཉེས་པ་ནི་མཆོད་པའི་མཆོག་སྟེ། འདོད་པ་ལྔས་རིག་པ་ཚིམ་པར་བྱེད་པ་དེ་དག་མ་སྤངས་པར་སེམས་ཉིད་དུ་ཤེས་པར་ཁྱད་པར་དུ་བྱ་སྟེ། གཉིས་སུ་མེད་པའི་ངོ་བོར་ཕུལ་བ་ནི་མཆོད་པའི་མཆོག་གནས་སུ་སྟོབས་པའོ། །དེ་དག་གི་ངོ་བོ་ནི། འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དག་པར་བྱིན་གྱིས་བརླབ་པ་དང་། རིལ་ལ་སོགས་པ་ཐམས་ཅད་རིན་པོ་ཆེའི་ཕུང་པོར་རང་བརླབ་པ་དང་། ཆུ་ཐམས་ཅད་རིན་པོ་ཆེའི་རྫིང་བུ་སྣ་ཚོགས་པའི་བང་རིམ་དང་ལྡན་པར་བརླབ་པ་དང་། སོ་སོའི་གནས་ཁང་ཐམས་ཅད་རིན་པོ་ཆེའི་ཁང་པ་སྣ་ཚོགས་སུ་བརླབ་པ་དང་། རྩི་ཤིང་ཐམས་ཅད་རིན་པོ་ཆེའི་དཔག་བསམ་གྱི་ཤིང་སྣ་ཚོགས་སུ་བྱིན་གྱིས་བརླབ་པ་དང་། སྒྲ་སྐད་ཐམས་ཅད་བསྟོད་ཚིག་དང་ཆོས་ཀྱི་སྒྲ་སྣ་ཚོགས་སུ་གྲགས་པ་དང་། གོས་ཐམས་ཅད་ལྷབ་ལྷུབ་སྣ་ཚོགས་སུ་བྱིན་གྱིས་བརླབ་པ་དང་། རིན་པོ་ཆེ་ཐམས་ཅད་ཕྲེང་བ་ལ་སོགས་པ་སྣ་ཚོགས་སུ་བརླབ་པ་དང་། སོ་སོའི་ལོངས་སྤྱོད་ཐམས་ཅད་བདུད་རྩིའི་ལོངས་སྤྱོད་སྣ་ཚོགས་སུ་བརླབ་པ་དང་། འགྲོ་བ་རྣམས་ཀྱང་ལྷ་དང་ལྷ་མོ་རྒྱན་གྱིས་ཁྱད་པར་དུ་མཛེས་ཤིང་མཆོད་རྫས་སྣ་ཚོགས་ཐོགས་པ་དང་། དེ་དག་གི་དཀྱིལ་འཁོར་ཐམས་ཅད་ལ་སྟོབས་པར་བྱའོ། །དེ་དག་དབུལ་བའི་ཚུལ་ནི། སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཞེས་གསུངས་ཏེ། རྣལ་འབྱོར་པའི་བློའི་རིམ་པ་ལྟར། ཚིག་གི་རིམ་པ་ལྟར་རམ། སྐད་ཅིག་གིས་ཆོས་ཉིད་ལ་ཆོས་ཉིད་ཐིམ་པའི་ཚུལ་དུ་འབུལ་ལོ་ཞེས་བྱ་བའོ། །གསང་བའི་མཆོད་པ་བསྟན་པའི་ཕྱིར། །གསལ་ལྡན་མའམ་བྱིན་བརླབས་ལ། །སྟོང་གསུམ་ཡུངས་འབྲུར་གཞུག་ཚུལ་དུ། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད། །མཉེས་ནས་གྲུབ་པའི་དམ་ཚིག་མཆོག །ཅེས་གསུངས་ཏེ། མཆོད་པའི་ཡུམ་ཡང་ཤེས་རབ་དང་ལྡན་པས་རང་གིས་བསྒོམས་པའམ ། གཙོ་བོས་བརླབས་ནས་སྣ་རྩེར་ཡུངས་འབྲུ་ཙམ་གྱིས་གཞལ་ཡས་སུ་ལྷ་ཚང་བར་བཀོད་དེ། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་བསྟིམ་སྟེ། རོལ་པའི་བདེ་བ་ཇི་ལྟར་མྱོང་བ་ལྟར་ཐམས་ཅད་མཉེས་པ་དང་ཚིམ་པར་འགྱུར་རོ། །དེ་དག་གཉིས་སུ་ཡང་འགྱུར་ཏེ། ཐལ་བའི་རྒྱུད་ལས། ཤེས་རབ་ཐབས་ཀྱི་རྩ་གནས་སུ། །དྲྭ་བའི་ཐིག་ལེ་ཡི་གེ་ཉིད། །སྒྱུ་འཕྲུལ་དཀྱིལ་འཁོར་གཉིས་སུ་བརླབ། །བྷ་ག་འདུས་པའི་ཡུངས་འབྲུ་རུ། །ཁམས་གསུམ་འགྲོ་རྣམས་བསྡུ་བྱ་སྟེ། །རྟོག་ཚོགས་དཀྱིལ་འཁོར་མངོན་དུ་བྱ། །ཕྱོགས་དུས་དཀྱིལ་འཁོར་སྤྱན་དྲངས་ཏེ། །རིག་པས་སོ་སོའི་གནས་སུ་བསྟིམ། །བསྐྱོད་པའི་ཧ་སིའི་སྒྲས་བསྐུལ་བའི། །བདག་ཉིད་ཆེན་པོ་ལྔ་ཡི་རྒྱུན། །སྟེང་སྒོ་ནས་འབྱུང་བདེ་བའི་བཅུད། །སོ་སོའི་བཞི་བཅུ་གཉིས་ལ་ཐིམ། །ཀུན་ནས་བདེ་བའི་ཡེ་ཤེས་ཆེ། །རྒྱལ་བ་མཉེས་པའི་མཆོག་ཏུ་གསུངས། །བཅོ་བརྒྱད་ཕྲག་གཉིས་བུམ་པ་དང་། །དྲུག་གཉིས་གཟེར་གྱིས་སྦྱངས་ནས་ནི། །དབང་སྒྱུར་བྱིན་བརླབས་བདེ་ཐོབ་པ། །ཐེག་པ་ཆེན་པོར་དབུགས་ཕྱུང་བའོ། །ཞེས་འབྱུང་བའོ། །དེ་ལྟ་བུའི་རབ་གནས་ཀྱི་དུས་སུ་སྦྱིན་སྲེག་བྱ་བ་བསྟན་པའི་ཕྱིར། དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞལ་དུ་གྱུར་པའི་མེ་བོས་ལ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་གསུངས་ཏེ། རྒྱས་པའི་རྒྱུད་ལས། ཕྲིན་ལས་བཞི་ལ་ཧོམ་ཐབ་བརྒྱད་བསྟན་པ་ལས། འདིར་གནས་སྐབས་ཀྱིས་རྒྱས་པའི་ཐབ་གྲུ་བཞིའམ། རིན་པོ་ཆེ་ཟུར་བརྒྱད་དུ་བྱས་ཏེ། ཁ་དོག་སེར་པོ་བང་རིམ་དང་སྒྲོམ་དང་རྡོ་རྗེ་ཞགས་པས་བསྐོར་བའོ། །དེ་ཉིད་ཁོ་ནའི་གཞལ་ཡས་ཁང་བསྒོམས་ཏེ། མེ་ལྷ་སེར་པོ་སྒྲོམ་ཐོགས་པར་བསྐྱེད་པ་དང་། དྲངས་ནས་མཆོད་དེ། ལྟོ་བར་ཡང་རྒྱས་པའི་དཀྱིལ་འཁོར་བསྐྱེད་པ་དང་དྲངས་ནས་བདུད་རྩི་ལ་སོགས་པས་མཆོད་དེ་འདོད་དོན་གསོལ་བར་བྱའོ། །ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ། །ཤིན་ཏུ་ཕྲ་ལ་སྦྱངས་པ་ཡིས། །བསམ་ཡས་དག་ལའང་དེ་བཞིན་བྱ། །རིག་པས་དཔག་པ་ཙམ་དུའོ། །ཞེས་བྱ་བ་ནི། ཁྲོ་བོ་ལ་སོགས་པའི་དཀྱིལ་འཁོར་བྱེད་ན་ཡང་ལས་དང་སྦྱིན་སྲེག་རྗེས་སུ་མཐུན་ནོ་ཞེས་བྱ་བའོ། །དཔག་ཚད་ལ་སོགས་པ་མཆོག་གི་དཀྱིལ་འཁོར་ལ་ཡང་དེ་ལྟར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་མཆོད་པ་རྫོགས་ནས་དཀྱིལ་འཁོར་དུ་འཇུག་པ་བསྟན་པའི་ཕྱིར། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་བུ་གཞུག་པར་བྱ། །ཞེས་གསུངས་ཏེ། བཤད་པའི་ལས་རྣམས་རྫོགས་ནས་སློབ་དཔོན་ཁྲུས་གོས་དང་ལྡན་པས་ཤར་སྒོར་གུས་པར་འདུག་སྟེ། ལེའུ་བདུན་པར་བཤད་པ་ལྟར་ཞུགས་པ་ནི། རིག་པས་ཞུགས་པ་ཁོ་ནའོ། །དེ་ནས་སློབ་བུ་རྣམས་ཁྲུས་བྱས། གདོང་གཡོགས། བྲི་བ་བྱས། ལུས་དབུལ། བྱིན་གྱིས་བརླབས། དམ་ཚིག་དབོག །ནན་ཆགས་བྱ། དམ་ཚིག་བསྒྲག །མེ་ཏོག་དོར། ལྷ་དབབ། མིག་དབྱེ། དཀྱིལ་འཁོར་ངོ་བསྟན་པར་བྱའོ། །དེ་ལྟར་ཞུགས་པའི་ཕན་ཡོན་དང་། ཡི་དམ་ལྷ་མི་སྤོང་བར་གདམས་པ་བསྟན་པའི་ཕྱིར། བདེ་བ་ཆེན་པོའི་དཀྱིལ་འཁོར་ལ། །སྟངས་དཔྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་ཞུགས་ན། །འདོད་པའི་ཡིད་འོང་མཉམ་པར་འགྱུར། །ཞེས་བྱ་བ་ནི། རིགས་ལྔ་ཐབས་དང་ཤེས་རབ་འབྲེལ་པ་ནི་བདེ་བ་ཆེན་པོ་ཁོ་ནའོ། །དེ་དག་ལྷག་པ་གཟུགས་བརྙན་གྱི་སྐབས་སུ། བསྡུས་པ་ལ་ནི་སྟངས་དཔྱལ་གཉིས་སོ། །རྒྱས་པ་དང་འབྲིང་ལ་ནི་ལྔ་པ་སྟེ། དེ་དག་ཏུ་བཤད་པ་བཞིན་ཞུགས་པའི་ཡོན་ཏན་ནི། སྔོན་འོག་མིན་དུ་ཞུགས་པ་དང་མཉམ་པར་སྟོན་ཏེ། གཞན་དག་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་མངོན་དུ་མཐོང་བ་ཡི། །བསོད་ནམས་རྟག་པ་གང་ཡིན་ལ། །ཕྱིས་བྱས་པའང་དེ་བཞིན་ནོ། །ཞེས་འབྱུང་ངོ་། །དེ་ལྟར་ཞུགས་ནས་ཕོག་པའི་ལྷ་བསྒྲུབ་དགོས་པའི་ཕྱིར། སྐལ་བ་མཉམ་པའི་ཡེ་ཤེས་དེ། །གཉེར་ན་ཉེ་བར་འབྱུང་བ་ཡི། །ཡ་མཚན་ཆེན་པོ་འབྱུང་བར་ངེས། །དད་མེད་ཉམས་ན་ཕུང་བར་འགྱུར། །ཞེས་གསུངས་ཏེ། བདག་གི་རང་བཞིན་ཡང་སྐུ་གསུང་ཐུགས་རྡོ་རྗེར་ལྷུན་གྱིས་གྲུབ་པ་ལ་ནི་ཁྱད་པར་མེད་པ་ཁོ་ནའོ། །ཡིན་མོད་ཀྱི་རྟོག་པས་སྒྲིབ་པ་དེ་བསལ་བའི་ཐབས་ནི། ལེའུ་ལྔ་པོ་ལྟར་ཏིང་ངེ་འཛིན་མྱུར་དུ་འགྲུབ་པའི་ཕྱིར། རྩ་བའི་དམ་ཚིག་གཉིས་སུ་བསྣན་ནས་གསུངས་པས་བསྒྲུབ་པ་ལ་ནན་ཏན་ཆེ་བར་བྱའོ། །ཞེས་གསུངས་པའོ། །དེ་ནས་དབང་ཐོབ་པའི་རྒྱུ་ཡོན་དབུལ་བ་བསྟན་པའི་ཕྱིར། དེ་ནས་རིགས་ཀྱི་བུ་མཆོག་དེས། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་གསུངས་ཏེ། རང་གི་ལྷ་དེ་བཞིན་གཤེགས་པའི་རིགས་ལ་རྒྱལ་སྲིད་དབུལ་ལོ། །རྡོ་རྗེའི་རིགས་ལ་རང་ལུས་དབུལ་ལོ། །པདྨའི་རིགས་ལ་བུ་དང་ཆུང་མ་དབུལ་ལོ། །རིན་པོ་ཆེའི་རིགས་ལ་དེ་ཉིད་དོ། །ལས་ཀྱི་རིགས་ལ་རང་ལ་གཅེས་པ་དབུལ་ལོ། །བདག་པོའི་རིགས་ལ་བླ་མའི་ཐུགས་དང་ཅི་འཐད་པ་དབུལ་ལོ། །དེའི་ཡོན་ཏན་ཅི་ཞིག་སྙམ་པ་ལ། དབང་ཕྱུགས་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་དག་པར་འགྱུར། །ཞེས་གསུངས་པ་གོ་སླ་སྟེ། བླ་མ་མཉེས་པས་ཐུན་མོང་དང་ཐུན་མོང་མིན་པའི་སྡིག་པ་སྦྱང་བའི་ཕྱིར། ཡོན་ལ་སེར་སྣ་སྤང་ངོ་ཞེས་བྱ་བའོ། །དེ་ནས་དབང་བསྐུར་བའི་རིམ་པ་བསྟན་པའི་ཕྱིར། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་བསྐུར་བར་བྱ། །སྙིང་རྗེ་ཆུད་མ་ཟོས་པར་ཟུང་། །ཞེས་གསུངས་ཏེ། ཐེག་པ་འདི་ལ་དད་པ་རྣམས་ལ་ཕན་པའི་དབང་བཅུས་འདི་དང་ཕྱི་མར་ཕན་གདགས་པའོ། །བདག་དོན་གྱི་བརྩོན་པ་ཅན་ལ་ཉན་བསྒོམ་གྱི་དབང་གཉིས་པོ་སྦྱིན་ནོ། །གཞན་དོན་གྱི་བརྩོན་པ་ཅན་ལ་ནུས་པའི་དབང་གསུམ་པོ་བསྐུར་རོ། །བརྟུལ་ཞུགས་ནི་རབ་འབྲིང་ཐ་གསུམ་སྟེ། སྤྱོད་པའི་བརྟུལ་ཞུགས་དང་། རིག་པའི་བརྟུལ་ཞུགས་དང་། མཉམ་པའི་བརྟུལ་ཞུགས་སོ། །དེ་ཡི་དབང་ཡང་གསུམ་སྟེ། དམ་རྫས་ཀུན་ལ་སྤྱོད་པའི་དབང་དང་། རང་རིག་ཐམས་ཅད་མཁྱེན་པའི་དབང་དང་། ཤིན་ཏུ་བརྟན་པའི་དབང་དང་གསུམ་རིམ་པས་སྦྱིན་ཏེ། སྐས་ཀྱི་གདངས་ལྟར་འཛེག་ནས། བར་མ་དོར་མི་འདོར་རོ། །ཞེས་བྱ་བའི་ཐ་ཚིག་གོ། །བདག་པོའི་ཡོན་ཏན་དང་། བརྟུལ་ཞུགས་དབང་དུ་དཀྱིལ་འཁོར་གསུངས་པ། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །སོར་ནི་བཞི་ཡི་ཚད་དུ་བྱ། །ཞེས་གསུངས་ཏེ། ཉིད་ཀྱི་མཉམ་པའི་ཕྱག་རྒྱའི་སྟེང་དུ་ཕྲ་བའི་དཀྱིལ་འཁོར་དགོད་དོ། །གཞན་དུ་ན། ཐལ་བའི་རྒྱུད་ནས། ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས། །སོར་བཞིའི་ཚད་དུ་རང་བཞིན་གནས། །བདེ་བའི་ཡེ་ཤེས་ཐུགས་དཀྱིལ་འཁོར། །ཁ་དོག་དབྱིབས་དང་ལྡན་པར་བྱ། །ཐབས་ཀྱི་རབ་གནས་ཆོ་གར་ལྡན། །འཇུག་པ་བོས་ཀྱང་གསོ་བ་གདབ། །ཅེས་འབྱུང་ངོ་། །དེའི་ཕྱག་རྒྱ་དགོད་པ་གང་ཞིག་སྙམ་པ་ལ། སེན་ཟླུམ་ཙམ་གྱི་ཉི་ཟླ་ལ། །ཙ་ནའི་འབྲུ་ཙམ་པདྨོའི་གདན། །ཡུངས་འབྲུ་ཙམ་གྱི་ཡི་གེ་ལས། །ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི། །ཞེས་གསུངས་ཏེ། ཡི་གེ་ཡུངས་འབྲུ་ཙམ་ལས་སྐུ་ནས་འབྲུ་ཙམ་དགོད་པ་དང་། ཡི་གེ་ཏིལ་འབྲུ་ཙམ་ལ་སྐུ་ཡུངས་འབྲུ་ཙམ་དགོད་པའོ། །དེ་ལ་དཀྱིལ་འཁོར་གཞན་ལྟར་ཟླ་མེད་དམ་སྙམ་པ་ལ། ཡང་ན་ཐལ་མོ་རབ་བསྣོལ་ནས། །ཕྱག་རྒྱ་ཆེན་པོའི་ཕང་དུ་ནི། །དཀྱིལ་འཁོར་མཛུབ་གང་ཚད་དུ་ཡང་། །མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་གསུངས་ཏེ། དེ་ནི་ཐལ་བའི་རྒྱུད་ལས། ཐལ་མོ་ཞེས་བྱ་རྡེབ་པའི་སྒྲ། །དབང་པོའི་ཡུལ་དུ་རབ་སྦྱོར་བས། །ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས། །བརྟུལ་ཞུགས་གཉིས་ཀྱིས་པང་དུ་བླང་། །རྡོ་རྗེ་མཛུབ་མོའི་རྩེ་དག་ཏུ། །ཏིལ་འབྲུ་ནམ་མཁའི་གཞལ་ཡས་སུ། །རི་རབ་ཙམ་གྱི་ཕྱག་རྒྱ་དགོད། །ཐབས་ཀྱི་ཆོ་ག་རབ་གནས་དང་། །གསང་བའི་སྦྱིན་སྲེག་ལུགས་སུ་དབུལ། །ཞེས་འབྱུང་སྟེ། དེ་དག་གི་ལས་རིམ་ནི་བླ་མས་འཆད་པར་འགྱུར་ཏེ། དབང་གཉིས་རྫོགས་པར་བསྐུར་རོ། །དེ་ལྟར་དབང་ཐོབ་ནས་བསྐྱེད་པའི་རིམ་པ་ལེའུ་ལྔ་པ་ལ་སོགས་པ་ལྟར་ཏིང་ངེ་འཛིན་བཞི་ལ་གནས་པར་བྱ་བའི་ཕྱིར། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །ཞེས་གསུངས་ཏེ། ཏིང་ངེ་འཛིན་དང་པོ་གཉིས་ཀྱི་སྐབས་སུ་ཤེས་རབ་དང་མཐུན་པའི་སྤྱོད་པ་དང་། ཐབས་དང་མཐུན་པའི་སྤྱོད་པ་གཉིས་དང་ཡང་ལྡན་པར་བྱས་ནས། དེ་ནས་སྐུ་གསུང་ཐུགས་ཀྱི་ཆོ་ག་གསུམ་གྱིས་སྐུ་བསྐྱེད་དེ། ཕྲ་མོའི་ཏིང་ངེ་འཛིན་གྱི་སྐབས་སུ་ཕྱོགས་གཅིག་པའི་སྤྱོད་པས་བློ་སྦྱངས་པ་ནི་རྫོགས་པ་ཞེས་བྱའོ། །ཡིད་སྐྱོབ་པ་དང་བྱིན་གྱིས་བརླབས་ཀྱིས་ཕྱིར་སྔགས་ཏེ་ལྷའོ། །དེ་ཉིད་ལུས་ཀྱི་ཡན་ལག་མགོ་བོ་ལ་སོགས་པ་ལ་ཕྱག་རྒྱ་ལྔ་བཅུ་ཐམ་པ། རྒྱས་པའི་རྒྱུད་བཞིན་དུ་དགོད་པ་དང་། རྟོག་པའི་ཡན་ལག་ཕུང་པོ་ལ་སོགས་པ་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་སུ་སྣང་བ་རྣམ་པར་འབྱེད་པ་དང་། དེ་ཉིད་ཀྱི་ཡན་ལག་གཅིག་ལ་ཡང་དེ་དག་ཚང་བར་དགོད་པ་དང་། དེ་དག་ལ་ཡང་རྡོ་རྗེ་གསུམ་བསྒོམ་པ་དང་། དབང་བསྐུར་བའི་ཡན་ལག་དང་ལྔ་རྫོགས་ཏེ་སྣང་བ་རྣམ་པར་འབྱེད་པ་ལ་དབང་ཐོབ་ནས། བཟའ་བཏུང་དང་སྒྲའི་རོལ་མོ་དང་བྲོ་གར་དང་། གོས་རྒྱན་དང་། ཨ་ལི་མ་རྣམས། འཁོར་ཁང་གི་གནས་སུ་ཚུད་པར་བྱས་ཏེ། ཚོགས་ཀྱི་སྤྱོད་པས་བསྒྲུབ་བོ་ཞེས་བྱ་བ་ཁོ་ནའོ། །དེས་འགྲུབ་པའི་དུས་དང་། དངོས་གྲུབ་བསྟན་པའི་ཕྱིར། མ་ཉམས་འཇུག་ལ་རབ་བརྩོན་པས། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་གསུངས་ཏེ། གོང་མ་ལས་ལྟ་བ་དང་དམ་ཚིག་མ་ཉམས་པར་བརྩོན་པ་ལ་གནས་ན། ཟླ་བ་དྲུག་ནས་བཅུ་དྲུག་གི་བར་གྱིས་ཚེ་ལ་དབང་བའི་རིག་འཛིན་ཐོབ་པར་འགྱུར་ཏེ། དེ་ནི་ལུས་མི་འདོར་བའི་ཕྱིར་རིག་འཛིན་གྱི་མཆོག་གྲུབ་པའོ། །དེ་ཉིད་ཁོ་ནའམ་སྙམ་པ་ལ། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཞེས་གསུངས་ཏེ། རྒྱས་པའི་རྒྱུད་ལས། ཚེ་ནི་བཅུ་དང་དྲུག་པ་ཡི། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་ས། །ཞེས་འབྱུང་བས། བློ་དང་བརྩོན་འགྲུས་ཀྱི་ཤུགས་ཆེ་ཆུང་གིས་ལོ་བརྒྱ་ནས་བརྒྱ་ཕྲག་བཅུ་དྲུག་གི་བར་དུ་བསྣུར་ཞིང་ཐ་མ་ཡང་དེས་སྐུ་ལྔ་མངོན་དུ་གྲུབ་པའོ། །འགྲུབ་པའི་ཚུལ་ནི་ཇི་ལྟར་བུ་ཡིན་ཞེ་ན། ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཅེས་གསུངས་ཏེ། སྒྲུབ་པ་པོའི་རང་རིག་པའི་ངོ་ལ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡོན་ཏན་བརྗོད་པ་ལས་འདས་པར་སྣང་བ་ཡང་། གཉིས་སུ་མེད་པའི་ཚུལ་གྱིས་སྣང་བས་ཉིད་ལ་ཉིད་ཅེས་གསུངས་སོ། །གཞན་དུ་ན་བདེ་འདུས་ཡེ་ཤེས་ཐིག་ལེ་ལས། མཐའ་ཡས་ཡེ་ཤེས་རང་སྣང་བ། །མ་བརྩལ་ལྷུན་གྲུབ་རིག་འཛིན་མཆོག །ཅེས་པས་ལྷུན་གྱིས་གྲུབ་པའི་རིག་འཛིན་ཞེས་བྱའོ། །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞེས་བྱ་བ་ལ་སོགས་པ་ནི། ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང་ཁམས་གསུམ་དང་གཞལ་ཡས་ཁང་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཉི་ཤུ་རྩ་ལྔ་ལ་སོགས་པ་རིལ་དུས་གཅིག་ཏུ་གསལ་བར་སྣང་ནས། དེ་དག་གི་རིག་པའི་གསུང་གིས་བསྔགས་པ་དང་། ཆོས་སྟོན་པ་དང་། དབང་བསྐུར་བ་ཐོབ་སྟེ། བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་མངོན་དུ་བྱས་པ་ནི། རང་བྱུང་གི་ཡེ་ཤེས་དང་། རིག་པའི་ཡེ་ཤེས་དང་། ལྷུན་གྱིས་གྲུབ་པའི་ཡེ་ཤེས་གསུམ་ཚུལ་གཅིག་ཏུ་གྱུར་པས་མཐུན་པ་ཞེས་བྱ་བ་ཁོ་ན་སྟེ། དེའི་ཕྱིར་རང་སྣང་བའོ་ཞེས་གསུངས་སོ། །རང་སྣང་བའི་ཚུལ་ཇི་ལྟ་བུ་སྙམ་པ་ལ། དཔེས་བསྟན་པའི་ཕྱིར། དཔག་བསམ་ཤིང་དང་ཡིད་བཞིན་གྱི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེ་ནི་གོ་སླའོ། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་བྱ་བ་ནི། གཞི་ཅི་ཡང་མ་ཡིན་པ་ལས། ཉི་ཤུ་རྩ་ལྔ་ལ་སོགས་པ་མཐའ་ཡས་པར་རང་བྱུང་གི་ཡེ་ཤེས་རང་སྣང་བ་ནི་རྨད་དུ་བྱུང་བ་སྟེ། དེ་དག་བཀུག་པ་དང་བགྲོད་པ་དང་། རྒྱུ་རྐྱེན་གྱིས་མ་བྱས་པར་ཕུང་པོ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གསལ་བ་དེ་རང་རིག་པར་རྒྱུན་དུ་བསྒོམས་པ་ལས་རྒྱུ་འབྲས་གཉིས་སུ་མེད་པར་རང་བྱུང་བའོ། །དེ་ནི་རྒྱུན་ལ་བྱུང་བའི་ཕྱིར། །རྒྱུ་རྐྱེན་ལས་སྐྱེས་སོ་བར་དོགས་པ་ལ། །ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། །ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཞེས་གསུངས་ཏེ། ཐམས་ཅད་བདག་ཉིད་ཁོ་ནའི་ཕྱིར། གང་དུའང་མི་དམིགས་པར་རང་གསལ་བ་ནི་མཉམ་པ་ཉིད་ཀྱི་དབྱིངས་ཏེ་ཐེག་པ་ཆེན་པོའི་དེ་བཞིན་ཉིད་དོ། །དེ་ཉིད་གདོད་ནས་ཐམས་ཅད་ལྷུན་གྱིས་གྲུབ་པ་ཉིད་རང་སྣང་བ་སྟེ། གྱུར་པ་ནི་གདུལ་བྱའི་བླ་དྭགས་སོ། །དེ་བས་ན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སུ་རང་སྣང་བ་དེ་ལ་རོལ་ཞེས་བྱ་བ་ཁོ་ནའོ། །དེ་དག་མཚན་མར་གྱུར་རོ་བར་དོགས་པ་ལ། ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །ཅེས་གསུངས་ཏེ། དེའི་ངོ་བོ་ཉིད་ནི་ཅིར་ཡང་བཟུང་དུ་མེད་པ་ཁོ་ནའོ། །འོ་ན་དེས་དོན་བསྟན་པར་མི་ནུས་སོ་སྙམ་པ་ལ། རྒྱལ་བ་མངོན་བྱུང་སྐྱོབ་པ་དང་། །བྱིན་རླབས་སྟོན་པའང་དེ་བཞིན་ཏེ། །བྱ་བྱེད་ནུས་པའི་གཟི་བྱིན་གྱིས། །སྒྱུ་མ་རྡོ་རྗེ་བཙན་པོའི་མཆོག །ཅེས་གསུངས་ཏེ། འགྲོ་བ་དྲུག་ལ་སྣང་བའི་སྤྲུལ་པའི་སྐུ་དང་། དེ་དག་སྟོན་པའི་ལོངས་སྤྱོད་ཀྱི་སྐུའི་སངས་རྒྱས་ཐམས་ཅད་ཀྱང་བཤད་པའི་ཚིགས་སུ་བཅད་པ་གཉིས་ཀྱི་ཚུལ་ཁོ་ན་བས། སྐུ་གསུང་ཐུགས་ཀྱི་གཟི་བྱིན་དང་། སྒྱུ་མའི་རོལ་པས་ཅིར་ཡང་དོན་བྱེད་ཙམ་ན། རང་གི་ངོ་བོ་ཉིད་ནི་འདུས་མ་བྱས་པ་དང་། མི་ཕྱེད་པའི་ཕྱིར་སྐྱེ་འཇིག་མེད་པས། རྡོ་རྗེའི་སྐུ་སྟེ་ཁྱད་པར་དུ་འཕགས་པ་ཁོ་ནའོ་ཞེས་བྱ་བའོ། །མཐར་ཕྱིན་པ་དེ་དག་གི་ངོ་བོ་ཉིད་བསྟན་པའི་ཕྱིར། གཅིག་དང་དུ་མ་བྲལ་བ་ཡིས། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་གསུངས་ཏེ། གཅིག་གི་ངོ་བོ་ལ་ཡང་ཐམས་ཅད་བདག་ཉིད་ཆེན་པོར་གྱུར་པའི་ཕྱིར། ཕན་ཚུན་མ་ཡིན་པའི་ཚུལ་གྱིས་གསལ་བ་དང་། དེ་ཉིད་ཀྱི་ཚུལ་གྱིས་ཐབས་རྣམས་ནི་མ་འདྲེས་པར་སྣང་བའི་ཕྱིར། རྒྱས་པའི་རྒྱུད་ལས། ཐབས་ཆེན་མ་འདྲེས་རྣམ་པར་ཐར་པ་ཡི། །དམིགས་མེད་བདེར་གཤེགས་ཉིད་དབྱིངས་ཐུགས་ཆུད་པས། །དུས་བཞི་རྒྱལ་བ་ཀུན་དང་མཉམ་པར་འུབ། །ཅེས་གསུངས་སོ། །དེ་ལ་ཡོད་པ་དང་མེད་པ་དང་དབུས་དང་། དྲན་རྟོག་རྟག་ཆད་སྐྱེ་འགག་འགྲོ་འོང་ལ་སོགས་པ་ཐམས་ཅད་ལས་འདས་པའི་ཕྱིར། ངོ་བོ་ཉིད་བསྟན་དུ་མེད་པར་ཐམས་ཅད་ལྷུན་གྱིས་གྲུབ་པར་རང་སྣང་བའི་རང་བྱུང་གི་དེ་བཞིན་ཉིད་དེ་མངོན་དུ་བྱས་པའི་ཕྱིར་དེ་བཞིན་ཉིད་དུ་གཤེགས་པའོ། །ཡང་དག་པར་རྫོགས་པའོ། །དེ་ནི་གནས་བྱ་གནས་བྱེད་གཉིས་མེད་པས་ཐམས་ཅད་དུ་རང་སྣང་བའོ་ཞེས་བྱ་བའོ། །འོ་ན་གཉིས་སུ་བྱ་བ་མེད་པས་གདུལ་བྱ་མི་གཟིགས་སོ་བར་དོགས་པ་ལ། ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་གསུངས་ཏེ། ཐམས་ཅད་དུ་ཐམས་ཅད་ཀྱང་རང་རིག་པ་ཁོ་ནའི་ཕྱིར་གཉིས་སུ་མེད་པ་ལ། གཉིས་སུ་རྟོག་པ་ནི་ལོག་རྟོག་སྟེ། དེའི་རྒྱུན་གྱི་དེ་ཉིད་དུ་སྣང་བ་ནི། ཀུན་ཏུ་བརྟགས་པ་སྟེ་གློ་བུར་བའོ། །གང་དེ་ལས་ལོག་པ་ནི་དག་པ་སྟེ། དེ་བཞིན་གཤེགས་པའོ། །དག་པའི་ཕྱིར་འགྲོ་བ་རིལ་རང་རིག་པ་ལས་མི་གཞན་པར་གསལ་བས། ཐམས་ཅད་ཟིན་པ་དང་ཁྱབ་པ་དང་། གཉིས་སུ་མི་རྟོག་པའི་གཏན་ཚིགས་གསུམ་གྲུབ་པའི་ཕྱིར་ཞེས་བྱ་སྟེ། དེ་ཁོ་ན་ཐེག་པ་མཆོག་གི་ལུགས་ཀྱི་ཐུགས་རྗེའོ། །དེ་ཕྱིར་རྟོག་པ་མེད་པར་གསལ་བ་ཁོ་ནའོ། །ཞེས་བྱའོ། །ལེའུ་དགུ་པ་མན་ངག་གི་རིམ་པར་བཤད་པའོ།། །།དབང་བསྐུར་བ་སྟོན་ཏེ། བཤད་པའི་རྗེས་སུ་ཉེ་བར་འཇུག་པའི་ཕྱིར། རྒྱལ་པོ་སྦྱིན་པ་ཞེས་གསུངས་ཏེ། ཆེ་བ་ཐམས་ཅད་ཐོབ་པ་དང་། ཐམས་ཅད་ལ་དབང་སྒྱུར་པའི་ཕྱིར། རྒྱལ་པོ་ཞེས་བྱ་སྟེ། དོན་ཡང་རྗེས་སུ་མཐུན་པའི་ཕྱིར་དབང་ཕྱུག་ཅེས་ཀྱང་བྱའོ། །དེ་ཉིད་དོན་གཉིས་ཀྱི་ཕྱིར་ངེས་པའི་ཚིག་ཏུ་ཡང་འགྱུར་རོ། །དེ་ལྟ་བུ་སྣོད་གསུམ་པོ་ལ་ཐོབ་པར་བྱེད་པའི་ཕྱིར། སྦྱིན་པ་ཞེས་བྱའོ། །བརྟུལ་ཞུགས་ཅན་གྱི་དབང་བསྟན་པའི་ཕྱིར། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན། །རྡོ་རྗེའི་ལམ་ནས་པདྨོར་འཁྱིལ། །རྩེ་ནས་བསྟིམ་ཞིང་དཀྱིལ་འཁོར་བསྒྱུར། །ཞེས་གསུངས་ཏེ། དེ་ནི་བདག་གིས་མི་ནུས་ཀྱང་། །ཐལ་བའི་རྒྱུད་ལས། མི་བསྐྱོད་ཡབ་ཡུམ་རོལ་པ་ཡིས། །བདེ་བ་གསལ་ཞིང་མི་དམིགས་པ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཡེ་ཤེས་ཧཱུྃ་ཚོགས་ཀྱིས། །པདྨོའི་ཡེ་ཤེས་བསྡུས་འཁྱིལ་བའི། །ཡུངས་ཀར་ཚད་ཙམ་རྡོ་རྗེ་སེམས། །རྩེ་ནས་རྩེ་རུ་བྱིན་པ་ཡི། །རང་བཞིན་ཆོས་ཁམས་དཀྱིལ་འཁོར་གྱི། །ས་བོན་ཟུང་གསུམ་གཉིད་དང་བཅས། །གནས་ངན་ལེན་པ་གསུམ་སྦྱངས་ཏེ། །དམིགས་མེད་སེམས་ཀྱི་ཡེ་ཤེས་ལྔ། །གསལ་བས་ས་བོན་ཚིག་པ་བཞིན། །མི་སྐྱེ་ཐབས་ཀྱི་དབུགས་ཕྱུང་བའོ། །དེ་ལས་གཞན་ཡང་བཤད་བྱ་བ། །རྗེས་སུ་འཇུག་པའི་ཕྱག་རྒྱ་ཉིད། །ཟིལ་པའི་ཐིག་ལེ་སྔོན་ལམ་བཞིན། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་གཅིག །ཕན་ཚུན་དགོད་པའི་སྟོབས་ཀྱིས་བསྟིམ། །བདེ་བ་གཉིས་པོའི་ངོ་བོ་ཉིད། །གསུམ་པའི་ཡེ་ཤེས་དཀྱིལ་འཁོར་དུ། །གསལ་བར་ཤར་བར་གྱུར་པའི་སྒྲ། །རང་བཞིན་འོད་གསལ་དཀྱིལ་འཁོར་རོ། །དེ་ལས་གཞན་ཡང་བཤད་བྱ་བ། །རྡོ་རྗེ་ཉི་མ་ཐབས་ཀྱི་རྒྱ། །ཕུང་སོགས་ཕྱག་རྒྱ་ཚོགས་དང་ལྡན། །དེ་ཟླ་བསིལ་བྱེད་ཤེས་རབ་དངོས། །དུས་གཅིག་རོ་མཉམ་ཐིག་ལེ་ཆེ། །སུམ་ཅུ་རྩ་གཉིས་མཚན་རྫོགས་ཤིང་། །ཟླ་བའི་ཡེ་ཤེ་ལྔ་བཅུ་དྲུག །དཔེ་བྱད་ལ་སོགས་དཔག་ཏུ་མེད། །སེམས་ཤེས་མངོན་པར་ཤེས་དང་ལྡན། །སེམས་མཐའ་འགྲོ་འོང་རྫུ་འཕྲུལ་ཤེས། །གནས་ནས་ལོག་པ་ཐིམ་པའི་སྒྲས། །མཐའ་གཉིས་མ་གོས་པདྨའི་སྤྱན། །སྤྲུལ་པའི་གནས་ནས་བཀྱེ་བ་ཡིས། །བཞི་བཅུ་ལྔ་སོགས་མཐའ་ཡས་ཀུན། །རང་བཞིན་ཉིད་ལས་རང་གསལ་བའི། །བཅུ་གསུམ་ཡི་གེ་འཁོར་ལོར་བརྗོད། །ཅེས་འབྱུང་བ་ཁོ་ནའོ། །ཉན་བྱེད་འཁོར་ལོའི་གཞལ་ཡས་སུ། །ཞེས་བྱ་བ་ལ་སོགས་པ་ནི་བདག་དོན་གྱི་ནུས་དབང་སྟོན་ཏེ། རྣ་བ་གཉིས་ཀྱི་རྩའི་ནང་ན་བཅུད་འདུས་པའི་ཐིག་ལེ་ཤིན་ཏུ་དྭངས་པ་གནས་པ་ལས། རྩ་ནི་འཁོར་ལོའི་གཞལ་ཡས་ཁང་སྒོ་དང་བཅས་པར་བསྒོམ། ཐིག་ལེ་ཏྲཱྃ་ཟུང་ལྔར་གྱུར་པ་ལས་ཆོ་གས་རིན་པོ་ཆེའི་དཀྱིལ་འཁོར་ཡབ་ཡུམ་བཅུ་སྒོ་བ་ཡབ་ཡུམ་དང་བཅས་པར་སྐྱེད་པ་འཕྲོ་འདུ་ལས་འོད་དུ་གྱུར་པས་སློབ་བུ་རིན་ཆེན་འབྱུང་ལྡན་དུ་བྱས་པ་ལ་པོ་ཏི་གཏད་ཏེ། ཏྲཱཾ། གསང་བ་གསང་ཆེན་གསང་མཆོག་གང་། །ཞེས་བྱ་བ་ལ་སོགས་པ་བརྗོད་དེ་དབང་བསྐུར་རོ། །གསལ་བའི་འཁོར་ལོའི་གཞལ་ཡས་སུ། །ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་མཐུན་ཏེ། སྙིང་ལ་ཡི་དམ་གྱི་ལྷ་གང་ཡིན་པའི་རིགས་སུ་བསྐྱེད་པ་སྟེ་ཕྲེང་བ་སྦྱིན་ནོ། །ལག་པའི་འཁོར་ལོའི་གཞལ་ཡས་སུ། །ཞེས་བྱ་བ་ལ་སོགས་པ་ནི། གཞན་དོན་ནུས་པ་ཕྲིན་ལས་ཀྱི་དབང་སྟེ། སྦྱོར་བ་ནི་རྗེས་སུ་མཐུན་ཏེ། ལག་པའི་རྩ་གཉིས་ལ་ལས་ཀྱི་རིགས་བསྒོམ་མོ། །རྫས་རྡོ་རྗེ་རྒྱ་གྲམ་སྦྱིན་ནོ། །སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །ཞེས་བྱ་བ་ནི་འཆད་པའི་དབང་སྟེ་པདྨའི་རིགས་བསྒོམ་པ་སྟེ། འཁོར་ལོ་སྦྱིན་ནོ། །བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཞེས་བྱ་བ་ལ་སོགས་པ་ནི་དབང་ཕྱུག་རྒྱལ་པོ་ཆེན་པོའི་དབང་སྟེ། ཡན་ལག་མགོ་བོའི་དབང་པོ་ལྔ་ལ་ༀ་ཟུང་ལྔ། ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཧཱུྃ་ཟུང་ལྔ། དེ་བཞིན་དུ་གཡོན་པ་ལ་ཏྲཱྃ། རྐང་པ་གཡོན་གྱི་སོར་མོ་ལ་ཧྲཱིཿ གཡས་ལ་ཧཱ། ལུས་ཀྱི་ཕྱོགས་མཚམས་སུ་ཧཱུྃ་ཟུང་བཅུའོ། །དེ་དག་ལས་ཚོམ་བུ་ལྔ་དང་། ཁྲོ་བོ་ཁྲོ་མོ་རྣམས་བསྐྱེད་པ་ཡོངས་སུ་གྱུར་པ་ལས། ཀུན་ཏུ་བཟང་པོར་གྱུར་པ་ལ། རྡོ་རྗེ་དང་དྲིལ་བུ་གཏད་དེ། ཚིགས་བཅད་བརྗོད་དོ། །དབང་མ་ཐོབ་པའི་སྐྱོན་བསྟན་པའི་ཕྱིར། སློབ་དཔོན་མཉེས་པར་མ་བྱས་ཤིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་སླའོ། །དང་པོ་ཕན་པའི་དབང་བསྟན་པའི་ཕྱིར། དབུ་རྒྱན་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་ཡིས་དབང་བསྐུར་ན། །ཞེས་གསུངས་ཏེ། དངོས་སུ་བསྐུར་བ་ནི་གོ་བསླའོ། །དེ་ཡང་ཐལ་བའི་རྒྱུད་ལས། ཁམས་བཅུད་བདེ་བའི་ལམ་གཉིས་དང་། །དབུ་མ་བཅུད་མདུད་མཚན་ལྡན་པ། །དྲྭ་བའི་རྩ་དང་དབང་པོ་དང་། །ཕུང་སོགས་ཡེ་ཤེས་བདེ་འཁོར་ལོ། །ཧཱུྃ་གིས་བདེ་བ་ཡེ་ཤེས་བཅས། །ཚོགས་བརྒྱད་རང་བཞིན་ཡེ་ཤེས་ལྔ། །སྔགས་རྫས་དགོངས་པ་གང་བསླད་པ། །ཀུན་ནས་ལྡན་ཞིང་སྐྱོབ་པ་ཡིས། །སྡུག་བསྔལ་ལས་གྲོལ་རིགས་སུ་ངེས། །ཞེས་འབྱུང་བའི་ཕྱིར། ཕན་པའི་དབང་བཅུ་པོ་ཁོ་ནའོ། །དུས་འདི་ཕྱི་ཆད་རྒྱལ་བའི་སྲས། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། དབང་གི་ཡོན་ཏན་ཐུན་མོང་དུ་ལྷ་དང་མིར་སྐྱེས་ན་ཡང་དབང་པོར་འགྱུར་ལ། ནུས་པའི་དབང་པོ་ཐོབ་ནས་ཐར་པའི་ལམ་སྟོན་པའི་བདག་པོར་འགྱུར་རོ། །ཟབ་མོའི་དབང་ཐོབ་པ་ནི། རིགས་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཉིད་དུ་ངེས་སོ། །ཞེས་བྱ་བའོ། །ལེའུ་བཅུ་པ་མདོར་བཤད་པའོ།། །།དེ་ནས་ཏིང་ངེ་འཛིན་བཞི་པ་ལ་གནས་པ་རྣམས་ཀྱི་དོན་དུ། ཚོགས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱལ་པོ་སྒྱུར་བ་ཞེས་བྱ་བ་ནི་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བ་ཉིད་ལེའུ་བཞི་པར་ཡབ་ཡུམ་ཁོ་ན་ལ་བྱ་བའི་ཕྱིར། ཚོགས་ཀྱི་དཀྱིལ་འཁོར་ཀྱི་སྐབས་འདིར་ཡབ་ཡུམ་བདུན་ཅུ་ལ་སོགས་པའི་ཕྱག་རྒྱ་འབྲེལ་པ་ནི་སྒྱུ་འཕྲུལ་དྲྭ་བའི་ཡང་རྒྱལ་པོའོ། །དེ་དག་གི་དུས་སུ་ལོངས་སྤྱོད་ཐམས་ཅད་དང་ལྡན་པ་ཡང་རྒྱལ་པོ་ཞེས་བྱའོ། །འདུས་པ་དེ་དག་རྟོགས་པ་རྣམ་པ་བཞིས་ཐམས་ཅད་ཀྱང་སྐུ་དང་ཡེ་ཤེས་ཁོ་ནར་གསལ་བའི་ཕྱིར་སྤྱོད་ཡུལ་ཡོངས་སུ་དག་པ་ནི་སྒྱུར་བ་ཞེས་བྱ་བའོ། །དེ་ལྟ་བུའི་དོན་སྟོན་པའི་དགོངས་པ་མངོན་དུ་སྣང་ངོ་། །ཞེས་བྱ་བའི་ཐ་ཚིག་སྟེ་གདུལ་བྱའི་སྣང་བའོ། །རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །ཞེས་བྱ་བ་ལ་སོགས་པ་ནི། ལྟ་བའི་གཏན་ཚིག་སྟོན་ཏེ། རྒྱུ་རང་བྱུང་་གི་ཡེ་ཤེས་རང་སྣང་བ་ནི་སྐུ་དང་ཡེ་ཤེས་ཏེ། དེ་དག་ནི་མྱ་ངན་ལས་འདས་པའི་ངོ་བོའོ། །རྒྱུ་མ་རིག་པ་དང་ལོག་རྟོག་གི་རྒྱུན་ལས་འཁོར་བའི་ཆོས་སུ་སྣང་ངོ་། །དེ་གཉིས་ནི་གསལ་བས་ཐ་དད་ཀྱང་ངོ་བོ་ཉིད་གཅིག་པ་སྟེ། འཁོར་བའི་རྒྱུ་གཉིས་པོ་ཉིད་རྒྱལ་པོའི་ཕྲུ་གུ་ལྟར་ལས་ནོར་ཡང་རང་གི་ངོ་བོ་མི་འགྱུར་བར་བསྟན་པའི་ཕྱིར། རྒྱས་པའི་རྒྱུད་ལས། གཏི་མུག་ཅེས་ནི་བརྗོད་པ་ཡང་། །མ་རིག་མིང་གི་རྣམ་གྲངས་ཏེ། །གཉིས་མེད་དོན་གཅིག་ཡིན་པར་བཤ ད་། །ཅེས་པ་དང་། ཡང་། ཕྱིན་ཅི་ལོག་ཉིད་ཡང་དག་སྟེ། །མ་རིག་པ་ཉིད་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཅེས་འབྱུང་བས། ལོག་རྟོག་ཉིད་དུའང་རིག་པ་རང་སྣང་བའི་ཕྱིར། རང་བྱུང་གི་ཡེ་ཤེས་ཁོ་ན་བས་དེའི་ངོ་བོ་བསྟན་དུ་མེད་པ་ནི་མཉམ་པའི་དབྱིངས་སུ་གསལ་བས་ཐམས་ཅད་ཀྱི་རྒྱུ་གཅིག་པ་ཁོ་ནའོ། །ཡིག་འབྲུ་ནི་ༀ་སྟེ། རྒྱུ་ཉིད་ཀྱི་ཕྱིར་ཐམས་ཅད་སེམས་ཉིད་ལས་གང་ཡང་མ་གྲུབ་པ་དང་། སེམས་ཉིད་ཅི་ཡང་མ་སྐྱེས་པ་ནི་ཨ་སྟེ་གསུང་གི་རང་བཞིན་ནོ། །ངོ་བོ་ཉིད་གཅིག་ཏུ་མ་གྲུབ་པ་དང་། རིག་པ་ཅིར་ཡང་སྣང་བ་ནི་ཨ་ལ་ན་རོ་སྣང་བ་སྟེ། སྐུའི་རང་བཞིན་ནོ། །དེ་དག་ཚིག་ལ་སྔ་ཕྱིར་སྣང་ཡང་དོན་གཅིག་པར་རྟོགས་པའི་རིག་པ་ཉིད་ཡེ་ཤེས་ལྔར་གསལ་བ་ནི། ༀ་སྟེ་ཐུགས་ཁོ་ནའོ། །ཡི་གེ་གཅིག་ལ་གསུམ་གྱིས་མཚོན་ནས་ཕུང་པོ་ལ་སོགས་པ་ཐམས་ཅད་སྐུ་གསུང་ཐུགས་སུ་སངས་རྒྱས་པར་བྱིན་གྱིས་བརླབས་པའི་ཕྱིར། བྱིན་གྱིས་བརླབས་དང་། ཞེས་གསུངས་སོ། །མངོན་སུམ་པར། ཞེས་བྱ་བ་ནི། མངོན་སུམ་བཞི་ལས། འདིར་བལྟ་བྱ་ལྟ་བྱེད་གཉིས་སུ་མེད་པས་རང་རིག་པའི་མངོན་སུམ་མོ། །དེས་ཐམས་ཅད་བཤད་པའི་རྗེས་སུ་དག་པའི་ཕྱིར། རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་སོ། །ཡན་ལག་དབང་པོ་རྣམ་ཤེས་ཀུན། །རྣམ་སྨིན་ༀ་དུ་ཤེས་པར་བྱ། །ཞེས་བྱ་བ་ནི། འདི་ནས་མར་སྤྱོད་པའི་ཏིང་ངེ་འཛིན་བསྟན་ཏེ། འདི་དག་ཏུ་རང་རིག་པ་ཉིད་སྣང་བར་ཤེས་པས། རབ་འབྲིང་ཐ་མར་མི་སྣང་གི། བདག་ཉིད་དུ་གསལ་བ་ནི་ཡེ་ཤེས་ལྔའི་ངོ་བོ་བས། ༀ་ཞེས་བརྡར་བསྟན་ཏོ། །དེ་ལས་ཞི་ཁྲོའི་ཚོགས་ཀྱི་དཀྱིལ་འཁོར་གཉིས་ཀྱི་སྐབས་སུ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་གཙོ་བས་རིགས་ལྔར་བསྒོམ་ཡང་མི་འགལ་བའི་ཕྱིར། རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོ་བའི་དཀྱིལ་འཁོར་བསྒོམ། །ཞེས་གསུངས་སོ། །གཟུགས་སྒྲ་དྲི་རོ་རེག་རྣམས་ལ། །རྣམ་སྨིན་མཱུྃ་དུ་ཤེས་པར་བྱ། །ཞེས་བྱ་བ་ནི། རྒྱུ་ཉིད་ཀྱིས་འབྲས་བུ་ཡང་བདག་ལས་མི་གཞན་པའི་ཕྱིར། གང་དུ་ཡང་སྣང་བ་མེད་པར་གསལ་བ་ནི་མཉམ་པ་ཉིད་ཀྱི་དབྱིངས་ཏེ་མཱུྃ་ཞེས་བྱ་བའོ། །གཞན་ནི་རྗེས་སུ་མཐུན་ནོ། །ཚོགས་ཀྱི་ཡོ་བྱད་བཞི་བྱིན་གྱིས་བརླབས་པའི་ཕྱིར། གོས་རྒྱན་བཟའ་བཏུང་གླུ་ཚིག་དང་། །བྲོ་གར་ཚོགས་ཀྱི་སྤྲིན་ཕུང་ལ། །ཧཱུྃ་དུ་ཤེས་པས་རབ་སྤྱད་ན། །ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །ཞེས་གསུངས་པ་གཞན་ནི་གོ་སླ་སྟེ། བྲོ་གར་ནི་རིགས་སོ་སོའི་བྲོ་གར། རྒྱས་པའི་རྒྱུད་ལས། ལེའུ་གཅིག་གིས་བསྟན་ཏོ། །དེ་དག་རབ་ཏུ་མང་པོར་སྤྱོད་པའི་ཕྱིར། ཚོགས་དང་སྤྲིན་ཞེས་བྱའོ། །དེ་ཀུན་རང་རིག་ཏུ་ཤེས་ནས་སྤྱད་ན། སྤྱོད་བཞིན་མ་ཆགས་པ་ཆུ་ལ་ཉ་དང་། ནམ་མཁའ་ལ་བྱ་ལྟ་བུའི་ཚུལ་གྱིས་མི་གོས་པར། ཚོགས་གཉིས་སུ་འབྱུང་བ་ནི་ངོ་མཚར་རོ། །ཞེས་བྱ་བ་སྟེ། བདག་ཉིད་ཆེན་པོའི་མཆོད་པ་ཁོ་ནའོ། །ཡོ་བྱད་ལྔ་པ་བྱིན་གྱིས་བརླབ་པ་བསྟན་པའི་ཕྱིར། ལྷ་མོ་ཀླུ་མོ་རིགས་ངན་མོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ནི་ནུས་པས་དངོས་སུ་དགུག་པ་ཡང་ཡིན་ལ། ལོ་གྲངས་གསུམ་དང་མཚན་རབ་འབྲིང་དང་། ཟླ་བ་དང་། ཉི་མར་ལྡན་པ་དང་མི་ལྡན་པ་གསུམ་དང་། སྦྱོར་བའི་ཐབས་བདག་བདེ་བ་དང་། གཞན་བདེ་བ་དང་། གཉིས་བདེ་བ་རྣམས་ཁོ་ནའོ། །དབྱེའམ་ཡང་ན་མི་དབྱེ་པར། །ཞེས་བྱ་བ་ནི། རང་གི་ཐབས་དང་སྦྱར་རོ། །ཞེས་བྱ་བའོ། །བསྙེན་པ་དང་ནི་ཉེ་བསྙེན་པ། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོས། །ཞེས་བྱ་བ་ནི། འདི་དག་ལམ་གྱི་རིམ་པར་སྦྱར་བ་ནི། བསྙེན་པ་ནི་ཏིང་ངེ་འཛིན་གོང་མ་གཉིས་ཀྱིས་བྱང་ཆུབ་སེམས་གཉིས་ཉམས་སུ་ལོན་པའོ། །ཉེ་བའི་བསྙེན་པ་ནི། ཏིང་ངེ་འཛིན་འོག་མ་གཉིས་མངོན་དུ་བྱས་པའོ། །སྒྲུབ་པ་ནི་ཡོ་བྱད་ལྔས་ཚོགས་བསྒྲུབ་པའོ། །སྒྲུབ་པ་ཆེན་པོ་ནི་དེའི་དུས་སུ་ཨཱ་ལི་ཀཱ་ལི་ཉམས་སུ་ལེན་པ་སྟེ། དེ་ལ་བསྙེན་སྒྲུབ་བཞི་ཁོ་ན་ཏེ། ཨཱ་ལི་ཕྱག་རྒྱ་རྙེད་ནས་ཆོས་གསུམ་གྱིས་བརྟན་པར་བྱས་པ་ནི་བསྙེན་པའོ། །ཡོ་བྱད་བཞི་དང་འདོད་པའི་ཆོས་ཀྱིས་བདེ་བ་རྒྱས་པར་བྱས་པ་ནི། ཉེ་བའི་བསྙེན་པའོ། །སྙོམས་པར་ཞུགས་པ་ནི་སྒྲུབ་པའོ། །ཉི་ཟླ་རྡོ་རྗེའི་ལྕེས་ལེན་པ་ནི་སྒྲུབ་པ་ཆེན་པོའོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར། ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་དགུ་པར་བཤད་ཟིན་ཏོ། །བསྒྲུབས་པའི་ཉི་ཟླའི་སྙིང་པོ་དེ། །དཀྱིལ་འཁོར་རྡོ་རྗེའི་ལྕེ་ཡིས་བླང་། །ཞེས་པ་ནི། བསྒྲུབས་པ་ལས་བྱུང་བའི་ཕྱིར་བསྒྲུབས་པའོ། །སྙིང་པོ་ནི་ཉི་ཟླའི་ཐིག་ལེ་གཅིག་སྟེ་ཡོན་ཏན་ཐམས་ཅད་སྙིང་པོའོ། །དེའི་ཕྱིར་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་གསལ་བ་ཁོ་ནའོ། །རྡོ་རྗེ་ཉིད་ལྕེ་བས་དེ་ལ་དེ་སྐད་ཅེས་བྱའོ། །བླང་བ་ནི་བཅུ་པར་བཤད་ཟིན་ཏོ། །ཐ་མལ་པ་རྣམས་ཀྱི་དབང་དུ་ལྕེ་ལ་རྡོ་རྗེ་བསྒོམས་པ་ནི་རྡོ་རྗེ་ལྕེ་སྟེ། དེས་བླངས་པའི་ཡོན་ཏན་ནི། མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཞེས་བྱ་བའོ། །སྔ་མའི་ཡོན་ཏན་ནི། ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞེས་གསུངས་སོ། །དེ་དག་གི་ཐུགས་རྗེ་རྨད་དུ་བྱུང་བའི་སྤྱོད་པ་བསྟན་པའི་ཕྱིར། ཞིང་གྱུར་མཆོག་དང་མཆོག་ཕྲན་རྣམས། །ཉི་ཟླའི་སྟེང་དུ་མཁས་པས་བཞག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞིང་གཉིས་ལས་འདིར་ཐུགས་རྗེའི་ཞིང་སྟེ། ཞིང་བཅུའོ། །དེ་ལ་བརྒྱད་ནི་མཆོག་གོ། །ངན་སོང་གསུམ་པོ་ནི་ཕྲ་བའོ། །དེ་དག་ཨེའི་སྟེང་དུ་ཉི་ཟླ་བསམས་ཏེ། བདག་ཉིད་ཊཱ་ཱཀིའི་ཏིང་ངེ་འཛིན་ལས་མ་ཡེངས་པས། འཁོར་བ་རིལ་དུ་བཟློག་པར་མནན་པ་ནི་མཁས་པས་བཞག་པ་ཁོ་ནའོ། །གཞན་དུ་ན་ཉི་ཟླ་གཉིས་ཀྱིས་རྣམ་པར་ཤེས་པ་ལ་དབང་བསྐུར་བའོ། །ང་རྒྱལ་ལག་གི་འདུ་བྱེད་བསྒོམ། །ཧཱུྃ་དུ་གྱུར་པས་རྣམ་པ་དག །དབྱིངས་སུ་ཐིམ་ནས་ཕྱག་རྒྱ་འབར། །སྐུར་གྱུར་འོད་ཟེར་འཕྲོ་བས་བརྗིད། །གཙུག་ཏུ་རྣམ་པར་རྒྱལ་བ་བསྒོམ། །ཞེས་བྱ་བ་ནི། གིང་ཉིད་ལྷའི་ཏིང་ངེ་འཛིན་མ་ཉམས་པའི་སོར་མོ་ཡི་གེ་ལྔའི་འོད་ཟེར་གྱིས་ས་བོན་དྲུག་པོ་སྦྱངས་ནས། སེམས་མི་ཤིགས་པའི་ཐིག་ལེ་ཉིད་ཧཱུྃ་དཀར་པོར་བྱས་པ་དྲངས་ཏེ། བདག་གི་ཤངས་ནས་རིམ་པར་བརྒྱུད་ནས། མཁའ་ལ་བབས་ཏེ། བྱང་ཆུབ་སེམས་ཀྱི་བསྟིམས་ནས་ཆོ་ག་གསུམ་གྱིས་རྡོ་རྗེ་སེམས་དཔའི་སྐུར་གྱུར། དེ་ཉིད་ཉོན་མོངས་པ་ལྔ་གནས་སུ་དག་པའི་འོད་ཟེར་སྣ་ལྔ་དང་ལྡན་པའི་སྤྱི་བོར་རིགས་ཀྱི་བདག་པོ་ཚོན་གང་བསྒོམ་པ་ནི་འཁོར་བ་ལས་མངོན་པར་རྒྱལ་བའི་ཕྱིར་ཏེ་དེ་ལ་དེ་སྐད་ཅེས་བྱའོ། །ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཞེས་བྱ་བ་ནི། ངན་པར་འགྲོ་བ་དང་སོང་བ་རིལ་ལ་རང་གིས་བསགས་པ་མེད་ན། ཐར་པའི་ཐབས་འདི་ལས་གཞན་མེད་པའི་ཕྱིར་རོ། །འོ་ན་དེས་མི་སྒྲིབ་བམ་སྙམ་པ་ལ་ཤེས་རབ་ཀྱིས་མི་གོས་པར་བསྟན་པའི་ཕྱིར། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་གསུངས་ཏེ། དེ་དག་ཉིད་རིལ་གྱི་རང་བཞིན་སྣང་བ་ནི། དེ་བཞིན་ཉིད་ཁོ་ནའོ། །དེ་ལས་རང་གི་ལོག་རྟོག་གི་རྒྱུ་རྐྱེན་འདུས་པ་ཙམ་སྣང་བ་སྒྱུ་མ་ལྟ་བུའོ། །དེ་ལ་ངོ་བོ་ཉིད་ཡོད་པར་མཐོང་བ་ནི་ཐོ་ཡོར་ལ་མི་རུ་འདུ་ཤེས་པ་ལྟ་བུ་སྟེ། འདི་དག་ལྟར་ཤེས་ན་བསད་བ་མེད་པས་འདུ་ཤེས་མི་འཇུག་པ་ཁོ་ནའོ། །དེ་དག་ལ་སོགས་པའི་ལྟ་བའི་གཏན་ཚིགས་བསྟན་པའི་ཕྱིར། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤད་པ་བཞིན་དུ་རྒྱུ་ཉིད་ནས་དག་པའི་ཕྱིར་ཐམས་ཅད་ཀྱང་རང་རིག་པ་ཁོ་ནར་གསལ་བ་ནི། སྐུ་དང་ཡེ་ཤེས་ཤ་སྟག་པས། འབྱུང་བ་ལྔའི་ངོ་བོ་རིགས་ཀྱི་ཡུམ་ལྔར་དག་པ་དང་། ཕུང་པོ་ལྔ་རིགས་ལྔར་དག་པ་དང་། རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་ལྔར་དག་པ་ལ་འཁོར་བ་ངང་གིས་མེད་པའི་ཕྱིར་རོ། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །ཞེས་བྱ་བ་ནི། ཆོས་ཐམས་ཅད་བདེན་པ་གཉིས་སུ་མཉམ་པ་ནི། མདོ་སྡེ་དག་དང་ཡང་མཐུན་ལ། ལྷག་པའི་མཉམ་པ་གཉིས་ནི་གསུམ་པའི་སྐབས་སུ་བཤད་དོ། །རྒྱུད་ཀྱི་རང་གཞུང་ནི་དག་པའི་སྐབས་ལས་ཤེས་པར་བྱའོ། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་བྱ་བ་ནི། དངོས་པོ་རྣམས་གཏན་ཚིགས་གསུམ་གྱིས་གཞལ་བས་འཁྲུལ་པའི་སྣང་བ་དག་པ་ཉིད་ཀྱིས་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ནི། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་དག་པར་གནས་པ་སྟེ། ངོ་བོ་ཉིད་ཀྱི་ཞིང་ཁམས་ཞེས་བྱ་བ་ཁོ་ནའོ། །བྱེད་སྤྱོད་ཚོགས་ཆེན་གཉིས་གྱུར་ནས། །ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཆོ་ག་རྫོགས་པར་ཤེས་པ་ཡི། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོས་པ་འགྲུབ། །ཅེས་བྱ་བ་ནི། སྒྲུབ་པ་པོ་སྟོན་ཏེ། ལྟ་སྤྱོད་ཏིང་འཛིན་འཁྲུགས་པར་བྱའོ། །དེ་ཡང་དང་པོ་དབང་རིམ་པར་ནོས་ནས། དེ་ནས་གཏན་ཚིགས་གསུམ་གྱིས་དངོས་པོའི་དེ་ཁོ་ན་ཉིད་ངོ་ཤེས་པར་བྱས་ལ། དེ་ནས་ཏིང་ངེ་འཛིན་རྣམ་པ་བཞི་ལ་རིམ་པས་སེམས་སྦྱངས་ཏེ། སྣང་བ་རྣམ་པར་འབྱེད་པ་ལ་དབང་ཐོབ་པའི་ཕོ་མོ་བདུན་ཅུའམ། བཞི་བཅུ་རྩ་དྲུག་གམ། བཅོ་བརྒྱད་ཀྱིས། འཁོར་ཁང་སུམ་རིམ་དུ་ཡོ་བྱད་ལྔ་བསགས་ཏེ་ཚོགས་བསྒྲུབས་ན། རིགས་འཛིན་གསུམ་དང་མཐར་སྐུ་ལྔ་ཡང་འགྲུབ་བོ། །ཞེས་བྱ་བའོ། །ཚོགས་ཀྱི་དཀྱིལ་འཁོར་གྱི་ངོ་བོ་སྟོན་པའི་ཕྱིར། ལྔ་དང་ལྔ་ཡི་སྦྱོར་བ་ཡིས། །ཚོམ་བུ་ལྔ་ཡི་ལྷ་བཀོད་ལ། །ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །འཁོར་ལོའི་ཚུལ་དུ་རྣམ་པ ར་བསྒོམ། །ཞེས་སོགས་གསུངས་ཏེ། ལྷ་སོ་སོ་ཐོག་མ་ནས་བསྒོམ་པའམ། བསྒྱུར་ཏེ་བསྒོམ་པའི་ཕོ་མོ་བཅུ་དབུས་སུ་རྡོ་རྗེའི་རིགས་ཡབ་ཡུམ་བཅུ་རུ་དགོད་དོ། །དེ་ལྟར་ཕྱོགས་བཞིར་རིགས་བཞི་ཡབ་ཡུམ་བཞི་བཅུའོ། །དེའི་ཕྱི་རིམ་དུ་ཁྲོ་བོ་ཡམ་ཡུམ་ཉི་ཤུའོ། །ཚོམ་བུ་གསུམ་པ་བསྟན་པའི་ཕྱིར། དེ་བཞིན་རིགས་དང་རྡོ་རྗེའི་རིགས། །བྱ་བ་ལ་སོགས་པ་གསུངས་ཏེ། །ཁྲོ་བོ་ཡབ་ཡུམ་བཅུ་དྲུག་གོ། །ཚོམ་བུ་གཅིག་པ་བསྟན་པའི་ཕྱིར། །རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ལྔ་ནི་རྡོ་རྗེའི་རིགས་སུ་འདུས་པས། རྡོ་རྗེའི་རིགས་ནི་དཀྱིལ་འཁོར་གྱི་སྐབས་ཀྱིས་རིགས་ཀྱི་གཙོ་བོ་ཁོ་ནའོ། །གཅིག་དང་ཐ་དད་ལས་གྲོལ་བས་རིགས་འགྱུར་ཡང་། ཡེ་ཤེས་མི་འགྱུར་བའི་ཕྱིར། ཐུགས་ཐམས་ཅད་ཡེ་ཤེས་ལྔར་འདུས་ལ། ལྔ་ཡང་སྟོང་པ་ཉིད་ཁོ་ནར་འདུས་པས་དེ་ནི་ཐམས་ཅད་ཀྱི་མཆོག་གོ། །གཞན་ནི་གོ་སླའོ། །ཁྲོ་བོ་ཁྲོ་མོ་བརྒྱད་དོ། །ཁྲོ་བོ་ཁྲོ་མོ་ཚོགས་ཆེན་པོ། །ཕོ་ཉ་ཕྱག་བརྙན་བཀའ་ཉན་ཚོགས། །ཅི་བགྱི་ལ་སོགས་ཚོགས་རྣམས་ཀྱིས། །དངོས་གྲུབ་ལས་རྣམས་རྫོགས་པར་བྱེད། །ཅེས་བྱ་བ་ནི། ཁྲོ་བོ་ཁྲོ་མོ་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་ན། ཁྲོ་བོ་ཡབ་ཡུམ་བཅུ་དབུས་སུ་དགོད། དེ་བཞིན་དུ་རིམ་པས་གནས་ཡུལ་སྒོ་མ་ཉི་ཤུ་དང་། ཅི་བགྱི་ཞེས་ལས་སྒྲུབ་པའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དང་། བསྡུས་པའི་ཁྲོ་བོ་ཁྲོ་མོ་ཉི་ཤུ་སྟེ། ཕོ་མོ་བདུན་ཅུ་རྩ་བརྒྱད་ཀྱིས་བསྒྲུབས་ན་ལས་དང་དངོས་གྲུབ་གཉི་ག་ཡང་འགྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ། །རྣལ་འབྱོར་སྔགས་འཆང་དངོས་གྲུབ་ནི། །ཞེས་བྱ་བ་ལ་སོགས་པ་ན ི། ཚོགས་ཀྱི་ལྟ་སྤྱོད་འབྲེལ་བ་དང་། རྫོགས་པའི་རིམ་པའི་ལམ་གཉིས་ཐུན་མོང་དུ་བསྟན་ཏོ། །རྣལ་འབྱོར་ནི་རྣམ་པ་གསུམ་སྟེ། རང་བཞིན་དང་། ལམ་དང་། ལྷུན་གྱིས་གྲུབ་པའོ། །ལམ་ལ་སྤྱིར་གཉིས་ཏེ། ཕྱག་རྒྱའི་རྣལ་འབྱོར་དང་། ཡེ་ཤེས་ཀྱི་རྣལ་འབྱོར་རོ། །དེ་ལ་རྒྱུད་འདི་ནི་དེ་གཉིས་མི་ཕྱེད་པ་ཁོ་ནའོ། །སྔགས་ལ་གཉིས་ཏེ། ཡིད་སྐྱོབ་པ་དང་། བྱིན་གྱིས་བརླབས་ཆེན་པོའི་ཕྱིར་རོ། །འཆང་བ་ལ་གཉིས་ཏེ། རྣལ་འབྱོར་གྱི་མངོན་སུམ་ནི་འཆང་བའོ། །རང་རིག་པའི་མངོན་སུམ་དུ་ཤིན་ཏུ་འཆང་བའོ། །དངོས་གྲུབ་ཀྱང་གཉིས་ཏེ། ཐུན་མོང་དང་མཆོག་སྟེ། ཞར་ལས་འབྱུང་བའི་ཕྱིར་སྨོས་པའོ། །མཉམ་རྫོགས་ལྷུན་གྲུབ་ངང་གནས་ཤིང་། །ཞེས་བྱ་བ་ནི། རྒྱས་པའི་རྒྱུད་ལས། ཐབས་ཀྱི་ཐེག་པའི་ལྟ་བ་ནི། །བླ་མེད་ཐེག་པ་ལས་འཕགས་པའི། །དོན་དམ་དུ་ནི་དཀོར་བདུན་ནོ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཞེས་འབྱུང་བས། རང་རིག་པ་ཉིད་དངོས་པོ་ཐམས་ཅད་དུ་རང་སྣང་བས་དངོས་པོ་གཉི་ག་རང་རིག་པའི་སྐུ་དང་ཡེ་ཤེས་སུ་གསལ་བར་མཉམ་པ་ལ་འབྲས་བུ་ལུས་པ་མེད་པ་ནི་རྫོགས་པ་ཁོ་ནའོ། །ངང་ལ་གཉིས་ཏེ། སྐྱེ་བ་མེད་པའི་ངང་ནི། སྤྲོས་པ་བརྒྱད་དང་བྲལ་བ་ཁོ་ནའོ། །ལྷུན་གྱིས་གྲུབ་པའི་ངང་ནི། དངོས་པོ་ཐམས་ཅད་སེམས་ཉིད་ཁོ་ནའི་ཕྱིར་ཅི་ཡང་མ་ཡིན་པ་ཉིད་ལ་ཡོན་ཏན་རིལ་ལྷུན་གྱིས་གྲུབ་པར་གནས་པའོ། །དེ་དག་ནི་རང་བཞིན་གྱི་རྣལ་འབྱོར་ཏེ། དེ་ལྟར་ཤེས་པ་ནི་རྒྱུའི་མཚན་ཉིད་དེ། དགོས་པ་དང་བསྙེན་པའོ། །གང་གིས་དེ་ལ་གནས་པར་བྱར་མེད་པའི་ཚུལ་གྱིས་གནས་པ་ནི། སྔགས་འཆང་བ་ལམ་གྱི་རྣལ་འབྱོར་ཏེ། རྐྱེན་འཇུག་པའི་མཚན་ཉིད་དོ། །སྤྱོད་པ་ཅི་ལའང་ཐོགས་མེད་པ། །ཞེས་བྱ་བ་ནི། དེ་དག་གི་སྤྱོད་པ་ནི་གང་ཡང་མ་བཀག་པ་ཁོ་ན་སྟེ། ལྟ་བ་ཀླུང་དུ་བྱེད་པ་དང་། སྤྱོད་པ་མི་གོས་པའི་ཕྱིར་ཏེ། གང་ཡང་བྱ་བ་དང་བྱེད་པ་དང་། བྱས་པར་ཡིན་ལ་བྱེད་པ་དང་། ཐོགས་པ་དང་བཅས་པའོ། །དེ་གསུམ་དུ་མི་འཛིན་པ་ནི་ཐོགས་པ་མེད་པ་སྟེ། བྱིས་པ་བཞིན་དུ་སྤྱོད་དོ་ཞེས་བྱ་བ་ཁོ་ནའོ། །དེ་དག་ཅིའི་ཕྱིར་སྙམ་པ་ལ། ཐམས་ཅད་ཡེ་ནས་དབྱེར་མེད་པའོ། །ཞེས་གསུངས་ཏེ། དངོས་པོ་ཐམས་ཅད་ནི་གདོད་ནས་སྣང་སྟོང་གཉིས་སུ་དབྱེ་རུ་མེད་པ་ཁོ་ནའི་ཕྱིར་རོ་ཞེས་བྱ་བའོ། །དེ་ལྟར་ལྟ་སྤྱོད་གཉིས་དང་ལྡན་པ་ནི། འཇུག་པ་ཉམས་སུ་ལོན་པས། འབྲེལ་པ་དང་ཉེ་བའི་བསྙེན་པ་སྟེ། གཟུངས་ཀྱི་རྒྱལ་པོ་དང་འདུ་འབྲལ་མེད་པར་བསྒྲུབ་པའོ། །དེ་ཉིད་མངོན་དུ་བྱས་པ་ནི་བསྒྲུབ་པ་ཆེན་པོའི་འབྲས་བུའི་མཚན་ཉིད་དེ། དགོས་པའི་ཡང་དགོས་པའོ། །ཞེས་བྱ་བའོ། །རྡོ་རྗེའི་རིགས་སུ་ཐམས་ཅད་དཀྱིལ། །ཞེས་བྱ་བ་ལ་སོགས་པ་ནི། ཚོགས་ཀྱི་དཀྱིལ་འཁོར་གྱི་བསྒྲུབ་པའི་ཐབས་ལས་འདིས་ནི་ཚོམ་བུ་གཅིག་པའི་སྒྲུབ་ཐབས་སྟོན་ཏེ། རྡོ་རྗེའི་རིགས་སུ་རིགས་བཞི་པོ་འདུས་པའི་ཕྱིར། དཀྱིལ་ཞེས་བྱ་བ་ཁོ་ནའོ། །སྤྱིར་བདག་པོའི་རིགས་ཀྱང་བླ་དྭགས་སུ་རྡོ་རྗེ་སྟེ། རིགས་ལྔ་ཆར་ལྷུན་གྱིས་གྲུབ་པས་མི་ཕྱེད་པའི་ཕྱིར་རོ། །དེ་བས་ན་ལེའུ་དང་པོ་ལ་སོགས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཞེས་འབྱུང་ངོ་། །འོད་ཟེར་འཕྲོ་བ་རབ་ཏུ་བསྒོམ། །ཆགས་མེད་ཚུལ་གྱིས་བསྟིམ་པར་བྱ། །ཞེས་བྱ་བ་ནི། ཚོམ་བུ་གཅིག་པའི་ལྷ་ཡན་ལག་གི་ལྷ་རྣམས་དང་བཅས་པར་བསྒོམས་ཏེ། ཡོ་བྱད་ལྔ་ལ་སྤྱོད་ཙམ་ན་ཐོགས་པ་མེད་པས་འདུ་ཤེས་དང་བྲལ་བས་བྱས་པའི་ངོ་བོ་མེད་པ་ནི་ཐིམ་པ་ཞེས་བྱ་བ་ཁོ་ནའོ། །གཉིས་མེད་གྱུར་ན ས་ཕྱག་རྒྱ་ཆེ། །ཞེས་བྱ་བ་ནི། ཡོ་བྱད་བཞི་པོ་ལྟ་སྤྱོད་གཉིས་སུ་མེད་པས་སྐུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པའོ། །ཡོ་བྱད་ལྔ་པ་ཉི་ཟླ་གཉིས་སུ་མེད་པས་ནི་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་བོ། །ཡང་ན་སྐུ་གསུང་ཐུགས་ཉིད་དེ། །ཞེས་བྱ་བ་ལ་སོགས་པ་ནི། ཆོས་ཐམས་ཅད་སྐུ་གསུང་ཐུགས་སུ་འདུས་པའི་ཕྱིར། ཚོམ་བུ་གསུམ་པའི་སྒྲུབ་ཐབས་སྟོན་ཏེ། རྗེས་སུ་མཐུན་ནོ། །རྡོ་རྗེ་རིགས་སུ་སྐྱེ་བའི་གནས། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་སྐུ་གསུང་ཐུགས་ཁོ་ནར་འདུས་ལ། དེ་དག་མི་ཕྱེད་པ་ནི་རྡོ་རྗེ་ཞེས་བླ་དྭགས་སུ་བརྗོད་པའོ། །སྔགས་འཆང་དངོས་གྲུབ་ཡང་དག་ནི། །ཞེས་བྱ་བ་ལ་སོགས་པ་ནི། ཚོམ་བུ་ལྔའི་སྒྲུབ་ཐབས་ཏེ། རྗེས་སུ་མཐུན་ནོ། །དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །ཅེས་བྱ་བ་ནི། སྐུ་ལྔ་ནི་དངོས་གྲུབ་ཀྱི་མཆོག་སྟེ། དེ་དག་ལྷུན་གྱིས་གྲུབ་པའི་རིག་འཛིན་ལས་འབྱུང་བའི་ཕྱིར་རོ། །རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས། །དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ། །སེམས་དཔའ་སེམས་མ་ཉིད་དུ་བསྒོམ། །ཞེས་བྱ་བ་ནི། སྒྱུ་འཕྲུལ་བསྡུས་པའི་དཀྱིལ་འཁོར་ཏེ། སྒོ་བ་ཡབ་ཡུམ་བརྒྱད་དེ་ལྷ་བཅོ་བརྒྱད་དོ། །དབུས་ཀྱི་གཙོ་བོ་ནི་རིགས་དྲུག་པོ་གང་ཡང་རུང་བ་དེ་མ་ངེས་པའོ། །འདི་ནི་ཚོགས་ཀྱི་དཀྱིལ་འཁོར་དང་གཟུགས་བརྙན་གྱི་དཀྱིལ་འཁོར་ཀུན་ལའང་སྦྱར་བར་བྱའོ། །སོ་སོའི་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་ཡང་དག་སོ་སོར་གསལ། །ཞེས་བྱ་བ་ནི། དཀྱིལ་འཁོར་དུ་སྣང་ཡང་ཏིང་ངེ་འཛིན་དང་། ཕྱག་རྒྱ་དང་། སྔགས་རང་མ་འདྲེས་པ་ཁོ་ནའོ། །ཞེས་བྱ་བའོ། །གནས་དང་ལོངས་སྤྱོད་ཅི་བདེ་དང་། །མ་ཉམས་བློ་ནི་རབ་ལྡན་པས། །ཞེས་བྱ་བ་ནི། ཤིན་ཏུ་དབེན་པའི་ས་ཕྱོགས་སུ། འཁོར་ཁང་སུམ་རིམ་དྲི་ཞིམ་པ་ཡངས་པ་རྒྱན་གྱིས་སྤྲས་པ་བྱས་ལ། དེར་ལོངས་སྤྱོད་ལྔ་ལ་འཇོལ་ཉོག་ཏུ་སྤྱོད་པ་ནི་ཅི་བདེ་ཞེས་བྱའོ། །དེའི་དུས་སུ་དམ་ཚིག་མ་ཉམས་པ་དང་། ལྟ་སྤྱོད་དང་། ཏིང་ངེ་འཛིན་དུ་འབྲེལ་བས་བསྒྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ། །དང་པོ་དམ་ནོས་བཞིན་དུ་བྱ། །ཞེས་བྱ་བ་ནི། ཚོམ་བུའི་གྲངས་དང་། ཨཱ་ལིའི་སྤྱོད་པ་དང་། དམ་ཚིག་ནི། དམ་ཇི་ལྟར་བཅས་པ་ལས་མི་འདའ་བ་ཁོ་ནའོ། །ཞེས་བྱ་བའོ། །དཀྱིལ་འཁོར་འདིས་མཐར་གཏུགས་པའི་ཕྱིར། ལ་ལ་དག་དུས་སུ་སྨྲ་བ་ནི་དོན་མེད་པ་ཁོ་ནའོ། །ལེ་ལོ་སྒྱིད་སྙོམས་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབ་བྱས་ན། །ཞེས་བྱ་བ་ནི། སོམ་ཉི་ནི་འབྲས་བུ་མ་ལུས་པའི་གེགས་ཁོ་ནའི་ཕྱིར་རོ། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་ཐོབ། །ཅེས་བྱ་བ་ནི། ཚོགས་ཀྱི་དཀྱིལ་འཁོར་གསུམ་དུ་དཀྱིལ་འཁོར་མཐའ་དག་འདུས་ཏེ། མི་ཕྱེད་པའི་ཕྱིར་གཅིག་དང་དུ་མ་དང་བྲལ་བས་གྲུབ་པ་ཁོ་ནའོ། །སྒྲུབ་པའི་ཞག་དང་ཚེས་གྲངས་ནི། །རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་བྱ་བ་ནི། འགྲུབ་པའི་དུས་ཞག་སུམ་ཅུ་ཕྲག་དྲུག་ལ་སོགས་པ་ནི་འདི་ཉིད་ཀྱི་དགུ་པ་ལས་གསུངས་ལ། སྐར་མ་དང་ཚེས་བཟང་པོ་ལ་འཇུག་པ་ནི་རྒྱུད་གཞན་ལས་གསུངས་པ་ལྟར་བྱའོ། །ཞེས་བྱ་བ་ཁོ་ནའོ། །ཚོགས་ཀྱི་དཀྱིལ་འཁོར་ཞེ་བྱ་བ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་པའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་ཀྱང་འདུས། །འདུས་པ་ཆེན་པོའི་ཚོགས་སུ་གསུང་། །ཐམས་ཅད་སྤྱོད་ལ་མི་འཛིན་པས། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པས། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་གསུངས་སོ། །དཀྱིལ་འཁོར་ནི། རྒྱས་པའི་རྒྱུད་ནས། རྡོ་རྗེ་སེམས་དཔའ་དཀྱིལ་ཉིད་དེ། །རིགས་བཞི་ལྷ་དང་ལྷ་མོ་འཁོར། །ཡང་ན་འདས་པ་དཀྱིལ་ཉིད་དེ། །འཇིག་རྟེན་སྣ་ཚོགས་འཁོར་ཡིན་ནོ། །ཞེས་གསུངས་སོ། །ལེའུ་བཅུ་གཅིག་པ་མདོར་བཤད་པའོ།། །།དེ་ནས་དཀྱིལ་འཁོར་དེ་དག་ཉེ་བར་སྒྲུབ་པའི་ཐབས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རོལ་མོའི་སྤྲིན་རྣམ་པར་འཕྲོས་ཏེ། རྒྱན་བཀོད་པ་ཞེས་བྱ་བ་ནི། རོལ་མོ་ནི་གཞི་མ་ངེས་པ་ལས་སྣ་ཚོགས་སུ་སྣང་བས་ཐམས་ཅད་ཀྱང་ཚིམ་པར་བྱེད་པ་སྟེ། འདིར་ཡོ་བྱད་ལྔ་ལ་སོགས་པ་ཐམས་ཅད་དུ། རིག་པ་རང་སྣང་བར་ཤེས་ནས་དེ་ལ་སྣ་ཚོགས་སུ་སྤྱོད་པ་ཉིད་ཡེ་ཤེས་ཀྱི་རོལ་པ་སྟེ། དེ་དག་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པར་གྲུབ་པའི་ཐབས་སུ་མཛེས་པ་དང་། གཉིས་སུ་མེད་པའི་རྒྱན་ཁོ་ནའོ། །སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །ཞེས་བྱ་བ་ནི། ངེས་པར་ཚོགས་སྒྲུབ་པ་རྣམས་ཀྱིས། རྒྱུད་འདིའི་གཞུང་གི་ཚོགས་ཀྱི་དཀྱིལ་འཁོར་རྣམ་པ་གསུམ་པོ་གང་ཡང་རུང་བ་ལ་བློ་སྦྱངས་ཏེ། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཐོབ་པ་དེས་བསྒྲུབ་བོ་ཞེས་བྱ་བའོ། །ཡོ་བྱད་ལྔ་སྤྱད་པའི་སོ་སོའི་ཡོན་ཏན་བསྟན་པའི་ཕྱིར། བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །འཛུལ་ལམ་ནམ་མཁའ་འགྲོ་བར་འགྱུར། །ཞེས་བྱ་བ་ནི། སྒྱུ་འཕྲུལ་རྒྱས་པའི་རྒྱུད་ཀྱི་བཞུགས་གནས་ཀྱི་ལེའུ་བཞིན་གནས་ཁང་དང་། ས་ཕྱོགས་རྡོ་རྗེའི་གཞི་ལ་རིན་པོ་ཆེས་སྤྲས་པར་བརླབས། དེ་ནས་ཡན་ལག་ལྔ་ལ་དཀྱིལ་འཁོར་ལྔ་བཀོད་པ་དང་། ཡན་ལག་ཀུན་གསལ་བར་བྱས་ནས་ལུས་རྒྱན་གྱིས་བརྒྱན་ཏེ། བྲོ་སྟབས་དང་། ལག་གི་གར་སྟབས་སྣ་ཚོགས་དང་། གླུ་ཚིག་རྒྱས་པ་ལས་འབྱུང་བ་ལ་སོགས་པ་སྣ་ཚོགས་བླངས་པའི་དུས་ན། དབུ་ཡི་དཀྱིལ་འཁོར་བསྒུལ་བསྐྱོད་པས། །སངས་རྒྱས་ཞིང་ཁམས་མ་ལུས་གཡོ། །ཞེས་བྱ་བ་ལ་སོགས་པ་བཞིན་དུ་སྤྲུལ་པའི་འཕྲོ་འདུ་དང་བཅས་པའི་བྲོ་གར་བྱས་པའི་ཡོན་ཏན་ནི། རི་བྲག་དང་ས་ལ་འཛུལ་ཞིང་རྐང་འོག་གི་ཕྱག་རྒྱ་མོ་རྣམས་སྤྱོད་པ་དང་། མཁའ་ལ་འགྲོ་ཞིང་ལྷ་དང་། གནོད་སྦྱིན་མོ་རྣམས་སྤྱོད་ཅིང་ཐམས་ཅད་འཁོལ་བར་བྱེད་དོ། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི། ཐམས་ཅད་ཀྱང་རང་རིག་པ་ཁོ་ན་བས་སྐུ་གསུང་ཐུགས་ལས་འདའ་བ་མེད་པའི་ཕྱིར་ཕྱག་རྒྱ་སྟེ། དེས་རྒྱུའི་ཏིང་ངེ་འཛིན་ཁོ་ནའི་ཕྱིར། གདུལ་བྱ་སོ་སོ་ལ་ཆོས་སོ་སོར་སྟོན་པར་འགྱུར་རོ། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །ཅེས་བྱ་བ་ནི། ཆས་གོས་ལྔ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཁོ་ན་དང་། ཁྲོ་བོར་བསྒྲུབ་ན་རུས་པའི་རྒྱན་ལྔ་ལ་སོགས་པ་དེས། ལུས་ཤིན་ཏུ་སྤགས་པའི་གཟི་བྱིན་གྱིས། ཐམས་ཅད་ཀྱང་ཟིལ་གྱིས་མནན་ནས་སེང་གེ་ལྟ་བུར་གནས་པ་ཁོ་ནའོ། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཅེས་བྱ་བ་ནི། དམ་རྫས་ལྔས་གཞི་བྱས་པའི་ལོངས་སྤྱོད་སྣ་ཚོགས་འདོད་པའི་ལྷ་མོར་བརླབས་ནས་མཆོད་པས་ནི། སྐུ་རིན་པོ་ཆེའི་ཚོན་ཤེལ་དུ་བཅུག་པ་ལྟ་བུ་དང་། བདུད་རྩིའི་བཅུད་ཟད་པ་མེད་པས་ཐམས་ཅད་ཚིམ་པར་བྱེད་པ་ཁོ་ནའོ། །ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་ནི། བརྡར་བསྟན་པ་ཐབས་དང་ཤེས་རབ་ཁོ་ན་སྟེ། སྙོམས་པར་འཇུག་པ་ནི་བཤད་ཟིན་ཏོ། །དེས་ནི་ལས་དང་དངོས་གྲུབ་ཅི་འདོད་པ་རིལ་བསམ་པ་ཡོངས་སུ་སྐོང་བ་ཁོ་ནའོ། །ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་བྱ་བ་ནི། མཚན་ཉིད་རྣམ་པ་གསུམ་གྱིས་ལམ་གཉིས་ཀའི་རིམ་པ་ཐུན་མོང་དུ་སྟོན་ཏེ། རྟོགས་པ་རྣམ་བཞིས་མཉམ་རྫོགས་ཀྱི་དོན་ཉམས་སུ་ལོན་པ་ནི་ཤེས་པའི་མཚན་ཉིད་དེ་རྒྱུ་ཁོ་ནའོ། །དེ་ནས་ལྷུན་གྱིས་གྲུབ་པའི་ངང་ལ་གནས་ཏེ་ཅི་ལའང་ཐོགས་པ་མེད་པར་སྤྱོད་པ་ནི། ལྟ་སྤྱོད་མགོ་འབྱོར་བས་འཇུག་པའི་མཚན་ཉིད་དེ། རྐྱེན་ཞེས་བླ་དྭགས་ཙམ་སྟེ་དེ་ནི་འཇིགས་པ་ལས་ཐར་བ་ཁོ་ནའོ། །དེ་ལ་རྒྱུན་དུ་གོམས་པའི་མཐུ་ཅན་དུ་གྱུར་པས་ལྷུན་གྱིས་གྲུབ་པའི་རིག་འཛིན་འབྱུང་ལ་མ་རག་པར་གནས་པ་ནི། རང་གི་ངོ་བོ་ཡོངས་སུ་སྨིན་པ་དང་། དེ་ཉིད་འབྲས་བུ་ཉེ་བར་ལེན་པའི་ཕྱིར། འབྲས་བུའི་མཚན་ཉིད་དོ། །དེ་ལ་ཕྱག་རྒྱའི་རྣལ་འབྱོར་ནི། སོ་སོའི་རིགས་འཛིན་པ་ཁོ་ནའོ། །དེ་ལ་རྣམ་པར་སྨིན་པ་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་གཉིས་སོ། །གཞན་དག་གི་སྤྱིར་ནི་གང་ཏིང་ངེ་འཛིན་རིག་པ་ཡུལ་གྱིས་མི་འཕྲོག་པ་ཉིད་རིག་པ་ཟིན་པའི་ཕྱིར། རིག་པ་འཛིན་པ་སྟེ། དེ་དག་ཡིད་ལ་བྱེད་པ་སྤངས་པ་ནི་ཐེག་པ་ཆེན་པོ་པར་བརྗོད་པ་སྟེ། བརྟགས་པ་དང་སྤྱིའི་མཚན་ཉིད་དང་། །གཞན་གྱི་དབང་ལས་ཡོངས་སུ་གྲོལ་བའི་ཕྱིར་རོ། །དེ་ཉིད་ལྟར་ན་ཅིག་ཤོས་ཀྱི་ལམ་དུ་ཞུགས་པ་སྟེ། ཚེ་ལ་དབང་ཐོབ་པ་ལ་སོགས་པ་གསུམ་པོ་ནི་ལུས་འདི་ཉིད་མི་སྤོང་བ་ཁོ་ནའོ། །གཞན་གྱི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་པ་དག་ལམ་འདིར་མི་ཆུད་པ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། བྱང་ཆུབ་ཕྱག་རྒྱ་ཆ་ལུགས་སྐུ། །མཚན་དང་དཔེ་བྱད་ལ་སོགས་པའི། །ཆ་ལུགས་མངོན་དུ་བྱུང་ན་ཡང་། །ཞི་བ་དེ་ཉིད་མཐོང་བ་མིན། །ཞེས་གསུངས་སོ། །གོང་མ་དེ་དག་ནི་ཕྱོགས་བཅུའི་དཀྱིལ་འཁོར་མ་ལུས་པས་དབང་བསྐུར་ཞིང་ལུང་སྟོན་པ་ཁོ་ནའོ། །མི་དང་ལྷ་དང་ཚངས་པ་ཡི། །སྐྱེེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་འགྱུར་ཡིན། །ཞེས་བྱ་བ་ནི། འདོད་པ་དང་གཟུགས་ན་སྤྱོད་པའི་ལྷ་དང་མིའི་དབང་པོ་དངོས་སུ་གྲུབ་པ་དང་། རང་དབང་དུ་འགྲོ་བ་ཡང་ཡོད་པ་དེ་དག་ཏུ་སྣང་ཡང་ས་དང་པོ་དང་བརྒྱད་པ་དང་། བཅུ་པ་དག་དང་། སྐལ་བ་མཉམ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཕ་རོལ་ཕྱིན་པ་ཀུན་ཏུ་རྫོགས། །ཐབས་དང་ཤེས་རབ་ཐབས་ཀྱི་མཆོག །ཤེས་རབ་མཆོག་གི་མཆོག་གྱུར་པའི། །ཞེས་བྱ་བ་ནི། ཁྱད་པར་གྱི་སའི་ཕྱིར་གསུངས་པ་སྟེ། འཇུག་པའི་མཚན་ཉིད་དུ་སྦྱོར་བའི་ཕྱིར། ཐམས་ཅད་ཀྱང་ཚོགས་སུ་གྱུར་པས་ཕ་རོལ་ཏུ་ཕྱིན་པ་རིལ་ལ་རྒྱུན་དུ་ཞུགས་པ་ཁོ་ནའོ། །རྒྱུན་དང་མཉམ་པའི་ངང་ལ་གནས་པ་ནི་མཐོང་བ་དང་བསྒོམ་པའི་ལམ་གཉིས་ཀྱང་ཡོངས་སུ་རྫོགས་པའོ། །གང་དུ་ནུས་པའི་མཐུ་དང་ལྡན་པ་ནི་ཐམས་ཅད་ཀྱི་དབང་དང་ལུང་ཆེན་པོ་ཐོབ་པའི་ཕྱིར་མཐར་ཕྱིན་པ་ཁོ་ནའོ། །ནུས་པའི་མཐུས་གོ་ཕྱེ་བ་ནི། རིག་པ་ཉིད་ཁྱབ་པའི་ཕྱིར་ཀུན་ཏུ་འོད་ཅེས་བྱ་བའོ། །ཐབས་ནི་རང་སྣང་བའི་ཕྱིར་གང་ཡང་མ་འགགས་པ་སྟེ། མ་ལུས་པ་ལ་ལོངས་སྤྱོད་ཀྱང་ཤེས་རབ་ཀྱི་དབང་གིས་མ་གོས་པ་ནི་པདྨ་འདམ་གྱི་ནང་ནས་མ་གོས་པ་ལྟ་བུའི་ཕྱིར། ཐབས་མཁས་པའོ་ཞེས་བྱ་བ་ཁོ་ནའོ། །གང་མི་དམིགས་པའི་ཤེས་རབ་ནི། ཤེས་རབ་གསུམ་གྱི་མཆོག་སྟེ། དེ་ཉིད་རང་སྣང་བའི་ཕྱིར། ཐམས་ཅད་ཀྱང་བདག་ཉིད་ཆེན་པོའི་སྐུ་དང་ཡེ་ཤེས་སུ་གསལ་བས་ཡུལ་གྱི་ཐ་སྙད་དུ་བྲལ་བར་རིལ་མཁྱེན་པ་ནི་མཆོག་ཁོ་ན་སྟེ། ཡི་གེ་འཁོར་ལོ་ཞེས་བྱའོ། །དེ་དག་མངོན་དུ་བྱས་པ་ནི་འབྲས་བུའི་མཚན་ཉིད་དེ། གཞི་གཅིག་ལ་སྐབས་ཀྱི་མཚན་ཉིད་ཐ་སྙད་ཙམ་གྱི་ཕྱིར་མིང་ཐོབ་པ་ཁོ་ནའོ། །དེ་དག་རྫོགས་པའི་ཕྱིར། ས་ཡི་ཁྱད་པར་བཅུ་དང་གསུམ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། །ཞེས་གསུངས་སོ། །མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། །མ་ལུས་པར་ནི་བསྒོམ་པར་འགྱུར། །ཞེས་བྱ་བ་ནི། རྫོགས་པའི་ལམ་དང་། ཉེ་བའི་ལྷ་བསྒོམ་པ་རྣམས་ཀྱི་དབང་དུ་གསུངས་པ་སྟེ། ཐམས་ཅད་ཀྱི་ངོ་བོ་ཉིད་གཅིག་དང་དུ་མ་བྲལ་བ་ཁོ་ནའི་ཕྱིར་རོ། །དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །ཞེས་བྱ་བ་ནི། ལམ་གཉིས་ཀྱི་གཞི་ཐུན་མོང་དུ་བསྟན་པ་སྟེ། སངས་རྒྱས་ཞེས་ཐ་སྙད་པ་རྣམས་ནི་ལུགས་གཞན་ལྟར་རྙེད་པ་དག་སྲིད་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གདུལ་བྱའི་དབང་གིས་བཏགས་སུ་ཟིན་ཀྱང་། ངོ་བོ་ཉིད་བསྟན་པར་དཀའ་བའི་ཕྱིར་གཞན་དུ་མི་རྙེད་པ་ཁོ་ནའོ། །འོ་ན་དེ་ནི་རྒྱ་ཆད་དོ་བར་དོགས་པ་ལ། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །ཞེས་བྱ་བ་སྟེ། རྒྱུ་ཉིད་ནས་ཁམས་གསུམ་སེམས་ཉིད་དུ་ཤེས་པ་ནི་གང་ཡང་མ་སྤངས་པར་སྐུ་དང་ཡེ་ཤེས་སུ་གྱུར་པ་ཉིད། བདག་ཉིད་ལས་ཅིའམ་མི་དམིགས་པ་ནི། རྙེད་པ་དང་གནས་པ་གཉིས་ཀ་མ་བརྩལ་བར་གྲུབ་པའི་ཕྱིར། སྒྱུ་འཕྲུལ་རྡོ་རྗེ་ལས། རང་བཞིན་གནས་ཕྱིར་གཞན་ནས་འོང་པ་མེད། །ཞེན་པ་ལོག་པས་བདག་ཞལ་བདག་གིས་མཐོང་། །ཞེས་བྱ་བའི་ཕྱིར། སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་གསུངས་སོ། །དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་ནི། རྒྱས་པའི་རྒྱུད་ལས། ཕྱོགས་བཅུ་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །ངེས་པའི་དོན་བཀྲོལ་བཞི་བཅུ་རྩ་ལྔར་འདུས། །ཞེས་འབྱུང་བའི་ཕྱིར་ཡང་ཡིན་ལ། ཅིག་ཤོས་ཀྱི་ལམ་པ་དག་གི་ཡང་ཕྱིར་ཏེ། མ་ནིང་གིས་རྒྱུད་ལས། དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱ་བ། །བྱང་ཆུབ་སེམས་ལས་མ་ཡེངས་ན། །དཀྱིལ་འཁོར་སྙིང་པོར་ལྷུན་གྲུབ་པས། །ཐམས་ཅད་དུས་གཅིག་བསྒོོམ་པར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །ཆོ་ག་ལྷག་གམ་མ་ཚང་ནའང་། །སྐྱོན་ཉིད་དག་སྟེ་ཉེས་པ་མེད། །ཅེས་བྱ་བ་ནི། ལ་ལ་དག་རྣལ་འབྱོར་གསལ་བ་རྣམས་ཚིག་གཙོར་མི་བྱེད་པའོ་ཞེས་ཟེར་རོ། །ལུགས་ཉིད་ནི་བཤད་པའི་རྗེས་སུ་འཇུག་པ་སྟེ། ཆོ་ག་ནི་ལྔའོ། །ལྷག་པ་ནི་ལྷག་པ་སྟེ། ཐོད་རྒལ་གྱི་ཏིང་ངེ་འཛིན་ལྟ་བུ། ཐམས་ཅད་ལ་ཡང་མི་དམིགས་བའི་ཚུལ་གྱིས་སློབ་པའོ། །ཆད་པ་ནི་མ་ཚང་བ་སྟེ། སེམས་མེད་པའི་ཏིང་ངེ་འཛིན་ནི། རང་གི་ངོ་བོ་ཉིད་ཀྱང་མི་དམིགས་ན། གཞན་ལྟ་ཅི་སྨོས་པ་སྟེ། གང་ཡང་སྐྱོན་མེད་པ་ཁོ་ནའི་ཕྱིར་ཡང་ཞེས་བྱ་བའོ། །གང་ཞིག་གང་ལ་གནོད་པར་འགྱུར་བ་ནི་སྐྱོན་ཏེ། བཤད་པ་རྣམས་ཁོ་ནའོ། །དེ་དག་གིས་མི་གནོད་པ་ནི་དག་པ་སྟེ། ཡོན་ཏན་ཉིད་དུའང་འགྱུར་པའོ། །ཞེས་བྱ་བའི་ཐ་ཚིག་གོ། །རོལ་མོའི་སྤྲིན་གྱིས་མཉེས་པར་གྱུར་ཏོ། །ཞེས་བྱ་བ་ནི། རོལ་མོ་ནི་བཤད་ཟིན་ཏོ། །ལོངས་སྤྱོད་ལྔའི་ཚོགས་ལ་སྤྱོད་པ་དེ་དག་གིས་རྒྱུ་འབྲས་གཉིས་སུ་མེད་པར་ལོངས་སྤྱོད་རྫོགས་པ་ཆེན་པོའི་རྒྱན་ཉིད་དུ་གསལ་བས། གཉིས་སུ་མེད་པའི་མཆོད་པ་གནས་སུ་སྟོབས་པ་ཁོ་ནར་བཞུགས་སོ་ཞེས་བྱ་བ་ཁོ་ནའོ། །ཚོགས་བསྒྲུབ་པའི་ལེའུ་ཞེས་བྱ་བ་ནི། ཚོགས་ནི་བཤད་ཟིན་ཏོ། །བསྒྲུབ་པ་ནི་ལུགས་གཞན་དུ་གང་དག་གིས་གང་ཞིག་གཉེར་བའི་རྩོལ་བ་ཁོ་ན་སྟེ། འདིར་ནི་རྒྱས་པའི་རྒྱུ་ལས། རྒྱུ་འབྲས་ཡེ་ནས་དབྱེར་མེད་སྔ་ཕྱི་མ་ཡིན་པས། །འབྲས་བུ་ལམ་དུ་གྱུར་ནས་དུས་གཅིག་མཉམ་པར་སྦྱོར། །ཞེས་གསུངས་པས། འཇུག་པ་ཉམས་སུ་ལེན་པ་ཙམ་ལ་ཐ་སྙད་དུ་འདོག་པའི་ཕྱིར། མཚན་ཉིད་གསུམ་དུ་བཏགས་པའོ། །ལེའུ་བཅུ་གཉིས་པ་མདོར་བཤད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིའི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་འདུས་ནས། ཞེས་བྱ་བ་ནི། ཕྱོགས་བཅུ་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རིལ་ནི་སེམས་ཉིད་རང་སྣང་བའི་ཕྱིར། རིག་པ་ཁོ་ནར་མི་ཕྱེད་པས་བླ་དྭགས་སུ་རྡོ་རྗེ་སྟེ། དེ་ཉིད་གཅིག་ཏུ་འདུས་པ་ཞེས་བྱ་བ་ཁོ་ནའོ། །དེ་དག་ལེའུ་འདིར་མངོན་དུ་སྟོན་པའི་བརྡའ་སྟེ། དེ་ཉིད་བསྟན་པས་ཐམས་ཅད་ཀྱི་དགོངས་པ་རྫོགས་པར་འགྱུར་བའི་ཕྱིར། འོག་ནས། རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །འདི་ལས་གསང་བའི་ངེས་དོན་མེད། །ཅེའོ། །དེའི་ཕྱིར་ཚོགས་པར་སྨྲ་བ་ནི་དོན་མེད་ཀྱང་། བདག་ཉིད་ཆེན་པོའི་ཕྱིར། སྒྲ་ཙམ་ནི་འགལ་བ་མེད་དོ། །དེ་ཉིད་ཉེ་བར་བསྟན་པའི་ཕྱིར། ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དམ་ཚིག་ཤིན་ཏུ་གསང་བའི་སྙིང་པོའི་སྤྲིན་བཀོད་པ་ཞེས་གསུངས་ཏེ། དངོས་པོ་གཉིས་ཀྱིས་བསྡུས་པ་ཐམས་ཅད། ཀ་ཉིད་ནས་རང་རིག་པ་ཁོ་ནའི་ཕྱིར་ཐམས་ཅད་མ་འགགས་ལ། གཞན་དུ་མ་སྐྱེས་པར་བདག་ཉིད་དུ་གསལ་བས། སྐུ་གསུང་ཐུགས་ཁོ་ན་ལས། གཞན་པ་མེད་པ་ནི་རྫོགས་པ་ཆེན་པོའོ། །དེ་ལ་ལྟོས་པའི་ཀུན་བརྟགས་པ་རྣམས་ཀྱིས་རྒྱུན་རྐྱེན་གྱི་རྣམ་པ་བརྗོད་ཀྱང་། དེ་ཉིད་རང་བྱུང་གི་ཡེ་ཤེས་ཉིད་པས། རྒྱུ་རྐྱེན་མེད་པར་རང་སྣང་བ་ལས་འདའ་མི་སྲིད་པའི་ཕྱིར། ལྷུན་གྱིས་གྲུབ་པའི་དམ་ཚིག་ཅེས་བྱའོ། །དེ་ནི་རང་བཞིན་གསང་བའི་སྙིང་པོ་ཉིད་དེ། ཕལ་གྱི་ཡུལ་མ་ཡིན་པའི་ཕྱིར། རྒྱས་པའི་རྒྱུད་ལས། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། །སྐྱེས་བུ་བློ་རྩལ་རབ་ཀྱིས་རྟོགས། །ཤེའོ། །དེ་ལ་མཚོན་པར་བྱེད་པའི་སྒོ་དང་། མྱོང་བའི་ཐབས་དང་། མངོན་དུ་བྱས་པའི་ཡོན་ཏན་མང་པོ་སྤྱི་ཙམ་དུ་ཕྱེ་ནས་སྟོན་པའི་དགོངས་པ་ཉེ་བར་སྣང་བ་སྟེ་གདུལ་བྱའི་སྣང་བའོ། །དེ་ལ་མཚོན་པའི་སྒོ་བསྟན་པའི་ཕྱིར། མ་རྟོགས་པ་དང་ལོག་པར་རྟོགས། །ཞེས་བྱ་བ་ནི། ཅི་ཡང་མ་རྟོགས་པ་ནི་འཇིག་རྟེན་ཕྱལ་པ་སྟེ། སྣང་བ་དང་པོ་ལས་གོལ་བའི་ཕྱིར་ཞེན་པས་གོལ་པ་ཞེས་བྱའོ། །རྟག་ཆད་གཉིས་ནི་ལོག་པར་རྟོགས་པ་སྟེ། ཕྱོགས་ལས་གོལ་བའོ། །དབུགས་འབྱིན་པའི་ཐེག་པ་བསྟན་པའི་ཕྱིར། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །ཞེས་གསུངས་ཏེ་ཉན་ཐོས་དང་རང་རྒྱལ་ནི་ཕྱོགས་ཙམ་རྟོགས་པའོ། །རྣམ་པར་རིག་པ་ནི་ཕྱོགས་གཅིག་རྟོགས་པའོ། །དབུ་མ་པ་ནི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དོན་དམ་པ་གསུམ་གྱི་ངོ་བོར་གནས་པ་ལ་བདེན་པ་གཉིས་མི་ཕྱེད་པ་དེ་མངོན་དུ་མ་བྱས་པའི་ཕྱིར། ཡང་དག་ཉིད་མ་རྟོགས་པ་ཁོ་ནའོ། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་བྱ་བ་ནི། ཡང་དག་པར་བསྟན་མོད་ཀྱི་སྤྱོད་པས་སྒོ་གསུམ་འདུལ་བ་ཀྲི་ཡ་དང་། སྤྱོད་པ་བས་ནང་གི་རྣལ་འབྱོར་གཙོ་བྱེད་པ་ཡོ་ག་དང་། ཕལ་ལ་མེད་པའི་ལྟ་སྤྱོད་ལ་གནས་པས་གསང་བ་སྟེ། ནང་པ་གཉིས་པོ་དང་། དངོས་པོ་ཐམས་ཅད་ཀྱི་རང་བཞིན་འབྲས་བུར་གནས་ཀྱང་། བརྟགས་པ་ལ་ཞེན་པའི་རིམ་པ་སྣ་ཚོགས་ཀྱི་བསྒྲིབ་པ་ཙམ་དུ་སྟོན་པ་ཨ་ཏི་ཡོ་གའོ། །དེ་རྣམས་ཀྱི་ཐ་སྙད་ཀྱི་སྒོ་བསྟན་པའི་ཕྱིར། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་གསུངས་ཏེ། ཨའི་ནཱ་ད་ལས་སྣང་བའི་ཕྱིར། སྒྲའི་ཡི་གེ་སུམ་ཅུ་བཞིའོ། །ཨ་ཉིད་ཀྱི་སྒྲ་ལས་བཏགས་པ་དབྱངས་ཡིག་བཅུ་གཉིས་སོ། །གཉིས་ལས་སྣང་བ་ནི་མ་ནིང་བཞིའོ། །དེ་དག་ལ་བརྟེན་ནས་བྱུང་བའི་ཚིག་ཚོགས་རྒྱ་མཚོས་མཚོན་ནས། ཐེག་པ་གཞན་དག་སྣང་བ་ནི་ལམ་ཁོ་ནའི་ཕྱིར་རོ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་པ་རྒྱུད་འདི་ནི། རང་བཞིན་གསང་བའི་སྙིང་པོ་ཁོང་ནས་བཏགས་པས་གབ་པ་ནི་སྟོན་པས་འབྱིན་ལ། ལམ་གྱི་རྒྱུད་འདི་ལ་སྦས་པ་རྣམས། རྡོ་རྗེ་སློབ་དཔོན་གྱིས་འབྱིན་པས་ལུང་ཡོད་ཀྱང་། མཆོག་ཏུ་ལེའུ་འདི་བླ་མ་ལ་ཐུག་ཅིག་པ་ཁོ་ནའོ། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་ཏུ་བསྐྱེད་པའི་རིམ་པའི་དབང་དུ་བཤད་པ་ནི། རང་བཞིན་གྱི་དཀྱིལ་འཁོར་ངོ་ཤེས་ནས། དེའི་བློས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྐབས་སུ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ། དེ་ནས་སྒྱུ་མའི་ཏིང་ངེ་འཛིན་གྱི་སྐབས་སུ་གཟུགས་བརྙན་གྱི་དཀྱིལ་འཁོར་མ་བྲིས་པར་གསལ་བར་བྱས། དེ་ནས་ཕྲ་མོའི་སྐབས་སུ་ཁམས་གསུམ་ཡེ་ཤེས་སྒྱུ་མ་ཉིད་ཧཱུཾ་དུ་བསྡུས་ཏེ། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་བསྒོམ་པའི་དུས་ན། ཐུགས་ཀར་ཡེ་ཤེས་སེམས་དཔའ་དང་། དབང་བསྐུར་བྱིན་གྱིས་བརླབས་པ་རབ་ཏུ་བསྟན་ནས། སྣང་བ་རྣམ་པར་འབྱེད་པའི་སྐབས་སུ། ཕུང་པོ་ལ་སོགས་པ་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་གསལ་བའི་ཡན་ལག་རྣམས་ཡོངས་སུ་རྫོགས་པས། སྤྱོད་ཡུལ་ཡོངས་སུ་དག་པར་བསྒོམ་པའོ། །དེ་ནས་ཚོགས་བསྒྲུབ་པའི་དུས་སུ་ལོངས་སྤྱོད་ལྔ་ལ་མ་ཆགས་པའི་ཐབས་ཀྱིས་རོལ་པས་ཅི་བྱས་ཀྱང་། བག་ཆགས་སུ་མི་འགྱུར་ཏེ། ཚོགས་གཉིས་ཀྱི་རྒྱུན་ལ་གནས་པས་རྒྱུ་ཉིད་ལས་འབྲས་བུ་མི་གཞན་པར་རང་སྣང་བས་ས་བཅུ་གསུམ་པར་ཕྱིན་ནས། སྣང་སྟོང་མི་ཕྱེད་པ་ཟུང་འཇུག་གི་སྐུ་ཐོབ་པའི་དུས་ན་བདག་ཞལ་བདག་གིས་མཐོང་སྟེ། ཐམས་ཅད་བདག་ཉིད་དུ་དབང་སྒྱུར་ཏེ། དཀྱིལ་འཁོར་མ་ལུས་པ་དུས་གཅིག་ཏུ་རང་སྣང་བས། གདུལ་བྱ་གང་ཡང་མི་འདོར་རོ། །ཞེས་སྟོན་ཏེ། སྒྲ་ལ་མི་དགའ་བས་འབྲུ་ཞིབ་ཏུ་མ་བཅོམ་མོ། །དེ་ལས་ནང་དུ་རྫོགས་པའི་བསྐྱེད་པའི་རིམ་པ་བཤད་པ། ཡིད་ཀུན་ཏུ་བཟང་པོའི་ཐིག་ལེའི་མན་ངག་བསྟན་པའི་ཕྱིར། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནང་གི་དཀྱིལ་འཁོར་རིན་པོ་ཆེའི་སྒྲོམ་ན་དྭངས་མ་ཆེན་པོ་ལྔ་རང་སྣང་བ་ནི་ཡུམ་ལྔའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དེ། དེ་དག་གི་ལས་མི་མཐུན་པ་ལྔ་ཡིས་ཐམས་ཅད་བདེ་བ་ཆེན་པོར་སྣང་བར་བྱེད་པས་གཉིས་པ་ཁོ་ནར་བརྗོད་ཀྱང་དེ་ཉིད་བདག་པོ་ལྟ་བུ་མ་ཡིན་གྱི། རྒྱལ་བའི་སྐུ་ལྟར་གཉི་ག་ལས་མ་འདས་པའི་ཕྱིར་བྱེད་པ་པོ་ཉིད་དུ་འགལ་བ་མེད་དོ། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །ཞེས་བྱ་བ་ནི། དེ་དག་ཉིད་གཞལ་ཡས་ཁང་གི་ཕྱིར་བདུན་པ་སྟེ། སྙིང་པོ་ཉིད་དང་གཅིག་དང་དུ་མར་བྲལ་བའི་ཚུལ་གྱི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཉིད་དེ། ངོ་བོ་ཉིད་ཀུནྡ་ལྟ་བུ་ལས་འོད་སྣ་ཚོགས་ཀྱི་བྱིན་ཅིའང་མ་ངེས་པར་ཅིར་ཡང་སྣང་བས་བརྟག་ཏུ་མེད་པར་རང་གསལ་བས་གསུམ་པར་ཡང་འགྱུར་ཏེ། དངོས་པོ་ག སུམ་དུ་གྱུར་པ་མེད་པ་ནི། རང་རིག་པའི་མངོན་སུམ་ཡིན་པས་བསྒོམ་པའི་མཆོག་གོ། །དེའི་དགོས་པ་ཅི་ཞིག་སྙམ་པ་ལ། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བའི། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །ཅེས་གསུངས་ཏེ། དེ་དག་ཡེ་ཤེས་དྲུག་གི་དཀྱིལ་འཁོར་དུ་རང་སྣང་བར་གནས་པ་ནི་མི་འགྱུར་བ་ཡོངས་སུ་གྲུབ་པ་ལ། བཤད་པ་ལྟར་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བ་དེ་བསྟན་ནས་དེའི་འོད་ཀྱིས་རྩ་བཞིའི་སྐུ་གསུང་ཐུགས་ཀྱི་ཡི་གེ་བསྐུལ། དེ་དག་གི་འོད་ཀྱིས་ས་བོན་དྲུག་དང་ཉིད་སྦྱངས་ནས་རྣམ་པར་ཤེས་པ་བག་ཆགས་དག་པ། ཡེ་ཤེས་ཀྱི་འོད་སྙིང་པོ་ལ་འདུས་པས། འབྱུང་བ་ལྔ་རིམ་པར་བསྡུས་ནས། ཐིག་ལེ་ཉིད་ཀྱང་ངོ་བོ་ཉིད་མ་དམིགས་ཏེ། མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ལྔར་རང་གསལ་བ་ནི་གོང་ན་མེད་པའི་ཕྱིར་དཀྱིལ་འཁོར་གྱི་མཆོག་གོ། །དེ་དག་ལྔ་པར་བཞག་མོད་ཀྱི་རང་སྣང་བས་རྐྱེན་ཙམ་སྟེ། རྒྱུ་འབྲས་བུ་ཐལ་བ་མེད་དོ། །དཀྱིལ་འཁོར་གཉིས་པ་ཀུན་ཏུ་བཟང་མོའི་ཐིག་ལེའི་མན་ངག་བསྟན་པའི་ཕྱིར། གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བའི་ལྟེ་བ་ན། དབྱིངས་ཕྱུག་མ་ལྔའི་ཐིག་ལེ་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་གསལ་བ་དེ་ནི། ཨའི་ཕྱིར་དང་། ཐམས་ཅད་ཀྱི་རྒྱུའི་ཕྱིར་དབྱིངས་ཁོ་ནའོ། །དེའི་ཕྱིར། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོ་རིགས་ཀྱི་དེ་བཞིན་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དྭངས་མ་ལྔའི་ཕྲ་རགས་ལས་རིགས་ལྔ་ཡབ་ཡུམ་དུ་རང་སྣང་བའོ། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །དབང་པོ་ཡུལ་དུས་རིག་པ་རྣམས། །ཞེས་བྱ་བ་ནི། དེའི་ཡན་ལག་གི་ཡི་གེ་རྣམས་ཀྱིས་མཚོན་པའི་དངོས་པོ་རྣམས་ཀྱང་རྡོ་རྗེའི་སྐྱེ་མཆེད་དུ་གསལ་བར་བྱེད་ལ། དེ་ཡིས་ཐམས་ཅད་ཀྱང་ཕྱག་རྒྱའི་དཀྱིལ་འཁོར་དུ་སྣང་བར་བྱེད་པས། སྤྱོད་ཡུལ་ཡོངས་སུ་དག་པའི་ཕྱིར། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །ཞེས་གསུངས་སོ། །བདག་ཉིད་ཆེན་པོ་ལྷག་པ་ཡི། །ཐུགས་ཀྱི་ཡེ་ཤེས་ལྔས་བལྟ་ཞིང་། །ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱང་ཡིད་རང་བྱུང་གི་ཡེ་ཤེས་ཁོ་ནའི་ཕྱིར། བདག་ཉིད་ཆེན་པོ་ཞེས་བྱ་བ་སྟེ། དེ་ཡང་དཀྱིལ་འཁོར་དང་པོར་ཁྱད་པར་གྱི་ཆོ་གས་ཁྱད་པར་དུ་བྱས་པའི་ཕྱིར། ལྷག་པ་ཞེས་བྱ་སྟེ། དེ་ཉིད་ཡེ་ཤེས་ལྔར་གྲུབ་ཟིན་ཏོ། །དེ་ཡང་ཡི་གེ་ལ་དང་ས་གཉིས་ཀྱིས་གསུམ་པ་དང་། གཉིས་པ་ལྟ་བུར་འདོགས་མོད་ཀྱང་། གནས་དང་ལས་ཀྱིས་ཐ་དད་ཀྱང་ངོ་བོ་ཐ་མི་དད་པས་ཡེ་ཤེས་ཀྱི་ལྟ་བ་ནི། མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་ཁོ་ནའོ། །དེ་ལྟར་མ་གྱུར་པ་ནི་ཐེག་པ་ཆེན་པོའི་ཏིང་ངེ་འཛིན་ལས་ཉམས་པའོ། །དེ་ཉིད་ལས་བདེ་བ་ཐོབ་པའི་དུས་ན། ཡིད་ཀྱི་རྒྱུན་ཡང་བསྡུས་ཏེ་ཀུན་གཞི་རང་གི་ངོ་བོ་ཉིད་ཀྱང་མ་དམིགས་ནས་མཐའ་ཐམས་ཅད་དང་བྲལ་བར་རང་གསལ་བ་ནི། ཀུན་གཞི་ཀུན་ཏུ་བཟང་མོའི་ངོ་བོ་ཉིད་རྙེད་པ་ཁོ་ནའོ། །དཀྱིལ་འཁོར་གསུམ་པ་སྦྱོར་བ་དག་པའི་མན་ངག་བསྟན་པའི་ཕྱིར། སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། །ཞེས་བྱ་བ་སོགས་པ་ནི། གོང་མ་ལས་སྒྲ་ཙམ་སྣང་བ་ལས་ཀྱང་ཐིག་ལེར་བྱུང་བའོ། །དེ་དག་གི་འོད་ཟེར་གྱེན་དུ་སོང་བའི་ལོངས་སྤྱོད་ཀྱི་ཐིག་ལེ་ལ་ཕོག་པ་ནི་སྦྱོར་བ་དག་པའི་མན་ངག་གོ། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཆོད་པ་འབུལ། །ཞེས་པ་ནི། དེ་ཡོངས་སུ་གྱུར་པས་རོ་དྲུག་གི་བདེ་བ་ཡེ་ཤེས་དྲུག་ཏུ་གསལ་བས་ཚིམ་པར་བྱེད་པ་ནི་རོལ་མོའི་མཆོག་སྟེ། དེ་ཉིད་མྱོང་པ་མེད་པའི་ཚུལ་གྱིས་མྱོང་བ་ནི་མཆོད་པ་གནས་སུ་སྟོབས་པས་ཐམས་ཅད་ཀྱང་སྤྱོད་ལ་མི་འཛིན་པར་གྱུར་ཏོ། །འཁོར་ལོ་བཞི་པ་ཁྱབ་བརྡལ་ཆེན་པོའི་མན་ངག་བསྟན་པའི་ཕྱིར། ཟག་པ་མེད་པའི་བསོད་ནམས་ཀྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤད་པ་ཉིད་ཀྱི་རོལ་དྲུག་ལ་སོགས་པ་ཐམས་ཅད་ཀྱིས་བག་ཆགས་སུ་མི་འགྱུར་བའི་ཕྱིར་རོ། །ཡེ་ཤེས་སྒྱུ་མར་རང་སྣང་བ། །ཞེས་བྱ་བ་ནི། དེ་ཉིད་སྐད་ཅིག་མའི་ཕྱིར་གཉིས་པར་ཡང་འགྱུར་ལ། སྒྱུ་མ་ཡང་འདོགས་སོ། །དེའི་ཕྱིར་ཡེ་ཤེས་དེ་ཉིད་འོད་ཟེར་དྲུག་ཏུ་འབར་ནས་གྱེན་དུ་འགྲོའོ། །རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །ཅེས་བྱ་བ་ནི། དེ་ཡིས་འཁོར་ལོ་ཆེན་པོའི་ཐིག་ལེ་བཞུ་ནས། བཞི་བཅུ་རྩ་ལྔ་ལ་སོགས་པ་ཐམས་ཅད་དུ་ཐིམ་པས། ཕུང་པོ་ལ་སོགས་པ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་སྣང་བར་བྱེད་དོ། །ཞེས་བྱ་བའོ། །དེ་ཅིའི་ཕྱིར་སྙམ་པ་ལ། གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ཞེས་གསུངས་ཏེ། ཐིག་ལེ་དེ་ཉིད་བདེ་བ་ཆེན་པོའི་ངོ་བོ་ཉིད་དུ་གནས་ཀྱང་རྟོགས་པར་དཀའ་བ་ལས། བདེ་བ་ཆེན་པོའི་རྒྱུན་གྱི་རྒྱུར་གྱུར་པའོ། །དེ་ཉིད་ལས་དང་ངོ་བོ་གཉི་གས་བདེ་བ་ཆེན་པོའི་ཕྱིར། དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཡོན་ཏན་བསྟན་པའི་ཕྱིར། ཕྱོགས་བཅུ་དུས་བཞིར་མངོན་རྫོགས་པའི། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་བདག་ཉིད་ཞལ་མཐོང་བ། །ཞེས་གསུངས་ཏེ། བཤད་པ་བཞིན་ཉམས་སུ་མྱོང་བ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ཞལ་མཐོང་བ་སྟེ། དེ་ཡང་བདག་ཞལ་བདག་གིས་མཐོང་བ་ཞེས་བྱའོ། །དེ་དག་ལས་རྫོགས་པའི་རྫོགས་པར་ཐབས་ཀྱིས་བཤད་པ། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། ནང་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་དོན་ངོ་བོར་གོ་བ་དེས། དཀྱིལ་འཁོར་བཞི་པོར་བདེ་བའི་ཡེ་ཤེས་ཀྱི་བདེ་བའི་རོ་བསྐྱེད་ལ། དེ་ནས་ཐབས་དང་ཤེས་རབ་ཀྱི་དཀྱིལ་འཁོར་གཉིས་སུ་བྱིན་གྱིས་བརླབས་ཏེ་རོལ་པ་ལས། ཟླ་བའི་དཀྱིལ་འཁོར་ནོར་བུར་སྣང་བའི་དུས་ན། ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་སྣང་བ་ནི་རང་བཞིན་གྱི་འོད་གསལ་བས། ཐབས་ཉིད་ཤེས་རབ་ཏུ་སྦྱོར་བའོ། །དེའི་ཚེ་ཉི་མའི་དཀྱིལ་འཁོར་ལ་ཐམས་ཅད་ཀྱི་བཅུད་འདུས་པའི་ཕྱིར། མ་ལུས་པའི་རྒྱུར་གྱུར་པས། ཐབས་མཁས་པས་ཟིན་ན་ཕུང་པོ་ལ་སོགས་པ་ཐམས་ཅད་ཀྱང་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབ་པ་བྱེད་པའི་མཐུ་དང་ལྡན་པ། དེ་ཟེ་འབྲུའི་རྩེར་སྣང་བ་ནི་ཤེས་རབ་ཉིད་ཐབས་སུ་སྦྱོར་བའོ། །ཟླ་བའི་རོ་མ་ཉམས་ཤིང་དམིགས་པ་མི་འགྱུར་པས་དུས་གཅིག་ཏུ་བསྲེས་པས། མཐའ་གཉིས་ལས་གྲོལ་བའི་རོ་ཐོབ་ནས་རླུང་ལ་སོགས་པའི་གར་ཐབས་ཆེན་པོས་ས་བཅུ་དྲུག་གི་རིམ་པ་ཟློག་ནས། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ལ་དེ་བཞིན་ཉིད་དུ་གཤེགས་པའི་ཚེ། ཐམས་ཅད་ཀྱང་སྣང་བ་གཉིས་སུ་གནས་པའི་ཕྱོགས་གཅིག་ཟད་ནས་གཅིག་ལ་ཐབས་ཀྱིས་ངེས་པ་པོས་ངེས་པར་བྱས་པས་སྣང་ལ་མི་འཛིན་པས། བྱང་པ་དང་ཆུབ་པ་དུས་གཅིག་ཏུ་གྱུར་ཏེ། རང་རང་གི་བདེ་བའི་ཡེ་ཤེས་ལས་སྐུ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པར་སྣང་ཡང་ཉི་ཟླ་གཉིས་སུ་མེད་པའི་རོ་ལས་མ་འདས་པའི་ཕྱིར། བདེན་པ་གཉིས་སུ་མི་ཕྱེད་པའི་ཟུང་འཇུག་གི་སྐུ་ལྔ་ལྷུན་གྱིས་གྲུབ་པར་རང་རིག་པའི་མངོན་སུམ་དུ་བྱས་པ་ནི། མཐོང་བ་མེད་པའི་ཚུལ་གྱིས་བདག་ཞལ་བདག་གིས་མཐོང་བ་ཞེས་བྱའོ། །དེ་དག་གི་ཡོན་ཏན་བསྟན་པའི་ཕྱིར། དབང་སྒྱུར་མཆོག་ཉིད་དམ་པ་ཡིན། །ཞེས་གསུངས་ཏེ། རྣམ་པར་བཤད་པའི་རྗེས་སུ་ལས་དང་དངོས་གྲུབ་ཐམས་ཅད་ལ་རང་དབང་དུ་བྱེད་པ་ནི་རིག་པའི་རྒྱལ་པོ་རང་དབང་ཐོབ་པའོ། །དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །ཞེས་བྱ་བ་ནི། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བློ་བརྟན་པས། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ཉིད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་རང་སྣང་བར་གྱུར་པས། དཀྱིལ་འཁོར་བདུན་གྱིས་བསྡུས་པ་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པར་སྣང་ངོ་། །ཞེས་བྱ་བ་ཁོ་ནའོ། །འོ་ན་ཐམས་ཅད་དཀྱིལ་འཁོར་དུ་སྣང་བས་ཐུགས་རྗེ་འགག་པར་དོགས་པ་ལ། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་ལས། །ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཞེས་གསུངས་ཏེ། བཤད་པ་བཞིན་དཀྱིལ་འཁོར་གཉིས་བདག་ཏུ་མཉམ་པར་སྦྱོར་བས། འགྲོ་བ་དྲུག་བདག་ལས་མི་གཞན་པ་ཉིད་ཐུགས་རྗེ་ཆེན་པོ་ཡིན་པའི་ཕྱིར་དུས་གནས་ཐམས་ཅ ད་ནི་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བས་ཐམས་ཅད་ཀྱི་མཛད་པ་གང་ཡང་མི་འགོག་པ་ཁོ་ནའོ། །དེའི་ཕྱིར། ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མགོན། །ཞེས་གསུངས་ཏེ། དུས་གསུམ་གྱིས་བསྡུས་པའི་དཀྱིལ་འཁོར་ཐམས་ཅད་དུ་རང་སྣང་བས་གདུལ་བྱ་གང་ཡང་མི་འདོར་རོ། །ཞེས་བྱའོ། །དེ་དག་གི་རྟོག་པ་མི་མངའ་འམ་སྙམ་པ་ལ། སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས། །བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། །ཅེས་གསུངས་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་བྱས་པ་ཉིད་ནི། ལོ་རྒྱུས་ཤེས་པས་དངོས་པོར་མི་རྟོག་སྟེ། འདུ་ཤེས་མེད་དོ། །དེ་དག་ཀྱང་ཐམས་ཅད་སེམས་ཉིད་དུ་ཤེས་པས་དེ་བཞིན་པ་ཁོ་ནའི་ཕྱི་དངོས་པོ་གསུམ་དུ་མི་རྟོག་པར་མཛད་པ་རིལ་མི་འགག་པ་ཁོ་ནའོ། །དེ་དག་བྱས་པ་མ་ཡིན་པར་བསྟན་པའི་ཕྱིར། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བྱུང་གི་ཡེ་ཤེས་ལ་འབྲས་བུ་རིལ་རྫོགས་པ་ནི། རྫོགས་པ་ཆེན་པོའི་དཀྱིལ་འཁོར་རོ། །དེ་དག་ཡོད་མོད་ཀྱི་ཞེན་པ་ཟློག་པར་དཀའ་བའི་ཕྱིར། ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་གསུངས་ཏེ། ཤེས་རབ་གསུམ་གྱི་བཤད་པའི་མན་ངག་གསུམ་པོ་ལ་གནས་པས་ཞེན་པ་ལོག་པའི་དུས་ན། རང་བྱུང་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་རིག་པའི་མངོན་སུམ་དུ་གསལ་བ་ཉིད་ལ། རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འདོགས་པའི་ཕྱིར་བྱས་པ་མ་ཡིན་པ་ཁོ་ནའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདའ་བར་མི་མཛད་དམ་ཚིག་མཆོག །ཅེས་བྱ་བ་ནི། ལམ་འདི་མ་ཐོབ་པར་ལམ་གཞན་གྱིས་སངས་མི་རྒྱ་བའི་ཕྱིར་དང་། ཐམས་ཅད་ཀྱི་ངོ་བོ་ཉིད་འདི་ལས་མི་འདའ་བའི་ཕྱིར་རོ། །ཐེག་པའི་འདིའི་ཡོན་ཏན་བསྟན་པའི་ཕྱིར། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པའི་གྲོགས་པོ་མ་བསྟེན་པས། བློ་ཕྱིན་ཅི་མ་ལོག་པ་དག་རྒྱུད་འདི་ལ་མོས་པ་ཙམ་གྱིས་ཀྱང་སངས་རྒྱས་མ་ལུས་པས་དུས་ཀུན་ཏུ་ཐུགས་ཀྱི་སྲས་སུ་དགོངས་པར་མ་དོར་མི་འདོར་རོ། །ཞེས་བྱ་བའོ། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །ཞེས་བྱ་བ་ནི་གོ་སླ་སྟེ། དཀྱིལ་འཁོར་ཐམས་ཅད་ལ་མཆོད་ཅིང་བསྒྲུབས་པས་རང་བཞིན་གསང་བའི་སྙིང་པོ་ཉམས་སུ་མྱོང་བར་གྱུར་ཏོ། །ཞེས་བྱ་བའོ། །དེ་ཇི་ལྟར་ཞེ་ན། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདས་དང་ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །བསྙེན་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །ཞེས་བྱ་བ་ནི་གོ་སླ་སྟེ། དུས་གཉིས་ཀྱིས་བསྡུས་པའི་སངས་རྒྱས་རིལ་གྱིས། དཀའ་བ་མང་པོ་སྤྱད་ཀྱང་མཐར་མ་ཕྱིན་པ་དེ་དག་གསང་བའི་སྙིང་པོའི་ལམ་འདི་རྙེད་ནས་གཟོད་ཡང་དག་པའི་སངས་རྒྱས་སུ་འགྱུར་བ་ཁོ་ནའི་ཕྱིར། འབྱུང་དང་མ་འོངས་ཐམས་ཅད་ཀྱང་། །འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་གསུངས་ཏེ། དུས་གཉིས་ཀྱིས་བསྡུས་པའི་རྒྱལ་བ་རྣམས་ཀྱང་འདི་ལ་བརྟེན་དགོས་སོ། །ཞེས་བྱ་བའོ། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་བྱ་བ་ནི། རང་བཞིན་གསང་བའི་སྙིང་པོ་ཉིད་ལ། མཚན་ཉིད་གསུམ་དུ་བཏགས་ཀྱང་། ངོ་བོ་གཅིག་པ་ཁོ་ནའོ། །ཞེས་བྱ་བའོ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་བྱ་བ་ནི་གོ་སླ་སྟེ། དགོངས་པ་ཡང་འདི་ཡིན་ལ་ལམ་དང་རང་བཞིན་གཉིས་ཀ་ཡང་འདི་ལས་མི་འདའ་བའི་ཕྱིར། ཀུན་གྱི་ཕྱག་རྒྱ་ཆེན་པོའི་མཆོག །ཅེས་གསུངས་སོ། །འདི་སུས་བཟུང་སྙམ་པ་ལ། ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུང་། །ཞེས་གསུངས་ཏེ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཤེས་པ་ནི་ཤེས་རབ་ཀྱི་མིག་གོ། །སྦྱིན་པའི་སྣོད། བསྟན་པ་ནི། སྣོད་ལྡན་ངང ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་གསུངས་ཏེ། ཤེས་རབ་དང་སྙིང་རྗེ་དང་ནོགས་ཐུབ་པ་ནི་སྣོད་དང་ལྡན་པའོ། །ཅིས་ཀྱང་མི་འཁྲུགས་པ་ནི་ངང་བཟང་བའོ། །སྐྱེ་བོ་རྣམས་ཀྱི་སྤྱོད་པ་ལས་ལོག་པ་ནི་ཚུལ་ཤིས་པའོ། །བློ་མི་འགྱུར་བ་ནི་བརྟན་པའོ། །གཞན་དུ་ནམ་ཡང་སྦྱིན་མི་བྱ། །ཞེས་བྱ་བ་ནི་གོང་མ་རྣམས་ལས་ཟློག་པ་སྟེ། དེ་དག་ལ་ནི་སྙིང་འབྱིན་པའི་ཉེན་དང་བསྡོས་ཏེ་གསང་ངོ་། །ཞེའོ། །གལ་ཏེ་གསང་མ་ཐུབ་པའི་ཉེས་པ་ནི། །རྨོངས་ལ་འཕྱར་བས་གལ་ཏེ་བྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེགས་དང་སྦྲེབས་ལ་ཡུན་རིང་གནས། །ཞེས་གསུངས་ཏེ། བསྐལ་པ་ཆེན་པོ་གསུམ་དུ་དམྱལ་བར་གནས་པའོ། །དེ་ལས་ཐོན་ནས་ཀྱང་བསྐལ་པ་གཉིས་སུ་ཡི་དྭགས་སུ་གནས་སོ། །དེ་ནས་ཀྱང་སངས་རྒྱས་ཀྱི་སྒྲ་ཐོས་པར་དཀའོ་ཞེས་འབྱུང་ངོ་། །ཤིན་ཏུ་གསང་བའི་མན་ངག་གི་སྙིང་པོ་ཞེས་བྱ་བ་ནི། སྣོད་དཀོན་ཞིང་གསང་མ་ཐུབ་ན་ཉེན་ཆེ་བའི་ཕྱིར། ཤིན་ཏུ་གསང་དགོས་ལ། སྣོད་དང་ལྡན་པ་རྙེད་ན་ཚེགས་ཆུང་ངུས་དགོས་པ་མཐའ་དག་འགྲུབ་པའི་ཕྱིར། མན་ངག་གི་སྙིང་པོའོ། །ལེའུ་བཅུ་གསུམ་པའི་རྣམ་གྲངས་བཤད་པའོ།། །།དེ་ནས་གླུ་རྒྱན་གྱི་ཡེ་ཤེས་ཀྱི་མཆོད་པ་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད། ཉིད་ཀྱི་དཀྱིལ་འཁོར་ལ་དགྱེས་པ་ཆེན་པོའི་གླུ་འདི་བླངས་སོ། །ཞེས་བྱ་བ་ནི། ཐམས་ཅད་ཀྱི་བདག་ཉིད་བཞི་བཅུ་རྩ་གཉིས་ཡིན་ལ། གླུ་ལྔ་བསྡུས་པ་དང་བཅས་པར་ཐམས་ཅད་འདུས་པའི་ཕྱིར་རོ། །ཐམས་ཅད་ཀྱི་ངོ་བོ་ཉིད་གླུ་ཡིས་མཚོན་པ་ལྟར་བཞུགས་པ་གསལ་བར་སྣང་བ་ཉིད་དགྱེས་པ་སྟེ། གདུལ་བྱའི་སྣང་བ་ཡིན་གྱི་རྐྱེན་གྱིས་བསྐུལ་བ་ལྟ་བུ་མ་ཡིན་ནོ། །དང་པོར་ཐམས་ཅད་ཀྱི་སྐུ་ལྔ་ལ་བསྟོད་པ་བསྟན་པའི་ཕྱིར། ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱང་གཅིག་ལ་ལྷུན་གྱིས་རྫོགས་པ་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །ཞེས་བྱ་བ་ནི། ཡེ་ཤེས་ལྔ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོར་གསལ་ལ། དེ་ཉིད་ཁྱབ་གདལ་ཆེན་པོར་གནས་པ་ནི་ཆོས་ཀྱི་སྐུའོ། །བསོད་ནམས་དཀྱིལ་འཁོར་ཞེས་བྱ་བ་ནི། གང་ཡང་མ་སྤངས་པའི་ཟག་པ་མེད་པའི་བསོད་ནམས་རང་སྣང་བ་ནི་ལོངས་སྤྱོད་ཆེན་པོའི་སྐུ་ཁོ་ནའོ། །སྐུ་ཡི་ཚོགས། ཞེས་བྱ་བ་ནི། ཐམས་ཅད་ཀྱི་ངོ་ལ་ཐམས་ཅད་ཀྱི་སྐུ་ཅིར་ཡང་སྣང་བའི་ཕྱིར་སྤྲུལ་པའི་སྐུ་ཁོ་ནའོ། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོཿ ཞེས་བྱ་བ་ནི། སྣང་སྟོང་གཉིས་སུ་མི་ཕྱེད་པའི་ཕྱིར་རྡོ་རྗེའི་སྐུ་ཁོ་ནའོ། །ༀ་དང་ཧོཿཞེས་བྱ་བ་ནི། ཨཱོཾ་གྱི་ཡི་གེ་ལྔས་ཡེ་ཤེས་ལྔ་མཚོན་པར་མགོ་འདྲེན་པ་དང་། དེ་ལྟར་བསྟོད་ནས་མཉེས་པར་གྱུར་པ་ནི་ཧོཿཞེས་བྱ་སྟེ། ཀུན་ལ་མཐུན་པར་ཤེས་པར་བྱའོ། །གསུང་ལྔ་ལ་བསྟོད་པའི་ཕྱིར། ༀ། རྡོ་རྗེ་བསོད་ནམས་ཞེས་བྱ་བ་ནི། བསོད་ནམས་ཀྱི་ངོ་བོ་སྒྲ་ཐམས་ཅད་མ་སྤངས་པར་རང་སྣང་བའི་ཕྱིར་ཚིག་གི་གསུངས་ངོ་། །ཐིག་ལེ་ཆེ། ཞེས་བྱ་བ་ནི། སྤྲོས་པ་མེད་པ་ལ་བརྗོད་དུ་མེད་པའི་ཕྱིར་དོན་གྱི་གསུང་ངོ་། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །ཞེས་བྱ་བ་ནི། མ་བརྗོད་པར་ཡེ་ཤེས་ཀྱི་རིག་པ་སྣ་ཚོགས་ཀྱིས་ཐམས་ཅད་གསལ་བར་བརྡའ་སྤྲོད་པའི་ཕྱིར་རིག་པའི་གསུང་ངོ་། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །ཞེས་བྱ་བ་ནི། སྒྲ་གཅིག་ཡན་ལག་མང་པོར་གྲགས་པའི་ཕྱིར་ཚངས་པའི་གསུང་ངོ་། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོཿ ཞེས་བྱ་བ་ནི། ཚིག་མེད་པ་ཉིད་བརྗོད་པ་དང་འདྲ་བར་གསལ་བ་ནི། གསུང་གི་རབ་ཡིན་པའི་ཕྱིར་ཡི་གེ་མེད་པའི་གསུང་ངོ་། །ༀ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཞེས་བྱ་བ་ནི། ཐུགས་ལྔ་ལ་བསྟོད་པ་སྟེ། སྟོང་པ་ཉིད་དང་། སོ་སོར་རྟོག་པ་དང་། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། བྱ་བ་གྲུབ་པ་ཞེས་བྱ་བའི་ཡེ་ཤེས་ལྔ་པོ་ཉིད་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་རྫོགས་ལ། དེ་ལས་མ་བརྩལ་བར་སྐུ་ལ་སོགས་པར་རང་སྣང་བའི་ཕྱིར། ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །ཞེས་གསུངས་སོ། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོཿ ཞེས་བྱ་བ་ནི། དེ་བས་ན་ལྔ་གཉིས་པོ་དེ་དག་རྒྱུ་ནས་ཐ་མི་དད་པའི་ཕྱིར་གནས་སྐབས་ཀྱི་སྣང་བ་ཁོ་ནའོ། །ༀ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །ཞེས་བྱ་བ་ལ་སོགས་པ་ནི། ཡོན་ཏན་ལྔ་བསྟོད་པ་སྟེ། མི་དམིགས་པའི་རིག་པ་ཉིད་སྒྱུ་འཕྲུལ་སྣ་ཚོགས་སུ་རང་སྣང་བས་སྣང་སྟོང་གཉིས་སུ་མེད་པ་མཉམ་པ་ཉིད་ཀྱི་དབྱིངས་ལ་ཕྱི་ནང་དང་རྒྱ་ཆེ་ཆུང་གཞལ་དུ་མེད་པའི་གཞལ་ཡས་ཁང་ངོ་། །མཐའ་ཡས་ཀུན་ནས་ཞེས་བྱ་བ་ནི། དྲུག་པའི་ཞིང་ལ་མཐའ་ཐུག་པ་མེད་པའི་ཕྱིར་ཞིང་ཁམས་སོ། །སྣ་ཚོགས་སྤྲོ། ཞེས་བྱ་བ་ནི་འོད་ཟེར་རོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །ཞེས་བྱ་བ་ནི། མཐའ་ཡས་པའི་འདོད་ཡོན་རིལ་མྱོང་བ་མེད་པའི་ཚུལ་གྱིས་མྱོང་བའི་ཕྱིར། ལོངས་སྤྱོད་ཁོ་ནའོ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོཿ །ཞེས་བྱ་བ་ནི། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཉིད་སེང་ཁྲི་ལ་སོགས་པར་རང་སྣང་བའི་ཕྱིར་དེ་དག་སྐུ་གསུང་ཐུགས་ལས་མི་གཞན་པ་སྟེ། གདན་ཁྲི་རྣམས་སོ། །ༀ། ཕྱོགས་བཅུ་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པའི་རྡུལ་ཕྲན་བསམ་ཡས་ཀྱིས། །ཞེས་བྱ་བ་ནི། ཕྲིན་ལས་ལྔ་ལ་བསྟོད་པ་སྟེ། །ཞིང་ཁམས་མཐའ་ཡས་པ་རྣམས་ནི་དག་པ་དང་། མ་དག་པ་དང་། བར་མ་གསུམ་དུ་འདུས་སོ། །ཕྲིན་ལས་མཐའ་ཡས་པ་ནི། ཞི་རྒྱས་དབང་དྲག་ཏུ་འདུས་སོ། །སྤྲུལ་པ་མཐའ་ཡས་པ་ནི། ཞི་བ་དང་ཁྲོ་བོ་སྣ་ཚོགས་ཀྱི་ཚུལ་ཞེས་བྱ་བར་འདུས་སོ། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་བྱ་བ་ནི། དེ་དག་གིས་དེ་དག་ཏུ་ཡུད་ཙམ་ལ་སོང་བ་མེད་པར་ཁྱབ་ནས། དེ་དག་བྱ་བ་རྫོགས་པའི་སྐད་ཅིག་གིས་མ་བརྩལ་བར་ཟིན་པའི་ཕྱིར། ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་ལྔའོ། །ཞེས་བྱ་བ་ཁོ་ནའོ། །ༀ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཞེས་བྱ་བ་ནི། དེ་དག་གིས་མཚོན་ནས་དངོས་པོ་གཉིས་ཀྱིས་བསྡུས་པ་རིལ་ཡང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་གནས་པའོ། །ཞེས་བྱའོ། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །ཞེས་བྱ་བ་ནི། གངས་ཆེན་པོ་མཚོ་ལྔ་ཡང་དེ་དག་ལྔའི་ངོ་བོ་ཁོ་ནའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །ཅེས་བྱ་བ་ནི། གངས་ཆེན་པོ་མཚོ་ལྔ་ཡང་དེ་དག་གི་ངོ་བོ་ཉིད་ཁོ་ནའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཞེས་བྱ་བ་ནི། དེ་དག་ཉིད་ཀྱང་ཕན་ཚུན་ཐ་མི་དད་པའི་ཕྱིར་རོ། །མཉེས་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ལེའུ་བཅུ་བཞི་པ་ཁོང་ཁྲོལ་དུ་བཤད་པའོ།། །།དེ་ནས་ཁྲོ་བའི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱིར་རྒྱུད་འདི་ལ་དཀྱིལ་འཁོར་རྣམ་པ་བདུན་ལས། ལྷག་པའི་དཀྱིལ་འཁོར་རྣམ་པ་ཉིད་དང་། ཚོགས་ཀྱི་དཀྱིལ་འཁོར་དང་། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྣམས་ལ། ཞི་ཁྲོོ་གཉིས་གཉིས་སུ་སྟོན་པ་ལས། དེ་ཡན་ཆད་དུ་ཞི་བའི་དཀྱིལ་འཁོར་རྣམས་དང་། ཁྲོ་བོའི་ཚོགས་དང་། ལྷག་པ་གཟུགས་བརྙན་ཟུར་ཙམ་བསྟན་ནས། འདི་ནས་མར་ཁྲོ་བོའི་དཀྱིལ་འཁོར་ལས། ལེའུ་འདིས་ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི་རིགས་ལྔ་རུ་འདུས་ལ། རིགས་ལྔའིབདག་པོ་ནི་རྒྱལ་བ་དྲུག་པའོ། །སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་ཞི་ཁྲོའི་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་གཅིག་དང་དུ་མར་བྲལ་བའི་ཚུལ་གྱིས་ལྷུན་གྱིས་གྲུབ་པས། དྲུག་པ་ནི་ཐམས་ཅད་ཀྱི་ངོ་བོ་ཉིད་ཁོ་ན་སྟེ། སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཅན། །ཞེས་བྱའོ། །དེ་བས་ན་ཁྲོ་བོར་ཡང་སྣང་བའི་ཕྱིར། །ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་དེ། ཞེས་གསུངས་ཏེ། ཁྲོ་བོ་ལ་རྣམ་པ་གསུམ་སྟེ། དེ་ལ་ཤེས་རབ་ཆེན་པོའི་ཁྲོ་བོ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། ཡང་དག་ཤེས་རབ་ཆེན་པོ་ནི། མཚན་མ་འཇོམས་ཕྱིར་ཁྲོ་བོའི་མཆོག །ཅེའོ། །ཡེ་ཤེས་ཆེན་པོའི་ཁྲོ་བོ་ནི། རྒྱས་པའི་རྒྱུད་ལས། རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུའི་ཁམས་རྣམས་དབང་བསྡུས་ནས། །ཀུན་ཀྱང་མི་དམིགས་དབྱིངས་སུ་ཐིམ། །ཐམས་ཅད་ཁྲོ་བོའི་ཚོགས་སུ་འགྱུར། །ཞེའོ། ཕྱག་རྒྱ་ཆེན་པོའི་ཁྲོ་བོ་ནི། འོག་ནས་འཆད་པ་སྟེ། འདི་དག་འདུལ་བྱའི་ངོ་ལ་སྣང་ཡང་། རྩོལ་བར་ཐལ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི། གཏན་ཚིགས་ཀྱི་དྲི་བས་དགོས་པ་ཚོལ་བ་སྟེ། གང་སྙམ་པ་ལ། བདག་ཏུ་རྨོངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཀུན་ཏུ་བརྟགས་པ་ལས་བྱུང་བའི་མ་རིག་པ་ལས་སྣ་ཚོགས་སུ་སྣང་བའོ། །བརྟགས་པ་ལ་མངོན་པར་ཞེན་པ་ཞེས་བྱ་བ་ནི། ཀུན་བརྟགས་གཉིས་ལ་ཞེན་པ་སྟེ། སྤྱིའི་མཚན་ཉིད་ལ་རང་གི་མཚན་ཉིད་དུ་མཐོང་བའོ། །ཡང་དག་པའི་ལམ་དང་བྲལ་བ་ཞེས་བྱ་བ་ནི། ལུང་ལ་མན་ངག་གིས་ཟིན་པའི་བསྐྱེད་རྫོགས་རྣམ་པ་གཉིས་ཁོ་ན་སྟེ། གང་ལ་དེ་དག་མེད་པའོ། །དག་ཅེས་བྱ་བ་ནི། ངོ་བོ་སྟོན་པ་སྟེ། སྔོན་བསྐལ་པ་དང་པོ་ལ་བྱུང་བའི་དགེ་སློང་ནག་པོའོ། །དེ་ཅི་ཞིག་སྙམ་པ་ལ། གབ་པའི་གསང་བ་མ་རྟོགས་པར་ཞེས་བྱ་བ་ནི། རང་བཞིན་གསང་བའི་སྙིང་པོའོ། །སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས་ཞེས་བྱ་བ་ནི། ལམ་གྱི་རྒྱུད་ལས་འབྱུང་བའི་ཏན་གན་ལ་སོགས་པ་སྒྲ་ཇི་བཞིན་པར་བཟུང་ནས་རྒྱུན་དུ་སྤྱོད་པའོ། །རྒྱུ་དང་འབྲས་བུ་ལ་རྨོངས་པ་ཞེས་བྱ་བ་ནི། མི་དགེ་བའི་རྣམ་པར་སྨིན་པ་མི་ཤེས་པའོ། །སྲིད་པའི་ས་བོན་རྩུབ་མོས་ཞེས་བྱ་བ་ནི། ལས་ངན་པ་དང་ཉོན་མོངས་པ་རང་ཀ་མའི་བག་ཆགས་རྣམས་སོ། །མཚམས་མེད་པ་ཞེས་བྱ་བ་ནི་སྡུག་བསྔལ་བར་མི་འཆད་པའོ། །རབ་ཏུ་ཚ་བ། ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། བརྒྱད་ཅེས་བྱ་བ་ནི། ཡང་སོས་དང་། ཐིག་ནག་དང་། སྡུད་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། དམྱལ་བ་ཆེན་པོ་དང་། རབ་ཏུ་ཚ་བ་དང་། མནར་མེད་པའོ། །ཤིན་ཏུ་གྲང་བ་བརྒྱད་ཅེས་བྱ་བ་ནི། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་དང་། སོ་ཐམ་ཐམ་དང་། ཨ་ཆུ་ཆུ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། གས་པ་ཆེན་པོའོ། །འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་ཞེས་བྱ་བ་ནི། གནས་འཇིག་ན་ཡང་སྐད་ཅིག་ཁ་གཞན་དུ་འཕོ་བའོ། །དེ་ནས་རྣམ་པར་སྨིན་པ་དེ་ཟད་པ་དང་། ཞེས་བྱ་བ་ནི། གསོད་པ་དང་། བརྡེག་པ་དང་། རང་ཀ་མའི་ཕྲིན་ལས་དང་། གདུག་པ་དང་། དམ་ཚིག་ཅན་ལ་ངན་དུ་སེམས་པ་དང་། ཆེ་བས་དྲེགས་པ་ལ་སོགས་པའི་རྣམ་པར་སྨིན་པའི་འབྲས་བུའོ། །ཡི་དྭགས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། འདོད་པའི་དངོས་པོ་རྣམས་ཡིད་དུ་མི་འོང་བ་ཞེས་བྱ་བ་ནི། ཅི་ཡང་ངན་སྐྱུགས་སུ་མཐོང་བ་སྟེ། ཕྱིའི་སྒྲིབ་པ་ཅན་ཞེས་བྱའོ། །གདུག་ཅིང་རྩུབ་པའི་དངོས་པོ་ཞེས་བྱ་བ་ནི། ཅི་ཟོས་པ་ཁྲོ་ཆུ་དང་། ལྕགས་ཚན་དུ་གྱུར་པ་སྟེ། མེ་ལྕེའི་འཁོར་ལོ་ཅན་ཞེས་བྱའོ། །ཡོད་མེད་པར་འགྱུར་ཞེས་བྱ་བ་ཡང་ཕྱིའི་སྒྲིབ་པ་ཅན་ཏེ། བཟའ་བར་མཐོང་ནས་བགྲོད་པས་མེད་པའོ། །ལུས་དང་ཡན་ལག་དང་དབང་པོ་མི་འཚམས་པ་ཞེས་བྱ་བ་ནི། མགོ་ལུས་རི་བོ་ཙམ་ལ་ཁ་ཁབ་མིག་ཙམ་པ་སྟེ། ནང་གི་སྒྲིབ་པ་ཅན་ཞེས་བྱའོ། །དེ་ནས་ལས་ཀྱི་སྒྲིབ་པ་རྩུབ་མོའི་རྣམ་པར་སྨིན་པ་ཞེ་བྱ་བ་ནི། ནོར་ཟས་ལ་བརྐམ་པ་དང་། འཇུངས་པ་དང་། བརྣབ་སེམས་དང་། མཆོད་པའི་ལོངས་སྤྱོད་ལ་རྔམ་པ་དང་། གསོག་འཇོག་བྱས་པ་ལ་སོགས་པའི་རྣམ་པར་སྨིན་པའོ། །སྔོན་གྱི་སྲིད་པས་མཚམས་སྦྱར་ནས་ཞེས་བྱ་བ་ནི་སྔོན་ཁྲོ་བོ་དབུ་ཕྱག་མང་པོ་དང་། ཕྲ་མེན་ལ་སོགས་པར་ཡིད་ལ་བྱས་ནས་ལས་རླངས་པོ་བྱས་པའི་རྒྱུ་མཐུན་པའི་འབྲས་བུའོ། །ཡི་དྭགས་ཀྱི་སྲིན་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་བདུད་རང་གི་ངོ་བོ་སྟེ་གོ་སླའོ། །ང་རོ་དང་དྲི་དང་ཞེས་བྱ་བ་ལ་སོགས་པ་ནི་དེའི་ལས་ཀྱི་སྦྱོར་བ་ཐམས་ཅད་ལ་གནོད་པའོ། །དེ་སྔོན་བསྟེན་པའི་སྟོབས་ཞེས་བྱ་བ་ནི། སྔོན་ཐེག་པ་ཆེན་པོར་སེམས་བསྐྱེད་ནས་ཕྱོགས་སུ་སྤྱོད་པའོ། །ཐུགས་རྗེས་འདུལ་བར་གྱུར་ཏེ་ཞེས་བྱ་བ་ནི། མངོན་སྤྱོད་ཀྱི་དུས་ལ་བབ་པའོ། །དེ་ནས་དེ་བཞིན་གཤེགས་པ་ཆེ་བའི་རྡོ་རྗེ་བཀོད་པའི་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བ་ལ་སོགས་པ། བདུད་བཏུལ་བའི་གླེང་གཞི་རང་གི་ངོ་བོ་ལ་དོན་གསུམ་སྟེ། ཆོ་འཕྲུལ་རྨད་དུ་བྱུང་བ་དང་། དཀྱིལ་འཁོར་རྨད་དུ་བྱུང་བ་དང་། ཕྲིན་ལས་རྨད་དུ་བྱུང་བའོ། །དེ་ལ་ཆོ་འཕྲུལ་རྨད་དུ་བྱུང་བ་ལ་དོན་རྣམ་པ་དྲུག་ལས། འདི་ནི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ཏེ། རྡོ་རྗེ་བཀོད་པ་ཞི་བའི་དཀྱིལ་འཁོར་རྣམས་ཀྱིས་ཞེས་བྱ་བའོ། །རྡོ་རྗེ་བདག་པོ་ཞེས་བྱ་བ་ནི་རིགས་ཀྱི་བདག་པོ་སྟེ་ཀུན་ཏུ་བཟང་པོའོ། །ཁྲོ་བོའི་རྒྱལ་པོ་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་ཞེས་བྱ་བ་ནི། ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ཀྱི་རྩ་བ། རིགས་ལྔའི་ཧེ་རུ་ཀའི་ཡང་རྒྱལ་པོའི་ཆེ་མཆོག་གི་སྐུར་སྣང་བར་བྱེད་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །འདི་ནས་མར་དཀྱིལ་འཁོར་ལ་བཞི་ལས། ཆེ་མཆོག་ལོངས་སྤྱོད་ཆེན་པོའི་དཀྱིལ་འཁོར་བསྟན་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་ནས། ཁྲོ་མོ་དབང་ཕྱུག་ཆེན་མོ་མངོན་དུ་ཕྱུང་སྟེ་ཞེས་བྱ་བ་ནི། ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཅེས་གསུངས་པའི་ཕྱིར། དེ་བཞིན་ཉིད་ནི་ཀུན་ཏུ་བཟང་མོ་ཉིད་ཁོ་ན་སྟེ། དེ་ཉིད་ཁྲོ་མོར་རང་སྣང་བའོ། །གཞན་ནི་གོ་སླའོ། །གཉིས་སུ་མེད་པར་འཁྲིལ་བའི་དགྱེས་པས་ཐིམ་ནས་ཞེས་བྱ་བ་ནི། ལ་ལའི་གཞུང་གིས་སྐུ་ཉིད་ཡོངས་སུ་གྱུར་པའི་བྱང་ཆུབ་སེམས་ལས་ཁྲོ་བོ་སྤྲོས་ནས་ཕྱིས་འཁོར་དུ་སྣང་བར་ཡང་འཆད་དོ། །འདིར་ཉི་ཟླ་གཉིས་སུ་མེད་པ་ནི་ཐིམ་པ་ཞེས་བྱའོ། །དེ་ཉིད་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱུའི་ཕྱིར། བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཞེས་གསུངས་སོ། །ཧཱུྃ་ཧཱུྃ་ཧཱུྃ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་བརྗོད་པའི་ཆོ་འཕྲུལ་ལོ། །ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཞེས་པ་ལ་སོགས་པ་ནི། སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི། བྱིན་གྱིས་བརླབས་ཀྱི་ཆོ་འཕྲུལ་ལོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་སྟོང་ཁམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི། ཆོས་སྣང་བའི་ཆོ་འཕྲུལ་ལོ། །དབང་ཆེ་བ་ཞེས་བྱ་བ་ནི་མ་ཧཱ་དེ་བའོ། །གཟི་བརྗིད་ཆེ་བ་ཚངས་པའོ། །མཐུ་ཆེ་བ་ཁྱབ་འཇུག་གོ། །བརྒྱལ་རབ་ཏུ་བརྒྱལ་ཀུན་ཏུ་བརྒྱལ་བར་གྱུར་ཏོ་ཞེས་བྱ་བ་ནི། ཁམས་འཁྲུགས་ནས་ལུས་འགྱེལ་ཏེ་སེམས་མྱོས་པར་གྱུར་པའོ། །ལ་ལའི་གཞུང་གི་སྐབས་འདིར་ཁམས་གསུམ་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་བརླབས་ཏེ་དྲེགས་པ་རྣམས་གདན་དུ་མཛད་པར་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི། སྤྲུལ་པ་ཆེན་པོའི་དཀྱིལ་འཁོར་སྟོན་ཏོ། །དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཁྱོ་ཤུག་ཅེས་བྱ་བ་ནི། རུ་དྲ་ཕོ་མོའོ། །ཁྲོ་བའི་དཀྱིལ་འཁོར་གྱི་སྤྲིན་ཕུང་ཞེས་བྱ་བ་ནི། དང་པོ་བྱང་ཆུབ་སེམས་ཡེ་ཤེས་ལྔའི་ཁྱད་པར་ལས་འཕྲོས་པ་སྟེ་སླར་ཡང་རིགས་བཞིན་དུ་འདུས་པའོ། །དེ་ནས་དྲེགས་པ་ཆེན་པོ་ལ་སོགས་པ་གཏུམ་པའི་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི། ཕྲིན་ལས་རྨད་དུ་བྱུང་བ་ལ་གཉིས་ལས། ཕྲིན་ལས་ཀྱི་ངོ་བོ་སྟེ། འབྲུ་ནི་གོ་སླའོ། །དབུ་དགུ་ཕྱག་བཅོ་བརྒྱད་ཅེས་བྱ་བ་ནི། ཧེ་རུ་ཀ་དགུ་ཀློང་རྔམ་པའི་ཞལ་དུ་གསོལ་བ་དང་། སྒྲོལ་བྱེད་ཀྱི་གིང་བཅོ་བརྒྱད་ཀྱི་ཕྱག་གིས་སྒྲོལ་བའི་ཕྱིར་རོ། །ཧཱུྃ་ཧཱུྃ་ཧཱུྃ་ནི་སྡུད་པའོ། །ཧ་ཧ་ཧ་ནི་རྔམ་པའི་ཕྱིར་རོ། །ཁ་ཁ་ཁཱ་ཧི་ནི་གསོལ་བའི་ཕྱིར་རོ། །སྙིང་ཕྱུང་བ་ནི་སེམས་རྩད་ནས་གཅོད་པའི་ཕྱིར་རོ། །དབང་པོ་ཕྱུང་བ་ནི་སྒོ་དགག་པའི་ཕྱིར་རོ། །ནང་ཁྲོལ་དྲངས་བ་ནི་མངོན་པར་ཞེན་པ་དག་པར་བྱ་བའི་ཕྱིར་རོ། །ཡན་ལག་བཅད་པ་ནི་ལས་ངན་པ་གཅོད་པའི་ཕྱིར་རོ། །ཁྲག་འཐུངས་པ་ནི་འདོད་ཆགས་ཟད་པའི་ཕྱིར་རོ། །རུས་པ་འཆོས་པ་ནི་ཞེ་སྡང་དག་པའི་ཕྱིར་རོ། །དེ་ནས་ཧཱུྃ་ཧཱུྃ་ཞེས་པ་ལ་སོགས་པ་ནི། འཁོར་སྡུད་པའི་ཆོ་འཕྲུལ་ལ་གཉིས་ལས། སྡུད་པའི་ཆོ་འཕྲུལ་ནི། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པ་ཡུངས་འབྲུ་གཅིག་ཙམ་དུ་ཚུད་པར་བསྡུས་སོ། །ཞེས་བྱ་བ་ནི། དྲེགས་པ་རྣམས་ཀྱི་རྣམ་པར་ཤེས་པ་ཧཱུྃ་དུ་བསྡུས་པ་སྟེ། རྒྱུ་དེས་ཆོས་ཐམས་ཅད་སེམས་སུ་གཅིག་པར་མཐོང་བའོ། །གཞན་ནི་གོ་སླའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི། ཡོངས་སུ་རྫོགས་པའི་དཀྱིལ་འཁོར་སྟོན་ཏེ། འདུལ་བའི་ཐབས་ཀྱིས་ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོར་སྣང་བར་བྱས་ཞེས་བྱ་བ་ནི། ཆེ་མཆོག་གི་སྐུ་ཉིད་མ་མོ་རྣམས་ཀྱི་ངོ་ལ་རིགས་ལྔར་སྣང་བ་སྟེ། གཉིས་ཀྱི་ཕྱིར་ཡང་ཞེས་བྱའོ། །དེ་དག་ཀུན་ཀྱང་དགྱེས་པས་རོལ་པ་ཞེས་བྱ་བ་ལ་སོགས་པ་ནི། འཁོར་སྡུད་པའི་ཆོ་འཕྲུལ་གྱི་བྱ་བའོ། །འབྲུ་ནི་གོ་སླའོ། །དེ་ནས་དགྱེས་ཏེ་ཧ་ཧ་ཞེས་བརྗོད་པས། ཞེས་བྱ་བ་ལ་སོགས་པ་ནི། ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་སྟོན་ཏོ། །དཀར་མོ་ཞེས་བྱ་བ་ནི་ཞི་བའི་ལས་ཀྱི་ཕྱིར་རོ། །རྐུན་མོ་ནི་དབང་གི་ཕྱིར་རོ། །རྨོངས་མོ་ནི་ཞི་བའི་ལས་ཀྱི་ཕྱིར་རོ། །ཐལ་བྱེད་ནི་དྲག་པོའི་ལས་ཀྱི་ཕྱིར་རོ། །སྦོས་མོ་ནི་ཡོན་ཏན་གྱིས་རྒྱས་པའི་ཕྱིར་རོ། །གཏུམ་མོ་ནི་དྲག་པོའི་ཕྱིར་རོ། །སྨེ་ཤ་ཅན་ནི་གང་ཡང་གྲུབ་པའི་ཕྱིར་རོ། །མ་ཚོགས་མ་ནི་འཕེལ་བར་བྱེད་པའི་ཕྱིར་རོ། །ངོ་མཚར་དང་ཆས་ཞེས་བྱ་བ་ནི་རྔམ་ཞིང་ངམ་པའི་ཕྱིར་རོ། །སེང་གདོང་ནི་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རོ། །སྟག་གདོང་ནི་དཔའ་བརྟུལ་གྱིས་ལས་དྲག་པོའི་ཕྱིར་རོ། །ཝ་ནི་ཐབས་མཁས་པས་ཕུང་པོའི་བདུད་དག་པའི་ཕྱིར་རོ། །ཁྱི་གདོང་ནི་ལྷའི་བུའི་བདུད་འཇོམས་པའི་ཕྱིར་རོ། །བཞད་གདོང་ནི་ཤེས་བྱ་ལ་ཐོགས་པ་མེད་པའི་ཕྱིར་རོ། །དུར་བྱ་ནི་འཁོར་བ་དང་དུ་ལེན་པའི་ཕྱིར་རོ། །འུག་གདོང་ནི་གདུལ་བྱ་ཕྲ་བ་ཡང་མི་འདོར་པའི་ཕྱིར་རོ། །རྡོ་རྗེ་སྲིང་འགྲོ་མ་ནི་རྟ་གདོང་མ་སྟེ་འཁོར་བ་མི་གཏོང་བའི་ཕྱིར་རོ། །གདོང་མོ་ནི་ཕག་གི་གདོང་པ་སྟེ་ཕྲིན་ལས་གདོང་ཚུགས་སུ་བྱེད་པའི་ཕྱིར་རོ། །འཇིག་རྟེན་མ་ནི་དྲེད་གདོང་མ་སྟེ་ཐམས་ཅད་སྲེག་པར་བྱེད་པའི་ཕྱིར་རོ། །རོ་ལངས་མ་ནི་སྤྱང་གདོང་མ་སྟེ་ཁམས་གསུམ་སླར་འཚོ་མ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི། ཕྲིན་ལས་ཀྱི་འབྲས་བུ་ལ་གཉིས་ལས་དྲེགས་པ་རྣམས་གནས་སྟོབས་པའོ། །བདུད་རྩི་འབྱུང་བ་ཞེས་བྱ་བ་ནི་དྲི་ཆེན་ནོ། །ༀ་བཛྲ་མ་ཧཱ་ཨ་མྲྀ་ཏ་ཞེས་བྱ་བ་ནི། རྡོ་རྗེ་བདུད་རྩི་ཆེན་པོ་སྟེ། གཅིག་ཀྱང་ལྔ་ལྔ་དང་ལྡན་པའོ། །མ་ཧཱ་ཀྲོ་དྷ་ཞེས་བྱ་བ་ནི། ཁྲོ་བོ་ཆེན་པོ་སྟེ་འོག་ནས་འབྱུང་བའི་སྨེ་བརྩེགས་སོ། །ཨཾ་ཨཾ་ཨཾ་ཞེས་བྱ་བ་ནི། ལན་གསུམ་བྱིན་ནས་དབང་བསྐུར་བ་ཁོ་ནའོ། །སྐུ་འབར་བ་ཆེན་པོའི་དཀྱིལ་འཁོར་ན་བཞུགས་པར་མཐོང་ངོ་། །ཞེས་བྱ་བ་ནི། བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལྟར་མཐོང་བའོ། །སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་བར་གྱུར་ཏོ། །ཞེས་བྱ་བ་ནི། སྤྲུལ་པ་རྡུལ་ཕྲན་གྲངས་མེད་ཀྱི། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་བྱ་བ་སྟེ། ཐ་དད་པར་སྣང་བས་དོན་གྲུབ་པའོ། །དེ་ནས་དེ་དག་གི་ཆུང་མའི་ཚོགས་རྣམས་དང་ཞེས་བྱ་བ་ལ་སོགས་པ་ནི་ཕྲིན་ལས་རྨད་དུ་བྱུང་བའི་འབྲས་བུ་ལ་གཉིས་ལས་འཁོར་དམ་ལ་བཏགས་ཏེ་བསྟན་པ་ཡུན་དུ་གནས་པར་བྱས་པའོ། །ལེའུ་བཅོ་ལྔ་པའི་དཀའ་བ་བཤད་པའོ།། །།དེ་དག་གི་ལྷག་པའི་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་གིས་གྲུབ་པར་བྱ་བའི་ཕྱིར། ཞེས་བྱ་བ་ནི། གསུང་གི་དམ་ཚིག་ནི་གསང་སྔགས་རྣམས་སོ། །ཡེ་ཤེས་རྔམ་པ་ཞེས་བྱ་བ་ནི་ཤིན་ཏུ་རྔམ་པའི་ང་རོ་དང་ཆས་པར་གྲགས་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཞེས་བྱ་བ་ནི་ཉིད་ཀྱི་སྙིང་པོའོ། །མ་ཧཱ་ཙཎྜ་ནི་གཏུམ་པོ་ཆེན་པོའོ། །སརྦ་དུཥྚཱན་ནི་སྡང་བ་ཐམས་ཅད་དོ། །ཏ་ཀ་ཧ་ན་ནི་གཏོགས་ཤིག་རྒྱོབ་ཅིག་པའོ། །ད་ཧ་པ་ཙ་ནི་ཚོས་ཤིག་ཆོམས་ཤིག་པའོ། །ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི། སྡུས་ལ་སོད་ཅིག་པ་སྟེ། དེ་དག་གི་ཕྱིར་རྩ་བ་ལས་དང་བཅས་པའི་སྔགས་ཁོ་ནའོ། །གཞན་ནི་གོ་སླའོ། །བྷྱོ་རྣམས་ནི་མ་མོ་རྣམས་ཀྱི་རྩ་བའི་སྙིང་པོ་སྟེ། བསྐྱེད་པ་དང་བཟླས་པ་ནི་མིང་ཉིད་ཀྱིས་གྲུབ་པའི་ཕྱིར། བཤད་པ་ཉིད་དབྲལ་སྐད་དུ་གསལ་བའོ། །རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཞེས་བྱ་བ་ནི། སྙན་གསན་གསོལ་བའི་སྔགས་སོ། །ཨེ་ཧྱེ་ཧི་ཨཱ་ན་ཞེས་བྱ་བ་ནི་བསྐུལ་བའོ། །ཛཿཧཱུཾ་བྃ་ཧོཿ ཞེས་བྱ་བ་ནི་རིམ་པར་སྤྱན་དྲངས་ནས་ནམ་མཁའ་ལ་བཞུགས་པའོ། །རཾ་ཞེས་བྱ་བ་ནི། དངོས་སུ་མེད་དཔུང་གཉིས་འདྲེས་པ་སྟེ། ཤེས་རབ་ཀྱིས་འབྱོར་པའི་ཕྱིར་རོ། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ་ཞེས་བྱ་བ་ནི། རིག་པའི་མེ་ཏོག་དོར་བ་སྟེ། ཡེ་ཤེས་སུ་གཅིག་པར་གསལ་བའོ། །ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཞེས་བྱ་བ་ལ་སོགས་པ་ནི། བསྐུལ་བ་སྟེ་བསྐུལ་བའི་ས་ལ་བཞེངས་པའི་ཕྱིར་རོ། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟཾ། ༀ་བཛྲ་ཀྲོ་དྷ་ས་མ་ཧོཿ ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཅེས་བྱ་བ་ནི། དམ་ཚིག་བསྐུལ་བས་དགྱེས་ནས་དྲག་པོའི་ཡིག་འབྲུ་མང་པོས་སྣོད་དག་པར་མཛད་པའོ། །དེ་ནས་ཕྱིར་མཆོད་པ་དབུལ་བའི་ཕྱིར། ཨ་ལི་ཨུ་ལི་ཏཱ་ལི་ཏ་བཱ་ལི་ཞེས་བྱ་བ་ནི། བཟའ་བ་དང་། བཏུང་བ་དང་། འབྲས་བུ་རྣམས་དང་། བཅའ་བ་སྣ་ཚོགས་སྤྲོས་ལ་དབུལ་ལོ། །དེ་དག་གང་ལ་སྙམ་པ་ལ། དཾཥྚ་ཞེས་བྱ་བ་ནི། མཆེ་བ་ཅན་གྱི་ཏེ་ཧེ་རུ་ཀ་རྣམས་སོ། །གོ་ནཱ་ར་དྲི་ཞེས་བྱ་བ་ནི་ཡོན་ཏན་དྲག་མོ་སྟེ་ཁྲོ་མོ་ཉི་ཤུའོ། །ཁ་རཾ་ཡོ་གི་ནཱི་ཞེས་བྱ་བ་ནི་ཞལ་འབར་བའི་རྣལ་འབྱོར་མ་སྟེ་མ་མོ་རྣམས་སོ། །ཁཱ་ཧི་ཞེས་པ་ནི་གསོལ་ཅིག་ཅེས་པའོ། །དེས་མཉེས་པའི་ཕྱིར་ཧོཿ ཞེས་བྱའོ། །ཧཱུཾ་ཧ་ཧེ་ཕཊ། ཅེས་བྱ་བ་ནི་དམ་ཚིག་གི་དཀྱིལ་འཁོར་ལ་རིམ་པར་ཐིམ་པའོ། །ཚིག་རབ་ཏུ་ཚིག་ཀུན་ཏུ་ཚིག་གོ། །ཞེས་བྱ་བ་ནི། ལས་ཀྱི་སྔགས་རྣམས་ཀྱི་མཐུ་བསྟན་པའོ། །འབར། རབ་ཏུ་འབར། ཀུན་ཏུ་འབར། ཞེས་བྱ་བ་ནི། བསྐྱེད་པའི་སྔགས་རྣམས་ཀྱིས་ཐམས་ཅད་ཀྱང་ལྷར་གྱུར་པ་ཁོ་ནའོ། །ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང་། རབ་ཏུ་གང་། ཀུན་ཏུ་གང་བར་གྱུར་ཏོ། །ཞེས་བྱ་བ་ནི། བསྟིམ་པའི་སྔགས་རྣམས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་གཉིས་སུ་མེད་པའི་ཡོན་ཏན་གྱིས་ཀུན་ཏུ་རྒྱས་པར་གྱུར་པའོ། །ལེའུ་བཅུ་དྲུག་པ་མདོར་བཤད་པའོ།། །།དེ་ནས་ལྷག་པ་ཏིང་ངེ་འཛིན་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབར་བའི་དཀྱིལ་འཁོར་རྩིབས་བཞི་པ། །ཞེས་བྱ་བ་ལ་སོགས་པ་ནི། བཞུགས་གནས་བསྟན་པ་སྟེ། འདི་ཡང་ཏིང་ངེ་འཛིན་གྱི་རིམ་པ་ལྔ་པ་དང་རྗེས་སུ་མཐུན་པར་སྦྱར་རོ། །རྒྱུའི་ཏིང་ངེ་འཛིན་ཧཱུྃ་ལས་དུར་ཁྲོད་ཀྱི་འབྱུང་བ་ལྔ་བསྐྱེད་ནས། དེའི་སྟེང་དུ་བྷྲཱུྃ་སྨུག་ནག་ལས་དུར་ཁྲོད་ཀྱི་གཞལ་ཡས་ཁང་འདི་དག་ལྷར་བསྐྱེད་པ་སྟེ་གོ་སླའོ། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཞེས་བྱ་བ་ནི། བཤད་པའི་རྒྱུད་ཀྱི་སྤོར་མའི་ས་དགོས་སོ་ཞེ་ན། ཕྲ་མེན་མ་དང་དབང་ཕྱུག་མའི་ཁྱམས་སུ་འགལ་བ་མེད་པའོ། །ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། །ཅེས་པ་ནི། ཐོད་པ་སྣ་ཚོགས་ཀྱི་རྩིག་པ་དང་། དེ་དག་ཉིད་ཀྱི་བད་ལ་སྦྲུལ་ཆེན་གྱི་ཞགས་པས་མགུལ་དུ་དྲངས་པའོ། །དེ་དག་གི་བར་ནས་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་འགྱེད་པས་ཐམས་ཅད་དུ་སྣང་བར་བྱེད་པའོ། །འབར་བའི་འཕྲོ་བ་མང་པོ་འཁྲུག །ཅེས་བྱ་བ་ནི། ཕྱི་ནང་ཀུན་ནས་རྡོ་རྗེའི་མེ་དཔུང་འབར་བ་ལས་མེའི་ཁྲོ་བོ་མང་པོ་འཕྲོ་འདུ་བྱེད་པའོ། །དེའི་གདན་བསྟན་པའི་ཕྱིར། ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པ་དོམ་གྱི་སྦར་བས་ནི། །ཞེས་གསུངས་ཏེ། གཏི་མུ་དང་། ང་རྒྱལ་དང་། འདོད་ཆགས་དང་། ཕྲག་དོག་དང་། ཁོང་ཁྲོ་རྣམས་གནས་སུ་དག་པར་ཁོང་དུ་ཆུད་ནས་དེ་དག་གི་སྒོ་ནས་ཕྲིན་ལས་མཛད་པའི་ཕྱིར་འདི་དག་མནན་པའོ། །དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །ཞེས་བྱ་བ་ནི། བསྡུ་བ་ནི་བཅོ་ལྔ་པར་བཤད་དེ། དྲེགས་པ་རྣམས་ཕྲིན་ལས་ནན་ཏུར་དུ་བསྟན་པར་བྱ་བའི་ཕྱིར་སྦར་བས་གཟུང་བའོ། །སྨུག་ནས་སྔོ་ནག་སེར་ནག་དང་། །དམར་ནག་ལྗང་ནག་འཇིགས་པའི་སྐུ། །ཞེས་བྱ་བ་ནི། སྐུ་མདོག་རྣམས་བསྟན་པ་སྟེ། ལས་ཐམས་ཅད་གཞི་དྲག་པོ་ཁོ་ནས་མཛད་པའི་ཕྱི་ནག་པོར་སྨོས་སོ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཅེས་བྱ་བ་ནི། རྣམ་པར་ཐར་པ་གསུམ་དང་། ཡེ་ཤེས་དྲུག་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་ཕྱིར་རོ། །ཀོ་རློན་གོས་ནི་སྣ་ཚོགས་གྱོན། །ཞེས་བྱ་བ་ནི། ཐབས་མཁས་ཕྲིན་ལས་ཀྱི་གོས་དང་། ཁྱབ་པ་ཐུགས་རྗེའི་གོས་དང་། ཕྱི་ནང་གསང་བ་སྡུད་པའི་གོས་ཁོ་ན་སྟེ། ཞིང་གི་གཡང་གཞི་དང་། གླང་པོ་དང་། སྟག་གི་པགས་པ་ཁོ་ནའོ། །རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོགས། །ཞེས་བྱ་བ་ནི། གཤེ་ཞིང་མྱུར་བར་བཞད་པའོ། །སྦྲུལ་དང་ཐོད་ཕྲེང་ཉི་མར་བཅས། །ཞེས་བྱ་བ་ནི། སྦྲུལ་གྱི་ཆས་བརྒྱད་དང་། ཐོད་པ་ཚར་གསུམ་དང་། དབུ་ལ་ཉི་མའི་དཀྱིལ་འཁོར་འོད་ཟེར་བྱེ་བ་འགྱེད་པའོ། །སྟོང་གི་འཇིག་རྟེན་འཁོར་ཡུག་བཅས། །ཞེས་བྱ་བ་ལ་སོགས་པ་ནི། ལྷག་པ་ཏིང་ངེ་འཛིན་ཐུགས་ཀྱི་དཀྱིལ་འཁོར་སྟོན་ཏེ། འདི་དག་རྒྱས་པ་ལས་ཀྱང་གསུངས་ན། སྒྱུ་འཕྲུལ་རྡོ་རྗེ་ལས། རྡོ་རྗེ་རྡོ་རྗེ་དྲིལ་བུ་དང་། འཇིག་རྟེན་ཁོར་ཡུག་བཅས་པ་འདེགས། །དེ་བཞིན་འཁོར་ལོ་དགྲ་སྟྭ་དང་། །ཁ་ཊྭཱཾ་རབ་ཏུ་འཁྲོལ་བའོ། །ནོར་བུ་རིན་ཆེན་རྒྱུ་ཞགས་དང་། །རྡོ་རྗེ་དགྲ་སྟྭ་རབ་ཏུ་རྡེབས། །ཆགས་མཆོག་པདྨ་ཆེན་པོ་དང་། །དྲིལ་བུ་ལྔའི་སྒྲ་སྒྲོགས་པའོ། །ལས་ནི་རལ་གྲི་གཤོལ་ཆེན་དང་། །འཇིག་རྟེན་རྒྱང་མར་འཕེན་པ་སྟེ། །བར་ན་རྡོ་རྗེ་དུང་མར་འཁྲུག །ཏིར་ཆེན་པོར་བརྡེབས་པའོ། །ཞེས་འབྱུང་བའོ། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འབར་བའི་དཀྱིལ་འཁོར་གྱིས་ཀུན་ཏུ་གང་བར་གྱུར་ཏོ་ཞེས་བྱ་བ་ནི། མཚོན་པ་སྟེ་གདུལ་བྱའི་སྣང་བའོ། །ལེའུ་བཅུ་བདུན་པ་མདོར་བཤད་པའོ།། །།དེ་ནས་དེ་དག་གི་མཆོད་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཉེས་པའི་མཆོད་པ་ཞེས་བྱ་བ་ནི། རྨད་དུ་བྱུང་བའི་མཆོད་པ་བཞིའོ། །དེ་ལ་མཆོད་སྦྱིན་དམ་པ་ནི། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དང་མ་མོ་རྣམས་ཀྱི་ཕྱིར། ངེས་ཚིག་གང་ཞེ་ན། དུག་གསུམ་གྱི་མཆོད་པས་སྐྱབས་ཆེན་པོ་ཐོབ་པའི་ཕྱིར། དམ་པ་ཞེས་བྱ་བ་ཁོ་ནའོ། །དེ་གང་ཞིག་སྙམ་པ་ལ། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་སྒྲོལ་བ་པོ་སྟེ། དང་པོ་རྟོགས་པ་རྣམ་པ་བཞིས་བཤད་པ་བཞིན་དུ་ཁོང་དུ་ཆུད་ནས་ཏིང་ངེ་འཛིན་བརྟན་པའི་སྟོབས་དང་ལྡན་པ་ནི། བདག་ཉིད་བསྒྲལ་བའོ། །སྒྲོལ་བའི་ལྟ་བ་བསྟན་པའི་ཕྱིར། དེ་ནས་གཉིས་མེད་བློ་ཡིས་ནི། །ཞེས་གསུངས་ཏེ། གང་གིས་བཤད་པ་བཞིན་དུ་གྲུབ་པ་ནི། ཐམས་ཅད་ཀྱང་བདག་ཉིད་ལས་མི་གཞན་པར་མཐོང་བར་འགྱུར་རོ། །བསྒྲལ་བྱ་བསྟན་པའི་ཕྱིར། བློ་ངན་འཇིག་རྟེན་སྙིང་རེ་རྗེ། །ཞེས་བྱ་བ་གསུངས་ཏེ། ཞིང་བཅུ་དག་ནི་རྒྱུ་འབྲས་མི་ཤིས་པའི་ཕྱིར་བློ་ངན་དག་སྟེ། དེ་དག་གི་ལས་རྣམས་ཀྱིས་ཡུན་དུ་འཁོར་བའི་ཕྱིར། གཏན་དུ་འཇིག་རྟེན་པ་ཁོ་ན་སྟེ། སྙིང་རྗེས་ཟིན་པར་བྱ་བའི་ཞིང་ངོ་། །བསྒྲལ་བའི་ཐབས་དང་གནས་བསྟན་པའི་ཕྱིར། གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་གསུངས་ཏེ། ཐབས་ནི་དགུ་པའི་སྐབས་སུ་བཤད་ཟིན་ཏོ། །གནས་ནི་འོག་མིན་དུ་འཕངས་ནས། རྡོ་རྗེ་འཛིན་པ་ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་དབང་བསྐུར་ནས་རིགས་ངེས་པར་བྱའོ་ཞེས་བྱའོ། །ག་ནའི་མཆོད་པ་བསྟན་པའི་ཕྱིར། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱའོ། །ཞེས་གསུངས་ཏེ། ཐབས་དང་ཤེས་རབ་འཁྲིལ་བའི་མཆོད་པ་ནི། དོན་གསུམ་འགྲུབ་པའི་ཕྱིར་མཆོད་པ་ཆེན་པོའོ། །དེ་ཉིད་བྱང་ཆུབ་སེམས་དུས་མཉམ་པར་སྦྱོར་བ་ཁོ་ནའོ། །དེ་དག་གི་ཐབས་ནི་དགུ་པར་བཤད་ཟིན་ཏོ། །དམ་རྫས་རྨད་དུ་བྱུང་བའི་མཆོད་པ་བསྟན་པའི་ཕྱིར། མཉམ་པའི་གྲུབ་རྫས་ཆེན་པོ་དག །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཉམ་པ་ནི་རང་བཞིན་དང་། ལས་ཀྱི་ཕྱིར་རོ། །དེ་དག་གྲུབ་པ་བཞི་དང་ལྡན་ཏེ། ཆོས་ཉིད་རང་བཞིན་གྱིས་གྲུབ་པ་དང་། ཆོས་ཅན་རང་གི་ངོ་བོས་གྲུབ་པ་དང་། མཐུས་གྲུབ་པ་དང་། བྱིན་གྱིས་བརླབས་ཀྱིས་གྲུབ་པ་དང་བཞིའོ། །དེའང་ཐལ་བའི་རྒྱུད་ལས། དངོས་པོ་མ་ལུས་སེམས་ཉིད་ཕྱིར། །མཚན་ཉིད་བྲལ་བ་ཆོས་ཀྱི་དབྱིངས། །རང་བཞིན་བདེ་བའི་ཡེ་ཤེས་ལྔ། །བྱེད་པ་མེད་པར་རང་སྣང་བའོ། །ཤེས་རབ་ཏིང་འཛིན་ཐབས་དག་གིས། །ནུས་མཐུ་ངེས་པར་འབྱུང་བར་འགྱུར། །འདི་ལྟའི་ལམ་ལ་གང་གནས་པ། །ཕྱོགས་དུས་ཀུན་ནས་བྱིན་གྱིས་རློབ། །ཅེས་འབྱུང་བ་ཁོ་ནའི་ཕྱིར་རོ། །མཆོད་པའི་གནས་བསྟན་པའི་ཕྱིར། བདག་དང་མཉམ་པའི་ཚོགས་ལ་དབུལ། །ཞེས་གསུངས་ཏེ། གང་དང་གང་དག་དེ་དག་ཏུ་མཉམ་པ་ནི། འཁོར་གསུམ་ཡོངས་སུ་དག་པའི་ཕྱིར། །མཆོད་པ་གནས་སུ་སྟོབས་པ་ཁོ་ནའོ། །ལོངས་སྤྱོད་རྒྱན་གྱི་མཆོད་པ་བསྟན་པའི་ཕྱིར། །བཟའ་དང་བཅའ་དང་བཏུང་དང་བགོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཚོགས་ཀྱི་ལེའུ་རུ་བཤད་ཟིན་ཏོ། །དེ་དག་གི་ཡོན་ཏན་བསྟན་པའི་ཕྱིར། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །བདེ་གཤེགས་ཡོན་ཏན་རྨད་པོ་ཆེ། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ལྷ་སྲིན་ལ་སོགས་སྨོས་ཅི་དགོས། །ཞེས་གསུངས་པ་གོ་སླའོ། །གང་ཡང་བདག་ཉིད་ཆེན་པོའི་མཆོད་པར་གྱུར་པའི་ཚད་བསྟན་པའི་ཕྱིར། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །ཕྱག་རྒྱ་ཆེན་པོར་རྫོགས་འགྱུར་ཞིང་། །གསལ་བ་ཡིད་གཉིས་མེད་པས་ན། །དཀྱིལ་འཁོར་ཆེན་པོར་འབར་བར་འགྱུར། །ཞེས་གསུངས་ཏེ། དཀྱིལ་འཁོར་ཆེན་པོ་གསུམ་རིལ་བདག་ཉིད་ཆེན་པོའི་དཀྱིལ་འཁོར་དུ་གསལ་བ་ནི། དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་སྟེ། དེས་ན་ཐམས་ཅད་རིག་པའི་རྒྱལ་པོ་རང་དབང་དུ་བསྒྱུར་བའི་ཕྱིར་རོ། །ལེའུ་བཅོ་བརྒྱད་པ་མདོར་བཤད་པའོ།། །།དེའི་རྗེས་སུ་དམ་ཚིག་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར། ཞེས་གསུངས་ཏེ། སྔགས་འཆང་བ་ནི་བཤད་ཟིན་ཏོ། །ཐེག་པ་ཆེན་པོའི་དམ་ཚིག་ནི། ལམ་དང་འབྲས་བུ་གཉི་གར་འགྱུར་བའི་ཕྱིར། དམ་ཚིག་རྣམས་ཀྱི་ཐུན་མོང་གི་འབྲས་བུ་ལ་བརྟེན་ནས། རྒྱུད་ཀྱི་ཤེས་པར་བྱ་བའི་དངོས་པོ་རྣམས་ཉེ་བར་བསྒྲུབ་པར་བྱ་བའི་ཕྱིར། གཞི་དམ་ཚིག་གིས་གཟུང་བ་ཁོ་ནའོ། །དམ་ཚིག་ཆེན་པོ་ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་ལུགས་འདི། དམ་ཚིག་ཐམས་ཅད་ལས་སྤགས་པའི་ཕྱིར་རོ། །དམ་ཚིག་གི་ཆེ་བ་བསྟན་པའི་ཕྱིར། བླ་མེད་ཐེག་པར་རབ་ངེས་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་པ་འདི་ལམ་དང་འབྲས་བུ་གཉིས་ཀྱི་གོང་ན་གཞན་མེད་པའི་ཕྱིར། བླ་ན་མེད་པའི་ཐེག་པའོ། །འདིའི་གཞུང་གི་དམ་ཚིག་བཅོ་ལྔ་ཉམས་སུ་ལོན་པ་ནི་ངེས་པ་ཞེས་བྱའོ། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཞེས་བྱ་བ་ནི། ཀུན་ཞེས་བྱ་བའི་དོན་གྱིས་མི་དགེ་བ་བཅུ་དང་། མཚམས་མེད་པ་ལ་སོགས་པ་ཁོ་ན་སྟེ། དེ་དག་སྤྱོད་བཞིན་མི་འཛིན་པའི་ཕྱིར་རོ། །དེར་མ་ཟད། ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་བྱ་བ་ནི། སྡོམ་པ་དང་ཚུལ་ཁྲིམས་རྣམས་ཀྱི་རྩ་བ་བཞི་ནི། འཆད་པར་འགྱུར་བའི་ཕྱིར་རྫོགས་ལ་ཡན་ལག་ཐམས་ཅད་ནི་རྣམ་པ་གསུམ་དུ་འདུས་ཏེ། དེ་དག་འདིར་ནི་དམ་ཚིག་འདི་དག་ལ་གནས་པའི་དུས་ན་ལས་དང་ཉོན་མོངས་པ་རིལ་སྤྱད་ཀྱང་མི་འཛིན་པས་ཅིའང་བྱས་པ་མེད་པ་ནི་སྡོམ་པའི་ཚུལ་ཁྲིམས་སོ། །གཞན་དོན་དུ་འགྱུར་ན་སྲོག་གཅོད་པ་ལ་སོགས་པ་གང་ཡང་མི་འདོད་པ་ནི་དོན་བྱེད་པའི་ཚུལ་ཁྲིམས་སོ། །སྒོ་གསུམ་ཕྱག་རྒྱ་ཆེན་པོ་ལས་མི་ཉམས་པ་ནི། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམ་ཞེས་བྱ་བ་ཁོ་ནའི་ཕྱིར། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་གསུངས་སོ། །ཡོད་མེད་དབུས་མའང་མི་དམིགས་ཤིང་། །ཞེས་བྱ་བ་ལ་སོགས་པ་འདི་དག་ཚུལ་ཁྲིམས་དང་སྡོམ་པའི་རྩ་བ་བཞི་འདུས་ཤིང་དག་པར་སྟོན་ཏེ། དམ་ཚིག་གི་སྤྱོད་པར་ཡང་འགྱུར་རོ། །བདག་གཞན་གཉི་ག་སེམས་ཉིད་དུ་གསལ་བ་ནི་ཡོད་མེད་དབུས་དང་གསུམ་ལས་འདས་པའི་ཕྱིར། དོན་དམ་པར་མཉམ་པ་ཁོ་ནའོ། །སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །ཞེས་བྱ་བ་ནི། ཀུན་རྫོབ་ཏུ་ལོག་རྟོག་གི་རྒྱུ་རྐྱེན་འདུས་པ་ཙམ་ཉིད་གཉིས་སུ་སྣང་བ་ལ་རང་རྒྱུད་པར་བརྟགས་པ་དེ་དག་ཐོ་ཡོར་ལ་མི་ལྟ་བུར་མ་གྲུབ་པར་ཤེས་པའི་ཕྱིར། སྲོག་དང་སྐྱེས་བུ་ལོག་རྟོག་ཙམ། །ཞེས་གསུངས་ཏེ། དེ་ལྟར་རིག་པ་ལ་གཅད་བྱ་གཅོད་བྱེད་གཉིས་ཀ་ནས་དག་པའི་ཕྱིར། ཅི་བཅད་ཀྱང་འདུ་ཤེས་མེད་པས་བཅད་པ་མེད་པ་ནི། སྲོག་གི་སྡོམ་པ་འདུས་ལ་དག་པའི་ཕྱིར། །སྲོག་མེད་སྲོག་ཀྱང་གཅད་དུ་མེད། །ཅེས་གསུངས་སོ། །བདེན་པ་གཉིས་ཀ་དབྱེར་མེད་པས། །ཞེས་བྱ་བ་ལ་སོགས་པ་ནི། མ་བྱིན་པར་ལེན་པ་སྟོན་ཏེ། བདེན་པ་གཉིས་ལས་བདག་གཞན་མི་ཕྱེད་པ་སྟེ། འབྲུ་ནི་སྔར་གྲུབ་པའོ། །འཕྲུལ་དགའི་ཚུལ་ཏེ་ཐ་དད་མིན། །ཞེས་བྱ་བ་ནི་འཕྲུལ་དགའི་ལྷ་རྣམས་ནི་ལོངས་སྤྱོད་རང་ལས་སྤྲུལ་ཅིང་ལེན་པའོ། །དེ་བཞིན་དུ་རང་རིག་པ་ཉིད་ཐམས་ཅད་དུ་རང་སྣང་བས་སྣང་ཡང་གཉིས་སུ་མ་གྲུབ་པར་རིག་པ་ལ། རྫས་དང་བདག་པོ་གཉི་ག་བདག་ལས་མི་གཞན་པའི་ཕྱིར་ཅི་བླངས་ཀྱང་བདག་ཉིད་ལས་འདའ་བ་མེད་པས། གཞན་དང་མ་བྱིན་མེད་པའི་ཕྱིར། །བླངས་མེད་ཐམས་ཅད་ཉིད་ཀྱི་དབྱིངས། །ཞེས་གསུངས་ཏེ། སྡོམ་པ་འདུས་ལ་དག་པའོ། །རྫུན་གྱི་སྡོམ་པ་བསྟན་པའི་ཕྱིར། །ཆོས་རྣམས་སྒྱུ་མ་ལྟ་བུ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་དང་ནང་གི་དངོས་པོ་རྣམས་ལོག་རྟོག་གི་རྒྱུ་རྐྱེན་འདུས་པ་ཙམ་ཁོ་ནའི་ཕྱིར་ངོ་བོ་ཉིད་མེད་བཞིན་དུ། བརྟགས་པ་རང་གི་ངོ་བོ་ཉིད་དུ་སྣང་བ་ནི་ངོ་བོ་ཉིད་ཀྱི་རྫུན་ཞེས་བྱའོ། །མིང་དང་ཚིག་ཏུ་བཏགས་པ་རྫུན། །ཞེས་བྱ་བ་ནི་ཞེན་པ་ཉིད་སྣང་བ་དེ་དག་ལ་མིང་སྣ་ཚོགས་སུ་བཏགས་ནས་མིང་ཙམ་ལ་བདེན་པར་སྤྱོད་པ་ནི་རྗེས་སུ་སྤྱོད་པའི་རྫུན་ཞེས་བྱའོ། །དེ་དག་ལས་ཀྱང་འགལ་བ་ནི་ལོག་པའི་རྫུན་ཞེས་བྱའོ། །དེ་དག་གསུམ་གཡུལ་གྱི་གཞི་མ་གྲུབ་པའི་ཕྱིར། རྫུན་ཉིད་ལ་ནི་རྫུན་སྤྱོད་དེ། །རྫུན་ཞེས་བཏགས་ཙམ་ཡོད་མ་ཡིན། །ཞེས་གསུངས་ཏེ། དེ་ལྟར་ཤེས་ནས་སྨྲས་ཀྱང་མི་གོས་པ་ནི་སྡོམ་པ་འདུས་ལ་དག་པའོ། །མ་ཆགས་པ་ལ་ཆགས་པ་དང་། །ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་སེམས་ཉིད་རང་སྣང་བས་ཡུལ་སེམས་གཉིས་སུ་མེད་པར་གསལ་བར་ནི་མ་ཆགས་པའི་ཡེ་ཤེས་ཉིད་ཁོ་ནའོ། །དེ་ལ་གཉིས་སུ་ཞེན་པ་ནི་ལོག་པའི་འདོད་ཆགས་ཏེ། དེའི་དུས་ཉིད་ན་སེམས་ཉིད་དུ་ཤེས་པ་དང་ཐབས་ཀྱིས་ཟིན་པ་ནི་རོ་དེ་ཉིད་ཡེ་ཤེས་སུ་གསལ་བས་གོས་པ་མེད་པའི་ཕྱིར། ཆགས་པ་ཉིད་ན་ཆགས་པ་མེད། །དེ་ཉིད་ཚངས་མཆོག་རྒྱལ་པོ་སྟེ། །ཞེས་གསུངས་སོ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ངོ་བོ་ཉིད་དེ་ཐམས་ཅད་ཀྱང་དབྱེར་མེད་པའི་ཕྱིར་སྡོམ་པ་འདུས་ལ་དག་པའོ། །བླ་མེད་མི་སྤང་བླ་མ་བཀུར། །ཞེ་བྱ་བ་ལ་སོགས་པ་ནི་དམ་ཚིག་གི་རྣམས་གྲངས་ལ་གཉིས་ལས། འདི་ནས་མར་མདོར་བསྟན་པ་སྟོན་ཏེ། བླ་ན་མེད་པ་ནི་བྱང་ཆུབ་སེམས་ཏེ། ཐེག་པ་ཆེན་པོའི་གཞུང་གིས་ཡི་དམ་གྱི་ལྷའི་སྐུ་ཕྱག་རྒྱ་སྣང་སྟོང་གཉིས་སུ་མེད་པ་ཁོ་ན་སྟེ། ངོ་བོ་ཉིད་དང་ལམ་གོང་ན་གཞན་མེད་པའི་ཕྱིར་རོ། །བླ་མ་ནི་རྡོ་རྗེ་སློབ་དཔོན་ཏེ། དེ་ལ་རྣམ་པ་ལྔ་སྟེ། འདྲེན་པ་དང་། དམ་ཚིག་འབོགས་ཤིང་དབང་བསྐུར་བ་དང་། ཉམས་ཆག་སྐོང་བ་དང་། ཤེས་རྒྱུད་འགྲོལ་བ་དང་། མན་ངག་དང་ལུང་འབོགས་པའོ། །བཀུར་བ་ནི་སྒོ་གསུམ་ཟོལ་མེད་པ་དང་། མཉེས་པར་རྩལ་དབྱུང་བ་ཁོ་ནའོ། །སྔགས་ནི་གསུམ་མོ། །ཕྱག་རྒྱ་ནི་བཞིའོ། །རྒྱུན་ནི་བརྩོན་པ་རབ་འབྲིང་དང་། གོམས་པ་ཆེ་ཆུང་གིས་དུས་ཀྱི་རྒྱུན་གསུམ་དང་། སྐད་ཅིག་མའི་བར་དུ་རྒྱུན་མི་གཅོད་པའོ། །ཡང་དག་ལམ་དུ་ཞུགས་ལ་བྱམས། །ཞེས་བྱ་བ་ནི། བསྐྱེད་རྫོགས་རྣམ་པ་གཉིས་ལ་ཞུགས་པ་རྣམས་ནི་རྡོ་རྗེའི་སྤུན་ནོ། །དེ་ལ་ཉེ་བ་དང་རིང་བ་དང་འདྲེས་པའོ། །དེ་དག་ལ་སྒོམ་གསུམ་གྱིས་ཕན་པའི་རྩལ་འབྱིན་པ་ནི་བྱམས་པའོ། ། གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཞེས་བྱ་བ་ནི་གསང་བ་བཅུ་སྟེ། སྤྱིར་གསང་བཞི། བར་གསང་བཞི། གསང་བར་འོས་པ་དང་། གཉེར་གཏད་པའོ། །དེ་དག་བདག་གི་དོན་དང་། གཞན་གྱི་དོན་དང་། ཆོས་ཀྱི་དོན་དང་། གྲོགས་པོའི་དོན་དང་བཞིན་པོ་ཁོ་ནར་འགྱུར་བར་བྱ་བའི་ཕྱིར། དམ་མེད་པ་དང་། དམ་ཉམས་པ་དང་། དམ་མ་འདྲེས་པ་དང་། འདྲེས་པ་དག་ལ་ཡང་། སྐབས་ཀྱིས་གསང་བ་སྟེ། ཚིག་དང་སྤྱོད་ལམ་ཡན་ཆོད་ཀྱིས་སྦ་བ་ཁོ་ནའོ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །ཞེས་བྱ་བ་ནི། ལྔ་པོ་དེ་དག་ནི་ལམ་དང་འབྲས་བུའི་ཡོན་ཏན་རིལ་གྱི་གཞིར་གྱུར་པའི་ཕྱིར་རོ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་བྱ་བ་ནི། གཉིས་ནི་བསྒྲུབ་པའི་དམ་ཚིག་གོ། །གསུམ་ནི་བསྲུང་བའོ། །ཡན་ལག་གི་དམ་ཚིག་བསྟན་པའི་ཕྱིར། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱིར་ཡང་དག་པའི་དུག་ལྔ་དང་། ལོག་པའི་དུག་ལྔ་གཉིས་སུ་རྒྱས་པའི་རྒྱུད་ལས་གསུངས་ཏེ། དེ་ལ་ལོག་པའི་དུག་ལྔ་ཉིད་རང་དང་སྤྱིའི་མཚན་ཉིད། གཏན་ཚིགས་ཀྱིས་རང་རིག་པ་ཉིད་དུ་ཉམས་སུ་ལོན་ན་སྐུ་གསུང་ཐུགས་ཁོ་ན་ལས་སྤང་བྱ་གང་ཡང་མི་དམིགས་པའི་ཕྱིར་རོ། །ཡང་དག་པའི་དུག་ལྔ་ལ་གནས་པ་ནི། ཐེག་པ་ཆེན་པོའི་ལྟ་སྤྱོད་དམ་ཚིག་རིལ་རྫོགས་པར་འགྱུར་བའི་ཕྱིར་མི་སྤང་བ་ཁོ་ནའོ། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་དོར་རོ། །ཞེ་བྱ་བ་ནི། དམ་རྫས་ལྔ་པོ་ཉིད། བཤད་པའི་གྲུབ་པ་བཞི་པོ་དེ་དག་གི་ཕྱིར་དང་དུ་བླང་བ་སྟེ། དེས་གཙང་རྨེའི་རྟོག་པ་སྦྱངས་པ་དང་། ཐུན་མོངས་གི་ཡོན་ཏན་གཉིས་ཀྱིའང་ཕྱིར་ཏེ། དེ་དག་རྒྱུན་ཏུ་སྤྱད་པར་བྱ་བའོ། །ཡན་ལག་བཅུ་ཡི་དམ་ཚིག་སྟེ། །ཞེས་བྱ་བ་ནི། རྩ་བ་ལྔ་དག་མ་ཉམས་པ་ལས་འདི་དག་འབྱུང་ཞིང་སྒྲུབ་པའི་གྲོགས་ཆེར་བྱེད་པའི་ཕྱིར་རོ། །ཡེ་ནས་དག་མཉམ་རྟོགས་པས་སྤྱད། །ཅེས་བྱ་བ་ནི། དངོས་པོ་ཐམས་ཅད་དག་པ་གསུམ་དང་མཉམ་པ་བཞིའི་ངོ་བོར་གནས་པ་དེ་དག་རྟོགས་པས་སྤྱད་པ་དང་། རྟོགས་པར་འདོད་པས་སྤྱད་པ་སྟེ། གོ་རིམ་བཞིན་དུ་ཤེས་པར་བྱའོ། །བསྲུང་ཞིང་བསྒྲུབ་པའི་དམ་ཚིག་ལྔ། །རྩ་བ་ཡིན་ཏེ་རིགས་མེད་འགྱུར། །ཞེས་བྱ་བ་ལ་སོགས་པ་ནི། ཕྱེ་བའི་དམ་ཚིག་བསྟན་པ་སྟེ། རྩ་བ་ལྔ་པོ་ཉམས་ན་མི་དང་ལྷའི་རིགས་ཀྱང་མེད་པར་འགྱུར་ན་ཐེག་པ་ཆེན་པོའི་རིགས་ལྟ་སྨོས་ཀྱང་ཅི་དགོས་ཏེ། རྨངས་མེད་པར་འགྱུར་བའི་ཕྱིར་རོ། །མི་སྤང་མི་དོར་ལྔ་གཉིས་ནི། །ཡན་ལག་དམ་ཚིག་འདའ་དཀའོ། །ཞེས་བྱ་བ་ནི། ལོག་པའི་དུག་ལྔ་སྤོང་བ་ནི་ཉན་ཐོས་ལྟ་བུར་གྱུར་པ་སྟེ། ལམ་ནོར་བས་ལྟ་བའི་ཀློང་ལས་ཉམས་སོ། །ཡང་དག་པའི་དུག་ལྔ་སྤོང་བ་ནི། དོན་གཉིས་མི་འགྲུབ་སྟེ། བྱིན་གྱི་རླབས་མེད་པར་འགྱུར་རོ། །དམ་རྫས་ལྔ་སྤོང་བ་ནི། ཀྲི་ཡ་པ་ལྟར་གྱུར་པས་ལྟ་བ་དང་སྤྱོད་པ་མ་འབྲེལ་ཏེ་ཐེག་པ་འདིར་མི་ཆུད་པ་ཁོ་ནའི་ཕྱིར་རོ། །མཉམ་ལ་མཉམ་པར་སྦྱོར་བ་ཡིས། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་འགྱུར་བས། །ཞེས་བྱ་བ་ནི། རྣམ་གྲངས་ལས་རྩ་བ་ལ་གཉིས་སུ་ཕྱེ་བའི་རྩ་བ་ཆེན་པོ་མཉམ་པ་ཉིད་ཀྱི་དམ་ཚིག་སྟེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་བདེན་པ་གསུམ་དུ་མཉམ་པ་ལ། ཤེས་རབ་དང་། ཏིང་ངེ་འཛིན་གྱི་སྦྱོར་བའི་དུས་ན་གང་ཡང་བདག་ཉིད་ཆེན་པོ་ལས་མི་འདའ་བ་ནི། མཉམ་པ་ཉིད་ཀྱི་དམ་ཚིག་ཁོ་ནའི་ཕྱིར། རྒྱས་པའི་རྒྱུད་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་ལྟ་བ་དམ་ཚིག་ཡིན། །ཞེས་གསུངས་སོ། །འདིའི་འབྲས་བུ་ནི་གང་ཡང་མ་སྤངས་པར་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ནོན་པར་གྱུར་པ་ཁོ་ནའོ། །འདས་ནས་སངས་རྒྱས་མ་ཡིན་ནོ། །ཞེས་བྱ་བ་ནི། དེ་ཉིད་ཉམས་པའི་སྐྱོན་བསྟན་པ་སྟེ། དེ་བཞིན་གཤེགས་པ་ཡང་འདི་ཡི་ངོ་བོ་ཉིད་ལས། མི་འདའ་བས་བཞུགས་པའི་ཕྱིར། གང་ཞིག་བདག་ཉིད་ཆེན་པོ་ལས་གཞན་པར་མཐོང་བ་དང་སྤྱོད་པ་ནི། སངས་རྒྱས་ཀྱི་ངོ་བོ་ཉིད་ལས་ཉམས་པ་ཁོ་ནའོ། །རྩ་བ་ཉམས་པའི་འཆལ་བ་དག །གསོ་ལ་ཉེ་བར་མི་བརྩོན་དང་། །ཞེས་བྱ་བ་ནི། རྩ་བ་ལྔ་པོ་ཀུན་ཉམས་པ་ནི་འཆལ་བ་ཞེས་བྱའོ། །དེ་དག་ཀྱང་སྐུ་གསུང་ཐུགས་སུ་འདུས་སོ། །སློབ་དཔོན་དང་སྤུན་ལ་ཉམས་ན་འབྱོར་བ་ལ་སོགས་པས་གནས་སུ་གསོའོ། །བླ་ན་མེད་པའི་སྔགས་དང་། ཕྱག་རྒྱ་ཉམས་ན་བསྒྲུབ་པ་ཆེན་པོ་ལན་གསུམ་གྱིས་བཤགས་ནས་བཟླས་པ་སོགས་ཀྱིས་གསོའོ། །གསང་བ་ཐུགས་ཀྱི་དམ་ཚིག་ཉམས་པ་ནི། ཤེས་རབ་དང་ཏིང་ངེ་འཛིན་གྱིས་གསོའོ། །དེ་ལྟར་མྱུར་དུ་མི་གསོ་བ་ནི། འོ་མ་རུལ་བ་དང་འདྲ་བས། དམ་ཅན་ཐམས་ཅད་ཀྱིས་བར་ཆད་དུ་འགྱུར་བས། ལུང་པ་གཅིག་གི་ཆུ་ལ་ཡང་མི་བཏུང་བའི་ཕྱིར། སྐད་ཅིག་ཡུད་ཙམ་སྨྲ་མ་བྱེད། །ཉམས་གྱུར་ཉེས་པ་བརྗོད་མི་ལང་། །ཞེས་གསུངས་སོ། །རྩ་བའི་དམ་ཚིག་ཉམས་གྱུར་ན། །བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ནི། ཉམས་པའི་སྐྱོན་རྣམས་བསྟན་པ་སྟེ། རྩ་བ་ལྔ་པོ་ཉམས་ན། ལས་ཅི་བརྩམས་པའི་རིལ་ལ་ནུས་མཐུ་མེད་ཅིང་། བར་ཆོད་མང་བས་གང་ཡང་དོན་མེད་པར་འགྱུར་ཞིང་ཕྱི་མར་ཡིད་དུ་མི་འོང་བའི་སྡུག་བསྔལ་སྣ་ཚོགས་འབྱུང་ངོ་། །ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྷུང་། །ཞེས་བྱ་བ་ནི། ཡན་ལག་གཉིས་ཉམས་ན། ཉན་ཐོས་དང་ཀྲི་ཡ་པ་ལྟར་འགྱུར་བས་སྔགས་ཀྱི་གཞུང་གི་བསྟན་པའི་ཐུན་མོང་དང་མཆོག་གི་འབྲས་བུ་མེད་ལ། དེ་དག་གཏན་ཚིགས་གསུམ་དང་དགོས་ཆེད་གསུམ་གྱིས་མི་སྤྱོད་པར་ལོག་པར་སྤྱོད་པ་རྣམས་ངན་སོང་དུ་ལྟུང་བར་འགྱུར་བ་ཁོ་ནའོ། །དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཞེས་བྱ་བ་ནི། དམ་ཚིག་གི་རང་བཞིན་བསྟན་པ་སྟེ། རྩ་བ་དང་ཡན་ལག་རྣམས་ཀྱི་རང་བཞིན་ནི། ལྟ་སྤྱོད་གཉིས་མི་ཕྱེད་པ་དང་། རང་བཞིན་དང་། ལམ་དང་། འབྲས་བུ་གསུམ་ཡང་མི་ཕྱེད་པའི་ཕྱིར་རྡོ་རྗེ་ཞེས་བྱ་སྟེ། དེ་དག་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་ལམ་དང་ངོ་བོ་ཉིད་ཁོ་ནའི་ཕྱིར་རོ། །རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཡན་ལག་དམ་ཚིག་ལྔ་གཉིས་ལ། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་བྱ་བ་ལ་སོགས་པ་ནི། རྣམ་གྲངས་ལ་གཉིས་ལས་རྒྱས་པར་བསྟན་པ་སྟེ། སྤྱིར་དམ་ཚིག་རྒྱས་འབྲིང་རྣམ་པ་གསུམ་ལ་རེ་རེ་ལ་ཡང་གསུམ་གསུམ་སྟེ་དགུར་ཕྱེ་བ་ལས་འདིར་ནི་འབྲིང་གི་འབྲིང་སུམ་བརྒྱ་དྲུག་ཅུར་ཕྱེ་བ་སྟེ། ཚིག་མང་དུ་དོགས་པ་དང་། ཕྲ་རྒྱས་འབྱེད་པ་ལས་གསལ་བས་འདིར་མ་བྲིས་སོ། །རྒྱས་པ་ཡང་ཟུར་ཙམ་བསྟན་པའི་ཕྱིར། དམ་ཚིག་འདི་ནི་རྨད་པོ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་པ་ཆེན་པོའི་དམ་ཚིག་རྣམས་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྲིམས་དང་འདྲ་སྟེ། གདུལ་བྱའི་དབང་གི་རྒྱ་ཆད་པ་མེད་པའི་ཕྱིར་རོ། །དེ་ཉིད་ཉེ་བར་བསྟན་པའི་ཕྱིར། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །སྲིད་གསུམ་འགྲོ་བ་ཇི་སྙེད་པའི། །རྟོག་འདུལ་དམ་ཚིག་དེ་སྙེད་འཕྲོ། །ཞེས་གསུངས་ཏེ། འདུལ་བ་ནི་གཉེན་པོས་འདུལ་བ་དང་། སྦྱངས་པས་འདུལ་བ་དང་། བསྒྱུར་བས་འདུལ་བ་དང་། དག་པས་འདུལ་བ་དང་། ངོ་ཤེས་པས་འདུལ་བ་ལ་སོགས་པའོ། །དེ་དག་གི་ཕྱིར་རྣམ་གྲངས་མ་ངེས་པ་ཁོ་ནའོ། །གཞན་ཡང་རྒྱལ་མཆོག་ཀུན་བཟང་གི། །ཞེས་བྱ་བ་ལ་སོགས་པ་ནི། བསྲུང་བའི་ཡོན་ཏན་བསྟན་པ་སྟེ། མཉམ་རྫོགས་ཀྱི་ཡོན་ཏན་ལས་གཞན་པར་གྱུར་པ་ནི། ཡང་ཞེས་བྱ་བ་སྟེ། དམ་ཚིག་བཅོ་ལྔ་པོ་མ་ཉམས་པ་ནི། གང་དུ་བྱུང་ཞེ་ན། རིགས་ཀྱི་བདག་པོ་ནི་རྒྱལ་བའི་མཆོག་སྟེ་དངོས་ཀུན་ཏུ་བཟང་པོའོ། །དེའི་ངོ་བོ་ཉིད་ཇི་ལྟར་ཞེ་ན། ཐམས་ཅད་མ་ལུས་ཕྱག་རྒྱ་ཡི། །བསྒྲུབ་མེད་དམ་པ་མ་ལུས་འགྲུབ། །ཞེས་གསུངས་ཏེ། དངོས་པོ་གཉིས་ཀྱིས་བསྡུས་པ་རིལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་ཡེ་ནས་ལྷུན་གྱིས་གྲུབ་པས་སྤང་བ་དང་བླང་བ་མེད་པ་ནི་འབྲས་བུ་དམ་པ་སྟེ། ཀུན་ཏུ་བཟང་པོའི་ཡོན་ཏན་རིལ་ལྷུན་གྱིས་གྲུབ་པའོ། །དེའི་ཡོན་ཏན་བརྗོད་པ་ལས་འདས་པའི་ཕྱིར། དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་གསུངས་སོ། །རྒྱལ་བའི་རིགས་མཆོག་འཛིན་པ་དེ། །ཞེས་བྱ་བ་ལ་སོགས་པ་ནི། ཡོན་ཏན་ཉེ་བར་མདོར་བསྟན་པ་སྟེ། དམ་ཚིག་འདི་དག་ལྟ་སྤྱོད་ཚང་བར་འབྱོར་བ་ནི། སར་ཆུད་པའི་རིགས་འཛིན་ནོ། །རྒྱུན་དུ་གནས་པ་ནི་ས་ལ་གནས་པའོ། །སྟོབས་སུ་གྱུར་པ་ནི་སར་ཡོངས་སུ་སྨིན་པའི་ཕྱིར་རོ། །འཇིག་རྟེན་གཙོ་དང་འཁོར་གྱིས་བསྐུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །ཅེས་བྱ་བ་ནི། བསྒྲུབ་པ་པོ་དེ་ལ་སྡེ་བརྒྱད་གཡོག་དང་བཅས་པས། དགོས་པ་བསྒྲུབ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིལ་གྱིས་དགོངས་ཤིང་བྱིན་གྱིས་རློབ་པར་འགྱུར་བ་ཁོ་ནའོ། །བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །ཞེས་བྱ་བ་ནི། བཅོ་ལྔ་པོ་ཉིད་དེ་བཞིན་གཤེགས་པའི་ངོ་བོའི་ཕྱིར་རོ། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་བྱ་བ་ནི། དེ་ཕན་ཆད་ཅི་སྤྱད་ཀྱང་ལྟུང་བའི་དོགས་པ་མེད་དེ་སྤྱོད་ཡུལ་ཡོངས་སུ་དག་པའི་ཕྱིར་རོ། །ཇི་བཞིན་ཉིད་དང་འདུལ་བའི་ཐབས། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ཇི་བཞིན་པ་དེ་ཉིད་མངོན་དུ་བྱེད་པའི་དམ་ཚིག་ཆེན་པོ་ཉིད་དང་འདུལ་བའི་ཐབས་བཅོ་ལྔ་པོ་ལ་སོགས་པ་ཐམས་ཅད་མ་བརྩལ་བར་ལྷུན་གྱིས་གྲུབ་པའི་ཕྱིར། ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་རྣམ་དག་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །ཉམས་ན་བསྐང་བས་རྫོགས་པ་དང་། །དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་བྱ་བ་ནི། སྤྱིར་དམ་ཚིག་རྣམས་ལས་མ་ལོག་ན་ཉམས་པ་རྣམས་བསྐངས་པས་ཀྱང་སྐོངས་སོ་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་འདུལ་བར་གྱུར་ཏོ། །ཞེས་བྱ་བ་ནི། དམ་ཚིག་གི་རང་བཞིན་གྱི་ཕྱིར་དང་། རྒྱལ་བ་ཉིད་ཀྱང་འདི་དག་ལས་མི་འདའ་ན་གཞན་ལྟ་ཅི་སྨོས་ཞེས་བྱ་བའི་ཐ་ཚིག་གོ། །ལེའུ་བཅུ་དགུ་པ་མདོར་བཤད་པའོ།། །།དེ་ནས་ཕྲིན་ལས་བསྟན་པའི་ཕྱིར། ལྷུན་གྱིས་གྲུབ་པའི་དམ་ཚིག་བྱིན་གྱིས་རློབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་ཉིད་ལ་ཕྲིན་ལས་རྣམ་བཞི་རང་བཞིན་གྱིས་ལྷུན་གྱིས་གྲུབ་པར་གནས་པ་སྟེ། ཆོ་ག་བཞི་ཡིས་བསྐུལ་བས་མངོན་དུ་སྣང་བར་བྱེད་པ་ནི་བྱིན་གྱིས་རློབ་པ་ཞེས་བྱའོ། །ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་བྱ་བ་ལ་སོགས་པ་འདི་དག་ཀྱང་། རིམ་པ་མན་ངག་གིས་བསྡེབས་ཏེ། དང་པོར། བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། །ཞེས་བྱ་བ་ལ་སོགས་པའི་དོན་གྱིས། བསྒྲུབ་བྱ་དག་པ་ལ་སོགས་པའི་དམ་རྫས་ལྔའམ། ཤ་དང་ཉ་ཤ་དང་བུ་རམ་དང་ཏིལ་དང་སྦྲང་ལ་སོགས་པ་རྣམས་ལ་ལིང་ག་བཅས་ལ། ཤོག་བུའམ་གྲོ་ག་ལ་མིང་རུས་བྲིས་ལ་གླན་ཏེ། ཐོད་པའི་ནང་དུ་གཞུག་གོ། །དེ་ནས་སྔགས་མཁན་ལས་རྣམ་བཞི་རང་གི་ཕྱོགས་སུ་ཁ་བལྟས་ལ། ཨེའི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་བྱ་བ་ལ་སོགས་པའི་ཕྱིར། ལས་སོ་སོའི་དཀྱིལ་འཁོར་གསལ་བར་བསྐྱེད་དེ་ལྷ་རྣམས་ལས་ལ་ངེས་པར་བཙུད་ནས། དེ་ནས། བཀུག་ནས་རྡོ་རྗེ་ཕུར་པས་གདབ། །ཅེས་བྱ་བ་ལ་སོགས་པའི་ཕྱིར། །ཕོ་ཉ་རྣམས་ཀྱིས་བ ཀུག་ནས་ལིངྒ་ལ་བསྟིམས་ཏེ། ཕྱག་རྒྱ་བཞིས་བཅིངས་ནས་མངོན་དུ་བྱས་ལ་བཞག་གོ། །དེ་ལ་རྒྱུ་དང་དབྱིབས་སོ་སོའི་ཕུར་པ་རྣམས་རིགས་སོ་སོའི་ཀཱི་ལ་ཡར་བྱིན་གྱིས་བརླབས་ལ་གནས་བདུན་ལ་སོགས་པ་ལ་བཏབ་ལ་གཟིར་རོ། །དེ་ནས། རྡུལ་དུ་བྱས་ཏེ་ཚོགས་ལ་དབུལ། །ཞེས་བྱ་བའི་དོན་གྱིས། བསམ་པ་དང་བཅས་པས་རལ་གྲིས་གཏུབས་ལ། འབར་བ་གཏུམ་ཆེན་རྔམ་པ་ལ། །ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །ཞེས་བྱ་བ་ལ་སོགས་པའི་དོན་གྱིས། རིགས་སོ་སོའི་དཀྱིལ་འཁོར་བསམ་ཡས་པ་མངོན་སུམ་དུ་དམིགས་ནས་རྟོད་ཅིང་ཟོས་པར་དབུལ་ལོ། །དེ་དག་བརླག་པ་དང་། འདུས་པ་ལ་སོགས་པའི་བསམ་པས་ཕྱེ་ནས་ཕུལ་ན། མི་གནོད་ཅིང་འདོད་པ་བཞིན་འགྱུར་རོ། །དེ་དག་ནི་ལྷག་པ་རྫས་ཀྱི་སྒོ་ནས་ལས་བྱ་བའོ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་ལས་བྱ་བ་ནི། སྒྲུབ་པ་པོ་ཡབ་ཡུམ་རྣམས་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་པའི་དབུས་སུ་ལིངྒ་བཞག་ལ། ཨེ་རཾ་བཾ་རཾ་མཾ་རཾ་ཡཾ་རཾ་ཞེས་བྱ་བའི་སྔགས་ཀྱིས་སོ་སོའི་གཞལ་ཡས་ཁང་མེ་དཔུང་དང་བཅས་པར་བསམ། དེའི་ནང་དུ་ལྷ་སོ་སོའི་དཀྱིལ་འཁོར་དུ་བདག་ཉིད་བྱིན་གྱིས་བརླབས་ལ། དེ་ནས་རྒྱས་པ་ལས་འབྱུང་བ་ལྟར་ཚིགས་སུ་བཅད་པས་བསྐུལ་ཏེ། སྟངས་སྟབས་ཀྱིས་སྤྲུལ་པ་རྣམས་སྤྲོས་པས་ཁམས་གསུམ་སྤྲུགས་ནས་བསྲུང་བ་དང་ཕྲལ་ཏེ་བཀུག་ནས་ལིངྒ་ལ་མངོན་དུ་གནས་པ་ལ། གནས་གསུམ་ནས་འོད་ཟེར་བྱུང་བ་ཐིམ་ནས་བསམ་པས་དབང་བསྒྱུར་ནས་ཇི་ལྟར་འདོད་པ་འགྲུབ་པ་སྟེ། དྲག་པོས་ནི་སངས་རྒྱས་ཀྱི་སྐུ་ཡང་འཇིག་པ་དང་། འཚིག་པར་གྱུར་ན་གཞན་ལྟ་ཅི་སྨོས་ཞེས་གསུངས་སོ། །དབང་གིས་ནི་དབང་གི་རྒྱལ་པོ་པདྨ་གར་དབང་དང་ཕྱག་ན་རྡོ་རྗེ་ཡང་དབང་དུ་འདུ་ན་གཞན་ལྟ་ཅི་སྨོས་ཞེས་གསུངས་སོ། །རྒྱས་པས་ནི་ཡོན་ཏན་གྱིས་ནམ་མཁའ་ཡང་ཁེངས་པར་འགྱུར་རོ། །ཞེས་གསུངས་སོ། །ཞི་བས་ནི་ཁྲོ་བོའི་ལས་ཀྱི་སྦྱོར་བ་ཡང་ཞུ་བར་བྱེད་དོ་ཞེས་གསུངས་ཏེ། འབྲུ་ནི་གོ་སླ་བས་སོ་སོར་མ་བཤད་དོ། །སླས་དང་བྱི་མོ་བྲན་མོའི་ཚོགས། །ཞེས་བྱ་བ་ལ་སོགས་པ་ནི། དེ་དག་གིས་དུས་སུ་འཁོར་རྣམས་བསྐུལ་ལ་ལས་ལ་མངགས་པ་སྟེ་གོ་སླའོ། །ཁྲོ་བོ་སྒྲུབ་པའི་ལས་ཀྱི་གཙོ་བོ་ནི་འདི་ཡིན་ནོ། །ཞེས་བྱ་བ་ནི། ཁྲོ་བོ་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་པའི་དུས་སུ་ལས་བཞི་བྱ་བའི་མཆོག་ནི་བྲོ་གར་གྱིས་འགྲུབ་པའོ་ཞེས་བྱ་བའོ། །ཁྲག་འཐུང་ཆེན་པོ་ལ་སོགས་པའི། །ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ལས་ལ་སོགས་པའི་དུས་སུ། བདག་ཅག་ལྷ་རུ་བྱིན་གྱིས་བརླབས། ཁམས་གསུམ་རིལ་ཡང་དེ་ལས་མི་གཞན་བར་བྱས་ཏེ། རྐང་པའི་བྲོ་སྟབས་དང་། ལག་པ་ཡང་གཡེང་བ་དང་། སུམྦྷ་ནི་ཞེས་བྱ་བའི་གླུ་ང་རོ་དང་བཅས་པ་བྱ་བས་ནི། ཐམས་ཅད་ཐམས་ཅད་ཅི་འདོད་པར། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །ཞེས་བྱ་བ་ནི། ལས་དང་དངོས་གྲུབ་ཅི་འདོད་པ་གྲུབ་པར་འགྱུར་རོ། །མཛོད་ལྡན་ཆེན་མོ་ཞེས་བྱ་བ་ནི་ཀོའུ་རཱི་ལ་སོགས་པ་སྟེ་དབང་དང་ཅི་འདོད་པ་རྒྱས་པར་བྱེད་དོ། །སྦོས་མོ་ཆེན་པོ་ནི་པུཀྐ་སི་ལ་སོགས་པ་སྟེ། ཞི་བ་དང་མངོན་སྤྱོད་ཀྱི་ལས་བྱེད་དོ། །གཞན་ནི་གོ་སླའོ། །ལྗོན་པ་དང་ནི་ལྕུག་ཕྲན་ཚལ། །ཞེས་བྱ་བ་ལ་སོགས་པ་ནི། ལས་རྣམ་བཞིའི་ཡུམ་སྟེ་སྒྱུ་འཕྲུལ་རྡོ་རྗེ་ལས། དཀར་མོ་བོང་ཆུང་སྐད་ཆེ་ལ། །བཞིན་ལུས་གཙུག་ཕུད་གཡས་སུ་འཁྱིལ། །ཡན་ལག་ཕྲ་འཇམ་སྐད་གསལ་ཅིང་། །རླུང་ཁར་ལྕི་བས་ཞི་བ་བྱ། །ཟླ་དང་ཡན་ལག་མང་བ་དང་། །ཕྲ་ཞིང་བཤད་ལ་གཟབས་སུ་རིང་། །བཞིན་ལུས་སེར་ཞིང་གྲུབ་བཞིར་གནས། །རྣ་འཕྱང་ཤ་དང་ནུ་མ་རྒྱས། །འཕེལ་བའི་དུས་སུ་འདི་དག་གཟུང་། །བཞིན་མདོག་པད་འདྲ་སོག་ཁ་ལ། །སྨིན་དཀྱུས་རིང་ལ་སྟོད་སྨད་ཕྱེད། །ལུས་དང་ཆུ་རླུང་དྲི་ཞིམ་ཞིང་། །བདེ་བ་ལྡན་ཞིང་ཡལ་ག་མེད། །འདི་ནི་སྡུད་པའི་མཆོག་ཏུ་འགྱུར། །ནག་མོ་གྲུ་གསུམ་རྩིད་མགོ་མ། །ཁྲོ་གཉེར་བྱིས་པའི་ལུས་ལྡན་ཞིང་། །གཏུམ་ཞིང་བརླང་ཚིག་འཛེམ་བག་མེད། །གཙང་རྨེའི་རྟོག་བྲལ་གསོད་པར་བཤད། །ཞེས་འབྱུང་ངོ་། །དང་བས་དགའ་བས་ཆགས་པས་དང་། །ཁྲོས་པས་ཀཱ་ལི་རབ་ཏུ་བྱ། །ཞེས་བྱ་བ་ནི། ལས་རྣམ་བཞིའི་བསམ་པ་སྟེ། །ཆོས་ཐམས་ཅད་དང་ཡིད་དུ་མི་འོང་བའི་དངོས་པོ་རྣམས། རང་བཞིན་གྱིས་མི་གནས་པ་དང་། སྦྱོར་བས་དྭངས་པར་འགྱུར་བ་ཁོ་ན་དང་། ཡོན་ཏན་གྱི་དངོས་པོ་རྣམས་རང་བཞིན་གྱིས་གནས་པ་དང་མངོན་དུ་འཕེལ་བའོ། །བསྒྲུབ་བྱ་སེམས་ཉིད་ལས་མི་གཞན་པ་དང་། མངོན་སུམ་དུ་ཞེན་པའོ། ། སེམས་རབ་ཏུ་འཁྲུགས་ཤིང་འཇིག་པར་མོས་པའི་སེམས་ཀྱིས་ལས་ལ་སྦྱོར་བའོ། །དེ་བཞིན་གཤེགས་པ་ཉིད་ལ་དེ་བཞིན་གཤེགས་པ་ཉིད་ཀྱིས་སྦྱོང་བར་གྱུར་ཏོ། །ཞེས་བྱ་བ་ནི། ཆེ་བའི་ཚད་དུ་ཡང་འགྱུར་ལ། དུས་ཕྱི་མ་གཉིས་ཀྱི་དེ་བཞིན་གཤེགས་པ་རྣམས་ལ། སྔ་མ་གཉིས་ཀྱི་དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱིས་རྒྱུད་དག་པར་སྦྱོང་བར་གྱུར་ཏོ། །ཞེས་བྱ་བ་ཁོ་ནའོ། །ལེའུ་ཉི་ཤུ་པ་ཁོང་ཁྲོལ་དུ་བཤད་པའོ།། །།དེ་ནས་ཁྲོ་བོའི་དཀྱིལ་འཁོར་ལ་བསྟོད་པ་བསྟན་པའི་ཕྱིར། ཚོགས་ཀྱི་དཀྱིལ་འཁོར་གྱིས་ཤིན་ཏུ་རྔམ་པའི་མདངས་ཀྱིས་གླུ་འདི་བླངས་སོ། །ཞེས་གསུངས་ཏེ། རབ་ཏུ་རྔམ་པའི་ཁྲོ་བོའི་རང་བཞིན་གྱི་དཀྱིལ་འཁོར་རྣམས་ཞལ་ཁྲོ་ཚུལ་ལྡན་པའི་འཛུམ་པ་དང་བཅས་པ་ནི་རྔམ་པའི་དྭངས་ཞེས་བྱ་བ་སྟེ། ང་རོ་དང་བཅས་པ་བསྟོད་པའོ། །དང་པོ་སྐུ་ལ་བསྟོད་པ་བསྟན་པའི་ཕྱིར། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧཱུྃ་ནི་གླུ་ཉིད་ཡེ་ཤེས་ཀྱི་རྒྱན་གྱི་ཕྱིར། མགོ་དྲངས་པའོ། །རྔམ་པའི་ཚེམས་གཏུམ་པ་དང་། འབར་བའི་སྐུ་གཏུམ་པ་དང་། ཕྲིན་ལས་དྲག་ཤུལ་མཛད་པའི་ཕྱག་གཏུམ་པའི་ཕྱིར་ཆེན་པོ་སྟེ། དེ་ལྟ་བུའི་སྐུ་ལ་བཟོད་པ་དཀའ་བའི་མེ་དཔུང་བསྐལ་པའི་མེ་ལྟར་འཁྲུགས་པའོ། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཞེས་བྱ་བ་ནི། མུན་པ་སེལ་བའི་འོད་ཟེར་གསལ་བ་དང་། ཐབས་མཁས་པའི་འོད་ཟེར་མང་བ་དང་། ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས་ཁྱབ་པ་སྟེ། དེ་དག་ཉི་མ་འབུམ་དུས་གཅིག་ཏུ་ཤར་བའི་འོད་ལྟ་བུས་ཐམས་ཅད་ཟིལ་གྱིས་གནོན་པའོ། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །ཞེས་བྱ་བ་ནི། དབང་དུ་སྡུད་པའི་ཁྲོ་གཉེར་བསྡུས་པ་དང་། ཟིལ་གྱིས་གནོན་པའི་ཁྲོ་གཉེར་འགྲེང་བ་དང་། ཐབས་མཁས་པའི་ཁྲོ་གཉེར་སྣ་ཚོགས་སུ་གཡོ་བ་དེ་དག་གློག་སྟོང་ལྟ་བུར་འཁྱུག་པའོ། །མཆེ་བ་ཟངས་ཡག་ཟ་བྱེད་ཆེ་ཧོཿ ཞེས་བྱ་བ་ནི། སྐྱེ་ཤི་རྩད་ནས་གཅོད་པའི་མཆེ་བ་དཀར་བ་དང་། གདུག་པ་ཟ་བྱེད་ཀྱི་མཆེ་བ་རྩ་དམར་བ་དང་། རྔམ་པའི་ཆེ་བ་རབ་ཏུ་རྣོ་བའོ། །ཧོཿནི་དེ་དག་གིས་མཉེས་པའི་དོན་ཏོ། །གསུང་ལ་བསྟོད་པ། ཧཱུྃ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །ཞེས་བྱ་བ་ནི། གསུང་རྔམ་པར་སྒྲོགས་པ་དྲག་པོའི་དབྱངས་འཇིགས་པར་དྲག་པའོ། །གཏུག་ཆེམ་རི་རབ་འབུམ་སྙིལ་སྐད། །ཅེས་བྱ་བ་ནི། ལྷ་གཤེགས་པའི་གཏུག་ཆེམ་དང་། ཕྲིན་ལས་མཛད་པའི་གཏུག་ཆེམ་དང་། སྤྲུལ་པ་འཁྲུག་པའི་གཏུག་ཆེམ་མོ། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །ཞེས་བྱ་བ་ནི། རྔམ་པའི་གད་མོ་ཨ་ལ། གཏུམ་པའི་གད་མོ་ཧ་ལ། དགྱེས་པའི་གད་མོ་ཧ་ཧའོ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོཿ ཞེས་བྱ་བ་ནི། འཁོར་སྡུད་པའི་སྤྱུགས་པ་དང་། གདུག་པ་འདུལ་བའི་སྤྱུགས་པ་དང་། བྱིན་འབེབས་པའི་སྤྱུགས་པ་སྟེ། དེ་དག་ལས་འཐོར་རླུང་ཆེན་པོ་ཕྱུང་བས་ཁམས་གསུམ་གཡེངས་པར་བྱེད་དོ། །ཐུགས་ལ་བསྟོད་པའི་ཕྱིར། ཧཱུཾ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཞེས་བྱ་བ་ནི། ཁྲོ་བོ་ཉིད་ཤེས་རབ་ཀྱི་ངོ་བོ་སྟེ། ལྟ་ངན་རིལ་མི་དམིགས་པར་བྱེད་པའི་ཕྱིར་དེ་ཅིས་ཀྱང་མ་སྒྲིབ་པར་གསལ་བའོ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །ཞེས་བྱ་བ་ནི། ཡེ་ཤེས་ལྔ་ཡིས་ཤེས་བྱ་མ་ལུས་པར་མཁྱེན་པའི་ཕྱིར་རོ། །རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་སྣང་བ་ཐམས་ཅད་ཀྱང་ཉིད་ལས་མི་གཞན་པར་སྦྱོང་བའི་ཕྱིར། འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །ཞེས་གསུངས་སོ། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོཿ ཞེས་བྱ་བ་ནི། ཡེ་ཤེས་ཆེན་པོའི་བཅོ་བརྒྱད་ལ་སོགས་པ་རྩིས་ལས་འདས་པ་རྣམས་ཐ་དད་དུ་གསལ་བ་ཀུན་ཀྱང་མི་གནས་པའི་ཡེ་ཤེས་ཆེན་པོར་རོ་གཅིག་པར་བསྟོན་པའོ། །ཧཱུྃ། ཁྲོ་བོ་རྒྱལ་པོ་སྤྲིན་ཆེན་པོ། །འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །ཞེས་བྱ་བ་ནི། ཡོན་ཏན་ལ་བསྟོད་པ་སྟེ། དཀྱིལ་འཁོར་འདི་དག་གི་ཡོན་ཏན་གྱི་ཚོགས་མང་པོ་ལས། ཁྲོ་བོའི་དཀྱིལ་འཁོར་སོ་སོའི་སྤྲུལ་པ་དང་བཅས་པ་བསམ་ཡས་པར་གདུལ་བྱ་ཐ་དད་ལ་སྣང་བར་མཛད་པའོ། །དེ་དག་མི་ཟད་པའི་ཕྱིར། དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །ཞེས་གསུངས་སོ། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོཿ ཞེས་བྱ་བ་ནི། ཡོན་ཏན་སྣ་ཚོགས་དང་བཅས་པའི་ཁྲོ་བོ་རྣམས་ཡེ་ཤེས་ཆེན་པོའི་ཁྲོ་བོར་རོ་གཅིག་པའོ། །ཕྲིན་ལས་ལ་བསྟོད་པའི་ཕྱིར། ཧཱུཾ། བདུད་ཀུན་གྱི་ནི་བདག་ཆེན་པོ། བདུད་ཀྱི་བདུད་སྡེ་བདུད་རྣམས་འཇོམས། །ཞེས་བྱ་བ་ནི། བདུད་བཞི་མ་ལུས་མ་སྤངས་པར་དབང་དུ་བྱེད་པ་ནི་བདག་ཉིད་ཆེན་པོ་སྟེ། དེའི་ཕྱིར་རུ་ཏྲ་སྡེ་དང་བཅས་པ་བསྒྲལ་ཞིང་གནས་སྤར་ནས་ཕྱིར་རོལ་ཏུ་ཕམ་པར་སྣང་བ་ནི་བཅོམ་པ་ཞེས་བྱའོ། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོཿ ཞེས་བྱ་བ་ནི། ཐམས་ཅད་ཀྱང་སྡིགས་པར་སྣང་བའི་མཛད་པ་རིལ། ཡེ་ཤེས་ཀྱི་མཛད་པ་ཉིད་ལས་མ་གཡོས་པར་རང་སྣང་བའི་ཕྱིར་རོ། །ཧཱུཾ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་བོ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་འབར་བ་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ ཞེས་བྱ་བ་ནི། དེ་དག་གི་འཇུག་བསྡུས་ནས་བསྟོད་པ་སྟེ། ཁྲོ་བོ་རྣམས་ནི་མི་ཕྱེད་པ་དང་འཇོམས་པའི་ཕྱིར་རྡོ་རྗེ་ཁོ་ན་སྟེ། དེ་དག་གི་ཕྱིར་དཔེ་བཞི་ལྟ་བུར་སྣང་བའོ། །དེ་ལས་དུར་ཁྲོད་ཀྱི་འབྱུང་བ་བཞི་པོ་ཡང་ཡེ་ཤེས་རྡོ་རྗེའི་ངོ་བོར་བསྟོད་པ་ཡང་ཞར་ལ་བཤད་པའོ། །ལེའུ་ཉེར་གཅིག་པ་མདོར་བཤད་པའོ།། །།དེ་ནས་རྒྱུད་གཉིས་ཡོངས་སུ་གཏད་ཅིང་མི་ནུབ་པར་གཟུང་བ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་བཞིན་གཤེགས་པ་ཉིད་ལ་སྔགས་ཀྱི་རྒྱལ་པོ་བརྟན་པར་གཟུང་བ་འདི་ཆེད་དུ་བརྗོད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱང་ཉིད་ལས་མ ི་གཞན་པ་ཉིད་དང་། ཡོངས་སུ་རྫོགས་པར་ཆུད་པའི་ཕྱིར་གང་ལ་ཡང་འགལ་བ་མེད་པ་ཁོ་ནའོ། །རྒྱུད་གཉིས་ནི་ངོ་བོ་དང་ཡོན་ཏན་བཤད་པ་རྣམས་ཀྱི་དོན་གྱིས། རྒྱལ་པོ་ཁོ་ན་སྟེ། དེ་དག་གཞན་དུ་མི་འགྱུར་བར་བྱ་བ་དང་། གཟུང་བས་མི་ནུབ་པ་ནི་བརྟན་པ་ཞེས་བྱ་བ་ཁོ་ནའོ། །ཡོངས་སུ་གཏད་པ་ལ་གཉིས་ལས་གདམས་པ་བསྟན་པའི་ཕྱིར། ཀྱེ་ཀྱེ་ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་གསུངས་ཏེ། ཉིད་ལས་མི་གཞན་པའི་ཕྱིར་གུས་པས་བོས་པ་སྟེ། ད་ལྟར་དང་མ་འོངས་པའི་དེ་བཞིན་གཤེགས་པ་རྣམས་ལའོ། །ཐ་སྙད་གཉིས་ཀྱིས་བསྡུས་པ་རིལ་གྱིས་རང་བཞིན་ཉིད་ནི། བུདྡྷ་བཞི་བཅུ་རྩ་ལྔའི་སྐུ་དང་ཡེ་ཤེས་སུ་གདོད་ནས་གནས་པ་ནི་རང་བཞིན་གསང་བའི་སྙིང་པོའི་ངོ་བོ་ཉིད་དེ། ངེས་པའི་ལུང་ཁོ་ནའོ། །དེ་ནི་རང་བཞིན་གྱིས་གནས་པ་སྟེ་མི་འགྱུར་པར་གདམས་པའོ། །ད་ནི་ལམ་གྱི་རྒྱུད་ཡོངས་སུ་གཏད་པ་བསྟན་ཏེ། དེ་དག་གི་དགོས་པ་བསྟན་པའི་ཕྱིར། གཟུང་འཛིན་སྤྲོས་ལ་འཆེ་བ་ཡིས། །རྣམ་རྟོག་ཞགས་པས་སོ་སོར་འཛིན། །ཞེས་བྱ་བ་ནི། ཡིན་མོད་ཀྱི་མ་རིག་པའི་བདག་ལས་བྱུང་བའི་གཟུང་འཛིན་གྱི་ཀུན་བརྟགས་གཉིས་ལ་ཐོག་མ་མེད་པ་ནས་གོམས་པའི་འཛིན་པས་བཅིངས་བ་དག་བདག་ཉིད་ངོ་མི་ཤེས་པ་དག་ཞེན་པ་གྲོལ་བ་ཉིད་ཀྱིས་མཉམ་དུ་ཐར་པར་འགྱུར་བའི་ཕྱིར་ལམ་གྱི་རྒྱུད་རྣམས་གསུངས་པའོ། །འོ་ན་ལམ་དུ་མ་ནི་དགོས་པ་མེད་དོ་བར་དོགས་པ་ལ། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱིས། །དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་གསུངས་ཏེ། རང་བཞིན་གསང་བའི་སྙིང་པོ་ནི་ཤིན་ཏུ་ཟབ་པས་ཕལ་གྱི་ཡུལ་མ་ཡིན་ཡང་ལམ་རིམ་པར་སྦྱངས་པ་རྣམས་ཀྱིས་མྱོང་དུ་རུང་བའི་ཕྱིར། ལམ་མཐའ་ཡས་པ་ཡང་འདི་ཉིད་ཀྱི་ཁྱད་པར་ལས་སྣང་བར་བྱས་པ་ཁོ་ནའོ། །ཞེ་བྱ་བའོ། །ཡོངས་སུ་གཏད་པ་ལ་རྣམ་པ་གཉིས་ལས། སྡུད་པ་པོ་ལ་རྒྱུད་ཀྱི་མཚན་ཉིད་བརྗོད་ནས་གཏད་པ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཉིད་དང་དགོངས་པ་ཕྱིན་ཅི་མ་ལོག་པར་མངོན་དུ་སྟོན་པ། རང་བཞིན་གྱི་རྒྱུད་འདི་ཡིན་པའི་ཕྱིར་རོ། །སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་བྱ་བ་ནི། དེ་ལྟ་བུའི་རང་བཞིན་གསང་བའི་སྙིང་པོའི་ངོ་བོ་ཉིད་ཅི་འདྲ་བ་སྒྲོ་སྐུར་མེད་པ་ཕྱིན་ཅི་མ་ལོག་པར་སྟོན་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་ལམ་གྱི་རྒྱུད་འདི་ཁོ་ན་སྟེ། ཤེས་བྱའི་མིང་ཤེས་བྱེད་ལ་བཏགས་པའི་ཕྱིར་རོ། །རང་བཞིན་གྱི་རྒྱུད་ནི་ཅིག་ཤོས་རིལ་གྱི་འབྱུང་ཁུངས་སུ་གྱུར་པ་ལས་འདི་ཉིད་མངོན་དུ་སྣང་བ་ནི་ཕྱུང་བ་ཞེས་བྱ་སྟེ། ངེས་པའི་ལུང་ལས་ཕྱུང་བའི་ཕྱིར་མངོན་དུ་ཕྱུང་བའི་ལུང་ངོ་། །དེ་ལྟ་བུའི་ཕྱིར་སྡུད་པ་པོས་ཟུངས་ཤིག་པར་གཏད་པའོ། །སྒྲུབ་པ་པོ་ལ་མི་ནུབ་པར་གཟུང་བར་གཏད་པ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་འདི་རིགས་ཐམས་ཅད་ཀྱི་བདག་པོའི་གསུང་དུ་ཕྱུང་བ་ནི་གསུང་གི་ཕྱག་རྒྱའོ། །འདིས་མཚོན་པ་དང་འདིའི་ངོ་བོ་ཉིད་དང་འདི་ལས་མི་འདའ་བའི་ཕྱིར་རོ། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་བྱ་བ་ནི། བཤད་པ་ཉིད་ཀྱི་ཁྱིར་རྒྱུད་འདི་ཉམས་སུ་ལོན་ནས་མི་ནུབ་པར་སྒྲོགས་པ་ནི་སྟོན་པ་ཉིད་དང་ཁྱད་པ་མེད་པའི་ཕྱིར། དབང་ལྔ་ཡང་ཡོངས་སུ་རྫོགས་པས་ནུས་པ་ཆེན་པོ་དང་ལྡན་པའོ་ཞེས་བྱ་བའོ། །དེ་དག་གི་ཕྱིར། དེ་ནི་ངེས་པར་ལུང་བསྟན་ཏེ། སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ཞེས་གསུངས་ཏེ། རང་རིག་པ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར་རོ། །ལུང་བསྟན་པ་གང་སྙམ་པ་ལ། ས་རབ་རིག་པ་འཛིན་ལ་གནས། །ཞེས་གསུངས་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་སྣང་རིག་པས་མངོན་བྱས་པས། །རིག་འཛིན་མཆོག་སྟེ་ལྷུན་གྲུབ་པའོ། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱང་སེམས་པས་བསྐྱེད་དུ་མེད། །བདེར་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུར་ལུང་ཐོབ་པའོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགྱེས་ནས་ཞེས་བྱ་བ་ནི། དུས་གསུམ་གྱི་རྒྱལ་བ་རིལ་ཡང་བདེ་བ་ཆེན་པོར་གཅིག་པར་སྣང་བ་ནི་བསམ་གྱིས་མི་ཁྱབ་པའི་དགྱེས་པ་ཞེས་བྱའོ། །དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སྐུ་གསུང་ཐུགས་ཀྱི་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། །ཞེས་བྱ་བ་ནི། དུས་བཞིས་བསྡུས་པ་རིལ་རང་རིག་པ་ཁོ་ན་ལས་གཞན་མེད་ཅིང་དེ་ཉིད་ངོ་བོ་མ་གྲུབ་པར་ཐམས་ཅད་དུ་མ་འགགས་པར་རང་སྣང་བ་ནི་སྣང་སྟོང་གཉིས་སུ་མི་ཕྱེད་པས་མ་བརྩལ་བའི་སྐུ་གསུང་ཐུགས་ཁོ་ནའོ། །དེ་དག་གི་ངོ་བོ་ཉིད་ནི་བརྗོད་པ་ལས་འདས་པས་མཐའ་ཡས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། སེལ་མེད་པ་ཤ་སྟག་གིས་ཡོངས་སུ་གང་བ་ནི་ཏིལ་གྱི་གང་ལྟ་བུ་ལྟར་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པར་བརྡལ་བ་སྟེ་དེ་དག་ཀྱང་། ཤིན་ཏུ་མཛེས་པ་དང་། ངོ་བོ་ཉིད་བརྗོད་པར་དཀའ་བས་ལྟ་བས་མི་ངོམས་པ་དང་། ཐམས་ཅད་དུ་ཅིར་ཡང་སྣང་བའི་ཕྱིར། རང་རིག་པའི་རྒྱན་ཁོ་ན་སྟེ། ཕན་ཚུན་རིང་དུ་སྤངས་པ་ཁོ་ནའོ། །ཐམས་ཅད་ཀྱང་དེ་ལྟ་བུའི་ངོ་བོར་གནས་པ་མེད་པའི་ཚུལ་གྱིས་གནས་པ་ནི་བཞུགས་པ་སྟེ། འདི་དག་གི་ངོ་བོ་ཉིད་དང་། དགོངས་པ་ནི་བཞེངས་པ་དང་། བཞུགས་པ་ནམ་དུ་ཡང་མི་དམིགས་པས། རྟག་པ་རྣམ་པ་གསུམ་ལས་ངོ་བོ་ཉིད་ཀྱིས་རྟག་པའོ་ཞེས་ལུང་དུ་མ་ལས་གསུངས་སོ། །འཕགས་པ་རྟོག་པའི་རྒྱལ་པོ་ཞེས་བྱ་བ་ནི། ཤེས་བྱ་དང་། ཐབས་དང་། དུས་དང་། འབྲས་བུ་ལ་སོགས་པ་ལུགས་གཞན་ལས་ཁྱད་པར་དུ་འཕགས་པའོ། །ངོ་བོ་ཉིད་དང་། འཁྲུལ་པ་དང་། ལོག་པ་དང་། རྣམ་པ་དང་། ཡང་དག་པའི་རྟོག་པ་ལ་སོགས་པ་ལས་འདི་དག་ནི། ཡང་དག་པ་ལ་ངེས་པར་བྱེད་པའི་ཕྱིར་ཡང་དག་པའི་རྟོག་པའོ། །དེའི་ཕྱིར་རྒྱལ་པོ་ཞེས་བྱའོ། །གཞན་ནི་གོ་སླའོ། །འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུའི་མཆོག་ཅེས་བྱ་བ་ནི་བསྟན་པ་རྣམས་ནི་བསྐོར་བ་དང་། འཁོར་བ་དང་གཅོད་པའི་ཕྱིར་འཁོར་ལོ་སྟེ་མང་པོར་སྤྲོས་པ་དེ་དག་གི་འབྲས་བུ་ནི་འདིར་འདུ་བ་སྟེ་འབྲས་རྣམས་ལས་ཀྱང་འབྲས་བུར་བགྲོད་པའི་ཕྱིར་མཆོག་གོ། །མཉེས་པ་དང་ཡོངས་སུ་གཟུང་བ་ཞེས་བྱ་བ་ནི་མཛད་པ་ཡོངས་སུ་རྫོགས་པས་ཐམས་ཅད་ཀྱང་དབྱེར་མེད་པར་དགྱེས་པའི་ཕྱིར་རོ། །ལེའུ་ཉི་ཤུ་གཉིས་པ་མན་ངག་གི་རིམ་པས་བཤད་པའོ།། །།བསོད་ནམས་ཚོགས་ལྡན་སེམས་ཉིད་རང་སྣང་རང་བྱུང་ལྷུན་རྫོགས་ཉིད་སྣང་ཡང་། སྣང་རྐྱེན་དགོས་ལྡན་ནོར་བུས་མཚོན་བྱེད་སྒྲོ་བྲལ་ལུང་གིས་མངོན་འབྱིན་དང་། །སྣོད་གཞན་སྦས་བཞག་རང་སྒྲིབ་རྡུལ་གཡོགས་ངན་རྟོག་རིགས་ངན་མིང་ལས་པ། །མཚོན་ཤེལ་སྤར་ཁབ་རྣ་བརྒྱུད་ཉམས་བཀྲོལ་རང་ལྟས་དོན་གསལ་ཀུན་རྟོགས་ཤོག །འཕགས་པ་དཔལ་གསང་བའི་སྙིང་པོའི་འགྲེལ་པ་རིན་པོ་ཆེ་སྤར་ཁབ་ཅེས་བྱ་བ་རྫོགས་སོ།། །།སྒྱུ་འཕྲུལ་དྲྭ་བ་ལས་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། རྩ་བའི་རྒྱུད་དཔལ་གསང་བའི་སྙིང་པོའི་འགྲེལ་པ་རིན་པོ་ཆེའི་སྤར་ཁབ་ཞེས་བྱ་བ། རྒྱ་གར་ན་ལེནྡྲའི་པཎྜི་ཏ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པས་བརྒྱན་པ། སྒེག་པ་རྡོ་རྗེས་མཛད་པའི་རྒྱ་ཆེར་འགྲེལ་དུ་གྲགས་པ་འདི་ཉིད། སྐད་གཉིས་སྨྲ་བ་ལོ་ཙཱ་བ་རིན་ཆེན་མཆོག་གིས་ལེགས་པར་བསྒྱུར་ནས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་དར་ཞིང་རྒྱས་པར་མཛད་པའོ།། །།


previousརྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གསང་བའི་སྙིང་པོའི་འགྲེལ་པ། སྒེད་རྡོར། next