Nitartha Digital Library
Tibetan
 
previousལམ་རིམ་འགྲེལ་པ་སྣར་སྟོན། མཁར་བ་སེང་གེ་འོད།next

ལམ་རིམ་འགྲེལ་པ་སྣར་སྟོན། མཁར་བ་སེང་གེ་འོད།

ལམ་རིམ་འགྲེལ་པ་སྣར་སྟོན་པས་མཛད་པ་བཞུགས་སོ། །
མང་མཁར་བ་སེང་གེ་འོད། སེ་སྟོན་གྱི་ཕྱག་དཔེ་རྒྱ་མཁར་བ།
བླ་མ་རྣམས་ལ་ཕྱག་འཚལ་ལོ། །དེ་ཡི་གསུང་གི་རིན་ཆེན་ཕྲེང་། །གཙུག་གི་རྒྱན་དུ་བྲི་བར་བྱ། །མཚན་མན་ངག་ལམ་གྱི་རིམ་པ་འདིའི་དོན་སློབ་དཔོན་སངས་རྒྱས་གསང་བས་ཕྱི་རབས་ལས་འཕྲོ་དང་གང་ཟག་སྐལ་བར་ལྡན་པའི་དོན་ཆེད་དུ་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་བསྡུས་ཏེ་མཛད་པ་དེ་ཉིད་ལས། དེ་ཕྱིར་སངས་རྒྱས་མཚན་ཐོབ་པ། ཅེས་པ་ནས་གཤེགས་ཤུལ་ལམ་མཆོག་འདི་བསྡུས་ཏེ། ཅེས་པའི་ཚིག་ལྔ་བར་དུ་གསུངས་ཏེ། རྩིས་མགོ་དང་པོ་བཞི་དང་རིམ་པ་ལྟར་སྦྱར་རོ། །རྩིས་མགོ་ཐ་མ་དོན་དུ་བསྟན་པ་ལ་གཉིས་ལས། དོན་གྱི་བསྡུས་པའི་ཆ་ནི། དོན་བཅུ་གཉིས་ལེའུ་དགུ་པ། གཞི་ལམ་འབྲས་བུ་གསུམ་དུ་འདུས་ལ། ཚིག་གི་བསྡུས་པའི་ཆ་ནི་གསུམ་སྟེ། བསྡུས་ནས་བྱུང་བ་ལྟར། འདིར་ཚིག་གི་ཆ་ཅུང་ཟད་སྦྱར་ན། དང་པོ་མཆོད་པར་བརྗོད་པ་ལ་དོན་གསུམ་སྟེ། དགོས་པའི་དོན་དང་བསྡུས་པའི་དོན། །ཚིག་གི་དོན་དུ་ཤེས་པར་བྱའོ། །དང་པོ་ནི། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་མན་ངག་ལམ་གྱི་རིམ་པ་འདི་རྩོམ་པའི་སྔོན་དུས་སུ་རང་དད་པའི་ལྷ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་བའི་དགོས་པ་ཅི་ཡོད་ཞེ་ན་གཉིས་སྟེ། གཙོ་བོར་གྱུར་པའི་དགོས་པ་ནི། དེ་ལྟར་མཆོད་བརྗོད་བྱས་པས་རྩོམ་པ་པོ་རང་གི་རྒྱུད་ལ་བསོད་ནམས་བསགས་པས་སྡིག་པ་བདག་ལ་དེས་ཕྱི་ནང་འབྲས་བུ་གི་བར་ཆད་ཐམས་ཅད་ཉེ་བར་ཞི་སྟེ་རྩོམ་པ་མཐར་ཕྱིན་པའི་དགོས་པ་ཡོད་ལ། ཤུགས་ལས་བྱུང་བ་ནི་ཆོས་ཉིད་མཉམ་པ་ཉིད་ལས་ཁུངས་གཞན་དུ་མི་འབྱུང་བ་དང་། ཡི་དམ་ལྷ་ལ་དབང་མི་ཟ་བ་དང་། བདག་ཉིད་ཡ་རབ་ཀྱི་ཚུལ་ཅན་དུ་ཤེས་པར་བྱ་བ་དང་། རྣམ་བཞག་མ་ལོག་པ་དང་ཚུལ་མཐུན་པར་བྱ་བ་སྟེ། དགོས་པ་བཞི་དང་ཡང་ལྡན་པའི་ཕྱིར་རོ། །གཉིས་པ་བསྡུས་པའི་དོན་ལ་བཞི་སྟེ། གང་གིས་གང་ཚེ་གང་ཉིད་ལ་ཕྱག་གི་ཡུལ། ཇི་ལྟར་མཆོད་པར་བརྗོད་པའོ། །གང་གིས་མཆོད་པར་བརྗོད་ན། སྔོན་འབྱུང་བ་རྩམ་པ་པོས་བཙལ་ལ། རྗེས་འཇུག་འཆད་པ་པོས་བཙལ་ལོ། །དུས་གང་གི་ཚེ་ན་སྔོན་རྩོམ་པ་དང་རྗེས་འཆད་པའི་ཚེ་ན་བཙལ་བའོ། །གང་ལ་མཆོད་པར་བརྗོད་ན་རྡོ་རྗེ་སེམས་དཔའ་ལའོ། །དེ་ལ། རང་བཞིན་ངོ་བོ་མཚན་ཉིད་དང་། །ངེས་པའི་ཚིག་དང་བཞི་རུ་བསྡུས་བསྟན། །དེ་ལ་རྡོ་རྗེ་སེམས་དཔའི་རང་བཞིན་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཐ་དད་མེད་པའི་རང་བཞིན་ཏེ་རྩ་རྒྱུད་ལེའུ་དང་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་དང་ཅེས་པ་ནས་དབྱེར་མེད་པའི་རང་བཞིན་ཏེ་ཞེས་པའི་བར་གྱིས་མངོན་ནོ། །གཉིས་པ་རྡོ་རྗེ་སེམས་དཔའི་ངོ་བོ་ལ་གཉིས་ལས། དོན་གྱི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཏེ། བདེན་པ་རང་བྱུང་གི་སྟོན་པའོ། །རྟགས་ཀྱི་ངོ་བོ་ནི་གདུལ་བྱ་སྐུ་མདོག་ཞལ་ཕྱག་མཚན་དང་དཔེ་བྱད་ཀྱི་རྣམ་པར་སྣང་བ་སྟེ། དེ་ཉིད་ནི་སྐུ་མདུན་དང་རྒྱབ་མེད་པ་ནས་དབུ་གསུམ་དང་ལྡན་པ་ཞེས་པས་མངོན་ནོ་རྡོ་རྗེ་སེམས་དཔའི་མཚན་ཉིད་ནི། རང་བྱུང་གི་ཡེ་ཤེས་དེ་ཉིད་སྐྱེ་འཇིགས་དང་བྲལ་བས། ངོ་བོ་ཉིད་ཀྱི་རྟགས་པ་གཅིག་དུ་མ་དང་བྲལ་བ་སྟེ། ཕུར་པ་གསང་རྒྱུད་ལས། ངོ་བོ་ཉིད་བརྟག་རྡོ་རྗེའི་སྐུ། །ཐེར་ཟུག་རྒྱུན་ལས་གྲོལ་བར་སྲིད། །ཅེས་པ་དང་། གཅིག་དང་དུ་མར་བྲལ་བས་ཞེས་པས་སོ། །ངེས་ཚིག་ནི་བཞི་རྒྱུས་སུ་སྤྲད་ན། སྟེ། དཔལ་ཡོན་ཏན་གྱི་ངེས་ཚིག་སེམས་པ་ངོ་བོའི་ངེས་ཚིག །དཔའ་བ་ཕྲིན་ལས་ཀྱི་ངེས་ཚིག་སྟེ་རིམ་པར་སྦྱར་བའོ། །ཚུལ་ཇི་ལྟར་མཆོད་པར་བརྗོད་པ་ནི་འོག་ཏུ་འཆད་དོ། །གསུམ་པ་ཚིག་གི་དོན་བཤད་ན། ཤྲྀ་སྒྲ་ལས་དྲངས་ནས་དཔལ་ཞེས་བྱ་སྟེ་ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་འཇུག་གོ །དེ་ལ་གཉིས་སྟེ་ཐུན་མོང་གནས་སྐབས་ཀྱི་དཔལ་དང་། ཁྱད་པར་བླ་ན་མེད་པའི་དཔལ་ཏེ་དེ་གཉིས་ཀྱི་ཁྱད་པར་ནི་དེ་ལས་ལ་སོགས་པ་གསུམ་གྱིས་ཕྱེ་བའོ། །དང་པོ་ཐུན་མོང་གྱི་དཔལ་ལ་གཉིས་སྟེ། ཐེག་པ་འོག་མ་པས་རང་གི་དོན་ཕྱོགས་ཏེ་རྟོགས་པ་ནི་རྟོགས་པའི་དཔལ་ལོ། །དེས་གདུལ་བྱའི་ཅི་རིགས་པར་བྱེད་པ་ནི་ཐུགས་རྗེ་གཞན་གྱི་དཔལ་ལོ། །དེ་དག་གི་བླར་གྱུར་པས་ཁྱད་པར་གྱི་དཔལ་ནི་གསུམ་སྟེ། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་དང་། ལམ་རིག་པ་རང་སྣང་བའི་དཔལ་དང་། འབྲས་བུ་ཐུགས་རྗེ་ཆེན་པོ་ཞོར་ལ་འབྱུང་བའི་དཔལ་ལོ། །དང་པོ་ནི་གཞི་རང་བྱུང་ཡེ་ཤེས་རང་ཆས་སུ་ཡོད་པ་ལ་བྱ་སྟེ། དེ་ཉིད་འཕྲལ་དུ་བྱེད་པ་པོས་མ་བྱས་པས་རང་བཞིན་ནོ། །དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོད་ལ་བརྟག་དཀའ་ཞིང་། ངོས་བཟུང་དང་བྲལ་བས་ལྷུན་གྲུབ་བོ། །དེ་ཉིད་རང་ལ་ཡོད་པར་ཤེས་ཤིང་རྟོགས་སུ་བཏུབ་པའི་ཡོན་ཏན་ལྡན་པའི་དཔལ་ཞེས་བྱ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། གཉིས་པ་ནི། གནས་ལུགས་ཀྱི་དོན་རྟོག་པའི་རིག་པའི་ཡེ་ཤེས་ཉིད་ཡུལ་མེད་པར་སྣང་བ་སྟེ་དཔེར་ན་བུམ་པའི་ནང་གི་མར་མེད་དང་འདྲའོ། །གསུམ་པ་ནི། འབྲས་བུ་སངས་རྒྱས་ཀྱི་དགོངས་པ་ལ་རྩོལ་བ་མེད་པར་གཞན་དོན་འབྱུང་བ་སྟེ། དེ་ཡང་སྤྲོས་པ་དང་བྲལ་ཞིང་མཐར་མི་གཡོ་བར་ཐུགས་ཀུན་ལ་སྙོམ་པར་ཁྱབ་པས་རྗེ། གཞན་ཡང་ཁྱད་པར་དུ་འཕགས་པས་རྗེ་ཆེན་པོའོ། །དེ་ཉིད་གདུལ་བྱ་ལ་རྟོག་པ་མེད་བཞིན་དུ་ཇི་ལྟར་མོས་པ་ལྟར་སྣང་བས་ཞོར་ལ་འབྱུང་བ་སྟེ། གླིང་བཞི་གསལ་བར་བྱེད་པའི་ཉི་མ་དང་འདྲའོ། །ཉིད་ནི་སེམས་ཉིད་དངོས་པོའི་རྐྱེན་དེ་ཆོས་ཉིད་ལ་ལྡན་པའོ། །གཉིས་པ་མཚན་ཉིད་ལ་ཕྱེ་ན་གཉིས་ལས་རྒྱས་པར་ཕྱེ་ནས། རྡོ་རྗེའི་རིག་པ་ལྔ་སྟེ། ཕྲིན་ལས་འཇོམས་པར་བྱེད་པས་ན་རྡོ་རྗེ། རང་བཞིན་ཡེ་ཤེས་འདུས་མ་བྱས་པས་ན་རྡོ་རྗེ། ཡོན་ཏན་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པས་ན་རྡོ་རྗེ། མཚན་ཉིད་སྐྱེ་འཇིག་དང་སྐྱེ་བྲལ་བས་རྡོ་རྗེ། ངོ་བོ་དབྱེར་མི་ཕྱེད་པས་རྡོ་རྗེའོ། །དང་པོ་ནི་དཔེར་ན་རྫས་ཀྱི་རྡོ་རྗེ་ཕ་ལམ་གྱིས་ཕར་ནོར་བུ་གཟི་མཆོང་ལ་སོགས་གཅོད་ཅིང་འབིགས་པར་བྱེད་ལ། ཚུལ་གཉེན་པོ་གང་གིས་ཀྱང་དབལ་མི་ཉམས་པ་ལྟ་བུ་སྟེ། དོན་རང་རིག་པའི་ཡེ་ཤེས་ཀྱི་བསྒྲིབ་པ་གཉིས་དང་ལྡན་ངན་ཐམས་ཅད་འཇོམས་པར་བྱེད་ལ། ཚུར་གང་གིས་ཀྱང་མི་ཚུགས་པས་རྡོ་རྗེའོ། །གཉིས་པ་ནི་རང་བྱུང་ཡེ་ཤེས་དེ་ཉིད་རྒྱུ་རྐྱེན་བྱེད་པ་པོས་འདུས་མ་བྱས་པ་སྟེ། འོ་ན་ལྟ་བ་དང་ཏིང་ངེའི་རྒྱུ་རྐྱེན་གྱིས་འབྲས་བུ་འབྱུང་བའོ་ཞེ་ན། དེ་ནི་གསལ་བྱེད་ཡིན་གྱི་བསྐྱེད་བྱེད་མ་ཡིན་པའོ། །གསུམ་པ་ནི། དེ་ཉིད་ལ་མ་བཙལ་བར་འབྲས་བུ་ཉེར་ལྔ་པོ་ལྷུན་གྱིས་གྲུབ་པའོ། །བཞི་པ་བསྐྱེད་བྱེད་ཀྱི་རྐྱེན་བཞི་དང་བྲལ་བས་གཉེན་པོ་ཅིས་ཀྱང་མི་ཚུགས་པའོ། །ལྔ་པ་ནི། སེམས་རང་བྱུང་གི་ཡེ་ཤེས་ཉིད་སྤྲོས་པ་དང་བྲལ་ཏེ་ཅིར་ཡང་མ་གྲུབ་པས་ཆོས་ཀྱི་དབྱིངས། དེ་ཉིད་ཐམས་ཅད་དུ་རང་གསལ་བས་རིག་པ་ཡེ་ཤེས་སྟེ། དེ་གཉིས་སུ་འདུ་འབྲལ་མེད་པས་རྡོ་རྗེ། གཉིས་པ་དོན་བསྡུས་པ་ནི། དེ་ལྟར་རིགས་པ་ལྔས་རྡོ་རྗེའི་ངེས་ཚིག་གྲུབ་པའོ། །གསུམ་པ་ངོ་བོའི་ངེས་ཚིག་ནི། དེ་ཉིད་ལ་སེམས་ཆེན་པོ་ཞེས་བྱ་སྟེ། དེ་ཅིས་ན་གཉིས་སུ་མེད་པའི་ཕྱིར་ཞེས་པ་ལ་སོགས་པའི་རིགས་པ་བཞི་སྦྱར་རོ། །དེ་ཉིད་ལ་ཁ་ཅིག་ན་རེ་འཁྲུལ་བའི་ལམ་པའི་བྱང་ཆུབ་སེམས་དཔའི་རྒྱལ་བའི་སེམས་བཞི་ལས་ཐ་མ་ངེས་བཟུང་ཀྱང་ཟེར་རོ། །ཐ་མར་ཕྲིན་ལས་ཀྱི་ངེས་ཚིག་ནི་ཕྲིན་ལས་ཀྱི་སྒོ་ནས་བདུད་བཞི་བཅོམ་པའོ། །ཇི་ལྟར་བཅོམ་ན་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་གསལ་བ་དང་། ཕུང་པོ་ལྔ་རྒྱལ་བ་རིགས་ལྔར་གསལ་བ་དང་། དེ་ཉིད་ལ་སྐྱེ་ཤི་དང་བྲལ་བ་དང་། གཉིས་མེད་ཀྱི་དོན་མངོན་དུ་བྱས་པས་རང་གཞན་མ་གྲུབ་སྟེ། བར་དུ་གཅོད་བྱ་གཅོད་བྱེད་གཉིས་དང་བྲལ་བས་ལྷའི་བདུད་བདུད་བཞི་བཅོམ་པའོ་ཟེར་ཏོ། །ཡང་ཁ་ཅིག་ན་མ་ར་ཡའི་སྒྲའི་དོན་ནི་བར་དུ་གཅོད་པ་ཡིན་པས་སེམས་ཅན་གྱི་སེམས་ཡེ་ཤེས་ལྔར་གསལ་བ་ལ་ཉོན་མོངས་པ་ལྔས་བར་བཅད་པས་མ་མཐོང་བ་སྟེ། དེ་ཉིད་བདུད་ཀྱང་ཡིན་ལ་ཉོན་མོངས་པ་ཡིན་པས་ཉོན་མོངས་པའི་བདུད་ཅེས་བྱ་སྟེ། དེ་བཅོམ་པ་ནི་རང་སྤྱིའི་གཏན་ཚིགས་ཀྱིས་དཔྱད་ན། རང་གི་མཚན་ཉིད་མ་འདྲེས་པའི་ཡེ་ཤེས་སུ་རང་གསལ་ཞིང་། སྤྱིའི་མཚན་ཉིད་ཆོས་ཀྱི་དབྱིངས་སུ་རྟོགས་ན་ཉོན་མོངས་པ་ངང་གིས་མི་གནས་པས་བཅོམ་པའོ། །ཕུང་པོའི་བདུད་ནི་ཕུང་པོ་ལྔ་དོན་དམ་པར་རང་བཞིན་མེད་ལ་ཀུན་རྫོབ་ཏུ་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུའི་སྐུ་སྣང་བ་ལ་ཕུང་པོ་རང་རྒྱུད་པར་བཟུང་བས་བར་བཅད་པའི་བདུད་དོ། །དེ་བཅོམ་པ་ནི་ཕུང་པོའི་རྒྱུ་ཉོན་མོངས་པ་མེད་པས་འབྲས་བུ་ཉེར་ལེན་གྱི་ཕུང་པོ་ལྔ་མི་སྨིན་པས་ཕུང་པོའི་བདུད་བཅོམ་པའོ། །འཆི་བདག་གི་བདུད་ནི་སྐྱེ་ཤི་མེད་པ་ལ་བར་དུ་གཅོད་པ་སྲོག་གི་དབང་པོ་འགགས་པའི་བདག་ཉིད་དེ། དེ་ཀ་བཅོམ་པ་ནི་ཕུང་པོ་ལྔ་མེད་པས་སྐྱེ་ཤི་དུཿཁ་བ་དང་བྲལ་བས་ནི་འཆི་བདག་གི་བདུད་བཅོམ་པའོ། །ལྷའི་བུའི་བདུད་ནི་འདོད་པ་ཁམས་ཀྱི་ལྷ་ཕྲག་དོག་ཆེ་བས་གཉིས་མེད་མ་རྟོགས་པ་རྣམས་ལ་བར་དུ་གཅོད་པ་སྟེ། དེ་བཅོམ་པའི་ཚུལ་ནི་སྔར་དང་འདྲའོ། །དཔའ་བ་ནི་གཉིས་ཏེ། དགོངས་པ་དཔའ་བ་ནི་གཉིས་སུ་འཛིན་པ་ངང་གིས་མི་གནས་པར་བྱེད་ལ། མཛད་པ་དཔའ་བ་ནི་གཞན་དོན་བྱེད་པའོ། །དེ་རྣམས་ནི་གང་ལ་བཙལ་བའོ། །གང་གིས་བཙལ་བ་ནི། རུ་སངས་རྒྱས་གསང་བ་ཉིད་དོ། །ཇི་ལྟར་བཙལ་བ་ནི་ལྷ་ཡི་ལྷ་ལ་གཉིས་མེད་མོས་ཞེས་པ་སྟེ། ལྷ་ལ་དོན་གསུམ་ལས་ངོ་བོ་ནི། དོན་གྱི་ངོ་བོ་ནི་རྒྱུད་ཞི་བ་ཡིན་ལ་རྟགས་ཀྱི་ངོ་བོ་སྐུ་མདོག་ཞལ་ཕྱག་གི་རྣམ་པ་རང་སྣང་བའོ། །ངེས་ཚིག་ནི་རྒྱུད་ཞི་བའི་དོན་གྱིས་བྱས་ན་ངོ་བོའི་ངེས་ཚིག་དུ་འགྱུར་ལ། ཕན་འདོགས་པའི་དོན་གྱིས་ལྷ་བྱས་ན་དགོས་ཆེད་ཀྱི་ངེས་ཚིག་ཏུ་འགྱུར་རོ། །རྣམ་གྲངས་ལ་གཉིས་ལས། དང་པོ་འཇིག་རྟེན་པའི་ལྷ་ལ་གཉིས་ཏེ་སྐྱེ་བའི་ལྷ་ནི་འདོད་པའི་ཁམས་ན་དྲུག་གཟུགས་ཁམས་ན་བཅུ་བདུན་གཟུགས་མེད་ན་བཞི་སྟེ་ཉེར་བདུན་ནོ། །སྐྱོབ་བའི་ལྷ་ནི་ལྔ་ཏེ། ཕོ་ལྷ་ཞང་ལྷ་དགྲ་ལྷ་མ་ལྷ་སྲོག་ལྷའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ལྷ་ལ་གཉིས་གཉིས་སྟེ། དོན་གྱི་ལྷ་ནི་རྒྱུད་དག་པའི་སངས་རྒྱས་སོ། །རྣམ་པར་དག་པའི་ལྷ་ནི་རིགས་འཛིན་བྱང་ཆུབ་སེམས་དཔའ་འོ། །འདིར་དང་པོ་ཡིན་པས་ལྷའི་ཡང་ལྷའོ། །ཇི་ལྟར་བཙལ་བ་དངོས་ནི། གཉིས་མེད་མོས་ཞེས་པ་སྟེ། ངོ་བོ་ནི་ཕྱག་གི་ཕྱག་ཡུལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ཏེ་རང་གི་སེམས་རང་བྱུང་གི་ཡེ་ཤེས་ཉིད་ཡིན་ལ། དེའི་དོན་ཕྱིར་ཅི་ལོག་པར་རྟོགས་ཏེ་ཆུ་ལ་ཆུ་བཞག་པ་ལྟར་ལ་བྱ་སྟེ། དེ་ཡང་ཇི་ལྟར་ཆུ་ལ་ཆུ་བཞག་གམ། མར་ལ་མར་ནི་བླུགས་པ་ལྟར། །རང་གི་ཆོས་ཉིད་གང་ཡིན་པ། །ལེགས་མཐོང་ག ང་ཡིན་འདིར་ཕྱག་ཡིན། །ཞེས་པས་སོ། །ངེས་ཚིག་འཇལ་བའི་ཕྱིར་ན་ཕྱག་ཞེས་བྱའོ། །དེ་ཉིད་ལ་དབྱེ་ན་གཉིས་ལས་ཐུན་མོང་གི་ཕྱག་ནི་སྒོ་གསུམ་དང་བས་བཙལ་བ་ཡིན་ལ། ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ནི་གོང་མ་ལྟ་བུ་སྟེ། དེ་ལ་ཡང་གསུམ་སྟེ། རྟོགས་པ་ནི་ལྟ་བའི་འོ། །གོམ་པ་ནི་ཏིང་ངེ་བའི་འོ། ནར་སོན་པ་ནི་འབྲས་བུའི་ཕྱག་གོ །འོ་ན་སྤྱིར་སངས་རྒྱས་སྐུ་ལྔ་ལོངས་སྐུ། རིགས་ལྔ་ལས་རྡོ་རྗེ་སེམས་དཔའ་ཁོ་ན་ལ་ཕྱག་འཚལ་བའི་རྒྱུ་མཚན་ཅི་ཞེ་ན་གསུམ་སྟེ། དཀྱིལ་འཁོར་གྱི་གཙོ་བོ་ཡིན་པ་དང་། འཆད་པའི་སྐྱེས་བུ་ཡིན་པ་དང་། ཐུགས་དམ་གྱི་ལྷ་ཡིན་པའི་ཕྱིར་རོ་ཞེས་སྤྱན་འབྱེད་ལས་བཤད་དོ། །དང་པོ་མི་ཡུལ་གསང་སྔགས་ཇི་ལྟར་བྱུང་བའི་ཚུལ་ནི། སངས་རྒྱས་ཐུབ་པའི་དབང་པོ་ཡོངས་སུ་མྱ་ངན་ལས་འདས་བར་དགོངས་ནས་འཁོར་བསྡུས་ཏེ་གདམས་ངག་བཞག་པ་ལས། འཁོར་གྱི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུ་ཀུ་ར་ཛས་གསང་སྔགས་ནམ་འབྱུང་དྲིས་པས་བྱུང་ཚུལ་བཅུ་གཉིས་ཀྱིས་འབྱུང་བར་ལུང་བསྟན་པ་ལས། ཁྱད་པར་ལུང་ཆེན་ངེས་པར་བསྟན་པའི་བྱུང་ཚུལ་ལས། ང་ནི་འདི་ནས་མི་སྣང་ནས་ཞེས་པའི་ཚིག་རྐང་བཅུ་གཉིས་དྲང་། སྟོན་པ་འདས་ནས་ལོ་ཉེར་བརྒྱད་ནས་གསང་སྔགས་ཀྱི་སྟོན་པ་ཕྱག་ན་རྡོ་རྗེ་ཉིད་འབྱུང་བར་རྒྱལ་པོ་ཛ་དང་རིགས་ཅན་ལྔ་ལ་ལུང་བསྟན་པ་ལྟར། ལོ་ཉེར་བརྒྱད་ན་རིགས་ཅན་ལྔ་པོ་རང་རང་གི་རྫུ་འཕྲུལ་གྱིས་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་ལ་འདུས་སྟེ། སྟོན་པ་འདས་པ་ལ་གདུང་བ་ཉེར་གསུམ་བཏོན་པས། ཕྱོགས་བཅུའི་རྒྱལ་བས་གསན་ནས་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེ་ལ་གདུང་བ་སེལ་ཅིག་པར་བསྐུལ་བས་རི་མ་ལ་ཡའི་རྩེ་ལ་གསང་བའི་བདག་པོ་མངོན་སུམ་དུ་གཤེགས་ཏེ་འཁོར་ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་མི་ལས་སྐལ་ལྡན་ཏེ་རིགས་ཅན་ལྔ་པོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །དེའི་བྱིན་རླབས་ཀྱིས་ཟ་ཧོར་གྱི་ཡུལ་ཨ་བར་ཏྲ་མུ་ཏྲ་བྱ་བའི་རྒྱལ་པོ་ཛཿཞེས་བྱ་བ་གསང་སྔགས་ཀྱི་རིགས་ཅན་དེ་ལ་རྨི་ལྟས་ཐུན་མོང་མ་ཡིན་པ་བདུན་ཤར་བ་འདི་ལྟ་སྟེ། དང་པོར་རི་དེའི་རྩེར་ཕྱག་ན་རྡོ་རྗེ་བྱོན་དེའི་སྐུ་ལས་འོད་སྔོན་པོ་འཕྲོས་པས་འཇིག་རྟེན་གྱི་ཁམས་བསྲེགས་ཏེ་སྣང་བར་བྱས། གསུང་གི་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུ་ནི་ཐོས། ཐུགས་ལས་རྡོ་རྗེ་འབར་བ་ཅིག་བྱུང་ནས་ཐུགས་ཀར་ཐིམ། ཉི་མ་འོད་འབར་བ་ཅིག་སྤྱི་བོར་ཐིམ། ཟླ་བ་འོད་འབར་བ་ཅིག་རྐང་བའི་མཐིལ་དུ་ཐིམ། སྣང་སྲིད་ཀྱི་གཏོས་ཐམས་ཅད་ལྟོས་ནས་འཚོལ་བ་ཅིག་རྨིས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་འགྲོ་བ་མཛད་ཅིང་ཉི་ཟླ་ལ་ཞོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་སྲིད་གསུམ་ཁ་ལོ་གྱེན་དུ་བསྒྱུར་བ་ཅིག་རྨིས་སོ། །གསུམ་པ་ཡང་ནམ་མཁའི་འོད་ལས་སྤྲིན་གསེར་གྱི་མདོག་ཅན་ནི་འཐིབས། ཆོ་འཕྲུལ་གྱི་འབྲུག་སྒྲ་སྙན་ཅིང་ཚིམ་པ་ནི་གྲགས། རིན་པོ་ཆེ་སྣ་ཚོགས་ཀྱི་སྨུགས་པ་ནི་འཐིབས། བཻཌཱུརྱ་ཡི་འོད་ནི་ལྷུང་། སྣང་སྲིད་གསལ་བའི་གློག་ནི་འགྱུ། རིན་པོ་ཆེའི་ཆར་མངོན་བར་འབབ་པ་ཅིག་རྨིས་སོ། །བཞི་པ་ཡང་ལོ་ཀའི་གཏོས་ནི་འགྱུ། རད་ན་འབར་བའི་སྒྲོན་མ་ཤར་བས་སྣང་སྲིད་ཀྱི་མུན་པ་ནི་བསལ། བདུད་རྩིས་སྨན་གྱི་ཆུ་རྒྱུན་བྱུང་བས་འགྲོ་བ་རྣམས་ཀྱི་གཅོང་རྙིང་ནི་སྦྱངས། འགྲོ་བ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་གྱི་སྒྲ་དིར་རི་རི་སྒྲོགས་པ་ཅིག་རྨིས་སོ། །ལྔ་པ་ཡང་སྤྲིན་གྱི་ནང་ནས་ཉི་མའི་དཀྱིལ་འཁོར་རད་ན་སྣ་ཚོགས་ཀྱི་འོད་ཟེར་ཤར་བའི་དཀྱིལ་ན་རད་ན་སྨུག་པོ་དཔལ་གྱི་བེའུ་ཡི་སྒྲོམ་འོད་དང་བཅས་པ་ཕྱི་ནང་ཐམས་ཅད་གསལ་བའི་ནང་ནས་གསེར་གྱི་གླེགས་བམ་ལ་བཻཌཱུརྱའི་ཞུན་མས་རྒྱ་རང་ནན་དུ་བྲིས་པའི་གླེགས་བམ་མང་པོ་སྐར་མདའ་ཐང་ལ་ལྷུང་བ་ལྟར་བབས་པ་རྨིས་སོ། །དྲུག་པ་ཡང་གླེགས་བམ་མང་པོ་དེ་ལ་བྱང་ཆུབ་སེམས་དཔའ་མང་པོ་དང་རིག་འཛིན་དང་ལྷ་དང་ལྷ་མོ་ཚད་མེད་པ་རྣམས་འདོད་ཡོན་གྱི་སྒྲ་སྒྲོགས་ཤིང་མཆོད་བསྟོད་འདོན་ཀློག་བསྐོར་བ་བྱེད་པ་རྨིས་སོ། །བདུན་པ་ཡང་ནམ་མཁའི་སྤྲིན་གྱི་གསེས་ན་ལུང་སྟོན་པའི་སྒྲ་བྱུང་སྟེ། ལས་དང་སྐལ་བ་དང་ལྡན་ཞིང་ཞེས་པའི་ཚིག་བཅུ་གསུངས་པ་རྨིས་སོ། །དེ་ཡང་། བགས་ཆགས་བྱང་དང་ཆོས་ལ་དབང་ཐོབ་དང་། ཆོས་ཀྱི་ཆར་འབེབས་རྣལ་འབྱོར་གྲལ་དུ་བཞག །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རྨད་བྱུང་ཆེ་བ་སྟོན་གསང་བ་དམ་པ་རྒྱ་ཆེར་སྒྲོགས་པའི་ལྟས། དེ་ནས་འཁོར་རྣམས་བསྡུས་ཏེ་རྨི་ལམ་དག་བཟླས་ནས། རྨི་ལམ་འདི་དག་དང་སྦྱར་ན་བདག་སྐལ་བ་དང་ལྡན་པར་ངེས་སོ་གསུངས་པས། འཁོར་རྣམས་ཀྱིས་དེ་ལྟར་ལགས་སོ་ཨ་ལ་ལ་ཧོ་ཞེས་ངོ་མཚར་དུ་གསོལ་ལོ། །དེ་ལྟར་རྨི་ལམ་རྫོགས་པ་དང་སད་ནས་ལྟས་དགོས་སྟེ་བལྟ་བར་ཡང་ཐོག་རྩེ་མོར་ཕྱིན་པས་རཏྣ་ལས་བྱས་པའི་ཕྱག་ན་རྡོ་རྗེའི་བཞུགས་པ་མཐོང་བས་དགྱེས་ཏེ་བསྐོར་བ་དང་ཕྱག་དང་མཆོད་པ་བྱས་ཏེ། སྔོན་ཚེ་གོང་ནས་བསྒྲུབས་པ་ཡི་སོགས་ཞེས་ཚིག་དྲུག་གསུངས་ནས་ཐུགས་དམ་དུ་བྱས་ཏེ་ཟླ་བ་བདུན་བསྒྲུབས་པས་རྨི་ལམ་དུ་བྱུང་བའི་གླེགས་བམ་རྣམས་མཐོང་ངོ་། །མཐོང་ནས་ལས་དང་ཐུགས་རྗེ་འབྲེལ་བར་སྣང་བའི་གླེགས་བམ་ལ་རབ་ཏུ་དགའ་བའི་ཚུལ་གྱིས་བརྟགས་ན་ཡིག་འབྲུ་གཅིག་ཀྱང་བརྡ་མ་མཇལ་ལོ། །ཨེ་མ་ཧོ་སྔར་གྱི་ཚུལ་རྟགས་མཚན་འདི་དང་སྦྱར་ན་གླེགས་བམ་འདི་རྣམས་ལ་ངོ་མཚར་དུ་གྱུར་པའི་དོན་ཆེན་པོ་ཅིག་ཡོད་པར་ངེས་པ་ལ། བདག་གིས་མི་རྟོགས་པ་ཅི་ཉེས་སྙམས་ནས་བཤུམས་སོ། །དེར་ཐེ་ཚོམ་གྱི་རྟོགས་པ་ཞི་ནས་འཇིག་རྟེན་གྱི་ཁམས་ན་བརྡ་མཇལ་བ་སུ་ཡོད་ཅེས་བསྒྲགས་ན་ཟ་ཧོར་གྱི་རྒྱལ་པོ་ཨུ་པ་ར་ཛ་ཞེས་བྱ་བཤེས་ཉེན་ཆེའོ་ཞེས་ཐོས་ཏེ། ཕོ་ཉ་བརྫངས་ནས་ལོ་རྒྱུས་ཞིབ་ཏུ་གསོལ་ཏེ་སྤྱན་དྲངས་པས་མ་ཤེས་ན་རྒྱལ་པོས་ཁྲེལ་གྱིས་དོགས་ནས་མ་གནང་སྟེ། ལན་དུ་གླེགས་བམ་གླང་པོ་ཆེར་འདིར་སྐྱོལ་ཅིག་གསུངས་པས། ཕོ་ཉས་ཀྱང་རྒྱལ་པོ་ཛ་ལ་ཞིབ་ཏུ་བསྙད་པས་གླང་པོ་ཆེ་ལ་བཀལ་ཏེ་བསྐྱལ་བས་ཚིག་ཅིག་ཀྱང་བརྡ་མ་འཇལ་ཏེ། བདག་གི་ཡུལ་དུ་མ་གྱུར་གྱིས་རྒྱལ་པོ་ཉིད་རང་གི་དགོངས་པའི་རྩལ་གྱིས་དཔག་འཚལ་ལོ་ཞེས་སླར་བཟློག་གོ །དེ་ནས་ཡབ་གྱིས་རྒྱལ་པོ་ལག་ཐུང་དང་ཡུམ་རྩའི་ལ་བ་ཅན་གྱི་བུ་དགེ་སློང་ཀུ་ཀུ་ར་ཛ་ཞེས་བྱ་བ་ཚེ་ལོ་སྟོང་ཐུབ་པ་བྱང་ཆུབ་སེམས་དཔའ་རིན་ཆེན་མང་གི་སྤྲུལ་པར་གྲགས་པ་དེ་ལ་བསྟན་པས་ཐུགས་རྡོ་རྗེ་རིགས་ཀྱི་རྡོ་རྗེ་སེམས་དཔའི་ལེའུ་རྟོགས་ཏེ། དེ་ཉིད་ཀྱི་སྒོ་ནས་བསྒྲུབས་པས་རྡོ་རྗེ་སེམས་དཔའ་དེ་ཉིད་གྲུབ་སྟེ་ཞལ་མཐོང་སྟེ། རིགས་ཀྱི་བུ་དངོས་གྲུབ་ཅི་འདོད་གསུངས་པས། གླེགས་བམ་འདི་དག་གི་དོན་རྟོགས་པར་འཚལ་ལོ། །ཞེས་ཞུས་པས། རིགས་ཀྱི་བུ་རང་གི་ཕུང་པོ་སྦྱངས་དང་གསང་བའི་བདག་པོས་ལུང་སྟོན་ནོ། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ་ཞེས་ཟེར་ཏེ་གཞུང་དོན་ལ་མི་འཇུག་གོ །འོ་ན་ཇི་ལྟ་བུ་ཞེ་ན། རྒྱལ་པོ་ཉིད་ཀྱི་བསོད་ནམས་བསགས་པ་མང་དུ་བྱས་པས་དེ་རྟོགས་ནས་བསྒྲུབས་པས་དེ་ཞལ་མཐོང་བར་དགོངས་འདུས་ལས་ཀྱང་གསལ། སྨན་པ་སྤྱིའི་གཅོད་མ་གོ་ཁོ་ཁྱབ་གསུམ་ལས་བཤད་པའི་ཕྱིར་རོ། །དེ་ནས་དགའ་བ་སྐྱེས་ཏེ་ས་དག་ཀྱང་ཆེར་གཡོས་ནས་ཕྱག་ན་རྡོ་རྗེ་མངོན་དུ་བྱོན་ཏེ། རྡོ་རྗེ་ནམ་མཁའ་ལ་སྤར་ཏེ་བརྟུལ་ཞུགས་མཛད་པས་སྣོད་དང་སྒྲིབ་པ་ཀུན་སྦྱོང་བས་ཀུན་མཁྱེན་པའི། བསྟན་པའི་དངོས་གྲུབ་དེ་ནས་ཐོབ་ལེགས་པར་སྦྱར་རོ། །ལོ་རྒྱུས་གཉིས་པ་ཇི་ལྟར་བསྒྲུབས་པའི་གནས་ནི། ཕོ་བྲང་དམ་པ་སྟེ། དྲག་ཤུལ་ཅན་གྱི་རི་མ་ལ་ཡ་ཞེས་བྱ་བ་ཅིག་ཡོད་དེ། རི་དེ་ཡང་རྩེ་མོ་རི་དྭགས་ཀྱི་རྒྱལ་པོ་སེང་གེའི་འཁྲ་སར་གྱུར་པ་འདབ་གཤོག་ན་གཅན་གཟན་རིགས་འཁྲ་ས་ཡོད་པ། རྩ་བ་དང་སྡོང་བུ་དང་མྱུ་གུ་ཤུན་པ་ལོ་མ་དང་མེ་ཏོག་འབྲས་བུ་སྨན་སྣ་ཚོགས་སྐྱེ་བ། ངོས་ལ་བྲག་དཀར་པོ་སེང་གེ་ཁྱི་ཚུགས་བྱས་པ་འདྲ་བ་ཡོད་པ། ཤར་ངོས་ནས་ཀྲི་ཤ་ཨ་སུ་རིའི་བྲག་ཕུག་ཡོད་པ། སྒོ་ཟླ་གམ་ལ་ངོ་མཚར་གྱི་རི་མོ་རང་བྱུང་བ། ཡང་ཐོག་སུམ་རིམ་དང་བཅས་པ། དེའི་སྤྱི་བོ་ནི་བྱ་ཀ་ལ་འདའ་ཀའི་ཚང་བཅས་པ་ཡི་དགོན་གནས་ཡོད་དེ། དེར་སྐལ་བ་དང་ལྡན་པ་རྣམས་ཀྱིས་བགྲོད་ཅིང་ཕྱིན་པ་ལས་སྐལ་མེད་ཀྱིས་མི་ཕྱིན་ནོ། །དེ་ལྟ་བུའི་ཀྲི་ཤ་སུ་རིའི་བྲག་ཕུག་དེ་ཉིད་ཕོ་བྲང་དམ་པ་ཞེས་བྱ་སྟེ། སྒྲུབ་པ་པོ་ནི་ཀུ་ཀུ་ར་ཛ་ལ་སོགས་ཏེ། དེ་ཡང་དགེ་སློང་ཀུ་ཀུ་ར་ཛ་ཚོམ་བུ་འབུམ་དང་བཅས་ཏེ་གཤེགས་པ་ལ་སོགས་པར་སྦྱར་རོ། །དབང་ཐོབ་པ་ནི་གསུམ་ལས། ལམ་བགྲོད་ཅན་གྱི་དབང་ཏེ་རུ་རིག་འཛིན་བུ་སྣང་བྱེད་མཐར་ཕྱིན་པས་ཞུས་སོ། །དམ་བཅའ་ནི། དེའི་ཕྱིར་ངས་བསྡུས་ཏེ་བསྟན་པར་བྱའོ། །ཞེས་བསྡེབ། གང་གིས་གང་གིས་དོན་དུ་བསྟན། །གང་ལ་བསྟན་ཏེ་གང་བསྟན་དང་། །གང་གི་ཚེ་བསྟན་དགོས་པ་གང་། །དྲུག་པོ་རྒྱུད་ཚིག་དྲུག་དང་སྦྱར། །གང་གི་ཕྱིར་ན་གསུམ་སྟེ། དང་པོར་སངས་རྒྱས་ཐུབ་པའི་དབང་པོ་འདས་ནས་གསང་བའི་བདག་པོས་རིགས་ཅན་ལྔ་ལ་བཤད་པས་དང་པོར་ཁུངས་བཙུན། དེ་ནས་ཀུ་ཀུ་ཛ་ལ་སོགས་པས་ཚོགས་སྒྲུབ་པས་བར་དུ་རིག་འཛིན་ཐོབ་པས་བར་དུ་གྲོགས་བཟང་འདིའི་དོན་ཉམས་སུ་བླངས་ནས་འཁོར་བའི་དུ་ཁ་ལས་གྲོལ་བས་ཐ་མར་སྐྱབས་ཆེ་བ་དང་གསུམ་གྱིས་བསྟན་པར་བྱ་སྟེ། ཐོག་མ་བར་དང་མཐར་དགེ་བ་ཞེས་གསུངས་སོ། །དམ་པ་ནི་གསུམ་ལས། ཤེས་བྱ་དམ་པ་ནི་སོ་སོའི་གནས་དེའི་དོན་ཕྱིན་ཅི་མ་ལོག་པར་གོ་བར་ནུས་པའི་ཕྲད་གཉིས་ཏེ་གདུལ་བྱའི་སྣང་བའོ། །ཤེས་པ་དམ་པ་ནི་ཇི་ལྟ་བ་བཞིན་ནར་སོན་པ་སྟེ་སངས་རྒྱས་སོ། །དེ་ལྟར་གསུམ་ལས་བར་པའོ། །འདི་ནི་འབྲེལ་བའོ། །རིགས་ནི་ཀུན་འདུས་ལས། དང་པོ་དེ་ལས་བྱུང་བ་དང་། །བར་དུ་དེ་ཡི་བྱ་བ་བྱེད། །ཐ་མར་དེ་ཡིས་རྒྱུད་འཛིན་པས། །རིག་འཛིན་ཞེས་ནི་གྲགས་པ་ཡིན། །ཞེས་སོ། །ཅན་ནི་རང་གི་མིང་གི་ཅན་ལྡན་པ་སྟེ་དཔེར་ན་སྐྱེས་བུ་དང་རྩལ་ཐ་མི་དད་པ་ལྟར་རོ། །དེ་ལྟར་རིག་ཅན་ཙམ་ནི་ཕྱི་རྒྱུད་ལའང་ཡོད་པས་ཕྱི་རྒྱུད་ཀྱི་གདུལ་བྱའོ། །དྲ་མ་ནི་རྣལ་འབྱོར་ཆེན་པོ་ཉིད་ཀྱི་རིགས་ཅན་དེ་གཉིས་ཆར་དངོས་ཀྱི་སློབ་མ་ཡིན་ལ། དེ་རྗེས་མ་འོངས་ནི་རྒྱུད་པའི་སློབ་མའོ་ཞེས་ཟེར་རོ། །སྔར་འདས་པའི་རྒྱལ་བའི་གཤེགས་ཤུལ་ཡིན་པ་ཡང་། འདས་དང་ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན། །བརྙེས་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །ཞེས་སོ། །མ་འོངས་བའི་རྣལ་འབྱོར་པའི་ལམ་ཡིན་པ་ཡང་། འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱིས་གྲུབ་པར་བྱེད། །ཞེས་སོ། །ལམ་དེ་ཡང་འོག་མའི་ལམ་ལས་ཁྱད་པར་གསུམ་གྱིས་འཕགས་ཏེ་པས་མཆོག་ཅེས་བྱ་སྟེ་གང་ཞེ་ན། སྐལ་པ་གྲངས་མེད་གསུམ་དུ་བགྲོད་མི་དགོས་སྟེ་ཚེ་གཅིག་གིས་འབྲས་བུ་ཐོབ་པས་ཉེ་བའི་ཕྱིར་དང་། འོག་མའི་ལམ་འདིའི་ལམ་སྟེགས་སུ་སྔོན་དུ་སོང་བས་རྫོགས་པའི་ཕྱིར་ན་མཆོག་ཅེས་བྱའོ། །དེ་ཡང་ཞགས་པ་ལས། ལམ་གྱི་ནང་ན་ཉེ་ལམ་བདེ་རྫོགས་པ། །ཐབས་ཀྱི་ནང་ནས་མ་ནོར་དམ་པ་ཡིན། །ཞེས་སོ། །འདི་ཞེས་བྱ་བ་ཉེ་བ་མངོན་སུམ་པའི་ཚིག་ཏེ་གཞུང་དབུ་ཞབས་སོ། །བསྡུས་ཞེས་པ་ལམ་རིམ་འདིའི་དོན་སྔར་རྒྱུད་ལས་གསུངས་པ་ཞིག་གམ། མ་གསུངས་པ་ཞིག་བསྡུས། དང་པོ་ལྟར་ན་ཟློས་པའི་སྐྱོན་དུ་འགྱུར་ལ་གཉིས་པ་ལྟར་ན་རང་དགའ་བར་འགྱུར་སྙམ་ན། སྔར་གསུངས་པས་རང་དགའི་ཉེས་པ་མེད་ལ། འོན་ཀྱང་རྒྱུད་སྡེ་དག་ལས་འཐོར་བ་ཕྱོགས་གཅིག་ཏུ་བསྡུས་པ། མང་བ་ཉུང་ངུར་བསྡུས། ཟློས་སྐྱོན་གྱི་ཉེས་པ་ཡང་མེད། །ལུང་བཞིན་མདོར་བསྡུས་ནས་ནི་བསྟན་པར་བྱ། ཞེས་པ་ལྟ་བུའོ། །སྙིགས་མ་ནི་སངས་རྒྱས་ཀྱི་བསྟན་པ་ལོ་སུམ་བརྒྱ་དང་ལྔ་སྟོང་གནས་པ་ལས་དེ་རྣམས་རྫོགས་པ་ལ་ནི་སྙིགས་མ་ཞེས་བྱ་སྟེ། དེའི་ཚེ་སེམས་ཅན་གྱི་རྒྱུད་ལ་ཉེས་པ་དྲག་ཏུ་སྨིན་པས་ཕ་རོལ་ཏུ་ཕྱིན་པའི་ལམ་ལྟ་བུར་དུས་ཡུན་རིང་པོ་གཉེན་པོ་བྱམས་པ་བསྒོམ་པ་ལ་སོགས་ཞི་དུལ་གྱི་མ་འདུལ་བ་དེའི་ཚེ་གསང་སྔགས་ཀྱི་ལམ་དུས་མྱུར་ཞིང་ཉོན་མོངས་པ་ཉིད་ལམ་དུ་བསྟན་ཞིང་གདུལ་བྱ་འདུལ་བའི་ཕྱིར་བསྟན་པར་བྱ་ཞེས་སོ། །སྤྱན་བཟང་ལ་སོགས་པ་ནི། དཔེར་ན་ལོང་བས་ལོང་ཁྲིད་མེད་པར་གང་དུ་བགྲོད་པའི་གནས་སུ་མི་ཕྱིན་པ་ལྟར། ལས་དང་པོ་པས་རྒྱུ་ལ་མ་བརྟེན་པར་དོན་མི་རྟོགས་ཅིང་འབྲས་བུ་མི་ཐོབ་པའི་དཔེ་དོན་ནོ། །ལུང་བཞིན་བསྐུར་བ་ནི་གསུམ་སྟེ། གསང་འདུས་ལས་བླ་མ་དང་མཉམ་པ་བལྟས་ཏེ་བཀུར་བ་དང་། བླ་མ་ལྔ་བཅུ་པ་ལས། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་ལྟ་ཞིང་། །ཞེས་པས་ཐ་དད་མེད་པར་དང་། །དགོངས་འདུས་ལས། སྐལ་བ་འབུམ་གྱི་སངས་རྒྱས་པས། །སློབ་དཔོན་གཉེན་པར་ཤེས་པར་བྱ། །ཞེས་པས་གཉེན་པ་དང་གསུམ་ཡིན་ཁ་ཅིག་ཟེར་རོ། །རྒྱུའི་གཉེན་ནི་ལོ་ཀའི་བྱ་བ་སྤོང་དུ་བཅུག་ནས་བྱང་ཆུབ་ཀྱི་ལམ་དུ་འཛུད་པ་ཡིན་ཟེར། རྒྱང་ནས་བརྟགས་པ་ནི་རིགས་བཟང་ངན་དང་ཤེས་རབ་ཆེ་ཆུང་དང་དད་པ་ཆེ་ཆུང་དྲིས་ལ་དེ་བརྟགས་པའོ། །དྲུང་ནས་ལུས་ངག་གི་རིག་བྱེད་དང་ཚིག་གི་རྣམ་པ་ལ་བརྟགས། མི་ལྡོག་པ་ནི་ངེས་པ་སྟེ་དེ་ལ་གསུམ། དང་པོ་ནས་གསང་སྔགས་ཀྱི་དོན་ལ་མི་སྐྲག་ཅིང་རིམ་གྱིས་རིགས་ངེས་པའོ། །དཀྱིལ་འཁོར་དུ་ཞུགས་སྟེ་དབང་དམ་ཚིག་གི་ཕོག་པ་ནི་དགེ་བསྙེན་དང་ཉན་ཆགས་ཀྱི་རིགས་ངེས་པའོ། །ལྟ་བ་རྟོགས་པ་ནི་དོན་མཐོང་བས་རིགས་ངེས་པ་སྟེ་གསུམ་ལས་བར་པའོ། །མདོར་བསྟན་གྱི་དོན་ནི་བརྗོད་བྱའི་དོན་གྱི་རྣམ་གྲངས་བཅུ་གཉིས་ཏེ། རྗོད་བྱེད་ཚིག་གི་གཞུང་ཚད་ལེའུ་དགུ། དེ་དག་བསྡུས་ནས་གཞི་ལམ་འབྲས་བུ་གསུམ། ལམ་མཚན་ཉིད་གསུམ་དང་ལམ་ལྔར་སྦྱར། དེ་དག་གི་ཚིག་དོན་ནི་འདི་ལྟ་སྟེ། མ་བཅོས་མ་བསླད་པ་རང་བཞིན་རང་བྱུང་གི་ཡེ་ཤེས་ལམ་དང་འབྲས་བུ་ཐམས་ཅད་ཀྱི་དངོས་གཞི། རང་ལ་ཡེ་ནས་གནས་པས་གཞིའོ། །དེའི་དོན་ཤེས་རབ་ཀྱི་སྤྱན་གྱིས་ཕྱིན་ཅི་མ་ལོག་པར་ལྟ་བའི་མཐོང་བའི་ལྟ་བ་ནི་རྒྱུ་ཤེས་པའི་མཚན་ཉིད་དོ། །བསྒོམ་བྱའི་དོན་དེས་བསྒོམ་བྱེད་ཀྱི་བློ་འཇུག་པའི་ཏིང་ངེ་འཛིན་གཉིས་ལས། ཅིག་ཅར་འཇུག་པ་ནི་བདེན་པ་གཅིག་ཆོད་དུ་གོམས་པར་བྱེད་པའོ། །རིམ་གྱིས་འཇུག་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྟོངས་པ་ཆེན་པོའི་རྣལ་འབྱོར་ལ་སོགས་པ་བཞི་སྟེ། ཚོགས་ལམ་ཟག་མེད་ཀྱིས་མཐོང་ལམ་ལ་སྦྱོར་ལ་ལམ་གཞན་གྱི་བར་ཆད་མེད་པ་སྟེ། སྦྱོར་བའི་ལམ་མོ། །དེ་ལྷ་ནི་རྐྱེན་འཇུག་པའི་མཚན་ཉིད་ཡིན་ནོ། །འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ལ་གསུམ་སྟེ། མཐོང་ལམ་བློ་ཆུང་བ་རྣམ་པར་སྨིན་པའི་རིག་འཛིན་ཏེ། ཡིད་ལྷའི་སྐུར་སྨིན་ཀྱང་ལས་ཀྱི་རྣམ་པར་སྨིན་པའི་ལུས་ཀྱིས་བསྒྲིབས་པའོ། །བློ་ཆེ་བ་ནི་རྡོ་རྗེའི་ལུས་ཐོབ་པས་སྐྱེ་ཤི་མེད་པ་ཚེ་ལ་དབང་བའི་རིག་འཛིན་ནོ། །བསྒོམ་ལམ་ནི་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཏེ། འབྱུང་བ་དང་རྡོ་རྗེའི་ལུས་གཉིས་ལས་གྲོལ་བའི་ཡེ་ཤེས་སྒྱུ་མའི་སྐུ་ཕྱག་རྒྱ་ཆེན་པོ་ལོངས་སྐུའི་ཆ་བྱད་ཅན་ནོ། །མཐར་ལམ་ནི་ལྷུན་གྱིས་གྲུབ་པའི་རིག་འཛིན་ཏེ། སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཆ་བྱད་དུ་ཡོད་དེ། མཉམ་བཞག་ཏུ་སངས་རྒྱས་དང་ཁྱད་མེད་པའོ། །དེ་ལྔ་པོ་ནི་ལམ་ཡིན་ནོ། །དཔེ་གཞི་ཇི་ལྟ་བ་བཞིན་མངོན་དུ་བྱས་པ་ནི་མཐར་ཐུག་འབྲས་བུ་ཏེ། དེ་རྣམས་གོ་རིམས་བློ་དམན་གྱིས་ཀྱང་གོ་བར་སླ་བར་ལེའུ་དགུ་པས་བརྗོད་པར་བྱ་ཞེས་སོ། །དང་པོའི་དོན་ནི་གསུམ་དུ་བསྡུས། །འཁྲུལ་གཞི་ཚུལ་དང་རང་བཞིན་ནོ། །དང་པོའི་དོན་ནི། གནས་ལུགས་ཆོས་ཉིད་དབྱེར་མེད་ལ། །ལོག་རྟོག་བློ་ཡིས་ཐ་དད་སྣང་། །སྣང་རུང་སྤངས་པའི་རྣམ་དག་དང་། །རང་རྒྱུད་ཡོད་པའི་ལྷུན་གྲུབ་དང་། །དགག་པ་གཞན་ལས་ཤེས་པར་བྱའོ། །རང་གི་འཆད་པ་འདི་ལྟ་སྟེ། །ཆོས་ཉིད་བདེན་པ་དབྱེར་མེད་པ། །ཆོས་ཅན་འཁོར་འདས་སྣང་བ་ཀུན། །རང་རྒྱུད་ངང་གིས་བྲལ་བ་ལས། །སྣང་རུང་ཅིར་ཡང་འཆར་བ་ནི། །མ་སྤང་བྲལ་བར་འདི་ཉིད་དང་། །སྤྱན་འགྲེལ་ཐུགས་ཀྱི་སྒོ་ལྕགས་དང་། །ཡེ་ཤེས་སྣང་བ་རྒྱན་ལས་གསལ། །འཁོར་འདས་རང་རྒྱུད་མ་གྲུབ་སྟེ། །གྲུབ་ན་ཉེས་ཉེས་སྐྱོན་པོར་འགྱུར། །འོན་ཀྱང་སྣང་རུང་མ་སྤངས་པ། །མ་རྟོགས་བློ་ལ་འཁྲུལ་པར་སྣང་། །སྣང་ཡང་གཤིས་ལ་འགྱུར་བ་མེད། །དེ་ཉིད་གཉིས་པའི་དོན་ཡིན་ནོ། །གསུམ་པ་རང་གི་རིགས་པ་ལས། །ལམ་དང་འབྲས་བུ་གཞན་ན་མེད། །རྣམ་གསུམ་ཚུལ་གྱིས་རང་ལ་གནས། །ལེའུ་དང་པོའི་ངག་དོན་ཡིན། །དང་པོ་འཁོར་བ་མ་གྲུབ་པ་བསྟན་པ་ནི། །ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི་ཉིད་ཆོས་ཅན། ཡེ་ནས་ལྷ་ཞི་ལྔའི་ངོ་བོ་ཡིན་ཏེ། དམ་བཅའ། འཁོར་བ་གཤིས་ལ་མ་གྲུབ་པའི་ཕྱིར་རོ། །དེ་ཅིས་ན་འཁོར་བའི་ཆོས་ཐམས་ཅད་བསྡུ་ན་གཉིས་ཏེ། རྒྱུ་བདག་ཏུ་འཛིན་པ་དང་འབྲས་བུ་སྡུག་བསྔལ་གཉིས་སུ་འདུས་པ་ལས། འཁོར་བའི་རྒྱུ་བདག་མེད་པའི་ཕྱིར་རོ། །བདག་དང་འཁོར་བ་ཡོད་ན་ཅི་འགལ་སྙམ་ན། འོ་ན་མེ་མེད་ན་དུ་བ་ཡོད་ན་ཅི་སྟེ་ཞེས་མཚུངས་སོ། །བདག་མེད་པ་རང་ཅི་ཞེ་ན། སྤྱིར་འཁོར་བའི་ཆོས་ཐམས་ཅད་སེམས་ཡིན་པའི་ཕྱིར་ན་ཡུལ་བདག་གི་བ་མེད་ལ། སེམས་དེ་ཉིད་ཅི་ཡང་མ་ཡིན་པའི་སེམས་བདག་མེད་པའི་ཕྱིར་རམ་སེམས་རང་བཞིན་དོན་དམ་སྤྲོས་བྲལ་ལ་ཡང་བདག་མ་གྲུབ་ལ། ཀུན་རྫོབ་རིག་པ་སྒྱུ་མ་ཡང་བདག་མ་གྲུབ་པའི་ཕྱིར་རོ། །རྟགས་ཀྱིས་གྲུབ་པའི་དོན་དེའི་ཕྱིར་ན་དེ་བཞིན་གཤེགས་པ་བསམ་ཡས་ཏེ། ཆོས་ཅན་དུ་མ་ཡོད་པས་ཆོས་ཉིད་སྐུ་དང་ཡེ་ཤེས་དེ་བཞིན་གཤེགས་པའི་སྐུ་དང་ཡེ་ཤེས་གྲངས་བསམ་ཡས་ལ། དེ་ཉིད་བློ་ཡུལ་དུ་བྱས་པ་དང་བྲལ་བ་ངོ་བོ་བསམ་ཡས་སོ། །དེ་ལྟར་འཁོར་བ་མ་གྲུབ་ན་འདས་པ་རང་རྒྱུད་པ་གྲུབ་བམ་སྙམ་ན། རྒྱུ་མི་དམིགས་པའི་དེ་དུས་མ་གྲུབ་པ་བསྟན་ཏེ། མྱ་ངན་མེད་པའི་འདས་པ་མི་སྲིད་པ་བཞིན་ནོ། །དེ་ལྟར་ཡང་། བཅིངས་མེད་རྣམ་པར་གྲོལ་མེད་པའི་ཞེས་པ་དང་། འཁོར་བ་ཀ་དག་རིན་ཆེན་གླིང་། །མྱ་ངན་འདས་བཟླས་བརྗོད་མེད་པ། །ཞེས་སོ། །ཆོས་ཉིད་བདེན་པ་དབྱེར་མེད་ཀྱི་ངོ་བོ་ལ་འཁོར་བ་དང་འདས་པའི་རང་བཞིན་སྤྲོས་བྲལ་ལ་དོན་དམ་གཉིས་ཐ་དད་པར་འདོད་པའི་སྐྱོན་དང་འཁོར་འདས་ཀྱི་ངོ་བོ་ལོག་རྟོག་སྒྱུ་མ་དང་ཡེ་ཤེས་སྒྱུ་མ་གཉིས་ཐ་དད་པར་འདོད་པའི་སྐྱོན་གཉིས་ཟློས་སྐྱོན་མེད་དོ། །འཆིང་བུ་དགོས་པ་མི་འབྱུང་བ་དང་ཡིད་བཞིན་གྱི་རིན་པོ་ཆེ་ལ་དགོས་པ་འབྱུང་བ་བཞིན་འདོད་ན་མི་རིགས་ཏེ་ཐ་དད་མེད་པ་ཡིན་ཞེས་མི་མཐུན་པའི་དཔེ་ཡིན་ཞེས་ཀྱང་ཟེར་རོ། །བདེ་སྡུག་གདུང་བས་ཉམས་ཐག་བྲལ། ཞེས་པ་བདེ་བ་འཁོར་བའི་ཉེས་དམིགས་སུ་འགལ་སྙམ་ན། མི་འགལ་ཏེ་འཁོར་བའི་བདེ་བ་ཡང་འཕགས་པ་རྣམས་ཀྱིས་སྡུག་བསྔལ་དུ་གཟིགས་པ་སྟེ་འགྱུར་བའི་སྡུག་བསྔལ་ཡིན་པའི་ཕྱིར་རོ། །དཔེར་ན་བླ་མའི་རྙེད་པ་བཞིན་ནོ། །རྩོམ་མེད་ཅེས་པ་ཁམས་གསུམ་སྤྱི་བཙན་དུ་འཁོར་བ་ལ་ཐོག་མཐའ་མེད་སེམས་ཅན་གྲངས་ལས་འདས་པའི་ཕྱིར་རོ། །འོན་ཀྱང་གང་ཟག་སྒོས་བཙན་དུ་ཐ་མ་ཡོད་པ་སྟེ་ཐུབ་པ་ཆེན་པོ་ལྟ་བུའོ། །འཁྲུལ་ཚུལ་གྱི་དོན་འདི་དག་ཞིབ་པར་རྒྱུད་ཀྱི་ཁོག་དོན་ལྟར་ཤེས་པར་བྱའོ། །རྣམ་གསུམ་གནས་ཚུལ་ནི། རིག་པ་སྤྲོས་བྲལ་ལ་འཕགས་པའི་ཀོར་བདུན་སྣང་རུང་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པར་ནི་དོན་དམ་གནས་ཚུལ་ལོ། །རིག་པ་ཡེ་ཤེས་སྒྱུ་མ་ལ་ལྟ་བུ་ལ་ལམ་དང་འབྲས་བུ་ཐམས་ཅད་ཀྱི་དངོས་གཞི་ནི་ཀུན་རྫོབ་ཀྱི་གནས་ཚུལ་ལོ། །དེ་གཉིས་གདོད་མ་ནས་ངོ་བོ་དབྱེར་མེད་པ་ནི་གཉིས་མེད་ཀྱི་གནས་ཚུལ་ལོ། །དང་པོ་ཀུན་རྫོབ་གནས་ཚུལ་གྱི་ཁོག་དོན་ནི་དྲུག་སྟེ། ངོ་བོ་རིག་པ་རང་གསལ་ཏེ། རྣམ་པ་སྒྱུ་མ་ལྟ་བུའོ། །ངེས་ཚིག་ཆོས་ཀུན་སྒྱུ་མས་སྟོང་། །དབྱེ་ན་ཡང་དག་ལོག་པའམ། །ཡང་ན་སྒྱུ་མའི་དངོས་པོ་དྲུག །སྒྲུབ་བྱེད་གཉིས་ཏེ་དང་པོ་ནི། །སེམས་ལས་མ་གཏོགས་ཆོས་མེད་ཕྱིར། །ཐམས་ཅད་ཡེ་ཤེས་རང་གསལ་བའོ། །གཉིས་པ་སྣང་བཞིན་རང་རྒྱུད་པ། །མེད་པས་སྒྱུ་མ་ལྟ་བུའོ། །མཚན་བྱེད་དཔེ་གསུམ་རྒྱུད་ལས་གསལ། །ཞིབ་ཏུ་གཏན་ལས་ཤེས་པར་བྱ། །དཔའ་བོ་འབྲུ་ལྔས་མཚོན་ནས་སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔར་གནས་པ་སྟེ། མཚོན་བྱ་དོན་གྱི་བསྟན་པའོ། །མཚོན་བྱེད་དོན་གྱི་བསྟན་པ་ནི་ཡི་གེ་སྟེ། ཀླད་པ་བདེ་ཆེན་གྱི་རྩ་འདབས་སོ་གཉིས་ལ་སྒྲ་ཡིག་སོ་གཉིས། མགྲིན་པ་ན་དབྱངས་ཡིག་བཅུ་དྲུག །སྙིང་ག་ན་མ་ནིང་གི་ཡི་གེ་བརྒྱད། ལྟེ་བ་ན་སྒྲ་གཉིས་ན་ཡིག་སོ་གཉིས་དང་དབྱངས་ཡིག་བཅུ་དྲུག་གཡས་བསྐོར་དང་གཡོན་དུ་གནས། ཨེ་བམ་མ་ཡ་ནི་ཡུམ་གྱི་མཁའ་གཅིག་པུ་ལ་སྦྱར་ཡང་ན་གླེང་བཞི་སྟེ། ཨེ་ནི་གནས་ཕུན་སུམ་ཚོགས་པ་སྟེ་ཡུམ་གྱི་མཁའ་ཆོས་འབྱུང་གྲུ་གསུམ་མོ། །བྃ་ནི་སྟོན་པ་གསང་བའི་རྡོ་རྗེའི་རྩེར་ཐིག་ལེ་བྃ་གྱི་དབྱིབས་སུ་ཡོད་པ། དེས་བདེ་བ་གསལ་བྱེད་དོ། །མ་ནི་འཁོར་ཏེ་མ་མ་ནུ་ན་ཡིད་ཀྱི་རྣམ་པར་ཤེས་པ་ལོགས་རྟོགས་ཚོགས་ཐམས་ཅད་དོ། །ཡ་ནི་བསྟན་པ་ཕུན་སུམ་ཚོགས་པ་སྟེ་ལྷན་ཅིག་སྐྱེས་པ་བདེ་བ་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ཉིད་དོ། །དེ་ཡང་ཐལ་བ་ལས་འདི་ཞེས་ཉེ་བར་མཚོན་པ་ནི་ཞེས་པ་སོགས་དྲངས་ཏེ་ཞིབ་ཏུ་རྒྱུད་ལས། ཤེས་པར་བྱའོ། །སྙིང་པོ་རླུང་སྒྲོམ་སྙིང་ཁ་ཆོས་ཀྱི་འཁོར་ལོ་སྟེ་གནས་ཕུན་སུམ་ཚོགས་པའོ། །གནས་དངོས་སུ་སྨོས་པས་གཞན་ཤུགས་ལས་སྦྱར་ཏེ་བསྟན་པ་ནི་སྲོག་མི་ཤིག་པའི་ཐིག་ལེ་བྃ་གྱི་དབྱིབས་ཅན་ནོ། །འཁོར་ནི་རྩ་བཞིན་གནས་པའི་རྣམ་ཤེས་བཞིའོ། །བསྟན་པ་ནི་དོན་དམ་འོད་གསལ་གྱི་ཡེ་ཤེས་སོ། །དེ་ཡང་རྒྱལ་མཚོ་ལས་དྷརྨ་ཙཀྲ་ཆོས་ཀྱི་དབྱིངས། ཅེས་པ་ལ་སོགས་ཞིབ་ཏུ་རང་རྒྱུད་ལས་ཤེས་པར་བྱའོ། །ལས་གཉིས་དངོས་པོ་ཞེས་པ་ལས་ནི་བསྒོམ་ན་དེ་ལྟར་སྣང་བ་སྟེ་བྱ་བ་བྱེད་པའི་རིགས་པའོ། །དངོས་ཞེས་པ་མེའི་ཚ་བ་ལྟར་རང་བཞིན་གྱིས་དེ་ལྟར་གནས་པ་ནི་སྟེ། ཆོས་ཉིད་ཀྱི་རིགས་པས་གྲུབ་པའོ། །སྣོད་ཀྱི་འོད་དབྱིབས་ཕྲིན་ལས་བཞི། ཞེས་པ། སྣོད་ནི་རྩ་བ་བཞི་སྟེ་ཆོས་ཉིད་ཡོན་ཏན་ཡེ་ཤེས་རང་རྒྱུད་དོ། །འོད་ནི་དཀར་སེར་དམར་ནག་གོ །དབྱིབས་ནི་ཟླུམ་པོ་ཟླ་གམ་གྲུ་བཞི་གྲུ་གསུམ་མོ། །དེ་ཉིད་ཕྲིན་ལས་བཞི་སྟེ་ཞི་རྒྱས་དབང་དྲག་ནི་རིམ་པ་ལྟར་སྦྱར་རོ། །གནས་བཞི་ནི་སྙིང་ལྐོག་མགྲིན་ལྟེ་བ་འགྲོ་མེད་པའོ། །འབྱུང་བ་ནི་ཆུ་མེ་ས་རླུང་བཞིའི་རི་ཡིན་ཞིང་། དབྱིབས་ལ་བཞིར་ཡོད་པས་ལས་ཞི་རྒྱས་དབང་དྲག་ནི་རིམ་པ་ལྟར་སྦྱར་རོ། །གསང་བའི་མཁའ་ལ་ལས་བཞིར་ལྡན་པ་ནི། ཁྱམས་གྲུ་གསུམ་དྲག་པོའི་ལས། སྒོ་གྲུ་བཞི་རྒྱས་པའི་ལས། སྐྱེ་གནས་ཟླ་གམ་དབང་། སྣ་ཚོགས་མདུད་པ་ཟླུམ་པོ་ཞི་བའི་ལས་བཞིར་རང་ཆས་སུ་ལྡན་པའོ། །ཐིག་ལེ་བསྙེན་བསྒྲུབ་ནི་ཆོས་ཉིད་རྩ་བའི་ཐིག་ལེ་དེ་ཏིང་གི་ངོ་བོ་སྟེ་བསྙེན་པའོ། །ཡེ་ཤེས་ཀུན་ཏིང་ཉེ་བསྙེན། །ཡོན་ཏན་རྒྱ་ཅིག་བསྒྲུབ་པ། །རང་རྒྱུད་འབྲས་བུ་བསྒྲུབ་ཆེན་ནོ། །གནས་པ་རྩ་དང་དེ་ལ་བརྟེན་པའི་ཐིག་ལེ་ལ་དབང་གནས་ཚུལ་ནི་གསུམ། དང་པོ་ཕན་པའི་དབང་བཅུ་གནས་པ་འདི་ལྟ་སྟེ། ཚོགས་བརྒྱད་རང་བཞིན་ཡེ་ཤེས་དབུ་རྒྱན་ལྔ། །གཡས་གཡོན་ཅོད་པཎ་རོ་མ་རྐྱང་མ་གནས། །ཀུན་རྟར་ནང་ན་ཐིག་ལེའི་ཕྲེང་། །ས་ཡ་བཅུ་གསུམ་གོ་ཆ་རྩ་ལུས་ཁྱབ། །གསང་བའི་དབང་པོ་རྟོགས་ཚོགས་ནི། །རྒྱས་བསྡུས་ལྷ་མི་དལ་དུ་གནས། །སྤྱི་བོ་བདེ་ཆེན་གདུགས་ཀྱི་ཚུལ། །ལུས་ཉིད་བུམ་པར་ཆོས་མཐུན་པས། །འདོད་ཡོན་མ་སྤངས་སེམས་སུ་སྤྱོད། །ཁམས་ལྔའི་བཅུད་ལྔ་ཡེ་ཤེས་ལྔ། །གཉིས་པ་ནུས་དབང་གནས་པ་ནི། །རྣ་བའི་འདོམ་རྩ་ཐིག་ལེའི་སྒྲ། །ཉན་པར་ནུས་པ་ཉན་དབང་ངོ་། །ལྕེ་ཡི་ཐིག་ལེས་བརྗོད་བྱའི་དོན། །གསལ་བྱེད་ནུས་པ་འཆད་པའི་དབང་། །སྙིང་ལ་མི་ཤིགས་ཐིག་ལེ་ནི། །དྲན་པའི་རྟེན་ཏེ་བསྒོམས་པའི་དབང་། །ལག་པའི་ཐིག་ལེ་བྱ་བྱེད་དག །ནུས་པ་ཕྲིན་ལས་དབང་ཡིན་ཏེ། ཡན་ལག་ལྔ་པོ་རང་བཞིན་གྱི། །བྱ་བྱེད་ནུས་པ་རྡོ་རྗེ་རྒྱལ། །གསུམ་པ་ཟབ་མོའི་དབང་གསུམ་ནི། །དོན་དམ་མ་སྐྱེས་གསང་བའི་དབང་། །ཡེ་ཤེས་རང་རྒྱལ་ཀུན་རྫོབ་ནི། །ཤེས་རབ་ཡེ་ཤེས་དབང་ཡིན་ཏེ། །ཟུང་འཇུག་བདེ་བ་བདེ་ཆེན་དབང་། །མཚུངས་ལྡན་རང་ལ་མི་གནས་ན། །བསྐུར་བས་ཐོབ་པར་མི་འགྱུར་ཏེ། །དེ་ཕྱིར་རང་ལ་གནས་པའོ། །གསང་བའི་འདོད་ཡོན་ནི། །ཉི་ཟླ་མཛེས་པའི་གཟུགས་ཀྱི་ལྷ། །ཧ་སི་གྲགས་པ་སྒྲ་ཡི་ལྷ། །བདེ་བས་ཚིམ་པ་དྲི་ཡི་ལྷ། །བདེ་བ་མྱོང་བ་རོ་ཡི་ལྷ། །ཁམས་གསུམ་འདུས་པ་རེག་པའི་ལྷ། ནང་གི་འདོད་ཡོན་ནི། རྩ་ནང་ནས་གཟུགས་འབབ་པ་ལ་སོགས་པའོ། །རྟོག་པའི་འབྲས་བུ་ཀུན་སྐུ་དང་ཡེ་ཤེས་སུ་རང་ལ་གནས་པའོ། །ཐབས་གང་གི་སྒོ་ནས་ཞེ་ན། ཆགས་པ་སྟེ་འོག་སྒོ་ཁམས་གསུམ་རོལ་པའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཀྱིས་རྟོགས་པའི་མཚན་མ་ཟིལ་གྱིས་མནན་ནས་ལྷར་སྣང་ལ། ནང་སྟེང་སྒོ་བཞིའི་འཁོར་ལོ་བཞིའི་འཇུ་འདུལ་གྱི་ལས་ཀྱིས་དོན་དམ་འོད་གསལ་གྱིས་རྟོག་པ་ཟིལ་གྱིས་མནན་པ་ནས་ལྷར་སྣང་བའོ། །དེ་རང་བཞིན་བསྒོམ་པའི་ལས་ཀྱི་སྣང་བས་བྱ་བ་བྱེད་པའོ། །ངོ་བོས་ཆོས་གདོད་ནས་རང་རྟོགས་པའི། རང་བཞིན་ལྷར་གནས་པ་སྟེ་ཆོས་ཉིད་ཀྱི་རིགས་པའོ། །དུ་མ་བསགས་པས་ཕུང་པོ། བྱེད་པ་མེད་ལས་རང་རང་གི་མཚན་ཉིད་འཛིན་པས་ཁམས། རྣམ་ཤེས་སྐྱེ་བའི་གོ་འབྱེད་པས་ན་སྐྱེ་མཆེད་དོ། །རྫོགས་ནི་དམ་ཚིག་ལས་ཆོས་ཕྱག་རྒྱ་ཆེན་པོའོ། །འདི་དག་དཔེ་དོན་གསུམ་རིམ་པར་སྦྱར་བའམ། ཡང་ན་དཔེ་གསུམ་ཆར་གྱི་དོན་ནི་རྟོགས་ཚོགས་ལྷར་སྣང་ཞིང་དེ་ཉིད་གདུལ་བྱའི་ངོ་བོ་ལ་ཅིར་ཡང་སྣང་བར་ཡང་སྦྱར་རོ། །གཉིས་པ་དོན་དམ་གནས་ཚུལ་ལ། །ཁོག་དོན་དྲུག་སྟེ་ངོ་བོ་ནི། །ཀོར་བདུན་སྣང་རུང་ངོ་བོའི་རྒྱུ། །མཚོན་ཚུལ་བསམ་བརྗོད་བྲལ་བ་སྟེ། །སྐྱེ་མེད་སྤྲོས་པ་ཀུན་དང་བྲལ། །རྣམ་བཀོད་ལས། ངེས་ཚིག་ཤེས་བྱའི་དོན་ཀུན་གྱི། །མཆོག་ཏུ་གྱུར་པས་དམ་པའོ། །ཡང་ན་ཤེས་རབ་དམ་པའི་ཡུལ་ཡིན་པས་ན་དམ་པའི་དོན། མི་བསླུ་ངེས་པས་སྒྲ་འཇུག་གོ །རྣམ་གྲངས་རྒྱས་པ་ཀོར་བདུན་ནོ། །དེ་ཉིད་བསྡུས་ན་རང་བཞིན་དང་། །ཡེ་ཤེས་འབྲས་བུ་དོན་དམ་མོ། །དང་པོ་ཆོས་ཉིད་སྤྲོས་བྲལ་ཏེ། །གཉིས་པ་དེ་རྟོགས་ཡེ་ཤེས་ལ། །ཡུལ་མིང་ཡུལ་ཅན་དག་ལ་བཏགས། །གསུམ་པ་འབྲས་བུ་སངས་རྒྱས་ཀྱི། །ཡོན་ཏན་ལྔ་སྟེ་དེ་རྟོགས་འབྲས། །བསྒྲུབ་བྱེད་གཉིས་སྟེ་དང་པོ་ནི། །སྣང་རུང་ངོ་བོ་ཉིད་ཀྱི་རྒྱུར། །བསྒྲུབ་བྱེད་ཀུན་ཁྱབ་གསུམ་པ་ཡང་། །ལུང་དང་མན་ངག་གཞན་ན་གསལ། །ཞགས་པ་ལས་རིག་པ་ཆོས་རྣམས་ཐམས་ཅད་ནི། །མཚན་ཉིད་མེད་ལས་བྱུང་བའི་ཕྱིར། །དོན་དམ་རྒྱུ་ལ་ཀུན་རྫོབ་འབྲས། །གཉིས་པ་སྐྱེ་མེད་བསྒྲུབ་བྱེད་ཀྱི། །རིགས་པ་བཞི་སྟེ་གཞན་ན་གསལ། །བར་པ་ཞེས་པ་ནི་བདེན་པ་གསུམ་གྱི་བརྗོད་བྱའི་དོན་ལ་གོ་རིམས་མེད་ཀྱང་། བརྗོད་བྱེད་ཚིག་གི་གོ་རིམ་དུ་ཀུན་རྫོབ་བསྟན་ནས་དོན་དམ་སྟོན་པས་སོ། །བསྒྲུབ་བྱའོ་དོན་གྱི་མཆོག་ཏུ་གྱུར་པ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ནི་འབྲས་བུ་དོན་དམ་སྟེ། དོན་དམ་རྟོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཡེ་ཤེས་ནི་དོན་དམ་སྟེ། དོན་དམ་ཤེས་བྱེད་ཡིན་པའི་ཕྱིར་རོ། །ཆོས་ཉིད་མུ་མཐའ་དང་བྲལ་བ་ནི་དབྱིངས་དོན་དམ་པ་སྟེ། རང་གི་ངོ་བོ་ཡིན་པས་སོ། །དེ་ཉིད་ལམ་གྱི་ངོ་བོ་ཞེས་པའི་སྐབས་སུ། སྤྱིར་རྟོག་པ་ལམ་དུ་འགྲོའི་མི་རྟོག་པ་འགྲོ་ཞེས་ན། ཉང་ཆེན་པོ་རྟོགས་པ་ལམ་དུ་འགྲོ་བ་ནི་མི་འཐད་དེ། ཐ་མ་ཐ་མ་དེ་ལ་གཉེན་པོ་མེད་པའི་ཕྱིར་རོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡོད་པ་ཞེ་ན། དེ་རྟོག་པ་ཡིན་ནམ་མ་ཡིན། དེ་རྟོག་པ་ཡིན་ན་དེ་སྤང་དུ་གཏུབ་བམ་ཞེ་ན། ཁྱེའུས་ཁྱེའུ་འབྱིན་པ་དང་འདྲ་ཟེར་ཏེ། རྟག་པ་ལ་མཐའ་ཐུག་པ་མེད་པས་ལམ་ཐུག་མེད་དུ་འགྱུར་བའི་ཕྱིར་མི་འཐད་དོ། །འོ་ན་ཇི་ལྟ་བུ་ཞེ་ན། གསང་སྔགས་ངེས་དོན་གྱི་དབང་དུ་བྱས་ནས་སོ་སོའི་དོན་རྟོགས་མེད་དེ་ལམ་དུ་འགྲོ་བའོ། །འོ་ན་དངོས་པོའི་དོན་དེ་སེམས་ཅན་ཀུན་ལ་ཡོད་པས་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་ཉི་མ་ན། དེ་ལ་བརྟག་པ་གཉིས་བྱ་སྟེ། རྟོག་མེད་དངོས་པོའི་དོན་རྒྱུད་ལྡན་དུ་ཡོད་པས་གྲོལ་བར་ཐལ་ཟེར་རོ། །མངོན་སྤྱོད་དུ་ཡོད་པས་གྲོལ་བར་ཐལ་ཟེར། དངོས་ལྟར་ན་ཁྱབ་པ་མ་གྲུབ་ལ། གཉིས་པ་ལྟར་ན་བདེན་པ་དོན་དུ་མ་གྲུབ་སྟེ། འདིར་དངོས་པོའི་དོན་རྟོགས་པ་དེ་ལམ་དུ་འགྲོ་བའོ། །དེ་ལ་ཁ་ཅིག་ན་རེ་རྟོགས་པ་དེ་དངོས་པོའི་དོན་མིན་ཏེ། དཔེར་ན་དཀར་པོ་མཐོང་བའི་ཤེས་པ་དེ་དཀར་པོ་མིན་པ་ལྟར་རོ་ཞེས་ན། དེ་ནི་མི་འདྲ་སྟེ། དངོས་པོ་ཆོས་ཉིད་རྟོགས་པའི་རྐྱེན་ལུང་མན་ངག་གིས་བྱས་པ་ལས་མ་ཟད་པ་ཡུལ་ཅན་ཐ་དད་པ་ཡིན་ཏེ། དངོས་པོ་དེ་ཉིད་ཀྱིས་དེ་ཉིད་རིགས་པའི་ཕྱིན་རང་རིག་པའི་ཡེ་ཤེས་ཞེས་བྱ་སྟེ། ནམ་མཁའ་ཆེ་ལས། རང་གི་མཐུ་ཡིས་རིག་པ་ལས། ཆོས་ནི་གཞན་ནས་བྱུང་བ་མེད། ཞེས་པ་དང་། འབྲེལ་བས་བདག་ཕྱིར་ཐབས་ཆེན་པོ། །མངོན་བྱེད་རང་ལས་འབྱུང་བར་ཟད། །ཅེས་པས། དངོས་པོ་དོན་རྟོགས་པ་ལམ་དུ་འགྲོ་བའོ། །རྟོག་པ་དེ་ཉིད་རྟོག་པ་ཡིན་ནོ་ཞེ་ན། །དྲང་དོན་སྤྱིའི་མཚན་ཉིད་ཡུལ་དུ་བྱེད་པས་ན་རྟོགས་པ་ཡིན་པ་སྲིད་ཀྱི། འདིར་དབང་པོ་རབ་ཀྱིས་རང་གི་མཚན་ཉིད་ཀྱིས་རྟོགས་པས་རྟོག་པ་མ་ཡིན་ནོ། །དེ་ལྟར་ན་དངོས་པོའི་དོན་སངས་རྒྱས་པས་དེ་ཉིད་ཡེ་ནས་གནས་པ་ནི་འབྲས་བུ་ཡིན་ལ། ཡིན་ཀྱང་ཡིན་པར་ངོ་མ་ཤེས་ཏེ་ཕྱིན་ཅི་ལོག་གི་ཞེན་པས་བསྒྲིབས་ཏེ། དེ་ཉིད་མ་ཤེས་པ་ཤེས་པར་བྱེད་ཅིང་ཕྱིན་ཅི་ལོག་གི་ཞེན་པ་སྤོངས་བ་ཉིད་ལ་འབྲས་བུ་ལ་ལམ་དུ་བྱེད་པ་ཞེས་བཏགས་པའོ། །དེ་ལ་ཁ་གཅིག་ན་རེ་འབྲས་བུ་ལ་ལམ་དུ་བྱེད་པ་སྨིན་པའམ་མ་སྨིན་པ་ལམ་དུ་བྱེད། དང་པོ་ལྟར་ན་ཐུགས་པ་མེད་པར་འགྱུར་ལ། གཉིས་པ་ལྟར་ན་འབྲས་བུ་ཉིད་མ་ཡིན་ནམ་ཞེ་ན། དངོས་པོའི་ལན་ནི་གོང་དུ་བས། དེས་ཀྱང་མི་ཉན་ན་ཁྱེད་རང་ལྟར་ན་བྱས་པའི་རྟགས་ཀྱིས་མི་རྟག་པར་བསྒྲུབ་པ་དེ། དངོས་པོ་ལ་མི་རྟག་པར་གནས་པ་ཅིག་རྟགས་ཀྱིས་མི་རྟག་པར་བསྒྲུབ་བམ། འོ་ན་དེ་རྟག་པར་གནས་ཀྱང་བྱས་པའི་རྟགས་ཀྱིས་མི་རྟག་པར་བསྒྲུབ་པ་དེ། དང་པོ་ལྟར་ན་ཐུག་པ་མེད་པར་འགྱུར་ལ། གཉིས་པ་ལྟར་ན་བསྒྲུབ་ཏུ་མི་བཏུབ་བོ་ཞེས་མཚུངས་སོ། །དེ་དངོས་པོ་ལ་མི་རྟག་པར་གནས་ཀྱང་ངོ་མ་ཤེས་ཤིང་ཕྱིན་ཅི་ལོག་གི་བློས་རྟག་པར་འཛིན་པའི་སྒྲོ་འདོགས་གཅོད་པའི་ཆེད་དུ་བྱས་པའི་མི་རྟག་པར་བསྒྲུབས་པའི་ཐུག་མེད་ཀྱི་སྐྱོན་དུ་མི་འགྱུར་རོ་སྙམ་ན། འདིར་ཡང་དངོས་པོ་ལ་འབྲས་བུ་ཡེ་ནས་སྨིན་ཟིན་ཡང་དེའི་དོན་མ་རྟོགས་ཤིང་བརྟགས་པའི་ཞེན་པ་སྤོང་བའི་ཆེད་དུ་ལམ་དུ་བྱེད་པས་ཐུག་མེད་དུ་མི་འགྱུར་རོ། །ཞེས་ཐམས་ཅད་ནས་འགོ་མཚུངས་སོ། །མིང་གྲངས་མེད་པའི་རྒྱུ་ཉིད་ཞེས་པའི་སྐབས་སུ། ཁ་ཅིག་ན་རེ་སྤྱིར་རྒྱུ་འབྲས་ལ་མང་སྟེ། མེ་དུད་ལྟ་བུ་བསྐྱེད་བྱ་བསྐྱེད་བྱེད་ཀྱི་རྒྱུ་འབྲས་དང་། བྱས་མི་རྟག་ལྟ་བུ་ཤེས་བྱེད་ཀྱི་རྒྱུ་འབྲས། སྒྲོན་མེ་དང་མུན་ཁུང་རྫས་ལྟ་བུ་གསལ་བྱ་གསལ་བྱེད་ཀྱི། རྒྱུ་འབྲས་དང་། མཚན་ཉིད་དང་མཚོན་བྱ་ལྟ་བུ་རྣམ་པར་བཞག་འཇོག་གི་རྒྱུ་འབྲས་དང་བཞི་པོ་ལྟ་བུ་མིན་གྱི། འདིར་ནི་དོན་དམ་སྤྲོས་བྲལ་ཉིད་སྣང་བའི་འབྱུང་རུང་དུ་གྲུབ་པས་ངོ་བོ་ཉིད་ཀྱི་རྒྱུ། དེ་ཉིད་ཀུན་རྫོབ་རིག་པ་སྒྱུ་མ་ཅིར་ཡང་འཆར་བའི་ཆ་ནས་འབྲས་བུ་སྟེ། རྒྱུ་འབྲས་ཀྱི་ངོ་བོ་ལ་ཐ་དད་མེད་པས། ངོ་བོ་ཉིད་ཀྱི་རྒྱུ་འབྲས་སོ་ཟེར་རོ། །གསུམ་པ་བདེན་པ་དབྱེར་མེད་ལ་ཁོག་དོན་ལྔ་སྟེ། ངོ་བོ་ནི། འཁོར་འདས་ཆོས་ཀུན་སེམས་ཉིད་དེ། །དེ་ཉིད་གསལ་ཡང་ངོ་བོ་སྟོང་། །ངེས་ཚིག་ཐ་དད་རིས་དང་བྲལ། །དམིགས་ཀྱིས་བཟུང་ན་རྣམ་གསུམ་ལས། །འདི་ནི་ངོ་བོ་དབྱེར་མེད་དེ། །གཅིག་ལ་གཉིས་མེད་དབྱེར་མེད་དང་། །ཤེས་ངོ་གཅིག་ལ་ལྟོས་པ་ཡིན། །གཞན་གྱི་གཞུང་ནི་འདིར་འཐད་མིན། །སྒྲུབ་བྱེད་ཀུན་ཁྱབ་གསུམ་པོར་སྦྱར། །དཔེ་ནི་མཁའ་དང་འཇའ་ཚོན་ལྟར། །སྣང་དང་སྟོང་པ་ཐ་དད་མིན། །ཚིག་དོན་རྒྱུས་ངན་གསལ་བར་སྣང་། ལེའུ་དང་པོའོ།། །།ཨཱི་ཐཱི། དེ་ལྟར་གཞི་ཡེ་ཤེས་རང་ལ་གནས་ཀྱང་རྟོགས་པའི་ཐབས་ལམ་དང་མི་ལྡན་ན་དབུལ་པོའི་གཏེར་དང་མཚུངས་པས། དེའི་ཕྱིར་དེ་རྟོགས་ནས་གོམས་པར་བྱེད་པའི་ཐབས་ལམ་བཤད་པར་བྱའོ། །སྤྱིར་ལམ་ཐམས་ཅད་བསྡུ་ན་གཉིས་ལས། ཐུན་མོང་གི་ལམ་ནི་སྦྱངས་པ་རིམ་གྱིས་པའི་སྐབས་ལས་ཤེས་པར་བྱའོ། །ཁྱད་པར་གྱི་ལམ་ལ་གཉིས་ལས། གྲོལ་ལམ་ལ་རྩ་རྒྱུད་ཀྱི་བཅུ་གཉིས་པ་ལྟར་མཚན་ཉིད་གསུམ་ལས། དང་པོ་རྒྱུ་ཤེས་པའི་མཚན་ཉིད་སྟོན་པའི་ཡེ་ཤེས་རང་ལ་གནས་ཀྱང་མཐོང་བའི་ལེའུ་གཉིས་པའི་ལྟ་བ་ཐོག་མར་གཅེས་པ་སྟེ། དེ་ཅེས་ནི་རྟོགས་པར་བསྒོམ་ཀྱང་ལྟུང་བའི་ཕྱིར་རོ། །དེའི་ཕྱིར། མ་རྟོགས་བསྒོམ་པ་ལོང་བ་འདྲ། །ཞེས་པ། མདོ་སྡེ་དག་ལས་རྐྱལ་མ་འབྱོངས་པར་ཆུ་རུ་འཇུག་པའི་དཔེ་བསྟན་པ་དང་། ཀུན་བཟང་རང་ཆེ་ལ་གནས་པ་ལས། བསྒོམ་པས་རྟོགས་པ་གཅེས་ཞེས་པ་ལ་སོགས་པ་བཤད་པའི་ཕྱིར་རོ། །དེའི་ཕྱིར་ཁ་ཅིག་ཐོག་མར་ཞི་གནས་ཀྱི་ཐོག་མར་སེམས་བཟུང་བ་ལས་ལྷག་མཐོང་སྐྱེ་བར་འདོད་པ་ནི། བློ་དམན་པའི་དབང་དུ་བྱས་པ་སྟེ། ཤེས་རབ་སྤྱན་འབྱེད་ལས། དམན་པ་ལས་རྒྱ་གསུམ་གོམས་པའི། ཞེས་པ་ལ་སོགས་གསུངས་སོ། །འདིར་ཐོག་མར་ལྷག་མཐོང་གི་རང་བཞིན་དམིགས་དང་འདྲ་བར་བཤད་ནས། དེ་བསྟན་པར་བྱེད་པ་རྐང་པ་དང་འདྲ་བ། དེའི་རྗེས་སུ་བཤད་པར་བྱ་སྟེ། ལྷག་མཐོང་ལ་ཞི་གནས་སྐྱེ་བར་འདོད་པའོ། །ལྷུན་གྲུབ་ངང་ཞེས་པ་སྤྱི་ངང་ལ་གཉིས་ལས། སྐྱེ་བ་མེད་པའི་ངང་ནི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་སྟེ་དབུ་མ་དང་མཐུན། འདིར་ནི་རང་གི་སེམས་ཉིད་ཅི་ཡང་མ་ཡིན་པ་ལས་ལམ་དང་འབྲས་བུའི་ཐམས་ཅད་ལྷུན་གྱིས་གྲུབ་པས་ན། ལྷུན་གྱིས་གྲུབ་པའི་ལེའུ་སྟེ་དང་པོའོ། །དེ་ཡེ་ནས་གནས་པས་ན་ཕྱག་འཚལ་བའོ། །མཚན་ཉིད་ཀྱི་དང་པོ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ནི་ལམ་གྱི་ནང་ནས་མཆོག་སྟེ། ལམ་ཀུན་གྱི་གཟུངས་བྱེད་པ་དང་། བྱེ་བྲག་ཏུ་བསྒོམ་པའི་གཞི་ཡང་བྱེད་པའི་ཕྱིར། ཡང་ལམ་གྱི་དང་པོ་ལྟ་བ་ཡིན་པས་ན། དོན་བཅུ་པོ་འདི་དག་རྒྱུ་དང་ངོ་བོ་དགོས་པ་གསུམ་དུ་ཡང་འདུ་ཟེར་ཏེ། དུས་དང་སྣོད་ཆེ་ཆུང་དང་སྦྱར་རོ། །རྒྱུ་རྐྱེན་དང་ཐབས་ལ་ཁྱད་ཅི་ཡོད་ཅེ་ན། རྒྱུ་རྐྱེན་ནི་འཚོགས་པ་ཙམ་སྟེ། དཔེར་ན་མེ་རྡོ་མེ་ལྕགས་དང་བཙའ་མེ་ལྟ་བུའོ། །ཐབས་ནི་སྐྱེས་བུའི་རྩོལ་བ་དང་དེ་རྣམས་འཛོམ་པ་ལྟ་བུའོ། །ལོང་བའི་གྲོང་ཁྱེར་ནི་འདུ་ཤེས་མེད་པའི་ཁྲོད་དམ། ཡང་ན་མི་སྣང་བའི་སྣང་བ་ཕྱེད་སྣང་གི་གྲོང་ཁྱེར་གསུམ་ལས་མི་སྣང་བའི་གྲོང་ཁྱེར་གཟུགས་མེད་དུ་འགྲོའོ། །རིམ་ཅིག་ཆར་བཞི་ཆར་ལ་ཁ་གཅིག་ན་རེ། རྒྱུ་འབྲས་ཀྱི་ཐེག་པ་ལྟར་རང་བཞིན་གྱི། གྲོལ་ལམ་གྱི་བློ་ཆེ་ཆུང་གཉིས་པོ་ལྟ་བུ་ལམ་གྱི། སྒོམ་ལམ་ལྔའི་རེ་རེ་ལ་གཉིས་གཉིས་ཡོད་པ་ལྟ་བུ་ལ་གནས་སྐབས་ཀྱིས་དང་། ལྷུན་གྲུབ་སངས་རྒྱས་ལ་སྦྱོར་བའི་ཉེ་རིང་ལྟ་བུས་དུས་མཐའ་རིམས་དང་ཅིག་ཆར་འཇུག་པ་གཉིས་ཏེ་བཞི་ཡིན་ཟེར་ཏེ་རྒྱུད་ཀྱི་དོན་མ་ཡིན་ནོ། །འདིའི་དོན་ནི་སྔར་ཐུན་མོང་གི་ཐེག་པ་ལ་མ་སྦྱངས་པར་འདིར་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་ལ་འཇུག་པ་རང་བཞིན་གྱིས་སྣོད་དུ་གྱུར་པའོ། །སྔར་ཐུན་མོང་ལམ་སྟེགས་ཀྱི་ཐེག་པ་ལ་མ་སྦྱངས་ནས་འདིར་མ་ཧཱ་ལ་འཇུག་པ་ནི་སྦྱངས་པའི་སྣོད་དུ་འགྱུར་པའོ། །དེ་རེ་རེ་དུས་ཉེ་རིང་གིས་ཕྱེ་བས་རིམས་འཇུག་དང་ཅིག་ཆར་འཇུག་པ་གཉིས་གཉིས་ཏེ། སྦྱངས་པའི་སྣོད་གཉིས་ཆར་སྔར་ལམ་སྟེགས་ཀྱི་ཐེག་པ་ལ་སྦྱངས་པ་ནི་མཐུན་ལ། འདིར་ཡང་འདི་ཉིད་མ་རྒྱུད་ལ་འཇུག་པ་ནི་རིམ་འཇུག་གོ །དངོས་སུ་འཇུག་པ་ནི་གཅིག་ཆར་བའོ། །རང་བཞིན་གྱི་ཆར་ཡང་སྔར་ལམ་སྟེགས་ལ་མ་སྦྱངས་པ་ནི་མཐུན་ལ། འདིར་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་གང་ཡང་རུང་བ་ལ་མ་ངེས་པར་འཇུག་པ་ནི་རིམ་གྱིས་པའོ། །མ་ཧཱ་འདི་ཉིད་ལ་ཉེ་བར་འཇུག་པ་ནི་ཅིག་ཆར་པའོ། །རྐྱེན་བཞི་ལས་རྒྱུའི་རྐྱེན་གང་ཡིན་ཞེ་ན། ཁ་གཅིག་ནི། བདེ་གཤེགས་སྙིང་པོ་ཙམ་མཚུངས་ལྡན་གྱི་རྒྱུ་ཡིན། དེ་ཉིད་སེམས་སྐྱེ་བར་ནུས་པའི་དབང་པོ་རྣོན་པོ་དེ་རྒྱུའི་རྐྱེན་ཡིན་ཟེར་ཏེ་མི་འཐད་དོ། །འོ་ན་གང་ཡིན་ན་ལྷན་ཅིག་བྱེད་པའི་རྒྱུ་དེ་ཀ་རགས་པའི་ཆ་ནས་རྒྱུ་ཡི་རྐྱེན་དུ་འགྲོ་བའོ། །སེམས་སྐྱེ་ཚུལ་ནི་མཚུངས་ལྡན་གྱི་རྒྱུ་རང་ལ་ཡོད་པས་དེ་ལ། བདག་པོའི་རྐྱེན་རྒྱུ་ཡིས། རྒྱུའི་རྐྱེན་དབང་པོ་རྣོན་པ་དང་དམིགས་པའི་རྐྱེན་བསྟན་པ་གཉིས་བརྡ་སྤྲད་པས་སེམས་སྐྱེ་གསུང་ངོ་། །འདིར་རང་བཞིན་གྱི་དབང་པོ་རྣོན་པའི་དོན་གཏན་ལ་དབབ་ན་གསུམ་སྟེ། ཡོད་པ་སྒྲུབ་བྱེད་ཀྱི་ལུང་རིགས་དང་། གཞན་གྱི་རྩོད་པ་སྤང་བ་དང་། མེད་པར་འདོད་པ་ལ་སྐྱོན་བརྗོད་པའོ། །དེ་ལ་རང་བཞིན་གྱི་དབང་པོ་རྣོན་པོ་ཡོད་པར་ཅིས་གྲུབ་ཞེ་ན། ལུང་མན་ངག་རིགས་པ་གསུམ་གྱིས་གྲུབ་ཏེ། ལུང་ནི་ཀུན་བྱེད་ལས། ལྷ་དང་མིའི་སེམས་ཅན་དབང་པོ་མི་མཐུན་ཏེ། ལ་ལ་དབང་པོ་སྦྱངས་པའི་འཕྲོ་ཅན་ཡོད། །ལ་ལ་ཡེ་ནས་དབང་པོ་ཚིག་ཆོད་ཡོད། །ཅེས་སོ། །ཡང་རིན་ཆེན་འཁོར་ལོ་རྫོགས་པའི་རྒྱུད་ལས། རིགས་དྲུག་དབང་པོ་ཅིག་ཆོད་དམ། །ཡང་ན་སྦྱངས་པའི་འཕྲོ་ཅན་ཡོད། །ཅེས་པ་དང་། །ཡང་ཁ་ཅིག་ཐོག་མ་ནས་དེ་རིགས། ཁ་ཅིག་སྦྱངས་པ་ལས་གྱུར་པའོ། །ཅེས་སོ། །ཡང་དགོངས་འདུས་ལས། ཞིང་ཁམས་དེ་ན་སེམས་ཅན་ཆེན་པོ་དེ་དག་གི་སེམས་ཀྱི་རང་བཞིན་སྣ་ཚོགས་པའི་ཕྱིར་རོ། །ཞེས་པས་སོ། །མན་ངག་འདི་ཉིད་ལས། མ་སྦྱངས་གྲུབ་པ་གསུམ་ཕྱིར་གྱིས། །ཞེས་སོ། །རིགས་པ་ནི། སེམས་ཅན་འགའ་ཞིག་གི་ཤེས་རྒྱུད་ཆོས་ཅན། རང་བཞིན་གྱི་དབང་པོ་རྣོན་པོ་ཡོད་དེ། དམ་བཅའ། སེམས་ལ་བགས་ཆགས་མཐའ་ཡས་ཡོད་པའི་ཕྱིར་རོ། །མ་གྲུབ་ཞེ་ན། འོ་ན་བགས་ཆགས་ཕྱོགས་གཅིག་པ་ཡོད་ན་དགེ་མི་དགེའི་བགས་ཆགས་ཀྱིས་འབྲས་བུ་བདེ་འགྲོ་དང་ངན་འགྲོ་རྟེན་ལ་སོགས་པ་མེད་པར་འགྱུར་ཏེ། མི་རིགས་སོ། །བག་ཆགས་མཐའ་ཡས་ཡོད་ཀྱང་རང་བཞིན་གྱི་དབང་པོ་རྣོན་པོ་མེད་ན། ཅི་སྟོ་སྟེ། ཁྱབ་པ་མ་གྲུབ་དེ་བག་ཆགས་སྦྱངས་པའི་སྟོབས་ཀྱིས་འབྱུང་བའོ། །ཞེ་ན། དེ་ལ་སྐྱོན་གཉིས་ཏེ། ཀུན་གཞིའི་ངེས་ཚིག་མེད་པ་དང་། །འཁོར་བ་ཐོག་མཐའ་ཡོད་པས་ཐལ། །དེ་ཡང་བག་ཆགས་ཕྱིས་བསགས་པས་འབྱུང་གི་དེའི་གོང་དུ་མེད་ན་བག་ཆགས་མེད་པའི་ཀུན་གཞི་སྟོང་པ་དེ་ལ་ཀུན་གཞིའི་ངེས་ཚིག་མེད་ལ། དང་པོ་སྟོང་པ་ལ་ཕྱིས་བག་ཆགས་བཞག་ནས་ཡོད་པ་དེ་ཀས། འཁོར་བའི་ཐོག་མ་ཡིན་པས་སོ། །གཉིས་པ་གཞན་གྱི་གནོད་པ་སྤངས་པ་ནི། གཞན་དག་ན་རེ་སྦྱངས་པའི་རྐྱེན་ལ་མི་ལྟོས་པར་རང་བཞིན་གྱིས་དབང་པོ་རྣོན་པོ་ཡོད་ན། ལམ་གྱི་རྐྱེན་ལ་མ་ལྟོས་པའི་རྒྱུད་དག་པའི་སངས་རྒྱས་ཡོད་པར་ཐལ། གནས་ལུགས་བཟང་ངན་དུ་ཐལ། རྟག་པ་ཡང་ཡོད་པར་འདོད་ཀྱིས། ཁོག་ཞེ་ན་ཉེས་སྐྱོན་དང་པོ་མེད་དེ། གཞི་ལ་དབང་པོ་རྣོན་པོར་གནས་པ་དེ་གསལ་བར་བྱེད་པའི་རྐྱེན་ལ་ལྟོས་པར་འདོད་ལ། དེ་བཞིན་དུ་རྐྱེན་ལ་ལྟོས་པའི་རྒྱུད་དག་ཡོད་པ་སྟེ། རྐྱེན་ལ་མ་ལྟོས་ན་རྒྱུ་མཚན་མི་མཚུངས་སོ། །འོ་ན་རྐྱེན་ལ་ལྟོས་ན་རང་བཞིན་དུ་འགལ་སྙམ་ན། སྦྱངས་པ་ལྟ་བུ་བསྐྱེད་བྱ་བསྐྱེད་བྱེད་ཀྱི་རྐྱེན་ལ་རག་མ་ལས་པའི་རང་བཞིན་ནོ། །ཉེས་པ་གཉིས་པ་ཡང་མེད་རྣོ་བཏུལ་དུ་སྣང་བ་ནི་ལམ་པའི་བློ་སྣང་ཡིན་གྱི། དངོས་པོའི་དོན་ལ་རྣོ་བཏུལ་མ་གྲུབ་པས་སོ། །གསུམ་པ་ཡང་མེད། རྟག་པ་ནི་དོན་བྱེད་ནུས་པས་སྟོང་ལ། རང་བཞིན་གྱི་དབང་པོ་རྣོན་པོ་རྟག་པ་མ་ཡིན་པས་མི་མཚུངས་སོ། །གསུམ་པ་མེད་ན་སྐྱོན་དུ་འགྱུར་བའི་རིགས་པ་བསྒྲུབ་པ་ནི། རང་བཞིན་དབང་པོ་རྣོན་པོ་མེད་ན་གོང་གི་ཡོད་པར་བཤད་པ་དང་འགལ་ལ། དགོངས་འགྲེལ་ལས་ཀྱང་། སེམས་ཅན་རྣམས་ལ་རང་བཞིན་གྱི་དབང་པོ་རྣོ་བཏུལ་ཡོད་པ་མ་ཡིན་ནོ་ཞེས་པས་ཡོད་པར་མངོན་ནོ། །སྦྱངས་པ་ཁོ་ན་གཙོ་ན་ལོ་ཀ་ཕལ་པའི་སེམས་བརྒྱད་མི་སྐྱེ་བར་ཐལ་ཏེ། སྔར་མ་སྦྱངས་པས་སེམས་བརྒྱད་སྐྱེ་བར་མི་འཐད་པས་སོ། །སེམས་བརྒྱད་སྔ་མ་ལས་སྐྱེའོ་ཞེ་ན། ཐོག་མ་མེད་པར་འགྱུར་རོ། །སྦྱངས་པ་མཉམ་པོ་ལ་རྣོ་བཏུལ་འོང་བར་མི་རིགས་ལ། གསང་སྔགས་ཀྱི་ངོ་བོ་ཉིད་ལྷུན་གྱིས་གྲུབ་པ་ལས་ཅིར་ཡང་མི་འགགས་པར་སྣང་བ་དང་འགལ་ཞིང་། གསང་སྔགས་ལས་དང་དུས་ལས་རགས་མ་ལུས་པར་བསྟན་པ་དང་འགལ་ལོ། །འོ་ན་རང་བཞིན་དང་སྦྱངས་པ་གཉིས་གང་གཙོ་ཞེ་ན། གཅིག་གཙོ་ལ་གཅིག་མི་གཙོ་ན་སྐྱོན་བས་གཉིས་ཆར་གཙོའོ། །འོ་ན་བློ་དེ་གཉིས་རང་རྒྱུད་གཅིག་གི་དབང་དུ་བཞག་གམ་ཐ་དད་ཀྱི་དབང་དུ་བཞག །དོན་རྟོག་ཟིན་པའི་གྲུབ་མཐའ་འམ་རྟོགས་པར་ནུས་པའི་ཕྲད་གཉིས་གང་ཡིན་ཞེ་ན། རྒྱུད་གཅིག་ལ་བློ་རིགས་གཉིས་མི་སྲིད་པས་རྒྱུད་ཐ་དད་ཀྱི་དབང་དུ་བཞག །རྟོགས་ཟིན་ནས་བློ་ལ་དགོས་པ་མེད་པས་རྟོགས་པར་ནུས་པའི་ཕྲད་གཉིས་མ་ཞོག་ཟེར་རོ། །གྲུབ་པར་གསུམ་ནི། ཆོས་ཉིད་རང་གི་རང་བཞིན་ལྷུན་གྱིས་གྲུབ་པ་དང་། དངོས་པོ་གྲུབ་དང་། ཆོས་ཅན་རང་གི་མཚན་ཉིད་ཀྱིས་གྲུབ་པའོ། །དང་པོ་ནི། དོན་དམ་ཆོས་ཀྱི་དབྱིངས་སྤྲོས་བྲལ་ཉིད་ལ་ཅིར་ཡང་འཆར་རུང་དང་། ངོ་བོ་ཉིད་ཀྱི་རྒྱུར་གནས་པའོ། །གཉིས་པ་ནི་ཀུན་རྫོབ་རིག་པའི་ཡེ་ཤེས་ཉིད་ཅིར་ཡང་མི་འགགས་པར་འཆར་བའོ། །གསུམ་པ་ནི། ཕྱི་རོལ་ཡུལ་ལ་ས་བོན་གཤགས་ལྕུགས་དང་ལྕགས་ལ་ངར་ཆེ་ཆུང་ཡོད་པ་ལྟར་ནང་ཤེས་པའང་རྣོ་རྟུལ་རང་བཞིན་གྱིས་གྲུབ་པའོ། །བློའི་རང་བཞིན་བདུན་དང་ལྡན་པའི་གང་ཟག་གི་ཉེར་ལེན་གྱི་རྒྱུ་ཡིན་ལ། རྒྱུ་དང་བསྟན་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་དེ། རྒྱུ་རྐྱེན་དེ་གཉིས་ཀ་ལ་ནུས་པ་ཆེ་ཆུང་ཡོད་པས། དེ་གཉིས་ནུས་པ་ཆུང་ན་མ་ངེས་པར་འཇུག་ལ། ཆེ་ན་འདི་ཉིད་དུ་འཇུག་འོ་ན་སྦྱངས་པ་ལ་འབྲེལ་བ་བཞི་མི་བརྩི་བ་རང་བཞིན་ལ་བཞི་བརྩི་བ་ནི་སྦྱངས་པ་ལ་སྦྱངས་པ་སྔོན་དུ་སོང་བའི་འབྲེལ་བ་བརྩི་མི་དགོས་ལ། རང་བཞིན་ལ་སྦྱངས་པ་སྔོན་དུ་སོང་བ་མེད་པས་འབྲེལ་བ་རྩིས་བའོ། །དམིགས་པའི་རྐྱེན་བསྟན་པ་ལ་གཉིས། །མཚོན་བྱ་དོན་གྱི་བསྟན་པ་དང་། །མཚོན་བྱེད་ཚིག་གི་བརྟན་པའོ། །འདིར་དང་པོའོ། །བདག་པོའི་རྐྱེན་ལ་གཉིས་སྟེ། །བརྡ་དོན་འགྲོལ་བའི་རྒྱུ་དང་། །ཡང་དག་དོན་གྱི་རྒྱུ་སྟེ། །རང་རིག་པའི་དགེ་བའི་བཤེས་གཉེན་ཏེ་བདེན་པ་རང་བྱུང་གི་དགོངས་སྟོན་པ་ཞེས་ཀྱང་བྱའོ། །སྣོད་ཤེས་བྱེད་ལ་ཁྱད་ཅི་ཡོད་ཞེ་ན། ཤེས་བྱེད་ནི་གོ་བར་བྱུང་བ་ཙམ་ཡིན་ལ་སྣོད་ནི་དེའི་སྟེང་དུ་རྟོགས་པ་འཛིན་ནུས་ནོགས་ཐུབ་པའོ། །རྒྱུ་རྐྱེན་ལ་གསུམ་དུ་ཡང་བྱེད་དེ་གཉིས་སུ་སྦྱར། གང་ཞེ་ན་སྦྱངས་པའི་སྣོད་དུ་གྱུར་པ་དང་། རང་བཞིན་གྱི་སྣོད་དུ་གྱུར་པའོ། །དེ་གཉིས་ཀ་ཉེར་ལེན་གྱི་རྒྱུ་མི་འདྲ་བ་ཙམ་ལས་ལྷན་ཅིག་བྱེད་པའི་རྐྱེན་ནི་གཉིས་ཆར་འདྲ་བས་གཅིག་ལས་མ་སྨྲོས་སོ། །དེ་ལྟར་ཚིག་ཤེས་ནི་རང་བཞིན་གྱི་སྣོད་དུ་འགྱུར་པ་ལ་བྱའོ། །རྟོགས་ཐབས་ཀྱི་དོན་གསུམ་པོ་འདི་ནི་ཁ་གཅིག་ན་རེ། དེ་དུས་གཏན་ལ་ཕབ་སྟེ་དོན་གྱི་དམིགས་བཟུང་བ་དང་། གོལ་སྒྲིབ་ཀྱི་གདར་ཤ་བཅད་དེ་དོན་གྱི་དམིགས་བཟུང་བ་དང་། རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་བཟུང་བ་དང་། གསུམ་རིམ་པ་ལྟར་སྦྱར་རོ། །དེས་ན་འདི་གསུམ་ལ་ལྟ་བའི་དམིགས་བཟུང་རེ་རེ་ཡོད་ཀྱང་ལྟ་བས་ཕབ་མེད་དོ། །གཏན་ཚིགས་ཀྱིས་ཡོངས་སུ་བརྟག་པར་བྱའི་གཞལ་གཞི་ཆོས་ཅན་གང་ལ་བརྟག་སྟེ་རྟོགས་པར་བྱ་སྙམ་ན། འཁོར་འདས་ཀྱི་དངོས་པོ་གཉིས་ལ་གཞལ་ཏེ། ཨིན་ཏྲ་བོ་དྷི་སངས་རྒྱས་གསང་། །སྒེགས་རྡོར་དྲི་མེད་བཤེས་གཉེན་བཞི། །དགོངས་པ་མཐུན་པས་གཉིས་ལ་གཞལ། །དོན་འདི་ལ་གསུམ་ལས། དོགས་པ་དང་དེ་བསལ་བའོ། །དང་པོ་ནི། སྤྱིར་འཁོར་འདས་གཉིས་ལ་འཇལ་ན། སྤྱི་གང་ཡིན་པ་བྱེ་བྲག་གི་མཐར་ཐུག་པས་བྱེ་བྲག་འདས་པ་ལ་འཇལ་ལམ་འཁོར་བ་ལ་འཇལ། དང་པོ་ལྟར་ན་མྱ་ངན་ལས་འདས་པ་ལས་དང་པོ་བའི་སྤྱོད་ཡུལ་དུ་མ་གྱུར་བས་རྟག་པར་མི་རིགས་ཏེ། གལ་ཏེ་འཇལ་ན་འདས་པའི་སྣང་བ་རང་གི་མཚན་ཉིད་ལ་འཇལ་ལམ། ཞེན་པ་སྤྱིའི་མཚན་ཉིད་ལ་འཇལ། ཞེས་བརྟག །དང་པོ་ལྟར་ན་དོན་དེ་ལ་ལས་དང་པོ་པའི་བློའི་སྤྱོད་ཡུལ་དུ་མ་གྱུར་ཅིང་ལྐོག་ཏུ་གྱུར་པས་གཞལ་དུ་མི་བཏུབ་བོ། །གཉིས་པ་ལྟར་ན་རང་གི་སེམས་ལས་འདས་པར་འཛིན་པའི་ཞེན་བློ་ལ་འཇལ་ལོ་སྙམ་ན། ཞེན་པ་འཁོར་བའི་ཆོས་ཡིན་པས། དེ་བཙལ་བས་འདས་པ་འཇལ་བར་མི་འགྱུར་རོ། །དེ་ལྟར་ན་འདས་པ་གཞལ་བྱར་བཤད་པ་དང་འགལ་ཞིང་། འདས་པའི་དེ་ཁོ་ན་ཉིད་མི་ཤེས་པར་འགྱུར་རོ་ཞེ་ན། དེ་ནི་འཁོར་བ་ལ་བཙལ་བས་འཁོར་བ་མ་གྲུབ་པར་ཤེས་པའི་ཚེ་འདས་པ་ཡང་ཟླས་མ་གྲུབ་པར་ཤེས་པར་འགྱུར་བའི་ཕྱིར། དེའི་ཉེས་པ་མེད་དོ། །གཉིས་པ་འཁོར་བ་ལ་འཇལ་ན་ཡང་སྣང་བ་དང་བརྟགས་པ་གང་ལ་མཇལ་བརྟག །དང་པོ་ལྟར་ན་འཁོར་བའི་སྣང་བ་རང་གི་མཚན་ཉིད་ནི་རྒྱུའི་ཐེག་པ་ལྟར་ན་རྒྱུ་རྐྱེན་གཞན་ལས་བསྐྱེད་པའི་སྐད་ཅིག་མའི་རྒྱུན་འཕགས་པའི་སྤྱོད་ཡུལ་ཡིན་པས་ལས་དང་པོ་བའི་སྤྱོད་ཡུལ་མ་ཡིན་ཏེ་སྣང་ལ་མ་ངེས་པའོ། །སྔགས་ཀྱི་ཐེག་པ་ལྟར་ན། ངོ་བོ་རིག་པ་རང་སྣང་བ་ཡིན་པས་གཞལ་བྱར་མི་རིགས་ཏེ། གལ་ཏེ་འཇལ་ན་དེ་མཐོང་ནས་འཇལ་ལམ། མ་མཐོང་བ་མཇལ་བརྟག །མཐོང་ན་དེ་ཉིད་རྟོག་པའི་གྲུབ་མཐའ་ཡིན་པས་གཞལ་མི་དགོས་ལ། མ་མཐོང་ན་གཞལ་དུ་མི་གཏུབས་སྟེ། །སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་རོ། །དེ་ལྟར་ཡང་། གཞན་དབང་ཡེ་ཤེས་སྣང་གཉིས་ལ། །མི་འགོག་ཡུལ་ལ་མི་དཔྱོད་ཕྱིར། །འདོད་གྱིན་རྟག་པར་མི་མཛད་དེ། །ཞེས་སོ། །གཉིས་པ་ཞེན་པ་སྤྱི་ཡི་མཚན་ཉིད་ལ་མཇལ་ན། བརྟགས་པའི་ཡུལ་ལ་འཇལ་ལམ། རྟོག་མཁན་གྱི་བློ་ལ་འཇལ་བརྟག །དང་པོ་ལྟར་ན་ཡུལ་སྒྲོ་བཏགས་འཇལ་བས་བློ་ཚད་མར་མི་འགྱུར་ཏེ་ཐོ་ལ་མིར་འཛིན་པ་ལྟར་རོ། །གཉིས་པ་ལྟར་རྟོག་མཁན་གྱི་ཤེས་པ་སྐད་ཅིག་མ་ཡིན་པས། འདས་པ་མ་འོངས་པ་ད་ལྟར་བ་གསུམ་གང་ལ་མཇལ་བརྟག །འདས་པ་འགག་སྟེ་ཞིག་ནས་མེད་པའི་ཕྱིར་དང་། མ་འོངས་པ་ད་རུང་མ་སྐྱེས་ན་མེད་པའི་ཕྱིར་དེ་གཉིས་ལ་བཞག་དུ་མི་གཏུབ་བོ། །ད་ལྟ་བ་ལ་འཇལ་ལོ་སྙམ་ན་ད་ལྟར་བ་རང་བཞིན་ཅིག་དུ་མི་གནས་ཏེ་མི་བརྟན་པས་ཡིན་སོ་སོར་རྟོག་པའི་ཤེས་རབ་གནས་འགྱུར་ཙམ་ན། ཞེན་པ་འགག་པས་ཡུལ་མེད་པའི་ཕྱིར་ཞེན་པ་ད་ལྟར་བ་མེད་པའི་དང་། ཡང་ཞེན་པ་ད་ལྟ་བ་དེ་ཉིད་གཞལ་བྱའི་གཏན་ཚིགས་མེད། ཆེད་དུ་བྱས་ན་གཞལ་དུ་མེད། །གཉིས་ཆར་དུས་ཅིག་ལ་ཡོད་དོ་སྙམ་ན་འགྲོ་ལ་ཤེས་རྒྱུད་གཉིས་འཆང་བའི་ཉེས་པ་ཡོད་དོ་སྙམ་པའི་དོགས་པའོ། །དོན་འདི་ཡང་ཁ་ཅིག་ན་རེ་ཞེན་པ་ད་ལྟ་བ་དེ་ཉིད་རང་ལ་མ་མཇལ་བར་འདོད་དེ། དེ་ལྟར་ན་སྔར་བརྗོད་པའི་ཉེས་པ་གཉིས་པོ་ཇི་ལྟར་སེལ་ཞེ་ན། ཡིད་སོ་སོར་རྟོག་པའི་ཤེས་རབ་གནས་འགྱུར་ཀྱང་ཞེན་པ་རྩ་བ་ནས་དག་པར་བྱེད་པའི་གཉེན་པོ་ལྟ་བ་རང་གི་མཚན་ཉིད་རྒྱུད་ལ་མ་སྐྱེས་པས་ཞེན་པ་མ་འགགས་པའི་ཕྱིར་ཞེན་ཡུལ་ཡོད་ལ། གཞི་དེ་ཉིད་དུ་སེམས་རྒྱུད་གཉིས་འཆང་བར་ཡང་མི་འགྱུར་ཏེ། གཞལ་བྱ་ཞེན་པའི་སྣང་བ་ཉམ་མྱོང་དུ་དངོས་སུ་གྲུབ་ལ། དེ་ཉིད་དུ་རང་རིག་ཚད་མ་གཞལ་བྱ་དེ་ཉིད་ཀྱི་རང་བཞིན་གོ་བར་ནུས་པ་རྒྱུད་ལ་བསྟན་དུ་ཡོད་པས། དེ་ཉིད་རྐྱེན་བླ་མའི་ལུང་མན་ངག་དང་འཕྲད་པའི་ཚེ་ཞེན་ལ་རང་གྲོལ་དུ་འགྱུར་ཏེ། །དཔེར་ན་བུམ་པའི་གཟུགས་གྲུབ་ན་ས་ཉིད་ན་འཇིག་པ་རྒྱུད་ལ་ལྡན་དུ་ཡོད་པས། །རྐྱེན་ཐོ་བ་དང་འཕྲད་པའི་ཚེ་གྱོ་མོག་ཏུ་འགྱུར་བ་ལྟར་རོ། །ཞེས་བཞེད་པ་ཡང་འཐད་པ་མ་ཡིན་ཏེ། གཞལ་བྱའི་བྱེ་བྲག་འཁོར་བ་སྤྱིའི་མཚན་ཉིད་ཀྱི་ཞེན་པ་ཁོ་ན་ལ་འཇལ་ན། སྤྱིར་འཁོར་འདས་གཉིས་ཀ་གཞལ་བྱར་བཤད་པ་དང་འགལ་བའི་ཕྱིར་རོ། །འོ་ན་ཇི་ལྟ་བུ་ཞེ་ན། འཁོར་འདས་ཀྱི་སྣང་བ་རང་གི་མཚན་ཉིད་ལ་མི་འཇལ་ཀྱང་འཁོར་འདས་ཀྱི་ཞེན་པའི་སྣང་བ་ལ་འཇལ་ལོ། །ཞེན་པའི་སྣང་བ་གང་ཡིན་ཞེ་ན། ཁ་གཅིག་ན་རེ་ཞེན་ཕྱི་རོལ་དུ་ཞེན་ཀྱང་ཀུན་གཞི་རང་སྣང་ཡིན་པ་ཞེན་པའི་སྣང་བ་སྟེ། ཞེན་པ་དང་སྣང་བ་རྐྱང་པ་ལ་མི་འཇལ་གྱི་ཞེན་སྣང་སྦྲག་མ་ལ་འཇལ་ལོ་ཞེས་ཀྱང་གསུང་ངོ་། །ཁོ་བོ་སྣ་ནམ་ནི་ཞེན་པའི་དོན་སྣང་བ་ལ་ཞེན་སྣང་དུ་འཐད་དོ། །དེ་ཡང་ཆོས་ཐམས་ཅད་སེམས་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་མེད་ལ། སེམས་ཉིད་ཆོས་ཅན་ཐམས་ཅད་དུ་རང་སྣང་བ་ལ་འཁྲུལ་པའི་བློས་འཁོར་འདས་སེམས་ལས་ཐ་དད་པའི་ཕྱི་རོལ་གྱི་དོན་དུ་ཞེན་པ་བརྟགས་པའི་ཞེན་པའི་ངོ་ན་སྣང་བས་ཞེན་པའི་སྣང་བས་སྟེ་ཀུན་བརྟགས་སོ། །འོ་ན་ཡུལ་སྒྲོ་བཏགས་ལ་འཇལ་བས་དེ་འཇལ་བའི་བློ་དེ་ཚད་མ་ཡིན་ནམ་ཞེ་ན། གཟུང་ཡུལ་སྒྲོ་བཏགས་སྣང་བས་འཁྲུལ་བ་ལྟར་སྣང་ཡང་། འཇུག་ཡུལ་སྒྲོགས་འདོགས་གཅོད་པའི་ཆ་ནས་བློ་ཚད་མར་མི་འགལ་ལོ། །འོ་ན་ཆོས་ཅན་སྣང་བའི་ཞེན་པ་ལ་བརྟེན་ནས་ཆོས་ཉིད་ཀུན་གཞི་རང་སྣང་དུ་རྟོགས་སུ་བཏུབ་བམ་སྙམ་ན། བཏུབ་སྟེ་ཆོས་དང་ཆོས་ཅན་ངོ་བོ་དབྱེར་མེད་ཡིན་པའི་ཕྱིར་རོ། །དཔེར་ན་རྒྱལ་པོ་ཉིད་ངོ་བོ་མ་ཤེས་པ་ལ་ཁོལ་པོར་སྣང་བས་སྣང་ཚུལ་ཁོལ་པོ་ལ་བརྟེན་ནས་ཡིན་ཚུལ་རྒྱལ་པོ་རྟོགས་པ་ལྟ་བུའོ། །འོ་ན་ཆོས་ཅན་ཞེན་པའི་སྣང་བ་བསམ་གྱིས་མི་ཁྱབ་པའི་ཕྱིར་གཞལ་གྱིས་མི་ལང་བའི་ཉེས་པར་འགྱུར་སྙམ་ན། ཆོས་ཅན་ཞེན་པའི་སྣང་ཚུལ་ཐ་དད་ཀུན་ཀྱང་། ཆོས་ཉིད་རང་སྣང་ལ་རང་བཞིན་ཐ་དད་མེད་པ་ཞེན་པའི་སྣང་བའི་སྐད་ཅིག་མ་གཅིག་གི་ཆོས་ཉིད་ལ་ཞེན་པའི་སྣང་བ་སྐད་ཅིག་མ་ཀུན་གྱི་ཆོས་ཉིད་རྫོགས་པའི་ཕྱིར་རོ། །ཞེན་པའི་སྣང་བའི་སྐད་ཅིག་མ་གཅིག་གི་རང་བཞིན་ཆོས་ཉིད་རྟོགས་པ་ན། དེ་ལྟར་ཞེན་པའི་སྣང་བ་ཀུན་གྱིས་ཆོས་ཉིད་རྟོགས་པར་འགྱུར་ཏེ། དཔེར་ན་འཁྱག་པ་གཅིག་ཆུ་རུ་གོ་རྩམ་ན་དེའི་རིགས་ཅན་གྱི་འཁྱག་པ་ཀུན་ཆུར་ཤེས་པ་ལྟར་རོ། །དེ་ལྟར་ཡང་། དུས་གསུམ་འཁོར་འདས་ཞེན་བག་ཆགས། །སྐད་ཅིག་གཅིག་ལ་ཀུན་རྫོགས་ཕྱིར། །དེ་ཤེས་འགྲོ་བ་རྣམས་ཀུན་མཁྱེན། །ད་ལྟར་གཟུགས་འཛིན་མ་གྲུབ་ཕྱིར། །འདས་དང་མ་འོངས་དེ་དང་འདྲ། །ཞེས་པ་དང་། ཡང་ཆོས་ཉིད་གཅིག་གི་དེ་བཞིན་ཉིད་ཤེས་ན་བརྟགས་པ་ཐམས་ཅད་ངང་གིས་ཤེས་པར་འགྱུར་ཏེ་ཞེས་འབྱུང་ངོ་། །དེ་ལྟར་ཞེན་པའི་སྣང་བ་ལ་འཇལ་ན། ཞེན་པ་བརྟགས་པའི་ཞེན་ཡུལ་ཀུན་བརྟགས་དངོས་མེད་དེ་ལ་འཇལ་ལམ། རྟོག་མཁན་གྱི་བློ་རང་ལ་འཇལ་བརྟགས། དང་པོ་ལྟར་ན་ཞེན་ཡུལ་ཀུན་བརྟགས་ཡུལ་དུ་བྱེད་པའི་གཞི་བྱེད་ཀྱི་ཡིད་ཀུན་བརྟགས་ཀྱི་ཤེས་པ་དེ་ལྷན་ཅིག་བྱེད་པའི་རྐྱེན་བླ་མའི་ལུང་མན་ངག་དང་འཕྲད་པའི་ཚེ། ཞེན་བྱེད་ཀྱི་ཡིད་དེ་ཤེས་རབ་གསུམ་གྱི་བར་མ་བསམ་བྱུང་ཤེས་རབ་བམ། གཞི་དང་གཏན་ཚིགས་གྲུབ་པའི་དོན་གསུམ་གྱིས་བར་མ་གཏན་ཚིགས་སུ་གནས་པར་འགྱུར་ལ། དཔེར་ན་ལུས་མེད་ན་གྲིབ་མ་མི་འབྱུང་བ་ལྟར། ཞེན་བྱེད་ཀྱི་ཡིད་མེད་ན་ཞེན་པས་བཏགས་པའི་སྒྲ་དོན་སྤྱིར་སྣང་གི་ཡུལ་མེད་པས་གཞལ་དུ་མི་བཏུབ་བོ། །གཉིས་པ་ལྟར་ན། ཞེན་བྱེད་ཀྱི་ཡིད་ཁོ་རང་ཉིད་ཀྱིས་གཞལ་དུ་མི་བཏུབ་སྟེ། དཔེར་ན་རལ་གྲི་རང་གི་རང་མི་ཆོད་པའམ། མཛུབ་མོའི་རྩེ་མོ་དེ་ཉིད་ཀྱི་དེ་ཉིད་ལ་རེག་པར་མི་ནུས་པ་བཞིན་ནོ། །དེ་ལྟར་ཡང་རལ་གྲི་རང་གི་སོ། ཇི་ལྟར་མཛུབ་མོ་རང་གི་རྩེ། །མི་ཆོད་པ་དང་མི་འབུགས་པ། །དེ་ནི་སེམས་ཀྱིས་སེམས་མི་མཐོང་། །ཞེས་འབྱུང་བས་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་གཞལ་དུ་མི་བཏུབ་པར་དགོས་པ་ལ། དེ་བསལ་བ་ནི། འདིར་རྟོགས་མཁན་གྱི་བློ་ལ་མི་འཇལ་གྱི་རྟགས་པའི་ཡུལ་ལ་འཇལ་ལོ། །སྔར་བརྗོད་པའི་ཉེས་པ་མེད་དེ། འདི་ལྟར་ཞེན་བྱེད་ཀྱི་ཡིད་སོ་སོར་རྟོགས་པའི་ཤེས་རབ་གནས་འགྱུར། ཞེན་པ་མ་དག་པར་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། ཞེན་པ་རྩ་བ་ནས་དག་པར་བྱེད་པའི་གཉེན་པོ་ལྟ་བ་རང་གི་མཚན་ཉིད་རྒྱུད་ལ་སྐྱེས་པ་མེད་པས་སྤང་བྱ་ཞེན་པ་མ་དག་པར་ཡོད་ཅིང་། ཞེན་པ་དེའི་དངོས་དོན་སྣང་བའི་སྣང་ཡུལ་དེ་བསམ་བྱུང་གིས་ཤེས་སམ། ཆེད་དུ་ཡུལ་ལམ་རྟེན་དུ་གྱུར་པས་བརྟགས་གཞི་ཞེས་མིང་དོན་འཐད་དོ། །དཔེར་ན་རྒྱང་རིང་པོའི་ཐོ་ལ་འཁྲུལ་བ་དག་གིས་མི་ཁོ་ནར་རྟོག་པ་དང་། མཁས་པ་དག་གིས་དེ་ནི་མི་མ་ཡིན་ནོ་ཞེས་བསྟན་པ་ལ་བརྟེན་ནས་འཁྲུལ་པ་དེའི་བློ་ལ་མིར་འཛིན་གྱི་སྒྲོ་འདོགས་རྩ་བ་ནས་མ་ཆོད་པས་ད་རུང་མིར་སྣང་བ་མ་འགགས་པ་སྟེ། མི་འམ་ཐོ་གང་ཡིན་སྙམ་དུ་སོ་སོར་རྟོག་པ་ལྟར་རོ། །དེས་ན་འདིར་གཏན་ལ་འབེབས་པ་མ་ཡིན་གྱི། གཏན་ལ་འབེབས་པའི་དུས་ཡིན་པས་ཞེན་པ་མ་ཡིན་པའི་ཕྱིར་སྔར་གྱི་ཉེས་པ་དང་བྲལ་ལོ། །ཁ་གཅིག་ན་རེ་ཞེན་པ་རྩ་བ་ནས་སྤོངས་བའི་གཉེན་པོ་བསྒོམ་བྱུང་གི་ཤེས་རབ་ལ་བཞེད་དེ། འདི་ལྟར་ལྟ་བ་རྟོགས་པ་ཙམ་ཡོད་ཀྱང་ཐོག་མ་མེད་པ་ནས་གཉིས་སུ་ཞེན་པ་གོམས་པས་དེའི་གཉེན་པོར་བསྒོམ་བྱུང་གི་ཤེས་རབ་མེད་པས་ཞེན་པ་མ་དག་སྟེ། དཔེར་ན་བཙོན་ལྕགས་སྒྲོགས་ཁྲོལ་ཡང་སྔོན་གོམས་པའི་མཐུས་བཅིངས་པ་སྙམ་བྱེད་པ་ལྟར་རོ། །དེ་ཡང་། འཛིན་སེམས་དག་གིས་ལྕགས་དཀྲོལ་ཡང་། །གོམས་པའི་དབང་གི་བཅིངས་དང་འདྲ། །ཞེས་བཤད་པའི་ཕྱིར་རོ། །ཞེས་པའང་མི་འཐད་དེ་ད་ལྟར་ལྟ་བ་ཡང་རྒྱུད་ལ་མ་སྐྱེས་པར་བསྒོམ་པའི་ཤེས་རབ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལྟ་བ་གཏན་ལ་འབེབས་པའི་དུས་ཡིན་པའི་ཕྱིར་རོ། །གཞལ་བྱ་གཏན་ལ་དབབ་པའོ། །གཉིས་པ་གཏན་ལ་འབེབས་པའི་ཆེད་དུ་ནི། གསུམ་པ་སྟེ། དངོས་ལྔའི་དང་། ཚུལ་ལྔའི་དང་། ཚིག་ལྔའི་འོ། །དང་པོ་ནི་སྔོན་བྱུང་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་སྐུ་ལྔས་རང་རང་གིས་འདུལ་བའི་འཁོར་ལྔ་ལ། གསུང་ལྔས་ཆོས་དངོས་སུ་བསྟན་པས་འཁོར་གྱི་སེམས་གྱི་དེ་ཁོ་ན་ཉིད་གཏན་ལ་འབེབས་ཅིང་དོན་གོ་བར་བྱེད་པ་སྟེ། སྔོན་བྱུང་དུ་ལྷན་ཅིག་པའི་འཁོར་གྱིས་དོན་གོ་བྱེད་ཀྱི་ཆེད་དུའོ། །འོ་ན་ལྷན་ཅིག་པའི་འཁོར་ལ་གཞལ་བྱ་ཞེན་པའི་སྣང་བ་ཡོད་ན་ལས་དང་པོ་ས་པའི་སོ་སོ་སྐྱེ་བོ་དང་ཁྱད་པར་མེད་པར་འགྱུར་ལ། བསྟན་པ་དེ་ཉིད་གཏན་ཚིགས་ཀུན་ཁྱབ་གསུམ་ལས་ལུང་གི་ཆེད་དུ་ཡིན་པས་རྗེས་འཇུག་གིར་ཡང་ཆ་དེ་རྩམ་ནས་བཞག་པའི་དང་པོ་ལྟར་ན་ལྷན་གཅིག་པའི་འཁོར་ལོ་ཁོ་ནའི་ཆེད་དུའོ། །གཉིས་པ་ཚུལ་ལྔ་ནི། ཡང་ལྷན་ཅིག་པའི་འཁོར་སྤྱོད་ཡུལ་ཡིན་ཡང་རྗེས་འཇུག་དབང་པོ་ཡང་རབས་ཀྱིས་སྔོན་བྱུང་དང་ཚུལ་མཐུན་པར་གོ་བའོ། །དེ་ལ་དྲུག་ལས། ཆོས་ཀྱི་སྐུའི་སྐྱེ་མེད་དོན་གྱི་གསུང་གི་ཚུལ་ལོ། །བརྡ་དང་ཏིང་ངེ་འཛིན་ལ་བརྟེན་ནས་རྟོགས་པ་ནི་ལོངས་སྐུའི་བརྡ་དང་དགོངས་པའི་གསུང་གི་ཚུལ་ལོ། །ཡེ་ཤེས་རང་གསལ་དུ་གཞི་ལ་གནས་པའི་བྱིན་གྱི་རླབས་ཀྱིས་གོ་བ་ནི་མངོན་པར་བྱང་ཆུབ་པའི་རིག་པའི་བྱིན་རླབས་ཀྱིས་གསུང་ངོ་། །དབྱེར་མེད་དུ་གོ་བ་ནི་རྡོ་རྗེའི་སྐུའི་གསུང་གི་ཚུལ་ལོ། །ཚིག་ཏུ་བརྗོད་པས་དོན་གོ་བ་ནི་སྤྲུལ་པའི་སྐུའི་ཚིག་གི་གསུང་རྟོགས་ཚུལ་ཏེ། དྲུག་གི་དང་པོ་ནི། ཆོས་སྐུའི་དོན་གྱི་གསུང་གི་ཚུལ་དུ་བསྡུ་གསུང་ན་ཁོ་བོ་ནི་བརྡའི་གསུང་དུ་འཐད་དོ། །རང་བཞིན་གྱི་བརྡ་ཡིན་པའི་ཕྱིར་རོ། །གསུམ་པ་ཚིག་ལྔ་ནི། བློ་ཆུང་བ་ལ་ཚིག་ཏུ་བརྗོད་པ་དོན་མཚོན་པའོ། །དེ་ཡང་བདུན་ཏེ། རྒྱུད་སྡེ་དག་ལས་སྣང་བ་འདི་ཉིད་ཀྱིས་དོན་མཚོན་པར་སྟོན་པ་དང་། སྐྱེ་མེད་དུ། བརྡ་དགོངས་དུ། ཡེ་ཤེས་རང་གསལ་དུ། དབྱེར་མེད་དུ། བཀྲི་དྲང་དུ། ཐབས་ལམ་དུ་བསྟན་པ་དག་སྟེ། རིམ་པ་ལྟར་སྐུ་བདུན་གྱི་གསུང་མཚོན་པའི་ཚིག་གོ །དེ་ལས་ལྔར་བསྡུ་བ་ནི། ངོ་བོ་གསུང་གི་ཚུང་ལྔར་བརྗོད་ལ། ཐ་མ་གསང་བའི་སྐུའི་འདོད་པ་རང་རྐྱེན་གྱི་ཚིག་ནི་སྤྲུལ་སྐུའི་ཚིག་གི་ཚུལ་མཚན་པར་བསྡུ་གསུང་སྟེ། རེག་པ་ལུས་ཀྱི་བརྡའ་ཡིན་པས་བརྡ་ཡི་གསུང་དུ་བསྡུ་བར་འཐད་དམ་བསམ་དེ་ལྟར་ཚིག་ལྔ་སོ་སོར་བཤད་པ་དེ་ཡང་མདོར་བསྡུ་ན་གཉིས་ཏེ། དོན་གྱི་གསུང་མཚོན་པའི་ཚིག་ལ་སོགས་པ་བཞིའི་རྗེས་སུ་ཞུགས་ཏེ་དཔྱད་དུ་མེད་པའི་ཚུལ་གྱིས་དོན་མཐོང་བར་བྱེད་པའི་ཤེས་རབ་དབང་པོ་རྣོན་པོ་སྟེ་རང་བཞིན་གྱི་སྣོད་དུ་གྱུར་པ་དང་། རྗོད་པའི་ཚིག་གི་རྗེས་སུ་བཞག་ཏེ་དཔྱད་དུ་ཡོད་པའི་ཚུལ་གྱིས་ཆོས་ཉིད་ཀྱི་དོན་མཐོང་བར་བྱེད་པ་ཤེས་རབ་དབང་པོ་རྟུལ་པོ་སྟེ་སྦྱངས་པའི་སྣོད་དུ་གྱུར་པ་དང་། གོ་བྱེད་ཀྱི་ཆེད་དུ་མཐུན་པར་སྦྱར་བའོ། །དང་པོའི་དོན་ནི་སེམས་ཅན་ཐམས་ཅད་ཆོས་ཉིད་དུ་གཅིག་པས་དཔྱད་བྱ་དང་སྤྱོད་བྱེད་མ་གྲུབ་པའི་ཚིག་ཏུ་བརྗོད་པ་དང་བྲལ་ལ་རྟོག་དཔྱོད་བྱས་ན་འཆིང་བས། དོན་ཇི་ལྟ་བར་མཚོན་པའི་ཚིག་གིས་མཚོན་བྱའི་དོན་རྟོག་དཔྱོད་མ་བྱས་པར་འཆིང་གྲོལ་བར་གོ་བས་ཞེ་འདོད་དང་བྲལ་བའོ། །རྒྱལ་པོ་སྲས་པོ་དགེ་བསྙེན་ལི་ཙ་བི་དྲི་མ་མེད་པར་གྲགས་པས་བསྙུན་ཚུལ་བསྟན་པ་ལས། ཤ་རིའི་བུ་ལ་སོགས་པ་ཀུན་དྲི་བར་མ་སྤོབས་པ་ལས། འཇམ་དཔལ་གྱིས་ལི་ཙ་བིར་བསྙུང་ངམ་དྲིས་པས། ང་ན་གསུང་ཅིས་བསྙུང་དུས་ནམ་ནས་བསྙུང་། ནམ་གྲག་པ་ལགས་གསུམ་པོ་ཞུས་པས། རིམ་པ་ལྟར་དུ། ང་ཉོན་མོངས་པ་དུག་གསུམ་གྱིས་ན། །འཁོར་བ་ཐོག་མ་མེད་པ་ནས་ན། ད་སྙིང་པོ་བྱང་ཆུབ་ལ་ཐུག་ཙམ་ན་གྲགས་ཏེ་འོང་གསུང་ངོ་། །སྙིང་པོ་བྱང་ཆུབ་ཀྱི་དོན་ཇི་ལྟ་བུ་དྲིས་པས། རྒྱལ་བའི་སྲས་པོ་ལི་ཙ་བྱི་སྤྱན་བཙུམས་ནས་ཅི་ཡང་མི་གསུང་བར་བཞུགས་པས་འཇམ་དཔལ་གྱིས་དོན་སྨྲ་བརྗོད་དང་བྲལ་བར་གོ་ནས་མ་གསུངས་པ་ཉིད་རྒྱ་ཆེར་བཤད་པའོ། །དེ་ལ་བརྗོད་དུ་མེད་པས་བཤད་དུ་མེད་ལ་ཐོས་སུ་མེད་པས་ཉན་པའང་མེད། མཆོག་ཏུ་གསང་བའི་ཆོས་ཉིད། རྣམ་གྲངས་གཉིས་པ་ལ་གཉིས་ལས། ཚིག་དོན་མི་མཐུན་པར་སྒྲ་ཇི་བཞིན་པ་མ་ཡིན་ཏེ་ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱར་བ་སྟེ། ཆུ་རླུང་མེ་མེད་ཀྱིས་ལ་མེ་ལྡན་དུ་མཚོན་པ་ལྟར། དོན་ཆོས་ཉིད་ཅི་ཡང་མ་གྲུབ་སྟེ། རང་རྒྱུད་པའི་མཐའ་ཐམས་ཅད་དང་ངང་གིས་བྲལ་བས་ཆོས་ཅན་འཁོར་འདས་ཅིར་ཡང་མ་འགགས་པར་སྣང་བ་སྟེ། སྣང་རུང་དུ་གང་ཡང་མ་སྤངས་པའོ། །ཆོས་ཉིད་ཕྱོགས་གཅིག་དུ་གྲུབ་ན་ཕྱོགས་ཐམས་ཅད་དུ་འཆར་དུ་མི་བཏུབ་ལ། ཅིར་ཡང་མ་གྲུབ་པས་ཅིར་ཡང་འཆར་བ་ཁོ་ན་སྟེ། དཔེར་ན་འབྱུང་ཆེན་སྲོལ་གྱི་ནམ་མཁའ་དབྱིབས་དང་ཁ་དོག་ཕྱོགས་ཅིག་པས་ཐམས་ཅད་དང་བྲལ་བས་རྐྱེན་གྱིས་དབྱིབས་དང་ཁ་དོག་ཐམས་ཅད་དུ་སྣང་བ་ལྟར་རོ། །འོ་ན་ཚིག་མི་མཐུན་པ་ཞེས་བྱ་བ་དེ་ཚིག་དང་དོན་ཕྱོགས་ཐམས་ཅད་ནས་མཐུན་པས་ཚིག་དོན་མི་མཐུན་པར་འགྱུར་རམ། འོན་ཏེ་ཕྱོགས་དག་གིས་མི་མཐུན་པས་ཚིག་དོན་མི་མཐུན་པར་འགྱུར་ཞེས་བཏགས། དང་པོ་ལྟར་ན་མི་འཐད་དེ། ཚིག་གིས་མཚོན་ནས་དོན་གྱི་ཕྱོགས་རེ་གོ་རུ་བཏུབ་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཚིག་མཐའ་ཅན་དང་དོན་མཐའ་བྲལ་ཡིན་པས་ཚིག་གི་དོན་ཇི་ལྟར་བཞིན་གཏན་ལ་མི་ཕེབས་པས། དོན་གྱི་ཕྱོགས་རེ་མཚོན་འདུག་པས་ཚིག་དོན་མཐུན་པའི་གཏན་ཚིགས་ཡང་ཚིག་དོན་མི་མཐུན་པའི་གཏན་ཚིགས་སུ་འགྱུར་རོ། །ཚིག་གི་དོན་མཐུན་པའི་ཧེ་དུ་ཡང་ཚིག་དང་དོན་ཕྱོགས་ཐམས་ཅད་ནས་མཐུན་པས་མཐུན་པར་འགྱུར་རོ། །འོན་ཏེ་ཕྱོགས་གཅིག་གིས་མཐུན་པས་ཚིག་དོན་མཐུན་པར་འགྱུར། ཞེས་བརྟགས། དང་པོ་ལྟར་ན་ཚིག་མཐའ་ཅན་དང་དོན་མཐའ་བྲལ་ཡིན་པས། ཚིག་གི་དོན་ཇི་ལྟ་བ་བཞིན་གཏན་ལ་མི་ཕེབས་པས་ཕྱོགས་ཐམས་ཅད་ནས་མཐུན་པ་མི་སྲིད་དོ། །གཉིས་པ་ལྟར་ན་ཚིག་གིས་དོན་གྱི་ཕྱོགས་རེ་མཚོན་དུ་བཏུབ་པས་ཚིག་དོན་མི་མཐུན་པའི་ཧེ་དུ་ཡང་ཚིག་དོན་མཐུན་པར་འགྱུར་སྙམ་ན། དེའི་ལན་ནི་ཚིག་དང་དོན་ཕྱོགས་ཐམས་ཅད་ནས་མཐུན་པ་དང་། མི་མཐུན་པར་མི་བརྗོད་ཀྱི། འོན་ཀྱང་གཏན་ཚིགས་སུ་བཀོད་པའི་ཚིག་དེ་དང་སྒྲུབ་བྱའི་དོན་གྱི་གནས་མི་མཐུན་པ་ནི་ཚིག་དོན་མི་མཐུན་པ་ཡིན་ལ། དེ་གཉིས་མཐུན་པ་ནི་ཚིག་དོན་མཐུན་པའོ་ཞེས་བཞེད་དོ། །གཉིས་པ་ཚིག་དོན་མཐུན་པ་ནི། ཧེ་དུའི་མདོ་ཀུན་ཁྱབ་གསུམ་དུ་འདུ་ཞིང་། དབྱེ་ན་ཚད་མ་གསུམ་གཞུང་དང་སྒྲ་མཐུན་དོན་སྤགས་གཉིས་སུ་དབྱེའོ། །དང་པོ་ནི་རྒྱལ་བས་གསུངས་པའི་ལུང་དང་བླ་མ་བརྒྱུད་པའི་མན་ངག་དང་། དེ་གཉིས་ལ་བརྟེན་པའི་རང་རིག་པའི་ཚད་མའོ། །དེ་གསུམ་རེ་རེ་ལའང་ལྔ་ལྔ་སྟེ། ངོ་བོ་ངེས་ཚིག་དགོས་ཆེད། རྣམ་གྲངས་བདེན་པ་སྒྲུབ་བྱེད་དོ། །དང་པོ་ལུང་གི་ངོ་བོ་ནི། ལ་ལ་དག་སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་ཡིན་ཞེས་འཆད། འདིར་ནི། བསྒྲུབ་བྱའི་དོན་ལ་ཁྱབ་ཅིང་ལྷག་ཆད་མེད་སྟེ་ཚིག་སྒྲོ་སྐུར་དང་བྲལ་བའོ། །ངེས་ཚིག་ནི་བཀའ་ལས་འོངས་ཤིང་བསྒྲུབས་བྱའི་དོན་དང་འབྲེལ་བའམ། ཡང་ན་ལུས་ཅན་རྫས་ལ་སྤྱད་བདེ་བཞིན། དམིགས་པ་བདེ་ཕྱིར་ལུང་ཞེས་བཤད། ཞེས་ཀྱང་ཟེར་རོ། །དགོས་པ་ནི་བློ་དམན་དད་པའི་ཡིད་ཆེས་པར་འགྱུར་བའོ། །ལུང་གི་རྣམ་གྲངས་ལ་གཉིས་ལས་མཚོན་བྱ་སྤྱིའི་ལུང་ནི་དངོས་པོའི་གནས་ལུགས་སྟེ། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་སོ། །མཚོན་བྱེད་ཚིག་གི་ལུང་ནི་དངོས་ལྔ་ཚུལ་ལྔ་ཚིག་ལྔ་ཡིན་པ་ཟེར་ཏེ། རྒྱ་མ་ལས་ཀྱི་ཡེ་ཤེས་ལྷའི་བྱ་བྲལ་རྫོགས་པའི་ལུང་ངོ་། །ལུང་བདེན་པར་བསྒྲུབ་པ་ནི། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་ལུང་ཆོས་ཅན། བདེན་པ་ཡིན་ཏེ། བརྗོད་བྱེད་དག་པ་རྣམ་གསུམ་གྱིས་གསུང་བའི་ཕྱིར་རོ། །ཞེས་པ་ལྟ་བུ་སྟེ། སྤྱིར་གཞལ་མངོན་གྱུར་མངོན་སུམ་ཚད་མས་མཇལ། ལྐོག་གྱུར་རྗེས་དཔག་ཚད་མས་འཇལ་ཞིང་། ཤིན་ཏུ་ལྐོག་གྱུར་ལུང་གི་ཚད་མས་མཇལ་ལོ་ཞེས་ཟེར་རོ། །འདིར་ནི་མྱོང་བས་བདེན་པར་གྲུབ་པའོ། །མན་ངག་གི་ངོ་བོ་ལ་སོགས་པ་འདྲ། དགོས་པ་རྟོགས་དཀའ་བ་བདེ་བླག་ཏུ་རྟོགས་པར་འགྱུར་བའི་ཕྱིར་རོ། །ཡང་དོན་གྱི་བཅུད་དང་ལྡན་པར་བྱེད་པ་སྟེ། །བདེན་པར་བསྒྲུབ་པ་ཉམས་སུ་མྱོང་བས་གྲུབ་པའོ། །རང་རིགས་པ་ལ་ལྔ་ལས། ངོ་བོ་ནི་ལུང་མན་ངག་གི་རྐྱེན་དང་འཕྲད་ན་དངོས་པོའི་དོན་གོ་བར་ནུས་པའི་ཤེས་རབ་སྟེ། དཔེར་ན་ངར་ཚད་དང་ལྡན་པའི་རལ་གྲི་རྣོན་པོ་དེས་གཅད་བྱའི་རྐྱེན་དང་ཕྲད་ན་ཆོད་པའི་ནུས་པ་དང་ལྡན་པ་ལྟར་རོ། །ངེས་ཚིག་ནི་དེ་ཉིད་ཀྱིས་དེ་ཉིད་རིགས་པས་རང་རིག་པ་སྟེ་ངོ་བོའི་ངེས་ཚིག་གོ །དགོས་ཆེད་ནི་ལུང་མན་ངག་གི་དོན་དུ་འགྱུར་བར་བྱེད་དེ། རྣམ་གྲངས་ནི་སྤྱིར་བསམ་གྱིས་མི་ཁྱབ་ཏེ་མཐོ་ལ་སོགས་པ་བདུན། ཡང་ན་རིགས་པ་བཞི་སྟེ་ཟེར། ཡང་ན། རིག་པའི་གནས་ལྔ་ཡང་ཟེར། བདེན་པར་ཁོ་རང་ཉིད་གྱིས་གྲུབ་ཀྱི་གཞན་གྱིས་བསྒྲུབ་མི་དགོས་སོ། །ཁོ་རང་ཡོད་པར་ནི་ལུས་ངག་གི་རིགས་བྱེད་ལས་དཔག་ཏུ་བཏུབ་བོ། །རྣལ་འབྱོར་ཆེན་པོ་འདི་ཉིད་ཀྱི་རྒྱུད་གཞུང་ལས་གྲགས་པས་ཚད་མ་གསུམ་གཞུང་ངོ་། །རང་སྤྱི་ལ་སོགས་པ་ནི་ཐེག་པ་འོག་མ་དང་སྒྲ་ཙམ་མཐུན་ལ་དོན་ཁྱད་པར་དུ་འཕགས་པ་སྟེ། བཙད་པོ་ཧ་མཁན་གཉིས་ཀྱི་མིང་རྩེ་ལྡེ་རུ་མཐུན་ཡང་དོན་ཁྱད་པར་ཡོད་པ་ལྟར་རོ། །དག་པ་བཞི་པ་ནི། རྒྱུ་འབྲས་ཀུན་རྫོབ་དོན་དམ་དག །རྒྱུ་དག་པ་ཐམས་ཅད་བསྐྱེད་པའི་རྒྱུ་འབྱུང་བ་ལྔ་ནི་རང་གི་སེམས་ཉིད་དེ་རང་རྒྱུད་པ་མ་གྲུབ་པས་དག་པའོ། །དེ་ཡང་རྒྱུའི་མཚན་ཉིད་དག་པ་ནི། ཕྱི་རོལ་ཆེན་པོ་ལྔ་རྣམས་སྟེ། །སེམས་ཉིད་གཟུང་འཛིན་རང་སྣང་བའི། །གཟུང་བའི་ཡུལ་ཉིད་འབྱུང་ཆེན་ལྔ། །འབྱུང་བ་ཆེན་པོ་རྒྱུད་ནས་དག །ཅེས་སོ། །འབྲས་བུ་དག་པ་ནི། རྒྱུད་དེ་ཉིད་ལས་བྱུང་བའི་འབྲས་བུ་དམ་རྫས་ལྔ་སྟེ། དེ་ཡང་རྒྱུ་དག་པས་འབྲས་བུ་ཡང་དག་པ་སྟེ་དཔེར་ན་མཚལ་དམར་ན་ཁུ་བ་ཡང་དམར་བ་ལྟར་རོ། །དེ་ཡང་འབྲས་བུ་དངོས་སུ་དག་པ་ནི། སེམས་ཅན་ཀུན་གྱིས་རུས་པ་སྟེ། །རྡོ་རྗེ་བྱང་ཆུབ་སེམས་ཡིན་པས། །ཤ་ནི་པདྨ་རག་ཏ་ཡིན། །དྲི་ཆེན་དྲི་ཆུང་གུམ་རྒུ་ཆུ། །སོ་སོའི་ལུས་ལ་གནས་པས་དག །ཅེས་སོ། །དོན་དམ་དག་པ་ནི་ཆོས་ཐམས་ཅད་སེམས་ཉིད་ཅིར་ཡང་མ་གྲུབ་སྐྱེ་འགགས་དང་བྲལ་བའི་ངང་དུ་དག་པས། དོན་དམ་དམིགས་མེད་དག་པ་ནི། ཕྱི་ནང་ཆོས་རྣམས་ཐམས་ཅད་ཀུན། །གང་གི་ངོ་བོ་མ་ཡིན་ཏེ། །སྐྱེ་འགགས་མེད་པར་ཡེ་ནས་དག །ཅེས་སོ། །ཀུན་རྫོབ་དག་པ་ནི། རང་བཞིན་རང་རྒྱུད་པ་དང་བྲལ་བ་སྟེ། ཀུན་རྫོབ་ཡེ་ནས་དག་པ་ནི། །སྒྱུ་མའི་རང་བཞིན་ཐམས་ཅད་སྣང་། །ཆུ་ཟླ་ཚལ་དུ་མི་དམིགས་གནས། །མི་དམིགས་པ་ཉིད་སྣ་ཚོགས་གནས། །དེ་བཞིན་གཤེགས་དང་ཡེ་ནས་མཉམ། ཞེས་སོ། །དག་པ་གསུམ་ནི། སྣོད་འབྱུང་བ་ལྔ་ཡུམ་ལྔར་དག །བཅུད་ཕུང་པོ་ལྔ་ཡབ་ལྔར་དག །རྒྱུད་རྣམ་ཤེས་ལྔ་ཡེ་ཤེས་ལྔར་དག་གོ །དེ་ལྟར་ཤེས་པས་རང་རྒྱུད་པར་འཛིན་པ་དག་པ་ལ་དག་ཅེས་བྱ་སྟེ། དེ་ནི་ཐུན་མོང་གི་དག་ཚུལ་ལོ། །གཉིས་པ་ཐུན་མིན་གྱི་དག་ཚུལ་ནི། རྟོག་པ་གསུམ་དུ་སྣང་བ་ལོག་རྟོག་སྒྱུ་མ། ལྷར་སྣང་བ་ཕྱག་རྒྱ་སྒྱུ་མ། དེ་གཉིས་སུ་མ་འགགས་པ་ཀུན་རྫོབ། རང་བཞིན་མེད་པས་དོན་དམ། དེ་གཉིས་གཉིས་སུ་ཡེ་ནས་དབྱེར་མེད་དུ་དག་པའོ། །དེ་ལྟར་རྟོགས་པའི་ཡོན་ཏན་ནི། དམ་ཀུན་པོ་ཡི་ཞིང་ཞེས་བྱའོ། །མཉམ་པ་བཞི་ལས། ཐུན་མོང་གི་མཉམ་པ་གཉིས་ནི་ཕ་རོལ་དུ་ཕྱིན་པའི་ལུགས་ཀྱིས་རྟགས་གཅིག་དང་དུ་བྲལ་ལ་སོགས་པས་གཏན་ལ་ཕབ་པའི་དོན་སྐྱེ་ཚུལ་ཙམ་དུ་མཉམ་པ་དང་། ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་སྣང་བའོ། །ལྷག་པའི་མཉམ་པ་གཉིས་ནི། དོན་དམ་པར་འཕགས་པའི་དཀོར་བདུན་སྣང་རུང་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པས་ལྷག །ཀུན་རྫོབ་ཏུ་སེམས་ཉིད་རང་སྣང་བས་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བར་མཉམ་པ་ཉིད་ལ་འབྲས་བུ་ལུས་པ་མེད་པར་རྫོགས་པས་ལྷག་སྟེ། དོན་དམ་དུ་ནི་དཀོར་བདུན་ཡང་། ཀུན་རྫོབ་དུ་ནི་མཉམ་རྫོགས་པའོ། །ཞེས་སོ། །དོན་དེ་དག་གི་དོན་རྒྱས་པར་ཕྱེ་ན་དོན་དམ་ལྷག་པ་ནི། དཀོར་བདུན་བརྗོད་དང་བསམ་བརྗོད་འདས། ངོ་བོ་དགུས་གྲུབ་ཤེས་བྱ་ཡི། །མཆོག་འགྱུར་ཤེས་རབ་དམ་པའོ། །ཡུལ་ཡིན་རྟོག་གེའི་མ་ཡིན་ཏེ། །མི་བསླུ་ངེས་པར་སྒྲ་འཇུག་གོ །ཞེས་པས་ཟུང་བདུན་པ་བཅུ་བཞི་བཞིས་འཕགས་པར་སྦྱར་ལ་ཀུན་རྫོབ་ནི། རྐྱེན་ལས་སྐྱེས་པ་དང་མཐུན་པར་སྣང་། དོན་བྱེད་ནུས་དང་བརྟགས་ན་དབྱེས། །དེ་བཞིན་རང་ལ་བྲང་སྤྲོད་ཀྱི། །ཁྱད་པར་ཡོད་ལ་ལྡན་པའོ། །རྒྱས་པར་བཞི་ལ་ཤེས་པར་བྱ། །རྟོགས་པ་བཞི་ནི། མེ་ལོང་ལྟ་བུའི་སྒྲུབ་ཐབས་ལས། ཙཀྲ་བཞིའམ་དགའ་བ་བཞི་ལ་ཡང་བཤད་ན། འདིར་གཏན་ཚིགས་ཁོ་ནར་བཞག་སྟེ། དེ་ཡང་བློ་ཆེ་ཆུང་གི་བྱེ་བྲག་གིས་འཇལ་ཚུལ་ལ་གཉིས་ལས། དང་པོ་རིམ་འཇུག་གི་འཇལ་ཚུལ་ནི་པདྨ་དག་གིས་བཞག་པ་སྟེ། རྟོགས་པ་མེད་པ་བདེན་པ་མེད། གོ་རིམས་ལྟར་གཏན་ལ་འབེབས་པ་སྟེ། དེ་ཡང་རྒྱུད་གཅིག་པས་དོན་དམ་གཏན་ལ་འབེབས་ཚུལ་ནི། སྤྱིར་གཏན་ཚིགས་མ་ཡིན་ན་མ་ཡིན་ཏེ་འཐད། ཡིན་ནོ་ཅོག་ལ་བཞི་དང་ཧེ་དུ་དུ་གྲུབ་པའི་མཐའ་གསུམ་མི་བྱུང་མི་སྲིད་དོ། །དེས་ན་ཐམས་ཅད་ཅེས་པ་གཞལ་བྱ་སྟེ། འཁོར་འདས་མ་ལུས་པ་སྟེ། རིགས་ཕལ་པ་དེ་བསྡུ་བའོ། །ཡང་ན་རྒྱུ་ཞེས་པ་ནི་རང་ངོ། །འཇལ་ཚུལ་ནི་འཁོར་འདས་ཀྱི་རྒྱུ་མ་རིག་པ་ཡེ་ཤེས་གཉིས་གཉིས་སེམས་ཅི་ཡང་མ་ཡིན་པའི་དོན་དམ་པར་གཅིག་སྟེ་གཤེགས་སྐུ་སྒྱུ་མར་སྣང་བ་དང་། ཞེས་པ་ལ་སོགས་པ་དང་། གཏི་མུག་ཅེས་ནི་བརྗོད་པ་ཡང་། །མ་རིག་མིང་གི་རྣམ་གྲངས་ཏེ། །གཉིས་མེད་དོན་གཅིག་ཡིན་པར་བཤད། །ཅེས་པ་དང་། ཡང་མ་རིག་པ་ཉིད་ཡེ་ཤེས་གསལ། ཕྱིན་ཅི་ལོག་ཉིད་ཡང་དག་སྟེ། །བདེ་ཉིད་ཡི་གེའི་སྒྲ་མཚོན་ཏེ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག ། ཅེས་པ་ལ་སོགས་པས་མངོན་ནོ། །དེ་ལྟར་ཉམས་སུ་མྱོང་བ་ནི་མན་ངག་གོ །དེ་ལྟར་རྟོགས་པར་ནུས་པ་ནི། །རང་རིག་ཚད་མའོ། །ཡིག་འབྲུའི་ཚུལ་གྱིས་ཚད་མ་ནི་གཞལ་བྱ་ནི་ལུས་ངག་ཡིད་གསུམ་དུ་ཞེན་པའོ། །འཇལ་ཚུལ་ནི་ལུས་ཀྱི་དངོས་པོ་ནི་ཨཿས་མཚོན་ནས་མ་སྐྱེས་པ་ཆོས་ཀྱི་སྐུ་སྟེ། དེ་ཉིད་ཡི་གེའི་སྒྲ་མཚོན་ཏེ། །སྣང་སྟོང་གཉིས་མེད་ཆོས་ཀྱི་རྒྱ། །ཞེས་སོ། །ངག་ཉིད་ཨོས་མཚོན་ནས་མ་འགགས་པའི་གསུང་སྟེ། ཆ་གཉིས་ལྡན་པའི་ཚིག་ཚུལ་གྱིས། །གསུང་གི་ཕྱག་རྒྱ་ཆེན་པོའོ། །ཡིད་ཉིད་ནི་ༀ་གྱིས་མཚོན་ནས་གཉིས་སུ་མེད་པའི་ཐུགས་ཡེ་ཤེས་ལྔར་སྣང་བ་སྟེ། ཡི་གེ་རྫོགས་པའི་ཚུལ་ཉིད་ཀྱིས། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་པས་མངོན་ནོ། །དེ་ལྟར་བཤད་པ་ལུང་། ཉམས་སུ་མྱོང་བ་མན་ངག། རྟོགས་པར་ནུས་པ་རང་རིག་ཚད་མ་སྟེ་ཀུན་ལ་འདྲེ། ཚུལ་ནི་དོན་དང་སྨོན་པ་གཉིས་ལ་འཇུག་པ་ལས་དང་པོའོ། །བྱིན་གྱིས་བརླབས་ཀྱི་གཞལ་བྱ་ནི་རྟོགས་པ་གོང་མ་གཉིས་སོ། །འཇལ་ཚུལ་ནི་གོང་མ་གཉིས་ཀྱི་བྱིན་རླབས་སམ། ཡང་ན་དངོས་པོའི་གནས་ཐབས་བྱེ་བྲག་ཏུ་བསྟན་པ་ཉིད་ཀྱི་བྱིན་གྱིས་དོན་བདེན་པ་གཉིས་མེད་ལ་རྟགས་སྤྱོད་ཡུལ་སྐུ་དང་ཡེ་ཤེས་སུ་རྟོགས་པའོ། །མངོན་སུམ་པའི་གཞལ་བྱ་ནི། དབྱེར་མེད་སྤྱིའི་མཚན་ཉིད་དེ་བློ་ཡུལ་ན་ཡོད་པ་དེའི། རྟོག་ཚུལ་ནི་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་རྟོགས་ཏེ་ཡུལ་དང་བྲལ་བའོ། །དེ་ལ་ཀུན་ཁྱབ་གསུམ་གོང་ལྟར་སྦྱར་རོ། །དེ་ལྟར་རིམ་འཇུག་དང་སྦྱར་བ་འདི་ནི་བཤད་པའི་གཞུང་མཁྱེན་པས་འཐད་པ་ཁོ་ན་མཁྱེན་ནོ། །འདི་ཉིད་ལས། མངོན་བྱས་རིམས་དང་རྟོགས་གོམས་རིམ། ཅེས་པ་རིམ་འཇུག་གི་འཇལ་ཚུལ་ཡིན་ཟེར་ཏེ། དེའི་ཡང་ངེས་ཀ་ན་མེད་གསུངས་ཏེ་མི་འཐད་དོ། །གཉིས་པ་གཅིག་ཆར་དུ་འཇུག་པའི་དབང་དུ་བཤད་ན། རྟོགས་པ་དང་པོ་གསུམ་ཆར་གྱིས་བདེན་པ་དབྱེར་མེད་རྟོགས་པ། མངོན་སུམ་པས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་རྟོགས་ཏེ། དང་པོ་རྒྱུ་གཅིག་པ་དང་དབྱེར་མེད་རྟོགས་ཚུལ་གཞལ་བྱ་གོང་དང་འདྲ། རྟོགས་ཚུལ་ནི་འཁོར་འདས་ཀྱི་རྒྱུ་མ་རིག་པ་དང་ཡེ་ཤེས་གཉིས་བསལ་བས་ཐ་དད་ཀྱང་ངོ་བོ་བདེན་པ་དབྱེར་མེད་དུ་གཅིག་པ་སྟེ་དེའི་ཀུན་ཁྱབ་གསུམ་སྔར་དང་འདྲ། ཡིག་འབྲུའི་ཚུལ་གྱིས་ལུས་ངག་ཡིད་ཨ་ཨོ་ཨཱོཾ་གྱི་མ་སྐྱེས་མ་འགགས་གཉིས་སུ་མེད་པའི་སྐུ་གསུངས་ཐུགས་སུ་རྟོགས་པ་སྟེ་ཀུན་ཁྱབ་དང་གསུམ་སྔར་དང་འདྲ། བྱིན་གྱིས་རླབས་ནི་རས་དཀར་པོ་དམར་པོར་བསྒྱུར་བའི་ནུས་མཐུ་བཙོད་ལ་ཡོད་པ་ལྟར་། ཧེ་དུ་གོང་མ་གཉིས་ཀྱི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་རྟོགས་པ་སྟེ་ལུང་མན་ངག་རིགས་པ་གསུམ་ལྡན་དུ་ཤེས་པར་བྱའོ། །མངོན་སུམ། པར་ཞེས་པ་སྤྱིར་མངོན་སུམ་ཞེས་བྱ་བ་རང་གི་མཚན་ཉིད་གསལ་བའི་མཐར་ཐུག་པ་སྟེ། དེ་ཡང་བཞི་སྟེ། དབང་པོ་དང་། ཡིད་དང་། རྣལ་འབྱོར་དང་། རང་རིག་ལས། འདིར་བལྟ་བྱ་བལྟ་བྱེད་མེད་པར་རང་རིག་པའི་ཕྱིར་རང་རིག་པའི་མངོན་སུམ་མོ། །འདི་ཉིད་ལུང་མན་ངག་གསུམ་དང་ལྡན་པར་སྦྱར་རོ། །འོ་ན་མངོན་སུམ་པའི་གཏན་ཚིགས་གྱི་ལས་གང་ལ་བྱ་ཞེ་ན། རང་རིག་ཚད་མ་རྐྱེན་དང་འཕྲད་ན་གོ་བར་ནུས་པའོ། །ཁ་གཅིག་ན་རེ། ཙཀྲ་སྒྱུར་བའི་ར་ཙའི་སྲས་སྐྱེས་ན་མཐུན་ཕྱོགས་དགའ་བ་སྐྱེ་ལ་མཐུན་ཕྱོགས་མི་དགའ་བ་སྐྱེ་བ་ལྟར། མངོན་སུམ་པས་ཀྱང་མཐུན་ཕྱོགས་གསལ་བར་བྱེད་ལ། མི་མཐུན་ཕྱོགས་ངང་གིས་སེལ་བར་བྱེད་ལ། མི་མཐུན་ཕྱོགས་ངང་གིས་སེལ་བར་བྱེད་པ་ལ་བྱའོ། །ཞེས་འདོད་པ་ནི་མི་འཐད་པ་སྟེ། གཞན་སེལ་དོན་གཉེར་གྱི་དགོས་པ་གཉིས་དང་ལྡན་ན་རྟོགས་པའི་གྲུབ་མཐའ་འགྱུར་བ་ལས་ཧེ་དུར་མི་འགྱུར་རོ། །དེས་ན་གཏན་ཚིགས་ཀྱི་ལུགས་ཀྱིས་གཏན་ལ་འབེབས་པར་བྱེད་པ་ལས་མི་འདའ་སྟེ། ཕབ་ཟིན་པའི་གྲུབ་ཡིན་ལ། འབེབས་མི་ནུས་པ་ཡང་གཏན་ཚིགས་ལྟར་སྣང་ཡིན་པས་སོ། །རབ་ཏུ་རྟོགས་པ་ཞེས་པའི་ཏིང་ཕྱིན་པའི་ཚིག་ཙམ་མ་ཡིན་པར་རྟོགས་པ་སྟེ། དེ་ལ་ཚུལ་གསུམ་ལས། ཤེས་བྱ་རབ་ཏུ་རྟོགས་པ་ནི་ཤེས་བྱ་ཇི་སྙེད་པ་མཐའ་དག་མ་ལུས་པར་རྟོགས་པའོ། །ངོ་བོ་རབ་ཏུ་རྟོགས་པ་དེ་སོ་སོའི་དོན་ལྷག་ཆད་མེད་པར་རྟོགས་པའོ། །དཔེར་ན་བུ་གའི་ནམ་མཁའ་དང་ནམ་མཁའི་ཆེན་པོའི་ངོ་བོ་ལ་ཁྱད་མེད་པ་ལྟར་ཟག་བཅས་ཀྱི་མཐོང་ལམ་དང་། ཟག་མེད་ཀྱི་མཐོང་ལམ་དང་། རྒྱལ་བའི་དགོངས་པ་དང་གསུམ་པོ་ངོ་བོ་ལ་ཁྱད་པར་མེད་དེ། རྒྱལ་པོའི་སྲས་དང་ཤིང་སྣའི་མེ་བཞིན་ནོ། །འོ་ན་བསྒོམ་མི་དགོས་སམ་ཞེ་ན་སྐབས་འདིར་ནུས་པ་རབ་ཏུ་རྟོགས་པ་མིན་པས་བསྒོམ་པས་ནུས་པ་བོགས་སུ་འགྲོ་བར་ཡོད་དེ་ནམ་མཁའ་འདྲ་ཡང་རྒྱ་ཆེ་ཆུང་མི་འདྲ་བ་ལྟར་རོ། །ཡིས་ཞེས་པ་ས་སྒྲ་སྨོས་པ་ནི་ཧེ་དུར་འགྱུར་བས་བྱེད་པའི་ཚིག་སྟེ། སྤྱན་འགྲེལ་ལས་བྱ་བ་དང་བྱེད་པ་དང་། བྱས་པ་དང་གསུམ་དུ་འགྱུར་གྱིས་དང་རྣམ་གྲངས་སྨོས་པའི་ཕྱིར་ཧེ་དུར་འཐད་ཅེས་པ་དང་། མངོན་ཞེས་པ་རང་རིག་པའི་མངོན་སུམ་དུའོ། །རྫོགས་པ་ནི་འབྲས་བུའི་ཆོས་ཐམས་ཅད་ལྷག་མ་མེད་པར་རྫོགས་སོ། །རྒྱལ་པོ་ནི་དེ་ལྟར་ཤེས་ན་ཆོས་ཐམས་ཅད་ལ་རང་དབང་བསྒྱུར་བས་སོ། །ཆེ་བ་ལ་གསུམ་ལས། རང་རིག་པའི་ངོ་བོས་ཆེ་སྟེ་རྟོགས་པ་དེ་ལས་ལྷག་པ་མེད་པས། རྒྱལ་བ་ལ་ཡང་མི་མངའ་བ་སྟེ་སངས་རྒྱས་དང་སྤྱོད་ཡུལ་གཅིག་པར་རྟོགས་པའོ། །ཡོན་ཏན་གྱི་ཆེ་བ་ནི། དེ་ལྟར་རྟོགས་ན་སངས་རྒྱས་ཀྱི་ཡོན་ཏན་བཙལ་བ་མེད་པར་སྣང་ངོ་། །ལས་ཀྱིས་ཆེ་བ་ནི་མཐའ་ཡི་ལྟ་ངན་ཐམས་ཅད་ངང་གིས་སེལ་བར་བྱེད་པས་སོ། །དེ་ནི་ལྟ་བའི་ཆེ་བའོ། །རང་སྤྱིའི་སྐབས་སུ་ངག་དོན་ནི། །ཉོན་མོངས་མི་སྤོང་དོན་དེ་ནི། །གབ་པ་ཡིན་ནམ་བསྒྲགས་པ་ཡིན། །དྲང་དོན་ཡིན་ནམ་ངེས་དོན་ཡིན། །མི་སྤོང་བ་ཡི་འཐད་པ་གང་སྤོངས་སམ་སྤྱད་ན་ཉེས་པ་ཅི་ཡོད་དོན་བཞི་སྙིང་པོའི་སྐབས་སུ་ཤེས། རང་སྤྱི་རང་ལ་རྣམ་གཉིས་ཏེ། །ཐུན་མོང་དང་ཁྱད་པར་རོ། །དང་པོ་ཞེ་སྡང་མནར་སེམས་སོགས། །རང་གི་མཚན་ཉིད་མ་འདྲེས་པའོ། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །སྤྱིའི་མཚན་ཉིད་ཀུན་ལ་མཚུངས། །ཁྱད་པར་རང་གི་མཚན་ཉིད་ནི། །རིག་པ་སྒྱུ་མར་མ་འགགས་གསལ། །སྤྱིའི་ཡི་མཚན་ཉིད་ཆོས་རྣམས་ཀུན། །དོན་དམ་སྤྲོས་བྲལ་ངང་དུ་གཅིག །མཐའ་དང་བྲལ་བ་ནི་སྤང་པས། །མཐའ་དང་བྲལ་བ་མིན་ཏེ་མཐའ་མ་སྤང་བྲལ་བའོ། །རྣམ་པར་དབྱེ་བ་ནི། འབྱུང་བཞི་བཅུ་དྲུག་ཏུ་འབྱེད་པ་ནི་མིན་གྱི་འབྱུང་བ་ལྔ་ལ་འབྱུང་ཆུང་ཉེར་ལྔའོ། །ཕུང་པོ་ལྔ་ཡིས་དང་། དོན་མཚོན་ཏེ་གཟུགས་ཀྱི་ཕུང་པོས་སྣང་སྟོང་དབྱེར་མེད་མཚོན། དེས་འདྲེ་སྟེ། ཚོར་བས་མྱོང་སྟོང་དབྱེར་མེད་དང་། འདུ་ཤེས་མཚན་མར་འཛིན་སྟོང་། འདུ་བྱེད་སེམས་སྟོང་། རྣམ་ཤེས་ཕུང་པོ་རིག་སྟོང་དབྱེར་མེད་དུ་མཚོན་དབང་པོ་ལྔས་མཚོན་པ་དང་ཤེས་ཏེ། རང་སྣང་གིས་གཟུགས་འཛིན་པ་ལ་སོགས་པའམ། ཡུལ་ལྔས་དང་མཚོན་ཏེ་གཟུགས་སྣང་སྟོང་དབྱེར་མེད་ལ་སོགས་པའོ། །ཉོན་མོངས་པ་ལྔས་དང་ཤེས་ཏེ་ཆགས་པས་འདུ་འབྲལ་མེད་པར་ཤེས། སྡང་བའི་དངོས་འཛིན་མེད་པར་ཤེས། །གཏི་མུག་འབྱེད་པ་མེད་པར་ཤེས། །ང་རྒྱལ་ཉོན་མོངས་ཟིལ་གནོན་ཤེས། །ཕྲག་དོག་གིས་ནི་གཉིས་མེད་ཀྱི། །ངང་དུ་གཉིས་རྟོག་མི་ཚུག་ཤེས། །ཁ་དོག་ལྔས་ཡེ་ཤེས་ལྔ་མཚོན་པའམ། །ཡང་ཆོས་ཉིད་དུས་གསུམ་མི་འགྱུར་མཐིང་། །ཉེས་སྐྱོན་བྲལ་བ་དཀར་པོ་སྟེ། །སེར་པོས་ཡོན་ཏན་རྒྱས་པ་མཚོན། །དམར་པོས་འགྲོ་བའི་དོན་ལ་ཆགས། །ལྗང་གུས་ཕྲིན་ལས་སྣ་ཚོགས་འགྲུབ། །ངེས་ཚིག་ངོ་བོ་ལ་སོགས་པ་བསྒྲུབ་བྱ་རང་བྱུང་ཡེ་ཤེས་དང་སྦྱར་ན། རྒྱུ་རྐྱེན་མེད་པར་སྣང་བ་གསལ་བའི་ཕྱིར་རང་བྱུང་ཡེ་ཤེས་ཡིན་བྱས་ན། ངེས་ཚིག་གི་སྒོ་ནས་རྟོགས་པའོ། །སྣང་སྟོང་གཉིས་སུ་མེད་པའི་ཕྱིར་རང་བྱུང་ཡེ་ཤེས་ཡིན་བྱས་ན་ངོ་བོའི་སྒོ་ནས་སོ། །མཐའ་ཐམས་ཅད་དང་བྲལ་ཞིང་བཟུང་དུ་མེད་པའི་ཕྱིར་རང་བྱུང་ཡེ་ཤེས་ཡིན་བྱས་ན་མཚན་ཉིད་ཀྱི་སྒོ་ནས་སོ། །རྩོགས་ནི་ཡོན་ཏན་ནོ་ཟེར། བསྒྲུབ་བྱེད་གཏན་ཚིགས་དང་སྦྱར་ན། །ངེས་ཚིག་གི་སྒོ་ནས་གཏན་ལ་འབེབས་པ་ནི་རྟོགས་པ་དག་པ་མཉམ་པའོ། །ངོ་བོ་ནི་ཚིག་དོན་མི་མཐུན་པ་ལྟ་བུའོ། །མཚན་ཉིད་རང་སེམས་ནི་མཐའ་བྲལ་རྣམ་དབྱེ་ལ་སོགས་པའོ། །སྩོགས་ནི་ལས་ཀྱི་སྒོ་ནས་བཏགས་པའོ། །ཐམས་ཅད་འཇིགས་བྱེད་ཅེས་པ་ཆོས་ཐམས་ཅད་ཉིད་སྤྲོས་བྲལ་དུ་ཤེས་པ་ནི་དངོས་པོ་འཇིག་པའོ། །དེ་ཉིད་ཡེ་ཤེས་སུ་རང་གསལ་བ་ནི་དངོས་མེད་འཇིགས་པའོ། །ཐབས་ཀྱི་ལྟ་སྤྱོད་ཅེས་པ་ལ་སོགས་པའི་སྐབས་སུ། མ་རེག་ན་ར་གཉིས་མདོ་སྔགས་གཉིས་ལ་ལྟ་བ་དང་འབྲས་བུ་ལ་ཁྱད་པར་མེད་ལ། འོན་ཀྱང་ཁྱད་པར་གསུངས་པ་ནི་ཐབས་ཀུན་རྫོབ་ཀྱི་ཁྱད་པར་ཡིན་ཟེར་བ་ནི། འཐད་པ་མ་ཡིན་ཏེ། འདི་ལྟར་ཁྱད་པར་མེད་ན་ཡིན་ཚུལ་དངོས་པོའི་གནས་ལུགས་ལ་ཁྱད་མེད་དམ། རྟོག་ཚུལ་བློའི་སྣང་བ་ལ་ཁྱད་པར་མེད་ཅེས་བརྟག །དང་པོ་ལྟར་ན་ཆོས་ཐམས་ཅད་ལ་ཡང་ཁྱད་མེད་ན་མདོ་སྔགས་ཀྱི་ལྟ་ཅི་སྨོས། གཉིས་པ་ལྟར་ན་རྟོགས་ཚུལ་བློའི་སྣང་བ་ཡིན་ནམ་མིན་བརྟག །མིན་ན་བློ་སྣང་དུ་རྒྱས་པ་ལས་བཤད་པ་དང་། ཐེག་པ་དངོས་པོ་ལ་གྲུབ་པས་གཞི་བཟང་ངན་དུ་ཐལ། །འདོད་ན་གཉིས་མེད་ཡེ་ཤེས་དང་འགལ་ལོ། །བློ་སྣང་ཡིན་ན་ཤེས་བྱེད་བློ་ལ་ཆེ་ཆུང་ཡོད་པ་ལྟར་ཤེས་པའི་ལྟ་བ་ཡང་ཁྱད་ཡོད་མེད་བརྟག །མེད་ན་ཐེག་པ་ཆེ་ཆུང་གི་ལྟ་བ་ཡང་ཁྱད་མེད་པར་ཐལ། ཡོད་ན་མདོ་སྔགས་ཀྱི་ལྟ་བ་ཁྱད་མེད་དང་འགལ། དེ་གཉིས་བློ་ཆེ་ཆུང་མེད་དོ་ཞེ་ན། འོ་ན་དགོངས་འདུས་ཞེ་བཞི་པ་ལས། བློ་ཆེ་ཆུང་དགུ་ལ་དོན་དམ་པའི་ཐེག་པ་དགུར་བཤད་པ་དང་འགལ། དེ་དྲང་དོན་དགོངས་པ་ཅན་ནོ་ཞེ་ན། འོ་ན་མན་ངག་ལམ་རིམ་དང་ལ་ཤན་ལ་མདོ་སྔགས་ཀྱི་ཁྱད་པར་བཤད་པ་དེ་ཅི། དེའང་དྲང་དོན་ན་ལུགས་ཀྱིས་མན་ངག་ནི་ལུང་རིགས་ཀྱི་དགོངས་པ་འགྲེལ་པ་ངེས་དོན་འབའ་ཞིག་བཀོད་པ་ཡིན་ན། །ལུང་མན་ངག་ཀུན་དྲང་དོན་ཡིན་ན་ངེས་དོན་ཁྱེད་རང་གི་ལོག་པ་འདོད་དམ། དེས་ན་མཁས་པ་དག་ཁྱད་པར་བདུན་དུ་བཞེད་དེ། གཞུང་ལས་ལྔས་བཞེད་དོ། །ཆོས་ཉིད་རྟོགས་པའི་ཤེས་རབ་ཀྱིས་སྲིད་གསུམ་དུ་འཛིན་པའི་རྟོག་པ་བཅོམ་སྟེ། ཆོས་ཐམས་ཅད་ཡེ་ཤེས་རང་གསལ་བ་ཉིད་ལ་ཤེས་རབ་ཆེན་པོའི་སྦྱིན་བསྲེག་ཅེས་བྱའོ། །རྟོགས་པའི་ཡོན་ཏན་འཁོར་བ་དང་ངན་སོང་དུ་མི་ལྟུང་བར་བཤད་པ་དང་། སྣང་བྱེད་ཀྱི་སྐབས་སུ་ལྟུང་བ་བཤད་པ་དང་འགལ་ལོ་སྙམ་ན། དེ་རྟོགས་པའི་ཡོན་ཏན་མཐར་མི་བསླུ་བ་ལ་དགོངས་པ་སྟེ། ཡུན་གཅིག་ངན་སོང་དུ་སོང་ཡང་ཐད་མི་བསླུ་བས་མི་འགལ་ལོ་ཟེར་རོ། །དེ་མི་འཐད་དེ་མཐར་མི་བསླུ་བ་ཙམ་དུད་འགྲོ་ལ་ཟན་ཆང་གཅིག་བྱིན་པ་ཙམ་ལ་ཡོད་དེ། ལས་སྐལ་པ་བརྒྱར་ཡང་ཆུད་མི་ཟ་བར་བཤད་པའི་ཕྱིར་རོ། །དེ་དང་ལྟ་བ་རྟོགས་པའི་ཡོན་ཏན་ཁྱད་མེད་པར་འགྱུར་བའི་ཕྱིར་མི་འཐད་དོ། །ཉི་རེ་བ་ན་རེ། དཔེར་ན་སྐྱེས་བུ་སྟོབས་ལྡན་གྱིས་དར་གྱིས་ཕོ་ལོང་བརྡབས་པས་དེར་མི་ལྡོད་པར་འཕར་ནས་འགྲོ་བ་ལྟར། དམ་ཚིག་ཉམས་པའི་འགལ་རྐྱེན་དྲག་པོས་ངན་སོང་དུ་རྣམ་སྨིན་མི་བསླུ་བས་ཡུད་ཙམ་སོང་ཡང་རྟོགས་པའི་ཡོན་ཏན་གྱིས་དེའི་སྡུག་བསྔལ་གྱིས་མི་གོས་ཏེ། དགོངས་འདུས་ལས་ཇི་ལྟར་ཕོ་ལོང་བརྡབས་པ་བཞིན། ཞེས་ནས་རེག་འགྱུར་མྱོང་བར་འགྱུར་མ་ཡིན། ཞེས་པའི་བར་དུ་བཤད་པ་ལྟར་ཟེར་ཏེ། དེ་ཡང་མི་འཐད་དེ་དྲུག་པ་ནས་དེའི་སྡུག་བསྔལ་བཟོད་བླགས་མེད་ཅེས་སྡུག་བསྔལ་མྱོང་བར་བཤད་པས་སོ། །འོ་ན་ཇི་ལྟ་བུ་ཞེ་ན། འཁོར་བ་མི་ལྟུང་བ་ཉིད་དོ། །ལྟུང་བ་བཤད་པ་ཅེས་མ་གཏོགས་པར་གདམ་ངག་གི་སྟོབས་ཀྱིས་དགོངས་པ་དེ་དམ་ཚིག་ཉམས་པའི་འགལ་རྐྱེན་གྱིས་ལྟུང་བར་བཤད་པ་ཡིན་ཏེ་འདི་ཉིད་ལས། བསམ་གྱིས་མི་ཁྱབ་མ་མཐོང་བར་ཅེས་པ་ལ་སོགས་པ་བཤད་པས་གསལ་ལོ། །རྟོགས་པ་ནི་མི་ལྟུང་སྟེ་ཉེས་ལྟུང་མེད་པར་བཤད་པའི་ཕྱིར། གཞན་ཡང་དམ་ཚིག་གི་ངོ་བོ་ལྟ་བར་ཡིན་པར་བཤད་པས་རྟོགས་ན་རྒྱུ་དམ་ཉམས་པ་མེད་པའི་ཕྱིར། དེའི་རྐྱེན་གྱིས་ངན་སོང་དུ་ལྟུང་བ་མེད་དོ། །འོ་ན་གདམ་ངག་གིས་བསྒོམ་པ་དེ་ལྟུང་ན་བསྒོམ་པ་དོན་མེད་པར་འགྱུར་སྙམ་ན། དེ་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཕྲད་ན་མི་ལྟུང་བས་དོན་ཡོད་ལ། དེ་གཉིས་དང་མི་ལྡན་ན་ལྟུང་བའོ། །ཟག་བཅས་ཀྱི་སྐབས་སུ་ཆོས་ཉིད་རང་གི་མཚན་ཉིད་མཐོང་ངམ་མི་མཐོང་ཞེ་ན། མཐོང་བ་སྟེ་དེ་ཡང་སྤྱིར་སྤྱི་དང་རང་གི་མཚན་ཉིད་མཐོང་བ་ཡང་གི་ཁྱད་པར་ཇི་ལྟ་བུ་ཞེ་ན། སྒྲ་སྤྱིར་སྣང་བ་ལ་བརྟེན་ནས་མིང་གིས་མཚོན་པའི་དོན་ཅིག་བློ་ཡུལ་དུ་ཡིད་ལ་བྱེད་པ་ནི་བློ་རྟོག་པའི་ཡུལ་ཡིན་པས་སྤྱིའི་མཚན་ཉིད་མཐོང་བའོ། །དེ་ལས་ལོག་ཏེ་རིག་པ་ཡུལ་མེད་རང་གསལ་དུ་མཐོང་བ་ནི་རང་རིག་མངོན་སུམ་གྱི་སྤྱོད་ཡུལ་བ་ཡིན་པས་རང་གིས་མཚན་ཉིད་མཐོང་བའོ། །འོ་ན་ཟག་མེད་དུ་མཐོང་བ་དང་། །ཁྱད་ཅི་ཡོད་ཅེ་ན། ངོ་བོ་ལ་ཁྱད་མེད་ལ་ནུས་པ་ལ་ཁྱད་ཡོད་པ་སྟེ། རྒྱལ་པོའི་སྲས་དང་ཤིང་སྣའི་མེ་བཞིན་ནོ། །ཞེས་པའི་དཔེ་ཡི་བསྟན་ཧོ། ཁ་གཅིག་ཁ་ན་རེ་རང་གི་མཚན་ཉིད་མཐོང་བའི་ཕྱིར་བསྒོམ་མི་དགོས་པར་ཐལ་ཟེར་རོ། །རང་གི་མཚན་ཉིད་མཐོང་ཡང་སྔར་འཁོར་བ་ཐོག་མ་མེད་པ་ནས་གོམ་པའི་ཕྱིན་ཅི་ལོག་གི་ཞེན་པ་སྤོང་བ་ལ་བསྒོམ་དགོས་པ་ཁོ་ནའོ། །འོ་ན་རང་གི་མཚན་ཉིད་མ་མཐོང་བར་འགྱུར་སྙམ་ན། འོ་ན་ཁྱེད་ལྟར་ན་ཡང་ས་དང་པོར་བདེན་པ་མཐོང་བའི་ཕྱིར་གཉིས་པ་ལ་སོགས་བསྒོམ་མི་དགོས་པར་མཚུངས་སོ། །དེ་བདེན་པ་མཐོང་ཡང་བསྒོམ་པས་སྤངས་པའི་ཉོན་མོངས་པ་རྒྱུད་ལ་ཡོད་པས་དེ་སྤོངས་བའི་གཉེན་པོར་བསྒོམ་དགོས་སྙམ་ན། འདིར་ཡང་གོང་མ་ལྟར་ཡིན་པས་མཚུངས་པ་ཁོ་ནའོ། །རང་གི་མཚན་ཉིད་མཐོང་ན་ཕྱིན་ཅི་ལོག་གི་ཞེན་པ་ཡོད་པར་འགལ་སྙམ་ན། འོ་ན་ཁྱེད་རང་ལྟར་ན་བདེན་པ་མཐོང་བའི་ཕྱིར་རྒྱུད་ལ་ཡོད་པར་འགལ་ལོ་ཞེས་མཚུངས་སོ། །ལེའུ་གཉིས་པ། ཨཱི་ཐཱི། དེ་ལྷར་རྟོགས་པའི་གསལ་ཆ་ཡོད་གོམས་པའི་བརྟན་ཆ་མེད་པས་རླུང་གིས་བསྐྱོད་པའི་མར་མེ་ལྟར་མི་བརྟན་པ་ལ། དེ་ཉིད་བརྟན་པར་བྱེད་ཅིང་ཕྱིན་ཅི་ལོག་གི་ཞེན་པ་སྤོངས་བ་ལ་བསྒོམ་དགོས་པས། གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་བཤད་པར་བྱའོ། །དེ་ལ་ཡང་བློ་ཆེ་ཆུང་གི་བྱེ་བྲག་གིས་གཉིས་ཏེ། འོག་ཏུ་རྒྱས་པར་འཆད་དོ། །དེ་གཉིས་ཀྱི་ཁྱད་པར་ནི་བདེན་པར་དབྱེར་མེད་ཅིག་ཆོད་དུ་རྟོགས་ཤིང་ཅིག་ཆོད་དུ་བསྒོམ་པས་འབྲས་བུ་ལ་སྦྱོར་བ་ནི་ལམ་གཅིག་ཆར་བའོ། །བདེན་པ་དབྱེར་མེད་རིམ་གྱིས་བསྒོམ་རྟོགས་ཤིང་རིམ་གྱིས་བསྒོམས་པས་འབྲས་བུ་ལ་སྦྱོར་བ་ནི་རིམ་གྱིས་འཇུག་པ་སྟེ། དེའི་ཕྱིར་རྟོགས་པའི་ངོ་བོ་ལ་ཁྱད་པར་མེད་པར་འདོད་པ་ནི་མི་འཐད་དེ་བློ་ཆེ་ཆུང་ཡོད་པའི་ཕྱིར་རོ། །དེ་གཉིས་ཀ་ལ་མཚན་ཉིད་གསུམ་གསུམ་དང་ལྡན་པར་སྦྱར་རོ། །ཚོགས་བརྒྱད་ཡེ་ཤེས་ལྔར་རྟོགས་པ་ནི་རྣམ་ཤེས་བརྒྱད་དང་ཡེ་ཤེས་ལྔ་རིམ་པར་སྦྱར་བའམ། ཡང་ན་རྣམ་ཤེས་ལྔ་ལ་ཡང་ཡེ་ཤེས་ལྔ་ལྔ་སྟེ། གསལ་ལ་རྟོག་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས། ཆོས་ཐམས་ཅད་བཟང་ངན་གྱི་རིས་དང་བྲལ་བས་མཉམ་པ། སྤྱི་དང་རང་གི་མཚན་ཉིད་གསལ་ལ་མ་འདྲེས་སོ་སོར་མཐར་ཕྱིན་བྱ་རྩོལ་དང་བྲལ་བས་བྱ་བ་གྲུབ་པ། མཐའ་བྲལ་སྤྲོས་པ་མེད་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །མ་བཅོས་ལྷུན་མཉམ་ཞེས་པ་ལ་སོགས་པ་ནི། བྱེད་པ་པོ་དང་བྲལ་བ་ནི་མ་བཅོས་པའི་ངང་ལ་བཞག་པའོ། །རྩོལ་བ་དང་བྲལ་བས་ནི་ལྷུན་གྱིས་གྲུབ་པའི་ས་ལ་བཞག་པའོ། །ཁྱད་པར་གྱི་རིས་དང་བྲལ་བ་ནི་མཉམ་པའི་ངང་ལ་བཞག་པའོ། །དེ་ལ་བློ་མི་གཡོ་བ་ནི་ཇི་བཞིན་པའི་ངང་ལ་བཞག་པའོ། །བསྒོམ་བྱ་བསྒོམ་བྱེད་ཀྱི་སྐྱོན་བཅོས་པ་ནི་སྤྱོད་ཡུལ་གྱི་ཆོས་ཐམས་ཅད་མ་སྐྱེས་པའི་ཡེ་ཤེས་སུ་རང་གསལ་བས་བསྒོམ་བྱའི་ཡུལ་ཆོས་ཉིད་གུད་ན་མེད་པའོ། །བསྒོམ་བྱེད་ཀྱི་སེམས་ཉིད་མཐའ་ཐམས་ཅད་དང་བྲལ་བས་མ་གྲུབ་པའོ། །དེ་གཉིས་མ་གྲུབ་པར་བསྒོམ་པ་རང་གི་ངོ་བོ་ཡང་མ་གྲུབ་པས་དེ་གཉིས་ཀྱི་སྐྱོན་མེད་དོ། །འཆི་བ་དོན་དམ་ལ་སོགས་པ་ནི་འཆི་བ་བར་མ་སྐྱེས་ཟིན་པ་གསུམ་ནི་སྦྱངས་གཞི་རྒྱུད་ལ་གནས་ཚུལ་དང་མཚོན་པར་བྱེད་པའི་ཐུན་མོངས་པའོ། །དོན་དམ་པ་ཀུན་རྫོབ་དབྱེར་མེད་གསུམ་ནི་སྦྱོང་བྱེད་གཉེན་པོ་བསྒོམ་བྱ་ལམ་གྱི་ལྟ་བའོ། །རིམ་པར་བཤད་ན། འཆི་བའི་ཚེ་ཚོགས་དྲུག་ཡུལ་ལ་སྣང་བའི་རྟོག་པ་འགགས་པས་ཕྱི་སྣང་བའི་རྟོགས་པ་དང་། ནང་ཞེན་པའི་རྟོག་པ་གཉིས་ཀ་དང་བྲལ་བས་དོན་དམ་པའི་བདེན་པ་བསྒོམ་པ་སྟོང་པ་ཆེན་པོ་དང་འདྲ་ཞིང་སྦྱང་གཞི་ཡང་ཡིན་ནོ། །སྐྱེ་བ་བར་མའི་ཚེ་ན་ད་ལྟར་གྱིས་ལུས་རྡོས་པ་ཅན་དང་ནི་བྲལ། སྒྱུ་མ་ལྟ་བུའི་ལུས་འོད་དང་བཅས་ཏེ། དབང་པོ་ཀུན་གསལ་ཐོག་མེད་འགྲོ་བ་དང་། ཀུན་རྫོབ་གྱི་བདེན་པ་བསྒོམ་པའི་སྒྱུ་མ་ལྟ་བུ་དང་འདྲའོ། །དེ་ནས་ལས་ཀྱི་རླུང་གིས་བདས་ཏེ་སྐྱེ་གནས་ཀྱི་དང་པོ་མ་ཡི་མངལ་དུ་ཉིང་མཚམས་སྦྱར་བ་ན། རྟེན་ཁུ་བ་དཀར་དམར་ནི་ཉི་ཟླའི་གདན་ནོ། །རྣམ་པར་ཤེས་པ་ནི་གསུང་ཡིག་འབྲུ་དང་འདྲ། དེ་ནས་གཏུན་ཤིང་ལྟར་སྐྱེད་ཉེག་ཏུ་གྱུར་པ་ནི་ཐུགས་ཕྱག་རྒྱ་རྡོ་རྗེ་དང་འདྲ། དེ་ནས་ཁ་མིག་དོད་པ་ནི་སྐུ་ཕྲ་མོ་དང་འདྲ་སྟེ། དེ་ཉིད་དགེས་རྡོར་ལས་རང་བཞིན་གྱི་དགེ་སློང་ཞེས་བྱ་བ་སྟེ་སྐྲ་དང་ཁ་སྤུ་མེད་ཅིང་ཕྲུ་མའི་ཆོས་གོས་དང་ལྡན་ཏེ་ཨ་ཧཾ་གི་སྔགས་བརྗོད་པའོ། །དེ་ནས་བལྟམས་ཏེ་ལོ་བཅུ་གཉིས་ལོན་པ་མན་ཆོད་ནི་སྐུ་རྫོགས་པ་སྟེ་ཕྱག་རྒྱ་གཅིག་པ་ཕྲ་མོའོ། །དེ་ནས་ལོ་ཉེར་ལྔ་ལོན་པ་ནི་རགས་པའོ། །དེ་ནས་བུ་ཚ་དང་ལྡན་པ་ནི་སྤྲོས་པ་དང་འདྲའོ། །དེ་ཡོ་བྱད་མང་པོ་ཡོད་དེ་ལོངས་སྤྱོད་པ་ནི་ཚོགས་བསྒྲུབ་པ་དང་འདྲ་བས་བསྐྱེད་པའི་རིམ་པ་གསུམ་པོ་ལྟར་ཕྱག་རྒྱ་གཅིག་སྤྲོས་ཚོགས་བསྒྲུབ་གསུམ་ཆར་གྱིས་ལྷ་སྣང་སྟོང་གཉིས་མེད་དུ་བསྒོམ་པའོ། །སྐྱེས་བུ་སེང་གེ་བཞིན་རྒྱུ་བ་ཞེས་པས་གཅིག་པུར་གནས་པར་བཤད་པ་དང་། ལོངས་སྤྱོད་རེག་མ་དང་ལྡན་པར་བྱ་བ་གཉིས་མི་འགལ་ལམ་ཞེ་ན། དེ་ནི་སེང་གེ་ལྟར་གྲོགས་ངན་པ་སྤངས་པ་ཡིན་གྱི་ལམ་གྱི་གྲོགས་བཟང་པོ་མ་སྤངས་པས་མི་འགལ་ལོ། །གཞན་ཡང་འདི་ལ་སྤྱི་ཡི་སྔོན་དུ་འགྲོ་བ་ཡིན་པས་འདིའི་ཚེ་སུམ་མི་དགོས་དང་ཕྱག་རྒྱ་གཅིག་སྤྲོས་ལ་དགོས་པས་དེ་ལ་དགོངས་པའོ། །ཡན་ལག་བརྒྱད་པ་ནི་དང་པོ་ཞིང་སྤྲུལ་པའི་ཡན་ལག་དང་གཞན་བདུན་ཏེ་བརྒྱད་དོ། །གདམ་ངག་གི་སྟོབས་ཀྱིས་འཇུག་པ་ནི་ཐོག་མར་ཞི་གནས་དམིགས་པ་གང་ཡང་རུང་བ་ཞིག་ལ་སེམས་བཟུང་ནས་བློ་གནས་པ་དང་ལྷག་མཐོང་བལྟ་བའི་དོན་སྟོན་པ་སྟེ་བློ་ཆུང་གི་ཡུལ་ལོ། །ཤེས་རབ་ཀྱི་སྟོབས་ཀྱིས་འཇུག་པ་ནི་རང་གི་ཐོས་བསམ་གྱི་ཤེས་རབ་ཀྱིས་སྒྲོ་འདོགས་ཆོད་དེ་ལེའུ་གཉིས་པ་ལྟར་ལྟ་བ་རྟོགས་ན་བསྒོམ་པ་བློ་ཆེ་བའི་ཡུལ་ལོ། །དེ་ལ་གཉིས་ལས་དྲན་པ་ཙམ་གྱིས་ཆོས་ཉིད་སྤྲོས་བྲལ་དུ་གསལ་བ་ནི། ཅིག་ཆར་སྤྱི་བླུགས་སུ་བཞག་པའོ། །དེ་ལྟར་མི་གསལ་ན་སྔར་དོན་དམ་སྤྲོས་བྲལ་དུ་རྟོགས་པ་ནི་ལྟ་བ་དྲན་པར་བྱ་སྟེ་བསྒོམ་པ་ནི་ལྟ་བ་རྟོགས་པའི་རྗེས་སུ་བཞག་པའོ། །དེ་ལྟར་གཉིས་ནི་བློ་བཞག་ཐབས་དང་ངོ་བོ་གཉིས་ལ་བྱ། བྱིང་རྒོད་དྲུག་གི་བྱིང་བ་གསུམ་ནི་ཤེས་པ་རང་བཞིན་གྱིས་འཐིབས་པ་ནི་རང་བཞིན་གྱིས་བྱིང་བའོ། །ཆང་དང་ངལ་དུབ་དང་དྲོ་བར་བསྡད་པས་འཐིབས་པ་ནི་རྐྱེན་གྱིས་སོ། །ཤེས་པ་ནང་དུ་བསྡུས་པས་འཐིབས་པ་ནི་ཆེད་དུ་བྱས་པས་བྱིང་བའོ། །རྒོད་པ་གསུམ་ལ། རང་ཤུགས་ཀྱིས་ཤེས་པ་འཕྲོ་བ་ནི་རང་བཞིན་གྱིས་གྲུབ་པའོ། །བྱ་བ་མང་པོ་ལ་ཞུགས་པའམ་གྲོགས་འཆལ་བགད་ཅན་གྱི་སྟོབས་ཀྱིས་ཤེས་པ་ཡུལ་ལ་འཕྲོ་བ་ནི་རྐྱེན་གྱིས་སོ། །དོན་གསལ་པོ་གཅིག་འདོད་དེ་ཤེས་པ་ཁ་བཏེགས་ཏེ་ཡུལ་ལ་འཕྲོ་བ་ནི་ཆེད་དུ་བྱས་པས་རྒོད་པ་སྟེ་དེ་ལྟར་དྲུག་གོ །ཉམས་ལྔ་ལས་གཡོ་བའི་ཉམས་ནི་དོན་བློ་ལ་མི་གནས་པར་ཡུལ་རྟོག་པ་འཕྲོ་བ་སྟེ་དེ་ཉམས་སུ་ཅི་འགྱུར་ཞེ་ན། ཐ་མལ་པ་ལ་དེ་མི་འབྱུང་སྟེ་བསྒོམ་པའི་སྟོབས་ཀྱིས་རྟོག་པ་འཕྲོ་བ་ཚོར་བ་ཉམས་སོ། །རྒྱུད་ལ་ལྡན་གསུམ་ནི་དེ་ཏིང་ལྟ་བུ་ལ་སྦྱར་ན། ཤེས་པར་བྱ་བའི་གཏན་ཚིགས་མངོན་དུ་བྱ་བར་རྒྱུད་ལ་ལྡན་ནོ། །གླང་པོ་བརྗིད་གནོན་གྱི་དམ་ཚིག་མངོན་དུ་སྤྱོད་རྒྱུད་ལྡན་ནོ། །ཆོས་ཐམས་ཅད་གཟུགས་བརྙན་ལྟར་ཤེས་པའི་དམ་ཚིག་ནི་མངོན་དུ་བྱེད་རྒྱུད་ལ་ལྡན་ནོ། །དྲོད་རྟགས་བརྟན་པའི་དགོངས་པ་ནི་འབྲས་བུ་ལ་དྲོད་པའི་ཡིད་ཅན་རུ་ལ་ནན་ཏན་གྱིས་འཇུག་པའི་ཕྱིར་རོ། །མཚན་བཅས་ཀྱི་འདའ་ཀ་མའི་སྐབས་སུ། ཤེས་པ་གསུམ་འདོད་ཕུང་དང་ཟླ་གདན། ཧཱུཾ་ཉིད་རིང་པོ་དང་གསུམ་བརྩེགས་པ་དམིགས་པ་ལ་བརྟན་པ་ཐོབ་ནས་ཟླ་དཀྱིལ་དང་ཧཱུཾ་གཉིས་འོད་གཉིས་ལ་ཐིམ། འོད་དེ་དང་རླུང་དབུགས་དང་འགྲོགས་ཏེ་ཕྱིར་འགྲོ་བ་དང་། ནང་དུ་དབུགས་འགྲེལ་ཙམ་ན་ཚུར་སྡུད་དེ། མཐར་འགྲེན་མ་ནུས་པར་དབུགས་ཕྱིར་འགྲོ་ཙམ་ན་འོད་ཀྱིས་སྟོང་ཁམས་ཁྱབ་པར་བརྡལ་བ་དེའི་ངང་ལ་བློ་འདུག་གོ །འབྲས་བུ་ཆོས་སྐུ་ཐོབ་པར་བསྟན་པ་ནི། དང་པོས་ཆོས་སྐུ་ཐོབ་པ་མ་ཡིན་ཏེ། ཡིན་ན་ལམ་གཞན་ལ་དགོས་པ་མེད་པའི་ཕྱིར་རོ། །འོན་ཀྱང་སར་བཤད་པ་ནི་རྒྱུའི་ཆོས་མཐུན་འབྲས་བུ་ལ་སྦྱར་བ་སྟེ། དཔེར་ན་རྒྱུ་ཕབས་ཀྱི་ཚེ་ལུང་ཁུར་མོར་བཏང་བས་འབྲས་བུ་ཆང་གི་ཚེ་མངར་བར་འགྱུར་བས་ཡང་རྒྱུ་གཞན་དང་འཚོག་ནས་འབྱུང་བ་ཡིན་ཏེ། ལུད་ཁུར་དེ་ཉིད་ཆན་ལ་བཏབ་ཀྱང་མངར་བར་མི་ནུས་པ་ལྟར་རོ། །རྒྱུ་ལམ་གྱི་དུས་ན་སྟོང་ཆེན་བསྒོམ་པས་འབྲས་བུ་ཆོས་སྐུ་ཐོབ་པས་ཀུན་ཏུ་བཟང་ལ་སོགས་པ་རྒྱུ་གཞན་དང་འཚོགས་ནས་ཆོས་སྐུ་ཐོབ་པ་ཡིན་གྱི། དེ་ཉིད་ཀྱིས་ཐོབ་ན་ལམ་གཞན་ལ་དགོས་པར་འགྱུར་རོ། །འོ་ན་རྒྱུ་འཚོགས་ནས་ཆོས་སྐུ་དེ་འདུས་བྱས་སུ་འགྱུར་རམ་ཞེ་ན། །དེ་གསལ་བྱེད་རྒྱུ་ཙམ་ཡིན་གྱི་སྐྱེད་བྱེད་ཀྱི་རྒྱུ་ལ་མི་ལྟོས་པས་ངེས་པ་མེད་དོ། །ལེའུ་གསུམ་པ།། ཨཱི་ཐཱི། དེ་ལྟར་སྟོང་པ་ཆེན་པོའི་རྣམ་འབྱོར་ལ་གོམས་པས་དངོས་པོ་ལ་ཡང་བདག་ཏུ་འཛིན་པས་སྣང་བར་འཛིན་པའི་རྟོགས་པ་སྦྱོངས་སྟོན་པར་ཞེན་པས་དང་འཆིང་བས་དེ་བཀྲོལ་བ་དང་། གཞན་ཡང་སྟོང་ཉིད་གོམ་པས་ལས་སྒྱུ་མ་ལྟར་ཤེས་པ་དང་། དེ་མ་རྟོགས་པ་ལས་སྙིང་རྗེ་འབྱུང་བས་དེའི་ཕྱིར་དེའི་རྗེས་སུ་ཡེ་ཤེས་སྒྱུ་མ་བསྒོམ་པ་སྙིང་རྗེ་ཆེན་པོའི་རྣལ་འབྱོར་བཤད་པར་བྱའོ། །བདེན་པ་གཉིས་སུ་མི་སྣང་ཕྱིར་ཅེས་པས་ཁ་ཅིག་ན་རེ་ཀུན་སྣང་གི་བསྒོམ་བྱ་ནི་བདེན་པ་གཉིས་མེད་ཡིན་ལ། ཕྱག་རྒྱ་གཅིག་སྤྲོས་ནི་ཀུན་རྫོབ་ལྷའི་དཀྱིལ་འཁོར་བསྒོམ་པ་ཡིན་ཏེ། སྤྱིར་ལེའུ་གོང་མའི་བརྗོད་བྱའི་དོན་ལ་ཕྱག་འཚལ་བ་ཡིན་ལ་ཕྱག་རྒྱ་གཅིག་པའི་སྐབས་ན་གཉིས་མེད་ལ་ཕྱག་བཙལ་ནས་ཞེས་ནས་ཅེས་པས་སྔགས་ཀྱི་ལུགས་ཀྱིས་ཀུན་རྫོབ་ལྷའི་དཀྱིལ་འཁོར་ཡིན་པས་ཕྱག་རྒྱ་གཅིག་སྤྲོས་ལྷ་བསྒོམ་པའི་ཕྱིར་རོ་སྙམ་ན། དེ་ནི་འཐད་པ་མ་ཡིན་ཏེ་ཅིས་ཞེ་ན་གོ་རིམ་ནོར་བ་དང་གཞུང་དང་འགལ་བའི་ཕྱིར་རོ། །དང་པོ་ནི་ཐོག་མར་དོན་དམ་པ་བསྒོམ་ནས་དེའི་རྗེས་སུ་ཀུན་རྫོབ་མི་སྨོས་པར་གཉིས་མེད་སྨོས་པ་འགལ་དོན་དམ་གཅིག་པུ་ལས་གཉིས་སུ་མེད་པར་ཡོད་མེད་ཀྱི་སྒྲ་མི་འཇུག་གོ །གཞན་ཡང་གཉིས་མེད་གོམས་ནས་ཀུན་རྫོབ་བསྒོམ་པར་རིགས་པས་ཀྱང་མི་འཐད་དོ། །གཉིས་པ་ནི། འདི་ཉིད་ལས་སྐྱེ་བ་བར་མ་ཀུན་རྫོབ་སྟེ། ཞེས་པ་དང་། ཀུན་རྫོབ་སྒྱུ་མའི་དངོས་པོ་དྲུག་སྨོས་སོ། །དྲུག་སྨོས་པའི་ཕྱིར་རོ། །དེའི་ཕྱིར་མཁས་པ་དག་ནི་ཀུན་ཏུ་སྣང་བའི་བསྒོམ་བྱ་ནི་ཀུན་རྫོབ་སྒྱུ་མའོ་ཟེར་རོ། །རྡ་བསམ་གཏན་ན་རེ་ཏིང་ངེ་འཛིན་འདི་དག་ཇེ་ངན་ཇེ་ངན་སོང་སྟེ་ཕྱག་རྒྱ་གཅིག་སྤྲོས་ཀྱི་ཚེ་ཁ་མིག་ཅན་སྣང་བ་ཅན་བསྒོམ་པ་ཟེར་བ་ཡང་མི་འཐད་དེ། ཏིང་ངེ་འཛིན་གོང་མ་རང་བཞིན་རིག་པ་ལྟར་དབུ་མ་སེམས་ཙམ་པ་ཡང་ལུང་རིགས་ཁོག་བསྟུན་པ་ཡིན་ཏེ། གསང་སྔགས་ཀྱི་གྲུབ་མཐའ་གཉིས་མེད་བསྒོམ་པ་ཕྱག་རྒྱ་གཅིག་སྤྲོས་ཁོ་ན་ཡིན་ནོ། །ཏིང་ངེ་འཛིན་ལ་འཇུག་པའི་ཐུན་ཚད་ནི་ཉམས་ཀྱི་དུས་ཀྱིས་བྱས་ཏེ། འདི་ལྟར་གཡོ་བའི་ཉམས་ཀྱི་ཚེ་ཉིན་ཞག་ཕྲུག་གཅིག་ལ་ཐུན་བཞིར་བཅད་ནས་སོ་གཉིས་བོར་ནས་སོ་གཉིས་བར་དུ་བསྒོམ་པའོ། །དེས་འདྲེ་ཐོབ་པ་སོ་གཉིས་ལ་བཅུ་དྲུག་བསྒོམ་པ་ལ་སོགས་པར་སྦྱར་རོ། །གང་གིས་ཅེས་པ་ལ་སོགས་པ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ནི་ཡེ་ཤེས་རང་གསལ་གྱི་ངང་དུ་མི་ཕྱེད་པའི་སྙིང་རྗེ་ཆེན་པོ་རྒྱུ་ཤེས་རབ་ཀྱི་དབང་པོ་དྲུག་གིས་ཤེས་པའི་དོན་བློ་ལ་བཞག་པའི་ཐབས་ལ་གཉིས་ཏེ། སོ་སོར་རྟོགས་པའི་ཤེས་རབ་རྒྱུའི་བསྒོམ་པ་དང་། ལམ་སྔ་མ་གོམས་པའི་རྗེས་ལ་དགོངས་པའོ། །དང་པོ་ལ་གཉིས་ཏེ། ལྟ་བ་མཐོང་བའི་རྗེས་ལ་བཞག་པའོ། །རྟོག་དཔྱོད་སྔོན་དུ་བཏང་བ་ལ་བཞག་པའོ། །དང་པོ་ནི་ཆོས་ཐམས་ཅད་ཡེ་ཤེས་རང་གསལ་སྒྱུ་མ་ལྟར་རྟོགས་པའི་ངང་ལ། བློ་མི་གཡོ་བར་བཞག་པ་སྟེ། དེ་ནི་དེ་ནས་རྗེས་ཀྱི་བར་དུ་སྟེ་དཔེ་དྲུག་དང་སྒྱུ་མའི་དངོས་པོ་དྲུག་ཏུ་སྦྱར་བའམ། ཡང་དྲུག་ཀ་ཡེ་ཤེས་སྒྱུ་མ་ལྟ་བུའི་དཔེའོ། །དེས་ན་དཔེ་དྲུག་གི་ཚུལ་དུ་དག་གོ །གང་གཅིག་ན་བདག་དང་འགྲོ་བ་གཉིས་ངོ་བོ་ཡེ་ཤེས་རང་གསལ་དུ་དག་གོ །གཅིག་པས་དངོས་པོ་ཐ་དད་པ་མེད་ཅེས་སྦྱར། འོ་ན་ཐ་དད་དུ་སྣང་བ་ཞེ་ན། དེ་ནི་མཚོན་ཚུལ་གྱི་གསལ་བས་ཐ་དད་པ་དང་རྟོགས་པའི་བློས་ཐ་དད་སྣང་བའི་ཕྱིར་མཚན་ཉིད་གཅིག་པ་མེད་དོ། །དེས་ན་གཅིག་དང་ཐ་དད་གཉིས་མེད་པས་ན། ཐ་དད་མེད་པས་འགྲོ་དོན་བྱེད་པའང་མེད། གཅིག་པ་མེད་པས་འགྲོ་དོན་བྱ་བ་འགོག་པ་མེད་པར་མཐོང་བ་དེ་མ་ཤོར་ཙམ་དུ་བྱས་ནས་དེའི་རྗེས་ལ་བསྒོམ་པའོ། །གཉིས་པ་ནི་སྣང་བ་འདི་ལ་བདེན་པའི་སྙིང་པོ་རང་རྒྱུད་པ་གྲུབ་བམ་མ་གྲུབ་སྙམ་དུ་རྟོག་དཔྱོད་བྱས་ནས་མ་གྲུབ་པར་ཤེས་ན་དེའི་ངང་ལ་བློ་འཇོག་པའོ། །ལམ་སྔ་མ་གོམས་པའི་རྗེས་ལ་ཐོབ་པ་ནི། སྔར་ལྟ་བ་རྟོགས་པ་དང་སྟོང་པ་ཆེན་པོ་གཉིས་ལ་གོམས་པས་ཡེ་ཤེས་སྒྱུ་མ་བསྒོམ་སྙམ་དུ་དྲན་པ་ཙམ་གྱིས་ཅིག་ཆར་དུ་ཆོས་ཐམས་ཅད་ཡེ་ཤེས་སྒྱུ་མར་གསལ་བའོ། །དེ་ནི་རྟོག་དཔྱོད་ཀྱི་སྔོན་འགྲོ་ལ་མ་ལྟོས་ཏེ་སྔོན་དུ་འགྲོ་བ་མི་དགོས། ཐམས་ཅད་ཡེ་ཤེས་རང་གསལ་དུ་ཤེས་པས་དེ་ལས་མ་གཏོགས་པའི་ཆོས་མ་གྲུབ་ཏེ། གཉིས་སུ་འཛིན་པ་རང་སར་གྲོལ་བ་ནི་གསོད་པ་ཆེན་པོ་སྟེ་སྙིང་རྗེ་ཆེན་པོའོ། །འོ་ན་འདིར་དང་ཚད་མེད་སྨོས་ལ་འོག་ཏུ་ཡང་སྨིན་པས་ཟློས་པའི་སྐྱོན་ཆགས་སོ། །ཞེ་ན། འདིར་ནི་ཡེ་ཤེས་རང་གསལ་ཉིད་ལ་ཚང་ཚུལ་བརྩིས་པའོ། །འོག་མ་ནི་ཡེ་ཤེས་སྒྱུ་མ་གོམས་པ་ལས་གཞན་དུ་ཚད་མེད་པ་བཞིར་སྣང་བ་ཡིན་པས་ཟློས་སྐྱོན་མེད་དོ། །ཁྱད་པར་ནི་ཕ་རོལ་ཏུ་ཕྱིན་པ་ལྟར་ཆོས་ཅན་འཁོར་བའི་རྒྱུ་རྐྱེན་ལ་སོགས་པ་ལ་དམིགས་ནས་སྙིང་རྗེ་བསྒོམ་ལ། འདིར་ནི་ཆོས་ཉིད་འཁོར་བའི་རང་བཞིན་ལ་དམིགས་ནས་གཉིས་སུ་མེད་པའི་སྙིང་རྗེ་བསྒོམ་པའོ། །སྒྱུ་མའི་དངོས་པོ་དྲུག་ནི་བདག་མེད་པ་ལ་བདག་ཏུ་བརྟགས་པས་ལོག་རྟོག་གོ །རྐྱེན་ལས་སྐྱེས་པ་ལ་སོགས་པ་གསུམ་གྱི་ཕྱིར་སྒྱུ་མའོ། །རྟོག་མཐུན་གྱི་ཤེས་པ་མ་འཁྲུལ་བའི་ངོ་ལ་རྒྱུ་རྐྱེན་འདུས་ནས་འབྲས་བུ་སྣང་བས་རྟེན་འབྲེལ་ལོ། །རང་རྒྱུད་པ་ངང་གིས་སྟོང་པས་སྒྱུ་མ་སྟེ་འདྲེའོ། །རིག་པ་ཉིད་རང་སྣང་བས་རིག་པ་སྒྱུ་མ་འདྲེ། རྒྱལ་བའི་སྐུ་ཕྱག་རྒྱར་མ་འགགས་པས་ཕྱག་རྒྱར་རིག་པ་སྒྱུ་མ་འཁོར་འདས་ཀྱི་དངོས་གཞིར་མ་འགགས་པར་ཤར་བས་ཐབས་སྒྲིབ་བྱེད་མེད་པར་རང་གསལ་བས་ཡེ་ཤེས་སོ། །ཐུན་རྐྱང་ཅེས་པ་ནི་ཐུན་རྐྱང་པར་སོང་ན་རབ་འབྲིང་གི་བྱེ་བྲག་གིས་ཐུན་བརྒྱད་བཅུ་དྲུག་སོ་གཉིས་ལ་སོགས་པར་བསྒོམ་པའོ། །ཐུན་རྐྱང་པར་སོང་ན་ཉིན་མཚན་ཕྱེད་པར་བསྒོམ་ནུས་པ་ལ་བྱ་གསུང་ངོ་། །རྗེས་སུ་འཇུག་པ་ལ་གསུམ་སྟེ། ཉན་ཐོས་དགྲ་བཅོམ་པའི་རྗེས་སུ་འཇུག་པ། བྱང་སེམས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྗེས་སུ་འཇུག་ཅིང་། གསང་སྔགས་སངས་རྒྱས་པའི་རྗེས་འཇུག་པའི་ཕྱིིར་ན་སངས་རྒྱས་ལྟར་སྤྱོད་པའོ། །དེ་བས་མང་དང་འབྲིང་ལ་མཉམ་ཞེས་པ་ནི། སྟོང་ཆེན་གྱིས་སྙན་མི་སྙན་ཆུང་ངུ་ཙམ་མཉམ་ལ། ཀུན་ཏིང་ནི་དེ་བས་གྲངས་མང་སྟེ་གྲགས་མ་གྲགས་མཉམ། དེ་ཡང་དེ་གཉིས་འབྲིང་པོ་ཙམ་མཉམ། ཉི་འོད་ལ་སོགས་པ་དཔེ་བཞིན་ནི་རིམ་པ་ལྟར་ད་ལྟར་གྱི་ཡིད་ལུས་གསུམ་ལས་མ་གཡོས་བཞིན་སྐྱེ་བ་ཕྱི་མའི་དེ་གསུམ་དུ་སྣང་བའི་དཔེའོ། །ཕྱི་མ་ཞེས་པ་སྒྱུ་མའི་ལྟ་བུའི་རྣལ་འབྱོར་བསྟན་པའི་ཕྱི་མ་ཕྱག་རྒྱ་གཅིག་པ་ནས་འཁོར་བར་མི་ལྡོག་པར་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་ཐོབ་པར་བརྟན་ཞེས་སྦྱར་ཕྱི་མ་ལ་སྦྱོར་མི་ནུས་ན་ལན་གྲངས་གཞན་དེ་ཡང་ཕྱི་ཞེས་ཕྱི་མ་སྤྲོས་པའམ་ཚོགས་སྒྲུབ་ནས་འཁོར་བར་མི་ལྡོག་པ་དབང་བསྒྱུར་རིགས་སུ་ངེས་སོ། །འབྲས་བུ་ལོངས་སྐུ་ཐོབ་པར་བརྟན་པ་ནི་རྒྱུའི་ཆོས་མཐུན་འབྲས་བུ་ལ་སྦྱར་བ་སྟེ་ལེའུ་གསུམ་པར་བཤད་པ་བཞིན་ནོ། །ལེའུ་བཞི་པ་ཨཱི་ཐཱི། དེ་ལྟར་ཡེ་ཤེས་རང་གསལ་སྒྱུ་མ་ལྟ་བུ་གོམས་པས་སྟོང་པར་འཛིན་པའི་ཞེན་པ་སྦྱངས་ཀྱང་ཟུང་དུ་འཇུག་པ་ལ་མ་བརྟེན་པས་སྣང་སྟོང་རེས་འཇོག་ཏུ་ཞེན་པ་བཀྲོལ་བ་དང་། གཞན་ཡང་གོང་ལྟར་ཡེ་ཤེས་རང་གསལ་ཉིད། ཅིར་ཡང་སྣང་བ་ལས་འབྲས་བུ་ལྷའི་སྐུར་འཆར་བས་དེའི་ཕྱིར་ཕྱག་རྒྱ་གཅིག་ལ་བསྒོམ་པར་བཤད་པར་བྱའོ། །སེམས་སྦྱངས་པ་ལ་གཉིས་ལས། གདམས་ངག་གིས་ལྷ་བསྒོམ་པར་ལ་འཇུག་པ་ལ་སྔ་མ་བསྟན་པ་མེད་ཀྱང་ལས་དང་པོ་པ་ཡིད་ཀྱི་ལྷ་བསྒོམ་པའི་དུས་སུ་ཡི་གེ་ལ་སེམས་སྦྱངས་པའོ། །ཤེས་རབ་ཀྱིས་འཇུག་པ་ནི་ལྟ་བ་རྟོགས་པ་ནས་ཀུན་ཏིང་གི་བར་དུ་ལམ་བརྟན་ནས་ཕྱག་རྒྱ་གཅིག་པ་བསྒོམ་པའི་སྔོན་དུ་ཡིག་འབྲུ་ལ་སེམས་སྦྱངས་པའོ། །དེ་གཉིས་ཆར་གྱི་འཇུག་པའི་གཞི་ཡིག་འབྲུ་བསྒོམ་པ་འདི་ཡིན་ཞེས་བྱའོ། །ཁ་གཅིག་ན་རེ་ཨ་དང་ཧཱུྃ་བསྒོམ་པ་གཉིས་གདམས་ངག་དང་ཤེས་རབ་ཀྱི་འཇུག་པ་ཡིན་ཟེར་ཏེ་མི་འཐད་དོ། །འོན་ཀྱང་ཡིག་འབྲུ་གཉིས་པོ་ནི་རྒྱུ་མ་སྐྱེས་པ་དང་། ངོ་བོ་རང་རིག་པའི་ཡེ་ཤེས་ཡིན་པས་ཨ་དང་ཧཱུཾ་ངོ་། །ཡང་ན་གདུལ་བྱ་མོས་པ་ཐ་དད་ཀྱི་དབང་དུ་བྱས་པར་ཟད། ལྷ་བསྐྱེད་པའི་ཐབས་དང་ལམ་ཀྱི་རིམ་པ་ནི་ཕྱག་རྒྱ་བསམ་གཏན་ལྟར་སྦྱར་བས་སླ་བར་ཟད་དོ། །རྡོ་རྗེ་རྣམ་གསུམ་རིག་གསུམ་བསྒྱུར་བ་ནི། བུདྡྷ་ཧེ་རུ་ཀའི་ༀ་སྨུག་ནག་ལས་ཧེ་རུ་ཀ་ལ་སོགས་པར་སྦྱར་ཏེ་སླ་བར་ཟད་དོ། །བཏང་སྙོམས་ནི་གསུམ་སྟེ། རྩོལ་བ་དང་བཅས་པ་དང་། རྩོལ་བ་དོར་བ་དང་། དུས་ཕྱེད་པའི་བཏང་སྙོམས་གསུམ་གྱི་རིམ་པ་དང་སྦྱར་རོ། །བརྩོན་པ་ཆེ་ཆུང་བྱ་བ་དག་ཀྱང་ཉམས་ཀྱི་སྐབས་ཀྱིས་གསུམ་སྟེ། གཡོ་ཐོབ་ཀྱི་ཚེ་རྩོལ་བ་དང་བཅས་པའི་བཏང་སྙོམས་བླང་། གཉིས་པོ་དོར་བར་བྱ། གོམ་བརྟན་གྱི་ཚེ་རྩོལ་བ་དོར་བའི་བླང་། མཐར་ཕྱིན་པའི་ཚེ་དུས་ཕྱེད་པ་བླང་། གཉིས་པོ་དོར་གཟུགས་ལ་སོགས་པའི་ཡུལ་དྲུག་ཐིག་ལེ་སྤྲོས་བྲལ་རྣམས་པར་མི་རྟོག་པར་ཤེས་ཏེ་ལོངས་སྤྱོད་པ་ནི་མཚན་མ་མེད་པའི་སྤྱོད་ལམ་མོ། །ཡང་ན་འདོད་ཡོན་ལྷ་མོ་དྲུག་ཏུ་ཤེས་པར་བྱས་ཏེ་སྤྱད་པ་ནི་མཚན་མ་དང་བཅས་པའི་སྤྱོད་ལམ་མོ། །དབང་པོ་ཡུལ་དུས་ཀྱི་སྦྱོར་བ་ཞི་ཁྲོ་གང་ཡིན་གྱི་སྐབས་དང་སྦྱར་བ་ནི་ཞི་བ་ལྟར་ན་དབང་པོ་ལ་བརྟེན་ནས་སྐྱེ་བ་ཐབས་ཡབ་ཏེ་སེམས་དཔའ། དུས་ཀྱི་གོ་ཕྱེ་ནས་ཡུལ་སྣང་བ་ནི་ཤེས་རབ་ཡུམ་སྟེ་སེམས་མའོ། །དེ་ལྟར་ནའང་མིག་གིས་ཡུལ་མཐོང་བའང་ཐབས་ཤེས་རབ་གཉིས་སུ་སྦྱར་བས་གཟུང་འཛིན་གཉིས་རང་ཀ་མའི་ཞེན་པ་བཟློག་པའོ། །ཁྲོ་བོ་ལྟར་ན་དབང་པོ་རྣམ་ཤེས་ཁྲོ་མོ་དུས་ཀྱི་གོ་ཕྱེ་ནས་ཡུལ་ཕྲ་མེན་ནོ། །རྡོ་རྗེ་རྣམ་གསུམ་བསྒོམ་པས་རུ་མིན་པ་གཞན་ལ་ཕྱག་མི་འཚལ་བ་ནི། སྤྱིར་ལྕི་བ་བཞི་ལས་བསྒོམ་ཆེན་པའི་ཕྱག་ལྕི་བའི་དེས་ན་བདག་ལ་བརྟེན་ནས་གཞན་སྡིག་གསོག་པར་འགྱུར་རོ། །མདར་ནག་ན་རེ་སྤྱོད་ལམ་ཉིད་དུ་ལེགས་ཉེས་ཀུན་གྱི་མདོར་བསྟན་ནས། རྒྱས་པ་ལ་གཉིས་ལས་ལེགས་པར་འབྱུང་བའི་རྒྱས་བཤད་ནི། གདོལ་པ་ཁྱིའི་སྦྱོར་བ་ལ་སོགས་ཀྱིས་བསྟན་ནོ། །བདག་ཉིད་ལྷ་དང་མཉམ་སྦྱོར་ན། །གཞན་ཐོས་པ་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར་རོ། །ཡི་དམ་གྱི་ལྷ་སྤངས་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་སྤྱད་ཀྱང་དགོས་པའི་དོན་འབྲས་བུ་མེད་པར་འགྱུར་ཏེ་སངས་རྒྱས་ཐམས་ཅད་སྤང་བའི་ཕྱིར་རོ། །གང་གིས་ཞལ་མཐོང་མོས་པ་ཡིས། །ཞེས་པ་ནི། ཡི་དམ་ལྷའི་ཞལ་མཐོང་ནས་ལྷ་དེ་ལ་མོས་པའི་སྟོབས་ཀྱིས་སྡིག་པ་འདག་སྟེ་འབྲས་བུ་ལ་སྦྱོར་བའམ། ཡང་ན་ཡི་དམ་ལྷ་མཐོང་བའི་རྣལ་འབྱོར་པ་ལ་མཆོད་པ་བྱས་པའི་བསོད་ནམས་དུ་སྦྱར་རོ། །དེ་ཉིད་བར་ཕྱི་ཞེས་པ་རྣམ་པར་སྨིན་པའི་རིག་འཛིན་སྲིད་པ་བར་མ་དོ་ལ་ཐོབ་པའི་ཚུལ་ནི། བར་དོའི་སྐབས་སུ་བསྒོམ་བྱའི་ལྷའི་རྣལ་འབྱོར་དུ་གསལ་ཡང་སྔར་གོམས་པའི་བག་ཆགས་ཀྱིས་སྔར་གྱི་ལུས་སུ་འཛིན་པས་བསྒྲིབས་ཏེ། དེ་དང་བྲལ་མ་ཐག་ཏུ་ཕྱག་རྒྱ་ཆེན་པོ་ལ་སྦྱར་བའི་ཆོས་གསུམ་ལྡན་ནོ། །དེ་ལྟར་ཕྱག་རྒྱ་གཅིག་པའི་བློ་ཆུང་གི་བྱེ་བྲག་གིས་ཚེ་འདི་ཉིད་ལ་སྦྱོར་བ་དང་། སྲིད་པ་བར་དོ་ལ་སྦྱོར་བ་དང་། ལན་གྲངས་གཞན་ལ་ཐོབ་པར་ནི་འདི་ཉིད་དང་ལམ་ཆུང་ངུ་གཅིག་པ་བཤད་པས་འཐད་དོ། །ཕྱག་རྒྱ་གཅིག་སྤྲོས་ནས་རྣམ་སྨིན་དུ་སྦྱོར་བས་ཐོད་རྒལ་བ་ཞེས་བྱ་སྟེ། སྤྱིར་གྲོལ་ལམ་རིམས་འཇུག་ལ་ཐོད་རྒལ་དང་མཐར་ཆགས་གཉིས་སུ་ཡོད་དོ། །དེ་ཡང་བློ་ཆུང་བས་བར་དུ་ལམ་གཞན་མ་བོར་བགྲོད་པ་ནི་མཐར་ཆགས་ཡིན་ལ། བློ་ཆེ་བས་བར་དུ་ལམ་གཞན་བོར་ནས་བགྲོད་པ་ནི་ཐོད་རྒལ་བ་སྟེ། དེ་ཡང་སྟོབས་གང་ལས་བྱུང་ཞེ་ན། ཟག་བཅས་ཕྱག་རྒྱ་གཅིག་སྤྲོས་ནས་འབྱུང་ཞིང་ཟག་མེད་ཚེ་དབང་ཕྱག་རྒྱ་གཉིས་ནས་འབྱུང་ངོ་། །དེ་ཡང་ཟག་བཅས་ནས་ཐོད་རྒལ་འབྱུང་བའི་རྒྱུ་མཚན་ནི། ཉ་རེ་བ་ན་རེ། བདེན་གཉིས་དབྱེར་མེད་ཉམས་སུ་ལེན་པ་ལས་འབྱུང་ཟེར་རོ། །འོ་ན་རྣམ་སྨིན་ནམ་ཚོགས་ནས་འབྱུང་བར་ཐལ་སྙམ་ན། དེ་ཐོད་རྒལ་འོང་བ་ལ་དབྱེར་མེད་ཉམས་སུ་ལོན་པ་ཅིག་དགོས་ཏེ། དབྱེར་མེད་ཉམས་སུ་ལོན་ཚད་ལ་ཐོད་རྒལ་འོང་བའི་ངེས་པ་མེད་དེ། དཔེར་ན་བཙུན་པ་ལ་མིས་ཁྱབ་སྟེ་མི་ཐམས་ཅད་ལ་བཙུན་པས་མ་ཁྱབ་པ་བཞིན་ཟེར། དེ་མ་ངེས་པར་ཐལ་བས་མི་འཐད་བསམ། །ཡང་ཁ་གཅིག་ན་རེ། ལྷར་སྣང་སྟོང་གཉིས་སུ་མེད་པ་གསལ་བ་ལས་འབྱུང་ཞེས་ཟེར་རོ། །འོ་ན་ལས་དང་པོ་པས་བསྒོམ་པ་ལས་འབྱུང་བར་ཐལ་བས་མི་འཐད་དོ། །འོ་ན་ཅི་སྙམ་ན་ཟག་བཅས་ནས་ཐོད་རྒལ་འབྱུང་བ་ལ་རྒྱུ་མཚན་གསུམ་དང་ལྡན་པར་གཅིག་དགོས་ཏེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོགས་པ་དང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གོམས་པ་དང་། རང་གི་ངོ་བོ་ལྷ་སྣང་སྟོང་དབྱེར་མེད་དུ་གསལ་བའི་བློ་ཆེ་བ་ལས་འབྱུང་ངོ་། །འོ་ན་ཚོགས་བསྒྲུབ་ནས་ཀྱང་འོང་བར་རིགས་ཞེ་ན། དེ་ནི་ཟག་བཅས་ནས་ཐོད་རྒལ་འོང་བྱ་བར་ཡང་ཟག་མེད་ཀྱི་མཐོང་ལམ་རྣམ་སྨིན་ལ་སྦྱར་བ་ལ་བྱ་ཡི། ཟག་མེད་ཀྱི་མཐོང་ལམ་བོར་ནས་སྦྱོང་བར་མི་ནུས་ཏེ་པས། ཚོགས་བསྒྲུབ་ལ་ཐོད་རྒལ་བ་རང་མེད་དོ། །ཡང་ན་ཚོགས་བསྒྲུབ་ནས་ཐོད་རྒལ་བ་ཡོད་དེ། ཟླ་བ་དྲུག་ན་སྦྱོར་བ་དེ་ལ་ལོ་གཅིག་གམ་ཟླ་བ་གསུམ་མམ་བཞིར་བསྒྲུབ་པ་སྦྱོར་དུས་མྱུར་བའི་ཕྱིར་རོ། །ཟག་མེད་ནས་ཐོད་རྒལ་འབྱུང་བ་ནི་ལུས་ཀྱི་རྒྱ་མདུད་བྲལ་བའི་བློ་ཆེ་བ་ལས་འབྱུང་བ་སྟེ། ཚེ་དབང་ནས་སངས་རྒྱས་ལ་སྦྱོར་བ་དང་། ལྷུན་གྲུབ་ལ་སྦྱོར་བའི་ཐོད་རྒལ་བ་གཉིས་ཡོད་ལ། ཕྱག་རྒྱ་ཆེན་པོ་ནས་སངས་རྒྱས་ལ་སྦྱོར་བ་གཅིག་ཡོད་དོ། །རྣམ་སྨིན་ནས་མི་འབྱུང་བ་ནི་ཚེ་དབང་བས་སྟོབས་ཆུང་རྐྱེན་སྨོས་ཆུང་ཞེན་པ་དང་ལུས་ཀྱི་རྒྱ་མདུད་དང་མ་བྲལ་བའི་ཕྱིར་རོ། །ལེའུ་ལྔ་པ་ཨཱི་ཐཱི། དེ་ལྟར་ཕྱག་རྒྱ་ཅིག་པ་སྣང་སྟོང་དབྱེར་མེད་ལ་བློ་བརྟན་ཡང་སྤྱོད་ཡུལ་ལྷའི་དཀྱིལ་འཁོར་མི་གསལ་བས་སྤྱོད་ཡུལ་གྱི་རྟོགས་ཚོགས་ལྷའི་དཀྱིལ་འཁོར་དུ་བསྒོམ་སྟེ་རྟོག་པ་རང་ཀ་མའི་ཞེན་པ་དགྲོལ་བ་དང་། གཞན་ཡང་ཕྱག་རྒྱ་ཅིག་པ་ལ་བརྟེན་ན་ལྷ་དུ་མར་བསྒོམ་ནུས་ཏེ། དུ་མ་ཅིག་གིས་གསལ་བའི་ཕྱིར་ཕྱག་རྒྱ་སྤྲོས་པར་བཤད་པར་བྱའོ། །རང་ཞེ་སྡང་རྡོ་རྗེའི་ཐུགས་ལས་ཁྲོ་བོ་བཅུ་ཕྱུང་སྟེ་ཕྱོགས་བཅུ་གདན་དུ་གཟིར་བས་ཕྱོགས་བཅིང་བའོ། །སརྦ་པཉྩས་རང་ལ་གཏོར་བས་ཉམས་ཆགས་དག་པར་བསམ་པ་ནི་བདུད་རྩི་སྨན་གྱིས་སྦྱང་བའོ། །བི་ཤུདྡྷེས་མཆེད་ལ་གཏོར་བས་དེའི་ཉམས་དག་པས་ནི་སྟོང་པ་ཉིད་ཀྱིས་བསང་བའོ། །དྷརྨ་པཉྩས་མཆོད་རྫས་ལ་གཏོར་བས་དེའ་ིཉེས་པ་དག་པར་བསམ་པ་ནི། ཆོས་ཉིད་ཀྱིས་བསང་བ་སྟེ་གསང་བ་རྣམ་པ་གསུམ་མོ། །དེ་ནས་བཛྲ་ཡཀྵས་གཏོར་ནས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱི་གུར་གྱིས་བགེགས་བསྐྲད་པར་བསམ་མོ། །རྗེས་སུ་མཐུན་པར་ཞི་བས་དང་ཁྲོ་བོའི་སྐབས་སུ་ཉ་རི་བ་ན་རེ་ཞི་ཁྲོ་ཕྱག་རྒྱ་གཅིག་པ་ནས་རིགས་ཕྱེ་བས་ཟག་མེད་ཀྱི་མཐོང་ལམ་ལ་སྦྱར་བ་དེ་ཕྱག་རྒྱ་གཅིག་གིས་ཞི་བ་དེ་ཀས་ཞི་བ་ཕྱག་རྒྱ་སྤྲོས་པ་བསྒོམ་ནས་ཞི་བ་ཚོགས་བསྒྲུབ་པས་རྣམ་སྨིན་ནམ་ཕྱག་རྒྱ་ཡང་ཞི་བའི་ལྷ་རིགས་ལྔ་གང་རུང་གསལ་བའོ། །ཚོམ་བུ་དང་དཀྱིལ་འཁོར་གྱི་ཁྱད་པར་ནི། བསྒྲུབ་བྱེད་རྣལ་འབྱོར་གྱི་ཁྱད་པར་ཡོད་དེ་ལྷ་དང་རྣལ་འབྱོར་བྲང་སྤྲོད་དུ་བསྒོམ་པ་ནི་ཚོམ་བུའོ། །རྣམ་པ་གཅིག་གིས་ངང་ལྷ་ཀུན་རྫོགས་པར་བསྒོམ་དུ་བཏུབ་པ་མ་ཡིན་ཟེར་རོ། །སློབ་རིམས་དང་སྦྱར་ན་ཚོམ་བུའི་སྐབས་སུ་རྣམ་པ་གཅིག་གིས་ལྷ་དུ་མར་བསྒོམ་པས་དེའི་ངེས་པ་མེད་དེ། འོན་ཀྱང་ལྷའི་རྣལ་འབྱོར་བྱུང་རྫོགས་སུ་བཅས་པའི་ཆ་ནས་དཀྱིལ་འཁོར་ཕོ་བྲང་གཙོ་བོའི་ཆ་ནས་ཚོམ་བུ་སྟེ་གཙོ་བོ་ལྔ་རིགས་གཅིག་ལས་མེད་པས་ཚོམ་བུ་གཅིག་པ། གསུམ་ཡོད་པས་གསུམ་པ། ལྔ་ཡོད་པས་ལྔ་པ་ཞེས་སྨོས་སོ། །འོ་ན་རྩ་རྒྱུད་ཚོམ་བུ་ལ་ཡང་ཞེས་འདམ་ཀ་སྨོས་ལ། འདིར་ནི་གཅིག་པ་ལ་བརྟན་གསུམ་པ་ལ་སློབ་ངས་བརྟན་ནས་ལྔ་པ་ལ་སློབ་པའི་གོ་རིམས་སུ་བཤད་པ་གཉིས་མི་འགལ་ལམ་ཞེ་ན། མི་འགལ་ཏེ། རྩ་བརྒྱུད་དུ་ནི་ཚོགས་བསྒྲུབ་པའི་དབང་དུ་བྱས་ཏེ། རྣམ་པ་གྲལ་དུ་ཡོད་པས་ཚོམ་བུ་གཅིག་པ་ལ་སོགས་པ་གང་ཡང་རུང་བ་བསྒྲུབ་ལ། འདིར་ནི་སློབ་པའི་རིམ་པ་སྨོས་པས་མི་འགལ་ལོ། །སངས་རྒྱས་སྟོང་གི་དལ་སོ་སོ་ནི་སྙིང་པོའི་སྐབས་སུ་བསྟན་ནོ། །དེ་ཕྱིར་ལམ་བཞི་ལྡོག་གསུམ་གྱི་སྐབས་སུ་ཉི་རི་བ་ན་རེ། ཅིག་སྤྲོས་མན་ཆོད་ཟག་ལྡོག་གཉིས་ཀ་ཡོད་པའི་ལམ་མོ། །ཟག་པ་ཡོད་ལ་ལྡོག་པ་མེད་པ་ནི་རྣམ་སྨིན་ཚོགས་བསྒྲུབ་བོ། །ཟག་ལྡོག་གཉིས་ཀ་མེད་པ་ནི་ཟག་མེད་གསུམ་ཡིན་གསུངས། སྤྲོས་པ་དང་ཚོགས་བསྒྲུབ་གཉིས་ཀྱི་ཁྱད་པར་ནི། དཔེར་ན་ཐོ་མཁན་གསར་རྙིང་དང་འདྲ་སྟེ། ལྷའི་རྣལ་འབྱོར་དུ་གསལ་བཞིན་ཡོ་བྱད་ལ་ལོངས་སྤྱོད་ནུས་པ་ནི་ཚོགས་བསྒྲུབ་བོ། །ལྷའི་རྣལ་འབྱོར་དུ་གསལ་དང་ཡོ་བྱད་ལ་ལོངས་སྤྱོད་མི་ནུས་པ་ནི་སྤྲོས་པ་སྟེ། དེས་ན་སྤྲོས་པ་ནི་ཏིང་ངེ་འཛིན་བར་ཆད་མེད་པ་ཡིན་ལ། ཚོགས་བསྒྲུབ་ནི་ཡོ་བྱད་བར་ཆད་མེད་པ་ཡིན་ནོ། །དེ་ཡན་བར་ཆད་མེད་པའི་སྐབས་སུ་རྨི་ལམ་འདི་དང་མཐུན་པར་འབྱུང་ངོ་། །ལེའུ་དྲུག་པ་ཨཱི་ཐཱི། དེ་ལྟར་ལྷ་དུ་མར་གསལ་ཀྱང་ཡོ་བྱད་ལྔ་ལ་འཛིན་ཆགས་མེད་པར་སྤྱོད་མི་ནུས་པས་ཡོ་བྱད་ལ་སྤྱོད་བཞིན་མ་ཞེན་པར་བྱ་བ་དང་། གཞན་ཡང་ལྷ་དུ་མ་ལ་ཏིང་ངེ་འཛིན་བར་ཆད་མེད་པར་བརྟེན་ཡོ་བྱད་ལ་མ་ཞེན་པར་སྤྱོད་ནུས་པས་ཡོ་བྱད་བར་ཆད་མེད་པའི་ཚོགས་བསྒྲུབ་བཤད་པར་བྱའོ། །བར་ཆད་མེད་པར་སྦྱོར་བ་ནི་གླན་ན་རེ། ཕལ་ཆེ་བ་ལ་དགོངས་པ་སྟེ། མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་དང་མ་འཕྲད་ན་ཟག་མེད་ཀྱི་མཐོང་ལམ་ལ་སྦྱོར་བས་བར་ཆད་མེད་ཅེས་བྱའོ། །རྐྱེན་དེ་གཉིས་དང་མི་ལྡན་པར་བསྒྲུབ་ཀྱང་ངན་སོང་དུ་ལྟུང་བར་རྩ་རྒྱུད་ལེའུ་ལྔ་པ་ལས་བཤད་པས་ན་ཕལ་ཆེ་བ་ལ་དགོངས་ཟེར་ཏེ་སྟོན་པ་མཆོད་བརྩོན་རྟོགས་པ་གསལ་ལ་སོགས་པའི་མཐུན་རྐྱེན་དེ་དག་མ་ཚང་བར་ཚོགས་བསྒྲུབ་དུ་མི་བཏུབ་པས་ན་མི་འཐད་དོ། །དེས་ན་མཁས་པ་དག་ནི་ཟག་བཅས་ནས་ཟག་མེད་མཐོང་ལམ་དུ་སྦྱོར་བ་ལ་ལམ་གཞན་གང་གིས་དང་བར་ཆོད་པ་མེད་པའི་ཕྱིར། བར་ཆད་མེད་པའོ། །ཡང་ན་སྐྱེ་བ་བདུན་ཚུན་ཆད་འགྱངས་ཀྱང་ངན་སོང་དུ་ལྟུང་བའི་བར་ཆད་མེད་པའོ། །སྤྱིར་བསྙེན་བསྒྲུབ་བཞི་ཚུལ་གསུམ་དུ་འགྱུར་བ་ལས། ལམ་གྱི་དུས་ཀྱི་བསྙེན་བསྒྲུབ་བཞི་རྒྱུས་གསལ། བསྒྲུབ་པའི་དུས་ཀྱི་བསྙེན་བསྒྲུབ་བཞིའི་ངག་དོན་ནི། སྤྱིར་ཟླ་བ་གཅིག་ལ་བསྙེན་བསྒྲུབ་ཆ་གཅིག་རྫོགས་པ་ལས། དང་པོ་བསྙེན་པ་ནི་གཞི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་ནས་དཀྱིལ་འཁོར་རྒྱས་འབྲིང་བཀོད་མཆོད་པ་བཤམས་ཏེ། ཕྱི་མཆོད་ཕྱི་མཚམས་དང་མཚམས་ཕུར་གདབ་པ་ལ་སོགས་པ་སྔོན་འགྲོ་རྫོགས་པར་བྱས་ཏེ། ཏིང་དལ་བསྐྱེད་ཡེ་ཤེས་པ་སྤྱན་དྲངས་ཏེ་མཆོད་བསྟོད་རྫོགས་ནས། བསྙེན་པ་བྱ། ཚོགས་དང་ལྷག་མ་བྱས་ཏེ་ཉུལ་ལེ་བཟློག་པ་མན་ཆད་དོ། །དེ་ལ་ཞག་ཕྱེད་དང་བརྒྱད་དོ། །དེ་ནས་ཚེས་བརྒྱད་ནས་་ལྷར་གསལ་བའི་ཁ་དོག་དཀར་པོའི་འཕྲོ་འདུ་ལས། རང་གི་རྒྱུད་སྦྱངས་ཏེ་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱས་པ་ནི་བསྙེན་པའོ། །དེ་ནས་མར་ངོའི་ཕྱེད་ལ་ཕར་འཕྲོས་དངོས་གྲུབ་བསྐུལ་ཚུར་འདུས་པས་དངོས་གྲུབ་ཏུ་གྱུར་ཏེ་ཁ་དོག་དམར་པོའི་འཕྲོ་འདུ་བྱེད་པ་ནི་བསྒྲུབ་པའོ། །ཞག་ཉེར་དགུ་རྫོགས་ཏེ་ཐོན་ནས་འོད་ཟེར་མཐིང་ནག་ཚུར་བསྡུ་བ་ནི་བསྒྲུབ་ཆེན་ནོ། །སྦྱོར་བའི་བསྙེན་བསྒྲུབ་བཞི་ནི། ཡོན་ཏན་བཅུ་གསུམ་དང་ལྡན་པའི་ཕྱག་རྒྱ་མ་རྙེད་ནས་རློབ་ཅིང་འཕྲུལ་བ་དང་། རད་ནའི་རྒྱན་གྱིས་བརྒྱན་ཟས་བསྲུང་། དམ་ཚིག་དཔོག་ཆོས་བཤད་སྐུ་མཁའ་སྐྱེ་མཆེད་བྱིན་གྱིས་བརླབ་པ་ཡན་ཆད་བསྙེན་པའོ། །ཡོ་བྱད་བཞི་དང་བྲུད་པ་རྩེ་བ་བརྡབ་པ་ལ་སོགས་པ་བསྟན་བཅོས་ཀྱི་ཆ་ཡིས་བདེ་བ་རྒྱས་པར་བྱེད་པ་ཉེ་བསྙེན། ཕྱག་རྒྱ་བཞིས་རོལ་བ་བསྒྲུབ་པ། བྱང་སེམས་མཁའ་ལ་ཕབ་སྟེ་བདེ་བ་སྟེར་བའམ་ཉི་ཟླ་རྡོ་རྗེ་ལྕེ་ཡིས་ལོངས་སྤྱོད་པ་ནི་སྒྲུབ་ཆེན་ནོ། །ལམ་གྱི་དུས་ཀྱི་བསྒྲུབ་ཆེན་དང་བསྒྲུབ་པ་དུས་ཀྱི་བསྒྲུབ་ཆེན་ནི་ངོ་བོ་འདྲ། སྔར་གྱི་རྒྱུ་མི་འདྲ་བས་ཕྱེ་བའོ། །ཚོ་གསུམ་དུ་བཅད་ལ་བྱིན་གྱིས་བརླབས་པ་ནི། ཚེ་དང་སོ་ཏྲམ་ལས་རཏྣའི་མཆོད་སྡོང་འོད་འབར་བའི་རྩེ་ལ་ཡི་གེ་གསུམ་ལས་ཕྱི་ནང་གསང་བའི་ལོངས་སྤྱོད་འབྱུང་བར་བསམ་ཏེ་ཕྱི་ནང་གསང་བའི་གཏོར་མ་བྱའོ། །ཚེ་བར་བ་ལ་ཉི་ཟླའི་སྟེང་དུ་དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ལས་འདོད་ཡོན་གྱི་ལྷར་བརླབས་ཏེ་རྣལ་འབྱོར་པ་རྣམས་རོལ། ཐ་མལ་ལས་ནམ་མཁའ་མཛོད་ཀྱིས་མང་ཞིང་རྒྱ་ཆེ་བར་སྤེལ་ཏེ་མཆོད་མགྲོན་བྱའོ། །སྤྱིར་བསྒོམ་པ་ནི་རྣལ་འབྱོར་པ་ཕོ་མོ་ལྷ་ཡབ་ཡུམ་བྲངས་སྤྲད་དུ་བྱས་ཏེ་ཀུན་ཚོགས་ནས་ཚོམ་བུ་གང་རུང་ཅིག་བསྒོམ་པའོ། །བྱེ་བྲག་ཏུ་བསྒོམ་པ་ནི། ཚོམ་བུ་གསུམ་པོ་རྣལ་འབྱོར་པ་རེ་རེ་ས་དང་གང་རུང་བསྒོམ་པའོ། །ཡང་དེ་ལས་བཟློག་པར་ཡང་ཀྱང་འདོད། དངོས་གྲུབ་ཟླས་བླངས་བ་ནི་སྒྲུབ་ཟླ་མོ་ཡུམ་གྱི་མཁའ་ལས་བླང་བའམ། ཡང་ན་བཟླས་པ་བྱས་ཏེ་བླང་པའམ། །ཡང་ན་ཟླ་བ་གཅིག་གིས་བླང་བའམ། ཞི་བ་བས་ཁྲོ་བོའི་ཚོམ་བུ་ཚོགས་བསྒྲུབ་དུས་མྱུར་བར་བསྟན་པ་ནི། ཚོམ་བུ་སྤྱིར་བསྒོམ་ལྟར་ན་བར་ཆད་ཉུང་བ་དང་སྤྱོད་པ་རླབས་ཆེ་བ་ཡིན་ཟེར་རོ། །བྱེ་བྲག་ཏུ་བསྒོམ་པ་ལྟར་ན་ཏིང་ངེ་འཛིན་སྟོབས་ཆེ་སྟེ་ཞི་བའི་ཚོམ་བུ་གསུམ་པོ་བས་ཁྲོ་བོའི་ཚོམ་བུ་གསུམ་པོ་ལྷ་མང་བས་མྱུར་ཟེར་རོ། །ཕྱི་ནང་གསང་བ་སྲུང་བྱ་སྟེ་ཞེས་པ་ཕྱི་མཚམས་ནི་བདུད་རྩི་འཁྱིལ་བའི་ཏིང་ངེས་ཕ་རོལ་ཏུ་ཕྱིན་པ་ལས་བཀའ་ལོག་པ་བགེགས་སུ་གྱུར་པ་བསྲུང་བའོ། །ནང་མཚམས་ནི་རྣམ་སྣང་དང་མི་གཡོ་བའི་ཏིང་ངེས་ཕྱི་པ་ལས་བྱུང་བའི་བགེགས་བསྲུང་བའོ། །གསང་མཚམས་ནི་ཁྲོ་བཅུས་གསང་བ་ནང་པ་ལས་ལོག་པའི་བགེགས་དམ་སྲི་བསྲུང་བའོ། །ཟེར་རོ། །ཞིང་འགྱུར་མཆོག་དང་ལ་སོགས་པ་ནི་རྩ་རྒྱུད་ལྟར་སྦྱོར་སྒྲོལ་བ་ལྔའི་ངག་དོན་ནི་སྤྲོས་པ་མཐར་ཕྱིན་པས་ཞིང་བཅུ་དངོས་སུ་སྒྲོལ་བ་ནི་མངོན་དུ་ཕྱུང་བའོ། །སྔོན་བྱུང་དཔལ་ཆེན་པོས་རུ་ཏྲ་བསྒྲལ་བ་ལྟར་རྣལ་བས་གནས་ལུགས་རྟོགས་པའི་ལྟ་བ་དང་ཏིང་ངེས་ཀྱང་བསྒྲལ་བྱ་ཀྱང་མི་དགོས་པ་ནི་ཐབས་ཆེན་པའོ། །དབང་པོ་རྣམ་ཤེས་ལྷ་ཡབ་ཡུལ་དུས་ལྷ་ཡུམ་ཤེས་པས་ཡུལ་ཤེས་རང་ཀ་མར་ཞེན་པ་དག་པ་ནི་དབང་པོ་ཡུལ་དུས་ཀྱིའོ། །ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སྤྲོས་བྲལ་དུ་རྟོགས་པའི་དངོས་པོར་དག་མ་དག་པ་ནི་རང་བཞིན་རྟོགས་པའོ། །རང་ལྷར་གསལ་བའི་ཐུགས་ཀ་ནས་རམ་ལས་མེ་འབྱུང་བས་འགྲོ་དྲུག་གི་ལུས་དང་བག་ཆགས་སྦྱང་བ་ནི་ཏིང་ངེའོ། །བསྒྲལ་བས་མི་གོས་པའི་འཐད་པ་རྣམ་པར་ཕྱེ་བའི་རྟགས་ཀྱི་དོན་ནོ། །སྤྱི་ཕུང་པོ་ལྔས་ལས་གཟུགས་འབྱུང་བ་ཡིན་པས་མིང་བཞིའི་གཙོ་བོ་རྣམ་ཤེས་གཟུགས་སུ་མེད་པས་རྣམ་ཤེས་ཀྱི་རང་ཆོས་ཉིད་གཟུང་དུ་མེད་པར་རྟོགས་པས་མི་བསྒྲིབ་པའོ། །སྦྱང་བ་ལྔ་ནི། སྤྲོས་པ་ལས་སུ་རུང་བས་ལྷ་མོ་ལ་སོགས་པ་དངོས་སུ་བཀུག་ནས་སྦྱོར་བ་ནི་མངོན་དུ་ཕྱུང་བའོ། །སྤྱོད་ཡུལ་གྱི་རྟོགས་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གནས་པ་ནི་རང་བཞིན་ནོ། །དབང་པོ་ཡུལ་དུས་སྔར་དང་འདྲ། །ཆོས་ཀྱི་དབྱིངས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ནོ། །སྔོན་བྱུང་དུ་དཔལ་ཆེན་པོས་དབང་ཕྱུག་མ་ལ་རོལ་བ་ལྟར་སྣང་བས་དང་སྤྱོད་བཞིན་མ་ཆགས་པའི་ཐབས་ཆེན་པོའོ། །དེ་ལྟར་སྦྱོར་སྒྲོལ་ཆ་གཉིས་པོ་དེ་གཞུང་དང་བསྟུན་པའི་ངག་དོན་ཏེ། སྤྱི་དང་མི་མཐུན་པ་དག་ཀྱང་སྣང་ངོ་། །རང་བཞིན་དཀྱིལ་འཁོར་ལྷ་རྣམས་ཀྱང་། །ཁྲོ་བོའི་དཀྱིལ་འཁོར་བསྒོམ་བྱ་སྟེ། །གཉིས་ནི་ཡན་ལག་ལྔ་གདོད་ནས་རིགས་ལྔར་གནས་པ་དེ་ལ་ཞི་ཁྲོ་ཐ་དད་མེད་ཀྱང་། འདིར་ཁྲོ་བོ་ལྷག་པའི་ཏིང་ངེ་དཀྱིལ་འཁོར་རིགས་ལྔར་བསྒོམ་པའོ། །ཚེ་དབང་ལ་སྦྱོར་བ་ནི་ཚོགས་སྒྲུབ་བློ་ཆེ་ཤོས་ཡིན་ལ། དེ་ལ་སྦྱོར་མ་ནུས་པའི་བློ་ཆུང་ཤོས་ནི་རྣམ་སྨིན་ལ་སྦྱོར་བའོ། །དེ་ལ་གཉིས་ལས་ཚེ་འདི་ཉིད་ལ་སྦྱོར་བ་ནི། དཔེར་ན་རྒྱལ་པོའི་སྲས་པོ་བྲན་མོའི་ལྟོ་བ་ན་ཡོན་ཀྱང་ཕྱི་རོལ་མ་ཡིས་བསྒྲིབས་ལ་དེ་དང་བྲལ་མ་ཐག་འབངས་ལ་ཁ་ལོ་བསྒྱུར་བ་ལྟར། ཕྱི་ལུས་ཀྱི་དྲྭ་བས་བསྒྲིབས་ཀྱང་ཡིད་ལྷའི་སྐུར་སྨིན་པས་ལུས་དེ་དང་བྲལ་མ་ཐག་ཕྱག་རྒྱ་ལ་སྦྱོར་བའོ། །ལེའུ་བདུན་པ་ཨཱི་ཐཱི། དེ་ལྟར་ཉེར་ལེན་གྱི་རྒྱུ་ལྷན་ཅིག་བྱེད་པའི་རྐྱེན་རིགས་ངེ་འཛིན་དང་གཉིས་ལས་བྱུང་བའི་གནས་སྐབས་ཀྱི་འབྲས་བུ་ནི། ཟག་པ་མེད་པའི་རིག་འཛིན་དེ་བཤད་པར་བྱའོ། །སྔ་རབས་པ་དག་ཚེ་དབང་དང་ཕྱག་རྒྱ་ལྷུན་གྲུབ་གསུམ་ཀ་ལྷག་བཅས་སུ་བཞེད་པ་ནི་འཐད་པ་མ་ཡིན་ཏེ། །ཚེ་དབང་ནས་ཐོབ་པའི་ཕྱག་རྒྱ་དང་ལྷུན་གྲུབ་གཉིས་ཀ་ལྷག་བཅས་ཡིན་ལ་རྣམ་སྨིན་ནས་ཐོབ་པའི་ཕྱག་རྒྱ་དང་ལྷུན་གྲུབ་གཉིས་ལྷག་བཅས་སུ་འགྱུར་བས་སོ། །འདོད་ན་རྒྱུ་ལྷག་མེད་ལ་འབྲས་བུ་ལྷག་མེད་འགལ་ལོ། །དེས་ན་མཐོང་ལམ་འདའ་ཚུལ་གཉིས་སུ་བྱའི་རྣམ་སྨིན་དང་པོ་ནི་ལྷག་བཅས་སོ། །ལྷག་མ་མེད་དང་ཡོད་པ་ནི་ལྷག་མའི་ལུས་འདི་ཉིད་མ་དོར་བར་རྡོ་རྗེའི་ལུས་ཀྱིས་སངས་རྒྱས་ཀྱི་ས་ལ་སྦྱོར་བའི་ཚེ་དབང་ནི་ལྷག་བཅས་ཀྱི་འདའ་ཚུལ་ལོ། །ལྷག་མའི་ལུས་འདི་དོར་ཏེ་རིག་པ་ཡིས་སངས་རྒྱས་ཀྱི་ས་ལ་སྦྱོར་བའི་རྣམ་སྨིན་ནི་ལྷག་མེད་ཀྱི་འདའ་ཚུལ་ལོ། །དེ་ལ་ལྷག་མའི་ལུས་རང་གསལ་བྱ་སྙམ་ན། ཁ་གཅིག་ན་རེ་བར་དོའི་འབྱུང་བའི་དངས་མ་ལས་གྲུབ་པའི་ལུས་ནི་ལྷག་མའི་ལུས་མིན་གྱི་འོན་ཀྱང་འབྱུང་བ་རགས་པ་རྙིང་པའི་ཆ་ལས་གྲུབ་པའི་ཤ་ཁྲག་རྡོས་པ་ཅན་དེ་ལྷག་མའི་ལུས་ཡིན་ནོ་ཞེས་པ་ནི་མི་འཐད་དེ། དེ་ལྟར་ན་ཚེ་དབང་བར་དོ་ནས་ཐོབ་པ་དེ་ལྷག་མེད་དུ་འགྱུར་ཏེ་བར་དོ་ལ་ལྷག་མའི་ལུས་འབྱུང་བ་རགས་པས་གྲུབ་པ་དེ་མེད་པའི་ཕྱིར་རོ། །ཡང་རྣམ་སྨིན་བར་དོ་ནས་ཐོབ་པ་དེ་ལྷག་མེད་མིན་པར་ཐལ་ཏེ་བར་དོའི་ལུས་དེ་ཕྱི་མ་གང་ལེན་གྱི་ཆ་བྱད་དུ་ཡོད་པས། ཕྱི་མ་ཕྱག་རྒྱ་ཆེན་པོའི་ཆ་བྱད་ལ་ལྷག་མའི་ལུས་དོར་དུ་མེད་པའི་ཕྱིར་རོ། །དེས་ན་སྔར་ཐོག་མ་མེད་པ་ནས་ལས་དང་ཉོན་མོངས་པས་རང་དབང་མེད་པར་བསྐྱེད་པའི་ལུས་ཀྱི་ལྷག་མ་ནི་ཟག་མེད་ཀྱི་མཐོང་ལམ་ལ་སྦྱོར་བའི་ལུས་འདི་ཡིན་ནོ་རང་དབང་མེད་པར་བསྐྱེད་པའི་ལུས་མི་ལེན་པར་སྤངས་པའི་ཕྱིར་རོ། །འོ་ན་མཐོང་ལམ་ཡན་ཆད་ལུས་མི་ལེན་ནམ་སྙམ་ན་དེ་རྣམས་ལ་སྨོན་ལམ་གྱི་སྟོབས་ཀྱིས་ལྷ་མི་ལ་སོགས་པ་རང་དབང་ཅན་དུ་སྐྱེ་ཞིང་སྨོན་ལམ་གྱི་ལུས་ལེན་པ་སྟེ། ལས་དང་ཉོན་མོངས་པ་རང་དབང་མེད་པར་བསྐྱེད་པའི་ལུས་མི་ལེ ན་ནོ། །འཁོར་བའི་ལུས་ཟད་ཀ་མའི་ལུས་ཡིན་པས་ལྷག་མའི་ལུས་ཡིན་ལ། འདི་དོར་བ་དང་མ་དོར་བ་སངས་རྒྱས་ལ་སྦྱོར་བ་ལ་ལྷག་བཅས་ལྷག་མེད་དུ་བཞག་གོ །ཐུན་མོང་གི་ཐེག་པ་ལ་ཡང་མྱ་ངན་ལས་འདའ་ཚུལ་ལ་གཉིས་ཡོད་དེ་སྤང་བྱ་ཉོན་མོངས་པ་ཐམས་ཅད་སྤང་བ་དང་སྐྱེ་བ་སྔ་མའི་ལས་མ་གྲུབ་པའི་རྟེན་ཕུང་པོ་དང་མ་བྲལ་བའི་དགྲ་བཅོམ་པ་ལྟ་བུ་ནི་ལྷག་བཅས་ཀྱི་མྱ་ངན་ལས་འདས་པའོ། །ད་ལྟར་གྱི་ཕུང་པོ་འདི་བསྐྱེད་པའི་སྔར་གྱི་འཕེན་པ་ནི་ཟད་ཡང་སྲིད་སྐྱེ་བའི་རྒྱུ་ཀུན་འབྱུང་མཐའ་དག་སྤངས་པས་སྐྱེ་བ་ཕྱི་མ་མི་ལེན་པ་ཕུང་པོ་ལྔའི་རྒྱུན་ཚོགས་པ་འཁྱག་ཞུ་བ་ལྟར་གཏན་ཟད་དུ་སོང་བ་ནི་ལྷག་མེད་ཀྱི་མྱང་འདས་སོ་དེ་ལྟར་གཉིས་ཡོད་པ་ལྟར་འདིར་ཡང་མྱ་ངན་ལས་འདའ་ཚུལ་གཉིས་ཡོད་བྱའམ་ཡང་ན་ལམ་ཐུན་མོང་པ་སྟོང་པ་ཆེན་པོ་ནས་ལྟོས་པའི་བར་དུ་རིམ་ཆར་གཉིས་གཉིས་ཡོད་པ་ལྟར་ཚོགས་བསྒྲུབ་ནས་མཐོང་ལམ་ལ་སྦྱོར་བ་ཡང་ལྷག་བཅས་ཅིག་ཆར་བ་དང་། ལྷག་མེད་རིམས་འཇུག་ཡོད་པར་སྦྱར་རོ། །དང་པོ་མཐོང་ལམ་གྱི་བློ་སྟོབས་ཆུང་ཤོས་རྣམ་པར་སྨིན་པའི་རིག་འཛིན་གྱི་དོན་དག་གཏན་ལ་དབབ་པ་ནི་འདི་ལྟ་སྟེ། རྣམ་སྨིན་རང་གི་ངོ་བོ་ལ་གཞན་གྱི་རྟོག་པ་དག་པ་དང་། ཟག་པ་ཡོད་མེད་བསམ་པ་དང་། །རང་གི་འཐད་པ་བརྗོད་པའོ། །དང་པོ་རྣམ་སྨིན་མཚན་ཉིད་པ། །སྐད་ཅིག་མ་ལ་འདོད་པ་དང་། །ཁ་གཅིག་ཕྱག་རྒྱ་ཆེན་པོ་དང་། །རྣམ་པ་ཁྱད་པར་མེད་པ་ལ། །དགོངས་པའི་ཁྱད་པར་ཡོད་པར་འདོད། །ཁ་གཅིག །དཔེར་ན་སྒོང་ཤུན་ཕྲུ་མ་གཉིས། །ཁྱུང་དང་སེང་གེ་མ་ཡིན་ཏེ། །དེ་དག་ནང་ན་གཤོག་པ་སྟོབས། །རྫོགས་པའི་ཁྱུང་སེང་ཡིན་པ་ལྟར། །རྒྱ་མདུད་རྣམས་སྨིན་མ་ཡིན་གྱི། །རིག་པ་ལྷར་གསལ་རྣམ་སྨིན་འདོད། །དེ་རྣམས་གཞན་གྱི་འདོད་པ་སྟེ། །ངན་རྟོག་བློ་ཡིས་བསླད་པར་ཟད། །ཁ་གཅིག་ན་རེ། རྣམ་སྨིན་གྱི་རིག་འཛིན་ལ་གཉིས་ལས། བཏགས་པ་པ་ནི་རྒྱུ་བར་ཆད་མེད་པ་ལས་བཏགས་ཀྱང་རུང་། འབྲས་བུ་ཕྱག་རྒྱ་ཆེན་པོ་ལས་བཏགས་ཀྱང་རུང་སྟེ། རྒྱུ་མིང་འབྲས་བུ་འབྲས་མིང་རྒྱུ་ལ་བཏགས་པའི་ཕྱིར་རོ། །མཚན་ཉིད་པ་ནི་ཚོགས་སྒྲུབ་འདས་ཀ་མའི་སྐད་ཅིག་མ་གསུམ་ལས་དང་པོ་ནི་ཚོགས་བསྒྲུབ་ཡིན་ལ་གསུམ་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་གཉིས་ཀྱི་བར་གྱི་སྐད་ཅིག་མ་དེ་རྣམ་སྨིན་ཡིན་ནོ་ཞེས་པ་ནི་མི་འཐད་དེ། རྣམ་སྨིན་སྐད་ཅིག་མ་གཞན་དོན་བྱེད་དམ་མི་བྱེད་མི་བྱེད་ན་སྨིན་པས་ཕྲིན་ལས་རྫོགས་བྱེད་པ། ཞེས་པ་གཞན་དོན་བྱེད་པར་བཤད་པ་དང་འགལ་ལོ། །བྱེད་ན་སངས་རྒྱས་དང་ཁྱད་པར་མེད་པར་ཐལ་ཏེ་སངས་རྒྱས་ཀྱིས་སྐད་ཡུན་ལ་ལྷུན་གྱིས་གྲུབ། ཅེས་པས་སྐད་ཅིག་མས་དོན་བྱེད་པར་བཤད་པས་སོ། །དེ་སྐད་ཅིག་གིས་དོན་བྱེད་པར་མཐུན་དང་དོན་བྱ་བའི་ཡུལ་གདུལ་བྱ་རྒྱ་ཆེ་ཆུང་དང་དོན་བྱེད་མཁན་ལ་ནུས་པ་ཆེ་ཆུང་ཡོད་པས་ཁྱད་མེད་དུ་མི་འགྱུར་ཏེ། དཔེར་ན་སངས་རྒྱས་དང་ལྷུན་གྲུབ་གཉིས་མཉམ་བཞག་ཁྱད་མེད་ཏེ་རྗེས་ཐོབ་ཁྱད་ཡོད་པ་ལྟར་སྙམ་ན། འོ་ན་སྐད་ཅིག་གིས་བྱ་བ་རྫོགས་པའི་ཕྱིར་རྣམ་སྨིན་དེ་ཚེ་དབང་ལས་བཟང་བར་ཐལ། དེ་འདོད་ན་སྟོབས་ཆུང་རྐྱེན་སྨོན་ལམ་ཞན་པའི་ཕྱིར། ཞེས་པ་དང་འགལ་ལོ། །ཡང་ཁ་གཅིག་ན་རེ་རྣམ་སྨིན་གྱི་ངོ་བོ་ནི་ཡེ་ཤེས་སྒྱུ་མའི་སྐུའི་ཆ་ལུགས་ཕྱག་རྒྱ་ཆེན་པོ་མཐུན་པར་འདོད་དོ། །འོ་ན་དེ་གཉིས་ཁྱད་མེད་དུ་འགྱུར་སྙམ་ན་ཆ་ལུགས་ལ་ཁྱད་མེད་དགོངས་པ་ལས་ཁྱད་ཡོད་ཅེས་འདོད་པ་ནི་མི་འཐད་དེ། དེ་ལྟར་ན་མཐོང་ལམ་སྟོབས་ཆེ་ཤོས་ཚེ་དབང་གིས་དང་རྡོ་རྗེའི་ལུས་ལས་ཡེ་ཤེས་སྒྱུ་མའི་ལུས་སུ་བསྒྱུར་མི་ནུས་པས་རྣམ་སྨིན་དེ་ཚེ་དབང་བས་བཟང་བར་ཐལ། དེ་འདོད་ན་གཞུང་དང་འགལ་ལོ། །དེ་ཆ་ལུགས་དེ་ལྟར་ཡིན་ཡང་དགོས་པའི་སྟོབས་ཚེ་དབང་བས་དང་ཆུང་བས་གཞུང་དང་མི་འགལ་སྙམ་ན། འོ་ན་རྣམ་སྨིན་དེ་ལྷག་མེད་ཀྱི་འདའ་ཚུལ་མ་ཡིན་པར་ཐལ་ཏེ། ཡེ་ཤེས་སྒྱུ་མའི་སྐུ་དེ་ལྷག་མའི་ལུས་མ་དོར་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བས་སོ། །དེ་ཉིད་མི་འདོར་ཀྱང་སྔར་གྱི་སྦྱོར་ཀའི་འདོར་བས་ལྷག་མེད་ཀྱི་འདའ་ཚུལ་དུ་འཐད་སྙམ་ན་རང་གི་ལུས་མ་ཡིན་པར་འདོར་བས་ལྷག་ཏུ་འགྱུར་ཧ་ཅང་ཐལ་བས་དེ་ལྟར་ན་ཚེ་དབང་དང་ལྷག་མེད་དུ་འགྱུར། ཚེ་དབང་རང་གི་ལུས་དེ་ཉིད་མི་འདོར་དང་སྔར་ཕྱག་རྒྱ་གཅིག་སྤྲོས་ཀྱི་ཚེ་བོར་བའི་ཕྱིར། དེ་སྔར་དོར་ཀྱང་ཚེ་དབང་རང་གི་ལུས་དེ་ཉིད་མ་དོར་བར་སངས་རྒྱས་ལ་སྦྱོར་བས་ལྷག་བཅས་སུ་འཐད་སྙམ་ན། འོ་ན་རྣམ་སྨིན་ཀྱང་སྔར་གྱི་ལྷག་མའི་ལུས་བོར་ཀྱང་རྣམ་སྨིན་རང་གི་ལུས་དེ་ཉིད་མ་བོར་བར་སངས་རྒྱས་ལ་སྦྱོར་བའི་ཕྱིར་ལྷག་མེད་ཀྱི་འདའ་ཚུལ་དུ་མི་འགྱུར་རོ། །ཡང་ན་དེ་ལ་རྣམ་པར་སྨིན་པའི་མིང་དོན་མེད་པར་འགྱུར་རོ། །ཡང་ཁ་གཅིག་ན་རེ། ཁྱུང་ཕྲུག་གི་ལུས་སྒོ་ངའི་ནང་ན་གཤོག་པ་རྒྱས་པ་དེ་ཡིན་གྱི་ཕྱི་རོལ་གྱི་སྒོང་ཤུན་དེ་ཁྱུང་གི་ལུས་མིན་པ་ལྟར་ནང་དགོངས་པ་ལྷའི་སྐུར་སྨིན་པ་དེ་རྣམ་སྨིན་ཡིན་གྱི་ཕྱི་ལྷག་མའི་ལུས་ཀྱི་དྲྭ་བ་དེ་རྣམ་སྨིན་མིན་པས་ཟག་མེད་འདོད་དོ་ཞེས་པ་འོ་ན་ཡིད་ལྷའི་སྐུར་སྨིན་པ་དེ་ཡིད་ཡིན་ནམ་སྐུ་ཡིན་ཞེ་ན། དཔེར་ན་ཆོས་སྐུ་དང་སྐྱེ་མེད་དོན་གྱི་གསུངས་གཉིས་ངོ་བོ་སྐྱེ་མེད་དུ་གཅིག་ལ། དེ་ཉིད་རྟེན་བྱེད་པའི་ཆ་ནས་སྐུ། གོ་བརྡ་སྤྲོས་པའི་ཆ་ནས་གསུང་ཡིན་པས་མཚོན་ཚུལ་མ་འདྲེས་པ་ལྟར། ཡིད་ལྷའི་སྐུར་གསལ་བར་ངོ་བོ་གཅིག་ལ། དེ་ཉིད་རྟེན་བྱེད་པའི་ཆ་ནས་ལུས། རིག་ཅིང་གསལ་བར་སེམས་ཡིན་པས། མཚོན་ཚུལ་མ་འདྲེས་ཅེས་འདོད་པ་ནི་མི་འཐད་དེ། དེ་ལྟར་ན་རྣམ་སྨིན་དེ་ལྷག་མེད་ཀྱི་འདའ་ཚུལ་མ་ཡིན་པར་ཐལ་ཏེ་ཡིད་ལྷའི་སྐུར་གསལ་བ་ལས་ལྷག་མའི་ལུས་དོར་བྱ་བ་མེད་པའི་ཕྱིར་རོ། །དེ་ཡིད་ལྷར་གསལ་བ་ལ་དོར་བྱ་མེད་ཀྱང་ཕྱི་རོལ་ལྷག་མའི་ལུས་དེ་དོར་བས་ལྷག་མེད་ཀྱི་འདའ་ཚུ ལ་དུ་འཐད་སྙམ་ན། ཕྱི་རོལ་ལྷག་མའི་ལུས་དེ་རྣམ་པར་སྨིན་པ་རིག་འཛིན་གྱི་ལུས་ཡིན་ནམ་མ་ཡིན། ཡིན་ན་གོང་དང་འགལ་ལ། མིན་ན་རང་གི་ལུས་མིན་པ་དོར་བ་ལྷག་མེད་དུ་འགྲོ་ན་ཧ་ཅང་ཐལ་ཞེས་གོང་དང་མཚུངས་སོ། །གཉིས་པ་རང་གི་ལུགས་ནི་མཚན་ཉིད་གསུམ་ལྡན་ཏེ། རིག་པ་ལྷའི་སྐུར་སྨིན་པ་དང་ལུས་ཀྱི་རྒྱ་མདུད་ཀྱིས་སྒྲིབས་པ་དེ་དང་བྲལ་མ་ཐག་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བའི་ནུས་པ་དང་ལྡན་པའོ། །གསུམ་པ་ཟག་བཅས་ཡིན་ནམ་ཟག་མེད་ཡིན་ཞེ་ན། ཡང་ཁྱེད་ན་རེ་ཡིན་ཟག་བཅས་ཡིན་དང་ཟག་མེད་ཀྱི་ཁོངས་སུ་འདུ་སྟེ། དཔེར་རྒྱུ་ཞབས་སུ་མཚོན་རྣོན་པོ་བརྒྱབ་པའི་མི་དེ་གཤིན་པོའི་ཁོངས་སུ་འདེབས་པ་དང་འདྲ་ཞེས་འདོད་དོ། །སྤྱི་ཟག་བཅས་ཟག་མེད་ཀྱི་ཁྱད་པར་ནི་ཁ་གཅིག་ཟག་པ་གསུམ་དང་བྲལ་མི་བྲལ་ལ་བྱེད་ན། འོ་ན་ཟག་པ་གསུམ་དང་བྲལ་ཙམ་གྱི་མེད་དགག་ལ་འདོད་ན་རི་བོང་གི་རྭ་ཡང་ཟག་མེད་དུ་འགྱུར་རོ། །དེ་མིན་གྱི་ཤེས་པ་གསུམ་དང་བྲལ་བའི་ཤེས་པ་ཟག་མེད་ཡིན་ཞེ་ན། འོ་ན་ཚོགས་བསྒྲུབ་ཀྱི་བློ་སྟོབས་ཆེ་ཤོས་ཚེ་དབང་ལ་སྦྱོར་བ་ལ་མ་རེག་པའི་རྒྱུ་ནུས་ཐོབ་པ་དེ་ཡང་ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་གསུམ་དང་བྲལ་བས་ཟག་མེད་དུ་འགྱུར་རོ། །དེས་ན་ཟག་མེད་རང་གི་མཚན་ཉིད་མཐོང་བ་ནི་ཟག་མེད་ཡིན་ལ་མ་མཐོང་བ་ནི་ཟག་བཅས་སོ། །དེ་གཉིས་ཀྱི་མཚམས་ནི་བར་ཆད་མེད་པ་མན་ཆད་ཟག་བཅས་ལམ་མཆོག་ཡོངས་སུ་སྦྱངས་པའི་ཚེ་དབང་ཡན་ཆད་ཟག་མེད་དོ། །ལམ་ཟག་བཅས་ཟག་མེད་ནི་ཟག་པ་གསུམ་དང་བཅས་པའི་ཤེས་རབ་དང་ཏིང་ངེ་འཛིན་ནམ་ཤེས་ཐོབ་བྱེད་པ་ཟག་བཅས་དེ་ལས་ལོག་པ་ཟག་མེད་དོ། །རྣམ་སྨིན་ལུས་ཀྱི་ཟག་པ་ཡོད་ལ་ཁམས་དང་སྐྱེ་གནས་ཀྱི་ཟག་པ་མེད་དོ། །སྤྱིར་རྣམ་སྨིན་ཟག་བཅས་སུ་འདོད་པ་མི་འཐད་དོ། །སྤྱིར་ཟག་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཁོ་ན་ལ་བྱ་སྟེ། དེ་ཅིའི་ཕྱིར་ན་འབོ་ཞིང་ཟག་པས་ན་ཟག་པ་སྟེ། དཔེར་ན་རྨ་ནས་རྣག་ཁྲག་འཛག་ཅིང་འབོ་བ་ལྟར་འདུ་བྱེད་སྐྱེ་མཆེད་རྨ་དང་འདྲ་ཞིང་བས་ཡུལ་སྡུག་ཅི་མི་སྡུག་ལ་ཉོན་མོངས་པ་ཟག་ཅིང་འབོ་བའི་ཕྱིར་རོ། །དེ་ལ་དབྱེ་ན་གསུམ་ཉོན་མོངས་པས་ཀུན་ནས་བསླངས་ནས་ལས་བསགས་པས་རང་དབང་མེད་པར་འཁོར་བར་སྐྱེ་བ་ནི་སྐྱེ་གནས་ཀྱི་ཟག་པ་སྟེ་ཟག་པ་རང་གི་ངོ་ཉིད་དམ་རང་དབང་མེད་པར་བསྐྱེད་པའི་རྟེན་ཕུང་པོ་འདི་ཉིད་ལ་འཆི་བའི་སྡུག་བསྔལ་དང་ལྡན་པ་ནི་ལུས་ཀྱི་ཟག་པ་སྟེ། ཟག་པའི་འབྲས་བུ་ལ་ཟག་པར་བཏགས་པའོ། །ཡང་གཤང་གཅི་འཛག་པ་ལ་ཡང་ཟེར། ལུས་དེ་ཉིད་ནད་འདུ་བ་བཞི་དང་ལྡན་པ་ནི་ཁམས་ཀྱི་ཟག་པའོ། །དེ་གསུམ་ལས་རྣམ་སྨིན་ལ་ཟག་པའི་གཙོ་བོ་སྐྱེ་གནས་ཀྱི་ཟག་པ་མེད་པའི་ཕྱིར་ཟག་མེད་ཡིན་ལ། གཞན་ལུས་ཀྱི་ཟག་པ་ཡང་མེད་དེ། ལུས་ཡོད་པ་ཙམ་གྱིས་ཟག་པར་མི་འགྱུར་ཏེ། འགྱུར་ཚེ་དབང་གི་རྡོ་རྗེའི་ལུས་ཀྱང་ཟག་པར་འགྱུར་རོ། །ཡང་ལུས་འདོར་བ་ཙམ་གྱིས་ཟག་པར་མི་འགྱུར་ཏེ་སྤྲུལ་པའི་སྐུ་ཡང་ཟག་བཅས་སུ་འགྱུར་རོ། །དེས་ན་ལུས་འདོར་བའི་སྡུག་བསྔལ་ནི་ལུས་ཀྱི་ཟག་པ་སྟེ། རྣམ་སྨིན་ལ་སྦྲུལ་ཤུན་ནམ་སྒོང་ཤུན་འདོར་བ་ལྟ་བུ་ལས་འདོར་བའི་སྡུག་བསྔལ་མེད་པས་ཟག་མེད་དུ་འཐད་དོ་གསུང་སྟེ་སྡུག་བསྔལ་ཡོད་པ་དང་མེད་པ་གཉིས་ཀ་གཞུང་ལས་མི་གསལ་ལོ། །རིག་འཛིན་བཞིའི་ལུས་ཀྱི་ཁྱད་པར་ནི། རྣམ་སྨིན་གྱི་རྩ་བའི་ལུས་ནི་ལྷའི་སྐུར་སྨིན་པའོ། །སྤྲུལ་པའི་ལུས་ནི་ད་ལྟར་གྱི་རྟེན་གང་ཡིན་པའོ། །ཚེ་དབང་གི་རྩ་བའི་ལུས་ནི་རྡོ་རྗེའི་ལུས་སྐྱེ་འཇིག་དང་བྲལ་བའོ། །སྤྲུལ་པའི་ལུས་ནི་ལྷ་མིའི་ཆ་བྱད་དོ། །ཕྱག་རྒྱའི་རྩ་བའི་ལུས་ནི་ལོངས་སྐུའི་ཆ་བྱད་ཅན་ནོ། །སྤྲུལ་པའི་སྐུ་ནི་རྔོན་པ་ལ་སོགས་ཇི་ལྟར་འདུལ་བ་ལྟར་སྣང་ངོ་། །ལྷུན་གྲུབ་ཀྱི་རྩ་བའི་ལུས་ནི་སྐུ་ལྔ་ལྷུན་གྲུབ་བོ། །སྤྲུལ་པའི་ལུས་ནི་མཛད་པ་བཅུ་གཉིས་ཀྱིས་གདུལ་བྱའི་དོན་བྱེད་པ་སྟེ་དོན་གྲུབ་ལྟ་བུའོ། །རྣམ་རྟོག་འབྱུང་བའི་ལྷག་ལུས་ཅེས་པ་ནི་ཐོག་མ་མེད་པ་ནས་ལུས་ལ་བདག་ཏུ་རྟོག་པའི་བག་ཆགས་ལས་གྲུབ་པའི་རྟོག་པའི་ལུས་སོ། །རྒྱུ་འབྱུང་བ་ལྔ་ལས་གྲུབ་པས་འབྱུང་བའི་ལུས་སམ། རྣམ་སྨིན་ཚེ་དབང་གཉིས་ལམ་གྱི་ཚོགས་པ་འབྲས་བུ་ཕྱག་རྒྱ་ཆེན་པོར་གཅིག་ལ། རིགས་ཀྱི་དབྱེ་རྒྱུ་བར་ཆད་མེད་པར་གཅིག་སྟེ། དཔེར་ན་ཡུལ་འདི་ནས་ཡུལ་གཞན་དུ་འགྲོ་བའི་མི་གཉིས་ལམ་གཉིས་ནས་ཞུགས་པ་དང་འདྲའོ། །བར་ཆད་མེད་པ་དང་རྣམ་སྨིན་གཉིས་ལམ་གྱི་ཚོགས་མངོན་ཤེས་ལ་ཁྱད་མེད་དུ་མི་འགྱུར་ཏེ། རྣམ་སྨིན་གྱི་ཚེ་གསལ་ཞིང་ངེས་པར་འགྱུར་བ་ཡིན་ནོ། །འོ་ན་རྣམ་སྨིན་དང་གཅིག་སྤྲོས་ཀྱི་ཡུལ་ལ་ཁྱད་མེད་པར་འགྱུར་སྙམ་ན་དེ་ནི་རྣམ་སྨིན་གྱི་ཐོབ་པ་གཅིག་སྤྲོས་ཚོགས་བསྒྲུབ་གསུམ་དང་མངོན་ཤེས་ཀྱི་རྟེན་ལུས་མཐུན་པས་དེ་གསུམ་དང་ཡུལ་མཐུན་པས་སྨོས་ཀྱི་རང་གི་ཡུལ་ནི་ཚེ་དབང་གི་མངོན་ཤེས་དང་ཁྱད་མེད་དོ། །ཞེས་གླན་གསུང་ངོ་། །སྤྱིར་ཚེ་དབང་བཞིའི་ཁྱད་པར་ནི། སྨན་ཕྱེ་མ་དང་ར་མོ་ཤག་དང་ར་དཀར་མོའི་འོ་མ་ལ་སོགས་པ་ཟོས་པས་ནི་ཚེ་རིང་བ་ནི་བཅུད་ལེན་སྨན་གྱི་རིག་འཛིན་ནོ། །ཐབས་སྟེང་སྒོ་འཁོར་ལོ་བཞི་བཞུ་ནས་ལུས་བཅུད་ཟུང་དུ་བསྲེས་པའམ། འོག་སྒོ་ལས་བྱུང་བ་རྟེན་ཐིག་ལེ་ཟོས་པ་ནི་ཚེ་རིང་བ་དང་སྦྱོར་བའི་ཐབས་ཀྱི་ཚེ་དབང་ངོ་། །རླུང་ཞི་བའམ་བུམ་པའི་དྲག་པོ་ལ་སོགས་པ་བཟུང་བས་ཚེ་རིང་བ་ནི་སྒྲོན་མ་རླུང་གི་ཚེ་དབང་ངོ་། །ལྟ་བ་དང་ཏིང་ངེ་འཛིན་བརྟན་པ་ལས་བྱུང་བ་ནི་ལམ་མཆོག་ཡོངས་སུ་སྦྱངས་བའི་ཚེ་དབང་ངོ་། །ཆོ་འཕྲུལ་ནི་རྫུ་འཕྲུལ་ཉི་ཤུ་ལ་དོན་བྱེད་པ་ནི་རྫུ་འཕྲུལ་གྱིའོ། །གདུལ་བྱ་སོ་སོའི་རང་གི་སྐད་དང་རྗེས་སུ་མཐུན་པར་བློ་དང་འཚམས་པའི་ཆོས་སྟོན་པ་ནི་བློ་རྗེས་སུ་བསྟན་པའི་འོ། །ཕྱི་ལྟར་ས་སྣང་བ་གཡོ་བར་སྣང་ཞིང་དེ་ནས་གནས་པའི་སེམས་ཅན་རྣམས་ས་འོག་ནས་གོང་དུ་སྦྱོར་བ་ནི་ཆོས་སྣང་བའི་འོ། །རང་གི་སྔགས་བཟླས་པ་སྒྲ་ཀུན་གསང་སྔགས་ཀྱི་སྒྲ་གྲགས་པས་གདུག་པ་འདུལ་ཞིང་གཞན་དོན་བྱེད་པ་ནི་ཀུན་བརྗོད་པའོ། །དབང་པོ་རེ་རེའི་ཡུལ་ལྔ་ལྔ་གཅོད་པ་ནི་ཅིས་ཞེ་ན། སྐྱེ་མཆེད་རྣམས་རང་བྱུང་ཡེ་ཤེས་ཉིད་ཡིན་ལ་དེ་གཅིག་དང་དུ་མ་དང་བྲལ་བར་ལྟ་བ་རྟོགས་ཏིང་ངེ་འཛིན་གོམས་པས་རང་བྱུང་ཡེ་ཤེས་གཅིག་དང་དུ་མ་དང་བྲལ་བ་རང་གི་མཚན་ཉིད་ཚེ་དབང་དུ་མཐོང་བས། དེས་ཡུལ་ཤེས་ཐ་དད་དྲུག་ཏུ་འཛིན་པ་དྲི་མ་སྦྱངས་པའི་ཕྱིར་རོ། །མངོན་ཤེས་དྲུག་གི་སྤྱན་དང་སྙན་སླ། །སྔོན་གྱི་གནས་རྗེས་སུ་དྲན་པ་ནི། རང་དང་གཞན་སྔོན་གང་དང་གང་དུ་སྐྱེས་པའི་སྐྱེ་གནས་དང་ལས་ཅི་སྤྱད་རྣམ་པ་དང་བཅས་པ་མལ་དང་བཅས་དུས་རྟགས་གཏན་ཚིགས་དང་བཅས་ཤེས་པའོ། །སྒྲིབ་པ་གསུམ་གྱི་ཁྱད་པར་ནི་ཤེས་བྱ་ཐམས་ཅད་ཀྱི་རྗེས་སུ་སོ་སོར་རྟོགས་པའི་ཤེས་རབ་འགྲོ་བ་ནི་ཀུན་ཏུ་འགྲོ་བའོ། །ཆོས་ཇི་བཞིན་པའི་ངང་ལ་བློ་དེ་བཞིན་འཇོག་པའི་ཞེན་པ་ནི་ལྷན་ཅིག་གནས་པའོ། །ཉོན་མོངས་པ་ནི་རྐང་ངམ་སྲི་ལ་གནས་པ་ལྟར་ཤིན་ཏུ་ཕྲ་བ་ནི་བག་ལ་ཉལ་ལོ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་རྒྱུ་ནི་རང་གི་ལུས་སེམས་ཉིད་ཡིན་པས་རང་བཞིན་ཡེ་ནས་ལྷ་ཡིན་པར་རྟོགས་གོམས་པས་ཀུན་ཏུ་འགྲོ་བའི་སྒྲིབ་པ་དག་པས་ལྷར་སྣང་བ་སྟེ། སྒྲིབ་བྱེད་ཀྱི་ཞེན་པ་དག་ཙམ་ལས་རྒྱུ་རྐྱེན་གྱིས་བསྐྱེད་པ་མེད་དོ། །ལྷུན་གྲུབ་ཀྱི་གྲངས་ནི་གསུམ་ལས། བྱ་བ་རྒྱུད་ཀྱི་ལྷུན་གྱིས་གྲུབ་པའི་རིག་འཛིན་ནི་རིགས་གསུམ་གྱི་ཆ་བྱད་དུ་སྣང་ཞིང་། སྟོན་པའི་རྒྱལ་ཚབ་སྐྱེས་བུ་དང་སྡུད་པ་པོ་ཡང་བྱེད་དེས་འགྲེ་དེ་ཚེ་སྒྲིབ་བཅས་པ་ནི་ལྷུན་གྲུབ་ཐོབ་པ་དེའི་ཚེ་བག་ལ་ཉལ་གྱི་སྒྲིབ་པ་ཆ་ཕྲ་མོ་ཡོད་ཀྱང་རང་གི་སྒྲིབ་པ་མི་སྦྱངས་པར་གཞན་དོན་མཛད་པའོ། །རླུང་ལའང་དེ་བཞིན་ཅེས་པ་ནི་སྤྱིར་གདུལ་བྱ་དུག་ལྔ་དང་ལྡན་པ་དག་གིས་སྤང་བྱ་ཉོན་མོངས་པ་དང་གཉེན་པོ་ལམ་མཐུན་པར་སྟོན་པའི་ཐབས་ལམ་མོ། །དེ་གཉིས་མི་མཐུན་པར་སྟོན་པ་ནི་གྲོལ་ལམ་མོ། །གསང་བའི་ཏནྟྲ་སྟོན་པ་ནི། སྔར་སངས་རྒྱས་ཀྱིས་བསྟན་པའི་རྒྱུན་འཆད་ཅིང་སྡུད་པ་པོ་བྱེད་པ་ཡིན་གྱི་ལྷུན་གྲུབ་རང་ལ་གནས་པའི་རྒྱུད་འཆད་པའི་ནུས་པ་མེད་དོ། །སྤྱིར་ལྷག་བཅས་ཀྱི་རིག་འཛིན་གསུམ་གྱི་ཁྱད་པར་ནི། སྤང་བྱ་སྒྲིབ་པའི་ཆ་ནི་གང་དུ་བས། གཉེན་པོ་ལམ་གྱི་ཁྱད་པར་ནི་ཚེ་དབང་གི་བདེན་པ་དབྱེར་མེད་རང་གི་མཚན་ཉིད་མཐོང་སྟེ་དེ་ལ་དབང་བསྒྱུར་བའོ། །ཕྱག་རྒྱ་ནི་བདེན་པ་དབྱེར་མེད་ལས་མི་གཡོ་བའོ། །ལྷུན་གྲུབ་ནི་མི་གཡོ་བ་ལས་མི་རྟོག་པར་གནས་པའོ། །དེ་གསུམ་ཀྱང་རིམ་པ་ལྟར་ཟག་མེད་ཀྱི་མཐོང་ལམ་སྒོམ་ལམ་མཐར་ལམ་མོ། །ལེའུ་བརྒྱད་པ་ཨཱི་ཐཱི། དེ་ལྟར་གཉེན་པོ་རིམས་དང་ཅིག་ཆར་གྱི་ལམ་གཉིས་ལ་མཚན་ཉིད་གསུམ་གྱི་སྒྲིབ་བྱེད་ཀྱི་ཞེན་པ་དག་པའི་ཚེ་ཡེ་ནས་སངས་རྒྱས་པའི་དོན་ཇི་ལྟ་བ་བཞིན་མངོན་དུ་བྱས་པའི་མཐར་ཐུག་གི་འབྲས་བུའི་དོན་བཤད་པར་བྱའོ། །དོན་རྡོ་རྗེ་འཛིན་པ་ནི། གཉིས་མེད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་པའོ། །རྟགས་རྡོ་རྗེ་འཛིན་པ་ནི་རིགས་དྲུག་པ་རྡོ་རྗེ་འཆང་དུ་སྣང་བའོ། །དོན་གསུམ་ནི་རྒྱལ་བ་དྲུག་པའི་ཡོན་ཏན་གྱི་ཁྱད་པར་ལས་འབྲས་བུ་ཉེར་ལྔར་སྣང་བ་ནི་ངོ་བོའོ། །དགོངས་པའི་རྒྱུད་དང་དུ་མའི་སྒྲ་བརྗོད་ལས་འདས་པ་ནི་ཚུལ་ལོ། །ཐེག་པ་འོག་མའི་ཚུལ་ལས་སངས་རྒྱས་ངོ་བོ་ཚུལ་མིང་གྲངས་གསུམ་གྱིས་འཕགས་པ་ནི་ཁྱད་པར་རོ། །དང་པོ་ལ་གཉིས་ལས་དབྱེར་མེད་ལྷུན་གྲུབ་ཀྱིས་ངོ་བོ་ནི། རིགས་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད། རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ་སྟེ་རད་ན་ལྟར་ལྷུན་གྱིས་གྲུབ་ཅིང་གཅིག་དང་དུ་མར་དང་བྲལ་བས་སོ། །དེ་ཅིའི་ཕྱིར་ན་ཀུན་ཏུ་བཟང་པོའི་ཡོན་ཏན་གྱི་ཁྱད་པར་ལ་འབྲས་བུ་ཉེར་ལྔ་གདུལ་བྱ་ཇི་ལྟར་མོས་པ་ལྟར་སྣང་བས་གཅིག་དང་བྲལ་ལ། ཡང་དག་པར་ན་རིགས་འདི་ཀ་ཞེས་གྲུབ་པ་མེད་པས་དུ་མ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ལ་རིགས་ཐམས་ཅད་ཀྱི་བདག་པོ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས་པ་ལོངས་སྤྱོད་ཆེན་པོ་ཞེས་བྱ་སྟེ་མཚན་གྱི་རྣམ་གྲངས་སྨོས་པ་ཁོ་ནའོ། །མ་འདྲེས་རྣམ་གྲངས་སུ་སྣང་བའི་ངོ་བོ་ལ་སྤྱིར་ལྔ་བྱེ་བྲག་ཉེར་ལྔ་སྟེ། དང་པོ་སྐུ་ལྔ་ནི་ཆོས་ཐམས་ཅད་སེམས་ཉིད་སྐྱེ་མེད་དུ་གཅིག་པས་སྣ་ཚོགས་སུ་སྣང་ལ་རང་བཞིན་མེད་པ་ནི། གནས་ལུགས་ཆོས་སྐུའོ། །ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་ཡུལ་མེད་པར་རང་གསལ་བ་ནི་རང་བྱུང་གི་ཡེ་ཤེས་ཉིད་སྐུ་སྣ་ཚོགས་སུ་འཆར་བའི་གཞི་རྟེན་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །འཁོར་འདས་བདེ་སྡུག་གི་ལོངས་སྤྱོད་ཐམས་ཅད་བཏར་ལ་འཛིན་མེད་པར་རོལ་བ་ནི་ལོངས་སྐུའོ། །ཉི་ཟླའི་དལ་ལས་མ་གཡོས་པར་གཟུགས་བརྙན་སྣང་བ་ལྟར་ཆོས་སྐུ་ལས་མ་གཡོས་བཞིན་གདུལ་བྱ་ལ་སྣ་ཚོགས་སུ་སྣང་བ་ནི་སྤྲུལ་སྐུའོ། །ནམ་མཁའ་ལྟར་སྐྱེ་འཇིགས་དང་བྲལ་བའི་ངོ་བོ་ཉིད་ཀྱི་རྟག་པ་ནི་རྡོ་རྗེའི་སྐུའོ། །རྩ་རྒྱུད་དུ་བཤད་པ་དང་མི་འདྲ་བར་སྣང་། གསང་བདག་སྙན་ཆ་ལྔ་དང་ལྡན་པ་ནི། ཆོས་སྐུ་ལ་སྐྱེ་མེད་ཀྱི་དོན་གྱི་ཉན་པ་ལ་སོགས་པ་སྙན་གྱི་ཡུལ་ཅན་སྙན་ལ་སྦྱར་བས་སླ་བར་ཟད། དེ་ལྟར་སྐུ་ལྔ་ལ་ཐོས་པས་སྐུ་བཞི་ལ་ཚིག་ཏུ་བརྗོད་པར་གོ་བས་སྡུད་པ་པོས་རྒྱུད་ཀུན་ཏུ་འདི་སྐད་བཤད་པའི་དུས་ན་ཞེས་སྨོས་ལ། སྤྲུལ་སྐུ་ལ་གསུང་དབྱངས་ཡན་ལག་དྲུག་ཅུ་བརྗོད་དེ་གོ་བས་གསང་སྔགས་དྲུག་ཀྱི་རྒྱུད་ཀུན་ཏུ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་གསུངས་སོ། །གསུང་ལྔ་ནི། དཔེར་ན་ཆུ་དང་བའི་ནང་དུ་ཉི་ཟླའི་གཟུགས་བརྙན་འཆར་བ་ལྟར་འཁོར་གྱི་དབང་པོ་དང་པོ་ལ་སྟོན་པས་ཚིག་ཏུ་མར་བརྗོད་པར་སྐྱེ་མེད་ཀྱི་དོན་གོ་བར་བྱེད་པ་ནི་དོན་གྱི་གསུང་ངོ་། །དཔེར་ན་ཉི་མའི་འོད་ལྟར་སྟོན་པའི་ཐུགས་རིག་པའི་ཡེ་ཤེས་ལྔ་དང་ལྡན་པའི་ཕྱིར་བྱིན་གྱིས་བརླབས་ཀྱིས་དོན་གསལ་བར་བྱེད་པ་ནི་རིག་པའི་གསུང་ངོ་། །དཔེར་ན་མེ་ལོང་གི་བྱད་བཞིན་སྣང་བ་ལྟར་སྟོན་པའི་སྐུ་མཐོང་བའི་བརྡ་ཡིས་དོན་བརྡའ་སྤྲོད་པ་ནི་བརྡའི་གསུང་ངོ་། །དཔེར་ན་ལྷ་ཚངས་པའི་ངག་ལྟར་སྟོན་པས་གསུང་དབྱངས་རིགས་དྲུག་གི་ལས་ཅན་ལ་བརྡའ་སྤྲོད་པ་ནི་ཚིག་གི་གསུང་ངོ་། །བྲག་ཆ་ལྟར་སྒྲ་གྲགས་སྟོང་དབྱེར་མེད་ཀྱིས་དོན་རྟོགས་པར་བྱེད་པ་ནི་རྡོ་རྗེའི་གསུང་ངོ་། །ཐུགས་ཡེ་ཤེས་ལྔའི་དོན་ནི་ལེའུ་གསུམ་པར་བཤད་པ་ལྟར་སྦྱར། འདིར་ཐུགས་ལྔའི་ངག་དོན་ནི། ཆོས་ཐམས་ཅད་སེམས་ཉིད་ནམ་མཁའ་ལྟར་སྟོང་པ་ཆེན་པོའི་ཡེ་ཤེས་ལ་འཛིན་པ་ཟུག་རྔུ་གཉིས་མ་སྤངས་བྲལ་བས་བདེ་བ་ཆེན་པོའི་ཐུགས་སོ། །ཆོས་སྤྱི་དང་རང་རང་གི་མཚན་ཉིད་ཐམས་ཅད་མེ་ལོང་ལྟར་གསལ་ལ་རྟོག་པ་མེད་པས་རྣམ་པར་མི་རྟོག་པའི་ཐུགས་སོ། །ཆོས་ཐམས་ཅད་མ་བྱུང་བ་ཆེན་པོ་ལྟར་བླང་དོར་མེད་པའི་མཉམ་ཉིད་ལས་མི་གཡོ་བས་མཉམ་པ་ཆེན་པོའི་ཐུགས་སོ། །གདུལ་བྱ་ཉིད་ལས་མི་གཞན་པར་མཁྱེན་པས་གདུལ་བྱ་འདུལ་བྱ་འདུལ་བྱེད་དུ་ཞེན་པར་མེད་པ་ལས་བཞིས་འགྲོ་དོན་མཛད་པས་འགྲོ་བ་སྒྲོལ་བའི་ཐུགས་སོ། །ཆོས་ཐམས་ཅད་ནམ་མཁའ་ལྟར་གཞའ་ཚོན་ལྟར་གསལ་སྟོང་དབྱེར་མེད་དུ་སྣང་བ་ནི་རྡོ་རྗེའི་ཐུགས་སོ། །འོ་ན་ཆོས་སྐུ་དང་དོན་གྱི་གསུང་དང་བདེ་བ་ཆེན་པོའི་ཐུགས་གསུམ་པོ་སྐྱེ་མེད་དུ་མཚོན་ཚུལ་དུ་འདྲེས་སྙམ་ན། སྐྱེ་མེད་དེ་ཉིད་རྟེན་བྱེད་པས་སྐུ། དེ་ཉིད་འཁོར་ལ་གོ་བརྡ་སྤྲོད་པས་གསུང་། སྐྱེ་མེད་དུ་སྟོང་པའི་དགོངས་པ་གསལ་བས་ཐུགས་ཏེ་མཚོན་ཚུལ་ཐ་དད་པ་རྩམ་མོ། །ཡོན་ཏན་ལྔ་ན་གཟུགས་སྐུ་ལ་མངོན་སྤྱོད་དུ་ཡོད་ལ་སྐུ་གསུམ་པོ་ལ་རྒྱུད་ལ་ལྡན་དུ་སྦྱར་རོ་གཞལ་ཡས་ཁང་ལ་གཉིས་ཏེ། འབྲས་བུ་ཆོས་ཐམས་ཅད་རྫོགས་པའི་རིག་པ་ཉིད་ལ་ཉིད་རང་སྣང་བའི་རྟགས་གཞལ་ཡས་ཁང་ཉིད་དབྱིབས་དང་ཁ་དོག་ཏུ་སྣང་བ་ནི་གཟུགས་སྐུའོ། །གཟུངས་འཛིན་རང་དང་བྲལ་བའི་རང་རིག་ཉིད་རྟེན་དང་རྟེན་ཅན་པའི་ནི་སངས་རྒྱས་སྐུ་ལྔའི་ཀུན་གྱི་གཞལ་ཡས་ཁང་ངོ་། །གཏན་དང་གདན་གྱི་དོན་རྟོགས་རྩ་རྒྱུད་ལྟར་ཞིབ་ཏུ་སྦྱར། ལྷུན་གྱིས་གྲུབ་པའི་ལས་ཀྱི་རིགས་ལ་ལས་བཞི་ཆར་ལྷུན་གྱིས་གྲུབ་པས་དེ་ཉིད་གདུལ་བྱ་ལ་ཕྲིན་ལས་བཞིར་སྣང་ནས་དོན་བྱེད་པ་ཡིན་གྱི་ཕྲིན་ལས་ཕྱོགས་གཅིག་པས་གདུལ་བྱ་ཐམས་ཅད་འདུལ་བ་ནི་རིགས་པ་མ་ཡིན་ནོ། །གཉིས་པ་ཚུལ་ནི་ལམ་དེ་ལྟར་སྦྱོངས་པའི་ཐ་མ་ལྷུན་གྲུབ་ཀྱི་ཚེ་རྒྱལ་ཚབ་སྐྱེས་བུ་རྡོ་རྗེ་དང་རྡོ་རྗེ་རིན་ཆེན་ལ་སོགས་སངས་རྒྱས་ཙམ་ན་དེ་མི་བསྐྱོད་པ་དང་རིན་འབྱུང་ལ་སོགས་པ་རིགས་ལྔའི་ཆ་རེ་འཛིན་པར་བྱེད་དང་། རིགས་དྲུག་པ་སངས་རྒྱས་ཀུན་གྱི་ངོ་བོར་ཉིད་དུ་གཅིག་པས་ངོ་བོ་རིགས་ལྔ་དང་དུས་སྔ་ཕྱིའི་སངས་རྒྱས་དང་མར་མེ་མཛད་དང་། བྱམས་པ་ལ་སོགས་པར་བསྟན་པ་དྲང་དོན་ཙམ་ཡིན་གྱི། སངས་རྒྱས་ཞེས་བརྗོད་པའི་དགོངས་པའི་རྒྱུད་ཇི་ལྟར་བཞུགས་པའི་ཚུལ་ནི་སྨྲ་བསམ་གྱིས་བརྗོད་པ་ལས་འདས་པའི་གཟུང་དུ་མེད་དོ་ཞེས་སྤྱིར་བསྟན་ནས། དེའི་དོན་གྱི་ཕྱོགས་གཅིག་ཙམ་ཞིག་བསྟན་པར་བྱ་ན་དེའི་དོན་ཇི་ལྟ་བུ་སྙམས་ན་གཉིས་ལས། དང་པོ་གཅིག་དང་ཐ་དད་དུ་དགག་པ་ནི། དྲང་དོན་དུ་སྔ་ཕྱིའི་སངས་རྒྱས་དབུ་མ་པ་ན་རེ། ཆུ་ལ་ཆུ་བླུགས་པ་ལྟར་དགོངས་པའི་རྒྱུད་དོན་དམ་སྤྲོས་བྲལ་གྱི་ངང་དུ་གཅིག་པར་འདོད་པ་ལྟར་མེད་དེ། དེ་ཅིས་ཞེ་ན། དོན་དམ་སྤྲོས་བྲལ་ཁོ་ནར་ཕྱོགས་གཅིག་ཏུ་གྲུབ་པ་མ་ཡིན་པའི་ཕྱིར་རོ། །འོ་ན་སེམས་ཙམ་པ་ལྟར་ན་སངས་རྒྱས་ཐམས་ཅད་ཤིང་གི་མེ་དཔུང་ལྟར་སྦྱངས་པའི་ཡེ་ཤེས་རྫས་ཐ་དད་པའོ། །སྙམ་ན་ཐ་དད་པའང་མེད་ན་གཅིག་ཆོས་ཀུན་རྫོབ་ཡེ་ཤེས་གསལ་ཆ་མ་འདྲེས་པ་དེར་བདེན་པ་གྲུབ་པ་མ་ཡིན་པའི་ཕྱིར་རོ། །དེས་ན་རང་གཞུང་གཅིག་དང་དུ་མ་དང་བྲལ་བར་བསྟན་པ་ནི། བདེན་པ་དབྱེར་མེད་དབང་བཙན་པར་བྱས་ན་བདེན་པ་དབྱེར་མེད་ཀྱི་དོན་རང་གཞན་སོ་སོ་བ་གཉིས་མེད་པའི་ཕྱིར་རོ། །གཉིས་མེད་དེ་མངོན་དུ་བྱས་པའི་ཚུལ་ནི། འདི་ཉིད་གཅིག་དང་དུ་མའི་མཐའ་ཐམས་ཅད་དང་བྲལ་བའི་ལམ་མ་སྤངས་པར་རང་གདོད་མ་ནས་རང་ལ་གནས་པ་དེ་ལམ་གྱི་སྒྲིབ་བྱེད་དང་བྲལ་བར་མངོན་དུ་བྱས་པ་ལ་སངས་རྒྱས་ཞེས་མིང་དུ་བརྗོད་ཀྱི་རང་གི་ངོ་བོ་འདི་འདྲ་ཞེས་སྨྲ་བ་དཀའོ། །འོ་ན་གཞུང་དག་ལས་དགོངས་པའི་རྒྱུད་གཅིག་དང་ཐ་དད་དུ་བསྟན་པ་དང་འགལ་སྙམ་ན། དེ་ནི་སྤྱིར་སངས་རྒྱས་ཐམས་ཅད་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་ངོ་བོ་ཉིད་དུ་གཅིག་ལ་སྦྱངས་པའི་རྫས་ཐ་དད་པ་ཡེ་ཤེས་ཀྱི་རྒྱུན་མ་འདྲེས་ཏེ་གཅིག་པ་མ་ཡིན་པ་ནི། དཔེར་ན་ཤིང་ཐ་དད་ཀྱི་མེ་དཔུང་གཅིག་པ་འདྲ་ཞེས་པ་ནི་ཐ་དད་ལ་མོས་པ་དྲང་བའི་དོན་ཙམ་དུ་བསྟན་གྱི་དེ་ཁོ་ན་ཉིད་ངེས་པའི་དོན་མ་ཡིན་ནོ། །འོ་ན་དགོངས་པའི་རྒྱུད་གཅིག་གམ་ཞེ་ན་ཆུ་ལ་ཆུ་བླུགས་པ་ལྟར་འདོད་པ་ལ་དྲང་དོན་ལས་ངེས་དོན་མིན་པས་དེ་དང་མཐུན་ནོ། །ངེས་དོན་ཡིན་ན་སྐྱོན་ཅི་ཡོད་སྙམ་ན་གཉིས་ལས། རིགས་པའི་སྐྱོན་གཅིག་དང་ཐ་དད་དུ་འདོད་པ་ལ་གོང་དུ་བདེན་གཉིས་ཀྱི་ཚུལ་གྱིས་སྐྱོན་བརྗོད་པས་དངོས་ཀྱི་དོན་ལ་གནོད་ལ། གཉིས་པ་ལུང་གི་སྐྱོན་ནི། གཟུང་འཛིན་བྲལ་བའི་ཡེ་ཤེས་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་རྒྱུད་ལས་བཤད་པ་དང་ཡང་བདེ་གཤེགས་མི་གནས་མཉམ་པའི་ངང་དུ་བྱོན། ཞེས་གསུང ས་དེ་ཡང་དོན་དམ་སྐྱེ་མེད་ཀྱི་མཉམ་པ་དང་། ཀུན་རྫོབ་སྒྱུ་མའི་མཉམ་པ་གཉིས་པོ་ལྟ་བུ་མིན་གྱི་མཉམ་པ་གསུམ་པ་བདེན་པ་དབྱེར་མེད་ཀྱི་ངང་དུ་བྱོན་པ་གཤེགས་པར་བཤད་པ་ཡིན་པའི་ཕྱིར་རོ། །དོན་དམ་དུ་གཅིག་པ་དང་ཀུན་རྫོབ་དུ་ཐ་དད་པར་བསྟན་པ་དྲང་དོན་ནོ། །ངེས་པའི་དོན་དུ་ན། དོན་དམ་དུ་རྒྱུད་གཅིག་སྟེ་འདྲེས་པ་དང་ཀུན་རྫོབ་ཏུ་ཐ་དད་དེ་མ་འདྲེས་པའི་ཐ་དད་དང་བྲལ་བས། གཅིག་དང་དུ་མར་བྲལ་བའི་ཞེས་པ་ལ་སོགས་པ་བཤད་དོ། །གསུམ་པ་ཁྱད་པར་ནི་གསུམ་སྟེ། འདིར་འབྲས་བུ་ཉེར་ལྔར་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཏེ། འོག་མ་སྐུ་གསུམ་ཐོབ་པའི་གྲུབ་མཐའ་བཞག་པའི་སངས་རྒྱས་ལས་བཞིས་ལ་སྤགས་པ་ནི་ངོ་བོའི་ཁྱད་པར་རོ། །ཐེག་པ་འོག་མ་ས་རྒྱུད་གཅིག་དང་ཐ་དད་དུ་འདོད་པ་ལ་འདིར་བསམ་བརྗོད་དང་བྲལ་བ་ནི་ཚུལ་གྱི་ཁྱད་པར་རོ། །བདེ་གཤེགས་དེ་བཞིན་གཤེགས་པ་དང་། །བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས། །དགེས་ཆེན་ལོངས་སྤྱོད་ཆེན་པོ་སོགས། །མིང་མཐུན་དོན་གྱིས་སྤགས་པ་ནི། །མཚན་གྱི་རྣམ་གྲངས་ཁྱད་པར་རོ། །མདོ་ཡི་ལུགས་ཀྱིས་ཐུན་མོང་གྲོལ་བའི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚོགས་གཉིས་སུ་འདུལ་ལ་ཚོགས་གཉིས་ཀྱི་སྒོ་ནས་བདེ་བར་གཤེགས་པ་ནི། དུས་གསུམ་ཐ་དད་དུ་འདོད་པས་སྔར་འདས་པའི་རྒྱལ་བ་དེ་བཞིན་དུ་གཤེགས་པས་དེ་བཞིན་གཤེགས་པའམ། བདེ་བར་གཤེགས་པའོ། །ཡང་ཀྲི་ཡ་རང་གི་ལྟ་བ་ཏིང་ངེ་འཛིན་གྱི་འབྲས་བུ་ལྷའི་དལ་དུ་བྱས་ནས་གཤེགས་པའམ། འབྲས་བུ་རྡོ་རྗེ་འཛིན་པའི་སར་སྔར་དེ་བཞིན་གཤེགས་པའོ། །ཡང་ཐབས་ལམ་སྔོན་བྱུང་དུ་དགེ་སློང་པ་རི་མ་དགྲ་བཅོམ་པ་ལྔ་བརྒྱས་རྒྱལ་ཚབ་ཏུ་བྱ་བའི་ཕྱིར་ཚིག་དང་ཡི་གེས་དབང་བསྐུར་བ་བཞིན་དུ་ད་ལྟར་ཡང་དབང་ཐོབ་པས་གཤེགས་པའམ། ཡང་ཀྲི་ཡའི་དབང་ཐོབ་པས་དེ་བཞིན་གཤེགས་པའི་ས་ཐོབ་པ་ཇི་བཞིན་དུ། ད་ལྟར་ཡང་དབང་ཐོབ་ནས་རྡོ་རྗེ་འཛིན་པའི་ས་ལ་གཤེགས་པ་སྟེ་དུས་སྔ་མ་དཔེར་བླངས་པའོ། །དེ་ལྟར་གཤེགས་ཚུལ་རང་རང་གི་མདོ་སྡེའམ་རྒྱུད་སྡེ་དག་ལས་གྲགས་པ་ལྟར་རོ། །ཡོ་གའི་ལུགས་ཀྱིས་རྒྱལ་བུ་དོན་གྲུབ་ཉིད་ཀྱི་དཀའ་ཐུབ་ཀྱི་ཁོག་པ་ཆུ་ཀླུང་ནཻ་ར་ཛ་ནར་བོར་ནས་ཐུགས་འོག་མིན་དུ་སངས་རྒྱས་པར་འདོད་དོ། །ཚུན་འཆོས་ཀྱི་དཔེ་ནི། རྒྱལ་པོ་སྟོབས་བཟང་མུ་ཏིག་འབེབས་པར་འདོད་ནས་རྒྱལ་བུ་མུ་ཏིག་འབེབས་ཅེས་བྱ་བ་བགད་ཙ་ན་མུ་ཏིག་ཁ་ནས་འབབས་པ་གཅིག་ཡོད་པས་བཀུག་སྟེ། སྣང་གཡེལ་ཆེ་ས་གཅིག་ཏུ་བཞག་པས། བཞི་པོ་འདིའི་སྤྱོད་ལོག་མཐོང་བས་བགད་པ་བས་དང་ཡིད་མུག་ནས་ཚིགས་བཅད་སྨྲས་པ། རྒྱལ་མོ་མེ་ཏོག་ཕོག་ན་བཤུམས། །མོན་པས་རྒྱུག་པ་བརྒྱབ་མིན་ན། །བྲམ་ཟེ་མེ་ལེན་སྦུར་སྐྱེལ་དང་། །ནེལ་བྱ་ཁ་ན་གཤོག་ཐོགས་དང་། །ཀུ་མ་ར་ཡི་འོ་མ་བཞི། །ལེགས་པར་སྤྱོད་པའི་ཚུལ་འཆོས་མཁན། །མུ་ཏིག་འབེབས་ལས་མ་གཏོགས་པ། །བདེན་པར་སྨྲ་བ་གཅིག་ཀྱང་མེད། །ཁོ་བོ་ཧ་ཧ་དགོད་རེ་བྲོ། །ཞེས་བགད་པས་མུ་ཏིག་ཁྱོར་གང་ཙམ་བྱུང་ངོ་། །སེང་གེའི་ང་རོ་ལྟ་བུ་གསུང་གི་འོད་ཟེར་གྱིས། འཇིག་རྟེན་ཁམས་གསུམ་རྒྱལ་མཚན་རྩེ་མོ་ལྟར། མི་ནུབ་གསལ་བའི་དོན་དུ་བདག་གིས་བསྡེབས། ནོངས་པ་བཟོད་གསོལ་དགེ་རྩ་ཡོངས་ལ་བསྔོ། །ཁོང་དོན་རྨོངས་པའི་ནད་སེལ་བདུད་རྩིའི་སྒྲོན་མ་དང་། བསྡུས་དོན་སྨན་པའི་འབྲས་ལྕགས་ཀྱི་ལྡེ་མིག་དང་། །ཚིག་དོན་སྤེལ་ལེགས་རིན་ཆེན་ཕྲེང་བ་སྟེ། །འདི་གསུམ་ལྡན་པ་དབུལ་མོའི་གཏེར་སྙེད་འདྲ། །དོན་གྱི་བློ་གྲོས་ཚིག་གི་བསྡེབ་སྦྱོར་ལ། །རྨོངས་འགྱུར་ཆེན་ལ་རགས་པའང་ཡུལ་འགྱུར་གྱིས། །གཞན་ལས་སྤགས་པར་རློམ་ན་འདི་ལྟ་བུའི། །རྟོགས་ལྡན་མཁས་པ་རྣམས་ནི་མ་གསང་མཚར། །ལམ་ཆེན་མོའི་ཏི་ཀ །ཤཱཀྱའི་དགེ་བསྙེན་སེང་སེང་གེ་ཧ་པྲ་འོད་བྷ་བས་སྦྱར་བ་རྫོགས་སོ། །རྒྱལ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།


previousལམ་རིམ་འགྲེལ་པ་སྣར་སྟོན། མཁར་བ་སེང་གེ་འོད།next