cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དོན་ལྔ་པ།

གླེགས་བམ། བུ༽

སློབ་དཔོན་སངས་རྒྱས། ནམ་མཁའ་རྒྱལ་མཚན། ནམ་མཁའ་དཔལ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

ཐུགས་ཀྱི་ཐིགས་པའི་མན་ངག སློབ་དཔོན་སངས་རྒྱས།

ཙི ཏྟ བི ནྡྷུ ཨུ པ དེ ཤ ནཱ མ བི ཧ ར ཏི སྨ།
ཐུགས་ཀྱི་ཐིགས་པའི་མན་ངག་ཅེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། ཙིཏྟ་བིནྡྷུ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། ཐུགས་ཀྱི་ཐིགས་པའི་མན་ངག་ཅེས་བྱ་བ། བཅོམ་ལྡན་རྡོ་རྗེ་སེམས་དཔའ་གཙོ། །ཀུན་མཁྱེན་རྒྱལ་བ་ཀུན་གྱི་ཐུགས། །འཁོར་ལོ་སྙིང་པོ་སྟོན་མཛད་ལ། །གཉིས་མེད་ཡིད་ཀྱིས་ཕྱག་འཚལ་ལོ། །སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས། །གསང་བ་སྙིང་པོའི་རྒྱུད་དག་ལས། །རིན་ཆེན་བཅུད་ཐུགས་སྐལ་ལྡན་ཕྱིར། །ལེགས་པར་བསྡུས་ཏེ་བསྟན་པར་བྱ། །རྒྱ་མཚོ་ལས་ནི་ཆུ་ཐུགས་བཞིན། །ཡེ་ཤེས་རྒྱ་མཚོ་ཐུགས་ཀྱི་ཐུགས། །མི་འཇིགས་ཕུང་པོ་ཇི་བཞིན་དུ། །ཡེ་ཤེས་ཐུགས་ཀྱི་བཅུ་གསུམ་པོ། །རང་བཞིན་བདེ་གཤེགས་གདུལ་བྱ་ཡི། །སྣང་བ་གསུམ་གྱི་ངོ་བོ་ལ། །རྒྱུད་ཀྱི་དབྱེ་བ་རྣམ་པར་བཞག །གཅིག་ལ་གསུམ་གྱི་ངོ་བོ་ཡང་། །འཁྲུལ་པའི་སྣང་བས་གསུམ་དུ་འགྱུར། །དེས་ན་སྣང་བ་བཞི་དག་ཏུ། །ལུང་རིགས་ཀུན་ནས་གསལ་བར་བཤད། །ཡན་ལག་རྡོ་རྗེ་རྣམ་བཞི་པོ། །ཐོག་མར་བསྟན་པའི་བྱང་ཆུབ་སེམས། །འགྲོ་བ་མང་པོའི་སེམས་རྒྱུད་རྣམས། །ལོག་རྟོག་ངོ་བོ་རྒྱུ་རྐྱེན་གྱིས། །ཐ་དད་དུ་ས་གསེར་བཞིན་དུ། །རང་བྱུང་ཡེ་ཤེས་ཐ་དད་མེད། །དེ་ཡང་འཆིང་གྲོལ་གཉིས་ཀའི་བདག །མེ་ལོང་དྭངས་བའི་གཡའ་བཞིན་དུ། །ཕན་ཚུན་སྤངས་པ་མེད་པ་ལ། །བྱིས་པས་གཞི་དང་རྟེན་ཞེས་སྨྲ། །མཁས་པས་ལྷུན་གྲུབ་སྨྲ་བསམ་འདས། །འདི་སྐད་གསང་བའི་རྒྱུད་ཉིད་ལས། །གཤེགས་སྐུ་སྒྱུ་མར་སྣང་བ་དང་། །ལོག་རྟོག་སྒྱུ་མར་སྣང་བ་གཉིས། །རིགས་དང་རྒྱུད་དུ་བརྟག་ཏུ་མེད། །གཞི་རྩ་མེད་དེ་རང་བཞིན་སྟོང་། །རིགས་དང་ཁ་དོག་དབྱིབས་མེད་ལས། །ཕྱི་ནང་སྣོད་བཅུད་ཐམས་ཅད་སྣང་། །ཡང་ནི་སྒྱུ་འཕྲུལ་དྲ་བ་ལས། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །གསུངས་པས་རང་བཞིན་རྒྱུད་ཉིད་ནི། །མ་རིག་ཡེ་ཤེས་ཐ་དད་མིན། །ནམ་མཁའ་དྭངས་ཀྱང་སྤྲིན་གྱི་གནས། །དྭངས་རིགས་ཅན་གྱི་འགྲོ་བ་ལྟར། །རྟོག་སེམས་མི་མཐུན་སེམས་ཉིད་དུ། །གཅིག་པས་རང་བཞིན་ཐུག་མེད་པས། །དཔེར་ན་ཨཱར་ཛཾ་བྷ་ལའི། །ནེ་ལེའི་རྐྱལ་པས་རིན་ཆེན་ཆར། །རྒྱལ་པོ་ཡང་དག་དོན་གྱི་གནས། །བྲམ་ཟེ་དམ་པ་ཙི་བི་ར། །དབུལ་པོ་ཏནྟིའི་གྲོང་ཁྱེར་དང་། །རིགས་ངན་ཤནྟ་རཀྴའི་གནས། །གདོལ་བའི་གྲོང་དུ་རིན་པོ་ཆེ། །སྣ་ཚོགས་རིན་ཆེན་ཕལ་པ་ལྔ། །བྱེ་ཚུལ་གྲམ་པ་ལྷད་རས་ཧྲུལ། །ཤ་ཁྲག་རུས་པ་རིན་ཆེན་སིལ། །གཅིག་ལ་སོ་སོར་སྣང་བ་བཞིན། །སྤྱོད་ཡུལ་ཐ་དད་སྣང་བ་ཡང་། །རང་སེམས་རྐྱེན་གྱི་སྣང་བ་ཙམ། །ངོ་བོ་རིགས་རྒྱུད་ཕྱོགས་མེད་པས། །དེ་ལ་དེས་སྒྱུར་སྣང་བཏུབ་བོ། །སྤྱིར་ནི་ལོག་རྟོག་བསམ་ཡས་པ། །ཡེ་ནས་ཡོད་པ་མ་ཡིན་ཏེ། །སོ་སོས་འཛིན་རྟོག་བག་ཆགས་ཀྱིས། །རང་གི་བསྒྲིབ་ཤིང་རྟག་ཏུ་འཁོར། །འདི་སྐད་གསུངས་པའང་ཐོག་མེད་ནས། །སེམས་ལས་ལོགས་སུ་མ་གྱུར་ཅིང་། །རྒྱུ་རྐྱེན་ལས་ཀྱིས་གློ་བུར་བའི། །སྤྱོད་ཡུལ་སྣང་དུས་ཐོག་མཐའ་མེད། །སེམས་རྒྱུད་གཉིས་ཀུན་ལྷུན་གྲུབ་པ། །ནོར་བུ་རིན་ཆེན་ལྟ་བུ་ལ། །འགལ་བ་འདུ་ཞེས་ཐེག་དམན་བརྗོད། །ཕན་ཚུན་སྤངས་པར་གང་འདོད་མེད། །དྲེད་མོས་རྩི་འབྲས་བྱབས་པ་བཞིན། །གསང་བའི་དོན་མཆོག་ག་ལ་ཡོད། །ཀུན་ནས་ཉོན་མོངས་རྣམ་པར་བྱང་། །ཡེ་ནས་ངོ་བོ་ཡོད་ཡིན་ན། །ཉོན་མོངས་ཡོངས་སྤང་བྱང་བསྒྲུབ་མེད། །སོ་སོའི་རང་བཞིན་ངེས་ཤེས་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །དེ་གསུངས་ཕྱིར་ན་རྒྱུར་གནས་པ། །ཤེས་བློ་གཞི་ཞེས་གཉིས་སུ་སྨྲ། །བསམ་པ་ཆོས་ཉིད་དེ་བཞིན་ཏེ། །དེ་ལ་ཡོད་པ་དེ་ལ་མེད། །ཕྱོགས་སུ་རྟོགས་པ་བདེན་ཞེ་ན། །དེ་དང་དེ་ལ་འབྲེལ་མེད་པས། །ནམ་ཡང་སྔོན་བཞིན་བདེན་པ་མིན། །མི་རྟོག་པ་ཡི་སེམས་རྒྱུད་ལྡན། །ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་བསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག །གསུངས་པས་ལོག་རྟོག་སྤང་དུ་མེད། །སྤྲིན་དང་བཞིན་ཚོན་སྣང་བའི་ཚེ། །རང་བཞིན་སྟོང་པར་ངང་གིས་གནས། །གང་དག་རྒྱུ་ཡི་ཐེག་པ་པས། །ཀུན་ཏུ་རྟོག་པ་དོན་དམ་ལ། །ཡོད་ན་ངེས་ཚིག་མེད་དོགས་པས། །དྭངས་ཤིང་གསལ་དག་གང་འདོད་པ། །བསམ་པ་དག་ལ་དེ་ཡོད་ཅེས། །སོ་སོར་སྟོན་པ་རྟོག་པའི་བློས། །དག་པ་མཉམ་གཉིས་གཉིས་མེད་དག །ལྡོག་པས་ཕྱེ་བ་ཇི་བཞིན་སྒྲར། །གང་ཞེན་སྒྲུབ་པའི་ཕྱོགས་འདོད་པ། །གཾ་ག་ད་རྫའི་མི་བཞིན་དུ། །སྤྱོད་ཡུལ་བྲལ་ལ་འདོད་པས་གདུངས། །ཡེ་ཤེས་ངང་ལ་གཉིས་རྟོག་བསླུས། །ལྷུན་གྲུབ་ངང་ལ་ཕེ་རྔམ་ཟད། །གང་ཤེས་མི་གཙང་སྤོས་དྲི་དང་། །ཚེར་མའི་ནང་ནས་ན་བཟའ་བཞིན། །ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཡོད་ལས་བཙལ་བ་སྒྲོས་གཏགས་ཏེ། །མེད་ལས་བཙལ་ན་སྐུར་བཏབ་འགྱུར། །ཡོད་མེད་གཉིས་ལས་བཙལ་བྱས་ན། །དེ་ནི་ལུང་དུ་མ་བསྟན་འགྱུར། །དེ་གསུངས་ཕྱིར་ན་རང་རིག་ལ། །ཡོད་མེད་དགག་སྒྲུབ་བླུན་པོའི་བློ། །དེ་བས་སེམས་ཀྱི་དེ་ཁོ་ན། །ཀུན་ཏུ་བཏགས་དང་གཞན་གྱི་དབང་། །ཡོངས་སུ་གྲུབ་པའི་བྱེ་བྲག་ཏུ། །བྱ་བ་དེ་དང་དེ་མེད་དེ། །དེ་ནི་སྨྲ་བསམ་མེད་མི་འཇོག །རང་བྱུང་ཀུན་ལ་རྒྱས་བཏབ་པས། །རང་བཞིན་ཀུན་དང་དབྱེར་མེད་ལ། །མེད་པ་བཞི་ལྟར་གནས་པའང་མེད། །བདེན་པ་རྣམ་གཉིས་དབྱེར་མེད་ཕྱིར། །དགའ་སྒྲུབ་མེད་པའི་སྨྲ་བསམ་གྲོལ། །ཐམས་ཅད་ཡེ་ཤེས་སྣང་བའི་ཕྱིར། །མི་མཐུན་འདུས་པས་རྟག་ཏུ་མེད། །ཡིད་བཞིན་ཤིང་ལྟར་གནས་པ་ལ། །ཇི་བཞིན་སྒྲ་རུ་རྟོག་པ་འཁྲུལ། །བདེན་པ་གཉིས་སུ་མེད་པ་ཡང་། །མཁའ་དང་གཞའ་སྤྲིན་གནས་པ་བཞིན། །སྣང་སྟོང་ཀུན་ཏུ་རང་གསལ་བ། །རང་བཞིན་ངང་གིས་སྣང་བའོ། །བདག་དང་གཞན་དུ་མ་བརྟགས་པར། །སོ་སོར་སྣང་བཞིན་མཐུན་པའི་གཟུགས། །དེ་ལྟ་བུ་ཡི་ངང་དུ་སྣང་། །དེ་གསུངས་ལུང་གིས་བགྲོད་ཀྱང་སླ། །ཕྱིན་ཅི་ལོག་ཉིད་ཡང་དག་སྟེ། །མ་རིག་པ་ཉིད་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །དེ་གསུངས་དོན་གྱིས་དེ་འཕོས་མེད། །མར་མེའི་དུས་ན་མུན་ལྡན་པ། །བླུན་པོས་མུན་སྣང་རེ་མོས་མཐོང་། །མཁས་པས་ངོ་བོ་རིས་མེད་ལྟ། །འཁོར་བ་ཆོས་ཉིད་དེ་བཞིན་ནོ། །སྤངས་པ་མེད་པས་ཀུན་བྲལ་བ། །པཎྜ་རཱི་ཀ་ལྟ་བུའི་དོན། །ལམ་དང་འབྲས་བུ་ཆོས་ཚང་བ། །འབྲེལ་པ་གསུམ་གྱི་ཏནྟྲའོ། །ཐུགས་ཀྱི་ཐིགས་པ་ལས། རང་བཞིན་གྱི་རྒྱུད་སྣང་བའི་ལེའུ་སྟེ་དང་པོའོ།། །།འཁྲུལ་གཞི་ཚུལ་དང་རང་བཞིན་གྱི། །སྡོམ་དེས་ངེས་པར་ཤེས་པར་བྱ། །དྲུག་གི་འགྲོ་བ་ཐམས་ཅད་ཀྱི། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཇི་ལྟར་སེམས་པར་སྣང་བ་ལ། །འཁྲུལ་གཞི་ཡོད་མེད་སྒྲོ་སྐུར་མེད། །སྒྲོ་འདོག་དབང་གྱུར་གང་ཟག་རྣམས། །སེམས་ཉིད་དམིགས་སུ་མེད་པ་ལས། །དངོས་པོ་རང་རྒྱུད་གཞིར་སྨྲ་བ། །དེ་ནི་རིགས་རྒྱུད་རྟག་པར་ལྷུང་། །སྐུར་པ་པ་ནི་ལྷུན་གྲུབ་ལ། །དེ་དང་བསམ་པ་སོ་སོར་རྟོག །དེ་ལ་དེ་ནི་མི་སྲིད་བཞིན། །གཞི་ལ་ཡེ་ནས་མེད་ཅེས་སྨྲ། །ཞེན་བློའི་ངོ་ལ་ཡོད་དོ་ཞེས། །སྐུར་པ་གང་ཡིན་ཆད་ལྟར་བ། །དེ་དང་དེ་གཉིས་ཐ་དད་ཅིང་། །མི་སྲིད་ཀུན་འབྱུང་ཐོག་མ་འབྱུང་། །ལ་ལས་ལོག་པ་གཉིས་མེད་ལས། །སྣང་སྨྲ་ལྷན་ཅིག་མེད་པ་དང་། །བརྟེན་པ་མི་གོས་གཞིར་མི་བཏུབ། །རྒྱུ་རྐྱེན་སྤང་བ་རིགས་པ་མིན། །དོན་ཉིད་ཡོད་མེད་རིགས་མེད་ལས། །དེ་ཡི་རྒྱུ་རྐྱེན་རང་བཞིན་པས། །སྨན་གྱི་ཕན་གནོད་ཇི་བཞིན་དུ། །ཐམས་ཅད་མ་ལུས་རྒྱུ་གཅིག་ལས། །མི་མཐུན་ཁྱད་པར་སོ་སོར་སྣང་། །དེ་གསུངས་ཕྱིར་ན་རྐྱེན་གྱིས་ཕྱེ། །ལུང་ལས་ཀྱང་ནི་འདི་སྐད་གསུངས། །རྒྱུད་དྲུག་འཁོར་བའི་ལུས་སྣང་བ། །རྣམ་རྟོག་མཐུན་པའི་ལས་སྣང་ངོ་། །སྐུ་མཆོག་རྡོ་རྗེ་འོད་སྣང་བ། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །དེ་བས་སེམས་ཀྱི་དེ་བཞིན་ཉིད། །མཐོང་བ་དག་དང་མ་དག་གིས། །ཕྱེ་བས་སྤྱོད་ཡུལ་སོ་སོར་སྣང་། །དེ་ལ་མ་སྤངས་མི་དམིགས་ཕྱིར། །མཚོན་པ་ཡོད་མེད་དོགས་པའང་མེད། །དགག་པ་མེད་པས་བླང་མེད་ཕྱིར། །མཐའ་ཡི་གཞུང་དུ་བསྒྲུབ་མི་དགོས། །མ་རིག་མཚུངས་པར་ལྡན་པའི་ཕྱིར། །དུས་གསུམ་རྒྱུན་དུ་དོན་མཐོང་མེད། །མིག་གིས་མིག་བཞིན་དེ་ལྟ་བས། །གཉིས་སྣང་སྔ་ཕྱིར་ལོངས་བཏངས་ནོར། །སྡོམ་ནི་དུས་དང་རྒྱུད་རྐྱེན་དང་། །ཚུལ་དང་ངོ་བོར་རང་བཞིན་ཉེས། །ཏནྟྲ་ཉིད་ལས་གསུངས་པ་ནི། །ཐོག་མ་མེད་ནས་སེམས་ཡན་བཏང་། །ཕྱིར་ཅི་ལོག་ལ་འཇོལ་ཉོག་སྤྱོད། །གལ་ཏེ་མ་བྱུང་བྱུང་གྱུར་ན། །འཇིག་རྟེན་ཐོག་མ་འབྱུང་བར་འགྱུར། །ངོ་བོ་ཉིད་དང་མཚུངས་པ་དང་། །ལྷན་ཅིག་བྱེད་དང་ཉེར་ལེན་འཕེལ། །རང་བྱུང་རིགས་རྒྱུད་མེད་པ་ཉིད། །དེ་ཡི་སྣང་ཕྱིར་ཏནྟྲ་ལས། །སྔང་གསུངས་དོན་གྱི་དང་པོའི་རྒྱུད། །ངོ་བོ་ཉིད་ཀྱང་གཞན་དུ་མིན། །སྔོན་གྱི་མེ་ལོང་རྣམ་གཉིས་ལྟར། །གདོད་ནས་ལྡན་པས་གཉིས་མེད་པའོ། །ཀུན་ཏུ་བཏངས་པ་རྣམ་གཉིས་པོ། །གོམས་པས་མཉམ་དུ་འབྱུང་བ་གསུམ། །དེ་ཡི་རྐྱེན་གྱིས་བརྟས་བསླངས་པ། །འོད་མ་ལྟ་བུར་ཕྱི་མར་སྣང་། །ཁམས་གསུམ་འདི་ན་གནས་པ་ཀུན། །དཀར་ནག་བཅུ་ཡི་དང་པོ་སྟེ། །ཚངས་པའི་གནས་བཞི་བསམ་གཏན་བཞིས། །བཅུ་བདུན་གནས་རིས་སྤྱོད་ཡུལ་སྣང་། །སྙོམས་པར་འཇུག་པའི་མཐུན་ལྡན་ན། །རྩེ་མོ་བཞི་ཡི་སྤྱོད་ཡུལ་སྣང་། །རྒྱུད་ལྔའི་ལམ་དུ་དུག་ལྔ་སྟེ། ཏནྟྲ་ས་མ་ཡ་ལས་འབྱུང་། །ཕྱི་ནང་འཁོར་ལོའི་གནས་བསྐྱར་བའང་། །ཁམས་གསུམ་ཆ་ཡིས་ངེས་པ་མེད། །འཁྲུལ་རྟོག་བརྟན་པའི་སྤྱོད་ཡུལ་ནི། །སོ་སོའི་ཕྱི་ནང་སྣོད་བཅུད་དང་། །ལུས་དང་ལོངས་སྤྱོད་ཚེ་དང་ལས། །བདེ་སྡུག་བར་མ་ཐ་དད་པའོ། །སྒྱུ་ལ་བསླུས་པའི་མི་བཞིན་དུ། །ནོར་བའི་སྤྱོད་ཡུལ་རང་བཞིན་སྣང་། །སྲིད་རྩའི་ཉེས་པ་བདག་ལས་ཕྱིར། །སྡུག་བསྔལ་མྱོང་ཞིང་ལམ་དང་བྲལ། །དེ་ལྟའི་དུས་ན་རྒྱུད་ཉིད་ལས། །ནམ་མཁའི་དབྱིངས་ནི་བསམ་ཡས་པར། །ཉི་ཟླ་གཟའ་སྐར་མཚན་མོ་གློག་འགྱུ་དང་། །གཞའ་ཚོན་སྤྲིན་མང་སྣ་ཚོགས་འཁྲུགས་གྱུར་ཀྱང་། །ནམ་མཁའི་དབྱིངས་ལས་འགྱུར་ཞིང་ཉམས་པ་མེད། །མི་དམིགས་ཆོས་ཀྱི་དབྱིངས་ནི་བསམ་ཡས་པར། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྨད་བྱུང་དང་། །འཇིག་རྟེན་གཙོ་མཆོག་སྣ་ཚོགས་རྣམ་མང་ཡང་། །ཆོས་ཀྱི་དབྱིངས་ལས་འགྱུར་ཞིང་ཉམས་པ་མེད། །དེ་དང་བྲལ་བའི་སྤྱན་བཟང་རྣམས། །དེ་དང་དེ་ནི་དེ་ཉིད་དང་། །གཞན་དུ་བརྗོད་དུ་མེད་ཅེས་སྨྲ། །གཉིས་སུ་མེད་པས་ཀུན་ཏུ་བྲེལ། །ཐུགས་ཀྱི་ཐིགས་པ་ལས། འཁྲུལ་པའི་སྣང་བའི་ལེའུ་སྟེ་གཉིས་པའོ།། །།རང་བཞིན་ལས་ཀྱིས་ཕྱེ་བ་ཡིས། །ཆོས་ཉིད་བྱ་བྱེད་རིགས་པའི་ཕྱིར། །མོས་སྣོད་བཅུད་སྦྱར་བསམ་ཡས་པ། །གདུལ་བྱའི་སྣང་བ་ཞེས་སུ་བརྗོད། །དེ་དང་དེ་རྐྱེན་དེ་དེ་ཡིས། །ཇི་བཞིན་དེ་བཞིན་མངོན་བྱེད་པ། །རིམ་པ་བཞི་དང་ལྔ་པ་ཡི། །བརྒྱུད་སྟེགས་ཉིད་དུ་སྦྱོར་བའི་ཕྱིར། །འདི་སྐད་རྒྱུད་ལས་གསུངས་པ་ནི། །ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །གཅིག་ལ་གཉིས་དང་གཉིས་ལ་དྲུག །ཕྱིན་ཅི་ལོག་པ་མོས་སོགས་པ། །རང་བཞིན་གྲུབ་མཐར་འཇུག་པ་གཉིས། །མཐའ་མ་ལོག་དང་མ་ལོག་པ། །མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཅེས་གསུངས་ཐུགས་རྗེའི་སར་གྱུར་པ། །སོ་སོའི་སྣང་རྐྱེན་བསམ་ཡས་ནའང་། །མཆོག་རྐྱེན་རྒྱུད་ནི་རྣམ་གསུམ་སྟེ། །གསང་བའི་རིགས་གཉིས་ལྟ་བུ་ཡི། །སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས། །སྤྱི་གཅོད་སྔོན་བཞིན་བསྟན་གསུམ་པ། །རྐྱེན་འདི་ཡི་གེ་ལས་སྐལ་སྣོད། །ཤེས་རབ་འབྲེལ་བཞེས་ཡོད་པའི་ཕྱིར། །དབང་པོས་ཕྱེ་བའི་ཐུགས་ཐིགས་གསུམ། །དང་པོ་མཚོན་པའི་མིང་གསུམ་ལྡན། །ངེས་པའི་ལུང་ནི་སྒྱུ་དྲྭའི་ཕྱིར། །དངོས་པོ་གཉིས་པའི་ལེགས་སྣང་བ། །བདེན་པས་འབྲེལ་བ་གཉིས་སུ་མེད། །དེ་ཉིད་གཉིས་མེད་འཇིག་བྲལ་བ། །གསལ་བརྟན་ལས་ཀྱི་ལྷ་ཡི་མིང་། །དེ་ནི་བསྟན་པའི་དངོས་གཞི་བས། །སྤྱི་ལུང་ངེས་པ་གཉིས་པའི་མཚན། །བསྟན་བརྟགས་དཀའ་བའི་དོན་བཅུད་དེ། །བཞི་ཡིས་ཀུན་ལ་མི་སྣང་བ། །ཁོ་ན་ཉིད་གསུམ་ལྡན་བདེན་པའི། །མིང་གིས་མཚོན་ལས་ལྟག་པའི་དོན། །ཚིག་རྒྱས་ཀྱིས་ཀྱང་མཚོན་མི་ནུས། །དེ་བས་གཞོན་ནུའི་རྟོག་པ་བཞིན། །ཡི་གེ་བསྡུས་པས་དོན་རྒྱས་པ། །བརྡ་ཕྲད་ཐ་སྙད་བསྡུས་པ་ཡིན། །གསུམ་པའི་མིང་ལ་མོས་པའི་བློས། །སོ་སོར་འདོད་ལ་ཤེས་རབ་ཐབས། །ཉི་མས་མཛེས་པའི་རིན་ཆེན་ལྟར། །ཚིག་གི་སྒྲོན་མེས་ཤེས་རབ་ཕྱེ། །འབྲིང་ལ་སྣང་བ་མཆེད་པའི་ཕྱིར། །རྒྱས་པར་བྱེ་བྲག་ཐིགས་པར་ཤར། །རང་བཞིན་ལས་ཀྱི་སྣང་གྱུར་པ། །བགྲོད་ཐབས་གཉིས་སུ་ཡན་ལག་རྐྱེན། །ཐོག་མ་བར་དང་ཐ་མ་ཡུལ། །ལྔ་དང་གཉིས་དང་གཉིས་བསྟན་ཏོ། །དང་པོའི་ཡུལ་ལ་རྒྱུ་རྐྱེན་དང་། །བཞི་བཅུ་གཏད་པས་རྫོགས་པ་ཡིན། །ཐབས་དང་ཤེས་རབ་རྒྱུ་ཡང་ནི། །སྔ་མའི་སྟོན་པ་གནས་འཁོར་སྡུད། །དུས་བསྟན་དྲུག་གནས་རིན་ཆེན་སྒྲོམ། །གསང་བའི་འོག་མིན་གནས་ཀྱིས་ཕྱེ། །ཡི་གེ་བཞི་ཡིས་ཤེས་པར་འགྱུར། །གསང་བའི་ཚད་མ་གཉིས་དང་འབྲེལ། །བློ་གྲོས་རྒྱུ་ལ་ཐུན་མོང་མཆོག །བླ་མ་རང་སེམས་ཡེ་ཤེས་ཆེ། །གཞི་དང་ལས་ཀྱི་གནས་སྟོན་པ། །ཡེ་ཤེས་མང་པོ་ཤེས་པའི་བདག །བསྟན་པའི་བཅུད་ཐུགས་བསྡུས་དངོས་པོ། །བཀྲག་གསལ་ལུང་ལ་དུས་བཞི་མཉམ། །དེ་ལ་དེ་ཡོད་དེ་རྟོགས་འགྱུར། །ཐུན་མོང་བ་ལ་མཚན་གཉིས་གཟུགས། །སྟོན་པ་རང་བྱུང་རྡོ་རྗེ་འཛིན། །རྒྱལ་ཚབ་རྒྱུད་ནས་སྐྱེས་བུ་གཉིས། །རང་བཞིན་དུས་གསུམ་ཆོས་ལས་མིན། །ལོངས་སྤྱོད་ཆེན་པོ་ཀུ ན་ཏུ་ཞལ། །མོས་པའི་མཚན་གྲངས་རྡུལ་སྙེད་ལ། །མཉམ་གཞག་ལོངས་སྤྱོད་ཆོས་སྟོན་པ། །མིང་བཞི་ལྡན་པའི་སྐྱིལ་ཀྲུང་གནས། །དེ་ཡི་བརྟེན་པ་རང་བཞིན་གཞི། །ཆོས་དབྱིངས་འོག་མིན་གསང་བ་ན། །ལྷན་ཅིག་འདུས་པ་རིན་ཆེན་ཁང་། །མ་སྤངས་ལྷུན་གྱིས་རྫོགས་པའི་ཕྱིར། །དབྱིབས་ཚད་རྩེ་མོ་གློ་འབུར་དང་། །འབུལ་འཕང་རྟ་བབས་རྒྱན་ལྡན་ནི། །བདག་ཉིད་དང་ནི་བདག་པོ་དང་། །ལོགས་མགུལ་སྒོ་དང་ཕྱི་ཡི་རྒྱན། །སྣང་བ་དྲི་ཟའི་གནས་བཞིན་པས། །ཁྱོན་ཁང་སྤྱོད་ཡུལ་བྲལ་བའི་ཕྱིར། །ཀུན་ཏུ་ཕྱིར་རོལ་དེ་ལ་མེད། །ཆོས་ཀྱི་འཁོར་ལོ་ཤེས་རབ་ཐབས། །མ་ཆགས་རེ་སྐང་འབྲས་བུའི་གདན། །ཡེ་ཤེས་དུ་མ་གཅིག་བྲལ་བས། །སྣ་ཚོགས་སྣང་ལ་རང་བཞིན་མེད། །དེ་ན་དེ་ལ་དེ་གུས་པ། །རྒྱལ་ཚབ་རྒྱུད་དང་རྒྱལ་སྲས་སེམས། འཇིག་བྱེད་ཐུགས་རྗེ་སྤྲུལ་པ་དང་། །དད་པས་འབྲེལ་པ་བརྒྱད་སོགས་པའོ། །དེ་ནི་སྟོན་ཚུལ་འབབ་པ་དང་། །གྱད་སྟབས་འགྲེང་བར་བཞུགས་པའོ། །ཚད་ལས་འདས་པའི་གྲངས་འདུས་པ། །ཆོས་དབྱིངས་མུ་མཐའ་མེད་པར་ཁྱབ། །ནོར་བུ་རིན་ཆེན་སྐུ་མངའ་བའི། །གསང་བདག་དེ་ཡི་བདག་པོའི་ཕྱིར། །ཏནྟྲ་ཐུགས་བསྡུས་མོས་བཞིན་དུ། །ཀུ་མཱ་ར་དང་སྤྱན་ཚོར་སྣང་། །དེ་ནི་དེ་ཡི་ཐུགས་སྐྱེས་ཕྱིར། །དེ་ཡི་དོན་ནི་དེས་བསྡུས་རིགས། །སྐུ་ཡི་ཕྱེ་བའི་འཁོར་རྣམས་ལ། །སོ་སོར་བསྟན་པའི་དུས་སྣང་ཡང་། །ལྷན་ཅིག་པ་ལ་དུས་གཅིག་སྣང་། །གང་གིས་མཐོང་རྟོགས་ཚེ་ན་ཡང་། །དུས་བཞི་མཉམ་ལས་མ་གཡོས་ཏེ། །དེ་ཡང་རང་བཞིན་མཉམ་པའི་དུས། །རྟག་པ་རྒྱུན་དུ་ཐུགས་རྗེ་འཇོམ། །མཐར་ཕྱིན་དག་པའི་དུས་ལ་འབྱུང་། །དེ་ཚེ་རང་བཞིན་ངེས་ལུང་སྣང་། །གསུང་ལྔ་ཚུལ་གྱིས་གཅིག་ལ་སྣང་། །མཚོན་བྱེད་བསྟན་པར་དེ་བརྗོད་དེ། །དེ་དག་མཚོན་པར་རང་མཚན་སྒྲ། །འགྲོ་བ་གང་གང་གཟུགས་བརྙན་ཡུལ། །རིགས་མཐུན་དགའ་འབྱེད་མི་མཐུན་ལ། །སྒྱུར་བྱེད་འཇིགས་གཟུགས་སྣང་བ་ལྟར། །རྒྱལ་བའི་གླིང་གཞི་དེ་བཞིན་ནོ། །དེ་རྗེས་རྐྱེན་གྱིས་གླིང་བསླང་བ། །སྟོན་པས་གནང་དང་འཁོར་གྱིས་ཞུས། །སྐབས་ལས་གླེང་སློང་སྟོན་དང་འཁོར། །གནང་འདྲའི་རྐྱེན་དུ་གང་གྱུར་པ། །དེ་དེས་གསུང་ལ་མ་རག་པ། །ངེས་པའི་ཚིག་འགྲུབ་ངོ་བོའང་དེ། །སྐབས་ཀྱི་དྲིས་ལན་སྨོས་ཅི་དགོས། །དྲིས་ལན་བདོ་བས་ངེས་པར་འགྲུབ། །ཐབས་སྤྱོད་ཤེས་རབ་གང་ཚེ་ཡང་། །རྐྱེན་བྱེད་འབྱུང་ལ་མ་རག་པས། །འཁོར་དང་གཞན་གྱི་དོན་ཕྱི་རུ། །རྒྱུ་འཚོགས་ཐུགས་རྗེ་ལྡང་བར་འགྱུར། །བརྗོད་བྱ་རང་བཞིན་གསང་བའི་རྒྱུད། །དེ་ཇི་བཞིན་དུ་རྗོད་བྱེད་བདག །སྟོན་པ་རྒྱུད་དོན་ལམ་དང་ཚིག །འབྲེལ་བ་རིམ་དང་འཆོལ་འཁྲུགས་པ། །ཐབས་དང་ཐབས་བྱུང་ཡིན་གྱུ་འབྲས། །གླིང་གཞིའི་རྗེས་སུ་ངེས་པར་འགྲོ། །ཏནྟྲ་ལེའུའི་གྲངས་བསྡུས་པ། །མེ་ལོང་བཅུ་ཡིས་མཚོན་སྦྱར་བ། །བཅུ་ཡིས་འདྲེན་པར་ཤེས་ཀྱིས་བསྡུ། །བྱེ་བྲག་བདག་དང་གཞན་ཤེས་འགྱུར། །སེང་ཆེན་མཆོངས་པའི་ཆོས་གཅིག་ལྟར། །རྣམ་གྲངས་ཚིག་ལམ་དོན་གཅིག་སྡུད། །བྱཱ་གྷྲྀའི་མཆོངས་པ་དེ་བཞིན་པས། །ཏནྟྲ་ཚིག་དོན་དུམ་བུར་བཅད། །ཀ་ལ་པིངྐའི་ཆོས་བཞི་པོས། །རྣལ་འབྱོར་ཅན་གྱི་འཕང་བཅད་དོ། །རུས་སྦལ་འགྲོས་ཀྱི་ཆོས་གཉིས་པོས། །འབྲུ་སྟོང་མི་གཞག་གཟེར་བུས་གདབ། །དུས་ཀྱི་འབྲུག་ཆར་ཆོས་གསུམ་པས། །བཀའ་ཡི་ཚད་གསུམ་སྐབས་སྦྱར་སྣང་། །གླག་གི་གཟན་གྱི་ཆོས་གཉིས་ལྟར། །དོན་གྱི་དམིགས་གཟུགས་གེགས་བསལ་ལོ། །རྣ་ཕྲུག་འཛེག་པའི་ཆོས་གཉིས་ལྟར། །ལྡེམ་དགོངས་གསང་བ་བརྒྱད་ཀྱིས་སྦྱར། །ངང་མོའི་འགྲོས་ཆོས་རྣམ་གཉིས་ལྟར། །གཞན་དོན་དབུ་ཞབས་ལེ་མཚམས་སྦྲེལ། །མེ་ལོང་ཆོས་ལྟར་མཚོན་པའི་དཔེས། །ཀུན་ལ་དེས་མཚོན་ཐོག་ཏུ་དབབ། །མི་འཇིགས་ཕྲུ་གུ་རྩལ་སྦྱོང་ལྟར། །འབྲུ་ཚིག་དོན་གྱི་གོ་རིམ་བསྡེབ། །ཚིག་དོན་མོས་པར་བཤད་པའི་ཕྱིར། །རྣམ་པར་ཕྱེ་བས་མ་འདྲེས་གསལ། །ཐབས་དང་དོན་ལ་རང་བཞིན་པས། །ཚིག་གིས་མཚོན་བྱས་དེ་སྣང་བྱེད། །སྟོན་པ་གང་གིས་གང་ཞིག་ལ། །གཏད་པ་གང་དེ་ཅི་ཡི་ཕྱིར། །རྒྱལ་སྲས་སྡུད་མཛད་མ་འོངས་སོགས། །མི་ནུབ་བསྟན་འཕེལ་ཕྱིར་གཏད་པ། །ཤེས་བྱེད་ཡུལ་དེ་བསྒོམ་བྱ་མིན། །དེ་ཡི་ཕྱི་མ་ཤེས་དགོས་མེད། །སྐབས་སུ་འབྱུང་བས་འདིར་མ་ཡིན། །བར་དུ་མོས་པས་ལམ་གཞོལ་སྡོམ། །ཐུན་མོང་མཆོག་སྟེ་ཐ་མ་གཉིས། །དངོས་སྤྱོད་རྗེས་སུ་གཞོལ་བ་དང་། །ཕ་རོལ་ཕྱིན་པ་ཤེས་རབ་གཞོལ། །དེ་ཡང་ཅིག་ཅར་རིམ་སྦྱོར་བས། །རྗེས་སུ་མཐུན་པའི་ལུང་བཞིན་ནོ། །ལྔ་ཡི་དངོས་སྤྱོད་རྗེས་འབྲང་བ། །ལས་སྣོད་སྐལ་བས་ཕྱེ་བ་ལ། །འཚེས་པའི་ངག་གིས་དགྲོལ་བྱེད་པ། །བཞི་དང་རང་གི་སྟོབས་ལས་བྱུང་། །དེ་ལས་ཁམས་ཀྱི་སྤྱོད་པ་ཡིས། །ཕྱེ་བས་དང་པོར་ལྷུན་གནས་པ། །རིམ་དང་རྫོགས་པའི་སྨིན་ཚུལ་དུ། །རིམ་དང་ཅིག་ཆར་སྣང་བ་ནི། །ཤིཿར་ཙཀྲ་ཨ་མོ་ཤད། །རང་གནས་སྒྲོལ་མ་གྱེན་འགྲོ་བ། །དེ་ལ་བསྟན་པའི་རིམ་པ་ནི། །བྱེ་བྲག་བསྐྱེད་པའི་ཆ་ཡིན་ནོ། །ཕྱི་མ་དབང་པོ་གསང་བ་གཉིས། །ནོར་བུ་ཆུ་སྐྱེས་ལྡན་གྱུར་པ། །བཅུ་དྲུག་བཞི་རྫོགས་ཕྱག་རྒྱ་བཞིས། །ཁ་སྦྱར་གཡོ་བའི་རྟེན་གཉིས་ལ། །རྟེན་དང་མཐུན་པའི་བདེ་མཐོང་བ། །མཆོད་པ་གསུམ་ལ་དཀྱིལ་འཁོར་དྲུག །ཤེས་རབ་གསུམ་གྱིས་མིག་འབྱང་བ། །རང་དག་མངོན་དུ་མཐོང་ཕྱིར་ཐོབ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བའང་། །གཙོ་དང་ཡན་ལག་རྣམ་བཅུ་པོ། །ཀུན་གྱི་དོན་དུ་གཉེར་བྱེད་པའང་། །མཆོག་ཏུ་བྱ་བ་སྔོན་བཞིན་གཉིས། །གཅིག་གི་བློ་མཆོག་སྐལ་ལྡན་རྣམས། །ངེས་པར་ཆུད་ནས་དེར་གནས་པ། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །སེམས་བསྒོམ་རྣམ་གསུམ་དུས་གཅིག་རྫོགས། །དེ་ལས་ལྡོག་པ་རྟེན་འབྲེལ་བཞི། །ལྔ་ཡི་རིམ་བསྟན་དོན་དུ་གཉེར། །སྔོན་དུ་ཡན་ལག་དང་བའི་སྡོམ། །དགོས་ཆེད་ཐབས་དང་ངོ་བོ་དང་། །སྐྱོན་དང་ཡོན་ཏན་རིམ་པས་ནི། །དབང་པོ་མཆོག་ནི་རྫོགས་པར་བཤད། །གཞན་པའི་ལྟ་མིག་བསལ་བ་དང་། །མཆོག་གི་སྤྱན་རབ་མངོན་བྱའི་ཕྱིར། །ལྟ་ངན་གོ་ཆ་རྟོལ་བྱེད་པས། །ཐེ་ཚོམ་མེད་པའི་མེལ་ཐུད་གཅེས། །གླིང་བཞི་ཕལ་རི་རི་བདུན་དང་། །ལྷུན་པོའི་གནས་ལྟའི་རིམ་པ་བཞིན། །རིགས་མིན་རང་བཞིན་ལྟོས་ལྟ་བ། །ཕྱོགས་སྒྲུབ་མི་མཐུན་འགེགས་པ་དག །ཆ་ཡོད་དུག་ལ་མི་རེག་བཞིན། །གང་གིས་ཤེས་ནས་དེར་མི་གནས། །བསམ་གྱིས་མི་ཁྱབ་མ་ཤེས་ན། །བསམ་མེད་རྣལ་འབྱོར་གཉིས་དོན་མེད། །གང་གིས་དེ་ལྟར་ཆུབ་བྱས་པས། །སྟོང་རྟོགས་རྣལ་འབྱོར་རྫོགས་བྱང་ཆུབ། །གང་གིས་ཐོག་མར་བརྟེན་པའི་ཐབས། །ཏིང་འཛིན་བྱེ་བྲག་ལས་སྤྱོད་དང་། །ཡན་ལག་མང་པོ་རྣམ་གསུམ་གྱིས། །གཏན་ཚིགས་ཐུན་མོང་ཡིན་མིན་པ། །རྒྱུད་ལས་གྲགས་པས་རྐྱེན་བྱས་ཏེ། །རི་རྒྱལ་ལྟ་བུར་མཐོང་བར་གཅེས། །རྒྱུ་རྐྱེན་གང་གིས་ངེས་སྐྱེས་པ། །ཐེ་ཚོམ་ཡིད་གཉིས་སོམ་ཉི་བ། །མེད་ལ་བརྗོད་ཀྱི་ངོས་རྟོག་མེད། །དགག་སྒྲུབ་མེད་ཀྱི་རྒྱུད་ལས་བྱུང་། །དབང་པོ་དྲུག་གིས་འཆར་སྣང་ཡང་། །སྤྱན་ལ་མཆོག་ཏུ་བརྗོད་པ་ནི། །ཤེས་རབ་ཡུལ་དུ་དབྱེར་མེད་པས། །མངོན་སུམ་རྟོགས་པས་རྟོགས་པའི་མཆོག །རང་རིག་ཡེ་ཤེས་ཚོགས་གཅིག་པོ། །ཤེས་རབ་སྤྱན་གྱི་དམ་པ་བས། །དེ་ལ་ཕྱི་ནང་མེད་པའི་ཕྱིར། །ཆོས་ཉིད་རང་གི་མཚན་ཉིད་མཐོང་། །དེ་ལྟའང་ལོག་རྟོག་མ་ཟད་པས། །འཁོར་སྒྱུར་རྒྱལ་པོའི་སྟོབས་བཞིན་དུ། །རང་མཚན་མཐོང་ཡང་དེ་ལྟ་བས། །དབང་བསྒྱུར་རིགས་དང་ཁྱད་པར་འགྱུར། །གསང་བའི་རྒྱུད་ལས་འདི་སྐད་དུ། །ལྟ་དང་བལྟ་བར་བྱ་མེད་པའི། །ཡེ་ཤེས་སྒྲོན་མེ་འགྲེང་བར་ནི། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །དེ་བས་ཅི་ལ་གང་ཞིག་ཞེན། །གསང་སྔགས་ཡིད་ཡུལ་གང་གིས་རྙེད། །རྡོ་རྗེ་ཡིད་ཀྱི་སྒྲས་གོལ་བས། །འདུས་མ་བྱས་ལ་དམིགས་པ་དག །ངེས་པར་འདིའོ་སྙོམ་ལྟ་བའི། །རྗེས་ལ་རྣལ་འབྱོར་མི་རྟོག་ཅེས། །ཕྱོགས་ནས་མཐུན་པར་བསྐྱེད་འདོད་པ། །ངེས་འཇོག་རྟོག་པའི་གཟུང་འཛིན་ཅན། །ཀུན་ཏུ་རྒྱུ་དང་གཞོན་ནུ་ལྟར། །གོ་མཆོག་ཐོས་པའི་ཁྱད་པར་ནི། །རིགས་བརྒྱད་བཅུ་ལྔའི་རྩ་བ་ལས། །ལྟ་བའི་ཁྱད་པར་གསུངས་པ་ཡིན། །རྣམ་གྲངས་དམ་པའི་སྒྲས་གོལ་བ། །དེ་ཡི་སྒྲ་ལ་ཇི་བཞིན་རྟོག །དེ་མིན་མཐུན་པར་ལྡོག་བྱེད་པ། །དབུལ་པོ་ལྟ་བ་ཉིད་ཁོ་ན། །བཞི་པ་འདི་སྐད་ལུང་ལས་བྱུང་། །ཐབས་ལ་མཁས་པས་མ་ཟིན་ན། །ལམ་གྱི་དགེ་སྤྱོད་སྟེགས་བྱས་ཀྱང་། །མཐོ་རིས་ལྷ་དང་མི་རུ་སྐྱེ། །སྐྱེ་ཤི་མེད་པའི་ས་མི་ཐོབ། །ལྔ་པ་ཇི་སྐད་འབྱུང་ཞེ་ན། །དངོས་གྲུབ་མཆོག་གི་སྙིང་པོ་ནི། །དང་པོ་དོན་རྟོག་མཐར་མི་གཏོང་། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། །དེ་རྗེས་གཙོ་མཆོག་གོམས་བྱེད་པ། །འབྱུང་རླུང་འདུས་བྲལ་ཚུལ་བཞིན་པའང་། །རང་གི་ཡན་ལག་རྫོགས་པ་ཡི། །གང་དུ་འདུ་ཤེས་མེད་གསལ་བ། །གང་དག་བཅུ་དང་ལྡན་པ་ཡི། །སྔ་མ་ལས་ཀྱང་གནས་འགྱུར་རོ། །འཕོ་བ་མེད་པར་བཞིས་སྣང་བཞིན། །དེ་ཡི་ཡན་ལག་དེ་བཞིན་པས། །རྒྱུ་ལས་ཐོབ་པར་རང་གནས་པ། །སྣང་བ་ཀུན་ཏུ་ཁྱབ་པ་ནི། །ཕྱི་ནང་མེད་པར་མཐུ་རྫོགས་བྱ། །དེ་ཡི་སྟོབས་ལས་སྐྱེས་པ་ནི། །རྟེན་འབྲེལ་བཞི་པ་ནས་འབྱུང་ངམ། །ཚིག་ཤེས་སྐྱེ་བ་ཇི་བཞིན་པ། །གཉིས་ལ་གང་མོས་གཉིས་ཚུལ་གྱིས། །བཞི་པ་དགུ་དང་ལྡན་པ་དང་། །རང་གི་ཆ་རྐྱེན་ཚང་བ་ཡིས། །དེ་ལ་ཞེན་པ་གྲོལ་འགྱུར་ཞིང་། །བཞི་ལྔ་ལྡན་ནས་ལྡང་བར་བྱ། །གང་སྨིན་མཐུན་པའི་རྒྱུད་འཕེལ་ཞིང་། །དེ་ཡི་བཞི་ལས་ཚངས་ཡ་མའི། །གཟུགས་ཅན་སྤྲོས་པར་རང་གནས་ཏེ། །རྒྱ་མཚོ་གཟའ་དང་སྐར་མ་དང་། །འབྲེལ་བཞིན་རྡོ་རྗེ་ཆོ་གས་སམ། །བསླབ་པ་རང་གི་རྐྱེན་ཚང་བ། །ལུང་བཅུ་ལྡན་ནས་དེ་སྤྲོའམ། །ཡང་ན་དེ་ནས་ལོངས་སྤྱོད་སྦྱར། །ལྔ་པ་རྣལ་འབྱོར་འབའ་ཞིག་གིས། །འདས་ཚུལ་གཉིས་ཐོབ་འགྱུར་བའང་ཡོད། །དེ་དང་མི་འཚམས་ལོངས་སྤྱོད་ལྔ། །རང་གི་བཞི་བཞི་ཐབས་བཞི་དང་། །ལྡན་པས་གྲངས་ཚད་རྟགས་བྱུང་ན། །དཀྱིལ་འཁོར་མཐུན་སྦྱར་ཐབས་གཉིས་སོ། །ཡན་ལག་ཚང་ན་ཟག་པ་མེད། །དེ་མིན་ལན་གྲངས་གཞན་ཉིད་དུའོ། །རྒྱ་མཚོར་རིན་ཆེན་བཞི་ཡི་འོད། །ཕོག་པ་ཇི་བཞིན་ཐོབ་འགྱུར་ཡང་། །འདིས་ནི་ཐར་ལམ་རིམ་སྦྱར་ན། །སངས་རྒྱས་ས་ལ་གདོན་མི་ཟ། །ཡན་ལག་གཉིས་པ་འདིར་ཤེས་ཏེ། །དེ་དག་ལས་སུ་རང་བྱེད་པ། །དགོས་ཆེད་རྣམ་གྲངས་དུས་དང་ནི། །སྐྱོན་དང་ཡོན་ཏན་སྡོམ་གྱིས་རྫོགས། །བདག་དང་གཞན་གྱི་དོན་གྱི་ཕྱིར། །དབྱི་སོགས་མི་གོས་གོམས་པ་གཅེས། །གསང་རྒྱུད་ཉིད་ལས་གསུངས་པ་ཡི། །བརླུང་པོ་དམ་རྫས་ཤ་སྤྱོད་པ། །འདོད་ཡོན་ཉོན་མོངས་ཉི་ཤུ་ལྔ། །ནག་པོས་འདུལ་བ་ཇི་སྙེད་པ། །ཐུན་མོང་མིན་ཏེ་དེ་བཟློག་དཀར། །ཁྱད་པར་ལམ་དང་སར་མཐུན་པའོ། །ཞེན་པའི་ལམ་ལ་དེ་ཉིད་དེ། །ཇི་ལྟར་དུག་ལ་དུག་ནག་བཞིན། །བདག་དང་གཞན་པ་གཉིས་ཀ་ལའང་། །ཚེ་དང་མཁས་པའི་ཐབས་ཀྱིས་སྤྱོད། །གཅིག་ཤེས་པ་དེ་དམངས་རྗེ་དང་། །བྲམ་ཟེ་རྒྱལ་པོ་ལྔ་རིམ་བཞིན། །ཤེས་པར་བསླབ་བྱ་མང་པོ་ཀུན། །བཙོན་པ་དོར་བ་ཡོད་མ་ཡིན། །དེ་གོམས་མཚོན་པ་གཉིས་པ་ལྟར། །འཇུག་པ་གསུམ་ལ་ཡིད་ཚང་ཐབས། །ཆ་མཐུན་གདམས་ངག་བྱིངས་རྒོད་དེ། །འབྲུ་སོགས་རིམ་དང་བཟློག་ལ་བརྟེན། །གཙང་མ་རིགས་ཀྱི་མཐུ་བཞིན་དུ། །མཐོང་གོམས་བཞི་འདུས་སྤྱོད་ཡུལ་སྦྱོང་། །ལྔ་པར་སྲི་ཞུ་རྒྱལ་ཆོས་ནི། །དང་པོ་བཞིན་དུ་ལོངས་སྤྱོད་ལྔ། །ཤིན་ཏུ་སྤྲོས་སྤྱོད་བླང་བར་བྱ། །ལྔ་པར་ལྔ་པོ་གཙོ་བོ་ཡིན། །དེ་ནས་བཞི་ཡི་ཟག་བྲལ་ནས། །ལྕགས་ཟངས་གསེར་དངུལ་གོ་རིམ་བཞིན། །བདག་གཞན་ཡུལ་གྱི་ཁྱད་པར་འགྱུར། །སྔ་མ་རྒྱུད་ལྡན་རྩོལ་བ་མེད། །རང་རང་བསླབ་པ་གང་ཡིན་པ། །སྐབས་སུ་གཅེས་པ་ཁྱད་པར་ཡིན། །ལམ་དང་པ་ཡི་རིམ་སྦྱར་ནས། །སྤྱོད་པར་གྲགས་ལ་རེ་ཚེད་པ། །སྔ་མ་གོམས་མཐར་ཕྱིན་འཇུག་ཚེ། །དེ་ནས་རང་གི་སྤྱོད་ཡུལ་བླང་། །ཁྱད་པར་དོར་བ་མཐར་ཕྱིན་མེད། །བརླང་པ་རང་གང་སྤྱོད་པ་ནི། །དོན་དུ་མི་འགྱུར་བཞིན་དབང་བས། །སོ་སོའི་རྣམ་སྨིན་ཚད་ལས་འདས། །དེ་ལ་དེ་ཡི་དེ་ཡོད་ཕྱིར། །དེ་ངེས་གཉིས་པོ་མི་ལྷུང་ཐོབ། །སོ་སོའི་ལྟུང་ཐོབ་གྲགས་པ་བཞིན། །བསག་བྱ་གཉིས་འགྱུར་བྲི་བར་འགྱུར། །བྱ་བའི་སྡོམ་ནི་དགོས་ཆེད་དང་། །ངོ་བོ་ངེས་ཚིག་རྣམ་གྲངས་དང་། །བྱ་ཐབས་སྐབས་དང་ཁྱད་པར་དང་། །སྐྱོན་ཡོན་དགུ་ཡིས་རྫོགས་པ་ཡིན། །བདག་དང་གཞན་དང་གཉིས་ཀ་དང་། །དམ་ཆོས་ཕྱིར་ན་རྣམ་ལྔའོ། །ཤིང་ལ་ཆུ་བཞིན་དང་བླང་བ། །རབ་འབྲིང་ཐ་མ་ནུས་ཚད་སྦྱར། །གདུལ་བྱ་ཕྱི་ནང་ཟུང་བཞི་པོ། །གདུལ་བའི་མཐུ་ཆེན་རྣམ་བཞི་དང་། །གཅིག་གིས་ཀུན་འདུལ་མཐུ་ཅན་སོགས། །ལྔ་པོ་གང་ཡིན་དེ་ངོ་བོ། །ཟུག་རྔུ་ཕྱི་ནང་ཞི་ཕྱིར་དང་། །འཕེལ་བྱ་གཉིས་པོ་འཕེལ་ཕྱིར་དང་། །འགུགས་དབང་བཞི་པོ་སྡུད་ཕྱིར་དང་། །གདུག་པ་རྣམ་གཉིས་འཇམས་ཕྱིར་དང་། །ལྔ་པ་སྔོན་དུ་བསྟན་བཞིན་ཕྱིར། །ངེས་ཚིག་ངེས་པར་འགྲུབ་པ་ཡིན། །དོན་གྱི་དམིགས་སུ་གཟུང་བའི་ཕྱིར། །རང་བཞིན་ལམ་དུ་ཐུགས་རྗེས་ཕྱེ། །བར་མ་ཐབས་དང་ཤེས་རབ་ལ། །སྔ་མ་གཉིས་དང་ཕྱི་མ་ལ། །ཤེས་རབ་ཏིང་འཛིན་རྣམ་གཉིས་དང་། །ལོངས་སྤྱོད་ལྷག་པ་གཟུགས་བརྙན་གཉིས། །དེ་ལ་ཕྱི་ནང་གསང་བར་བཤད། །ངོ་བོ་རྗེས་སུ་ཞི་བ་གཉིས། །ཕྱི་ལ་བགེགས་དགྲ་ཞི་བའོ། །ནང་ལ་ཉོན་མོངས་རྟོག་ཞི་བའོ། །རྒྱས་པ་གཉིས་པོ་གསོ་དང་འཕེལ། །ན་འཆི་ལོ་ཏོག་སྲིའུ་སོགས། །ཚེ་དང་ལོངས་སྤྱོད་རིགས་བརྒྱུད་དང་། །བསོད་ནམས་བཞི་པོ་ནང་འབྲས་བུ། །དབང་ནི་དགུག་དང་བསྡུ་བ་གཉིས། །ཕྱི་རོལ་དྷ་རཱིའི་རྣམ་པ་དགུག །མི་མཐུན་རྣམ་གཉིས་དབང་པོ་གྱུར། །རང་སེམས་འབྲས་ལྔ་བསྡུ་བར་བྱ། །མངོན་སྤྱོད་བསྐྲད་དང་མནན་པ་དང་། །སྨྱོ་འབོགས་བྱད་དང་སྐེམ་པ་དང་། །རྨོངས་དང་བརྟན་གཡོ་རྒྱུད་གཞན་ལའོ། །རང་གི་ཕྱི་ནང་དགྲ་བགེགས་འཇམས། །ཐབས་ནི་ཐབས་ལ་གསང་བ་ནང་། །ཁམས་བཞི་ཁམས་གསུམ་ལ་སྦྱར་བྱ། །ཤེས་རབ་ཕྱི་ནང་གཉིས་ཀྱི་སྟེ། །ཕྱི་རོལ་ཚད་མེད་ཉིད་ལས་བཞི། །ལྷག་པ་གཟུགས་བརྙན་བྱ་ཐབས་གཉིས། །མཆོད་རྟེན་སྒོ་དང་སྦྱིན་སྲེག་སྟེ། །ཕྱི་མ་གནས་དང་སྒྲུབ་པོ་དང་། །ཐབ་བརྒྱད་འབྲུབ་ཁང་བཅས་པ་དང་། །ཕྱོགས་དང་ཁ་དོག་དུས་ཉིད་དང་། །ཕུར་པ་ལྷ་དང་སེམས་དང་ཡུམ། །བསྒྲུབ་བྱའི་ལིངྒ་མེ་མཆོད་དང་། །དཀྱིལ་འཁོར་ཡོ་བྱད་ཚང་བར་སྦྱར། །བྱ་ཐབས་གཙོ་བོ་སྦྱིན་སྲེག་ལ། །སྐབས་སུ་དགོས་པ་ལིངྒ་གདབ། །བྲོ་སྟབས་བཅས་པའི་ཆ་རྐྱེན་ནོ། །དེ་དག་རྩ་བའི་མཆོད་བརྙེས་དང་། །ཏན་གོན་མེ་མཆོད་སྦྱིན་སྲེག་རིམ། །སྨོན་ལམ་ལྷག་མའི་ལས་དག་གོ། །སྐབས་ནི་དབང་དང་སྒྲུབ་པ་དང་། །མཆོད་བཤགས་ཚེ་དང་དུས་བབ་ཚེ། །ཁྱད་པར་ཟག་བཅས་བར་ཆད་མེད། །མཐར་ཕྱིན་ལམ་གྱི་རིམ་པའམ། །ཤེས་རབ་དབང་པོ་རྣམ་གསུམ་གྱི། །ནུས་མཐུ་བྱིན་རླབས་ཡུལ་ངོ་བོ། །ཐབས་དང་གཞི་དང་ཁྱད་པར་ལ། །སྐས་ཀྱི་གདང་བུ་ཇི་ལྟའོ། །མི་སྐོང་མི་འབྱོང་མི་རྫོགས་དང་། །དོན་གཉིས་མི་འགྲུབ་དེ་ཡི་སྐྱོན། །དེ་ལས་ལྡོག་པའི་ཚུལ་ལྡན་པ། །ཡོན་ཏན་ཉིད་དུ་ཤེས་པར་བྱ། །ས་བཞི་སྡོམ་ནི་ངོ་བོ་གྲངས། །དགོས་ཆེད་དུས་དང་ཆེ་བ་དང་། །ཡོན་ཏན་བསྐང་ཐབས་སྐྱོན་དག་གིས། །ངེས་པར་དམིགས་སུ་ཤེས་པར་བྱ། །གསང་སྒོར་ཞུགས་པ་ཐམས་ཅད་ཀྱི། །སྒོ་གསུམ་རང་གི་བསྲུང་བྱ་ལས། །རྒྱལ་པོ་བཀའ་རྟགས་ཇི་ལྟ་བར། །མི་འབྲལ་སྡོམ་པ་དེ་ངོ་བོ། །ཐུན་མོང་གཞུང་གཞན་འགྲོ་དོན་དུ། །ཁྱད་པར་རྩ་བ་ཡན་ལག་སྟེ། །མདོ་རྒྱས་རབ་འབྲིང་ཐ་ཡི་གྲངས་། །ཏནྟྲར་གསུང་བ་བརྙད་པར་བྱ། །ཐེག་ཆེན་ས་ལམ་ཁྱད་པར་བྱ། །སྐབས་ཀྱི་ལམ་ཆོས་མི་མཐུན་བསྲུང་། །དེ་ཡི་དགོས་ཆེད་རང་དང་སྤྱི། །སྐྱོན་ཡོན་ཆ་ཡིས་ཆེད་ཆེ་བ། །དེ་དང་དེ་ཡིས་ངེས་ཚིག་འགྲུབ། །རང་སྤྱིའི་གདུལ་བྱའི་སྦྱང་བསགས་པའི། །བསྲུང་བྱའི་རིམ་པ་ཡོད་པའི་ཕྱིར། །ས་ལམ་གང་ཐོབ་དེ་ཡི་ཚེ། །དེ་ལ་དེ་དགོས་དེ་བསྲུང་བ། །སྐབས་དང་སྦྱར་ན་ཕན་ཡོན་གཉིས། །བསྲུང་བྱ་མཆོག་ལ་བསྐུལ་བའི་ཕྱིར། །སྨོས་པ་བླ་མེད་བསྲུང་ཐུབ་ན། །ཚུལ་ཁྲིམས་སྡོམ་པ་ཐམས་ཅད་རྫོགས། །བྱ་བྱེད་མེད་པར་ཉམས་པའང་མེད། །མ་ནོར་གནས་པའི་ཕན་ཡོན་ནི། །རྣམ་གྲངས་རྗེས་ཞུགས་ཕྱི་རྒྱུད་གྲགས། །གཟུང་དང་ཐོབ་པའི་དབྱེ་བའང་བྱ། །བདག་དང་གཞན་དགོས་གྲངས་རྫོགས་པའོ། །དེ་དེ་ཞིག་རལ་བྱུང་བ་ཡི། །དམིགས་ཤེས་གསོ་བའི་རྩ་བ་ལྔ། །ལེ་ལོ་མེད་པར་ཆོས་ལྕོགས་སྦྱར། །དེས་ན་ངེས་པར་རྫོགས་གཟུངས་ཐོབ། །མྱལ་བ་ལེ་ལོ་ལོག་པ་དང་། །ཟླས་ཞར་ཉོན་མོངས་དབང་སོང་དང་། །བདུད་ཀྱིས་བསླུས་དང་རང་བཞིན་ངན། །བརྒྱད་རྒྱུས་དཀའ་ཐུབ་རལ་བ་དག །དུས་འདི་ཕྱི་མར་དྲག་ཞན་གྱིས། །སྤྱི་དང་སྒོས་སྐྱོན་གཉིས་ལ་གནོད། །བཀོད་པ་རྒྱལ་ལས་བདུན་གསུངས་པ། །སྡོམ་ནི་ངོ་བོ་ཁྱད་པར་གྲངས། །དགོས་པ་ཐབས་དང་དུས་ངེས་ཚིག །ཡོན་ཏན་སྐྱོན་གྱི་གཞི་རུ་བཞག །གནས་སྐབས་བདུན་དང་སྙིང་པོ་ལེན། །བཀོད་པ་གང་རྫོགས་དེ་ངོ་བོ། །དང་པོ་ངང་བཞིན་ཉིད་མཐར་ཕྱིན། །གདུལ་བྱས་ཞི་དང་ཁྲོ་བོ་དེ། །མོས་པས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་གཙོ་བས་ཕྱེ་བ་ལྔ། །རྩ་བ་དེ་ཡང་སྐབས་ཀྱིས་གྲངས། །མཆོད་པ་དབང་དང་ཕྲིན་ལས་སྒྲུབ། །གཞི་ཡང་གཙོ་བོས་གྲངས་རྗེས་མཐུན། །ཀུན་ལ་འཇུག་པས་བཅུ་བཞི་དང་། །སུམ་ཅུ་རྩ་ལྔར་འགྱུར་བ་ཡིན། །དེ་ཡི་རྗེས་སུ་དྲུག་སྦྱར་བའོ། །བཞི་པོ་དུས་སུ་བདག་གཞན་ཕྱིར། །དྲན་དང་རྟེན་དང་འབྲེལ་བ་དང་། །བསྒོམ་དང་བསྒྲུབ་སོགས་མཆོད་བསྒྲུབ་ཕྱིར། །ཤིན་ཏུ་ནན་ཏན་བླང་བར་བྱ། །ས་ཡི་བྱ་བའི་རིམ་པ་དང་། །དེ་ཡི་ཆོ་གའི་ཐབས་དག་ནི། །རང་བཞིན་ལ་སོགས་བདུན་དག་ལ། །གང་ལ་ཡོད་པ་ཀུན་ཡོད་དེ། །ཐབས་དང་ཤེས་རབ་ལས་ཀྱིས་བྱ། །དེས་ན་མངོན་དུ་འགྲུབ་པར་འགྱུར། །བདུན་གྱི་གཙོ་སྙིང་གང་གང་ལ། །དེ་ཡི་འཁོར་ལྡན་ངེས་པའི་ཚིག །ལུང་ལས་གྲགས་པས་ཐེ་ཚོམ་མེད། །ཐ་དད་གཅིག་གིས་བཅིངས་དང་བྲལ། །འཕེལ་འགྲིབ་ཕན་ཡོན་ཐོབ་གྲུབ་བཞི། །བྱེ་བྲག་སོ་སོའི་གྲངས་བཞིན་ནོ། །དེ་ལས་ལྡོག་པའི་སྐྱོན་ཆ་ནི། །གྲངས་ཀྱི་རྗེས་སུ་ངེས་པར་འགྲོ། །མཉེས་པར་བྱེད་པའི་སྡོམ་ཚིག་ནི། །དགོས་ཚེ་ངོ་བོ་གྲངས་སྐབས་དང་། །སྐྱོན་དང་ཡོན་ཏན་ལ་སོགས་པས། །ཇི་ལྟ་བ་བཞིན་ཤེས་པར་བྱ། །བདག་གཞན་དོན་རྫོགས་མཉེས་བསྐངས་པ། །འདི་དང་ཕྱི་མར་ཐོབ་པ་དང་། །ཡོན་ཏན་བཀའ་ལས་གསུངས་པ་བཞིན། །ཆད་སྐྱོན་མི་འབྱུང་བྱ་ཕྱིར་རོ། །བྱ་བྱེད་བྱ་བ་བྱེད་འདུས་པ། །དགེས་ཚིམ་འགྱུར་བའི་དངོས་པོ་ཉིད། །འཇིག་རྟེན་སྤྱོད་མཐུན་མོས་བྱའི་ཕྱིར། །ཕྱག་དང་ཕྱག་རྒྱ་གླུ་གར་ཚིག །ཕྱི་ནང་གསང་བའི་རྫས་དགོངས་མཆོད། །སྲོག་དང་ལྡན་པས་བདེན་གསུམ་ཚུལ། །མཆོད་པ་གསུམ་ལས་སྤྲོས་པ་དག །དཀྱིལ་འཁོར་བདུན་གྱི་གནས་དག་ལ། །དབུལ་ཕྱིར་དགོས་ཆེད་རྗེས་ཞུགས་པས། །ལས་སྤྱོད་བསྒྲུབ་དབང་མཆོད་ཚེ་ནའོ། །དུས་ཀྱི་རྗེས་ཞུགས་ཡོན་ཏན་དག །སྤྱི་དང་ཁྱད་པར་དུས་ཀྱིས་ན། །འདི་དང་ཕྱི་མར་གང་ཐོབ་པ། །བདག་གཞན་དོན་གྱིས་གཉིས་སུ་འགྱུར། །དེ་ལས་ལྡོག་དང་མི་སྐོང་གཡེལ། །ཉམས་ཆད་མཐུ་བྱིན་བྲལ་བར་འགྱུར། །ཐོབ་པར་བྱ་བའི་སྡོམ་ཚིག་ནི། །དགོས་ཆེད་རྒྱུ་རྐྱེན་ངོ་བོ་གྲངས། །ཐབས་དང་ཐོབ་ཚད་དུས་སྣོད་དང་། །ཡོན་ཏན་སྐྱོན་དང་དཀྱིལ་འཁོར་སྦྱངས། །དོན་འགྱུར་བཞི་ལ་ཁྱད་པར་དུ། །བདག་གཞན་དོན་ནུས་ཚོགས་ལས་འགྲུབ། །བྱང་དང་ཆུབ་པར་གྱུར་པར་མྱུར། །དེ་ལ་དེ་ཡོང་ཕྱིར་ནང་བྱ། །ལུང་དང་མན་ངག་ལས་བྱུང་བའི། །རྒྱུ་གཉིས་རྐྱེན་བཞིའི་ཡན་ལག་བརྙད། །དྲུག་ལ་གནས་པའི་ཐོབ་བྱ་སྟེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །རྩ་བ་རྣམ་ལ་ལྔ་བཅོ་བརྒྱད། །བསྒྱུར་བ་ལྔ་ལ་སུམ་ཅུ་དྲུག །དཀྱིལ་འཁོར་ལས་ཀྱི་རྗེས་ཞུགས་པས། །སྣོད་རིམ་སྦྱར་བའི་ལས་རྫོགས་སྦྱོར། །རྣོ་ལ་ཏིལ་མར་ངར་རིམ་བཞིན། །ནུས་མཐུ་གཞན་ལ་ངེས་པར་བཞག །ལམ་གྱི་ཤེས་རབ་སྔོན་འགྲོ་བ། །ཐབས་ལ་དེ་ཉིད་རིམ་པར་བསླབ། །གཉིས་ཀ་ས་ཡི་དཀྱིལ་འཁོར་གསུམ། །དང་པོ་དྲེད་རྙེད་མི་ལྡོག་པའི། །རིམ་པའི་ལས་རིག་ཡེ་ཤེས་རྒྱ། །རིམ་པར་རོལ་པ་རྒྱུད་ཉིད་ལས། །དད་བརྩོན་གསུམ་དང་བརྟུལ་ཞུགས་གསུམ། །གང་ལ་ཡོད་པ་དེ་ཡི་སྣོད། །འདི་དང་ཕྱི་མའི་ཕན་ཡོན་གྲངས། །རྒྱུད་ནས་གསུངས་པ་ཇི་བཞིན་ཏེ། །དེ་ལྡོག་རང་བྱན་ཆོས་ཉིད་དང་། །གསུང་བ་ཉམས་པས་ལྟུང་འཇིགས་པ། །སོ་མ་བཏང་བའི་རྫ་སྤྱོད་ལྟར། །འགྱུར་བ་གསང་བའི་རྒྱུད་ཀུན་ལྟོས། །དོན་དུ་གཉེར་བ་ཐོབ་བྱ་ཡིས། །ཕྱེ་བ་གཉིས་སོགས་སྡོམ་པའི་ཚིག །དགོས་ཆེད་ངོ་བོ་གྲངས་ཐབས་དང་། །དུས་དང་སྐྱོན་ཡོན་གྲངས་ཤེས་བྱ། །ཐུན་མོང་མཆོག་གི་དངོས་གྲུབ་རྣམས། །བདག་གཞན་ཐོབ་ནས་དོན་བཞིའི་ཕྱིར། །གང་གིས་གང་ཐོབ་འདོད་པ་དེ། །ཡན་ལག་བཅུ་ལྡན་གཉེར་བདོ་བའི། །མངོན་ཤེས་ཚེ་དང་རྫུ་འཕྲུལ་ལས། །སྐུ་གསུང་ཐུགས་ཀྱི་ཐུན་མོང་དག །སྒྲུབ་ཐབས་མི་མཐུན་གྲགས་པ་དང་། །ཟག་མེད་འབྲས་བུ་མཆོག་ལྔ་པོ། །སྒྲུབ་པའི་ཐབས་སུ་གྲགས་པ་ཀུན། །ཕུན་སུམ་ཚོགས་པ་བཞི་ལྡན་ནས། །བརྟགས་ཤིང་བྱིན་གྱིས་བརླབས་པ་དེར། །ཚོགས་བསྐྱེད་བསྙེན་སྒྲུབ་གྲངས་དུས་མཚན། །སོ་སོར་ཕྱེ་བ་བརྒྱད་གསུངས་བཞིན། །རྣལ་འབྱོར་རྟོགས་གོམས་འབྱོར་པ་དང་། །སྔགས་དང་ཕྱག་རྒྱ་བརྟན་པ་དང་། །མི་ལྕོག་མེད་པར་གང་ཡོད་དང་། །ཆ་རྐྱེན་ཚང་བ་མངོན་བསྒྱུར་མངོན། །ཡལ་བའི་མི་འབྱང་མི་ཐོབ་བཅུ། །བྱེ་བྲག་རྒྱས་པ་ཁོང་དུ་ཆུད། །དེ་ལས་ལྡོག་པ་འདི་ཕྱི་མར། །ལྔ་ལྔ་ཐོབ་པས་དོན་གཉིས་རྫོགས། །སྔགས་དང་ཕྱག་རྒྱའི་སྡོམ་ཚིག་ནི། །དགོས་ཆེད་ངོ་བོ་གྲངས་ཐབས་དང་། །ངེས་ཚིག་གང་དུ་དགོས་པ་དང་། །ཡོན་ཏན་སྐྱོན་དང་སྤྱོད་ཡུལ་བཤད། །སྦྱང་གཞི་ཉེ་བར་བསྙེན་པ་དང་། །ཐོབ་བྱ་ལྔ་པོ་རྫོགས་བྱའི་ཕྱིར། །གཉིས་ཀའི་ཆེད་དུ་ཤིན་ཏུ་གཅེས། །ཡི་གེ་འདུས་པ་གྲུབ་པ་བཞིའི། །མཐུ་ཆེན་རེད་པ་གང་ཡིན་པ། །བཞི་རྫོགས་གཉིས་ལས་མི་འདའ་བ། །གང་ལ་སྣང་བ་དེ་ངོ་བོ། །རིག་གསང་གཟུངས་སྔགས་ཤེས་བྱ་བ། །རྩ་བསྐྱེད་ལས་རིམ་ལས་བསྙེན་དང་། །མཆོད་པ་དང་ནི་རྒྱ་བཞི་ལས། །ཆེན་པོ་རང་བཞིན་ཏིང་འཛིན་དང་། །མཚོན་པ་མཚན་མའི་ཕྱག་རྒྱ་དང་། །ཡུལ་དང་འཛིན་བསམ་བཅའ་བའི་དམ། །བསམ་དང་བཅའ་དང་རང་བཞིན་དང་། །འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་དང་། །བདེ་བ་རང་བཞིན་བཟླས་བསམ་དག །ལམ་གྱིས་ཕྱེ་བས་གྲངས་མང་ངོ་། །སྐྱོན་བཅུ་ལེ་ལོ་དོར་བ་དང་། །སྐྱོན་བརྒྱད་སྤང་བའི་བརྩོན་པས་སྦྱངས། །མཐུ་བྱིན་ལྡན་ཞིང་དོན་མི་འདའ། །དེ་ཕྱིར་མིང་གི་སྒྲ་འཇུག་གོ། །དཀྱིལ་འཁོར་དགོད་པའི་དུས་ལྔ་དང་། །བསྙེན་བསྒྲུབ་རྣམ་བཞིའི་ཚེ་ནའོ། །སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེ་བར་འགྱུར། །ཡིད་ལ་བསམ་པ་ཐམས་ཅད་འགྲུབ། །རལ་གྲིའི་སོ་ལ་བཟུང་ཉེས་ལྟར། །ནན་ཏན་མེད་པའི་གསང་སྔགས་པ། །ཕུང་ཞིང་འབྲས་རྣམས་མེད་པར་འགྱུར། །གསང་བ་གསུམ་ལ་མོས་རིམ་བཞིན། །གང་ལ་སྤྱོད་པ་དེ་ཡུལ་ལོ། །ཐ་མར་རིག་པའི་དྲོད་ཚད་པ། །ཉེ་བར་སྦྱོར་བ་ས་དེ་ནི། །རང་གི་སྒྲུབ་དང་ཏིང་འཛིན་སྡོམ། །ཟག་མེད་ལམ་སྦྱོར་ཚོགས་གཉིས་གྲངས། །ཐབས་དང་ཤེས་རབ་ཏིང་འཛིན་གྲངས། །ཚད་མ་གཉིས་ལས་གྲགས་པ་དག །ལེགས་སྦྱང་ཐོབ་ནས་ཟག་པ་མེད། །ཐིགས་པ་ཐ་མ་སྔ་མའི་རྒྱུས། །ཐོབ་པའི་སྡོམ་ཚིག་ལམ་མཐར་ཕྱིན། །བདེ་གཤེགས་རྒྱལ་བ་ཉིད་ཡིན་ནོ། །དེ་ཕྱིར་བཅུ་ཡིས་འབྲུ་སྦྱར་ཏེ། །རུས་སྦལ་བརྟུལ་ཞུགས་བླང་བར་བྱ། །དེ་ཡུལ་བྱས་པ་རྙེད་དོན་འདུས། །ཐུགས་ཀྱི་ཐིགས་པ་ལས། །གདུལ་བྱ་དག་པའི་སྣང་བའི་ལེའུ་སྟེ་གསུམ་པའོ། །རྡོ་རྗེ་ཡན་ལག་བཞི་པའི་སྡོམ། །མཚན་ཉིད་ཐ་མ་ལུང་བསྟན་པ། །རིག་པ་འཛིན་དང་རྫོགས་སངས་རྒྱས། །སྔ་མ་ཐོབ་ཚུལ་རྣམ་གྲངས་དང་། །ངེས་ཚིག་གནས་སུ་རྣམ་པར་བཤད། །ལྷག་མ་ཡོད་མེད་འདའ་ཚུལ་གྱིས། །འདི་དང་བར་མར་རྣམ་པར་སྦྱོར། །རྣམ་པར་སྨིན་པ་བྱ་གཅན་ཚུལ། །དབང་བསྒྱུར་ཕུང་པོ་འཇིག་པ་མེད། །ཕྱག་རྒྱ་ཆེན་པོར་བདག་ལུས་སྣང་། །ཉི་ཤུ་ལྔར་གྲུབ་རང་སྣང་བ། །དེ་ལ་དེ་ཡི་རྩོལ་བ་ཅན། །མེ་ཆུ་རླུང་གི་རིགས་གནས་ཤིང་། །གང་རིག་ཟིན་པ་མི་གཏོང་བ། །དང་པོ་བྱུང་དང་བྱ་བྱེད་དང་། །ཐ་མར་རྒྱུད་འཛིན་གསུམ་གྱིས་འགྲུབ། །དེ་ཡི་གཞུགས་གནས་ངེས་མེད་དེ། །སེམས་རིག་གནས་སྣང་གང་ཡང་རུང་། །བྱ་བ་བྱས་པའི་གྲུབ་པ་དག །ཐོབ་ཚུལ་ངོ་བོ་འབྲས་བུ་གྲངས། །སྤྱོད་ཡུལ་གཟིགས་དང་ཐུགས་རྗེས་སྤྲུལ། །མཛད་པ་ཡེ་ཤེས་བཞུགས་ཚུལ་སྡོམ། །བདག་གི་དབང་དུ་འདི་སྐད་དུ། །དཔག་བསམ་ཤིང་དང་རིན་པོ་ཆེ། །དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་བརྟན་པ་ཡིན། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །གཞན་གྱི་དོན་དུ་འདི་སྐད་དུ། །བྱ་བ་མ་ལུས་ཀུན་བྱས་ནས། །མཐར་ནི་སྐྱེ་མེད་རྡོ་རྗེའི་ས། །གསུངས་པ་སྲིད་པ་ཐ་མ་དང་། །རྡོ་རྗེ་འཛིན་སྐུ་རྡོར་གསུམ་ལས། །སྤྲུལ་པ་དྲུག་གི་དབང་པོ་ཡིན། །མཛད་པ་རྫོགས་ནས་སངས་རྒྱས་ཚུལ། །གསང་བའི་སྐབས་ལ་ཤེས་པར་བྱ། །གཉིས་མེད་སེམས་སུ་མངོན་བྱས་པ། །བདེན་གཉིས་དབྱེར་མེད་རྡོ་རྗེའི་སྐུ། །ཆུ་ཡི་ཟླ་བ་ལྟ་བུ་ལ། །རང་བཞིན་ཀུན་དང་ཐ་མི་དད། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །རྒྱན་གྱི་འཁོར་ལོ་རང་བཞིན་གནས། །ཐམས་ཅད་མཁྱེན་ཡུལ་འདི་སྐད་དུ། །ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །རྣམ་པར་རྟོག་པ་མི་མངའ་སྟེ། །དེ་ཡིས་མི་མཁྱེན་གང་ཡང་མེད། །མེ་ལོང་ལྟ་བུའི་ཚུལ་བཞིན་དུ། །སྣ་ཚོགས་ཁ་དོག་དབྱིབས་སུ་སྣང་། །བདེ་གཤེགས་རང་བཞིན་ཐམས་ཅད་ཕྱིར། །སཱུར་ཙནྟྲའི་གཟུགས་བརྙན་བཞིན། །སྣང་ཡང་འགྲོ་འོང་ག་ལ་ཡོད། །དེ་ཡོད་ན་ནི་གཟུང་འཛིན་ཅན། །སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས། །བྱ་བྱེད་མེད་པའི་དཀྱིལ་འཁོར་སྤྱོད། །དུས་གསུམ་རིམ་པར་རྫོགས་སངས་པའི། །ལོག་རྟོག་ཐ་དད་དག་པ་ཡང་། །ཡེ་ནས་མཐའ་ལས་གྲོལ་བའི་ཕྱིར། །གཅིག་དང་མི་གཅིག་བརྗོད་བསམ་འདས། །གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྒྱུད་ལས་གསུངས་པས་བགྲོད་དང་བླ། །རྒྱ་མཚོ་ཆུ་དང་རླབས་བཞིན་ནོ། །ཐུགས་ཀྱི་ཐིགས་པ་ལས། བདེ་བར་གཤེགས་པའི་སྣང་བའི་ལེའུ་སྟེ་བཞི་པའོ།། །།མཁའ་ལ་གཞའ་བཞིན་རྒྱུད་དོན་བཀྲ་གསལ་འདིས། །མི་ཤེས་ང་རྒྱལ་སྙོམས་ཤིང་ཉོན་མོངས་དགྲ་ལས་རྒྱལ། །དཔའ་བོའི་རུ་མཚོན་གནམ་ལྕགས་ཤཀྟི་འདྲ། །རྒྱུད་ཀྱི་དོན་བཅུད་འཁོར་ལོ་དང་མཆུ་ལྟར་བླངས་པས། །མི་ཤེས་དྲྭ་བར་ཆུད་རྣམས་གསང་བའི་སྙིང་པོར་ཤོག །ཐུགས་ཀྱི་ཐིགས་པ་སྒྱུ་འཕྲུལ་སྤྱི་གཅོད་རྫོགས་སོ།། །།རྨ་རིན་ཆེན་མཆོག་གིས་བསྒྱུར་བའོ།། །།

མན་ངག་ཐུགས་ཀྱི་ཐིགས་པའི་འགྲེལ་བཤད་ཉི་མའི་འོད་ཟེར། ནམ་མཁའ་རྒྱལ་མཚན།

ཨུ པ དེ ཤ ཙི ཏྟ ཏི ཀ ཊཱི ཀ྄ཁྱཱ྅྅྅ཏཱ རྐྐཱཾ ར སྨི ནཱ མ བི ཧ ར ཏི སྨ།
མན་ངག་ཐུགས་ཀྱི་ཐིགས་པའི་འགྲེལ་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །
སྭ་སྟི་སིདྡྷི། ཀུན་ཁྱབ་ཆོས་དབྱིངས་མཐའ་བྲལ་ཀུན་རིག་ཅིང་། །ཀུན་ལམ་ཐེག་མཆོག་དོན་སྟོན་ཀུན་བཟང་དང་། །རྒྱལ་ཚབ་རྒྱལ་བ་རིག་ལྔ་གསང་བདག་སོགས། །དགོངས་པ་དབྱེར་མེད་དགོངས་བརྒྱུད་རྣམས་ལ་འདུད། །ཐེག་མཆོག་བླ་མེད་ཐེག་དོན་ཁོང་ཆུད་ནས། །རིག་པ་རང་གྲོལ་རིག་འཛིན་རྒྱལ་བའི་སྲས། །མི་ལ་བརྒྱུད་དང་མི་མིན་གཉིས་ལ་སོགས། །རིག་འཛིན་རིག་པར་བརྒྱུད་པ་རྣམས་ལ་འདུད། །གསང་སྔགས་བླ་མེད་དགོངས་དོན་མ་ལུས་ཀུན། །སྙན་ནས་རིམ་པར་སྙན་དུ་རབ་བརྒྱུད་ནས། །དོན་དམ་བཅུད་ཀྱི་དོན་རྣམས་རྟོགས་གྱུར་པའི། །སྙན་བརྒྱུད་གང་ཟག་རྒྱུན་མི་ཆད་ལ་འདུད། །སངས་རྒྱས་བསྟན་པ་གངས་རི་བསྒྲིབས་པའི་རྩེར། །གསང་བའི་ཐེག་མཆོག་ང་རོས་ཐེག་དམན་གནོན། །དད་ལྡན་འཁོར་ཚོགས་སྙིང་རྗེས་རབ་བསྐྱངས་ནས། །སྨིན་གྲོལ་ལམ་ལ་བཀོད་མཛད་དེ་ལ་འདུད། །ཡེ་ནས་གནས་ལུགས་ཕྱོགས་བྲལ་དཀྱིལ་འཁོར་རྒྱས། །ཤེས་བྱ་ཀུན་གསལ་འོད་དཀར་དྲྭ་བས་མཛེས། །རྒྱལ་བའི་དགོངས་དོན་དབྱེར་མེད་བསིལ་ཟེར་འཕྲོ། །མཚན་ཅན་རི་བོང་འཛིན་ལ་མི་ཕྱེད་འདུད། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་སྡེ་རྒྱ་མཚོ་ཆེར། །དོན་བཅུད་ཡིད་བཞིན་རིན་ཆེན་འདི་དོན་རྣམས། །དེད་དཔོན་ཆེན་པོ་སངས་རྒྱས་གསང་བས་ལེན། །དད་ལྡན་རྣམས་ཀྱིས་རིམ་པར་རྒྱལ་མཚན་རྩེར། །བཏགས་ནས་ཤེས་རབ་གསུམ་གྱིས་གསོལ་བཏབ་ནས། །དོན་བཅུད་དགོས་འདོད་རྒྱུན་མི་ཆད་པ་འདི། །བཤེས་གཉེན་དོན་ལ་སྐམ་པ་འགའ་ཞིག་ལ། །དོན་བཅུད་འདོད་རྒུ་འབྱུང་སྙམ་འདི་བྲི་བྱ། །འདིར་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་སྤྱི་རྗེ། མན་ངག་ཐམས་ཅད་ཀྱི་རྩ་བ། བཀའ་གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་བླ་ན་མེད་པ། གསང་སྔགས་རྡོ་རྗེ་ཐེག་པ། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པའི་རྒྱུད། ཐུགས་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པའི་དོན་གྱི་བཅུད་ཕྱུང་བ། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་སྒྱུ་འཕྲུལ་སྤྱི་གཅོད་ཐུགས་ཀྱི་ཐིགས་པ་འདི་ལ་སྤྱི་དོན་གསུམ་སྟེ། འཆད་ཉན་ཅི་ལྟར་བྱ་བའི་ཚུལ་དང་། གང་འཆད་པར་བྱེད་པ་དམ་ཆོས་ཀྱི་རྣམ་བཞག །འཆད་ཉན་མཐར་ཕྱིན་པའི་རྒྱུ་མཚན་དང་གསུམ་མོ། །དང་པོ་ལ་གཉིས་ཏེ། འཆད་པ་པོ་སློབ་དཔོན་གྱི་མཚན་ཉིད། ཉན་པ་པོ་སློབ་མའི་མཚན་ཉིད། དང་པོ་སློབ་དཔོན་གྱི་མཚན་ཉིད་ནི། མཚོན་བྱ་དོན་གྱི་རྒྱུད་རང་བཞིན་གསང་བའི་སྙིང་པོ་སེམས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་མཚོན་བྱེད་ཚིག་གི་རྒྱུད་རྩ་བཤད་མན་ངག་དང་བཅས་པའི་ཚིག་དོན་སྟོན་ནུས་པ། བསྐྱེད་རྫོགས་གསུམ་གྱི་དོན་ལ་མཁས་པས་གསང་བའི་མཛོད་གསུམ་དང་ལྡན་པ། ཕན་ནུས་ཟབ་གསུམ་གྱི་དབང་རྫོགས་པར་ཐོབ་པ། གསང་སྔགས་བབ་ཆོལ་དུ་མི་སྤྱོད་པའི་གསང་གཉེར་ཐུབ་པ། རྒྱུད་དོན་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བཅུ་ལ་མ་རྨོངས་པ། དཀྱིལ་འཁོར་དང་དབང་གི་ལས་ཀྱི་རིམ་པ། འཕྲིན་ལས་ཞི་དྲག་ལ་སོགས་པ་ལས་ཀྱི་ཚོགས་བསྒྲུབ་པའི་ཐབས་ལ་མ་རྨོངས་པ། ཉམས་མྱོང་གི་དྲོད་འཆང་བ་སྟེ། ལམ་རིམ་ལ། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །རྣལ་འབྱོར་མཐའ་ལྡན་ཤིན་ཏུ་བསྟེན། །ཅེས་སོ། །དེ་ལས་བཟློག་པ་ནི་ངན་པའི་མཚན་ཉིད་ཡིན་པས་སྤང་བར་བྱའོ། །གཞན་ཡང་ཆོས་བཤད་ཚུལ་ཕན་ཡོན་རྣམས་ནི་ལོགས་སུ་ཤེས་པར་བྱའོ། །གཉིས་པ་ཉན་པ་པོ་སློབ་མའི་མཚན་ཉིད་ནི། སྣོད་ཀྱི་སྐྱོན་བཞི་དང་བྲལ་དགོས་ཏེ། བཞི་གང་ཞེ་ན། གཞི་དད་པ་མེད་པ་ཁ་སྦུབ། དྲན་འཛིན་ལན་མེད་པ་ཞབས་རྡོལ། གྲོགས་བརྩོན་འགྲུས་མེད་པ་གཞོག་རལ། བརྩེ་གདུང་དམ་ཚིག་མེད་པ་དུག་ཅན་གྱི་སྐྱོན་བཞི་དང་བྲལ་ཞིང་། ངང་རིང་། ཚུལ་ཤེས། བསམ་བཟང་། བློ་བརྟན། གཏོང་ཕོད་ཆེ་བ་སྟེ། རྩ་རྒྱུད་ལས། སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཅེས་སོ། །གཉིས་པ་གང་འཆད་ཉན་བྱེད་པ་དམ་ཆོས་ཀྱི་རྣམ་བཞག་ལ་གསུམ་སྟེ། གདམས་ངག་འཇུག་ངོར་ཤེས་པར་བྱ་བའི་ཕྱིར་དམ་པའི་ཆོས་ངོས་བཟུང་བ་དང་། དོན་མ་ནོར་བར་ཤེས་པར་བྱ་བའི་ཕྱིར་བཤད་པའི་ཐབས་བསྟན་པ་དང་། བཤད་བྱ་གཞུང་དོན་དངོས་ཀྱི་སྐབས་དང་གསུམ་དུ་གནས་པ་ལས། དང་པོ་སྤྱིར་ཆོས་ངོས་བཟུང་བ་ལ་མང་དུ་བཤད་ཀྱང་། འདི་རྟོགས་ཆོས་དང་ལུང་ཆོས་གཉིས། ལུང་ཆོས་ལ་སྡེ་སྣོད་དང་རྒྱུད་སྡེ་གཉིས། རྒྱུད་སྡེ་ལ་ཕྱི་ནང་གཉིས། ནང་པ་ལ་གསུམ་ཡོད་པ་ལས་འདི་མ་ཧཱ་ཡོ་ག །དེ་ལ་བདེ་བར་གཤེགས་པའི་ཞལ་ནས་གསུངས་པའི་རྒྱུད་དང་། དེ་ལ་བརྟེན་པའི་མན་ངག་གཉིས་ལས་འདི་མན་ངག །དེ་ལ་རྒྱུད་ཀྱི་དོན་མ་ནོར་བར་རྟོགས་པའི་མན་ངག་དང་། བསླབ་ཅིང་ཉམས་སུ་བླང་བའི་མན་ངག་གཉིས་ལས། འདི་ནི་རྒྱུད་ཀྱི་དོན་མ་ནོར་རྟོགས་པའི་མན་ངག །དེ་ལ་ཁོག་དབུབ། ས་བཅད། འགྲེལ་པ་གསུམ་ལས། འདི་ནི་སྤྱི་གཅོད་ཅེས་པ། སྒྱུ་འཕྲུལ་སྤྱིའི་ཁོག་དབུབ་ཀྱི་མན་ངག་ཡིན་ནོ། །གཉིས་པ་དོན་མ་ནོར་བར་ཤེས་པར་བྱ་བའི་བཤད་པའི་ཐབས་བསྟན་པ་ལ། བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔས་འཆད། བསྟན་ཆོས་སམ་མན་ངག་ཐམས་ཅད་རྩིས་འགོ་ལྔས་འཆད་པ་ལས། འདི་ནི་མན་ངག་ཡིན་པས་རྩིས་འགོ་ལྔས་འཆད་པར་བྱ་སྟེ། ལུང་མཆོག་བླ་མ་ལས། ཐོས་ཆུང་གསར་བུ་ཡིད་ཆེས་བསྐྱེད་པའི་ཕྱིར། །མན་ངག་སྤྱི་དོན་རྩིས་འགོ་ཀླད་ནས་གཞོམ། །ཞེས་འབྱུང་བས། ཁུངས་བཙུན་ཞིང་ཡིད་ཆེས་པར་བྱ་བའི་ཕྱིར་སློབ་དཔོན་གང་གིས་མཛད་པ་དང་། བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུགས་པར་བྱ་བའི་ཕྱིར་རྒྱུད་གང་ནས་བཏུས་ཤིང་ཕྱོགས་གར་གཏོགས་པ་དང་། བསྟན་པ་ལ་མཚན་ངེས་ཤིང་དོན་གྱི་མདོ་ཙམ་ཞིག་རྟོགས་པར་བྱ་བའི་ཕྱིར་མཚན་ཅི་ལ་བཏགས་པ་དང་། །བརྩོམ་པ་ལ་དོན་ཡོད་པར་བྱ་བའི་ཕྱིར་དགོས་ཆེད་གང་གི་དོན་མཛད་པ་དང་། ཤེས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དབུ་ཞབས་སུ་དོན་དུས་བསྟན་པ་དང་ལྔ་ལས། དང་པོ་ནི། སྤྱིར་བསྟན་བཅོས་བརྩམས་པའི་ཚད་ལ། རབ་ཆོས་ཉིད་བདེན་པའི་དོན་མཐོང་བ། འབྲིང་ཡི་དམ་ལྷའི་ཞལ་མཐོང་ཞིང་ལུང་བསྟན་ཐོབ་པ། ཐ་མ་བཀའི་དགོངས་དོན་ཁྲོལ་ཞིང་ཐེག་པའི་ཤན་འགྱེད་ཅིང་ལ་ཟློས་པ་ཚིག་དོན་ལ་མཁས་ཤིང་བྱེ་བྲག་ཕྱེད་པ་ཞིག་གིས་བརྩམས་དགོས་ཏེ། རྫོགས་ཆེན་རྒྱན་ལས། ཆོས་ཉིད་མངོན་སུམ་རྟོགས་པ་རབ། །བླ་མ་ཡི་དམ་མཁའ་འགྲོ་ཡི། །ལུང་བསྟན་ཐོབ་པ་འབྲིང་པོ་ཡིན། །ལ་ཤན་བཀའ་ལུང་ཚིག་ལ་མཁས། །བྱེ་བྲག་ཕྱེད་པ་ཐ་མ་ཡིན། །ཅེས་གསུངས་པས། གཞུང་འདི་ཉིད་ཀྱི་རྩོམ་པ་པོ་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བ་ནི་བརྩམས་ཚད་གསུམ་དང་ལྡན་པ་ཡིན་ཏེ། སྔོན་སྦྱངས་པ་ཡུན་རིང་ལ་དར་དྲགས་པའི་སྟོབས་ཀྱིས། ཆོས་ཀུན་མཉམ་པ་ཉིད་ཀྱི་གནས་ལུགས་རྟོགས་ཤིང་ཁོང་དུ་ཆུད་པ། ཡི་དམ་གྱི་ལྷ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཞལ་མཐོང་ཞིང་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་མངོན་དུ་གྱུར། ཚིག་དབང་ལྷ་མོ་དབྱངས་ཅན་མ་ལྗགས་ལ་ཞུགས། འཇམ་དཔལ་ཤེས་རབ་ལ་ཞུགས། སྤྱན་རས་གཟིགས་སྙིང་རྗེ་ལ་ཞུགས། ཕྱག་ན་རྡོ་རྗེ་མཐུ་སྟོབས་ལ་ཞུགས། ཁྱད་པར་དུ་གཞུང་འདིའི་རྒྱུད་ཀྱི་སྟོན་པ་རྡོ་རྗེ་སེམས་པའི་ཞལ་འདུ་འབྲལ་མེད་པར་གཟིགས་པ། རྒྱུ་འབྲས་ཀྱི་ཐེག་པ་བསམ་གྱིས་མི་ཁྱབ་པའི་བརྗོད་བྱ་ཤན་འབྱེད་ཅིང་ལ་ཟློས་པ། ཚིག་དོན་ལ་ནོར་འཁྲུལ་དང་ལྷག་ཆད་མི་མངའ་ཞིང་བྱེ་བྲག་ཕྱེད་པའི་བརྩམས་ཚད་རབ་འབྲིང་གསུམ་དང་ལྡན་པའི་སློབ་དཔོན་དེས་མཛད། ཡང་ན་ཐ་མ་རིགས་པའི་གནས་ལྔ་ལ་མཁས་པ་ཞིག་དགོས་ཞེས་བྱ་བ་ཡང་སྣང་བས། སློབ་དཔོན་འདི་ཉིད་རྒྱ་གར་ཆུ་བཞིའི་པཎྜི་ཏ་རྣམས་ཀྱི་བླ་ཕུད་དུ་གྱུར་ཅིང་འཁོར་ལྔ་བརྒྱ་དང་བཅས་པ་ལུས་ལྷག་མེད་དུ་གཤེགས་ཤིང་། རི་བོ་རྩེ་ལྔར་འཕགས་པ་འཇམ་དབྱངས་དང་ལྷན་ཅིག་ཏུ་བཞུགས་པའོ། །གཉིས་པ་བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུགས་པར་བྱ་བའི་ཕྱིར་རྒྱུད་གང་ནས་བཏུས་ཤིང་ཕྱོགས་གར་གཏོགས་ན། གཞུང་འདི་ཉིད་ལས། སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས། །གསང་བའི་སྙིང་པོའི་རྒྱུད་དག་ལས། །ཞེས་པས། ཐུགས་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་བའི་ནང་ནས་བཏུས་ཤིང་། ཕྱོགས་མ་ཧཱ་ཡོ་གར་གཏོགས། གསུམ་པ་མཚན་ཅི་ལ་བཏགས་པ་ནི། སྤྱིར་མཚན་ལ། ཡུལ་ལ་བཏགས་པ། ཞུ་བ་པོ། དཔེ་ལ། རྣམ་གྲངས་ལ། དོན་ལ་བཏགས་པ་དང་ལྔ་ལས། འདིར་ནི་ཐུགས་ཐིགས་ཞེས་པ། དོན་རང་གི་ངོ་བོ་ལ་བཏགས་པ་སྟེ། མཚན་དོན་རྒྱས་བཤད་ནི་འོག་གཞུང་འགྲེལ་དུ་ཤེས་སོ། །བཞི་པ་དགོས་ཆེད་གང་ཟག་གང་གི་དོན་དུ་མཛད་པ་ནི། གཞུང་འདི་ཉིད་ལས། སྐལ་ལྡན་ཅེས་པ། དངོས་འཁོར་དང་། མ་འོངས་པའི་གང་ཟག་ཆོས་ཀྱི་མིག་ཅན། གསང་སྔགས་མ་ཧཱ་ཡོ་གའི་སྒོར་འཇུག་ནུས་པའི་ལས་དང་སྐལ་བར་ལྡན་པ་རྣམས་ཀྱི་དོན་དུ་མཛད་པའོ། །ལྔ་པ་དབུ་ཞབས་སུ་དོན་དུས་བསྟན་པ་ནི། ཀླད་དོན་དུ་གཞུང་དོན་ཞབས་དོན་གསུམ་དུ་ཤེས་པར་བྱ་ཞིང་། གཞུང་དོན་ལ་ཡང་། གཞི་རང་བཞིན་གྱི་སྣང་བ། ལོག་རྟོག་འཁྲུལ་པ། གདུལ་བྱ་ལམ། འབྲས་བུ་བདེ་བར་གཤེགས་པའི་སྣང་བ་དང་ལེའུ་བཞིའོ། །གདུལ་བྱ་ལམ་སྣང་ལ། སྤྱིར་ཐེག་པ་རྣམས་གདུལ་བྱའི་སྣང་བས་ཕྱེ་ལུགས། བྱེ་བྲག་ཏུ་མཆོག་མ་ཧཱ་ཡོ་གའི་ཐེག་པ་ངོས་བཟུང་ལུགས། དེ་ལ་རབ་ལ་མཚན་བསྟན། འབྲིང་ལ་རྣམ་པར་དབྱེ། ཐ་མ་འབྲུ་གཉེར་དང་གསུམ། འབྲིང་རྣམ་དབྱེ་ལའང་། དང་པོ་ཤེས་པར་བྱ་བའི་ཡུལ་ལ་ལྔ། བར་དུ་ཐུན་མོང་དང་མཆོག་གི་དོན་ཉམས་སུ་བླངས་པ། ཐ་མ་དྲོད་ཚད་རྟགས་དང་ལྡན་པའི་འབྲས་བུ་མཐོང་ལམ་ལ་སྦྱོར་ཚུལ་ལོ། །མཆོག་གསང་སྔགས་ཀྱི་ལམ་ལའང་། ཐབས་ལམ་དང་། གྲོལ་ལམ། གྲོལ་ལམ་ལ། ལམ་གྱི་གཙོ་བོ་དང་ཆ་རྐྱེན། ཆ་རྐྱེན་ལ་ལྟ་སྤྱོད་དཀྱིལ་འཁོར་དབང་ངམ། འཕྲིན་ལས་སྒྲུབ་པའི་ལས་རིམ། སྔགས་དང་ཕྱག་རྒྱ་མཆོད་པ་དང་བཅུའོ། །འབྲས་བུ་ལ་གནས་སྐབས་ཀྱི་འབྲས་བུ་ཟག་མེད་རིག་འཛིན་བཞི་དང་། མཐར་ཐུགས་སངས་རྒྱས་ཐོབ་ལུགས་རྣམས་སོ། །དེས་ནི་སྤྱི་དོན་གྱིས་ཁོག་དབུབ་པ་བསྡུས་པ་མདོ་ཙམ་བཀོད་པའོ། །རྒྱས་པ་ནི་ལོགས་སུ་ཤེས་སོ། །གཞུང་དོན་གྱི་ས་བཅད་པ་དང་། ཚིག་དོན་གྱི་འབྲུ་གཉེར་བ་གཉིས་ནི་འོག་བཤད་བྱ་གཞུང་དོན་དངོས་ཀྱི་སྐབས་དང་འབྲེལ་པ་ཡིན་ནོ། ༈ །བཤད་བྱ་གཞུང་དོན། དངོས་ཀྱི་སྐབས་ལ་སྤྱི་དོན་རྣམ་པ་གསུམ་དུ་བསྟན་ཏེ། ཀླད་ཀྱི་དོན་དང་། གཞུང་དང་། མཇུག་གོ། །དང་པོ་ལ་གསུམ་སྟེ། བགྲངས། མཚན། དྲངས། དེ་ལ་རྒྱ་གར་ལ་བཤད་པ་མང་དུ་སྣང་ན་ཡང་། དོན་དུ་མི་འགྲོ་བར་འདུག་པས་འདིར་མ་སྨོས་སོ། །ཁོ་བོའི་བླ་མས་འདི་ལྟར་དུ་འདོད་དེ། རྒྱ་གར་ལ་འབྲུ་གཉེར་མེད་དེ་འདོད་རྒྱལ་གྱི་སྒྲའོ། །རྫ་མ་དང་ཕོ་རུ་ལ་འབྲུ་གཉེར་མེད་པ་དང་འདྲ་གསུང་། འོ་ན་ཐོག་མར་སྨོས་པའི་རྒྱུ་མཚན་ནི། འཕགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་དེར་བྱོན་ནས་བསྟན་པ་སྡེ་སྣོད་རྒྱུད་སྡེ་རྣམས་ཀྱང་དེར་དར་བས། ཁུངས་བཙུན་ཞིང་ཡིད་ཆེས་པར་བྱ་བའི་ཕྱིར་དང་། ལོ་པཎ་རྣམས་ཀྱིས་ཕྱི་རབ་པ་རྣམས་ལ་དྲིན་གཞག་པར་བྱ་བའི་ཕྱིར་ཐོག་མར་སྨོས་པའོ། །དེ་ལ་ལོ་ཙཱ་པ་ལ། ཚིག་དོན་གཉིས་ཀ་ལ། མཁས་པ་ནི་ཞུ་ཆེན་གྱིས་ལོ་ཙཱ། སྒྲ་རྐྱང་པ་མཁས་ན་སྒྲ་སྒྱུར་ལོ་ཙཱ། སྒྲ་ཀུན་བསྒྱུར་མི་ནུས་ཤིང་མཆན་ཙམ་བཏབ་ནས་མཆན་བུ་ལོ་ཙཱ། རྒྱ་གར་མ་ཕྱིན་ནས་བོད་དུ་པཎྜི་ཏ་གདན་དྲངས་ནས་བསྒྱུར་བ་ནི་གོ་ལོ་ཙཱ་དང་བཞི་ཡོད་པ་ལ། གཞུང་འདི་ཉིད་ཀྱི་ལོ་ཙཱ་བ་རྨ་རིན་ཆེན་མཆོག་ནི། ཚིག་དོན་གཉིས་ཀ་ལ་མཁས་པ་ཞུས་ཆེན་གྱི་ལོ་ཙཱ་བ་དེས་བསྒྱུར་རོ། །རྒྱ་གར་གྱི་བཤད་པ་མཁས་པ་རྣམས་ཀྱིས་སྒྲ་ལ་འདོད་རྒྱལ་གྱི་སྒྲ་དང་། སྒྲ་དོན་གྱི་སྒྲ་གཉིས་ལས། རྒྱ་གར་ནི་འཕགས་པའི་ཡུལ་ཡིན་ཏེ་འདོད་རྒྱལ་གྱི་སྒྲའོ། །ཡུལ་དེ་པ་རྣམས་ཀྱི་སྐད་དུའམ། ཡང་ན་དུ་ལ་སྲོག་གཅིག་པ་སྟེ། སྨྲ་སྒོ་ལས། དུ་ལ་སོགས་པ་ལ་དང་མཐུན། ཅེས་གསུངས་པས་བསྟན་བཅོས་འདི་ལ་ཙིཏྟ་བིནྡྷུ་ཨུ་པ་དེ་ཤ་ན་མ། ཞེས་མིང་ལ། བོད་ལ་བོད་དང་བོད་ཆེན་གཉིས་ཀྱི་བཤད་པ་མང་དུ་སྣང་ཡང་དོན་ཆུང་བས་མ་བྲིས་སོ། །བོད་སྐད་དུ། སྒྲ་བསྒྱུར་བ་ལ། བཀུག་སྟེ་བསྒྱུར་བ། ཐང་ལོགས་སུ་བསྒྱུར་བ། ཐད་ལོགས་སུ་བསྒྱུར་བ་གསུམ་ཡོད་པ་ལས། འདི་ཉིད་ནི། གཅུས་པ་དང་བསྣོར་བ་མི་མངའ་བའི་ཕྱིར་ཐད་ལོགས་སུ་བསྒྱུར་བ་སྟེ། ཙིཏྟ་ཐུགས་ཀྱི་ཐུགས་ཀྱི་བིནྡྷུ་ཐིགས་པའི། ཨུ་པ་དེ་ཤ་མན་ངག་ནཱ་མ་ཞེས་བྱ་བ་ཞེས་བསྒྱུར་ལ། དེ་ཡང་མཚན་དོན་དེ་ཉིད་ལ་ཡང་། བརྗོད་བྱ་དོན་དང་། བརྗོད་བྱའི་ཚིག་གཉིས་དང་སྦྱར་ནས་བཤད་དེ། དང་པོ་ལྟར་ན་ཐུགས་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་འཁོར་འདས་ཀུན་གྱི་དངོས་གཞིར་ཤར་ཀྱང་ཟབ་པས་རྟོགས་དཀའ་ལ། དེ་ཉིད་སེམས་ཉིད་གཅིག་པུ་ལས་མིན་པས་ཉུང་། འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ཉིད་ལས་འབྱུང་ཞིང་མ་གཡོས་པས་འདུས། མཐའ་ཐ་སྙད་ཅི་ལྟར་བྱུང་ཡང་བསམ་བརྗོད་ཀྱིས་ཡུལ་དང་བྲལ་བས་མ་འཕྲོས་པ་དང་གསུམ་གྱི་ནང་ནས་ཐིགས་པའི་དོན་ཡིན་ལ། དེ་ལྟ་བུའི་སེམས་ཉིད་གཅིག་པུ་རྟོགས་པས་མཆོག་པས་ནི་དཀའ་བླས་མེད་པས་ཚེགས་ཆུང་ལ། དེ་རྟོགས་ན་གནས་ལུགས་རིག་པའི་ཕྱིར་དོན་ཆེ་བས་ན་མན་ངག་ཅེས་བྱ་བའོ། །གཉིས་པ་ལྟར་ན། བརྗོད་བྱའི་དོན་དེ་ཉིད་སྟོན་པར་བྱེད་པའི་རྒྱུད་ཐུགས་སྒྱུ་འཕྲུལ་དྲྭ་བའི་ནང་ནས། ཐུགས་ཀྱི་ཐིགས་པ་འདི་ཉིད་བསྡུས་པ་ལས། ཐིགས་པའི་མཚན་ལ་གསུམ་སྟེ། ལེའུ་སྟོང་ཕྲག་བརྒྱ་པའི་ནང་ནས། འདིར་ལེའུ་བཞིར་བྱས་པས་ཉུང་ལ། སྟོང་ཕྲག་བརྒྱ་པའི་དོན་ཡང་སྣང་བ་བཞིར་བཤད་ལ། འདིར་ཡང་སྣང་བ་བཞིར་བཤད་པའི་དོན་འདིར་འདུས་ལ། ལྡེམ་དགོངས་ལ་སོགས་པ་ཡན་ལག་རྒྱས་པར་མ་བཤད་པས་ན་མ་འཕྲོས་པའོ། །དེ་ལ་རྒྱུད་སྡེ་ལེའུ་སྟོང་ཕྲག་བརྒྱ་ཡོད་པ་ལས། འདིར་སྣང་བ་བཞིའི་ལེའུ་བཞི་ཉམས་སུ་ལེན་པས་ཆོག་པས་ནི་ཚེགས་ཆུང་བ་ཡིན་ལ། སྣང་བ་བཞིའི་དོན་དེ་རྟོགས་ན། སྟོང་ཕྲག་བརྒྱ་པའི་དོན་རྣམས་ཁོང་དུ་ཆུད་པས་དོན་ཆེ་བས་ན་མན་ངག་ཅེས་བྱའོ། །གཉིས་པ་ཕྱག་འཚལ་བ་ནི། བཅོམ་ལྡན་དཔལ་རྡོར་སེམས་དཔའ་གཙོ། །ཀུན་མཁྱེན་རྒྱལ་བ་ཀུན་གྱི་ཐུགས། །འཁོར་ལོ་སྙིང་པོ་སྟོན་མཛད་པ། །གཉིས་མེད་ཡིད་ཀྱིས་ཕྱག་འཚལ་ལོ། །ཕྱག་འཚལ་ལོ་ཞེས་པ་བཤད་པའི་གཞིར་དྲང་། དེའི་ཁྱད་པར་གྱི་ཆོས་ལ་ལྔ། གང་གིས་ན་སྡོན་བྱུང་དུས་སུ་སངས་རྒྱས་གསང་བས། རྗེས་འཇུག་ཏུ་འཆད་ཉན་པ་རྣམས་ཀྱིས་གང་ལ་ན། དཀྱིལ་འཁོར་གྱི་གཙོ་བོ། རྡོ་རྗེ་སེམས་དཔའ་དང་། ཆོས་འཆད་པའི་གཙོ་བོ་ཀུན་ཏུ་བཟང་པོ་དང་གཉིས་ཏེ། དེའི་དོན་རྒྱས་པར་བཤད་ན། ཐེག་པ་དགུ་ལ་བཅོམ་ལུགས་དགུ་བཤད་ཀྱང་། འདིར་མ་ཧཱ་ལྟར་བཤད་ན། བཅོམ་ཞེས་པ་འཕྲིན་ལས་ཀྱི་མཚན་ཏོ། །ཉོན་མོངས་པ་ལྔ་མ་སྤངས་ཡེ་ཤེས་སུ་ཤར་བའི་ཉོན་མོངས་པའི་བདུད་བཅོམ། ཕུང་པོ་ལྔ་མ་སྤངས་རིགས་ལྔར་ཤར་བ་ནི་ཕུང་པོའི་བདུད་བཅོམ། རྣམ་རྟོག་གི་དྲི་མ་མ་སྤངས་གནས་སུ་དག་ནས་སྐྱེ་འཆི་མེད་པའི་དོན་མངོན་དུ་གྱུར་པ་ནི་འཆི་བདག་གི་བདུད་བཅོམ། འབྲས་བུ་སངས་རྒྱས་གཞན་དུ་མི་ཚོལ་ཏེ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་ཤར། འཁོར་བར་ལྟུང་མི་དོགས་ཏེ་ཉོན་མོངས་པ་ས་བོན་དང་བཅས་པ་མ་སྤངས་གནས་སུ་དག་པས་རེ་དོགས་གཉིས་དང་བྲལ་བ་ལྷའི་བདུད་བཅོམ་པའོ། །ལྡན་ཞེས་པ་ཡོན་ཏན་གྱི་མཚན་ཡིན་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྒྱན་འཁོར་ཉེར་ལྔ་ལ་སོགས་པ་རྣམས་ཐུགས་རང་རིག་པའི་ཡེ་ཤེས་ལ་རང་བཞིན་གྱིས་ལྡན་ནོ། །ལུང་གྲ་ཆད་ལ་ཉལ་བ་ཟུར་ལ་བསླང་བ་འཆད་པ་པོའི་གཉེར་བྱ་ཡིན་པས། འདས་ཞེས་པ་མཚན་ཉིད་ཀྱིས་མཚན་ཏེ་ཡོད་མེད་རྟག་ཆད་ཀྱི་མཐའ་ལས་འདས་པའོ། །དཔལ་ཞེས་པ་ཆེ་བའི་མཚན་ཏེ། དེ་ལ་གསུམ་སྟེ། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་ནི་གཞི་མཉམ་པ་ཉིད་ཀྱི་གནས་ལུགས་ངོ་བོ་ཉིད་ཀྱི་སྐུ་ལ་བྱའོ། །རིག་པ་རང་སྣང་བའི་དཔལ་ནི། གཞི་དེ་ཉིད་རྟོགས་པའི་ལམ་མཐར་ཕྱིན་པའི་བདག་དོན་ཆོས་སྐུ་ལ་བྱའོ། །ཐུགས་རྗེ་ཆེན་པོ་ཞར་ལས་བྱུང་བའི་དཔལ་ནི། དེ་ཉིད་རྟོགས་པ་མཐར་ཕྱིན་ཅིང་གདུལ་བྱའི་དོན་ལ་གཟུགས་སྐུ་རྣམ་གཉིས་ཀྱིས་དོན་མཛད་པ་ལ་བྱའོ། །དཔལ་གསུམ་པོ་དེ་ཉིད་ངོ་བོ་ཉིད་ཀྱིས་ལྡན་ཞིང་། རྡོ་རྗེ་ནི་ངོ་བོ་འདུས་མ་བྱས་པ། རང་བཞིན་དབྱེར་མི་ཕྱེད་པ་མཚན་ཉིད་སྐྱེ་འཇིགས་དང་བྲལ་བ། ཡོན་ཏན་བཙལ་བ་མེད་པ། འཕྲིན་ལས་གཞན་འཇོམས་པ་སྟེ། དེ་ལྟར་ཆོས་ལྔ་པོ་ལྷུན་གྱིས་གྲུབ་ཅིང་སྐྱེ་འཇིག་དང་བྲལ་བའོ། །སེམས་ནི་མ་སྐྱེས་མི་འགག་སྤྱོད་ཡུལ་དང་བྲལ་བའི་དོན་ལ་སྐད་ཅིག་ཀྱང་མ་གཡོས་པར་སེམས་པའོ། །དཔལ་ནི་གོང་གི་དོན་ལ་མ་གཡོས་པར་སྟོབས་ཀྱིས་སྣང་སྟོང་གི་མཐའ་གཉིས་སམ་དངོས་འཛིན་གྱི་བག་ཆགས་ཐམས་ཅད་རང་ཤུགས་ཀྱིས་འཇོམས་པས་དཔའ་བོ་དང་འདྲའོ། །གཙོ་ནི་མ་རྟོགས་སེམས་ཅན་གྱི་དུས་སུ་ཕུང་ཁམས་ཐམས་ཅད་ཀྱི་གཙོ་བོ་རྣམ་ཤེས་ཡིན་ལ་དེ་ཉིད་རྒྱལ་བའི་དཀྱིལ་འཁོར་དུ་ཤར་བའི་དུས་སུ་རྣམ་ཤེས་གནས་སུ་གྱུར་པ་ལ་རྡོ་རྗེ་སེམས་དཔའ་ཡིན་པའམ། འདིར་ཐུགས་སྒྱུ་འཕྲུལ་དྲྭ་བ་ཡིན་པས་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པས་རྡོ་རྗེ་སེམས་དཔའ་དང་། ཆོས་འཆད་པའི་གཙོ་བོ་ནི། ཇི་ལྟ་ཇི་སྙེད་དབྱེར་མེད་པའི་ཡེ་ཤེས་ཀྱིས་ཤེས་བྱའི་ཆོས་ཀུན་མ་འདྲེས་ཡོངས་རྫོགས་སུ་མཁྱེན་ཅིང་། ཡོད་མེད་དམ་རྟག་ཆད་ཀྱི་མཐའ་གཉིས་དང་བདུད་བཞི་ལས་རྒྱལ་བའི་རྒྱལ་བ་དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ཀྱི་དགོངས་པ་ཆོས་ཀྱི་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་བསྐོར་བའི་ནང་ནས་འབྲས་བུའི་མཆོག་གསང་སྔགས་བླ་མེད་ཀྱི་རྒྱུད་གསང་བའི་སྙིང་པོ་དོན་གབ་སྦས་རྣམས་མངོན་དུ་སྟོན་པར་མཛད་པའི་ཀུན་ཏུ་བཟང་པོ་དང་གཉིས་ལས། འོ་ན་འཁོར་ལོ་དང་ཆོས་ཅི་ཙུག་ལྟར་སྒྲ་མཐུན་ན། འཁོར་ལོ་བསྒྱུར་བའི་འཁོར་ལོ་དེ་དང་པོ་འགྲོ་བའི་སྔོན་དུ་འཁོར་ལོ་དེ་བསྐོར། དེ་ནས་འཁོར་ལོ་དེས་ཐམས་ཅད་གཅོད་པ་དང་། ཆོས་ཉིད་དེ་ཉིད་ཀྱང་། ཀུན་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་ནས་ཆོས་འཁོར་བསྐོར། དེ་གདུལ་བྱའི་རྒྱུད་ལ་འཁོར། དེའི་ཉོན་མོངས་པ་གཅོད་པ་དང་གསུམ་གྱིས་ཆོས་མཐུན་པའོ། །གོང་གི་ཀུན་མཁྱེན་རྒྱལ་བ་ཀུན་གྱི་ཐུགས་ཞེས་པ་འདི་ནི། སྒྱུ་འཕྲུལ་རང་གཞུང་ལ་བརྟགས་ན་སངས་རྒྱས་ཐམས་ཅད་རིགས་ལྔ་ལ་བསྡུ། རིགས་ལྔ་ལ་ཐུགས་ཀྱིས་རིགས་རྡོ་རྗེ་སེམས་དཔའ་ལ་བསྡུ། བཅོམ་ལྡན་དཔལ་རྡོར་སེམས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ལྔ་ཡིན་ལ། ཡེ་ཤེས་ལྔ་ཡང་ཐུགས་ཀྱི་གཙོ་བོ་ཆོས་དབྱིངས་ཡེ་ཤེས་ལ་འདུས་པའི་དོན་ལ། ཀུན་མཁྱེན་རྒྱལ་བ་ཀུན་གྱི་ཐུགས་གསུངས་སོ། །སངས་རྒྱས་གསང་བས་ནང་ན། རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་ཤོག །ཅེས་པ་དང་། གསང་སྙིང་ལས། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །ཅེས་གསུངས་པས། རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་གཙོ་བོ་ཡིན་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་ཡིན་པར་རྦད་བཅད་པས། །ཐུགས་སྒྱུ་འཕྲུལ་དྲྭ་བའི་སྐབས་འདིར། འཆད་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའ་ཡིན་པར་མངོན་ནོ། །སྤྱིར་སྟོན་པ་ལ་འདྲེན་པ་རང་བྱུང་གི་སྟོན་པ་སྤྱིའི་གཟུགས་ཅན་ཡིན། བྱེ་བྲག་གི་སྟོན་པ་ནི་རྒྱལ་ཚབ་རྒྱུད་ཀྱི་སྟོན་པ་ནི་རྒྱལ་བ་རིགས་ལྔ་དང་། གསང་བདག་དང་གཉིས་ཡིན་པར་ཤེས་པར་བྱའོ། །དུས་ནམ་འཚལ་ན། སྔོན་བྱུང་དུ་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་བསྟན་བཅོས་བརྩམས་པའི་ཐོག་མར་རྗེས་འཇུག་ཏུ་འཆད་ཉན་པ་རྣམས་ཀྱིས་འཆད་ཉན་བྱེད་པའི་ཐོག་མར་འཚལ། ཚུལ་ཇི་ལྟར་དུ་འཚལ་ན་གསུམ་སྟེ། གཉིས་མེད་ཅེས་པ་ནི། ལྟ་བ་རྟོགས་པའམ། མི་ཕྱེད་འདྲེས་པའི་ཕྱག་ཡིན་ཏེ། སྟོན་པ་རྣམ་པ་གཉིས་ཀྱི་དགོངས་པ་དང་། སློབ་དཔོན་སངས་རྒྱས་གསང་བའི་དགོངས་པ་གཉིས་ཤར་ནུབ་ཀྱི་ནམ་མཁའ་ལྟར་དབྱེར་མེད་པའི་ངང་དུ་རྟོགས་པ་ནི་མི་ཕྱེད་འདྲེས་ཞེས་བྱའོ། །ཡིད་ཀྱིས་ཞེས་པ་ནི། སྒོམ་པ་གོམས་པའི་ཕྱག་གམ། སྒྲུབ་པ་པོ་ཐབས་ཀྱི་ཕྱག་ནི་གཞུང་འདི་ཉིད་ཀྱི་དོན་རྣམས་བདེ་བླག་ཏུ་རྟོགས་ཤིང་ཉམས་སུ་ལེན་ནས་བསྒྲུབས་པ་མཐར་ཕྱིན་པའོ། །ཕྱག་འཚལ་ལོ་ཞེས་པ་སྤྱོད་པ་རབ་ཀྱི་ཕྱག་ནི་ལུས་གུས་པ་དང་བཅས་པ་སྨད་ལྔ་ས་ལ་གཏུགས། ངག་དྭངས་བ་དང་དད་པས་བསྟོད་པ་དབྱངས་སུ་བཅས། ཡིད་ཏིང་ངེ་འཛིན་གྱི་སྒོ་ནས་ཕྱག་འཚལ་བའོ། །དགོས་ཆེད་ཅིའི་ཕྱིར་ཕྱག་འཚལ་བ་ལ། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་བསྟན་བཅོས་བརྩམས་པའི་ཐོག་མར་སྟོན་པ་ཁྱད་པར་ཅན་གཉིས་ལ་མཆོད་པར་བརྗོད་པས་སྒྲིབ་པ་བྱང་ཚོགས་རྫོགས། བར་ཆད་རྒྱུད་ནས་དག་སྟེ། བརྩམས་པ་མཐར་ཕྱིན་པའི་དགོས་པ་དང་། གཞུང་མཛེས་པའི་དགོས་པ་རྣམས་ཡོད་དོ། །རྒྱས་བཤད་ནི་ལོགས་སུ་ཤེས་སོ། །གསུམ་པ་བཤད་པར་དམ་བཅའ་བ་ལ་གཉིས་ཏེ། བགྲང་བཤད་པར་དམ་བཅའ་བ་དངོས་དང་། དྲང་། དང་པོ་ཚགས་ཁྲིད་དམ། ཁོག་བསྡེབས་ནས་བཤད་ན། ཕྱག་འཚལ་ནས་ཅི་བྱེད་ན། བསྟན་པར་བྱ། གང་བསྟན་ན། རིན་ཆེན་བཅུད་ཐུགས། གང་གི་དོན་དུ་བསྟན་ན་སྐལ་ལྡན་ཕྱིར། འོ་ན་རང་བཟོ་མ་ཡིན་ནམ་ཞེ་ན་སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས། གསང་བའི་སྙིང་པོའི་རྒྱུད་དག་ལས། བལྡབ་པར་མི་འགྱུར་རམ་ཞེ་ན། །རྒྱུད་ནས་འཐོར་བ་རྣམས་བསྡུས་ཏེ། །འོ་ན་ལྷག་ཆད་ཅན་དུ་མ་སོང་ངམ་ཞེ་ན་ལེགས་པར་ཞེས་པ་ནི་ཁོག་བསྡེབས་བསྡུས་དོན་ལྟར་བཤད་པ་ཡིན་ལ། ཚིག་དོན་རྒྱས་བཤད་ནི། དེའང་འབྲུའི་འདུག་ས་བསྒྱུར། དོན་གྱི་གོ་རིམས་བསྡེབ་ན། སྣང་སྟོང་དབྱེར་མེད་ཀྱི་དོན་ཁོང་དུ་ཆུད་ཅིང་སྐྱེ་འཇིག་དང་བྲལ་བའི་ཕྱིར་རྡོ་རྗེ། དོན་དེ་ཉིད་ལ་འདའ་ཉམས་མེད་པའི་ཕྱིར་སེམས་ཞེས་བྱ་སྟེ། དེ་གདུལ་བྱའི་ངོ་ལ་ཁ་སྦྱོར་གྱི་ལོངས་སྐུ་ཆེན་པོར་ཤར་ནས། ཆོས་སྟོན་པ་དེས་སྒྱུ་སྣང་བཞིན་ངོ་བོ་མ་གྲུབ་པས་སྟོང་པའི་ཤེས་རབ་སྟེ། རྟགས་ལྷ་ཡུམ། འཕྲུལ་མེད་ལས་ཅིར་ཡང་ཤར་བ་སྣང་བ་ཐབས་ཏེ། རྟགས་ལྷ་ཡབ། དྲྭ་བ་དབྱེར་མེད་པ་འབྲེལ་པ་ཐབས་ཤེས་དབྱེར་མེད་དེ་རྟགས་ལྷ་ཡབ་ཡུམ་ཁ་སྦྱོར་དབྱེར་མེད། དེ་ལྟར་བཤད་པའི་བདེན་གསུམ་དབྱེར་མེད་དེ་ཉིད་སེམས་ཅན་ཀུན་ལ་སྟོར་བྲལ་མེད་པར་གནས་ཀྱང་གསང་བ་བཞིའི་དབང་གིས་ཆོད་ཅིང་ཟབ་ཅིང་རྟོགས་དཀའ་བས་དེ་ཉིད་ལ་ཆོས་ཐམས་ཅད་ཀྱི་བཅུད་འདུས་པས་སྙིང་པོ་གདུལ་བྱའི་ངོ་ལ་གཞི་ལམ་འབྲས་གསུམ་བྱུང་ཡང་གཞི་བདེན་གསུམ་དབྱེར་མེད་དེ་ཉིད་གཅིག་པུ་ལས་མིན་པས་གཞི་ལམ་འབྲས་གསུམ་རྒྱུན་མི་ཆད་ཅིང་རྒྱུད་གཅིག་པའི་མཚོན་བྱ་དོན་དེ་ཉིད། མཚོན་བྱེད་ཚིག་གི་རྒྱུད་ལེའུ་སྟོང་ཕྲག་བརྒྱ་པར་གསུངས་པ་དེ་དག་གི་ནང་ལས་བསྟན་ནས། དགོས་འདོད་ཐམས་ཅད་འབྱུང་བའི་ནོར་བུ་རིན་པོ་ཆེ་དང་འདྲ་བའི་དོན་གྱི་བཅུད་ཐུགས་ཀྱི་ཐིགས་པ་འདི་ཉིད། དངོས་འཁོར་དང་མ་འོངས་པའི་གང་ཟག་ཤེས་རབ་ཀྱི་མིག་དང་ལྡན་པ་མ་ཧཱའི་སྒོར་འཇུག་པའི་ལས་འཕྲོ་སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་བྱ་བའི་ཕྱིར། དོན་ལྷག་ཆད་མེད་པར་ལེགས་པར་རྒྱལ་བའི་བཀའ་དང་། བླ་མ་དམ་པའི་མན་ངག་དང་། རང་གི་ཉམས་མྱོང་གིས་རྟོགས་པའི་རིག་པ་ཚད་མ་གསུམ་དང་མི་འགལ་བར་བྱས་ནས། གང་ཟག་གཟུ་ལུམས་ཅན་དང་རྭ་ཆོད་ཅན་དགག་པའི་ཕྱིར། རྒྱུད་དཀྲུགས། ལུང་གཅུས། མན་ངག་གབ་པ་ལ། འདིར་རྒྱུད་དཀྲུགས་པ་བསྡེབས། ལུང་གཅུས་པ་བསྲངས། མན་ངག་གབ་པ་མངོན་དུ་ངོ་སྤྲད་ནས། ཚིག་རྒྱས་པར་བཤད་པ་རྣམས་དོན་ཕྱིན་ཅི་མ་ལོག་པར་མདོར་བསྡུས་ཏེ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། དཔེར་ན་སྐྱེས་བུ་ཡ་རབས་པ་རྣམས་ཀྱིས་བྱ་བ་ཅི་བྱེད་ཀྱང་དམ་བཅའ་ལས་མི་འདའ་བ་བཞིན་དུ། སློབ་དཔོན་སངས་རྒྱས་གསང་བས་ཀྱང་། ཐུགས་ཀྱི་དགོངས་པ་ཞལ་དུ་ཚིག་དོན་མ་འདྲེས་པར་སིངས་ཀྱི་ཕྱུང་སྟེ་བསྟན་བཅོས་འདི་ཉིད་གཞན་ལ་བསྟན་པར་བྱ། ཞེས་བརྩམས་པར་དམ་བཅའ་བའོ། །དེ་ལ་དམ་བཅའ་ཁེངས་སྐྱུང་དང་འབྲེལ་པ། དམ་བཅའ་དགོས་ཆེད་དང་འགྲེལ་པ། དམ་བཅའ་མདོར་བསྟན་དང་འབྲེལ་པ། དམ་བཅའ་བརྩམས་ཚུལ་དང་འབྲེལ་པ་རྣམས་སུ་ཡོད་པ་ལས། འདིར་མདོར་བསྟན་བརྩམ་ཚུལ་དགོས་ཆེད་གསུམ་དང་འབྲེལ་པར་ཤེས་པར་བྱའོ། །སྤྱིར་བསྟན་པ་ནི། དཔེར་ན་ཕྱིའི་རྒྱ་མཚོ་ཆེན་པོ་ལས་ནི་ཆུ་ཐིགས་པ་གཅིག་བླངས་པ་ལ་ཆུའི་མཚན་ཉིད་ཚང་བ་བཞིན་དུ། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པའི་རྒྱུད་སྡེ་རྒྱ་མཚོ་དང་འདྲ་བ་ཐུགས་ཀྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་གསང་བའི་སྙིང་པོའི་ནང་ནས་སློབ་དཔོན་སངས་རྒྱས་གསང་བས་ཉེར་ལེན་གྱི་ཤེས་རབ་ཀྱིས་རྒྱུད་དོན་དེ་ཉིད་ཀྱི་དོན་རྣམས་ལེགས་པར་བསྡུས་ནས་བསྟན་བཅོས་ཐུགས་ཐིགས་འདི་བརྩམས་པ་ལ་རྒྱུད་ཀྱི་དོན་འདུས་ཤིང་མ་ཚང་བ་མེད་དེ། དཔེར་ན་མི་འཇིགས་སེང་གེའི་ཕུང་པོ་ལ། གཅན་གཟན་གཞན་གྱིས་མི་ཚུགས་ཤིང་ཕར་ལ་ཟིལ་གྱིས་གནོན་ཞིང་གནོད་པ་དང་བྲལ་བ་ཇི་བཞིན་དུ། ཚིག་དོན་ལ་སྒྲོ་བསྐུར་ལུང་མ་བསྟན་གསུམ་དང་ཚད་མ་གསུམ་དང་འགལ་བའི་སྐྱོན་དང་བྲལ་ཅིང་། གཞན་གྱིས་དོགས་པ་གཟུགས་པའི་འཇིགས་པ་དང་བྲལ་ཅིང་ཕར་ལ་ཟིལ་གྱི་གནོན་པའོ། །དེ་ལྟ་བུའི་སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པའི་ཐུགས་ཀྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་གསང་བའི་སྙིང་པོའི་དོན་བཅུད་ཐུགས་ཐིགས་འདི་ལ་དབྱེ་ན་འོག་ནས་བཤད་པའི་གསུམ་པོ་ཡིན་ཏེ། གསུམ་གང་ཞེ་ན། གཞི་རང་བཞིན་གྱི་སྣང་བ། འབྲས་བུ་བདེ་བར་གཤེགས་པའི་སྣང་བ། གདུལ་བྱའི་ལམ་གྱི་སྣང་བ་དང་གསུམ་གྱི་ངོ་བོ་ལ་བརྟེན་ནས་མཚོན་བྱེད་ཚིག་གི་རྒྱུད་གཞི་ལམ་འབྲས་གསུམ་གྱི་དབྱེ་བ་རྒྱས་པར་ལུས་རྣམ་པར་བཞག་ནས་བཤད་ནའང་། གཞི་དང་ལམ་གཉིས་ཤེས་བྱ་ཤེས་བྱེད་དུ་འབྲེལ། ལམ་དང་འབྲས་བུ་གཉིས་ཐོབ་བྱ་འཐོབ་བྱེད་དུ་འབྲེལ། གཞི་འབྲས་གཉིས་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་པའི་ཕྱིར། དོན་ལ་གཞི་ལམ་འབྲས་གསུམ་ངོ་བོ་གཅིག་པའོ། །འོ་ན་གཅིག་ན་གསུམ་བྱུང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན་གཞི་བདེན་གསུམ་དབྱེར་མེད་ཀྱི་ངོ་བོར་གཅིག་པ་ཡིན་པ་ལ་སྣང་བ་གསུམ་གྱི་ངོ་བོ་ཐ་དད་དུ་བྱུང་བ་དེ་ལ་རྐྱེན་གང་གིས་བྱས་ན་རང་ངོ་མ་ཤེས་ཤིང་བློ་འཁྲུལ་པའི་ཡུལ་སྣང་བས་སོ་སོར་འཛིན་པས་བག་ཆགས་དེ་ཉིད་ལས་གྲོལ་བར་བྱེད་པ་ལ་གནས་པའི་ཆ་ནས་གཞི། རྟོགས་པའི་ཆ་ནས་ལམ་མཐར་ཕྱིན་པའི་ཆ་ནས་འབྲས་བུ་དང་གསུམ་དུ་སྣང་བར་འགྱུར་རོ། །གོང་དུ་བཤད་པའི་སྣང་བ་གསུམ་པོ་དེ་དག་འཁྲུལ་བ་སྣང་བའི་རྐྱེན་གྱིས་ཕྱེ་བ་ཡིན་པས་གཏན་ཚིགས་དེ་བས་ན། གནས་པའི་ཆ་ནས་གཞི། ངོ་མ་ཤེས་པའི་ཆ་ནས་འཁྲུལ་པ། དེ་ལ་གྲོལ་བར་བྱེད་པའི་ཆ་ནས་ལམ་མཐར་ཕྱིན་པའི་ཆ་ནས་འབྲས་བུའི་སྣང་བ་དང་བཞི་དག་ཏུ་དབྱེ་ནས་བཤད་པ་ནི། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པའི་རྒྱུད་ལུང་རྣམས་དང་། མཁས་གྲུབ་གོང་མ་རྣམས་ཀྱིས་རིགས་པའི་མན་ངག་གི་བསྟན་བཅོས་ཀུན་ལ་གསལ་བར་བཤད་དོ། །གཞུང་རྒྱས་པར་བཤད་པ་ལ་གཉིས་ཏེ། བགྲང་། དང་པོ་སྣང་བ་བཞིར་མདོར་བསྟན་པ་དང་། དྲང་། དེ་ལྟར་རྒྱུད་དང་མན་ངག་ལ་སྣང་བ་བཞིའི་ཡན་ལག་ཏུ་ཕྱེ་ནས་བཤད་ནའང་། དོན་ལ་དབྱེར་མེད་པས་ན་རྡོ་རྗེ་ཐེག་པ་ཞེས་བྱའོ། །དེ་གདུལ་བྱའི་ངོ་ལ་བྱེད་ལས་སམ་དགོས་ཆེད་མ་འདྲེས་པའི་སྒོ་ནས་སྣང་བ་རྣམ་པ་བཞི་པོའི་དོན་རྒྱས་པར་དབྱེ་ནས་བཤད་ན་འདི་ལྟ་སྟེ། དེ་ལ་སྣང་བ་བཞི། རྒྱུད་གསུམ་སྤྱིའི་གོ་དོན་བརྒལ་ལན་དང་བཅས་པ་བསྟན་པ་ལ་གཉིས་ཏེ། གོ་དོན་བཞག་པ་དང་། བརྒལ་ལན་གྱི་སྒོ་ནས་མཐའ་ཡོངས་སུ་ཆོད་པར་བྱ་བའོ། །གོ་དོན་ནི་གཞི་རང་བཞིན་གྱི་སྣང་བའི་རྒྱུད་ཅེས་བྱ་བ་སྟེ། གཞི་ནི། ཆོས་ཐམས་ཅད་ཀྱི་ཡེ་ནས་འབྱུང་གཞི། རང་བཞིན་བཅོས་སླད་དང་བྲལ་བ། སྣང་བ་ནི་རང་རིག་པའི་རྩལ་མ་འགགས་པར་སྣང་བའོ། །དེ་ཀ་ལ་སྐབས་ཀྱིས་རྒྱུད་ཅེས་བྱ་སྟེ། གང་ཞིག་དགོས་པ་ཚང་ཞིང་འབྲེལ་པ་དང་ལྡན་པས་ན་རྒྱུད་དོ། །དེ་ཅི་ལྟར་ཞེ་ན། གཞི་ལ་ཤེས་བྱ་ཡེ་ལྡན་གྱི་དགོས་པ་ཚང་ཞིང་། གཞི་དང་ལམ་གཉིས་ཤེས་བྱ་དང་ཤེས་བྱེད་དུ་འབྲེལ། གཞི་དང་འབྲས་བུ་གཉིས་ངོ་བོ་བདག་ཉིད་གཅིག་པར་འབྲེལ་ལོ། །གདུལ་བྱ་ལམ་གྱི་སྣང་བའི་རྒྱུད་ནི། ཐུན་མོང་དང་མཆོག་གི་སེམས་ལྔ་རྒྱུད་ལ་སྐྱེས་པའམ་སྐྱེ་རུ་རུང་བ་ཞིག་ལ་གདུལ་བྱ། འཇུག་ཅིང་བགྲོད་པར་བྱེད་པ་ཞིག་ལ་ལམ། བསྟན་པ་བློ་དང་འཚམ་པར་སྣང་བ་ཞིག་ལ་སྣང་བའོ། །དེ་ཀ་ལ་སྐབས་ཀྱིས་རྒྱུད་ཅེས་ཀྱང་འདོགས། ལམ་ལ་བགྲོད་པ་ཡོན་ཏན་གྱི་དགོས་པ་ཚང་ཞིང་། ལམ་དང་གཞི་གཉིས་ཤེས་བྱ་དང་ཤེས་བྱེད་དུ་འབྲེལ། ལམ་དང་འབྲས་བུ་གཉིས་ཐོབ་བྱ་དང་ཐོབ་བྱེད་དུ་འབྲེལ། འབྲས་བུ་བདེ་བར་གཤེགས་པའི་སྣང་བ་ལ། གང་ཞིག་སྨིན་པ་ཞིག་འབྲས་བུ། ནར་སོན་པས་ན་བདེ་བར་གཤེགས་པ། རྟོགས་པའི་རིག་པ་སྐུ་དང་ཡེ་ཤེས་སུ་རང་སྣང་བའོ། །དེ་ཀ་ལ་སྐབས་ཀྱིས་རྒྱུད་ཅེས་ཀྱང་འདོགས་ཏེ། འབྲས་བུ་ལ་ཐོབ་བྱ་ཡེ་ལྡན་གྱིས་དགོས་པ་ཚང་ཞིང་འབྲས་བུ་དང་གཞི་གཉིས་བདག་ཉིད་གཅིག་པུར་འབྲེལ། འབྲས་བུ་དང་ལམ་གཉིས་འཐོབ་བྱ་དང་ཐོབ་བྱེད་དུ་འབྲེལ་པས་ན་རྒྱུད་དོ། །ལོག་རྟོག་འཁྲུལ་པའི་སྣང་བ་ནི། ཡུལ་ཡུལ་ཅན་གཉིས་མེད་ལས་ལོག་ཅིང་གཉིས་སུ་ཞེན་པས་ན་ལོག་རྟོག །དེ་མ་ཡིན་ལ་དེར་བཟུང་བས་ན་འཁྲུལ་པ། ལས་དང་ལོག་རྟོག་གིས་བློ་ངོར་སྣང་བའོ། །དེ་ལ་འབྲེལ་པ་དང་དགོས་པ་མེད་པས་འཁྲུལ་པའི་སྣང་བ་ནི་སྣང་བ་ཡིན་ཀྱང་རྒྱུད་མ་ཡིན་ནོ། །གཉིས་པ་བརྒལ་ལན་ནི། རང་རིག་པ་ཐམས་ཅད་དུ་རྩལ་མ་འགགས་པར་སྣང་བ་ཞིག་གཞི་རང་བཞིན་གྱི་སྣང་བ་ཡིན་ན། རྟོགས་ནས་སྣང་ངམ། མ་རྟོགས་ནས་སྣང་། དང་པོ་ལྟར་ན་གཞི་རང་བཞིན་གྱི་སྣང་བ་མ་ཡིན་པར་ཐལ། རྟོགས་ནས་སྣང་དགོས་པའི་ཕྱིར་རོ། །གཉིས་པ་ལྟར་ན། སེམས་ཅན་ཐམས་ཅད་རང་གྲོལ་དུ་ཐལ། མ་རྟོགས་པའི་དུས་ན་རིག་རྩལ་འགག་མེད་དུ་ཤར་བའི་ཕྱིར་རོ་ཞེ་ན་རིག་རྩལ་འགག་མེད་དུ་ཤར་བ་གཞི་རང་བཞིན་གྱི་སྣང་བ་ཡིན་ཀྱང་མ་རྟོགས་སེམས་ཅན་གྱི་དུས་སུ་འཁྲུལ་སྣང་སྣ་ཚོགས་སུ་ཤར་ལ་རྟོགས་པའི་དུས་སུ་ཡེ་ཤེས་སུ་ཤར་བས་མི་འགལ། བསྟན་པ་བློ་དང་འཚམ་པར་སྣང་བ་ཞིག་གདུལ་བྱ་ལམ་སྣང་ཡིན་ན། དེ་ཉམས་སུ་བླངས་པས་གསང་སྔགས་ཀྱི་འབྲས་བུ་ཐོབ་བམ་མི་ཐོབ། མི་ཐོབ་ན་ལམ་ཉམས་སུ་བླངས་པ་དོན་མེད་དུ་ཐལ། འདོད་ན་ལེའུ་བཅུ་གསུམ་པ་ལས། ཐོས་བསམ་སྒོམ་པའི་རྣལ་འབྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། ། ཅེས་གསུངས་པས་གསལ་ལོ། །ཐོབ་ན་མུ་སྟེགས་རྟག་ཆད་ཀྱིས་ཀྱང་ཐོབ་པར་ཐལ། འདོད་ན་ལམ་རིམ་ལས། རྟག་ཆད་གཉིས་སུ་གང་གི་བློ་ཞེན་པ། །དོན་གྱི་སྙིང་པོ་ཉིད་ལ་གོལ་བར་གསུངས། །ཞེས་པས་གསལ་ལོ་ཞེ་ན། བསྟན་པ་བློ་དང་འཚམ་པར་སྣང་བ་ཞིག་ལམ་སྣང་ཡིན་ལ། དེ་ཉམས་སུ་བླངས་པས་གསང་སྔགས་ཀྱི་འབྲས་བུ་དངོས་སུ་ཐོབ། ལ་ལས་བརྒྱུད་ནས་འཐོབ་པར་བྱེད་པས་སྐྱོན་ལས་གྲོལ་ལོ། རྟོགས་པའི་རིག་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཞིག་འབྲས་བུ་བདེ་བར་གཤེགས་པའི་སྣང་བ་ཡིན་ན། མཐར་ལམ་ལྷུན་གྲུབ་རིག་འཛིན་ཆོས་ཅན་མཐར་ཐུག་གི་འབྲས་བུ་ཡིན་པར་ཐལ། ལམ་རིམ་ལས། ཡི་གེ་འཁོར་ལོ་མངོན་གཟིགས་ནས། །ཞེས་གསུངས་པའི་ཕྱིར་རོ། །འདོད་ན་ལམ་པ་ཡིན་པས་གསལ་ལོ་ཞེ་ན། ལྷུན་གྲུབ་རིག་འཛིན་བག་ལ་ཉལ་གྱི་དྲི་མ་ཡོད་ཅིང་རྟོགས་པའི་རིག་པ་མཐར་ཐུག་པ་གཅིག་སྐུ་དང་ཡེ་ཤེས་སུ་སྣང་བ་དེ་འབྲས་བུའི་སྣང་བ་ཡིན་ནོ། །བྱས་པས་སྐྱོན་ལས་གྲོལ་ལོ། །གཉིས་མེད་ལས་བཟློག་ཅིང་གཉིས་སུ་སྣང་བ་འཁྲུལ་པའི་སྣང་བ་ཡིན་ན། འགྲོ་ལ་ཤེས་རྒྱུད་གཉིས་འཆང་དུ་ཐལ་འདོད་ན་འཕྲུལ་གྱི་མེ་ལོང་ལས། འགྲོ་ལ་ཤེས་རྒྱུད་གཉིས་མི་འཆང་། །ཞེས་གསུངས་པས་གསལ་ལོ་ཞེ་ན། ལས་དང་ལོག་རྟོག་གིས་གློ་བུར་དུ་སྣང་བ་ཞིག་འཁྲུལ་སྣང་ཡིན་ཀྱང་། འཁྲུལ་པར་སྣང་དུས་གཞི་ལས་མ་གཡོས་ཀྱང་། །འཁྲུལ་པར་སྣང་བའི་སྣང་བ་དེ་ཉིད་ཤེས་བྱའི་གཤིས་ལ་མ་གྲུབ་པའི་ཕྱིར་འགྲོ་ལ་ཤེས་རྒྱུད་གཉིས་འཆང་དུ་མི་འགྱུར་རོ། །བྱས་པས་སྐྱོན་ལས་གྲོལ་ལོ། །ཡང་སྣང་བ་བཞི་གཅིག་གམ་ཐ་དད་ཅེ་ན། སྣང་བ་བཞི་པོ་བདེ་བར་གཤེགས་པའི་སྙིང་པོ་ལས་མ་གཡོས་པས་གཅིག་ལ་རང་ལྡོག་ནི། གཞི་ནི་མ་རྟོགས་ལ་མ་འཁྲུལ་པ་ཡིན། འཁྲུལ་པ་ནི་མ་རྟོགས་ལ་འཁྲུལ་པ་ཡིན། ལམ་པ་ནི་རྟོགས་བཞིན་འཁྲུལ་པ་ཡིན། འབྲས་བུ་ནི་རྟོགས་ལ་མ་འཁྲུལ་པ་ཡིན་པས། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་སྣང་བ་བཞིར་གྲངས་ངེས་ཏེ། ལྔ་ན་ལྷག །གསུམ་ན་མི་ཆོག །གོ་རིམ་ཡང་གོང་དུ་བཤད་པ་བཞིན་ངེས་པ་ཡིན་ནོ། །གཉིས་པ་སྣང་བ་བཞི་བྱེ་བྲག་ཏུ་ཕྱེ་སྟེ་རྒྱས་པར་བཤད་པ་ལ་བཞི་སྟེ། གཞི་རང་བཞིན་གྱི་སྣང་བ་དང་། ལོག་རྟོགས་འཁྲུལ་པའི་སྣང་བ་དང་། གདུལ་བྱ་ལམ་གྱི་སྣང་བ་དང་། འབྲས་བུ་བདེ་བར་གཤེགས་པའི་སྣང་བའོ། །དང་པོ་ལ་གཉིས་ཏེ། གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་བཞི་སྟེ། གཞིའི་ངོ་བོ་ངོས་བཟུང་དེ་ཉིད་འཁོར་འདས་ལྷུན་གྲུབ་ཏུ་བསྟན་པའི་དཔེ་དོན་དང་། གཞི་དེ་ལ་འཁོར་འདས་སྣང་ཚུལ་དང་། གཞི་དེའི་དོན་རྟོགས་པར་བྱ་བའི་ཕྱིར་འཁྲུལ་པ་དང་མ་ནོར་བའི་མཚན་ཉིད་དང་། སྣང་བ་དང་རྒྱུད་ཀྱི་ངེས་ཚིག་གོ། །དང་པོ་གཞིའི་ངོ་བོ་ལ་འཁོར་འདས་ལྷུན་གྲུབ་ཏུ་བསྟན་པ་ནི། དེ་ལས་ནང་ཚིགས་སུ་བཅད་ན་བཞི་སྟེ། དགོངས་འདུས་ལས། གང་དུ་དགོས་པ་གང་ངེས་དང་། ངོ་བོ་དམིགས་དང་བཅས་པའོ། །ཞེས་གསུངས་པས། གཞིའི་དགོས་ཆེད། ངེས་ཚིག །ངོ་བོ་དང་། རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་བཟུང་བའོ། །དང་པོ་དགོས་ཆེད་ནི། གཞི་ཆོས་ཉིད་ཡེ་གདོད་མ་ནས་སངས་རྒྱས་སུ་ཡོད་པས་ལྷན་ཅིག་པ་དང་གོ་ཕྱེ་བའི་འཁོར་གྱིས་ཆོས་ཉིད་ཤེས་སུ་བཏུབ། རྟོགས་སུ་བཏུབ་པའི་དགོས་ཆེད་ཡོད་དེ། ཡུངས་ཀར་ལ་མར་ནག་ལྷུན་གྲུབ་ཏུ་ཡོད་པས་བརྡེག་བརྩོག་བྱས་ན་མར་འབྱུང་བ་ལྟ་བུའོ། །གཉིས་པ་ངེས་ཚིག་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་སམ་གཞི་ཡིན་པའི་ཕྱིར་ན་གཞི་ཞེས་བྱའོ། །གསུམ་པ་ངོ་བོ་ནི། ཆོས་ཐམས་ཅད་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་ཡེ་ནས་གནས་པའོ། །དེ་ཡང་སྒྱུ་འཕྲུལ་རྒྱས་པའི་དོན་ལྔ་པ་ལས། ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་སྟེ། །ཞེས་པ་དང་། དོན་གསུམ་པ་ལས། རྣམ་རྟོག་ཀུན་གཞི་མ་ཡིན་ལ། །རང་བཞིན་མེད་པ་དོན་གྱི་གཞི། །ཞེས་པ་དང་། སྣང་དང་མི་སྣང་གཉིས་ཀ་མིན། །ཡོད་མེད་གཉིས་ཀ་དབྱེར་མེད་དོ། །ཞེས་པ་དང་། འདུས་མ་བྱས་ཉིད་འདུས་བྱས་སྣང་། །འདུས་བྱས་སྣང་བ་རྡོ་རྗེ་ཉིད། །ཅེས་དང་། ཉེར་བདུན་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཞག །ཅེས་པ་ནི་ལུང་དུ་མ་ནས་གསལ་ལོ། །བཞི་པ་དོན་གྱི་དམིགས་བཟུང་བ་ལ་དོན་དམ་དབྱེར་མེད་གསུམ་རང་ལ་གནས་ཚུལ་ནི། དྲང་། སྣང་བ་བཞིའི་ཐོག་མར་གཞི་རང་བཞིན་གྱི་སྣང་བ་བསྟན་པའི་དོན་བཤད་ན། བྱང་བ་སྟོང་པའི་རང་བཞིན་སྐྱེ་མེད་དོན་དམ་དང་། ཆུབ་བ་སྣང་བའི་རང་བཞིན་སྒྱུ་མ་ཀུན་རྫོབ། སེམས་གཉིས་སུ་མེད་པའི་རིག་པ་སྟེ་བདེན་གསུམ་དབྱེར་ཀྱི་དོན་དེ་ཉིད་ཀྱིས་རྒྱུད་དྲག་ལས་ཀྱིས་འགྲོ་བ་མང་པོའི་སྟེ་ཀུན་གྱི་སེམས་རྒྱུད་ལ་ངོ་བོ་ཉིད་དམ་རང་ཆས་ཀྱི་ལྡན་ནས་ཡོད་ཀྱང་རང་ངོ་མ་ཤེས་པས་ཡུལ་ཡུལ་ཅན་ཕྱིན་ཅི་ལོག་ཏུ་རྟོགས་ཤིང་འཁྲུལ་པའི་ངོ་བོར་ཤར་ལ་དེར་ཤར་བའི་རྒྱུ་ནི་བརྒྱུད་རྒྱུ་བདེ་གཤེགས་སྙིང་པོ་བདེན་གསུམ་གྱི་དོན་དེ་ཉིད་ཀུན་གྱི་གཞིར་གནས་ཀྱང་མཚུངས་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པས་ངོ་མ་ཤེས་ལྷན་ཅིག་བྱེད་པའི་རྒྱུ་ཀུན་ཏུ་བརྟགས་པས་མ་རིག་པས་འགྲོ་བ་རིགས་དྲུག་དང་ལྷན་ཅིག་ཏུ་བྱེད་པའི་རྒྱུ་བྱས། ཉེར་ལེན་ནམ་འཕེན་པའི་རྒྱུ་བག་ཆགས་མཐུ་ཅན་དེས་འཕེན་པའི་རྒྱུ་བྱས། སྤྱིའི་རྒྱུ་ནི་བདག་ཏུ་རྟོགས་པ་ཡིན་ཏེ་དེ་ལས་ཐམས་ཅད་བྱུང་བའོ། །རྐྱེན་ལ་གཉིས་ཏེ། ལས་དང་ཉོན་མོངས་པའོ། །ལས་ལ་གསུམ་སྟེ། དགེ་བའི་ལས་དགེ་བཅུས་མཐོ་རིས་གནས་བཅུ། སྡིག་པ་མི་དགེ་བ་བཅུའི་ལས་ཀྱིས་ངན་སོང་གནས་བཅུ། མི་གཡོ་བའི་ལས་ཀྱིས་ཁམས་གོང་མ་གཉིས་སུ་སྐྱེ་བའི་རྐྱེན་བྱེད་ཅིང་། ཉོན་མོངས་པ་ལྔ་ལས། ཞེ་སྡང་གི་རྐྱེན་གྱིས་དམྱལ་བར་སྐྱེ། སེར་སྣས་ཡི་དྭགས། གཏི་མུག་གིས་དུད་འགྲོ། འདོད་ཆགས་ཀྱིས་མི། ཕྲག་དོག་གིས་ལྷ་མ་ཡིན། ང་རྒྱལ་གྱིས་ལྷར་སྐྱེ་བའི་རྐྱེན་བྱེད་པའོ། །འདོད་ཆགས་ང་རྒྱལ་ཕྲག་དོག་རང་ཁམས་མཐོ་རིས་གནས་གསུམ་དུ་སྐྱེ་བ་མ་ཡིན། དགེ་བཅུ་བསགས་ཀྱང་གོང་གི་དུག་གསུམ་གྱིས་འཕགས་པ་ལ་དགོངས་པའོ། །དེ་ལྟར་འཁྲུལ་པའི་རྒྱུ་རྐྱེན་གཉིས་ཀྱི་སྒོ་ནས་གོང་དུ་བཤད་པ་བཞིན་དུ་འཁོར་འདས་ཐ་དད་དུ་ཤར་ཏེ་ཤར་བའི་དུས་དེ་ཉིད་ནའང་དཔེར་ན་གསེར་ལས་བྱས་པའི་གཟུགས་འགྲོས་ཀྱི་རྣམ་པ་ཇི་ལྟར་སྣང་ཡང་ངོ་བོ་གསེར་ལ་གཅིག་པ་བཞིན་དུ། གཞིའི་གནས་ལུགས་དེ་ལས་མ་བཅོས་པས་ན་རང་བྱུང་སྒྲིབ་གཡོག་དང་བྲལ་བའི་ཡེ་ཤེས་དེའི་ངོ་བོ་ལ་འཁོར་འདས་ཀྱི་སྣང་ཚུལ་ཅི་ལྟར་བྱུང་ཡང་ཐ་དད་མེད་དེ་གཅིག་པའོ། །འོ་ན་ཅིའི་ཕྱིར་གཅིག་ན་རང་བྱུང་ཡེ་ཤེས་དེ་ཡང་འཆིང་བ་འཁོར་བ་དང་གྲོལ་བ་མྱ་ངན་ལས་འདས་པ་གཉིས་ཀའི་བདག་པོ་ཡིན་ཏེ། ཅིའི་ཕྱིར་ན། སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་ཀྱི་རྩལ་འགག་མེད་དུ་ཤར་བ་ལ་དེ་ངོ་མ་ཤེས་པས་འཁྲུལ་པ། ངོ་ཤེས་པ་ལ་འདས་པ་འབྱུང་ངོ་། །དེ་ལྟར་འཁོར་འདས་གཉིས་ཀྱི་གཞི་གཅིག་པས། ལམ་རྣལ་འབྱོར་པས་གཞི་དོན་དེ་ཉིད་ལྟ་བས་གཏན་ལ་ཕེབ་པའི་ཚེ་ན། དཔེར་ན་མེ་ལོང་གྲུབ་པ་དང་ནི་གཡའ་འགྲུབ་པ་དུས་གཅིག་པས་མེ་ལོང་དང་གཡའ་ལ་སྤང་བླང་མེད་པ་བཞིན་དུ། ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། ལྷན་སྐྱེས་ཡེ་ཤེས་གཉིས་གཞི་གཅིག་ཅིང་རིག་མ་རིག་ཙམ་ལས་མིན་པ་ཕན་ཚུན་མི་མཐུན་པ་ལྟར་བྱས་ནས་མ་རིག་པ་སྤངས་པ་ལ་རིག་པ་ཡེ་ཤེས་སྐྱེས་པ་མེད་དེ་མ་རིག་པ་དེ་ཉིད་རིག་པ་ཡེ་ཤེས་སུ་ཤར་བ་ཡིན་པ་ལ། གསང་སྔགས་འབྲས་བུའི་ཐེག་པའི་དོན་ལ་བློ་ཤེད་མ་བྱེ་བའི་བྱིས་པ་རྒྱུ་མཚན་ཉིད་ཐེག་པ་བས་མ་རིག་པ་འདི་ཉིད་འཁོར་བའི་གཞི་ཡིན་པ་དང་རྣམ་བྱང་མྱ་ངན་ལས་འདས་པའི་ལས་དཀར་པོའི་བག་ཆགས་སོགས་གཞི་བྱེད་ཅིང་སད་པའི་རྟེན་ཙམ་བྱས་ལ། མ་རིག་པ་སྤངས་ནས་དག་པའི་ངོ་བོ་ལ་རིག་པའི་ཡེ་ཤེས་རྟོགས་པ་ཡིན་ཏེ། སྤང་གཉེན་གཉིས་མི་གཅིག་སྟེ་དཔེར་ན་མེ་ཆུ་གཉིས་མི་གཅིག་པ་བཞིན་ནོ། །ཞེས་སྨྲ་ནའང་དེ་ལྟར་མ་ཡིན་ཏེ། གནས་ལུགས་ཀྱི་དོན་ལ་མཁས་པས་འབྲས་བུའི་ཐེག་པ་བས་གཞི་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་ལ་འཁོར་འདས་ལྷུན་གྲུབ་ཏུ་གནས་ཏེ། གནས་པའི་རྒྱུ་མཚན་ནི་སེམས་ཉིད་འདི་ཉིད་སངས་རྒྱས་ཀྱི་དགོངས་པ་ཡིན་ཏེ། དེ་ལྟར་སྨྲ་དུས་སྨྲ་བ་ལས་འདས་པ་བསམ་པའི་བློ་དེ་ཉིད་ཆོས་ཉིད་བསམ་བློ་ལས་འདས་པའི་ཡིན་ནོ། །འོ་ན་སེམས་ཅན་འདི་ཉིད་སངས་རྒྱས་མིན་ན་སེམས་ཅན་ལས་སངས་རྒྱས་ལོགས་སུ་ཚོལ་དགོས་ན་སོལ་བ་ལ་དུང་མི་འབྱུང་བ་བཞིན་དུ། སེམས་ཅན་ལ་སངས་རྒྱས་མི་སྲིད་དེ་གཞི་ཐ་དད་པའི་ཕྱིར་རོ། །འོ་ན་སེམས་ཅན་སངས་རྒྱས་ཡིན་ན་དུང་ལས་སོལ་བ་མི་འབྱུང་བ་བཞིན་དུ་སེམས་ཅན་མི་སྲིད་དེ་སངས་རྒྱས་པའི་ཕྱིར་རོ། །དེ་བས་ན་ཁོ་བོའི་བླ་མས་ནི། སེམས་ཅན་སངས་རྒྱས་ཡིན་པར་ཡང་གོ་དགོས། མིན་པར་ཡང་གོ་དགོས་གསུངས་པས། དེའི་དོན་རིག་མ་རིག་གོང་དུ་བཤད་པ་བཞིན་ཁོང་དུ་ཆུད་པ་གལ་ཆེའོ། །དེ་ལ་འཁོར་འདས་སྣང་ཚུལ་ལ་བཞི་སྟེ། བགྲང་། སེམས་རིགས་རྒྱུད་མེད་པ་ལས་འཁོར་འདས་སུ་སྣང་ཞིང་ངོ་བོ་ལྷུན་གྲུབ་ཏུ་བསྟན་པ་དང་། དྲང་། འབྲས་བུ་སངས་རྒྱས་པའི་དུས་སུ་ཡང་ད་ལྟའི་ལུས་འདི་སྐུ། ངག་འདི་གསུང་། ཡིད་ཐུགས་རང་ཡིན་ཏེ། དེ་ཡིན་པའི་དོན་ནི་འདི་སྐད་དུ་གསང་བའི་སྙིང་པོ་སྒྱུ་འཕྲུལ་བརྒྱད་ཅུ་པའི་རྒྱུད་ཉིད་ལས་གསུངས་ཏེ། བདེ་བར་གཤེགས་པའི་སྐུ་སྣང་བཞིན་ངོ་བོ་མ་གྲུབ་པས་ཡེ་ཤེས་སྒྱུ་མར་གཟུགས་སྐུ་རྣམ་གཉིས་སུ་ཤར་ནས་གདུལ་བྱའི་ངོ་ལ་སྣང་བ་དང་། མ་རིག་འཁྲུལ་སྣང་གི་ངོ་བོར་འགྲོ་དྲུག་གི་ལུས་སྣང་བཞིན་ངོ་བོ་མ་གྲུབ་པས་ལོག་རྟོག་སྒྱུ་མར་སྣ་ཚོགས་སུ་ཤར་ནས་སྣང་བ་གཉིས་ངོ་བོ་གཅིག་པས་སོ། །འོ་ན་ཅིའི་ཕྱིར་གཅིག་ན། རིག་པ་འདི་ཉིད་ཀྱི་རྩལ་འགག་མེད་དུ་ཤར་བ་ལ་རིག་མ་རིག་གི་དབང་གིས་སངས་རྒྱས་ཀྱི་སྐུ་དང་སེམས་ཅན་གྱི་ལུས་སུ་སྣང་བ་མ་གཏོགས་པ། ཡེ་གདོད་མ་ནས་སངས་རྒྱས་དང་སེམས་ཅན་གྱི་རིགས་ཐ་དད་དང་དག་མ་དག་གི་རྒྱུད་ཐ་དད་དུ་སོ་སོར་བརྟག་ཏུ་མེད་དེ། ཅིའི་ཕྱིར་ན་འཁྲུལ་པའི་གཞི་རྩ་མ་རིག་པ་ཡིན་ལ་དེ་ལ་བརྟགས་ན་དང་པོ་བསྐྱེད་པའི་གཞི་མེད་བར་དུ་བརྟན་པའི་རྩ་བ་མེད་དེ་ངོས་བཟུང་དང་བྲལ་ཞིང་རང་བཞིན་གྱིས་སྟོང་པའི་ཕྱིར། སྟོང་པའི་རྒྱུ་མཚན་ནི། སེམས་ཉིད་ལ་ཕོ་མོ་མ་ནིང་གི་རིགས་དང་ཁ་དོག་དཀར་སེར་དམར་ལྗང་དབྱིབས་ཟླུམ་པོ་གྲུ་བཞི་ཟླ་གམ་གྲུ་གསུམ་ལ་སོགས་པ་གང་ཡང་མེད་པས་སྟོང་པ་དེ་ཉིད་ལས་མ་གཡོས་བཞིན་དུ་ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་ལ་སོགས་པའི་ཤེས་བྱ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མ་འགགས་པར་རང་ཤར་ནས་སྣང་བས་ན་ཐམས་ཅད་ལྷུན་གྱིས་གྲུབ་པའོ། །ཡང་ཞེས་པ་སྙེག་པའི་ཚིག་ཡིན་ཏེ། གོང་དུ་བརྒྱད་ཅུ་པའི་ལུང་ཐལ་ནས། འདིར་གསང་སྙིང་གི་ལུང་དྲངས་པ་ན་ཡང་ནི་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་ལས། འཁོར་བའི་དུས་སུ་བདག་འཛིན་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་གཤིས་ལ་མ་གྲུབ་པས་བཅིངས་པ་མེད་པའི་ཕྱིར། འདས་པའི་དུས་སུ་རྣམ་པར་གྲོལ་བ་པོ་ཡང་མེད་པ་ཡེ་གདོད་མ་ནས་རང་གི་རིག་པ་འདི་ཉིད་ལ་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་རྫོགས་ཤིང་གསལ་བ་ནི། སངས་རྒྱས་ཀྱིས་ཐུགས་སུ་ཆུད་པའི་ཆོས་ཀྱང་དེ་ཉིད་ཡིན་ཅེས་རྒྱུད་ལས་གསུངས་པས་གཞི་རང་བཞིན་རྒྱུད་ཤེས་བྱ་གཤིས་ཀྱི་གནས་ལུགས་དེ་ཉིད་ཀྱི་ངོ་བོ་ལ་ནི་མ་རིག་པ་དང་རིག་པ་ཡེ་ཤེས་ལ་ཐ་དད་དུ་འཛིན་དུ་མེད་དེ། །དཔེར་ན་ནམ་མཁའ་དྭངས་བ་དེ་ཉིད་ལ་སྤྲིན་གྱི་གནས་བཅས་ཀྱང་བྱུང་ཡང་ནམ་མཁའ་རང་ལས་བྱུང་། ཞི་ཡང་ནམ་མཁའ་རང་ལ་ཞི་བ་བཞིན་དུ། སེམས་རང་བཞིན་མེད་པ་དེ་ཉིད་ལ་མ་རིག་འཁྲུལ་སྣང་སྣ་ཚོགས་འབྱུང་ཞིང་དག་ཀྱང་རང་དག་ཏུ་འགྱུར་ཞིང་ལོགས་སུ་སོང་བ་མེད་དོ། །ཐ་དད་ལྷུན་གྲུབ་ཏུ་གཅིག་པའི་སེམས་ཉིད་དེ་ཉིད་མཐའ་ཐུག་མེད་དུ་དཔེ་དོན་གྱིས་ཅིར་ཡང་སྣང་དུ་རུང་བ་དང་། དྲང་། དང་རིག་ཅན་གྱི་འགྲོ་ཞེས་པ་དང་། འགྲོ་ཞེས་པའི་འབྲུ་གནུར་ལ་རས་ལ་སོགས་པའི་དཔེ་བཞག་འགའ་ཞིག་སྣང་ཡང་འདིར། དཔེར་ན་ཤེལ་དྭངས་བའི་རིགས་ཅན་དེ་ལ་ཁ་དོག་དཀར་སེར་དམར་ལྗང་ཀུན་གྱི་རྐྱེན་གང་དང་འཕྲད་པའི་ཁ་དོག་བཞིན་དུ་འགྱུར་ནས་འགྲོ་ཡང་ངོ་བོ་ཤེས་ལས་འགྱུར་བ་མེད་པ་ལྟར། རྣམ་རྟོག་གཟུང་འཛིན་གྱི་སེམས་བདེ་སྡུག་བར་པ་ལ་སོགས་མི་མཐུན་པ་དུ་མ་ཤར་ཀྱང་། སེམས་ཉིད་དུ་ངོ་བོ་གཅིག་ཡིན་པ་ལ་རྐྱེན་གྱིས་བསྐྱུར་བས་རང་གི་སེམས་ཉིད་གཅིག་པུ་དེ་མཐའ་ཐུགས་མེད་པར་ཀུན་ལས་ཤར་ཏེ། ཅིར་ཡང་འཆར་དུ་རུང་བའི་དཔེ་དོན་དངོས་དང་། དྲང་། དཔེར་ན་ཨར་སྟེ་འཕགས་པ་རྡོ་རྗེ་སེམས་དཔའ་དེ་ཉིད་ནོར་ལྷ་ཛཾ་བྷ་ལའི་སྐུར་སྣང་ནས། ཕྱག་གཡོན་པས་ནེའུ་ལེའི་རྒྱལ་པ་རིན་པོ་ཆེས་གང་བ་ལས་རིན་ཆེན་གྱི་ཆར་ཕྱོགས་ཀུན་ཏུ་ཕབ་པ་འདྲ་བ་ལ་རྒྱལ་པོའི་ཆོས་ལུགས་ཡང་དག་དང་ལྡན་ཞིང་དགེ་བཅུའི་དོན་གྱིས་ཐམས་ཅད་ལ་ཁྲིམས་བཅའ་བར་བྱེད་པའི་འཁོར་ལོ་སྒྱུར་བའི་རྒྱལ་པོའི་གནས་སུ། རྒྱལ་སྲིད་རིན་ཆེན་སྣ་བདུན་དུ་བབས་བྲམ་ཟེ་གཙང་སྦྲ་དང་ལྡན་པའི་ཡ་རབས་དམ་པ་རྣམས་ཀྱི་གནས་སུ་སྣ་ཚོགས་པའི་རིན་ཆེན་གསེར་དངུལ་ལ་སོགས་པ་ཕལ་པ་ལྔ་བབ་ཙི་བི་ར་ཡི་དྭགས་ཀྱི་གནས་སུ་བྱེ་མའི་ཚུབ་མ་དང་གྲམ་པ་ལ་སོགས་པ་རྣམས་བབ། དབུལ་བ་ཏན་ཏྲ་སྟེ་དབུལ་པོའི་རིགས་རྒྱུད་ཀྱི་གྲོང་ཁྱེར་དུ་ཟས་ཀྱི་ལྷད། གོས་ཀྱི་རས་ཧྲུལ་ལ་སོགས་པ་ལོངས་སྤྱོད་དུ་མི་འདོད་པ་རྣམས་བབ་པ་དང་། རིགས་ངན་ཤན་ཏ་སྟེ་ཤན་པ་དང་རཀྴ་སྲིན་པོའི་གནས་སུ་ཤ་ཁྲག་རུས་པ་རྣམས་བབ་གདོལ་པ་སྟེ་ཞིང་ལས་པ་མི་ཕལ་པའི་གྲོང་དུ་མུ་ཏིག་ལ་སོགས་པ་རིན་པོ་ཆེ་སིལ་མའོ། །ཡང་ན་འབྲུ་རིན་པོ་ཆེ་ནས་ལ་སོགས་པའི་འབྲུ་སྣ་ཚོགས་སིལ་མ་བབ་ན་ཡང་། རིན་པོ་ཆེའི་ཆར་གཅིག་བབ་པ་ལ་བསོད་ནམས་བསགས་ཆེ་ཆུང་གི་དབང་གིས་གོང་དུ་བཤད་པ་ལྟར་སོ་སོར་སྣང་བ་བཞིན་དུ་འགྲོ་དྲུག་གི་འཁྲུལ་སྣང་གི་སྤྱོད་ཡུལ་བཟང་ངན་ལ་སོགས་མཐོ་དམན་ཐ་དད་དུ་སྣང་བ་ཡང་། རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་རང་ངོ་རང་གིས་མ་ཤེས་པས་ཚོགས་བརྒྱད་ཡུལ་དུ་འཕྲོ་བའི་རྐྱེན་གང་འཕྲད་ཀྱིས་བསྒྱུར་ནས་དེར་སྣང་བ་ཙམ་མོ། །ཅིའི་ཕྱིར་རྐྱེན་གྱིས་བསྒྱུར་བཏུབ་ཅེ་ན། སེམས་ཉིད་ཀྱི་ངོ་བོ་ལ་རིགས་རྒྱུད་དང་ཕྱོགས་ཆ་འདི་འདྲ་ཞིག་དངོས་པོར་ངོས་བཟུང་དུ་མེད་ཅིང་སྟོང་སྟེ་རྒྱ་གཅིག་ཏུ་མ་ཆད་ཅིང་ཕྱོགས་མེད་དུ་ཀུན་ལས་ཤར་བའི་ཕྱིར། གཏན་ཚིགས་དེ་བས་ན་སེམས་ཉིད་དེ་ལ་རྐྱེན་གང་ཤར་དེས་བསྒྱུར་ཅིང་ཅིར་ཡང་སྣང་དུ་བཏུབ་བོ། །ལོག་རྟོག་གི་སྣང་བ་དོན་ལ་རང་རྒྱུད་དུ་མེད་པའོ། །དྲང་། སྤྱིར་ནི་སེམས་ཅན་གྱི་ཤེས་རྒྱུད་ཀྱིས་ལོག་རྟོག་གི་རྣམ་གྲངས་བསམ་ཡས་པ་ཞིག་ཡོད་ཀྱང་ཡེ་གདོད་མ་ནས་རང་རྒྱུད་དུ་གྲུབ་ནས་ཡོད་པ་མ་ཡིན་ཏེ། དེ་ལ་ཏེ་ན་ཀྱང་གསུམ་ལས་སྐྱོན་ཅན་དང་བསྟན་བྱ་ལྷག་མ་ཅན་གཉིས་ལས། འདི་སྐྱོན་ཅན་གྱིས་ཚིག་ཡིན་ཏེ། རང་རྒྱུད་དུ་གྲུབ་པ་མེད་ཀྱང་། འགྲོ་དྲུག་འཁྲུལ་པའི་དབང་གིས་ཡུལ་ཡུལ་ཅན་སོ་སོར་འཛིན་པའི་རྟོག་པ་བཟང་ངན་ཕྲ་རགས་རྣམས་ཀུན་གཞི་ལ་བག་ཆགས་བསོག་སད་ཀྱི་དབང་གིས། དཔེར་ན་ཆུ་རྙོག་མ་ལ་གཟུགས་བརྙན་མི་གསལ་བཞིན་དུ་སེམས་རང་གིས་འགྱུ་འཐས་རང་འགྲིབས་ཤིང་དུས་རྟག་ཏུ་ཁམས་གསུམ་དུ་འཁོར་ཀྱང་། སེམས་ལས་ལོགས་སུ་བྱུང་བ་མ་ཡིན་ཏེ་དེའི་དོན་ནི་འདི་སྐད་སྒྱུ་འཕྲུལ་རྒྱས་པ་ལས་གསུངས་པའང་དུས་ཐོག་མ་མེད་པ་ནས་འཁྲུལ་ནས་ལོག་རྟོག་སྣ་ཚོགས་སུ་བྱུང་ཡང་སེམས་ཉིད་རང་བྱུང་ཡེ་ཤེས་ལས་ལོགས་སུ་སྐད་ཅིག་ཀྱང་མ་གྱུར་ཅིང་དབྱེར་མེད་དོ། །ཅིའི་ཕྱིར་ལོགས་སུ་མ་གྱུར་ཅིང་དབྱེར་མེད་ན། རྒྱུ་མ་རིག་པ་རྐྱེན་ལས་ཉོན་གྱིས་འཁྲུལ་པ་སྣ་ཚོགས་བྱུང་ཡང་དྭངས་རྒྱུ་སང་རྒྱུ་ཡོད་པའི་ཕྱིར་གློ་བུར་བའི་མིང་འདོགས་སོ། །ཡེ་ནས་གློ་བུར་བ་མེད་དེ། འཁོར་བའི་སྤྱོད་ཡུལ་སྣ་ཚོགས་ཐ་དད་དུ་སྣང་དུས་འཁྲུལ་པ་ཐོག་མ་འདི་ནས་བྱུང་། དག་པའི་དུས་སུ་མཐའ་མ་འདིར་སོང་མེད་དེ། སེམས་དེ་ཉིད་འཁྲུལ་སྣང་སྣ་ཚོགས་སུ་ཤར་བས་དབྱེར་མེད་ཅེས་བྱའོ། །གོང་གི་འཁྲུལ་པ་བཤད་པ་རྣམས་ཀྱང་འཁྲུལ་པ་ཁོ་ནར་མ་ཡིན་མ་འདྲེས་ཡོངས་རྫོགས་ཀྱི་དགོངས་པ་ཡིན་པར་གསུངས་སོ། །ཐེག་འོག་གི་གདམས་ངག་གི་དོན་འཁྲུལ་པ་དང་མ་ནོར་བའི་མཚན་ཉིད་ལ་བདུན་ཏེ། བགྲང་། བདེན་པ་གཉིས་སུ་འདོད་པ་འཁོར་འདས་ལྷུན་གྲུབ་ལ་སྐྱོན་བརྗོད་པ་ཉིད་འཁྲུལ་པ་དང་། དྲང་། སེམས་ཉིད་ཀྱི་རྒྱུད་ལ་འཁོར་འདས་གཉིས་པོ་ཀུན་གྱིས་བསྡུས་པའི་ཆོས་རྣམས་ལྷུན་གྲུབ་ཏུ་གནས་ཤིང་ངོ་བོ་དབྱེར་པ་སྟེ་དཔེར་ན་ནོར་བུ་རིན་ཆེན་ལ་དགོས་འདོད་ཐ་དད་རྣམས་ངོ་བོ་ལྷུན་གྲུབ་ཏུ་གནས་པ་ལྟ་བུ་ཡིན་པ་ལ། དེ་ལྟར་ལྷུན་གྲུབ་ཡིན་པར་མ་ཤེས་པ་ཁ་ཅིག་གིས་མ་རིག་ཡེ་ཤེས་སམ་འཁོར་འདས་ཀྱི་དོན་མི་མཐུན་འགལ་བ་ཡིན་ཏེ། འཁོར་འདས་གཉིས་ཀྱི་ངོ་བོ་དབྱེར་མེད་ལྷུན་གྲུབ་གཅིག་ཏུ་འདུས་པ་མི་འཐད་ཞེས་ཐེག་དམན་མཚན་ཉིད་ཀྱི་གང་ཟག་ཚིག་ཕྱིར་བློ་འབྲང་བ་དག་གིས་བརྗོད་ནའང་། དེ་ལྟར་མ་རིག་ཡེ་ཤེས་སམ་འཁོར་འདས་གཉིས་གཞི་ཐ་དད་དུ་འདོད་ནས་ཕན་ཚུན་མི་མཐུན་པར་བྱས་ནས་མ་རིག་པ་སྤངས་རིག་པ་ཡེ་ཤེས་རྟོགས་པར་གང་ཟག་གང་གིས་འདོད་པ་དེའི་རྒྱུད་ལ། དཔེར་ན་དྲེད་མོས་རྩི་ཏོག་གི་ལོ་འབྲམ་ལ་སོགས་ཅི་ཟོས་ཀྱང་། ཁོག་པར་མི་སྡོད་བྱབས་ཤིན་སོང་བས་འགྲངས་པའི་བྱ་བ་མི་བྱེད་པ་ལྟར། གསང་བ་བླ་ན་མེད་པའི་ཐེག་པ་འདི་ཉིད་ཀྱི་དོན་འོག་མ་ལས་ལྷག་པའི་མཆོག་དབྱེར་མེད་ལྷུན་གྲུབ་དག་ག་ལ་ཡོད་དེ་མེད་དོ། །འཁོར་འདས་ཀྱི་ངོ་བོ་དང་རང་བཞིན་དང་ཤེས་བློ་ཐ་དད་དུ་འདོད་པ་ལ་སྐྱོན་བརྗོད་དེ་དོན་ལ་ཐ་མི་དད་དུ་བསྟན་པ་དང་། དྲང་། འཁྲུལ་པའི་དངོས་པོ་ཀུན་ནས་བསླང་བས་ཉོན་མོངས་པ་འཁོར་བའི་ཆོས་དང་རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་གཉིས་ཀྱི་དངོས་པོ་མི་འདྲ་སྟེ། འཁོར་བའི་ངོ་བོ་དངོས་པོ་ཡིན་ལ། མྱང་འདས་ཀྱི་ངོ་བོ་དངོས་མེད་ཡིན་ཞེས་སྨྲ་ན་ཡེ་གདོད་མ་ནས་འཁོར་འདས་གཉིས་ཀྱི་ངོ་བོ་ཐ་དད་ཡོད་པ་ཡིན་ན། མཚན་ཉིད་རང་གཞུང་གི་ཉོན་མོངས་པ་སྤང་ཞིང་རྟོགས་བྱའི་འབྲས་བུ་བྱང་ཆུབ་བསྒྲུབ་ཏུ་མེད་དེ། ད་ལྟའི་སེམས་ནི་ཉོན་མོངས་པ་ཁོ་ན་ཡིན་པས་དཔེར་ན་སོལ་བ་ལས་དུང་དུ་མི་འགྱུར་བ་བཞིན་ནོ། །འོ་ན་ཅི་ལྟར་ཡིན་ཞེ་ན། སེམས་ཉིད་ངོ་བོ་གཅིག་ལ་རིག་མ་རིག་གིས་འཁོར་འདས་གཉིས་བྱུང་སྟེ། ཉོན་མོངས་པ་དངོས་བཅས་ཀྱི་ངོ་བོ་ངོས་བཟུང་ཅན་དེ་ཉིད། དངོས་མེད་བློ་འདས་བྱང་ཆུབ་སྙིང་པོའི་དོན་ངོ་བོ་ངོས་བཟུང་དང་བྲལ་བ་དེ་ཀ་ཡིན། དཔེར་ན་ཆུ་ལ་རྙོག་དྭངས་ཀྱི་རྐྱེན་གྱིས་གཟུགས་བརྙན་གསལ་མི་གསལ་བྱུང་ཡང་ངོ་བོ་ཆུ་ལ་གཅིག་པ་བཞིན་ནོ། །འཁོར་འདས་སོ་སོའི་རང་བཞིན་ངེས་ཏེ། འཁོར་བའི་རང་བཞིན་སྡུག་བསྔལ། འདས་པའི་རང་བཞིན་བདེ་བ་ཡིན་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པའི་ཐབས་ཀྱི་ལམ་ཐོས་བསམ་སྒོམ་གསུམ་གྱི་བློས་བཅོས་སུ་མེད་དེ་ཅི་ལྟར་ཡིན་ཞེ་ན། སྒྱུ་འཕྲུལ་རྒྱས་པའི་ལུང་དེས་འཁོར་འདས་ཐ་དད་དུ་འདོད་པ་ལ་སྐྱོན་ཡོད་པར་གསུངས་པའི་ཕྱིར་ན་གཞི་ཆོས་ཉིད་དྲི་བྲལ་དེ་ཉིད་འཁྲུལ་རྟོག་རང་གི་རྒྱུར་གནས་པ་ཐམས་ཅད་དབྱེར་མེད་ཀྱང་། སེམས་འཁྲུལ་པའི་བློ་འདི་ཉིད་རང་ཆོས་ཉིད་གཤིས་ཀྱི་གནས་ལུགས་ཡིན་པར་མ་ཤེས་ནས་ཤེས་བྱེད་ཀྱི་བློ་འདི་དང་ཤེས་བྱ་གཞི་གཉིས་མི་གཅིག་གོ་ཞེས་གཉིས་སུ་སྨྲ་ནའང་། དེ་ལྟར་མ་ཡིན་ཏེ། བསམ་པའི་བློ་ཤེས་བྱེད་དེ་ཀ་རང་ཤེས་བྱ་གཤིས་ཆོས་ཉིད་དེ་བཞིན་ཉིད་ཡིན་ཏེ། འོ་ན་བློ་དེ་ལ་འཁྲུལ་པའི་བག་ཆགས་སྣ་ཚོགས་ཡོད་པ་ཡིན། གཞི་དེ་ཉིད་ལ་འཁྲུལ་པའི་བག་ཆགས་ཐམས་ཅད་དག་ནས་མེད་ཅེས་གཉིས་མེད་ཀྱི་དོན་མ་མཐོང་བའི་ཚིག་ཕྱིར་བློ་འབྲང་བའི་ཕྱོགས་སུ་གཏོགས་པ་འགའ་ཞིག་གིས་བདེན་ཞེ་ན། དེ་ལ་སྐྱོན་འདི་ལྟར་ཡོད་དེ། བློ་དེ་ཉིད་དང་གནས་ལུགས་གཞི་དེ་གཉིས་ལ་འབྲེལ་བ་མེད་པས་ནམ་ཡང་སྔོན་གོང་དུ་བཤད་པའི་ངོ་བོ་དང་རང་བཞིན་ཐ་དད་ལ་སྐྱོན་བརྗོད་པ་བཞིན་བློ་དང་གཞི་གཉིས་མི་གཅིག་ན་ཉོན་མོངས་སྤང་ཞིང་བྱང་ཆུབ་བསྒྲུབ་ཏུ་མེད་པ་དང་། ཡང་དག་པའི་ལམ་གྱིས་བཅོས་སུ་མེད་པའི་ཕྱིར་གཞི་བློ་ཐ་དད་དུ་འདོད་པས་འབྲས་བུ་ཐོབ་ཟེར་བ་ནི་བདེན་པ་མིན་ནོ། །འོ་ན་གང་ཡིན་ཞེ་ན། རྣམ་པར་མི་རྟོགས་པའི་ཡེ་ཤེས་གཞིའི་ངོ་བོ་དེ་ཉིད་རྣམ་པར་རྟོག་པ་ཡི་བློའི་སེམས་རྒྱུད་འདི་ཉིད་དང་ལྷན་ཅིག་ཏུ་ལྡན་ནས་ཡོད་པའོ། །ལུང་རིགས་ཀྱི་སྒོ་ནས་ལོག་རྟོག་སྤང་དུ་མེད་པའི་དཔེ་དོན་དང་། དྲང་། ཤེས་བྱའི་ཆོས་ཐམས་ཅད་ཕྱི་འབྱུང་བ་ལྔ་ཡུམ་ལྔ་ནང་ཕུང་པོ་ལྔ་ཡབ་ལྔ། བར་རྣམ་པར་ཤེས་པ་ཡེ་ཤེས་ལྔའི་སེམས་དཔའ་དང་སེམས་མར་དག་ཅེས་བྱ་བའམ་ཡང་ན་དབྱིངས་ཀ་དག་ཡེ་ཤེས་ཀ་དག །དག་པ་ཆེན་པོར་དག་ཅེས་བྱ་བ་ཡང་། དངོས་པོ་ཞིག་བསལ་ནས་དག་པ་མ་ཡིན་ཏེ་འཁྲུལ་སྣང་གི་ཕུང་ཁམས་སྐྱེ་མཆེད་དུ་སྣང་བདོ་བ་དང་སྤྱོད་བདོ་བའི་དུས་དེ་ཉིད་ན་རྣམ་པར་དག་ཅེས་སྒྱུ་འཕྲུལ་རྒྱས་པའི་ལུང་ལས་གསུངས་པས་ལོག་རྟོག་གི་ཤེས་པ་འདི་ཉིད་སྤང་དུ་མེད་དེ་ཡང་དག་པའི་གནས་ལུགས་ལ་མ་གཡོས་པ་ནི་དཔེ་འབྱུང་ཆེན་ལྟོས་ཀྱི་ནམ་མཁའ་ལ་སྤྲིན་དང་འཇའ་མཚོན་སྣ་ཚོགས་སུ་སྣང་བའི་ཚེ། བྱུང་ཡང་ནམ་མཁའ་རང་ཞི་ཡང་ནམ་མཁའ་རང་ལ་ཞི་བས་རང་བཞིན་ནམ་མཁའ་སྟོང་པར་ངང་ངམ་ཤུགས་ཀྱིས་གནས་ཏེ་ཐ་དད་མེད་པ་བཞིན་ནོ། །བདེན་གཉིས་བློ་དངོས་སུ་འབྱེད་པའི་སྐྱོན་དང་། དྲང་། གསང་སྔགས་ལས་དགར་བའི་གདམས་ངག་ལ་ལ་གང་དག་རྒྱུའི་ཐེག་པ་བས་ཡུལ་ཡུལ་ཅན་ཀུན་ཏུ་རྟོགས་པ་ཀུན་རྫོབ་འཁྲུལ་སྣང་འདི་ཉིད་དོན་དམ་ལ་དབྱེར་མེད་ཡོད་ན་དོན་དམ་གྱི་ངེས་ཚིག་མེད་དགོས་པས། བདེན་གཉིས་སུ་དབྱེ་ནས་དོན་དམ་གྱི་མཚན་ཉིད་ནི་མ་རིག་པ་འཁྲུལ་པ་དག་ནས་དྭངས་ཤིང་སྒྲིབ་གཡོག་སྤྲོས་པ་དང་བྲལ་བས་གསལ་ཀུན་རྫོབ་ཀྱི་མཚན་མ་དག་པར་གང་འདོད་པ་དོན་དམ་ཡིན་ལ་བསམ་པའི་བློ་དག་ལ་ཀུན་རྫོབ་འཁྲུལ་སྣང་དེ་དག་ཡོད་ཅེས་སྨྲ་ན་བདེན་གཉིས་སོ་སོར་སྟོན་པ་རྣམ་པར་རྟོག་པའི་བློས་བརྟགས་དཔྱད་བྱས་པ་ཡིན་ལ་ཆོས་ཉིད་བློ་ལས་འདས་པའི་དོན་རྟོགས་པ་ནི་མ་ཡིན་ནོ། །བདེན་གཉིས་ཀྱི་དོན་སྒྲ་ཅི་བཞིན་དུ་འཛིན་པ་འཁྲུལ་ཞིང་མི་འཛིན་པ་མ་འཁྲུལ་པའི་དཔེ་དོན་དང་། དྲང་། གསང་སྔགས་བླ་མེད་ཀྱི་དོན་ལ་བློ་ཤེད་མ་ཕྱེ་ཞིང་ཚིག་ཕྱིར་འབྲང་བ་དག་གིས་གསང་སྔགས་ཀྱི་རྒྱུད་གཞུང་དུ་དག་པ་གསུམ་དང་མཉམ་གཉིས་སམ་བཞི་གཉིས་མེད་དག་བཤད་ཟེར་ནས་ཀུན་རྫོབ་འཁྲུལ་པ་དེ་ཉིད་དོན་དམ་ལ་ལྡོག་དགོས་པས་དག་མ་དག་གཉིས་སུ་ཕྱེ་བས་སྒྲ་ཅི་བཞིན་པའི་རྗེས་སུ་འབྲངས་ནས་སྣོད་བཅུད་རྒྱུད་རྣམས་མ་དག་པ་ཞིག་དག་ནས་དག་པ་གསུམ་དུ་འདོད་པ་དང་། འཁོར་འདས་བཟང་ངན་མི་མཉམ་པ་ཞིག་དག་པ་མཉམ་གཉིས་སུ་འདོད་པ་དང་། ཡུལ་སེམས་གཉིས་འཛིན་དག་ནས་གཉིས་མེད་དུ་འདོད་ཅིང་གཞུང་གི་སྒྲ་དོན་ཙམ་ལ་བརྟེན་ནས་ཚིག་ལྟ་ལ་གང་གིས་ཞེན་ཅིང་བསྒྲུབ་པའི་ཕྱོགས་ཀྱང་དེ་དང་མཐུན་པར་སྐྱེ་བར་འདོད་ན་མི་སྐྱེ་པ་སྟེ། ཡུལ་གང་ག་དར་ཙའི་མི་ཡི་དྭགས་བཞིན་དུ་བསོད་ནམས་ཆུང་བས། སྤོས་དྲི་ལ་མི་གཙང་བ། དར་ཟབ་ལ་ཚེར་མར་མཐོང་ནས། ཟས་གོས་ལོངས་སྤྱོད་རྣམས་ཀྱི་སྤྱོད་ཡུལ་དང་བྲལ་བ་ཡིན་ཀྱང་། ཟས་ནོར་ལོངས་སྤྱོད་ཀྱི་འདོད་པས་ནི་གདུང་བའི་དཔེ་དེ་བཞིན་དུ། སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི་ངང་ལ་འཁོར་འདས་དབྱེར་མེད་ཀྱང་འཁྲུལ་པའི་བློ་འདི་ཉིད་ལས་འདས་ནས། ཡེ་ཤེས་ལོགས་ནས་སྐྱེ་བར་འདོད་ན་གཉིས་འཛིན་གྱི་རྟོག་པས་བསླུས་ནས་དབྱེར་མེད་མི་གོ་བ་དང་། སེམས་ཉིད་འཁོར་འདས་ལྷུན་གྲུབ་ཀྱི་ངང་ལ་ཐོབ་བྱའི་འབྲས་བུ་ལོགས་ན་མེད་དེ་རེ་དོགས་དང་བྲལ་ཀྱང་སངས་རྒྱས་ཞེས་པའི་འབྲས་བུ་བཟང་པོ་ཞིག་ལོགས་ནས་ཐོབ་པར་འདོད་ནས་ཡེ་རྔམ་ཟ་བའི་སྒྲ་ཅི་བཞིན་པ་འཛིན་ན་འཁྲུལ་པའོ། །མི་འཛིན་པ་མི་འཁྲུལ་པ་གང་གིས་ཤེས་པ་ནི་གང་ག་དར་ཙའི་མི་མི་གཙང་བར་མཐོང་བ་དེ་མི་བསོད་ནམས་གྱིས་སྤོས་དྲིར་མཐོང་བ་དང་། དེས་མཐོང་བས་ཚེར་མའི་ནང་ན་བཞག་ཀྱང་བསོད་ནམས་ཅན་དེས་ན་བཟའ་ལ་མཐོང་བ་བཞིན་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོར་ལྷུན་གྲུབ་ཏུ་རྟོགས་ན་དེ་ནི་ལུང་སྟེ་སྒྲོ་སྐུར་ལུང་མ་བསྟན་གྱི་སྐྱོན་དང་བྲལ་ཞིང་སངས་རྒྱས་ཀྱི་དགོངས་པ་རྟོགས་པའི་ཚད་མར་བཞག་པ་ཡིན་ནོ། །བཙལ་ཐབས་ཡོད་མེད་གཉིས་ཀར་ཚོལ་བ་འཁྲུལ་པ་དང་། དྲང་། གཞི་གནས་ལུགས་ཀྱི་ངོ་བོར་ཕྱོགས་གཅིག་ཏུ་གང་ཡང་མ་གྲུབ་པས། འཁོར་འདས་ཀྱི་ལྟ་བ་ཕྱོགས་རེར་བཟུང་ནས་གཞལ་བྱ་ཡོད་པ་ལས་བཙལ་ན་སྒྲོ་བཏགས་པ་སྟེ། གང་ལ་བཏགས་ན་གཞི་ཆོས་དབྱིངས་ཅིའི་ངོ་བོར་མ་གྲུབ་པ་ལ་ཡོད་པར་སྒྲོ་བཏགས་པའོ། །ཕྱོགས་མེད་དུ་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་ཀྱང་། འཁོར་འདས་གཏན་ནས་མ་གྲུབ་པར་འདོད་ནས་གཞལ་བྱ་མེད་པ་ལས་བཙལ་ན་སྐུར་པ་བཏབ་པར་འགྱུར་ཏེ། གང་ལ་བཏབ་ན། ཆོས་ཐམས་ཅད་ལྷུན་གྲུབ་ཏུ་གནས་པ་ལ་སྐུར་པ་བཏབ་པའོ། །གཞན་ཡང་སྒྲོ་བཏགས་བརྒྱད་དང་སྐུར་བཏབ་བཅུའི་རྒྱས་བཤད་རྣམས་ནི་ལམ་རིམ་ལྟར་ཤེས་པར་བྱའོ། །འགའ་ཞིག་གིས་གཞིའི་སྐབས་འདིར་ཡོད་པ་ལས་བཙལ་ན་སྒྲོ་བཏགས། མེད་པ་ལ་བཙལ་ན་སྐུར་པས་བཏབ་པ་གཉིས་དང་། འོག་གི་འཁྲུལ་གཞི་ཡོད་མེད་གཉིས་ལ་འཁྲུལ་པ་གཉིས་དོན་གཅིག་པར་བཤད་ཀྱང་མི་འཐད་དེ། འདིར་ནི་གཞིའི་དོན་དེ་ཉིད་ལྟ་བས་ཕྱོགས་རེར་བཟུང་ནས་སྒྲོ་བཏགས། ཕྱོགས་མེད་དུ་ཤར་བ་དགག་ན་སྐུར་པ་ཡིན་ལ། འོག་འཁྲུལ་གཞི་ཡོད་མེད་ནི་མ་རིག་པ་དངོས་པོར་བཟུང་བ་དང་གཞིའི་ངོ་བོར་མ་རིག་པ་གཏན་ནས་མེད་པར་འདོད་ཡིན་ནོ། །ཡོད་མེད་གཉིས་ལ་བཙལ་བས་ན་ངེས་ཤེས་མ་སྐྱེས་ན། དེ་ནི་ལུང་མ་བསྟན་དུ་འགྱུར་བ་ཡིན་ཅེས་རྒྱས་པའི་ལུང་ལས་དེ་སྐད་གསུངས་པའི་ཕྱིར་ན་རང་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ལ་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ལྷུན་གྲུབ་ཏུ་གནས་པའི་ཡོད་མེད་ཕྱོགས་གཅིག་ཏུ་དགག་སྒྲུབ་བྱས་ནས་བླུན་པོའི་བློ་ཡིན་ནོ། །དོན་དབྱེར་མེད་ལ་ལྷུན་གྲུབ་ཕྱོགས་གཅིག་པར་འཛིན་འཁྲུལ་པའོ། །དྲང་། ཡོད་མེད་དགག་སྒྲུབ་བླུན་པའི་བློ་ཡིན་པ་དེ་བས་ན་ཆོས་ཐམས་ཅད་སེམས་ཀྱི་དེ་ཁོ་ན་ཉིད་ལྷུན་གྲུབ་ཁོ་ན་ཡིན་ཀྱང་། རྒྱུའི་ཐེག་པ་སེམས་ཙམ་པའི་འཁྲུལ་སྣང་གི་ཡུལ་ཐམས་ཅད་ལ་སེམས་ཀྱིས་ཀུན་ཏུ་བརྟགས་པ་གསུམ་གྱི་སྒོ་ནས་བརྟགས་པའི་སྣང་བ་སེམས་ཡིན་ཅིང་སེམས་སྟོང་པ་དང་། དག་མ་དག་གི་གཞན་གྱི་དབང་གིས་རིག་མ་རིག་ལ་འཁོར་འདས་གཉིས་སྣང་བ་དང་། འགྱུར་བ་མེད་པའི་ཡོངས་སུ་གྲུབ་པ་ནི་ཆོས་ཀྱི་དབྱིངས་རང་ལ་གནས་པ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི་དེ་ཉིད་མངོན་དུ་གྱུར་པ་ས་བོན་དང་བཅས་པའོ། །དེ་ལྟར་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་བྱེ་བྲག་ཏུ་ཕྱེ་བའི་སྒོ་ནས་སྣང་བ་སེམས་ཡིན་སེམས་རང་རིག་རང་གསལ་དུ་འདོད་ནས་འཁྲུལ་པ་དག་ནས་དོན་དམ་སྟོང་ཉིད་ཐོག་ན་ལྷུན་གྲུབ་ཏུ་འདོད་པ་དང་གསང་བ་བསྔགས་ཀྱི་ལྷུན་གྲུབ་འདྲའམ་ཞེ་ན། མི་འདྲ་སྟེ་ཐམས་ཅད་ལྷུན་གྲུབ་ཀྱི་ངང་ལ་མཚན་ཉིད་གསུམ་དུ་དབྱེ་བར་བྱ་བ་དེ་དག་མེད་པ་དང་། གསུམ་དུ་ཕྱེ་བ་དེ་མེད་པའི་དབང་གིས་དེས་ན་དབྱེར་མེད་ཀྱང་དོན་ལ་མེད་དེ་གཉིས་གཅིག་བྱེད་པ་ལྟ་བུ་མ་ཡིན་ཅིང་གདོད་མ་ནས་འཁོར་འདས་ལྷུན་གྲུབ་དབྱེར་མེད་དུ་འདོད་པ་ཡིན་ནོ། །འོ་ན་མཚན་ཉིད་གསུམ་དུ་ཕྱེས་ན་རང་རིག་རང་གསལ་དུ་འདོད་ན་སེམས་ཙམ་རྟོགས་པ་དེས་ནི་དབུ་མའི་དོན་དམ་སྨྲ་བསམ་བརྗོད་མེད་བློ་འདས་ཙམ་ཡང་ཁྱོད་སེམས་ཙམ་པའི་རྒྱུད་ཐོག་ན་མི་འཇོག་སྟེ་མི་རྟོག་པའོ། །གསང་བ་སྔགས་ཀྱིས་ཅི་ལྟར་འདོད་ཟེར་ན། སེམས་ཉིད་རང་བྱུང་གི་ཡེ་ཤེས་དེས་ཤེས་བྱ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཀུན་ལ་རྒྱས་བཏབ་པས་ཐམས་ཅད་ལྷུན་གྲུབ་ཏུ་གནས་ཤིང་། དེའི་རྒྱུ་མཚན་ནི། སེམས་ཉིད་ཀྱི་རང་བཞིན་ཤེས་བྱ་འཁོར་འདས་ཀྱི་ཆོས་ཀུན་དང་དབྱེར་མེད་དུ་གནས་པ་ལ་འོ་ན་དབུ་མས་ཀྱང་དེ་ལྟར་དུ་འདོད་པས་འདྲའམ་ཞེ་ན་མི་འདྲ་སྟེ། དཔེར་ན་མེད་པ་བཞི་ལྟར་སྟོང་ཉིད་སྤྲོས་བྲལ་གྱི་ངང་དུ་གནས་པ་ལའང་དབྱེར་མེད་མངོན་གྱུར་མེད་པ་སྟེ། མེད་པ་གཞི་གང་ཞེ་ན། མི་སྲིད་པའི་ཆོས་བཞི་ལྟར་ཡེ་ནས་མེད་དེ་དབུ་མ་རབ་ཏུ་མི་གནས་པ་ལྟར་དུ་ཀུན་རྫོབ་དོན་དམ་ལ་ཡེ་ནས་མ་གྲུབ་པར་འདོད་པ་དང་། འདུས་བྱས་བུམ་པ་ལྟར་ཞིག་ནས་མེད་དེ་རྣལ་འབྱོར་སྤྱོད་པ་ལྟར་རིག་མ་རིག་ལ་འཁོར་འདས་བྱུང་སྟེ་འཁྲུལ་པ་ཞིག་ནས་དོན་དམ་དུ་འདོད་པ་དང་། རྫས་ཅན་གྱི་མཚན་ཉིད་ཐ་དད་པ་ལྟར་གཅིག་ལ་གཅིག་མེད་པ། མདོ་སྡེ་སྤྱོད་པའི་དབུ་མ། ཀུན་རྫོབ་དོན་དམ་གཉིས་ཐ་དད་སྟོང་པ་དང་། རྒྱུ་བཀག་ནས་འབྲས་བུ་མེད་པ་ལྟར་བཀག་ནས་མེད་དེ་ཉན་རང་ལྟར་རྒྱུ་རྣམ་རྟོག་བཀག་ནས་མི་རྟོག་པ་སྟོང་པར་བསྒྲུབ་པར་འདོད་པ་དེ་རྣམས་ཀྱིས་སྟོང་པ་ཕྱོགས་གཅིག་ཏུ་འདོད་པས་གསང་སྔགས་དབྱེར་མེད་ཀྱི་དོན་མི་རྟོགས་པའོ། །འཁྲུལ་པ་དང་མ་ནོར་བའི་མཚན་ཉིད་ཀྱི་སྐབས་འདིར་ས་མིག་བདུན་ཡོད་པའི་དགོས་ཆེད་བླང་བར་བྱའོ། ༈ །གཞི་རང་བཞིན་གྱི་སྣང་བའི་རྒྱུད་ཀྱི་ངེས་ཚིག་ལ་གཉིས་ཏེ། བགྲང་། སྣང་བའི་ངེས་ཚིག་དང་། དྲང་། ཡེ་གདོད་མ་ནས་བདེན་པ་རྣམ་གཉིས་དབྱེར་མེད་པ་ཡིན་པའི་ཕྱིར་ཀུན་རྫོབ་དགག་དོན་དམ་བསྒྲུབ་ཏུ་མེད་པའི་ཡེ་ནས་སྨྲ་བསམ་ལས་གྲོལ་ཏེ། ཤེས་བྱ་འཁོར་འདས་ཐམས་ཅད་ཡེ་ཤེས་རང་སྣང་བའི་ཕྱིར། མ་རིག་ཡེ་ཤེས་སམ་དོན་དམ་ཀུན་རྫོབ་མི་མཐུན་པ་གཉིས་འདུས་པར་ལམ་པའི་བློས་སོ་སོར་བརྟག་ཏུ་མེད་དེ། འཁོར་བའང་གཞི་ཡེ་ཤེས་རང་སྣང་། འདས་པའང་གཞི་ཡེ་ཤེས་རང་སྣང་། དཔེར་ན་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་ལ་དགོས་འདོད་སྣ་ཚོགས་འབྱུང་བ་ལྟར་གཞི་སེམས་ཉིད་ཀྱི་ངོ་བོ་ལ་འཁོར་འདས་དབྱེར་མེད་དུ་གནས་པ་ལ། བདེན་པ་གཉིས་སྒྲ་ཇི་བཞིན་དུ་སོ་སོར་མི་འདྲ་བར་རྟོག་པ་ནི་གསང་སྔགས་དབྱེར་མེད་ཀྱི་དོན་ལ་འཁྲུལ་ཏེ་མ་རྟོགས་པའོ། །དེ་བས་བདེན་པ་གཉིས་སུ་མེད་པ་ཡང་ཅི་ལྟར་ན། ནམ་མཁའ་དང་འཇའ་སྤྲིན་དབྱེར་མེད་དུ་སྣང་བ་བཞིན་དུ། སྣང་བ་ཀུན་རྫོབ་དང་སྟོང་པ་དོན་དམ་ཀུན་ཏུ་སེམས་ཉིད་རང་གསལ་བས་དབྱེར་མེད་དུ་རང་བཞིན་ངང་གིས་འཁོར་འདས་གཉིས་སུ་ཤར་ནས་སྣང་བའོ། །འོ་ན་ངང་སྣང་ཇི་ལྟར་ཡིན་ཞེ་ན། ཤེས་མཁན་གྱི་སེམས་བདག་དང་ཤེས་བྱའི་ཡུལ་གཞན་དུ་མ་བརྟགས་པའི་ཆོས་ཀྱི་དབྱིངས་ཀྱི་ངང་ལས་མ་གཡོས་ཀྱང་། ཤེས་བྱ་མ་འདྲེས་པར་སོ་སོར་སྣང་ཞིང་རང་རང་གི་ལས་མཐུན་པའི་གཟུགས་སུ་སྣང་བ་དེ་ལྟ་བུ་ཡི་དོན་ནི་ངང་དུ་སྣང་བ་ཞེས་སྒྱུ་འཕྲུལ་རྒྱས་པ་ལས་དེ་སྐད་གསུངས་པས་ལུང་གིས། དོན་དེ་ཉིད་འདིར་དྲང་ཞིང་བགྲོད་པ་དང་གོ་ཡང་སླ་རྟོགས་ཀྱང་སླའོ། །འོ་ན་འཁྲུལ་སྣང་འཁོར་བར་ཤར་དུས་གཞི་ཆོས་ཉིད་ལས་གཡོས་སམ་ཞེ་ན། ཆོས་ཉིད་རང་ལས་མ་གཡོས་ཏེ་གཟུང་འཛིན་ཕྱིན་ཅི་ལོག་ལ་ཤར་དུས་དེ་ཉིད་ཡང་དག་པ་ཆོས་ཉིད་ཡིན་སྟེ། ཅིའི་ཕྱིར་ཞེ་ན། མ་རིག་པ་དེ་ཉིད་ཡེ་ཤེས་སུ་གསལ་བ་དང་ཉོན་མོངས་སྡུག་བསྔལ་དེ་ཉིད་བྱང་ཆུབ་མཆོག་སངས་རྒྱས་ཀྱི་དགོངས་པ་ཡིན་ཞེས་རྒྱས་པའི་ལུང་ལས་དེ་སྐད་གསུངས་པའི་དོན་གྱིས་ན། མ་རིག་དེ་ལས་འཕོ་ནས་ཡེ་ཤེས་ལོགས་ནས་སྐྱེ་བ་མེད་དེ་དཔེར་ན་མར་མེ་གསལ་བའི་དུས་ན་མུན་པ་ལོགས་སུ་མ་སྤངས་མུན་པ་ངོ་བོ་ཉིད་དང་མི་ལྡན་པས་མུན་པ་དེ་ཉིད་སྣང་བར་གསལ་བ་ཡིན་ཀྱང་བླུན་པོས་རྒྱུ་མཚན་ཉིད་ས་མུན་པ་ནག་པ་དང་སྣང་བ་གསལ་བ་གཉིས་རེས་མོས་སུ་མཐོང་ནས་བཟུང་བ་བཞིན་དུ་མ་རིག་ཡེ་ཤེས་གཉིས་ཐ་དད་དག་རྟོག་ཏུ་འདོད་པའི་གཉིས་མེད་ལས་འཁྲུལ་པ་དང་། མཁས་པ་གསང་སྔགས་པས་མུན་པ་སྣང་བ་གཉིས་ངོ་བོ་ཐ་དད་ཀྱིས་རིས་མི་འདྲ་བ་མི་ལྟ་བ་བཞིན་དུ་འཁོར་བ་དང་ཆོས་ཉིད་ཀྱང་དེ་བཞིན་དུ་ངོ་བོ་ཐ་དད་མ་ཡིན་ནོ། །འོ་ན་འཁྲུལ་པ་རང་ཆོས་ཉིད་ཡིན་ན་སེམས་ཅན་ལ་སངས་རྒྱས་ཐོབ་མི་དགོས་ཤིང་ལམ་ཐོས་བསམ་སྒོམ་གསུམ་དོན་མེད་དུ་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ་སེམས་ཉིད་འཁྲུལ་སྣང་སྣ་ཚོགས་སུ་སྤངས་པ་མེད་པར་ཤར་ཀྱང་། སེམས་ཉིད་རང་གི་ངོ་བོ་ལ་འཁྲུལ་པ་གཏན་ནས་གྲུབ་མ་མྱོང་བར་ཀུན་དང་བྲལ་བ་སྟེ། དཔེར་ན་མན་ངག་པུཎྜ་རཱི་ཀ་ལ་དཀར་བ་མིན་པ་ནག་པའི་སྐྱོན་མེད་པ་ལྟ་བུའི་དོན་གྱིས། གཞི་གནས་ལུགས་རང་གི་ངོ་བོ་ལ་འཁོར་འདས་ཀྱི་ཐ་སྙད་མེད་ཀྱང་གནས་པ་ལ་གཞི། མ་རྟོགས་པ་ལ་འཁྲུལ་པ་རྟོགས་པ་ལ་ལམ། མཐར་ཕྱིན་པ་ལ་འབྲས་བུ་སངས་རྒྱས་ཞེས་ཐ་སྙད་བྱའོ། ༈ །རྒྱུད་ཀྱི་ངེས་ཚིག་དང་། དྲང་། གཞི་རང་བཞིན་གྱི་སྣང་བ་དེ་ཀ་ལ་སྐབས་ཀྱིས་རྒྱུད་ཅེས་བྱ་སྟེ། གང་ཞིག་དགོས་པ་ཚང་ཞིང་འབྲེལ་བ་དང་ལྡན་པས་ན་རྒྱུད་དོ། །དེ་ཅི་ལྟར་ཞེ་ན། གཞི་ལ་ཤེས་བྱ་ཡེ་ལྡན་གྱི་དགོས་པ་ཚང་ཞིང་གཞི་དང་ལམ་གཉིས་ཤེས་བྱ་ཤེས་བྱེད་དུ་འབྲེལ་ལ་གཞི་དང་འབྲས་བུ་གཉིས་ངོ་བོ་བདག་ཉིད་གཅིག་པར་འབྲེལ་ཀྱང་། བརྗོད་བྱེད་ཚིག་གི་རྒྱུད་འདི་ཉིད་ལ་གང་ཟག་གཟུ་ལུམས་ཅན་དང་རས་ཆོད་ཅན་དགག་པའི་ཕྱིར་ཚིག་འཆོལ་ཞིང་འཁྲུགས་ནས་ཡོད་ཀྱང་དོན་ལ་དགོས་པ་ཚང་བ་དང་། གཞི་ལམ་འབྲས་བུའི་འབྲེལ་པ་གསུམ་དང་ལྡན་པའི་དོན་གྱི་ཏནྟྲ་སྟེ་རྒྱུད་ཅེས་བྱའོ། །གོང་གི་ལམ་དང་འབྲས་བུ་འཆོལ་ཚང་ཟེར་བ་ཡང་། ལམ་རིམ་གྱི་འགྲོས་དང་། དོན་ལ་བརྟགས་ན་ཆོས་ཚང་བ་ཟེར་བ་འདྲ། འདི་བྲིས་པའི་དབང་ཡིན་མིན་བ རྟག་པར་བྱ། དོན་ལ་ལམ་དང་འབྲས་ཆོས་རྣམས་རང་ལ་ཡོད་པ་ལ་གཞི། རྟོགས་པ་ལ་ལམ། མངོན་དུ་གྱུར་པ་ལ་འབྲས་བུ་ཡིན་པར་གསུང་། ལམ་རིམ་ལས། དེ་ལས་གཞན་པའི་ཐོབ་བྱ་མེད། །ཀུན་ཀྱང་སྨིན་ཟིན་བགྲོད་པ་མིན། །དེ་ཉིད་ལམ་གྱི་ངོ་བོ་ཡིན། །ཅེས་གསུངས་སོ། ༈ །ལེའུའི་མཚན་དང་། དྲང་། རང་བཞིན་བཅོས་བསླད་དང་བྲལ་བ། སྣང་བ་ནི་རང་རིག་པའི་རྩལ་མ་འགགས་པར་སྣང་བ། གང་ཞིག་དགོས་པ་ཚང་འབྲེལ་པ་དང་ལྡན་པས་རྒྱུད་ཀྱི་ཚིག་དོན་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་སྟེ་ཡས་བགྲངས་དང་པོའི་དོན་དུ་གདའོ། ༈ །འཁྲུལ་པའི་སྣང་བ་ལ་གཉིས་ཏེ། གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་གཉིས་ཏེ། བགྲང་། བསྟན་པ་དང་། དྲང་། འཁྲུལ་པའི་གཞི་དང་འཁྲུལ་ཚུལ་དང་འཁྲུལ་པའི་རང་བཞིན་གསུམ་གྱི་སྡོམ་ཚིག་དེས་འཁྲུལ་པའི་དོན་འོག་རྒྱས་བཤད་དེ་ངེས་པར་ཤེས་པར་བྱའོ། །རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ་འཁྲུལ་གཞི་དང་། འཁྲུལ་ཚུལ་དང་། རང་བཞིན་ནོ། །དང་པོ་ལ་ལྔ་སྟེ། བགྲང་། གཞི་སྒྲོ་བཀུར་དང་བྲལ་བ་དང་། དྲང་། རིགས་དྲུག་གི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད་ནི་དཔེར་ན་ནོར་བུ་རིན་ཆེན་ལ་རྟ་དང་། གླང་པོ་ཆེ་ལ་སོགས་པ་རང་རྒྱུད་དུ་གྲུབ་པ་མེད་ཀྱང་དགོས་འདོད་སྣ་ཚོགས་འབྱུང་བ་བཞིན་དུ་སེམས་ལ་དངོས་པོ་དཀར་དམར་ལ་སོགས་པར་འཁྲུལ་པ་རང་རྒྱུད་དུ་མ་གྲུབ་ཀྱང་། འགྲོ་དྲུག་གིས་སེམས་ཅན་གྱིས་ཅི་ལྟར་རང་རང་གི་བསམ་པ་ལྟར་དུ། ཤར་ནས་སྣང་བ་ལ། འཁྲུལ་གཞི་ཡོད་བྱས་པས་སེམས་ངོས་བཟུང་དང་བྲལ་མེད་བྱས་པས་འཁྲུལ་སྣང་སྣ་ཚོགས་སུ་ཤར་བས་ཡོད་ཅེས་སྒྲོ་བཏགས་པ་དང་མེད་ཅེས་སྐུར་བཏབ་དང་བྲལ་ཞིང་སེམས་ཉིད་མ་འདྲེས་ཡོངས་རྫོགས་སུ་གནས་པ་ལ། ༈ །འཁྲུལ་གཞི་ཡོད་པ་ལས་འཁྲུལ་པའི་སྐྱོན་དང་། དྲང་། འཁྲུལ་གཞི་རང་རྒྱུད་དུ་མེད་པ་ལ་ཡོད་པར་སྒྲོ་འདོགས་དེས་དབང་བསྒྱུར་ནས་འཁྲུལ་པ་རང་རྒྱུད་དུ་འབྱུང་བར་འདོད་པའི་གང་ཟག་ཕྱོགས་རེ་བ་རྣམས་ཀྱིས་གང་ལ་སྒྲོ་འདོགས་ན་སེམས་ཉིད་དམིགས་སུ་མེད་པ་ངོས་བཟུང་དང་བྲལ་བ་ལ་ཚུལ་ཅི་ལྟར་དུ་འདོད་ན་འཁྲུལ་གཞི་མ་རིག་པ་ཞེས་བྱ་བ་དངོས་པོ་ཅན་ཅིག་རང་རྒྱུད་དུ་ཡོད་ནས་འཁྲུལ་པའི་གཞིར་གནས་ཞེས་སྨྲ་བ་ལ། སྐྱོན་ཅི་ཡོད་ན་བཞི་སྟེ། འཁྲུལ་པ་རང་རྒྱུད་དུ་སྨྲ་བའི་དེ་ཡི་རིགས་རྒྱུད་མུ་སྟེགས་རྟག་པར་ལྟ་བར་ལྟུང་བ་དང་། སོལ་བ་ལ་དུང་མི་འོང་བ་བཞིན་དུ། གཞི་འཁོར་བའི་མཐར་ལྟུང་བ་དང་། ཐོས་བསམ་སྒོམ་གསུམ་གྱིས་འཁྲུལ་པ་མི་སེལ་བ་དང་། གཞི་གཟུང་འཛིན་ཅན་དུ་ཐལ་བའི་སྐྱོན་དང་བཞི་འོང་ངོ་། །འཁྲུལ་གཞི་མེད་པ་ལ་འཁྲུལ་པའི་སྐྱོན་དང་། དྲང་། གཞིའི་ངོ་བོར་འཁོར་འདས་ལྷུན་གྲུབ་ཏུ་གནས་ཀྱང་། འཁྲུལ་པ་དང་གཞི་གཉིས་མི་གཅིག་ཅེས་སྐུར་པ་བཏབ་པའི་གང་ཟག་ཕྱོགས་རེ་བ་འགའ་ཞིག་གིས་ནི་འདི་ལྟར་དུ་བསྐུར་པ་བཏབ་སྟེ། གང་ལ་སྐུར་པ་བཏབ་ན། གཞི་འཁོར་འདས་ལྷུན་གྲུབ་ཡིན་པ་ལ་ཚུལ་ཅི་ལྟར་དུ་བཏབ་ན་གཞི་དེ་དང་བསམ་པའི་བློ་གཉིས་མི་འདྲ་བར་སོ་སོར་རྟོག་སྟེ། དཔེར་ན་རི་བོང་དེ་ལ་ར་དེ་ནི་མི་སྲིད་པ་བཞིན་དུ་གཞི་ཀ་དག་གི་ངོ་བོ་ལ་འཁྲུལ་པ་ཡེ་ནས་མེད་ཅེས་སྨྲ། ཞེན་པ་བློའི་ངོ་བོ་ལ་གཞི་ཀ་དག་མེད་དོ་ཞེས་སྨྲ་ནའང་སྐྱོན་བཞིི་ཡོད་དེ་སྐུར་པ་བཏབ་པའི་གང་ཟག་གང་ཡིན་པ་དེ་མུ་སྟེགས་ཆད་ལྟ་བར་ལྟུང་བ་དང་གཞི་དེ་དང་བློ་དེ་གཉིས་ཐ་དད་ཅིང་མི་འདྲ་ན་རི་བོང་གི་རྭ་ལ་སོགས་པ་མི་སྲིད་པའི་དཔེ་ཀུན་གཞི་བློ་ཐ་དད་དུ་སྨྲ་མི་དེ་ལ་འབྱུང་སྟེ་གཞི་ལ་ལྟོས་ན་མྱང་འདས་ཀྱི་མཐར་ལྷུང་བས་འཁོར་བ་འབྱུང་མི་སྲིད། བློ་ལ་ལྟོས་ན་འཁྲུལ་པ་ཀུན་འབྱུང་བས་སངས་རྒྱས་མི་སྲིད་པ་དང་འཁྲུལ་པ་གློ་བུར་དུ་འབྱུང་བས་འཁོར་བ་ལ་ཐོག་མ་འབྱུང་བ་དང་འང་གི་སྒྲས་མཐར་སངས་རྒྱས་ནའང་འཁྲུལ་པ་གློ་བུར་དུ་འོང་ནས་སེམས་ཅན་དུ་འབྱུང་སྲིད་དོ། །གཉིས་མེད་ཕྱོགས་གཅིག་པ་ལས་འཁྲུལ་པའི་སྐྱོན་དང་། དྲང་། གང་ཟག་ལ་ལ་འགའ་ཞིག་གིས་མ་རིག་པ་གཉིས་འཛིན་ལས་ནི་ལྡོག་ཅིང་དག་པའི་འཁོར་འདས་གཉིས་མེད་ཡིན་པ་ལ། དེ་ངོ་མ་ཤེས་པ་ལ་འཁོར་བར་སྣང་ཞེས་སྨྲ་ནའང་ལྷན་ཅིག་སྐྱེས་པའི་མ་རིག་པ་མེད་པའི་ཆོས་ཉིད་ཁོ་ནའི་ངང་ཡིན་ན་སྐྱོན་ཡོད་དེ། རྒྱུ་མཚན་ཉིད་ཐེག་པ་བས་མ་རིག་པ་དེ་ཉིད་རྣམ་བྱང་གི་རྟེན་ཙམ་བྱེད་དེ། བག་ཆགས་བཟང་པོའི་སོགས་གཞི་བྱེད་པ་དང་འཁྲུལ་པའི་གཞི་མ་ཁོ་ན་ཡིན་པར་འདོད་ཀྱང་རྣམ་བྱང་གྱི་རྟེན་པ་མི་དགོས་འཁྲུལ་བའི་གཞིར་མ་རིག་པ་མེད་ན་འཁོར་བ་འབྱུང་བར་མི་བཏུབ་སྟེ་ཅིའི་ཕྱིར་མི་བཏུབ་ན། འཁོར་བའི་རྒྱུ་མ་རིག་པ་དང་རྐྱེན་ལས་ཉོན་སྤང་བས་ཁམས་གསུམ་འཁོར་བའི་སེམས་ཅན་འབྱུང་བར་རིགས་པ་མིན་ཏེ་མི་འབྱུང་ངོ་། །ཕྱོགས་རེ་བ་དང་ཐུན་མོང་མ་ཡིན་པའི་གཉིས་མེད་ལས་འཁྲུལ་པའོ། །དྲང་། ཀུན་གཞི་དོན་དམ་ཆོས་ཉིད་ཀྱི་ངོ་བོ་ལ་འཁྲུལ་གཞི་ཡོད་བྱས་པས་ངོས་བཟུང་དང་བྲལ་མེད་བྱས་པས་འཁྲུལ་སྣང་སྣ་ཚོགས་སུ་ཤར་བས་འཁོར་འདས་ཀྱི་རིགས་ཐ་དད་དུ་མེད་ཅིང་དབྱེར་མེད་དུ་གནས་པ་ལ་རིག་མ་རིག་ལས་འཁོར་འདས་བྱུང་ཡང་འཁོར་བ་དེ་ཡི་རྒྱུ་མ་རིག་པ་དང་རྐྱེན་ལས་ཉོན་དེ་ཉིད་ཀྱི་རང་བཞིན་མི་དམིགས་པ་དེ་མྱང་འདས་ཀྱི་རང་བཞིན་ཡིན་པས་དཔེར་ན་སྨན་ག་པུར་གྱིས་ཚ་ནད་ཅན་ལ་ཕན་གྲང་ནད་ཅན་ལ་གནོད་ཀྱང་ག་པུར་ལ་ངོ་བོ་གཅིག་པ་ཇི་ལྟ་བ་བཞིན་དུ་ཤེས་བྱ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མ་ལུས་པ་ཀུན་གྱི་རྒྱུ་དབྱེར་མེད་གཅིག་ཏུ་གནས་པ་ལས་རིག་མ་རིག་གི་རྐྱེན་གྱིས་འཁོར་འདས་མི་མཐུན་པ་ཁྱད་པར་སོ་སོར་ཤར་ནས་སྣང་ཞེས་རྒྱུད་ལ་དེ་སྐད་གསུངས་པའི་ཕྱིར་ན་རིག་མ་རིག་གིས་རྐྱེན་གྱིས་ཕྱེ་བས་འཁོར་འདས་སོ་སོར་སྣང་བའོ། །འོ་ན་ཅི་ལྟར་དུ་སྣང་ན་རྒྱས་པའི་ལུང་ལས་ཀྱང་ནི་འདི་སྐད་དུ་གསུང་སྟེ་ལམ་རྒྱུད་ལྔ་འགྲོ་བ་རིགས་དྲུག་འཁོར་བའི་ལུས་སྣ་ཚོགས་སུ་སྣང་བ་ནི་སེམས་འཁྲུལ་པའི་རྣམ་རྟོག་གང་ཤར་དང་མཐུན་པའི་ལས་གང་བསགས་ཀྱི་ལུས་སུ་སྣང་ངོ་། །སྐུ་དང་ཡེ་ཤེས་དབྱེར་མེད་པ་སྐུའི་མཆོག་དེ་བཞིན་གཤེགས་པའི་སྐུ་སྐྱེ་འཇིག་དང་བྲལ་བ་རྡོ་རྗེའི་སྐུ་ཡེ་ཤེས་ལྔའི་རང་འོད་ཀྱི་གཟུགས་སུ་སྣང་བ་ནི་རང་སེམས་རྟོགས་པའི་ངོ་ཀ་དང་མཐུན་པའི་ཡེ་ཤེས་ལྔའི་རང་འོད་ལས་རྒྱལ་བ་རིགས་ལྔའི་སྐུར་སྣང་ངོ་། །ཞེས་ལུང་ལས་འཁོར་འདས་ཐ་དད་དུ་ཤར་དུས་སེམས་ཉིད་དུ་གཅིག་པར་གསུངས་པས། དེ་བས་ན་འཁོར་འདས་ཀྱི་ཆོས་ཀུན་སེམས་ཀྱི་དེ་བཞིན་ཉིད་དུ་གཅིག་ཀྱང་མཐོང་བ་དག་པ་དང་མ་དག་པ་གཉིས་ཀའི་རྐྱེན་གྱིས་ཕྱེ་བས་འཁོར་འདས་གཉིས་ཀྱི་སྤྱོད་ཡུལ་མི་འདྲ་བ་སོ་སོར་སྣང་ངོ་། །སྣང་བའི་དུས་ན་གཞི་ཆོས་ཉིད་ཀྱི་ངོ་བོ་དེ་ལ་འཁྲུལ་པ་མ་སྤངས་ཏེ་འཁྲུལ་སྣང་སྣ་ཚོགས་སུ་ཤར་ཤར་དུས་འཁྲུལ་པའི་ངོ་བོ་ཉིད་དུ་མི་དམིགས་པའི་ཕྱིར་འཁྲུལ་གཞིའི་མཚན་མ་ཡོད་ཅེས་སྒྲོ་བཏགས་པ་དང་མེད་ཅེས་སྐུར་པས་བཏབ་པ་མེད་དེ་དབྱེར་མེད་དུ་གནས་པ་ལ། གང་ཟག་ཕྱོགས་འཛིན་ཅན་གྱིས་དབྱེར་མེད་ལ་འཁྲུལ་པ་མི་འཐད་དེ་གཞི་རང་བཞིན་ཡེ་ནས་རྣམ་དག་ཡིན་ལ་འཁྲུལ་པ་ནི་གློ་བུར་གྱིས་དྲི་མ་ཡིན་པའི་ཕྱིར། ཟེར་ནས་དོགས་པ་གཟུགས་པ་ལའང་སྐྱོན་མེད་དེ་ལྟ་བས་སེམས་ཉིད་གཏན་ལ་ཕེབ་པའི་དུས་སུ་འཁྲུལ་སྣང་གི་སེམས་འདི་ཉིད་ངོས་བཟུང་དང་བྲལ་བས་ཀུན་རྫོབ་དགག་པ་མེད་ཅིང་དོན་དམ་པས་གནས་ལུགས་ཀྱང་ལོགས་ནས་བླང་དུ་མེད་པའི་ཕྱིར། ཕྱོགས་རེ་བའི་གྲུབ་མཐའི་གཞུང་ལྟར་དུ་བདེན་གཉིས་ཀྱིས་དགག་བསྒྲུབ་ནི་གསང་སྔགས་ཀྱི་གཞུང་འདི་ཉིད་མི་དགོས་པའི་ཕྱིར་རོ། །གཞན་ཡང་ལན་འདེབས་པ་ནི། སྐད་ཡངས་པར་བྱས་ལ་ལན་གདབ་པ་དང་། དོག་པར་བྱས་ལ་ལན་གདབ་པ་གཉིས་ལས། ཡངས་པར་བྱས་ན། འཁྲུལ་གཞི་ཡོད་མེད་དབྱེར་མེད་གསུམ་ཀ་ལས་ཀྱང་འཁྲུལ་ཏེ། དེ་གསུམ་གང་རུང་ཅིག་ཁོ་ན་ལས་འཁྲུལ་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཁྲུལ་གཞི་ཡོད་པ་ལས་འཁྲུལ་ཏེ་དཔེ་ཐག་ཁྲ་ལ་སྦྲུལ་འཛིན་གྱི་ཤེས་པ་ཞུགས་པ་ལྟ་བུའོ། །དེ་ཡང་ཨ་རོའི་ཐིག་ལེའི་སྐོར་ལས། འཁྲུལ་གཞི་མེད་པར་འཁྲུལ་པ་འབྱུང་མི་འགྱུར། །ཞེས་གསུངས་སོ། །འཁྲུལ་གཞི་མེད་པ་ལས་ཀྱང་འཁྲུལ་པ་འབྱུང་སྟེ། དཔེ་ཐང་ཕྲོམ་ཟོས་པའི་རྒན་མོའི་མིག་སྔར་ནམ་མཁའ་ལ་སྐྲ་ཤད་འཛགས་པ་ལྟ་བུའོ། །དེ་ཡང་གསལ་བཀྲ་ལས། ཉི་མའི་དཀྱིལ་ན་མུན་མེད་ལྟར། །ཡེ་ཤེས་རང་སྣང་མ་གཏོགས་པ། །ཉོན་མོངས་འཁོར་བ་ངང་གིས་མེད། །ཅེས་གསུངས་སོ། །དབྱེར་མེད་ལས་ཀྱང་འཁྲུལ་ཏེ། དཔེ་སྨན་ག་པུར་དེ་ཚ་ནད་ཅན་ལ་སྨན་དང་། རླུང་ནད་ཅན་ལ་དུག་ཏུ་འགྱུར་བ་བཞིན་ནོ། །དེ་ཡང་། རྒྱས་པ་ལས། སྨན་གྱིས་ཕན་གནོད་ཅི་བཞིན་དུ། །ཐམས་ཅད་མ་ལུས་རྒྱུ་གཅིག་པས། །ཞེས་གསུངས་པས་སོ། །མདོར་ན་རང་བཞིན་རྣམ་དག་ཡེ་ནས་དྲི་མ་དང་བྲལ་བར་གནས་ཀྱང་། ངེས་པའི་ཤེས་པ་མ་སྐྱེས་པ་ལྷན་ཅིག་སྐྱེས་པའི་མ་རིག་པས་རྒྱུ་བྱས་རང་སྣང་ལ་ཡུལ་དུ་བཟུང་བས་གཟུང་འཛིན་གཉིས་སྣང་ཀུན་བརྟགས་ཀྱི་མ་རིག་པས་རྐྱེན་བྱས་གློ་བུར་དུ་འཁྲུལ་ལོ། །སྐད་དོག་པར་བྱས་ནས་ལན་གདབ་པ་ནི། གཞི་རང་བཞིན་རྣམ་དག་ཡོད་མེད་དབུ་མའི་མཐའ་ལས་གྲོལ་བ་དེ་རང་ངོ་རང་གིས་མ་ཤེས་པས་འཁྲུལ་ལོ། །དེ་ཡང་འདི་ཉིད་ཀྱི་གཞི་སྒྲོ་སྐུར་དང་བྲལ་བར་བཤད་པའི་སྐབས་ལྟར་དུ། དྲུག་གི་འགྲོ་བ་ཐམས་ཅད་ཀྱིས། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཅི་ལྟར་བསམ་པ་སྣང་བ་ལ། །འཁྲུལ་གཞི་ཡོད་མེད་སྒྲོ་སྐུར་བྲལ། །ཅེས་གསུངས་སོ། །འོ་ན་དེ་ལ་འཁྲུལ་གཞི་ཞེས་བྱ་བ་དེ་བདེ་གཤེགས་སྙིང་པོ་ལ་འདོད་དམ། མ་རིག་པ་རྒྱུ་དང་བཅས་པ་ལ་འདོད། སྔ་མ་ལྟར་ན། འཁྲུལ་པའི་ངོ་བོ་མི་རྙེད་པར་འགྱུར། ཕྱི་མ་ལྟར་ན་སངས་རྒྱས་ཀྱི་དགོངས་པ་མི་རྙེད་པར་འགྱུར་རོ། །ཞེ་ན། བརྒྱུད་པའམ་རྒྱུ་བདེ་བར་གཤེགས་པའི་སྙིང་པོ། དངོས་རྒྱུ་མ་རིག་པའོ། །དེ་ཡང་གསང་སྙིང་ལས། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྦྲུལ། །ཅེས་པས་མངོན་ནོ། ༈ །འཁྲུལ་ཚུལ་གཉིས་ཏེ། བགྲང་། མ་རིག་པས་ངོ་མ་ཤེས་ཏེ་འཁྲུལ་པ་སྤྱིར་བསྟན་པ་དང་། དྲང་། གོང་གི་དབྱེར་མེད་ལས་འཁྲུལ་པ་ཅི་ལྟར་འབྱུང་ཚུལ་ནི། མ་རིག་པ་དང་རིག་པ་ཡེ་ཤེས་དབྱེར་མེད་མཚུངས་པར་ལྡན་པའི་ཕྱིར། འོ་ན་འཁྲུལ་པ་ཅི་ལྟར་དུ་འབྱུང་ན་འདས་མ་འོངས་ད་ལྟར་དུས་གསུམ་དུ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དང་རྒྱུན་དུ་འགྲོགས་ཀྱང་རང་ངོ་རང་གིས་མ་ཤེས་པས་ཆོས་ཉིད་ཀྱིས་དོན་མངོན་སུམ་དུ་མཐོང་བ་མེད་དེ་དཔེ་མིག་རང་གིས་མིག་རང་ཚུར་ལ་མི་མཐོང་ཕར་ལ་ཡུལ་སྣ་ཚོགས་སུ་མཐོང་བ་བཞིན་དུ་སེམས་ཀྱིས་ཀྱང་དེ་ལྟ་བུར་ཚུར་ལ་རང་མི་རིག །ཕར་ལ་ཡུལ་སྣ་ཚོགས་སུ་ཤར་བའི་སྟོབས་ཀྱིས་གཟུང་འཛིན་གཉིས་སུ་སྣང་བའི་དུས་སུ་སྔ་ཕྱིའི་ཆོས་ཐམས་ཅད་ལུང་བཏགས་པ་སྟེ་མིང་དང་དངོས་པོ་སྣ་ཚོགས་སུ་བཏགས་པ་ནོར་སའི་སྤྱོད་ཡུལ་སྣ་ཚོགས་སུ་རྒྱུན་མི་འཆད་པར་ཤར་བའོ། ༈ །བྱེ་བྲག་ཏུ་ཕྱེ་སྟེ་བསྟན་པའོ། །དེ་ལ་གཉིས་ཏེ། བགྲང་། བསྟན་པ་དང་། འཁྲུལ་ཚུལ་རྒྱས་པར་བཤད་པའི་སྡོམ་ཚིག་ནི་འདི་ལྟ་སྟེ། འཁྲུལ་པའི་དུས་དང་འཁྲུལ་པའི་རྒྱུ་དང་འཁྲུལ་པའི་རྐྱེན་དང་། འཁྲུལ་ཚུལ་དང་འཁྲུལ་པའི་ངོ་བོ་དང་འཁྲུལ་པའི་རང་བཞིན་དང་འཁྲུལ་པའི་ཉེས་དམིགས་དང་བདུན་གྱི་སྒོ་ནས་འོག་འཁྲུལ་པའི་དོན་རྒྱས་པར་བཤད་དེ་ཤེས་པར་བྱའོ། ༈ །རྒྱས་པར་བཤད་པའོ། །དེ་ལ་བདུན་ཏེ། བགྲང་། དུས་དང་། དྲང་། ཏནྟྲ་སྟེ་རྒྱུད་སྒྱུ་འཕྲུལ་རྒྱས་པ་དེ་ཉིད་ལས་གསུངས་པ་ནི། འདི་ལྟ་སྟེ་ཐོག་མ་མེད་པའི་དུས་ནས་སེམས་རང་ངོ་མ་ཤེས་ཏེ་ཁ་ཡན་དུ་བཏང་ཞིང་གཟུང་འཛིན་ཕྱིན་ཅི་ལོག་ལ་འཇོལ་ཉོག་ཏུ་སྤྱོད་ཅིང་འཁྲུལ་ལོ། །གལ་ཏེ་ཐོག་མ་མེད་པ་ནས་འཁྲུལ་པ་མ་བྱུང་ཞིང་གཟོད་གློ་བུར་དུ་འཁྲུལ་པ་བྱུང་བར་གྱུར་ན་དུས་འདི་ཙམ་ནས་བྱུང་ཞེས་འཇིག་རྟེན་ལ་ཐོག་མའང་འབྱུང་བར་གྱུར་བའི་སྐྱོན་ཡོད། འོ་ན་འཇིག་རྟེན་ལ་ཐོག་མ་བྱུང་ན་སྐྱོན་ཅི་ཡོད་ན་འཁྲུལ་པའི་གློ་བུར་དུ་བྱུང་བས་འཁྲུལ་པ་དང་ཡེ་ཤེས་མི་གཅིག་པས་ལམ་ཐོས་བསམ་སྒོམ་གསུམ་དོན་མེད་དུ་འགྱུར་བའི་སྐྱོན་དང་། མཐར་སངས་རྒྱས་ནས་འཁྲུལ་པ་གློ་བུར་དུ་བྱུང་ནས་སེམས་ཅན་དུ་འགྱུར་སྲིད་པའི་སྐྱོན་ཡོད་པས་དུས་ཐོག་མ་མེད་པ་ནས་འཁྲུལ་ལོ། །རྒྱུ་ལ་གཉིས་ཏེ། བགྲང་། བསྟན་པ་དང་དྲང་། ངོ་བོ་ཉིད་ཀྱི་རྒྱུ་བདེ་གཤེགས་སྙིང་པོ་དང་། མཚུངས་པར་ལྡན་པའི་རྒྱུ་མ་རིག་པ་དང་འཁྲུལ་པ་དང་ལྷན་ཅིག་བྱེད་པའི་རྒྱུ་གཟུང་འཛིན་གཉིས་དང་ཉེར་ལེན་གྱི་རྒྱུ་དུས་གསུམ་འཕེན་པའི་རྒྱུ་ལས་ཀྱི་བག་ཆགས་སྨིན་ནས་སྐྱེ་བ་ལ་མི་འདའ་བ་དང་ལྔ་ཡིས་རྒྱས་པར་བཤད་ན་འདི་ལྟ་སྟེ། བཤད་པའོ། །དེ་ལ་ལྔ་སྟེ། བགྲང་། ངོ་བོ་ཉིད་ཀྱི་རྒྱུ་དང་། དྲང་། མ་བཅོས་པ་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་ལ་འཁོར་འདས་ཀྱི་རིགས་ཐ་དད་དང་རྒྱུད་ཐ་དད་དུ་མེད་པ་དེ་ཉིད་འཁྲུལ་པ་དེ་ཉིད་ཀྱི་རྒྱུར་གནས་ཀྱང་སྣང་བའི་ཕྱིར་ཏནྟྲ་སྟེ་རྒྱུད་རྒྱས་པ་ལས་ཀྱང་སྔར་དུས་ཐོག་མ་མེད་པ་ནས་དབྱེར་མེད་དུ་འཁྲུལ་གསུངས་པའི་དོན་གྱི་ན། རྒྱུ་ལ་ལྔ་ཡོད་པའི་དང་པོའི་ངོ་བོ་ཉིད་ཀྱི་རྒྱུ་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་དེ་ཉིད་ཀྱང་འཁྲུལ་པ་ལས་གཞན་དུ་མིན་ཏེ་གཞི་ཆོས་ཉིད་དེ་ཀ་འཁྲུལ་སྣང་སྣ་ཚོགས་སུ་ཤར་བ་ངོ་བོ་ཉིད་ཀྱི་རྒྱུ་བདེ་བར་གཤེགས་པའི་སྙིང་པོའོ། །གོང་གི་སྔར་གསུངས་ཞེས་པ་འདི་ལ། ཆོས་རྗེས། དུས་ཀྱི་སྐབས་ན། ཐོག་མ་མེད་ནས་སེམས་ཡན་བཏང་། །ཕྱིན་ཅི་ལོག་ལ་འཇོལ་ཉོག་སྤྱད། །དེ་ལ་ངོས་བཟུང་བཞེད་དང་། གཞུང་རང་ལ་བརྟགས་ན། འཁྲུལ་གཞིའི་སྐབས་ན། སྨན་གྱི་ཕན་གནོད་ཅི་བཞིན་དུ། ཐམས་ཅད་མ་ལུས་རྒྱུ་གཅིག་པས། འདི་ཡིན་པ་འདྲ་བས་བརྟག་པར་བྱའོ། །མཚུངས་པའི་རྒྱུ་དང་། དྲང་། སྔོན་གཞིའི་སྐབས་ཀྱི་དཔེ་མེ་ལོང་དང་གཡའ་ནམ་མཁའ་དང་སྤྲིན་གྱི་དཔེ་རྣམ་པ་གཉིས་ལྟར་དུ་གདོད་མ་ནས་གཞི་ཆོས་ཉིད་དང་མ་རིག་པ་མཚུངས་པར་ལྡན་པས་མ་རིག་པ་ཡེ་ཤེས་གཉིས་སུ་མེད་པས་མཚུངས་ལྡན་གྱི་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པའོ། །ལྷན་ཅིག་བྱེད་པའི་རྒྱུ་དང་། དྲང་། ཡུལ་ཡུལ་ཅན་ཀུན་ཏུ་རྟོག་པ་གཟུང་འཛིན་རྣམ་པ་གཉིས་པོ་འདི་ཐེག་པ་སྤྱི་སྐད་དང་བསྟུན་ན་ལྷན་ཅིག་བྱེད་པའི་རྒྱུ་ཡིན། ཉེར་ལེན་གྱི་རྒྱུ་དུག་གསུམ་ཡིན་པར་བཤད། འདི་དེ་གཉིས་ལྷན་ཅིག་བྱེད་པའི་རྒྱུ་ལ་ངོས་བཟུང་ནས་ས་གཞུང་སྤྲད་པ་ནོར་བ་འདྲ། དེའི་རྐྱེན་གྱིས་བརྟས་བསླང་པ། འདིར་ཉེར་ལེན་ལ་ངོས་བཟུང་ཡང་། འདི་ལས་བསག་ཚུལ་ཡིན་པས་འཕེན་རྒྱུའི་ངོ་བོ་ཡིན། འོད་མ་ལྟ་བུར་ཕྱི་མར་སྣང་བ་ནི། འཕེན་པའི་ངོ་བོའི་དཔེ་ཁོ་ན་བྱུང་། ཉེ་བར་ལེན་པའི་རྒྱུ་དང་། དྲང་། གོམས་པ་ནི་རྒྱུན་ཆགས་ནས་སྟོབས་ཞུགས་པ་སྟེ། དང་པོ་མ་རིག་པ་ཀུན་གཞིའི་རྣམ་ཤེས། དེའི་ཐོག་ནས་སྐད་གཅིག་སྔ་མ་ཡུལ་ཕྱི་མ་ཡུལ་ཅན་དུ་ཤར་ནས་གཟུང་འཛིན་ངོ་བོ་གཉིས་བྱུང་། གཟུང་འཛིན་དེ་དང་དུས་མཉམ་དུ་བཟང་པོ་ལ་འདོད་ཆགས། ངན་པ་ལ་ཞེ་སྡང་། བར་པ་ལ་གཏི་མུག་འབྱུང་བ་དང་དུག་གསུམ་སྐྱེས་པ་ནི། འཁྲུལ་པ་ཉེ་བར་ལེན་པའི་རྒྱུའོ། །འཕེན་པའི་རྒྱུའོ། །དྲང་། ཉོན་མོངས་དེའི་རྐྱེན་གྱིས་ལས་བསག་ཚུལ་ནི་ཀུན་གཞི་ལ་བག་ཆགས་ཀྱི་མཐུ་བརྟས་པའོ། །དེའི་བག་ཆགས་སད་ཅིང་བསླངས་པས་འབྲས་བུ་ཉིང་མཚམས་སྦྱོར་བ་ནི། དཔེ་ཤིང་གཞུ་འོད་མ་ལ་མདའ་གང་རྫོགས་པར་འཕེན་ནས་འཕེན་པ་བར་དོར་ཆུད་མི་ཟ་ནས་འཕེན་པས་ས་ལ་ཕོག་པ་ལྟ་བུར་ལས་ཀྱི་ས་བོན་རྩུབ་མོ་དེས་འཕངས་ནས་ཕྱི་མར་ལུས་སུ་སྣང་ཞིང་ལས་འབྲས་ཆུད་མི་ཟ་བ་ནི་འཕེན་པའི་རྒྱུའོ། ༈ །རྐྱེན་ལ་གཉིས་ཏེ། བགྲང་། ལས་དང་། དྲང་། གནས་ཁམས་གསུམ་འདི་ན་གནས་པའི་འགྲོ་བ་སེམས་ཅན་ཀུན་གྱི་སྐྱེ་ཤི་འཁོར་བའི་ཁ་བརྒྱུད་ནས་མཐོ་རིས་དང་ངན་སོང་འཁོར་བའི་རྐྱེན་ནི་ལས་ཉོན་གྱི་སྟོབས་སྨིན་པར་བྱེད། ལས་དཀར་པོ་དགེ་བ་བཅུ་དང་ལས་ནག་པོ་མི་དགེ་བ་བཅུ་སྨིན་པ་ཡིས་ཁམས་གསུམ་དང་པོ་འདོད་ཁམས་སར་སྐྱེ་སྟེ། དགེ་བཅུའི་མཐོ་རིས་གནས་བཅུ། མི་དགེ་བ་བཅུས་ངན་སོང་གནས་བཅུ་སྟེ་འདོད་ཁམས་ཀྱི་གནས་ཉི་ཤུར་སྐྱེ་བར་བྱེད་དོ། །དགེ་བཅུའི་སྟེང་དུ་མི་གཡོ་བའི་ལས་ཏེ་ཚངས་པའི་གནས་ཞེས་ཚད་མེད་བཞི་དང་བསམ་གཏན་དང་པོ་རྟོག་དཔྱོད། གཉིས་པ་དགའ་བདེ། གསུམ་པ་བདེ་བ། བཞི་པ་ཏིང་ངེ་འཛིན་དང་བཞི་ལ་བརྟན་པ་ཐོབ་ཅིང་སྨིན་པ་གཟུགས་ཁམས་གནས་རིས་བཅུ་བདུན་དུ་སྐྱེ་ཞིང་དེའི་སྤྱོད་ཡུལ་དུ་སྣང་བ་དང་། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དང་སྙོམས་པར་འཇུག་པ་བཞིའི་མཐུ་དང་ལྡན་ཞིང་སྨིན་ན་ཁམས་འོག་མ་ལ་ལྟོས་ན་ཤེས་པ་ཟབ་པ་རྩེ་མོ་ཞེས་གཟུགས་མེད་བཞིའི་སྤྱོད་ཡུལ་དུ་སྣང་སྟེ་སྐྱེའོ། །ཉོན་མོངས་པའོ། །དྲང་། རྒྱུ་སྤྱི་ཀར་བཏང་ན་མི། འབྲས་བུ་སྤྱི་ཀར་བཏང་ན་ལྷ་མ་ཡིན་སྟོད་རིས་ལྷར་བརྩིས་པས་རྒྱུད་ལྔའི་སེམས་ཅན་ཀུན་གྱི་ལམ་དུ་དུག་ལྔ་ཉམས་སུ་ལེན་ཏེ། སྨིན་ནས་རིགས་དྲུག་ཏུ་སྐྱེ་བའི་རྐྱེན་བྱེད་ཅེས་ཏནྟྲ་སྟེ་རྒྱུད་སྒྱུ་འཕྲུལ་རྒྱས་པའི་ལེའུ་དོན་གསུམ་པ་ས་མ་ཡ་དམ་ཚིག་རྩ་བ་བཅོ་ལྔ་སྟོན་པའི་ལེའུ་ལས་འབྱུང་བས་དེར་བལྟའོ། །འོ་ན་རྒྱུའི་དུས་སུ་ལས་ཉོན་གཉིས། རྐྱེན་གྱི་དུས་སུ་ལས་ཉོན་གཉིས། གང་ཡིན་ཞེ་ན། སྤྱིར་འཁོར་བའི་རྒྱུ་མ་རིག་པ། རྐྱེན་ལས་ཉོན་གཉིས། དེ་གཉིས་ཀྱིས་བསྐྱེད་པའི་འབྲས་བུ་ཁམས་གསུམ་ཡིན་པར་བཤད། རྐྱེན་ལས་ཉོན་གཉིས། རྒྱུ་ལ་བཏང་བའི་རྒྱུ་མཚན་ནི་འཁོར་བ་ལ་རྒྱུ་རྐྱེན་འབྲས་གསུམ་བྱུང་ཡང་། རྒྱུ་འབྲས་གཉིས་སུ་བཤད་ན། རྐྱེན་ལས་ཉོན་ཡན་ཆད་རྒྱུ་ལ་འགྲོ་དགོས། རྒྱུ་མ་རིག་པ་ཤེས་སྒྲིབ་ཡིན་པ་ལ། ཉོན་སྒྲིབ་ཉོན་མོངས་སྐྱེས། ཉོན་མོངས་ལ་ལས་སྒྲིབ་སྐྱེ། ལས་སྒྲིབ་ཀྱི་འབྲས་བུ་འཁོར་བ་བསྐྱེད་པ་ལ་དགོངས་ནས། མཚན་ཉིད་ཐེག་པའི་ལུགས་ལ་འཁོར་བའི་རྒྱུ་ཀུན་འབྱུང་གི་བདེན་པ་ལ། ཉོན་མོངས་ཀུན་འབྱུང་དང་། ལས་ཀྱི་ཀུན་འབྱུང་གཉིས་རྒྱུ་ལ་བཞག་ནས། འབྲས་བུ་སྡུག་བསྔལ་གྱི་བདེན་པ་བསྐྱེད་པར་འདོད་དོ། །དེ་བཞིན་དུ་སྒྱུ་འཕྲུལ་རྩ་བཤད་གང་ནས་ཀྱང་། རྐྱེན་ལས་ཉོན་གཉིས་དང་བཅས་པ་འཁོར་བ་བསྐྱེད་པའི་རྒྱུ་ཡིན་གསུངས། རྐྱེན་གྱི་དུས་སུ་ལས་ཉོན་གཉིས་བཤད་པའི་རྒྱུ་མཚན་ནི། གོང་གི་རྒྱུ་ལྔ་པོའི་ནང་ནས་སྤྱིར་འཁོར་བ་ཙམ་གྱི་རྒྱུ་མ་གཏོགས་པ་ཁམས་གསུམ་སོ་སོར་བསྐྱེད་པའི་རྒྱུ་རྐྱེན་མ་བྱུང་བས། རྐྱེན་གྱི་དུས་སུ་ལས་དགེ་མི་དགེ་གཡོ་བ་གསུམ་གྱིས་ཁམས་གསུམ་བསྐྱེད་ལུགས་དང་། དུག་ལྔས་རྒྱུད་ལྔའི་སེམས་ཅན་བསྐྱེད་པར་ཤེས་པར་བྱའོ། ༈ །འཁྲུལ་ཚུལ་དང་། དྲང་། ཕྱི་སྣོད་ཀྱི་འཇིག་རྟེན་ཕྱི་རྟེན་ཅིང་འབྲེལ་བ་བཅུ་གཉིས་ནང་བཅུད་ཀྱི་སེམས་ཅན། ནང་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོའི་ཚུལ་དུ་གནས་ཁམས་གསུམ་དུ་བཅུད་འགྲོ་བ་རིགས་དྲུག་ལས་ཀྱི་དབང་གིས་ཡང་ནས་ཡང་དུ་བསྐོར་བའང་། ཁམས་གསུམ་གྱི་སྣང་ཚུལ་གྱི་ཆ་ཡི་ཕྱེ་བས་བཅུ་གཉིས་འདོད་ཁམས་ལ་ཚང་སྟེ། ཕྱི་སྣོད་ཀྱི་འཇིག་རྟེན་རྒྱུ་འབྲས་བཅུ་གཉིས་ལས། རྒྱུ་དང་འབྲེལ་པ་དྲུག་ནི། རྩ་བ། སྡོང་བུ། ཡལ་ག །ལོ་མ། མེ་ཏོག །འབྲས་བུ་དང་དྲུག །རྐྱེན་དང་འབྲེལ་པ་དྲུག་ནི། འབྱུང་བ་ལྔ་དུས་ཀྱི་འགྱུར་བ་དང་དྲུག་གོ། །ནང་བཅུད་ཀྱི་སེམས་ཅན་རྟེན་འབྲེལ་བཅུ་གཉིས་ཀྱི་ཚུལ་དུ་འཁོར་བ་ནི། དེ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་རྐྱེན་གྱིས་རྣམ་པར་ཤེས་པ། དེ་བཞིན་དུ་མིང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་རྣམས་ལུགས་འབྱུང་དུ་ཟོ་ཆུའི་ཁྱུད་མོ་བཞིན་དུ་འཁོར་བའོ། །གཟུགས་ཁམས་དང་གཟུགས་མེད་ལ་རྟེན་འབྲེལ་བཅུ་གཉིས་ཚང་བའི་ངེས་པ་མེད་དེ། གཟུགས་ཁམས་ལ་མ་རིག་པ་འཁོར་བའི་རྒྱུ་ཡིན་པས་ཡོད། འདུ་བྱེད་ལ་གཡོ་མི་གཡོ་བའི་འདུ་བྱེད་གཉིས་ལས་འདིར་མི་གཡོ་བའི་འདུ་བྱེད་ཡོད། རྣམ་པར་ཤེས་པས་ལས་ཀྱི་སྐྱེ་གནས་སུ་འཁྲིད་པར་བྱེད། མིང་དང་གཟུགས་ཀྱིས་ལུས་འཛིན་པར་བྱེད། སྐྱེ་མཆེད་དྲུག་གིས་ལུས་རྫོགས་པར་བྱེད་པས། འདིར་རྫུས་སྐྱེས་ཡིན་པས་དེ་གསུམ་མེད། རེག་པ་གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པར་བྱེད། ཚོར་བས་ཡུལ་ལ་ཉེ་བར་ལོངས་སྤྱོད་པར་བྱེད། སྲེད་པས་ཡུལ་བདེ་བ་ལ་ཆགས་པ་དང་གསུམ་ཡོད་ལེན་པས་རྣམ་པར་ཤེས་པ་སྐྱེ་བ་དང་མཐུན་པར་སྦྱོར་བར་བྱེད། སྲིད་པས་ལས་ནུས་པ་ཐོག་མེད་དུ་གྱུར་པས་འདིར་ལས་མངོན་གྱུར་བསག་ཏུ་མེད་པས་ལེན་སྲིད་གཉིས་མེད། སྐྱེ་ཤི་ཐོག་མཐའ་ཡིན་པས་ཡོད་པ་དང་། རྟེན་འབྲེལ་བཅུ་གཉིས་ལ་བདུན་མངོན་གྱུར་དུ་ཡོད་པའོ། །གཟུགས་མེད་ལ་སྐྱེ་ཤི་འཁོར་བའི་ཐོག་མཐའ་ཡིན་པས་ཡོད། མ་རིག་པའི་ཐོག་ན་འགོག་པས་དེ་གསུམ་ཡོད་ལ་གཞན་མངོན་གྱུར་མེད་པའོ། །ཡང་ན་ཁམས་གསུམ་གྱི་ལུས་ཡོད་མེད་ཀྱི་ཆས་ཕྱེ་བས་ལུས་ཅན་རྣམས་ལ་མངོན་དུ་འཁོར་ལ། ལུས་མེད་རྣམས་ལ་བག་ཆགས་ཀྱི་ཚུལ་དུ་འཁོར་བའོ། ༈ །ངོ་བོ་དང་། དྲང་། འཁྲུལ་པའི་རྟོག་པ་བརྟན་པའི་འཁྲུལ་སྣང་གི་སྤྱོད་ཡུལ་སྣ་ཚོགས་སུ་ཤར་བ་ནི་འཁྲུལ་པའི་ངོ་བོ་སྟེ། སྤྱིར་འགྲོ་བ་རིགས་དྲུག་སོ་སོའི་སྣང་ཚུལ་མི་འདྲ་བ་ཕྱི་ནང་སྣོད་བཅུད་སྣ་ཚོགས་སུ་སྣང་བ་དང་བྱེ་བྲག་ཏུ་རིགས་དྲུག་རེ་རེ་ལའང་ལུས་ལ་བཟང་ངན་དང་ལོངས་སྤྱོད་ལ་ཆེ་ཆུང་དང་ཚེ་ལ་རིང་ཐུང་དང་ལས་དཀར་ནག་དང་། མཐོ་རིས་ཀྱི་བདེ་བ་ངན་སོང་གི་སྡུག་བསྔལ་དང་བར་མ་དོ་བཏང་སྙོམས་ཐ་དད་སྣ་ཚོགས་སུ་སྣང་བ་ནི། འཁྲུལ་པའི་ངོ་བོའོ། །འོ་ན་འཁྲུལ་སྣང་སྣ་ཚོགས་སུ་ཤར་བ་འཁྲུལ་སྣང་སྣ་ཚོགས་སུ་ཤར་བ་འཁྲུལ་པའི་ངོ་བོ་ཡིན་ན། གོང་གཞིའི་སྐབས་ན། འཁོར་འདས་ངོ་བོ་ཐ་དད་ན་སྐྱོན་ཡོད། ཅེས་པ་དང་འགལ་ལམ་ཞེ་ན་མི་འགལ་ཏེ། འཁྲུལ་པ་སྣ་ཚོགས་སུ་ཤར་བའི་ངོ་བོ་དེ་ཉིད་ངོས་བཟུང་དང་བྲལ་བས་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། འཁོར་བ་སྤངས་པར་གྱུར་པ་ཡི། །མྱ་ངན་འདས་ཁྱོད་མི་བཞེད་ཀྱིས། །འཁོར་བ་མི་དམིགས་པ་ཡིས་ནི། །ཞི་ཉིད་མགོན་པོ་ཁྱོད་ཀྱིས་བསྟན། །ཅེས་པས་འཁོར་འདས་ངོ་བོ་གཅིག་པའོ། ༈ །རང་བཞིན་དང་། དྲང་། དཔེར་ན་སྒྱུ་མ་མཁན་གྱིས་རྫས་སྔགས་གང་གི་སྒོ་ནས་སྒྱུ་མས་ནོར་རྫས་རྟ་གླང་ལ་སོགས་གཞན་བསླུས་པའི་ཆེད་དུ་སྤྲུལ་ཀྱང་མི་རྣམས་ཀྱིས་བདེན་པར་བཟུང་བ་བཞིན་དུ། གཞི་ཆོས་ཉིད་ལ་འཁྲུལ་པ་མེད་ཀྱང་། རང་ངོ་མ་ཤེས་པས་འཁྲུལ་སྣང་ནོར་བའི་སྤྱོད་ཡུལ་སྣ་ཚོགས་ཀྱི་རང་བཞིན་དུ་ཤར་ནས་སྣང་བའོ། །འོ་ན་འཁོར་འདས་གཉིས་ཀྱི་རང་བཞིན་མི་གཅིག་གམ་ཞེ་ན་མ་ཡིན་ཏེ། འཁྲུལ་སྣང་གི་རང་བཞིན་དེ་ཉིད་མྱང་འདས་ཀྱི་རང་བཞིན་ཡིན་ཏེ་དབུ་མ་བྱང་ཆུབ་སེམས་འགྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་བྱོས། །ཞེས་པའོ། །ཉེས་པ་དང་། དྲང་། སྲིད་པ་གསུམ་གྱི་རྩ་བའི་ཉེས་དམིགས་ཀྱི་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་ལས་བྱུང་བས་སེམས་ང་ཟེར། ཡུལ་དང་ཡུལ་ཅན་བདག་ཏུ་རྟོག་པ་ལས་རྐྱེན་ཀུན་བརྟགས་ཀྱིས་འཁྲུལ་སྣང་སྣ་ཚོགས་སུ་བྱུང་བའི་ཕྱིར་དེར་ཉེས་པ་སྣ་ཚོགས་བསྐྱེད་དེ། འགྲོ་དྲུག་གི་སྡུག་བསྔལ་སྣ་ཚོགས་མྱོང་ཞིང་ཡང་དག་པའི་ལམ་དང་བྲལ་བར་བྱེད་པའོ། །རང་བཞིན་ལ་གཉིས་ཏེ། བགྲང་། དེ་ཁོ་ན་ཉིད་ཀྱི་རང་བཞིན་དང་། དྲང་། སྡུག་བསྔལ་མྱོང་ཞིང་ཡང་དག་པའི་ལམ་དང་བྲལ་བ་དེ་ཡི་དུས་ན་ཆོས་ཉིད་རང་བྱུང་ཡེ་ཤེས་ལ་ཉམས་པ་མེད་དེ། རྒྱུད་སྒྱུ་འཕྲུལ་རྒྱས་པ་དེ་ཉིད་ལས་གསུངས་པ་ནི་འདི་ལྟ་སྟེ། ནམ་མཁའི་དབྱིངས་ནི་བསམ་ཡས་པར། །ཉི་ཟླ་གཟའ་སྐར་མཚན་མོའི་ལྟས་མི་འདྲ་བ་སྟེ་གློག་འགྱུ་བ་དང་། འཇའ་ཚོན་དང་། སྤྲིན་མང་སྣ་ཚོགས་སུ་འཁྲུགས་ནས་འབྱུང་བར་འགྱུར་ཡང་ནམ་མཁའི་དབྱིངས་རང་ལས་འགྱུར་ཞིང་ཉམས་པ་མེད་བཞིན་དུ་སེམས་ཉིད་མི་དམིགས་པ་ཆོས་ཀྱི་དབྱིངས་དེ་ནི་མ་འགགས་པར་ཤེས་བྱ་འཁོར་འདས་བསམ་ཡས་པར་ཤར་བ་ཡིན་ཏེ། རྟོགས་པའི་ངོ་ཀ་ལ་ཡེ་ཤེས་ཀྱི་རང་གཟུགས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟུགས་སྐུ་རྨད་བྱུང་སྣ་ཚོགས་སུ་ཤར་བ་དང་། མ་རྟོགས་པའི་སྣང་ངོའི་གཟུགས་སུ་འཇིག་རྟེན་གྱི་གཙོ་མཆོག་སྟེ་ཚངས་པ་བརྒྱ་བྱིན་ལ་སོགས་པ་གཞན་ཡང་རིགས་དྲུག་གི་ལུས་སྣ་ཚོགས་རྣམ་པ་མང་མོར་ཤར་ཡང་སེམས་ཉིད་ཆོས་ཀྱི་དབྱིངས་དེ་ལས་གཞན་དུ་འགྱུར་ཞིང་ཉམས་པ་མེད་དེ། དེ་བས་ན་གོང་གི་འཁྲུལ་པའི་རྒྱུ་རྐྱེན་ལ་སོགས་པ་དུས་མས་བཤད་ཀྱང་། ཆོས་ཀྱི་དབྱིངས་སེམས་ཀྱི་གནས་ལུགས་ལ་འགྱུར་བ་མེད་པའོ། །རྒྱུའི་ཐེག་པས་ངོ་མ་ཤེས་པའོ། །དྲང་། གོང་གིས་འཁོར་འདས་དབྱེར་མེད་མ་རིག་ནས་མ་འདྲེས་ཡོངས་རྫོགས་དབྱེར་མེད་དེ་དང་བྲལ་བའི་སྤྱན་བཟང་ལོང་བ་དང་འདྲ་བའི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཁ་ཅིག་པ་རྣམས་ཀྱིས་བདེན་པ་གཉིས་འདི་ལྟར་དུ་འདོད་དེ། ཀུན་རྫོབ་དེ་དང་དོན་དམ་དེ་གཉིས་ནི་མི་གཅིག་སྟེ། ཀུན་རྫོབ་དངོས་པོ་ཡིན་ལ། དོན་དམ་སྟོང་བ་དངོས་མེད་ཡིན་པར་འདོད་དེ། བདེན་གཉིས་ཚུལ་ཇི་ལྟར་དུ་གནས་ན། ཀུན་རྫོབ་དེ་ཉིད་མ་ཡིན་ཏེ། དག་དགོས་པའི་ཕྱིར་དང་དེ་བས་གཞན་དུ་དོན་དམ་བརྗོད་དུ་མེད་དེ་ཀུན་རྫོབ་དག་ནས་སྟོང་པ་དོན་དམ་ཡིན་ཅེས་སྨྲས་པ་ལ། དཔེར་ན་མར་སྣུམ་པ་མ་ཡིན། དེ་བས་ལོགས་ན་སྣུམ་མེད་ཟེར་བ་དང་འདྲ་བས། འཁོར་འདས་རའི་རྭ་ལྟར་ཐ་དད་དུ་འདོད་པས་སངས་རྒྱས་མི་སྲིད་དོ། །འོ་ན་ཇི་ལྟར་དུ་འདོད་ན་སེམས་ཀྱི་ངོ་བོ་ལ་འཁོར་འདས་གཉིས་སུ་མེད་པ་ལ་རིག་མ་རིག་གི་དབང་གིས་མ་འགགས་པར་འཁོར་འདས་ཐ་དད་དུ་མ་ཀུན་ཏུ་ཤར་ཞིང་འབྲེལ་པའོ། །ལེའུའི་མཚན་དང་། དྲང་། ཐུགས་ཀྱི་ཐིགས་པ་ལས། ཞེས་པ་འབྲུ་མཐུན་ལ་ཡུལ་ཡུལ་ཅན་གཉིས་མེད་ལས་ལོག་ཅིང་གཉིས་སུ་ཞེན་པས་ལོག་རྟོག་དེ་མ་ཡིན་ལ་དེར་བཟུང་བས་ན་འཁྲུལ་པ་ལས་དང་ལོག་རྟོག་གི་བློར་སྣང་བའི་གཞུང་གི་མཚམས་གཅོད་ཅིང་འཛིན་པས་ན་ལེའུ་སྟེ་ཡས་བགྲང་གཉིས་པའི་དོན་དུ་གདའོ། ༈ །གདུལ་བྱའི་སྣང་བ་ལ་གཉིས་ཏེ། གཞུང་དང་མཚན་ནོ། །དང་པོ་ལ་གཉིས་ཏེ། གདུལ་བྱའི་སྣང་བ་སྤྱིར་བསྟན་པ་དང་། མཆོག་གི་ཐེག་པ་བཀར་ཏེ་བསྟན་པའོ། །དང་པོ་ལ་གསུམ་སྟེ། བགྲང་། སྤྱིར་གདུལ་བྱའི་སྣང་བའི་ངོ་བོའམ་ངེས་ཚིག་དང་། དྲང་། རང་བཞིན་གྱི་དབང་པོ་རྣོན་པོ་དང་། ཐེག་པ་འོག་མ་ལས་རིམ་གྱིས་སྦྱངས་པའི་དབང་རྣོན་གྱི་བློའི་སྣང་བའི་རྐྱེན་གྱིས་ཕྱེ་བ་ཡི། ཐེག་པ་སྣ་ཚོགས་འབྱུང་སྟེ། རང་བཞིན་གྱི་དབང་རྣོན་གྱིས་གདོད་མ་ནས་ཆོས་ཉིད་ཇི་ལྟ་བ་བཞིན་མངོན་དུ་བྱེད་ལ་སྦྱངས་པའི་དབང་རྣོན་གྱིས་ཐེག་པ་སྣ་ཚོགས་ཀྱི་ལམ་གྱི་བྱ་བ་བྱེད་ནས། མཐར་ཆོས་ཉིད་ཅི་ལྟ་བ་བཞིན་རིག་དགོས་པ་ཡིས་དེའི་དབང་གིས་ཀུན་མཁྱེན་སངས་རྒྱས་ཀྱིས་གདུལ་བྱ་སེམས་ཅན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་གསུངས་པའི་ཚུལ་ཡང་། གདུལ་བྱ་གང་མོས་སུ་སྣོད་བློ་དང་བཅུད་ཐེག་པ་དེ་འཚམ་པོར་སྦྱར་ནས་གསུངས་པའི་དོན་གྱིས་ན། གདུལ་བྱའི་བློ་རིགས་བསམ་གྱིས་མི་ཁྱབ་པ་ལས་འདུལ་བྱེད་སྟོན་པས་འདུལ་ཐབས་ཀྱི་ཐེག་པ་བསམ་ཡས་པ་ཞིག་གསུངས་པའང་གི་སྒྲས་ཚུར་བསྡུས་ན་ཐེག་པ་རིམ་པ་དགུར་འདུས་སོ། །དེས་ན་བཅུད་ཐེག་པའི་རྣམ་གྲངས་བསམ་ཡས་པ་ཞིག་ཡོད་དེ། སྣོད་གདུལ་བྱའི་རྐྱེན་གྱིས་ཕྱེ་བས་ན་ལམ་གདུལ་བྱའི་སྣང་བ་ཞེས་ངེས་ཚིག་སུ་བརྗོད་དོ། །བྱེ་བྲག་ཏུ་ཐེག་པའི་ཁྱད་པར་དང་། དྲང་། བཅུད་ཐེག་པ་དེ་དང་དེའི་རྐྱེན་སྣོད་གདུལ་བྱ་རང་བཞིན་གྱི་དབང་རྣོན་དེ་དང་། སྦྱངས་པའི་དབང་རྣོན་དེ་དང་། གཉིས་པོ་ཡིས་ཅི་ལྟར་དུ་རྟོགས་ན་རང་བཞིན་གྱི་དབང་རྣོན་གྱིས་གསང་སྔགས་ཇི་བཞིན་པའི་དོན་གདོད་མ་ནས་མངོན་དུ་བྱེད་ནུས་ལ། སྦྱངས་པའི་རྣོན་པོས་ཐེག་འོག་ལས་རིམ་གྱིས་སྦྱངས་ནས་མཐར་གསང་སྔགས་དེ་བཞིན་དུ་མངོན་དུ་བྱེད་དགོས་པ་རིམ་པ་ལྟར་དུ་ལྷ་མིའི་ཐེག་པ། ཉན་ཐོས་ཀྱི། རང་སངས་རྒྱས་ཀྱི། བྱང་ཆུབ་སེམས་དཔའི་ཐེག་པ་དང་བཞི་ལས་བགྲོད་པ་དང་། མཐར་ལྔ་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཡི་དོན་ལ་སྦྱར་བའང་ངེས་འབྱུང་གི་ཐེག་པ་དང་བཞི་ལ་རིམ་གྱིས་བརྒྱུད་དེ། རང་རང་གི་ལྟ་བ་བློ་དངོས་མ་འཕྲོད་ཀྱི་བར་དུ་སྦྱངས་ཏེ་དེ་ནས་གོང་མ་གོང་མར་ལམ་སྟེགས་སུ་བགྲོད་ཅིང་། མཐར་གསང་སྔགས་དེ་ཉིད་དུ་སྦྱོར་བའི་ཕྱིར། ལུང་ལས། འདི་སྐད་དུ་རྒྱུད་གསངས་བའི་སྙིང་པོ་ལས་གསུངས་པ་འདི་ལྟ་སྟེ། ལྷ་མི། ཉན་ཐོས། རང་རྒྱལ། བྱང་ཆུབ་སེམས་དཔའི་ཐེག་པ་དང་བཞི་ཡིས་ངེས་པར་འབྱུང་ལ། དེ་ཡང་ལྷ་མིས་ངན་སོང་གསུམ་ལས། ཉན་རང་འཁོར་བ་ལས། བྱང་སེམས་མཐའ་གཉིས་ལས་ངེས་པར་འབྱུང་ལ། མཐར་གསང་སྔགས་ཀྱི་ཐེག་པ་གཅིག་གི་དོན་ལ་འཇུག་དགོས་པས་ཐེག་པ་ཀུན་གྱི་འབྲས་བུར་གནས་པའོ། །ཐེག་པ་ཐམས་ཅད་ཀྱི་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་གཅིག་ལའང་། རྐྱེན་དབང་པོ་རྣོ་རྟུལ་གྱི་རྐྱེན་གྱིས་ཕྱེ་བའི་གསང་སྔགས་ཕྱི་ནང་གཉིས་སུ་གྱེས་པ་དང་ཕྱི་ནང་གཉིས་ལའང་བློ་རབ་འབྲིང་ཐ་མ་གསུམ་གྱིས་ཕྱེ་བའི། སྔགས་ཕྱི་པ་ལ་བྱ་བ་སྤྱོད་པ་རྣལ་འབྱོར་གསུམ། ནང་པ་ལ་མ་ཧཱ་ཨ་ནུ་ཨ་ཏི་གསུམ་དང་དྲུག་ཏུ་གྱེས་པའོ། །སྤྱིར་གདུལ་བྱའི་སྣང་བ་བསམ་ཡས་པའོ། །དྲང་། ཆོས་ཉིད་རང་བྱུང་ཡེ་ཤེས་ཉག་གཅིག་དེ་ཉིད་ཤེས་བྱ་ཀུན་གྱི་འབྱུང་གནས་ཡིན་པས། གདུལ་བྱ་རང་རང་གི་བློ་དང་འཚམས་པར་སྣང་སྟེ་གཟུང་འཛིན་ཕྱིན་ཅི་ལོག་ལ་མོས་པའི་གདུལ་བྱ་དང་སོགས་ཀྱི་སྒྲས་རྣལ་མ་ལ་མོས་པའི་གདུལ་བྱ་གཉིས། ཕྱིན་ཅི་ལོག་ལ་མོས་པ་ལའང་རང་བཞིན་གྱིས་ལོག་པ་ཕྱལ་རྒྱང་དང་། གྲུབ་མཐར་འཇུག་ནས་ལོག་པ་གཉིས་ཏེ། ཐ་མ་གྲུབ་མཐར་འཇུག་ནས་ལོག་པ་ལ་གཉིས་ཏེ། ལོག་པ་མུ་སྟེགས་མུར་རྟུག་དང་། ཐེག་ཆེན་ལ་ལྟོས་ན་ལོག་པ་ཡིན་ལ། མུ་སྟེགས་པ་ལ་ལྟོས་ན་མ་ལོག་པ་ཡི་ཉན་རང་ངོ་། །ཞེས་ཆོས་རྗེ་རིན་པོ་ཆེས་བཞེད་ལ། གཞུང་ལ་བརྟགས་ན། ཐ་མ་ལོག་དང་མ་ལོག་པ། ཞེས་པ། ཐ་མ་གྲུབ་མཐར་འཇུག་པ་ལ་མུ་སྟེགས། མ་ལོག་པ་ཉན་རང་ཡན་ཆད་ངོས་བཟུང་ཡིན་པར་གསུངས་སོ། །རྒྱུད་ཀྱི་དགོངས་པ་ལྟར་བྱེ་བྲག་ཏུ་དམིགས་ངོས་བཟུང་ན། གཟུང་འཛིན་ལ་ཞེན་ཅིང་ཆོས་ཉིད་མ་རྟོགས་པ་ཕྱལ་བ་དང་རྒྱང་འཕེན། ལྟ་བ་རྟག་ཆད་ཀྱི་མཐར་ཞེན་ནས་ལོག་པར་རྟོག་པ་མུར་རྟུག་མུ་སྟེགས། ཕྲ་བ་ཆོས་ཀྱི་བདག་མ་རྟོགས། རགས་པ་གང་ཟག་གི་བདག་ཕྱོགས་ཙམ་རྟོགས་པ་ཉན་རང་། དོན་དམ་བདེན་པའི་གནས་ལུགས་རྟོགས་ཀྱང་ཀུན་རྫོབ་བདེན་པའི་གནས་ལུགས་མ་རྟོགས་པས་བདེན་གཉིས་དབྱེར་མེད་ཡང་དག་པ་ཉིད་མ་རྟོགས་པ་དབུ་མ་སེམས་ཙམ། ལུས་ངག་ཡིད་གསུམ་སྤྱོད་པས་འདུལ་བ་བྱེད་པ་ཀྲི་ཡ། དགོངས་པ་ཏིང་ངེ་འཛིན་དང་སྤྱོད་པ་གཉིས་ཀ་གཙོ་བོར་བྱེད་པ་ཨུ་པ་ཡ། ཏིང་ངེ་འཛིན་གཙོར་བྱེད་པ་གཞན་གྱིས་རྟོགས་དཀའ་བས་གསང་བ་སྟེ་ཡོ་ག་དང་། བསྐྱེད་རིམ་གཙོར་བྱེད་པས་སྐུ་ཡི་རྒྱུད་མ་ཧཱ་དང་། རྫོགས་རིམ་གཙོར་བྱེད་པ་དོན་གསལ་བས་གསུང་གི་རྒྱུད་ཨ་ནུ་དང་ཟུང་འཇུག་གཙོར་བྱེད་པ་དོན་ཟབ་པས་ན་ཐུགས་ཀྱི་རྒྱུད་ཨ་ཏི་ཡོ་ག་རྣམས་སུ་སྣང་། ཞེས་རྒྱུད་གསང་སྙིང་ལས་གསུངས་པས། སངས་རྒྱས་ཀྱི་ཐུགས་རྗེ་སྐྱེ་བའི་ཡུལ་དང་སར་མ་གྱུར་པ་ཡི་གདུལ་བྱ་གཅིག་ཀྱང་མེད་པས། དེ་བས་ཐེག་པ་སོ་སོར་གདུལ་བྱ་རང་རང་གི་བློ་དང་འཚམས་པར་སྣང་བའི་རྐྱེན་གྱིས་འཁོར་ལོ་རྒྱུན། ཆོས་འཕྲུལ་མངོན་བྱུང་། དོན་དམ་ངེས་པའི་ཐེག་པ་བསམ་ཡས་ནའང་། འདིར་ད་རེས་མ་ཧཱའི་ཐེག་པ་བཤད་པའོ། །ཐེག་པ་མཆོག་ལ་གཉིས་ཏེ། བགྲང་། བསྟན་པ་དང་། དྲང་། དབང་པོ་མཆོག་གི་བློ་དང་འཚམས་པར་སྣང་བའི་རྐྱེན་བྱས་པའི་མ་ཧཱ་ཡོ་གའི་རྒྱུད་སྡེ་ནི་རྣམ་པ་གསུམ་སྟེ་དེའང་གཞི་སེམས་ཅན་དང་སྦྱར་ན། གུར་ལས། སྐྱེས་པ་རྣམས་ནི་འདུལ་བའི་ཕྱིར། །རྣལ་འབྱོར་ཕ་ཡི་རྒྱུད་ཅེས་བཤད། །བུད་མེད་རྣམས་ནི་འདུལ་བྱའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་བཤད་དོ། །ཞེས་གསུངས་སོ། །ལམ་རྩ་རླུང་དང་སྦྱར་ན། གུར་ལས། རྩ་ཡི་དེ་ཉིད་རྟོགས་གྱུར་པ། །དེ་ཉིད་མ་ཡི་རྒྱུད་ཅེས་བྱ། །རླུང་གི་དེ་ཉིད་རྟོགས་གྱུར་པ། །དེ་ཉིད་རྣལ་འབྱོར་ཕ་ཡི་རྒྱུད། །ཅེས་སོ། །མཐར་ཐུག་འབྲས་བུ་དང་སྦྱར་ན། མ་རྒྱུད་ཡེ་ཤེས་མཁའ་འགྲོ་མ། །ཕ་རྒྱུད་ཡེ་ཤེས་ཆེན་པོ་སྟེ། །མ་རྒྱུད་སྟོང་པ་ཆེན་པོ་ཡིན། །ཅེས་གསུངས་པས། ཡོད་པ་རྩ་རླུང་ཐིག་ལེ་སེམས་དང་བཞི་ཀ་ཡོད་ཀྱང་རླུང་གཙོ་བོར་བྱེད་པ་ཕ་རྒྱུད་རྩ་དང་ཐིག་ལེ་གཙོ་བོར་སྟོན་པ་མ་བརྒྱུད། སེམས་གཙོ་བོར་སྟོན་པ་གཉིས་མེད་རྒྱུད་དང་གསུམ་ལས། འདིར་སྒྱུ་འཕྲུལ་དྲྭ་བ་གསང་བའི་སྙིང་པོ་ནི་གཉིས་མེད་མ་ནིང་ལྟ་བུ་ཟུང་འཇུག་གི་རྒྱུད་དོ། །དེ་ལྟ་བུ་གསང་བའི་སྙིང་པོའི་དོན་ཚུལ་བཞིན་ཅི་ལྟར་དུ་ཉམས་སུ་ལེན་ན་རྡོ་རྗེ་སེམས་དཔའ་ཐུགས་སྒྱུ་འཕྲུལ་དྲྭ་བ་གསང་བའི་སྙིང་པོའི་རྒྱུད་དབུ་ཞབས་ཀྱི་དོན་ཐམས་ཅད་སྣང་བ་བཞི་པོར་སྤྱི་གཅོད་དེ། ཁོག་དབུབ་ནས་ཉམས་སུ་ལེན་དགོས་ཏེ། དེ་ཡང་ཚུལ་ཅི་ལྟར་དུ་ཁོག་དབུབ་ན། མན་ངག་གི་དེ་ཉིད་ཀྱིས་སྔོན་མདོར་བསྟན་གྱི་སྐབས་སུ་བཤད་པ་བཞིན་དུ་སྣང་བཞིར་བསྟན་པ་ལ། གཞི་རང་བཞིན་གྱི་སྣང་བ་དང་། མ་རྟོགས་འཁྲུལ་པའི་སྣང་བ་གཉིས་གོང་དུ་སོང་ནས་གསུམ་པ་གདུལ་བྱ་ལམ་གྱི་སྣང་བ་འདི་ཉིད་ཉམས་སུ་ལེན་ན་ལམ་གྱི་རྐྱེན་འདི་ཡི་གེའི་རྒྱུད་འདི་ཉིད་དང་སྦྱར་ནས་བཤད་དགོས་པ་ལ་ཁ་ཅིག་གིས་འདིར་བཤད་པའི་རྐྱེན་ཐམས་ཅད་གདུལ་བྱ་ལ་སྦྱར་དགོས་ཟེར་བ་ནི་མི་རིགས་ཏེ། ཅིའི་ཕྱིར་ན་སྔོན་འབྱུང་ཀུན་མཁྱེན་སངས་རྒྱས་ཀྱིས་ཆོས་གཅིག་ཁོ་ན་གསུངས་པ་ལ། གདུལ་བྱ་རང་རང་གི་བློ་དང་འཚམས་པར་གོ་བས་ཐེག་པ་སྣ་ཚོགས་འབྱུང་བའི་རྐྱེན་གདུལ་བྱ་ཡིན་ལ། རྗེས་འཇུག་ཏུ་ད་ལྟ་རྣལ་འབྱོར་པ་རྣམས་ཀྱིས་ལམ་ཉམས་སུ་ལེན་པ་ལ་ཆོས་ཉིད་རང་ལ་གནས་པ། དེ་ཤེས་པར་བྱེད་པའི་རྐྱེན་ཡི་གེས་བྱེད་དགོས་པས། གོང་དུ་ཐེག་པ་སྣ་ཚོགས་འབྱུང་བའི་རྐྱེན་གདུལ་བྱ་ཡིན་ལ། འདིར་ཉམས་སུ་ལེན་པའི་རྐྱེན་ཐེག་པ་ཡིན་པར་གསུངས་སོ། །ཐེག་པ་དེར་འཇུག་པ་ལ་གང་རུང་གིས་འཇུག་ནུས་པ་མ་ཡིན། ལས་དག་པའི་གང་ཟག་དབང་པོ་རྣོན་པོ་ཞིག་དགོས་ཏེ། བློ་མཆོག་གི་སྐལ་བ་བཅུད་ཐེག་པ་མཆོག་མ་ཧཱ་དང་སྣོད་གང་ཟག་དབང་རྣོན་གྱི་ཤེས་རབ་གཉིས་ལ་ཤེས་བྱ་ཤེས་བྱེད་དམ་སྣོད་བཅུད་དམ་བློ་དང་ཐེག་པར་འབྲེལ་པའི་གཞི་མ་ཡོད་པའི་ཕྱིར། རྟོགས་ནུས་པ་ཡིན་ཏེ། དབང་རྣོན་དེ་ལ་དབང་པོ་རབ་འབྲིང་ཐ་མ་གསུམ་དུ་བྱུང་བའི་བློས་ཕྱེ་བའི། གསང་བའི་སྙིང་པོའི་དོན་བཤད་ལུགས་ལ་ཐུགས་ཐིགས་ཏེ་བརྗོད་བྱའི་གཙོ་བོ་གནས་ལུགས་གསང་བའི་སྙིང་པོ་འདི། རབ་ལ་མཚན་བསྟན། འབྲིང་ལ་རྣམ་པར་དབྱེ། ཐ་མ་འབྲུ་གཉེར་དང་གསུམ་གྱིས་སྒོ་ནས་འཆད་ལུགས་འདི་ལྟ་སྟེ། བཤད་པའོ། །དེ་ལ་གསུམ་རབ་ལ་མཚན་བསྟན། དང་། འབྲིང་ལ་རྣམ་པར་དབྱེ་བ་དང་། ཐ་མ་འབྲས་བུ་ལམ་གྱིས་ཐོབ་པར་བྱེད་པས་ལམ་ཤེས་པའི་རྒྱུ་འབྲུ་རེ་ནས་བསྟན་པའོ། །དང་པོ་ལ་གཉིས་ཏེ། མཚན་གྱི་ངོ་བོ་དང་། གདུལ་བྱ་ཐབས་ལམ་གྲོལ་ལམ་དུ་བསྟན་པའོ། །དང་པོ་ལ་གསུམ། བགྲང་། བསྟན་པ་དང་། དྲང་། དང་པོ་དབང་པོ་རབ་ལ་མཚན་བསྟན་པ་ཙམ་གྱིས་དོན་མཚོན་པའི་གསང་བའི་སྙིང་པོ་ལས་མིང་གི་འདོགས་ལུགས་གསུམ་དང་ལྡན་ནོ། །བཤད་པ་ལ་གསུམ་སྟེ། བགྲང་། རྒྱུད་དང་སྟོན་པའི་མཚན་ཐུན་མོང་པ་དང་། དྲང་། ཐེག་འོག་གི་ལུང་ནི་དྲང་ལུང་ཡིན་ལ་འདིར་སངས་རྒྱས་ཀྱི་དགོངས་པ་ཅི་ལྟ་བ་མཚོན་པས་ངེས་པའི་ལུང་ནི། གསང་སྔགས་ཡིན་ཏེ་དེ་ཡང་དངོས་པོའི་ཆོས་ཐམས་ཅད་སྣང་བཞིན་ངོ་བོ་མ་གྲུབ་པ་སྒྱུ་མ་དང་འདྲ་བའི་ཕྱིར་སྐྱེ་བ་མེད་པ་སྟེ་ལྷ་ནི་ཡུམ། དེ་ཉིད་དངོས་པོ་ཀུན་རྫོབ་འཁོར་བ་དང་དངོས་མེད་འདས་པ་གཉིས་པ། ཡུལ་དུ་སྣང་བ་མ་ཡིན་ཏེ། རིག་པའི་རྩལ་དུ་ལེགས་པར་སྣང་བ་ནི་འཕྲུལ་མེད་ལས་ཅིར་ཡང་འཆར་བས་འགག་མེད་དེ་ལྷ་ནི་ཡབ་བདེན་པས་གཉིས་པའི་དོན་དྲ་བ་ལྟར་འབྲེལ་པས་གཉིས་སུ་མེད་དེ་ལྷ་ནི་ཡབ་ཡུམ། དབྱེར་མེད་དེ་ཉིད་ཀྱི་ངོ་བོ་ལ་གཉིས་སུ་མེད་ཅིང་སྐྱེ་འཇིག་དང་བྲལ་བས་ན་རྡོ་རྗེ། དབྱེར་མེད་ཀྱི་དོན་དེ་རྒྱུན་ཆད་མེད་པར་གསལ་བས་སེམས། དགོངས་པ་དེ་བརྟན་པས་དངོས་པོ་མཚན་མས་ཚུར་ལ་མི་ཚུགས་ཤིང་ཕར་ལ་འཇོམས་པས་ན་དཔའ་བོ། །སྟོན་པ་དེས་ཐུགས་སྒྱུ་འཕྲུལ་དྲ་བའི་རྒྱུད་དོན་གྱི་བྱེད་ལས་ཀྱི་རིམ་པ་སྣ་ཚོགས་སུ་གསུངས་པས་ལྷའི་མིང་ལ་རྡོ་རྗེ་སེམས་དཔའ་ཞེས་བཏགས་པས། སྟོན་པ་དང་བསྟན་པ་དབྱེར་མེད་དུ་མཚན་ཐུན་མོང་དུ་བསྟན་པའོ། །ཆེ་བའི་མཚན་དང་། དྲང་། སྟོན་པ་རྡོ་རྗེ་སེམས་དཔའི་དགོངས་པ་དབྱེར་མེད་དེ་ནི་བརྟན་ཞིང་འགྱུར་བ་མེད་པའི་ཐེག་པ་ཀུན་གྱི་འབྱུང་ཁུངས་སམ་དངོས་གཞི་ཡིན་ཏེ། རང་བཞིན་གསང་བའི་སྙིང་པོར་རྩལ་མ་འགགས་པར་ཤར་བ་ལ་ཕྱོགས་འཛིན་གྱི་རིམ་པས་ཐེག་པ་དགུར་ཤར་བའམ། ཡང་ན་ཐེག་པ་འོག་མ་ཐམས་ཅད་ལམ་སྟེགས་སུ་བགྲོད་ནས་མཐར་གསང་བའི་སྙིང་པོོའི་དན་མངོན་དུ་གྱུར་དགོས་པས་སྤྱི་ལུང་ངེས་པ་ཞེས་པ་མཚན་དུ་འདོགས་པ་ནི། མཚན་གྱི་འདོགས་ལུགས་གསུམ་ལས་གྲངས་ཀྱི་གཉིས་པ་ཆེ་བའི་མཚན་ནོ། །དོན་རང་གི་ངོ་བོའི་མཚན་དང་། དྲང་། གཞན་ལ་བསྟན་པར་དཀའ་རང་གིས་བརྟགས་པར་དཀའ་བའི་གསང་བ་ལ་དོན་གྱི་བཅུད་འདུས་པའི་སྙིང་པོ་དེ། ཚུལ་ཅི་ལྟར་དུ་གསང་ན། སྤྱིར་རང་བཞིན་གྱི་གསང་བ། གབ་པའི། སྦས་པའི། མི་བསྟན་པའི་གསང་བ་དང་བཞིར་བཤད་ཀྱང་འདིར་ནི་རང་བཞིན་གསང་བ་བཞི་ཡིས་ཆོད་ནས་སོ་སྐྱེ་ནས་ལམ་པ་ཡོ་ག་མན་ཆད་ཀུན་གྱི་སྣང་ངོ་ལ། རང་བཞིན་གསང་བའི་སྙིང་པོའི་དོན་དེ་མི་སྣང་བ་ཡིན་ཏེ། གསང་བ་བཞི་ནི། གསང་སྙིང་ལས། ཨེ་མའོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལ་ཤིན་ཏུ་གསང་། །ཞེས་གསུངས་པས། ཡེ་ནས་གསང་བ་ནི། དོན་དམ་བདེན་པའི་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་རང་ཆས་སུ་ཡོད་ཀྱང་རང་ངོ་རང་གི་མ་ཤེས་ཏེ། གང་གིས་མ་ཤེས་ན་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་རིག་ལ་ངེས་པའི་ཤེས་པ་མ་སྐྱེས་པས་སྐྱེ་མེད་དེ་གསང་། རང་བཞིན་གྱི་གསང་བ་ནི་ཀུན་རྫོབ་ཀྱི་བདེན་པ་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་བཞིན་གྱིས་གནས་ཀྱང་རང་ངོ་རང་གིས་མ་ཤེས་ཏེ། གང་གིས་མ་ཤེས་ན་ཀུན་ཏུ་བརྟགས་པའི་མ་རིག་པས་རང་སྣང་ལ་མཚན་མར་བཟུང་བས་འགག་མེད་དུ་ཤར་བ་དེ་གསང་། ངོ་བོ་ཉིད་ཀྱི་གསང་བ་ནི། དབྱེར་མེད་ཀྱི་བདེན་པ་ཡེ་ནས་རང་ཆས་སུ་ཡོད་ཀྱང་ངོ་མ་ཤེས་ཏེ། གང་གིས་མ་ཤེས་ན་སྣང་སྟོང་ཐ་དད་དུ་བཟུང་བས་དབྱེར་མེད་དེ་གསང་། ཤིན་ཏུ་གསང་བ་ནི་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་དོན་ཡེ་ནས་རང་ཆས་སུ་ཡོད་ཀྱང་ངོ་མ་ཤེས་ཏེ། གང་གིས་ངོ་མ་ཤེས་ན་ཡུལ་ཡུལ་ཅན་དུ་བཟུང་བས་སྤྱོད་ཡུལ་དང་བྲལ་བ་དེ་གསང་ངོ་། །སྙིང་པོ་ལ་དོན་གྱི་བཅུད་འདུས་ལུགས་ལ་གསུམ། རྒྱུའི། འབྲས་བུའི་བཅུད་འདུས་པ་དོན་གྱི་སྙིང་པོ་དང་གསུམ་མོ། །རྒྱུའི་སྙིང་པོ་ནི། རྒྱུད་འདི་ཉིད་བསྟན་པའི་བྱིན་བརླབས་ཀྱིས་གོ་ཕྱེ་ནས་བསྟན་པ་ཐམས་ཅད་འབྱུང་བའི་རྒྱུའོ། །འབྲས་བུའི་སྙིང་པོ་ནི་ཐེག་པ་ཀུན་ནས་བསྒྲུབས་པའི་མཐར་གསང་བའི་སྙིང་པོ་འདི་ཉིད་མངོན་དུ་བྱེད་དགོས་པའོ། །བཅུད་འདུས་པ་དོན་གྱི་སྙིང་པོ་ནི། གཏན་ཚིགས་ཀྱི་སྒོ་ནས་ཀྱང་སྨལ་གཞིག་བརྟགས་ནས་གཏན་ལ་ཕབ་ཀྱང་མཐར་ཐུག་དེ་པའི་དགོངས་པའི་སྤྱོད་ཡུལ་ནི། སྣང་སྤྱོད་དང་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་མངོན་པར་རྫོགས་པར་སངས་རྒྱས་པའོ། །མ་བཅོས་པའི་དེ་ཁོ་ན་ཉིད་དང་མ་ནོར་བའི་དེ་ཁོ་ན་ཉིད་དང་། གཞན་མ་ཡིན་པ་དེ་ཁོ་ན་ཉིད་གསུམ་དུ་ལྡན་ཏེ། དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། རྒྱུ་འབྲས་གཉིས་སུ་མེད་པ་ལས། །དེ་ཉིད་ངོ་བོ་སྐབས་ཀྱིས་གསུམ། །ཞེས་པས་མ་བཅོས་པ་ནི། རྟོག་ཚོགས་ཐམས་ཅད་རང་རིག་ལས་མི་གཞན་པའི་ཕྱིར། སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དཀྱིལ་འཁོར་ལ། བློ་མ་བཅོས་པར་བཞག་པ་ནི་མ་བཅོས་པའི་དེ་ཁོ་ན་ཉིད་དོ། །དེ་ལ་སྐབས་ཀྱིས་རྒྱུའི་དེ་ཁོ་ན་ཉིད་ཅེས་ཀྱང་ཐ་སྙད་དུ་གདགས་སོ། །མ་ནོར་བ་ནི། སྐུ་དང་ཡེ་ཤེས་ཉིད། ཕྱག་རྒྱའི་དཀྱིལ་འཁོར་མང་པོར་སྣང་བ་མངོན་དུ་བྱང་ཆུབ་པ་ནི་མ་ནོར་བ་སྟེ། དེ་ལ་སྐབས་ཀྱིས་འབྲས་བུའི་དེ་ཁོ་ན་ཉིད་ཅེས་ཐ་སྙད་དུ་འདོགས་སོ། །གཞན་མ་ཡིན་པ་ནི། རང་བཞིན་བདེན་པ་དབྱེར་མེད་ཀྱི་ཡེ་ཤེས་ལས་ཤེས་བྱའམ་བསྒྲུབ་བྱ་གཞན་མེད་པའི་ཕྱིར། གཞན་མ་ཡིན་པ་དེ་ཁོ་ན་ཉིད་དོ། །དེ་ལ་སྐབས་ཀྱིས་རྒྱུ་འབྲས་རོ་གཅིག་པའི་དེ་ཁོ་ན་ཉིད་ཅེས་ཀྱང་ཐ་སྙད་དུ་འདོགས་སོ། །ཡང་ན་མ་བཅོས་པའི་དེ་ཁོ་ན་ཉིད་སྐྱེ་མེད་ཀྱི་གཤིས། མ་ནོར་བའི་དེ་ཁོ་ན་ཉིད་འགག་མེད་ཀྱི་གདངས། གཞན་མ་ཡིན་པ་དེ་ཁོ་ན་ཉིད་དབྱེར་མེད་ཀྱི་ངང་། ཞེས་ཀྱང་བཤད་དོ། །བདེན་པ་དབྱེར་མེད་པའི་དོན་ནི་ངེས་པ་སྟེ། དེ་ལ་ཡང་གསུམ། གཞི་ལམ་འབྲས་བུར་ངེས་པའོ། །དེ་ཡང་འགྲེལ་པ་སྤར་ཁབ་ལས། གཞི་དང་ལམ་དང་ངོ་བོ་ཡིས། །ངེས་པ་རྣམ་པ་གསུམ་དུ་བཤད། །ཅེས་པས། གཞིར་ངེས་པ་ནི། རང་བཞིན་གསང་བའི་སྙིང་པོ་འདི། ཐམས་ཅད་ཀྱི་གཤིས་ལ་རང་བཞིན་གྱིས་གནས་ངེས་པས། གཞིར་ངེས་ཞེས་བྱའོ། །ལམ་དུ་ངེས་པ་ནི། དེ་ཉིད་རྟོགས་དགོས་པས། རྒྱུད་འདི་ཉིད་ཀྱི་ལུགས་ཀྱིས་འབྲས་བུ་ལམ་དུ་བྱེད་པའོ། །འབྲས་བུར་ངེས་པ་ནི་རྒྱུད་འདི་ཉིད་ཀྱིས་རྒྱལ་བའི་དགོངས་པ་མངོན་དུ་སྟོན་པའི་ཕྱིར་རོ། །དེ་ལྟ་བུའི་མིང་གིས་དོན་མཚོན་པ་ལ། བསྟན་པ་ལ་མཚན་ཐོགས་ལུགས་ལྔ་ཡོད་པ་ལས། འདི་ནི་འདོགས་ལུགས་གཞན་ལས་ལྷག་པའི་དོན་རང་གི་ངོ་བོ་ལ་མཚན་དུ་འདོགས་པའོ། །ཡང་ན་གོང་གི་སྟོན་པ་དང་བསྟན་པའི་མཚན་ཐུན་མོང་དང་། ཆེ་བའི་མཚན་གཉིས་ཀྱིས། ཕྱོགས་རེ་ལས་མི་མཚོན་ལ། འདིར་ནི་དེ་ལས་ལྷག་པ། དོན་རང་གི་ངོ་བོའི་མཚན་ཡིན་ནོ། །ཞེས་པ་ཡང་བརྟག་པར་བྱའོ། །མཇུག་བསྡུས་པའོ། །དྲང་། ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཉག་གཅིག་ཁོ་ན་ལས་མེད་པས་དེ་མཚོན་པར་བྱེད་པའི་ཚིག་གཅིག་ལ་བརྟེན་ནས་བློ་རབ་ཀྱིས་རྟོགས་ནུས་ཀྱང་རིམ་གྱིས་པ་ལྟར་གཞུང་གི་ཚིག་རྒྱས་པའི་འབྲུ་གནུར་གྱིས་ཀྱང་བློ་རབ་ལ་དོན་ཅིག་ཆར་དུ་མཚོན་ནས་རྟོགས་མི་ནུས་ཏེ། ཚིག་མཐའི་སྒྲིབ་པས་དེ་བས་དཔེ་སྨན་པ་འཚོ་བྱེད་གཞོན་ནུའི་ཤེས་རབ་ཀྱིས་ལུས་མགོ་འཇུག་གི་ནད་ཐམས་ཅད་ལག་ངར་གྱི་རྩ་གཅིག་པུའི་ནང་དུ་རྟོག་པ་བཞིན་དུ་བློ་རབ་ལ་ཡི་གེ་བསྡུས་པས་ཏེ་མཚན་དོན་ཙམ་གྱིས་རྒྱུད་དབུ་ཞབས་ཀྱི་དོན་རྒྱས་པར་བརྡ་ཕྲད་ཐ་སྙད་དང་རྒྱུད་དབུ་ཞབས་ཀྱི་ཚིག་དོན་རྣམས་ནི་དོན་དུ་བསྡུས་པ་ཡིན་ནོ། །འོ་ན་མཚན་དོན་དུ་རྒྱུད་དབུ་ཞབས་ཀྱི་དོན་མ་ལུས་པར་འདུ་ན། རྒྱུད་དོན་ཡོངས་སུ་ཤེས་བྱེད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་ཕྱེ་ལ་མཚན་དོན་དང་དངོས་སུ་བྲང་ཅི་ལྟར་སྤྲད་ཅེ་ན། དངོས་སུ་བྲང་སྤྲད་རྒྱུ་མེད་ཀྱང་མཚན་གྱི་དོན་གཞི་ལམ་འབྲས་གསུམ་དུ་གནས་པས་དེར་ཆ་རྐྱེན་དང་རྒྱུད་དོན་ཤུགས་ལ་འདུས་སོ། ༈ །མཚན་དོན་གཏན་ལ་ཕབ་པའི་དུས་སུ་གདུལ་བྱ་ཐབས་ལམ་གྲོལ་ལམ་དུ་བསྟན་པའོ། །དྲང་། མིང་གསུམ་པ་སྟེ་ཐ་མ་དོན་རང་གི་ངོ་བོ་ལ་མིང་དུ་བཏགས་པའི་མཚན་དོན་གཏན་ལ་ཕབ་པ་ལ་གདུལ་བྱ་མོས་པའི་བློས་སོ་སོར་འདོད་པའི་དབྱེ་བས་ཤེས་རབ་ཅན་ལ་གྲོལ་ལམ་དང་སྦྱར་ཏེ་ཕྱི་ལྟར་བཤད་པ་དང་། ཆགས་པ་ཅན་ལ་ཐབས་ལམ་དེ་ཡང་སྟེང་སྒོ་དང་སྦྱར་ཏེ་ནང་ལྟར་འོག་སྒོ་དང་སྦྱར་ཏེ་གསང་བ་དང་ནང་ལྟར་དུ་བཤད་པ་ནི། གསང་སྙིང་ལྟར་རོ། །འབྲིང་ལ་རྣམ་པར་དབྱེ་བ་ལ་གཉིས། བགྲང་། བསྟན་པ་དང་། དྲང་། རིན་པོ་ཆེ་ལ་དང་ནས་འོད་ཡོད་ཀྱང་ཉི་མ་ཡི་འོད་ཕོག་པས་སྔར་བས་མཛེས་པའི་འོད་དང་ལྡན་ཞིང་རིན་པོ་ཆེན་ཆེར་གསལ་བ་ལྟར་ཚིག་གིས་རྣམ་པར་དབྱེ་བ་འདི་སྒྲོན་མ་དང་འདྲ་བའི་བློ་ཤེས་རབ་ཕྱེ་བས་དབང་པོ་འབྲིང་ལ་ཤེས་བྱ་གསང་བའི་སྙིང་པོ་ལ་སྣང་བ་མཆེད་དེ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཚིག་གིས་རྣམ་པར་དབྱེ་བ་འདི་རབ་ལ་མཚན་བསྟན་པ་ལ་ལྟོས་ན་རྒྱས་པའི་ཚིག་དོན་བྱེ་བྲག་ཕྱེ་བ་ཚིག་དོན་ཡིན་པ་ལ་ཐ་མ་འབྲུ་གཉེར་ལ་ལྟོས་ན་ཉུང་སྟེ་ཐིགས་པར་ཤར་བ་ཙམ་ལས་མིན་ནོ། །དེ་ཡང་རང་བཞིན་གྱི་དབང་རྣོན་གདོད་མ་ནས་མ་ཧཱའི་སྣོད་དུ་གྱུར་པ་དང་། ཐེག་འོག་ལས་རིམས་ཀྱིས་སྦྱངས་པའི་དབང་རྣོན་མཐར་མ་ཧཱའི་སྣོད་དུ་གྱུར་པ་རང་བཞིན་དབང་རྣོན་ཅིག་ཆར་དུ་ལམ་བགྲོད་ཐབས་དང་། སྦྱངས་རྣོན་རིམས་ཀྱིས་བགྲོད་ཐབས་གཉིས་སུ་བྱུང་། འདི་ལ་ཆོས་རྗེས། ཐབས་ཤེས་གཉིས་སུ་བཞེད་ཀྱང་། གཞུང་རང་ལ་བརྟགས་ན་རིམས་དང་ཅིག་ཆར་གཉིས་ཡིན་པར་གསུངས། དེ་གཉིས་ལ་ཡང་ལམ་གྱི་ཡན་ལག་དང་ཆ་རྐྱེན་དུ་འདི་རྣམས་འབྱུང་སྟེ། ཤེས་བྱ་ལམ་གྱི་ཡན་ལག་དང་། བསྒྲུབ་བྱ་ལམ་གྱི་ཡན་ལག་གཉིས་སོ། །ཡང་དོན་བསྡུས་ལས། དེ་རྐྱེན་ཡན་ལག་རྣམ་གཉིས་ཏེ། །སྒྲུབ་བྱེད་རྐྱེན་དང་ཤེས་བྱེད་རྐྱེན། །དེའང་འབྲུའི་འདུག་ས་བསྒྱུར། །དོན་གྱི་གོ་རིམ་བསྡེབ་ན། དང་པོ་ཐོག་མ་ལ་ཤེས་པར་བྱ་བའི་ཡུལ་ལྔ་དང་། བར་དུ་ཐུན་མོང་དང་མཆོག་གི་ལམ་གཉིས་དང་། ཐ་མའི་མཆོག་གི་ལམ་ཐབས་གྲོལ་གཉིས་ལ་བརྟན་པ་ཐོབ་ནས་སྤྲོས་པའམ། ཚོགས་སྒྲུབ་ཀྱི་སྒོ་ནས་མཐོང་ལམ་ལ་སྦྱོར་བའི་ཚུལ་དང་གསུམ་དུ་བསྟན་ནོ། །བཤད་པའོ། །དེ་ལ་གསུམ། ཤེས་པར་བྱ་བའི་ཡུལ་ལྔ་དང་། བར་དུ་ཐུན་མོང་དང་མཆོག་གི་ལམ་ཉམས་སུ་བླངས་པ་དང་། ཐ་མ་དྲོད་ཚད་དང་ལྡན་ནས་འབྲས་བུ་མཐོང་ལམ་ལ་སྦྱོར་བའོ། །དང་པོ་ལ་གསུམ། བགྲང་། བསྟན་པ་དང་། དྲང་། དང་པོ་ཤེས་པར་བྱ་བའི་ཡུལ་ལ་ལྔ་སྟེ་རྒྱུ་གླེང་གཞི་དང་རྐྱེན་གླེང་བསླངས་དང་། དགོས་འབྲེལ་བཞི་དང་བཤད་ཐབས་འགྲེན་པའི་ཚིག་བཅུ་དང་། རྒྱུད་གདམས་ཤིང་གཏད་པ་དང་ལྔས་རྒྱུད་གསང་སྙིང་གིས་བཤད་ཐབས་རྒྱས་བཤད་དེ་རྫོགས་པ་ཡིན་ནོ། །བཤད་པ་ལ་ལྔ། རྒྱུ་གླེང་གཞི་དང་། རྐྱེན་གླེང་བསླང་བ་དང་། དགོས་འབྲེལ་བཞི་དང་འདྲེན་པའི་ཚིག་གི་དཔེ་དང་། རྒྱུད་གཏད་པའོ། །དང་པོ་ལ་གཉིས་ཏེ། བགྲང་། བསྟན་པ་དང་། དྲང་། ཐབས་ལམ་གྱི་རྒྱུ་གླེང་གཞི་དང་ཤེས་རབ་གྲོལ་ལམ་གྱི་རྒྱུ་གླིང་གཞི་དོན་ཡང་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། བཤད་པའོ། །དེ་ལ་གཉིས། བགྲང་། ཐབས་ལམ་གྱི་གླེང་གཞི་དང་། དྲང་། གླེང་གཞི་མདོར་བསྟན་ལ་གཉིས་སུ་བྱུང་བའི་སྔ་མ་ཐབས་ལམ་པའི་གླིང་གཞི་འཚོགས་ལུགས་ནི། སྟོན་པ་དང་གནས་དང་འཁོར་དང་སྡུད་པ་པོ་དང་དུས་དང་བསྟན་པ་ཕུན་སུམ་ཚོགས་པ་དྲུག་འཚོགས་དགོས་ཏེ། དེ་ལ་གནས་ནི་ཐབས་ལམ་སྟེང་སྒོ་ལ་སྙིང་ཁ་ཆོས་ཀྱི་འཁོར་ལོ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་རིན་པོ་ཆེ་དང་འདྲ་བས་རྩ་འདབ་མ་བརྒྱད་འདུས་པའི་སྒྲོམ་དཀྱིལ་ལོ། །འོག་སྒོའི་གནས་ནི་བདེ་བའི་ཡེ་ཤེས་སུ་ཤར་བ་ཉིད་ཡོ་ག་མན་ཆད་ཀྱིས་མི་ཤེས་པ་གསང་བའི་བདེ་སྟོང་དེ་ཉིད་ཤེས་བྱ་གང་གི་འོག་ཏུ་སོང་བ་མིན་པ་སྟེ། ཡུམ་གྱི་མཁའ་བསྐྱེད་པས་གནས་ཡུམ་གྱི་མཁའ་སྟེ། གནས་དེ་གཉིས་ཀྱིས་ཕྱེ་བས་སྟོན་འཁོར་ཕུན་སུམ་ཚོགས་པ་ལྔའམ་དྲུག་པོ་དེ་ཡི་གེ་ཨེ་ཝཾ་མ་ཡ་བཞི་ཡིས་གཏན་ལ་ཕབ་ནས་ཤེས་པར་བྱ་དགོས་ཏེ། ཐབས་ལམ་སྟེང་སྒོ་འོག་སྒོའི་གླེང་གཞི་བསྡུས་པ་དང་སྦྱར་ཏེ་རྒྱས་པར་བཤད་ན། ནང་ལྟར་ཐབས་ལམ་སྟེང་སྒོ་ལྟར་ན། འདི་ཞེས་པ་གནས་ཕུན་སུམ་ཚོགས་པ་སྟེ། སྒྱུ་འཕྲུལ་རྒྱ་མཚོ་ལས། དྷརྨ་ཙཀྲ་ཆོས་ཀྱི་གནས། །འོག་གཞི་ཨེ་སོགས་དབྱིབས་སུ་གནས། །ཞེས་པས་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་མ་བརྒྱད་དེ། གཡས་ཆོས་ཉིད་ཀྱི་རྩ་འོད་དཀར་པོ་ཞི་བའི་གནས། རྒྱབ་ཡེ་ཤེས་ཀྱི་རྩ་གྲུ་བཞི་སེར་པོ་རྒྱས་པའི་གནས། གཡོན་ཡོན་ཏན་གྱི་རྩ་ཟླ་གམ་དམར་པོ་དབང་གི་གནས། མདུན་ལས་རང་རྒྱུད་ཀྱི་རྩ་དབྱིབས་གྲུ་གསུམ་དམར་ནག་དྲག་པོའི་གནས་སོ། །འདི་ནི་རྒྱལ་བ་གཡུང་སྟོན་པ་ལྟར་དུ་བཀོད་པའོ། །སྐད་ཅེས་པ། སྟོན་པ་ཕུན་སུམ་ཚོགས་པ་སྟེ། རྒྱ་མཚོ་ལས། མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །ཅེས་པ། སྲོག་མི་ཤིགས་པའི་ཐིག་ལེ་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་ངོ་བོ་ཟླུམ་པོ་ཡི་གེ་ཝཾ་གི་དབྱིབས་ཅན་དེ་ཐབས་ལམ་སྟེང་སྒོའི་རྩ་རླུང་ཉམས་བླངས་པའི་ཚེ་ཐིག་ལེ་ཞུ་བས། རང་ལ་བདེ་བ་གསལ་བར་སྟོན་པས་ན་སྟོན་པའོ། །བཤད་ཅེས་པ་འཁོར་ཕུན་སུམ་ཚོགས་པ་སྟེ། རྒྱ་མཚོ་ལས། མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བ་སྡུད་པར་བཤད། །ཅེས་པས། ཡིད་ལ་སོགས་པའི་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་གསལ་བ་ཉམས་སུ་བླངས་པས་བཤད་པ་དང་འདྲ་བས་འཁོར། སྡུད་པ་པོ་ཡིད་ཀྱི་ཤེས་པ། ཞེས་པས། པའི་ཞེས་པ། བསྟན་པ་ཕུན་སུམ་ཚོགས་པ་སྟེ། རྒྱ་མཚོ་ལས། ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མརྠ་དོན་ཟབ་མོ། །ཞེས་པ་སྟེ། པ་ར་མརྠའི་སྒྲ་ལས་དྲངས་ན། དོན་དམ་པ་བྱང་ཆུབ་ཀྱི་སེམས། ཡཱ་ན་ཐེག་པ་ཆེན་པོ་སྟེ། དེ་ཉམས་སུ་བླངས་པས་ཡེ་ཤེས་ནམ་མཁའི་གཟུགས་ཅན་སྐྱེས་པ་ནི་བསྟན་པ་ཕུན་སུམ་ཚོགས་པའོ། །དུས་ན་ཞེས་པ་དུས་ཕུན་སུམ་ཚོགས་པ་སྟེ། རྒྱ་མཚོ་ལས། བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་པས། ཡེ་ཤེས་སྐྱེས་པའི་དུས་སུ། དུས་གསུམ་དུ་འཛིན་པ་མེད་པ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཞེས་བྱ་སྟེ་དུས་སོ། །གསང་བ་ལྟར་འོག་སྒོ་སྦྱར་དང་ཏེ་བཤད་ན། འདི་ཞེས་པ་གནས་ཕུན་སུམ་ཚོགས་པ་སྟེ། ཐལ་རྒྱུད་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །ཞེས་པས། ཡུམ་གྱི་མཁའ་ཕྱི་ཁྱམས་གྲུ་གསུམ་དྲག་པོའི་གནས། བར་ཁྱམས་གྲུ་བཞི་རྒྱས་པའི་གནས། སྐྱེ་གནས་ཟླ་གམ་དབང་གི་གནས། དབྱིངས་ཕྱུག་གི་སྣ་རྩེ་ཟླུམ་པོ་ཞི་བའི་གནས་སོ། །སྐད་ཅེས་པ་སྟོན་པ་ཕུན་སུམ་ཚོགས་པ་སྟེ། ཐལ་རྒྱུད་ལས། སྐད་ཅེས་གསལ་བྱེད་ལས་མིང་ཅན། །ཝཾ་དབྱིབས་ཐིག་ལེ་བཅས་སྟོན་པ། །ཞེས་པ། ཡབ་ཀྱི་གསང་བའི་རྡོ་རྗེའི་དབུ་ལ་ཀུན་རྫོབ་ཡེ་ཤེས་ཀྱི་ཐིག་ལེ་ཝཾ་ཡིག་གི་དབྱིངས་སུ་རྫོགས་པས། རྟོགས་པ་དང་མ་རྟོགས་པའི་དབང་གིས་འཁོར་འདས་གཉིས་ཀའི་བྱེད་པ་པོ་ཡིན་པ་དང་། ཐིག་ལེ་དེ་ཉིད་ཀྱིས་བདེ་བ་གསལ་བར་བྱེད་པས་ན་སྟོན་པའོ། །བཤད་ཅེས་པ་འཁོར་ཕུན་སུམ་ཚོགས་པ་སྟེ། ཐལ་རྒྱུད་ལས། མ་ད་མ་ནུ་སྡོམ་བྱེད་ཡིན། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །ཅེས་པས་མ་ཏ་ན་སྡོམ་པ། མ་ནུ་ན་ཡིད་དེ། བདེ་བ་སྡོམ་པར་བྱེད་པས། ཉོན་མོངས་ཅན་གྱི་ཡིད་ལ་སོགས་པའི་རྣམ་པར་ཤེས་པ་ཚོགས་བརྒྱད་ནི་འཁོར་རོ། །སྡུད་པ་པོ་ཉོན་མོངས་པའི་ཡིད་ཅེས་པའི། བསྟན་པ་ཕུན་སུམ་ཚོགས་པ་སྟེ། ཐལ་རྒྱུད་ལས། པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡ་ན་ཐེག་ཆེན་འདི་ཡིན་ཏེ། །ཞེས་པས། པ་ར་མ་རྠ་ན་དོན་པ། ཡ་ན་ཐེག་པ་ཆེན་པོ་དགའ་བ་བཅུ་དྲུག་གི་ཐ་མར་རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་བའི་ཡེ་ཤེས་ལྷངས་ཀྱིས་ཉམས་སུ་མྱོང་བ་སྟེ། རང་བཞིན་གསང་བའི་སྙིང་པོའི་དོན་ཡིན་ཏེ། དེ་ནི་བསྟན་པའོ། །དུས་ན་ཞེས་པ་དུས་ཕུན་སུམ་ཚོགས་པ་སྟེ། ཐལ་རྒྱུད་ལས། དུས་ནི་བསམ་གྱིས་མི་ཁྱབ་དུས། །ནཱ་མ་དེ་མིང་ཞེས་བྱའོ། །ཞེས་པས། དུས་ནི། གཙུག་ཏོར་འཁོར་ལོ་བསྒྱུར་བ་སྟེ། མཁའ་གསང་བདེ་བ་སྐྱེས་པའི་ཚེ་ན། དུས་ནི་ཕྱོགས་གཅིག་ཏུ་བརྗོད་དུ་མི་བཏུབ་སྟེ། སྔ་ཕྱིའི་འཛིན་པའི་རྟོག་པ་དང་བྲལ་བའི་བསམ་གྱིས་མི་ཁྱབ་པའི་དུས་སོ། །ནཱ་མ་དེ་མིང་ཞེས་བྱའོ། །ཞེས་པ། དུས་དེ་ལ་བབས་པའི་མིང་ཅན་ནམ། ཡང་ན་ཀུན་ལ་འཇུག་པ་སྟེ། གནས་ཞེས་བྱ། སྟོན་པ་ཞེས་བྱ། འཁོར་ཞེས་བྱ། བསྟན་པ་ཞེས་བྱ། དུས་ཞེས་བྱའོ། །དེ་ལྟར་གསང་བ་འོག་སྒོའི་གླེང་གཞི་འཚོགས་པ་ལས་ཐབས་ལམ་རང་གི་ལུང་དང་། བླ་མའི་མན་ངག་ཚད་མ་གཉིས་དང་སྦྲེལ་ནས་ཉན་དགོས། རང་གི་རིག་པ་ཚད་མས་གཏན་ལ་མི་ཕེབ་སྟེ། འཁྲུལ་འཁོར་དང་རླུང་བཟུང་ལ་པའི་ཐབས་ལ་རག་ལས་པའོ། ༈ །ཤེས་རབ་གྲོལ་ལམ་གྱི་རྒྱུ་གླེང་གཞིའོ། །དེ་ལ་གཉིས་ཏེ། བགྲང་། བསྟན་པ་དང་། དྲང་། བློ་གྲོས་ཏེ་ཤེས་རབ་གྲོལ་ལམ་གྱི་རྒྱུ་གླེང་བཞི་ལ་གཉིས་ཏེ་ཐེག་འོག་དང་ཐུན་མོང་གཟུགས་སྐུ་རྟགས་ཀྱི་གླེང་གཞི་དང་མཆོག་སྟེ་ཁྱད་པར་དོན་གྱི་གླེང་གཞིའོ། །བཤད་པའོ། །དེ་ལ་གཉིས་ཏེ། བགྲང་། ཁྱད་པར་དོན་གྱི་གླེང་གཞི་དང་། དྲང་། ཆོས་སྐུའི་གླེང་གཞི་འདི་སྟོན་པ་ཀུན་བཟང་གི་དགོངས་པ་ལ་མངོན་དུ་ཚོགས་ཀྱང་། གོ་ཕྱེ་བའི་འཁོར་ལ་ཚུལ་ཅི་ལྟར་དུ་གནས་པ་དང་། མཐར་མངོན་དུ་གྱུར་ཚུལ་ནི། ཤེས་བྱ་གང་གི་འོག་ཏུ་མ་འོངས་པས་བླ་ཐམས་ཅད་ཀྱི་བསྐྱེད་པའི་གཞིར་གྱུར་པས་ན་མ་སྟེ་རང་གི་སེམས་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ་ཉིད། ཀུན་གྱི་འབྱུང་ཁུངས་སུ་གྱུར་པས་གཞིའི་གནས་ཕུན་སུམ་ཚོགས་པ་དང་། དེ་ཉིད་མ་རྟོགས་སེམས་ཅན་གྱི་དུས་སུ་རྟོག་པ་སྣ་ཚོགས་ཀྱི་བྱེད་ལས་བྱེད་པ་དང་། མཐར་ཐུག་སངས་རྒྱས་ཀྱི་ས་ན་མཁྱེན་བརྩེའི་བྱེད་ལས་སྣ་ཚོགས་བྱེད་པས་སྟོན་པའོ། །ལམ་གྱི་བྱེད་ལས་སྣ་ཚོགས་ཀྱི་སྒོ་ནས་རྟོགས་པས་སྟོན་པ་ཕུན་སུམ་ཚོགས་པ་དང་། དེ་ཉིད་ཡེ་ཤེས་ཀྱི་བྱེ་བྲག་མང་པོ་སྟེ་ཡེ་ཤེས་བཞི་བཅུ་རྩ་གཉིས་ཀྱིས་ཡེ་ཤེས་ལྔ་ལ་སོགས་པར་ཤར་བ་ནི་འཁོར་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཀྱི་བྱེ་བྲག་ཅི་ལྟར་ཤར་ཡང་ཡེ་ཤེས་ཐམས་ཅད་དབྱེར་མེད་པའི་བདག་ཉིད་རང་བྱུང་གི་ཡེ་ཤེས་ནི་སྡུད་པ་པོ་དང་། བསྟན་པའི་ངོ་བོ་ཡང་ལོགས་ན་མེད་དེ་ཡེ་ཤེས་ཐམས་ཅད་ཀྱི་བཅུད་ཐུགས་རང་བྱུང་གི་ཡེ་ཤེས་བསྡུས་པའི་དངོས་པོ་དེ་བསྟན་པ་ཕུན་སུམ་ཚོགས་པ་དང་། དེའི་ངང་ལས་ཆོས་ཉིད་ཡོངས་རྫོགས་ལས་མ་གཡོས་བཞིན་དུ་ཤེས་བྱ་མ་འདྲེས་པར་བཀྲ་ཞིང་གསལ་བ་ནི་ལུང་སྟེ་སྒྲོ་བཀུར་དང་བྲལ་བས་དེའི་ངང་ལ་དུས་བཞི་མཉམ་པ་ཉིད་ཡིན་ཏེ། དེ་ནི་དུས་ཕུན་སུམ་ཚོགས་པའོ། །གོ་ཕྱེ་བའི་འཁོར་དེ་ལ་ཁྱད་པར་ཆོས་སྐུའི་གླེང་གཞི་ཆོས་ཉིད་དེ་གནས་ནས་ཡོད་པས་ཆོས་སྐུའི་གླིང་གཞི་དེ་མངོན་དུ་རྟོགས་ནས་སངས་རྒྱས་པར་འགྱུར་རོ། ༈ །ཐུན་མོང་རྟགས་ཀྱི་གླེང་གཞིའོ། །དེ་ལ་གཉིས་ཏེ། བགྲང་། བསྟན་པ་དང་། དྲང་། བདག་དོན་ཆོས་སྐུའི་གླེང་གཞི་མངོན་དུ་གྱུར་ནས། ཐེག་འོག་གི་གདུལ་བྱ་དང་ཐུན་མོང་པ་ལ་གཟུགས་སྐུ་རྟགས་ཀྱི་གླེང་གཞི་ཤར་བའང་། གདུལ་བྱ་ལུགས་འབྱུང་ཟློག་གིས་ཕྱེ་བས། ཞི་བ་དང་ཁྲོ་བོའི་མཚན་མ་མི་འདྲ་བ་གཉིས་ཀྱི་གཟུགས་སུ་ཤར་ནས་སྣང་བའོ། ༈ །བཤད་པའོ། །དེ་ལ་གཉིས་ཏེ། ཞི་བ་དང་། ཞི་བ་ལས་ཁྲོ་བོར་སྣང་བའོ། །དང་པོ་ལ་དྲུག །བགྲང་། གང་གིས་གསུངས་པའི་སྟོན་པ་དང་། དྲང་། ཞི་བའི་སྟོན་པ་ནི་གདུལ་བྱ་འདྲེན་པར་མཛད་ཅིང་དོན་ཆོས་ཉིད་རང་སྣང་མ་བཅོས་པས་ན་རང་བྱུང་དེ་ཉིད་སྐྱེ་འཇིག་དང་བྲལ་ཞིང་འདའ་ཉམས་མེད་པའི་རྟགས་སུ་ཕྱག་དྲུག་གི་དང་པོའམ་ཕྱག་གཉིས་ལྟར་ན་མཉམ་གཞག་གི་སྟེང་ན་རྡོ་རྗེ་འཛིན་པས་དྲུག་པ་རྡོ་རྗེ་འཆང་ངམ་ལྷན་ཅིག་པའི་འཁོར་རྒྱལ་བ་རྒྱ་མཚོ་ལ། བསྟན་པ་གསུང་ལྔ་ལྷུན་གྱིས་གྲུབ་པའི་རྒྱུད་ཀྱི་སྟོན་པ་རིགས་ཐམས་ཅད་ཀྱི་བདག་པོ་དྲུག་པ་ཀུན་བཟང་ཡིན་ལ། དེ་ཡང་སྒྱུ་འཕྲུལ་རྒྱ་མཚོ་ལས། ཡེ་ཤེས་རྒྱ་མཚོ་འོག་མིན་གྱི། །འཁོར་ལོ་འབར་བའི་ལྟེ་བ་ལས། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །བརྗོད་པ་མེད་བཞིན་གོ་བར་མཛད། །དཔག་མེད་ཡེ་ཤེས་ཡོངས་རྫོགས་པས། །ཞིང་འཁོར་ལོངས་སྤྱོད་ཕུན་ཚོགས་ལྡན། །ཅེས་གསུངས་སོ། །ལམ་པ་རྣམས་ཀྱི་སྣང་ངོ་ལ་ཀུན་བཟང་དེའི་རྒྱལ་ཚབ་འཛིན་ཅིང་སྐུ་གསུང་ཐུགས་སོགས་རྒྱུད་སྣ་ཚོགས་སྟོན་པས་ནི་འཆད་པའི་སྐྱེས་བུས་རིགས་ལྔ་དང་ཁྱད་པར་དུ་ལྷ་མིའི་རིག་འཛིན་རྣམས་ཀྱི་སྣང་ངོར་བྱིན་རླབས་ཀྱི་སྟོན་པ་སྡུད་པ་པོར་སྣང་ནས་སྡུད་པ་པོ་དང་གཉིས་ཡིན་ཀྱང་། ཐུགས་སྒྱུ་འཕྲུལ་གྱི་སྐབས་འདིར་འཆད་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའ་མདུན་ན་གནས་ཤིང་། སྡུད་པ་པོ་ཡང་ཕྱག་ན་རྡོ་རྗེར་འདོད་དེ། སྟོན་པ་ཀུན་བཟང་གི་མཚན་ཉིད་རྒྱས་པར་བཤད་ན། ས་ནང་ཚིགས་སུ་བཅད་ན་གཉིས་ཏེ། དང་པོ་སྟོན་པའི་རང་བཞིན་སྤྱིར་བསྟན་པ་ནི། སྟོན་པ་ཀུན་བཟང་གི་དགོངས་པའི་རང་བཞིན་ཆོས་ཉིད་དེ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་ཆོས་ལས་གུད་དུ་མིན་ཏེ་དབྱེར་མེད་དུ་གནས་པས། སྟོན་པའི་རང་བཞིན་འཁོར་འདས་གཉིས་དང་དབྱེར་མེད་ཅེས་བྱའོ། །དེའང་། གསང་སྙིང་ལས། བཅོམ་ལྡན་འདས་ཞེས་པ་ནི། རྡོ་རྗེའི་བདག་ཉིད་ཅེས་པའི་བར་མྱང་འདས་དང་དབྱེར་མེད་སྟོན་ལ། མ་ལུས་པ་ཞེས་པ་ནས་དབྱེར་མེད་པའི་རང་བཞིན་ཏེ། ཞེས་པའི་བར་གྱིས་འཁོར་བ་དང་དབྱེར་མེད་སྟོན་ནོ། །གཉིས་པ་བྱེ་བྲག་ཏུ་ལོངས་སྐུ་འཆད་པའི་སྐྱེས་བུ་དང་མཚན་ཉིད་ཐུན་མོང་དུ་བསྟན་པ་ནི། ཐེག་འོག་གི་ལོངས་སྐུ་ནི། འདོད་ཡོན་ལྔ་མ་སྤངས་ལོངས་སྤྱོད་པའི་རྟགས་སུ་རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རྒྱན་གྱིས་བརྒྱན་ཅིང་ཡབ་རྐྱང་ཡིན་ལ། འདིར་ཉོན་མོངས་པ་ཆགས་རྟོག་མ་སྤངས་བདེ་སྟོང་དུ་ལོངས་སྤྱོད་པའི་རྟགས་སུ་ཡབ་ཡུམ་ཁ་སྦྱོར་གྱི་ལོངས་སྤྱོད་རྫོགས་པ་ཆེན་པོའི་སྐུར་བཞེངས་ནས། རང་བྱུང་ཡེ་ཤེས་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་རྟགས་སུ་སྐུ་མདུན་རྒྱབ་མེད་པར་ཀུན་ཏུ་ཞལ་ཐལ་ལེ་བར་གསལ་ཞིང་གདུལ་བྱ་རང་རང་གང་ལ་མོས་པའི་ཐེག་པ་སྣ་ཚོགས་སྟོན་པའི་ལོངས་སྤྲུལ་གྱི་སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པའི་མཛད་པས། སྟོན་པའི་མཚན་གྱི་རྣམ་གྲངས་རྡུལ་སྙེད་དུ་གྲགས་པ་ལ། འདིར་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་གསུམ་མཚོན་པས་དབུ་གསུམ། ཡེ་ཤེས་དྲུག་མཚོན་པས་ཕྱག་དྲུག་གམ། ཡང་ན་བདག་དོན་དུ་ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་པའི་རྟགས་སུ་ཕྱག་གཉིས་མཉམ་བཞག་ལོངས་སྤྱོད་པའི་རྒྱན་ཐུན་མོང་གི་མཚན་དཔེ་དང་། ཐུན་མོང་མ་ཡིན་པའི་མཚན་དཔེ་ཕྱི་ནང་གསང་གསུམ་ལ་སོགས་པ་ལོངས་སྐུའི་རྒྱན་རྣམས་ཀྱིས་བརྒྱན་པ། གཞན་དོན་དུ་བརྡའི་སྒོ་ནས་ཆོས་སྟོན་པར་མཛད་པས་མཚན་དཔེ་རྒྱས་བཤད་ནི་གསང་སྙིང་ལྟར་རོ། །ཡབ་ཡུམ་གྱི་ཞབས་ཀྱང་། མཉམ་པའི༴ རྡོ་རྗེའི༴ རྫོགས་པའི༴ བརྟུལ་ཞུགས་ཀྱི་སྟེ། མིང་བཞི་དང་ལྡན་པའི་སྐྱིལ་ཀྲུང་དུ་བཞུགས་པ་སྟེ། དེའི་དོན་རྒྱས་པར་བཤད་ན། ཡབ་ཀྱི་བོལ་གཉིས་བརླ་གཡས་གཡོན་གྱི་སྟེང་དུ་བཞག་པ་ནི། ཆོས་ཉིད་མཉམ་པ་ཉིད་དུ་རྟོགས་ནས་མཉམ་པའི་སྐྱིལ་ཀྲུང་དང་། ཆོས་ཉིད་འབྲས་བུའི་ངོ་བོར་རྫོགས་པས་ན་རྫོགས་པའི་སྐྱིལ་མོ་ཀྲུང་། དགོངས་པ་སྐྱེ་འཇིག་དང་བྲལ་བས་ན་རྡོ་རྗེ་སྐྱིལ་ཀྲུང་། ཞེས་པའི་མིང་གསུམ་དང་། ཡུམ་གྱི་ཞབས་གཉིས་ཡབ་ལ་འཁྱུད་ཅིང་ཞབས་མཐིལ་གཉིས་སྦྱར་ནས་རྩེ་མོ་སྤྲད་པ་ནི། ཉོན་མོངས་བརྟུལ་ཞིང་བདེ་བ་ཆེན་པོའི་ངང་ལ་མི་འགྱུར་བར་བཞུགས་པ་ནི། བརྟུལ་ཞུགས་ཀྱི་སྐྱིལ་ཀྲུང་ཞེས་ཞེས་བྱའོ། །དེ་ཡང་གསང་སྙིང་ལས། སྐུ་མདུན་དང་རྒྱབ་མེད་ཅེས་པ་ནས། །དབུ་གསུམ་དང་ཞེས་པའི་བར་གྱིས་སྟོན་ནོ། །གང་དུ་གསུངས་པའི་གནས་དང་། དྲང་། སྟོན་པ་དེ་ཡི་རྟེན་པའི་གནས་ལ་ཚིགས་སུ་བཅད་ན་གཉིས་ཏེ། དང་པོ་གནས་ཀྱི་རང་བཞིན་སྤྱིར་བསྟན་པ་ནི་གནས་ཀྱི་རང་བཞིན་ནི་གཞི་ཡི་འོག་མིན་ལ་ནང་ཚན་བདུན་ཡོད་པ་ལས། འདིར་ནི་དོན་ཆོས་དབྱིངས་ཀྱི་གོང་གང་གིས་ཀྱང་མ་ཆོད་པ་ནི། དོན་གྱི་འོག་མིན་ནམ། ཡང་ན་ལོངས་སྤྱོད་ཆེན་པོ་ནི་འོག་མིན་ཏེ། གནས་འདིའི་གཟུགས་ཁམས་ཀྱི་རྩེ་མོ་འཇིག་རྟེན་གནས་ཀྱི་འོག་མིན་ལས་གཉིས་འགྱུར་གྱིས་དཔག་པས་ན། མ་སྤངས་རྒྱན་ཚོགས་ཀྱི་གཞལ་ཡས་ཁང་། སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཏེ། ལམ་པའི་སྤྱོད་ཡུལ་མིན་པས་གསང་བའི་གནས་དེ་ན། འོ་ན་གཉིས་འགྱུར་གྱིས་དཔགས་ཏེ་དངོས་སུ་དཔགས་སམ་དོན་ལ་དཔགས་ཤེ་ན། དངོས་སུ་གཟུགས་ཁམས་ཀྱི་འོག་མིན་ལས་གཉིས་འགྱུར་གྱིས་དཔག་པས་ན། གང་གིས་འཇིག་རྟེན་གྱི་མནར་མེད་ལ་ཐུག་པས་དོན་ལས་དཔགས་པར་གསུངས་སོ། ༈ །གཉིས་པ་བྱེ་བྲག་ཏུ་ལོངས་སྐུའི་གནས་ནི། སྤྱིར་གཟུང་ཡུལ་གནས་སུ་དག་པ་ལ་སངས་རྒྱས་ཀྱི་ཞིང་ཁམས་གནས་སུ་དག་པ་ལ་གཞལ་ཡས་ཁང་། རིག་པ་གནས་སུ་དག་པ་ལ་ལྷ་རེད་པས། དེས་ན་ལྷའི་སྐུ་དང་ལྷན་ཅིག་ཏུ་འདུས་པའི་གཞལ་ཡས་ཁང་དེའི་རྒྱུ་ནི། ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་རང་སྣང་བ་ཡིན་ཏེ། དེ་ཡང་གདུལ་བྱའི་དགོས་འདོད་སྐོངས་པ་དོན་ཡིན་ལ། རྟགས་རིན་པོ་ཆེ་འོད་འབར་བའི་གཞལ་ཡང་ཁང་འཁོར་བའི་ཆོས་ཐམས་ཅད་མ་སྤངས་འབྲས་བུ་ལྷུན་གྲུབ་ཀྱིས་དོན་རྫོགས་ཤིང་ཡོན་ཏན་དཔག་ཏུ་མེད་པ་རྒྱས་པ་དོན་ཡིན་པའི་ཕྱིར་རྟགས་གཞལ་ཡས་ཁང་གི་དབྱིབས་གྲུ་བཞི་པ་དེ་ཡང་ཆོས་ཀྱི་དབྱིངས་ལ་ཐུག་པ་མེད་པ་དོན་ཡིན་ལ། རྟགས་བུམ་པའི་མཐོ་དམན་ལ་ཚད་དཔག་ཏུ་མེད་དེ་དེ་བཞིན་གཤེགས་པའི་གཙུག་ཏོར་ལྟ་བུའོ། །ཕྱོགས་བཅུ་དུས་བཞིས་བསྡུས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱི་དགོངས་པ་ཐུགས་རང་རིག་པའི་ཡེ་ཤེས་ལ་གཅིག་པ་དོན་ཡིན་ལ། རྟགས་གཞལ་ཡས་ཁང་རྩེ་མོ་སྦྲའམ་གུར་ལྟ་བུར་འཁྱིལ་བ་དེ་ཏིང་། ཀུན་ཏིང་། རྒྱུའི་ཏིང་ངེ་འཛིན། ཕྱག་རྒྱ་སྤྲོས་པ་སྟེ། རྣམ་པར་ཐར་པ་ཏིང་ངེ་འཛིན་བཞིའི་སྒོ་ནས་མ་ཧཱའི་རྒན་པོ་ཨ་ཏིར་འཇུག་པའི་ཚུལ་ནི་དོན་ཡིན་ལ། རྟགས་གཞལ་ཡས་ཁང་གི་ཕྱོགས་བཞིར་སྒོ་བཞི་ནི་རྒྱ་སྒོ་ལྟ་བུ་མ་ཡིན་ཏེ། སྒོ་གློ་འབུར་དུ་ཡོད་པ་ལ་སྒོ་རྒྱན་དང་ལྡན་པ་ཅན་ནོ། །ཐེག་པ་གཞན་ལས་འདིར་བླ་ན་མེད་པའི་ཐེག་པས་དཔགས་ཤིང་དེར་བགྲོད་པ་དོན་ཡིན་ལ། རྟགས་གཞལ་ཡས་ཁང་གི་འོག་གཞི་འབུར་འཕང་དུ་རྡོ་རྗེ་འགྲེང་བུའམ་ཁྲུ་རེས་ལྷ་སྣམ་གྲུ་ཆད་རྩིབས་མཆན་རྩིབས་ལྟེ་བ་རྣམས་རིམ་གྱིས་དཔགས་པའོ། །འཁོར་བ་ལས་རྣམ་པར་ཐར་པའི་ཐེག་པ་བརྒྱད་བགྲོད་པ་དོན་ཡིན་ལ། རྟགས་སྒོ་ཐེམ་ཞབས་སུ་ཐེམ་སྐས་རྟ་བབ་ཕྱི་བཞི་ནང་བཞི་སྟེ་བརྒྱད། རང་སའི་འབྲས་བུ་བརྒྱད་ཐོབ་པ་དོན་ཡིན་ལ་རྟགས་སུ་རྒྱན་རྟ་བབ་བརྒྱད་དང་ལྡན་པ་ནི། རྟ་བབ་བཞི་ལ་བང་རིམ་རེ་རེ་ལ་རྒྱན་གཉིས་གཉིས་ཏེ་བརྒྱད་ནི། རྟ་རྐང་ཆུ་སྐྱེས་རིན་ཆེན་སྒྲོམ། །མ་སྐྱེས་ཐབས་ཀྱི་ཟ་རང་ཚགས། །སྣ་འཕྱང་ཆུན་འཕྱང་ཤར་བུ་དང་། །སྣ་ཚོགས་ཁྱུང་མགོ་རིམ་པར་དཀྲིགས། །ཞེས་པ་བཞིན་ནོ། །ཡེ་ཤེས་རེ་རེར་ཡང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པ་དོན་ཡིན་ལ། རྟགས་རིགས་ཐམས་ཅད་ཀྱི་བདག་ཉིད་ཀུན་ཏུ་བཟང་པོ་དང་ནི་བཟང་མོ་གཉིས་ཀྱིས་བདག་པོ་བྱེད་པའི་གནས་རིགས་བཞིའི་ཁ་དོག་ཅན་གྱི་རིན་པོ་ཆེའི་གློ་འབུར་མཁར་ཐབས་བཞི་ཡིས་མཛེས་པར་བྱེད་པ་དང་། འོ་ན་ཀུན་བཟང་ཡབ་ཡུམ་དབུས་སུ་བཞུགས་པ་བཤད་པ་དང་འདིར་གློ་འབུར་དུ་བསྐྱེད་པ་གཉིས་བལྡབ་ཅེ་ན་མ་ཡིན་ཏེ། ཆོས་འཆད་པའི་དུས་སུ་ཀུན་བཟང་ཡབ་ཡུམ་དབུས་སུ་བཞུགས་ལ། སྒོམ་པའི་དུས་སུ་ཀུན་བཟང་ཡབ་ཡུམ་རིགས་ཐམས་ཅད་ཀྱི་བྱེད་པ་པོའམ་བསྐྱེད་པའི་བདག་ཉིད་ཡིན་པས། ཤར་ནུབ་གཉིས་ཀྱི་གློ་འབུར་གཉིས་ཀྱི་སྟེང དུ་བསྐྱེད་དེ། ཡང་ན་ཀུན་བཟང་ཉིད་ཀྱིས་སྤྲུལ་པ་ཐུབ་པ་དྲུག་བྱུང་བ་ཡང་དེར་བསྐྱེད་དོ། །ལོགས་མགུལ་གྱི་རྒྱན་ནི། འོད་རིམ་ལས། མཐའ་ཡི་འདབ་མས་ཀུན་གཡོགས་པ། །ཡེ་ཤེས་རྩིག་སྟེང་སེང་གེ་བལྟམས། །མི་འཇིགས་ཁ་ནས་མུ་ཏིག་ཧར། །ཕ་གུ་མཛེས་པའི་བད་དང་ལྡན། །དྲ་བ་དྲ་ཕྱེད་མགུལ་འཁོར་ལྡན། །གཟུགས་སོགས་ལྷ་མོ་འཁྲིགས་པ་སྟེ། །སྣ་ཚོགས་མཆོད་བྱེད་རོལ་མོ་ཡིས། །བར་སྣང་ཁམས་ཀུན་སྤྲིན་དཔུང་བཞིན། །ཅེས་གསུངས་པས། ཐུགས་རྗེ་དང་སྤྲུལ་པའི་འཕྲོ་འདུའི་རྒྱུན་མི་འཆད་པ་དང་ལྡན་པ་དོན་ཡིན་ལ་རྟགས་སུ་ཕྲེང་བ། བདེན་པ་གཉིས་སུ་མེད་པ་དོན་ཡིན་ལ་རྟགས་རིན་པོ་ཆེའི་ཆུན་འཕྱང་ངོ་། །ཐབས་མ་འདྲེས་ལ་ཡོངས་སུ་རྫོགས་པ་དོན་ཡིན་ལ་རྟགས་མཛེས་གདུང་རིན་པོ་ཆེའི་ཤར་བུ། འདོད་པའི་ཡོན་ཏན་ལྔ་མ་སྤངས་རྣམ་དག་རྒྱན་དུ་རྫོགས་པ་དོན་ཡིན་ལ་རྟགས་འདོད་ཡོན་ལྔའི་ལྷ་མོ་དཔག་ཏུ་མེད་པ་ཕྱོགས་བཅུར་འཁྲིགས་ཤིང་རྒྱུན་ཆད་མེད་པར་འཕྲོ་བ། སྒོམ་པའི་དབང་དུ་ནི། པཉྩ་ར་གའི་ཕྱི། འདོད་ཡོན་དམར་པོའི་སྟེང་། ཕ་གུ་སེར་པོའི་ནང་། སྟེང་གི་བྱ་འདབ་ཀྱི་འོག །ཀ་དུང་བཅུ་དྲུག་གི་ཕྲག །དྲྭ་བ་དྲ་ཁུགས་ཀྱི་གསེབ་ནས་མཆོད་པ་ཕུལ་བར་སྒོམ། སྒོ་རྒྱན་ནི་སྒོ་ཁང་ནང་གི་རྒྱན་དགུ་དང་། བཅུ་གཅིག་རྡོ་རྗེའི་འགྲེང་བར་ལ་སོགས་པའོ། །ཕྱི་ཡི་རྒྱན་ནི་ཡེ་ནས་མཉམ་པ་ཉིད་ལས་མི་འདའ་ཞིང་ཉོན་མོངས་པ་གཏན་ནས་མི་སྐྱེ་བ་དོན་ཡིན་ལ། རྟགས་ཏ་ལའི་ལྗོན་ཤིང་བཅད་ཟིན་བརྒྱད་དམ་བཅུ་དྲུག །མན་ངག་ལྟར་ན་མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱི་གདན་ཡིན་པས་སོ། གཉིས་སུ་འདོད་དོ། གདུལ་བྱའི་རེ་བ་ཡིད་ལ་བསམ་པ་བཞིན་དུ་སྐོང་བ་དོན་ཡིན་ལ་རྟགས་དཔག་བསམ་གྱི་ཤིང་ལ་རིན་པོ་ཆེའི་ཚོང་ཚོང་གིས་སྤྲས་པ་ལ། དྲིལ་བུ་གཡེར་ཁས་བརྒྱན་པ། ཏ་ལའི་གྲངས་དང་མཐུན་པ། དེ་དག་གི་བར་བར་དུ་རིན་པོ་ཆེའི་ཕུང་པོ་དང་། ཁྲུས་ཀྱི་རྫིང་བུ་ཡང་། ཏ་ལ་དང་། དཔག་བསམ་གྱི་གྲངས་ལྟར་ཡོད་དོ། །འཁོར་བའི་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་དོན་ཡིན་ལ། རྟགས་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱིས་བསྐོར་བའི་གདན་ལ། གསེར་གྱི་ས་གཞིའི་སྟེང་ནེའུ་སེང་སྔོན་པོའི་ཐང་། དེའི་ནང་ན་མེ་ཏོག་ལྡུམ་ཟིང་དཀར་པོའི་ཚལ་ཡོད་དོ། །དེ་ལྟ་བུའི་གཞལ་ཡས་ཁང་གི་རྒྱན་དུ་མར་སྣང་བའང་དེས་དྲི་ཟ་ཁོ་རང་གར་བསྡད་པའི་སར་གནས་ཁང་ཡང་རང་ཤུགས་སུ་གྲུབ་པ་བཞིན་སྟོན་པ་ལོངས་སྐུའི་དགོངས་པ་ཡེ་ཤེས་ཀྱི་རྩལ་ལ་གཞལ་ཡས་ཁང་རྒྱན་དང་བཅས་པ་རང་བཞིན་གྱིས་གྲུབ་པས། ངོ་བོ་སྣང་སྟོང་ཐ་མི་དད་པ་ཕྱོགས་བཅུ་མུ་མཐའ་མེད་པར་རང་སྣང་བ་དོན་ཡིན་ལ། རྟགས་གཞལ་ཡས་ཁང་གི་པཉྩ་རཱ་ག་ཡོངས་སུ་མ་ཆད་དེ་སྣ་རུམ་པ་མ་ཡིན་ཏེ། དེ་ཉིད་ལ་རྒྱ་དང་ཁྱོན་དཀའ་ཚད་གཟུང་དུ་མེད་ཅིང་སྤྱོད་ཡུལ་དང་བྲལ་བའི་ཕྱིར་གཞལ་ཡས་ཁང་ངོ་། །རང་རིག་པའི་ཡེ་ཤེས་འབའ་ཞིག་ཀུན་ཏུ་ཤར་ནས་སྣང་བ་དོན་ཡིན་ལ། རྟགས་ནང་དང་ཕྱི་རོལ་ལྟ་བུ་གཞལ་ཡས་ཁང་དེ་ལ་མེད་དེ་ཀུན་ཏུ་ཡང་ནང་དུ་གྱུར་པའོ། །འོག་གཞི་གདན་ཐབས་ནི་ཡེ་ཤེས་ལྔ་དང་ལྡན་པ་དོན་ཡིན་ལ། རྟགས་འཁོར་ལོ་རྩིབས་བཞི་ལྟེ་བ་དང་ལྔའམ། ཡང་ན་འོག་གཞི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་སྨོན་ལམ་གུས་པའི། ཡོན་ཏན་གྱི་ཆེ་བས་ནས་ཚོགས་བཅོམ་པའི། སའི་ཁྱད་པར་བགྲོད་པའི། ཐུགས་རིག་པ་རང་སྣང་བའི་གདན་དང་ལྔར་བཤད་པ་ལས་དང་པོ་འོག་གཞི་ནི་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བ་དོན་ཡིན་ལ། རྟགས་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ། གཉིས་པ་སྨོན་ལམ་གུས་པའི་གདན་ནི། ས་མཐའི་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་སེང་གེ་ལ་སོགས་པར་སྤྲུལ་པས་ལུས་གདན་དུ་ཕུལ་ནས་ཉོན་མོངས་པའི་སྒྲིབ་པ་སྦྱངས། རྣ་བས་ཆོས་ཉན་ཅིང་ཤེས་བྱའི་སྒྲིབ་པ་སྦྱངས་ཞེས་རྒྱ་མཚོ་དང་། དགོངས་འདུས་དང་། སྤར་ཁབ་རྣམས་ལས་བཤད་ཀྱང་། དེ་དག་ནི་རྒྱུའི་ཐེག་པའམ། རྒྱུད་མས་སྦྱངས་པ་ལམ་པའི་དབང་ཡིན་ལ། འབྲས་བུའི་ཐེག་པའམ་སྒྱུ་འཕྲུལ་གྱི་དབང་དུ་སྟོན་པ་སྐུ་ལྔ་ལྷུན་གྲུབ། འཁོར་རྒྱལ་བ་རྒྱ་མཚོ་ཡིན་པའི་ཕྱིར། སྨོན་ལམ་གུས་པའི་གདན་འདིར་བཤད་པ་མ་ཡིན་ནོ། །གསུམ་པ་ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམ་པའི་གདན་ནི། ཉི་ཟླ་པདྨའི་གདན་ཡིན་ཏེ། དེ་ཡང་ཤེས་རབ་རང་བཞིན་མེད་པ་དོན་ཡིན་ལ། རྟགས་ཉི་མའི་དཀྱིལ་འཁོར་དང་། ཐབས་འགག་པ་མེད་པ་དོན་ཡིན་ལ། རྟགས་ཟླ་བའི་དཀྱིལ་འཁོར་དང་། ཐུགས་ཉེས་པའི་སྐྱོན་མ་ཆགས་པ་དོན་ཡིན་ལ། རྟགས་པདྨའི་གདན་དང་། བཞི་པ་སའི་ཁྱད་པར་བགྲོད་པའི་གདན་ནི་གདུལ་བྱའི་རེ་བ་སྐོང་བས་དགོས་འདོད་ལྷུན་གྱི་གྲུབ་པ་དོན་ཡིན་ལ། རྟགས་རིན་པོ་ཆེའི་ཁྲི་རྐང་། དེ་ཡང་དཀོར་བདུན་ངོ་བོ་ཉིད་ལྷུན་གྱི་གྲུབ་པ་དོན་ཡིན་ལ། རྟགས་ཁྲི་རྐང་རེ་རེ་ལ་ཡང་མཛོད་མིག་བདུན་བདུན་དང་ལྡན་པའོ། །ལྔ་པ་ཐུགས་རིག་པ་རང་སྣང་གི་གདན་ནི། སངས་རྒྱས་ཀྱི་དགོངས་པར་འབྲས་བུའི་ཆོས་རྣམས་ལྷུན་གྱིས་གྲུབ་པ་དོན་ཡིན་ལ། རྟགས་སེམས་ཅན་ལྔའི་གདན་དུ་སྣང་བ་སྟེ་དེ་ཡང་དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་རྣམ་བཞིས་བདུད་བཞི་འཇོམས། དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་མི་དགེ་བཅུ་རྣམས་སྟོབས་བཅུས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་བའི་གསུང་། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་འཕྲིིན་ལས་བཞི་ཡིས་ཐོགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་གསུངས་སོ། །དེ་ལ་གདན་གྱི་རིམ་པ་ནི། སྐྱེས་བུ་ལྔ་ལ་ལྔ་རྩེག་སྟེ། །སེམས་དཔའ་ལ་ནི་སུམ་རྩེག་གོ། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །ཀུན་བཟང་ཡབ་ཡུམ་བཞི་རྩེག་གོ། །ཞེས་གསུངས་ཀྱང་། སྤྱན་འགྲེལ་ལས། སྒོ་བ་ཡབ་ཡུམ་ལ་པདྨ་དང་ཉི་མ་གཉིས་རྩེག་གོ། །ཀུན་བཟང་ཡབ་ཡུམ་ལ། དཀྱིལ་འཁོར་ལ་དགོད་པའི་ཚེ་སུམ་རྩེག་དང་། ཆོས་འཆད་པའི་ཚེ་ལྔ་རྩེག་ཏུ་བཤད་དོ། །གདན་གྱི་སྟེང་དུ་ཟླ་བ་འོང་བའི་རྒྱུ་མཚན་ནི། གསང་སྙིང་འགྲེལ་པར་མང་དུ་སྣང་ཡང་། འདིར་འགྲེལ་པ་མངོན་རྟོགས་ལས། ཡང་ཞི་བ་ལ་ལྷ་ཀུན་ལ་ཟླ་བ་སྟེང་དུ་འོང་ལ། ཁྲོ་ལྷ་ཀུན་ལ་ཉི་མ་སྟེང་དུ་འོང་ཞེས་བཤད་དོ། །དེ་ལྟར་ཡེ་ཤེས་ཀྱི་རྩལ་ལས་གཞལ་ཡས་ཁང་གི་གདན་དང་རྒྱན་དུ་མ་ལ་ཤར་ནས་སྣང་བས་དབྱིངས་ཕྱོགས་གཅིག་ཏུ་བཟུང་བའི་མཐའ་དང་བྲལ་བས་གཅིག་པ་མ་ཡིན་པས་ཡེ་ཤེས་སྣ་ཚོགས་སུ་ཤར་ནས་སྣང་བའི་དུས་ལ་རང་བཞིན་མེད་དེ་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་དུ་མའི་མཐའ་དང་བྲལ་བའོ། །དེ་ཡང་གསང་སྙིང་གི་འོག་མིན་ཅེས་པ་ནས། རིན་པོ་ཆེའི་གདན་ལ་ཞེས་པའི་བར་གྱིས་སྟོན་ནོ། །གང་ལ་གསུང་བའི་འཁོར་དང་། དེ་ལ་གསུམ་སྟེ། བགྲང་། རྣམ་གྲངས་དང་། དྲང་། གནས་དེ་ན་སྟོན་དེ་ལ་འཁོར་དེ་གུས་པའི་ཚུལ་དུ་གཙོ་འཁོར་གྱི་དགོངས་པ་ལ་དབྱེར་མེད་ཀྱང་གདུལ་བྱའི་སྣང་ངོ་ལ་གཙོ་འཁོར་གྱི་ཚུལ་དུ་སྟོན་པ་ཀུན་བཟང་གི་རྒྱལ་ཚབ་ཀྱི་ཚུལ་འཛིན་ཅིང་རྒྱུད་འཆང་བྱེད་ཀྱི་སྐྱེས་བུ་རྒྱལ་བ་རིགས་ལྔ་ཡབ་ཡུམ་བཅུ་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚུལ་འཛིན་པའི་འཁོར་སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང་། འཇིགས་བྱེད་ཁྲོ་ཚུལ་འཛིན་པའི་འཁོར་ཁྲོ་བོ་ཡབ་ཡུམ་བརྒྱད། ཐུགས་རྗེ་སྤྲུལ་པའི་འཁོར་ཐུབ་དྲུག་གི་ཚུལ་འཛིན་པ་དང་། དད་པ་ཅན་གཏམ་ཉན་པའི་འཁོར་སངས་རྒྱས་ཀྱི་ཐུགས་རྗེ་དང་གདུལ་བྱའི་སྨོན་ལམ་འགྲེལ་པའི་སྟོབས་ཀྱིས་ལྷ་ཆེན་བརྒྱད་དང་། སོགས་ཀྱི་སྒྲས་དཔལ་མགོན་བདུན་ཅུ་རྩ་ལྔའི་ཚུལ་འཛིན་ནས་གཞལ་ཡས་ཁང་གི་རྒྱབ། རྡོ་རྗེ་ར་བའི་ནང་། མེ་ཏོག་ལྡུམ་ཟིང་དཀར་པོའི་སྟེང་དུ་བཞུགས་སོ། །བཞུགས་ཚུལ་དང་། དྲང་། འཁོར་དེ་རྣམས་ཀྱི་བཞུགས་ཚུལ་ནི། རིགས་ལྔ་ཡབ་ཡུམ་བཅུ་ནི། སྟོན་པ་ཀུན་བཟང་དང་དགོངས་པ་དབྱེར་མེད་པའི་བཞུགས་ཚུལ་གཙོ་བོ་ཡབ་ཡུམ་དང་མཐུན་ནོ། །སེམས་དཔའ་ཡབ་ཡུམ་ནི་ལམ་མཐར་མ་ཕྱིན་བར་དུ་བདག་གཞན་གྱི་དོན་བསྒྲུབ་དགོས་པའི་ཚུལ་དུ་གཡོན་བསྐུམས། གཡས་གདན་ལ་འབབ་པ་དང་། ཁྲོ་བོ་ཡབ་ཡུམ་ནི་སྒོ་བསྲུང་བའི་ཚུལ་དུ་ཟུར་གྱིས་ལྟ་བའམ་ཕྱིར་ལྟ་བའི་ཞབས་གྱད་བཀྱག་ཐབས་སུ་དང་། ཐུབ་པ་རྣམས་ནི་འགྲོ་བའི་དོན་རྒྱུན་ཆད་མེད་པར་མཛད་པའི་ཕྱིར་ཞབས་འགྲོ་བར་བཞུགས་པའོ། ༈ །མང་བ་དང་ཁྱབ་པའི་ཚད་གཉིས་བསྟན་པའོ། །བགྲང་། དེ་ལྟ་བུའི་སྤྲུལ་པ་དང་རང་རྒྱུད་པའི་ཚོགས། དྲང་། ཚད་ལས་འདས་པའི་བརྗོད་ཀྱིས་མི་ལང་ཡང་ཆ་ལུགས་ཀྱི་རྣམ་གྲངས་ནི་གོང་གི་བཞི་བཅུ་རྩ་གཉིས་ལ་འདུས་པ། ཡབ་ཡུམ་གཙོ་འཁོར་དུ་བཞུགས་ཤིང་ཆོས་ཀྱི་དབྱིངས་མུ་མཐའ་མེད་པར་ཁྱབ་པའི་རང་བཞིན་མངོན་དུ་བྱས་པ་དོན་ཡིན་ལ། རྟགས་གཞལ་ཡས་ཁང་ལྷས་གང་ནས་ཁྱབ་པར་བཞུགས་སོ། །དེ་ཡང་གསང་སྙིང་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས། །ཞེས་པ་ནས། གཉིས་སུ་མེད་པར་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ནོ། །སྡུད་པ་པོ་དང་། དྲང་། དཔེ་ནོར་བུ་རིན་པོ་ཆེ་ལ་གདུལ་བྱ་རང་རང་གི་བསམ་པ་བཞིན་དུ་དགོས་འདོད་འབྱུང་བ་ལྟར་དུ་སྡུད་པ་པོ་ཡང་གདུལ་བྱ་རང་གིས་གང་མོས་བཞིན་དུ་སྐུ་མངའ་བའི་གསང་བདག་ཉིད་ནི་སྙན་ཆ་ལྔ་ལྡན་དུ་ཡོད་པས་རྒྱུད་དེ་ཡི་བདག་པོ་ཡིན་པའི་ཕྱིར། སྡུད་པ་པོ་གསང་བདག་རང་ཡིན་ཅིང་ཏནྟྲ་སྟེ་རྒྱུད་ཐུགས་སྒྱུ་འཕྲུལ་དྲྭ་བ་དེའི་དོན་སྡུད་པ་པོ་བསྡུས་ནས་མི་དང་ལྷ་ལ་སོགས་པ་ལ་བརྒྱུད་པ་ཡང་རང་རང་གི་མོས་པ་བཞིན་དུ་ལྷ་ལ་ཀུ་མ་ར་སྟེ་འཇམ་དཔལ་དུ་སྣང་བ་དང། ཀླུ་ལ་སྤྱན་ཚོར་ཏེ་སྤྱན་རས་གཟིགས་སུ་སྣང་བ་ནས་རྒྱུད་གསུང་པར་འདོད་དོ། །མི་དང་མི་མིན་ཏེ་དམ་པའི་རིགས་ཅན་ལྔ་ནི། གསང་བདག་ཏུ་སྣང་བ་སྟེ། དེའི་དོན་ནི་གསང་བདག་དེ་ནི་སྟོན་པ་ཀུན་ཏུ་བཟང་པོ་དེ་ཡི་ཐུགས་ལས་སྐྱེས་པའི་ཕྱིར། སྟོན་པས་གསུངས་པའི་རྒྱུད་དེ་ཡི་དོན་ནི་གསང་བདག་དེས་བསྡུས་ནས་དམ་པའི་རིགས་ཅན་ལྔ་དང་རྒྱལ་པོ་ཛཿལ་སོགས་པའི་སྐལ་ལྡན་རྣམས་ལ་གསུངས་པ་ནི་རིགས་ཏེ་འཐད་དོ། །ཁ་ཅིག་གིས། ཐེག་ཆེན་ལ་མོས་པ་འཇམ་དཔལ། ཐེག་ཆུང་ལ་སྤྱན་རས་གཟིགས་ཟེར། ཁ་ཅིག་གི་སྐུ་སྒྱུ་འཕྲུལ་ལ་འཇམ་དཔལ། གསུང་སྒྱུ་འཕྲུལ་སྤྱན་རས་གཟིགས། ཐུགས་སྒྱུ་འཕྲུལ་ལ་ཕྱག་རྡོར་དུ་འདོད་པ་སྣང་ཡང་དཔྱད་པར་བྱའོ། ༈ །དུས་དང་། དྲང་། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྡོ་རྗེའི་སྐུ་མངོན་པར་བྱང་ཆུབ་པའི་སྐུ་དང་ལྔ་ནི་ལམ་པའི་ས་ཚད་མཐོ་དམན་གྱི་བློ་ཡིས་ཕྱེ་བའི་འཁོར་རྣམས་ལ་སོ་སོར་རང་རང་གི་བློ་དང་འཚམས་པར་ཆོས་བསྟན་པའི་དུས་ཐ་དད་དུ་སྣང་ཡང་། འདིར་ནི་སྟོན་པ་སྐུ་ལྔ་ལྷུན་གྱིས་གྲུབ་པ་ཀུན་ཏུ་བཟང་པོ་དེས་ལྷན་ཅིག་པ་ཡི་འཁོར་རྒྱལ་བ་རྒྱ་མཚོ་ལ། བསྟན་པ་གསུང་ལྔ་དུས་གཅིག་ཏུ་སྣང་བ་དེ་ཚུལ་ཅི་ལྟར་རྟོགས་པའི་དུས་ནི་འཁོར་གང་གིས་སྟོན་པ་ཀུན་བཟང་གི་ཞལ་མཐོང་བ་དང་། བསྟན་པ་གསུང་ལྔ་ལྷུན་གྱིས་གྲུབ་པའི་དོན་དེ་རྟོགས་ནས་སངས་རྒྱས་པ་དེའི་ཚེ་ན་ཡང་དུས་བཞི་མཉམ་པ་ཉིད་ལས་མ་གཡོས་པ་ཡིན་ཏེ། འོ་ན་སངས་རྒྱས་པ་དང་། སྟོན་པ་ཀུན་བཟང་གི་ཞལ་མཐོང་ནས་དབང་བསྐུར་བ་དང་། བསྟན་པ་གསུང་ལྔ་ལྷུན་གྲུབ་གསང་བའི་སྙིང་པོའི་དོན་དུས་བཞི་མཉམ་པ་ཉིད་མངོན་དུ་གྱུར་ནས། གསང་བའི་སྙིང་པོ་འདི་ཉིད་གཞིར་ངེས། ལམ་དུ་ངེས། འབྲས་བུར་ངེས་ཞེས་པ་དང་། འགལ་ལམ་ཞེ་ན་མི་འགལ་ཏེ། དེ་ཡང་རང་བཞིན་གསང་བའི་སྙིང་པོ་ཆོས་ཐམས་ཅད་མཉམ་པའི་ངང་དུས་བཞིའི་རྟོག་པ་དང་བྲལ་བ་དེ་གོ་ཕྱེ་བའི་འཁོར་རྣམས་ལ་རྟག་པ་རྒྱུན་དུ་སྟོན་འཁོར་བསྟན་པའི་ཚུལ་དུ་ཐུགས་རྗེ་འཛོམ་ནས་དུས་བཞི་མཉམ་པ་ཉིད་ལས་ཤུགས་ལྡན་དུ་མ་གཡོས་ཀྱང་། ནུས་ལྡན་དུ་ལམ་མཐར་ཕྱིན་ནས་ཤེས་བྱ་བག་ལ་ཉལ་གྱི་དྲི་མ་དག་པའི་དུས་ལ་མངོན་དུ་འབྱུང་བར་འགྱུར་རོ། །བསྟན་པའོ། །དྲང་། ལམ་མཐར་ཕྱིན་ནས་སངས་རྒྱས་པ་དེ་ཡི་ཚེ་རང་བཞིན་བཅོས་བསླད་དང་བྲལ་བ་ངེས་ལུང་གསང་བའི་སྙིང་པོ་དེ་མངོན་དུ་སྣང་སྟེ། ཚུལ་ཅི་ལྟར་དུ་སྣང་ན་གསུང་ལྔ་ལྷུན་གྲུབ་ཀྱི་ཚུལ་གྱིས་སྣང་མཚོན་བྱ་འཁོར་གང་ལ་སྣང་ན་ལྷན་ཅིག་པའི་འཁོར་རྒྱལ་བ་རྒྱ་མཚོ་ལ་སྣང་། སྣང་བའི་ངོ་བོ་དེ་གང་ཡིན་ན། མཚོན་བྱེད་ཚིག་གི་བསྟན་པ་རང་སྣང་བས་གསང་བའི་སྙིང་པོ་དེ་ཉིད་བརྗོད་དོ། འོ་ན་སྟོན་པ་ཀུན་བཟང་གིས་ལྷན་ཅིག་པའི་འཁོར་ལ་གསུང་བའི་ཚེ་ཚིག་ཏུ་བརྗོད་དམ་ཞེ་ན་མ་ཡིན་ཏེ། མཚོན་བྱེད་ཚིག་གི་རྒྱུད་དེ་དག་དེའི་དུས་སུ་མཚོན་བྱེད་མེད་པར་རང་མཚན་སྒྲ་སྟེ། དཔེ་ཉི་ཟླ་ཤར་བ་དང་ཆུ་ལྡེང་མཐའ་དག་གི་ནང་དུ་གཟུགས་ཐོགས་ཆགས་མེད་པར་འཆར་བཞིན་དུ། སྟོན་པ་ཀུན་བཟང་གི་ཞལ་མཐོང་ནས་དབང་བསྐུར་བ་དང་། འཁོར་གྱི་དྲི་དག་པ་དང་སྟོན་པའི་དགོངས་པ་རང་བཞིན་གསང་བའི་སྙིང་པོའི་དོན་འཁོར་ལ་མངོན་དུ་གྱུར་པ་དུས་མཉམ་པའོ། །ཞི་བ་ལ་ཁྲོ་བོར་སྣང་བ་དང་། དྲང་། དེས་འགྲོ་བ་མི་ལ་སོགས་པ་གང དག་གཟུགས་སུ་སྣང་བའི་ཡུལ་ལ་རང་རང་གི་རིགས་མཐུན་སྣང་ན་གཅིག་ལ་གཅིག་དགའ་བར་བྱེད་ལ་རང་རང་གི་རིག་པ་མི་མཐུན་པའི་དགྲ་ལ་ནི་དགའ་བ་དེ་ལས་སྒྱུར་བར་བྱེད་པའི་འཇིགས་གཟུགས་སུ་སྣང་བ་ལྟར་དུ། རྒྱལ་བའི་གླེང་གཞི་དེ་བཞིན་ལུགས་འབྱུང་རྣམས་ལ་ཞི་བ། ལུག་ལྡོག་རྣམས་ཁྲོ་བོའི་གླེང་གཞིར་བསྒྱུར་བ་ཡིན་ནོ། །ད་ནི་གླེང་གཞི་སྤྱིའི་གོ་དོན་ནི། རྒྱུ་གླེང་གཞི་ལ་བཞི་སྟེ། དགོས་ཆེད། ངོ་བོ། ངེས་ཚིག །རྣམ་གྲངས། དགོས་ཆེད་ནི་གཉིས་ཏེ་གླེང་གཞི་ཚོགས་པས་བསྟན་པ་འབྱུང་བའི་རྒྱུ་བྱེད་པ་དང་། གླེང་གཞི་ཚོགས་ལུགས་ཀྱི་ལོ་རྒྱུས་ལ་བརྟེན་ནས། རྗེས་འཇུག་གི་ལམ་པས་ཡིད་ཆེས་ཤིང་འཇུག་པའི་དགོས་ཆེད་ཡོད་དོ། །ངེས་ཚིག་ནི། བསྟན་པ་འབྱུང་བའི་རྒྱུའམ་གཞི་ཡིན་པའི་ཕྱིར། ངོ་བོ་ནི་ཕུན་སུམ་ཚོགས་པ་དྲུག་ལྡན་ཅིག་ཡིན་ནོ། །རྣམ་གྲངས་རྣམ་པར་དབྱེ་བ་ལ་བཞི་སྟེ། ཐུན་མོང་མ་ཡིན་པའི་གླེང་གཞི། རྒྱུད་ཁྱད་པར་ཅན་གྱི་གླེང་གཞི། བསྟན་པ་འབྱུང་བ་སྤྱིའི་གླེང་གཞི། གདུལ་བྱ་དགོས་ཆེད་ཀྱི་གླེང་གཞིའོ། །དང་པོ་སྔགས་ཕྱི་རྒྱུད་ཡོ་ག་མན་ཆད་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། དེ་ལ་གཉིས་ཏེ། ནང་དང་། གསང་བའོ། །ནང་ལྟར་ན་གནས་སྙིང་ཁ་ཆོས་ཀྱི་འཁོར་ལོ། །སྟོན་པ་སྲོག་མི་ཤིགས་པའི་ཐིག་ལེ་ཝཾ་གི་དབྱིབས་ཅན། འཁོར་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ། བསྟན་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ནམ་མཁའི་གཟུགས་ཅན་ནོ། །དུས་སྔ་ཕྱིའི་རྟོག་པ་དང་བྲལ་ཏེ། སྡུད་པ་པོ་ཚོགས་བདུན་ཀུན་གྱི་རྗེས་སུ་འཇུག་པ་ཡིད་ཀྱི་རྣམ་ཤེས། ཡང་གསང་བ་ལྟར་ན། གནས་ཡུམ་གྱི་བྷ་ག །སྟོན་པ་གསང་བའི་རྡོ་རྗེ། འཁོར་བདེ་བ་སྡོམ་པར་བྱེད་པའི་ཡིད་སོགས་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ། བསྟན་པ་དགའ་བ་བཅུ་དྲུག་གི་མཐའི་སྐད་ཅིག་མ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དུས་སྡོན་པ་གསང་བའི་སྐུ་གཙུག་ཏོར་འཁོར་ལོ་སྒྱུར་བའི་དུས་སོ། །སྡུད་པ་པོ་བདེ་བ་སྡོམ་པར་བྱེད་པའི་ཡིད་དོ། །འདི་ནི་གླེང་གཞི་བསྡུས་པས་སྟོན་ནོ། །གཉིས་པ་རྒྱུད་ཁྱད་པར་ཅན་གྱི་གླེང་གཞི་ནི། རྒྱུད་གཞུང་འདི་ཉིད་འབྱུང་བའི་གླེང་གཞི་ཡིན་ཏེ། གནས་ནི་འོག་མིན་ཆེན་པོའོ། །སྟོན་པ་ནི་དྲུག་པ་སྤྱིའི་གཟུགས་ཅན་ནོ། །འཁོར་ནི་དགོངས་པ་གཉིས་སུ་མེད་པའི་འཁོར་རིགས་ལྔ་ཡབ་ཡུམ། རིག་པ་ཁྱད་པར་ཅན་གྱི་འཁོར་ནི་སེམས་དཔའ་དང་སེམས་མ། འཇོམས་བྱེད་ཁྲོ་བོའི་འཁོར་ནི་ཁྲོ་བོ་དང་ཁྲོ་མོ་རྣམས་སོ། །བསྟན་པ་ནི་རྒྱུད་གཞུང་འདི་ཉིད་དོ། །སྡུད་པ་པོ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་འཁོར་གྱི་ནང་ནས་ཕྱག་ན་རྡོ་རྗེས་བསྡུས་སོ། །དུས་ནི་དེའི་དུས་སོ། །འདི་ནི་གསང་སྙིང་གི་ལེའུ་དང་པོས་སྟོན་ནོ། །གསུམ་པ་བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་ནི། གནས་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པའོ། །སྟོན་པ་ཐུབ་པ་དྲུག་གོ། །འཁོར་འགྲོ་བ་རིགས་དྲུག་གོ། །བསྟན་པ་འདུལ་བ་རྣམ་པ་བཞིས་གདུལ་བྱའི་བསམ་པ་དང་མཐུན་པར་ཆོས་སྟོན་པའོ། །དུས་ནི་སྟོན་འཁོར་གནས་གསུམ་འཛམ་པའི་དུས་སོ། །འདི་ནི་གསང་སྙིང་གི་ལེའུ་གསུམ་པའི་སྟོད་ཀྱིས་སྟོན་ནོ། །བཞི་པ་གདུལ་བྱ་དགོས་ཆེད་ཀྱི་གླེང་གཞི་ནི། གནས་བཟོད་པར་དཀའ་བའི་དུར་ཁྲོད་ཆེན་པོ། སྟོན་པ་དཔལ་ཆེན་བཛྲ་ཧེ་རུ་ཀ །འཁོར་རུ་ཏྲ་འཁོར་དང་བཅས་པ། བསྟན་པ་ཡི་གེ་འབྲུ་གསུམ། དུས་གདུལ་བྱ་སྐབས་ལ་བབ་པའི་དུས་སོ། །འདི་ནི་གསང་སྙིང་གི་ལེའུ་བཅོ་ལྔ་པས་སྟོན་ནོ། ༈ །རྐྱེན་གླེང་བསླང་བ་ལ་གསུམ། བགྲང་། ངོ་བོ་དང་། དྲང་། གོང་གི་གླེང་གཞི་དེ་རྣམས་ཀྱི་རྗེས་སུ་རྐྱེན་གྱིས་གླེང་བསླང་བ་ནི་འདི་ལྟ་སྟེ། དེ་ལ་ས་ནང་ཚིགས་སུ་བཅད་ན་གསུམ་སྟེ། སྟོན་པས་མདུན་བསུ་སྟེ་གནང་བར་ཞལ་གྱིས་བཞེས་ནས་གླེང་བསླང་བ་དང་། འཁོར་གྱིས་གུས་པས་ཞུས་ནས་གླེང་བསླང་བ་དང་སྐབས་ལས་གླེང་དུ་ལངས་པའོ། །ངེས་ཚིག་དང་། དྲང་། སྟོན་པས་གནང་བ་དང་འཁོར་གྱིས་དྲི་བའི་རྐྱེན་དུ་གང་གྱུར་པ་ནི་ཕྱོགས་བཅུའི་སངས་རྒྱས་རྣམས་སྟོན་པ་ཀུན་བཟང་ཡབ་ཡུམ་འཁྲིལ་སྦྱོར་གྱི་སྐུར་བཞེངས་ནས་མཐར་ལམ་པ་རྣམས་ལ་དབང་བསྐུར་བ་འདི་རྐྱེན་གྱིས་གླེང་བསླང་བ་ཡིན་ཏེ། དེ་ལའང་ཡབ་ཀྱིས་བསླང་བ་དང་། ཡུམ་གྱིས་བསླང་བའི་རྒྱས་བཤད་ནི། གསང་སྙིང་ལྟར་རོ། །དེ་ནས་བསྟན་པ་དེ་སྟོན་པ་དེས་གསུང་ལ་མ་རག་པ་ནི་རྐྱེན་གླེང་བསླང་ཞེས་པའི་ངེས་པའི་ཚིག་ཀྱང་དེ་ལྟར་དུ་གྲུབ་ལ་རྐྱེན་གླེང་བསླང་གི་ངོ་བོའང་དེ་ཡིན་ནོ། །གནས་སྐབས་ཀྱི་དྲིས་པ་དང་། ལན་འདེབས་པ་ནི་གླེང་བསླང་བ་སྨོས་ཅི་དགོས་ཏེ། གླེང་ལངས་པ་ཡིན་པས། དྲིས་པ་དང་ལེན་བྱེད་བདོ་བས་ན་གླེང་ལངས་ཞེས་པའི་ངེས་ཚིག་དེ་ངེས་པར་འགྲུབ་པ་ཡིན་ནོ། །དགོས་ཆེད་དང་། དྲང་། ཐབས་ལམ་ལ་སྤྱོད་པའི་གླེང་གཞི་འཚོགས་པ་དང་། ཤེས་རབ་གྲོལ་ལམ་གྱི་གླེང་གཞི་གང་འཚོགས་པའི་ཚེ་ན་ཡང་། ཐབས་གྲོལ་གྱི་བསྟན་པ་འབྱུང་བའི་རྐྱེན་བྱེད་ཅིང་བསྟན་པ་འབྱུང་ལ་མ་རག་པ་བྱེད་པ་སྟེ། དེ་ཡང་ལྷན་ཅིག་པའི་འཁོར་གྱི་དོན་བྱ་བའི་ཕྱིར། དང་པོ་རྒྱུ་གླེང་གཞི་ཚོགས་པ་ནས་སྟོན་པའི་ཐུགས་རྗེས་རྐྱེན་གླེང་བསླང་བར་འགྱུར་ལུགས་ནི། སྟོན་པས་མདུན་བསུ་བ་སྟེ། གླེང་བསླང་བ་ནི། གསང་བའི་སྙིང་པོ་འདི་ཉིད་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་ཏེ། ཐུན་མོང་མ་ཡིན་པའི་གླེང་བསླང་ཡིན། ལྷན་ཅིག་པའི་འཁོར་རྣམས་ལ། དོན་དམ་ངེས་པའི་ཚིག་གིས་རང་བཞིན་གསང་བའི་སྙིང་པོ་དོན་དངོས་སུ་སྟོན་པ་ལ། དེའི་དོན་རྒྱས་པར་བཤད་ན། ཕྱོགས་བཅུའི་སངས་རྒྱས་ཀྱིས་མཐར་ལམ་པ་ལ་དབང་བསྐུར་བ་དང་། གླེང་བསླང་བ་དང་། གསང་བའི་སྙིང་པོའི་དོན་མངོན་དུ་འབྱུང་བ་དང་། ཆོས་སྐུའི་ལྷན་ཅིག་པའི་འཁོར་དུ་གྱུར་པ་དང་། སངས་རྒྱས་པ་དང་། བག་ལ་ཉལ་གྱི་དྲི་མ་དག་པ་དང་། དུས་བཞི་མཉམ་པ་ཉིད་དུ་གྱུར་པ། དེ་རྣམས་དུས་མཉམ་པ་ཡིན་ཏེ། དེ་ཡང་ཡབ་ཀྱིས་ཡེ་ཤེས་ཡུམ་གྱིས་དབྱིངས། ཞལ་འབྱོར་བས་ཟུང་འཇུག་དང་གསུམ་གྱིས་མཐའ་གྲུ་བཅད་པ་དོན་ཡིན་ལ། རྟགས་ཀུན་བཟང་ཡབ་ཡུམ་གྱི་ཡབ་ཡུམ་གྱི་ཐིག་ལེ་དབབ་བཟློག་བྱས་ནས། བྱང་སེམས་ཉི་ཟླའི་དབང་བྱིན་པ་ལ་སོགས་པ་དབང་བཞིའི་ཆོ་འཕྲུལ་བསྟན་པ་ལ། གྲོལ་ལམ་ལྟར་ན། འཁོར་ལ་སེམས་ལྔ་ཅིག་ཆར་དུ་དབྱིངས་ཡེ་ཤེས་ཟུང་འཇུག་གི་མཐའ་གྲུ་རྒྱས་པ་དང་། ཐབས་ལམ་ལྟར་ན་སེམས་ལྔ། ཐབས་ལམ་ལྟར་བུ་ཅིག་ཆར་དུ་བདེ་སྟོང་གི་ཡེ་ཤེས་ཀྱི་མཐའ་གྲུ་མ་ལུས་པར་རྒྱས་པའོ། །འོ་ན་རྒྱུད་དོན་དང་གླེང་བསླང་དམིགས་འདྲེས་ཟེར་ན། མ་ཡིན་ཏེ། ཡབ་ཡུམ་གྱི་སྐུར་བཞེངས་ནས། བརྡ་ཐབས་ཀྱིས་རྒྱུད་དོན་འབྱུང་བའི་རྐྱེན་བྱང་སེམས་ཀྱིས་བྱས་པས་ན། རྐྱེན་གླེང་བསླང་བ་ཡིན་ནོ། །དོན་དེ་འཁོར་གྱིས་རྟོགས་པ་ལ་རྒྱུད་དོན་དུ་འདོད་དོ། །དེ་ཡང་མཐར་ལམ་པ་དེས། སྟོན་པ་ཀུན་བཟང་གི་ཞལ་མཐོང་ནས། དབང་བསྐུར་བ་དང་། རྒྱུད་དོན་མངོན་དུ་རྒྱུར་པ་དང་། བག་ཉལ་གྱི་དྲི་མ་ཆད་པ་ལ་སོགས་པ་དུས་སྐད་ཅིག་གཅིག་ལ་རྫོགས་པ་ཡིན་ཏེ། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཞེས་པ་དང་། ལམ་རིམ་ལས། དུས་མཐའི་སྐད་ཅིག་ཉིད་ཀྱིས་གཤེགས། །ཞེས་གསུངས་སོ། །གོ་ཕྱེ་བའི་འཁོར་གྱིས་གཞན་གྱི་དོན་བྱ་བའི་ཕྱིར་དུ་རྒྱུ་གླེང་གཞི་འཚོགས་ནས་དབང་ཐོབ་ནས་གྲོལ་བའི་ཆོས་ཀྱི་སྐུའི་འཁོར་དེའི་ཐུགས་རྗེས་རྐྱེན་གླེང་བསླང་བར་འགྱུར་བ་འཁོར་གྱིས་གུས་པས་ཞུ་བ་ནི་ཐུན་མོང་གི་གླེང་བསླང་བ་ཡིན་ཏེ། གོ་ཕྱེ་བའི་འཁོར་གྱི་དོན་དུ། འདི་ཉིད་རྟོགས་པ་ལ་འདི་ཉིད་དང་། འདི་ཉིད་མ་རྟོགས་པ་རྣམས་ལ་ལམ་སྟེགས་གསུངས་པར་ཞུ་བའི་ཚུལ་བྱས་པས་ཞལ་འཛུམ་པ་དང་། སྨིན་མ་གཡོ་བ་དང་། སྤྱན་འགྱུ་བ་དང་། སྐུ་གཟིངས་བསྟོད་པ། ཕྱག་བརྐྱང་པ། འོད་དང་སྤྲུལ་པ་འགྱེད་པ་སྟེ། དགྱེས་པའི་ཚུལ་དྲུག་གི་སྒོ་ནས་ལྷན་ཅིག་པའི་འཁོར་ལ་མཚོན་བྱེད་གསང་བའི་སྙིང་པོའི་རྒྱུད་འདི་དངོས་སུ་བསྟན་ཅིང་། གོ་ཕྱེ་བའི་འཁོར་གྱི་དོན་དུ་ཐུན་མོང་དུ་བསྟན་པ་དང་། ཐེག་པ་གསུང་བར་ཞུ། ཞུས་པའི་ལན་དུ། ལམ་སྟེགས་ཀྱི་སྟོན་པ་ཐུབ་པ་དྲུག་སྤྲོ་བར་ཞལ་གྱིས་བཞེས་ནས། བཀྲི་དྲང་བརྒྱུད་པའི་ཚིག་གིས་རང་བཞིན་གསང་བའི་སྙིང་པོའི་དོན་བརྒྱུད་ནས་སྟོན་པའི་ཐབས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་སོ། །འདི་ནི་གསང་བའི་སྙིང་པོའི་ལེའུ་གཉིས་པ་ལྟར་སྤྲུལ་པ་མར་འགྱེད་པའི་དབང་དུ་བཤད་པའོ། །དགོངས་འདུས་ལྟར་ལམ་ཡར་བགྲོད་ཀྱི་དབང་དུ། མཐར་ལམ་པ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་དབང་བསྐུར་བས་རྒྱུད་དོན་འབྱུང་ཡང་། གོ་ཕྱེ་བའི་འཁོར་གྱི་ཆེད་དུ་ཞུ་བ་བྱས་པས། སྟོན་པ་ཀུན་བཟང་གི་ལམ་མཐར་ཕྱིན་གྱི་སངས་རྒྱས་དེ་ཉིད་ལ་འཆད་བྱེད་རིག་པའི་སྐྱེས་བུར་དབང་བསྐུར་ནས། སྟོན་པའི་མདུན་ལོགས་སུ་སེང་གེའི་ཁྲི་ལ་བཞུགས་ནས་རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་ཀྱི་སྒོ་ནས་ཆོས་སྟོན་པར་བཞེད་དོ། ༈ །དགོས་འབྲེལ་དང་། དྲང་། དེ་ཡང་བརྗོད་པ། དགོས་པ། ཡང་དགོས། འབྲེལ་པ་བཞི་ཡོད་པ་ལས། དང་པོ་བརྗོད་པ་ལ་ཡང་བརྗོད་བྱ་རྗོད་བྱེད་གཉིས་ཏེ། བརྗོད་བྱ་རང་བཞིན་གསང་བའི་སྙིང་པོའི་རྒྱུད་ཡིན་ལ་དེ་ཅི་ལྟ་བ་བཞིན་དུ་རྗོད་པར་བྱེད་པའི་བདག་པོ་སྟོན་པ་ཀུན་བཟང་གིས་རྒྱུད་ཀྱིས་དོན་དེ་ཉིད་ལ་རྐྱེན་ཡི་གེའི་རྒྱུད་དང་ཚིག་ཏུ་སྣང་བ་རྗོད་བྱེད་ཡིན་ཏེ། དེའི་དོན་ངང་མོ་འགྲོས་ཀྱིས་འབྲེལ་པའི་རིམ་པ་དང་ལྡན་ནས་ཉམས་སུ་ལེན་དགོས་ཀྱང་། གང་ཟག་གཟུ་ལུམས་ཅན་དང་རས་ཆོད་ཅན་དགག་པའི་ཕྱིར། རྗོད་བྱེད་ཚིག་རྒྱུད་འདི་ཉིད་ལ་འཆོལ་ཞིང་འཁྲུགས་ནས་ཡོད་པ་ལ། དེ་ཡང་འབྲེལ་པ་བཞི་ལྡན་གྱི་སྒོ་ནས་ཉམས་སུ་ལེན་དགོས་ཏེ། སྔོན་བྱུང་དུ་རྒྱུ་གླེང་གཞི་ཚོགས་ནས་རྐྱེན་གླེང་བསླངས་ནས་རྒྱུད་དོན་འབྱུང་བ་ཐབས་ཡིན་པ་དང་། དེ་ལས་རྒྱུད་འདི་སྣང་བ་ནི་ཐབས་དེ་ལས་བྱུང་བ་ཡིན་ལ། རྗེས་འཇུག་རྒྱུད་འདི་ཉིད་འཁྲུགས་པ་བསྡེབས། ལུང་བཅུས་པ་བསྲངས། མན་ངག་གབ་པ་མངོན་དུ་འབྱིན་ནས་ཐབས་གྲོལ་གྱི་ལམ་གཉིས་མངོན་དུ་རྟོགས་ནས་ཉམས་སུ་ལེན་པའི་རྒྱུ། མི་ཟད་པ་རྒྱན་གྱི་འཁོར་ལོ་ཐོབ་པ་ནི་འབྲས་བུའོ། །རྒྱུད་དོན་གྱི་དངོས་པོ་ནི་དགོས་པའོ། །མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་དགོས་པའི་ཡང་དགོས་པའོ། །དགོས་སོགས་ཆོས་བཞི་འདིར་བཀོད་པ་ནི། དགོངས་འདུས་དང་སྤར་ཁབ་ལྟར་དུ་འབྲེལ་པ་ཡིན་ལ། གཞན་ཡང་ཆོས་རྗེ་དང་། སྤོང་སྟོན་པ་དང་། ཟུར་པོ་ཆེ་ལ་སོགས་པའི་འདོད་པ་ལ། དགོས་སོགས་ཆོས་བཞི་འདི། བསྟན་བཅོས་ལ་ཚང་ལུགས་དང་། ལ་ལས་སྣོད་བཅུད་ལ་ཚང་ལུགས་ལ་སོགས་པ་བཤད་སྲོལ་མང་དུ་སྣང་ཡང་། འདིར་བཤད་པ་ནི་སྟོན་པའི་དགོངས་པ་དང་། དེས་གསུངས་པའི་ཆོས་འབྲེལ་ལུགས། ཆོས་དེ་དང་རྗེས་འཇུག་ལམ་པའི་བློ་འབྲེལ་དགོས་ལུགས། བློས་རྟོགས་ནས་ཉམས་སུ་ལེན་པས་མཐར་ཐུག་སངས་རྒྱས་ཐོབ་ལུགས་སུ་འབྲེལ་བར་བཤད་པ་ཡིན་ནོ། །དེ་ཡང་གླེང་གཞི་ལ་ཐབས་གྲོལ་གཉིས་བྱུང་བས་དེའི་རྗེས་སུ་དགོས་འབྲེལ་བཞི་ཡང་ཐབས་གྲོལ་ལྟར་དུ་ངེས་པར་འགྲོ་བས་གྲོལ་ལམ་ལྟར་དུ་ཐུན་མོང་དུ་བཤད་པ་ནི་གོང་དུ་སོང་བས། ཐབས་ལམ་ལྟར་དུ་ཐུན་མོང་མ་ཡིན་པར་བཤད་པ་ནི། རྡོ་རྗེ་རྩེ་མོའི་བྱང་སེམས་ཀྱི་ཐིག་ལེ་ཆེན་པོ་དབབ་བཟློག་གི་ཐབས་དང་བཅས་པ་ནི་བརྗོད་པར་བྱ་བའོ། །ཐིག་ལེ་དགའ་བ་བཅུ་དྲུག་གི་བདེ་བ་ནི་རྗོད་པར་བྱེད་པའོ། །བདེ་བ་མྱོང་བར་བྱེད་པའི་ཐིག་ལེ་བསྡོམས་པ་རླུང་དང་བཅས་པ་ནི་ཐབས་སོ། །དེས་རང་བཞིན་གསང་བའི་སྙིང་པོའི་བདེ་བ་མྱོང་བ་ནི་ཐབས་ལས་བྱུང་བའོ། །ཐིག་ལེ་བཞི་བཅུ་རྩ་གཉིས་ནི་རྒྱུ། ཡེ་ཤེས་བཞི་བཅུ་རྩ་གཉིས་མངོན་དུ་ཤར་བ་ནི་འབྲས་བུའོ། །ཐབས་ལམ་གྱི་སེམས་ལྔ་རྒྱུད་དུ་རིམ་པར་སྐྱེ་བ་ནི་དགོས་པ། དགའ་བ་བཅུ་དྲུག་གི་ཐ་མའི་ཆ་ལ་སོགས་པའི་དགའ་བའི་ཡེ་ཤེས་ཆེན་པོ་ནི་དགོས་པའི་ཡང་དགོས་པའོ། ༈ །འདྲེན་པའི་ཚིག་ལ་གསུམ། བགྲང་། བསྟན་པ་དང་། དྲང་། ཏནྟྲ་སྟེ་རྒྱུད་གསང་བའི་སྙིང་པོའི་དབུ་ནས་ཞབས་ཀྱི་ལེའུའི་གྲངས་རྣམས་ཀྱི་བཤད་ཐབས་ནི་མདོར་བསྡུས་པ་དམིགས་ངོས་བཟུང་ན། དཔེ་མེ་ལོང་ལ་གཟུགས་བརྙན་གསལ་བ་ལྟར་བཤད་ཐབས་འདྲེན་པའི་ཚིག་བཅུ་ཡིས་རྒྱུད་ཀྱིས་དོན་མཚོན་ནུས་པས། དེ་བས་རྒྱུད་ཀྱི་ལེའུའི་གྲངས་རྣམས་བཤད་ཐབས་སུ་འོག་ནས་བཤད་པའི་ཚིག་བཅུ་པོ་དང་སྦྱར་བ་ཡིན་ནོ། །བཤད་པ་དང་། དྲང་། བཅུ་གང་ཞེ་ན། སྤྱི་དོན་སྡུད་པའི་ཚིག་སེང་གེ་མཆོངས་པ་ལྟར་བཤད། རྣམ་པར་དབྱེ་བའི་ཚིག་སྟག་གི་མཆོངས་པ་ལྟར། རང་བཞིན་ལྟ་བའི་ཚིག་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར། རང་རྐྱེན་གཉེར་བའི་ཚིག་གིས་རུས་སྦལ་གནུར་འགྲོས་ལྟ་བུ། ཚད་མ་བཀའ་གཞུང་གི་ཚིག་དུས་ཀྱི་འབྲུག་སྒྲ། གཏར་ཁ་གེགས་སེལ་གྱི་ཚིག་གླག་མོ་གཟན་ལ་འཇུམ་པ། ལྡེམ་དགོངས་མན་ངག་གི་ཚིག་རྣ་ཕྲུག་བྲག་ལ་འཛེག་པ། འབྲེལ་མཚམས་སྦྱར་བའི་ཚིག་བྱ་ངང་མོའི་འགྲོས་མཚོན་པ་དཔེ་ཡི་ཚིག་མེ་ལོང་གཡའ་དག་པ། བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་སེང་གེའི་ཕྲུ་གུའི་རྩལ་སྦྱོང་བ་ལྟར་བཤད་པ་དང་བཅུ་ཡིས་ཚིག་ཐོག་ཏུ་དོན་འདྲེན་པར་ཤེས་པར་གྱིས་ལ་བཤད་ཐབས་བསྡུས་པ་བཅུ་པོ་དེ་ཡང་རྒྱུད་དོན་གྱི་བྱེ་བྲག་མི་འདྲ་བའི་དབྱེ་བས་ལེའུའི་རིམ་པ་བཞིན་དུ་བདག་པོ་གཙོ་གང་ཆེ་བ་མ་གཏོགས་པ་དང་ལ་བཤད་ཐབས་ཀྱི་ཚིག་བཅུ་པོ་བཞིན་རྣམས་ཚང་བའི་ངེས་པ་མེད། ལྟ་བ་མི་སྟོན་ན། རང་བཞིན་ལྟ་བའི་ཚིག་མི་དགོས་པ་དང་འདྲའོ། །གཞན་ཡང་། རྣམ་པར་དབྱེ་བ་འབྲེལ་མཚམས་སྦྱོར་བ། རང་རྐྱེན་གཉེར་བ་སྟེ་སྤྱི་འགྲོ་གསུམ་ནི་ལེའུ་ཀུན་གྱི་ཤེས་པར་འགྱུར་བའི་ཐབས་ཡིན་ནོ། །ཡང་ན་བདག་སློབ་དཔོན་ལ་བཅུ་ཚང་མི་དགོས་ལ། གཞན་སློབ་མ་ལ་བཤད་ན་བཅུ་ཀ་ཚང་དགོས། ཞེས་གསུང་ཡང་། སློབ་དཔོན་ལ་དགོས་མི་དགོས་དཔྱད་པར་བྱའོ། །དང་པོ་ནི། སེང་གེ་མཆོངས་པའི་དུས་ན་མཆོངས་པའི་ཆོས་གཅིག་ཁ་འོག་ཏུ་ས་ཚིགས་དུ་མ་ཚུད་པ་ལྟར་དུ་སྤྱི་དོན་བསྡུས་པའི་ཚིག་གིས་རྣམ་གྲངས་ཀྱི་ཚིག་ལམ་མང་པོ་ཡང་དོན་གྱི་ངོ་བོ་གཅིག་ཏུ་ཁོག་དབུབ་ནས་སྡུད་པར་བྱེད་པའོ། །གཉིས་པ་ནི། བྱཱ་གྷྲྀ་སྟེ་སྟག་མོ་མཆོངས་པའི་ཚེ་སེང་གེ་མཆོངས་པ་ལ་ཆོས་གཅིག་ཡོད་པ་དེ་བཞིན་དུ། བགྲད་པར་བྱ་བའི་ཚིགས་དུམ་བུར་བཅད་ནས་མཆོངས་པ་བཞིན་དུ་རྣམ་པར་དབྱེ་བའི་ཚིག་གིས་ཏནྟྲ་སྟེ་རྒྱུད་གསང་བའི་སྙིང་པོའི་ཚིག་དང་དོན་གྱི་དམིགས་པ་སོ་སོར་ཕྱེ་བའི་ཐབས་སུ་བཅད་ནས་མིང་འདོགས་གསལ་བར་སྟོན་པའོ། །གསུམ་པ་ནི། ཀ་ལ་སིངྐ་སྟེ་བྱ་ཁྱུང་ལྡིང་བའི་དུས་སུ་ཆོས་བཞི་པོ་མཚོན་ཏེ། བཞི་གང་ཞེ་ན། མིག་གོང་འོག་ཏུ་མི་ལྟ། གཤོག་པ་རློབ་པའི་རྩོལ་བ་མེད། ངམ་འབྲོག་དང་གཡང་ས་ལ་ཉམ་མི་ང་། བྱ་ལམ་ལ་རྗེས་མེད་པ་བཞིན་དུ། རང་བཞིན་ལྟ་བའི་ཚིག་གིས་རྣལ་འབྱོར་པའི་ལྟ་བ་སྤྱན་གྱི་འཕང་བཅད་པའི་ཚེ། ཐེག་པ་ཐམས་ཅད་ཁོབ་འོག་ཏུ་ཚུད། ལམ་བགྲོད་པའི་རྩོལ་བ་མེད། སྲིད་པ་དང་ཞི་བ་ལ་ཉམ་མི་ང་། བལྟ་བྱ་ལྟ་བྱེད་བློ་ཡུལ་དུ་རྟོག་པ་མེད་པས་རྟོག་པའང་མེད་དོ། །བཞི་པ་ནི། རུས་སྦལ་འགྲོས་ཀྱི་ཆོས་གཉིས་ཡོད་དེ། གཉིས་པོའི་དོན་གང་ཞེ་ན། གཡོ་འགུལ་མི་མངོན་པར་ཤུགས་ཀྱིས་འགྲོ་ཞིང་། ས་སྟོང་མི་ལུས་པར་རྗེས་ཀྱིས་ཁྱབ་པ་དང་མཐར་ཕྱིན་པ་བཞིན་དུ། རང་རྐྱེན་གཉེར་གྱི་ཚིག་གིས་འབྲུ་སྟོང་མི་གཞག་ཚེག་གི་གཟེར་བུས་གདབ་ཅིང་དོན་བརྡ་སྤྲོད་པར་བྱེད་པ་དང་། གཞུང་དོན་མཐར་ཕྱིན་དགོས་སོ། །ལྔ་པ་ནི། དུས་མིན་པར་མི་འབྱུང་དབྱར་གྱི་དུས་སུ་འབྲུག་སྒྲ་དང་ཆར་པ་འབྱུང་། དེ་འབྱུང་བ་དང་སྐྱེ་བོ་རྣམས་ཀྱིས་དེ་རིང་ནས་དབྱར་དགུན་དབྱེའོ་ཞེས་དུས་ཚོད་ཀྱི་སྤྲོས་པ་ཆོད་པ་དང་། ཆོས་གསུམ་པོ་དེས་ཡིད་ཆེས་པ་བཞིན་དུ། ཚད་མ་བཀའ་གཞུང་གི་ཚིག་གིས་ཐེག་པ་འོག་མའི་ཆོས་སྐད་ཀྱིས་སེལ་མ་ཞུགས་པའི་མ་ཧཱ་རང་གི་བཀའ་ནས་བཤད་པས་གསང་སྔགས་ཀྱི་གཏན་ཚིགས་ཚད་མ་ལ་རྟོགས་པ་བཞི། དག་གསུམ། མཉམ་བཞི་རྣམས་ཐེག་འོག་གི་སྐབས་སུ་མི་འབྱུང་། རང་གཞུང་གི་སྐབས་སུ་འབྱུང་། དེས་ཐེ་ཚོམ་ཆོད་ཅིང་དབྱེར་མེད་ཀྱི་ལྟ་བ་ལ་ཡིད་ཆེས་པ་དང་གསུམ་གྱིས་གཞུང་ལེའུའི་སྐབས་དང་སྦྱར་ནས་བདེན་གསུམ་དབྱེར་མེད་ཀྱི་སྒྲོ་འདོགས་ཆོད་ནས་དོན་མངོན་སུམ་དུ་སྣང་བར་བརྡ་སྤྲོད་དོ། །དྲུག་པ་ནི། གླག་མོ་གཟན་ལ་གཞུག་པའི་ཚེ་མཆུ་སྡེར་གྱིས་ཕྱིའི་ཤ་པགས་པ་ལ་མི་ལྟ་ནས་བསལ། ནང་གི་གློ་སྙིང་སྲོག་བཅུད་འབྱིན་པར་བྱེད་པའི་ཆོས་གཉིས་དང་ལྡན་པ་ལྟར། གཏར་ཁ་གེགས་སེལ་གྱི་ཚིག་གིས་ཚིག་ལ་མི་ལྟོས་ནས་གཏན་ཚིགས་ཀྱིས་གཏན་ལ་ཕབ་ནས་གྲུབ་མཐའི་དོན་གྱི་དམིགས་ངོས་བཟུང་ལ། སློབ་མ་ལ་ཆོས་སྟོན་པའི་ཚེ་གང་མི་གསལ་བའི་གེགས་རྣམས་བསལ། བདུན་པ་ནི། རྣ་ཕྲུག་བྲག་ལ་འཛེག་པའི་ཚེ་སྐྱེས་མ་ཐག་ཏུ་བྲག་མེ་ལོང་གི་ངོས་ལྟ་བུ་ལ་རྩེ་མོ་རྩེ་ཞིང་འགྲོ་བ་ནི། རི་དྭགས་གཞན་ལ་མི་འཚམ་ཡང་། རྣ་ཕྲུག་རང་ལ་འཚམ་པའི་ཆོས་གཉིས་དང་ལྡན་པ་ལྟར། ལྡེམ་དགོངས་མན་ངག་གི་ཚིག་གིས་གསང་བ་ཟབ་ལམ་སྦས་ཚུལ་དུ་བསྟན་པའི་དོན་རྣམས་ནི། ཚིག་ལྡེམ་པོ་བཞི་དང་། དགོངས་པ་བཞི་དང་བརྒྱད་ཀྱིས་ཁྱད་པར་ཐབས་ལམ་གྱི་དོན་དང་སྦྱར་བ་འདི། རྣལ་འབྱོར་གྱི་རྒྱུད་མན་ཆད་དུ་མི་འཚམ་ཡང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཉམས་སུ་ལེན་པ་རྣམས་ལ་འཚམས་པའོ། །དེ་ལ་དགོངས་པ་བཞི་ནི། མཉམ་པ་ཉིད་ལ་དགོངས་པ། དུས་གཞན་ལ་དགོངས་པ། དོན་གཞན་ལ་དགོངས་པ། གང་ཟག་གི་བསམ་པ་ལ་དགོངས་པ་དང་བཞིའོ། །ལྡེམ་པ་བཞི་ནི། གཞུག་པ་ལ། མཚན་ཉིད་ལ། གཉེན་པོ་ལ། བསྒྱུར་བ་ལ་ལྡེམ་པ་དང་བརྒྱད་དོ། །སངས་རྒྱས་ལ་བཟང་ངན་དུ་འཛིན་པ་དེ་ལས་བཟློག་པའི་ཕྱིར། སངས་རྒྱས་རྣམ་གཟིགས་ང་ཡིན་ཅེས་པ་ནི། དགོངས་པ་མཉམ་པ་ཉིད་ལ་དགོངས་པ་དང་། དགེ་བ་ལ་འཇུག་མི་ནུས་པ་ལ་དགེ་བ་ཕྲ་མོ་བྱས་པས་སངས་རྒྱས་ཐོབ་ཅེས་པས། འཁོར་བ་མཐའ་ཡོད་ཙམ་གྱིས་དུས་གཞན་པ་ལ་དགོངས་པ་དང་། ཡོན་ཏན་ཆུང་ངུ་ལ་བརློམས་པ་དག་ལ་མཐོང་ལམ་མ་མཐོང་ན་དོན་དམ་མི་རྟོགས་པ་ལ་དགོངས་ནས། སངས་རྒྱས་དཔག་མེད་ལ་མ་བསྟེན་ན་དོན་དམ་མི་རྟོགས་ཞེས་དོན་གཞན་ལ་དགོངས་པ་དང་། དགེ་བ་བྱེད་པ་ལ་ཆོག་པར་འཛིན་པ་རྣམས་ལ། དགེ་བ་ཕྱོགས་མེད་དུ་བྱེད་པར་བསྔགས་ཤིང་ཕྱོགས་གཅིག་གི་དགེ་བ་ལ་སྨོད་པ་ནི་གང་ཟག་གི་བསམ་པ་དགོངས་པའོ། །སྟོང་ཉིད་ལ་སྐྲག་པ་དང་། བྱ་བ་སྣ་ཚོགས་བྱེད་པ་དང་། སྟོང་ཉིད་ལ་ཞེན་པ་དང་། ལམ་ལ་འཇུག་མི་ནུས་པའི་ཕྱལ་བ་དང་བཞི་ལས། འབྲས་བུ་ཡོད་པ་དང་། རང་བཞིན་མེད་པ་ལ་དགོངས་ནས་ཐམས་ཅད་ཡོད་དོ། །སྟོང་པ་ཉིད་དོ། །ཞེས་བཤད་པ་ནི་གཞུག་པ་ལ་ལྡེམ་པ་དང་། ཀུན་བརྟགས་ལ་དངོས་པོ་མེད་པར་བཤད། གཞན་དབང་ལ་རྒྱུ་རྐྱེན་རྟེན་འབྲེལ་ཡོད་པར་བཤད། ཡོངས་གྲུབ་མི་འགྱུར་བར་བཤད་པ་ནི། མཚན་ཉིད་ལ་ལྡེམ་པ་དང་། གདུལ་བྱ་རང་རང་གི་བསོད་ནམས་ངོམ་པ་ལ། ལོངས་སྤྱོད་རྫོགས་པའི་རྒྱན་ཆ་ལུགས་གཞལ་ཡས་ཁང་ཞིང་ཁམས་དག་པ་བསྟན་ནས་གཞན་ཟིལ་གྱིས་གནོན་པ་ནི་གཉེན་པོ་ལ་ལྡེམ་པ་དང་། གདུལ་བྱ་ཕྱིན་ཅི་ལོག་དྲང་བའི་དོན་དུ་དོན་དུ་མི་འགྱུར་བ་ལ་དགོངས་ནས་མཚམས་མེད་པ་ལྔ་བྱས་ན་སངས་རྒྱས་ཐོབ། ཅེས་པས། བསྒྱུར་བ་ལ་ལྡེམ་པའོ། །དེའི་དོན་རྒྱས་བཤད་ནི་དགོངས་འདུས་ཀྱི་ལེའུ་ཞེ་ལྔ་པའི་ནང་དུ་གསལ་ལོ། །བརྒྱད་པ་ནི་བྱ་ངང་མོ་འགྲོ་བའི་ཚེ་དྲང་པོར་འགྲོ་ཞིང་། སྔ་རྗེས་ཕྱི་རྗེས་ཀྱིས་ནོན་ནས་རྗེས་གཉིས་འབྲེལ་པའི་ཆོས་རྣམ་གཉིས་དང་ལྡན་པ་ལྟར་འབྲེལ་མཚམས་སྦྱོར་བའི་ཚིག་གིས་གཞན་སློབ་མའི་དོན་བྱེད་ནས་བཤད་པའི་ཚེ། ངང་མོའི་འགྲོས་ཆོས་ལྟར་ལེའུ་གོང་འོག་གི་མཚམས་སྦྲེལ་ཏེ་དེ་ཡང་འཁྲུགས་ཡོད་ན། འཁྲུག་ལྟར་དུ་སྦྲེལ་ནས་དྲང་པོར་བཤད་དོ། །དགུ་པ་ནི། མེ་ལོང་གི་ནང་དུ་བཞིན་གྱི་སྐྱོན་ཡོན་ལ་སོགས་ངོས་ཟིན་པའི་ཆོས་ཡོད་པ་ལྟར་མཚོན་པའི་དཔེ་ཚིག་གིས་ཤིན་ཏུ་ལྐོག་གྱུར་གྱི་དོན་ཀུན་ལ་ཡོད་པའི་དཔེ་དང་། མེད་པའི། མཐུན་པའི། མི་མཐུན་པའི། དོན་དཔེར་བླངས་པ། དོན་གྱི་ཕྱོགས་གཅིག་དཔེར་བླངས་པའི་དེ་རྣམས་ཀྱིས་མཚོན་ནས་ཐོག་ཏུ་དོན་དེ་དབབ་ནས་མི་གསལ་བ་གསལ་བར་བྱེད་དེ། བཅུ་པ་ནི་མི་འཇིགས་སེང་གེའི་ཕྲུ་གུ་རྩལ་སྦྱོངས་བའི་ཚེ་མའི་ཡར་མར་ཕན་ཚུན་བསྣོལ་མར་མཆོངས་ནས་མའི་སྔོན་དུ་དྲང་པོར་འགྲོ་བ་ལྟར་བསྣོལ་མཚམས་འཕེན་སྡུད་ཀྱིས་ཚིག་གི་འབྲུ་དང་ཚིག་གི་འདུག་ས་བསྒྱུར། དོན་གྱི་འཁྲུགས་རྣམས་གོ་རིམ་བསྡེབ། དཀྱིལ་གྱི་གོ་རིམ་བརྗེ་ལ། སྒྲ་ཅི་བཞིན་པ་མ་ཡིན། དོན་ཐུན་མོང་བ་མ་ཡིན་པའི་རྒྱུད་དོན་ཕྱིན་ཅི་མ་ལོག་པར་སྟོན་པའོ། །དགོས་ཆེད་ཀྱིས་མཇུག་བསྡུ་བའོ། །དྲང་། རྒྱུད་ཀྱི་ཚིག་གིས་དོན་མཚོན་པ་ལམ་ལ་མོས་པར་བྱ་བའི་གདུལ་བྱ་ལ་བཤད་དགོས་པའི་ཕྱིར། དེས་བཤད་ཐབས་བཅུའི་ཚིག་རྣམ་པར་ཕྱེ་བས་རྒྱུད་ཀྱི་དོན་རྣམས་མ་འདྲེས་པར་གསལ་བར་བྱེད་དེ། དེ་ཡང་ཚུལ་ཅི་ལྟར་དུ་གསལ་ན་ཐབས་ལམ་དང་གྲོལ་ལམ་ཀུན་གྱི་དོན་ལ་རང་བཞིན་གསང་བའི་སྙིང་པོ་གནས་པ་ལ་བཤད་ཐབས་འདྲེན་པའི་ཚིག་གིས་མཚོན་པར་བྱས་ནས་ཐབས་གྲོལ་གྱི་དོན་རང་བཞིན་གསང་སྙིང་དེ་མངོན་དུ་སྣང་བར་བྱེད་པའོ། །རྒྱུད་གདམས་ཤིང་གཏད་པའོ། །དྲང་། སྟོན་པ་གང་གིས་གཏད། འཁོར་གང་ཞིག་ལ་གཏད་པའི་དངོས་པོ་བསྟན་པ་གང་དེ། དགོས་ཆེད་ཅི་ཡི་ཕྱིར་གཏད་ཅེ་ན། སྟོན་པ་ནི་རྒྱལ་བ་ཀུན་བཟང་རྡོ་རྗེ་འཆང་དེས་འཁོར་ནི་རྒྱལ་སྲས་སྡུད་པ་མཛད་པའི་ཕྱག་ན་རྡོ་རྗེ་ལྷན་ཅིག་པའི་འཁོར་དང་། གོ་ཕྱེ་བའི་འཁོར་མ་འོངས་པའི་གང་ཟག་ཆོས་ཀྱི་མིག་ཅན་དང་སོགས་ཀྱི་སྒྲས་མ་དང་མཁའ་འགྲོ་མ་རྣམས་ལ་གཏད་པ་ནི། རང་བཞིན་གསང་བའི་སྙིང་པོའི་རྒྱུད་འདི་ཉིད་ཀྱི་དོན་སྣང་བ་བཞི་པོ་དེ། དེ་ཡང་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས། འཁྲུལ་པའི་སྣང་བ་དག་བྱར་གདམས། ལམ་གྱི་སྣང་བ་བགྲོད་བྱར་གདམས། འབྲས་བུའི་སྣང་བ་ཐོབ་བྱར་གདམས་པའོ། །དགོས་ཆེད་ཅིའི་ཕྱིར་གཏད་པ་ནི། མི་ནུབ་པར་བྱ་བའི་ཕྱིར་སྡུད་པ་པོ་ལ་གཏད། དར་ཞིང་རྒྱས་པར་བྱ་བའི་ཕྱིར་གང་ཟག་ཆོས་ཀྱི་མིག་ཅན་ལ་གཏད། བསྟན་པ་བསྲུང་ཞིང་ཐམས་ཅད་དུ་འཕེལ་བར་བྱ་བའི་ཕྱིར་མ་དང་མཁའ་འགྲོ་མ་རྣམས་ལ་གཏད་པའོ། །འདིའི་དོན་རྒྱས་བཤད་ནི། རྩ་རྒྱུད་ཀྱི་ལེའུ་ཐ་མ་དང་། རྒྱས་པའི་བུད་མེད་བཏུལ་བའི་ལེའུ་ནང་དུ་གསལ་ལོ། །ལམ་དང་འབྲས་བུའི་ཆོས་རྣམས་རང་གི་སྐབས་སུ་འབྱུང་བས་འདིར་མ་བསྟན་པའི་འཐད་པའོ། །དྲང་། གླེང་གཞི་ལ་སོགས་པ་ཤེས་པར་བྱ་བའི་ཡུལ་ལྔ་པོ་འདི་ཉིད་གསང་སྙིང་གི་ཤེས་བྱ་ཡིན་དེ་བསྒོམ་པར་བྱ་བའི་ཐབས་མིན། འོ་ན་རྒྱུད་དོན་ཉམས་སུ་ལེན་པའི་སྒོམ་ཐབས་གར་བཤད་ན། ཤེས་བྱ་ལྔ་པོ་དེ་ཡི་ཕྱི་མ་ལ་ཐུན་མོང་དང་མཆོག་གི་ལམ་གཉིས་བཤད་པའི་སྐབས་ལ་ཤེས་དགོས་མོད། དེའི་དོན་ནི་བསྒོམ་བྱ་རྒྱུད་དོན་གྱི་དངོས་པོ་བཅུ་ནི་འོག་ལམ་གྱི་སྐབས་སུ་རྒྱས་བཤད་འབྱུང་བའི་ཕྱིར། དེ་བས་འདིར་ཤེས་བྱ་ལྔ་པོའི་སྐབས་སུ་བསྒོམ་བྱ་བཤད་པ་མ་ཡིན་ནོ། ༈ །བར་དུ་ཐུན་མོང་མཆོག་གི་ལམ་བགྲོད་ཚུལ་ལ་གཉིས་ཏེ། བགྲང་། སྤྱིར་བསྟན་པ་དང་། དྲང་། ཤེས་བྱ་ལྔ་གོང་དུ་སོང་ནས་བར་དུ་བསྒོམ་བྱ་ལ་མོས་པས་ལམ་ལ་གཞོལ་ནས་བགྲོད་པའི་སྡོམ་ཚིག་འདི་ལྟ་སྟེ། ལམ་སྟེགས་སུ་ཐུན་མོང་སྤྱིའི་ལམ་བགྲོད་ལུགས་ལ་ལྷ་མིའི་དགེ་བ་བཅུ། ཉན་ཐོས་ཀྱི་འདུལ་ཁྲིམས། བྱང་སེམས་ཀྱི་སེམས་བསྐྱེད་རྣམས། རང་རང་གི་གཞུང་བཞིན་ཤེས་པར་བྱའོ། །ཁྱད་པར་ཐེག་མཆོག་མ་ཧཱའི་ལམ་སྟེ་གཉིས་སོ། །མཆོག་གི་ལམ་ཁྱད་པར་བསྟན་པའོ། །བགྲང་། སྤྱིར་བསྟན་པ། དྲང་། ཐ་མ་ཐེག་མཆོག་མ་ཧཱ་ལ་ཡང་གཉིས་ཏེ། སོ་སོ་སྐྱེ་བོས་འདོད་ཡོན་ལྔ་དངོས་སུ་སྤྱད་པས་དེ་དང་རྗེས་སུ་མཐུན་པར་ཐབས་ལམ་པའི་ལམ་ལ་གཞོལ་བའི་ལུགས་དང་། མཚན་ཉིད་པས་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་སྤྱོད་པ་དེ་དང་རྗེས་སུ་མཐུན་པར་ཤེས་རབ་གྲོལ་ལམ་ལ་གཞོལ་བའི་ལུགས་གཉིས་ལའང་། གདུལ་བྱའི་དབང་པོ་རྣོ་རྟུལ་གྱི་ཕྱེ་བས་ཐབས་ལམ་དེ་དང་། ཤེས་རབ་གྲོལ་ལམ་དེ་གཉིས་ལའང་ཅིག་ཆར་དང་རིམ་གྱིས་སྦྱོར་བའི་ལུགས་ནི། ཐབས་གྲོལ་རང་རང་གིས་རྗེས་སུ་མཐུན་པར་ལུང་ནང་ནས་བཤད་པ་བཞིན་དུ་འོག་རྒྱས་བཤད་ཀྱིས་སྐབས་སུ་སྟོན་ནོ། །བཤད་པའོ། །དེ་ལ་གཉིས་ཏེ། ཐབས་ལམ་དང་། གྲོལ་ལམ་མོ། །དང་པོ་ལ་གཉིས། བགྲང་། བསྟན་པ་དང་། དྲང་། སོ་སོ་སྐྱེ་བོས་འདོད་ཡོན་ལྔ་ཡིས་བདེ་བ་དངོས་པོར་སྤྱོད་པས་དེའི་རྗེས་སུ་འབྲང་བ་ཐབས་ལམ་གྱིས་བགྲོད་པ་ལ་ཡང་། སྦྱངས་པའི་ལས་འཕྲོ་ཆེ་ཆུང་ངམ་སྣོད་ཀྱི་བློ་རྣོ་རྟུལ་དང་བཅུད་ཀྱིས་སྐལ་བ་ཡོད་མེད་ཀྱི་དབང་གིས་ཕྱེ་བ་ལ་དེ་ཡང་རང་རང་གི་བློ་དང་འཚམས་པར་ཉམས་སུ་བླང་དགོས་ཏེ། དེ་ཡང་བློ་ཆེ་ཆུང་གི་སྒོ་ནས་རིམ་ཅིག་ཆར་གཉིས་སུ་དབྱེ། མཚན་མ་ཆེ་ཆུང་གི་སྒོ་ནས་ལྷ་རྟོག་གཉིས་སུ་དབྱེ། གདུལ་བྱ་རགས་གཞན་གྱི་སྒོ་ནས་ཞི་ཁྲོ་གཉིས་སུ་དབྱེ། རིམ་པ་འདོར་མི་འདོར་གྱི་སྒོ་ནས་ཐོད་རྒལ་མཐར་གཉིས་སུ་ཆགས་སུ་དབྱེ། ཆགས་པ་ཆེ་ཆུང་གི་སྒོ་ནས་ཐབས་གྲོལ་གཉིས་སུ་དབྱེ་བ་ལ། འདིར་ཆགས་པ་ཅན་རང་རང་གི་བློ་དང་འཚམས་པར་ཐབས་ལམ་གྱི་གདམས་ངག་གིས་གྲོལ་བར་བྱེད་པ་ལ་བླ་མ་ཉམས་མྱོང་དང་ལྡན་པ། ས་རླུང་ཟིན་པའི་དུས། ལས་རྒྱས་ཡོན་ཏན་དང་ལྡན་པ། རང་གི་ལས་དག་པ་དང་བཞི་འཛོམ་པའམ། ཡང་ན་རྩ་འཁོར་ལོ་བཞི་ལ་ཐིག་ལེ་ཡོད་པ་དང་། རང་གི་ཐིག་ལེ་བྱེད་པ་སྡོམ་པའི་ཐབས་འཁྲུལ་འཁོར་དང་བཅས་པའི་སྟོབས་ལས་བདེ་སྟོང་གི་ཡེ་ཤེས་དེ་འབྱུང་བ་ཡིན་ཡང་། དེ་ལ་དབང་པོ་རྣོ་རྟུལ་གྱི་དབང་གིས་དཔེ་ཁམས་གསུམ་གྱི་ལུས་གྲུབ་ཚུལ་གྱིས་སྤྱོད་པ་མི་འདྲ་བ་ཡིས་ཕྱེ་བས་དང་པོ་འདོད་ཁམས་པའི་ལུས་ལྷུར་ལེན་ནས་གནས་པ་ལ། མངལ་ནས་རིམ་པར་སྐྱེས་ལ་གཟུགས་ཁམས་བརྫུས་སྐྱེས་སུ་དྭངས་ནས་གཟུགས་རྫོགས་པར་སྨིན་པའི་ཚུལ་དེ་བཞིན་དུ་ཐབས་ལམ་སྟེང་སྒོ་རིམས་གྱིས་པ་དང་འོག་སྒོ་ཅིག་ཆར་དུ་སྣང་བ་ནི་འདི་ལྟར་སྟེ། བཤད་པའོ། །དེ་ལ་གསུམ། བགྲང་། རིམ་གྱིས་པ་དང་། དྲང་། ཤིཿར་ནི་རྩ་ཙཀྲ་ནི་འཁོར་ལོ་ཡ་མོ་ཆ་དྲུག་སྟེ། རྒྱུ་འཁོར་ལོ་བཞི་དང་། རྐྱེན་འཁོར་གཉིས་དང་དྲུག །དང་པོ་རྒྱུ་འཁོར་ལོ་བཞི་ནི་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན། ཐིག་ལེ་ཨ་ཐུང་གི་དབྱིབས་སུ་གནས་པའོ། །སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་དབུས་ན། ཐིག་ལེ་ཝཾ་གི་དབྱིབས་སུ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་དབུས་ན། ཐིག་ལེ་ཨ་ཐུང་གི་དབྱིབས་སུ་ཀླད་པ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས་ཀྱི་དབུས་ན། ཐིག་ལེ་ཧཾ་གི་དབྱིབས་སུ་གནས་སོ། །རྐྱེན་འཁོར་ལོ་གཉིས་ནི། སུམ་མདོ་མེའི་འཁོར་ལོ་ན་རྂ་དང་། སྒྲོམ་མདོའམ་གཤང་ཁ་རླུང་གི་འཁོར་ལོ་ན་ཡྂ་དང་བཅས་པའོ། །དེ་ལ་ལམ་པས་བསྒོམ་པའི་དུས་ན། འོག་རླུང་བསྡོམས་པ་ལས་རང་གནས་ཀྱི་ཡི་གེ་ཡྂ་ལས་སྒྲོལ་མ་སྟེ་རླུང་གྱེན་དུ་འགྲོ་བས་སུམ་མདོར་རྂ་ལ་ཕོག །དེས་ཨ་ཐུང་གི་མེ་སྤར་བས། རྩ་ཨ་ཝ་དྷུ་ཏིའི་ནང་དུ་མེ་སྣ་ཞུགས། དེ་ལ་བརྟེན་པའི་ལྟེ་བའི་ཐིག་ལེ་ན་རྟོགས་པས་འཁྱགས་པ་བཞུས། དགའ་བ། དེ་ནས་རིམ་པ་སྙིང་ཁའི་ཐིག་ལེ་བཞུས། མཆོག་དགའ། མགྲིན་པར་དགའ་བྲལ། སྤྱི་བོའི་འཁོར་ལོ་རྣམས་ཀྱི་ཐིག་ལེ་རྟོག་པས་འཁྱགས་པ་རྣམས་བཞུས་ནས། ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས་པའོ། །དེ་ནས་ཐིག་ལེའི་འོད་ཟེར་སྤྱི་བོ་ནས་འཐོན་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་བདེ་སྟོང་གི་མཆོད་པ་འབུལ་བས། དེ་པ་རྣམས་ཀྱིས་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་དཔའ་དེ་ཚུར་འདུས་སྤྱི་བོའི་ཐིག་ལེ་ལ་ཕོག །འོད་དུ་ཞུ་བས་ལུས་ཀུན་ལ་ཁྱབ་སྟེ་རྐྱལ་པ་ཞོས་བཀང་བ་བཞིན་དུ་གྱུར་པར་བསྒོམས་པ་ཡིས་དགའ་བ་བཞི་བྱེ་བྲག་ཏུ་བསྐྱེད་པའི་ཆ་ཡིན་ནོ། །ཆོས་རྗེའི་བཞེད་ལ། བྱེ་བྲག་བསྐྱེད་པའི་ཆ་འདི་ལྟར་དུ་བཤད་དེ། དེ་ཉམས་སུ་བླང་བའི་རིམ་པའི་བྱེ་བྲག་ནི། དང་པོ་རྩ་དང་ཐིག་ལེ་ལ་སོགས་པ་གནས་པ་ཐབས། དེ་བསྒོམས་ནས་གོམས་པས་གཟུང་འཛིན་ཕྲ་རགས་རྣམས་དག་ནས་དོན་དམ་རྟོག་མེད་ཀྱི་ཡེ་ཤེས་བསྐྱེད་པའི་ཆ་ཡིན་ནོ། །ཞེས་པས་འབྲུ་གནུར་འདུག །གཞུང་ཚིག་མཐུན་མི་མཐུན་དཔྱད་དོ། །སྤྱིར་ལམ་རྣམས་བཀོད་ནས། སྒོམ་ཐབས་འདི་ལྟར་དུ་གསུངས། མཁའ་འགྲོ་ཡོད་མེད་མདོར་བསྐུལ་བཞི། ཞེས་པས། མཁའ་འགྲོ་ཡོད་པར་སྒོམ་ཐབས་དང་། མེད་པར་དང་། མདོར་བསྡུས་ཏེ་སྒོམ་པ་དང་། འཁོར་ལོ་བསྐུལ་ཏེ་སྒོམ་དང་བཞི་ལས་དང་པོ་ནི། མཁའ་འགྲོ་ཞེས་པ་རྩལ་ཟེར། སྙིང་ཁ་ཆོས་ཀྱི་འཁོར་ལོའི་ཕྱོགས་བཞི་ན། རྩ་བ ཞི་ཡེ་ཤེས་བཞིའི་འོད་དང་བཅས་པ་བྱུང་ནས། སྲོག་མི་ཤིག་པའི་ཐིག་ལེ་བཞུས་པས། བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པའོ། །གཉིས་པ་ནི། སྙིང་གི་ཉི་ཟླ་གའུ་ཁ་སྦྱོར་གྱི་སྟེང་། ཟླ་བའི་རྣམ་བུག་ནས་མར་ཤེས་པ་གཏད་དེ་བསྒོམས་པས་བདེ་བའི་ཡེ་ཤེས་སྐྱེས་པའོ། །གསུམ་པ་ནི། དོན་དམ་པར་ཐིག་ལེ་ལ་དབྱིབས་དང་ཁ་དོག་ཏུ་གྲུབ་པ་མེད་དེ། དེ་ཉིད་ལ་སེམས་གཏད་དེ་བསྒོམས་པས་བདེ་བའི་ཡེ་ཤེས་སྐྱེས་པའོ། །བཞི་པ་ནི། འོག་སྒོ་བདེ་བའི་ལམ་ནས་ཡེ་ཤེས་ཀྱི་རླུང་བྱུང་སྟེ། གཏུམ་མོའི་ས་བོན་རྂ་ལ་ཕོག་པས་མེ་སྦར། དེ་ནས་རྩ་དབུ་མ་ནས་ཡར་ཞུགས་ཏེ། ལྟེ་བ་སྤྲུལ་པའི་འཁོར་ལོ་བཞུ། དེ་ནས་རིམ་པར་བརྒྱུད་དེ། སྙིང་ཁ་ཆོས་ཀྱི་འཁོར་ལོ་དང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དང་། ཀླད་པ་བདེ་ཆེན་གྱི་འཁོར་ལོ་རྣམས་རིམ་པར་བཞུས་ནས། ལུས་འོད་ཀྱིས་ཁྱབ་སྟེ། བདེ་བའི་རང་བཞིན་དུ་འབར་བར་བསྒོམ་པ་ནི། འཁོར་ལོ་སྒོམ་པའི་ཐབས་ཡིན་ལ། འཁོར་ལོའི་ངེས་ཚིག་ནི། ལྟེ་བའི་རྩ་དེ་ལ། ཕོ་མོ་དང་མ་ནིང་ལ་སོགས་པ་ཐམས་ཅད་དེ་ལས་སྤྲུལ་ནས་འབྱུང་བས་ལྟེ་བ་སྤྲུལ་པའི་འཁོར་ལོ་ཞེས་བྱའོ། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་ཡིད་ཀྱི་ཤེས་པ་གནས་ཤིང་། ཡིད་ཀྱིས་ཆོས་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་ལ་དབང་བསྒྱུར་བས་སྙིང་ཁ་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །མགྲིན་པ་ཟས་ཐམས་ཅད་ལ་ལོངས་སྤྱོད་ཅིང་། དེ་ལྟར་སྤྱོད་པའི་རྩ་དེས་རོ་ཁ་བ་མངར་བ་ཐམས་ཅད་ལ་དབང་བསྒྱུར་བའམ། རོ་མྱོང་བར་བྱེད་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཞེས་བྱའོ། །ཀླད་པའི་ཐིག་ལེ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཡོད་པ་འདི་ཉིད། བདེ་བ་ཐམས་ཅད་འབྱུང་བའི་གཞིའམ་ངོ་བོ་ཡིན་པས། ཀླད་པ་བདེ་ཆེན་གྱི་འཁོར་ལོ་ཞེས་བྱའོ། །ཡང་ལམ་རྣམ་བཀོད་ལས་ཀྱང་འདི་ལྟར་དུ་གསུངས། རྩ་རྐྱང་པ་དང་། ཐིག་ལེ་རྐྱང་པ་དང་རྩ་དང་ཐིག་ལེ་སྦྲག་མ་དང་། ཤིན་ཏུ་མྱུར་བའི་སྒོམ་ཐབས་དང་བཞིས་བསྟན་པའི་དང་པོ། དོན་དམ་པར་ལྟེ་བའི་རྩ་སོར་བཞི་པ་རྒྱུས་པ་བལྡད་པའམ་བདག་བརྐྱངས་པ་ལྟ་བུ། དཀར་ན་རེ་བ་རང་བཞིན་གྱི་ཡོད་པས། དེ་ལ་ཤེས་པ་གཏད་དེ་བསྒོམས་པས་བདེ་བའི་ཡེ་ཤེས་སྐྱེས་པ་ཡིན། ཅེས་གསུངས་སོ། །ཐིག་ལེ་རྐྱང་པ་ནི། རྩ་དེའི་ནང་ཐིག་ལེ་ཡུང་ཀར་འབྲིང་པོ་ཙམ་ཐིག་ལེ་ཁ་དོག་དཀར་པོ་ཞིག་བསྒོམ་ནས་དེ་དེ་ལ་སེམས་དེ་གཏད་པས་བདེ་བའི་ཡེ་ཤེས་སྐྱེས་པའོ། །རྩ་དང་ཐིག་ལེ་སྦྲག་མ་ནི། རྩ་རི་བོང་ཅན་ཞེས་བྱ་བ་ཟླ་བ་ཚེས་པ་འདྲ་བ། སྐྱ་ཁྱུག་གེ་བ་གཉིས་བསྒོམས་པའི་བར་དུ། ཐིག་ལེ་དམར་པོ་སྲན་མ་ཙམ་ལ་ཤེས་པ་གཏད་དེ་བསྒོམས་པས་བདེ་བའི་ཡེ་ཤེས་སྐྱེ་བའོ། །ཤིན་ཏུ་མྱུར་བའི་སྒོམ་ཐབས་ནི། རྩ་དང་ཐིག་ལེ་དབྱིབས་དང་ཁ་དོག་ཏུ་མ་གྲུབ་ཅིང་། གང་དུ་ཡང་མི་གནས་པས། རྐྱལ་སྟོང་བུས་པ་ལྟ་བུའི་སྟོང་པ་དང་བཅས་ཏེ་བསྒོམས་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐྱེ་བའོ། །ཅིག་ཆར་བ་དང་། དྲང་། སྟེང་སྒོ་རིམ་གྱིས་པ་གོང་དུ་སོང་ནས་ཕྱི་མ་འོག་སྒོ་ཅིག་ཆར་བ་ནི་ཡབ་ཀྱི་དབང་པོ་དང་ཡུམ་གྱི་གསང་བ་ཡུལ་གཉིས་འཛོམ་པ་སྟེ། དེ་ཡང་ཡབ་ཀྱི་རྡོ་རྗེ་ལས་ནོར་བུ་སྟེ་ཐིག་ལེ་ལས་བདེ་བ་ཀུན་ཏུ་འབྱུང་བ་དང་། ཡུམ་གྱི་ཆུ་སྐྱེས་ཏེ་པདྨ་དང་འདྲ་བར་བདེ་བ་བསྐྱེད་ཀྱང་ཉོན་མོངས་པའི་དྲི་མས་མ་གོས་པའི་ཐབས་ཉམས་སུ་བླངས་པ་ལ་དབྱེར་མེད་དུ་ལྡན་པར་གྱུར་དགོས་པས། དེ་ཡང་གང་ཟག་གི་དགོངས་པ་མཐོ་ན་དབྱེ་མི་དགོས། དགོངས་པ་དམའ་ན་རིག་མ་ལོ་བཅུ་དྲུག་ལོན་པ་ལུས་ངག་ཡིད་དང་སྤྱོད་ལམ་གྱི་ཡོན་ཏན་བཞི་རྒྱུད་གཞུང་ནས་བཤད་པ་བཞིན་རྫོགས་པ་ལ། ཡབ་ཡུམ་གྱི་མཁའ་གསང་བསྣོལ་མར་བརླབ་ཅིང་སྦྱོར་བའི་བརྡས་བསྣོལ་མར་བསྐུལ་ནས། ཛཿས་དཔུང་པ་ནས་བཟུང་། ཧཱུྃ་གིས་འཁྱུད། བཾ་གིས་བསྡོམས། ཧོས་བསྐྱོད་པས། དེ་ལྟར་ཕྱག་རྒྱ་བཞིས་རོལ་ལ་ཡབ་ཡུམ་གྱི་དབང་པོ་ཁ་སྦྱོར་བས་བདེ་བ་གཡོ་བའི་ཚུལ་ནི། རྟེན་ཡབ་ཡུམ་གཉིསལས། ཡས་འབབ་དང་། མས་བརྟན་གྱི་དགའ་བ་བཞི་བསྐྱེད་པ་དེ་ཡང་། རྟེན་ཡབ་ཐབས་ཀྱི་ཆ་ཡིན་པས་བདེ་བ་དང་ཚུལ་མཐུན། ཡུམ་ཤེས་རབ་ཀྱི་ཆ་ཡིན་པས་སྟོང་པ་དང་ཆ་མཐུན་པ། དེ་བས་ཁ་སྦྱོར་བའི་བདེ་སྟོང་དབྱེར་མེད་ཀྱི་དོན་རྣལ་འབྱོར་པས་དངོས་སུ་མཐོང་བ་ཡིན་ནོ། །དེ་ཡང་དགའ་བ་བཞིའི་སྐྱེ་ཚུལ་རྒྱས་པར་བཤད་ན། དང་པོ་ཡས་འབབ་ཀྱི་དགའ་བ་སྟེ། དེ་ཡང་བདེ་བའི་བྱང་སེམས་ཀྱི་ཆུ་རྒྱུན་ཀླད་པ་བདེ་ཆེན་གྱི་འཁོར་ལོ་ནས་མགྲིན་པར་བབས་པ་དགའ་བ། སྙིང་ཁར་མཆོག་དགའ། ལྟེ་བར་དགའ་བྲལ། གསང་བའི་རྡོ་རྗེའི་ལམ་ནས་འབྱུང་བའི་ཚེ། དགའ་བ་བཞིའི་མཐར་ཐུག་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་ཞིང་། རྟེན་བྱང་ཆུབ་ཀྱི་སེམས་ཐེག་ལེ་ཡུམ་གྱི་པདྨོར་རེག་པའི་གནས་སུ་འཁྱིལ་བས། ཡུམ་གྱི་ཉི་མ་བྱང་ཆུབ་སེམས་དང་རྩེ་སྤྲད་ནས། ཐིག་ལེ་ཕྱེད་ཤོར་ཕྱེད་མ་ཤོར་ཏེ། ཡབ་ཡུམ་གཉིས་ཀྱི་གསང་རྩར་ཕན་ཚུན་འདྲེས་པ་ནི། ཉོན་མོངས་པ་རང་སར་གྲོལ་ནས་ཀུན་རྫོབ་བདེ་སྟོང་གི་ཡེ་ཤེས་མངོན་དུ་གྱུར་པའོ། །དེ་ནས་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་ཀྱི་བདག་ཉིད་ཐིག་ལེ་ཉི་ཟླ་གཉིས་འདྲེས་ཏེ། འགྲོ་འོང་བྱང་ཆུབ་ཀྱི་སེམས་ཚུར་ལོག་ནས་གསང་བ་རྡོ་རྗེའི་བུ་གར་བསྟིམས་ཤིང་ཐིག་ལེ་རྡོ་རྗེའི་ལམ་ནས་ཡར་ལོག་པ་ནི་མས་བརྟན་གྱི་དགའ་བ་སྟེ་ལྟེ་བར་བརྟན་པ་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་དགའ་བྲལ། སྤྱི་བོར་བརྟན་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ཙམ་ན་བཅུ་གཅིག་ཀུན་ཏུ་འོད་ཀྱིས་རྫོགས་ཤིང་། དེའི་ཡོན་ཏན་གྱིས་ཐིག་ལེ་ལུས་ཐམས་ཅད་ཁྱབ་ཅིང་བརྟན་པས་འཁོར་བའི་སྐྱོན་གྱིས་མ་གོས་པ་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་དང་། རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་བས་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་རྫོགས་སོ། །ངེས་ཚིག་གོ། །དྲང་། ཐབས་ལམ་འདི་སྐབས་གར་བཤད་ན་མཆོད་པ་ལ་ཕྱི་ནང་གསང་གསུམ་ཡོད་པ་ལས་གསང་བའི་མཆོད་པའི་སྐབས་ལ། དཀྱིལ་འཁོར་ལ་བདུན་ཡོད་པ་ལས། དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྐབས་ལ་བཤད། ཆགས་པ་ཅན་ལ་ཐབས་ལམ་འདི་ཉིད་མ་གཏོགས་པ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་གྱིས་ཉོན་མོངས་མི་འབྱང་བ་ཡིན་ཏེ། དེ་བས་ཆགས་པ་ཅན་གྱི་གང་ཟག་དེས། དང་ནས་བདེ་བ་ལ་སེམས་འཛིན་ཅིང་ཉོན་མོངས་པ་མ་སྤངས་རང་དག་ཏུ་མཐར་བདེ་སྟོང་གི་ཡེ་ཤེས་མངོན་དུ་རྫོགས་པའི་ཕྱིར། ཐབས་ལམ་ཞེས་བྱ་བའི་ངེས་ཚིག་གི་མིང་ཐོབ་པའོ། །གྲོལ་ལམ་ལ་གཉིས། བགྲང་། བསྟན་པ་དང་། དྲང་། སྤྱིར་ལམ་གྱི་གཙོ་བོ་དང་ཆ་རྐྱེན་འདི་རྣམས་ལ། བི་མ་ལ་མི་ཏྲའི་བཞེད་ཀྱིས། ལམ་གྱི་གཙོ་བོ་གང་ཟག་སྟེ། དམ་ཚིག་དང་སྤྱོད་པ་གཉིས་གཅིག་ཏུ་བསྡུས་པའི། རྒྱུད་ཀྱི་དངོས་པོ་བརྒྱད་དུ་དབྱེའོ། །སྒེག་རྡོར་གྱིས་གཙོ་བོ་ཏིང་ངེ་འཛིན་ཏེ། སྔགས་ཕྱག་རྒྱ་མཆོད་པ་གསུམ་སྤྱིར་བཏང་བའི་ཡན་ལག་བདུན་དུ་དབྱེ། ཧཱུྃ་ཀཱ་རས། གཙོ་བོ་མཆོག་གི་སེམས་ལྔ་ལ་བཞེད་དོ། །ཏིང་ངེ་འཛིན་བརྩི་བའི་ཡན་ལག་བཅུར་བཞེད། སངས་རྒྱས་གསང་བ་ལྟར་ན། སྔགས་ཕྱག་རྒྱ་གཉིས་སུ་དབྱེ་བའི་ཡན་ལག་བཅུར་དབྱེ། ལུང་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རྗེས་སུ་སྦྱོར་བ་གྲོལ་ལམ་ལའང་ལམ་གྱི་གཙོ་བོ་དང་། ལམ་གྱི་ཡན་ལག་ཆ་རྐྱེན་དུ། ལྟ་སྤྱོད། དཀྱིལ་འཁོར། དབང་། དམ་ཚིག །འཕྲིན་ལས། སྒྲུབ་པ། སྔགས། ཕྱག་རྒྱ། མཆོད་པ་སྟེ། རྒྱུད་དོན་རྣམ་པ་བཅུ་པོ་ཡིན་ནོ། །བཤད་པའོ། །དེ་ལ་གཉིས་ཏེ། གཙོའམ་དངོས་དང་། ཆ་རྐྱེན་ནོ། །དང་པོ་ལ་གཉིས་ཏེ། བགྲང་། བསྟན་པ་དང་། དྲང་། གསང་སྔགས་མ་ཧཱ་ཡོ་གའི་གྲོལ་ལམ་གྱི་སྒོར་འཇུག་པའི་རྣལ་འབྱོར་པ་ཀུན་གྱིས་དོན་དུ་གཉེར་བར་བྱ་བ་ལའང་ལམ་གྱི་གཙོ་བོའི་མཆོག་ཏུ་ཏིང་ངེ་འཛིན་བསྒོམ་པར་བྱ་བ་ཡིན་ཀྱང་། དེ་ལ་ཡང་སྔོན་ཐབས་ལམ་ལ་རིམ་ཅིག་ཆར་བྱུང་བ་བཞིན་དུ་འདིར་གྲོལ་ལམ་གྱི་ཏིང་ངེ་འཛིན་ལ་ཡང་རིམ་ཅིག་ཆར་གཉིས་སུ་ཤེས་པར་བྱའོ། །བཤད་པའོ། །དེ་ལ་གཉིས་བགྲང་། ཅིག་ཆར་བ་དང་། དྲང་། ཅིག་ཆར་བ་ནི་བློའི་མཆོག་སྟེ་མ་ཧཱ་རྟོགས་པའི་སྐལ་བ་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱིས་གདོད་མ་ནས་བདེན་གསུམ་དབྱེར་མེད་ཀྱི་ལྟ་བ་བློ་ལ་ངེས་པར་ཆུད་ནས་རྟོགས་པས། ཏིང་ངེ་འཛིན་ཡང་དེར་གནས་པ་ལ་འཁོར་འདས་གཉིས་སུ་མེད་པ་སྟེ། བྱང་བ་སྟོང་པ་ཆུབ་པ་སྟེ་སྣང་བ་སེམས་དབྱེར་མེད་མངོན་གྱུར་དུ་བསྒོམ་པ་ལ། དེ་ཏིང་། ཀུན་ཏིང་། རྒྱུའི་ཏིང་ངེ་འཛིན་ནམ། སེམས་བསྒོམ་རྣམ་གསུམ་དུས་གཅིག་ཏུ་རྫོགས་ཤིང་ཆིག་ཆར་དུ་སྒོམ་པའོ། །དེ་ལ་ཅིག་ཆར་བའི་ཅིག་ཆར་བ་རྟོགས་གྲོལ་ཐར་པ་དུས་མཉམ་པ་ཡིན་ལ། ཅིག་ཆར་བའི་རིམ་གྱིས་པ་སྒོམ་པ་ལ་གཉུག་བསྲིང་དགོས། རིམ་གྱིས་པའོ། །དྲང་། རིམ་གྱིས་པ་ནི་ཅིག་ཆར་བ་དེ་ལས་བཟློག་པ་སྟེ། དཔེ་རྒྱུད་སྔ་མ་ལ་འབྲས་བུ་ཕྱི་མ་བྱུང་བའི་རྟེན་འབྲེལ་བཞིན་དུ། བདེན་གསུམ་དབྱེར་མེད་ཅིག་ཆར་དུ་མ་རྟོགས་ནས་གོ་བས། ཏིང་ངེ་འཛིན་ཡང་། དེ་ཏིང་། ཀུན་ཏིང་། རྒྱུ་ལ་ཕྲ་རགས་གཉིས། ཕྱག་རྒྱ་སྤྲོས་པ་མན་ཆད་ལྔ་པའི་ལམ་ལ་རིམ་པ་ལྟར་བརྟེན་ནས་དོན་དུ་གཉེར་བས། ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་མངོན་དུ་གྱུར་པའི་དུས་སུ། དབྱེར་མེད་སྤྱོད་དང་བྲལ་བའི་འགོ་ཟུག་སྟེ། ལྟ་སྒོམ་འགོ་འབྱོར་པས། ཟག་བཅས་བདེན་མཐོང་ཡིན་ནོ། །ཟག་མེད་བདེན་མཐོང་ནི་ཚེ་རྣམ་གཉིས་ཡིན་ལ། བདེན་མཐོང་ཆེན་པོ་སངས་རྒྱས་ཀྱི་ས་ན་ཡོད་དོ། ༈ །ཆ་རྐྱེན་ལ་བཅུ། ལྟ་བ་དང་། སྤྱོད་པ་དང་། འཕྲིན་ལས་དང་། དམ་ཚིག་དང་། དཀྱིལ་འཁོར་དང་། མཆོད་པ་དང་། དབང་དང་། སྒྲུབ་པ་དང་། སྔགས་དང་། ཕྱག་རྒྱའོ། །དང་པོ་ལ་གཉིས། ལྟ་བ་དངོས་དང་། ལྟ་བ་རྟོགས་པའི་རྗེས་སུ་རིམ་གྱིས་པའི་ཏིང་ངེ་འཛིན་སྒོམ་ལུགས་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། བགྲང་། བསྟན་པ་དང་། དྲང་། བགྲོད་བྱ་ལམ་གྱི་གཙོ་བོ་ཏིང་ངེ་འཛིན་གྱི་སྔོན་དུ་ལམ་གྱི་ཡན་ལག་ལ་རྒྱུད་དངོས་བཅུར་དབྱེ་བའི་ནང་ནས་དང་པོ་ལྟ་བ་འགྲོ་བས། ལྟ་བ་དེའི་སྡོམ་ཚིག་ནི་ལྟ་བའི་དགོས་ཆེད། རྟོགས་ཐབས་དང་ལྟ་བའི་ངོ་བོ་དང་། མ་རྟོགས་པའི་སྐྱོན་དང་རྟོགས་པའི་ཡོན་ཏན་དང་ལྔའི་རིམ་པ་ནི། དབང་པོ་མཆོག་གི་མིག་དང་འདྲ་བས་ཤེས་རབ་ཀྱི་སྤྱན་ལྟ་བའི་དོན་ནི་རྫོགས་པར་བཤད་པའོ། །དེ་ལ་ལྔ་སྟེ། དགོས་ཆེད་དང་། རྟོགས་ཐབས་དང་། ངོ་བོ་དང་། མ་རྟོགས་པའི་སྐྱོན་དང་། རྟོགས་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། བགྲང་། བསྟན་པ་དང་། དྲང་། སྔགས་ལས་གཞན་པའི་ཐེག་འོག་གི་ལྟ་བ་ངན་པའི་མིག་དེ་བསལ་བ་དང་། ཐེག་མཆོག་གི་གསང་སྔགས་ཀྱི་དགོངས་དོན་ཤེས་རབ་ཀྱི་སྤྱན་ལྟ་བ་རབ་མཆོག་དེ་མངོན་དུ་བྱ་དགོས་པའི་ཕྱིར། དེ་ཡང་འོག་མའི་ལྟ་བ་ངན་པ་གོ་ཆ་དང་འདྲ་བ་རྡོལ་ཞིང་འབིགས་པར་བྱེད་པའི་ཐབས་ལ། རང་ལ་བདེན་པ་དབྱེར་མེད་ཀྱི་ལྟ་བ་ཐེ་ཚོམ་མེད་པའི་དོན་མདེལ་ཐུང་རྣོན་པོ་འདྲ་བ་ཞིག་རྟོགས་པར་གཅེས་པ་ཡིན་ནོ། །བཤད་པའོ། །དེ་ལ་གཉིས་ཏེ། བགྲང་། དཔེ་དང་། དྲང་། འོག་མའི་ལྟ་བ་རྣམས་ཕྱོགས་འཛིན་ཡིན་ཅིང་ཕྱོགས་མེད་ལྷུན་གྲུབ་མི་རྟོག་པའི་དཔེ་ནི། གླིང་བཞི་ལྟ་བའི་ཡུལ་རྒྱ་ཆུང་ཕལ་པའི་རི་ནག་པོ་དགུ་འདས་ནས་དེ་བས་རྒྱ་ཆེ། གསེར་གྱི་རི་བདུན་རིམ་པ་བཞིན་ལྟ་བས་མཐོང་རྒྱ་ཆེ་བ་དང་། རི་རབ་ལྷུན་པོའི་གནས་ནས་ལྟ་བའི་བྱེ་བྲག་ཐམས་ཅད་གསལ་བའི་རིམ་པ་དེ་ལྟར་དུ་ཡོད་པ་བཞིན་དུ། དོན་ནོ། །དེ་ལ་གཉིས། གཞན་སེལ་དང་། དོན་དུ་གཉེར་བའོ། །དང་པོ་ལ་གཉིས། བགྲང་། ལྟ་བས་གཞན་སེལ་ལ་ལུགས་དང་། དྲང་། མ་རྟོགས་པ་ཕྱལ་རྒྱང་གཉིས་ལ། རང་བཞིན་གནས་པའི་རིགས་ཡོད་ཀྱང་། རྒྱས་འགྱུར་ཀྱི་རིགས་སད་མ་ནུས་པས་རིགས་མེད་པ་དང་། རང་བཞིན་ལོག་པར་རྟོགས་པ་མུ་སྟུག་མུ་སྟེགས་པ་དང་། ཕྲ་བ་ཆོས་བདག་མ་ཆོད་པས་ནང་པ་ལ་ལྟོས་ན་ཕྱི་པ་ཡིན་ལ། རགས་པ་གང་ཟག་གི་བདག་ཆད་པས་ཕྱི་པ་ལ་ལྟོས་ན་ནང་པའི་ལྟ་བ་དང་ཆ་མཐུན་པའི་ཉན་རང་གཉིས་དང་། སྣང་བ་སེམས་ཡིན་པར་འདོད་པའི་ཕྱོགས་ཙམ་བསྒྲུབ་པ་གསང་སྔགས་དང་མཐུན་ཀྱང་སེམས་རང་རིག་རང་གསལ་དུ་འདོད་པའི་སེམས་ཙམ་པ་དང་། དོན་དམ་བདེན་པ་རྟོགས་ཀྱང་ཀུན་རྫོབ་བདེན་པ་སྤང་བྱ་མི་མཐུན་པའི་ཕྱོགས་བྱས་ནས་འགེགས་པ་དག་འདོད་པའི་དབུ་མ་པ་དང་། འདི་རྣམས་ཕྱོགས་འཛིན་གྱི་ལྟ་བ་ཡིན་པས། དཔེ་ཟས་ལ་དུག་བཏབ་པའི་ཆ་ཡོད་ན་ཟས་དུག་ཅན་དེ་ལ་གང་གིས་མི་རིག་སྟེ་མི་ཟ་བ་བཞིན་དུ་གསང་སྔགས་ཀྱི་ལྟ་བ་རྟོགས་པའི་གང་ཟག་གང་གིས་དབུ་མ་མན་ཆད་ཕྱོགས་འཛིན་གྱི་ལྟ་བ་གོལ་བར་ཤེས་ནས་ཕྱོགས་འཛིན་གྱི་ལྟ་བ་དེར་ནི་བློ་མི་གནས་པ་ཡིན་ནོ། །སྒོམ་པའི་བསལ་བྱའོ། །དྲང་། ཆོས་ཉིད་བསམ་གྱིས་མ་ཁྱབ་པ་གསང་སྔགས་བདེན་གསུམ་དབྱེར་མེད་ཀྱི་ལྟ་བ་མ་ཤེས་ན་སྒོམ་པ་བསམ་མེད་ཞི་གནས་ཙམ་ལ་བརྟེན་པའི་རྣལ་འབྱོར་བླ་མེད་ཀྱི་དགོངས་པ་གཉིས་མེད་ཀྱི་དོན་ཉམས་སུ་མྱོང་ཞིང་འབྲས་བུ་ཐོབ་པ་མ་ཡིན་ནོ། །དོན་དུ་གཉེར་བའོ། །དྲང་། གང་ཟག་གང་གིས་གོང་གི་ལྟ་སྒོམ་ཕྱོགས་རེ་བའི་སྐྱོན་ནི་དེ་ལྟར་དུ་ཡོད་པ་ཤེས་ནས། ལྟ་བ་དབྱེར་མེད་དུ་རྟོགས་པའི་ཐབས་དུ་མའི་སྒོ་ནས་འུབ་ཆུབ་པར་བྱས་པས་སྣང་སྟོང་དབྱེར་མེད་རྟོགས་པའི་སྒོམ་པ་ལ་ཡང་རྣལ་མ་དོན་ལ་རང་རིག་པའི་བློ་འབྱོར་ཞིང་། ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང་སངས་རྒྱས་ཀྱི་སར་ཆུབ་པ་ཡིན། འདི་ནི་ས་བཅད་དང་པོའི་མཆན་གྱི་དབང་བཙན་ཡིན་ལ། ཆོས་རྗེས་ལྟར་ན། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ལྟ་བ་མི་ཤེས་ནས། སྒོམ་པ་བསམ་མེད་ཙམ་ལ་བརྟེན་ནས། རྣལ་འབྱོར་གཉིས་མེད་ཀྱི་དོན་ཡིན་པར། གང་ཟག་གང་གིས་འདོད་ན། དེ་ལྟར་བསམ་རྩལ་ལ་བློས་ཆུབ་པར་བྱས་ནས། སྣང་སྟོང་དབྱེར་མེད་མི་རྟོགས། རྣལ་མི་འབྱོར། ཚོགས་མི་རྫོགས། སྒྲིབ་པ་མི་འབྱོངས། སངས་རྒྱས་ཀྱི་སར་མི་ཆུབ་པོ། །དེ་བས་ལྟ་བ་དབྱེར་མེད་ཀྱི་དོན་རྟོགས་དགོས་ཞེས་བཤད་དོ། །རྟོགས་ཐབས་དང་། དྲང་། གསང་སྔགས་ཀྱི་རྣལ་འབྱོར་པ་གང་གིས་ལམ་གྱི་ཐོག་མར་ལྟ་བ་འགྲོ་བས་ལྟ་བ་དེ་གཏན་ཚིགས་ལ་བརྟེན་ནས་རྟོགས་པའི་ཐབས་ལ་ཏིང་ངེ་འཛིན་གྱི་བྱེ་བྲག་མི་འདྲ་བའི་བསྐྱེད་རིམ་རྣམས་དང་། ཐིག་ལེ་དང་ནམ་མཁའི་བ་གཞོ་བའི་བསམ་གཏན་ལ་སོགས་པའི་སེམས་གནས་ཐབས་དུ་མ་ལས་སྤྱོད་པ་དང་། གཞན་ཡང་རྟོགས་ཐབས་ཀྱི་ཡན་ལག་མང་པོ་སྟེ། ཆུ་གཏོར་དང་། ནད་གསོ། སློབ་གྲ་དང་། སྒོམ་གྲའི་གཙུག་ལག་ཁང་། བསྟི་གནས་བྱ་བ་དང་། ཉ་སྟོང་བརྒྱད་ལ་སོགས་པ་ལ་དུས་མཆོད་དང་། ཀློག་འདོན། ཆོས་ཀྱི་སྦྱིན་པ། ཆོས་འཁོར་བྱ་བ། ལམ་སྲང་བཅོས་པ། ཚད་མེད། སྙིང་རྗེ་སེམས་བསྐྱེད་རྣམས་དང་། ཕལ་པ་ལ་སྦྱིན་གཏོང་། ཚ་ཚ། བཤགས་པ། ཡིག་བརྒྱ། སྦྱིན་སྲེག །དཀྱིལ་འཁོར་བྲི་བ། དགེ་བའི་དཔུང་ཚོགས་ཐམས་ཅད་ལ་འབད་པ་དེ་རྣམས་ཀྱང་། བརྒྱུད་རྒྱུ་ཡིན་ལ། དངོས་སུ་གཏན་ལ་ཕབ་ལ་ལུང་རིགས་མན་ངག་རྣམ་པ་གསུམ་གྱི་སྒོ་ནས་གཏན་ཚིགས་ཐུན་མོང་ལ་རང་སྤྱིའི་གཏན་ཚིགས་དང་། མཐའ་བྲལ། རྣམ་པར་དབྱེ་བ། མཚོན་པ་དཔེའི་གཏན་ཚིགས་རྣམས་ཡིན་པ་དང་། ཐུན་མོང་མིན་པའི་ཚད་མ་བཀའ་གཞུང་གི་གཏན་ཚིགས་ནི། རྟོགས་པ་བཞི། དག་པ་གསུམ། མཉམ་པ་བཞི། བདག་ཉིད་ཆེན་པོ། རང་བཞིན་བདེན་པ་གསུམ་གྱི་གཏན་ཚིགས་རྣམས་བཤད་རྒྱུད་རྒྱས་པ་དང་། རྩ་རྒྱུད་གསང་བའི་སྙིང་པོ་ལ་སོགས་པའིི་གཞུང་ལས་གྲགས་པས་ལྟ་བ་རྟོགས་པའི་རྐྱེན་བྱས་ཏེ་རྟོགས་བྱ་ལྟ་བ་ནི་དཔེ་རི་རྒྱལ་ལྷུན་པོའི་ཁ་ནས་ཐམས་ཅད་གསལ་བ་ལྟ་བུར་དབྱེར་མེད་ཀྱི་ངང་ནས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྟ་བ་ཀུན་མ་འདྲེས་ཡོངས་རྫོགས་སུ་མཐོང་བ་གཅེས་སོ། །དེ་མཐོང་བར་བྱེད་པའི་མཚུངས་རྒྱུ་ནི་བློའི་མཚན་ཉིད་བདུན་དང་ལྡན་པ་དེས་གསང་སྔགས་ཀྱི་རྒྱུད་ལུང་མན་ངག་དང་བཅས་པའི་བླ་མ་ལ་བརྟེན་ནས་ལྷན་ཅིག་བྱེད་པའིི་རྐྱེན་བྱས་པས། ལྷན་ཅིག་བྱེད་པའི་རྒྱུ་ནི། ཐོས་བསམ་སྒོམ་གསུམ་གྱི་གཏན་ཚིགས་ཀྱིས་སྨལ་བ་ལ་གཏན་ཚིགས་གང་ཡིན་གཅིག་གི་ཐོགས་ནས་བདེན་པ་དབྱེར་མེད་ཀྱི་ངེས་ཤེས་སྐྱེས་པའང་། བདེན་གཉིས་དབྱེར་མེད་ཡིན་མིན་གྱི་ཐེ་ཚོམ་ཟ་བས་ཡིན་མིན་ལ་རྟོག་དཔྱོད་བྱས་པ་ཡིས་ཡིད་གཉིས་སུ་ཞུགས་པའི་དབང་གིས་ཐ་དད་བྱུང་བསམ་གྱི་སོམ་ཉི་ཟ་བ་དེ་དག་མེད་པ་ལ་བདེན་པ་ལ་དབྱེར་མེད་ཀྱི་ལྟ་བར་བརྗོད་ཀྱིས་དེ་ཡང་བདེན་པ་དབྱེར་མེད་བྱུང་བསམ་གྱི་ངེས་འཇོག་གིས་བློའི་རྟོག་དཔྱོད་མེད་པ་དགོས་ཤིང་རྟོག་དཔྱོད་ཀྱི་བློ་དེ་ཉིད་ཀྱིས་ངོ་བོ་ལ་ངོས་བཟུང་མེད་ཅིང་ཀུན་ལ་ཤར་བས་དགག་བསྒྲུབ་དང་སྤང་བླང་མེད་པའི་རྒྱུ་དེ་ལས་ལྟ་བ་དགག་བསྒྲུབ་དང་བྲལ་བ་འབྱུང་བའི་ཕྱིར། གོང་གི་རྒྱུ་རྐྱེན་གང་གིས་འདི་ལ་ཆོས་རྗེས། རྐྱེན་བཞིའི་བཞེད་པ་སྣང་སྟེ། ལམ་རིམ་དང་བསྟུན་ན་རྒྱུ་གཉིས་རྐྱེན་གཅིག་ཁོ་ན་ལྟར་འཐད་དེ། ལམ་རིམ་ལས། རང་བཞིན་བདུན་དང་ལྡན་པ་ལ། །གཅིག་ཤོས་རྒྱུ་རུ་གསུངས་པ་ཡིན། །གང་དག་ཉན་བསམ་ཤེས་རབ་ཚེ། །བསམ་པའི་ཚེ་ན་རྟོག་དཔྱོད་པ། །གཉིས་པོ་འདི་དག་ཤེས་པའི་རྒྱུ། །མཁན་པོ་ལུང་དང་མན་ངག་བཅས། །ལྷན་ཅིག་བྱེད་པའི་རྐྱེན་དུ་འདོད། །ཅེས་གསུངས་སོ། །ངོ་བོ་ལ་བཞི། བགྲང་། ངོ་བོ་དངོས་དང་། དྲང་། ལྟ་བའི་ངོ་བོ་སེམས་ཉིད་མིག་ལ་སོགས་པའི་དབང་པོ་དྲུག་གི་ཡུལ་དུ་འཆར་ནས་སྣང་བ་ཡིན་ཡང་། ཚོགས་དྲུག་གི་སྣང་བ་ལ་སྣང་གྲགས་གཉིས་རྒྱ་ཆེ། དེ་ལ་ཡང་སྣང་བ་འདི་རྒྱ་ཆེ་བས། དེ་བས་སྤྱན་ལ་མཆོག་ཏུ་བརྗོད་པ་སྟེ། མིག་གཟུགས་ཐོག་ཏུ་ངོ་སྤྲོད་པ་ནི་སྒོ་ལྔའི་སྣང་རྐྱང་དག །ཡིད་ཀྱི་འགྱུ་བ་རང་གྲོལ། ཉོན་ཡིད་ཀྱི་འཛིན་པ་ཆད། ཀུན་གཞི་གནས་པ་རང་སྟོང་དུ་སོང་ནས་ཚོགས་བརྒྱད་དམ་ཚོགས་དྲུག་ཡེ་ཤེས་སུ་ཤར་བའི་ཕྱིར། མིག་གིས་གཟུགས་མཐོང་བའི་དུས་སུ་དམིགས་བྱ་མེད་པར་རང་གསལ་དུ་སོང་ཞིང་ཤར་བ་ལ་ཤེས་རབ་སྐྱེ་བ་མེད་པའི་དོན་དེ་ཉིད་མིག་ལ་སོགས་པ་ཚོགས་དྲུག་གི་ཡུལ་དུ་ཤར་བ་དང་དབྱེར་མེད་པས་རང་རིག་པའི་མངོན་སུམ་རྟོགས་པ་ནི་རྗེས་དཔག་གིས་རྟོགས་པ་ལས་དཔགས་པས་མཆོག་ཡིན་ནོ། །འོ་ན་མིག་གཟུགས་ཐོག་ཏུ་ངོ་སྤྲོད་ཀྱང་། ཚོགས་དྲུག་གཞན་རྣམས་ངོ་མ་འཕྲོད་པར་ལུས་སམ་ཞེན་མི་ལུས་ཏེ། བརྗོད་པ་ཚིག་གི་ཡུལ་ལས་འདས། །གོ་བ་བློ་ཡིས་དཔྱོད་པ་བྲལ། །མྱོང་བ་ཉམས་ཀྱི་འཁྲི་བ་དག་ནས། རང་རིག་པའི་ཡེ་ཤེས་ནི་ཚོགས་དྲུག་ཀུན་གྱི་ངོ་བོར་ཤར་ལ་ཤར་དུས་རང་རིག་ཡེ་ཤེས་གཅིག་པོ་ལས་མ་གཡོས་པས་ཤེས་རབ་སྐྱེ་བ་མེད་པ་དེ་ཉིད་མིག་གཟུགས་ཐོག་ཏུ་ངོ་འཕྲོད་པའི་སྤྱན་གྱི་ལྟ་བ་དམ་པ་དེ་བས་ལོགས་ནས་ངོ་སྤྲད་རྒྱུ་མེད་དོ། །སྤྱན་གྱི་ལྟ་བ་དེ་ལ་ཕྱི་ངན་པ་སྤང་བ་དང་ནང་བཟང་པོ་བསྒྲུབ་ཏུ་མེད་པར་ཆོས་ཉིད་རང་ཤར་བའི་ཕྱིར། ཤེས་བྱ་གཤིས་ཀྱི་གནས་ལུགས་ཆོས་ཉིད་རང་གི་མཚན་ཉིད་མ་འདྲེས་ཡོངས་རྫོགས་མཐོང་བ་ཡིན་ནོ། །དེ་ལ་མངོན་སུམ་དང་། རྗེས་དཔག་གི་དོན་ནི། སྤྱིར་ཆོས་ལ་ཚད་མ་དང་ཚད་མིན་གཉིས། ཚད་མིན་ལ། འགྲོ་དྲུག་གི་འཁྲུལ་སྣང་། མུ་སྟེགས་ཀྱི་ལོག་ཤེས། དེ་མ་ཡིན་ལ་དེར་འཛིན། སྣང་བ་ལ་མ་ངེས་ཡིད་དཔྱོད་དང་ལྔའོ། །ཚད་མ་ལ་མངོན་སུམ་དང་། རྗེས་དཔག་གཉིས། རྗེས་དཔག་ལ་ལུང་རིགས་གཉིས། ལུང་ལ་བཀའ་བསྟན་གཉིས། རིགས་པ་ལ་ཚད་མ་སྡེ་བདུན་ཡོད་ཀྱང་། གང་ཟག་ཕྱོགས་འཛིན་ཅན་གྱིས་རང་གི་ཞེ་འདོད་ལྟར་དུ་འདོད་པས། དེ་བས་མངོན་སུམ་ཚད་མ་མ་རྟོགས་བར་དུ་རྗེས་དཔག་ཚད་མ་རྫུན་ཚིག་ཏུ་འགྲོ་བ་ཡིན་ནོ། །མངོན་སུམ་ལ་ཡང་བཞི་སྟེ། མཚན་ཉིད་པ་ལྟར་དུ་དབང་པོའི་མངོན་སུམ། དབང་པོ་སྐྱོན་མེད་དུ་མཐོང་བ། ཡིད་ཀྱི་མངོན་སུམ་ཡིད་བཅད་ཤེས། རང་རིག་མངོན་སུམ་ཆོས་ཐམས་ཅད་སྤྲོས་བྲལ་དུ་རྟོགས་པ། རྣལ་འབྱོར་མངོན་སུམ་དེ་ཉིད་དུ་བློ་གནས་པ། དེ་ཡང་ས་མཚམས་དང་སྦྱར་ན། དབང་པོ་དང་ཡིད་གཉིས་ཚོགས་ལམ། རང་རིག་མངོན་སུམ་སྦྱོར་ལམ། རྣལ་འབྱོར་མངོན་སུམ་མཐོང་ལམ་ལ་ཡོད་པར་འདོད་པས། མངོན་སུམ་བཞི་རིམ་གྱིས་འདོད་པ་འདི་ཡང་། གསང་སྔགས་ཀྱི་མངོན་སུམ་བཞི་ལ་ལྟོས་ན་རྗེས་དཔག་ཡིན་ནོ། །གསང་སྔགས་ལྟར་ན། དབང་པོའི་མངོན་སུམ་རིག་པ་ཅེར་འཕྲད། ཡིད་ཀྱི་མངོན་སུམ་ཡིད་འགྱུ་བ་རང་གྲོལ། རང་རིག་མངོན་སུམ་སྣང་སྟོང་དབྱེར་མེད། རྣལ་འབྱོར་མངོན་སུམ་ཆོས་ཀུན་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡིན་ཏེ། མངོན་སུམ་བཞི་ཅིག་ཆར་དུ་རྟོགས་པ་ཡིན་ནོ། །མཐོང་བའི་ཁྱད་པར་དང་། དྲང་། འོ་ན་ཚེ་དབང་རིག་འཛིན་དང་ཁྱད་པར་མི་སྣང་ཞེ་ན། མཉམ་བཞག་ལ་ཆོས་ཉིད་རང་གི་མཚན་ཉིད་དེ་ལྟར་དུ་མཐོང་ནའང་། རྗེས་ཐོབ་ལ་ལོག་རྟོག་མ་ཟད་པས། དཔེ་འཁོར་ལོ་སྒྱུར་རྒྱལ་གྱི་བུ་ཆུང་དེའི་ཤ་ཁྲག་དང་རིགས་ལས་འགྱུར་བ་མེད་ཀྱང་། སྟོབས་མ་རྫོགས་པས་མངའ་ཐང་ཐམས་ཅད་དབང་བསྒྱུར་མི་ནུས་པ་བཞིན་དུ། ཟག་བཅས་བདེན་མཐོང་གི་སྐབས་ཡིན་པས། ཆོས་ཉིད་རང་མཚན་མཐོང་ཡང་རྒྱལ་བུ་སྟོབས་མ་རྫོགས་པ་དེ་ལྟ་བུར་ཏིང་ངེ་འཛིན་སྟོབས་མ་རྫོགས་པས་མཉམ་རྗེས་ཡོད་ལ། ཟག་མེད་བདེན་མཐོང་ཚེ་ལ་དབང་སྒྱུར་བའི་རིག་འཛིན་ནི་མཉམ་རྗེས་མེད་པས། ཏིང་འཛིན་སྟོབས་རྫོགས་པ་དང་། དེ་བས་ཟག་བཅས་བདེན་མཐོང་ལས་ཁྱད་པར་དུ་འགྱུར་བ་ཡིན་ནོ། །ངེས་ཚིག་དང་། དྲང་། གསང་བའི་སྙིང་པོ་སྒྱུ་འཕྲུལ་རྒྱས་པའི་རྒྱུད་ལས་འདི་སྐད་དུ་གསུང་སྟེ། ཆོས་ཉིད་རང་གི་ངོ་བོ་ལ་ལྟ་བྱའི་ཡུལ་དང་བལྟ་བར་བྱ་བའི་མཁན་པོ་གཉིས་མེད་པའི་ངང་ནས་སྒྲིབ་གཡོགས་དང་བྲལ་བའི་ཡེ་ཤེས། དེ་མ་འདྲེས་པར་རང་གསལ་བས་ན་སྒྲོན་མ་དེ་རྒྱུད་ཆད་མེད་པ་བསྒྲེང་བར་ཤར་བ་ནི་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུའི་ཞིང་ཁམས་དག་མ་དག་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་མཐོང་ལ། ཡུལ་དང་ཡུལ་ཅན་གྱི་ངང་དུ་གང་དུ་ཡང་མི་མཐོང་བ་ནི་ཤེས་རབ་ལྟ་བའི་སྤྱན་གྱི་མཆོག་ཡིན་ནོ། །ཞར་ལ་སྤྱིའི་མཚན་ཉིད་དུ་འདོད་པ་ནི་ནོར་བའོ། །དེ་ལ་གསུམ། བགྲང་། སྤྱིའི་མཚན་ཉིད་དུ་ལྟ་བས་གསང་སྔགས་མི་རྟོགས་པ་དང་། དྲང་། རང་རིག་མངོན་སུམ་དུ་རྟོགས་པ་ལྟ་བའི་ངོ་བོ་ཡིན་ལ། དེ་བས་སྤྱི་མཚན་གྱི་གོ་བ་ཙམ་ལ། གང་ཟག་གང་ཞིག་ཞེན་ཏེ་མི་ཞེན། ཅིའི་ཕྱིར་མི་ཞེན་ན་གསང་སྔགས་ཀྱིས་དོན་ཡིད་དུ་བྱས་པ་ལ་གང་ཟག་གང་གིས་བརྟགས་དཔྱད་བྱས་པས་བདེན་པ་དབྱེར་མེད་ཀྱི་དོན་མི་རྙེད་པའི་ཕྱིར། ཡིད་ཀྱིས་དམིགས་པ་གཟུང་འཛིན་ཅན་དུ་དང་། དྲང་། གཉིས་མེད་སྐྱེ་འཇིག་དང་བྲལ་བ་རྡོ་རྗེའི་དོན་དེ་ཉིད་ཡིད་ཀྱིས་ཡུལ་དུ་བྱས་ན་སྒྲ་ཙམ་ལ་བརྟེན་པ་ནི་གོལ་བ་ཡིན་པས། གོལ་ཚུལ་ལ་ནི་ཆོས་ཉིད་འདུས་མ་བྱས་སྟོང་པ་ཙམ་གྱི་ངོ་བོ་ལ་སྐྱེ་འཇིག་མི་སྣང་བསམས་ནས་ཡུལ་དུ་དམིགས་པ་དག་ལ་བརྟེན་ནས། གསང་སྔགས་ཀྱི་ལྟ་བའི་ངོ་བོ་ནི་ངེས་པར་འདི་ཁོ་ནའོ་སྙམ་ནས་ལྟ་བ་དེའི་རྗེས་ལ་རྣལ་འབྱོར་མི་རྟོག་པའི་དོན་ལ་བསྒོམ་དགོས་ཅེས། རྒྱུད་གཞུང་ནས་བཤད་པ་ཡང་། ལྟ་བ་དེ་དང་ཕྱོགས་ནས་མཐུན་པར་སྐྱེས་པར་འདོད་པ་ནི། ཡིད་ཡུལ་གྱི་བློ་ཡིས་ངེས་པར་འཇོག་པས་ཆོས་ཉིད་ཡུལ་དུ་རྟོག་པའི་གཟུང་འཛིན་ཅན་དུ་གྱུར་པས་མི་གྲོལ་བའོ། །སྒྲ་ཅི་བཞིན་དུ་རྟོག་ཅིང་ལྡོག་པ་ཚོལ་བས་ལྟ་བ་དམ་པས་དབུལ་བའོ། །དྲང་། དེ་བས་འོག་མའི་ལྟ་བ་ལ་ཕྱོགས་འཛིན་དང་བཅས་པས། ལྟ་བ་ལྷུན་གྲུབ་མི་རྟོགས་ནས་གོལ་བའི་རྒྱུ་རྐྱེན་གྱི་དཔེ་དོན་ནི། ཚོང་པ་ཡུལ་ཀུན་ཏུ་རྒྱུ་བས་ཐམས་ཅད་ཤེས་པ་དང་། བྱིས་པ་གཞོན་ནུ་ནི་གར་ཡང་མི་ཕྱིན་ནས་ཐམས་ཅད་མི་ཤེས་པ་ལྟར་དུ་ཏིང་ངེ་འཛིན་ལ་གོམས་མ་གོམས་མཆོག་ལྟ་བ་རྟོགས་མ་རྟོགས། ཐོས་པ་བྱས་མ་བྱས་རྒྱ་ཆེ་ཆུང་དེའི་ཁྱད་པར་འབྱུང་ལུགས་ནི། རིགས་བརྒྱད་ཀྱི་དབྱེ་བ་སྟོན་པ་སྒྱུ་འཕྲུལ་བརྒྱད་ཅུ་པའི་ལེའུ་ལྔ་པ་ལས་འབྱུང་བ་ནི་འདི་ལྟ་སྟེ། ཆོས་ཉིད་ཀྱི་རིགས་དང་། བླ་ན་མེད་པའི་ཐེག་པའི་རིགས་དང་། བྱང་ཆུབ་སེམས་པའི་ཐེག་པའི་རིགས་དང་། རང་རྒྱལ་བའི་ཐེག་པའི་རིགས་དང་། ཉན་ཐོས་ཀྱི་ཐེག་པའི་རིགས་དང་། རིགས་མ་ངེས་པ་དང་། ལྷ་དང་མིའི་ཐེག་པའི་རིགས་དང་། རིགས་ཆད་པ་སྟེ། དེ་རྣམས་ཀྱི་ལྟ་བའི་ཁྱད་པར་གསུངས་པའི་ནང་ནས་སྔགས་བླ་མེད་མཆོག་ཡིན་ཀྱང་། སྔགས་དེ་ཉིད་ཀྱི་ལྟ་བ་ལ། དག་པ་གསུམ། མཉམ་པ་བཞི། གཉིས་མེད་ལ་སོགས་པའི་གཏན་ཚིགས་རྣམ་གྲངས་ཙམ་ཤེས་པ་ལ་ལྟ་བ་དམ་པའི་དོན་ཡིན་པར་འདོད་ནས་སྒྲའི་རྗེས་སུ་འབྲངས་པས། གསང་སྔགས་ཀྱི་ལྟ་བ་ལྷུན་གྲུབ་ལ་གོལ་བ་སྟེ། གོལ་ཚུལ་ནི། དག་མཉམ་ལ་སོགས་པ་དེ་ཡི་སྒྲ་ཙམ་ལ་བརྟེན་ནས་བརྟགས་དཔྱད་བྱས་པས་ཅི་བཞིན་པའི་དོན་རྟོགས་པར་འདོད་དེ། དག་པ་དེ་དང་ནི་མ་དག་པ་མི་མཐུན་པའི་མ་དག་པ་ལས་ལྡོག་པར་བྱེད་པས་དག་པ་ཞིག་འདོད་པ་ལ་སོགས་པ་ལྟ་བ་དག་རྟགས་སུ་འདོད་ན། ལྷུན་གྱིས་གྲུབ་པའི་ལྟ་བ་མི་རྟོགས་པས་དབུལ་པོ་དང་འདྲ་བས། འབྲས་བུ་ཐམས་ཅད་མི་གྲུབ་པའི་སྟོང་པ་ཉིད་ཚེ་བའི་ལྟ་བ་དེ་ཉིད་ཁོ་ནའོ། །མ་རྟོགས་པའི་སྐྱོན་དང་། དྲང་། ལྟ་བའི་མདོར་བསྟན་ལ་ལྔ་ཡོད་ལ། གསུམ་གོང་དུ་སོང་ནས་བཞི་པ་ལྟ་བ་མ་རྟོགས་པའི་སྐྱོན་ནི། འདི་སྐད་དུ་སྒྱུ་འཕྲུལ་རྒྱས་པའི་ལུང་ལས་འབྱུང་བ་སྟེ། ཐབས་ལ་མཁས་པས་ལྟ་བའི་རྩིས་མ་ཟིན་ན་དགེ་བ་བཅུ་ལམ་གྱི་སྟེགས་བཅས་ཀྱང་འབྲས་བུ་ལ་མཐོ་རིས་ཀྱི་ལྷ་དང་མི་རུ་སྐྱེ་ལ་སྐྱེ་འཆི་མེད་པའི་སངས་རྒྱས་ཀྱིས་མི་ཐོབ་པ་ཡིན་ནོ། །རྟོགས་པའི་ཡོན་ཏན་དང་། དྲང་། ལྔ་པ་ལྟ་བ་རྟོགས་པའི་ཡོན་ཏན་ནི། རྒྱུད་ལས། ཇི་སྐད་འབྱུང་ཞེ་ན། མཆོག་ཐུན་མོང་གི་དངོས་གྲུབ་བླ་ན་མེད་པ་མཆོག་གི་སྙིང་པོ་ནི་ལྟ་བ་ཡིན་ལ། དང་པོ་ལྟ་བའི་དོན་རྟོགས་ནས་མཐར་འབྲས་བུ་མ་ཐོབ་ཀྱི་བར་དུ་ལྟ་བ་དེ་དང་མི་འབྲལ་ནས་ངན་སོང་དུ་མི་གཏོང་བ་སྟེ། དཔེ་ཆུ་སྲིན་གྲེ་བར་ཕྱག་རྒྱ་སྟེ་རིན་པོ་ཆེ་ཆུད་ན་ཕྱིར་མི་གཏོང་བ་ཅི་བཞིན་དུའོ། །གཞན་ཡང་དགེ་བའི་སྤྱོད་ཡུལ་གང་བྱས་ཀུན་ཏུ་ཡོན་ཏན་ལ་ཚད་དཔག་ཏུ་མེད་པའོ། །ཏིང་ངེ་འཛིན་ལ་གཉིས། བགྲང་། བསྟན་པ་དང་། དྲང་། ལྟ་བ་རྟོགས་པ་དེའི་རྗེས་སུ་ལམ་གྱི་གཙོ་བོ་ཏིང་ངེ་འཛིན་དེས་མཆོག་ལྟ་བའི་དོན་དེ་རིམ་འཇུག་ཏུ་གོམས་པར་བྱེད་པ་ཡི་ཐབས་ནི་འདི་ལྟ་སྟེ། བཤད་པའོ། །དེ་ལ་དྲུག །བགྲང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། དྲང་། འབྱུང་བ་གསུམ་རླུང་སེམས་འདུས་པའི་རྟེན་འབྲེལ་ལས་གྲུབ་པའི་ལུས་འདི་ཉིད་ལུས་སེམས་བྲལ་ནས་འཆི་བའི་ཚེ། དང་པོ་ཆོས་ཉིད་བར་དོ་ལ་རིག་པ་འགགས་ནས་འགྱེལ་བའི་ཚུལ་ནི་དེ་བཞིན་ཉིད་ཀྱི་དཔེ་དང་། ལྷུན་གྲུབ་འོད་གསལ་གྱི་བར་དོ་ལ་སྒྲ་འོད་ཐམས་ཅད་ཤར་བས། ཀུན་སྣང་གི་དཔེ་དང་། མངལ་ནས་བུ་ཆུང་སྐྱེས་མ་ཐག་གི་བར། ཕྱག་རྒྱ་གཅིག་པའི་དཔེ་བཞིན་དུ་ཡིན་པ་ལ། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི་རང་སྒོམ་ཐབས་གང་གི་ཡན་ལག་ལམ་རིམ་ནས་བཤད་པ་ལྟར་དོན་བཅོ་ལྔ་སྟེ། སྒོམ་གྱི་སྔོན་དུ་བྱ་བ་དང་། དགོས་ཆེད། བློ་བཞག་ཐབས། ངོ་བོ། མི་མཐུན་པའི་སྐྱོན་བཅོས་ཐབས། ཉམས། སྤྱོད་པ། དམ་ཚིག་དྲོད། རྟགས། མཚན་མ། རྨི་ལྟས། ཡོན་ཏན། འདའ་ཀ་མའི་འཕོ་བ། རང་གི་འབྲས་བུ་སྟེ། དེ་རྣམས་རྫོགས་པ་ཡི་སྒོ་ནས་ཉམས་སུ་ལེན་པ་ལ། ཁྱད་པར་དུ་ཏིང་ངེ་འཛིན་རང་གི་ངོ་བོ་ནི། ཡུལ་ཡུལ་ཅན་གང་དུའང་འདུས་ཤེས་མེད་པར་རང་གསལ་བ་ལ་མ་ཡེངས་པར་བསྒོམ་དགོས་སོ། །དེ་ལྟར་སྒོམ་པའི་རྣལ་འབྱོར་པ་གང་ཡིན་པ་དེ་དག་གི་ཉམས་ལྔ་རྟགས་ལྔ་སྟེ་བཅུ་མཐར་ཕྱིན་པ་དང་ལྡན་པ་ཡི་མཐུས་སྔ་མ་དེ་བཞིན་ཉིད་བསྒོམས་པ་ལས་ཀྱང་། ཕྱི་མ་ཀུན་སྣང་གི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །གལ་ཏེ་ལམ་སྔ་མ་ལ་བརྟན་པ་མ་ཐོབ་ན་ཕྱི་མ་མི་སྐྱེ་བ་ཡིན་ནོ། །དེ་ལ་ཉམས་ལྔ་ནི། གཡོ་བའི་ཉམས་ནི་རི་གཟར་གྱི་འབབ་ཆུ་ལྟ་བུ། ཐོབ་པའི་ཉམས་ནི་ཕུ་གསུམ་གྱི་ཆུ་བྲན་ལྟ་བུ། གོམས་པའི་ཉམས་ནི་དལ་འབབ་ཀྱི་ཆུ་བོ་ལྟ་བུ། བརྟན་པའི་ཉམས་ནི་མཚོ་ཆུང་རླུང་གིས་མི་སྐྱོད་པ་ལྟ་བུ། མཐར་ཕྱིན་པའི་ཉམས་ནི་རྒྱ་མཚོ་གཏིང་རླུང་གིས་མི་སྤྱོད་པ་ལྟ་བུའོ། །རྟགས་ལྔ་ནི། དྲོད་དང་། མཚན་མ་དང་། རྟགས་དང་། མེ་ལོང་། རྫུ་འཕྲུལ་རྣམས་ཀྱང་ཆ་རེ་འོང་ཚུལ་ལམ་རིམ་དུ་གསལ་ལོ། །ཀུན་སྣང་དང་། དྲང་། དཔེ་ཉི་མ་འཕོས་པ་མེད་པར་འོད་དུ་སྣང་བ་དང་། ས་བོན་འཕོ་བ་མེད་པར་མྱུ་གུ་འབྱུང་། སྐྱུར་འཕོས་པ་མེད་པར་འགྲམ་པར་ཆུ་ལྡང་། སྒྲ་འཕོ་བ་མེད་པར་བྲག་ཆ་ལས་གྲག་པ་དང་བཞིར་སྣང་བ་བཞིན་དུ། དེ་ཉིད་ཀྱི་ཏིང་ངེ་འཛིན་ལ་འཕོས་པ་མེད་པར་གདངས་འགག་མེད་དུ་ཀུན་སྣང་ཤར་བ་དེ་ཡི་ཡན་ལག་ལ་དོན་བཅོ་ལྔ་བསྟན་པ་ཡང་དེ་བཞིན་ཉིད་ལྟར་དུ་ཡིན་པས། ཁྱད་པར་དུ་ཏིང་ངེ་འཛིན་རང་གི་ངོ་བོ་ནི། རྒྱུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི་དབྱིངས་ལས་བརྟན་པ་ཐོབ་པར་བྱས་ནས་ནི། དེ་ཉིད་རྩལ་རང་ལ་གནས་པའི་ཡེ་ཤེས་མ་འགགས་པར་སྣང་བ་ཀུན་ཏུ་ཁྱབ་པ་སྒོམ་པའི་ཐབས་ནི་སྙིང་རྗེ་ཆེན་པོ་ཡིན། སྙིང་རྗེ་སྐྱེ་བའི་དུས་སུ། ཕྱིའི་སྙིང་རྗེ་སྣང་སྟོང་དབྱེར་མེད་དམ། ཡང་ན་ཕྱི་ལ་སྐྱེད་པའི་ཡུལ་དང་། ནང་ལ་སྐྱེ་བྱེད་ཀྱི་མཁན་པོ་མེད་པར་རང་སྣང་དུ་མ་ཡེངས་པར་གོམས་བཅུག་ལ་ཀུན་སྣང་གི་ཉམས་རྟགས་ལམ་རིམ་ནས་བཤད་པ་བཞིན་དུ། མཐུ་རྣམས་རྫོགས་པར་བྱ་བ་ཡིན་ནོ། །ཕྱག་རྒྱ་གཅིག་པ་དང་། དྲང་། ཀུན་སྣང་གི་ཏིང་ངེ་འཛིན་མཐར་ཕྱིན་པ་དེ་ཡི་སྟོབས་ལས་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་སྐྱེ་བ་ནི། རིམ་ཅིག་ཆར་གཉིས་ཏེ། དཔེ་རྟེན་འབྲེལ་བཅུ་གཉིས་ཡོད་པ་ལ་བཞི་པའི་སོ་ནས། མིང་གཟུགས་རྣམས་རིམ་གྱིས་ལུས་འབྱུང་བའམ། ཅིག་ཤོས་ཏེ་ལུས་ཅིག་ཆར་དུ་བརྫུས་ཏེ་སྐྱེ་བ་ཅི་བཞིན་དུ་ཡིན་པ་ལའང་། དེ་ཡང་རྒྱུད་ལས་ཞི་བ་ཕྱག་རྒྱ་གཅིག་པ་དང་། ཁྲོ་བོ་ཕྱག་རྒྱ་གཅིག་པ་གཉིས་གསུངས་པ་ལས་སམ། ཡང་ན་རྒྱུད་གཞན་གྱི་སྒོ་ནས། ཞི་ཁྲོ་གཉིས་སུ་དབྱེ་བ་ཡིན་པས། གདུལ་བྱ་རང་གང་མོས་ཀྱིས་ཞི་ཁྲོ་གཅིག་ཉམས་སུ་ལེན་པ་ལའང་། བློ་ཆེ་ཆུང་གི་དབང་གིས། དང་པོ་ཕྲ་བ་ཡིག་འབྲུ་ལ་བསླབ་པ། དེ་ནས་རགས་པ་ལྷ་སྐུ་ལ་བསླབ་པའི་རིམ་པ་དང་། དང་ནས་རགས་པ་ལྷ་སྐུ་ལ་བསླབ་པའི་ཅིག་ཆར་བ་གཉིས་ཀྱི་ཚུལ་གྱིས་ཕྱག་རྒྱ་གཅིག་པ་ཡབ་རྐྱང་པ་བསྒོམ་པ་སྐུ་ཕྱག་རྒྱ་ཆེན་པོ། །དེའི་ཐུགས་ཀར་རིགས་རང་རང་གི་ས་བོན་གང་ཡིན་བསྒོམ་པ་གསུང་ཆོས་རྒྱ། ཐུགས་ཀར་ཐུགས་ཕྱག་མཚན་བསྒོམ་པ་ཐུགས་དམ་ཚིག་གི། འོད་ཟེར་སྤྲོ་བསྡུས་བྱས་པ་ལ་སོགས་རྣམས་འཕྲོ་འདུ་ཕྲིན་ལས་ཀྱི་ཕྱག་རྒྱ་བཞི་དང་ལྡན་པའི་སྐུ་ལ་དབུ་རྒྱན་གྱི་ལྷ་ལྔ། སྐུ་གསུང་ཐུགས་ཀྱི་ལྷ་གསུམ། ཐུགས་ཡེ་ཤེས་སེམས་དཔའ་སྟེ་ལྷ་དགུ་དང་ལྡན་པར་བསྒོམ་པ་དེ་ལ་ཡང་། ཕྱག་རྒྱ་གཅིག་པ་རང་གི་ཆ་རྐྱེན་ལམ་རིམ་ནས་བཤད་པ་བཞིན་དོན་བཅོ་ལྔ་ཚང་བ་ཡི་སྒོ་ནས་ཉམས་སུ་བླང་བའི་དགོས་ཆེད་ནི། དེ་བཞིན་ཉིད་ལ་སྟོང་ཞེན་ཡོད་ལ། ཀུན་སྣང་དེ་ལ་སྣང་ཞེན་ཡོད་པས། དེ་གཉིས་ལས་གྲོལ་བར་འགྱུར་བའི་ཐབས་ལ་དབྱེར་མེད་ཕྱག་རྒྱ་གཅིག་པའི་ལྷ་བསྒོམ་ཞིང་ཉམས་སུ་ལེན་པ་ལ། ཕྱག་རྒྱ་བཞི་དང་ལྡན་པ་ལྷའི་སྐུ་བསྒོམ་པ་ལས། ཉམས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པ་ལྔ་དང་ལྡན་པར་བྱས་ནས་ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་ལ་ལྡང་བར་བྱའོ། །ཕྱག་རྒྱ་སྤྲོས་པ་དང་། དྲང་། བྱིས་པ་ཆུང་ངུ་གང་ཡིན་པ་དེ་ལོ་ཉི་ཤུ་ལོན་པ་དང་ལུས་སྨིན་སྟོབས་རྫོགས་པས། རིགས་མཐུན་པའི་ཁྱིམ་ཐབས་ཤིག་ལེན་པས་རྒྱུད་མང་དུ་འཕེལ་བ་བཞིན་དུ་ཕྱག་རྒྱ་གཅིག་པ་དེ་ཡི་སྒོ་ནས་ཞི་ཁྲོ་གང་བསྒོམ་ལ་གཞི་བླང་བ་ལས་ཚངས་པ་སྟེ་ཞི་བ་ཡ་མ་སྟེ་ཁྲོ་བོའི་ལྷ་རྣམས་ཀྱི་གཟུགས་ཅན་དུ་བཞི་བཅུ་རྩ་གཉིས་དང་། ལྔ་བཅུ་རྩ་བརྒྱད་ལ་སོགས་པ་ཕྱག་རྒྱ་སྤྲོས་པ་སྒོམ་པ་དེ་ཡང་། མེད་པ་ལས་ཡོད་པར་སྒོམ་པ་མ་ཡིན། །ཡེ་གདོད་ནས་རྟོག་ཚོགས་རང་ལ་གནས་པའི། དེ་ཉིད་འགག་མེད་དུ་ལྷ་དང་ལྷ་མོའི་དཀྱིལ་འཁོར་ཤར་བ་དེ་ལ། ཅིག་ཆར་དུ་རྒྱ་མཚོ་ནང་དུ་ཉི་ཟླ་གཟའ་དང་སྐར་མ་ཤར་བ་བཞིན་དུ་ལམ་བསྐྱེད་བྱེད་པའམ། དེ་ཙམ་མི་གསལ་ན་རྟེན་འབྲེལ་བཞིན་དུ་རིམ་གྱིས་གསུང་ཡིག་འབྲུ། དེ་ནས་ཐུགས་ཕྱག་མཚན། སྐུ་ཡོངས་རྫོགས་སུ་རྡོ་རྗེའི་ཆོ་ག་གསུམ་གྱིས་བསྐྱེད་པས་སམ། གང་ལྟར་བསྐྱེད་ཀྱང་། ཕྱག་རྒྱ་སྤྲོས་པའི་བསླབ་པར་བྱ་བ་གང་ཡིན་རང་གི་ཆ་རྐྱེན་དུ། དོན་བཅོ་ལྔ་ལམ་རིམ་ནས་བཤད་པ་བཞིན་ཚང་བའི་སྒོ་ནས་ཉམས་སུ་ལེན་པ་ལ་མཐར་ཕྱིན་ནས། ཞི་བ་བཞི་བཅུ་རྩ་གཉིས་སམ། འབར་བ་ལྔ་བཅུ་རྩ་བརྒྱད་ལ་སོགས་པ་གང་བསྒོམ་གྱིས་ལྷ་རྣམས་ལ་ལུང་གི་ལྷག་པའི་ལྷ་དབུ་རྒྱན་ལྔ་དང་། སྐུ་གསུང་ཐུགས་ལྷ་གསུམ་དང་། ཐུགས་ཡེ་ཤེས་སེམས་དཔའ་དང་དགུ། ཁོ་རང་དེ་ཉིད་དང་བཅུ་དང་ལྡན་པ་གསལ་ནས། དེ་ལ་ཡང་སྤྲོ་སྟེ་ཞི་བ་ལྟར་ན། གཙོ་བོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྟོག་པའི་གནས་སུ། ཡབ་ལ་ཡབ་བཅུ་བདུན་དང་ཐུབ་དྲུག །ཡུམ་ལ་ཡུམ་བཅུ་བདུན་ཏེ་བཞི་བཅུ་བཀོད་ལ། དེ་རྣམས་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་སྟེ་བརྒྱ་ཉི་ཤུ། ཡེ་ཤེས་སེམས་དཔའ་རེ་རེ་སྟེ་བཞི་བཅུ་དང་། བརྒྱ་དྲུག་ཅུ། གཞི་མ་ཐབས་ཀྱི་ལྷ་བཞི་བཅུ་སྟེ་གཉིས་བརྒྱའོ། །དེ་ཡང་ཐུགས་ཡེ་ཤེས་སེམས་དཔའ་བཞི་བཅུ་ལ་དབུ་རྒྱན་མེད། བརྒྱ་དྲུག་ཅུ་ལ་དབུ་རྒྱན་ལྔ་ལྔ་བསྒོམས་པས་ལྷ་སྟོང་གསལ་བས་མཐོང་ལམ་རྫོགས་ལ། དེ་བཞིན་ཏུ་ཀུན་བཟང་ཡབ་ཡུམ་རིགས་བཞི་ཡབ་ཡུམ་དང་ལྔ་ལ་སྟོང་ཚོ་ལྔ། སེམས་དཔའ་ཡབ་ཡུམ་བརྒྱད་སྒོ་བ་ཡབ་ཡུམ་བཞི་དང་བཅུ་གཉིས་ལ་སྟོང་ཚེ་བཅུ་གཉིས་ཐུབ་དྲུག་ལ་སྟོང་ཚོ་དྲུག་སྟེ། དེ་ལྟར་ཉི་ཁྲི་བཞི་སྟོང་གསལ་བར་སྒོམ་ལམ་རྫོགས་ལ། ནམ་མཁའ་ཁྱབ་པ་སོགས་སུ་གསལ་བས་མཐར་ལམ་རྫོགས་པས། ཕྱག་རྒྱ་སྤྲོས་པའི་སྒོ་ནས་ལམ་བགྲོད་པའམ་ཡང་ན་ཕྱག་རྒྱ་སྤྲོས་པའི་ལྷ་རྣམས་ལ་ལྷ་དགུ་ཉིད་བཅུ་དང་ལྡན་པར་བྱས་ནས། དེ་ལ་ལོངས་སྤྱོད་ལྔ་ལ་སོགས་པ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ལ་སྦྱར་བར་བྱའོ། །ཡང་ན་ཐོད་རྒལ་བ་འགའ་ཞིག་གིས། དེ་ཏིང་། ཀུན་ཏིང་གཉིས། ཕྱག་རྒྱ་གཅིག་ཕྲ་རགས་གཉིས་དང་བཞི་གོང་དུ་སོང་ནས། ལྔ་པའི་ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་སྒོམ་པ་འབའ་ཞིག་གིས་ལྷག་བཅས་དང་ལྷག་མེད་གཉིས་སུ་མྱ་ངན་ལས་འདས་པའི་ཚུལ་དུ་ཚེ་རྣམ་གཉིས་ཀྱི་འབྲས་བུ་ཐོབ་པར་འགྱུར་བའང་གི་སྒྲས་ཡོད་པ་ཙམ་བར་ཆད་མེད་པའི་ཚོགས་བསྒྲུབ་པ་དང་། དྲང་། ཐོད་རྒལ་བ་ལྟར་ཕྱག་རྒྱ་སྤྲོས་པ་དེ་ཉིད་ཀྱི་སྒོ་ནས་མཐོང་ལམ་ཐོབ་པ། མཐར་ཆགས་པའི་བློ་དང་མི་འཚམ་པ་ལོངས་སྤྱོད་ལྔ་ལྔ་སྤྱོད་པའི་ཐབས་ཚོམ་བུ་ཚོགས་བསྒྲུབ་རང་གི་སྒོ་ནས་མཐོང་ལམ་ལ་སྦྱོར་བར་བྱེད་པ་ལ་བསྒྲུབ་གཞི་ཕུན་སུམ་ཚོགས་པ་ལྔའམ་བཞི་ཡིས་གཞི་བཟུང་སྟེ། བཞི་གང་ཞེ་ན། སྒྲུབ་པ་པོ་ཕུན་སུམ་ཚོགས་པ་དང་། གནས་དང་། དུས་དང་། ཡོ་བྱད་བཞིའམ། སྒྲུབ་ཐབས་ཕུན་སུམ་ཚོགས་པ་ལྔར་བཤད་པ་ཡང་སྣང་། དེ་ལ་སྒྲུབ་པ་པོ་ནི། སྟོན་པ་རྡོ་རྗེ་རྒྱལ་པོ། འཁོར་རྒྱལ་ཐེབས། ལས་ཀྱི་ཀརྨ་གདངས་ཅན། གིང་མཚམས། ཐོ་སྲུང་བྱ་རོག །གཡོས་མ། རྡུལ་ཕྱགས་ཀྱི་སྐྱེས་བུ་ལ་སོགས་རྣལ་འབྱོར་ཕོ་མོ་རྣམས་སོ། །གནས་ནི། ས་བཟང་ཞིང་། མི་དང་མི་མ་ཡིན་གྱི་གནོད་པ་མེད་པའི་སར་ས་ཆོག་ཚར་ནས། གནས་སྐོར་ཁང་སུམ་རིམ་དུ་རྩིག་ཅིང་བྱུག་བསྲུང་བྱ་བ་དང་། དུས་ནི་བརྒྱད་དང་རྒྱལ་འཛོམ་པ་ལ་སོགས་དུས་ཚོད་གཟའ་སྐར་བཀྲ་ཤིས་པ་ལ་ཞུགས་ནས་ཟླ་བ་དྲུག་གམ། ལོ་གཅིག་གམ། ཟླ་བ་བཅུ་དྲུག་རྣམས་སོ། །ཡོ་བྱད་ནི། བཟའ་བཏུང་། བྲོ་གར། གླུ་ཚིག་སྒྲའི། གསང་བ་ཨཱ་ལི་ཀཱ་ལི། སྒྲུབ་པའི་ཡོ་བྱད་རྣམས་སོ། །ལམ་རིམ་དང་སྒྲུབ་ཐབས་རྣམས་ནས་ཇི་ལྟར་བཤད་པ་བཞིན་ཚོགས་པར་བྱས་ལ་སྒྲུབ་ཐབས། བསྙེན་སྒྲུབ་ཡན་ལག་བཞི་ཡིས་གཞུང་བསྲངས་ཏེ། དེ་ལ་བསྙེན་སྒྲུབ་བཞི་ལ་འདོད་ལུགས་མང་ཡང་། འདིར་གསུམ་དུ་འདོད། དང་པོ་ལམ་དུས་ཀྱི་བསྙེན་སྒྲུབ་བཞི་ནི། དེ་ཏིང་། ཀུན་ཏིང་གཉིས་བསྙེན་པ། ཕྱག་རྒྱ་གཅིག་སྤྲོས་གཉིས་ཉེ་བསྙེན། ལོངས་སྤྱོད་ལྔའི་ཚོགས་བསྒྲུབ་པ་ནི་སྒྲུབ་པ། དེའི་དུས་སུ་ཨཱ་ལི་ཀཱ་ཉམས་སུ་ལེན་པ་ནི་སྒྲུབ་པ་ཆེན་པོ། སྒྲུབ་པ་དུས་ཀྱི་བསྙེན་སྒྲུབ་བཞི་ནི། དཀྱིལ་འཁོར་བྲིས་ཤིང་རྫས་བཀོད་པ་དང་། ཕྱི་མཆོད་བྱ་ཞིང་མཚམས་གཅོད་པ་རྣམས་ནི་སྔོན་དུ་འགྲོ་བ་བྱ་བ་ལས་ཀྱི་བསྙེན་པའོ། །སྔོན་འགྲོ་ནས་བཟུང་སྟེ་རྣལ་འབྱོར་ཕོ་མོ་རྣམས་ཀྱི་མི་གྲངས་ལྷ་གྲངས་སྤྲད་པའམ། ཡང་རྣལ་འབྱོར་པ་གཅིག་གིས་ལྷ་ཀུན་བསྒོམས་ནས་སྒྲུབ་པ་ཅི་ཙམ་བྱེད་པའི་ཞག་གྲངས་ཕྱེད་ཡན་ཆད་ལ། འོད་ཟེར་དཀར་པོ་ཕྱིར་སྤྲོས་པ་ཏིང་ངེ་འཛིན་གྱི་སྣོད་དག་པར་བྱེད་པ་ནི་ཉེ་བ་བསྙེན། ནུབ་ཐ་མ་མ་གཏོགས་པའི་ཕྱེད་མན་ཆོད་ལ་འོད་ཟེར་དམར་པོའི་འཕྲོ་འདུའི་ཏིང་ངེ་འཛིན་གྱི་བཅུད་དག་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱེད་པ་ནི་སྒྲུབ་པ། ནུབ་ཐ་མ་ལ་འོད་ཟེར་མཐིང་ག་ཚུར་བསྡུ་བས། ཏིང་ངེ་འཛིན་སྣོད་བཅུད་གཉིས་ཀའི་རྒྱུད་དག་པར་བྱེད་པ་ནི་སྒྲུབ་པ་ཆེན་པོ་སྟེ། དེ་ལྟར་བསྙེན་སྒྲུབ་བཞི་དང་ལྡན་པའི་སྒོ་ནས་ལམ་ཚོགས་བསྒྲུབ་པའི་ཞག་གྲངས་ཀྱི་ཚད་རྒྱུད་ནས་བཤད་པ་ལྟར་ཚང་ནས། དངོས་གྲུབ་ཀྱི་རྟགས་བྱུང་ན་དངོས་གྲུབ་བླང་བའི་རྟགས་སྒྲུབ་ཆེན་རྒྱས་བཤད་ལས། ལྷ་དང་རྫས་གཉིས་ཏེ། དང་པོ་ལྷའི་སྒོ་ནས་དངོས་གྲུབ་བླང་བ་ནི། ལྷ་ཡེ་ཤེས་སེམས་དཔའ་ལ། བདག་དམ་ཚིག་སེམས་དཔའ་དངོས་གྲུབ་ཀྱི་སྙིང་པོ་བཟླས་ཤིང་བླངས་པ་ལ། དེ་ཡང་སྐུ་གསུང་ཐུགས་སོགས་དཀྱིལ་འཁོར་རང་དང་མཐུན་པར་སྦྱར་ཏེ། སྐུའི་དཀྱིལ་འཁོར་ཡིན་ན་སྤྱི་བོ་ནས་བསྟིམ་པ་ལ་སོགས་པ་རང་རང་གི་གནས་སུ་བསྟིམ་ཞིང་བརྟན་པར་བྱ་བ་སྟེ། ཡང་ན་ཐུགས་སྒྱུ་དྲ་བ་དབང་བཙན་དུ། ཚོམ་བུ་ལྔ་པ་ལ་གནས་ལྔར་བསྟིམ། ཚོམ་བུ་གསུམ་པ་ལ་གནས་གསུམ། ཚོམ་བུ་གཅིག་པ་ལ་ཐུགས་ཀར་བསྟིམས་པར་ཡང་བཞེད་དོ། །ལམ་རིམ་དང་རྒྱས་པ་གཉིས་ལས། དཀྱིལ་འཁོར་མཐུན་པ་ཉིད་དུ་སྦྱར། །གནས་སུ་བསྟིམ་ཞིང་བརྟན་པར་བྱ། །ཞེས་གསུངས། རྫས་ཀྱི་སྒོ་ནས་དངོས་གྲུབ་བླང་བའི་ཐབས་ལ་འདོད་ཡོན་ལྔ་ལ་ལོངས་སྤྱོད་ཀྱང་། ཁྱད་པར་དུ་སྦྱོར་སྒྲོལ་གཉིས་པོ་བླང་དགོས་ཏེ། དེ་ལ་སྦྱོར་བ་དུས་ཀྱི་བསྙེན་སྒྲུབ་རྣམ་བཞི་ནི། ཡུམ་མཚན་ཉིད་དང་ལྡན་པ་ཁྲུས་དང་ཆོས་བཤད་ནས་སྟ་གོན་ལ་གནས་པ་བསྙེན་པ། མཁའ་གསང་བྱིན་གྱིས་བརླབས་སྦྱོར་བའི་བརྡས་བསྐུལ། འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པར་བྱས་པ་ཉེ་བསྙེན་ཕྱག་རྒྱ་བཞིས་རོལ་པ་ནི་སྒྲུབ་པ། ཉི་ཟླ་རྡོ་རྗེའི་ལྕེས་བླང་བ་ནི་བསྒྲུབ་པ་ཆེན་པོ་སྟེ། ནུབ་ཐ་མ་ལ་མཐོང་ལམ་གྱི་ཡེ་ཤེས་ཆེན་པོ་རྒྱུད་ལ་སྐྱེ་བར་བྱེད་པ་དངོས་གྲུབ་ཆེན་པོ་ཡུམ་གྱི་མཁའ་ནས་བླང་བའི་ཐབས། དེ་ཡང་ལམ་རིམ་ལས། དངོས་སུ་མཆོད་པ་རྣམ་གཉིས་སུ། །གཙོ་རུ་དགོས་པ་གང་ཡིན་ལ། །ཞེས་གསུངས་སོ། །དེ་ཡང་སྒྲུབ་པའི་ཡན་ལག་ནི། རྩ་རྒྱུད་ལས། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པ། །ཞེས་པས། དམ་ཚིག་མ་ཉམས། ལྟ་སྒོམ་གདིང་དུ་གྱུར་ཅིང་། ཤེས་རབ་དང་བརྩོན་འགྲུས་དེ་རྣམས་ཚངས་ན་ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་མེད་པ། རབ་ཚེ་དབང་རིག་འཛིན། དེ་འོག་རྣམ་སྨིན་རིག་འཛིན་ཚེ་འདིར་ཐོབ་ལ། གང་གི་སྒྲུབ་པའི་ཡན་ལག་ལྔ་གསུམ་བཅོ་ལྔ་ལ་སོགས། དེ་ཙམ་ཅུང་མིན་ཏེ་མ་ཚང་ན། སྐྱེ་བ་ཕྱི་མའམ་ལན་གྲངས་བདུན་ཚུན་ཆད་ཚེ་དབང་ཐོབ་ལ། དེར་མ་ཐོབ་ན་སྐྱེ་བ་ལན་གྲངས་གཞན་ཉིད་དུ་རྣམ་སྨིན་ཐོབ་པ་ལ་མི་འདའ་བའམ། དེ་ཡང་མཚན་ཉིད་ལྟར་བསྐལ་པ་གྲངས་མེད་ནི་ཐོགས་པ་མ་ཡིན་ནོ། །འོ་ན་ཚོམ་བུ་ཚོགས་སྒྲུབ་ཀྱི་སྐབས་དེར་ཐོད་རྒལ་འབྱུང་སྟེ། རྩ་རྒྱུད་ཀྱི་ནང་དུ་ཚོམ་བུ་གཅིག་པའི་སྐབས་སུ། གཉིས་མེད་གྱུར་ན་ཕྱག་རྒྱ་ཆེ། །ཞེས་གསུངས་པས། འབྲས་བུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་གསུམ་པའི་སྐབས་ན། རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་ལྷུན་གྲུབ་རིག་འཛིན་དང་། ལྔ་པའི་སྐབས་ན། དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །ཅེས་པས། འབྲས་བུ་སངས་རྒྱས་ཐོབ་པར་བཤད། །ཅེ་ན་ཚོགས་སྒྲུབ་ནས་ཐོད་རྒལ་འབྱུང་བའི་ལུགས་ནི་མ་ཡིན་ཏེ། ཚེ་དབང་ནས་ཐོད་རྒལ་འབྱུང་བའི་ལུང་ཡིན་ཏེ། ཚོམ་བུ་གཅིག་པ་བསྒྲུབས་ནས་ཚེ་དབང་བསྒྲུབ་པ་དེས། ལོ་སྟོང་དྲུག་བརྒྱ་རེད་ནས། ཕྱག་རྒྱ་ཆེན་པོ་ཐོབ་ལ། ཚོམ་བུ་གསུམ་པ་བསྒྲུབས་ནས་ཚེ་དབང་ཐོབ་པ་དེས། ལོ་སྟོང་དྲུག་བརྒྱ་རེད་ནས་ལྷུན་གྲུབ་ཐོབ་པ་སྟེ། ལམ་རིམ་ནས། བརྒྱ་ཕྲག་ཆ་རྫོགས་དུས་བར་དུ། །གོམས་བྱས་གཉིས་ཐོབ་མཐའ་སྐད་ཅིག །ཅེས་གསུངས། ཚོམ་བུ་ལྔ་པ་བསྒྲུབས་ནས་ཚེ་དབང་ཐོབ་པ་དེས། ལོ་སྟོང་དྲུག་བརྒྱ་རེད་ནས་སངས་རྒྱས་ཐོབ་པ་ཡིན་ཏེ། རྩ་རྒྱུད་ལས། དེ་ཚེ་བཅུ་དྲུག་ཚུན་ཆོད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པར་འགྱུར། །ཞེས་པ་དང་། ལམ་རིམ་ལས། ཚེ་ནི་བཅུ་དང་དྲུག་པའོ། །བརྒྱ་ཕྲག་དག་ཏུ་བསྒྱུར་ཞིང་གནས། །ལུས་མི་བོར་བར་སངས་རྒྱས་པའོ། །ཞེས་གསུངས་སོ། །འོ་ན་ཚོམ་བུའི་དཀྱིལ་འཁོར་གྱི་ལྷ་ལ་བཟང་ངན་ཡོད་པར་འགྱུར་རོ། །ཞེ་ན། ལྷ་ལ་བཟང་ངན་ཡོད་པ་མ་ཡིན་ཏེ། ལམ་པའི་བློ་ལ་ཆེ་ཆུང་ཡོད་པས་རྒྱུ་ཚོགས་བསྒྲུབ་པའི་དུས་སུ་ལྷ་ཡང་མང་ཉུང་གི་ཁྱད་པར་གྱིས། འབྲས་བུ་ལམ་གོང་མར་སྦྱོར་བའི་དུས་སུ། མཐོ་དམན་འབྱུང་བ་ཡིན་ནོ། །འོ་ན་ཚོམ་བུ་གཅིག་གསུམ་ལྔ་བསྒྲུབ་པའི་རྣམ་སྨིན་རིག་འཛིན་ལ་ཡང་། བློ་རབ་འབྲིང་ཐ་མ་གསུམ་ཡོད་པས། ཐོད་རྒལ་འབྱུང་ངམ་ཞེ་ན། མི་འབྱུང་སྟེ། རྣམ་སྨིན་རིག་འཛིན་གྱི་དངོས་འབྲས་ཕྱག་རྒྱ་ཆེན་པོ་ཡི་རིག་འཛིན་ཁོ་ན་ལས་མི་ཐོབ་པའི་ཕྱིར། བརྒྱུད་འབྲས་ལམ་གོང་མ་ལྷུན་གྲུབ་ལ་སྦྱོར་བའི་དུས་སུ། མྱུར་བུལ་ཡོད་པས་ཁྱད་པར་ཤིན་ཏུ་ཆེའོ། །གསུངས། སྤྱིར་ཐོད་རྒལ་གྱི་འབྱུང་ས། གོ་བ། འབྱུང་བའི་རྒྱུ་དང་གསུམ་ལས། དང་པོ་ཐོད་རྒལ་འབྱུང་བའི་ས་ནི། ཟག་བཅས་ལམ་གྱི་སྐབས་སུ་ཕྱག་རྒྱ་གཅིག་སྤྲོས་ན་འབྱུང་སྲིད་ལ། ཁྱབ་པ་ནི་མེད་དོ། །ཟག་མེད་ཀྱི་ལམ་གྱི་སྐབས་སུ་ཚེ་དབང་དང་ཕྱག་རྒྱ་ཆེན་པོ་གཉིས་ཀྱི་ནང་ནས་འབྱུང་སྲིད་ཀྱི་ཁྱབ་པ་ནི་མེད་དོ། །གཉིས་པ་ཐོད་རྒལ་གྱི་གོ་བ་ནི། ལམ་བར་ནས་བོར་ནས་གྲངས་ཀྱི་འོག་མ་དོར་ཅིང་གོང་མ་ལ་སྦྱར་བ་ཞིག་ཡིན་ནོ། །གསུམ་པ་ཐོད་རྒལ་འབྱུང་བའི་རྒྱུ་མཚན་ནི། ལམ་རིམ་གྱིས་ས་གང་ཞིག་གིས། ལམ་བར་ནས་བོར་དུ་ཡོད་པ་དང་གཅིག །ངང་གི་བློ་ཆེ་བ་དང་གཉིས། སྣང་སྟོང་དབྱེར་མེད་བསྒོམ་ནུས་པ་དང་གསུམ་པོ་གཞི་གཅིག་ལ་ཚོགས་ནས་འབྱུང་གིས། དེ་ལས་གཞན་དུ་ནི་མི་འབྱུང་བ་ཡིན་ཏེ། དེ་ཏིང་། ཀུན་ཏིང་གཉིས་ནི། སྣང་སྟོང་དབྱེར་མེད་བསྒོམ་མི་ནུས་པའི་ཕྱིར། ཐོད་རྒལ་མི་འབྱུང་། ཚོམ་བུ་སྒྲུབ་པ་དང་མཐར་ལམ་ལྷུན་གྲུབ་རིག་འཛིན་གཉིས་ནི་ལམ་བར་ནས་བོར་དུ་མེད་པས་ཐོད་རྒལ་མི་འབྱུང་། འོ་ན་ཚོགས་སྒྲུབ་ལམ་བོར་དུ་ཡོད་ཅེ་ན་མ་ཡིན་ཏེ། ཚོགས་སྒྲུབ་པའི་སྟེང་ནས་ལུས་མ་བོར་འབྲས་བུ་ཐོབ་ན་ཚེ་དབང་ལུས་བོར་ནས་ཐོབ་ན་རྣམ་སྨིན་ཡིན་པས་སོ། །དེ་ཡང་ལམ་རིམ་ལས། ལམ་མཆོག་དབྱེ་ས་གཅིག་ཡིན་ནོ། །ཞེས་གསུངས་སོ། །རྣམ་སྨིན་རིག་འཛིན་ནི་སྣང་སྟོང་དབྱེར་མེད་བསྒོམ་ནུས། ལམ་བོར་དུ་ཡོད་ཀྱང་། ངང་གིས་བློ་ཆུང་བས་སྣང་བ་ལས་ཤུགས་བཀག །ཞད་ཙམ་རེད་པས་ལུས་པོར་དགོས་པས་ཐོད་རྒལ་མི་འབྱུང་སྟེ། ལམ་རིམ་ལས། སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །ཅེས་གསུངས་སོ། །མཐར་ལམ་གྱི་ཏིང་ངེ་འཛིན་ནོ། །དྲང་། དེས་རྒྱ་མཚོའི་ནང་དུ་ཉི་འོད་རིན་པོ་ཆེ་དང་། མེ་འོད་རིན་པོ་ཆེ་དང་། རླན་མེད་པའི་རིན་པོ་ཆེ་དང་། མཐར་ཐུག་པའི་ནོར་བུ་རིན་པོ་ཆེ་དང་བཞི་ཡོད་པ་ཡི་སྟོབས་ཀྱིས་རྒྱ་མཚོ་ལ་འཕེལ་འགྲིབ་མི་འབྱུང་། འབྱུང་བ་འཇིག་ཆགས་འབྱུང་བའི་དུས་སུ། ཉི་འོད་ཀྱི་འོད་ཕོག་པས་རྒྱ་མཚོའི་ཆུ་སྤངས་པ་མེད་པར་ཞོ་རུ་འགྱུར། མེ་འོད་ཕོག་པས་མར་དུ་འགྱུར། རླན་མེད་པའི་འོད་ཕོག་པས་མེ་རུ་འགྲོ། མཐར་ཐུག་པའི་ནོར་བུའི་འོད་ཕོག་པས་ཐམས་ཅད་སྟོང་ཞིང་མི་སྣང་བར་འགྱུར་བ་ཅི་བཞིན་དུ་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་ཐོབ་པ་དང་། མཐར་སངས་རྒྱས་སུ་འགྱུར་བ་ལའང་། དཔེ་འདི་ལྟར་གྱི་དོན་ནི་མཐོང་ལམ་སྒོམ་ལམ་མཐར་ལཾ་གྱི་བར་དུ་རིམ་པར་སྦྱར་ནས། འབྲས་བུ་སངས་རྒྱས་ཀྱི་ས་ཐོབ་པ་ལ་གདོན་མི་ཟ་ཡིན་ཏེ། ཚོགས་སྒྲུབ་འདི་ཉིད་ཀྱི་སྟེང་ནས། མཐར་ལམ་ཚེ་རྣམ་གཉིས་ཐོབ་པ་ནི། ཉི་འོད་ཀྱིས་ཆུ་ཞོར་འགྱུར་བ་བཞིན་དུ། ཟག་བཅས་ཀྱི་ཉོན་མོངས་དེ་ཉིད། ཟག་མེད་ཀྱི་ཡེ་ཤེས་སུ་འགྱུར་ལ། སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པ་དེའི་དུས་སུ། དེ་བས་ཀྱང་སྟོབས་ཞུགས་ཏེ། མེ་འོད་ཕོག་པས་མར་དུ་འགྲོ་བ་བཞིན་དུ། མཐོང་ལམ་དུ་ད་རུང་ཀུན་འགྲོའི་སྒྲིབ་པ་ཡོད་པ་དེ། འདིར་ཡེ་ཤེས་སུ་ཤར་ནས་རང་ལུས་རྒྱལ་བའི་སྐུར་གྱུར་པའོ། །མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་སྐབས་སུ་དེ་བས་སྟོབས་སུ་གྱུར་ཏེ། རླན་མེད་པའི་འོད་ཕོག་པས་མེ་རུ་འགྲོ་བ་བཞིན་དུ། སྒོམ་ལམ་ལ་ལྷན་ཅིག་གནས་པའི་དྲི་མ་ཡོད་དེ། འདིར་ཡེ་ཤེས་སུ་ཤར་ནས་སྐུ་ལྔ་ལྷུན་གྲུབ་ཀྱི་རིག་འཛིན་དུ་གྱུར་པའོ། །སངས་རྒྱས་པའི་དུས་སུ་དེ་བས་སྟོབས་སུ་གྱུར་ཏེ། མཐར་ཐུག་པའི་ནོར་བུའི་འོད་ཕོག་པས་ཐམས་ཅད་སྟོང་པ་བཞིན་དུ་མཐར་ལམ་ལ་ད་རུང་ཀུན་གཞི་བག་ལ་ཉལ་གྱི་དྲི་མ་ཡོད་པ་དེ། ཡེ་ཤེས་སུ་ཤར་བས་གཟུང་འཛིན་ས་བོན་དང་བཅས་པ་བཙལ་བས་མི་རྙེད་ནས། ཐམས་ཅད་ཡེ་ཤེས་ཀྱི་འཁོར་ཡུག་ཤར་བའོ། །དེ་ལྟར་དཔེ་ནི། ཕལ་ཆེན་ལས། ཀྱེ་རྒྱལ་བའི་སྲས་པོ་དག །རྒྱ་མཚོ་ཆེན་པོ་འདུས་པའི་ཆུའི་ཕུང་པོ་དེ་དག་ཀྱང་ནོར་བུ་ཉི་མའི་སྙིང་པོའི་འོད་ཕོག་ནས་ཆུའི་རང་བཞིན་སྤངས་ཏེ། འོ་མ་དང་ཞོ་རུ་འགྱུར་ཏེ་འདུག་གོ། །ནོར་བུ་རིན་པོ་ཆེའི་རླན་མེད་པའི་འོད་ཕོག་ན། འོ་མ་དང་ཞོའི་རང་བཞིན་སྤངས་ནས་མར་གྱི་ཉིང་ཁུ་ལྟར་འགྱུར་རོ། །མེའི་འོད་ཀྱི་ནོར་བུ་རིན་པོ་ཆེའི་འོད་ཕོག་ན། མར་གྱི་ཉིང་ཁུའི་རང་བཞིན་སྤངས་ཏེ། མེ་ལྟ་བུར་འབར་བར་འགྱུར་རོ། །ནོར་བུ་རིན་པོ་ཆེ་མ་ལུས་པ་མཐར་ཐུག་པའི་འོད་ཕོག་ན། ཐམས་ཅད་ལྷག་མ་མེད་ཅིང་མ་ལུས་པའི་སྣང་བར་འགྱུར་རོ། །ཞེས་གསུངས་སོ། །སྤྱོད་པ་ལ་གཉིས། བགྲང་། བསྟན་པ་དང་། དྲང་། ལམ་གྱི་ཡན་ལག་ལ་རྒྱུད་དོན་བཅུ་ཡོད་པ་ལས། ལྟ་བ་གོང་དུ་སོང་ནས། གཉིས་པ་སྤྱོད་པ་ནི། ལྟ་བ་དེ་ཉིད་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་སྐབས་འདིར་སྤྱོད་པའི་དོན་རྣམས་ཤེས་ནས་ཉམས་སུ་བླང་དགོས་པ་ཡིན་ཏེ། ཐབས་ལམ་གྲོལ་ལམ་ལྟ་བ་དང་ཏིང་ངེ་འཛིན་དེ་དག་ལས་སུ་རུང་བར་བྱེད་པའི་ཕྱིར། སྤྱོད་པའི་དགོས་ཆེད་དང་། སྤྱོད་པའི་རྣམ་གྲངས་དང་། སྤྱོད་པ་བྱེད་པའི་དུས་དང་ནི། སྤྱོད་པ་མ་བྱས་པའི་སྐྱོན་དང་། བྱས་པའི་ཡོན་ཏན་དང་། ལྔ་པོ་དེ་ཉིད་ཀྱིས་ནང་དུ་ཡོ་བྱད་དོན་རྒྱས་བཤད་དེ་རྫོགས་པ་ཡིན་ནོ། །བཤད་པའོ། །དེ་ལ་ལྔ་། བགྲང་། དགོས་ཆེད་དང་། དྲང་། བདག་དང་གཞན་གྱི་དོན་དུ་སྤྱོད་པ་བྱས་པའི་སྟོབས་ཀྱིས་བདག་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྱིར་དང་། གཞན་ཡང་སྒྲིབ་པ་དབྲི་བ་དང་། ཚོགས་སོགས་པ་དང་། ཁྱད་པར་དུ་ཐབས་ལམ་གྱི་སྤྱོད་པ་བག་ཆགས་ཀྱིས་མི་དགོས་པ་དང་། གྲོལ་ལམ་གྱི་སྤྱོད་པ་ཏིང་ངེ་འཛིན་གོམས་པར་བྱེད་ཅིང་སྟོབས་སུ་གྱུར་པའི་ཕྱིར་སྤྱོད་པ་ལ་འབད་པ་གཅེས་སོ། །རྣམ་གྲངས་ལ་གཉིས། བགྲང་། བསྟན་པ་དང་། དྲང་། དེ་ལ་སྤྱོད་པའི་རྣམ་གྲངས་ནི་གསང་བའི་སྙིང་པོ་སྒྱུ་འཕྲུལ་རྒྱས་པའི་རྒྱུད་དེ་ཉིད་ལ་གསུངས་པ་ཡི་དོན་ནི་སོ་སོ་སྐྱེ་བོ་བརླང་པོ་རང་ཁ་མའི་སྤྱོད་པ་དང་ཚུལ་མཐུན་པར། དྲི་ཆེན། དྲི་ཆུ། རཀྟ། བྱང་སེམས། ཤ་ཆེན་ཏེ་དམ་རྫས་ལྔ་དང་། མི། གླང་ཆེན། རྟ། རྨ་བྱ། ཁྱི་སྟེ་ཤ་ལྔ་དང་། སྦྱོར། སྒྲོལ། མ་བྱིན་པ། རྫུན། ངག་བརླང་པོ་སྟེ་སྤྱད་པར་བྱ་བའི་དམ་ཚིག་དང་། གཟུགས། སྒྲ། དྲི། རོ། རེག་བྱ་སྟེ་འདོད་ཡོན་ལྔ་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྔ་སྟེ། དེ་ལྟར་ཉི་ཤུ་རྩ་ལྔ་ནི་འཁོར་བ་ནག་པོའི་སྤྱོད་པ་དང་ཚུལ་མཐུན་ཡང་། གསང་སྔགས་ཀྱི་ལྟ་བས་ཟིན་ན་ཉོན་མོངས་པ་མ་སྤངས་ལོངས་སྤྱོད་ཀྱང་ཉོན་མོངས་པ་དེ་ཉིད་ཀྱིས་མི་གོས་ན་ནག་པོས་འདུལ་བའི་ཐབས་ཇི་སྙེད་པ་ཞིག་གསུངས་པ་ནི་སྔགས་ཕྱི་པ་མན་ཆད་དང་ཐུན་མོང་མིན་པ་སྟེ་ཐབས་ལམ་གྱི་སྤྱོད་པ་དང་། དེ་ལས་བཟློག་པ་དཀར་པོའི་སྤྱོད་པའི་ཁྱད་པར་གྲོལ་ལམ་གྱི་ཏིང་ངེ་འཛིན་གྱི་སྐབས་ཀྱི་སྤྱོད་པ་ནི། གྲོལ་ལམ་གྱི་སྤྱོད་པ་དེ་དང་ཐེག་པ་འོག་མའི་ལམ་གྱི་སྐབས་སོ་སོར་སྤྱོད་ལུགས་སུ་མཐུན་པའོ། །བཤད་པའོ། །དེ་ལ་གཉིས། བགྲང་། ཐུན་མོངས་མ་ཡིན་པའི་ཐབས་ཀྱི་སྤྱོད་པ་དང་། དྲང་། འདོད་ཆགས་ལ་ཞེན་པའི་གང་ཟག་གི་ལམ་བགྲོད་པ་ལ་ཆགས་རྟོག་དེ་ཉིད་མ་སྤངས་པས་ལམ་དུ་ཁྱེར་བ་མཐར་ཆགས་སུ་རྟོགས་པ་དེ་ཉིད་ཡེ་ཤེས་སུ་ཤར་ནས་གྲོལ་བ་ན། དེ་ལྟར་དུ་དུག་ནད་ཅན་ལ་སྨན་དུ་དུག་ཁོ་རང་བཅུད་ལེན་དུ་བཏང་བས་དུག་ནད་ལ་ཕན་པ་བཞིན་དུ་ཞེན་ཆགས་ཅན་གྱི་རྣལ་འབྱོར་པ་བདག་གྲོལ་བ་དང་རང་རྒྱུད་གྲོལ་བའི་སྟོབས་ཀྱིས། ཆགས་ཞེན་གྱིས་གང་ཟག་གཞན་རྣམས་ཀྱི་རྒྱུད་གྲོལ་བར་ནུས་པ་ཡིན་ཏེ། དེས་ན་བདག་གཞན་གཉིས་ཀའི་དོན་རྣམས་ཉམས་སུ་བླང་བ་ལ་ཆགས་རྟོག་དེ་ཉིད་སྤང་མི་དགོས་པས་ན་ཐབས་ཆེ་བ་དང་། དེ་ཉིད་ཀྱི་དྲི་མས་མི་གོས་ཤིང་ཉོན་མོངས་ཡེ་ཤེས་སུ་ཤར་བས་ན་ཐབས་མཁས་པའི་ཕྱིར་ན། ཐབས་ཀྱི་སྤྱོད་པ་ཞེས་བྱ་བའི་སྒོ་ནས་འཇོག་པའོ། །གྲོལ་ལམ་གྱི་ཁྱད་པར་ལམ་དང་སར་མཐུན་པའི་སྤྱོད་པའོ། །དེ་ལ་གསུམ། བགྲང་། དཔེའི་སྒོ་ནས་མདོར་བསྟན་པ་དང་། དྲང་། ཅིག་ཤོས་ཏེ་ཁ་ཅིག་གྲོལ་ལམ་པའི་སྤྱོད་པ་དེ་ནི་ལྟ་བ་གཏན་ལ་ཕེབ་པའི་དུས་སུ་དམངས་ཏེ་བྲན་ལྟ་བུའི་སྤྱོད་པ་དང་། དེ་ཏིང་། ཀུན་ཏིང་། ཕྱག་རྒྱ་གཅིག་པའི་སྐབས་སུ་རྗེ་སྟེ་བློན་པོ་ལྟ་བུའི་སྤྱོད་པ་དང་། ཕྱག་རྒྱ་སྤྲོས་པའི་སྐབས་སུ་བྲམ་ཟེ་ལྟ་བུའི་སྤྱོད་པ་དང་། ཚོམ་བུ་ཚོགས་བསྒྲུབ་པའི་སྐབས་སུ་རྒྱལ་ཕྲན་ལྟ་བུའི་སྤྱོད་པ་དང་། ཟག་མེད་རིག་འཛིན་བཞིའི་སྐབས་སུ་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལྟ་བུའི་སྤྱོད་པ་དང་ལྔ་མི་འདྲ་བའི་རིམ་པ་ཡོད་པ་བཞིན་དུ། དཔེ་དོན་རྒྱས་པར་བཤད་པ་ནི་འདི་ལྟ་སྟེ། དོན་གྱི་སྒོ་ནས་རྒྱས་པར་བཤད་པ་ལ་ལྔ། བགྲང་། རྒྱུ་ཤེས་པའི་སྤྱོད་པ་དང་། དྲང་། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་གཏན་ལ་ཕབ་པའི་སྐབས་ཀྱི་སྤྱོད་པ་ནི། དཔེ་དམངས་ཏེ་བྲན་གྱིས་ལས་བཟང་ངན་སྣ་ཚོགས་བྱེད་དགོས་པ་བཞིན་དུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྟ་བ་ཤེས་པར་བྱ་བའི་བསླབ་བྱ་མང་པོ་ཀུན་ལ་བརྩོན་པར་བྱེད་ཅིང་སྤང་བླང་གི་དམིགས་ཤེས་པར་བྱ་བའི་ཕྱིར་ཕྱི་རོལ་པའི་གྲུབ་མཐའ་དང་། ནང་པའི་གྲུབ་མཐའ་གང་ལ་ཡང་དོར་བར་བྱ་བ་ཡོད་པ་མ་ཡིན་དེ་ཀུན་ལ་བསླབ་པར་བྱའོ། །ཏིང་ངེ་འཛིན་གྱི་སྤྱོད་པ་དང་། དྲང་། དེ་ལྟར་གཏན་ལ་ཕབ་པ་ལྟ་བའི་རྗེས་སུ། ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པ་ལ་ཡང་། དཔེ་དོན་མཚོན་པར་བྱེད་པ་གཉིས་པ་རྗེ་སྟེ་བླུན་པོའི་སྤྱོད་པ་ལྟར་དུ་ཉམས་སུ་བླངས་དགོས་ཏེ། དེ་ཡང་རྐྱེན་འཇུག་པའི་མཚན་ཉིད། ཏིང་ངེ་འཛིན་གྱི་ནང་ལ། དེ་ཏིང་། ཀུན་ཏིང་། ཕྱག་རྒྱ་གཅིག་པ་དང་གསུམ་ལ་བློན་པོ་ཡིག་ཚང་སྟེ་ཤེས་རིག་འབྱེད་ཆ་དང་ལྡན་པ་དེས་མལ་ན་འདུག་ཀྱང་། རྒྱལ་པོའི་མཐུན་ཕྱོགས་བསྒྲུབ་མི་མཐུན་ཕྱོགས་བསལ་པའི་ཐབས་ལ་བརྩོན་པ་བཞིན་དུ་དེ་ཏིང་བྱིང་བ་དང་ཆ་མཐུན་པས་དེ་སེལ་བའི་ཐབས་ཀྱིས་གདམས་ངག་གི་སྒོ་ནས་བྱིང་བ་དེ་བསལ་ནས། སྤྱོད་ལམ་རྣམ་བཞིར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་མི་འབྲལ་བར་བྱ་བ་ནི་སྟོང་ཐོག་ཏུ་སྦྱང་བ་ཡིན་ནོ། །ཀུན་ཏིང་རྒོད་པ་དང་ཆ་མཐུན་པས་དེ་བསལ་ནས་སྤྱོད་ལམ་རྣམ་བཞིར་སྟོང་པ་དེ་ཉིད་ཀྱི་རྩལ་སྙིང་རྗེ་འགག་མེད་དུ་ཤར་བ་དང་མ་བྲལ་བར་བྱ་བ་ནི་འགྱུ་ཐོག་ནས་སྦྱང་བའོ། །ཕྱག་རྒྱ་གཅིག་པའི་དུས་སུ། རིམ་གྱིས་པས་དང་པོ་ཡིག་འབྲུ་དེ་ནས་སོགས་སྒྲས་ཐུགས་ཕྱག་མཚན་སྐུ་ཡོངས་རྫོགས་ཀྱི་གྲངས་རིམ་གྱིས་བསྐྱེད་པ་དང་། ཅིག་ཆར་བས། རིམ་གྱིས་པ་ལས་བཟློག་ལ་དང་ནས་ལྷ་སྐུ་ཅིག་ཆར་དུ་བསྐྱེད་པའི་ཐབས་དང་གཉིས་ལ་བརྟེན་ནས་གནས་འགྱུ་དབྱེར་མེད་ལ་སྦྱང་བའི་སྤྱོད་པ་བྱའོ། །སྤྲོས་པའི་སྤྱོད་པ་དང་། དྲང་། ཕྱག་རྒྱ་སྤྲོས་པའི་དུས་སུ་དཔེ་བྲམ་ཟེ་གཙང་མའི་རིགས་ཀྱིས་རྫས་གང་ལ་ལོངས་སྤྱོད་པའི་དུས་སུ་སྔགས་ཀྱི་ནུས་མཐུས་སྦྱངས་ནས་ལོངས་སྤྱོད་དུ་རུང་བ་བཞིན་དུ་རིམ་གྱིས་པའི་དབང་དུ་ཟག་བཅས་ཀྱི་བདེན་པ་མཐོང་ནས་གོམས་པར་བྱེད་པ་ནི་ཚོགས་ལམ་རྣལ་འབྱོར་བཞི་ལ་ཕྱག་རྒྱ་སྤྲོས་པ་འདི་ཉིད་ཀྱི་སྐབས་ཡིན་པས། དེའི་སྤྱོད་པ་ནི། སྤྲོས་བཅས་ཀྱི་ཏིང་འཛིན་གྱིས་མཐུ་སྣང་ཐོག་ཏུ་ཞེན་པའི་སྤྱོད་ཡུལ་སྣ་ཚོགས་སུ་ཤར་བ་ལ་སྦྱང་བར་བྱའོ། །བར་ཆད་མེད་པའི་སྤྱོད་པ་དང་། དྲང་། ཚོགས་ལམ་རྣལ་འབྱོར་བཞི་གོང་དུ་སོང་ནས་ལྔ་པ་བར་ཆད་མེད་པའི་ཚོགས་བསྒྲུབ་པའི་སྐབས་སུ་དཔེ་སྐྱེ་འགྲོ་ཐམས་ཅད་ཀྱིས་སྲི་ཞུ་གུས་པའི་གནས་ནི་རྒྱལ་པོ་ཡིན་ལ། རྒྱལ་པོ་དེའི་ཆོས་ལུགས་ནི་འདོད་ཡོན་ལྔ་ལ་དད་ཅིང་ལོངས་སྤྱོད་པ་བཞིན་དུ་འདིར་ཡང་ལོངས་སྤྱོད་དང་ཡོ་བྱད་ལྔ་སྤྱོད་ཅིང་ཤིན་ཏུ་ཕྱག་རྒྱ་སྤྲོས་བཅས་ཀྱི་སྤྱོད་པ་ཉམས་སུ་བླངས་བར་བྱ་ཡང་ལྔ་པ་བསྒྲུབ་པར་བྱ་བའི་སྐབས་ལ། སྣང་བ་སོ་མའི་ཞེན་པ་ལ་སྦྱངས་དགོས་པས་འདོད་ཡོན་ལྔ་པོ་སྤྱོད་པའི་གཙོ་བོ་ལ་ཉམས་སུ་བླངས་པ་ཡིན་ནོ། །རིག་འཛིན་གྱི་སྤྱོད་པའོ། །དྲང་། དེ་ནས་ཚོགས་ལམ་རྣལ་འབྱོར་བཞི་ཡི་སྒོ་ནས་ཟག་བཅས་ཀྱི་སྤྱོད་པ་མཐར་ཕྱིན་བྱས་ནས་སྤྲོས་པའི་ཚོགས་བསྒྲུབ་པའི་སྒོ་ནས་ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་དང་བྲལ་ནས་རིག་འཛིན་ཐོབ་པའི་དུས་སྤྱོད་པ་ལྷུན་གྱིས་གྲུབ་ཀྱང་རྒྱ་ཆེ་ཆུང་ཡོད་དེ། དེ་བས་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལ་བསོད་ནམས་ལྷུན་གྱིས་གྲུབ་ཀྱང་ལྕགས་འཁོར་ཅན་གླིང་གཅིག་དང་ཟངས་འཁོར་ཅན་ཤར་ལྷོའི་གླིང་གཉིས་དང་གསེར་འཁོར་ཅན་གླིང་བཞི་དང་། དངུལ་འཁོར་ཅན་གླིང་གསུམ་ལ་དབང་བྱེད་པའི་གདུལ་བྱ་རྒྱ་ཆེ་ཆུང་གི་གོ་རིམ་ཡོད་པ་བཞིན་དུ། རིག་འཛིན་བཞི་ལ་ཡང་བདག་དོན་ཏིང་ངེ་འཛིན་སྟོབས་ཆེ་ཆུང་དང་གཞན་དོན་བྱེད་པའི་ཡུལ་གདུལ་བྱ་ལ་རྒྱ་ཆེ་ཆུང་གྱི་ཁྱད་པར་འགྱུར་བ་ཡིན་ཏེ། ལྕགས་འཁོར་ཅན་ལྟར། རྣམ་སྨིན་རིག་འཛིན་གྱི་བདག་དོན་གྱི་སྤྱོད་པ་ནི་སྤྱོད་ཡུལ་ལྷ་དང་ལྷ་མོར་རོལ་པའི་ཚུལ་དུ་སྤྱོད་ལ། གཞན་དོན་དུ་འཕྲིན་ལས་རྣམ་བཞིའི་སྒོ་ནས་གླིང་བཞི་ཚུན་ཆད་གདུལ་བྱ་ཡང་དག་པའི་དོན་ལ་དགོས་ཆེད་དོ། །ཟངས་འཁོར་ཅན་གྱིས་དེ་བས་སྟོབས་ཆེ་བ་བཞིན་དུ་ཚེ་དབང་རིག་འཛིན་གྱིས་བདག་དོན་དུ་ལོ་སྟོང་དྲུག་བརྒྱའི་བར་དུ། ཀུན་འགྲོའི་སྒྲིབ་པ་དག་པར་བྱེད་ཅིང་། ལམ་གོང་མ་རྣམས་ཁོབ་འོག་ཏུ་ཚུད་པར་བྱེད་དོ། །གཞན་དོན་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་བརྒྱ་ཚུན་ཆད་ཀྱི་གདུལ་བྱ་རྣམས་ལ། བསྐལ་པ་གྲངས་མེད་གནས་ནས་འཕོ་ལུགས་ཀྱི་ཚུལ་བསྟན་ནས་ཆོ་འཕྲུལ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་དོ། །དངུལ་འཁོར་ཅན་དེ་བས་ཀྱང་སྟོབས་ཆེ་བ་བཞིན་དུ། ཕྱག་རྒྱ་ཆེན་པོ་རིག་འཛིན། བདག་དོན་དུ་ཉི་ཁྲི་གཅིག་སྟོང་གྲངས་ཅན་གྱི་འཁོར་ལོ་མངོན་དུ་སྣང་ཞིང་ལྷན་ཅིག་གནས་པའི་དྲི་མ་དག་པར་བྱེད་ཅིང་། གཞན་དོན་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་བརྒྱ་ཕྲག་སྟོང་དེ་འདྲ་བ་བཅུའི་རྡུལ་སྙེད་དང་མཉམ་པའི་འཇིག་རྟེན་བརྒྱ་ཕྲག་སྟོང་དེ་འདྲ་བ་བཅུའི་རྡུལ་སྙེད་ཀྱིི་ཞིང་ཁམས་སུ་རྔོན་དང་སྨད་འཚོང་མ་ལ་སོགས་པ་སྤྲུལ་པའི་ལུས་ཀྱི་སྒོ་ནས་ཆོ་འཕྲུལ་བཞིས་འདུལ་བར་བྱེད་དོ། །གསེར་འཁོར་ཅན་དེ་བས་ཀྱང་སྟོབས་ཆེ་བ་བཞིན་དུ། ལྷུན་གྲུབ་རིག་འཛིན་གྱིས་རང་དོན་དུ་བག་ལ་ཉལ་ཕྲ་བ་སྦྱངས་ཤིང་། གཞན་དོན་དུ་ཞིང་ཁམས་མཐའ་ཡས་པར་གདུལ་བྱ་སྣ་ཚོགས་ལ་སྤྲུལ་སྐུའི་མཛད་པ་སྣ་ཚོགས་སྟོན་པའོ། །ལམ་རང་རང་སྤྱོད་པ་ཁྱད་པར་གྱི་སྤྱོད་པའོ། །དྲང་། འོ་ན་ལམ་གོང་མའི་སྐབས་སུ། འོག་མའི་སྤྱོད་པ་དང་། རང་རང་གི་སྤྱོད་པ་དང་གཉིས་ཀ་ལ་སྤྱོད་དགོས་པས། སྤྱོད་པ་ལ་ཁྱད་མེད་དོ། །ཞེ་ན། ཁྱད་ཡོད་དེ། ལམ་སྔ་མའི་དུས་ཀྱི་སྤྱོད་པ་དེ། ལམ་ཕྱི་མ་ལ་འཇུག་པའི་གང་ཟག་གི་རྒྱུད་ལ་རང་ཤུགས་ཀྱིས་ལྡན་ནས་ཡོད་པས། ལམ་འོག་མའི་སྤྱོད་པ་གོང་མའི་སྐབས་སུ་དངོས་སུ་སྤྱོད་པའི་རྩོལ་བ་མེད་ཅིང་དེ་བས་ན་ལམ་རང་རང་གི་སྤྱོད་པའི་བསླབ་པ་གང་ཡིན་པ་དེ། ལམ་རང་རང་གི་སྐབས་སུ་སྤྱོད་པ་གཅེས་པ་ནས། ལམ་གྱི་ས་ཚོད་མཐོ་དམན་གྱིས་ཕྱེ་བས་ན་སྤྱོད་པ་ལ་ཁྱད་པར་ཡོད་པ་ཡིན་ནོ། །དུས་དང་། དྲང་། དེ་ཡང་སྤྱོད་པ་དུས་ཚོད་དང་འབྲེལ་དགོས་པས། ལམ་དང་ས་ཡི་རིམ་པ་མཐོ་དམན་གྱི་སྐབས་དང་སྦྱར་ནས་སྤྱོད་པ་རྒྱུད་གཞུང་ནས་གྲགས་པ་བཞིན་བྱེད་དགོས་ཏེ། དེ་ལམ་མཐོ་དམན་གྱི་དོན་གོ་བ་ཙམ་གྱིས་མི་ཆོག་ཏིང་ངེ་འཛིན་གྱི་རོ་རང་རང་གིས་ཉམས་སུ་མྱོང་བའི་ཚོད་རང་རང་གིས་བཟུང་ནས། ཏིང་ངེ་འཛིན་དེ་དང་མཐུན་པའི་སྤྱོད་པ་དགོས་པས། དེ་བས་ན་ལམ་སྔ་མའི་ཏིང་ངེ་འཛིན་ལ་གོམས་པ་མཐར་མ་ཕྱིན་གྱི་བར་དུ་སྔ་མའི་སྤྱོད་པ་དགོས་ལ། ལམ་ཕྱི་མ་ལ་འཇུག་པའི་ཚེ་དེ་ནས་ལམ་ཕྱི་མ་རང་གི་སྤྱོད་ཡུལ་རྒྱུད་གཞུང་ནས་ཅི་ལྟར་བཤད་པ་བཞིན་དུ་ཉམས་སུ་བླང་བར་བྱའོ། ༈ །སྐྱོན་དང་། དྲང་། ཁྱད་པར་གྲོལ་ལམ་གྱི་སྐབས་སུ་ལམ་རང་རང་གི་སྐབས་སུ་བཤད་པའི་སྤྱོད་པ་མ་བྱས་དོར་བ་ན་ལམ་མཐར་ཕྱིན་ནས་འབྲས་བུ་ཐོབ་ཏུ་མེད་དོ། །ཐབས་ལམ་གྱི་སྤྱོད་པའི་འདོད་ཡོན་ལྔ་ལ་སོགས་ཉི་ཤུ་རྩ་ལྔ་པོ་རྣམས་བརླང་པོ་རང་ཁར་སྤྱོད་པ་ནི་བདག་དོན་དུ་མི་འགྱུར། བདག་ངན་སོང་དུ་འགྲོ། གཞན་དོན་དུ་མི་འགྱུར། གཞན་གྱིས་ཐེག་ཆེན་དུ་མི་མོས་མི་དད་ནས་སྐུར་པ་བཏབ་པས་ངན་སོང་དུ་འགྲོ་བའམ། རྗེས་སུ་འཇུག་ནས་ངན་སོང་དུ་འགྲོ། གཉིས་དོན་དུ་མི་འགྱུར། དོན་གཉིས་ལྷུན་གྱིས་མི་འགྲུབ། ཆོས་དོན་དུ་མི་འགྱུར། ཆོས་དེ་བཤད་པ་བཞིན་ཉམས་ལེན་བྱས་ནས་ངན་སོང་དུ་འགྲོ་ཞེས་ཀུན་གྱིས་སྨད་པ་དང་བཞི་འབྱུང་བ་ཡིན་ཏེ། དེའི་རྒྱུ་མཚན་ནི། འདོད་ཡོན་དང་ཉོན་མོངས་པ་རང་ཁར་སྤྱོད་པའི་དབང་དུ་སོང་བས་ཉོན་མོངས་པ་ལྔ་ལ་སོགས་པའི་སྒོ་ནས་སོ་སོའི་རྣམ་སྨིན་ཚད་ལས་འདས་པ་ཞིག་བསགས་ནས་འབྲས་བུ་ངན་སོང་གིས་སྡུག་བསྔལ་ཚད་ལས་འདས་པ་ཅིག་མྱོང་བར་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ལྟ་བ་ལ་ཕྱོགས་གཅིག་ལྟོས་ཀྱང་། སྤྱོད་པས་རྩལ་སྤྲུག་མ་ནུས་པས་བསྐལ་པ་གྲངས་མེད་གསུམ་ཐོགས་མུ་སྟེགས་པས་ལྟ་བ་མ་རྟོགས་པས་སྤྱོད་པ་བྱས་པས་ངན་སོང་དུ་འགྲོ། ཞེས་སྒྱུ་འཕྲུལ་རྒྱས་པར་གསུངས་སོ། །ཡོན་ཏན་ནོ། །དྲང་། གོང་གིས་དེ་རྣམས་རང་རང་གི་སྐབས་ལ་བཤད་པའི་སྤྱོད་པ་དེ་ཡི། ལམ་རང་རང་གི་དོན་མཐར་ཕྱིན་ནུས་པའི་ཡོན་ཏན་དེ་ཡོད་པའི་ཕྱིར་དང་། ལམ་གྱི་ཡོན་ཏན་དེ་ཡོད་པའི་དོན་གྱིས་སྤྱོད་པ་དེས་བདག་གཞན་གཉིས་པོ་འཁོར་བར་མི་ལྟུང་ནས་འབྲས་བུ་སངས་རྒྱས་ཐོབ་པའི་ཡོན་ཏན་ཡོད་དོ། །ཐབས་ལམ་གྱིས་སྤྱོད་པ་འདོད་ཡོན་ལྔ་ལ་སོགས་པ་སོ་སོ་རང་རང་ཁར་སྤྱོད་པའི་དབང་གིས་ངན་སོང་དུ་ལྟུང་ལ། ཐབས་མཁས་པའི་ལྟ་བས་ཟིན་ནས་ཚུལ་བཞིན་དུ་སྤྱོད་ན་འབྲས་བུ་སངས་རྒྱས་འཐོབ་པར་བྱེད་ཅེས་རྒྱུད་གཞུང་ལས་གྲགས་པ་བཞིན་ཡིན་ལ། གཞན་ཡང་བསག་བྱ་ཚོགས་གཉིས་རྫོགས་པར་འགྱུར་ཏེ། འདོད་ཡོན་ལྔ་ལ་སོགས་པ་ལམ་དུ་ཁྱེར་བས། མ་འགགས་པ་བསོད་ནམས་དང་། དེའི་དུས་སུ་ཆོས་ཉིད་རང་ལས་མ་གཡོས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་། ཉོན་མོངས་པ་ལྔ་ལ་སོགས་ཉི་ཤུ་རྩ་ལྔ་པོ་སྤྱོད་པའི་དྲི་མས་མི་གོས་ལ། སྒྲིབ་པ་དབྲི་བ་སྟེ་དག་པར་འགྱུར་རོ། །འཕྲིན་ལས་ལ་གཉིས་ཏེ། བགྲང་། བསྟན་པ་དང་། དྲང་། ལམ་གྱི་ཆ་རྐྱེན་ལ་གསུམ་པ་འཕྲིན་ལས་བྱ་བའི་སྡོམ་ཚིག་ནི། འདི་ལྟ་སྟེ། འཕྲིན་ལས་བྱ་བའི་དགོས་ཆེད་དང་། འཕྲིན་ལས་ཀྱི་ངོ་བོ་ངོས་བཟུང་དང་། འཕྲིན་ལས་ཀྱི་ངེས་ཚིག་གམ་སྒྲ་དོན་བཤད་པ་དང་། འཕྲིན་ལས་ལ་རྣམ་གྲངས་དུ་ཡོད་པ་དང་། འཕྲིན་ལས་བྱ་བའི་ཐབས་དངོས་དང་སྐབས་གར་མཁོ་བ་དང་། འཕྲིན་ལས་ཁྱད་པར་ཡོད་ཚུལ་དང་། མ་བྱས་པའི་སྐྱོན་དང་། བྱས་པའི་ཡོན་ཏན་དང་དགུ་ཡིས་ནི་ཕྲིན་ལས་རྒྱས་བཤད་དེ་རྫོགས་པ་ཡིན་ནོ། །བཤད་པའོ། །དེ་ལ་དགུ་སྟེ། བགྲང་། དགོས་ཆེད་དང་། དྲང་། བདག་དོན་བསྒྲུབ་པ་དང་གཞན་དོན་བསྒྲུབ་པ་དང་། བདག་གཞན་གཉིས་ཀའི་དོན་ལྷུན་གྲུབ་བསྒྲུབ་པ་དང་། དམ་པའི་ཆོས་དོན་དུ་འགྱུར་བས་བྱེད་པའི་དགོས་ཆེད་ཡོད་པའི་ཕྱིར་ན། ཞི། རྒྱས། དབང་། དྲག །ལྷུན་གྱི་གྲུབ་པའི་འཕྲིན་ལས་རྣམ་པ་ལྔ་པོ་དེ་དཔེ་ཞིང་ལ་ས་བོན་བཏབ་པ་དང་རྐྱེན་ཆུ་ལུད་བཀྱེ་ནས་འབྲས་བུ་སྨིན་ཏེ་ཆུད་མི་ཟ་བ་བཞིན་དུ། བདག་གཞན་གྱི་དོན་བསྒྲུབས་ནས་འབྲས་བུ་ཆུད་མི་ཟ་བར་འབྱུང་བར་བྱེད་པ་ལ། འཕྲིན་ལས་རྣམ་པ་ལྔ་དང་དང་དུ་བླང་དགོས་པ་ལ། དེའང་དབང་པོ་རབ་ཀྱིས་ཏིང་ངེ་འཛིན་ཁོ་ནས་འབྲིང་གིས་ཏིང་ངེ་འཛིན་དང་སྔགས་གཉིས་ཐ་མ་མཚན་བཅས་ཀྱི་སྒོ་ནས། རྫས། སྔགས། ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་ནུས་ཚད་དང་སྦྱར་བར་བྱའོ། །ངོ་བོ་དང་། དྲང་། དེ་ཡང་ཕྲིན་ལས་རྣམ་བཞིའི་གདུལ་བྱ་ལ་ཕྱི་ནང་གཉིས་གཉིས་ཏེ་ཟུང་དུ་བརྩིས་པས་བཞི་པོ་སྟེ། ཞི་བ་ལ། ཕྱི་ལ་ནད་དང་། བགེགས་དང་། དགྲ་མ་ཞི་བ། ནང་དུ་ཉོན་མོངས་པ་རྣམ་རྟོག་མ་ཞི་བའོ། །རྒྱས་པ་ལ་ཕྱི་ལ་གསོ་འཕེལ་གཉིས་ཏེ། ན་བ། ཤི་བ། ལོ་ཐོག་སྲིའུ་ལ་སོགས་གསོ་དགོས་པ་དང་། ཚེ་དང་རིགས་རྒྱུད་ལོངས་སྤྱོད་བསོད་ནམས་མ་འཕེལ་བ་དག་དང་། ནང་དུ་སྐུ་དང་ཡེ་ཤེས་མ་རྒྱས་པའོ། །དབང་ལ། ཕྱི་ལ་གཟུངས་མ་འགུགས་པ་ལ་སོགས་དང་། དགྲ་བགེགས་རྣམ་གཉིས་དབང་པོ་བསྒྱུར་མ་ནུས་པ། ནང་དུ་སྐུ་ལྔ་ལ་སོགས་འབྲས་བུའི་ཆོས་དབང་དུ་བསྡུ་མ་ནུས་པའོ། །དྲག་པོ་ལ། ཕྱི་ལ་དགྲ་བགེགས་བསྐྲད་མནན། སྨྱོ་འབོགས་བྱེད་དང་སྐམ་པ་དང་། རྨོངས་དང་། གཏན་སྤངས་རྒྱུད་གཞུང་དུ་འཕོ་བ་རྣམས་མ་ནུས་པ། ནང་ལ་ཉོན་མོངས་པའི་དགྲ་བགེགས་མ་འཇོམས་པ་ཡོད་པས་དེ་རྣམས་འདུལ་བར་ནུས་པའི་མཐུ་ཆེན་པོ་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་པ་བཞི་འབྱུང་བ་དང་། ཕྲིན་ལས་གཅིག་གིས་གདུལ་བྱ་ཕྱི་ནང་ཟུང་བཞི་པོ་ཀུན་འདུལ་ནུས་པའི་མཐུ་ཅན་ནི། ལྷུན་གྲུབ་ཕྲིན་ལས་ཏེ་སོགས་ཀྱི་སྒྲས། འཇིག་རྟེན་ལས་འདས་པའི་བྱ་བྱེད་ཀྱི་ལས་ཀུན་ཀྱང་འཕྲིན་ལས་ཀྱི་ནང་དུ་བསྡུས་པས། དེ་ལྟར་ལྔ་པོ་གདུལ་བྱ་གདུལ་བྱེད་གང་ཡིན། འཇོམས་པ་དེ་ཕྲིན་ལས་ཀྱི་ངོ་བོ་ཡིན་ནོ། །ངེས་ཚིག་དང་། དྲང་། སྡུག་བསྔལ་གྱི་ཟུག་རྔུ་སྟེ། ཕྱི་ལ་ནད་བགེགས་དགྲ་དང་། ནང་དུ་ཉོན་མོངས་པ་རྣམ་རྟོག་ཞི་བའི་ཕྱིར་ན་ཞི་བའི་སྒྲར་འཇུག་པ་དང་། འཕེལ་བར་བྱ་བ་ཕྱི་ལ་ན་ཤི་ལ་སོགས་གསོ་བ་དང་། ཚེ་རིང་རྒྱུད་ལ་སོགས་འཕེལ་བ་དང་། ནང་དུ་སྐུ་དང་ཡེ་ཤེས་ཏེ། དེ་ལྟར་གཉིས་པོ་འཕེལ་བའི་ཕྱིར་ན་རྒྱས་པའི་སྒྲར་འཇུག་པ་དང་། གཟུངས་མ་ལ་སོགས་དགུག་པ་དང་། དགྲ་བགེགས་གཉིས་དབང་པོ་བསྒྱུར་བ་དང་། འབྲས་བུ་སྐུ་ལྔ་ལ་སོགས་བཞི་པོ་དབང་དུ་བསྡུས་པའི་ཕྱིར་ན་དབང་གི་སྒྲར་འཇུག་པ་དང་། ཕྱི་ལ་དགྲ་བགེགས་དང་ནང་དུ་ཉོན་མོངས་པའི་གདུག་རྣམ་པ་གཉིས་འཇོམས་པའི་ཕྱིར་ན་དྲག་པོའི་སྒྲར་འཇུག་པ་དང་། ལྔ་པ་ལྷུན་གྲུབ་ནི་སྔོན་དུ་ངོ་བོའི་དུས་སུ་བཤད་པ་བཞིན་དུ་འཕྲིན་ལས་གཅིག་གིས་ཀུན་འདུལ་བའི་ཕྱིར་ན་ལྷུན་གྲུབ་ཀྱི་སྒྲར་འཇུག་པ་དང་། དེ་ནས་འཕྲིན་ལས་རྣམ་པ་ལྔའི་ངེས་ཚིག་གི་སྒྲ་དོན་ཏེ་ངེས་པར་གྲུབ་པ་ཡིན་ནོ། །བྱེ་བྲག་ཏུ་སྦྱིན་སྲེག་གི་འཕྲིན་ལས་ཀྱི་རྣམ་གྲངས་ལ་གཉིས། བགྲང་། དོན་སྤྱིའི་རྣམ་གྲངས་དང་། དྲང་། འཕྲིན་ལས་ཀྱི་དོན་གྱི་དམིགས་སུ་ངོས་བཟུང་བའི་ཕྱིར། རྣམ་གྲངས་རྣམ་པར་དབྱེ་ནས། གཞི་སེམས་ཅན་གྱི་དུས་སུ་འཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཏུ་རང་བཞིན་གྱིས་གནས་ལམ་ཉམས་སུ་བླང་བའི་དུས་སུ་ཕྲིན་ལས་རྣམ་བཞི་ལས་མ་གཡོས་པ་དང་། མཐར་ཐུག་སངས་རྒྱས་ཐུགས་རྗེས་སེམས་ཅན་གྱི་དོན་བྱེད་པ་ཡང་། ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བྱེད་དགོས་པ་ཡིན། ཡང་གཞི་ལམ་འབྲས་བུ་གསུམ་གྱིས་ཕྱེ་བས་གསུམ་སྟེ། དང་པོ་གཞིའི་དུས་སུ་འཕྲིན་ལས་གནས་ཚུལ། དོན་དམ་དང་ཀུན་རྫོབ་གཉིས་ཏེ། དོན་དམ་ལྟར་སེམས་དང་སོ་སོའི་གནས་ལུགས་ལ། གཞི་སེམས་ཉིད་ཀྱི་ངོ་བོ་ལ་ངོས་བཟུང་མེད་པ་ན། ཉོན་མོངས་རྣམ་རྟོག་མ་ཞི་རང་ཞི། ངོས་བཟུང་མེད་བཞིན་དུ་ཐམས་ཅད་ལ་གསལ་བས་ན། སྐུ་དང་ཡེ་ཤེས་མ་རྒྱས་རང་རྒྱས། གསལ་སྟོང་དབྱེར་མེད་གཅིག་པས་ན། མཐའ་གཉིས་དབང་དུ་མ་བསྡུས་རང་བསྡུས་སེམས་ཉིད་ཀྱི་རྩལ་རང་ཐམས་ཅད་ལ་ཤར་བས་ན་གཟུང་འཛིན་མཚན་མ་མ་བཅོམ་རང་བཅོམ་ཡིན་ནོ། །ཀུན་རྫོབ་ལྟར་ལུས་དངོས་པོའི་གནས་ལུགས་ལ། སྙིང་ཁའི་རྩ་འཁོར་ལོ་བཞིའི་དབྱིབས་ལ་ཟླུམ་པོ། གྲུ་བཞི། ཟླ་གམ། གྲུ་གསུམ་དང་། འོད་ལ་དཀར་སེར་དམར་ནག་བཞི་ཡོད་པ་འཕྲིན་ལས་རྣམ་བཞི་ཡིན། ཡང་ན་ལམ་རིམ་ལས། གནས་བཞིའི་འབྱུང་བའང་ལས་བཞི་སྟེ། །གསུངས་པས། སྟེང་སྒོའི་རྩ་འཁོར་ལོ་བཞི་ལས་བཞིའི་དབྱིབས་སུ་ཡོད་པར་བཤད་དེ། སློབ་དཔོན་པདྨས། སྤྱི་བོར་སའི་དཀྱིལ་འཁོར་གྲུ་བཞི་རྒྱས་པ། མགྲིན་པར་རླུང་གི་དལ་ཟླ་གམ་དབང་། སྙིང་གར་མེའི་དལ་གྲུ་གསུམ་དྲག་པོ། ལྟེ་བར་ཆུའི་དལ་ཟླུམ་པོ་ཞི་བ་ཡིན་གསུངས། ཁ་ཅིག་གི་སྙིང་ཁ། ལྟེ་བ། སུམ་མདོ། སྒྲོམ་མདོ་བཞི་ལ་ཞི་རྒྱས་དབང་དྲག་གི་གཟུགས་སུ་དོད་ནས་ཡོད། ཅེས་འདོད་པ་ཡང་སྣང་། འོག་སྒོ་ཡུམ་གྱི་མཁའ་ལ་ཡང་ལས་བཞིའི་ལས་བཞིའི་དབྱིབས་སུ་དོད་ནས་ཡོད་པའོ། །བྱེ་བྲག་ཏུ་ལམ་གྱི་རྣམ་གྲངས་སོ། །དེ་ལ་གཉིས་ཏེ། ལམ་སྤྱིའི་རྣམ་གྲངས་དང་། ལས་བཞི་ངོ་བོའི་རྣམས་གྲངས་སོ། །དང་པོ་ལ་གསུམ། བགྲང་། བསྟན་པ་དང་། དྲང་། གཞི་ལམ་འབྲས་བུ་གསུམ་གྱི་འཕྲིན་ལས་ཡོད་པ་ལ། འདིར་བར་མ་ལམ་གྱི་འཕྲིན་ལས་ངོས་བཟུང་བ་ལ། ཐབས་ལམ་དང་ཤེས་རབ་གྲོལ་ལམ་གཉིས་ཡིན་ལ། ཐབས་ཤེས་རབ་ཀྱིས་རྣམ་གྲངས་རྒྱས་པར་བཤད་པ་དང་། དྲང་། མདོར་བསྟན་གྱི་སྔ་མ་ཐབས་ལམ་ལ་སྟེང་འོག་གཉིས་ཀྱི་སྒོ་ནས་ལམ་ཉམས་སུ་ལེན་པ་ཡང་ལས་བཞིའམ་སྦྱིན་སྲེག་ཡིན་པ་དང་ཕྱི་མ་ལ་ཡང་ཤེས་རབ་གྲོལ་ལམ་གྱིས་ལྟ་བ་རྟོགས་པ་དང་། ཏིང་ངེ་འཛིན་སྒོམ་པ་རྣམ་པ་གཉིས་པོ་ཡང་ལས་བཞིའི་སྦྱིན་སྲེག་ཡིན་པ་དང་། ཟ་ཚོགས་གཏོར་ལུང་ལྟར་དུ་ཟས་ལ་ལོངས་སྤྱོད་པ་ཡང་ལས་བཞིའི་སྦྱིན་སྲེག་ཡིན་ལ། ལས་བཞི་ལྷག་པ་གཟུགས་བརྙན་གྱི་སྒོ་ནས་དངོས་སུ་བྱེད་པ་ལ། མཆོད་རྟེན་གྱི་སྒོ་ནས་ལས་བཞི་བྱེད་པ་དང་། མེའི་སྒོ་ནས་ལས་བཞིའི་སྦྱིན་སྲེག་བྱེད་ཐབས་གཉིས་སོ། །དེ་རྣམས་སྦྱིན་སྲེག་ཡིན་ཚུལ་གྱི་གོ་དོན་བཤད་ན། ཐབས་ལམ་ནི་འཆད་པར་འགྱུར་བའི་བྱ་ཐབས་ཀྱི་སྐབས་སུ་བཤད་ལ། འདིར་གྲོལ་ལམ་ལྟར་ན། དང་པོ་ལྟ་བ་ལ་ལས་བཞིའི་སྤྱིན་སྲེག་ཚང་ལུགས་ནི། གཞི་ཆོས་ཉིད་ཀྱི་ངོ་བོ་ལ་དོན་ལས་བཞི་ཚང་བ་ནི་ཧོམ་ཁུང་། སྣང་སྲིད་ཀྱི་ཆོས་ནི་བསྲེག་རྫས། དེ་རྣམས་གང་ལ་ཡང་ཞེན་པ་མེད་པར་སྦྱིན་པས། ཡིད་འགྱུ་བ་རང་སར་གྲོལ་ནས། ཡེ་ཤེས་སུ་ཤར་བའི་མེ་དེས་ཉོན་མོངས་དང་དངོས་པོ་ཐམས་ཅད་བསྲེགས་པའོ། །ཏིང་ངེ་འཛིན་ལ་ལས་བཞིའི་སྦྱིན་སྲེག་ཚང་ལུགས་ནི། རྟོགས་པ་ཆོས་ཉིད་ཀྱི་ངོ་བོ་ལ། དོན་ལས་བཞི་ཚང་བ་ནི་ཧོམ་ཁུང་། རྣམ་རྟོག་ཕྲ་རགས་ནི་བསྲེག་རྫས། གང་ཤར་ཆོས་ཉིད་ཀྱི་ངོ་བོ་ཁྱེར་ནས་སྦྱིན་པ། མཉམ་གཞག་ཡེ་ཤེས་ཆེན་པོའི་མེ་དེས། རྗེས་ཤེས་ཀྱི་མཚན་མ་བསྲེགས་པའོ། །འདོད་ཡོན་ཚོགས་སུ་རོལ་པ་ལ་ལས་བཞིའི་སྦྱིན་སྲེག་ཚང་ལུགས་ནི། ཞལ་ནི་ཧོམ་ཁུང་། ལྗགས་ནི་ཧོམ་གཟར། ཟས་ནི་བསྲེག་རྫས། འདོད་ཡོན་ཞེན་མེད་ལམ་དུ་ཁྱེར་ནས་སྦྱིན་པ་ཞེན་ཆགས་ཡེ་ཤེས་སུ་ཤར་བའི་མི་དེས། འདོད་ཡོན་རང་རྒྱུད་དུ་ཞེན་ཅིང་ཆགས་པ་དེ་བསྲེགས་པའོ། །ལྷག་པ་གཟུགས་བརྙན་འོག་བྱ་ཐབས་ཀྱི་སྐབས་སུ་ཤེས་སོ། །གཞན་ཡང་ལྷག་པ་གཟུགས་བརྙན་གྱི་བྱ་ཐབས་ཀྱི་རྣམ་གྲངས་ལ། མེའི་སྒོ་ནས་བྱ་ཐབས་ལེའུ་དགུ་པ་ནས་གསུངས་པ་འདིར་བཤད་ལ། རྫས་ཀྱི་སྒོ་ནས་བྱ་བ་ནི། ཉི་ཤུ་པ་ལས། བདུད་རྩི་ལྔའམ་ཟས་ལྔ་ལས། །མཚན་མ་མིང་དང་བཅས་པར་བྱ། །ཞེས་དང་། ལུ་གུ་རྒྱུད་ཀྱི་སྒོ་ནས་བྱ་བ་ནི། ལུ་གུ་རྒྱུད་དུ་སྒྲེལ་བསྡམས་ཏེ། ཞེས་སོགས་ཀྱིས་བསྟན་ལ། ཕྱག་རྒྱའི་སྒོ་ནས་བྱ་བ་མ་གཉིས་ཏེ། ཕྱག་རྒྱ་བཅའ་བའི་སྒོ་ནས་བྱ་བ་ནི། རེ་གཉིས་པ་ལས། ལུས་ངག་སྙིང་པོ་གཅིག་ཏུ་བསྡོམས། །རྩེ་ལྔ་རྩེ་བཅུ་རྩེ་དགུ་དང་། །ལས་རྣམས་སོ་སོར་རབ་ཏུ་བསྒོམ། །ཞེས་སོ། །རྡོ་རྗེའི་དྲིལ་བུའི་སྒོ་ནས་བྱ་བ་ནི། རྡོ་རྗེ་ལན་གསུམ་གསོར་བ་ཡི། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དམ་ཅན་རྣལ་འབྱོར་དབང་དུ་འདུ། །ཞེས་གསུངས། མཇུག་གསུམ་དུ་བསྡུ་བའོ། །དྲང་། གོང་གི་རྣམ་གྲངས་དེ་དག་ཚུར་ལ་བསྡུ་ན། ལྷག་པ་གཟུགས་བརྙན་ཕྱི་ཡིན་ལ། ཐབས་ལམ་སྟེང་སྒོ་དང་། ལྟ་བ། ཏིང་ངེ་འཛིན་ལོངས་སྤྱོད་བཞི་ནང་ཡིན། ཐབས་ལམ་འོག་སྒོ་ནི་གསང་བར་བཤད་པ་དང་གསུམ་དུ་ཤེས་པར་བྱའོ། །ཡང་ན་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་དང་བཞི་ལས། ཕྱི་ནི་འོག་ལྷག་པ་གཟུགས་བརྙན་དང་མཐུན་ལ། ནང་གི་རྐང་པ་ཟླ་གམ་དབང་གི་ཐབ་ཁུང་། འདོམས་གྲུ་གསུམ་དྲག་པོ། གསུས་པ་ཟླུམ་པོ་ཞི་བ། བྲང་གྲུ་བཞི་རྒྱས་པའི་ཐབ་ཁུང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་མེ་ལྷར་ཤེས་ནས། ཁ་ཧོམ་ཁུང་། ལག་པ་ཧོམ་གཟར། ཁ་ཟས་ཟ་བ་ཐམས་ཅད་བསྲེག་རྫས། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་ཤེས་ནས། དེ་ཉིད་གསུམ་གྱིས་བྱིན་གྱིས་བརླབས་ནས། རང་བཞིན་གྱི་མཆོད་པ་ནི། ནང་གི་སྦྱིན་སྲེག་གོ། །གསང་བ་ནི་མཁའ་ཧོམ་ཁུང་སྣ་རྩེ་མེ་ལྷ། རྡོ་རྗེ་བླུག་གཟར། པདྨ་དགང་གཟར། བྱང་སེམས་མཆོད་རྫས་སོ། །དེ་ཁོ་ན་ཉིད་ནི། སེམས་ཉིད་རྟོག་པ་དང་བྲལ་བ་ནི་ཐབ་ཁུང་། རྣམ་པར་ཤེས་པ་མེ་ལྷ། ཕུང་པོ་ལྔ་བུད་ཤིང་། ཁམས་དང་སྐྱེ་མཆེད། སེམས་དང་སེམས་ལས་བྱུང་བའི་འདུ་བྱེད་ལྔ་བཅུ་རྩ་གཅིག་ཡམ་ཤིང་། འདོད་ཡོན་ཡུལ་དང་བཅས་པ་མཆོད་རྫས། ཉོན་མོངས་པ་ལྔ་བསྲེག་རྫས་སུ་ཤེས་ནས། སེམས་ཀྱི་ཏིང་ངེ་འཛིན་དག་དགང་བླུག་གཟར་དུ་ཤེས་པ་དེ་ཀུན་རྫོབ། སེམས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་དོན་དམ། དེ་གཉིས་སུ་མེད་པ་དེ་ཡེ་ཤེས་ཀྱི་མེར་ཤེས་པར་བྱས་ནས་བསྲེགས་པ་ཡིན་ནོ། །ཞེས་འདོད་པ་ཡང་སྣང་། ལས་བཞི་ངོ་བོའི་རྣམ་གྲངས་སོ། །དྲང་། ལས་བཞིའི་ངོ་བོ་ངོས་བཟུང་གི་སྐབས་དང་རྗེས་སུ་མཐུན་པར་ཞི་བའི་རྣམ་གྲངས་ལ་ཕྱི་ནང་གཉིས་ཏེ། ཕྱི་ལ་ནད་དང་། བགེགས་དང་དགྲ་ཞི་བར་བྱེད་པའོ། །ནང་ལ་ཉོན་མོངས་རྣམ་རྟོག་ཞི་བར་བྱེད་པའོ། །རྒྱས་པ་ལ་ཕྱི་ནང་གཉིས་པོ་ངོས་བཟུང་ན། ཕྱི་ལ་གསོ་བ་དང་འཕེལ་བ་སྟེ། གསོ་བ་ལ་ཡང་ན་བ་གསོ་བ་ཤི་བ་གསོ་བ་ལོ་ཐོག་གསོ་བ་སྲིའུ་གསོ་བ་སོགས་ཁོང་དུ་རྟ་མཆོག་ལ་སོགས་རྒྱས་པར་གསོ་བ་རྣམས་སོ། །འཕེལ་བ་ལ་ཚེ་འཕེལ་བ་སྟེ་རིང་བའི་ཐབས་དང་། རིགས་རྒྱུད་འཕེལ་ཏེ་མང་བའི་དང་། ལོངས་སྤྱོད་འཕེལ་ཏེ་ཆེ་བའི་དང་། བསོད་ནམས་འཕེལ་ཏེ་སྐྱེ་ཐབས་དང་བཞི་པོ་ཕྱི་ཡིན་ལ་ནང་ལ་འབྲས་བུ་སྐུ་དང་། ཡེ་ཤེས་འཕེལ་ཐབས་སོ། །དབང་ནི་དགུག་པ་དང་བསྡུ་བ་གཉིས་ཏེ། ཕྱི་རོལ་ལ་དྷ་རི་སྟེ་གཟུངས་མའི་རིགས་སོགས་རྣམ་པར་དགུག་པར་བྱེད་པའི་ཐབས་དང་མི་མཐུན་པའི་དགྲ་བགེགས་རྣམ་པ་གཉིས་པོ་དབང་པོ་བསྒྱུར་ཏེ་མ་དད་པ་དད་པར་བྱེད་ནས་དབང་དུ་བྱ་བ་དང་། ནང་ལ་རང་གི་སེམས་ཉིད་ཀྱི་ངོ་བོ་ལ་འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་བསྡུ་བར་བྱ་བའི་ཐབས་སོ། །མངོན་སྤྱོད་དྲག་པོ་ལ་དགྲ་བགེགས་ཡུལ་གཞན་དུ་བསྐྲད་པའི་ཐབས་དང་། གཏན་ནས་མི་ལྡང་བར་བྱ་བའི་ཕྱིར་མནན་པ་དང་། དྲན་པ་ཉམས་ནས་སྨྱོ་བ་དང་། ཁ་ནས་ཅ་ཅོ་སྨྲ་བ་འབོགས་པ་དང་། ལུས་འགུལ་མི་ཤེས་ནས་བྱད་དུ་བཅུག་པ་དང་། ལུས་དང་ཡན་ལག་གི་ཤ་མེད་ནས་བསྐོམས་པ་དང་། དྲན་པ་མི་དྲན་ནས་རྨོངས་པ་དང་གཏན་ནས་གླིང་གཞན་དུ་འཕངས་ནས་སྤོ་བ་དང་ལུས་སེམས་ཕྲལ་ནས་རྒྱུད་གཞན་གྱི་སེམས་ཅན་ལ་གཞུག་པའོ། །དེ་རྣམས་ཀྱི་སྒོ་ནས་རྣལ་འབྱོར་པ་རང་གི་ཕྱིའི་དགྲ་བགེགས་འཇོམས་པར་བྱེད་ལ་ནང་དུ་ཉོན་མོངས་པའི་དགྲ་བགེགས་འཇོམས་པར་བྱེད་པའི་ཐབས་རྣམས་སོ། །བྱ་ཐབས་ལ་གཉིས། བགྲང་། ཐབས་ལམ་གྱི་བྱ་ཐབས་དང་། དྲང་། འཕྲིན་ལས་དངོས་སུ་བྱ་ཐབས་རྒྱས་པར་བཤད་པ་ནི་འདི་ལྟ་སྟེ། དེ་ལ་ཐབས་ལམ་གྱི་བྱ་ཐབས་ལ་ཡང་གསང་བ་དང་ནང་གཉིས་སོ། །ནང་ལྟར་ཐབས་ལམ་སྟེང་སྒོའི་རྩ་ཁམས་ཀྱི་འཁོར་ལོ་བཞི་དང་སྦྱར་ནས་བཤད་ན། རྩ་འཁོར་གྱི་གནས་སུ་ལས་བཞིའི་གཟུགས་སུ་དོད་ནས་ཡོད་པ་ཧོམ་ཁུང་། རོ་རྐྱང་དགང་བླུགས། སྒྲོམ་མདོའི་ཡྃ་ལས་རླུང་བྱུང་། སུམ་མདོའི་རྃ་ལ་ཕོག་མེ་སྦར་བའི་དྲོད་ཀྱིས། བསྲེག་རྫས་རྩ་གནས་ཀྱི་ཐིག་ལེ་བཞུས་ནས། རྩ་ཁམས་རྣམས་སུ་སྦྱིན་པས། རྟོག་མེད་ཀྱི་ཡེ་ཤེས་སྐྱེས་པས། ཉོན་མོངས་རྣམ་རྟོག་རྣམས་བསྲེགས་པའོ། །གསང་བ་ལྟར་འོག་སྒོའི་དབང་ཡུལ་ཡུམ། དབང་པོའི་ཐིག་ལེ། དབང་ཤེས་ཀྱི་ཁམས་གསུམ་ལ་སྦྱར་བར་བྱ་ནས་བཤད་ན། ཡུམ་གྱི་མཁའ་ལས་བཞིའི་གཟུགས་སུ་ཡོད་པ་ཧོམ་ཁུང་། ཡབ་ཀྱི་རྡོ་རྗེ་ཧོམ་གཟར། ཡབ་ཀྱི་ཐིག་ལེ་བསྲེག་རྫས་དེ་སྦྱིན་པས། བདེ་སྟོང་གི་ཡེ་ཤེས་སྐྱེས་པས། ཉོན་མོངས་ཆགས་རྟོག་རང་ཁ་མ་དེ་བསྲེགས་ནས་སོ། །ཤེས་རབ་གྲོལ་ལམ་གྱི་བྱ་ཐབས་སོ། །དེ་ལ་གཉིས་ཏེ། ལྟ་བའི་དོན་ཉམས་སུ་ལེན་ཐབས་ཀྱི་ལས་དང་། ལྷག་པ་གཟུགས་བརྙན་ནོ། །དང་པོ་ལ་ཕྱི་ནང་གཉིས། བགྲང་། མདོར་བསྟན་པ་དང་། ནང་གི་ལས་ཐུན་མོང་དུ་བསྟན་པ་དང་། དྲང་། ཤེས་རབ་ལམ་གྱི་སྒོ་ནས་བྱ་ཐབས་ལ་ལྟ་བའི་རྗེས་སུ་ཉམས་སུ་ལེན་ཐབས་ལ་ཕྱི་ནང་གཉིས་ཀྱི་སྒོ་ནས་ལེན་དགོས་ཏེ་ནང་ལྟར་ཏིང་ངེ་འཛིན་གྱི་སྒོ་ནས་ཉམས་སུ་བླངས་ལུགས་གོང་དུ་གསལ། ༈ །ཕྱི་རོལ་ལ་ཚད་མེད་པ་དང་། དྲང་། ཕྱི་རོལ་རྗེས་སུ་ཚད་མེད་ཉིད་བསྒོམ་པ་ལ་ཡང་ལས་བཞི་ཚང་སྟེ། ལྷ་རྒྱུད་ལས། ཞི་བ་རྡོ་རྗེ་དབྱིངས་སུ་འགུགས་པའི་ཕྱིར། འགུགས་བྱེད་ཆེན་པོ་བཛྲ་ཨཾ་གུ་ཤ །རྒྱས་པས་བྱམས་པས་ཡེ་ཤེས་འཕེལ་བའི་ཕྱིར། འཕེལ་བྱེད་ཆེན་པོ་བཛྲ་པཱ་ཤ་ཧྲཱིཿ དགའ་བ་ཆེན་པོ་མཐའ་གཉིས་དབང་དུ་བསྡུ་བའི་ཕྱིར། སྡོམ་བྱེད་ཆེན་པོ་བཛྲ་སྥོ་ཊ་བྃ། བཏང་སྙོམས་དྲིལ་བུས་རྡུལ་དུ་བརླག་པའི་ཕྱིར། རླག་བྱེད་ཆེན་པོ་བཛྲ་གྷཎྜེ་ཧོ། །ཞེས་གསུངས་ལ། ཆོས་རྗེས། བྱམས་པ་ཞི་བ། སྙིང་རྗེ་དྲག་པོ། དགའ་བ་རྒྱས་པ། བཏང་སྙོམས་དབང་ཡིན་པར་གསུངས་པ་ནི། མཉམ་གཞག་ངོ་བོ་ལ་ཚང་ཚུལ་ཡིན་ལ། འདི་ཕྱི་རོལ་ཚད་མེད་པ་རྙེད་པ་ལས་བཞི་ཆ་གསུངས་པས། རྗེས་ཤེས་ཚད་མེད་བཞི་ལ་ལས་བཞི་ཚང་ལུགས་ཡིན་པས། ལུང་ལྟར་དུ་འཐད་པར་གསུངས། ལྷག་པ་གཟུགས་བརྙན་ལ་གཉིས། བགྲང་། སྤྱི་དང་དྲང་ལྷག་པ་གཟུགས་བརྙན་གྱི་སྒོ་ནས་ལས་བཞི་བྱ་ཐབས་ལ་གཉིས་ཏེ། མཆོད་རྟེན་གྱི་སྒོ་ནས་ལས་བཞི་བྱ་ཐབས་དང་། སྦྱིན་སྲེག་གི་སྒོ་ནས་ལས་བཞི་བྱ་ཐབས་དག་སྟེ། དེ་ལ་མཆོད་རྟེན་གྱི་སྒོ་ནས་བྱ་ཐབས་ནི། སྒྱུ་འཕྲུལ་ལེ་ལག་ལས། ལས་བཞི་ཚ་ཚ་བཏབ་ཐབས་དང་། །རྒྱས་པའི་ལེའུ་ཉི་ཤུ་པ་ལས་ཀྱང་། མཆོད་རྟེན་ནག་པོ་འོད་འབར་གྱིས། །བགེགས་ཀྱི་ལིངྒ་མནན་པར་བྱ། །ཞེས་གསུངས། བྱེ་བྲག་ཏུ་སྦྱིན་སྲེག་གི་བྱ་བའོ། །དེ་ལ་གཉིས། བགྲང་། རྣམ་གྲངས་དང་། དྲང་། མཆོད་རྟེན་གོང་དུ་སོང་ནས་ཕྱི་མ་སྦྱིན་སྲེག་གི་སྒོ་ནས་ལས་བཞི་བྱ་ཐབས་ལ་དོན་བཅོ་ལྔའམ། བཅུ་གཅིག་སྟེ། དང་པོ་གནས་ནི་ཞི་རྒྱས་གཉིས་ཀྱི་བཀྲ་ཤིས་པའི་གནས་དང་། དབང་དྲག་གཉིས་གཉེན་པོའི་གནས་སུ་བྱ་བའམ། ཡང་ན་ཞི་བ་ལ། རི་བོ་འདུས་པའི་རྩེ། རྒྱས་པ་ལ་ནགས་ཚལ་སྨན་ལྗོངས་ཀྱི་ཚལ། དབང་ཆུ་བོ་འདུས་པའི་སུམ་མདོ། དྲག་པོ་དུར་ཁྲོད་ཆེན་པའི་གནས་སུའོ། །དེ་ནས་སྒྲུབ་པ་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་གདེང་དང་ལྡན་པ་འཕྲིན་ལས་ཀྱི་ལས་འགྲིག་ལ་མཁས་པ་དེས། ཐབ་བརྩེག་པ་ལ་ཞི་བ་ལ་ཟླུམ་པོའམ་འཁོར་ལོ་རྩིབས་བཞི། རྒྱས་པ་ལ་གྲུ་བཞིའམ་རིན་ཆེན་ཟུར་བརྒྱད། དབང་ལ་ཟླ་གམ་མམ་པདྨ་འདབ་བརྒྱད། དྲག་པོ་ལ་གྲུ་གསུམ་མམ་བརྩིགས་པའི་ཁྲོ་ཞལ་ཏེ་ཐབས་བརྒྱད་བྱེད་པའམ། ཡང་ན་ཞི་བ་ལ་དབྱིབས་ཟླུམ་པོ། རྒྱས་པ་རྒྱས་པ་ལ་གྲུ་བཞི། དབང་ལ་ཟླ་གམ། དྲག་པོ་ལ་གྲུ་གསུམ། ཐམས་ཅད་ཀྱང་ཁྲུ་གང་བ། བང་རིམ་གསུམ་གསུམ་ཡོད་པ་ལ་གོ་རིམ་བཞིན། འཁོར་ལོ་རྩིབས་བཞི་དཀར་པོ་དང་། རིན་ཆེན་ཟུར་བརྒྱད་སེར་པོ་དང་། པདྨ་འདབ་བརྒྱད་དམར་པོ། ཁྲོ་ཞལ་རྡོ་རྗེ་རྒྱ་གྲམ་ནག་པོའི་ལྟེ་བ་ལ་གནས་པའོ། །དེ་ལ་མཚན་མ་ནི། ཞི་བ་འཁོར་ལོ་དཀར་པོ་ༀ། རྒྱས་པ་རིན་ཆེན་ཏྲཱྃ། དབང་པདྨ་ཧྲཱིཿ དྲག་པོ་ལ་རྡོ་རྗེའི་ཁ་ཊྭཱྃ་ལ་ཧཱུྃ་གིས་མཚན་པ་དང་། ཐབས་ཁུང་དེའི་ལྷོ་ནུབ་མཚམས་སུ་ལིངྒའི་སྣོད་ལས་བཞི་རང་རང་གི་དབྱིབས་ཅན་གྱི་བྲུབ་ཁུང་། ཚད་མཐོ་གང་བ་རེ་རེ་བཅས་པ་དང་། ཁ་ལྟ་བའི་ཕྱོགས་གཉིས་ཏེ། དང་པོ་གདུལ་བྱ་དང་བསྟུན་ན། ཞི་བ་ལ་ནུབ་གསུམ་པོ་ལ་དེས་འགྲེས། འདུལ་བྱེད་དམ་ཡེ་ཤེས་དང་སྦྱར་ན། ཞི་བ་ལ་ཤར། དེས་འགྲེས། སྒྲུབ་པ་པོའི་ཆས་གོས་དང་། ཐབ་ཁུང་གི་ཁ་དོག་ནི། ཞི་བ་དཀར། རྒྱས་པ་སེར། དབང་དམར། དྲག་པོ་མཐིང་ཀ །ལས་བཞིའི་དུས་ཉིད་ནི། དང་པོ་ལོ་གཅིག་ལ། དབྱར་ཞི་བ། སྟོན་རྒྱས་པ། དགུན་དབང་། དཔྱིད་དྲག་པོ། ཞག་གཅིག་ལ་བྱེད་ན། སྔ་དྲོ་ཞི་བ། ཉིན་ཕྱེད་རྒྱས་པ། དགོང་མོ་དབང་། ནམ་གུང་དྲག་པོའི་སྦྱིན་སྲེག་བྱའོ། །ཕུར་པ་ནི་ཞི་བ་ལ་ནི་དངུལ་ལམ་ཤིང་དཀར་པོའི་ཕུར་པ་དང་། དབལ་ལ་ཟླུམ་པོར་བྱས་པ་དྲུག །རྒྱས་པ་ལ་གསེར་རམ་ཤིང་སེར་པོའི་ཕུར་པ། དབལ་གྲུ་བཞིར་གནས་པ་བཞི། དབང་ལ་ཟངས་སམ་ཤིང་དམར་པོའི་ཕུར་པ་ཟླ་གམ་དུ་བྱས་པ་ལྔ། དྲག་པོ་ལ་ལྕགས་སམ་ཤིང་ནག་པོའི་ཕུར་པ་གྲུ་གསུམ་བྱས་པ་གསུམ། དེ་དག་ཀྱང་གྲུབ་ན། ལས་བྱེད་ཕུར་པ་ཉི་ཤུ་རྩ་གཅིག་རེ་དང་བཅས་པ་བཤོམ་མོ། །ལྷས་ནི། ལས་སྦྱོར་གྱི་ལྷ་ནི་ཞི་ཁྲོའི་གཞུང་བཞིན་ནོ། །སྦྱིན་སྲེག་གི་ལྷ་ལ། སྦྱིན་ལྷ་དང་བསྲེག་ལྷ་སྟེ། དང་པོ་ལས་བཞི་དང་གང་ཡིན་གྱི་སྐུ་མདོག་ཕྱག་མཚན་ཅན་གྱི་མེ་ལྷ་སྟེ། ཞི་བ་ལ་མེ་ལྷ་དཀར་པོ། ཕྱག་གཡས་ན་གུནྡྷེ་བསྣམས་པ། རྒྱས་པ་ལ་སེར་པོ་རིན་པོ་ཆེ་སྒྲོམ་བུ། དབང་ལ་དམར་པོ་ཞགས་པ། དྲག་པོ་ལ་མཐིང་ནག་ཏྲི་ཤུ་ལ། ཀུན་ཀྱང་ཕྱག་གཡོན་པས་བགྲང་འཕྲེང་འཛིན་པ། དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་ལ་བཅིབས་པའོ། །བསྲེག་ལྷ་ནི་ཞི་བ་ལ་རྣམ་སྣང་དང་། བྷུདྡྷ་ཧེ་རུ་ཀས་གཙོ་བྱས་པའི་ཞི་ཁྲོའི་ལྷ་ཚོགས་ཀུན་སྐུ་མདོག་དཀར་པོ། རྒྱས་པ་ལ་རིན་འབྱུང་དང་རཏྣ་ཧེ་རུ་ཀས་གཙོ་བྱས་པའི་ལྷ་ཀུན་སེར་པོ། དབང་ལ་སྣང་མཐའ་དང་། པདྨ་ཧེ་རུ་ཀས་གཙོ་བྱས་པའི་ལྷ་ཀུན་དམར་པོ། དྲག་པོ་ལ་རྡོ་རྗེ་སེམས་དཔའ་དང་བཛྲ་ཧེ་རུ་ཀས། གཙོ་བྱས་པའི་ལྷ་ཀུན་མཐིང་གར་བསྐྱེད་དོ། །སེམས་ལ་དོན་སེམས་དང་སྟོང་སེམས་ཏེ་དོན་གྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་རྟོགས་ཤིང་སྟོངས་སེམས་ལ་ནི་ཞི་བ་ལ་ཞི་ཞིང་དྭངས་པ། རྒྱས་པ་ལ་སྤྲོ་ཞིང་དགའ་བ། དབང་ལ་ཆགས་ཤིང་ཞེན་པ། དྲག་པོ་ལ་ཞེ་སྡང་ཁྲོ་བོའི་སེམས་ཀྱིས་བྱའོ། །ལས་བཞིའི་ཡུམ་ནི་ཞི་བ་ལ་བོང་ཆུང་བཞིན་ལུས་མཛེས། རྒྱས་པ་ལ་བཞིན་གྲུ་བཞི་ཤ་རྒྱས་མདོག་སེར། སྤུན་མང་བའོ། །དབང་ལ་བཞིན་ཟླ་གམ་ཤ་དམར་ལུས་མཛེས་སྤུན་ཟླ་མེད་པའོ། །དྲག་པོའི་བཞིན་གྲུ་གསུམ་ཤ་རྩ་ནག་ལ་རྩུབ་པ་ངག་གཏུམ་པའོ། །བསྒྲུབ་བྱ་ནི། ཞི་བ་ལ་གཏུམ་ཞིང་རྔམ་པ། རྒྱས་པ་ལ་ཚེ་དང་བསོད་ནམས་རྒྱས་སུ་མི་སྟེར་བ། དབང་ལ་གང་དབང་དུ་བྱ་བར་འདོད་པ། དྲག་པོ་ལ་བསྒྲལ་བའི་ཞིང་བཅུའོ། །དེ་དག་གང་ཡིན་གྱི་དྲི་མ་དྲུག་གམ་རྐང་རྗེས་ཀྱི་ས་ལས་བྱས་པའི་ལིངྒ་དཔྲལ་བར་རུས། སྙིང་གར་སྲོག །ལྟེ་བར་མིང་། བརླ་ལ་བླ་དྭགས། འདོམས་སུ་ལས་བཞི་གང་བྱེད་ཀྱི་སྔགས་སྤུ་གྲི་དང་བཅས་པ་བྲིས་ལ་ལས་བཞི་གང་བྱེད་ཀྱི་བྲུབ་ཁུང་དུ་གཞུག་གོ། །མེ་མཆོད་རྫས་ནི། ལས་གང་བྱེད་ཀྱི་བསྲེག་ཤིང་། ཡམ་ཤིང་། ལིངྒའི་རྒྱུ། བསྲེག་རྫས་རྣམས་དང་། གཞན་ཡང་རྩ་བའི་དཀྱིལ་འཁོར་ལ་མཆོད་པ་ལ་སོགས་པའི་ཡོ་བྱད་གང་མཁོ་བ་རྣམས་ཚང་བར་སྦྱར་བར་བྱའོ། །ལས་ཀྱི་རིམ་པའོ། །དྲང་། ལས་བཞིའི་སྦྱིན་སྲེག་ལག་ལེན་དུ་བྱ་ཐབས་ལ། ལས་བཞི་གང་བྱེད་ཀྱི་ལྷས་གཙོ་བོ་བྱས་པའི་ཞི་ཁྲོའི་ལྷ་ཚོགས་ལ་སྦྱིན་སྲེག་གི་རིམ་པ་མཆོད་པ་དང་། བར་སྐབས་སུ་ལས་བཞི་རང་རང་གི་བསྒྲུབ་བྱ་དེ་བཀུག་ཅིང་བསྒྲལ། དགོས་པའི་ཕུར་པ་ལིངྒར་གདབ་པ་དང་། འཕྲིན་ལས་ཀྱི་མཐའ་རྫོགས་པར་བྱ་བའི་ཕྱིར་བྲོ་བསྟབས་དང་བཅས་པའི་ཆ་རྐྱེན་རྣམས་དང་བཅས་པ་ཚང་བར་བྱ་བ་ཡིན་ནོ། །བྱ་ཐབས་གཙོ་བོ་ནི། ཞེས་ཚིག་གསུམ་པ་འདི་ལ་ས་བཅད་ནོར་བ་འདྲ། གོང་དུ་བཤད་པའི་གནས་ནས་བཟུང་སྟེ། དཀྱིལ་འཁོར་ཡོ་བྱད་ཚང་བར་བསགས་པ་ཡན་ཆད་འདི། སྐབས་གར་མཁོ་ན་ལས་བཞིའི་བྱ་ཐབས་གཙོ་བོ་སྦྱིན་སྲེག་སྐབས་སུ་དགོས་པའི་ལིངྒ་ལ་ཕུར་པ་གདབ་པའི་དུས་རྣམས་དང་། ཐ་མ་བྲོ་སྟབས་ཡན་ཆད་ཀྱི་བར་དུ་མཁོ་བའི་ཆ་རྐྱེན་ཡིན་པས། དགོས་ཆེད་ཡིན་པར་གསུངས། ལས་ཀྱི་རིམ་པ་དངོས་ནི་སྦྱིན་སྲེག་བྱ་ཐབས་དེ་དག་གི་རྣམ་གྲངས་ངོས་བཟུང་ཞིང་བཤད་ན་དང་པོ་ཞི་ཁྲོ་གང་ཡིན་གྱི་རྩ་བའི་དཀྱིལ་འཁོར་སྔོན་འགྲོ་ཡན་ལག་བརྒྱད་པ་ནས་བཟུང་སྟེ། མཆོད་འབུལ་བསྟོད་པ་བསྙེན་པ་ཡན་ཆད་ཚང་བ་དང་། དེ་ནས་ཏ་ན་སྒྲོལ་བ་སྟེ། ཚོགས་མཆོད་བྱ། མཆོད་བཤགས་བསྟབ་གསུམ་གྱི། ཐ་མ་བསྟབ་པ་ལ་ལིངྒ་ལ་འགུགས་གཞུག་ལ་སོགས་བསྒྲལ་ལས་བྱ་བ་དང་། དེ་ནས་ག་ན་སྦྱོར་བ་སྟེ་རྣམ་ཤེས་སྤར་ཆོག་བྱ། དེ་ནས་མེ་མཆོད་སྦྱིན་སྲེག་གི་རིམ་པ་ནི། མེ་ལྷ་དང་། བསྲེག་ལྷ་གཉིས་ལ། དང་པོ་མེ་བགེགས་བསྐྲད་པ་ལ་སོགས་བྱས་ལ་མེ་ལྷ་ནི་ལས་བཞི་གང་བྱེད་ཀྱི་མེ་ལྷ་དམ་ཚིག་པ་བསྐྱེད་ལ་དབང་བསྐུར། བྱིན་གྱིས་བརླབས། ཡེ་ཤེས་པ་སྙན་གསན་དབབ། སྤྱན་དྲང་། དམ་ཚིག་པ་ལ་བསྟིམ། མཆོད་བསྟོད་བྱ། ལས་བཞི་གང་བྱེད་ཀྱི་སྨོན་ལམ་གདབ་བོ། །བསྲེག་ལྷ་ནི་ལས་བཞི་གང་བྱེད་ཀྱི་དམ་ཚིག་པ་བསྐྱེད། དབང་བསྐུར། བྱིན་གྱིས་བརླབས། ཡེ་ཤེས་ཀྱི་བསྲེག་ལྷ་དབབ། དྲང་། བསྟིམ། དང་པོ་མཆོད་རྫས་རྣམས་འབུལ་དེ་ནས་ལས་བཞི་གང་བྱེད་ཀྱི་བསྲེག་རྫས་སྔགས་ཀྱིས་འབུལ། བདེན་པ་དང་སྨོན་ལམ་བརྗོད་ནས་བསྟོད་བྲོ་བྱའོ། །དེ་ནས་ལྷག་མའི་ལས་དག་བྱ། བརྟན་མ་བསྐྱང་། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས། བསྲེག་ལྷ་དང་མེ་ལྷའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། མཚམས་དང་། དཀྱིལ་འཁོར་བསྡུ་ལ། ལས་ཀྱི་རྗེས་མི་མངོན་པར་བྱས་ལ། བཀྲ་ཤིས་བརྗོད་པ་ཡན་ཆད་ཀྱིས་སྦྱིན་སྲེག་གི་ལས་རྫོགས་པར་འདུག་གོ། །དུས་དང་། དྲང་། སྦྱིན་སྲེག་བྱ་བའི་སྐབས་ནི་དབང་བསྐུར་བའི་དུས་སུ། ས་ཆོག་ལ་ཞི་བ་དང་། སྟ་གོན་ལ་དྲག་པོ། རབ་གནས་དུས་སུ་རྒྱས་པ་དབང་ངོ་བོའི་དུས་སུ་དབང་ངོ་། །བསྒྲུབ་པའི་དུས་སུ་ལས་སྦྱོར་ལ་ལས་བཞི་བྱ་བ་དང་། མཆོད་པ་བྱེད་པའི་དུས་དང་། དམ་ཚིག་ཉམས་ཆག་བཤགས་པའི་ཚེ་ལ་དགོས་པ་དང་ལས་བཞི་རང་རང་གི་གདུལ་བྱ་འདུལ་བའི་དུས་ལ་བབ་པའི་ཚེ་ན་དགོས་པའོ། །ཁྱད་པར་དང་། དྲང་། འཕྲིན་ལས་ཀྱི་རིམ་པ་མཐོ་དམན་གྱི་ཁྱད་པར་ནི་ཟག་བཅས་ཚོགས་ལམ་རྣལ་འབྱོར་བཞིའི་དུས་སུ་དངོས་སུ་ལྷག་པའི་གཟུགས་བརྙན་ལ་བརྟེན་པས་རྒྱ་ཆུང་། བར་ཆད་མེད་པ་ཚོགས་བསྒྲུབ་པའི་དུས་སུ་ཏིང་ངེ་འཛིན་ལ་བརྟེན་པས་འབྲིང་ལ། མཐོང་ལམ་རིག་འཛིན་ཐོབ་ནས་མཐར་ཕྱིན་གྱི་བར་དུ་འཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཏུ་རང་སྣང་བས་ལམ་གྱི་ས་ཚོད་མཐོ་དམན་གྱིས་ཕྱེ་བའམ། བློའི་ཤེས་རབ་དབང་པོ་རབ་འབྲིང་ཐ་མ་རྣམ་པ་གསུམ་གྱིས་ཕྱེ་བས། ལས་བཞི་ལ་ནུས་མཐུ་ཆེ་ཆུང་དང་། བྱིན་རླབས་ཀྱིས་ཡུལ་གདུལ་བྱ་ལ་དོན་འགྱུར་ཆེ་ཆུང་དང་ངོ་བོ་ལ་མོས་པ་དང་ནུས་པའི་ཁྱད་པར་དང་། ལས་བཞི་བྱ་ཐབས་ལ་རྫས་སྔགས་ཏིང་ངེ་འཛིན་དགོངས་མི་དགོངས་དང་ཞི་ལ་ཁྱད་པར་ཡོད་པ་སྟེ། དཔེ་སྐས་ཀའི་གདང་བུ་སྟེ། སྐས་ཀྱི་ཐེམ་པ་ལྟར་མཐོ་དམན་གྱི་རིམ་པ་ཇི་ལྟ་བ་ལྟ་བུའོ། །སྐྱོན་དང་། དྲང་། ལས་བཞིའི་སྦྱིན་སྲེག་མ་བྱས་ན། དམ་ཚིག་ཆག་ཉམས་མི་བསྐང་སྒྲིབ་པ་མི་འབྱོང་ཚོགས་མི་རྫོགས་པ་དང་། བདག་གཞན་གྱི་དོན་གཉིས་མི་འགྲུབ་པ་རྣམས་འཕྲིན་ལས་མ་བྱས་པ་དེ་ཡི་སྐྱོན་ཡིན་ནོ། །ཡོན་ཏན་ནོ། །དྲང་། ལས་བཞིའི་སྦྱིན་སྲེག་དེ་བྱས་ན། སྐྱོན་དེ་ལ་ཟློག་པའི་ཚུལ་དང་ལྡན་པ་སྟེ། དམ་ཚིག་བསྐངས། སྒྲིབ་པ་སྦྱངས། ཚོགས་རྫོགས། བདག་གཞན་གྱི་དོན་གཉིས་འགྲུབ་པ་སྟེ། ཡོན་ཏན་ཉིད་དུ་ཤེས་པར་བྱའོ། །རྒྱས་པར་ལུང་དང་སྦྱར་ཏེ་བཤད་ན། སྦྱིན་སྲེག་རྩ་བ་ལས། གནས་རྫས་ཐབ་ཀྱི་རིམ་པ་དང་། །གཟུངས་དང་གཙོ་སེམས་བསྒྲུབ་བྱ་དང་། །ཕུར་པ་ལྷ་དུས་ལམ་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །ཞེས་པས། སྦྱིན་སྲེག་བྱ་བའི་གནས་བསྟན་པར་བྱ། རྫས་བསྟན་པ་དང་། ཐབས་ཀྱི་རྣམ་པ་བསྟན་པ་དང་། གཟུངས་མ་བསྟན་པ་དང་། གཙོ་བོའི་སེམས་བསྟན་པ་དང་། བསྒྲུབ་བྱ་བསྟན་པ་དང་། ཕུར་པ་བསྟན་པ་དང་། ལྷ་བསྟན་པ་དང་། དུས་བསྟན་པ་དང་། ལས་ཀྱི་རིམ་པ་བསྟན་པ་དང་། ལྷག་མའི་རིམ་པ་བསྟན་པའོ། །དང་པོ་གནས་བསྟན་པ་ནི། ཞི་བའི་གནས་ནི། རི་བོ་འདུས་པའི་རྩེ་དག་དང་། །ཆུ་ཀླུང་འཇམ་པའི་ས་ཕྱོགས་སུ། །དྭང་བར་བྱེད་པའི་ལས་རྣམས་བརྩོམས། །རྒྱས་པའི་གནས་ནི། ནགས་ཚལ་སྨན་ལྗོངས་མེ་ཏོག་ཚལ། །ལྷུན་སྡུག་རི་བོ་རྒྱས་པར་བྱ། །དབང་གི་གནས་ནི། སུམ་མདོ་ཆུ་བོ་འདུས་པ་དང་། །བཞི་མདོ་ཁང་སྟོང་སྡུད་ཅན་བྱ། །དྲག་པོའི་གནས་ནི། དུར་ཁྲོད་ངན་པའི་ས་ཕྱོགས་སུ། །ལྷག་པར་བརྩོམ་སྟེ་ངེས་པར་འགྲུབ། །ཅེས་པས། ལས་བཞིའི་གནས་དེ་དག་ཤིན་ཏུ་གལ་ཆེ་བར་བསྟན་པ་ནི། རང་བཞིན་ནུས་མཐུ་ལྡན་པའི་ཕྱིར། །ཤིན་ཏུ་དགོས་པར་བསྟན་པ་ཡིན། །གསུངས་སོ། །གཉིས་པ་རྫས་ལ་ཡང་། གཉིས་པ་རྣམ་པ་ལྔར་བཤད་དེ། །ཞེས་པས་རྫས་ལ་ལྔ་སྟེ། ལས་བཞི་གང་བྱེད་ཀྱི་བསྲེག་ཤིང་། ཡམ་ཤིང་དང་། ལིངྒའི་རྒྱུ་དང་། གཏོར་མ་དང་། བསྲེག་རྫས་རྣམས་དང་ལྔའོ། །དེ་ཡང་། མེ་ཡི་རྫས་གཉིས་བསྲེག་ཤིང་ནི། །ཞེས་པས། དང་པོ་བསྲེག་ཤིང་ནི། ཤིང་གཅིག་པ་ལ་བྱེད་ན། རྩེ་མོ་ཞི་བ་བྱེད། ཡན་ལག་རྒྱས་པ། སྡོང་པོ་དབང་། རྩ་བ་མངོན་སྤྱོད། ཤིང་ཐ་དད་ལ་བྱེད་ན། ཤིང་དཀར་སེར་འཇམ་པོ་ལ་ཞི་རྒྱས་གཉིས། དམར་ནག་གི་ཚེར་མ་ཅན་དབང་དྲག་གཉིས་ཀྱི་བསྲེག་ཤིང་བྱ་སྟེ། ཁ་དོག་ལས་ཀྱིས་སྦྱར་བར་བྱ། །ཞེས་སོ། །གཉིས་པ་ཡམ་ཤིང་ནི། ཤུག་པ་ཙནྡན་དཀར་པོ་དང་། །ཨུ་དུ མྺཱ་ར་འོ་མའི་ཤིང་། །ཞི་རྒྱས་ཡམ་ཤིང་ཤེས་པར་བྱ། །དམར་ལ་དྲི་ཞིམ་ཤིང་རྣམས་དང་། །དུག་ཤིང་ཚེར་མ་ཅན་དག་ལ། །ཚིལ་བྱུག་དབང་དྲག་མེ་སྦར་རོ། །གསུམ་པ་ལིངྒའི་རྒྱུ་ནི། བསྒྲུབ་བྱའི་དམ་རྫས་གོས་སོགས་དང་། །ལོངས་སྤྱོད་དེ་བཞིན་ཤེས་པར་བྱ། །དུག་དང་ཚ་བ་ས་གསུམ་དང་། །ཤ་ཆེན་ར་དང་བན་གླང་ཤ །མཆོག་ཏུ་གསོད་བར་བྱེད་པ་ཡིན། །སྐྱུར་བ་དབང་སྟེ་ལིངྒའི་རྫས། །ཞེས་སོ། །བཞི་པ་གཏོར་མ་ལ། ཞི་བའི་གཏོར་མ་ནི། འོ་མ་འབྲས་ཆན་དངུལ་ཕྱེ་དང་། །མེ་ཏོག་དཀར་པོའི་གཏོར་མ་ཞི། །རྒྱས་པའི་གཏོར་མ་ནི། ལྡོང་རོས་གྲོ་ཆན་ཞོ་རྒུན་ཕྲུམ། །མེ་ཏོག་གསེར་ཕྱེ་རྒྱས་པའོ། །དབང་གི་གཏོར་མ་ནི། ཟངས་ཕྱེ་ནས་རམ་འབྲས་ཆན་དམར། །རམ་བུ་པདྨ་རཀྟ་སྦྱར། །ཐམས་ཅད་སྡུད་པའི་གཏོར་མ་ཡིན། །དྲག་པོའི་གཏོར་མ་ནི། དུག་རྣམས་ལྕགས་ཕྱེ་རྡོ་ཕྱེ་དང་། །ར་ཁྱིའི་ཤ་དང་ཤ་ཆེན་དང་། །དུར་སོལ་དུར་ཀའི་ཆན་རྣམས་ནི། །གསོད་པར་བྱེད་པའི་གཏོར་མ་ཡིན། །ཞེས་སོ། །ལྔ་པ་བསྲེག་རྫས་ལ་ཡང་། ཞི་བའི་བསྲེག་རྫས་ནི། མར་དཀར་ཏིལ་དཀར་ནས་དཀར་ཆན། །མངར་གསུམ་ཙནྡན་དཀར་པོའི་ཤིང་། །ཐམས་ཅད་ཡེ་ཤེས་བདུད་རྩི་སྟེ། ཐ་མས་ཡེ་ཤེས་མི་བསྐྱེད་དོ། །རྒྱས་པའི་བསྲེག་རྫས་ནི། ཞོ་དང་མར་རྙིང་བུ་རམ་སྦྲང་། །རྒུན་འབྲུམ་སྟར་རྒ་ཤ་ཆེན་དང་། །དྲི་ཞིམ་གསེར་ཕྱེ་རྒྱས་པའོ། །དབང་གི་བསྲེག་རྫས་ནི། ཏནྟི་མི་དང་ཤང་ཚེ་དང་། །སྐེ་ཚེ་ཚ་བའི་མར་དག་དང་། །དམར་པོའི་ཤིང་དང་འབྲས་དག་གིས། །ཐམས་ཅད་འགུགས་པའི་མཆོག་ཏུ་གསུངས། །དྲག་པོའི་བསྲེག་རྫས་ནི། དུག་དང་ཚིལ་ཆེན་སྐེ་ཚེའི་མར། །སྲན་ཆེན་ཁྲག་སྣ་ཚོགས་ཚད་དང་། །ཚེར་མ་བན་གླང་ཤ་ཡིས་གསོད། །འབྲས་བུ་གདོན་ཕྱིར་ཚོགས་པར་བྱ། །ཞེས་སོ། །གསུམ་པ་ཐབ་ཀྱི་རྣམ་པ་ནི། ས་གཞི་ལེགས་པར་སྦྱངས་བྱས་ནས། །ཞེས་པས། ས་གཞི་ལེགས་པར་སྦྱངས་པར་བྱས་ནས་ལས་བཞིའི་ཐབ་བྱ་བ་ལ། དཀྱིལ་འཁོར་ཟླུམ་པོ་རིམ་པ་གསུམ། །ཁྲུ་གང་དཔངས་དང་ཞེང་དུ་ཡིན། །ཟབས་དང་གྱེན་ནི་ཕྱེད་དུ་བཤད། །འཁོར་ལོ་ༀ་གྱི་སྙིང་པོར་ལྡན། །རྡོ་རྗེ་འཁོར་ལོ་མེ་འོད་རིམ། །མདའ་བཞི་ཞགས་པ་དཀར་པོས་དཀྲིས། །གཞན་ཡང་འཁོར་ལོ་རྩིབས་བཞི་དང་། །རིག་བཞིའི་ཕྱག་རྒྱ་རབ་ཤེས་ན། །ༀ་དང་སེང་མགོ་སྤེལ་མ་བྲི། །མུ་ཁྱུད་བསྐོར་བའི་ཕྱི་རུ་བཤད། །ཐམས་ཅད་ཞི་བྱེད་དཀྱིལ་འཁོར་ཡིན། །གཉིས་པ་རྒྱས་པའི་ཐབས་ནི། ཡེ་ཤེས་ཕྱོགས་བཞི་དབུས་འོད་འབར། །གྲུ་ཆད་ལ་སོགས་རིམ་རྗེས་མཐུན། །རྡོ་རྗེ་རིན་ཆེན་ཞགས་པས་བསྐོར། །དབུས་སུ་རིན་ཆེན་ཏྲཱྂ་སྙིང་ལྡན། །གཞན་ཡང་རིན་ཆེན་དབྱིབས་གཉིས་སུ། །རིམ་པ་ལ་སོགས་རྗེས་སུ་མཐུན། །ཞགས་པ་སེར་པོའམ་འདབ་བཞིས་བསྐོར། །ཐབས་ཅད་འཕེལ་བྱེད་དཀྱིལ་འཁོར་ཡིན། །གསུམ་པ་དབང་གི་ཐབས་ནི། ཧོམ་ཁུང་ཟླ་གམ་གདེངས་པ་ལ། །རྡོ་རྗེ་པདྨོ་འོད་འབར་བ། །ལྕགས་སྒྲོག་གཏམས་པས་བསྡོམས་པར་བྱ། །པདྨ་ཧྲཱིཿཡི་སྙིང་པོར་ལྡན། །གཞན་ཡང་འདབ་བརྒྱད་དེ་བཞིན་ཏེ། །ཐ་མ་ལྗོན་ཤིང་མཛེས་པས་བསྐོར། །འདབ་བཞི་ཞགས་སྡུད་དབང་གི་ཡིན། །བཞི་པ་དྲག་པོའི་ཐབས་ནི། དཀྱིལ་འཁོར་གྲུ་གསུམ་གདེངས་པ་ལ། །དུར་ཁྲོད་སོལ་བས་ཁྱད་པར་སྦྱར། །རྡོ་རྗེ་རྩེ་གསུམ་གདེགས་པ་ལ། །ཐོད་པ་ལྕགས་ཀྱུ་གཏམས་པས་བསྐོར། །ཧཱུྃ་བཅས་རྡོ་རྗེ་སྙིང་པོ་ལྡན། །མདའ་བཞི་ཞགས་པ་ནག་པོས་བསྐོར། །གཞན་ཡང་ཞལ་གདངས་སྤྱན་བགྲད་པའི། །ཁྲོ་ཞལ་ཤིན་ཏུ་འཇིགས་པ་ཡིས། །མེ་དཔུང་འབར་བས་རབ་མཛེས་པ། །འདི་ནི་གསོད་པའི་མཆོག་ཏུ་གསུངས། །ཞེས་སོ། །གཟུངས་མ་ལ། ཞི་བའི་གཟུངས་མ་ནི། བོང་ཆུང་ལུས་མཛེས་ཟླ་བའི་མདོག །གཡས་འཁྱིལ་ལུས་ཀྱང་དེ་བཞིན་ཤེས། །སྐད་གསལ་སྔགས་བཟླ་ཡིད་མི་སྐྱོ། །ཁྲོ་སྤངས་དེ་བཞིན་ཞི་ལ་སྦྱོར། །རྒྱས་པའི་གཟུངས་མ་ནི། བན་གླང་སེར་མོ་གྲུ་བཞི་ལས། །རྣ་བ་འགྲམ་སླར་རིང་ཤ་རྒྱས། །ཡན་ལག་སླ་མང་ལས་ལ་མཁས། །དལ་ཞིང་བློ་གྲོས་ལྡན་པ་ནི། །འཕེལ་བའི་དུས་སུ་ཤེས་པར་བྱ། །དབང་གི་གཟུངས་མ་ནི། དམར་མོ་ཟླ་གམ་མཛེས་པའི་ཞལ། །ཡལ་ག་རྒྱུད་ནས་རྣམ་སྤངས་པས། །ཐབས་མཁས་བརྩོན་འགྲུས་ལྡན་པས་ནི། །ཐམས་ཅད་སྡུད་པར་བྱེད་པའི་མཆོག །དྲག་པོའི་གཟུངས་མ་ནི། ནག་མོ་གྲུ་གསུམ་རྩིད་མགོ་མ། །ཁྲོ་གཉེར་ཅན་ལ་གེལ་བག་ཆགས། །གཏུམ་ཞིང་བརླང་ཚིག་འཛེམ་བག་མེད། །སྔགས་ཟློས་བརྟུལ་ཞུགས་ལྡན་པས་ནི། །ཐ་མའི་དུས་སུ་འདི་ཤེས་བྱ། །ཞེས་སོ། །ལྔ་པ་གཙོ་བོའི་སེམས་ནི། རང་རིག་སངས་རྒྱས་ཀུན་གྱི་དངོས། །ཐམས་ཅད་རང་དབང་བདག་བསྒྱུར་ཕྱིར། །བསྒྲུབ་པའི་གཙོ་བོ་འདི་གསུངས་སོ། །ཞེས་སོ། །དོན་གྱི་སེམས་ཆོས་ཉིད་བདེན་པ་དབྱེར་མེད་ཀྱི་དོན་ཁོང་དུ་ཆུད་ཅིང་། བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཡིན་ལ། སྟོངས་ཀྱི་སེམས་ནི། ཞི་བ་ལ། མ་ལུས་སེམས་ནི་མཐའ་བྲལ་ཕྱིར། །རང་བཞིན་རྣམ་དག་མངོན་དུ་བྱ། །རྒྱས་པ་ལ། སེམས་གཏེར་རྟོག་ཚོགས་དཀྱིལ་འཁོར་ཕྱིར། །བྱིན་བསྡུས་འཕེལ་བ་མངོན་དུ་བསྒོམ། །དབང་ལ་ཐམས་ཅད་བདག་ཕྱིར་ཐ་མི་དད། །ཤིན་ཏུ་ཞེན་པ་ཉིད་ཀྱིས་བསྒྲུབ། །ཆགས་པ་ཆེན་པོ་ཉིད་དུ་བཤད། །དྲག་པོ་ལ། རང་བཞིན་གཅིག་ཕྱིར་དངོས་མེད་འཇིགས། །ལོག་རྟོག་ཁྲོས་པའི་སེམས་ཀྱིས་བསྐུལ། །ཡང་དག་ཞེ་སྡང་ཆེན་པོར་གསུངས། །ཞེས་སོ། །དྲུག་པ་ལིངྒ་ལ་ཡང་། ཞི་བའི་ལིངྒ་ནི། བདག་གཞན་གནོད་པའི་སེམས་དང་ནི། །སྦྱོར་བ་ངན་པའི་རིགས་སྔགས་ལས། །ཁམས་རྐྱེན་ལས་གྱུར་གནོད་མང་བ། །ཉོན་མོངས་བག་ཆགས་སྡུག་བསྔལ་རྣམས། །ཐབས་ཕྱིར་གཅིག་ཀྱང་དོར་མི་བྱ། །རྒྱས་པའི་ལིངྒ་ནི། ཡོན་ཏན་འཕེལ་བ་མང་ཉུང་ཕྱིར། །ཚེ་དང་ལོངས་སྤྱོད་སྒོ་གསུམ་གྱི། །ཡོན་ཏན་མངོན་པར་མི་ལྡན་པའི། །འཇིག་རྟེན་པ་དང་འདས་པ་ཡི། །ཡོན་ཏན་བསྡུས་ཏེ་བསྟིམ་པ་དང་། །སེམས་ནི་རིན་ཆེན་གཏེར་གྱི་ཕྱིར། །བྱིན་རླབས་འབྲེལ་བས་སྣང་བར་འགྱུར། །དབང་གི་ལིངྒ་ནི། མོས་འདུད་མེད་པའི་ལས་རྐྱེན་ཅན། །ལས་གསུམ་བདག་གཞན་དོན་གྱི་ཕྱིར། །གསུམ་པའི་ལས་ལ་སྦྱར་བྱ་ཞིང་། །ལྷ་ཡང་དེ་བཞིན་ཤེས་པར་བྱ། །དྲག་པོའི་ལིངྒ་ནི། ཞིང་བཅུར་གྱུར་པའི་སེམས་ཅན་དང་། །དམ་པའི་ཆོས་འཇིག་མ་རུངས་བྱེད། །དཔའ་བོས་དགོས་པ་ཡོད་པའི་ཕྱིར། །ཀུན་ལ་ཕན་ཕྱིར་དེ་བྱའོ། །ཞེས་སོ། །བདུན་པ་ཕུར་པ་ལ་ཡང་། ཞི་བའི་ཕུར་པ་ནི། དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་ཟླུམ། །སྟེང་འོག་ལོགས་ལ་ཁྲོ་བཅུ་བསྒོམ། །འཕྲོ་འདུ་བདེ་གཤེགས་ཕུར་པ་ལ། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ལས། །མཐའ་སྐོར་ཡན་ལག་སྙིང་ལ་སྦྱར། །རྒྱས་པའི་ཕུར་པ་ནི། གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་བཞི། །ལྷ་རྣམས་དེ་བཞིན་རིན་ཆེན་འཕྲོ། །ཟུར་བཞིར་གནས་པ་ལུས་གནས་བཞིར། །གདབ་པས་ཡོན་ཏན་འདུ་བར་བཤད། །དབང་གི་ཕུར་པ་ནི། ཟངས་སམ་དམར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླ་གམ། །དེ་བཞིན་ཆགས་པའི་ཕུར་བུར་ཤེས། །ཟླ་གམ་མཐའ་སྐོར་དབང་ལ་སྦྱར། །དེ་དག་བསྒྱུར་ཏེ་འདུས་པར་བྱའོ། །དྲག་པོའི་ཕུར་པ་ནི། ལྕགས་སམ་དྲག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །དེ་བཞིན་རྡོ་རྗེ་ཕུར་བརླབས་པས། །ཟུར་གསུམ་ལུས་ངག་སེམས་ལ་སྦྱར། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ལས་བྱེད་ཉི་ཤུ་རྩ་གཅིག་ཏུའང་གསུངས། །ཞེས་སོ། །བརྒྱད་པ་ལྷ་ནི། ལས་སྦྱོར་གྱི་ལྷ་ནི་ཞི་ཁྲོའི་གཞུང་གི་ལྷ་བཞིན་ནོ། །སྦྱིན་སྲེག་གི་ལྷ་ནི། སྦྱིན་དང་བསྲེག་པའི་ལྷ་གཉིས་ཏེ། །ཞེས་པས། མེ་ལྷ་དང་བསྲེག་ལྷ་གཉིས་ལས་དང་པོ་མེ་ལྷ་ནི། ལས་གང་ཡིན་གྱི་སྐུ་མདོག་ཕྱག་མཚན་ཅན་ཡིན་ཏེ། སངས་རྒྱས་རིགས་ཀྱི་སྤྲུལ་པའི་ཕྱིར། །ལས་ཐམས་ཅད་ལ་ཐོགས་མེད་འཇུག །སྐུ་མདོག་ཆ་ལུགས་ལས་བཞི་བཞིན། །གུནྡྷེ་སྒྲོམ་ཞགས་ཏྲི་ཤུལ་འཛིན། །རིགས་ཀྱི་ཕྱག་རྒྱས་གདབ་པར་བྱ། །ༀ་ཏྲྂ་ཧྲཱིཿཧཱུྃ་ས་བོན་སྙིང་། །ཨགྣེ་དྷེ་ཝ་ལས་བཞིའི་སྔགས། །འཕྲོ་འདུ་ལྡན་པའི་སྔགས་ཀྱིས་བསྐོར། །ཞལ་ཕྱིར་སྦྱིན་པའི་ལྷར་བཤད་དོ། །ཞེས་སོ། །གཉིས་པ་བསྲེག་ལྷ་ནི། གཟུགས་བརྙན་ལྷ་བུའི་གཞལ་ཡས་ནས། །འོད་ཟེར་འབར་བས་ཁྱབ་པར་བྱས། །རྒྱལ་པོ་ལུས་མཛེས་འཁོར་ལོ་འཆང་། །རྒྱན་རྣམས་ཞི་ལ་དཀར་བ་དང་། །འོད་ཟེར་མཆོག་འབར་ལྷན་ནེར་བསྒོམ། །ཁྲོ་བོའི་དཀྱིལ་འཁོར་མ་ལུས་པ། །ཀུན་ཀྱང་གཏི་མུག་རྡོ་རྗེའི་ཚུལ། །འཁོར་ལོ་འོད་ཟེར་ལྡན་པ་ཡིས། །ཁམས་གསུམ་ཐམས་ཅད་ཁྱབ་པར་སྦྱར། །ས་བོན་ༀ་དང་རང་སྔགས་ལྡན། །གཞན་ཡང་དེ་བཞིན་ཤེས་པར་བྱ། །རིན་ཆེན་དགའ་འཕྲོ་སེར་སྐྱ་ནི། །འོད་ཟེར་འབར་བའི་རིན་ཆེན་ཅན། །སྔགས་སོགས་གཞན་ནི་སྔ་མའི་ཚུལ། །སྤྲུལ་པའང་རྗེས་སུ་མཐུན་པ་སྟེ། །ཛཿཧཱུྃ་བྃ་ཧོ་ལྡན་པར་བྱ། །འདོད་ཆགས་རྡོ་རྗེ་ལྕགས་སྒྲོག་དང་། །མདོག་ནི་དམར་སྨུག་འོད་པོ་ཆེ། །སྔགས་ནི་ཡི་གེ་ར་དང་ཧྲཱིཿ ཕྱོགས་བཅུར་ཁྱབ་ཅིང་ཧྲཱི་ལ་བསྡུ། །ཞེ་སྡང་རྡོ་རྗེ་གཏུམ་ཆེན་འབར། །དུད་ཁ་ནག་པོའི་མདོག་འདྲ་བ། །འབར་བ་སྔོན་དམར་མེ་སྟག་འཕྲོ། །ཉི་མ་ཐོད་སྦྲུལ་གདུག་པས་བརྒྱན། །སེང་གེ་གླང་ཆེན་སྟག་རྔམ་དང་། །རྦོད་གཏོང་རྔམ་པའི་ཕྱག་རྒྱ་ལྡན། །སྒྲ་སྐད་དྲག་པོས་ཁམས་གསུམ་དཀྲུག །བསྒྲུབ་བྱ་ཕྱག་རྒྱ་གོམས་པ་ཡིས། །གང་ལ་དམིགས་པ་འགྲུབ་པར་འགྱུར། །ཞེས་སོ། །དགུ་པ་དུས་ནི། ལོ་གཅིག་ལ་བྱེད་ན། དབྱར་དགུན་སྟོན་དཔྱིད་ལས་རིམ་དང་། །ཞེས་པ་དང་། ཞག་གཅིག་ལ་བྱེད་ན། སྔ་དྲོ་གུང་དགོང་ནམ་ཕྱེད་དུས། །ལས་རིམ་བརྩམ་པར་ཤེས་པར་བཤད། །ཅེས་སོ། །བཅུ་པ་སྦྱིན་སྲེག་གི་ལས་རིམ་ལ་གཉིས་ཏེ། སྔོན་དུ་བྱ་བ་དང་། ལས་རིམ་དངོས་སོ། །དང་པོ་སྔོན་དུ་བྱ་བ་ལ་གཉིས་ཏེ། བཤམ་པ་དང་། སྔོན་འགྲོའི་ཆོ་ག་དངོས་སོ། །དང་པོ་བཤམ་པ་ནི། རྫས་དང་ཡོ་བྱད་ལྡན་བྱས་ལ། །ས་གཞི་སྦྱངས་ཏེ་གཟུགས་བརྙན་སྦྱར། །སྟོངས་འགྱུར་མགོན་ལ་ལས་བཅོལ་ཞིང་། །ཀུན་ཀྱང་ཚིམ་བྱས་བསྒོམ་པར་བྱ། །ཤིང་གཉིས་མཆོད་རྫས་ལེགས་བཀོད་དེ། །ཁ་དོག་མེ་དར་ལེགས་པར་བཀབ། །ལིངྒའི་གནས་ནི་གཟུགས་བརྙན་ཚུལ། །མིང་རུས་ལྡན་པ་ཕུར་པས་བསྐོར། །གཉིས་པ་སྔོན་འགྲོའི་ཆོ་ག་དངོས་ནི། རྡོ་རྗེ་གུར་གྱིས་ཕྱོགས་བཅིང་ཞིང་། །ཉི་མ་ཟླ་བ་ལས་གཉིས་ཀྱིས། །གཞོང་པ་སྣོད་ཀྱི་རྫས་རྣམས་ལ། །ལས་ཀྱི་ཧཱུྃ་ལ་འབྲུ་ལྔ་བཀོད། །འཕྲོ་འདུ་བདུད་རྩི་ཁ་དོག་ལྡན། །མང་ཞིང་སྣ་ཚོགས་རོར་ལྡན་བྱ། །ཞེས་སོ། །གཉིས་པ་ལས་རིམ་དངོས་ལ་གསུམ་སྟེ། ལས་སྦྱོར་གྱི་ཕྲིན་ལས་ཞི་ཁྲོ་གཞུང་བསྲང་བ་དང་། ལིངྒ་འགུགས་གཞུག་བྱ་བ་དང་། སྦྱིན་སྲེག་ལས་རིམ་དངོས་བསྟན་པའོ། །དང་པོ་ལས་སྦྱོར་གྱི་འཕྲིན་ལས་ཞི་ཁྲོ་གཞུང་བསྲང་བ་ནི། དཀྱིལ་འཁོར་ལས་ཀྱི་གཞུང་བསྲང་ལ། །སྣ་ཚོགས་མཆོད་ཡོན་རྒྱས་པར་འབུལ། །ཚོགས་ཀྱི་འཁོར་ལོ་ལེགས་པར་བརྟག །མཆོད་པ་ཆེན་པོའང་འབུལ་བར་བྱ། །ས་བོན་རང་གི་འབྲུ་འོད་ཟེར། །ཡེ་ཤེས་དཀྱིལ་འཁོར་བསྐུལ་བར་བྱ། །ཁམས་གསུམ་བྱིན་རླབས་དག་བསྡུས་ཏེ། །བསྒྲུབ་བྱ་ཉེ་བར་སྦྱར་བ་དང་། །སྲོག་དང་ལྡན་པའི་བཟླས་པ་ནི། །ཞལ་གྱིརང་སྔགས་ཁྲི་འབུམ་དུ། །རྣམ་པ་གསུམ་གྱིས་བྱ་བ་དག །ཤིན་ཏུ་སྟོངས་འགྱུར་རྒྱས་པར་བྱའོ། །ཞེས་སོ། །གཉིས་པ་ལིངྒ་འགུགས་གཞུག་བྱ་བ་ནི། ཁམས་གསུམ་གང་བའི་དཀྱིལ་འཁོར་ནི། །རྔམ་ཞིང་འོད་ཟེར་འབར་བར་སྒོམ། །བདག་ཉིད་འཛིན་པའི་ཕྱག་རྒྱ་སྟེ། །མཚན་མ་བཟུང་ནས་རང་སྔགས་འདོན། །རོལ་པའི་ཕོ་ཉ་བཀའ་ཉན་ཚོགས། །ཕྱག་རྒྱ་བཞི་ལྡན་སྒྲ་སྐད་གྲགས། །ཁམས་གསུམ་དཀྲུགས་ཏེ་ཕྲལ་བྱས་ནས། །བསྒྲུབ་བྱ་མངོན་དུ་སྦྱར་བར་བྱ། ཚོགས་ཐ་མ་ལ་ལིངྒ་བྱས་ལ། བྲུབ་ཁུང་དུ་བྲུབ་ལ། དགུག་གཞུག་བྱ། གཏོར་བསྐུལ་བྱ། གཏོར་ཐུན་དབབ། ཕུར་བསྐུལ་བྱས་ལ་ཕུར་པས་གདབ། །མཚོན་ཆའི་ཆར་དབབ་གྲིས་གཏུབས་ལ། །བསྲེག་རྫས་དང་བསྲེས་ལ་བཞག་གོ། ༈ །གསུམ་པ་སྦྱིན་སྲེག་ལས་རིམ་ལ་གཉིས། མེ་ལྷའི་ལས་རིམ་ནི། རྗེས་སུ་མཐུན་པའི་གཞལ་ཡས་སུ། །སྦྱིན་ལྷ་སོ་སོའི་གདན་ལྟར་བསྒོམ། །མེ་དཔུང་འབར་བའི་ཚོགས་ཅན་དུ། །མེ་ལྷ་ཨགྣེ་ཛཿས་བཀུག་ལ། །ཕྱག་རྒྱ་བཞི་ཡིས་ངེས་བཀུག་ལ། །རཾ་ཞེས་བྱ་བས་མེ་སྦར་ནས། །གཟར་བུ་རིགས་ཀྱིས་མཚན་བཅས་ལ། །མཆོད་པ་བདུད་རྩི་རྒྱས་པར་འབུལ། །གཉིས་པ་བསྲེག་ལྷའི་ལས་ཀྱི་རིམ་པ་ནི། དེ་དབུས་འཁོར་ལོ་གསལ་བརྟག་སྟེ། །གཉིས་པ་ལྷ་རྣམས་སྤྱན་དྲང་བསྟིམ། །མར་དང་ཤིང་བུ་ཆན་ལ་སོགས། །དམར་གྱི་ཨརྒ་རྒྱུན་དུ་འབུལ། །ཅིག་མིན་ཐམས་ཅད་བདུད་རྩི་སྟེ། །ཡང་ན་ལན་གསུམ་བརྒྱ་རྩ་བརྒྱད། །སྟོང་དང་འབུམ་སོགས་ཅི་ནུས་འབུལ། །དུག་གསུམ་མཆོད་པ་དེ་བཞིན་བྱ། །དབང་མེད་ཞལ་དུ་ཐིམ་པར་འགྱུར། །མིང་དང་ལས་བཞིའི་སྔགས་ཀྱིས་འབུལ། །འགྲུབ་འགྱུར་ཐེ་ཚོམ་མེད་ཅེས་བཤད། །ཅེས་སོ། །གཟུགས་བརྙན་ལུ་གུ་རྒྱུད་བསྐོར་ལ། །ཨེ་ལ་སོགས་པའི་དཀྱིལ་འཁོར་དུ། །རྗེས་སུ་མཐུན་པའི་ལྷ་བསྒོམས་ལ། །སླས་དང་བྱི་མོའི་ཚོགས་ཀྱིས་བསྐོར། །ཁམས་གསུམ་གང་བར་སྦྱར་བར་བྱ། །སྲོག་དང་ལྡན་པའི་བྲོ་སྟབས་གར། །ཕྱོགས་བཅུ་མ་ལུས་བཀུག་ནས་ནི། །བསྒྲུབ་བྱ་དབུས་སུ་ལོག་བརྟག་སྟེ། །ས་བོན་འོད་ཟེར་ལས་གཞན་དུ། །བསྟིམས་ནས་བསམ་པ་འགྲུབ་པར་བྱ། །རྗེས་སུ་མཐུན་པའི་སྨོན་ལམ་བཏབ། །ཅེས་པས་སྐབས་འདིར་ལས་བཞིའི་བྲོ་བྱའོ། །བཅུ་གཅིག་པ་ལྷག་མའི་ལས་ནི། བདག་ཉིད་འདུལ་བའི་དབང་ཕྱུག་ཏུ། །ལས་བཞིན་མཉམ་གཞག་ཁྲོ་བོ་ཡིན། །འཁོར་གྱི་ཕྲ་མེན་དེ་བཞིན་ཤེས། །ཕྲ་མེན་ཚོགས་རྣམས་བསྐུལ་བཏུལ་ཏེ། །ལས་བཞིའི་དཀྱིལ་འཁོར་དེ་དག་ཏུ། །ལྷག་མ་ཁ་ཆུས་བཀོད་པ་སྦྱིན། །ཅེས་པས། ལྷག་མ་བཏང་། བརྟན་མ་བསྐྱང་། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། །བསྲེག་ལྷ་དང་། མེ་ལྷའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། ཚོམ་བུ་དང་དཀྱིལ་འཁོར་བསྡུ་ལ། ལས་རྗེས་མི་མངོན་པར་བྱ་ཞིང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དམ་ཚིག་ལ་གཉིས། བགྲང་། བསྟན་པ་དང་། དྲང་། ལམ་གྱི་ཡན་ལག་གཞི་དམ་ཚིག་གིས་བཟུང་བ་ལ། ས་གཞི་གཤིན་མོ་དང་འདྲ་བ་དེའི་སྡོམ་ཚིག་ནི་འདི་ལྟ་སྟེ། དམ་ཚིག་བསྲུང་བ་རང་གི་ངོ་བོ་དང་། དམ་ཚིག་རྣམ་གྲངས་རྒྱས་བསྡུས་ཀྱི་བྱེ་བྲག་དང་། དམ་ཚིག་བསྲུང་བའི་དགོས་ཆེད་དང་། དམ་ཚིག་བསྲུང་བའི་དུས་ལ་རིམ་པ་ཡོད་ཚུལ་དང་། བླ་མེད་ཀྱི་དམ་ཚིག་ལ་གནས་ན་འོག་མའི་བསྲུང་བྱ་རྣམས་ངོ་བོ་ཉིད་ཀྱིས་རྫོགས་པས་ཆེ་བ་དང་། དམ་ཚིག་བསྲུངས་པའི་ཡོན་ཏན་དང་། ཉམས་ན་བསྐང་བའི་ཐབས་དང་། མ་བསྲུངས་པའི་སྐྱོན་དང་བརྒྱད་དག་གིས་ནང་དུ་ངེས་པར་མ་ནོར་བར་འོག་རྒྱས་བཤད་ཀྱིས་དམིགས་ཀྱི་རྣམ་དབྱེ་ཡོངས་སུ་ཤེས་པར་བྱའོ། །བཤད་པའོ། །དེ་ལ་བརྒྱད་དེ། བགྲང་། ངོ་བོ། དྲང་། གསང་སྔགས་བླ་མེད་འདི་ཉིད་ཀྱི་སྒོར་ཞུགས་པའི་གང་ཟག་ཐམས་ཅད་ཀྱི་ལུས་ངག་ཡིད་དང་སྒོ་གསུམ་གྱི་བླ་མེད་རང་གཞུང་གི་རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་བྱའི་ཀུན་ལས། དཔེ་རྒྱལ་པོའི་བཀའ་འོག་གི་མི་རྣམས་ཀྱིས་རྒྱལ་པོའི་བཀའ་ཤོག་གི་རྟགས་སྣང་ན་འདའ་མི་ཕོད་པ་ཅི་ལྟ་བར་བཞིན་དུ། ཉམས་པར་མི་བྱེད་ཅིང་མི་འབྲལ་བ་ནས་བསྲུང་བྱའི་ཚུལ་ལ་སྡོམ་པ་དེ་དམ་ཚིག་གི་ངོ་བོ་ཡིན་ནོ། །རྣམ་གྲངས་དང་། དྲང་། དེ་ལ་ཐུན་མོང་དང་ཁྱད་པར་ལས། དང་པོ་ཐུན་མོང་སྤྱིའི་དམ་ཚིག་གི་རྣམ་གྲངས་ནི། ལྷ་མིའི་དགེ་བཅུ། ཉན་རང་གི་འདུལ་ཁྲིམས། བྱང་སེམས་ཀྱི་བསླབ་པ་དོན་འགྱུར་སྣང་ན་མུ་སྟེགས་དང་། འགྲོ་དྲུག་གི་སྤྱོད་པ་རྣམས་ཀྱང་ཉམས་སུ་བླང་ཚུལ་གཞུང་གཞན་ནས་བཤད་པའི་བསྲུང་བྱ་རྣམས་ཀྱང་འགྲོ་བ་སེམས་ཅན་འདྲེན་པའི་དོན་དུ་བསྲུང་དགོས་པ་དང་། ཁྱད་པར་གསང སྔགས་རང་གཞུང་གི་དམ་ཚིག་རྩ་བ་དང་། ཡན་ལག་གི་དམ་ཚིག་དེ་རྣམས་ཀྱི་སྲུང་ཐབས་ནི། བློ་རབ་ལ་མདོ་དོན་བསྡུས་ནས་བདེན་གསུམ་དབྱེར་མེད་མཉམ་པའི་ངང་དུ་བསྲུང་བ་ཡིན་ཏེ། རྩ་རྒྱུད་ལས། མཉམ་ལ་མཉམ་པར་སྦྱར་བ་ཡི། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །ཞེས་སོ། །འབྲིང་ལ་བྱང་སེམས། སློབ་དཔོན། མཆེད། གསུང་གི། ཐུགས་ཀྱི་དམ་ཚིག་རྩ་བ་ལ་ལྔ་དང་། དྲི་ཆེན་ལ་སོགས་པའི་དང་དུ་བླང་བ་ལྔ་དང་། འདོད་ཆགས་ལ་སོགས་མི་སྤང་བ་ལྔ་སྟེ་ཡན་ལག་གི་དམ་ཚི ག་བཅུ། རྩ་བའི་དམ་ཚིག་ལྔ་དང་བཅོ་ལྔར་འདུས་པར་གསུངས་ཏེ། རྩ་རྒྱུད་ལས། མི་སྤང་མི་འདོར་ལྔ་ཉིད་ལ། །ཞེས་གསུངས ། འོ་ན་ཡན་ལག་གི་དམ་ཚིག་ལ་ཉི་ཤུ་རྩ་ལྔ་གསུངས་པ་ལ། གསུམ་པོ་གར་འདུ་ཞེ་ན། ཤེས་པར་བྱ་བ་ལྔ་ནི། ལྟ་བ་དུག་ལྔ་ཡེ་ཤེས་སོགས་ཤེས་ཐབས་ཡིན་ལ། བསྒྲུབ་པར་བྱ་བ་ལྔ་ནི། དེ་སྒྲུབ་པའི་ཐབས་ཡིན། སྤྱད་པར་བྱ་བ་ལྔ་ནི། དེ་བསྒྲུབ་པའི་དུས་ཀྱི་སྤྱོད་པ་ཡིན་གསུངས། རྩ་བའི་དམ་ཚིག་ལྔ་ཡང་། བླ་མེད་མི་སྤང་བ་དང་། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ་གཉིས་ནི། བསྒྲུབ་པའི་དམ་ཚིག་ཡིན་པ་དང་། བླ་མ་བཀུར་བ་དང་། མཆེད་ལ་བྱམས་པ་གཉིས། གསང་བ་གཞན་ལ་མི་སྤེལ་བ་དང་གསུམ་ནི། བསྲུང་བའི་དམ་ཚིག་ཡིན་ཏེ། རྩ་རྒྱུད་ལས། བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་གསུངས། བློ་ཐ་མའི་དོན་རྒྱས་པ་སུམ་བརྒྱ་དྲུག་ཅུའི་རྣམ་གྲངས་རྣམས་ནི། ཏནྟྲ་སྟེ་རྒྱུད་གསང་སྙིང་གི་རྩ་བཤད་ཀྱི་ནང་དུ་གསུང་བ་དེར་བསྙད་དེ་ཤེས་པར་བྱ་བ་ནི། རྩ་བ་ལྔ་པོའི་གཅིག་ལ་ཡང་། ཤེས་རབ་ལྟ་བ་རྟོགས་པ་དང་། ཐབས་མ་འགགས་པ་སྤྱོད་པ་གཉིས་སུ་ཕྱེ་བ་བཅུ་དང་། དེ་དག་སྤྱི་རུ་བཞག་ནས། བྱེ་བྲག་རྩ་བ་རེ་རེ་ལ་སུམ་ཅུ་སྟེ། བརྒྱ་དང་དྲུག་ཅུ་དང་། ཡན་ལག་གི་དམ་ཚིག་བཅུ་ལ་རེ་རེ་ལ་ཉི་ཤུར་དབྱེ་བས་གཉིས་བརྒྱ་སྟེ། བསྡོམས་པས་སུམ་བརྒྱ་དྲུག་ཅུའོ། །འདི་དག་རྣམ་གྲངས་ངོས་བཟུང་ལ། སློབ་དཔོན་ཧཱུྃ་ཀཱ་ར། བཞད་པ་རྡོ་རྗེ། པདྨ་འབྱུང་གནས། བྷི་མ་ལ། ཛྙཱ་ན་ཀུ་མཱ་ར་རྣམས་ཀྱི་བཞེད་གཞུང་མི་འདྲ་བ་ལྔ་ཡོད་ཟེར་རོ། །གཞན་ཡང་ཐེག་ཆེན་མ་ཧཱ་རང་གཞུང་གི་ས་ལམ་གོང་འོག་ལ་བསྲུང་བྱའི་ཁྱད་པར་ཡོད་པའི་ཕྱིར། ཚོགས་ལམ་རྣལ་འབྱོར་བཞི། སྦྱོར་ལམ་ཚོམ་བུ་ཚོགས་བསྒྲུབ་པ་ལ་སོགས་པ་ལམ་རང་རང་གི་སྐབས་ཀྱི་ལམ་གྱི་ངོ་བོའི་ཆོས་ཉིད་དེ་དང་མི་མཐུན་པའི་ཕྱོགས་རྣམས་བསྲུང་ཐབས་རྣམས་སོ། །དགོས་ཆེད་དང་། དྲང་། དམ་ཚིག་འདི་ཉིད་བསྲུངས་པ་དེ་ཡི་དགོས་ཆེད་ནི། ཁྱད་པར་གསང་སྔགས་རང་གི་དམ་ཚིག་དང་། ཐུན་མོང་སྤྱིའི་དམ་ཚིག་རྣམས་མ་བསྲུངས་པའི་སྐྱོན་གྱི་ཆ་ཡིས་འཁོར་བ་དང་ངན་སོང་དུ་འགྲོ་བའི་དགོས་ཆེད་ཆེ་ལ། བསྲུངས་པའི་ཡོན་ཏན་གྱི་ཆ་ཡིས་མཐོ་རིས་བྱང་ཆུབ་ཐོབ་པའི་དགོས་ཆེད་ཆེ་བས། དེ་བས་ན་མ་བསྲུངས་ན་ཉེས་ཆེ་བས་དེ་དང་། བསྲུངས་ན་ཡོན་ཏན་ཆེ་བ་དེ་ཡི་དགོས་ཆེད་ཀྱི་ངེས་ཚིག་དེ་འགྲུབ་པ་ཡིན་ནོ། །གཞན་ཡང་ཁྱད་པར་གསང་སྔགས་རང་གི་དམ་ཚིག་དང་། ཐུན་མོང་སྤྱིའི་དམ་ཚིག་རྣམས་སྲུང་བའི་གདུལ་བྱ་རྟེན་གྱི་གང་ཟག་གང་ཡིན་པ་དེའི་སྒྲིབ་པ་སྦྱངས་ཚོགས་རྫོགས་པའོ། །དུས་དང་། དྲང་། ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་གི་བསྲུང་བྱ་རྣམས་ལ་ཟག་བཅས་དང་། ཟག་མེད་ལམ་གྱིས་ཕྱེ་བའི། ཉམས་སུ་བླང་བའི་དུས་ལ་བབས་མ་བབས་ཀྱི་རིམ་པ་ཡོད་པའི་ཕྱིར་དེ་ལ་ཡང་ལས་དང་པོའི་དུས་སུ་ཐུན་མོང་གི་དམ་ཚིག་རང་དོན་དུ་བསྲུངས་ལ། ཁྱད་པར་གྱི་དམ་ཚིག་ཕལ་ཆེར་མོས་སྲུང་བྱེད། ཅུང་ཟད་ཏིང་ངེ་འཛིན་ལ་དབང་ཐོབ་ནས། ཐུན་མོང་གི་དམ་ཚིག་གཞན་དོན་དུ་བསྲུངས་ལ། ཁྱད་པར་གྱི་དམ་ཚིག་ནུས་སྲུང་བྱེད་པ་ཡིན་པས། དེ་བས་ན་ཟག་བཅས་ཟག་མེད་ཀྱི་ས་ལམ་གྱི་རིམ་པ་གང་ཐོབ་པ་དེ་ཡི་ཚེ། དེའི་དུས་ཀྱི་མཉམ་གཞག་དེ་ལ་མི་འདའ་བའི་ཐབས་ལ་དམ་ཚིག་དེ་དགོས་པས། དེ་བས་ས་ལམ་རང་རང་གི་ཏིང་ངེ་འཛིན་དང་མཐུན་པའི་དམ་ཚིག་བསྲུང་བར་བྱེད་པའི་ཐབས་རྣམས་ཉམས་སུ་བླང་བའི་དུས་ལ་བབས་པ་ཡིན་ནོ། །དེ་ལྟར་ས་ལམ་གང་ཐོབ་ཀྱི་ཐབས་ཀྱི་ཏིང་ངེ་འཛིན་དེ་དང་། རང་གིས་བསྲུང་བྱའི་དམ་ཚིག་མགོ་འབྱོར་ན་ཕན་ཡོན་ལ་གཉིས་ཏེ། སྒྲིབ་པ་བྱང་ཚོགས་རྫོགས་ནས་ལམ་ནར་སོན་པའོ། །ཆེ་བ། དྲང་། སྤྱིར་བསྲུང་བྱ་ལ། འདུལ་ཁྲིམས། སྡོམ་པ། དམ་ཚིག་མང་ཡང་། འདིར་བསྲུང་བྱ་མཆོག་ནི་མ་ཧཱ་ཡོ་གའི་དམ་ཚིག་ཡིན་པས། དེ་ལ་བསྐུལ་ནས་ཉམས་སུ་ལེན་ཞིང་མངོན་དུ་གྱུར་ནས། འོག་མའི་འདུལ་སྡོམ་དམ་ཚིག་རྣམས་ངོ་བོ་ཉིད་ཀྱིས་རྫོགས་པའི་ཕྱིར། དེའི་དོན་ནི། རྒྱུད་གསང་སྙིང་ལ་སོགས་པའི་ནང་ནས་སྨོས་པའི་གསང་སྔགས་བླ་མེད་ཀྱི་དམ་ཚིག་རྣམས་བསྲུང་ཐུབ་ན། ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། བྱང་སེམས་ཀྱི་སྡོམ་པ་ཐམས་ཅད་ངོ་བོ་ཉིད་ཀྱིས་རྫོགས་པའོ། །འོ་ན་འོག་མ་འདུལ་སྡོམ་རྣམས་འདིར་དངོས་སུ་བསྲུང་ངོ་ཞེ་ན། མ་ཡིན་ཏེ། ཉོན་མོངས་བདག་འཛིན་འདི། ཉན་ཐོས་ཀྱིས་སྤང་། བྱང་སེམས་ཀྱིས་སྦྱང་། ཕྱི་རྒྱུད་ཀྱིས་བསྒྱུར་ནས་དག་པར་བྱེད་ལ། འདིར་བླ་མེད་ཀྱིས་རང་བཞིན་ཤེས་ནས་ཉོན་མོངས་མ་སྤངས་ཀྱང་། ཉོན་མོངས་དེ་ཉིད་ངོ་བོ་དང་མི་ལྡན་པར་རང་དག་པས། དེ་བས་འོག་མའི་བསྲུང་བྱ་རྣམས། འདི་ཉིད་ཀྱི་སྐབས་སུ་དངོས་སུ་བསྲུང་བྱ། སྲུང་བྱེད་མེད་པར་ཉམས་པའང་མེད་པའོ། །ཡོན་ཏན་དང་། དྲངས། མ་ཧཱ་འདི་ཉིད་ཀྱིས་ལྟ་སྒོམ་མ་ནོར་བའི་དོན་ལ་མི་འདའ་བའི་དམ་ཚིག་ལ་གནས་པའི་ཕན་ཡོན་ནི། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམ་གྲངས་རྣམས་ཀྱིས་རྗེས་སུ་ཞུགས་ལ་སྤྱི་རྒྱུད་གསང་སྙིང་འདི་ཉིད་ལ་གྲགས་པ་ནི། གཞན་ཡང་རྒྱལ་མཆོག་ཀུན་བཟང་གི། །ཐམས་ཅད་མ་ལུས་ཕྱག་རྒྱ་ཡིས། །བསྒྲུབ་མེད་དམ་པ་མ་ལུས་འགྲུབ། །དེ་ལ་སོགས་པ་མཐའ་ཡས་མཆོག །རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་བརླབས་སོ། །བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཅི་བཞིན་ཉིད་དང་འདུལ་བའི་ཐབས། །ཇི་སྙེད་སྡོམ་པ་མཐའ་ཡས་ཀྱང་། །མ་ལུས་རྣམ་དག་ལྷུན་གྱིས་གྲུབ། །ཉམས་ན་བསྐངས་པས་རྫོགས་པ་དང་། །དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་གསུངས། གཞན་ཡང་དམ་ཚིག་བསྲུངས་ན་ངན་སོང་འཁོར་བར་མི་ལྟུང་བའི་གཟུང་དང་། འབྲས་བུ་སངས་རྒྱས་ཐོབ་པའི་དབྱེ་བའང་བྱའོ། །ཡོན་ཏན་ཡོད་པ་དེ་བས་བདག་དོན་དང་གཞན་དོན་གང་ལ་ཡང་དམ་ཚིག་བསྲུང་དགོས་པའམ། དེ་བས་དམ་ཚིག་རྣམ་གྲངས་མ་ལུས་པ་རྫོགས་པར་བྱ་བའི་ལུག་རྫིའི་ཚུལ་དུ་བསྲུང་བར་བྱའོ། །བསྐང་ཐབས་དང་། དྲང་། རྩ་བའི་དམ་ཚིག་དེ་དང་། ཡན་ལག་གི་དམ་ཚིག་དེ་ལས་རྩ་བ་ནས་ཉམས་པ་ཞིག་པའམ། སྣ་རེ་ཉམས་ནས་རལ་བ་བྱུང་བའི་ཚེ། གང་ཉམས་ཀྱི་དམིགས་དེ་ཤེས་པར་བྱས་ལ། གསོ་བའི་ཐབས་ལ་རྩ་བ་ལྔ་ནི། དགོངས་འདུས་ལས། ལས་དང་རྫས་དང་འདུན་པ་དང་། །ཏིང་ངེ་འཛིན་དང་དེ་ཉིད་དོ། །ཞེས་པས། ལས་ཀྱིས་བསྐང་བའི་སྦྱིན་སྲེག་སྟེ། རྩ་བ་ཉམས་ན་ཁྲི་ཚོ་ལྔ་དང་། སྟོང་ཚོ་གསུམ་བླུག །ཡན་ལག་ལ་སྟོང་ཚོ་ལྔ་དང་བརྒྱ་ཚོ་གསུམ་བླུག །ཟླ་ཉམས་ལ་བརྒྱ་ཚོ་ལྔ་དང་བཅུ་ཚོ་གསུམ་བླུག །ཞར་ཉམས་ལ་ལྔ་བཅུ་རྩ་གསུམ་བླུག །རྫས་ཀྱིས་བསྐང་བ་ལ། རིགས་གང་ཉམས་དང་མཐུན་པའི་ནོར་འབུལ་བ་ནི། དེ་པའི་རིགས་ལ་རྒྱལ་སྲིད་འབུལ། རྡོ་རྗེའི་རིགས་ལ་རང་གི་ལུས། རིན་ཆེན་རིགས་ལ་རིན་པོ་ཆེ། པདྨའི་རིགས་ལ་བུ་དང་ཆུང་མ། ལས་ཀྱི་རིགས་ལ་ཁལ་རྟ་དང་འཁོར་གཡོག་གམ་རང་ལ་རབ་ཏུ་གཅེས་པ་དེ་འབུལ་བར་གསུང་། འདུན་པས་བསྐང་བ་ལ། ཡིག་བརྒྱ་དང་བཤགས་པ། ཏིང་འཛིན་གྱིས་བསྐང་བ་རྂ་ཡྂ་ཁྂ། དེ་ཁོ་ན་ཉིད་ཀྱིས་བསྐང་བ་ལྟ་བའོ། །ཡང་ན་སློབ་དཔོན་སྒེག་རྡོར་ལྟར་ན། འདས་པའི་དམ་ཚིག་ལྔ་ལས་བསྡུས་ན། སྐུ་གསུང་ཐུགས་གསུམ་མམ། བྱང་སེམས་དང་བཞིར་འདུས་ལ། དེའི་བསྐང་ཐབས་ནི། བྱང་སེམས་ལ་བསྐྱེད་རྫོགས་གཉིས་ཀྱི་ཏིང་ངེ་འཛིན་གྱིས་བསྐངས། སྐུ་ལ་ནོར་དང་སྦྱིན་སྲེག །གསུང་ལ་སྒྲུབ་པ་ཆེན་པོ་གསུམ། ཐུགས་ལ་ལྟ་བ། ཡན་ལག་གང་ཉམས་པ་སོར་བཅུག་ལ་ཚོགས་ཀྱི་མཆོད་པས་བསྐངས་བར་འདོད་དེ། དེ་ལྟར་གསོ་བའི་ཐབས་གང་ལ་ཡང་ལེ་ལོ་མེད་པས་བརྩོན་འགྲུས་ཀྱི་སྒོ་ནས་མོས་འདུན་དང་བཅས་པས་ལྕོག་ཚད་སྦྱར་བར་བྱའོ། །དེས་ན་ཉམས་ཆག་བསྐངས་བའི་ཡོན་ཏན་གྱིས་ལམ་ཆུད་མི་ཟ་བར་ངེས་པར་ཚོགས་རྫོགས་ངན་སོང་འཁོར་བ་ལ་མི་ལྟུང་ནས་གཟུང་། མཆོག་ཐུན་མོང་གི་འབྲས་བུ་རྣམས་ཐོབ་པ་ཡིན་ནོ། །ཉམས་པའི་རྒྱུ་ཉམས་པའི་སྐྱོན་བསྟན་པའོ། །དྲང་། བསྲུང་བའི་དམིགས་མི་ཤེས་པས་ཕྱལ་བ་དང་། དམིགས་ཤེས་ཀྱང་བརྩོན་འགྲུས་མ་བྱས་ན་ལེ་ལོ་བྱེད་པ་དང་། སྔར་དམ་ཚིག་མ་ནོས་ཀྱང་མི་བསྲུང་ནས་སྡིག་པ་བྱས་པའི་ལོག་པ་དང་གྲོགས་ངན་གྱི་ཟླས་ཉམས་པ་དང་། ཉམས་པ་ཅན་གྱི་གྲིབ་འགོས་པས་ཞར་ལ་ཉམས་ཤོར་བ་དང་། ཉོན་མོངས་པ་ཆེ་བས་དེའི་དབང་དུ་སོང་ནས་ཉམས་པ་དང་། དངོས་སུ་བདུད་ཀྱིས་བསླུས་ཏེ་དེའི་དབང་དུ་སོང་ནས་ཉམས་པ་དང་། རང་བཞིན་གྱི་གཤིས་ངན་པས་སློབ་དཔོན་དང་མཆེད་ལ་ཉམས་ཆག་ཁུར་བ་དང་། བརྒྱད་པོ་དེས་དམ་ཚིག་ཉམས་པའི་རྒྱུ་བྱས་ནས་དཀའ་ཐུབ་སྡོམ་པའི་དམ་ཚིག་དེ་ཉམས་ནས་རལ་བ་དག་གིས་གསོ་བ་ལ་མི་བརྩོན་ན་དུས་འདི་ཉིད་ལ་ཉམས་པ་ཆེ་ཆུང་གིས་ཕྱི་མར་རྣམ་སྨིན་མྱོང་བ་ལ་ཡང་། ཚེ་འདིར་ཉམས་པ་ཆེ་ན་ཕྱི་མར་སྡུག་བསྔལ་དྲག་ལ་འདིར་ཉམས་པ་ཆུང་ན་ཕྱི་མར་སྡུག་བསྔལ་ཞན་པའི་སྟོབས་ཀྱིས་ཐུན་མོང་སྤྱིའི་དམ་ཚིག་ཉམས་པ་དང་། སྒོས་སུ་རང་གིས་དམ་ཚིག་ཉམས་པའི་སྐྱོན་གྱི་བདག་གཞན་གཉིས་ལ་གནོད་དེ་ངན་སོང་དུ་འགྲོ་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་མི་འབྱུང་བའོ། །འོ་ན་དམ་ཚིག་དང་སྤྱོད་པ་ལ་ཁྱད་ཅི་ཡོད་ཅེ་ན། དམ་ཚིག་ནི་ད་ནས་བཟུང་སངས་རྒྱས་ཀྱི་བར་དུ་བསྲུང་བྱའི་དམིགས་ཀུན་ཚང་དགོས། སྤྱོད་པ་ནི་ལམ་རང་རང་གི་སྐབས་ཀྱི་བསྲུང་བྱ་རྣམས་མ་གཏོགས་པ། གོང་འོག་གང་དུ་བསྲུང་མི་དགོས། དཀྱིལ་འཁོར་ལ་གཉིས། བགྲང་། བསྟན་པ་དང་། དྲང་། ཡན་ལག་ལྔ་པ་གཙོ་བོ་འཁོར་དུ་བཀོད་པའི་ཐབས་དཀྱིལ་འཁོར་ལ་རྒྱུད་རྒྱན་པའི་ལེའུ་དགུ་པ་ལས་ནང་ཚན་བདུན་དུ་གསུངས་པ་ནི། འདིར་ནི་རང་བཞིན་དཀྱིལ་འཁོར་དང་། གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། ཅེས་པས་དེ་རྣམས་ཀུན་གྱིས་སྡོམ་ཚིག་ནི་འདི་ལྟ་སྟེ། དཀྱིལ་འཁོར་གྱི་ངོ་བོ་དང་། དཀྱིལ་འཁོར་གྱི་ཁྱད་པར་དང་། དཀྱིལ་འཁོར་གྱི་རྣམ་གྲངས་དང་སྐབས་གར་དགོས་པ་དང་། དཀྱིལ་འཁོར་གྱི་བྱ་ཐབས་དང་དུས་དང་། དཀྱིལ་འཁོར་གྱི་ངེས་ཚིག་གམ་སྒྲ་དོན་དང་། དཀྱིལ་འཁོར་ཆེད་དུ་གཉེར་བའི་ཡོན་ཏན་དང་། མི་གཉེར་བའི་སྐྱོན་དང་དགུ་ཡིས་འོག་དཀྱིལ་འཁོར་གྱིས་རྒྱས་བཤད་འབྱུང་བའི་གཞི་རུ་བཞག་པའོ། །བཤད་པའོ། དེ་ལ་བརྒྱད། བགྲང་། ངོ་བོ་དང་། དྲང་། དཀྱིལ་འཁོར་རང་རང་གི་གནས་སྐབས་བདུན་དུ་སྙིང་པོ་ལེན་པ་སྟེ་དཀྱིལ་འཁོར་ཡིན་ལ། འཁོར་དུ་བཀོད་པ་གང་རྫོགས་པ་དེ་དཀྱིལ་འཁོར་གྱི་ངོ་བོ་ཡིན་ནོ། །དེ་ལ་དཀྱིལ་འཁོར་བདུན་གྱི་ངོ་བོ་དམིགས་ངོས་བཟུང་ན། དང་པོ་རང་བཞིན་དཀྱིལ་འཁོར་ལ་གཉིས་ཏེ། རང་བཞིན་ཉིད་དང་། རང་བཞིན་འབྲས་བུ་མཐར་ཕྱིན་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པའི་དོན་བཞི་པ་ལས། རང་བཞིན་དཀྱིལ་འཁོར་ཡན་ལག་ནི། །ཆོས་དབྱིངས་བྷ་ག་དབྱེར་མེད་པས། །མཉམ་པར་སྦྱོར་ཞིང་དག་པའོ། །ཞེས་སོ། །རང་བཞིན་ཀུན་རྫོབ་ཀྱི་དཀྱིལ་འཁོར་ནི། དོན་གཉིས་པ་ལས། ཕྱི་ནང་སྣོད་བཅུད་ལས། ཕྱི་ནང་སྣོད་བཅུད་བདག་རྣམས་ལ། །རང་བཞིན་དཀྱིལ་འཁོར་ཡེ་ནས་ནས། །ཞེས་པས། དེའི་དཀྱིལ་འཁོར་ནི་རང་གི་ཡེ་ཤེས་འཁོར་ནི་ཡེ་ཤེས་བཞིར་ཤར་བའོ། །གཉིས་པ་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ལ་གཉིས་ཏེ། ཞི་བ་དང་། ཁྲོ་བོའོ། །དེ་གཉིས་ཀ་ལ་ཡང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སྟེ། རྩ་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་འཕྲིན་ལས་ཀུན་ཏུ་རྫོགས། །ཞེས་གསུངས་པས། དེའི་དཀྱིལ་ནི་མྱ་ངན་ལས་འདས་པ་ཡིན་ལ། འཁོར་ནི་འཇིག་རྟེན་པའི་ཚུལ་དུ་སྣང་བའོ། །གཉིས་པ་གཟུགས་བརྙན་དཀྱིལ་འཁོར་ནི། ལ་ལས་དོན་དམ་པའི་གཟུགས་བརྙན་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་འབྱུང་བ་ལ་བཞེད། ལ་ལས་རྟོག་པ་ཕྲ་རགས་ཀྱི་ལྷ་ཡབ་ཡུམ་མཚོན་པ་ལ་བཞེད་དོ། །གཉིས་ཀ་མཐུན་པའི་ལུང་ནི། དོན་བཞི་པ་ལས། གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རགས་པ་ཐབས་སུ་རྟོགས། །སོ་སོའི་མཚན་ཉིད་ཤེས་རབ་རྟོགས། །གཉིས་མེད་འབྲེལ་བ་ཐབས་ཆེན་ཡིན། །ཅེས་སོ། །དེའི་དཀྱིལ་ནི་རང་རིག་ཡེ་ཤེས་ལ། འཁོར་ལོ་ཡེ་ཤེས་བཞི། གསུམ་པ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། ལས་དང་བྱ་བས་ལྷག་པ་སྟེ། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚང་ཐིག་དང་། །ཚོན་དང་བྲི་བའི་རྣམ་པ་དང་། །རབ་གནས་འཇུག་པའི་སྦྱིན་སྲེག་དང་། །ཡོན་ཏན་རྣམ་བཅུ་རྒྱས་ཤེས་བྱ། །ཞེས་གསུངས་པ་བཞིན་ལ། དེ་ཡང་དགོས་ཆེད་ཀྱི་དབང་གིས་སྐབས་ལྔར་དབྱེ་སྟེ། ཞི་ཁྲོའི་ལྷ་ཚོགས་མཆོད་ཅིང་བསྒྲུབ་པ་མཆོད་པའི་དཀྱིལ་འཁོར་དང་། དབང་བསྐུར་བ་དབང་གི་དཀྱིལ་འཁོར་དང་། ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་དང་། ཞི་རྒྱས་དབང་དྲག་གི་འཕྲིན་ལས་བསྒྲུབ་པའི་དཀྱིལ་འཁོར་དང་། སྐུ་གསུང་ཐུགས་རབ་གནས་ནི། བསོད་ནམས་རྟེན་གྱི་དཀྱིལ་འཁོར་རོ། །དེའི་དཀྱིལ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་རིགས་གཙོ་གོང་ཕུད། འཁོར་ནི་ལྷ་དང་ལྷ་མོའོ། །བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། བདེན་གསུམ་དབྱེར་མེད་དེ། རྒྱས་པའི་ཉི་ཤུ་པ་ལས། དེ་བཞིན་ཏིང་འཛིན་དཀྱིལ་འཁོར་གྱིས། །ཐམས་ཅད་དབྱིངས་སུ་བསྡུས་ནས་ནི། །ཉིད་ཀྱི་ཐུགས་ལ་ཐིམ་བྱས་ཏེ། །ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་ཆེ། །ཞེས་གསུངས་ལ། དཀྱིལ་ནི་རང་རིག་ཡེ་ཤེས་ཏེ། །འཁོར་མ་འགགས་པ་ཡེ་ཤེས་བཞིར་ཤར་བའོ། །ལྔ་པ་ལྷག་པ་ཏིང་འཛིན་གྱི་དཀྱིལ་འཁོར་ནི། བསྒོམ་པའི་བྱ་བས་ལྷག་པ་སྟེ། ཚོགས་ལམ་གྱི་རྣལ་འབྱོར་བཞི་རིམ་གྱིས་བསྒོམ་པའོ། །དེའི་དཀྱིལ་ནི་རྡོ་རྗེ་སེམས་དཔའ་ལ་སོགས། འཁོར་རིགས་བཞི་ལྷ་དང་ལྷ་མོར་བཅས་པའོ། །དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་ཡང་། ཕྱི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྩ་དང་། ནང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཐིག་ལེ། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བདེ་བའི་ཡེ་ཤེས་སོ། །བདུན་པ་ཚོམ་བུ་ཚོགས་བསྒྲུབ་ཀྱི་དཀྱིལ་འཁོར་ནི། ཞི་ཁྲོ་གཉིས་ཀ་ལ། ཚོམ་བུ་གཅིག་གསུམ་ལྔ་པའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་ལ་སོགས་འཁོར་ནི་རིགས་བཞི་ལྷ་དང་ལྷ་མོའོ། །ཁྱད་པར་དང་། དྲང་། དཀྱིལ་འཁོར་བདུན་གྱི་དང་པོ་རང་བཞིན་གྱི་དཀྱིལ་འཁོར་ལ་ཡང་། རང་བཞིན་གཞིའི་དཀྱིལ་འཁོར་དེ་ཉིད་དང་། རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་གཉིས། དེ་ལ་གདུལ་བྱ་ལུགས་འབྱུང་དང་ལུགས་བཟློག་གི་སྣང་བས་ཕྱེ་བའི་ཁྱད་པར་གྱིས་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་བྱུང་། དེ་གཉིས་ལ་གདུལ་བྱ་རང་རང་གི་མོས་པས་ཕྱེས་ཏེ། ལ་ལ་སྐུ། ལ་ལ་གསུང་། ལ་ལ་ཐུགས། ལ་ལ་ཡོན་ཏན། ལ་ལ་འཕྲིན་ལས་ལ་མོས་པའི་སྟོབས་ཀྱིས་འཁོར་ལ་ཁྱད་མེད་ཀྱང་རིགས་ལྔ་ལ་གཙོ་བོ་གང་བྱེད་དེས་ཕྱེ་བས་ཞི་ཁྲོའི་དཀྱིལ་འཁོར་གཉིས་པོ་ལ་ཡང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དཀྱིལ་འཁོར་ལྔ་ཡོད་དོ། །རྣམ་གྲངས། དྲང་། དེ་ཡང་རྩ་བ་རང་བཞིན་གྱི་དཀྱིལ་འཁོར་དེ་ལ་ཡང་བྱེད་ལས་གནས་སྐབས་ཀྱི་སྒོ་ནས་རྣམ་གྲངས་རྣམ་པར་དབྱེ་ན། མཆོད་པ་དང་། དབང་དང་། ཕྲིན་ལས་དང་། བསྒྲུབ་པ་བཞི་པོ་དེ། རང་བཞིན་གཞིའི་དཀྱིལ་འཁོར་དང་སྦྱར་ནས་རྣམ་གྲངས་དབྱེ་བའམ། ཡང་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིས་གཙོ་བོས་ཕྱེ་བའི་རྣམ་གྲངས་དང་རྗེས་མཐུན་པ་སྦྱར་ནས་དབྱེ་ན། མཆོད་པ་ལ་སོགས་པའི་བཞི་པོ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཀུན་གྱི་རྗེས་ལ་འཇུག་པས་མཆོད་པ་ལ་ལྔ། དབང་ལ་ལྔ། འཕྲིན་ལས་ལ་ལྔ་། བསྒྲུབ་པ་ལ་ལྔ་སྟེ་ཉི་ཤུའོ། །དེ་ཞི་ཁྲོ་གཉིས་ཀྱི་དབྱེ་བའི་རྣམ་གྲངས་བཅུ། བཅུ་པོ་བཞི་སྟེ་བཞི་བཅུ་དང་། ཡང་ན་རང་བཞིིན་གཞིའི་སྒོ་ནས་དབྱེ་ན། རང་བཞིན་གཞི་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྷུན་གྲུབ་ཏུ་གནས་པའི་ལྔ། དེ་ཉིད་འབྲས་བུ་མཐར་ཕྱིན་ཞི་ཁྲོ་གཉིས། དེ་རེ་རེ་ལ་ལྔ་ལྔ་སྟེ་བཅོ་ལྔ་དང་། དེ་བཞིན་དུ་མཆོད་པ་ལ་ལྔ། དབང་ལྔ། འཕྲིན་ལས་ལ་ལྔ། སྒྲུབ་པ་ལྔ་སྟེ་བསྡོམས་ན་སུམ་ཅུ་རྩ་ལྔར་གྱུར་པ་ཡིན་ནོ། །རང་བཞིན་གྱི་དཀྱིལ་འཁོར་གྱི་རྣམ་གྲངས་དེའི་རྗེས་སུ་དཀྱིལ་འཁོར་དྲུག་པོའི་རྣམ་གྲངས་ཀྱང་དེ་ལྟར་དུ་སྦྱར་ནས་ཤེས་པར་བྱ་བའོ། །ཆོས་རྗེ་རིན་པོ་ཆེས། འདི་ལ་དཀྱིལ་འཁོར་བདུན་ཀ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔ་བརྩིས་པའི་སུམ་ཅུ་རྩ་ལྔར་བཞེད་པ་དང་། དཀྱིལ་འཁོར་བདུན་ཀ་ཞི་ཁྲོ་གཉིས་སུ་ཕྱེ་བས་བཅུ་བཞིའོ། །དེའི་སྟེང་དུ་མཆོད་པ་ལ་ལྔ། དབང་ལྔ། འཕྲིན་ལས་ལྔ། སྒྲུབ་པ་ལྔ་སྟེ་ཉི་ཤུ། གོ ང་གི་བཅུ་བཞི་དང་། སུམ་ཅུ་རྩ་བཞི། དཀྱིལ་འཁོར་དབྱེར་མེད་པའི་ངོ་བོ་སྤྱི་གཞི་དང་སོ་ལྔ་། ཞེས་བཞེད་ཀྱང་། གཞུང་ལ་བརྟགས་ན། གོང་མ་ལྟར་མཐུན་པར་གསུང་སྟེ། དེ་ཡི་རྗེས་སུ་དྲུག་སྦྱར་བའོ། །ཞེས་གསུངས་པའི་ཕྱིར་རོ། །དགོས་ཆེད་དང་། དུས་ཐུན་མོངས་དུ་བསྟན་པ་དང་། དྲང་། མཆོད་པ། དབང་། འཕྲིན་ལས། སྒྲུབ་པ་དང་བཞི་པོའི་དུས་སུ། དཀྱིལ་འཁོར་བསྒོམས་པས་བདག་གཞན་གྱིས་དོན་བསྒྲུབས་པ་ལ། མ་བསྒོམས་ན་མི་འགྲུབ་པའི་ཕྱིར་དེ་བས་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་དང་། རྟེན་དང་འབྲེལ་བའི་དབང་བསྐུར་རམ་རབ་ཏུ་གནས་པའི་དུས་དང་། མཚན་བཅས་དང་མཚན་མེད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལ་དཀྱིལ་འཁོར་དགོས་པ་དང་། བསྙེན་བསྒྲུབ་རྣམ་པ་བཞི་དང་། འཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བདག་གཞན་གྱི་དོན་རྫོགས་པར་བྱེད་པའི་དུས་སུ་དཀྱིལ་འཁོར་དགོས་པ་དང་། མཆོད་པ་འབུལ་ནས་ཚོགས་གཉིས་རྫོགས་ཏེ་མཆོག་ཐུན་མོང་གི་འབྲས་བུ་བསྒྲུབ་པའི་ཐབས་ལ་དཀྱིལ་འཁོར་དགོས་པ་དང་། དེའི་ཕྱིར་ན། གང་གིས་དཀྱིལ་འཁོར་བདུན་པོའི་དོན་རྣམས་བློས་ཤིན་ཏུ་ནན་ཏན་གྱི་སྒོ་ནས་ཉམས་སུ་བླང་བར་བྱའོ། །སྒྲུབ་པའི་ཐབས་དང་། དྲང་། འདིར་ལྷག་པ་གཟུགས་བརྙན་གྱི་བྱ་ཐབས་ལ་ས་ཡི་ཆོ་ག་བྱ་བའི་རིམ་པ་ནས་བཟུང་སྟེ། དཀྱིལ་འཁོར་ཆེ་ཆུང་གི་ཚད། ཐིག་ཚོན། བྲི་ཐབས། སྐུ་གསུང་ཐུགས་ཀྱི་མཚན་མ་དགོད་པ། དཀྱིལ་འཁོར་རབ་གནས། སྦྱིན་སྲེག །འཇུག་ཆོས། འཇུག་པའི་ཡོན་ཏན་དང་བཅུའི་སྒོ་ནས་ཉམས་སུ་བླང་བར་བྱའོ། །ལྷག་པ་གཟུགས་བརྙན་དེ་ཡི་ཆོ་གའི་བྱེད་ཐབས་ཇི་བཞིན་པ་དག་ནི་རང་བཞིན་གྱི་དཀྱིིལ་འཁོར་ལ་སོགས་བདུན་པོ་ལྷག་མ་དག་ལ་ཡང་ལྷག་པ་གཟུགས་བརྙན་གང་ལ་བྱ་ཐབས་བཅུ་པོ་ཡོད་པ་དེ་དཀྱིལ་འཁོར་ལྷག་མ་ཀུན་ལ་ཡང་བྱ་ཐབས་བཅུ་པོ་དོན་གྱི་ཡོད་དེ། ཚུལ་ཇི་ལྟར་དུ་དབྱེ་ན་ཐབས་མ་འགགས་པ་དང་། ཤེས་རབ་མ་དམིགས་པའི་བྱེད་ལས་ཀྱི་ཆ་ནས་ཕྱེ་བས་དེས་ན་དཀྱིལ་འཁོར་ལྷག་མ་རྣམས་ཀྱི་བྱ་ཐབས་དེ་མངོན་དུ་འགྲུབ་པར་འགྱུར་ཏེ། དེ་ལ་ཡིན་ཚུལ་ནི། དང་པོ་ས་གཞི་མཉམ་པ་ནི། ཆོས་ཉིད་མཉམ་པར་རྟོགས་ཤིང་དེའི་ངང་ལ་འཇོག་པའོ། །གཉིས་པ་ཚད་ནི། རིག་པས་ཅི་ཙམ་དཔོགས་པའི་ཚད་ཙམ་དུ་བསྒོམ་པར་བྱའོ། །གསུམ་པ་ཐིག་ནི། རང་རིག་པ་ཉིད་དཀྱིལ་འཁོར་དུ་གསལ་བ་ལས་མི་འགྱུར་བའོ། །བཞི་པ་ཚོན་ནི། སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔར་མཚོན་པའོ། །ལྔ་པ་བྲི་བ་ནི། སེམས་ཉིད་མཉམ་པ་ཉིད་ལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཉམ་པ་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བའོ། །དྲུག་པ་རྣམ་པར་དགོད་པ་ནི། སྣང་བ་སྐུའི་དཀྱིལ་འཁོར་གྲགས་པ་གསུང་གི་དཀྱིལ་འཁོར། དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་དུ་མ་འགགས་པར་དགོད་པའོ། །བདུན་པ་རབ་གནས་ནི། རྒྱུན་བཤགས་ལྟར་བསྐྱེད་དབབ་བསྟིམས། མཆོད་པ་རིམ་པ་རྣམས་བྱའོ། །བརྒྱད་པ་སྦྱིན་སྲེག་ནི། བདེ་བ་ཆེན་པོའི་དོན་རྒྱུད་ལ་སྦྱིན་ཞིང་རྣམ་རྟོག་རང་རྒྱུད་པ་བསྲེགས་པའོ། །དགུ་པ་དཀྱིལ་འཁོར་དུ་འཇུག་པ་ནི། རྒྱུན་བཤགས་ཀྱིས་གསལ་བཏབ་ནས་རྒྱུན་ཆད་མེད་པ་ཉམས་སུ་ལེན་པའོ། །བཅུ་པ་ཞུགས་པའི་ཡོན་ཏན་ནི། སྔོན་འོག་མིན་དུ་མཐར་ལམ་པ་ཞུགས་པ་དང་སྐལ་བ་མཉམ་པ་ཡིན་ནོ། །དེ་ཡང་རང་བཞིན་གཞིའི་དུས་སུ་གོང་གི་བཅུ་པོ་གནས་ལ། དེ་ཉིད་འབྲས་བུ་མཐར་ཕྱིན་དུས་སུ་མངོན་དུ་གྱུར་ལ། ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་དེ་ཉིད་ཅིག་ཆར་བསྒོམ་ལ། ལྷག་པའི་ཏིང་ངེ་འཛིན་གྱིས་རིམ་གྱིས་སྒོམ་ལ། གཟུགས་བརྙན་གྱིས་རྟོག་ཚོགས་ཡེ་ཤེས་སུ་གནས་པའི་ངོས་ནས་ཚང་ལ། ཚོམ་བུ་ཚོགས་ཀྱི་ས་ནི་དེའི་དོན་བསྒྲུབ་པའོ། །བྱང་སེམས་ཀྱི་དཀྱིལ་འཁོར་ལ་བཅུ་སྟེ། དང་པོ་ས་གཞི་མཉམ་པ་ནི། རིག་མ་མཚན་ཉིད་དང་ལྡན་པ་སྟེ། ཐལ་བ་ལས། ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས། །ཞེས་སོ། །ཚད་ནི། ཡུམ་གྱི་མཁའ་སོར་བཞི་སྟེ། དེ་ཉིད་ལས་སོར་བཞིའི་ཚད་དུ་རང་བཞིན་གནས། ཞེས་སོ། །ཐིག་ནི། བདེ་བའི་ཡེ་ཤེས་མི་འགྱུར་བ་སྟེ། དེ་ཉིད་ལས། བདེ་བའི་ཡེ་ཤེས་ཐུགས་དཀྱིལ་འཁོར། །ཅེས་སོ། །ཚོན་ནི། ཡུམ་གྱི་པདྨོ་ཁ་དོག་དམར་པོ། བྲི་བ་ནི། ཨེ་ཝཾ་མ་ཡ་བཞིའི་ཚུལ་དུ་གནས་པ་སྟེ། དེ་ཉིད་ལས། ཁ་དོག་དབྱིབས་དང་ལྡན་པའོ། །ཞེས་སོ། །རྣམ་པ་དགོད་པ་ནི། རྡོ་རྗེ་དང་སྣ་རྩེ་ལ་སྐུ་གསུང་ཐུགས་ཀྱི་གཟུགས་དགོད་པ་སྟེ། དེ་ཉིད་ལས། རྡོ་རྗེ་མཛུབ་མོ་རྩེ་དག་ཏུ། །ཏིལ་འབྲུ་ནམ་མཁའི་གཞལ་ཡས་སུ། །རི་རབ་ཙམ་གྱི་ཕྱག་རྒྱ་དགོད། །ཅེས་སོ། །རབ་གནས་ནི། འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པར་བྱེད་པ་སྟེ། དེ་ཉིད་ལས། ཐབས་ཀྱི་ཆོ་ག་རབ་གནས་དང་། །ཞེས་སོ། །སྦྱིན་སྲེག་ནི། མཁའ་ཧོམ་ཁུང་། སྣ་རྩེ་མེ་ལྷ། རྡོ་རྗེ་བླུག་གཟར། པདྨ་དགང་གཟར། བྱང་སེམས་མཆོད་རྫས་ཏེ། དེ་ཉིད་ལས། གསང་བའི་སྦྱིན་སྲེག་ལུགས་སུ་འབུལ། །ཅེས་སོ། །འཇུག་ཆོས་ནི་དེར་འཇུག་པ་སྟེ། །འཇུག་པ་པོས་ཀྱང་གསོལ་བས་གདབ། །ཅེས་སོ། །ཡོན་ཏན་ནི་གོང་དང་མཐུན་ནོ། །ངེས་ཚིག་དང་། དྲང་། དཀྱིལ་འཁོར་བདུན་གྱི་སྐབས་སུ་གཙོ་བོ་སྙིང་པོ་གང་དང་གང་ལྡན་པ་ལ། དཀྱིལ་འཁོར་དེ་ཡི་འཁོར་གང་ཡིན་དང་ལྡན་ན། དཀྱིལ་འཁོར་ཅེས་བྱ་བའི་ངེས་པའི་ཚིག་གམ་སྒྲ་དོན་ཡིན་ཏེ། རྒྱས་པའི་ལེའུ་གསུམ་པའི་རྒྱུད་ལས་གྲགས་པས་ཐེ་ཚོམ་མེད་པ་ཡིན་ཏེ། དེ་ཡང་རང་བཞིན་གྱི་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་གསུམ་གྱི་ངེས་ཚིག་ནི། རང་རིག་མཐའ་དབུས་མེད་པ་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཅེས་སོ། །རང་བཞིན་འབྲས་བུ་མཐར་ཕྱིན་གྱི་ངེས་ཚིག་ནི། འདུས་པ་རྟག་ཏུ་དཀྱིལ་ཡིན་ཏེ། །འཇིག་རྟེན་སྣ་ཚོགས་འཁོར་དུ་གསུངས། །ཞེས་སོ། །ལྷག་པ་གཟུགས་བརྙན་ལྷག་པ་ཏིང་འཛིན་དང་། ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་དང་གསུམ་གྱི་ངེས་ཚིག་ནི། རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་ལྷ་དང་ལྷ་མོ་འཁོར། །ཅེས་སོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསུམ་གྱི་ངེས་ཚིག་ནི། སྙིང་པོ་ཐམས་ཅད་དུས་སུ་དཀྱིལ། །གང་ཡང་ཡན་ལག་འཁོར་དུ་གསུངས། །བཅོ་བརྒྱད་ཁམས་སུ་སྙིང་པོ་ཉིད། །དེ་དག་འཁོར་དེ་བདེ་བའི་ཁམས། །བྱང་སེམས་བདེ་བའི་ཡེ་ཤེས་ཏེ། །རྟེན་ཅན་ཅི་བཞིན་རྟེན་ཅི་བཞིན། །ཅེས་གསུངས། དེ་ལྟར་གཙོ་འཁོར་དུ་ཐ་དད་པའི་དུས་ན། ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་པ་དུ་མའི་མཐའ་དང་བྲལ། མ་གཡོས་བཞིན་དུ་གཙོ་འཁོར་གྱི་ཚུལ་དུ་གསལ་བས་གཅིག་གི་མཐའ་དང་བྲལ་བས། ཕྱོགས་གཅིག་ཏུ་འཛིན་པའི་བཅིང་བ་དང་བྲལ་བའོ། །ཡོན་ཏན་དང་། དྲང་། དཀྱིལ་འཁོར་གྱི་དོན་ཉམས་སུ་བླངས་པས། ཡེ་ཤེས་འཕེལ། སྒྲིབ་པ་འགྲིབ། གནས་སྐབས་དང་མཐར་ཐུག་ལ་ཕན་པའི་ཡོན་ཏན་གྱི་འབྲས་བུ་ཐམས་ཅད་ཐོབ། ལས་གང་བསམ་པ་འགྲུབ་པའི་ཡོན་ཏན་དང་བཞི་པོ་དེ་བྱེ་བྲག་ཏུ་དཀྱིལ་འཁོར་བདུན་པོ་སོ་སོའི་རྣམ་གྲངས་བཞིན་དུ་ཡོན་ཏན་བཞི་པོ་གང་ལ་ཚང་བ་ཡིན་ནོ། སྐྱོན། དྲང་། དཀྱིལ་འཁོར་ཉམས་སུ་མ་བླངས་ན། །གོང་གི་ཡོན་ཏན་བཞི་པོ་དེ་ལས་བཟློག་པའི་སྐྱོན་གྱི་ཆ་ནི་ཡོན་ཏན་གྱི་རྣམ་གྲངས་ཀྱི་རྗེས་སུ་ངེས་པར་འགྲོ་སྟེ། ཡེ་ཤེས་མི་འཕེལ། སྒྲིབ་པ་མི་འགྲིབ། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་མི་ཐོབ། ལས་གང་བསམ་མི་འགྲུབ་པའོ། །མཆོད་པ་ལ་གཉིས་ཏེ། བགྲང་། བསྟན་པ། དྲང་། ཡན་ལག་དྲུག་པ་མཉེས་པར་བྱེད་པ་མཆོད་པའི་སྡོམ་ཚིག་ནི། འདི་ལྟ་སྟེ། མཆོད་པའི་དགོས་ཆེད་དང་། མཆོད་པའི་ངོ་བོ་ངོས་བཟུང་བ་དང་། མཆོད་པ་ལ་རྣམ་གྲངས་དུ་ཡོད་བསྟན་པ་དང་། སྐབས་གར་མཁོ་བའི་དུས་དང་། མ་འབུལ་བའི་སྐྱོན་དང་། འབུལ་བའི་ཡོན་ཏན་ལ་སོགས་པས། སྤྱི་དོན་དྲུག་པའི་ནང་དུ། འོག་རྒྱས་བཤད་དེ། ཅི་ལྟ་བ་བཞིན་ཤེས་པར་བྱའོ། །བཤད་པའོ། །དེ་ལ་དྲུག །བགྲང་། དགོས་ཆེད་དང་། དྲང་། མཆོད་པ་ཕུལ་བས། བདག་གཞན་གཉིས་ཀྱི་སྒྲིབ་པ་དག །ཚོགས་རྫོགས། ལྷ་མཉེས། དམ་ཚིག་ཉམས་པ་བསྐང་བའི་ཡོན་ཏན་ཚེ་འདི་ལ་ཐུན་མོང་དང་། ཕྱི་མར་མཆོག་གི་དངོས་གྲུབ་ཐོབ་པ་དང་། གཞན་ཡང་མཆོད་པ་འབུལ་བའི་ཡོན་ཏན་ནི་སངས་རྒྱས་ཀྱི་བཀའ་མདོ་རྒྱུད་རྣམས་ནས་གསུངས་པ་དང་། གཞན་ཡང་ཉམས་པ་མི་བསྐང་ན་ཡང་དམ་ཚིག་ཉམས་པའི་ཆད་པའི་སྐྱོན་མི་འབྱུང་བ་བྱ་བའི་ཕྱིར། དང་ལ་མཆོད་པ་བརྩོན་དགོས་པའོ། །ངོ་བོ་དང་། དྲང་། མཆོད་པ་འབུལ་བྱའི་ཡུལ་དེ་ལ། འབུལ་བྱེད་ཀྱི་མཁན་པོ་དེས་འབུལ་བར་བྱ་བའི་རྒྱུ་དེ་ཕུལ་བར་བྱེད་པ་དང་གསུམ་དུ་འདུས་པའི་དུས་ན། མཆོད་བྱའི་ཞིང་དེ་ལ་དགའ་ནས་དགྱེས་ཏེ་ཡིད་ཚིམས་པར་འགྱུར་བ་ནི་མཆོད་པའི་དངོས་པོའི་ངོ་བོ་ཉིད་ངོས་བཟུང་བ་དེ་ཡིན་ནོ། །རྣམ་གྲངས་དང་། དྲང་། དཔེ་འཇིག་རྟེན་འདི་ན་རྒྱལ་པོ་ལ་འབངས་ཀྱིས་གུས་པའི་སྒོ་ནས། ཞབས་ཐོག་གིས་མཉེས་པར་བྱ་བའི་སྤྱོད་པ་དེ་དང་ཆ་མཐུན་པར། སངས་རྒྱས་ལ་མཉེས་བྱ་མཉེས་བྱེད་མེད་ཀྱང་། གདུལ་བྱ་ལམ་ལ་མོས་པའི་གང་ཟག་དེ་དྲང་བར་བྱ་བའི་ཕྱིར་ཞི་ཁྲོའི་ལྷ་ཚོགས་གང་ཡིན་ལ། གུས་པས་ཕྱག་གི་མཆོད་པ་དང་། ཕྱག་རྒྱ་གར་གྱི་གླུ་ཡེ་ཤེས། གར་ཡེ་ཤེས། རོལ་མོ་ཡེ་ཤེས་དང་། ཚིག་སུ་ར་ཏོ་བཅུ་དྲུག་སྟེ་ལྷ་མོ་བཅུ་དྲུག་གི་མཆོད་པ་དང་། ཕྱི་མཆོད་ལ། ཀུན་བཟང་། ཕྱག་དང་། ཞབས་བསིལ། ལྷ་མོ་བཞི་བསྣོལ་ལ་སོགས་འདོད་ཡོན་རྣམས་དང་། ནང་མཆོད་སྨན་རག་གཏོར་གསུམ་དང་། ལྷག་པ་ཏིང་ངེ་འཛིན་ནོ། །གསང་བའི་མཆོད་པ་ལ། ཞེ་སྡང་སྒྲོལ་བའི་མཆོད་པ། འདོད་ཆགས་སྦྱོར་བའི་མཆོད་པ། གཏི་མུག་དམ་རྫས་སོ། །ཡང་ན་མཆོད་པ་ཐམས་ཅད་ཕྱི་ནང་གསང་བའི་མཆོད་པར་འདུས་ཏེ། ཕྱི་འདོད་ཡོན་རྫས་ཀྱི་མཆོད་པ་ནི་དངོས་སུ་བཤམས་པ། ནང་དགོངས་པ་ཏིང་ངེ་འཛིན་བསྒོམ་པ། གསང་བ་དམ་རྫས་རང་གནས་ཀྱི་མཆོད་པ་དེ་རྣམས་འབུལ་བའི་ཚེ། སྲོག་ཏིང་ངེ་འཛིན་དང་ལྡན་དགོས་པས། དེ་ལ་མཆོད་པའི་དངོས་པོ་ཅི་ལྟར་སྣང་ཡང་། ངོ་བོ་སེམས་ཀྱི་ཆོས་ཉིད་སྤྲོས་བྲལ་ལས་མ་གཡོས་པ། མ་གཡོས་བཞིན་དུ་མཆོད་པའི་དངོས་པོ་རྣམས་མ་འདྲེས་པར་ཤར། ཤར་བའི་དུས་སུ་ཆུ་དང་ཆུའི་རླབས་བཞིན་དུ་དབྱེར་མེད་པས། བདེན་པ་གསུམ་དབྱེར་མེད་ཀྱི་ཚུལ་དུ་བསྒོམ་མོ། །ཏིང་ངེ་འཛིན་གྱི་རྩིས་མ་ཟིན་ན་འཇིག་རྟེན་རང་ཁ་མའི་མཆོད་པ་དང་ཁྱད་མེད་པའོ། །སྐབས་གང་དུ་དགོས་པ་དང་། དྲང་། ཕྱི་ནང་གསང་བའི་མཆོད་པ་ལ་གསུམ་ལས་སྤྲོས་པའི་མཆོད་པ་རྣམ་གྲངས་གོང་དུ་བཤད་པ་དེ་དག །རང་བཞིན་གྱི་དཀྱིལ་འཁོར་ལ་སོགས་དཀྱིལ་འཁོར་བདུན་གྱི་གནས་དག་ལ་འབུལ་དགོས་པའི་ཕྱིར་དང་། གཞན་ཡང་དགོས་ཆེད་ཀྱི་རྗེས་སུ་ཞུགས་པས་སྒྲིབ་པ་དག་པར་བྱེད་པའི་དུས་དང་། ཚོགས་རྫོགས་པར་ལྷ་མཉེས་པར་ཉམས་ཆག་སྐོང་བར་བྱེད་པའི་དུས་རྣམས་སུ་དགོས་པ་དང་། ཁྱད་པར་དུ་ཕྲིན་ལས་རྣམ་བཞི་ལ་སྤྱོད་པའི་དུས་དང་། བསྒྲུབ་པ་བྱེད་པའི་དུས་དང་། དབང་བསྐུར་བའི་དུས་དང་། མཆོད་པ་རང་འབུལ་བའི་ཚེ་ན་དགོས་པའོ། །ཡོན་ཏན་དང་། དྲང་། ཡོན་ཏན་ནི། སྐབས་གང་ལ་མཁོ་བའི་དུས་ཀྱི་རྗེས་སུ་ཞུགས་པའི་ཡོན་ཏན་དག་ཡིན་ཏེ། དེ་ལ་སྤྱི་དང་ཁྱད་པར་གྱི་དུས་ཀྱི་སྒོ་ནས་དམིགས་ངོས་སུ་བཟུང་ན། སྤྱི་ནི་དགོས་ཆེད་བཤད་པའི། མཆོད་པ་འབུལ་བས་སྒྲིབ་པ་དག །ཚོགས་རྫོགས། ལྷ་མཉེས། ཉམས་ཆག་སྐོང་བ་དང་། ཁྱད་པར་དུ་མཆོད་པ་འབུལ་བས་ལས་བཞི་གང་བརྩམས་འགྲུབ། ཐུན་མོང་དང་མཆོག་གི་སྒྲུབ་པ་འགྲུབ། དབང་བསྐུར་བ་ལ་སློབ་བུ་སྨིན། མཆོད་པ་རང་ཕུལ་བས། ལྷ་མཉེས་པ་ལ་ཆུད་མི་ཟ་བས་ཚེ་འདི་ཐུན་མོང་ཐོབ་པ་དང་། ཕྱི་མར་མཆོག་གི་འབྲས་བུ་ནི། གོང་གི་སྤྱི་དང་ཁྱད་པར་གང་ཡིན་གྱི་རང་རང་གི་མཐར་ཐུག་གི་འབྲས་བུའོ། །ཐོབ་པ་སྟེ། དེ་ཡང་སྤྱི་ལ། སྒྲིབ་པ་དག །ཚོགས་རྫོགས། ལྷ་མཉེས། ཉམས་ཆག་བསྐངས་ནས། མཐར་ཐུག་སངས་རྒྱས་ཐོབ་པ་དང་། ཁྱད་པར་དུ་འཕྲིན་ལས་ཀྱིས་མཐར་ཐུག་གི་འབྲས་བུ་གཟུང་འཛིན་ཞི། སྐུ་དང་ཡེ་ཤེས་རྒྱས། མཐའ་གཉིས་དབང་དུ་འགྱུར། ཉོན་མོངས་རྣམ་རྟོག་འཇོམས། སྒྲུབ་པའི་འབྲས་བུ་ལ་གནས་སྐབས་ཐུན་མོང་མཐར་ཐུག་གི་འབྲས་བུ་སངས་རྒྱས། དབང་གི་འབྲས་བུ་མཐར་ཐུག་གི་འབྲས་བུ་ལ། མཐོ་རིས་ཐར་པའི་བདག་པོར་འགྱུར། མཆོད་པའི་མཉེས་པས་དོན་གྱི་འབྲས་བུ་ལ་རེག་པའོ། །དེ་ཡང་བསྡུ་ན། བདག་དོན་དང་། གཞན་དོན་གྱི་ཡོན་ཏན་དང་གཉིས་སུ་འགྱུར་བའོ། །སྐྱོན་དང་། དྲང་། མཆོད་པ་མ་ཕུལ་ན། ཡོན་ཏན་དེ་ལས་བཟློག་ཏུ་འགྲོ་སྟེ། དམ་ཚིག་ཆག་ཉམས་མི་སྐོང་། ཡེ་ཤེས་ཀྱི་ལྷ་དང་དམ་ཅན་སྲུང་མ་རྣམས་གཡེལ་དམ་ཚིག་ཉམས་པའི་ཆད་པ་འབྱུང་། ཁྱད་པར་དུ་འཕྲིན་ལས་དང་སྒྲུབ་པ་དང་དབང་གི་དུས་སུ་མཆོད་པ་མ་ཕུལ་ན། འཕྲིན་ལས་ལ་སོགས་པའི་གང་བྱེད་ལ་མཐུ་བྱིན་རླབས་དང་བྲལ་བར་འགྱུར་ཏེ་མེད་པའོ། །དབང་ལ་གཉིས། བགྲང་། བསྟན་པ་དང་། དྲང་། བདུན་པ་སྔར་མ་ཐོབ་པ་ཐོབ་པར་བྱ་བའི་ཐབས་དབང་གི་སྡོམ་ཚིག་ནི་འདི་ལྟ་སྟེ། དབང་བསྐུར་བའི་དགོས་ཆེད་དང་། དབང་གི་རྒྱུ་རྐྱེན། དབང་རང་གི་ངོ་བོ་ངོས་བཟུང་བ། དབང་གི་རྣམ་གྲངས་དུ་ཡོད། དབང་བསྐུར་བའི་ཐབས་དང་། དབང་ཐོབ་པའི་ཚད་དང་། དབང་བསྐུར་བའི་དུས། དབང་བསྐུར་བའི་སྣོད་ཀྱི་རིམ་པ་དང་། དབང་ཐོབ་པའི་ཡོན་ཏན་དང་། མ་ཐོབ་པའི་སྐྱོན་དང་བཅུའི་ནང་དུ། དབང་གི་ལས་རིམ་དེ་ཉིད་དཀྱིལ་འཁོར་ལས་རིམ་དང་སྦྱར་ནས་རྒྱས་པར་བཤད་པ་དེ་རྫོགས་པ་ཡིན་ནོ། ༈ །བཤད་པའོ། །དེ་ལ་བཅུ། བགྲང་། དགོས་ཆེད། དྲང་། བདག་དོན་གཞན་དོན་གཉིས་དོན་ཆོས་དོན་དུ་འགྱུར་བ་དང་བཞི་ལས་ཁྱད་པར་དུ་བདག་དོན་དུ་ཡང་ལམ་དུ་འཇུག་པའི་སྔོན་དུ་དབང་ཐོབ་དགོས་པས་གཞན་དོན་དུ་སློབ་བུ་ལམ་དུ་འཇུག་ནུས་པར་བྱེད་པ་ལ་དབང་བསྐུར་དགོས་པ་དང་། དབང་ཐོབ་པས་ཚོགས་སྒྲུབ་ལ་སོགས་འགྲུབ་པ་དང་། ཀྱང་གི་སྒྲས་དབང་ཐོབ་ནས་ཕྲིན་ལས་གང་བྱེད་འགྲུབ་པ་དང་། གཞན་ཡང་དབང་ཐོབ་པས་སྒྲིབ་པ་བྱང་བ་དང་། འབྲས་བུ་སངས་རྒྱས་ཀྱིས་དངོས་སུ་ཆུབ་པར་བྱེད་དགོས་པ་ལ་ཚེ་གཅིག་གི་ནང་དུ་མྱུར་བར་འགྲུབ་ཐུབ་པས། དེ་བས་ན་དབང་དེ་ལ་ཡོན་ཏན་དེ་ཡོད་པའི་ཕྱིར་དབང་དེ་ཉིད་ནོད་པར་བྱ་སྟེ་བསྐུར་བར་བྱའོ། ༈ །རྒྱུ་རྐྱེན་དང་། དྲང་། ལུང་རྩ་རྒྱུད་ཀྱི་ལེའུ་བཅུ་པ་དང་བཤད་རྒྱུད་བླ་མ་ལ་སོགས་པ་དང་། མན་ངག་ལས་རིམ་པ་སོགས་པ་རྣམས་ཀྱི་ནང་ནས་བྱུང་བའི་རྒྱུ་གཉིས་རྐྱེན་བཞིའི་སྒོ་ནས་ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་གྱིས་ཡན་ལག་རྒྱས་པར་བསྙད་དེ་བཤད་ན། དང་པོ་ཕན་དབང་གི་རྒྱུ་གཉིས་ནི། མཚུངས་ལྡན་གྱི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྒྱུའོ། །དང་པོ་ནི། རྣམ་ཤེས་ཚོགས་ལྔ་ཡེ་ཤེས་ལྔ་ནི་དབུ་རྒྱན་གྱི་དབང་གི་མཚུངས་རྒྱུ་རོ་རྐྱང་ཅོད་པན་གྱི་མཚུངས་རྒྱུ། དབུ་མར་ཐིག་ལེ་སུམ་ཅུ་སོ་གཉིས་ཕྲེང་བ། ལུས་ལ་རྩའི་དྲ་བས་ཁྱབ་པ་གོ་ཆའོ། །ཕོ་མོའི་དབང་པོ་རྒྱལ་མཚན་གྱི། རྟོག་ཚོགས་བཞི་བཅུ་རྩ་གཉིས་ཕྱག་རྒྱའོ། །ཀླད་པ་བདེ་ཆེན་འཁོར་ལོ་གདུགས་ཀྱི་རྩ་གནས་ཐིག་ལེས་གང་བ་བུམ་པའི་རྩེ་ལ་དྲོད་འབབ་ལ་གནས་པ་བཟའ་བཏུང་། ཁམས་ལྔའི་དམ་རྫས་ལྔ་ནི་སྙིང་པོ་ལྔའི་དབང་གི་མཚུངས་ལྡན་གྱི་རྒྱུ་ཡིན་ནོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། དབང་རྫས་རབ་གནས་དང་ལྡན་པ་ཡིན་ཏེ། དེ་ཡང་དབུ་རྒྱན་ལ་རིན་ཆེན་འབྱུང་ལྡན་གྱི་རབ་གནས་བྱའོ། །དེ་བཞིན་དུ། ཅོད་པན་ལ་རྡོ་རྗེ་སེམས་དཔའ་དང་། ཕྲེང་བ་རིན་འབྱུང་། གོ་ཆ་དོན་གྲུབ། རྒྱལ་མཚན་རྡོར་སེམས། ཕྱག་རྒྱ་ལྷ་རང་རང་གི། གདུགས་རྡོ་རྗེ་སེམས། བུམ་པ་རིགས་ལྔ། བཟའ་བཏུང་རྣམ་སྣང་། སྙིང་པོ་ལྔ་རང་རང་གི་རིགས་ཀྱིས་རབ་ཏུ་གནས་པ་རྣམས་སོ། །གཉིས་པ་རྐྱེན་ལ་བཞི་ལས། ཕན་དབང་བསྐུར་དུ་རུང་བའི་སློབ་བུ་རྒྱུའི་རྐྱེན། བསྐུར་ནུས་པའི་སློབ་དཔོན་བདག་པོའི་རྐྱེན། དབང་རྫས་རབ་གནས་དང་ལྡན་པ་དམིགས་པའི་རྐྱེན། དབང་སྔ་མས་ཕྱི་མ་གོ་ཕྱེ་བ་དེ་མ་ཐག་པའི་རྐྱེན་ནོ། །ནུས་པའི་དབང་ལྔའི་མཚུངས་རྒྱུ་ནི་སློབ་བུའི་རྣ་བ་གཉིས་ཀྱི་འདོམ་རྩ་ན་སྒྲ་ཉན་པའི་རིག་ཤེས་ཀྱི་ཐིག་ལེ་གནས་པ་ཉན་དབང་གི་མཚུངས་རྒྱུ། དེ་བཞིན་དུ་སྙིང་གི་རིག་ཤེས་ཀྱི་ཐིག་ལེ་སྒོམ་དབང་གི་མཚུངས་རྒྱུ། ལག་པའི་འདོམ་རྩ་ན་སྐྱོད་བྱེད་ཐིག་ལེ་ཕྲིན་ལས་ཀྱི། ལྕེའི་སྨྲ་བྱེད་ཀྱི་ཐིག་ལེ་འཆད་དབང་གི །ཡན་ལག་ལྔའི་ཐིག་ལེ་ལྔ་ནི་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གི་མཚུངས་ལྡན་གྱི་རྒྱུའོ། །ལྷན་ཅིག་བྱེད་པའི་རྒྱུ་ནི་དབང་རྫས་རབ་གནས་དང་ལྡན་པ་སྟེ། ཀ་པ་ལི་གླེགས་བམ་ཅན་རིན་འབྱུང་གི་རབ་གནས་ཉན་དབང་། ཕྲེང་བ་ཡི་དམ་གྱི་ལྷ་གང་ཡིན་གྱི་རབ་གནས་སྒོམ་དབང་། རྒྱ་གྲམ་དོན་ཡོད་གྲུབ་ཀྱིས་རབ་གནས་ཅན་འཕྲིན་ལས། དུང་དང་ཕྱག་ཤིང་འཁོར་ལོ་གསུམ་སྣང་མཐའི་རབ་གནས་ཅན་འཆད་པའི། རྡོ་རྗེ་དྲིལ་བུ་ཀུན་བཟང་ཡབ་ཡུམ་ཀྱི་རབ་གནས་ཅན་ནི་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གི་ལྷན་ཅིག་བྱེད་པའི་རྒྱུའོ། །གཉིས་པ་རྐྱེན་བཞི་ནི། ནུས་དབང་བསྐུར་དུ་རུང་བའི་སློབ་བུ་རྒྱུའི་རྐྱེན། གསུམ་པོ་གོང་ཕན་དབང་དང་གཅིག །ཟབ་མོའི་དབང་གསུམ་གྱི་མཚུངས་ལྡན་གྱི་རྒྱུ་ནི། དོན་དམ་དཀོར་བདུན་རང་ཆས་སུ་ཡོད་པ་གསང་དབང་། ཀུན་རྫོབ་ཏུ་སྐུ་དང་ཡེ་ཤེས་རང་ཆས་སུ་ཡོད་པ་ཤེས་རབ་ཡེ་ཤེས། བདེན་གཉིས་དབྱེར་མེད་རང་ཆས་སུ་ཡོད་པ་བདེ་བ་ཆེན་པོའི་མཚུངས་རྒྱུའོ། །ལྷན་ཅིག་བྱེད་པའི་རྒྱུ། ཕྱག་རྒྱ་མཚན་ལྡན་ལོ་ཉི་ཤུ་མ་གསང་དབང་། བཅུ་དྲུག་མ་ཤེས་རབ། བཅུ་གཉིས་མ་དབྱེར་མེད་བདེ་བ་ཆེན་པོའི་དབང་གི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །གཉིས་པ་རྐྱེན་བཞི་ནི། ཟབ་དབང་གསུམ་བསྐུར་དུ་རུང་བའི་སློབ་བུ་རྒྱུའི་རྐྱེན། དབང་བསྐུར་ནུས་པའི་སློབ་དཔོན་བདག་པོའི་རྐྱེན། ཕྱག་རྒྱ་མཚན་དང་ལྡན་པ་དམིགས་པའི་རྐྱེན། དབང་སྔ་མས་གོ་ཕྱེ་ནས་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། ༈ །ངོ་བོ་དང་། དྲང་། རྒྱུ་རྐྱེན་དྲུག་གི་སྒོ་ནས་རང་ལ་གནས་པའི་དབང་དོན་དངོས་སུ་ཐོབ་པར་བྱ་བ་ལ་གྲངས་བཅོ་བརྒྱད་ཡོད་པ་དེ། དབང་གི་ངོ་བོ་ཉིད་དེ་ཡིན་ཅེས་ལུང་ལས་རྣམ་པར་བཤད་དོ། །རྣམ་གྲངས་དང་། དྲང་། ཞི་བའི་དབང་གི་རྣམ་གྲངས་ལ། ཕྱི་ཕན་དབང་། ནང་ནུས་དབང་། གསང་བ་ཟབ་མོའི་དབང་གསུམ་དང་རྩ་བ་རྣམ་པ་ལྔ་ལ་ཡན་ལག་བཅོ་བརྒྱད་དེ། ཕན་དབང་བཅུ་ནུས་དབང་ལྔ་དང་བཅོ་ལྔ། ཟབ་མོའི་དབང་གསུམ་དང་བཅོ་བརྒྱད། བསྒྱུར་བ་ཁྲག་འཐུང་གི་དབང་ལ། ཕན་དབང་། ནུས་དབང་། རྒྱན་ཆ། སྒྲུབ་དབང་། དམ་རྫས་ཏེ། རྩ་བ་ལྔ་ལས་གྱེས་པའི་ཡན་ལག་སུམ་ཅུ་རྩ་དྲུག་སྟེ། ཁྲག་འཐུང་རྩ་རྒྱུད་ལས། ཕྱི་དབང་ཞེས་པར་གྲགས་པ་ནི། །ཕན་པའི་དབང་བཅུ་ནུས་དབང་ལྔ། །རྒྱན་ཆ་རོལ་པོའི་དབང་བརྒྱད་དང་། །སྒྲུབ་པ་བརྒྱད་དང་དམ་རྫས་ལྔ། །མིང་གི་དབང་དང་སུམ་ཅུ་བདུན། །རིམ་པ་བཞིན་དུ་བསྐུར་བར་བྱ། །ཞེས་གསུངས། མིང་དབང་ཀུན་གྱི་མགོ་རུ་ཕྱུང་། །ཞེས་པའི་མིང་དབང་མི་བརྩི་ན་སུམ་ཅུ་རྩ་དྲུག་ཏུ་དབྱེའོ། །འདི་ལ་ཆོས་རྗེ་ལྟར། ཕྱི་དབང་ལ། ནང་དབང་ལ་བཅུ་གཅིག །སྒྲུབ་དབང་ལ་བཅུ་གཉིས། གསང་དབང་ལ་བཅུ་གཉིས། གསང་དབང་ལ་དབྱེ་བ་མེད། ཤེས་རབ་ཡེ་ཤེས་དང་བདེ་བ་ཆེན་པོ་གཉིས་དང་སུམ་ཅུ་རྩ་དྲུག་སྟེ། རྔམ་པ་གློག་གི་འཁོར་ལོའི་ལེའུ་བཅུ་བདུན་པ་ནས་གསུངས་པ་ནི། རྣམ་གྲངས་གོ་རིམ་མཚན་ཉིད་ནི། །དང་པོ་ཕྱི་ཡི་དབང་བཅུ་བསྐུར། །དེ་ནས་ནང་དབང་བཅུ་གཅིག་དང་། །དེ་ནས་སྒྲུབ་པའི་བཅུ་དང་གསུམ། །ཐ་མར་གསང་བ་རྣམ་པ་གཉིས། །བཅུ་ཕྲག་གསུམ་དང་དྲུག་དག་གིས། །དབང་མཆོག་དམ་པ་བསྐུར་བ་ཡིན། །དང་པོ་བཀའ་རྟགས་ཕྱག་རྒྱའི་དབང་། །གཉིས་པ་རྟགས་ཀྱི་མཚན་མའི་དབང་། །གསུམ་པ་ཤེས་རབ་གཟུགས་ཀྱི་དབང་། །བཞི་པ་བཀྲ་ཤིས་བུམ་པའི་དབང་། །ལྔ་པ་བཀྲ་ཤིས་རྫས་ཀྱི་དབང་། །དྲུག་པ་རིན་ཆེན་སྣ་བདུན་དབང་། །བདུན་པ་གདན་མཆོག་དམ་པའི་དབང་། །བརྒྱད་པ་མཛེས་པ་རྒྱན་གྱི་དབང་། །དགུ་པ་གསང་བ་མིང་གི་དབང་། །བཅུ་པ་རྒྱལ་རྟགས་འཁོར་ལོ་སྟེ། །ཕྱི་དབང་བཅུ་པོ་རྫོགས་པ་དང་། །རྡོ་རྗེ་ནང་དུ་གཞུག་བྱ་བ། །དང་པོ་གསང་བ་ཉན་ཅིང་སློབ་པའི་དབང་། །གཉིས་པ་གླེགས་བམ་ཟབ་མོ་གཏད་པར་བྱ། །གསུམ་པ་རྣམ་བཞི་ལས་ཀྱི་རྫས་ཀྱང་སྦྱིན། །བཞི་པ་རྒྱལ་ཚབ་དམ་པའི་མཛོད་གསུམ་སྦྱིན། །ལྔ་པ་སློབ་དཔོན་ཐེག་ཆེན་དགུ་ཡི་རྟགས། །དྲུག་པ་པདྨ་ཉི་ཟླ་སེམས་ཅན་སེམས་ཅན་གདན། །བདུན་པ་རྒྱལ་པོ་གསང་བ་རིན་ཆེན་བདུན། །བརྒྱད་པ་གཟུགས་བརྙན་སྤྱི་བོར་བཞག །དགུ་པ་སྐུ་གཟུགས་ཡེ་ཤེས་སྦྱིན། །བཅུ་པ་བཀྲ་ཤིས་དམ་རྫས་དབང་། །དེ་གསལ་ལག་ཏུ་རྡོ་རྗེ་སྦྱིན། །བཅུ་དང་བཅུ་གཅིག་ནང་སྦྱིན་ནས། །བསྒྲུབ་པའི་དབང་མཆོག་སྦྱིན་པར་བྱའོ། །དང་པོ་སེམས་ཀྱི་གཏན་ཚིགས་སྦྱིན། །གཉིས་པ་སྙིང་རྗེའི་དབང་བསྐུར་སྦྱིན། །གསུམ་པ་ཡི་གེ་འཁོར་ལོ་སྦྱིན། །བཞི་པ་ཐོང་གཤོལ་འབར་བ་སྦྱིན། །བྷནྡྷ་གང་བ་སྦྱིན་དང་ལྔ། །དྲུག་པ་མཚོན་ཆ་སྣ་ཚོགས་ཏེ། །བདུན་པ་སྐྱོན་མེད་པདྨ་སྦྱིན། །བརྒྱད་པ་སྟི་ར་དབྱུག་པ་སྦྱིན། །དགུ་པ་སྦྲུལ་ནག་ཆུན་པོ་སྦྱིན། །བཅུ་པ་དྲི་མེད་ལྷ་མོ་སྦྱིན། །གཅིག་པ་འདོད་པའི་ལོངས་སྤྱོད་སྦྱིན། །གཉིས་པ་བསྒྲུབ་རྫས་ཐམས་ཅད་སྦྱིན། །གསུམ་པ་རྡོ་རྗེ་གསང་མིང་སྦྱིན། །བཅུ་དང་གསུམ་དང་རྫོགས་པ་དང་། །གསང་བ་དམ་པ་སྦྱིན་པ་ཡང་། །དཀར་དམར་འདྲེས་པའི་བྱང་ཆུབ་སེམས། །བུ་མཆོག་དེ་ཡི་ལྕེ་ལ་བཞག །སྙིང་པོ་དོན་དམ་བྱང་ཆུབ་སེམས། །དེ་ཡི་བློ་ལ་བཞག་པར་བྱ། །ཞེས་བཞེད་ཀྱང་། འདི་ནི་ལུང་ལྟར་ཕྱི་དབང་རྒྱུད་ཀྱི་ཆུ་བོ། ནང་དབང་འབྱུང་བའི་ཆུ་བོ། བསྒྲུབ་དབང་གྲགས་པའི་ཆུ་བོ། གསང་དབང་རྫོགས་པའི་ཆུ་བོ་སྟེ། མདོ་དབང་ལས། དབང་གི་ཆུ་བོ་བཞིས་གཏན་ལ་ཕབ་པ་ལྟར་ཡིན་ལ། འདིར་སྒྱུ་འཕྲུལ་རང་གཞུང་ལ། ཁྲག་འཐུང་རྩ་རྒྱུད་ལྟར་ཡིན་པར་གསུངས། དབང་བསྐུར་བའི་ཐབས་དང་། དྲང་། དེ་ཡང་དང་པོ་དཀྱིལ་འཁོར་རྡོ་རྗེ་ལས་ཀྱི་རིམ་པའི་རྗེས་སུ་ཞུགས་པ་སྟེ། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་བའི་རྣམ་པ་དང་། །རབ་གནས་སྦྱིན་སྲེག་འཇུག་པ་དང་། །ཡོན་ཏན་རྣམ་བཅུ་རྒྱས་ཞེས་བྱ། །ཞེས་པས་གཞུང་བཞིན་དུ་ཉམས་སུ་བླངས་ལ། དེ་ནས་དད་བརྩོན་བརྟུལ་ཞུགས་ཀྱི་སྣོད་དང་། ཕན་ནུས་ཟབ་གསུམ་གྱི་དབང་རིམ་པ་ལྟར་སྦྱར་ནས་བསྐུར་བའི་ཐབས་ནི། དབང་རྡོ་རྗེ་ལས་རིམ་གྱི་གཞུང་ལྟར་རྒྱུ་རྐྱེན་འབྲས་བུ་ངོ་བོ་དང་། །རིམ་ལས་སྐྱོན་ཡོན་བརྒྱད། ཅེས་བྱ། ཞེས་པ་ལྟར་དུ་དབང་རྫོགས་པར་བསྐུར་བར་བྱའོ། །ཐོབ་པའི་ཚད་དང་དྲང་། དཔེ་ལྕགས་རྐང་བཟང་པོ་ལ་གྲི་ལ་སོགས་རྣོན་པོ་གང་བྱས་ལ་ཏིལ་མར་བསྐུས་ནས་ངར་བླུད་ན། དེ་ལྟར་དུ་རྣོ་བ་རིམ་བཞིན་ཤེས་བྱའི་ནུས་མཐུ་གཞན་ལ་དེ་ལྟར་དུ་མི་སྨིན་ལ། དབང་ནི་སྣོད་བཅུད་རྒྱུ་རྐྱེན་གཉིས་འཛོམ་ན། བསྐུར་མ་ཐག་ཏུ་ངེས་པར་ནུས་མཐུ་དང་ལྡན་པ་ནི། བཞག་པའོ། །དུས་དང་། དྲང་། གསང་སྔགས་ཀྱི་ལམ་གྱི་རྒྱུད་དུ་འཇུག་པ་ལ་སྔོན་དུ་དབང་ཐོབ་དགོས་ཏེ། དེ་ཡང་ཤེས་རབ་གྲོལ་ལམ་ལ་རྒྱུད་མ་སྨིན་པ་སྨིན་པར་བྱེད་དགོས་པས། སྔོན་དུ་དབང་འགྲོ་བ་ཡིན་ལ། ཐབས་ལམ་ལ་དབང་ཐོབ་པ་དང་། ཟབ་མོའི་དབང་གསུམ་དེ་ཉིད་ཀྱི་དོན་ལ་རིམ་པར་བསླབ་དགོས་ལ། གཞན་ཡང་ཐབས་ལམ་དང་། གྲོལ་ལམ་གཉིས་ཀ་ལ་ལམ་དང་ས་ཡི་རིམ་པ་མཐོ་དམན་གྱིས་ཕྱེ་བས། རྒྱུ་དུས། ལམ་དུས། འབྲས་དུས་ཀྱི་དབང་གསུམ་སྟེ། དེ་རེ་རེ་ལ་ཡང་། སློན་དཔོན་གསུམ་གྱིས། དཀྱིལ་འཁོར་གསུམ་ལ་བརྟེན་ནས། སློབ་མ་ལ་ལས་དང་པོ་པ་དང་། དྲོད་རྙེད་པ་དང་། ཕྱིར་མི་ལྡོག་པའི་གང་ཟག་གསུམ་གྱིས། རིག་མ་ལས་ཀྱི་ཕྱག་རྒྱ་མོ་དང་། རིག་པའི་ཕྱག་རྒྱ་མོ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་མོ་དང་གསུམ་ལ་རིམ་པར་རོལ་པ་དབང་གསུམ་ཐོབ་དགོས་ཏེ། དེ་ཡང་རྒྱུ་དུས་ཀྱི་དབང་ནི། སློབ་དཔོན་དྲོད་ཐོབ་པ་དེས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་ནས། སློབ་མ་ལས་དང་པོ་པ་དེ་ལ། རིག་མ་ལས་ཀྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་དེ་ལ་སྦྱོར་ནས། བདེ་སྟོང་གི་ངེས་ཤེས་སྐྱེ་བས། གསང་སྔགས་བླ་མེད་ལ་འཇུག་ནུས་པའི་ཚིག་གིས་དབང་ཐོབ་པའོ། །ལམ་དུས་ཀྱི་དབང་ནི་སློབ་དཔོན་སྒོམ་ལམ་དང་མཐར་ལམ་པས། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་ནས། སློབ་མ་སྦྱོར་ལམ་དྲོད་རྙེད་པའི་གང་ཟག་དེ་ལ་རིག་མ་རིག་པ་སྟེ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་མོ་ལ་རོལ་ཅིང་སྦྱོར་བས། རྗེས་ཤེས་དངོས་འཛིན་གྱི་དྲི་མ་དག་ནས། ཟག་མེད་མཐོང་ལམ་ཆེ་རྣམས་གཉིས་ཀྱི་དགོངས་པ་ལ་མངོན་དུ་གྱུར་པས་དོན་དབང་ཐོབ་པའོ། ༈ །འབྲས་དུས་ཀྱི་དབང་ནི། སློབ་དཔོན་ཕྱོགས་བཅུའི་སངས་རྒྱས་ཀྱིས། རང་བཞིན་གྱི་དཀྱིལ་འཁོར་ལ་བརྟེན་ནས་སུ། སློབ་མ་ཕྱིར་མི་ལྡོག་པའི་མཐར་ལམ་པ་དེ་ལ། རིག་མ་ཡེ་ཤེས་ཀྱི་ཕྱག་རྒྱ་མོ་ལ་རོལ་ཅིང་སྦྱོར་བས། ཤེས་བྱ་བག་ལ་ཉལ་གྱི་དྲི་མ་དག་ནས་དབྱིངས་ཡེ་ཤེས་ཀྱི་མཐའ་གྲུ་མ་ལུས་པ་རྒྱས་པས། སངས་རྒྱས་པ་དེ་ནི་དབང་གི་ངོ་བོ་ཐོབ་པའོ། །སྣོད་དང་། དྲང་། དེ་ཡང་རྒྱུད་གསང་སྙིང་ཉིད་ལས། དད་བརྩོན་བརྟུལ་ཞུགས་རབ་བརྟན་ནས། ཞེས་པས། དད་པ་ཅན་དང་། བརྩོན་འགྲུས་ཅན་ལ་ཡང་། བདག་དོན་གཞན་དོན། གཉིས་དོན་ནུས་པ་གསུམ་དང་། བརྟུལ་ཞུགས་ནུས་པ་ལ་ཡང་། སྤྱོད་པ་ལས་ཀྱི། རིག་པའི། མཉམ་པའི་བརྟུལ་ཞུགས་ནུས་པ་དང་། གསུམ་པོ་དེ་རྣམས་གདུལ་བྱ་གང་ལ་ཡོད་པ་དེ། ཕྱི་ནང་གསང་བ་དེ་ཡི་སྣོད་དུ་གྱུར་པ་ཡིན་ཏེ། དེ་ལ་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ་བསྐུར་ལ། བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ་སྟེ། དེ་ལ་ཡང་གསུམ། བདག་དོན་དུ་བརྩོན་འགྲུས་ནུས་ན། ཉན་དབང་དང་། སྒྲུབ་དབང་གཉིས། གཞན་དོན་དུ་བརྩོན་འགྲུས་ནུས་ན་འཆད་དབང་དང་འཕྲིན་ལས་དབང་གཉིས། གཉིས་ཀའི་དོན་དུ་བརྩོན་འགྲུས་ནུས་ན། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བའོ། །བརྟུལ་ཞུགས་ཅན་ལ་གསང་བ་ཟབ་དབང་སྟེ། དེ་ལ་ཡང་གསུམ་སྟེ། བདུད་རྩི་ལྔ་ལ་སོགས་པ་ཡབ་ཡུམ་གྱི་བྱང་སེམས་ལ་སྤྱོད་ནུས་ན། །སྤྱོད་པའི་བརྟུལ་ཞུགས་ཏེ། དེ་ལ་གསང་དབང་བསྐུར། ཡུམ་ལ་སྦྱོར་བའི་དུས་སུ་བདེ་སྟོང་དེ་ཉིད་རིག་པས་ཉམས་སུ་མྱོང་ནུས་ན། རིག་པའི་བརྟུལ་ཞུགས་ཏེ། དེ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། བདེ་སྟོང་གི་ཡེ་ཤེས་ཀྱི་ངོས་ནས་ཐམས་ཅད་མཉམ་པར་རྟོགས་ནུས་ན། མཉམ་པའི་བརྟུལ་ཞུགས་ཏེ། དེ་ལ་བདེ་བ་ཆེན་པོའི་དབང་བསྐུར་བའོ། །ཡོན་ཏན་དང་། དྲང་། དབང་བསྐུར་ཐོབ་པ་ལ་ཚེ་འདི་དང་ཕྱི་མ་ཕན་ཡོན་གྱི་རྣམ་གྲངས་ནི་རྒྱུད་གསང་སྙིང་ནས་གསུངས་པ་ཇི་བཞིན་ཡིན་ཏེ། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་གསུངས་པས། དབང་ཐོབ་པའི་དུས་འདི་ཕྱིན་ཆད། །རྒྱལ་བའི་གདུང་འདི་འཛིན་པའི་སྲས་ཡིན་པས། །ངན་སོང་གསུམ་གྱི་སྡུག་བསྔལ་ཀུན་མེད་པ་དང་། སྐྱེ་བ་འདིར་ཡང་ཚེ་རིང་བདེ་བ་ཕུན་སུམ་ཚོགས་པ་དང་། སྐྱེ་བ་ཕྱི་མར་ཡང་ཕན་དབང་གི་འབྲས་བུ་མཐོ་རིས་ཀྱི་ནང་ནས་ཀྱང་། ལྷ་མིའི་རྒྱལ་པོ་དང་། ནུས་དབང་གི་འབྲས་བུ་ཐར་པའི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་དང་། ཟབ་དབང་གི་འབྲས་བུ་རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཉིད་དུ་འགྱུར་རོ། །སྐྱོན་དང་། དྲང་། དབང་མ་ཐོབ་པའི་སྐྱོན་ནི། ཡོན་ཏན་དེ་ལས་བཟློག་པ་སྟེ། དབང་མ་ཐོབ་པར་རང་བྱན་གྱིས་བརྟག་དཔྱད་བྱས་ཀྱང་ཆོས་ཉིད་མི་རྟོགས་པ་དང་། ཡང་ན་ཉན་དབང་མ་ཐོབ་པར། ཉན་པ་ལ་སོགས་བྱས་ཀྱང་། གསང་སྔགས་མཉན་པའི་དབང་གིས་རང་བཞིན་གྱིས་ལྟུང་ཞིང་འཇིགས་པས། གཞན་ཡང་ཕན་ནུས་ཟབ་གསུམ་གྱི་དབང་མ་ཐོབ་པར། ཉན་པ་དང་། འཆད་པ་དང་། སྒྲུབ་པ་དང་། འཕྲིན་ལས་དང་། ཐིག་དབང་ལ་སོགས་པ་རྡོ་རྗེ་སློབ་དཔོན་གྱི་བྱེད་ལས་ལ་འབྲས་བུ་མེད་ཅིང་། གསང་བའི་སྙིང་པོ་གཞུང་ནས་བཤད་པའི་དམ་ཚིག་དེ་དག་ཉམས་པས་ངན་སོང་དུ་ལྟུང་ཞིང་། སྡུག་བསྔལ་གྱིས་འཇིགས་པ་ཆེན་པོ་འབྱུང་སྟེ། དཔེ་རྫ་སོ་མ་བཏང་བའི་རྫས་ཀྱི་ནང་དུ་ཆུ་བླུགས་ནས་སྤྱོད་ཙམ་ན་ཞིག་པ་ལྟར་དུ་འགྱུར་བ་ནི་གསང་བའི་སྙིང་པོ་རྩ་རྒྱུད་བཤད་རྒྱུད་ཀུན་ལ་ལྟོས་དང་དེར་གསལ་ལོ། །སྒྲུབ་པ་ལ་གཉིས། བགྲང་། བསྟན་པ་དང་། དྲང་། ཡན་ལག་བརྒྱད་པ་རྣལ་འབྱོར་པས་ལམ་དོན་དུ་གཉེར་བ་དེས་འབྲས་བུ་ཐོབ་པར་བྱ་བ་ཡི་ཐབས་ལ་བསྒྲུབ་དགོས་ཏེ། དེ་ཡང་ཐུན་མོང་དང་མཆོག་གི་ཕྱེ་བས་བསྒྲུབ་པ་ལ་གཉིས་སོགས་ཀྱི་སྒྲས་ཐུན་མོང་མཆོག་གཉིས་ལ་ཡང་བསྒྲུབ་ཐབས་མི་འདྲ་བའི་ཡན་ལག་མང་དུ་ཡོད་ཀྱང་། དེ་རྣམས་ཀྱི་དོན་མདོར་བསྡུས་ནས་སྡོམས་པའི་ཚིག་ནི་འདི་ལྟ་སྟེ། སྒྲུབ་པའི་དགོས་ཆེད། སྒྲུབ་པ་རང་གི་ངོ་བོ་དངོས་པོ། །སྒྲུབ་པའི་རྣམ་གྲངས། སྒྲུབ་པའི་ཐབས་དང་། དུས་ནམ་སྒྲུབ་པ་དང་། མ་བསྒྲུབས་པའི་སྐྱོན་དང་། བསྒྲུབས་པའི་ཡོན་ཏན་དང་རྣམ་གྲངས་བདུན་གྱི་སྒོ་ནས་འོག་རྒྱས་བཤད་དེ་ཤེས་པར་བྱའོ། །བཤད་པའོ། །དེ་ལ་བདུན། བགྲང་། དགོས་ཆེད་དང་། དྲང་། ཐུན་མོང་གི་སྒྲུབ་པ་དང་། མཆོག་གི་དངོས་གྲུབ་ཀྱི་སྒྲུབ་པའི་ཐབས་མི་འདྲ་བའི་བྱེ་བྲག་རྣམས་བདག་དོན་དང་གཞན་དོན་དུ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པའི་ཐབས་ལ་སྒྲུབ་པ་འདི་དགོས་ལ། དོན་གཉིས་ལྷུན་གྱིས་གྲུབ་ནས་ཐོབ་པའི་ཐབས་ལ་བསྒྲུབ་དགོས་ལ། ཆོས་དོན་དུ་འགྱུར་བའི་ཐབས་ལ་བསྒྲུབ་པ་མི་དགོས་པས། དེ་བས་ན་དོན་འགྱུར་བཞི་ཡོད་པའི་ཕྱིར་ན་སྒྲུབ་པ་ལ་བརྩོན་འགྲུས་བྱའོ། །ངོ་བོ་དང་། དྲང་། རྣལ་འབྱོར་པ་གང་གིས་མཆོག་ཐུན་མོང་གི་འབྲས་བུ་གང་ཐོབ་པར་འདོད་པའི་དོན་དེ་བསྒྲུབ་པའི་བསམ་པ་དང་ལྡན་ནས། ལམ་གྱི་ཡན་ལག་ཆ་རྐྱེན་བཅུ་དང་ལྡན་པ་དེ། དོན་དུ་གཉེར་བདོ་བ་ནི་སྒྲུབ་པའི་ངོ་བོའོ། །རྣམ་གྲངས་དང་། དྲང་། རྣམ་གྲངས་ལ་ཐུན་མོང་དང་། མཆོག་གཉིས་ཏེ། ཐུན་མོང་གི་རྣམ་གྲངས་ནི། མངོན་ཤེས་ནི། མིག་མཐོང་དང་། རྣ་པྲ་དང་། རྒྱས་པའི་ལེའུ་རེ་ལྔ་པ་ནས། བྱིས་པ་གཙང་མ་ལ་པྲ་ཕབ་ཐབས་ལ་སོགས་པ། ཐུན་མོང་གི་མངོན་ཤེས་ལྔ་ལ་སོགས་སྒྲུབ་ཐབས་དང་། ཚེ་བསྒྲུབ་པ་ནི། རྒྱས་པའི་རེ་བཞི་པ་ནས་བཤད་པ་ལ་སོགས་དང་། རྫུ་འཕྲུལ་སྒྲུབ་པ་ནི། རྒྱས་པའི་སོ་བདུན་པ་ལས་ཨ་ལ་ཤེས་པ་གཏད་ནས། ལུས་མི་སྣང་བར་བསྒྲུབ་པ་དང་། ཀུན་བཟང་ཡབ་ཡུམ་གྱི་གསང་བར་བཞི་བཅུ་རྩ་གཉིས་ནས་དཀྱིལ་འཁོར་རེ་རེ་བསྒོམས་ལ། སྦྱོར་བ་བྱས་ནས་འོད་དུ་ཞུ་ནས། ཐམས་ཅད་ཀུན་བཟང་ཡབ་ཡུམ་ལ་བསྟིམས་པ་ལ་སོགས་པའི་སྒོ་ནས་ཏེ་མི་གནས་ནམ་མཁའི་མཐའ་ཀླས་པར། གོམས་པར་འདོད་པ་ཐོབ་པ་དང་། །ཆུ་ལ་ས་བཞིན་འགྲོ་བ་དང་། །ཚ་བ་རླུང་གིས་བཏེག་པ་དང་། །ཕྱོགས་བཅུ་ཀུན་ཏུ་ཕྱིན་པ་འགྱུར། །ཞེས་རྫུ་འཕྲུལ་ཐོབ་པའི་ཐབས་དང་། གཞན་ཡང་རྡོ་རྗེ་བཀོད་པ་ཀུན་འདུས་ཀྱི་རྒྱུད་ན་ཡང་། སྒྱུ་མ་དང་། ཡུངས་ཀར་རྒྱལ་པོ་དང་། རྡོ་རྗེ་ཐལ་ཆེན་དང་། ལུས་མང་པོར་སྤྲུལ་པ། བྱེ་མ་ལ་གསེར། སོལ་བ་ལ་ལྗོན་ཤིང་བསྒྲུབ་པ་ལ་སོགས་པ་དང་། གསེར་བསྒྲུབ་པ་དང་། ཆང་འཕེལ་ལ་སོགས་རྒྱུད་གཞན་དུའང་མང་དུ་གསུངས་སོ། །གཞན་ཡང་རྒྱས་པའི་བདུན་ཅུ་པ་ནས། རོ་ལང་བསྒྲུབ་པའི་སྒོ་ནས། ལྷ་སྲིན་གྱིས་བཀའ་ཉན། མ་ཧཱ་དེ་ཝ་ལ་སོགས་དབང་དུ་འདུ། རོ་གསེར་དུ་འགྱུར་ནས་ལོངས་སྤྱོད་ཀྱི་རྐྱེན་དུ་འགྱུར། རོའི་ལྕེ་བཅད་པས་གར་བསམ་ཕྱིན། རྐང་མགྱོགས་པ་དང་། ལེའུ་བདུན་པ་ནས། རྣམ་རྒྱལ། གཤིན་རྗེ། རྟ་མགྲིན། བདུད་རྩི་འཁྱིལ་པ་བཞིའི་སྒོ་ནས། རོ་ལང་བསྒྲུབས་པས། རོ་ལངས་པའི་ལྕེ་བཅད་པའི་མཚོན་དང་། གོ་ཆ་དང་། གསེར་དང་རྐང་མགྱོགས་ལ་སོགས་ཀྱི་རྫུ་འཕྲུལ་སྒྲུབ་ཐབས་རྣམས་དང་། པགས་པ་ལ་ལྷམ་བྱས་ནས་ཆུས་མི་བྱིང་བ་ལ་སོགས་རྫུ་འཕྲུལ་ཐོབ་ཐབས་རྣམས་སོ། །ལས་ནི་འཕྲིན་ལས་ཏེ། རྒྱས་པའི་ལེའུ་ལྔ་པ་ནས་དྲུག་ཅུ་རྩ་གཅིག་གི་བར་དུ། ཞི་རྒྱས་དབང་དྲག་ལྷུན་གྲུབ་ལྔ། མེའི་སྒོ་ནས་ལས་བཞི་སྒྲུབ་ཐབས་དང་། ལེའུ་ཉི་ཤུ་པ་ལས། མཆོད་རྟེན་གྱི་སྒོ་ནས་ལས་བཞི་སྒྲུབ་ཐབས་དང་། རྒྱུད་གཞན་ལས་ཀྱང་། ཞི་བ་ལ་མི་མཐུན་ཀུན་སེལ་དང་། རྒྱས་པ་ལ་འདོད་པ་ཀུན་གྲུབ། དབང་ལ་གསང་བ་གནད་ཀྱི་ལྕགས་ཀྱུ། དྲག་པོ་ལ་དགྲ་བགེགས་བདུད་འཇོམས། གཞན་ཡང་རྒྱས་པའི་ནང་ཚན་ལས། སྲིའུ་དང་། ལོ་ཐོག་གསོ་ཐབས་རྒྱུད་གཞན་དུ་གསལ། ཀླུའི་གགས་སེལ་དགོས་པས་ལེའུ་ཞེ་དྲུག་པས་སྟོན། གཞན་ཡང་དབང་གི་ནང་ཚན་ལ། རྒྱས་པའི་ལེའུ་ཞེ་གཉིས་དང་ཞེ་གསུམ་པའི་ནང་ནས། འཇིག་རྟེན་ལས་འདས་པའི་གཟུངས་མ་རིགས་ལྔའི་ཡུམ་འགུགས་པ་དང་། སེམས་མ་འགུགས་པ་སྟོན། འཇིག་རྟེན་པའི་གཟུངས་མ་འགུགས་པ་ནི། རྒྱལ་པ་ས་འཛིན་གྱི་ཆུང་མ་དང་། བློན་པོ་ས་འཛིན་གྱི་ཆུང་མ་དང་། ལྷ་ཆེན་གཞན་གྱི་ཆུང་མ་བཀུག་ལུགས་ལེའུ་ཞེ་ལྔ་པས་སྟོན་ལ། རྒྱུད་གཞན་དག་ལས། ལྷ་མོ། ཀླུ་མོ། རིགས་ངན་མོ། མིའི་བུ་མོ་ཡང་འགུགས་པར་ཡང་སྟོན་ནོ། །ཡུལ་ཁམས་དབང་དུ་བྱ་བའི་ཐབས། ལེའུ་སོ་བརྒྱད་པ་ནས་སྟོན་ལ། གཞན་ཡང་མ་ཧཱ་དེ་ཝ་དབང་དུ་བྱས་ནས་བསྒྲུབས་པས། ལས་གང་བསམ་བསྒྲུབ་བཅོལ་བ་དང་། རྒྱལ་པོ་ཆེན་པོ་སྡེ་བཞི་བསྒྲུབས་ནས་དབང་དུ་བྱས་པས། ལས་གང་བསམ་བསྒྲུབ་བཅོལ་བའི་ཐབས། ལེའུ་རེ་གསུམ་པ་ནས་སྟོན་ལ། དྲག་པོ་ལ་ནང་ཚན་དུ། དགྲ་བགེགས་གླིང་གཞན་ལ་འཕོ་བའི་ཐབས། ལེའུ་སོ་བརྒྱད་པ་ནས་སྟོན་ལ། རྒྱུད་གཞན་ལས་ཀྱང་། མ་མོའི་ཇག་ཆིངས། འབྱུང་པོའི་ཁ་ཆིངས། དགྲ་བགེགས་དང་ཉི་ཟླ་གསད་པ་ལ་སོགས་པ་དང་། གཞན་གྱི་ཡུལ་ཁམས་འཕམ་པར་བྱེད་པ་རྣམས་སོ། །སྐུ་དེ་བཞིན་རིགས་ཀྱིས་རྒྱལ་པོའི་ལུས་ལ་འཇུག་ནས། རང་རྒྱལ་པོ་རེད་ཐབས་དང་། གསུང་པདྨའི་རིགས་ཀྱིས་ཞང་བློན་དབང་ཆེན་གྱི་ལུས་ལ་འཇུག་ནས་དབང་དུ་བྱ་ཐབས་དང་། ཐུགས་རྡོ་རྗེ་རིགས་ཀྱིས་ལྕགས་སྤྱང་གི་ལུས་ལ་འཇུག་ནས། རྐང་མགྱོགས་བསྒྲུབ་པ་དང་། ཡོན་ཏན་རིན་ཆེན་རིགས་ཀྱིས་བློན་པོ་ནོར་མང་གི་ལུས་ལ་འཇུག་ནས། རང་བློན་པོ་ནོར་མང་རེད་ཐབས་དང་། འཕྲིན་ལས་ཀྱིས་ལྷ་མིན་གྱི་ལུས་ལ་འཇུག་ནས། དམག་མང་སྒྲུབ་ཐབས་རྣམས་སོ། །ཡང་ན་སྐུ་རྫུ་འཕྲུལ་གྱིས་སྒྲུབ་པ། གསུང་པྲ་ཕབ། ཐུགས་མངོན་ཤེས། ཡོན་ཏན་ཚེ། འཕྲིན་ལས་ནི་དངོས་ཏེ། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་ཐུན་མོང་དག་གི་སྒྲུབ་ཐབས་མི་མཐུན་པར་གྲགས་པ་དེ་རྣམས་ནི་ཐུན་མོང་གི་སྒྲུབ་པའི་རྣམ་གྲངས་ཡིན་པ་དང་། ཟག་མེད་ཀྱི་འབྲས་བུ་ཐོབ་ཐབས་མཆོག་གི་སྒྲུབ་པ་ལ། སྐུ་རྣམ་སྣང་། གསུང་སྣང་མཐའ། ཐུགས་རྡོར་སེམས། ཡོན་ཏན་རིན་འབྱུང་། འཕྲིན་ལས་དོན་གྲུབ་དང་ལྔ་པོའི་བསྒྲུབ་ཐབས། ཡང་ན་འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། འཕྲིན་ལས་ཕུར་པ་ལ་སོགས་པའི་སྒྲུབ་ཐབས་རྣམས་ནི། རྒྱུད་གཞུང་སྤྱིའི་ཆིངས་ཡིན་ལ། ཁྱད་པར་སྒྱུ་འཕྲུལ་རང་གཞུང་ལ་ཞི་ཁྲོ་གཉིས་ཀྱི་སྒོ་ནས་ཚོམ་བུ་གཅིག་གསུམ་ལྔ་པ། དཀྱིལ་འཁོར་རྒྱས་བསྡུས་འབྲིང་གསུམ་གྱི་ཐོག་ནས་སྒྲུབ་ཐབས་རྣམས་སོ། །སྒྲུབ་ཐབས་དང་། དྲང་། གོང་གི་རྣམ་གྲངས་ཀྱི་སྐབས་སུ་བཤད་པའི་ཐུན་མོང་དང་མཆོག་གི་སྒྲུབ་པའི་ཐབས་སུ་གྲགས་པ་ཀུན། ཚུལ་ཅི་ལྟར་དུ་བསྒྲུབ་ན། སྒྲུབ་ཐབས་དང་། གནས་དང་། དུས་དང་། ཡོ་བྱད་དེ་ཕུན་སུམ་ཚོགས་པ་བཞིར་ལྡན་ནས། གཞི་ངོས་བཟུང་བ་ལའང་། དང་པོ་གནས་བཙལ། ས་བརྟགས་ཤིང་བྱིན་གྱིས་བརླབས་པ་ཡན་ཆད་ཀྱིས་ཆོ་ག་རྒྱས་པར་བྱ་ལ་གནས་དེར། སྒྲུབ་ཁང་བརྩིག་ལ་བྱུག་བསྲུང་བྱ། དེ་ནས་སྒྲུབ་པའི་སྔོན་འགྲོ་ལ་སཱཙྪ་ཆུ་གཏོར་ལ་སོགས་ཚོགས་ཀྱི་དཔུང་བསྐྱེད་ལ་སྒྲིབ་པ་སྦྱངས་བྱས་ལ། དེ་ནས་བསྙེན་པ་དང་། ཉེ་བའི་བསྙེན་པ། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་བཞིའི་གཞུང་བསྲངས་ལ། སྔགས་གྲ ངས་དུས་མཚན་མའི་བསྙེན་པ་སོ་སོར་ཕྱེ་བས་རྒྱུད་རྒྱས་པ་ནས་གསུང་པ་བཞིན་མ་རྫོགས་པར་དུ་བསྒྲུབ་དགོས་ཏེ། དེ་ཡང་གྲངས་བསྙེན་ནི། རྒྱུད་རང་རང་གི་ནང་དུ་བཤད་པའི་སྔགས་གྲངས་ཐེམ་པ་སྟེ། ཕལ་ཆེར་དབང་གི་སྐབས་ཡིན་ལ། དུས་བསྙེན་ནི། ཟླ་བ་དྲུག་གམ་བཅུ་གཉིས་བཅུ་བཞི་བཅུ་དྲུག་གོ། །མཚན་མའི་བསྙེན་པ་རྟགས་མ་བྱུང་བར་དུའོ། །དུས་དང་། དྲང་། རྣལ་འབྱོར་པ་གང་གིས་ལྟ་བ་བདེན་པ་དབྱེར་མེད་མངོན་དུ་རྟོགས་ཤིང་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པ་གཉིས་མགོ་འབྱོར་བའི་དུས་དང་། སྔགས་ཀྱི་ཡན་ལག་སྟེ། སྐུ་གསུང་ཐུགས་གསུམ། ཐུགས་ཡེ་ཤེས་སེམས་དཔའ་དང་བཞི་དབུ་རྒྱན་གྱི་ལྷ་ལྔ་གཅིག་ཏུ་བརྩིས་པའི་ལྷ་ལྔ་རྫོགས་དང་། ཕྱག་རྒྱ་བཞི་བཅུ་རྩ་གཉིས་སམ། ལྔ་བཅུ་རྩ་བརྒྱད་ལ་སོགས་པ་ལ་བརྟན་པ་ཐོབ་པ་དང་། ཕྱག་རྒྱ་སྤྲོས་པའི་སྐབས་ཀྱི་སྤྱོད་པ་ལ་སོགས་པ་རྣམས་ལ་མི་ལྕོག་པ་མེད་པ་གང་ཡོད་པ་དང་། གཞན་ཡང་སྒྲུབ་པའི་ཆ་རྐྱེན་ཚང་བར་བྱས་ལ་ཚེ་ལ་དབང་སྒྱུར་བའི་རིག་འཛིན་མཐོང་ལམ་མ་ཐོབ་པའི་སྔོན་སྦྱོར་ལམ་དུ་བསྒྲུབ་པར་བྱའོ། །འོ་ན་ཐུན་མོང་གི་སྒྲུབ་པ་འདིར་མི་སྨོས་སམ། ཞེ་ན་མ་ཡིན་ཏེ། ཐུན་མོང་གི་སྒྲུབ་པའི་དུས་ཀྱང་། ཕྱག་རྒྱ་སྤྲོས་པ་མཐར་ཕྱིན་དགོས་ཏེ། གསང་སྙིང་ལས། གསོ་དང་གསད་དང་ཕམ་དང་རྒྱལ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་སོ། །སྐྱོན་དང་། དྲང་། མ་བསྒྲུབས་ན་ལྷ་ཡལ་བས་སྒྲུབ་པ་མི་འཕྱང་། འབྲས་བུ་མི་ཐོབ་དེ་ཡང་ཐུན་མོང་དང་མཆོག་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལྔས་ཕྱེ་བའི་འབྲས་བུ་བཅུ་པོ་མི་ཐོབ་པའོ། །མ་བསྒྲུབས་ན་སྐྱོན་ཡོད་པས་དེ་བས་ན། མཆོག་ཐུན་མོང་གི་སྒྲུབ་ཐབས་ཀྱི་སྐྱོན་ཡོན་བྱེ་བྲག་མི་འདྲ་བ་དེ་རྣམས་ཀྱི་དོན་རྒྱས་པའི་དམིགས་ཁོང་དུ་ཆུད་པར་བྱས་ལ་སྒྲུབ་པ་ལ་བརྩོན་པར་བྱའོ། །ཡོན་ཏན་ནོ། །དྲང་། སྒྲུབ་པ་མ་བྱས་ན་སྐྱོན་དེ་ལས་བཟློག་པ་ཡིན་ཏེ། ཚེ་འདི་དང་ཕྱི་མར་ཐུན་མོང་གི་འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་དང་། མཆོག་གི་འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཐོབ་པས་བདག་གཞན་གྱི་དོན་གཉིས་རྫོགས་པ་ཡིན་ནོ། །སྔགས་དང་ཕྱག་རྒྱ་ལ་གཉིས། བགྲང་། བསྟན་པ་དང་། དྲང་། ཡན་ལག་དགུ་པ་སྔགས་དང་བཅུ་པ་ཕྱག་རྒྱའི་སྡོམ་ཚིགས་ནི་འདི་ལྟ་སྟེ། སྔགས་དང་ཕྱག་རྒྱའི་དགོས་ཆེད་དང་། སྔགས་དང་ཕྱག་རྒྱའི་ངོ་བོ་ངོས་བཟུང་བ་དང་། སྔགས་དང་ཕྱག་རྒྱའི་རྣམ་གྲངས་དུ་ཡོད་པ་དང་། སྔགས་གསུམ་བཟླ་ཕྱག་རྒྱ་བཞི་སྒོམ་ཐབས་དང་། སྔགས་ཕྱག་རྒྱའི་ངེས་ཚིག་དང་། སྐབས་གང་དུ་དགོས་པ་དང་། སྔགས་བཟླས་ཕྱག་རྒྱ་བསྒོམས་པའི་ཡོན་ཏན་དང་། སྔགས་མ་བཟླས་ཕྱག་རྒྱ་མ་བསྒོམས་པའི་སྐྱོན་དང་། རྣལ་འབྱོར་པ་གང་གི་སྤྱོད་ཡུལ་ཡིན་པ་བཞིན་དགུའི་སྔགས་དང་ཕྱག་རྒྱའི་དོན་འོག་རྒྱས་བཤད་དེ་ཤེས་པར་བྱའོ། །བཤད་པའོ། །དེ་ལ་དགུ། བགྲང་། དགོས་ཆེད་དང་། དྲང་། གནས་སྐབས་ཀྱི་སྒྲིབ་པ་སྦྱང་ཞིང་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་སྔགས་དགོས་པ་དང་། མཐར་ཐུག་ཐོབ་པར་བྱ་བའི་འབྲས་བུ་རིགས་ལྔའམ་སྐུ་ལྔ་པོ་རྫོགས་པར་བྱ་བའི་ཕྱིར་ཕྱག་རྒྱ་དགོས་པས། དེ་བས་ན་བདག་དོན་དངོས་ཡིན་ལ། གཞན་དོན་ཤུགས་ལ་འགྲུབ་པས། བདག་གཞནགཉིས་ཀའི་དོན་འགྲུབ་པས་ཆེད་དུ་སྔགས་ཕྱག་རྒྱ་གཉིས་པོ་ཤིན་ཏུ་གཅེས་པས་ཉམས་སུ་བླང་བར་བྱའོ། །ངོ་བོ་དང་། དྲང་། ལུས་ཀྱི་ཡི་གེ་ཀཱ་ལི་དང་། ཡན་ལག་གི་ཡི་གེ་ཨཱ་ལི་བུ་དྲུག་གཉིས་ལྷན་དུ་འདུས་པ་ལས་མིང་རེད། མིང་དེ་ལ་གྲུབ་པ་བཞིས་བརྒྱན་པས། ནུས་མཐུ་ཆེན་པོ་ཅན་དུ་རེད་པའི་མིང་ཚིག་གང་ཡིན་པ་དེ་ནི་སྔགས་ཀྱི་ངོ་བོ་ཡིན་ཏེ། དེ་ཡང་གྲུབ་པ་བཞི་ནི། ཆོས་རྗེ་རིན་ཆེན་ལྟར་ན། རང་བཞིན་ཆོས་ཉིད་ཀྱིས་གྲུབ་པ་དོན་ལས་མི་འདའ་བ་དང་། ཆོས་ཅན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐམས་ཅད་སྣང་བ་དང་། བྱིན་རླབས་ལྷའི་གྲུབ་པ་སྔགས་ཀྱི་ནུས་པ་མཐུ་ཅན་རེད་པ་དང་། མཐུས་གྲུབ་པ་སྔགས་ཀྱི་ནུས་པ་མཐུ་ཅན་དུ་ལྟ་བའི་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐམས་ཅད་སྣང་བའོ། །ཞེས་བཞེད་ཀྱང་། དགོངས་འདུས་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་བཀོད་པའི་ལེའུ་སོ་བཞི་པའི་སྐབས་དང་། གསང་སྙིང་གི་ལེའུ་བཞི་པའི་སྐབས་ལ་བརྟགས་ན། སྤྱིར་ཤེས་བྱ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། ཡི་གེ་འདུས་པས་མིང་། དེ་ལ་ཚིག་ཏུ་བྱུང་བས་དེས་མཚོན་ནས་བྱེད་ལས་མི་འདྲ་བ་དངོས་སུ་གྲུབ་པ་བཞི་སྟེ། ཆོས་ཉིད་ཅེས་སོགས་ཀྱིས་ཚིག་གིས་ཆོས་ཉིད་ཁོ་ན་ལས་མི་མཚོན་ལ། ཀ་བ་ཞེས་སོགས་ཀྱིས་ཆོས་ཅན་ཁོ་ན་ལས་མི་མཚོན། ལྷ་ཞེས་སོགས་ཀྱིས་ལྷ་ཁོ་ན་ལས་མི་མཚོན། འདི་སྦྱིན་འདི་སོད་ལྟ་བུས་ཕན་གནོད་ཁོ་ན་ནུས་མཐུ་ལ་མི་འབྱུང་བས། གྲུབ་པ་བཞི་ཕྱོགས་རེ་བ་ཡིན་པས། སྔགས་ནི་ཚིག་ཤད་གཅིག་ལ་ཡང་། གྲུབ་པ་བཞིས་བརྒྱན་པ་ཡིན་ཏེ། དེ་ཡང་ཞི་བའི་སྙིང་པོ། ཧཱུྃ་བཛྲ་དྷྲྀ་ཀ྄་རྐྱང་པ་ལ་ཡང་། ཧཱུྃ་ཡེ་ཤེས་ལྔ། བཛྲ་ནི་རྡོ་རྗེ་སྟེ་སྣང་སྟོང་དབྱེར་སྐྱེ་འཇིག་དང་བྲལ་བ། དྷྲྀཀ྄་འཛིན་པ་སྟེ། དོན་ལས་མི་འདའ་བ་ཡིན་པས། རང་བཞིན་ཆོས་ཉིད་ཀྱི་གྲུབ་པས་བརྒྱན་ལ། བཛྲ་དྷྲྀཀ྄་རྡོ་རྗེ་འཛིན་པ་མཚོན་པས། ཆོས་ཅན་གྱི་མཚན་མ་གྲུབ་པས་བརྒྱན་ལ། ཧཱུྃ་བཛྲ་དྷྲྀཀ྄་བརྗོད་པའི་བྱིན་རླབས་དེས་ལྷ་རྡོ་རྗེ་སེམས་དཔའི་སྐུ་ཝལ་གྱིས་གསལ་བས་བྱིན་རླབས་ལྷའི་གྲུབ་པས་བརྒྱན་ལ། ཧཱུྃ་བཛྲ་དྷྲྀཀ྄་དེ་བཟླས་པས། བདག་གཞན་ཐམས་ཅད་ལ་གནས་སྐབས་ཀྱི་ཐུན་མོང་ལ་བར་ཆད་ཞི་ལ། མཐར་ཐུག་སངས་རྒྱས་ཐོབ་པས། མཆོག་གི་དངོས་གྲུབ་ཐོབ་པའི་ནུས་མཐུ་ཡོད་པས། མཐུའི་གྲུབ་པས་བརྒྱན་ཅེས་བྱའོ། །སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ། འཕྲིན་ལས་འཕྲོ་འདུའི་ཕྱག་རྒྱ་དང་བཞི་རྫོགས་པ་དེ་ཉིད་ལ་མི་འདའ་བའི་དོན་དེ་གང་ལ་སྣང་བ་དེ་ནི་ཕྱག་རྒྱའི་ངོ་བོ་ཡིན་ནོ། །རྣམ་གྲངས་ལ་གཉིས། བགྲང་། སྔགས་ཀྱི་རྣམ་གྲངས་དང་། དྲང་། ཆོས་རྗེ་ལྟར་ན། རིགས་སྤྱིར་འདི་ལ་ས་མཐའ་མེད་པས་མི་འཐད་སྔགས་ནི། རིག་པ་ཡབ་ཀྱིས་འཛིན་པས་ཡབ་སྔགས་ཡིན་ལ། གསང་སྔགས་ནི་ཐེག་འོག་ལ་གསང་བའི་བདེ་སྟོང་ཡུམ་གྱིས་འཛིན་པས་ཡུམ་སྔགས་ཡིན་ལ། གཟུངས་སྔགས་ཞེས་པ་ནི། ཡབ་ཡུམ་གཉིས་ལ་འབྲེལ་བའི་སྔགས་ཡིན་པ་དང་། དེ་ཡང་རྒྱལ་པོ་ཛཿའི་དགོངས་འདུས་འགྲེལ་པར་གསང་སྔགས་ཞེས་པ་ནི། ལྷ་མོ་རྣམས་ཤེས་རབ་ཀྱི་རང་བཞིན་ཏེ། དགོངས་པ་ཟབ་པས་རྟོགས་པར་དཀའོ། །རིགས་སྔགས་ཞེས་བྱ་བ་ནི། རིག་པའི་རྒྱལ་པོ་ལྷ་ཕོའི་རང་བཞིན་ཐབས་དེས་རིག་པའི་ཕྱིར་རོ། །གཟུངས་སྔགས་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཁ་སྦྱོར་གྱིས་གཟུང་བའི་ཕྱིར་རོ། །ཞེས་གསུངས་པ་དང་མཐུན་ལ། ཡང་གསང་བ་གྲུབ་པའི་རྒྱུད་ལས། སྔགས་རྣམས་ཀུན་གྱི་དབྱེ་བ་ནི། །རིག་སྔགས་ཐབས་ཀྱི་ངོ་བོ་ཉིད། །གཟུངས་སྔགས་ཤེས་རབ་ངོ་བོ་སྟེ། །གསང་སྔགས་གཉིས་མེད་ཡེ་ཤེས་ཡིན། །ཅེས་པ་དང་། དབང་ཡོན་ཏན་རིམ་པ་ལས། སྟོང་པ་དང་ནི་སྙིང་རྗེ་ཉིད། །གཉིས་སུ་མེད་དང་གཉིས་ཚུལ་གྱིས། །གསང་སྔགས་ཞེས་ནི་དེ་ལ་བཤད། །ཅེས་གསུངས་པས། རིག་སྔགས་མཐུན་ལ། ཡུམ་གྱིས་བདེ་བ་གཟུངས་པས་གཟུངས་སྔགས། ཡབ་ཡུམ་གཉིས་ཀྱི་དགོངས་པ་ཟབ་པས་གསང་སྔགས་ཞེས་བཤད་དོ། །རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བསྐུལ་བ་ལས་སྔགས་ནི། དེ་ལ་ཞི་བ་ལྟར་ན། ཧཱུྃ་རྩ་བའི་སྔགས། བཛྲ་དྷྲྀཀ྄་རྡོ་རྗེ་སེམས་དཔའ་བསྐྱེད་པའི་རྐྱེན་སྔགས། རྩ་སྔགས་དང་བསྐྱེད་སྔགས་དྲིལ་བ་ནི། བཟླས་པ་ལས་ཀྱི་སྔགས་སུ་ཤེས་སོ། །ཁྲོ་བོ་ལྟར་ན། ༀ་རྩ་སྔགས། བཛྲ་མཱ་ཧཱ་ཤྲཱི་ཧེ་རུ་ཀ་བསྐྱེད་སྔགས། མ་ཧཱ་ཙཎྜ་བཛྲ་སརྦ་དུཥྚན་ཏ་ཀ་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ནི་བཟླས་པ་ལས་ཀྱི་སྔགས་སོ། །ཞེས་སྤར་ཁབ་ལས་བཤད། གཞལ་ཡས་ཁང་བསྐྱེད་སྔགས་ཀྱང་བསྐྱེད་པ་རྐྱེན་སྔགས་ཡིན་ནོ། །བསྙེན་སྔགས་ནི། རུ་ལུ་རུ་ལུ་འབྲུ་བརྒྱད་ལྟ་བུ་ཡིན་ཀྱང་། དེ་ལ་ཆེ་ཡོན་གྱི་སྒོ་ནས་བསྟོད་པ། མིང་ནས་བོས་པ། ཐུགས་དམ་གནད་ནས་བསྐུལ་བའི་སྔགས་དང་གསུམ་ཡོད་དོ། །ལས་རིམ་གྱི་སྔགས་ནི། དབང་བསྐུར་བ་དང་། བྱིན་གྱིས་བརླབས་པ་དང་། ཡེ་ཤེས་ཀྱི་སྙན་གསན་དབབ་པ་དང་། སྤྱན་འདྲེན་དང་། བསྟིམ་པ་དང་། བརྟན་པར་བྱ་བ་དང་། མཆོད་པའི་སྔགས་དང་། རིག་པའི་མེ་ཏོག་དོར་བ་དང་། དངོས་གྲུབ་བསྐུལ་བའི་སྔགས་རྣམས་སོ། །སྔགས་སྤྱིའི་རྣམ་གྲངས་ལ། རྩ་སྔགས། སྙིང་པོ། ཉེ་སྙིང་། བསྟོད་པ། འཕྲེང་སྔགས། མཆོད་པ། གཏོར་སྔགས། དབང་བསྐུར་བའི་སྔགས་ལས་ཐམས་ཅད་པའི་སྔགས། མགོ་ཅན། མགོ་མེད། འཇུག་མེད། གཉིས་ཀ་ཡོད་པ། འགྲོ་ལྡིང་ལ་སོགས་རྣམས་ནི་སྔགས་ཀྱི་རྣམ་གྲངས་སོ། །ཕྱག་རྒྱའི་རྣམ་གྲངས་སོ། །དེ་ལ་གཉིས། བགྲང་། བསྟན་པ་དང་། དྲང་། སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ། འཕྲོ་འདུ་ཕྲིན་ལས་ཀྱི་ཕྱག་རྒྱ་དང་བཞི་ཡོད་པ་ལས། བཤད་པའོ། །དེ་ལ་བཞི། བགྲང་། ཕྱག་རྒྱ་ཆེན་པོའི་རྣམ་གྲངས་དང་། དྲངས། སྐུ་ཕྱག་རྒྱ་ཆེན་པོ་ལ་བཞི་སྟེ། རང་བཞིན་གྱི་ཕྱག་རྒྱ་ཆེན་པོ་ནི། ཕུང་ཁམས་སྐྱེ་མེད་རྒྱལ་བའི་དཀྱིལ་འཁོར་དུ་གནས་པ་ཡིན་ཏེ། རྒྱས་པའི་ལེའུ་དོན་དྲུག་པ་ལས། རང་བཞིན་ཕྱག་རྒྱ་ཆེན་པོ་ནི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །ཐབས་དང་ཤེས་རབ་ངང་དུ་གནས། །རིགས་ལྔ་བདེ་གཤེགས་ཡབ་ཡུམ་དང་། །མ་བཅོས་ཡེ་ནས་དེ་ལྟར་གནས། །ཞེས་སོ། །འདི་ནི་གཞིའི་གནས་ལུགས་ལ་དགོངས་པའོ། །སྨད་འགྲེལ་དུ། རང་བཞིན་གཟུགས་ཀྱི་སྐུ་ནི། འོག་མིན་ན་བཞུགས་པ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་རྫོགས་པའི་གཞིར་གྱུར་པ་དང་། ཞེས་མཐར་ཕྱིན་འབྲས་བུ་ལ་དགོངས་པའོ། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཆེན་པོ་ནི། རང་གནས་དེ་ཉིད་ལྟ་བས་རྟོགས་ནས། ཏིང་ངེ་འཛིན་གྱིས་སྐུ་ཕྱག་རྒྱ་ཆེན་པོ་ནས། དབུའི་གཙུག་ཏོར་ནས་འོག་གདན་ཁྲིའི་བར་གསལ་བར་བསྒོམ་པ་དང་། དེ་ཉིད་ལས། ལྷག་པའི་ཕྱག་རྒྱ་ཆེན་པོ་འདི། །ནང་གི་རྟགས་ནི་ཕྱི་རུ་སྟེ། །མདོར་བསྡུས་ཕྱག་རྒྱ་དྲུག་པ་དང་། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཞེས་གསུངས། ལྷ་བསྒོམ་པ་དེ་ཉིད་དངོས་སུ་གཟུགས་བརྙན་གྱིས་མཚོན་པ་ནི་མཚོན་པའི་ཕྱག་རྒྱ་ཆེན་པོ། རས་དང་ཤོག་གུ་ས་ཐང་གྱང་ལ་བྲིས་པ། རྭའམ་རུས་པ། ཤིང་དང་རྡོ་ལ་འབུར་དུ་བཏོད་པ། གསེར་དངུལ་ཟངས་ལ་སོགས་ལ་ལུགས་སུ་བླུགས་པ། འཇིམས་པ་ལ་འདིར་སོ་བྱས་པ་རྣམས་སོ། །ཏིང་ངེ་འཛིན་མཐར་ཕྱིན་པར་རྟོགས་པ་ལ་མཚན་མའི་ཕྱག་རྒྱ་ཆེན་པོ་སྟེ། སྐུ་གདུང་དང་རིང་བསྲེལ་ལ་སོགས་པ་རྣམས་སོ། །དམ་ཚིག་གི་ཕྱག་རྒྱ་དང་། དྲང་། བདེ་བ་འཛིན་པ་ལ་མི་འདའ་བས་ཡུམ་དམ་ཚིག་གི་ཕྱག་རྒྱ་དང་། དགོངས་པ་ཆོས་ཉིད་ལ་མི་འདའ་བའི་རྟགས་སུ་རིགས་རང་རང་གི་ཕྱག་མཚན་འཛིན་པ་ནི། འཛིན་པ་དམ་ཚིག་གི་ཕྱག་རྒྱ་དང་། གུང་མོ་ལ་སོགས་པའི་རྩེ་མོ་ལ་རྡོ་རྗེ་ལ་སོགས་པའི་རང་རང་གི་ཕྱག་མཚན་གསལ་བ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱ་དང་། འབྲུ་བཞི་སྦས་ནས་གུང་མོ་ལ་སོགས་ལྔ་རིམ་པ་ལྟར་གྱེན་དུ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅའ་བ་ནི། བཅའ་བའི་དམ་ཚིག་གི་ཕྱག་རྒྱ་དང་བཞིའོ། །ལས་ཀྱི་ཕྱག་རྒྱ་དང་། དྲང་། ཡུམ་ལ་འཁྱུད་པར་བསམ་པ་ནི་བསམ་པ་འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་དང་། ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ཀྱི་རིགས་ལ་བརྟེན་པའི་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ་དང་། འོ་ན་དེ་ཉིད་ལས་ཀྱི་ཕྱག་རྒྱ་ཅི་ལྟར་ཡིན་ཅེ་ན། སྤར་ཁབ་ལས། དེས་ཐབས་དང་ཤེས་རབ་འཁྲིལ་བར་སྦྱོར་བར་བྱ་བའི་ཕྱིར་རོ། །ཞེས་དང་། ཐལ་བ་ལས། ཕྱེད་བྱུང་ཚུལ་གྱིས་གར་བསྐྱོད་པ། །ལྟུང་བ་མེད་ཕྱིར་བརྟེན་པར་བཤད། །ཅེས་པས། ཡབ་ཡུམ་འཁྲིལ་བའི་ལས་བྱས་པས། །བྱང་སེམས་ཀྱི་འཕྲོ་འདུ་འབྱུང་བར་བྱེད་པས་བདེ་སྟོང་བསྐྱེད་དེ། རང་བཞིན་མ་བཅོས་པའི་ངོ་བོ་ལ་གནས་པས་འཕྲིན་ལས་ཐམས་ཅད་རྫོགས་པར་བྱེད་པ་ནི། རང་བཞིན་ལས་ཀྱི་ཕྱག་རྒྱ་ཡིན་པ་དང་། དེ་ཡང་རྒྱས་པའི་ལེའུ་སོ་དྲུག་པ་ལས། བྱ་བ་མེད་པའི་ཚུལ་གྱིས་སུ། །ལས་རྣམས་མ་ལུས་རྫོགས་པར་བྱེད། །ཅེས་སོ། །འདི་ལ་ཆོས་རྗེ་ལྟར་ན། བསམ་པ་ནི། ཏིང་ངེ་འཛིན་གྱི་འཕྲོ་འདུ། བཅའ་བ་ནི། ལུས་ཀྱིས་སྟངས་སྟབ། རང་བཞིན། འཇིག་རྟེན་འདི་ན་བཞུགས་པ། ཞེས་གྲོལ་ལམ་དང་འབྲས་བུ་མཐར་ཕྱིན་ལ་དགོངས་སོ། །འདིར་ནི་ཐབས་ལམ་དང་། རང་བཞིན་གཞི་ལ་དགོས་སོ། །མཛད་པ་བཅུ་གཉིས་ལ་སོགས་ཏིང་ངེ་འཛིན་གྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་ནི། ཏིང་ངེ་འཛིན་འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་ཡིན་པ་དང་བཞིའོ། །ཆོས་ཀྱི་ཕྱག་རྒྱའི་རྣམ་གྲངས་སོ། །དྲང་། བདེ་སྟོང་གི་ཡེ་ཤེས་མྱོང་བ་ནི་བདེ་བ་ཆོས་ཀྱི་ཕྱག་དང་། དབྱེར་མེད་མ་བཅོས་པའི་དོན་ཉམས་སུ་མྱོང་བ་ནི་རང་བཞིན་ཆོས་ཀྱི་ཕྱག་རྒྱ་དང་། སྔགས་བརྗོད་པ་ནི་བཟླས་པ་ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱའི་རྩེ་མོའམ། ཐུགས་ཀར་ཡིག་འབྲུ་བསྒོམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ་དང་བཞིའོ། །ཕྱག་རྒྱ་བཞི་པོ་དེ་དག་རེ་རེ་ལ་ཡང་དོན་བཞི་བཞིར་འབྱུང་བ་ནི། ལམ་ལ་ཐབས་ལམ་དང་། གྲོལ་ལམ་ལ་བསྐྱེད་རྫོགས་རྣམས་ཀྱིས་ཕྱེ་བས་གྲངས་མང་པོ་འབྱུང་བ་ཡིན་ཏེ། དེ་ཡང་སྐུ་ཕྱག་རྒྱ་ཆེན་པོ་ལ། ཐབས་གྲོལ་མཐུན་ལ། ཐུགས་དམ་ཚིག་ལ། ཡུམ་ནི་ཐབས་ལམ། གསུམ་ནི་གྲོལ་ལམ། ལས་ཀྱི་ཕྱག་རྒྱ་ལ། བསམ་བཅའ་གཉིས་ནི་ཐབས་ལམ་གཙོ་ཆེ་ལ། རང་བཞིན་གྲོལ་ལམ་རྫོགས་རིམ། འཕྲོ་འདུ་ནི་སྐྱེ་རིམ་མོ། །ཆོས་རྒྱ་ལ། བདེ་བ་ནི་ཐབས་ལམ། རང་བཞིན་ནི་གྲོལ་ལམ་རྫོགས་རིམ་མོ། །བཟླས་བསམ་གཉིས་ནི་བསྐྱེད་རིམ་མོ། །ཆོས་རྗེས། ལམ་ཟག་བཅས་དང་། བར་ཆད་མེད་པ་དང་། མཐར་ལམ་གྱིས་ཕྱེ་བས་གྲངས་མང་པོ་བྱུང་། གསུངས་པ་ནི་དཔྱད་པར་བྱའོ། །ཐབས་དང་། དྲང་། སྔགས་བཟླ་བ་ལ་སྐྱོན་བཅུ་པོ་དེ་ལེ་ལོ་མི་བྱེད་ནས་དོར་བར་བྱ་དགོས། དེ་ལ་སྐྱོན་བཅུ་ནི། སྒྲ་སྐྱོན་ལྔ་སྟེ། སྒྲ་ཆེ་ཆུང་གཉིས། མྱུར་བུལ་གཉིས། མེད་པ་དང་ལྔའོ། །བར་ཆོད་ལྔ་ནི། གློ་དང་། གཏམ་དང་། སྦྲིད་པ་དང་། གཉིད་དང་། གཡེང་བ་དང་ལྔ་སྟེ་བཅུའོ། །དེ་ལ་སྒྲ་ཆེ ན་འབྱུང་པོས་ལད་མོ་བྱེད་ནས་བཟླས་པས་ནུས་པ་ཉམས་པར་འབྱུང་བ་དང་། སྣོད་མེད་ཀྱིས་ཐོས་མི་ཉན་པའི་ཕྱིར་རོ། །ཚིག་ཟུར་མི་ཕྱིན་ན་བར་ཆད་པས་མཐུ་མེད་ལ། མྱུར་དྲག་ན་ལྕེ་དུབ་པས་ལོག་ཆད་པས་སྔགས་བཟླ་མི་ནུས་ལ། བུལ་ན་གྲངས་མི་ཐོན། དུས་འདས་ན་མ་བཟླས་ན་བར་ཆད་འབྱུང་། གློ་དེ་ལེན་པ་དང་། སྦྲིད་པ་དེ་ལུ་བ་དང་། མི་དང་གཏམ་བྱེད་པ་དང་། གཉིད་པ་དང་། སེམས་གཡེང་ན་སྲོག་མེད་པས་བར་ཆད་ན། ཡིད་བཏགས་དང་བདུད་ལ་སོགས་པས་བར་ཆད་བྱེད་དོ། །དེ་ཡང་རྔམ་གློག་ལས། སྒྲ་ཆེ་སྐྱོན་འགྱུར་འབྱུང་པོ་དང་། །སྣོད་མེད་ཐོས་པར་གྱུར་བར་འབྱུང་། །སྒྲ་མེད་བར་ཆད་མཐུ་མེད་འགྱུར། །སྐྱོན་གྱི་ལུས་ཀྱི་འཕྲོད་པ་ཉམས། །དེ་ལས་སྔགས་ཀྱི་ནུས་པ་མེད། །བུལ་ནས་བཟླས་པའི་གྲངས་མེད་པས། །དུས་འདས་བར་ཆད་སྦྱོར་མ་འབྱུང་། །གློ་དང་སྦྲིད་དང་གཏམ་དང་ནི། །གཉིད་ལ་སོགས་པས་བར་ཆད་ན། །དེས་ནི་ཡིད་བཏགས་བདུད་ལ་སོགས། །སྤྲོ་ན་བར་ཆོད་སྦྱོར་བར་བྱེད། །སེམས་ཡེངས་ནུས་མཐུ་མི་འབྱུང་ངོ་། །ཞེས་སོ། །ཕྱག་རྒྱ་སྒོམ་པ་ལ་སྐྱོན་བརྒྱད་སྤང་བའི་སྒོ་ནས་ལྷ་བསྒོམས་པ་བརྩོན་པས་ནན་ཏན་སྦྱར་དགོས་ཏེ། དེ་ལ་སྐྱོན་བརྒྱད་ནི། དམིགས་པ་འགྱུར་བ་དང་། ཆེ་ཆུང་གི་ཚད། བཞུགས་ཚུལ། གྲངས། ཞི་ཁྲོ། ལ་སོགས་པའི་ཆ་ལུགས། སྐུ་མདོག་དབྱིབས་འགྱུར་བའོ། །དང་པོ་ཁ་དོག་གསལ་ལ་དེ་ནས་རིམ་པར་ནུས་ནས་མི་གསལ་བའོ། །ངེས་ཚིག་དང་། དྲང་། ཐུན་མོང་དང་མཆོག་ལ་སོགས་པ་གང་བསྒྲུབ་ལ་བཟླས་པ་བྱས་པས། མཐུ་དང་བྱིན་རླབས་དང་ལྡན་ཞིང་ཡིད་སྐྱོབ་པའི་ཕྱིར་སྔགས་ཞེས་ཞེས་བྱའོ། །མཛེས་པས་ཀྱང་ཕྱག་རྒྱ། བརྡ་སྤྲོད་པས་ཀྱང་ཕྱག་རྒྱ། དོན་ལ་མི་འདའ་བས་ཕྱག་རྒྱ་སྟེ། དེ་ཕྱིར་སྔགས་ཕྱག་རྒྱ་ཞེས་མིང་གི་སྒྲ་དོན་ནི་ངེས་ཚིག་འཇུག་གོ། །སྐབས་གང་དུ་དགོས་པ་དང་། དྲང་། དཀྱིལ་འཁོར་དགོས་པའི་དུས་ལྔའི་སྐབས་ལ་སྔགས་ཕྱག་རྒྱ་དགོས་ཏེ། དུས་ལྔ་ནི། ཞི་ཁྲོའི་ལྷ་ཚོགས་བསྒྲུབ་ཅིང་མཆོད་པ་ལ་དཀྱིལ་འཁོར་དགོས་པ་མཆོད་པའི་དཀྱིལ་འཁོར་དང་། དབང་བསྐུར་དགོས་པས་དབང་གི་དཀྱིལ་འཁོར་དང་། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པའི་ཐབས་ལ་སྒྲུབ་པའི་དཀྱིལ་འཁོར་དགོས་པ་དང་ཞི་རྒྱས་དབང་དྲག་གང་བྱེད་ཀྱིས་ཕྲིན་ལས་དཀྱིལ་འཁོར་དགོས་པ་དང་། སྐུ་གསུང་ཐུགས་ཀྱི་རྟེན་རབ་གནས་ལ་དཀྱིལ་འཁོར་དགོས་པ་དང་བསོད་ནམས་རྟེན་གྱི་དཀྱིལ་འཁོར་དང་ལྔའོ། །གཞན་ཡང་བསྙེན་སྒྲུབ་རྣམ་བཞིའི་སྒོ་ནས་དོན་ཉམས་སུ་ལེན་པའི་ཚེ་ན་སྔགས་དང་ཕྱག་རྒྱ་དགོས་པའོ། །ཡོན་ཏན་དང་། དྲང་། སྔགས་གསུམ་བཟླས་པ་དང་། ཕྱག་རྒྱ་བཞི་བསྒོམ་པ་ལ་རབ་ཏུ་བརྟན་པ་ཐོབ་ན། མཆོག་ཐུན་མོང་གི་དངོས་གྲུབ་ཡ་མཚན་ཆེན་པོར་སྣང་བ་དེ་དངོས་སུ་གྲུབ་པར་འགྱུར་ལ། ཡིད་ལ་གང་བསམ་པའི་འབྲས་བུ་ཐམས་ཅད་འགྲུབ་པ་ཡིན་ནོ། །སྐྱོན་དང་། དྲང་། དཔེ་རལ་གྲིའི་ཡུ་བ་ནས་བཟུང་ན་ཕར་ལ་ཐམས་ཅད་གཅོད་ལ་སོ་ལ་བཟུང་ན་ཚུལ་ལ་ཉེས་པ་ལྟར་དུ། སྔགས་དང་ཕྱག་རྒྱ་ལ་བརྩོན་འགྲུས་ཀྱིས་ནན་ཏན་མེད་པའི་གཞུང་གཞན་དུ་མ་སྤྱད་པའི་གསང་སྔགས་པ་འགའ་ཞིག་གིས་ནི་དམ་ཚིག་ཉམས་པས་ཚེ་འདིར་ཕུང་ཞིང་ཕྱི་མར་མཐོ་རིས་དང་ཐར་པའི་འབྲས་བུ་རྣམས་མེད་པར་འགྱུར་རོ། །གང་གི་སྤྱོད་ཡུལ་ཡིན་པའོ། །དྲང་། གསང་བ་སྔགས་ཀྱི་ནང་ཚན་ལ། གསང་སྔགས་དང་། རིགས་སྔགས་དང་། གཟུངས་སྔགས་གསུམ་གང་ལ་མོས་པའི་རིམ་པ་རྣམས་ཉམས་ལེན་གང་བྱེད། དེའི་སྤྱོད་ཡུལ་ཡིན་པ་དང་། ཕྱག་རྒྱ་བཞི་གང་ལ་སྤྱོད་པའི་གང་ཟག་དེ་ཡི་སྤྱོད་ཡུལ་ལོ། །སྔགས་དང་ཕྱག་རྒྱ་ཁྱད་པར་འཕགས། །ཞེས་གསུངས་པས་མངོན་ནོ། །སྔགས་དང་ཕྱག་རྒྱ་རྣམས་ཀྱི་དོན་ཉམས་སུ་མི་ལེན་པ་རྣམས་ཀྱི་སྤྱོད་ཡུལ་ནི་མ་ཡིན་ནོ། །ཐ་མ་དྲོད་ཚད་ལྡན་པས་འབྲས་བུ་མཐོང་ལམ་ལ་སྦྱོར་བའོ། །དྲང་། དང་པོ་ཤེས་པར་བྱ་བའི་ཡུལ་ལྔ། བར་དུ་ཐུན་མོང་དང་མཆོག་གི་ལམ་གཉིས་གོང་དུ་སོང་ནས། ཐ་མ་རྟོགས་པའི་རིག་པ་ལ་དབྱེར་མེད་ཀྱི་དྲོད་ཐོབ་པའི་ཚད་དང་ལྡན་པ་དེས། མཐོང་ལམ་ལ་ཉེ་བར་སྦྱོར་བའི་ཟག་མེད་ཀྱིས་ནོན་ཐབ་དེ་ནི་འདི་ལྟ་སྟེ་རྣལ་འབྱོར་པ་རང་གི་ཉམས་སུ་གང་ལེན་གྱི་ལྷ་དེ་བསྒྲུབ་པ་དང་། དེ་ཡང་སྔོན་དུ་ཚོགས་ལམ་གྱི་ཏིང་ངེ་འཛིན་མཐར་ཕྱིན་པ་དང་། དམ་ཚིག་དང་སྡོམ་པ་ལ་སེལ་མེད་ན་ཟག་བཅས་དེ་ཉིད་ཟག་མེད་ཀྱི་ལམ་ལ་སྦྱོར་ནུས་པ་ཡིན་ཏེ། དེའི་དོན་རྒྱས་པར་བཤད་ན། ཟག་བཅས་ཟག་མེད་ལ་སྦྱོར་བའི་ཐབས་ལ་བསྒྲུབས་པ་ལའང་ཚོགས་བསྒྲུབ་དགོས་ཏེ། དེའང་ཞི་ཁྲོ་གཉིས་ཉམས་ལེན་གང་བྱེད་ཀྱི་ཚོགས་སྒྲུབ་ཐབས་ཀྱི་རྣམ་གྲངས་རང་གི་གཞུང་ནས་བཤད་པ་བཞིན་དུ་བསྒྲུབ་དགོས་ལ། དེའང་དང་པོ་ཚོགས་སྒྲུབ་ཀྱི་དུས་སུ་ཐབས་ལམ་དང་ཤེས་རབ་གྲོལ་ལམ་གང་འཇུག་གི་ཏིང་ངེ་འཛིན་གྱི་རྣམ་གྲངས་ནི། ཐབས་ལམ་སྟེང་སྒོ་ལ་རྩ་རླུང་ཐིག་ལེ་ལ་སྦྱང་ཐབས་རྣམས་དང་། འོག་སྒོ་ལ་ཐིག་ལེ་དབབ་བཟློག །བསྐྱིལ་དགྲ་མ་རྣམས་དང་། གྲོལ་ལམ་ལ། དེ་ཏིང་། ཀུན་ཏིང་། ཕྱག་རྒྱ་གཅིག །ཕྱག་རྒྱ་སྤྲོས་པ་རྣམས་ལ་སྦྱང་ཐབས། རྒྱལ་བའི་ལུང་ཚད་མ་བླ་མའི་མན་ངག་ཚད་མ་གཉིས་ལས་གྲགས་པའི་དོན་དེ་དག་ལ་ལེགས་པར་སྦྱངས་ནས་ཐབས་གྲོལ་གྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ནས་སྒྲུབ་པ་བྱས་པས་ཟག་བཅས་དེ་ཉིད་ཟག་པ་མེད་པའི་ས་ལ་སྦྱར་བ་ཡིན་ནོ། །ཐབས་གྲོལ་གྱི་ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ན། སྒྲུབ་པ་བྱས་ཀྱང་སྦྱོར་མི་ནུས་སོ། །ཐ་མ་འབྲས་བུ་ལམ་གྱིས་འཐོབ་པར་བྱེད་པས་ལམ་ཤེས་པར་རྒྱུ་འབྲུ་རེ་ནས་བསྟན་པའོ། །དྲང་། ཐུགས་ཀྱི་ཐིགས་པ་ལ་རབ་ལ་མཚན་བསྟན། འབྲིང་ལ་རྣམ་དབྱེ་གཉིས་གོང་དུ་སོང་ནས། བློ་ཐ་མ་ལ་འབྲུ་རེ་ནས་གཉེར་ཅིང་བཤད་པས། ལམ་གྱི་སྔ་མ་ལྟ་བ་རྟོགས་པའི་རྒྱུ་྄བྱས་ནས། ལམ་མཐར་ཕྱིན་ནས་འབྲས་བུ་ཐོབ་པར་བྱེད་པ་དེའི་སྡོམ་ཚིག་ནི་འདི་ལྟ་སྟེ། འབྲུ་གཉེར་ལ་བརྟེན་ནས་ལྟ་བ་རྟོགས། དེ་ཉིད་ཉམས་སུ་བླངས་པ་ལ་ལམ་ལྔ་རིམ་པ་ལྟར་བགྲོད་ནས་མཐར་ཕྱིན་པ་ལ། འབྲས་བུ་བདེ་བར་གཤེགས་རྒྱལ་བ་དེ་ཉིད་དངོས་སུ་ཐོབ་པ་ཡིན་ནོ། །འབྲས་བུ་སངས་རྒྱས་ཐོབ་པའི་ཡོན་ཏན་དེ་ཡོད་པའི་ཕྱིར་ན། བློ་ཐ་མའི་གང་ཟག་ལ་གཞུང་དོན་གཏན་ལ་ཕབ་པ་ལ། བཤད་ཐབས་འདྲེན་པའི་ཚིག་བཅུ་ཡི་སྒོ་ནས་འབྲུ་རེ་དང་སྦྱར་དགོས་དེ། ཁྱད་པར་དུ་རུས་སྦལ་ནུར་ཤུགས་ཀྱི་སྒོ་ནས་འབྲུ་གཉེར་ཉམས་སུ་བླང་བར་བྱ་སྟེ། ཚིག་འབྲུ་རེ་ནས་གཉེར་བ་དེ་བསམ་བྱུང་གིས་གཞལ་བའི་ཡུལ་དུ་བྱས་ནས་གཞལ་བས། དོན་མངོན་སུམ་དུ་རྙེད་ཅིང་རྟོགས་སོ། །རྟོགས་ནས་དོན་དབྱེར་མེད་གཅིག་པུ་ཉམས་སུ་ལེན་ཅིང་བསྒྲུབ་པ་ལ་གོང་གི་ཚིག་ཐ་སྙད་ཀྱི་དོན་མ་ལུས་པ་རྣམས་དེར་འདུས་པས་ཚིག་རེ་རེས་དོན་རེ་མཚོན་པ་རྣམས་སོ་སོར་ཉམས་ལེན་བྱེད་རྒྱུ་མེད་དོ། །མཚན་ནོ། དྲང་། ཐུགས་ཀྱི་ཐིགས་པ་ལས་འབྲུ་མཐུན། ཐུན་མོང་དང་མཆོག་གི་སེམས་ལྔ་སྐྱེས་སམ། སྐྱེ་རུ་རུང་བ་ཞིག་ལ་གདུལ་བྱ་དག་པའི་བློ་དང་འཚམ་པར་གསང་སྔགས་རྡོ་རྗེའི་ཐེག་པ་སྣང་བའི། དོན་གཅོད་ཅིང་མཚམས་འཛིན་པས་ལེའུ་སྟེ། ཡས་བགྲང་གསུམ་པའི་དོན་དུ་གདའ་འོ། ༈ །བདེ་བར་གཤེགས་པའི་སྣང་བ་ལ་གསུམ། བགྲང་། བསྟན་པ་དང་། དྲང་། གསང་སྔགས་རྡོ་རྗེ་ཐེག་པའི་ཡན་ལག་ལ་སྣང་བ་བཞི་ཡོད་པ་ལས། རང་བཞིན་དང་། འཁྲུལ་པ། གདུལ་བྱ་ལམ་གྱི་སྣང་བ་དང་གསུམ་གོང་དུ་སོང་ནས། བཞི་པ་འབྲས་བུ་བདེ་བར་གཤེགས་པའི་སྣང་བའི་སྡོམ་ཚིག་ནི་འདི་ལྟ་སྟེ། ཡང་ན་མཚན་ཉིད་གསུམ་ལྟར་ན། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་གཉིས་གོང་དུ་སོང་ནས་ཐ་མ་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་མ་ནོར་པར་གསལ་བར་ལུང་བསྟན་པ་ལ་གནས་སྐབས་ཀྱི་འབྲས་བུ་རིག་པ་འཛིན་པ་དང་། མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་ཚུལ་གཉིས་སོ། །བཤད་པའོ། །དེ་ལ་གཉིས། ཏིང་འཛིན་དང་། སངས་རྒྱས་སོ། །དང་པོ་ལ་གཉིས། བགྲང་། བསྟན་པ་དང་། དྲང་། སྔ་མ་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་ཐོབ་པའི་ཚུལ་ལ་ཡང་། རིག་འཛིན་ཐོབ་ཚུལ་དང་། རིག་འཛིན་གྱི་རྣམ་གྲངས་དང་རིག་འཛིན་ཞེས་བྱ་བའི་ངེས་ཚིག་དང་། གནས་སུ་བཞུགས་ཚུལ་དང་བཞིའི་སྒོ་ནས་རིག་འཛིན་གྱི་དོན་རྒྱས་བཤད་དེ་རྣམ་པར་བཤད་པའོ། །བཤད་པའོ། །དེ་ལ་བཞི། བགྲང་། ཐོབ་ཚུལ་དང་། དྲང་། སེམས་བུད་ནས་འགྲོ་ལ་ལུས་མལ་དུ་ལྷག་ནས་ལུས་པས་ལྷག་མའི་ལུས་མ་དོར་ནས་ཡོད་པ་དང་། དོར་ནས་མེད་པའི་མྱང་འདས་ཐོབ་ཚུལ་གཉིས་ཀྱི་དབྱེ་བ་ཉན་ཐོས་ལ་ཡོད་པ་བཞིན་དུ། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་གསུམ་དང་། འཚོ་བ་ཆད་པ་དང་། གཞན་གྱིས་མི་བསྔགས་པ་དང་། འཁོར་བ་ལ་ལྟུང་དོགས་པ་དང་། འཁོར་བ་ལ་ལན་མི་ཐེབས་དོགས་པ་དང་། འཆི་དོགས་པའི་འཇིགས་པ་ལྔ་དང་བྲལ་ནས། ཟག་མེད་མཐོང་ལམ་གྱི་རིག་འཛིན་ཐོབ་པ་ལ་ཡང་། ལྷག་བཅས་ཚེ་དབང་རིག་འཛིན་གྱི་ལུས་དོར་མ་དགོས་པར་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བ་དང་། ལྷག་མེད་རྣམ་སྨིན་རིག་འཛིན་གྱི་ལུས་དོར་ནས་བར་མ་དོར་ཕྱག་ཆེན་ལ་རྣམ་པར་སྦྱར་བའོ། །རྣམ་གྲངས་དང་། དྲང་། རྣམ་པར་སྨིན་པའི་རིག་འཛིན་དཔེ་བྱ་ཁྱུང་གི་ཕྲུ་གུ་སྒོ་ང་དེ་བཅག་ཚར་བ་དང་མ་དང་རྩལ་མཉམ་ལ། གཅན་གཟན་སེང་ཕྲུག་གི་མངལ་རྒྱ་ལ་མའི་མཆུ་ཟུར་གྱིས་དབྲལ་མ་ཐག་ཏུ་མ་དང་རྩལ་མཉམ་པའི་ཚུལ་དུ། རྣལ་འབྱོར་པ་ལུས་རྒྱ་དང་བྲལ་མ་ཐག་ཏུ་ཕྱག་ཆེན་གྱི་སྐུར་འགྱུར་རོ། །ཚེ་ལ་དབང་སྒྱུར་བའི་རིག་འཛིན་ནི་ཕུང་པོ་ལ་འཇིག་པ་མེད་པར་མཐར་ཁྱེར་བའོ། །ཕྱག་རྒྱ་ཆེན་པོར་གྱུར་པ་ནི། རྣལ་འབྱོར་པ་བདག་གི་ལུས་དེ་ཉིད་ལྷ་གང་བསྒོམ་རིགས་གཅིག་གི་སྐུར་སྣང་བའོ། །ལྷུན་གྲུབ་རིག་འཛིན་ནི། སྐུ་ལྔ་སོགས་སྐུ་རིགས་རྒྱན་འཁོར་ཉི་ཤུ་རྩ་ལྔར་ལྷན་གྲུབ་ཏུ་རིག་པ་རང་སྣང་བའོ། །འོ་ན་སངས་རྒྱས་དང་ཁྱད་མེད་དམ་ཞེ་ན། མཉམ་གཞག་ལ་ཁྱད་མེད་ཀྱང་ལྷུན་གྲུབ་རིག་འཛིན་པ་དེ་ལ། རྗེས་ཤེས་བག་ལ་ཉལ་དེ་ཡི་དྲི་མ། ཡུན་སེ་གོལ་གཏོགས་པ་ཙམ་གཅིག་ལ་ཡོད་པས། ད་རུང་མཉམ་རྗེས་ཀྱི་རྩོལ་བ་ཅན་ཡིན་ནོ། །དེ་ལྟར་མཐོང་ལམ་ལ་ཚེ་རྣམ་གཉིས། སྒོམ་ལམ་ལ་ཕྱག་རྒྱ་ཆེན་པོའི་རིག་འཛིན། མཐར་ལམ་ལ་ལྷུན་གྲུབ་རིག་འཛིན་དང་བཞིའོ། །འོ་ན་མཚན་ཉིད་ཀྱི་མཐོང་སྒོམ་མཐར་ཕྱིན་པའི་ལམ་གསུམ་དང་། རིག་འཛིན་བཞི་ཁྱད་མེད་དམ་ཞེ་ན་མཐོང་ལམ་ཚེ་རྣམ་གཉིས་དང་། རྒྱུའི་ཐེག་པའི་མཐོང་ལམ་གཉིས། མཐོང་ལམ་ཙམ་དུ་སྐལ་པ་མཉམ་ཡང་དགོངས་པ་རྒྱུའི་ས་བརྒྱད་པ་དང་མཉམ་ལ། སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། རྒྱུའི་ས་བརྒྱད་པ་གཉིས་སྒོམ་ལམ་ཙམ་དུ་སྐལ་བ་མཉམ་ཡང་དགོངས་པ་རྒྱུའི་མཐར་ལམ་པ་དང་མཉམ་མོ། །མཐར་ལམ་ལྷུན་གྲུབ་རིག་འཛིན་དང་། རྒྱུའི་ས་བཅུའི་བྱང་ཆུབ་སེམས་དཔའ་གཉིས་མཐར་ལམ་ཙམ་དུ་སྐལ་བ་མཉམ་ཡང་དགོངས་པ་ཀུན་ཏུ་འོད་དང་མཉམ་སྟེ། ལམ་ཆུང་ལས། དེ་ཡང་དང་པོའི་དང་པོ་དང་། །སྐལ་མཉམ་གཉིས་པའི་རིག་མཆོག་སྟེ། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོ། །དགོངས་སྤྱོད་རྒྱ་མཚོ་ཁྱད་པར་འཕགས། །ཞེས་གསུངས་པས་མངོན་ནོ། །ངེས་ཚིག་དང་། དྲང་། མེ་ལ་གནས་པའི་སེམས་ཅན་གྱི་རིགས་ལ། དྲང་སྲོང་མེའི་རྣལ་འབྱོར་དང་། རི་དྭགས་མེ་བྱི་དཀར་པོ་གཉིས་ཀྱི་གནས་ཀྱང་མེ། ཟས་གོས་ལ་སོགས་པ་རྣམས་ཀྱང་མེ་ལ་ལོངས་སྤྱོད་ལ། མེ་དང་བྲལ་ན་འཆི་བས། མེ་ལས་མི་འདའ་བ་དང་། ཆུ་ལ་གནས་པའི་སེམས་ཅན་རྣམས་ཀྱི་གནས་ཀྱང་ཆུ་ལ། ཟས་གོས་ལ་སོགས་པ་ཡང་ཆུ་ལ་ལོངས་སྤྱོད་བྱེད། ཆུ་དང་བྲལ་ན་འཆི་བ་དང་། ཆུ་ལས་མི་འདའ་བ་དང་། རླུང་ལ་གནས་པའི་སེམས་ཅན་གྱི་རིགས་ལ། བྱ་མཁའ་ལྡིང་ནམ་མཁའ་ལ་ཚང་འཇུག་བྱ་བ་དེས། གནས་ཀྱང་རླུང་ལ་བརྟེན། ཟས་གོས་ལོངས་སྤྱོད་རླུང་ལ་བྱེད། རླུང་དང་བྲལ་ན་འཆི་བས། རླུང་ལས་མི་འདའ་བ་བཞིན་དུའམ། ཡང་ན་མེའི་རིགས་ཀྱི་མཚན་ཉིད་ཚ་བ་ལ་གནས། ཆུ་རིགས་ཀྱི་མཚན་ཉིད་གཤེར་བ་གནས། རླུང་རིགས་ཀྱི་མཚན་ཉིད་ཡང་ཞིང་གཡོ་བ་ལ་གནས་པ་བཞིན་དུ། སེམས་ཅན་གང་ཡང་སངས་རྒྱས་ཀྱི་རིགས་ཀྱིས་ཟིན་ནས་མི་གཏོང་བ་དང་། སངས་རྒྱས་ཀྱི་རིགས་ཡིན་ཀྱང་། མངོན་དུ་མ་གྱུར་པས་འཛིན་མི་ནུས་པའོ། །རིག་འཛིན་ནི། དང་པོ་སངས་རྒྱས་ཡིན་ཏེ། ལྟ་བ་རྟོགས་པ་ལས་བྱུང་བ་དང་། བར་དུ་ལྟ་སྒོམ་གྱིས་ཉམས་སུ་བླངས་པས་འབྲས་བུ་འཐོབ་པས་བྱེད་པའི་བྱ་བ་བྱེད་པ་དང་། ཐ་མ་ཟག་མེད་ཀྱི་མཐོང་ལམ་ཡན་ཆད་ནས་སངས་རྒྱས་ཀྱི་རྒྱུད་འཛིན་པ་དང་གསུམ་གྱིས་རིག་འཛིན་ཞེས་བྱ་བའི་ངེས་ཚིག་དེ་འགྲུབ་པ་ཡིན་ནོ། །སངས་རྒྱས་ནས་རིག་འཛིན་མི་འཛིན་གྱི་ཐ་སྙད་དང་བྲལ་བའོ། །གནས་སོ། །དྲང་། རིག་འཛིན་དེ་ཡི་བཞུགས་གནས་ལ་ངེས་པ་མེད་དེ། སེམས་སམ་རིག་པ་དེ་ཉིད་ལྷའི་སྐུར་ཤར་བས། སྣང་བ་འདི་ཉིད་གནས་སུ་དག་ནས། སངས་རྒྱས་ཀྱི་བཞུགས་གནས་སུ་སྣང་བས་དེ་བས་ན་གནས་གང་ཡང་རུང་བ་ཡིན་ནོ། །སངས་རྒྱས་ལ་གཉིས། བགྲང་། བསྟན་པ་དང་། དྲང་། ལམ་ལྔའི་བྱ་བ་མ་ལུས་པ་ཀུན་བྱས་པའི་འབྲས་བུ་སངས་རྒྱས་གྲུབ་པ་དག་གི་རྣམ་གྲངས་ནི། འབྲས་བུ་ཐོབ་ཚུལ་དང་འབྲས་བུའི་ངོ་བོ་དང་། འབྲས་བུའི་རྣམ་གྲངས་དང་། གདུལ་བྱའི་སྤྱོད་ཡུལ་ལ་གཟིགས་ཚུལ་དང་། ཐུགས་རྗེའི་སྤྲུལ་པ་འཆར་ཚུལ་དང་། གཞན་དོན་མཛད་པའི་ཚུལ་དང་། དགོངས་པ་ཡེ་ཤེས་ལ་བཞུགས་ཚུལ་དང་བདུན་གྱི་སྡོམ་ཚིག་གིས་འོག་རྒྱས་བཤད་དེ་ཤེས་པར་བྱའོ། །བཤད་པའོ། །དེ་ལ་བདུན། བགྲང་། ཐོབ་ཚུལ་ལ་གཉིས། བགྲང་། བདག་དོན་དུ་རང་སྣང་ཐོབ་ཚུལ་དང་། དྲང་། བདག་དོན་གི་དབང་དུ་འབྲས་བུ་ཐོབ་ཚུལ་ནི། རྒྱས་པ་ལས་འདི་སྐད་དུ་གསུངས་ཏེ། དཔེ་དཔག་བསམ་གྱི་ཤིང་ནོར་བུ་རིན་པོ་ཆེ་དེ་དག་ལ་རྟ་དང་གླང་པོ་ལ་སོགས་དགོས་འདོད་ཀྱི་རྫས་རྣམས་རང་རྒྱུད་དུ་ཡོད་པ་མ་ཡིན་ཏེ། གདུལ་བྱ་སོ་སོའི་རང་སེམས་ཀྱི་བསོད་ནམས་དཔག་ཏུ་མེད་པའི་མཐུ་བརྟན་པའི་སྟོབས་ལས་དགོས་འདོད་གང་བསམ་འགྲུབ་པ་ཡིན་པ་བཞིན་དུ། གཞི་སེམས་ཉིད་ངོས་བཟུང་དང་བྲལ་བ་མངོན་དུ་གྱུར་པ་དེ་ལ། སངས་རྒྱས་ཀྱི་ཡོན་ཏན་ཅི་ཡང་སྣང་བ་ནས། ངོ་མཚར་ཞིང་སེམས་ཀྱི་ཆོ་འཕྲུལ་ལ་ཡོན་ཏན་རྨད་བྱུང་ཀྱི་འབྲས་བུའི་ཆོས་ཀྱི་རྣམས་གྲངས་ཉེར་ལྔ་པོ་ལ་སོགས་ཐོབ་པ་ནི། གཞན་ནས་བཀུག་པའི་ཡོད་པ་ཅིག །འདིར་འབྲས་བུ་ཐོབ་དུས་ལ་གསར་དུ་འོང་ནས་ཐོབ་པ་མ་ཡིན་ཏེ། དེའི་སྒྲས་ཚུལ་ཅི་ལྟར་དུ་བྱུང་ན། ཐབས་སྙིང་རྗེའི་ཆགས་རྟོག་འདི་ཉིད་ལམ་དུ་ཁྱེར་བ་ལ་བརྟེན་པའི་ཤེས་རབ་སྟོང་པ་དེ་ཉིད་མཐར་ཕྱིན་ནས། སྐུ་དང་ཡེ་ཤེས། དབྱིངས་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས། གོང་གི་དཔེ་དེ་ལྟ་བུ་ཡི་བདག་དོན་རྣམ་ཀུན་མཆོག་ལྡན་གྱི་ཆོས་སྐུ་མངོན་དུ་གྱུར་པའི་ངང་དུ་སངས་རྒྱས་ཀྱི་ཆེ་ཡོན་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་རང་བྱུང་བ་ཡིན་ནོ། །ཐབས་འགག་མེད་ལ་མ་བརྟེན་པའི་སྟོང་ཉིད་ཕྱོགས་གཅིག་མངོན་དུ་གྱུར་པའི་ངང་དུ་སངས་རྒྱས་ཀྱི་ཆེ་ཡོན་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་རང་བྱུང་བ་མ་ཡིན་ནོ། །གཞན་དོན་མཛད་པ་བཅུ་གཉིས་རྫོགས་ནས་སངས་རྒྱས་ཐོབ་ཚུལ་ལོ། །དྲང་། གཞན་གྱི་དོན་དུ་གཟུགས་སྐུའི་སངས་རྒྱས་ཐོབ་ཚུལ་ནི་རྒྱས་པའི་ལུང་ལས་འདི་སྐད་དུ་གསུངས་ཏེ། ལམ་ལྔའི་བྱ་བ་མ་ལུས་པ་ཀུན་བྱས་ནས་མཐར་འབྲས་བུ་ནི་སྐྱེ་འཇིག་མེད་པ་རྡོ་རྗེའི་སྐུ་ཐོབ་ནས་སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་བྱེད་ཅེས་རྒྱུད་ལས་གསུངས་པའི་དོན་ནོ། །སྲིད་པ་ཐ་མ་ས་ལྷུན་གྲུབ་རིག་འཛིན་པ་དེ་ལ། སྐུ་ལྔ་ལྷུན་གྲུབ་ཀྱི་རྒྱལ་བ་ཀུན་བཟང་དེས་དབང་བསྐུར་བ་ལ། ལྷུན་གྲུབ་རིག་འཛིན་པ་དེས་དབང་ཐོབ་པ་དང་སྟོན་པ་རྡོ་རྗེ་འཛིན་པའི་སྐུ་དང་དབྱེར་མེད་དུ་སངས་རྒྱས ། སངས་རྒྱས་མ་ཐག་ཏུ། གསང་སྔགས་རྟོགས་ནུས་ཀྱི་སྣང་ངོ་ལ་ལོངས་སྐུ་དང་། རྟོགས་མི་ནུས་པ་རྣམས་ཀྱི་སྣང་ངོ་ལ་སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་གསུམ་དབྱེར་མེད་ལས་སྤྲུལ་པ་ཐུབ་པ་དྲུག་གི་དབང་པོ་སྟེ་གཙོ་བོ་སྣང་ནས་གང་ལ་གང་འདུལ་ཡིས་དོན་བྱེད་དེ། ཁྱད་པར་མིའི་ཐུབ་པས་མཛད་པ་བཅུ་གཉིས་རྫོགས་ནས་སངས་རྒྱས་པའི་ཚུལ་དུ་སེམས་ཅན་གྱི་དོན་ལ། ཆོས་ཀྱི་སྒོ་མོ་བརྒྱད་བཞི་སྟོང་གསུངས་ནས་དོན་མཛད་དེ། དེ་ཡང་རྒྱས་བཤད་ནི་གསང་བའི་སྙིང་པོའི་ལེའུ་གསུམ་པའི་སྟོད་ཆོས་ཐམས་ཅད་གཏན་ལ་ཕབ་པའི་སྐབས་ལས་ཤེས་པར་བྱའོ། །ངོ་བོ་དང་། དྲང་། དབྱིངས་ཡེ་ཤེས་གཉིས་སུ་མེད་པ་དེ་ཉིད་སེམས་སུ་མངོན་དུ་རྟོགས་ཤིང་མཐའ་གྲུ་མ་ལུས་པར་རྒྱས་པར་བྱས་ན་བདེན་གཉིས་དབྱེར་མེད་ཅིང་སྐྱེ་འཇིག་དང་བྲལ་བ་རྡོ་རྗེའི་སྐུ་ཐོབ་སྟེ། དེ་ཡང་དཔེ་ཆུ་ཡི་ནང་གི་ཟླ་བ་ཡི་གཟུགས་བརྙན་དུ་སྣང་དུས། ཆུ་ལས་མ་གཡོས་ནས་དབྱེར་མེད་དུ་སྣང་བ་ལྟ་བུ་ཡི་དོན་ཡིན་པ་ལ་ཤེས་བྱ་མ་འདྲེས་ལ་ཡོངས་སུ་རྫོགས་ཤིང་ཐམས་ཅད་དུ་རིག་པར་རང་སྣང་ཞིང་གཞན་གྱི་ལྷད་མེད་པས་ན་རང་བཞིན་འཁོར་འདས་ཀུན་དང་ཐ་མི་དད་པར་དབྱེར་མེད་པའོ། །རྣམ་གྲངས་དང་། དྲང་། སྐུ་ལྔ་དང་། གསུང་ལྔ་དང་། ཐུགས་ལྔ་དང་། ཡོན་ཏན་ལྔ་དང་། འཕྲིན་ལས་ལྔ་སྟེ། དེ་ལྟར་ཉེར་ལྔ་མ་འགགས་པ་ནི། ཆོས་སྐུའི་རྒྱན་གྱི་མཆོག་ཡིན་ཅིང་། རྒྱུན་ཆད་མེད་པས་འཁོར་ལོ་སྟེ། དེ་ལྟར་ཉེར་ལྔ་པོ་དེ། བདག་དོན་ཆོས་སྐུ་མངོན་དུ་གྱུར་པའི་དུས་སུ་ལོགས་ན་གློ་བུར་དུ་འོང་པ་མ་ཡིན་པས་ན་རང་བཞིན་གནས་ཞེས་བྱའོ། །དེ་ལ་སྐུ་ལྔ་ནི། འཁོར་འདས་ཀྱི་ཆོས་ཀུན་སྣང་ལ་རང་བཞིན་མེད་པར་ཤར་བ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་སྟེ་ཆོས་སྐུ། ཐམས་ཅད་རིག་རང་སྣང་བ་ནི། མངོན་པར་བྱང་ཆུབ་པའི་སྐུ། སྣང་སྟོང་དབྱེར་མེད་ཅིང་འཁོར་འདས་དབྱེར་མེད་པས་ན་ལོངས་སྐུ། རིག་རྩལ་འགག་མེད་དུ་ཤར་བའི་ངོ་བོ་ལ་ཐམས་ཅད་ལྷུན་གྱིས་གྲུབ་པས། དགོངས་པ་ལ་འགྲོ་འོང་མེད་ཀྱང་སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་བྱེད་པ་ནི་སྤྲུལ་སྐུ་དགོངས་པ་སྐྱེ་འཇིག་དང་བྲལ་བ་རྡོ་རྗེའི་སྐུའོ། །གསུང་ལྔ་ནི། ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་ནི། ཆོས་ཉིད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ལམ་པས་བརྡ་མཇལ་ནས་གྲོལ་བ་ལ་བྱའོ། །མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་ནི། ཡེ་ཤེས་ལྔ་རང་ལ་གནས་པ་དང་རྟོགས་བྱེད་ཀྱི་བློའི་ཤེས་རབ་གཉིས་འབྲེལ་བའི་བྱིན་རླབས་དཔེ་ཉི་མ་ཤར་བ་དང་ཐམས་ཅད་གསལ་བ་བཞིན་དུ། འཁོར་འདས་ཐམས་ཅད་དུ་རིག་པ་རང་ཤར་བ། ལམ་པས་བརྡ་མཇལ་བའོ། །ལོངས་སྐུ་དགོངས་པ་བརྡའི་གསུངས་ནི། དཔེ་མེ་ལོང་ལ་བལྟས་ན་བྱད་ལ་དྲི་མ་གང་ཡོད་སེལ་བ་བཞིན་དུ། ལོངས་སྐུ་ལ་བལྟས་པས་ཤེས་པས་ཤེས་བྱའི་དྲི་མ་རིག་ཅིང་སྣང་སྟོང་དབྱེར་མེད་ལམ་པས་བརྡ་མཇལ་བའོ། །སྤྲུལ་སྐུ་ཚིག་གི་གསུང་ནི། ཚངས་པའི་གསུང་གཅིག་གིས་རིགས་དྲུག་སོ་སོའི་སྐད་དུ་གོ་བ་ལྟར། སྤྲུལ་སྐུའི་གསུང་གཅིག་ལ། ཡན་ལག་དྲུག་ཅུ་དང་ལྡན་ཞིང་། སོ་སོར་རང་རང་དང་མཐུན་པར་གོ་བའོ། །རྡོ་རྗེའི་སྐུའི་གསུང་གྲགས་སྟོང་དབྱེར་མེད་ནི། བྲག་ཅ་ལྟ་བུའོ། །ཐུགས་ལྔ་ནི། ཡེ་ཤེས་ལྔ་སྟེ། སྟོང་པ་ཉིད་ནི་ཆོས་དབྱིངས་ཡེ་ཤེས་ཏེ། ཆོས་སྐུའི་ཐུགས། གསལ་བ་ནི། མེ་ལོང་ཡེ་ཤེས་ཏེ། མངོན་བྱང་གི་ཐུགས། གསལ་སྟོང་དབྱེར་མེད་ནི་མཉམ་པ་ཉིད་ཡེ་ཤེས་ཏེ། ལོངས་སྐུའི་ཐུགས། རིག་པ་རང་སྣང་དོན་གཉིས་ལྷུན་གྱིས་གྲུབ་པ་ནི། བྱ་གྲུབ་ཡེ་ཤེས་ཏེ། སྤྲུལ་སྐུའི་ཐུགས། ཤེས་བྱ་སོ་སོར་མ་འདྲེས་པར་གསལ་བ་ནི། སོར་རྟོག་ཡེ་ཤེས་ཏེ། རྡོ་རྗེའི་སྐུའི་ཐུགས་སོ། །ཡོན་ཏན་ལྔ་ནི། སྤྱིར་གཟུང་ཡུལ་གནས་སུ་དག་ཅིང་རིག་པ་རང་སྣང་བ་སངས་རྒྱས་ཀྱི་ཞིང་ཁམས་སུ་ཤར་བ་ནི། ཞིང་ཁམས་ཡོན་ཏན་ཅན་དང་། སྣང་བ་གནས་སུ་དག་ནས་འབྲས་བུའི་ཆོས་ཉིད་ལྷུན་གྲུབ་ཏུ་རྫོགས་པར་རིག་པ་རང་སྣང་བ་ནི། གཞལ་ཡས་ཁང་ཡོན་ཏན་ཅན་དང་། འདོད་ཡོན་ལྔ་ལ་སོགས་པ་མ་སྤངས་པར་ལོངས་སྤྱོད་ཅིང་། རང་རིག་པའི་ཡེ་ཤེས་སུ་ལྷུན་གྱིས་རྫོགས་པའི་ཕྱིར། དབུ་རྒྱན་སོགས་དུ་མས་བརྒྱན་པ་ནི། རྒྱན་ཆ་ཡོན་ཏན་ཅན་དང་། སྙིང་རྗེ་མཐར་ཕྱིན་ནས་ཆོས་ཉིད་མ་བསྒྲིབས་པར་ཡེ་ཤེས་སུ་རང་གསལ་བའི་ཕྱིར་ན། འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་བ་ནི། འོད་ཟེར་ཡོན་ཏན་ཅན་དང་། གདན་ཁྲི་ཡོན་ཏན་ཅན་ནི། ཐུན་མོང་རྟགས་ཀྱི་གླེང་གཞི་དང་མཐུན་ནོ། །འཕྲིན་ལས་ལྔ་ནི། ཞི་རྒྱས་དབང་དྲག་ལྷུན་གྲུབ་དང་ལྔ་ནི། འཕྲིན་ལས་ཀྱི་སྐབས་དང་མཐུན་ནོ། །གདུལ་བྱ་ལ་གཟིགས་ཚུལ་དང་། དྲང་། ཤེས་བྱ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ཡུལ་གདུལ་བྱ་སེམས་ཅན་ཐམས་ཅད་ལ་གཟིགས་ཚུལ་ནི། གསང་སྙིང་ལས་འདི་སྐད་དུ་གསུངས་ཏེ། གཉིས་མེད་ཀྱི་ཡེ་ཤེས་རང་ངོ་མ་ཤེས་པའི་ལྷན་སྐྱེས་མ་རིག་པ་དང་། དེར་མ་ཟད་ལོག་པར་རྟོག་པར་རྟོག་པ་གཟུང་འཛིན་ཀུན་བརྟགས་ཀྱི་མ་རིག་པ་གློ་བུར་གྱི་དྲི་མ་གཉིས། ཡེ་ནས་རྣམ་པར་དག་ཅིང་ཡེ་ཤེས་དང་དབྱིངས་གཉིས་སུ་མེད་པའི་ངོ་བོ་ལས། གདུལ་བྱ་སེམས་ཅན་རྣམས་ཀྱང་མི་གཞན་པའི་ཕྱིར་ན། ཡུལ་ཡུལ་ཅན་གཉིས་སུ་མེད་པའི་ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་དང་། སེམས་ཅན་གྱི་སྨོན་ལམ། སེམས་ཀྱི་ཆོས་ཉིད་དེ། ངོ་བོ་བདག་ཉིད་གཅིག་པར་འབྲེལ་པས་ན་འགྲོ་བ་རིགས་དྲུག་གི་དུས་སྔ་ཕྱི་དང་། གནས་མཐོ་དམན་ལ་སོགས་ཤེས་བྱ་ཇི་སྙེད་མ་ལུས་པ་ཀུན་སྣང་བས་མཁྱེན་པའོ། །མ་འདྲེས་པར་མཁྱེན་པའི་དུས་དེ་ཉིད་ན་ཡང་། རྒྱས་པ་ནས་འདི་ལྟར་གསུངས་ཏེ། ཡུལ་ཡུལ་ཅན་གྱི་རྣམ་པར་རྟོག་པ་མི་མངའ་བ་སྟེ། ཇི་ལྟ་བ་མཁྱེན་པ་ལས་མ་གཡོས། མ་གཡོས་བཞིན་སངས་རྒྱས་དེ་ཡིས་མི་མཁྱེན་པ་དང་མི་གཟིགས་པ་གང་ཡང་མེད་མི་གཟིགས་པའི་དུས་དེ་ཉིད་ནས། ཡང་ཀུན་བྱེད་ལས་འདི་སྐད་གསུངས་ཏེ། དཔེ་མེ་ལོང་ལ་གཟུགས་བརྙན་འཆར་དུས་མེ་ལོང་ལས་མ་གཡོས་བཞིན་ལྟ་བུའི་ཚུལ་བཞིན་དུ། ཇི་ལྟ་བ་མཁྱེན་པ་ལ་མ་གཡོས་བཞིན་དུ། ཤེས་བྱ་སྣ་ཚོགས་སོ་སོའི་ཁ་དོག་མི་འདྲ་བ་དང་། དབྱིབས་མི་འདྲ་བ་དུ་མར་མ་འདྲེས་ཡོངས་རྫོགས་སུ་ཤར་ནས་སྣང་བའོ། །ཐུགས་རྗེའི་སྤྲུལ་པ་སྣང་ཚུལ་དང་། དྲང་། འབྲས་བུ་མཐར་ཕྱིན་པའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་རང་བཞིན་དེ་འཁོར་བ་དང་དངོས་འཛིན་འདི་ལྟར་གྱི་ཆོས་ཐམས་ཅད་དང་དབྱེར་མེད་རང་སྣང་བའི་ཕྱིར་ན། སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་བྱེད་པའི་དུས་སུ། དཔེ་སུར་སྟེ་ཉི་མ་ཙནྡྲ་ཟླ་བའི་གཟུགས་བརྙན་ནམ་མཁའ་ལ་ཤར་བ་དང་། ཆུ་ལྡིང་ཐ་དག་ལ་ཐོགས་ཆགས་མེད་པར་གཟུགས་བརྙན་ཤར་བ་བཞིན་དུ། དགོངས་པ་ཆོས་སྐུ་ཉག་གཅིག་ལས་མ་གཡོས་བཞིན་དུ། གཟུགས་སྐུ་སྣ་ཚོགས་སུ་སྣང་ནས་འགྲོ་བའི་དོན་བྱེད་ཅིང་དེ་ཡང་དོན་བྱེད་བྱ་བྱེད་ཀྱི་རྩོལ་རྟོག་གི་འགྲོ་འོང་ག་ལ་ཡོད་དེ་མེད། གལ་ཏེ་རྩོལ་རྟོག་འགྲོ་འོང་དེ་ཡོད་ན་ནི་གཟུང་འཛིན་ཅན་དུ་འགྱུར་བས། སེམས་ཅན་དང་ཁྱད་མེད་དོ། །མཛད་པ་བྱ་བྱེད་ཀྱི་རྩོལ་བ་མེད་པར་དོན་མཛད་ཚུལ་དང་། དྲང་། དཔེ་སྒྱུ་མ་མཁན་གྱི་སྤྲུལ་པའི་རྟ་གླང་པོ་སྣང་ཡང་བདེན་དངོས་ཀྱིས་སྟོང་པ་བཞིན་དུ། ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་གཟུགས་སྐུ་གཉིས་སུ་སྣང་ནས་འགྲོ་བ་རྣམས་སངས་རྒྱས་ཀྱི་སར་སྒྲོལ་བར་བྱེད། དེ་ཡིས་དུས་སུ་དོན་བྱ་བའི་ཡུལ། བྱེད་པའི་མཁན་པོ། དོན་བྱས་པའི་དངོས་པོ་གསུམ་དུ་འཛིན་པ་མེད་པ་རང་རིག་པའི་དཀྱིལ་འཁོར་དུ་སྤྱོད་དོ། །དགོངས་པ་རྒྱུད་ཀྱི་གནས་ཚུལ་གཅིག་དང་དུ་མ་ལས་གྲོལ་བ་སྨྲ་བསམ་ལས་འདས་པ་ནི་སངས་རྒྱས་ཀྱི་བཞུགས་གནས་སུ་བསྟན་པའོ། །དྲང་། འདས་མ་འོངས་ད་ལྟ་དུས་གསུམ་དུ་རིམ་པ་ལྟར་སངས་རྒྱས་པའི་དུས་སུ་གཟུང་འཛིན་ལོག་རྟོག་གི་འཁྲུལ་སྣང་ཐ་དད་བརྟགས་པའི་ཕྲ་རགས་མ་རིག་བག་ལ་ཉལ་གྱི་དྲི་མ་དང་བཅས་པ་དག་ནས་རིག་པ་རང་སྣང་གི་ཐ་གྲུ་རྒྱས་པ་ཡིན་ཡང་། ཡང་གི་སྒྲས། སེམས་ཙམ་པས། དགོངས་པའི་ངོ་བོ་གཅིག་ཀྱང་སྦྱངས་པའི་ཡེ་ཤེས་མི་འདྲ་བ་སྟེ། ཤིང་གི་མེ་དཔུང་ལྟར་དུ་འདོད་ལ། དབུ་མ་པས། དབྱིངས་ཀྱི་ངོ་བོ་ལ་དབྱེ་བ་མེད་པའི་ཆ་ལ་བཏགས་པས། ཆུ་ལ་ཆུ་བཞག་པ་བཞིན་དུ་གཅིག་པར་འདོད་ཀྱང་། དྲང་དོན་ཀྱི་སངས་རྒྱས་ཙམ་མ་གཏོགས་པ། ངེས་དོན་གྱིས་སངས་རྒྱས་མ་ཡིན་ཏེ། སངས་རྒྱས་ནི་ཡེ་གདོད་མ་ནས་གནས་པའི་དོན་མངོན་དུ་གྱུར་ཏེ། དབྱིངས་ཡེ་ཤེས་ཕྱོགས་རེར་བཟུང་བའི་མཐའ་ལས་གྲོལ་བའི་ཕྱིར། དབྱིངས་ཀྱི་ཆ་ནས་སངས་རྒྱས་ཐམས་ཅད་གཅིག་པ་དང་། ཡེ་ཤེས་ཀྱི་ཆ་ནས་མི་གཅིག་ཅེས་ངག་ཏུ་བརྗོད་པ་དང་ཡིད་ཀྱིས་བསམ་པ་ལས་འདས་ཤིང་། ཆོས་ཀུན་མ་འདྲེས་ལ་ཡོངས་སུ་རྫོགས་པ་གཟུང་འཛིན་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ནི། འབྲས་བུ་མཐར་ཕྱིན་གྱི་དེ་བཞིན་གཤེགས་པ་སངས་རྒྱས་ཀུན་གྱི་བཞུགས་གནས་ཡིན་ཅེས། རྒྱུད་རྒྱས་པ་ལས་གསུངས་པས་ལུང་དེ་ཉིད་འདིར་དྲང་ཞིང་བགྲོད་པ་དང་། གོ་ཡང་སླའོ། །དེ་ལྟར་སངས་རྒྱས་པའི་ཚེ་ན། དཔེ་རྒྱ་མཚོའི་ཆུ་དང་རླབས་དབྱེ་བ་མེད་པ་བཞིན་དུ་སྐུ་གཟུགས་སྣ་ཚོགས་སུ་ཤར་ནས་འགྲོ་བའི་དོན་བྱེད་དུས་ཆོས་སྐུ་ཉག་གཅིག་རང་ལས་མ་གཡོས་པར་དོན་གཉིས་ལྷུན་གྱི་གྲུབ་པས་སངས་རྒྱས་སོ། །ལེའུའི་མཚན་ནོ། །དྲང་། ཐུགས་ཀྱི་ཐིགས་པ་ལས་འབྲུ་མཐུན། སྡུག་བསྔལ་གྱི་ཟུག་རྔུ་མེད་པས་བདེ་བ་ནར་སོན་པས་ན་གཤེགས། རྟོགས་པའི་རིག་པ་ལ་སྐུ་དང་ཡེ་ཤེས་སུ་རང་སྣང་བ་སྟེ་གཅོད་ཅིང་མཚམས་འཛིན་པ་ན་ལེའུ་སྟེ་ཡས་བགྲང་བཞི་པའི་དོན་དུ་གདའ་འོ། །འཇུག་གོ། །དྲང་། དཔེ་ནམ་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་རྒྱུད་ཐུགས་སྒྱུ་འཕྲུལ་དྲ་བའི་དོན་རྣམས་མ་འདྲེས་པ་བཀྲ་ཞིང་གསལ་བར་བྱེད་པའི་མན་ངག་ཐུགས་ཐིགས་འདི་བརྩམས་པ་ལས། རྒྱུད་ཀྱི་དོན་བཤད་པ་ལ་གཞུང་འདི་བཞིན་དུ་ཆོས་སྤྱི་དང་རང་གི་མཚན་ཉིད་མི་ཤེས་པར་མཁས་པར་རྔམས་པའི་ང་རྒྱལ་ཉམས་ཤིང་། ཁམས་གསུམ་ཉོན་མོངས་ཀྱི་དགྲ་ཀུན་ལས་རྒྱལ་བའི་དཔའ་བོའི་རུ་མཚོན་གནམ་ལྕགས་ཤཀྟི་རལ་གྲི་དང་འདྲ་བའོ། །དེ་ལྟར་བརྩམས་པ་རང་བཟོ་མ་ཡིན་ཏེ། ཐུགས་སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་དོན་བཅུད་སྣང་བ་བཞི་པོ། གཅིག་ཐོག་ནས་གཅིག་འོང་བས་ན་འཁོར་ལོ་དང་འདྲ་བ་འདི། དཔེ་བྱ་ངང་པའི་མཆུ་ལ་སྐྱུར་རྩི་ཡོད་པས། རྒྱ་མཚོ་ལ་འོ་མ་ཐིགས་པ་གཅིག་ཡོད་ན་སྡུད་པ་ལྟར་ཐུགས་སྒྱུ་འཕྲུལ་དྲ་བའི་རྒྱུད་སྟེ་རྒྱ་མཚོ་དང་འདྲ་བའི་ནང་ནས་སློབ་དཔོན་སངས་རྒྱས་གསང་བའི་ཉེར་ལེན་གྱི་ཤེས་རབ་སྐྱུར་རྩི་དང་འདྲ་བ་དེས། འོ་མ་དང་འདྲ་བ་སྣང་བ་བཞིའི་བསྟན་བཅོས་མན་ངག་འདི་བླངས་པས། དགེ་བ་དེས་རྒྱུད་ཀྱི་གསང་དོན་མི་ཤེས་ཤིང་ཉོན་མོངས་པའི་དྲ་བར་ཆུད་པའི་སྐྱེ་འགྲོ་ཕལ་པ་རྣམས་ཀྱིས་གསང་བའི་སྙིང་པོ་འདིའི་དོན་རྟོགས་པར་ཤོག །ཅེས་པའི་སྨོན་ལམ་གདབ་པའོ། །ཐུགས་ཀྱི་ཐིགས་པའི་སྒྱུ་འཕྲུལ་ཞེས་པ་འབྲུ་མཐུན་ལ་སྤྱི་གཅོད་ནི་ཁོག་དབུབ་སྟེ། རྫོགས་སོ་ནི་ཚིག་དོན་མ་ལུས་པའི་ཐ་ཚིག་གམ། གནས་སྐབས་རེ་ཞིག་རྫོགས་ནས་བཤད་དུ་མ་མཆིས་པའི་དོན་དུ་གདའོ།། ༈ །།འོན་ཀྱང་འགྲེལ་བཤད་འདི་ནི་རང་བཟོ་མིན། །མཁས་གྲུབ་དུ་མའི་གཞུང་ལུགས་ལ་དཔྱད་ཅིང་། །བླ་མ་དམ་པའི་གསུང་ཚིག་ལ་བརྟེན་ནས། །བདག་བློ་སྦྱོང་ཕྱིར་འགྲེལ་བཤད་འདི་བྱས་ལ། །འཁྲུལ་ན་བཟོད་གསོལ་མ་འཁྲུལ་དགེ་བ་དེས། །འགྲོ་རྣམས་ཀུན་མཁྱེན་སངས་རྒྱས་མྱུར་ཐོབ་ཤོག །འདི་ནི་ཆོས་རྗེའི་འགྲེལ་པ་ལས་གཞི་བླངས་ཞིང་། དེ་ལྟར་ཁ་འཕངས་པ་དང་མ་འགྲེལ་བ་རྣམས་ནི། རྒྱལ་བ་གཡུང་སྟོན་པའི་གསང་སྙིང་གི་ཁོག་དབུབ་འགྲེལ་པ་དང་། སྤར་ཁབ་དང་། འགྲེལ་པ་མུན་སེལ་དང་། གླན་འགྲེལ་དང་། སྒྲོལ་མ་བའི་འགྲེལ་པ་ལ་སོགས་པ་དང་། གཞན་ཡང་དགོངས་འདུས་དང་། སྒྱུ་འཕྲུལ་རྒྱས་པ་ལ་སོགས་པའི་རྒྱུད་རྣམས་ལ་བརྟག་དཔྱད་བྱས་པ་དང་། རྗེ་བླ་མ་རིན་པོ་ཆེ་ཛྙཱ་ན་ཀེ་ཏུའི་གསུང་གི་བདུད་རྩི་དྲི་མ་མེད་པ་ལ་བརྟེན་ནས། ལས་དང་པོ་པའི་དོན་དུ་ཊིཀ་བཀླག་ཆོག་གྱུ་རུ་ལུགས་སུ་བྲིས་པ་འདི་ནི། བདག་བློ་སྦྱང་ཕྱིར་ཤཱཀྱའི་དགེ་སློང་ནམ་མཁའ་རྒྱལ་མཚན་གྱིས། ཆུ་མོ་ཕག་གི་ལོ་སྒྲ་བརྒྱ་པའི་ཟླ་བའི་དཀར་ཕྱོགས་ཀྱི་ཉ་ལ་ཀཿཐོག་རི་ཁྲོད་དུ་སྦྱར་བ་འདིས་འགྲོ་བ་དཔག་ཏུ་མེད་པ་རྡོ་རྗེ་འཛིན་པའི་ས་ལ་འཁོད་པར་གྱུར་ཅིག །འགྲེལ་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ་རེ་ཞིག་རྫོགས་སོ།། །།

ཐུགས་ཀྱི་ཐིགས་པའི་འགྲེལ་བཤད་རིན་ཆེན་སྒྲོན་མ། ནམ་མཁའ་དཔལ།

ར ཏྣ ལོ ཀེ ནཱ མ ཙི ཏྟ ཏི ལ ཀ ཊཱི ཀ བ ཧཱ བི ཧ ར ཏི སྨ།
ཐུགས་ཀྱི་ཐིགས་པའི་འགྲེལ་བཤད་རིན་ཆེན་སྒྲོན་མ་ཞེས་བྱ་བ་བཞུགས་སོ། །
ༀ་སྭ་སྟི་སིདྡྷི། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་མཐའ་བྲལ་ཆོས་དབྱིངས་ཀུན་རིག་ཅིང་། །ཀུན་གཞིའི་ཐེག་རྒྱལ་དོན་སྟོན་ཀུན་བཟང་དང་། །རྒྱལ་ཚབ་རྒྱལ་བ་རིགས་ལྔ་གསང་བདག་སོགས། །དགོངས་པ་དབྱེར་མེད་དགོངས་རྒྱུད་རྣམས་ལ་འདུད། །ཐེག་མཆོག་བླ་མེད་ཐེག་དོན་ཐུགས་ཆུད་ནས། །རིག་པ་རང་གྲོལ་རིག་འཛིན་རྒྱལ་བའི་སྲས། །མི་ལ་བརྒྱུད་དང་མི་མིན་གཉིས་ལ་སོགས། །རིག་འཛིན་རིག་པར་བརྒྱུད་པ་རྣམས་ལ་འདུད། །གསང་སྔགས་བླ་མེད་གསང་དོན་མ་ལུས་ཀུན། །སྙན་ནས་རིམ་པར་སྙན་དུ་རབ་བརྒྱུད་པ། དོན་དམ་ཀུན་རྫོབ་དོན་རྣམས་རྟོགས་གྱུར་པའི། །བརྒྱུད་པའི་གང་ཟག་རྒྱུན་མི་ཆད་ལ་འདུད། །འཕགས་མཆོག་ཀུན་གྱི་གསང་བའི་མཛོད་འཛིན་ཅིང་། །ཟབ་དོན་དབྱེར་མེད་རང་སྣང་མངོན་བྱས་པ། །མཁྱེན་བརྩེ་ནུས་ལྡན་འགྲོ་བའི་མགོན་དང་གཉེན། །མཚུངས་མེད་དྲིན་ཆེན་བླ་མ་རྣམས་ལ་འདུད། །སྒྱུ་འཕྲུལ་མན་ངག་སྣང་བ་བཞི་ཡི་དོན། །འགྲེལ་བཤད་བདག་གིས་བརྩམ་པར་མི་འོས་ཀྱང་། །དོན་གནས་བཤེས་གཉེན་རྣམས་ཀྱིས་བསྐུལ་ཕྱིར་དུ། །བླ་མའི་གསུང་བཞིན་རིན་ཆེན་སྒྲོན་མ་བྲི། །རྒྱལ་རིགས་སུ་སྐུ་འཁྲུངས་པའི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བའི་མན་ངག་ཐུགས་ཀྱི་ཐིགས་པ་འདི་ཉིད་བཤད་པའི་དབང་དུ་བགྱི་ན་གསུམ་སྟེ། འཆད་ཉན་ཅི་ལྟར་བྱ་བའི་ཚུལ་དང་། གང་འཆད་པར་བྱ་བ་དམ་ཆོས་ཀྱི་རྣམ་བཞག་དང་། འཆད་ཉན་མཐར་ཕྱིན་པའི་དོན་ནོ། །དང་པོ་ལ་གཉིས་ཏེ། གང་ལས་ཉན་པའི་བཤེས་གཉེན་གྱི་རང་བཞིན་དང་། གང་གིས་ཉན་པ་གང་ཟག་གི་རང་བཞིན་ནོ། །དང་པོ་ལ་གསུམ་སྟེ། སློབ་དཔོན་དེའི་མཚན་ཉིད། དེས་ཆོས་བཤད་ཚུལ། དེ་ལྟར་བཤད་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས་ལས། མཚན་ཉིད་དང་མི་ལྡན་པ་ནི། ཐོས་པ་ཆུང་ལ་ང་རྒྱལ་ཆེ་བའི་སློབ་དཔོན་དང་། ཐུགས་རྗེ་ཆུང་ལ་གདུག་རྩུབ་ཆེ་བའི་སློབ་དཔོན་དང་། གདམས་པ་ཆུང་ལ་འདོད་པ་ཆེ་བའི་སློབ་དཔོན་དེ་གསུམ་སྤངས་ཏེ། གཅན་འཕྲང་ལས། ལོག་པར་སྤྱོད་པའི་རྣལ་འབྱོར་ནི། །ལོག་ལྟའི་སྤྱི་བརྟོལ་ཁྲོ་གཏུམ་ཆེ། །སྡིག་སྤྱོད་དོན་དང་མི་ལྡན་ཡང་། །བདག་ཉིད་ངེས་པ་ཁོ་ན་ཞེས། །བབ་ཆོལ་བཀའ་བརྒྱུད་སླུ་བྱེད་བསླད། །ཅེས་སོ། །གཉིས་པ་བཟང་བའི་མཚན་ཉིད་ནི། ཐོས་པ་དང་གདམས་ངག་ལྡན་པའི་བླ་མ་དང་། རྟོགས་པ་དང་ཉམས་མྱོང་ལྡན་པའི་བླ་མ་དང་། ཐུགས་རྗེ་དང་བྱིན་རླབས་ལྡན་པའི་བླ་མ་དེ་གསུམ་བསྟེན་ནོ། །ཁྱད་པར་གསང་སྔགས་ཀྱི་སློབ་དཔོན་ནི། ཆོས་ཀུན་མཉམ་པ་ཉིད་ཀྱི་གནས་ལུགས་རྟོགས་ཤིང་གོམས་པས་སྤྱོད་པ་དང་འབྲེལ་བ། བླ་མ་བརྒྱུད་པའི་ཟམ་མ་ཆད་པ ། དབང་བཞིའི་ཆུ་བོ་མ་ནུབ་པ། བྱིན་རླབས་ཉམས་རྟོགས་ཀྱི་མདངས་མ་ཡལ་བ། སྙན་བརྒྱུད་གདམས་ངག་གི་གནད་མ་འཆུགས་པ། སྙིང་རྗེ་ཕན་སེམས་ཀྱིས་སློབ་མ་འཛིན་པའི་གཉེར་དང་ལྡན་པ། གསང་སྔགས་ཀྱི་རྒྱུད་གཞུང་ཕྲིན་ལས་ཆོག་འགྲིག་ཐ་དག་ལ་མཁས་པ་པ་དང་ལྡན་པ་སྟེ། ལམ་རིམ་གྱི་ལེའུ་བདུན་པ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །ཞེས་པ་དང་། མདོ་ལས། བླ་མེད་སྙིང་པོ་སྨིན་པའི་རྐྱེན། །བློ་གྲོས་ཆེན་པོ་དྲི་བའི་ཡུལ། །ལམ་སྟོན་ས་མཁན་བཤེས་གཉེན་མགོན། །མུན་སེལ་སྒྲོན་མ་རིན་པོ་ཆེ། །མཐོང་མིག་དབང་པོ་ཡིད་རྣམ་ཤེས། །ཆུ་བོ་རབ་མེད་སྒྲོལ་བའི་གྲུ། །འཇིགས་པའི་རྫོངས་ཆེན་རྟེན་པའི་མཁར། །འཁོར་བའི་གཅོང་འབྱིན་སྨན་པའི་མཆོག །མཚོ་གླིང་རིན་ཆེན་ལེན་བྱེད་པའི། །དེད་དཔོན་དམ་པའི་བླ་མ་ལ། །སྔན་དུ་ངེས་པར་ཤེས་པར་བྱ། །ཞེས་སོ། །གཉིས་པ་འཆད་ཚུལ་ལ་གཉིས་ལས། གཞན་སེལ་ནི། ཤེས་ལོ་དང་མཁས་ལོའི་སྒོ་ནས་མི་འཆད། ཁེ་གྲགས་དང་བསྙེན་བཀུར་གྱི་སྒོ་ནས་མི་བཤད། རྒྱས་འདེབས་དང་ཟིལ་གནོན་གྱི་སྒོ་ནས་མི་བཤད་དོ། །གཉིས་པ་དོན་གཉེར་ལ་གསུམ་སྟེ། མཁས་པའི་ཤེས་རབ་དང་ལྡན་པས་གདུལ་བྱའི་ཐེ་ཚོམ་གཅོད་ཅིང་ཡིད་ཆེས་པ། བརྩེ་བའི་ཐུགས་རྗེ་དང་ལྡན་པས་གདུལ་བྱ་རྗེས་སུ་བཟུང་བ། སྦྱོར་བའི་བཟོད་པ་དང་ལྡན་པས་ཆོས་འཆད་པ་ལ་ངལ་དུབ་མེད་པའོ། །དང་པོ་ལ་གསུམ་ལས། བཤད་བྱ་ལ་མཁས་པ་ནི། སྤྱིར་ཤེས་བྱ་རབ་འབྱེད་རིག་པ་ཀུན་ལ་མཁས་ན་ལེགས་མོད་ཀྱིས། འོན་ཀྱང་རང་གི་གཞུང་ལུགས་ཁས་བླང་བ་ལ་མཁས་ཤིང་། དོན་ཁོང་དུ་ཆུད་ལ་ཐེ་ཚོམ་ཆོད་པའོ། །གཉིས་པ་འཆད་བྱེད་ལ་མཁས་པ་ནི། གང་ནས་བཤད་ཀྱང་འབྲེལ། ཅི་ཙམ་བཤད་ཀྱང་རན། ཅི་ལྟར་བཤད་ཀྱང་འཐད་པ་གསུམ་གྱིས་ངག་འབྲེལ་ཞིང་། རང་གིས་བརྗོད་བདེ་གཞན་གྱིས་གོ་སླ། གཉིས་ཀའི་རྣ་བར་སྙན་ཅིང་ཡིད་ཅགས་པའོ། །གསུམ་པ་རང་གི་ཀུན་སྤྱོད་ལ་མཁས་པ་ནི། ཚུལ་ཆོས་མ་ཡིན་པར་རང་གི་སྒོ་གསུམ་ཆོས་དང་མཐུན་པར་གནས་པའི་སྒོ་ནས་གདུལ་བྱ་དང་བ་འདྲེན་ཅིང་དད་པའི་གནས་སུ་གྱུར་པའོ། །གཞན་གྱི་ཀུན་སྤྱོད་ལ་མཁས་པ་ནི། གདུལ་བྱ་དབང་པོ་རྣོ་རྟུལ་དང་རྗེས་སུ་མཐུན་པའི་ཆོས་བསྟན་པ་ལ་མཁས་ཤིང་བཤད་པའོ། །གཞན་ཡང་སེམས་ཅན་གྱི་དོན་བྱ་བའི་ཕྱིར་བཤད་ཀྱིས། རང་གི་ཆེ་བ་འདོན་པའི་ཕྱིར་མ་ཡིན། སྙིང་རྗེ་ཆེན་པོས་བསྟན་གྱིས། ང་རྒྱལ་གྱི་ཕྱིར་མ་ཡིན། འཁོར་བ་རྒྱུན་གཅོད་པའི་ཕྱིར་བསྟན་གྱིས། ཉོན་མོངས་པ་སྤེལ་བའི་ཕྱིར་མ་ཡིན་ནོ། །གསུམ་པ་གསང་སྔགས་ཀྱི་དོན་རྟོགས་ནས་གཞན་ལ་བཤད་པའི་ཕན་ཡོན་ནི། མདོ་ལས། རྟོགས་ནས་སྨྲ་བར་གང་བྱེད་པ། །གོམས་པས་བརྗོད་དང་སྨོན་པ་ཡིས། །ཆོས་ཀྱི་རྒྱལ་པོར་དེ་འགྱུར་ཞིང་། །ཡོན་ཏན་སྤྱི་གཙུག་ཉིད་དུ་འགྱུར། །དེ་ཡང་ཅི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །དྲང་སྲོང་རྣལ་འབྱོར་ཀལ་ཡས་ནས། །དྲང་སྲོང་རྣམ་པ་མང་སྡེ་ལ། །ཐེག་ཆེན་གསང་བའི་བསྔགས་པ་བརྗོད། །དོན་རྣམས་ངེས་པར་བཀོད་པ་ལས། །མང་པོས་རིགས་ཆེན་འཛིན་པ་ཐོབ། །གང་དེར་བསྔགས་པ་བརྗོད་བྱེད་པ། །གསང་བདག་ཆོས་ཀྱི་རྒྱལ་པོར་འགྱུར། །དེས་ན་ཐེག་ཆེན་གསང་བ་འདི། །ཀུན་ལ་བསྔགས་པ་བརྗོད་པར་གྱིས། །དེས་ནི་ང་ཡི་དགོངས་པ་ཐོབ། །ཅེས་སོ། །གཉིས་པ་གང་གིས་ཉན་པའི་གང་ཟག་གི་རང་བཞིན་ལ་གསུམ་སྟེ། སློབ་མ་དེའི་མཚན་ཉིད། དེས་ཆོས་ཉན་ཚུལ། ཉན་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས་ལས། ངན་པའི་མཚན་ཉིད་ནི། ཤེས་རབ་ཆུང་ལ་ཉོན་མོངས་པ་ཆེ་བའི་སློབ་མ་དང་། དད་པ་ཆུང་ལ་སེར་སྣ་ཆེ་བའི་སློབ་མ་དང་། བརྩོན་འགྲུས་ཆུང་ལ་འདོད་པ་ཆེ་བའི་སློབ་མ་དེ་གསུམ་སྤངས་ཏེ། ཡེ་ཤེས་ཏིང་རྫོགས་ལས། ཡང་དག་དོན་གྱི་ལྟ་བ་གསང་བ་འདི། །གང་ཟག་ཕྱིན་ཅི་ལོག་དང་ལྟ་བ་དམན། །ཐོས་པ་ཆུང་ལ་བློ་རྟུལ་ཤེས་རབ་མེད། །ནོར་ཕངས་ཁ་རལ་ལ་སོགས་སྣོད་མེད་ལ། །འདི་བསྟན་གཉིས་ཀ་བསྲེག་ཕྱིར་རབ་ཏུ་གསང་། །ཞེས་སོ། །གཉིས་པ་བཟང་བའི་མཚན་ཉིད་ནི། དད་པ་དང་ཤེས་རབ་ལྡན་པ་དང་། མོས་གུས་དང་གཏོང་ཕོད་ལྡན་པ་དང་། ངང་རྒྱུད་དང་བརྩོན་འགྲུས་ལྡན་པའི་སློབ་མར་བསྟན་པ་ཡིན་ཏེ། ཀློང་གསལ་ཉི་མའི་རྒྱུད་ལས། དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །རྒྱུད་དུལ་སྡིག་འཛེམ་དབང་པོ་རྣོ། །གསང་ཐུབ་ཉམས་ལེན་བརྟུལ་ཞུགས་སྤྱོད། །སྐྱོ་ཤས་སྡུག་སྲན་སྙིང་རུས་ཆེ། །དེ་ནི་གསང་སྔགས་གསང་བའི་སྣོད། །ཅེས་སོ། །གཉིས་པ་ཇི་ལྟར་ཉན་པའི་ཚུལ་ལ་གཉིས་ལས། སྤང་བྱ་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཅེས་སོ། །གཞན་ཡང་ཁེ་དང་གྲགས་བློའི་སྒོ་ནས་མི་ཉན། ངོ་བསྲུང་དང་ཚུལ་ཆོས་ཀྱི་སྒོ་ནས་མི་ཉན། རང་དང་གཞན་ཁྱད་ལྟའི་སྒོ་ནས་མི་ཉན་ནོ། །གཉིས་པ་བླང་བྱ་ནི། གཞི་དང་པ་བརྟན་པོས་བཏུད། མོས་གུས་ཆེན་པོས་ཉན། རྣ་བའི་དབང་པོས་ཐོས། རིག་པའི་རྒྱུད་ལ་འགྲིམ། སེམས་ཀྱི་པདྨོ་ཕྱེ། སྙིང་གི་བུམ་པར་གསོག །དོན་གྱི་སྦྲང་རྩི་མྱོང་དགོས་པར་གསུངས་ཏེ། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་བདག་ཉིད་ལ་ནད་པའི་འདུ་ཤེས་དང་། དགེ་བའི་བཤེས་གཉེན་ལ་སྨན་པའི་འདུ་ཤེས་དང་། ཆོས་ལ་སྨན་གྱི་འདུ་ཤེས་དང་། ནན་ཏན་རྗེས་སུ་བསྒྲུབ་པ་ལ་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་སོ། །གཞན་ཡང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བར་བྱེད་འདོད་པ་ལ་དམ་པའི་ཆོས་མིན་པ་ཅིས་ཀྱང་མི་ཕན་པ་དེའི་ཕྱིར་ཉན། ཆོས་དེ་བསྟན་པའི་བླ་མ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་དང་འདྲ་བ་ཡིན་པས་དེའི་ཕྱིར་མཉན། དེའི་ཞལ་ནས་གསུངས་པའི་ཆོས་དེ་ཤི་སོས་ཀྱི་སྨན་པས་ཀྱང་གཅེས་པས་དེའི་ཕྱིར་མཉན་ནོ། །གསུམ་པ་དེ་ལྟར་མཉན་པའི་ཕན་ཡོན་ནི། གྷཎྜིའི་མདོ་ལས། དམ་ཆོས་བཤད་པའི་དུས་སྟོན་ཕྱིར། །རྔའམ་གྷཎྜི་བརྡུངས་པའི་སྒྲས། །ཐོས་པས་བྱང་ཆུབ་ཐོབ་གྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་པ་དང་། ཁྱད་པར་གསང་བསྔགས་ཐོས་པའི་ཡོན་ཏན་ནི། གཅན་འཕྲང་ལས། དཔེར་ན་གྱི་ལིང་སྒྲོག་བཀྲོལ་ལྟར། །རྣམ་གྲོལ་ཐོས་བསམ་སྒོ་མོ་ཡིས། །ཤེས་རྒྱུད་ཀུན་གྲོལ་ཐོགས་མེད་འགྲོ། །ཞེས་སོ། །གཉིས་པ་གང་འཆད་པར་བྱ་བ་དམ་ཆོས་ཀྱི་རྣམ་བཞག་ལ་གསུམ་སྟེ། གང་ཟག་འཇུག་ངོ་ཤེས་པར་བྱ་བའི་ཕྱིར་དམ་པའི་ཆོས་ངོས་བཟུང་བ་དང་། དེ་ཉིད་ཀྱི་དོན་མ་ནོར་བར་ཤེས་པར་བྱ་བའི་ཕྱིར་བཤད་ཐབས་བསྟན་པ་དང་། བཤད་བྱ་གཞུང་དོན་དངོས་ཀྱི་སྐབས་དང་གསུམ་མོ། །དང་པོ་ཆོས་ངོས་བཟུང་བ་ནི། སྤྱིར་འཁོར་འདས་གཉིས་ལས་འདས་པའི་ཆོས། དེ་ལ་ཐེག་པ་ཆེ་ཆུང་གཉིས་ལས་ཐེག་ཆེན། ཐེག་ཆེན་ལ་མདོ་སྔགས་གཉིས་ལས་གསང་སྔགས། སྔགས་ལ་ཕྱི་ནང་གཉིས་ལས་ནང་པ། དེ་ལ་མ་ཧཱ། ཨ་ནུ། ཨ་ཏི་གསུམ་ལས་མ་ཧཱ། དེ་ལ་ཕ་རྒྱུད། མ་རྒྱུད། གཉིས་མེད་ཀྱི་རྒྱུད་དང་གསུམ་ལས། འདིར་གཉིས་མེད་ཀྱི་རྒྱུད། དེ་ལ་རྒྱུད་དང་མན་ངག་གཉིས་ལས་འདིར་མན་ངག །མན་ངག་ལའང་རྒྱུད་ཀྱི་དོན་མངོན་པར་རྟོགས་པ་དང་། བསླབ་ཅིང་ཉམས་སུ་བླང་བའི་མན་ངག་གཉིས་ལས། འདིར་གཉིས་ཀ་བཤད་ཀྱང་སྔ་མ་གཙོ་ཆེ་བར་སྟོན། དེ་ལ་ཁོག་དབུབ། ས་བཅད། འགྲེལ་པ་གསུམ་ལས། འདི་ནི་སྤྱི་གཅོད་དོ། །གཉིས་པ་བཤད་པའི་ཐབས་ནི། འདི་ཉིད་རྒྱུད་ལ་བརྟེན་པའི་མན་ངག་ཡིན་པས། རྩིས་འགོ་ལྔས་འཆད་པར་བྱེད་དེ། ལུང་མཆོག་བླ་མ་ལས། ཐོས་ཆུང་གསར་བུ་ཡིད་ཆེས་བསྐྱེད་པའི་ཕྱིར། །མན་ངག་སྤྱི་དོན་རྩིས་འགོས་ཀླད་ནས་གཞོམ། །ཞེས་པས། རྩིས་འགོ་ལྔ་ནི། སྡེ་སྣོད་སྤྱི་བཅིང་ལས། དགོངས་པ་ཁྲོལ་བའི་སློབ་དོན་དང་། །མཚན་ལྔ་ལྡན་པའི་དམ་ཆོས་དང་། །ཐེག་པ་སྡེ་སྣོད་འབྱུང་བའི་ཁུངས། །ཉེ་བར་ཚིག་གིས་བསྡུས་གནས་དང་། །དོན་དུ་འགྱུར་བའི་དགོས་པ་རྣམས། །བསྟན་ཆོས་ཀུན་གྱི་རྩིས་མགོ་ཡིན། །ཅེས་པས་དོན་ལྔ་ལས། དང་པོ་ཁུངས་བཙུན་ཞིང་ཡིད་ཆེས་པར་བྱ་བའི་ཕྱིར་སློབ་དཔོན་གང་གིས་མཛད་པ་ནི། བརྩམ་ཚད་རབ་འབྲིང་ཐ་མ་གསུམ་དང་ལྡན་པའི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་མཛད་པ་ཡིན་ཏེ། རྫོགས་ཆེན་རྒྱན་ལས། ཆོས་ཉིད་མངོན་སུམ་རྟོགས་པ་རབ། །བླ་མ་ཡི་དམ་མཁའ་འགྲོ་ཡིས། །ལུང་བསྟན་ཐོབ་པ་འབྲིང་པོ་ཡིན། །ལ་ཤན་བཀའ་ལུང་ཚིག་ལ་མཁས། །བྱེ་བྲག་ཕྱེད་པ་ཐ་མ་ཡིན། །ཞེས་སོ། །གཉིས་པ་བཀའ་དང་མི་འགལ་བར་བྱ་བའི་ཕྱིར་རྒྱུད་གང་ནས་བཏུས་པ་ནི། འདི་ཉིད་ལས། སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས། །གསང་བའི་སྙིང་པོའི་རྒྱུད་དག་ལས། །ཞེས་པ་དང་། ལམ་རིམ་ལས། སྟོང་ཕྲག་བརྒྱ་པའི་རྒྱུད་དག་ལས། །ཞེས་གསུངས་པས། ཐུགས་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པའི་རྒྱུད་ནས་བཏུས་སོ། །གསུམ་པ་ཐེག་པའི་རང་གཞུང་ཚུགས་པར་བྱ་བའི་ཕྱིར་ཕྱོགས་གར་གཏོགས་པ་ནི་མ་ཧཱ་ཡོ་གའི་ཐེག་པར་གཏོགས་སོ། །བཞི་པ་བསྟན་པ་ལ། མཚན་ངེས་ཤིང་དོན་གྱི་མདོ་ཙམ་ཞིག་རྟོགས་པར་བྱ་བའི་ཕྱིར་མཚན་ནི། སྤྱིར་མཚན་གྱི་འདོད་ལུགས་ལ། ཡུལ་ལ་བཏགས་པ། ཞུ་བ་པོ་ལ། དཔེ་ལ། རྣམ་གྲངས་ལ། དོན་ལ་བཏགས་པ་དང་ལྔ་ལས། འདི་ནི་ཐུགས་ཀྱི་ཐིགས་པ་ཞེས་པས། དོན་རང་གི་ངོ་བོ་ལས་མཚན་དུ་བཏགས་པའོ། །ལྔ་པ་བརྩམ་པ་ལ་དོན་ཡོད་པར་བྱ་བའི་ཕྱིར་གང་ཟ ག་གང་གི་དོན་དུ་མཛད་པ་ནི། འདི་ཉིད་ལས། སྐལ་ལྡན་ཕྱིར་ཅེས་པས། སློབ་དཔོན་ཉིད་ཀྱི་དངོས་འཁོར་དང་མ་འོངས་པའི་གང་ཟག་ལས་འཕྲོ་དང་སྐལ་བར་ལྡན་པ་རྣམས་ཀྱི་དོན་དུ་མཛད་པའོ། ༈ །གསུམ་པ་བཤད་བྱ་གཞུང་དོན་དངོས་ཀྱིི་སྐབས་ལ་གསུམ་སྟེ། ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། ཞབས་ཀྱི་དོན་ནོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་མཚན་བསྟན་པ་དང་། དྲང་། དང་པོ་ལའང་གསུམ་སྟེ། མཚན་བཀླག་པ་དང་། མཚན་བསྒྱུར་བ་དང་། མཚན་བཤད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཙིཏྟ་བིནྡུ་ཨུ་པ་དེ་ཤ་ན་མ། བོད་སྐད་དུ། ཐུགས་ཀྱི་ཐིགས་པའི་མན་ངག་ཅེས་བྱ་བའོ། །གཉིས་པ་མཚན་བསྒྱུར་བ་ལ། སྒྲ་ཐད་ལོག་ཏུ་དང་། ཐང་ལོག་ཏུ་དང་། དཀྲུགས་ཏེ་བསྒྱུར་བ་དང་གསུམ་ལས། འདིར་ནི་གཅུས་པ་དང་བསྣོལ་བ་མི་མངའ་བས་དང་པོ་ཡིན་ཏེ། ཙིཏྟ་ཐུགས་ཀྱི། བིནྡུ་ཐིགས་པའི། ཨུ་པ་དེ་ཤ་མན་ངག །ན་མ་ཞེས་བྱ་བ་སྟེ། དེ་ཡང་སྒྱུར་མཁན་གྱི་ལོ་ཙཱ་བ་ལ། ཚིག་དོན་གཉིས་ཀ་ལ་མཁས་ཤིང་ཁོང་དུ་ཆུད་པ་ནི་ཞུས་ཆེན་གྱི་ལོ་ཙཱ་དང་། སྒྲ་རྐྱང་པ་ཙམ་ཤེས་པ་སྒྲ་སྒྱུར་ལོ་ཙཱ་དང་། རྒྱ་སྐད་ལ་བོད་སྐད་ཀྱི་མཆན་ཙམ་བཏབ་ཤེས་པ་ནི་མཆན་བུ་ལོ་ཙཱ་དང་། རྒྱ་གར་གྱི་པཎྜི་ཏ་ལ་བོད་དུ་ཆོས་ཞུས་ཤིས་བསྒྱུར་བ་ནི་གོ་ལོ་ཙཱ་དང་བཞི་ལས། གཞུང་འདི་ཉིད་སྒྱུར་མཁན་གྱི་རྨ་རིན་ཆེན་མཆོག་ནི། ཞུས་ཆེན་གྱི་ལོ་ཙཱ་དང་། གོ་ལོ་ཙཱ་གཉིས་ཀ་ཡིན་ནོ། །གསུམ་པ་མཚན་བཤད་པ་ནི། སློབ་དཔོན་ཨ་རོ་ཡེ་ཤེས་ཀྱི་ཞལ་ནས། རྒྱ་ནི་མ་ཉམས་པ། གར་གྱི་བསྒྱུར་བ། སྐད་ནི་ཐོས་པར་བྱེད་པ། དུ་ནི་འདུ་བར་བྱེད་པའོ། །ཞེས་གསུངས་སོ། །གཞན་མཁས་པ་རྣམས་མཐུན་པའི་དགོངས་པ་ནི། རྒྱ་གར་ནི་འདོད་རྒྱལ་གྱི་སྒྲ་ཡིན་ལ། འོ་ན་ཐོག་མར་སྨོས་པའི་དགོས་ཆེད་ནི། འཕགས་པ་རྣམས་ཀྱིས་བཞུགས་གནས་ཡིན་པས་ཁུངས་བཙུན་ཅིང་ཡིད་ཆེས་པའི་ཕྱིར་དང་། ལོ་པཎ་རྣམས་ཀྱིས་ཕྱི་རབས་པ་ལ་དྲིན་བཞག་པའི་ཕྱིར་རོ། །ཡུལ་པ་དེ་རྣམས་ཀྱི་སྐད་དུའམ་སྐད་ལ་ཞེས་བྱ་སྟེ། སྨྲ་སྒོ་ལས། དུ་ལ་སོགས་པ་ལ་དང་མཐུན། །ཞེས་པས། ཙིཏྟ་བིནྡུ་ཨུ་པ་དེ་ཤ་ན་མ་ཞེས་བྱ་ལ། བོད་ནི་ཁ་བ་ཅན་ཏེ་བོད་དང་བོད་ཆེན་པོ་གཉིས་སོ། །ཡུལ་དེ་ཉིད་ཀྱི་སྐད་དུའམ་སྐད་ལ། ཐུགས་ཀྱི་ཐིགས་པའི་མན་ངག་ཅེས་བྱ་བ་ཞེས་འདོགས་སོ། །དེ་ལའང་གཉིས་ཏེ། བརྗོད་བྱ་དོན་དང་། བརྗོད་བྱེད་ཚིག་གོ། །དང པོ་ནི། ཐུགས་ཞེས་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཉིད་ཀྱི་ངོ་བོ་ནི། ཉུང་ལ་འདུས་པ། མ་འཕྲོས་པ་གསུམ་གྱི་ཕྱིར་ཐིགས་པའི། དེ་ཉིད་ཚེག་ཆུང་ལ་དོན་ཆེ་བས་མན་ངག་ཅེས་བྱ་བའོ། །གཉིས་པ་ནི། ཐུགས་ཀྱི་རྒྱུད་རྒྱ་མཚོ་དང་འདྲ་བའི་ནང་ནས། ཐིགས་པ་ལྟ་བུའི་ཚིག་དོན་ཉུང་ལ་འདུས་པ་འཕྲོས་པ་གསུམ་གྱིས་བསྒྲུབ་སྟེ། དེ་ཡང་རྒྱུད་ལ་ལེའུ་སྟོང་ཕྲག་བརྒྱད་པའི་རྒྱུད་ཀྱི་ཚིག་ཚོགས་རྣམས། འདིར་ཚིག་ལེའུ་བཞིར་བྱས་པས་ཉུང་ལ། སྟོང་ཕྲག་བརྒྱའི་དོན་རྒྱས་པ་སྣང་བ་བཞི་པོ་རྣམས། འདིར་དོན་སྣང་བ་བཞིར་འདུས་ལ། གདུལ་བྱ་གཟུ་ལུམས་རས་ཆོད་ཅན་དགག་པའི་ཕྱིར་རྒྱུད་དོན་ལ་བརྡ་ཚིག་དང་། ལྡེམ་དགོངས་དང་རྒྱུད་འཁྲུགས་པ་ལ་སོགས་མར་འཕྲོས་པ་ཡིན་ལ། འདིར་བསྟན་ཆོས་འཁྲུག་པ་བསྡེབས། གཅུས་པ་བསྲངས། གབ་པ་ཕྱུང་བས་ཡར་འཕྲོས་པའོ། །ལེའུ་སྟོང་ཕྲག་བརྒྱའི་རྒྱུད་དོན་རྣམས་གཏན་ལ་ཕབ་ཅིང་ཉམས་སུ་ལེན་པ་ནི་ཤིན་ཏུ་དཀའ་ལ། འདི་སྣང་བ་བཞིའི་དོན་ལེའུ་བཞིར་བྱས་པ་གཏན་ལ་ཕབ་ཅིང་ཉམས་སུ་ལེན་པ་ནི་ཚེགས་ཆུང་ལ། འདི་ཉིད་ཀྱི་ནང་དུ་སྟོན་པའི་སྣང་བ་བཞིའི་དོན་རྟོགས་ན། སྟོང་ཕྲག་བརྒྱའི་རྒྱུད་དོན་རྣམས་ཁོང་དུ་ཆུད་པས་ན་མན་ངག་ཅེས་བྱ་བ་སྟེ། མདོ་ལས། ཐབས་ཆེན་ཚེགས་ཆུང་དོན་དཔག་མེད། །བྱ་སླ་དཔག་དཀའ་མན་ངག་གོ། །ཞེས་སོ། །གཉིས་པ་ཕྱག་འཚལ་བ་དང་། དྲང་། ཕྱག་འཚལ་ལོ་ཞེས་པ་བཤད་པའི་གཞིར་བཞག །དེའི་ཁྱད་པར་གྱི་ཆོས་ལ་ལྔ་སྟེ། གང་གིས་འཚལ། གང་ལ། ཚུལ་ཇི་ལྟར། དགོས་ཆེད་ཅིའི་ཕྱིར། བརྒལ་ལེན་ནོ། །དང་པོ་གང་གིས་ན། སྔོན་བྱུང་དུ་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས། རྗེས་འཇུག་འཆད་ཉན་པ་རྣམས་ཀྱིས་སོ། །གཉིས་པ་གང་ལ་ན་བཅོམ་ཞེས་པ་ཕྲིན་ལས་ཀྱིས་བདུད་འཇོམས་པ་སྟེ། དེ་ཡང་། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་ཡེ་ནས་གནས་ཀྱང་དེ་ངོ་མ་ཤེས་པས་ཉོན་མོངས་པའི་བདུད་བྱུང་ལ། ཉོན་མོངས་པ་ཡེ་ཤེས་སུ་གསལ་ཙམ་ན། ཉོན་མོངས་པའི་བདུད་རང་བཞིན་གྱིས་བཅོམ་པ་ནི། ཞི་བའི་འཕྲིན་ལས་སོ། །ཕུང་པོ་ལྔ་རིགས་ལྔར་ངོ་མ་ཤེས་པས་ཕུང་པོའི་བདུད་བྱུང་ལ། དེ་ཉིད་རིགས་ལྔར་གསལ་བར་རྟོགས་པས་ཕུང་པོའི་བདུད་བཅོམ་པ་ནི་རྒྱས་པའི་འཕྲིན་ལས་སོ། །སེམས་ཉིད་སྐྱེ་ཤི་གཉིས་མེད་ལ་གཉིས་སུ་བཟུང་བས། འཆི་བདག་གི་བདུད་བྱུང་ལ། སྐྱེ་ཤི་གཉིས་མེད་དུ་གསལ་ཙམ་ན་འཆི་བདག་གི་བདུད་བཅོམ་པ་ནི་དབང་གི་ཕྲིན་ལས་སོ། །དོན་ལྷ་རྟོག་གཉིས་མེད་ལ་གཉིས་སུ་བཟུང་བས་ལྷའི་བུའི་བདུད་བྱུང་ལ། ལྷ་རྟོག་གཉིས་མེད་མངོན་དུ་བྱས་ཙམ་ན་ལྷའི་བུའི་བདུད་བཅོམ་པ་ནི་དྲག་པོའི་འཕྲིན་ལས་ཡིན་ཏེ། རྒྱས་པ་ལ། བདུད་སྡེ་ཚར་གཅོད་ཅེས་བྱ་བའི་དམ་ཚིག་ནི། ཉོན་མོངས་པ་ཉིད་རྣམ་པར་དག །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །སྐྱེ་ཤི་མེད་པའི་གཡུང་དྲུང་གནས། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་ནི། །ཞེས་པ་དང་། རྡོ་རྗེ་ལམ་རིམ་ལས། བདུད་བཞི་ལ་སོགས་རིག་པའི་གདེང་གིས་བཅོམ། །ཞེས་སོ། །ལྡན་ཞེས་ཡོན་ཏན་གྱི་མཚན་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉེར་ལྔ་ལ་སོགས་པ་རྣམས་ཐུགས་རང་རིག་པའི་ཡེ་ཤེས་ལ་ལྷུན་གྱིས་གྲུབ་པ་ཡིན་སྟེ། ལམ་རིམ་ལས། སྐུ་ལྔ་ལ་སོགས་ཆེ་ཡོན་ཀུན་དང་ལྡན། །ཅེས་སོ། །ལུང་གྲྭ་ཆད་མ་ཉམས་པ་ཟུར་ལ་བསླང་བ་འཆད་པ་པོའི་གཉེར་བྱ་བ་ཡིན་པས། འདས་ཞེས་པ་མཚན་ཉིད་ཀྱི་མཚན་ཏེ། དེ་ཉིད་ཀྱི་ངོ་བོ་ལ་ཡོད་མེད་སྣང་སྟོང་རྟག་ཆད་ལ་སོགས་ཕྱོགས་རེའི་མཐའ་དང་བྲལ་བ་སྟེ། དེ་ལས། རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་སོ། །དཔལ་ཞེས་པ་ཆེ་བའི་མཚན་ཏེ། དེ་ལ་གསུམ་ལས། དང་པོ་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་ནི། གཞི་དོན་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་ལ་འབྲས་བུའི་ཆེ་ཡོན་ཉེར་ལྔ་ལྷུན་གྱིས་གྲུབ་པ་སྟེ། ཏིལ་ལ་མར་ནག་ལྷུན་གྱིས་གྲུབ་པ་བཞིན་ནོ། །གཉིས་པ་རྟོགས་པ་བདག་གི་དཔལ་ནི། དོན་དེ་ཉིད་རྟོགས་ཤིང་གོམས་པས་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་གྱུར་པ་སྟེ། ཉི་མ་ནམ་མཁའི་མཐོངས་སུ་ཤར་བ་ལྟ་བུའོ། །གསུམ་པ་ཐུགས་རྗེ་ཆེན་པོ་ཞར་ལ་བྱུང་བའི་དཔལ་ནི། དེ་ལྟར་བདག་དོན་འབྲས་བུ་ཐོབ་ཙམ་ན། གཞན་གདུལ་བྱ་ཐམས་ཅད་ལ་མཛད་པ་ཕྲིན་ལས་ངང་ངམ་ཤུགས་ཀྱིས་འབྱུང་བ་སྟེ། ཉི་མའི་འོད་ཟེར་དྲོ་འཇམ་རྩོལ་མེད་ཀྱིས་གཞན་གྱི་མུན་པ་དང་འཁྱག་པ་ཤུགས་ཀྱིས་ཞུ་བ་བཞིན་ནོ། །དེ་ལྟར་དཔལ་གསུམ་ལྷུན་གྱིས་གྲུབ་པའི་ངོ་བོ་རྡོ་རྗེའི་དོན་ནི། རང་བཞིན་དབྱེར་མེད་ཅིང་ངོ་བོ་འདུས་མ་བྱས་པས་མཚན་ཉིད་སྐྱེ་འཇིག་དང་བྲལ་བའོ། །དེ་ཉིད་ལས་མི་འདའ་པས་སེམས། དེས་ཕྱོགས་འཛིན་ཐམས་ཅད་ཕར་ལ་འཇོམས་ཤིང་ཚུར་ལ་གང་གིས་ཀྱང་མི་ཚུགས་པས་དཔའ་བོ་དེ་ཉིད་དཀྱིལ་འཁོར་གྱི་གཙོ་བོ་སྟེ། གསང་སྙིང་ལས། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །ཞེས་སོ། །དེས་ཤེས་བྱ་ཀུན་མ་འདྲེས་ལ་ཡོངས་སུ་རྫོགས་པར་མཁྱེན་པ་ནི། དེ་ཉིད་ལས། ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །ཅེས་སོ། དེའང་མཐའ་གཉིས་དང་བདུད་བཞི་ལས་རྒྱལ་བའི་དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ཀྱི་དགོངས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། འཁོར་ལོ་བསྒྱུར་རྒྱལ་གྱིས་རྒྱལ་སྲིད་ཀྱི་ཐོག་མར་གསེར་འཁོར་སོགས་བསྐོར་བ་དང་། འཁོར་བ་དང་། གཅོད་པ་དང་འདྲ་བར། ཀུན་མཁྱེན་སངས་རྒྱས་རྣམས་ཀྱིས་གདུལ་བྱ་ལ་ཆོས་གསུངས་པ་ནི། ཆོས་འཁོར་བསྐོར་བ་དང་། གདུལ་བྱའི་རྒྱུད་ལ་གོ་མྱོང་རྟོགས་གསུམ་དུ་འཆར་བ་ནི་འཁོར་བ་དང་། དཔེ་གདུལ་བྱའི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲྭ་བ་དང་སྒྲིབ་པ་སེལ་བ་ནི་གཅོད་པ་སྟེ། དེ་ལྟར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བསྐོར་བའི་ནང་ནས་འབྲས་བུའི་ཐེག་མཆོག་གསང་སྔགས་བླ་མེད་ཀྱི་རྒྱུད་གསང་བའི་སྙིང་པོའི་དོན་གབ་སྦས་རྣམས་མངོན་སུམ་དུ་སྟོན་པར་མཛད་པའི་སྟོན་པ་དེ་ལ། གསུམ་པ་ཚུལ་ཅི་ལྟར་དུ་འཚལ་ན་གསུམ་སྟེ། སྟོན་པ་དང་རྩོམ་པ་པོའི་དགོངས་པ་གཉིས་སུ་མེད་པ་ནི་ལྟ་བ་རྟོགས་པའམ་མི་ཕྱེད་འདྲེས་པའི་ཕྱག་ཡིན་ཏེ། པཉྩ་ཀ྄་མ་ལས། ཇི་ལྟར་ཆུ་ལ་ཆུ་བླུག་གམ། །དེ་བཞིན་མར་ལ་མར་བཞག་བཞིན། །རང་གི་ངང་གི་ཡེ་ཤེས་གང་། །ལེགས་མཐོང་གང་ཡིན་འདིར་ཕྱག་འཚལ། །ཞེས་སོ། །ཡིད་ཀྱིས་ཞེས་སྒོམ་པ་གོམ་པའི་ཕྱག་སྟེ། ཅི་སྐད་དུ། གང་ཞིག་རྟོགས་ནས་འཇུག་པ་ཡི། །བསྒྲུབས་པ་གང་ཡིན་འདིར་ཕྱག་འཚལ། །ཞེས་སོ། །ཕྱག་འཚལ་ལོ་ཞེས་པ་སྤྱོད་པ་ཡ་རབ་ཀྱི་ཕྱག་སྟེ། བཟང་སྤྱོད་སྨོན་ལམ་ལས། ལུས་དང་ངག་ཡིད་དྭངས་བས་ཕྱག་བགྱིའོ། །ཞེས་པ་དང་། ཡོ་ག་ལས། ལུས་ཀྱིས་ཕྱག་འཚལ་ཡན་ལག་ས་ལ་གཏུག །ངག་གིས་ཕྱག་འཚལ་བསྟོད་དེ་ངག་སང་སང་། །ཡིད་ཀྱིས་ཕྱག་འཚལ་དགའ་དད་ཡིད་བྲིང་བྲིང་། །སྒོ་གསུམ་དང་བའི་སྒོ་ནས་ཕྱག་འཚལ་ལོ། །ཞེས་སོ། །བཞི་པ་དགོས་ཆེད་ཅིའི་ཕྱིར་ན་གཉིས་ཏེ། སྔོན་བྱུང་གི་དགོས་ཆེད་དང་། རྗེས་འཇུག་གིས་ཡི་གེ་རིས་སུ་བཀོད་པའི་དགོས་ཆེད་དོ། །དང་པོ་ལ་བཞི་སྟེ། སྟོན་པ་ལ་དབང་མི་ཟ་ཞིང་རྟོགས་ནས་བརྩམ་པ་བྱིན་རླབས་སུ་སྣང་བའི་བརྡར་སྟོན་པ་དང་། ཆོས་ཉིད་མཉམ་པ་ཉིད་ལ་ཁུངས་དབྱུང་ཞིང་ཆོས་ཀྱི་གྲུབ་ཚུལ་མི་ཉམས་པ་དང་། ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱང་བས་བར་ཆད་ཀྱི་རྐྱེན་བགེགས་ཉེ་བར་ཞི་བ་དང་། བརྩམ་པ་མཐར་དབྱུང་བའི་དགོས་ཆེད་ཡོད་དོ། །གཉིས་པ་ལ་གཉིས་ཏེ། བདག་ཉིད་ཡ་རབས་སུ་ཤེས་པའི་དང་། ཉན་བཤད་མཐར་ཕྱིན་པའི་དགོས་ཆེད་ཡོད་དོ། །ལྔ་པ་བརྒལ་ལེན་ནི། ཕྱག་འཚལ་བའི་ཡུལ་རྒྱལ་བ་རིགས་ལྔ་ལ་ཁྱད་པར་ཡོད་དམ་མེད། ཡོད་ན། སངས་རྒྱས་རིགས་ལྔ་བཟང་ངན་ཅན་དུ་འགྱུར། མེད་ན་རྡོ་རྗེ་སེམས་དཔའ་ལ་སྒོས་སུ་ཕྱག་འཚལ་བ་འགལ་ལོ་ཞེ་ན། ལན་ནི། སྤྱིར་སངས་རྒྱས་རིགས་ལྔའི་དགོངས་པ་ལ་མཐོ་དམན་དང་བཟང་ངན་མེད་ཀྱང་། བྱེ་བྲག་ཏུ་གདུལ་བྱའི་མོས་པའི་དབང་གིས་འདིར་ཐུགས་སྒྱུ་འཕྲུལ་དྲྭ་བའི་སྐབས་སུ་འཆད་པའི་སྐྱེས་བུ་དང་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་བ་སྟེ། རྒྱས་པ་ལས། རྡོ་རྗེ་སེམས་པ་དཀྱིལ་ཡིན་ཏེ། །རིགས་བཞི་ལྷ་དང་ལྷ་མོའི་འཁོར། །ཞེས་པ་དང་། དཀྱིལ་འཁོར་གཙོ་བོ་སྐྱེས་བུ་མཆོག །ཅེས་པ་དང་། རྡོ་རྗེ་སེམས་དཔའི་བཀས་བཤད་པའི། །ཞེས་པ་དང་། མི་བསྐྱོད་རྒྱལ་པོ་མདུན་ན་གནས། །ཞེས་སོ། །སློབ་དཔོན་ཉིད་ཀྱི་ཐུགས་དམ་གྱི་གཙོ་བོ་ཡིན་པའི་ཕྱིར་ན། རྡོ་རྗེ་སེམས་དཔའ་ཁོ་ན་ལ་ཕྱག་འཚལ་བ་ཡིན་ཏེ། སྤྱན་འབྱེད་ལས། དམ་པའི་ལྷ་ཕྱིར་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གསུམ་པ་བཤད་བཤད་པར་དམ་བཅའ་བ་ལ་གཉིས་ཏེ། བགྲང་། དང་པོ་དམ་བཅའ་བ་དངོས་དང་། དྲང་། དེ་ཡང་ཕྱག་འཚལ་ནས་ཅི་བྱེད་ན། བསྟན་པར་བྱ། གང་བསྟན་ན་རིན་ཆེན་བཅུད་ཐུགས། གང་གི་དོན་དུ་བསྟན་ན་སྐལ་ལྡན་ཕྱིར། འོ་ན་རང་བཟོ་མ་ཡིན་ནམ་ཞེ་ན་སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས། གསང་བའི་སྙིང་པོའི་རྒྱུད་དག་ལ་བརྟེན་ནས། བལྡབ་པར་མི་འགྱུར་རམ་ཞེ་ན་བསྡུས་ཏེ། འོ་ན་ལྷག་ཆད་ཅན་དུ་མ་སོང་ངམ་ཞེ་ན་ལེགས་པར་ཅེས་པ་ནི་ཁོག་བསྡེབས་ནས་བསྡུས་དོན་ལྟར་བཤད་པ་ཡིན་ལ། དེ་ཉིད་རྒྱས་པར་བཤད་ན། དེའང་འབྲུའི་འདུག་ས་བསྒྱུར་དོན་གྱི་གོ་རིམ་བསྡེབ་སྟེ། སྟོན་པ་རྡོ་རྗེ་སེམས་དཔའ་དེས་གསུངས་པའི་བསྟན་པ་ནི། དཔེ་དོན་རྟགས་གསུམ་གྱིས་འཆད་དེ། དཔེ་ནི་སྒྱུ་འཕྲུལ་དྲྭ་བ། དོན་ནི་ཐབས་ཤེས་རབ་དབྱེར་མེད་པ། རྟགས་ལྷ་ཡབ་ཡུམ་འཁྲི་ལ་སྦྱོར་ཡིན་ཏེ། དེ་ཡང་འཁྲུལ་པ་ཕྱི་ནང་གི་དངོས་པོ་ཐམས་ཅད་རང་བཞིན་རང་རྒྱུད་ཅན་དུ་མ་གྲུབ་པ་སྒྱུ་མ་སྟེ། དོན་ནི་ཤེས་རབ་རང་བཞིན་མེད་པ། རྟགས་ནི་ལྷ་ཡུམ། འཕྲུལ་ཡེ་ཤེས་ཀྱི་སྣང་བ་ཅིར་ཡང་འཆར་བ་ཐབས་འགག་མེད། རྟགས་ལྷ་ཡབ་དྲྭ་བ་མདོ་མདུད་གཅིག་ནས་གཉིས་སུ་འབྲེལ་པ་ལྟར་དོན་ཐབས་ཤེས་རབ་གཉིས་མེད། རྟགས་ལྷ་ཡབ་ཡུམ་འཁྲིལ་སྦྱོར། དེ་ལྟར་བདེན་གསུམ་དབྱེར་མེད་དེ་ཉིད་ཟབ་ཅིང་རྟོགས་དཀའ་ཞིང་དོན་གྱི་བཅུད་འདུས་པས་ན་གསང་བའི་སྙིང་པོའི་རྒྱུད་དག་ལ་བརྟེན་ནས། དགོས་འདོད་ཐམས་ཅད་འབྱུང་བས་ནོར་བུ་རིན་པོ་ཆེ་དང་འདྲ་བའི་རྒྱུད་དབུ་ཞབས་ཀྱི་དོན་བཅུད་ཀྱི་ཡོན་ཏན་ཐམས་ཅད་འདུས་པའི་ཐུགས་ཀྱི་ཐིགས་པ་འདི་ཉིད། དངོས་འཁོར་དང་མ་འོངས་པའི་གང་ཟག་འདིར་འཇུག་ཅིང་གོ་རྟོགས་ཀྱི་སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་བྱ་བའི་ཕྱིར་དུ། རྒྱུད་དོན་ནོར་འཁྲུལ་ལྷག་ཆད་མེད་པར་ལེགས་པར་རྒྱལ་བའི་བཀའ་དང་། བླ་མ་དམ་པའི་མན་ངག་དང་། རང་གི་རིག་པ་ཚད་མ་གསུམ་དང་མི་འགལ་བར་བྱས་ནས། གང་ཟག་གཟུ་ལུམས་དང་རས་གཅོད་ཅན་རྣམས་དགག་པར་བྱ་བའི་ཕྱིར་དུ་རྒྱུད་སྟོད་སྨད་དུ་འཐོར་བ་རྣམས་སློབ་དཔོན་སངས་རྒྱས་གསང་བའི་ཉེར་ལེན་གྱི་ཤེས་རབ་ཀྱིས་བསྡུས་ཏེ་ཐུགས་ཀྱི་དགོངས་པ་ཞལ་དུ་ཕྱུང་ནས་གཞན་དོན་དུ་བསྟན་པར་བྱ་སྟེ་ཞེས་བཤད་པར་དམ་བཅའ་བའོ། །དེའང་རྒྱུད་ལ་བརྟེན་ནས་བརྩམ་ཚུལ་དུ་དམ་བཅའ། དགོས་ཆེད་དང་ལྡན་པར་དམ་བཅའ། མདོར་བསྟན་དུ་དམ་བཅའ། ཁེངས་སྐྱུངས་དང་ལྡན་པར་དམ་བཅའ་བ་དང་བཞི་ཡོད་པ་ལས། འདིར་སྔ་མ་གསུམ་དུ་ཤེས་པར་བྱའོ། །དེ་ཡང་འགྲེལ་པ་ཚིག་གསལ་ལས། གཞན་དོན་བརྩམ་པ་ཅན་རྣམས་སྲོག་ཕྱིར་ཡང་། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པས་ཁུར་ཅི་ཁུར་བ་དག །ཉམ་ངའི་ལམ་དུ་ནམ་ཡང་དོར་མི་བྱ། །ཞེས་སོ། །གཉིས་པ་མན་ངག་བརྩམ་ཚུལ་དང་སྤྱིར་བསྟན་གྱི་སྒོ་ནས་བཤད་པ་དམ་བཅའ་བ་དང་འབྲེལ་ཚུལ་ལོ། །དྲང་། ཕྱིའི་རྒྱ་མཚོ་ཆེན་པོ་ལས་ནི་ཆུ་ཐིགས་པ་གཅིག་བླང་བ་ལ་ཆུའི་མཚན་ཉིད་ཚང་བ་བཞིན་དུ། སེམས་ཡེ་ཤེས་རང་སྣང་དུ་སྟོན་པའི་རྒྱུད་སྡེ་རྒྱ་མཚོ་དང་འདྲ་བའི་ཐུགས་ཀྱི་རྒྱུད་ཀྱི་ནང་ནས་ཐུགས་ཀྱི་ཐིགས་པ་འདི་ཉིད་བསྡུས་པ་ལ་རྒྱུད་ཀྱི་དོན་འདུས་ཤིང་མ་ཚང་བ་མེད་དེ། དཔེར་ན་མི་འཇིགས་པ་སེང་གེའི་ཕུང་པོ་ལ་གཅན་གཟན་གཞན་གྱི་གནོད་པས་མི་ཚུགས་པ་ཅི་ལྟ་བ་བཞིན་ཏུ། ཐུགས་ཐིགས་ཀྱི་ཚིག་དོན་འདི་ལ་སྒྲོ་སྐུར་ལུང་མ་བསྟན་གྱི་སྐྱོན་གསུམ་དང་བྲལ་བས། སེམས་ཡེ་ཤེས་རང་སྣང་དུ་སྟོན་པའི་ཐུགས་ཀྱི་བཅུད་བསྡུས་ན་གསུམ་པོ་འདི་ཉིད་ཡིན་ཏེ། གང་ཞེ་ན་གཞི་རང་བཞིན་གྱི་སྣང་བ་དང་། འབྲས་བུ་བདེ་བར་གཤེགས་པའི་སྣང་བ་དང་། གདུལ་བྱ་ཡི་ལམ་གྱི་སྣང་བ། གསུམ་གྱི་ངོ་བོ་ཡིན་པ་ལ། མཚོན་བྱེད་ཚིག་གི་རྒྱུད་ཀྱི་དབྱེ་བ་ནི་གསུམ་དུ་རྣམ་པར་བཞག་ནས་གཏན་ལ་ཕབ་པའོ། །དེ་ཡང་མཚོན་བྱ་དོན་གྱི་ངོ་བོ་གཅིག་ཡིན་པ་ལ་འོ་ན་གཞི་ལམ་འབྲས་བུ་གསུམ་གྱི་ངོ་བོ་ཐ་དད་བྱུང་བ་དེ་ཡང་གང་གིས་ཉེས་སྙམས་པ་ལ། གང་དག་རང་ངོ་མ་ཤེས་པ་བློ་འཁྲུལ་པའི་སྣང་བས་ཕྱེ་བས་གཞི་ལམ་འབྲས་བུ་གསུམ་དུ་འགྱུར་ཏེ། དེ་ཡང་གཞི་རང་ལ་གནས་ཀྱང་བློ་འཁྲུལ་པས་ངོ་མ་ཤེས་པས་དེ་ཉིད་གབ་པ་དང་། འཁྲུལ་པ་དེའི་གཉེན་པོར་ལམ་བགྲོད་པ་དང་། འཁྲུལ་པ་དེ་སངས་པའི་ཚེ་འབྲས་བུ་ཐོབ་པའོ། །གཏན་ཚིགས་དེས་ན་གཞི་ལམ་འབྲས་བུ་འཁྲུལ་པའི་སྣང་བ་དང་བཞི་པོ་དག་ཏུ་ཁོག་དབུབ་པ་ནི། རྒྱལ་བས་གསུངས་པའི་རྒྱུད་ལུང་དང་རིགས་པའི་མན་ངག་གི་བསྟན་ཆོས་ཀུན་ལ་གསུངས་པས་བདག་གིས་ཀྱང་གསལ་བར་བཤད་དོ་ཞེས་བྱའོ། །གཉིས་པ་གཞུང་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། གསང་སྔགས་རྡོ་རྗེའི་ཐེག་པ་གཏན་ལ་དབབ་པར་བྱེད་པ་ལ་རྟོགས་མ་རྟོགས་ཕྱོགས་རྟོགས་ཀྱི་ཡན་ལག་སྣང་བ་རྣམ་པ་བཞི་པོ་གསལ་བར་བཤད་པ་ནི་འདི་ལྟ་སྟེ། དེ་ཡང་སྣང་བ་བཞི་དང་རྒྱུད་གསུམ་གྱི་སྤྱིའི་གོ་དོན་བཤད་པ་ལ་གཉིས་ཏེ། གོ་དོན་བཞག་པ་དང་། བརྒལ་ལན་གྱི་སྒོ་ནས་མཐའ་ཡོངས་སུ་ཆོད་པར་བྱའོ། །དང་པོ་གོ་དོན་ནི། གཞི་རང་བཞིན་གྱི་སྣང་བའི་རྒྱུད་ཅེས་བྱ་སྟེ། གཞི་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་གཞི། རང་བཞིན་ནི་དབྱེར་མེད་བཅོས་སླད་དང་བྲལ་བ། སྣང་བ་ནི་རང་རིག་པ་ཐམས་ཅད་དུ་རྩལ་མ་འགགས་པར་སྣང་བའོ། །དེ་ཀ་ལ་སྐབས་ཀྱིས་རྒྱུད་ཅེས་ཀྱང་བྱ་སྟེ། གང་ཞིག་དགོས་པ་ཚང་ཞིང་འབྲེལ་པ་དང་ལྡན་པས་ན་རྒྱུད་དོ། །དེ་ཡང་གཞི་དང་ལམ་དང་འབྲས་བུའི་ཡོན་ཏན་གྱི་དགོས་པ་ཚང་ཞིང་། གཞི་དང་འབྲས་བུ་གཉིས་ངོ་བོ་ཉིད་གཅིག་ཏུ་འབྲེལ་བས་ན་རྒྱུད་དེ། གསང་སྒྲོན་ལས། འབྲེལ་དང་མ་ཚངས་མེད་པ་དང་། །དགོས་པ་ཚང་བས་རྒྱུད་ཅེས་བྱ། །ཞེས་སོ། །གདུལ་བྱ་ལམ་གྱི་སྣང་བའི་རྒྱུད་ནི། སྦྱངས་པ་དང་རང་བཞིན་གྱིས་ཐུན་མོང་དང་མཆོག་གི་སེམས་ལྔ་སྐྱེས་སམ། སྐྱེར་རུང་བས་གདུལ་བྱ། འཇུག་ཅིང་བགྲོད་པར་བྱེད་པས་ལམ། བསྟན་པ་བློ་དང་འཚམས་པར་སྣང་བས་སྣང་བ། དེ་ཀ་ལ་རྒྱུད་ཅེས་བྱ་སྟེ། ལམ་གྱིས་གཞི་གཏན་ལ་ཕབ་ཅིང་འབྲས་བུ་མངོན་སུམ་དུ་བྱེད་པའི་ཆ་ནས་ལམ་ལ་གཞི་འབྲས་ཀྱི་ཡོན་ཏན་གྱི་དགོས་པ་ཚང་བ་དེས་ན་གཞི་འབྲས་གཉིས་དང་འབྲེལ་པས་ན་རྒྱུད་ཅེས་བྱའོ། །འབྲས་བུ་བདེ་བར་གཤེགས་པའི་སྣང་བའི་རྒྱུད་ནི། གང་ཞིག་སྨིན་པ་ཞིག་འབྲས་བུ། ཟུག་རྔུ་མེད་ཅིང་ནར་སོན་པས་ན་བདེ་བར་གཤེགས། རྟོགས་པའི་རིག་པ་ལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བས་ན་སྣང་བའོ། །དེ་ཀ་ལ་རྒྱུད་ཅེས་བྱ་སྟེ། འབྲས་བུ་ལ་ཡོན་ཏན་ཡར་ལྡན་དུ་ལམ་མཐར་ཕྱིན་ཅིང་གཞི་མངོན་དུ་བྱས་པའི་ཆ་ནས་གཞི་ལམ་གྱི་ཡོན་ཏན་གྱི་དགོས་པ་ཐམས་ཅད་ཚང་སྟེ། དེས་ན་འབྲས་བུ་དང་གཞི་ལམ་གཉིས་ངོ་བོ་ཉིད་དུ་མ་འདྲེས་ཡོངས་རྫོགས་སུ་འབྲེལ་བས་ན་རྒྱུད་དོ། །ལོག་རྟོག་འཁྲུལ་པའི་སྣང་བ་ནི། གཉིས་མེད་ལ་ལོག་ཅིང་གཉིས་སུ་རྟོག་པས་ན་ལོག་རྟོག །དེ་མ་ཡིན་ལ་དེར་འཛིན་པས་འཁྲུལ་པ། ལས་དང་ལོག་རྟོག་གི་བློ་ངོར་སྣང་བས་སྣང་བ། དེ་ལ་འབྲེལ་པ་དང་དགོས་པ་མེད་པས་ན་སྣང་བ་ཡིན་ཀྱང་རྒྱུད་མ་ཡིན་ནོ། །གཉིས་པ་བརྒལ་ལན་ནི། རིག་རྩལ་འགག་མེད་དུ་སྣང་བ་གཞི་སྣང་ཡིན་ནམ་མ་ཡིན། མ་ཡིན་ན། རང་རིག་པ་ཐམས་ཅད་དུ་རྩལ་མ་འགགས་པར་སྣང་བ་ནི་རང་བཞིན་གྱི་སྣང་བའོ། །ཞེས་གསུངས་པ་དང་འགལ་ལ། ཡིན་ན་དེའི་སྟེང་ན་སྣང་བ་གསུམ་པོ་སྣང་ངམ་མི་སྣང་། མི་སྣང་ན་རིག་རྩལ་འགག་མེད་དུ་སྣང་བ་དང་འགལ། སྣང་ན་གསུམ་དུ་དབྱེ་བ་དགོས་མེད་དུ་ཐལ། འདོད་ན་ཕྱེ་བས་གསལ་ལོ། །ཞེ་ན། ལན་ནི་སྤྱིར་གཞི་སྣང་ཡེ་ཤེས་སྒྲོན་མའི་ངོ་བོར་ལ་བཟླ་བའི་དབང་དུ། སྣང་བ་གསུམ་རིག་རྩལ་འགག་མེད་དུ་གཅིག་གིས་གཅིག་མི་སྒྲིབ་པར་མ་འདྲེས་ཡོངས་རྫོགས་སུ་སྣང་བ་ཡིན་ཏེ། གྲུབ་ཐོབ་ཉི་མའི་སྙིང་པོའི་ཞལ་ནས། སྣང་བ་བཞིའི་མེ་ལོང་དུ་འཁོར་འདས་ཀྱི་ཆོས་ཀྱི་གཟུགས་བརྙན་ཤར་ནས་ཡོད་པས་ལྟ་ན་དེ་ལ་ལྟོས། སྟོང་པ་བཞིའི་ནམ་མཁའ་ལ་འཁོར་འདས་ཀྱི་ཆོས་ཀྱི་གནས་པ་ཡོད་པས་སྡོད་ས་དེ་ལ་གྱིས། དབྱེར་མེད་བཞིའི་ནོར་བུ་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པའི་གཏེར་མཛོད་ཡོད་ཀྱིས་བློ་གཏད་དེ་ལ་གྱིས་ཞེས་གསུངས་སོ། །བྱེ་བྲག་ཏུ་ཤག་འབྱེད་པའི་དབང་དུ་སྣང་བ་གསུམ་བཟང་ངན་ཐ་དད་ཀྱི་སྣང་བ་མེད་པས་དེའི་སྐྱོན་ལས་གྲོལ་ལོ། །བློ་དང་འཚམ་པར་སྣང་བ་གདུལ་བྱའི་སྣང་བ་ཡིན་ནམ་མ་ཡིན་མ་ཡིན་ན། རྒྱས་པའི་རིགས་བརྒྱད་དབྱེ་བ་ལས། ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་པ་ཡི། །བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང་། །སོ་སོར་རང་རིག་བློ་ལ་སྣང་བར་ཟད། །ཅེས་གསུངས་པ་དང་འགལ་ལ། ཡིན་ན། དེ་ཉམས་སུ་བླངས་པས་སྔགས་མཐར་ཐུག་གི་འབྲས་བུ་ཐོབ་བམ་མི་ཐོབ། མི་ཐོབ་ན་ལམ་རྣམས་ཉམས་སུ་བླངས་པ་དོན་མེད་དུ་ཐལ། འདོད་ན་བཅུ་གསུམ་པ་ལས། ཐོས་བསམ་སྒོམ་པའི་རྣལ་འབྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་གསུངས་པས་འགལ་ལོ། །ཐོབ་ན་མུ་སྟེགས་རྟག་ཆད་ཀྱིས་ཀྱང་ཐོབ་པར་ཐལ། འདོད་ན་ལམ་རིམ་ལས། རྟག་ཆད་གཉིས་སུ་གང་གིས་བློ་ཞེན་པ། །དོན་གྱི་སྙིང་པོ་ཉིད་ལས་གོལ་བར་གསུངས། །ཅེས་གསུངས་པས་གསལ་ལོ་ཞེ་ན། བསྟན་པ་བློ་དང་འཚམས་པ་ལམ་སྣང་ཡིན་པས་འབྲས་བུ་ཐོབ་ཀྱང་། མུ་སྟེགས་རྟག་ཆད་ནི་སངས་རྒྱས་ཀྱི་བསྟན་པ་ལ་གོལ་ཞིང་ལོག་པའི་ལྟ་བར་སོང་བ་ཡིན་པས་དེའི་སྐྱོན་མེད་དོ། །རྟོགས་པའི་རིག་པ་ལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བ། འབྲས་བུའི་སྣང་བ་ཡིན་ནམ་མ་ཡིན། མ་ཡིན་ན། རྒྱས་པ་ལས། སྐུ་མཆོག་རྡོ་རྗེ་འོད་སྣང་བ། །མཐུན་པའི་ཡེ་ཤེས་རང་སྣང་ངོ་། །ཞེས་གསུངས་པ་དང་འགལ་ལ། ཡིན་ན་ལྷུན་གྲུབ་རིག་འཛིན་ཆོས་ཅན། མཐར་ཐུག་གི་འབྲས་བུ་ཡིན་པར་ཐལ། ལམ་རིམ་ལས། ཡི་གེ་འཁོར་ལོ་མངོན་གཟིགས་པ། །ཞེས་གསུངས་པའི་ཕྱིར་རོ། །འདོད་ན་ལམ་པ་བ་ཡིན་པ་གསལ་ལོ་ཞེ་ན། མཐར་ལམ་པ་དང་མཐར་ཐུག་གི་འབྲས་བུ་གཉིས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཙམ་ལ་གཅིག་ཀྱང་། ལྷུན་གྲུབ་རིག་འཛིན་ནི་ལམ་པ་ཡིན་པས་ད་རུང་བག་ཉལ་གྱི་སྒྲིབ་པ་ཡོད་པས། སངས་རྒྱས་དང་ཁྱད་ཡོད་པ་ཡིན་ཏེ། ཉམས་སྒྲོན་ལས། ཀུན་མཁྱེན་མེ་ལོང་ཚུལ་གཟིགས་པ། །ཡུལ་དང་མཁྱེན་ཚད་རྒྱལ་བ་དང་། །འདྲ་ལ་བག་ལ་ཉལ་གྱིས་ཕྱེ། །ཞེས་གསུངས་པས་དེའི་སྐྱོན་ལས་གྲོལ་ལོ། །གཉིས་མེད་ལས་ལོག་ཅིང་གཉིས་སུ་འཛིན་པས་འཁྲུལ་སྣང་ཡིན་ནམ་མ་ཡིན། མ་ཡིན་ན། གསང་སྙིང་ལས། ཅི་ལྟར་འཇིག་རྟེན་འཁྲུལ་པའི་ཆོས། །མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཞེས་གསུངས་པས་འགལ་ལ། ཡིན་ན་འགྲོ་ལ་ཤེས་རྒྱུད་གཉིས་འཆང་དུ་ཐལ། འདོད་ན། འཕྲུལ་གྱི་མེ་ལོང་ལས། འགྲོ་ལ་ཤེས་རྒྱུད་གཉིས་མི་འཆང་། །ཞེས་པས་གསལ་ལོ་ཞེ་ན། ལན་ནི། སྐད་ཅིག་དང་པོ་གཉིས་མེད་ལས་ལོག་ཅིང་། སྐད་ཅིག་གཉིས་པར་གཉིས་ཅན་དུ་འཛིན་ཞིང་འཁྲུལ་པ་ཡིན་པས་ན། འགྲོ་ལ་ཤེས་རྒྱུད་གཉིས་འཆང་དུ་འགྲོ་བའི་སྐྱོན་མེད་དོ། །ཡང་སྣང་བ་བཞི་གཅིག་གམ་ཐ་དད་ཅེ་ན། ལན་ནི། སྣང་བཞི་ངོ་བོ་བདེར་གཤེགས་སྙིང་པོ་ལས་མ་གཡོས་པར་གཅིག་ལ། རང་ལྡོག་ནི། གཞི་ནི་མ་རྟོགས་ལ་མ་འཁྲུལ་བ་ཡིན་ལ། འཁྲུལ་པ་ནི་མ་རྟོགས་ལ་འཁྲུལ་པ་ཡིན་ལ་ལམ་པ་ནི་རྟོགས་བཞིན་འཁྲུལ་པ་ཡིན་ལ། འབྲས་བུ་ནི་རྟོགས་ལ་མ་འཁྲུལ་བ་ཡིན་པས་ལྡོག་པ་ཐ་དད་དོ། །དེ་ལྟར་སྣང་བ་བཞིར་གྲངས་ངེས་པའི་རྒྱུ་མཚན་ནི། སྣང་བ་བཞི་ལས་གྲངས་མང་ན་ལྷག་སྟེ། ཤེས་བྱའི་ཆོས་ཐམས་ཅད་སྣང་བ་བཞིར་མ་འདུས་ཤིང་མ་ཚང་བ་མེད་པའི་ཕྱིར་རོ། །ཡང་སྣང་བ་བཞི་ལས་གྲངས་ཉུང་ན་མི་ཆོག་སྟེ། རང་བཞིན་གྱི་སྣང་བ་མེད་ན། འཁྲུལ་གྲོལ་གཉིས་ཀྱི་སྤྱི་གཞིའི་གནས་ལུགས་མེད་པའི་སྐྱོན་ཡོད་དོ། །གདུལ་བྱའི་སྣང་བ་མེད་ན། སེམས་ཅན་ལ་ཁམས་དང་ཆ་མེད་ཅིང་ཆོས་ཀྱི་སྣང་བ་མི་འཆར་བའི་སྐྱོན་ཡོད་ལ། འབྲས་བུའི་སྣང་བ་མེད་ན། གདུལ་བྱའི་ལམ་བགྲོད་པ་དོན་མེད་དུ་འགྱུར་བའི་སྐྱོན་ཡོད་འཁྲུལ་པའི་སྣང་བ་མེད་ན། འཁོར་བའི་ཆོས་གཏིང་ནས་མེད་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། རང་བཞིན་གྱི་སྣང་བ་དང་། འཁྲུལ་པའི་སྣང་བ་དང་། གདུལ་བྱའི་སྣང་བ་དང་། བདེ་བར་གཤེགས་པའི་སྣང་བའོ། །དང་པོ་ལ་གཉིས་ཏེ། གཞུང་དང་། མཚན་དོན། དང་པོ་ལ་བཞི་སྟེ། བགྲང་། དང་པོ་ངོ་བོ་ལྷུན་གྲུབ་ཏུ་བསྟན་པ་དང་། དྲང་སྣང་བ་བཞིའི་ཐོག་མར་བསྟན་པའི་གཞི་རང་བཞིན་གྱི་སྣང་བའི་དོན་ནི་བྱང་བ་སྟོང་པའི་རང་བཞིན་དོན་དམ་བདེན་པ་དང་། ཆུབ་པ་སྣང་བའི་རང་བཞིན་ཀུན་རྫོབ་བདེན་པ་སྒྱུ་མ་ལྟ་བུ་དང་། སེམས་དབྱེར་མེད་ཀྱི་རང་བཞིན་དེ་ཉིད་གང་ལ་གནས་ན། རྒྱུད་དྲག་ལས་ཀྱི་འགྲོ་བ་མང་པོའི་སྟེ་ཀུན་གྱི་སེམས་རྒྱུད་ལ་གནས་ཏེ། དེ་ཡང་གར་གནས་ན་ལོག་རྟོག་གི་ངོ་བོར་སྣང་བ་འདི་དང་ལྷན་ཅིག་ཏུ་གནས་ཀྱང་རྒྱུ་མ་རིག་པས་ངོ་མ་ཤེས་རྐྱེན་ལས་ཉོན་གྱིས་མཚམས་སྦྱར་ནས་འབྲས་བུ་རིགས་དྲུག་དང་འཁོར་འདས་ཐ་དད་དུ་སྣང་བའི་དུས་ཉིད་ནའང་དཔེར་ན་གསེར་ལས་བྱས་པའི་གཟུགས་ཅི་ལྟར་སྣང་ཡང་ངོ་གསེར་ལ་གཅིག་པ་བཞིན་དུ་དབྱེར་མེད་ཀྱི་དོན་དེ་རྒྱུ་རྐྱེན་དང་བྲལ་བའི་རང་བྱུང་སྒྲིབ་གཡོགས་དང་བྲལ་བས་ཡེ་ཤེས་ཀྱི་ངོ་བོ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་གཞི་ལ་རིག་རྩལ་དུ་སྣང་བས་ན་ཐ་དད་མེད་པར་གཅིག་པ་སྟེ། རིམ་གསུམ་ལས། ངོ་བོ་ཐམས་ཅད་སེམས་ཡིན་ཏེ། །གསེར་གྱི་དཔེ་བཞིན་གཉིས་སུ་མེད། །ཅེས་སོ། །དོན་རང་བྱུང་གི་ཡེ་ཤེས་དེ་ཡང་འཁོར་བ་དང་གྲོལ་བ་མྱང་འདས་གཉིས་ཀའི་བདག་ཉིད་ཡིན་པའི་ཕྱིར། དཔེར་ན་མེ་ལོང་གྲུབ་པ་དང་ནི་གཡའ་གྲུབ་པ་ཐ་དད་མེད་པ་བཞིན་ཏུ། འཁོར་འདས་མ་རིག་ཡེ་ཤེས་ཕན་ཚུན་རིག་རྩལ་འགག་མེད་ཀྱི་སྣང་བར་སྤང་བ་དང་བླང་བ་མེད་པ་ལ། གསང་སྔགས་ཀྱི་དོན་ལ་བློ་ཤེད་མ་ཕྱེ་བས་བྱིས་སྦ་རྒྱུ་མཚན་ཉིད་པའི་ཐེག་པས་མ་རིག་པ་འདི་འཁོར་གཞི་དང་མྱང་འདས་ཀྱི་རྟེན་ཙམ་ཡིན་ཞེས་ཐ་དད་དུ་སྨྲ་ནའང་། དབྱེར་མེད་ཀྱི་དོན་ལ་མཁས་པ་གསང་སྔགས་པས་འཁོར་འདས་ཡེ་ནས་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་དོན་དེ་ཉིད་སྨྲ་བའི་ཚིག་དང་བསམ་པའི་བློ་ལས་འདས་པའོ། །གཉིས་པ་དེ་ལ་འཁོར་འདས་སྣང་ཚུལ་ལ་བཞི་སྟེ། བགྲང་། དང་པོ་སེམས་རིགས་རྒྱུད་མེད་པ་ལ་འཁོར་འདས་སུ་སྣང་ཞིང་ངོ་བོ་ལྷུན་གྲུབ་ཏུ་བསྟན་པ་དང་། དྲང་། འདི་སྐད་དུ་གསང་བའི་སྙིང་པོ་སྒྱུ་འཕྲུལ་རྒྱས་པའི་རྒྱུད་ཉིད་ལས་གསུངས་པ་ནི། བདེ་བར་གཤེགས་པའི་སྐུ་ཡེ་ཤེས་སྒྱུ་མའི་རང་མདངས་གཟུགས་སྐུར་སྣང་བ་དང་། ལོག་རྟོག་གི་བསམ་གཟུགས་ལ་རིགས་དྲུག་གི་ལུས་སྒྱུ་མར་སྣང་བ་གཉིས་ནི་ཡེ་ཤེས་སྒྱུ་མའི་ངོ་བོར་དབྱེར་མེད་གཅིག་པ་དེས་ན་འཁོར་འདས་ཀྱི་རིགས་ཐ་དད་དང་རྒྱུད་ཐ་དད་དུ་བློས་བརྟག་ཏུ་མེད་དེ་ཅིའི་ཕྱིར་ན་འཁོར་བ་བསྐྱེད་པའི་གཞི་དང་མྱང་འདས་བརྟེན་པའི་རྩ་བ་རང་རྒྱུད་དུ་གྲུབ་པ་མེད་དེ་རང་བཞིན་གྱིས་སྟོང་པ་དེ་ལ། ཕོ་མོ་མ་ནིང་གི་རིགས་ཐ་དད་དང་དཀར་སེར་ལ་སོགས་པའི་ཁ་དོག་དང་། ཟླུམ་པོ་གྲུ་བཞི་ལ་སོགས་པའི་དབྱིབས་ཕྱོགས་གཅིག་ཏུ་གྲུབ་པ་མེད་པ་ལས། མེད་བཞིན་དུ་རིག་རྩལ་འགག་མེད་ཏུ་ཕྱི་ནང་སྣོད་བཅུད་ཐམས་ཅད་དུ་རང་སྣང་བའོ། །ཡང་ངོ་བོ་ལྷུན་གྲུབ་ཏུ་བསྟན་པ་ནི་སྒྱུ་འཕྲུལ་དྲྭ་བ་རྩ་རྒྱུད་གསང་སྙིང་ལས། འཁོར་བའི་དུས་སུ་གཟུང་འཛིན་བཅིངས་པ་མེད། འདས་པའི་དུས་སུ་མེད་པ་ལས་རྣམ་པར་གྲོལ་བ་པོ་ཡང་མེད་པའི་ཀ་དག་གི་ངོ་བོ་ལ། ཡེ་གདོད་མ་ཉིད་ནས་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་ཅིང་རྫོགས་པ་ནི་འགྱུར་བ་མེད་པའི་སངས་རྒྱས་ཡིན་ལ། དར་ནུབ་མེད་པའི་ཆོས་ཀྱང་དེ་ཡིན་པར་གསུངས་པ་དེས་ན་གཞི་རང་བཞིན་གྱི་རྒྱུད་དེ་ཉིད་ཀྱི་ངོ་བོ་ལ་ནི། མ་རིག་པ་དང་རིག་པ་ཡེ་ཤེས་གཉིས་གཞི་སྣང་ཙམ་ལ་ཐ་དད་མེད་དེ། དཔེར་ན་ནམ་མཁའ་དྭངས་པ་སྟེ་སྟོང་པ་ལ་སྤྲིན་གྱི་གནས་བཅའ་ནས་སྣང་དུས་ནམ་མཁའ་ལ་མ་གཡོས་པའོ། །གཉིས་པ་ཐ་དད་ལྷུན་གྲུབ་ཏུ་གཅིག་པའི་སེམས་ཉིད་མཐའ་ཐུག་མེད་དུ་ཅིར་ཡང་སྣང་དུ་རུང་བའི་དཔེ་དོན། དྲང་། དཔེ་ཤེལ་དྭངས་པའི་རིགས་ཅན་དེ་ལ་ཁ་དོག་གང་བསྟན་གྱི་ཁ་དོག་ཏུ་འགྲོ་ཡང་ངོ་བོ་ཤེལ་ལ་འགྱུར་བ་མེད་པ་ལྟར། རྣམ་རྟོག་བཟང་ངན་གྱི་སེམས་དང་གཟུང་འཛིན་མི་མཐུན་པ་མང་པོ་སྣང་ཡང་བྱང་ཆུབ་ཀྱི་སེམས་དེ་ཉིད་དུ་ངོ་བོ་གཅིག་ཡིན་པ་ལས་རང་གི་སེམས་བཟང་ངན་གྱི་བསམ་གཟུགས་ལ་མཐའ་ཐུག་པ་མེད་པར་ཀུན་ལ་ཤར་བ་ཡིན་ཏེ། དགོངས་པ་ཚིགས་པའི་རྒྱུད་ལས། ཤེལ་སྒོང་དྲི་མ་མེད་པ་ལ། །གང་འཕྲད་རྒྱན་གྱིས་དེ་ལྟར་སྣང་། །དེ་བཞིན་སེམས་ཉིད་དག་པ་ཡང་། །དགེ་སྡིག་གོས་པ་ལྟར་སྣང་ངོ་། །ཞེས་གསུངས་སོ། །གསུམ་པ་ཅིར་ཡང་སྣང་བ་ཡང་རྐྱེན་གྱིས་བསྒྱུར་བས་སྣང་དུ་རུང་བའི་དཔེ་དོན་དངོས་དང་། དྲང་། དེ་ཡང་དཔེར་ན་ཨར་སྟེ་འཕགས་པ་རྡོ་རྗེ་སེམས་དཔའ་དེ་ཉིད་ནོར་ལྷ་ཛཾ་བྷ་ལའི་སྐུར་སྣང་ནས། ཕྱག་གཡོན་པས་ནེའུ་ལེའི་རྐྱལ་པ་རིན་པོ་ཆེས་བཀང་བ་བསྣམས་ནས་རིན་ཆེན་གྱི་ཆར་ཕྱོགས་མེད་དུ་ཕབ་པ་ལས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེའི་ཆོས་ལུགས་ཡང་དག་པ་པ་དང་ལྡན་ཞིང་དགེ་བཅུ་སྤྱོད་པའི་དོན་གྱི་གནས་སུ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་བབས་པ་དང་། བྲམ་ཟེ་དམ་པ་སྟེ་ཡ་རབས་པ་དེའི་གནས་སུ་སྣ་ཚོགས་རིན་ཆེན་གསེར་དངུལ་ལ་སོགས་ཕལ་པ་ལྔ་སྣང་བ་དང་། ཙི་བི་ར་སྟེ་ཡི་དྭགས་ཀྱི་གནས་སུ་བྱེ་ཚུབ་དང་གྲམ་པར་མཐོང་བ་དང་། དབུལ་བ་ཏན་ཏྲ་སྟེ་དབུལ་པོའི་རིགས་རྒྱུད་ཀྱི་གྲོང་ཁྱེར་དུ་ཟས་ཀྱི་ལྷད་མ་དང་རས་མ་གོས་ཧྲུལ་པོར་ཤར་བ་དང་། རིགས་ངན་བཤན་པ་དང་ཤན་ཏ་རཀྴ་སྟེ་སྲིན་པའི་གནས་སུ་ཤ་དང་ཁྲག་དང་རུས་པའི་ཆར་དང་། གདོལ་པ་ཞིང་ལས་པའི་གྲོང་དུ་འབྲུ་རིན་ཆེན་སིལ་མིའི་ཆར་འབབ་པའོ། །དེ་ལྟར་རིན་པོ་ཆེའི་ཆར་གཅིག་ལ་བསོད་ནམས་ཆེ་ཆུང་གི་དབང་གིས་སོ་སོར་སྣང་བ་བཞིན་དུ། འགྲོ་དྲུག་གི་སྤྱོད་ཡུལ་བདེ་སྡུག་མི་མཐུན་པ་ཐ་དད་དུ་སྣང་བ་དེ་ཡང་། རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་རྟོགས་མ་རྟོགས་ཕྱོགས་རྟོགས་ཀྱི་རྐྱེན་གྱིས་བསྒྱུར་ནས་སྣང་བ་ཙམ་མིན་པ། དོན་གྱི་ངོ་བོ་ལ་འཁོར་འདས་སོ་སོའི་རིགས་རྒྱུད་དང་ཕྱོགས་ཆ་ཐ་དད་དུ་གྲུབ་པ་མེད་པ་ལས་ཐམས་ཅད་སྣང་བས་སེམས་ཉིད་དེ་ལ་རྐྱེན་བཟང་ངན་དེས་བསྒྱུར་ཅིང་ཅིར་ཡང་སྣང་དུ་བཏུབ་བོ། །དེ་ཡང་ཀློང་དྲུག་པ་ལས། བསྒྱུར་དུ་བཏུབ་པར་གནས་པ་ལས། །འབད་མེད་བློ་ཡི་སྣང་བར་སྣང་། །ཞེས་སོ། །དེ་ལྟར་ན་ལམ་བགྲོད་པ་དོན་མེད་ཅིང་། འབྲས་བུའང་སླར་སེམས་ཅན་དུ་ལོག་པར་འགྱུར་ཏེ། དེ་ཉིད་ལས། རང་གི་གནས་ལུགས་བསྒྱུར་བཏུབ་ན། །འབྲས་བུ་ཉིད་ནི་རྒྱུར་ལྡོག་ཕྱིར། །འབད་པ་རྣམས་ལ་གོམས་མེད་པས། །ཡང་དང་ཡང་དུ་ལྡོག་པས་ན། །བེམས་པོ་རྣམས་ནི་རིག་བཅས་སུ། །འགྲོ་བར་གཏུབ་པ་མ་ཡིན་བཞིན། །ཞེས་གསུངས་པའི་ཕྱིར་རོ་ཞེ་ན། དོན་གནས་ལུགས་ལ་འགྱུར་བ་མེད་ཅིང་བསྒྱུར་དུ་མི་བཏུབ་ཀྱང་། དེ་ཉིད་ངོ་མ་ཤེས་པའི་བློ་ལ་འཁྲུལ་པར་ཤར་བ་ལ་བསྒྱུར་བ་ལྟར་སྣང་བའི་ཕྱིར་འགལ་བ་མེད་དེ། རྒྱས་པ་ལས། ངན་སོང་འགྲོ་དྲུག་སྣ་ཚོགས་རྒྱུ་བ་ཡང་། །འཁྲུལ་པའི་ལོག་རྟོག་བློ་ཉིད་སྣང་བ་སྟེ། །དེ་བཞིན་ཉིད་ཀྱི་དབྱིངས་ལས་འགྱུར་བ་མེད། །ཅེས་སོ། །བཞི་པ་ལོག་རྟོག་གི་སྣང་བ་དོན་ལ་རང་རྒྱུད་དུ་མེད་པའོ། །དྲང་། སྤྱིར་བསྡུས་ཏེ་བསྟན་པ་ནི་མ་རིག་པས་བསྐྱེད་པའི་སེམས་ཅན་གྱི་གཟུང་འཛིན་གྱི་སྣང་བ་ཐམས་ཅད་ལོག་པ་སྟེ། དེ་ལ་བདེན་པར་འཛིན་པ་ནི་རྟོག་པའོ། །དེ་ཉིད་འགྲོ་བ་རིགས་དྲུག་གི་དབང་གིས་ཡུལ་སེམས་ན་རྣམ་གྲངས་བསམ་ཡས་པ་དང་། དུས་ཀྱང་ཐོག་མཐའ་མེད་པར་བསམ་ཡས་པ་སྟེ། དེ་དག་ནམ་མཁའ་གཟུགས་སུ་གྲུབ་མ་མྱོངས་པ་བཞིན། ཡེའམ་གདོད་མ་ཉིད་ནས་གཞི་སེམས་ཉིད་ཀྱི་ངང་ལ་རང་རྒྱུད་དུ་གྲུབ་ནས་ཡོད་པ་མ་ཡིན་ཏེ། དེ་ཡང་སྟེན་ཀྱང་གསུམ་སྐྱོན་དང་བསྟན་བྱ་ལྷག་མ་ཅན་གཉིས་ལས། འདི་ནི་སྔ་མ་སྟེ། དེ་དག་རང་རྒྱུད་དུ་མ་གྲུབ་ཀྱང་འགྲོ་དྲུག་སོ་སོའི་གཟུང་འཛིན་གྱི་རྟོག་པ་དགེ་སྡིག་ལུང་མ་བསྟན་གྱི་བག་ཆགས་བཟང་ངན་དང་ཕྲ་རགས་བསོགས་སད་ཀྱི་རིམ་པ་རྣམས་ཐེར་སློང་གི་དྲག་པ་བཞིན་ཏུ་ཀུན་གཞི་ལ་བསོགས་པས། དཔེར་ན་ཆུ་རྙོག་མ་ལ་གཟུགས་བརྙན་མི་འཆར་བ་ལྟར། སེམས་ཀྱི་འགྱུ་མཐས་རང་གི་མཚན་ཉིད་རང་གིས་བསྒྲིབས་ཤིང་དུས་མཐའ་མེད་པར་རྟག་ཏུ་ཁམས་གསུམ་དུ་འཁོར་བའོ། །དེའི་དོན་ནི་འདི་སྐད་དུ་རྒྱས་པའི་རྒྱུད་ལས་གསུངས་པས་དུས་ཐོག་མ་མེད་པ་ནས་འཁྲུལ་ཀྱང་། སེམས་ཉིད་རང་བྱུང་ཡེ་ཤེས་ལས་ལོགས་སུ་སྟེ་གུད་དུ་མ་འགྱུར་ཅིང་མཁའ་སྤྲིན་ལྟར་དབྱེར་མེད་དོ། །འོ་ན་ཅིའི་ཕྱིར་འཁྲུལ་ཞེ་ན། རྒྱུད་ལྷན་སྐྱེས་མ་རིག་པ་དང་ཀུན་བརྟགས་མ་རིག་གཉིས་དང་། རྐྱེན་ལས་ཉོན་གྱིས་འཁྲུལ་པར་སྣང་སྟེ། དེ་ཡང་གཤིས་ལ་མ་གྲུབ་ཅིང་དྭངས་བ་དང་སང་རྒྱུ་ཡོད་པའི་ཕྱིར་གློ་བུར་བ་ཞེས་བྱ་སྟེ། དེས་ན་འཁྲུལ་པའི་སྤྱོད་ཡུལ་ཐ་དད་པར་སྣང་བའི་དུས་ལ་ཐོག་མ་འདི་ནས་བྱུང་བ་དང་མཐའ་མ་འདིར་ཐལ་མེད་པར་སྣང་བའོ། །གསུམ་པ་དོན་རྟོགས་པར་བྱ་བའི་ཕྱིར་འཁྲུལ་པ་དང་མ་ནོར་བའི་མཚན་ཉིད་ལ་བརྒྱད་དེ། བགྲང་། དང་པོ་གཉིས་སུ་འདོད་པ་ལྷུན་གྲུབ་ལ་སྐྱོན་བརྗོད་པ་ཉིད་འཁྲུལ་པ་དང་། དྲང་། གཞི་དོན་བྱང་ཆུབ་སེམས་ཀྱི་རྒྱུད་ལ་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཀུན་རྩལ་འགག་མེད་དུ་ལྷུན་གྱིས་གྲུབ་པར་གནས་པ་སྟེ། དཔེར་ན་ནོར་བུ་རིན་ཆེན་ལ་དགོས་འདོད་ལྷུན་གྲུབ་ཏུ་འབྱུང་བ་ལྟར་བུ་གཅིག་པ་ཡིན་པ་དེ་ལ། འཁོར་འདས་སྣང་སྟོང་ཐ་དད་འགལ་བ་ཡིན་པས། སྐྱོན་དུ་མ་འདུས་པ་ཡིན་ཞེས་ཐེག་པ་དམན་པ་མཚན་ཉིད་ལས་བརྗོད་ནའང་། འོ་ན་གཞི་སྣང་བཏགས་པའི་འཁོར་འདས་གཉིས་ལ་ཕན་ཚུན་སྤང་བླང་དུ་བྱེད་པར་གང་ཟག་གང་གིས་འདོད་པ་དེ་ལ། དཔེ་དྲེད་མོས་རྩི་ཐོག་གི་འབྲས་བུ་ཟོས་ཀྱང་ཁོང་པར་མི་སྡོད་ནས་བྱབ་པ་ལྟར། གཞི་དོན་ལ་འཁོར་འདས་ཐ་དད་དུ་འདོད་ན་གསང་བ་བླ་ན་མེད་པའི་དོན་མཆོག་ག་ལ་ཡོད་དེ་མེད་པའོ། །གཉིས་པ་འཁོར་འདས་ཐ་དད་ལ་སྐྱོན་བརྗོད་དེ་ཐ་མི་དད་དུ་བསྟན་པ་དང་། དྲང་། ཀུན་གཞིའི་ཐོག་ནས་བག་ཆགས་སད་པ་ཉོན་མོངས་གཟུང་འཛིན་འཁོར་བའི་ཆོས་དང་། དེ་དག་རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་གཉིས་རྒྱུ་མཚན་ཉིད་ཐེག་པ་ལྟར། ཡེ་གདོད་མ་ཉིད་ནས་འཁོར་འདས་གཉིས་ཀྱི་ངོ་བོ་བདེ་སྡུག་ཐ་དད་དུ་ཡོད་པ་ཡིན་ཞེ་ན། གཟུང་འཛིན་ཉོན་མོངས་འཁོར་བའི་ཆོས་སྤང་ཞིང་ཐོབ་བྱ་འབྲས་བུ་བྱང་ཆུབ་བསྒྲུབ་ཏུ་མེད་དེ། ལམ་རིམ་ལས། ཡང་དག་གཤེགས་དང་ལོག་རྟོགས་གཉིས། །ངོ་བོ་ཉིད་དུ་གནས་གྱུར་ན། །དེ་ལ་བཅོས་ཤིང་བསྒྱུར་དུ་མེད། །མཆིང་བུ་རིན་ཆེན་བཞིན་མི་རིགས། །ཞེས་སོ། །འཁོར་འདས་གཉིས་སོ་སོའི་རང་བཞིན་སྣང་བ་དང་སྟོང་པ་ཐ་དད་དུ་ངེས་པ་ཡིན་ཞེ་ན། ཡང་དག་པ་བླ་མེད་ཀྱི་ལམ་ཐོས་བསམ་བསྒོམ་པའི་བསྐྱེད་རྫོགས་ཀྱི་སྒོ་ནས་འཁོར་བ་མྱང་འདས་སུ་བཅོས་སུ་མེད་དེ་སོལ་བ་དཀར་པོར་མི་འགྱུར་བ་བཞིན་ནོ། །དེ་ཡང་ལམ་རིམ་ལས། བྱང་ཆུབ་མཆོག་གི་ངོ་བོ་ལ། །སོ་སོར་རང་བཞིན་ངེས་ཤེ་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །ཅེས་སོ། །གང་དུ་དེ་ལྟར་འཁོར་འདས་ཐ་དད་ན་སྐྱོན་ཡོད་པར་རྒྱུད་ལས་གསུངས་པའི་ཕྱིར་ན་གསང་སྔགས་བླ་མེད་ཀྱི་གཞི་སྣང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་ཅིང་གནས་པ་ལ། དེ་ལྟར་ངོ་མ་ཤེས་པ་རྒྱུའི་ཐེག་པས་ཤེས་བྱེད་ཀྱི་བློ་དང་ཤེས་བྱའི་གཞི་གཉིས་བློ་ཅན་བློ་འདས་ཞེས་ཐ་དད་གཉིས་སུ་སྨྲ་ནའང་། བླ་མེད་རང་གཞུང་གི་དགོངས་པ་ནི་བསམ་པའི་བློ་དེ་ཀ་རང་གཞི་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་སྣང་ཡིན་ཏེ། གཞན་གྱིས་འོ་ན་བློ་དེ་ལ་འཁྲུལ་རྟོག་ཡོད་པ་དེ་གཞི་དེ་ལ་མེད་པར་འདོད་པ་དེས་ན། གཞི་དང་བློ་གཉིས་ཕྱོགས་རིས་སུ་རྟོགས་ནས་ཐ་དད་པར་བདེན་པ་ཡིན་ཞེ་ན། འོ་ན་བློ་དེ་དང་གཞི་དེ་གཉིས་ལ་འབྲེལ་པ་མེད་པས་གཞི་རྟོགས་སུ་མི་བཏུབ་པའི་སྐྱོན་འདུག་པ་དེས་ན། དུས་ནམ་ཡང་སྔོན་གོང་དུ་ངོ་བོ་དང་རང་བཞིན་ཐ་དད་ལ་སྐྱོན་ཡོད་པ་བཞིན་དུ་དོན་ལ་བདེན་ཅིང་འཐད་པ་མིན་ནོ། །འོ་ན་གང་ཡིན་ཞེ་ན། ཆོས་ཉིད་རྣམ་པར་མི་རྟོག་པའི་གཞི་དོན་དེ་ཉིད་རྟོག་པ་བློའི་སེམས་རྒྱུད་ལ་དབྱེར་མེད་དུ་ལྡན་ནས་ཡོད་པའོ། །གསུམ་པ་ལོག་རྟོག་སྤང་དུ་མེད་པའི་དཔེ་དོན་དང་། དྲང་། སྣོད་བཅུད་རྒྱུད་རྣམས་ཐམས་ཅད་རིགས་ལྔ་ཡབ་ཡུམ་དང་ཡེ་ཤེས་སུ་རྣམ་པར་དག་ཅེས་བྱ་བའམ། ཡང་ན་དབྱིངས་ཀ་དག །ཡེ་ཤེས་ཀ་དག །ཀ་དག་ཆེན་པོ་བྱ་བ་དེ་ཡང་། དང་པོ་དངོས་པོ་མ་དག་པ་གཅིག་བསལ་ནས་གསར་དུ་དག་པར་འདོད་པ་ནི་མ་ཡིན་ཏེ། སྣང་བ་བདེ་བ་དང་སྤྱོད་པ་བདེ་བའི་དུས་ཉིད་ན་གཞི་སྣང་དུ་རྣམ་པར་དག །ཅེས་རྒྱས་པའི་རྒྱུད་ལས་གསུངས་པས་ན་ལོག་རྟོག་གི་ཤེས་པ་འདི་ཉིད་གཞི་ཡེ་ཤེས་རང་སྣང་ལས་མ་གཡོས་པའི་ཕྱིར་སྤང་དུ་མེད་དེ། དཔེར་ན་ནམ་མཁའ་སྟོང་པ་ལ་སྤྲིན་དང་འཇའ་ཚོན་སྣ་ཚོགས་སུ་སྣང་བའི་ཚེ་ན། རང་བཞིན་ནམ་མཁའ་སྟོང་པར་ངང་ངམ་ཤུགས་གིས་གནས་པ་ལྟར་རོ། །དེ་ཡང་མདོ་ལས། ཆོས་ཅན་མཚན་མར་སྣང་བའི་རང་བཞིན་རྣམས། །ཆོས་ཉིད་མཚན་མ་མེད་པའི་ངང་དུ་གནས། །ཞེས་སོ། །བཞི་པ་བློ་དངོས་སུ་འབྱེད་པའི་སྐྱོན་དང་། དྲང་། གསང་སྔགས་ལ་དགར་བས་གང་ཟག་དག་རྒྱུ་ཡི་ཐེག་པ་མཚན་ཉིད་པས། ཡུལ་ཡུལ་ཅན་ཀུན་ཏུ་གཟུང་འཛིན་གྱི་རྟོག་པ་ཀུན་རྫོབ་འཁྲུལ་སྣང་འདི་ཉིད་དོན་དམ་གྱི་ངོ་བོ་ལ་བདེན་པར་ཡོད་ན། དོན་དམ་སྤྲོས་བྲལ་གྱི་ངེས་ཚིག་མེད་པར་འདོགས་པས་བདེན་པ་གཉིས་སུ་དབྱེ་སྟེ། ཀླུ་སྒྲུབ་ཀྱིས་འཇིག་རྟེན་ཀུན་རྫོབ་བདེན་པ་དང་། དམ་པའི་དོན་དུ་བདེན་པའོ། །ཞེས་གསུངས་པས། དོན་དམ་གྱི་མཚན་ཉིད་ནི། ཀུན་རྫོབ་གཞིག་ཅིང་མ་གྲུབ་པས་དྭངས་ཞིང་བློའི་སྤྲོས་པ་དང་བྲལ་བས་གསལ་བ་སྣང་བ་རྣམ་པར་དག་པ་གང་ཡིན་པ་དོན་དམ་དུ་འདོད་པའོ། །བསམ་པའི་བློ་དག་ལ་ཀུན་རྫོབ་ཀྱི་སྣང་བ་དེ་དག་ཡོད་ཅེས་སྨྲ་ན། བདེན་གཉིས་སོ་སོར་དགག་བསྒྲུབ་ཅན་དུ་བསྟན་པ་ནི་རྣམ་པར་རྟོག་པའི་བློས་བརྟག་དཔྱད་བྱས་པ་ཡིན་པས་ཆོས་ཉིད་མཐའ་བྲལ་བློ་ལས་འདས་པའི་དོན་རྟོགས་པ་ནི་མ་ཡིན་ནོ། །ལྔ་པ་སྒྲ་ཅི་བཞིན་ཏུ་འཛིན་པ་འཁྲུལ་ཞིང་མི་འཛིན་པ་འཁྲུལ་པ་དང་། དྲང་། གསང་སྔགས་ཀྱི་དོན་ལ་བློ་ཤེད་མ་བྱེ་བའི་ཚིག་ཕྱིར་བློ་འབྲང་བ་དག་གིས། གསང་སྔགས་ཀྱི་རྒྱུད་གཞུང་དུ་སྣོད་བཅུད་རྒྱུད་རྣམས་རིགས་ལྔ་ཡབ་ཡུམ་ཡེ་ཤེས་སུ་དག་པ་གསུམ་དང་། ལྷག་པའི་མཉམ་པ་གཉིས་དང་འཁོར་འདས་སམ་བདེན་གཉིས་གཉིས་མེད་ཀྱི་དོན་དེ་དག་ཚིག་ཙམ་ལ་ཞེན་པས། མ་དག་པ་གསུམ་ལྡོག་པས་དག་པ་གསུམ་དང་། མི་མཉམ་པ་གཉིས་ལྡོག་པས་སྟོང་པར་འདོད་པ་དང་། གཉིས་ཅན་ལྡོག་པས་གཉིས་མེད་སྟོང་པར་འདོད་པ་དང་གསུམ་གྱིས་ཕྱེ་བས་གཞི་ཅི་བཞིན་པའི་དོན་སྒྲུབ་བྱེད་ཀྱི་གཏན་ཚིགས་སྒྲ་གང་ཅིར་ཞེན་ཅིང་བསྒྲུབ་པ་གྲུབ་མཐའི་ཕྱོགས་སུ་འདོད་པ་ནི། ཡུལ་གང་ག་དར་ཅིའི་མི་ཡི་དྭགས་བཞིིན་དུ། བསོད་ནམས་ཆུང་བས་སྤོས་དྲི་མི་གཙང་བ་དང་། དར་ཟབ་ཚེར་མ་རུ་མཐོང་ནས་ཟས་གོས་ལོངས་སྤྱོད་ཀྱི་སྤྱོད་ཡུལ་བྲལ་བ་སྟེ་བཟའ་བཏུང་གི་འདོད་པས་ནི་གདུང་བ་བཞིན་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་ངང་ཡིན་པ་ལ་བཟང་ངན་དགག་བསྒྲུབ་གཉིས་ཀྱི་རྟོག་པས་བསྡུས་པས་དབྱེར་མེད་ཀྱི་དོན་དང་བྲལ་བ་དང་། གཞི་འབྲས་དབྱེར་མེད་ལྷུན་གྲུབ་ཀྱི་ངང་ཡིན་པ་ལ། ཐེ་ཚོམ་ཡེ་རྔམ་ཟ་བ་སྟེ་ཐ་དད་འདོད་པའོ། །འཁོར་འདས་དབྱེར་མེད་ཀྱི་དོན་གང་ཟག་གང་གིས་ཤེས་པ་ནི། གང་ག་དར་ཙིའི་མི་གཙང་བར་མཐོང་བ་དེ་མི་བསོད་ནམས་ཅན་གྱིས་སྤོས་དྲིར་མཐོང་བ་དང་། ཚེར་མའི་ནང་ན་འདུག་པ་དེ་བསོད་ནམས་ཅན་དེས་ན་བཟར་མཐོང་བ་བཞིན་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་པ་གཞི་དོན་བྱང་ཆུབ་ཀྱི་སེམས་སུ་དབྱེར་མེད་པ་དེ་ནི་སྒྲོ་སྐུར་ལུང་མ་བསྟན་གྱི་སྐྱོན་དང་བྲལ་བས་ལུང་གི་ཚད་མར་བཞག་པའོ། །དྲུག་པ་བརྩལ་ཐབས་ཡོད་མེད་གཉིས་ཀར་ཚོལ་བ་འཁྲུལ་བ་དང་། དྲང་། གཞི་དོན་བྱང་ཆུབ་སེམས་ཕྱོགས་མེད་ཀྱི་ངོ་བོ་ལ་སྣང་སྟོང་ཕྱོགས་རེར་གཟུང་བ་སྟེ། དེ་ཡང་གཞིའི་ངོ་བོ་ཡོད་པ་སྣང་བ་ཕྱོགས་གཅིག་ལས་བརྩལ་ན་བྱང་བ་སྟོང་པའི་རང་བཞིན་ལ་སྒྲོ་བཏགས་པ་ཡིན་ཏེ། དེ་ལྟར་མེད་པ་སྟོང་པ་ཕྱོགས་གཅིག་ལས་བརྩལ་ན་རིག་རྩལ་འགག་མེད་ཆུབ་པ་སྣང་བའི་རང་བཞིན་ལ་སྐུར་པ་བཏབ་པར་འགྱུར་བ་དང་། ཡང་ཡོད་པ་སྣང་བ་དང་མེད་པ་སྟོང་པ་གཉིས་ཐ་དད་ལས་བཙལ་བར་བྱས་ན། དེ་ནི་ལུང་མ་བསྟན་ཏེ་དབྱེར་མེད་མཉམ་པ་ཉིད་ལུང་མ་བསྟན་དུ་འགྱུར་བ་ཡིན་ནོ། །རྒྱས་པ་ལས་དེ་སྐད་གསུངས་པའི་ཕྱིར་ན་རང་རིག་པ་བྱང་ཆུབ་སེམས་དབྱེར་མེད་ལ། ཡོད་པ་བསྒྲུབ་ཅིང་མེད་པ་དགག་པ་དང་། མེད་པ་བསྒྲུབ་ཅིང་ཡོད་པ་དགག་པས་ཕྱོགས་རེར་གཟུང་བ་ནི་འདུ་ཤེས་ཕྱོགས་གཅིག་པ་སྟེ་བླུན་པོའི་བློ་ཅན་ཡིན་ནོ། །བདུན་པ་དོན་དབྱེར་མེད་ལ་ལྷུན་གྲུབ་ཕྱོགས་གཅིག་པར་འཛིན་པ་འཁྲུལ་པ་དང་། དྲང་། དགག་བསྒྲུབ་བྱས་ན་སྐྱོན་འདུག་པ་དེ་བས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་གཞི་དོན་སེམས་ཀྱི་དེ་ཁོ་ན་ཉིད་དུ་ལྷུན་གྱིས་གྲུབ་པ་ཡིན་པ་ལ། རྒྱུའི་ཐེག་པ་སེམས་ཙམ་པས་ཡུལ་ཡུལ་ཅན་ཀུན་ཏུ་བློས་བརྟགས་པ་སྟེ། མཚན་ཉིད་རྒྱ་ཆད་པའི་དང་། རྣམ་གྲངས་ཀྱི་དང་། ལྟོས་པའི་ཀུན་བརྟགས་དང་གསུམ་པོ་དེ་ཉིད། དག་མ་དག་གྱི་རྒྱུ་རྐྱེན་གཞན་གྱི་དབང་གིས་བྱས་པ་དང་། དོན་ལ་འགྱུར་བ་མེད་པའི་ཡོངས་སུ་གྲུབ་པ་གཞི་དོན་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ལྟ་བ་དང་གསུམ་གྱི་བྱེ་བྲག་ཏུ་ཕྱེས་ཏེ། སྤང་བླང་དགག་བསྒྲུབ་བྱེད་ནས་རང་རིག་རང་གསལ་སྟོང་ཐོག་ཏུ་ལྷུན་གྱིས་གྲུབ་པར་འདོད་པ་དང་། གསང་སྔགས་ཕྱོགས་མེད་ཀྱི་ལྷུན་གྲུབ་འདྲའམ་ཞེ་ན་མི་འདྲ་སྟེ། སྔགས་ཀྱི་གཞི་དོན་ལ། སེམས་ཙམ་ལྟར་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་གྱིས་དགག་སྒྲུབ་ཅན་གྱི་གཏན་ཚིགས་ཀྱི་བྱ་བ་དེ་དང་གྲུབ་མཐའ་རང་རིག་རང་གསལ་དུ་འདོད་པ་དེ་དག་གྲུབ་པ་མེད་དོ། །འདོད་པ་དེས་ནི་སྔགས་ཀྱི་སྨྲ་བསམ་བརྗོད་དུ་མེད་པའི་གཞི་དོན་ཕྱོགས་མེད་ལྷུན་གྲུབ་ཀྱི་དོན་ལ་མི་འཇོག་སྟེ་མི་བཞག་གོ། །དེ་ཡང་ལ་ཤན་ལས། གཞན་གྱི་དམ་པའི་དོན་དེ་ཉིད། །ཕྱོགས་གཅིག་ལ་གནས་ཡང་དག་མིན། །རྐྱེན་སྣང་སེ་གོལ་ཆ་ཡི་ཕྱིར། །གཉིས་བྲལ་སྨྲ་བའི་རིག་པས་འགལ། །ཞེས་སོ། །འོ་ན་གཞིའི་ངོ་བོ་གང་ཞེ་ན། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་ཤེས་བྱའི་ཆོས་ཀུན་ལ་བགོས་པ་མེད་པར་ཁྱབ་པས་རྒྱས་བཏབ་ཅིང་ལྷུན་གྱིས་གྲུབ་པས་ན། སེམས་ཉིད་ཀྱི་རང་བཞིན་འཁོར་འདས་ཀྱི་ཆོས་ཀུན་དང་དབྱེར་མེད་ཀྱི་ངང་དུ་གནས་པ་ཡིན་པ་ལས་མ་གཏོགས་པ། མེད་པ་འབའ་ཞིག་གི་ཕྱོགས་མ་ཡིན་ཏེ། རྒྱས་པ་ལས། དཔེར་ན་རྒྱལ་པོས་རྒྱས་བཏབ་ན། །སེམས་ཅན་ཀུན་གྱི་ཡོངས་མི་འདའ། །དེ་བཞིན་མཉམ་ཉིད་ཕྱག་རྒྱ་ཡིས། །ཀུན་ལ་ཁྱབ་ཅིང་ཐམས་ཅད་སྣང་། །སྐུ་གསུང་ཐུགས་ཀྱིས་རྒྱས་བཏབ་ན། །ཞེས་སོ། །འོ་ན་དབུ་མའི་ལྟ་བ་དང་འདྲའམ་ཞེ་ན་མ་ཡིན་ཏེ། མེད་པར་འདོད་པའི་དཔེ་མི་སྲིད་པའི་ཆོས་བཞི་སྟེ། གླིང་བཞི་གཅིག་ལ་འཁོར་ལོ་བསྒྱུར་རྒྱལ་གཉིས་མི་སྲིད། བསྟན་པ་གཅིག་ལ་སྟོན་པ་གཉིས། གླིང་བཞི་གཅིག་ལ་ཉི་ཟླ་ཕྲུགས་གཉིས། བུད་མེད་ལ་རང་སངས་རྒྱས་མི་སྲིད་པ་ལྟར་སྟོང་ཉིད་སྤྲོས་བྲལ་དབྱེར་མེད་ཕྱོགས་གཅིག་ཙམ་དུ་གནས་པར་འདོད་པའང་མེད་དེ། ལ་ཤན་ལས། མཉམ་རྫོགས་བདག་ཉིད་ཆེན་པོའི་ཕྱིར། །བདེན་པ་གཉིས་ཀྱི་སྐད་ལས་འདས། །ཞེས་པ་དང་། ཀློང་ཆེན་ལས། ཡོད་མཐོང་གྲགས་པའི་ཆོས་རྣམས་དང་། །མེད་སྣང་བརྟགས་པའི་ཆོས་རྣམས་ཀུན། །རང་ལ་ཐ་དད་མེད་པས་ན། །གཉིས་སུ་མེད་པར་ཡེ་གནས་གསལ། །ལྟོས་པ་མེད་པར་རང་སར་གྲོལ། །ཞེས་སོ། །བརྒྱད་པ་བདེན་པ་དབྱེར་མེད་ཀྱི་དཔེ་དོན་སྒྲ་ཅི་བཞིན་དུ་རྟོག་པ་འཁྲུལ་པའོ། །དྲང་། འོ་ན་སྔགས་ཀྱི་དབྱེར་མེད་གང་ཞེ་ན། ཆུ་དང་གཟུགས་བརྙན་ལྟར་དོན་དམ་དང་ཀུན་རྫོབ་ཀྱི་བདེན་པ་རྣམ་པ་གཉིས་པོ་ཡེ་ནས་སྔ་ཕྱི་དང་བཟང་ངན་ཐ་དད་མེད་པར་དབྱེར་མེད་ཡིན་པའི་ཕྱིར་ཏེ། དེས་ན་གཞིའི་ངོ་བོ་ལ་ཀུན་རྫོབ་དགག་ནས་དོན་དམ་ཕྱོགས་གཅིག་སྒྲུབ་པ་དང་། ཡང་དོན་དམ་དགག་ནས་ཀུན་རྫོབ་བསྒྲུབ་ཏུ་མེད་པའི་ཕྱིར་ཡེ་ནས་གཉིས་མེད་ཀྱི་ངོ་བོ་སྨྲ་བའི་ཚིག་དང་བསམ་པའི་བློ་ལས་གྲོལ་བ་ཡིན་ཏེ། དེ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་རིག་པ་རང་སྣང་བའི་ཕྱིར། གོང་ལྟར་འཁོར་འདས་སམ་བདེན་གཉིས་མི་མཐུན་པ་གཉིས་ལྷན་ཅིག་ཏུ་འདུས་པར་བློས་བརྟག་ཏུ་མེད་དེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ལྗོན་ཤིང་ལ་རྟོག་མེད་དུ་དགོས་འདོད་ལྷུན་གྱིས་གྲུབ་པ་ལྟར་བྱེད་པ་པོ་མེད་པར་བདེན་གཉིས་དབྱེར་མེད་དུ་གནས་པ་ཡིན་པ་ལ། བདེན་གཉིས་ཚིག་གིས་ཐ་དད་དུ་སྒྲ་ཅི་བཞིན་པ་རུ་སོ་སོར་བཟང་ངན་ཐ་དད་དུ་རྟོག་པ་ནི་བླ་མེད་ཀྱི་གཞི་དོན་དབྱེར་མེད་ལྷུན་གྲུབ་ཀྱི་དོན་ལ་འཁྲུལ་ཏེ་མི་རྟོགས་པའོ། །བཞི་པ་ངེས་ཚིག་ལ་གསུམ་སྟེ། གཞིའི་སྣང་བའི་ངེས་ཚིག་དང་། དེ་ལྟར་སྣང་དུས་འཁོར་འདས་གཉིས་མེད་དུ་ལ་བཟླ་བའི་དཔེ་དོན་བསྟན་པ་དང་། རྒྱུད་ཀྱི་ངེས་ཚིག་གོ། །དང་པོ་གཉིས་ཏེ། དང་པོ་སྣང་བའི་ངེས་ཚིག་དང་། དྲང་། དེ་ལྟར་དོན་དམ་དང་ཀུན་རྫོབ་བདེན་པ་གཉིས་གཞི་དོན་ལ་གཉིས་སུ་མེད་པ་དེ་ཡང་། དོན་དམ་ནམ་མཁའ་སྟོང་པ་དང་འདྲ་བའི་ངང་དུ་ཀུན་རྫོབ་བདེན་པ་འཇའ་ཚོན་དང་སྤྲིན་ལྟར་དབྱེར་མེད་པར་སྣང་བ་བཞིན་དུ། སྣང་བ་ཀུན་རྫོབ་དང་སྟོང་པ་དོན་དམ་གཉིས་དུས་དང་རྣམ་པ་ཀུན་ཏུ་སེམས་ཉིད་དབྱེར་མེད་རང་དུ་གསལ་བ་དེ་བས་ན། རང་བཞིན་ངམ་ངམ་ཤུགས་ཀྱི་རང་སྣང་བའོ། །གཉིས་པ་དེ་ཉིད་ངང་སྣང་ཡིན་ཚུལ་ལུང་གིས་གསལ་བའོ། །དྲང་། དེ་ལ་བདག་སེམས་ངང་གཞན་ཡུལ་དུ་བློས་ཐ་དད་དུ་མ་རྟགས་པར། ཤེས་བྱ་མ་འདྲེས་པར་སོ་སོར་རང་སྣང་ཞིང་མཐུན་པའི་གཟུགས་སུ་རིག་རྩལ་འགག་མེད་དུ་ཤར་བ་དཔེ་དེ་ལྟ་བུ་དོན་དེ་ཡི་ངང་དུ་རང་སྣང་བའོ། །ཞེས་རྒྱས་པ་ལས་དེ་སྐད་གསུངས་པའི་ལུང་གིས་དོན་འདིར་དྲང་ཞིང་བགྲོད་དང་གོ་བ་དང་རྟོགས་པར་ཡང་སླའོ། །གཉིས་པ་དེ་ལྟར་དུ་སྣང་དུས་འཁོར་འདས་གཉིས་མེད་དུ་ལ་བཟླ་བའི་དཔེ་དོན་བསྟན་པ་དང་། དྲང་། གཟུང་འཛིན་ཕྱིན་ཅི་ལོག་པ་དེ་ཉིད་ཡང་དག་པའི་གནས་ལུགས་སུ་ལ་བཟླ་བ་ཡིན་ཏེ། ཅིའི་ཕྱིར་ན། ཁམས་གསུམ་གྱི་རྒྱུ་མ་རིག་པ་དེ་ཉིད་རང་རིག་པའི་ཡེ་ཤེས་སུ་སྒྲིབ་གཡོགས་མེད་པར་གསལ་ཞིང་། རྐྱེན་ཉོན་མོངས་ལྔ་དང་ལས་གསུམ་འབྲས་བུ་སྡུག་བསྔལ་དང་བཅས་པ་བྱང་ཆུབ་མཆོག་སངས་རྒྱས་ཀྱི་དགོངས་པ་ཡིན་པར་ཡེ་ནས་གནས་པའི་དོན་དེ་ཉིད། རྒྱས་པ་ལས་དེ་སྐད་གསུངས་པའི་དོན་གྱིས་ན་དེ་དག་ཐ་དད་དུ་བྱས་ནས་གཟུང་འཛིན་དེ་འཕོས་ནས་ཡང་དག་དང་། མ་རིག་པ་དེ་འཕོས་ནས་ཡེ་ཤེས་དང་། ཉོན་མོངས་སྡུག་བསྔལ་འཕོས་ནས་བྱང་ཆུབ་མཆོག་ཏུ་བསྒྲུབ་ཏུ་མེད་པ་ནི། དཔེར་ན་མར་མེ་གསལ་བའི་དུས་ན་མུན་པ་མ་སྤངས་ཀྱང་མུན་པ་ངོ་བོ་ཉིད་ཀྱིས་མི་ལྡན་པ་བཞིན་དུ། བླུན་པོ་མཚན་ཉིད་པས་མུན་པ་སྟེ་འཁོར་བ་སྣང་བ་དང་། སྣང་བ་སྟེ་འདས་པ་སྟོང་པ་གཉིས་རེས་མོས་ཐ་དད་དུ་མཐོང་བའོ། །དབྱེར་མེད་ཀྱི་དོན་ལ་མཁས་པ་གསང་སྔགས་པས་ནི། གཞི་སྣང་ལ་འཁོར་འདས་ཀྱི་ངོ་བོ་བཟང་ངན་ཐ་དད་ཀྱི་རིས་སུ་མི་ལྟ་སྟེ། འཁོར་བའི་ཆོས་ཐམས་ཅད་གཞི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་རྩལ་མ་འགགས་པར་རང་སྣང་བ་ཡིན་ནོ། །གཞི་སྣང་དུ་འཁོར་བ་བཏགས་པ་བ་སྤངས་པ་མེད་པར་འཁོར་བ་རང་རྒྱུད་ཀྱི་སྐྱོན་ཀུན་དང་བྲལ་བ་ནི། དཔེར་ན་མེ་ཏོག་པུཎྜ་རི་ཀ་དཀར་པོ་ལ་ནག་པོའི་སྐྱོན་མེད་པ་ལྟ་བུའི་གཞི་དོན་ཡིན་ཏེ། ལ་ཤན་ལས། འཁོར་བ་ཀ་དག་རིན་ཆེན་གླིང་། །ཞེས་པ་དང་། ཁོག་གཞུང་ལས། ཡེ་ནས་ཆོས་སྐུར་སངས་རྒྱས་ཏེ། །རྒྱུ་གཞི་རང་བྱུང་ཡེ་ཤེས་པས། །རྒྱུ་ཡི་ངོ་བོ་གདོད་ནས་དག །མ་རིག་པ་ཉིད་ཡེ་ཤེས་ཕྱིར། །འཁོར་རྒྱུ་མ་བཅོས་རང་བཞིན་མཉམ། །ཕྲལ་དུ་ཆགས་སྡང་ཡེ་ཤེས་ལྷར། །ཡེ་ནས་མ་བཅོས་མ་གསལ་སྟེ། །ཉོན་མོངས་རང་སྤྱི་སྐུ་གསུང་ཐུགས། །ཡིན་ཕྱིར་རྐྱེན་ཡང་སངས་རྒྱས་སོ། །རྒྱུ་རྐྱེན་འབྲས་བུའི་རང་བཞིན་བས། །མ་སྤང་འབྲས་བུ་སངས་རྒྱས་ཏེ། །རྡོ་རྗེ་ཕུང་སོགས་སངས་རྒྱས་པའོ། །ཉི་མའི་སྙིང་པོ་མུན་པ་བཞིན། །རང་བཞིན་ངང་ལ་འཁོར་བ་མེད། །ཅེས་སོ། །གསུམ་པ་རྒྱུད་ཀྱི་ངེས་ཚིག་གོ། །དྲང་། གཞི་དོན་དེ་ལ་ལམ་གྱི་ཆོས་རྣམས་དང་འབྲས་བུའི་ཆོས་ཀྱི་ཆེ་ཡོན་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་ཚང་བར་གནས་པས་ན། གོང་ལྟར་གཞི་དང་ལམ་འབྲེལ། ལམ་དང་འབྲས་བུ་འབྲེལ། གཞི་འབྲས་གཉིས་ངོ་བོ་བདག་ཉིད་གཅིག་པར་འབྲེལ་པ་དང་གསུམ་གྱི་ཏནྟྲ་སྟེ་རྒྱུད་ཅེས་བྱའོ། །དེ་ཡང་ལམ་རིམ་ལས། དེ་ལས་གཞན་པའི་ཐོབ་བྱ་མེད། །ཀུན་ཀྱང་སྨིན་ཟིན་བགྲོད་པ་མེད། །དེ་ཉིད་ལམ་གྱི་ངོ་བོ་ཡིན། །ཞེས་པ་དང་། རྔམ་གློག་ལས། ཕུན་སུམ་ཚོགས་པ་ལྔ་ཚོགས་ཤིང་། །འབྲེལ་དང་མ་ཚང་མེད་པ་དང་། །ཡོངས་སུ་རྫོགས་པས་རྒྱུད་ཅེས་བྱ། །ཞེས་སོ། །སྤྱིར་གཞི་ལམ་འབྲས་བུའི་གནས་སྐབས་སུ་འཁྲུལ་པ་ཡོད་མེད་ཀྱི་བརྟགས་པ་ལ་གསུམ་ལས། དང་པོ་གཞིའི་ངོ་བོ་ལ་འཁྲུལ་པ་མེད་དེ། གཞི་དོན་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་ལ། ལས་ཉོན་ཤེས་བྱའི་སྒྲིབ་པ་ཀ་ནས་དག་པ་ཡིན་པའི་ཕྱིར་ཏེ། གསང་སྙིང་ལས། བཅིངས་མེད་རྣམ་པར་གྲོལ་མེད་པས། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་པ་དང་། ནམ་མཁའ་མཐའ་མཉམ་གྱི་རྒྱུད་ལས། ཐག་པའི་རང་བཞིན་སྦྲུལ་མེད་ཀྱང་། །འཁྲུལ་པའི་ངོ་ལ་སྦྲུལ་དུ་སྣང་། །རང་སེམས་མ་བཅོས་ཅི་བཞིན་ལ། །འཁྲུལ་པའི་གཉིས་སུ་རྟོག་པས་བཟུང་། །ཞེས་པ་དང་། བང་མཛོད་ལས། ཐོ་མི་ཐག་སྦྲུལ་སྨིག་རྒྱུ་ལྟར། །ལོག་པའི་ཀུན་རྫོབ་འཁྲུལ་གསུམ་ཡོན། །ཞེས་པ་དང་། འདི་ཉིད་ལས། སྤྱིར་ནི་ལོག་རྟོག་བསམ་ཡས་པ། །ཡེ་ནས་ཡོད་པ་མ་ཡིན་ཏེ། །ཞེས་སོགས་དུ་མ་གསུངས་སོ། །ཡང་བརྟགས་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་ཉིད། །ཅེས་དང་། འཇམ་དཔལ་རོལ་པའི་མདོ་ལས། སྲིང་མོ་འདི་ལྟ་སྟེ། ནམ་མཁའ་ལ་མེ་འབར་ཡང་ནམ་མཁའ་ཚིག་པར་མི་ནུས་ཏེ། དེ་བཞིན་སེམས་ཉིད་རང་བཞིན་གྱི་འོད་གསལ་བ་ལ་གློ་བུར་གྱི་དྲི་མ་བྱུང་ཡང་། རང་བཞིན་གྱི་འོད་གསལ་བ་དེ་གློ་བུར་གྱི་དྲི་མས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱས་པར་མི་ནུས་སོ། །ཞེས་པ་དང་། ཚད་མ་རྣམ་འགྲེལ་དུ། སེམས་ཉིད་རང་བཞིན་འོད་གསལ་བ། ཉོན་མོངས་ཅན་ནི་གློ་བུར་བ། ཞེས་པ་དང་། དམ་པ་རྒྱ་གར་གྱིས། འཁྲུལ་པ་གཞི་ལ་མེད་དེ་གློ་བུར་པ། །མཚན་ཉིད་གོ་བས་ཆོག་གོ་དིང་རི་བ། །ཞེས་སོ། །དེ་ལྟར་མ་ཡིན་ཏེ། གཞི་འཁྲུལ་ཟེར་ན། སེམས་ཅན་སངས་རྒྱས་མི་སྲིད་པ་དང་། ལམ་ཐོས་བསམ་སྒོམ་གསུམ་གྱིས་འཁྲུལ་པ་མི་སེལ་བ་དང་། གཞི་ལ་དྲི་མ་ཡོད་པའི་ཕྱིར། སོལ་བ་ལ་དུང་མི་འབྱུང་བ་བཞིན་ནོ། །གཉིས་པ་ལ་ལམ་གྱི་གནས་སྐབས་སུ་འཁྲུལ་མ་འཁྲུལ་ཡོད་དེ། དེ་ཡང་མཉམ་གཞག་ཆོས་ཉིད་ཀྱི་ངོ་བོ་ལ་འཁྲུལ་པ་མེད་དེ། འོན་ཀྱང་རྗེས་ཤེས་ལ་མཐར་ལམ་གྱི་བར་དུ་འཁྲུལ་པའི་ཐ་སྙད་ཡོད་པ་ཡིན་ཏེ། ཅི་སྐད་དུ། མ་རྟོགས་སེམས་ཅན་ཐམས་ཅད་ལ། །འཁྲུལ་པ་ཟང་མ་གནས་པ་ཡིན། །ལམ་ལ་གནས་པའི་རྣལ་འབྱོར་ལ། །འཁྲུལ་དང་ཡེ་ཤེས་དུམ་བུར་གནས། །དུམ་བུར་གནས་ཤིང་དུམ་བུར་མཐུད། །ཅེས་སོ། །གལ་ཏེ་ལམ་གྱི་ངོ་བོ་འཁྲུལ་ན། ལམ་མཐར་ཕྱིན་ཙ་ན། འཁྲུལ་པ་མཐར་ཕྱིན་པ་ལ་སོགས་པའི་སྐྱོན་དུ་མ་ཡོད་དོ། །གསུམ་པ་འབྲས་བུའི་དུས་སུ་འཁྲུལ་པ་ཀ་ནས་དག་སྟེ། སྒྲིབ་པ་ཐམས་ཅད་སངས་ཤིང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་པའི་ཕྱིར་ཏེ། དེ་ཉིད་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ལ། །ཡེ་ཤེས་ཟང་མར་གནས་པ་ཡིན། །ཞེས་པ་དང་། ཡིད་སྐྱོབ་ལས། རང་བྱུང་ཡེ་ཤེས་སྤྲོས་དང་བྲལ་བས་སངས། །སྤྲོས་བྲལ་རྟོགས་པའི་རིང་དུ་ཆུབ་པས་རྒྱས། །ཞེས་པ་དང་། ལམ་ཆུང་ལས། སངས་པས་ཡེ་ཤེས་ཕྱོགས་བྲལ་རྒྱས། །ཞེས་སོ། །གཉིས་པ་ལེའུའི་མཚན་ནོ། །དྲང་། ཐུགས་ཀྱི་ཐིགས་པ་ནི། མཚན་དོན་དང་འབྲུ་མཐུན་པ་ལས་རང་བཞིན་དབྱེར་མེད་བཅོས་སླད་དང་བྲལ་བ་ལས། དགོས་པ་ཚང་ཞིང་འབྲེལ་པ་དང་ལྡན་པས་ན་རྒྱུད་དེ་ཉིད་དུ་རིག་རྩལ་འགག་མེད་དུ་སྣང་བའི་གཞུང་དོན་གཅོད་ཅིང་མཚམས་འཛིན་པར་བྱེད་པས་ན་ལེའུ་ཞེས་བྱ་སྟེ། ཡས་བགྲང་དང་པོའི་དོན་དུ་གདའོ།། ༈ །།གཉིས་པ་འཁྲུལ་སྣང་ལ་གཉིས་ཏེ། གཞུང་དང་མཚན་དོན། དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། འཁྲུལ་པའི་གཞི་ནི་གཞི་ངོ་བོ་ཉིད་སེམས་ཀྱི་ཆོས་ཉིད་དང་། འཁྲུལ་པའི་ཚུལ་ནི། མ་རིག་པ་ལས་བྱུང་བའི་ཁམས་གསུམ་གྱི་འཁྲུལ་པའི་ངོ་བོ་དུས་ཐོག་མཐའ་ཡང་དག་པའི་སྤྱན་དང་བྲལ་བ། རང་བཞིན་ནི་འཁྲུལ་པའི་དུས་ཉིད་ནའང་གཞི་དོན་ལས་མ་གཡོས་པ་གསུམ་གྱི་སྡོམ་ཚིག་དེའི་ནང་དུ་འཁྲུལ་པའི་ཆོས་རྣམས་ངེས་པར་ཤེས་པར་བྱའོ། །གཉིས་པ་རྒྱས་བཤད་དེ་ལ་གསུམ་སྟེ། འཁྲུལ་གཞི་དང་། འཁྲུལ་ཚུལ་དང་། རང་བཞིན་ནོ། །དང་པོ་ལ་ལྔ་སྟེ། བགྲང་། དང་པོ་གཞི་སྒྲོ་སྐུར་དང་བྲལ་བར་བསྟན་པ་དང་། དྲང་། རྒྱུད་དྲུག་ལས་ཀྱི་དབང་གིས་འགྲོ་བའི་མཐོ་རིས་གནས་གསུམ་ངན་སོང་གནས་གསུམ་དང་དྲུག་གི་སེམས་ཅན་ཐམས་ཅད་ཀྱི། སེམས་ཀྱི་གནས་ལུགས་ཉིད་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་རྟོག་པ་མེད་ཀྱང་། དགོས་འདོད་སྐོང་བའི་ཡོན་ཏན་ཟད་འཕེལ་མེད་པ་དེ་བཞིན་ཏུ། སེམས་ཉིད་ཅི་ལྟར་རང་གིས་བསམ་པ་ལྟར་རིག་རྩལ་འགག་མེད་དུ་སྣང་བའི་གཞི་དོན་ལ། འཁྲུལ་གཞི་མ་རིག་པ་དངོས་པོ་རང་ཁ་མར་ཡོད་པར་སྒྲོ་འདོགས་པ་དང་། རང་བཞིན་སྟོང་པ་ཕྱོགས་གཅིག་གི་ངོ་བོ་ལ། རིག་རྩལ་འགག་མེད་སྣང་བ་མེད་པར་སྐུར་པ་བཏབ་པའི་མཐའ་གཉིས་དང་བྲལ་ཞིང་སེམས་ཉིད་མ་འདྲེས་ཡོངས་རྫོགས་སུ་གནས་པ་དེ་ལ། གཉིས་པ་འཁྲུལ་གཞི་ཡོད་པ་ལ་འཁྲུལ་པའི་སྐྱོན་དང་། དྲང་། གང་གིས་སྒྲོ་བཏགས་ན། གཞི་ལྷུན་གྲུབ་ཀྱི་ཡེ་ཤེས་ལ་རྨོངས་པས། འཁྲུལ་གཞི་མ་རིག་པ་རང་རྒྱུད་དུ་ཡོད་པར་སྒྲོ་འདོགས་པ་དེས་དབང་བསྒྱུར་ནས་འཁྲུལ་པ་འབྱུང་བར་འདོད་པའི་གང་ཟག་ཕྱོགས་གཅིག་པ་རྣམས་ཀྱིས། གང་ལ་སྒྲོ་འདོགས་ན་དེ་རྣམས་ཀྱིས། བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཀྱི་ངོ་བོ་ལ་མ་རིག་པ་རང་ཁ་ལ་དམིགས་སུ་མེད་པ་ཡིན་པ་ལ་སྒྲོ་འདོགས་ཚུལ་ཅི་ལྟར་ན་མ་རིག་པའི་དངོས་པོ་སྟེ་ངོ་བོ་རང་རྒྱུད་ཅན་ཅིག་གཞིའི་ངོ་བོར་ཡོད་པར་སྨྲ་བའི་སྐྱོན་རྣམས་ནི། གང་ཟག་དེ་ཡི་ལྟ་བ་འཛིན་པའི་རིགས་རྒྱུད་ཐམས་ཅད་མུ་སྟེགས་རྟག་པར་ལྟ་བ་མ་ལྟུང་བ་དང་། སོལ་བ་ལ་དུང་མི་འབྱུང་བ་ལྟར། སེམས་ཅན་ལ་སངས་རྒྱས་མི་འབྱུང་བ་དང་། གཞི་འཁོར་བའི་མཐར་ལྟུང་བ་དང་། ལམ་ཐོས་བསམ་སྒོམ་གསུམ་གྱིས་འཁྲུལ་པ་མི་སེལ་བ་དང་། གཞི་ལ་འཁོར་འདས་ཐ་དད་དུ་ཐལ་བ་དང་། གལ་ཆུང་ན་ཐེག་དམན་ཉན་རང་དུ་གོལ་བ་ལ་སོགས་པའི་སྐྱོན་དུ་མ་ཡོད་པ་ཡིན་ཏེ། གསང་ཐིགས་ལས། ཆོས་དང་སེམས་གཉིས་སོ་སོར་མི་འགྱུར་བས། །དེ་ནི་རྟག་པའི་མཐའ་སྟོང་གྲོལ་བ་མེད། །ཅེས་པ་དང་། ནམ་མཁའ་ཀློང་ཡངས་ལས། རང་སེམས་རྒྱུན་གྱི་རྟག་པར་འདོད། །བདག་ཏུ་ཁས་ལེན་མུ་སྟེགས་དང་། །ཚིག་ལ་ཁྱད་ཡོད་དོན་ལ་མེད། །ཅེས་པ་དང་ཡེ་ཤེས་གསང་བ་ལས། ལྟ་སྤྱོད་ལོག་པའི་ང་རྒྱལ་ཅན། །མ་བཅོས་རང་གར་རོལ་པ་དང་། །རྣམ་རྟོག་ཞེན་པས་བརྟགས་པ་དག །བྱེ་བྲག་མ་ཕྱེད་རྨོངས་པའི་བློ། །རྡོ་ལ་གསེར་དུ་འཛིན་པ་བཞིན། །འོད་གསལ་ལྷུན་གྲུབ་རང་སྣང་དེ། །བརྟགས་པའི་ཞེན་པ་བསྲེས་ནས་སྨྲ། །མ་བཅོས་རིག་པ་གྲངས་མེད་པར། །ལྟ་བ་ཡ་རབས་མཐོ་འདོད་པ། །བབ་ཆོལ་འདོད་ལྔ་སྤྱོད་པས་ལོག །དེ་ཡི་དུས་ཀྱི་གང་ཟག་རྣམས། །སྦྲེལ་མ་གཡང་དུ་ལྷུང་བ་བཞིན། །རྡོ་རྗེ་ཁབ་ཏུ་ལྟུང་གྱུར་ནས། །བྱང་ཆུབ་སེམས་ཀྱི་རིགས་དང་བྲལ། །ཞེས་སོ། །གསུམ་པ་མེད་པ་འཁྲུལ་པའི་སྐྱོན་དང་དྲང་། གང་གིས་སྐུར་བས་བཏབ་ན། གང་ཟག་འགའ་ཞིག་གིས་ཆུབ་པ་སྣང་བའི་རང་བཞིན་ལ་སྐུར་པ་བཏབ་པ་ནི་འདི་ལྟ་སྟེ། གང་ལ་བཏབ་ན་གཞི་སྣང་འཁོར་འདས་ལྷུན་གྱིས་གྲུབ་པ་ལ་བཏབ། ཚུལ་ཅི་ལྟར་ན། གཞི་སྟོང་པར་འདོད་པ་དེ་དང་། བསམ་པའི་བློ་སྣང་གཉིས་ཡོད་མེད་སོ་སོར་རྟོག་ནས། འདས་པ་སྟོང་པ་དེ་ལ་འཁོར་བ་སྣང་བ་དེ་ནི་དབྱེར་མེད་དུ་མི་སྲིད་དེ། དཔེར་ན་རི་བོང་ལ་རྭ་མེད་པ་བཞིན་དུ། གཞི་སྟོང་པའི་ངོ་བོ་ལ་ཡེ་གདོད་མ་ནས་རིག་རྩལ་འགག་མེད་ཀྱི་སྣང་བ་མེད་ཅེས་སྨྲས་ནས། ཞེན་པའི་བློའི་ངོ་བོ་ལ་གཞི་སྟོང་པ་མེད་དོ་ཞེས་སྨྲ་ན་སྐྱོན་རྣམས་ནི། གཞི་ཡེ་ཤེས་རང་སྣང་ལ་སྐུར་པ་བཏབ་པའི་གང་ཟག་གང་ཡིན་པ་དེ་ཕུགས་སྟོང་པ་ཅང་མེད་དུ་འདོད་པ་ནི་མུ་སྟེགས་ཆད་ལྟ་རུ་ལྟུང་བ་དང་། གཞི་སྟོང་པ་དེ་དང་བློ་སྣང་བ་དེ་གཉིས་ཐ་དད་ཅིང་སྣང་སྟོང་སྔ་ཕྱི་ཅན་དུ་ཐལ་བ་དང་། མི་སྲིད་པའི་དཔེ་བཞིན་དུ་ཀུན་འབྱུང་འཁོར་བའི་ཆོས་ལ་ཐོག་མ་བྱུང་བ་དང་། འང་གི་སྒྲས་འཁོར་བ་ལ་ཐ་མ་འབྱུང་བའི་སྐྱོན་དང་། གོལ་ཆུང་ན་དབུ་མ་ལ་ལྟུང་བའི་སྐྱོན་ཡོད་དེ། ནམ་མཁའ་ཀློང་ཡངས་ལས། སྟོང་པར་བཏགས་པ་དོན་ལས་འཁྲུལ། །མུ་སྟེགས་ཆད་པར་ལྟ་བ་དང་། །ཚིག་ལ་ཆད་ཡོད་དོན་ལ་མེད། །ཅེས་པ་དང་། མདོ་ལས། སྟོང་པ་ཉིད་དུ་མུ་ཆད་པས། །ཆད་པའི་ཁམས་ཆེན་ཉིད་དུ་འགྱུར། །དེས་ནས་སླར་ཡང་འཕོས་པ་ཡིས། །གྲོལ་ཐར་ལམ་ནི་ཆད་པར་འགྱུར། །ཞེས་པ་དང་། གསང་ཐིག་ལས། ཐམས་ཅད་གདོད་ནས་དག་པས་བློ་ཡུལ་མིན། །དེ་ནི་ཆད་པའི་མཐའ་སྟེ་གྲོལ་བ་མེད། །ཅེས་པ་དང་། གང་ཡང་ཡོད་པ་མ་ཡིན་ཏེ། །ཅི་སྐད་སྨྲས་ཀྱང་སྒྲོ་བཏགས་ཡིན། །དོན་གྱི་ངོ་བོ་ཅི་ཡང་མེད། །ཅི་མེད་སྐྱེ་མེད་ཕྱལ་བར་ཆད། །ཅེས་སོ། །བཞི་པ་གཉིས་མེད་ཕྱོགས་གཅིག་ལས་འཁྲུལ་པའི་སྐྱོན་དང་། དྲང་། གང་ཟག་ལ་ལ་སྟེ་འགའ་ཞིག་གིས་གཞི་སྣང་ལ་མ་རིག་པ་ལ་སོགས་མ་དག་པའི་སྣང་བ་ལྡོག་ནས་དག་པའི་སྣང་བར་གཉིས་སུ་མེད་པའི་གཞི་དོན་དེ་ངོ་མ་ཤེས་པ་ལས་འཁོར་བར་སྣང་ཞེས་སྨྲ་ནའང་རྒྱུད་ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་རིག་པ་དེ་རིག་རྩལ་འགག་མེད་དུ་མེད་པ་དག་པའི་སྣང་བ་ཕྱོགས་གཅིག་ཏུ་ཐལ་བ་དང་། གཞི་ལམ་རིག་པ་རིག་རྩལ་འགག་མེད་ཀྱི་སྣང་བ་མེད་ན་རྣམ་བྱང་གི་རྟེན་པའི་ཆ་མི་དགོས་ཏེ་མེད་པར་ཐལ་བ་དང་། འཁོར་བའི་འཁྲུལ་གཞིར་བརྒྱུད་རྒྱུར་མི་བཏུབ་པ་དང་། གཞི་འཁོར་འདས་དབྱེར་མེད་མ་ཡིན་པར་ཐལ་བ་དང་། གོལ་ཆེ་ན་མུ་རྟུག་ཏུ་གོལ་བ་དང་། གོལ་ཆུང་ན་སྔགས་ཕྱི་རྒྱུད་ལ་གོལ་བ་ལ་སོགས་པའི་སྐྱོན་ཡོད་པ་ཡིན་ཏེ། གཞི་སྣང་ལ་རྒྱུ་མ་རིག་པ་དང་། རྐྱེན་ལས་ཉོན་སྤང་སྟེ་བྲལ་བ་དེས་ན་འབྲས་བུ་ཁམས་གསུམ་འཁོར་བ་དང་བཅས་པ་གཞི་སྣང་བ་མེད་ན། གཉིས་མེད་ཕྱོགས་ཅིག་དེ་ཉིད་འཁོར་འདས་ཀྱི་སྤྱི་གཞིར་རིགས་ཤིང་འཐད་པ་མིན་ནོ། །དེ་ཡང་རྒྱས་པ་ལས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོན་དམན་དེ་ཙམ་མོ། །ཞེས་པ་དང་། དཔེ་ཆུང་རང་གནས་ལས། ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་ཉིད་ལས་ནི་གཞན་མེད་དེ། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །གདོས་པོ་ཅན་གྱི་ཆོས་མིན་ཏེ། །རྟོག་མེད་རང་རིག་འོད་གསལ་བའི། །ཤེས་པ་འབའ་ཞིག་ཁོ་ནའི་ཕྱིར། །འཇིག་རྟེན་བརྟེན་གཡོ་ལ་སོགས་པའི། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་སོ། །ལྔ་པ་ཐུན་མོང་མ་ཡིན་པའི་ཐུན་མོང་ལས་འཁྲུལ་བའོ། །དྲང་། གཞི་དོན་འཁོར་འདས་དབྱེར་མེད་མཉམ་པ་ཉིད་ལ་ཡོད་པ་སྣང་བ་དང་། མེད་པ་སྟོང་པ་ཕྱོགས་གཅིག་གི་རིགས་ཐ་དད་དུ་གྲུབ་པ་མེད་པ་ལས། རིག་མ་རིག་ལ་འཁོར་འདས་གཉིས་སུ་བྱུང་ཡང་འཁོར་བ་དེ་ཡི་རྒྱུ་མ་རིག་པ་དང་རྐྱེན་ལས་ཉོན་དང་བཅས་པ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་ཡིན་པས། དཔེ་སྨན་ག་པུར་གྱིས་ཚ་ནད་ཅན་ལ་ཕན་གྲང་ནད་ཅན་ལ་གནོད་ཀྱང་། ག་པུར་ལ་ཕན་གནོད་མ་གྲུབ་པ་ཅི་ལྟ་བ་བཞིན་ཏུ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷག་མ་མ་ལུས་པ་ཀུན་བྱང་ཆུབ་སེམས་སུ་རྒྱུ་གཅིག་པ་ཡིན་པ་ལས། རིག་མ་རིག་གི་དབང་གིས་འཁོར་འདས་མི་མཐུན་པའི་བདེ་སྡུག་གི་ཁྱད་པར་སོ་སོར་སྣང་བ་དེ་དག །རྒྱས་པ་ལས་གསུངས་པའི་ཕྱིར་ན་རིག་མ་རིག་གི་རྐྱེན་གྱིས་འཁོར་འདས་གཉིས་སུ་ཕྱེ་བའོ། །ཡང་རྒྱས་པའི་ལུང་ལས་ཀྱང་ནི་འོག་ནས་འབྱུང་བ་འདི་སྐད་དུ་གསུང་སྟེ། ཉོན་མོངས་པ་རྒྱུད་དྲུག་གི་འགྲོ་བ་རིགས་དྲུག་གི་འཁོར་བའི་ལུས་སྣ་ཚོགས་སུ་སྣང་བ་ནི། སེམས་འཁྲུལ་པའི་རྣམ་རྟོག་བཟང་ངན་དང་མཐུན་པའི་ལས་སྣ་ཚོགས་བསགས་པའི་དབང་གིས་ཐ་དད་པར་སྣང་ངོ་། །སྐུ་ལྔ་ལྷུན་གྲུབ་མཆོག་གི་སྐུ་རྡོ་རྗེ་འཛིན་པ་ཡེ་ཤེས་སྒྱུ་མའི་རང་འོད་དུ་སྣང་བ་ནི། རྟོགས་པའི་ངོ་ཀ་དང་མཐུན་པའི་ཡེ་ཤེས་ལྔའི་རང་འོད་ལས་སྣང་ངོ་། །གཏན་ཚིགས་དེ་བས་ན་འ ཁོར་འདས་ཀྱི་ཆོས་ཀུན་སེམས་ཀྱི་དེ་ཁོ་ན་ཉིད་དུ་གཅིག་ཀྱང་། རང་གི་སྣང་བ་མཐོང་བ་དག་པ་དང་མ་དག་པའི་དབང་གིས་ཕྱེ་བས། འཁོར་འདས་ཀྱི་སྤྱོད་ཡུལ་བཟང་ངན་སོ་སོར་སྣང་ཡང་གནས་ལུགས་ཀྱི་ངོ་བོ་དེ་ལ་འཁོར་འདས་གཞི་སྣང་དུ་མ་སྤངས་ཀྱང་འཁྲུལ་སྣང་རང་རྒྱུད་དུ་མི་དམིགས་པའི་ཕྱིར། འཁྲུལ་གཞིའི་མཚན་མ་རང་རྒྱུད་ཅན་དུ་ཡོད་པ་དང་། གཞི་སྣང་མེད་པའི་དགོས་པའང་འདིར་མེད་པ་དེས་ན། འཁོར་བའི་ཀུན་རྫོབ་ཆེད་དུ་དགག་པ་མེད་པས་མྱང་འདས་སམ་དོན་དམ་དུ་བླང་དུ་མེད་པའི་ཕྱིར་རོ། །འོ་ན་འཁྲུལ་གཞི་ཡོད་མེད་དབྱེར་མེད་གང་ལས་འཁྲུལ་ཞེ་ན། དེ་ཡང་གཞི་རང་སྣང་ལྷུན་གྲུབ་ངོ་མ་ཤེས་པ་ལས་འཁྲུལ་པ་འབྱུང་བ་ཡིན་ཏེ། ཐག་པ་ལ་སྦྲུལ་འཛིན་འབྱུང་བ་ལྟ་བུ་སྟེ། དེ་ཡང་ཨ་རོའི་ཐིག་ལེ་སྐོར་ལས། འཁྲུལ་གཞི་མེད་པར་འཁྲུལ་པ་འབྱུང་མི་འགྱུར། །ཞེས་སོ། །ལྷུན་གྲུབ་དེ་ཉིད་ཀྱི་ངོ་བོར་འཁྲུལ་གཞི་རང་རྒྱུད་ཅན་དུ་གྲུབ་པ་མེད་པར་ཀ་ནས་དག་པ་ཡིན་ཏེ། ནམ་མཁའ་ལ་སྐྲ་ཤད་ལྟར་རོ། །དེ་ཡང་གསལ་བཀྲ་ལས། ཉི་མའི་དཀྱིལ་ན་མུན་མེད་ལྟར། །ཡེ་ཤེས་རང་སྣང་མ་རྟོག་པ། །ཉོན་མོངས་འཁོར་བ་ངང་གིས་མེད། །ཅེས་སོ། །དེ་ལྟར་ཀ་དག་ལྷུན་གྲུབ་ངོ་ཤེས་མ་ཤེས་པ་ལས་འཁོར་འདས་འབྱུང་བ་ཡིན་ཏེ། ག་པུར་བཞིན་ནོ། །དེ་ཡང་རྒྱས་པ་ལས། སྨན་གྱི་ཕན་གནོད་ཅི་བཞིན་དུ། །ཐམས་ཅད་མ་ལུས་རྒྱུ་གཅིག་ལས། །མི་མཐུན་ཁྱད་པར་སོ་སོར་སྣང་། །ཞེས་པ་དང་། ཡང་། འཁྲུལ་གཞི་ཡོད་མེད་སྒྲོ་སྐུར་བྲལ། །ཞེས་སོ། །འོ་ན་འཁྲུལ་གཞི་ཞེས་བྱ་བ་དེ། བདེར་གཤེགས་སྙིང་པོ་ལ་འདོད་དམ། མ་རིག་པ་ལ་འདོད། སྔ་མ་ལྟར་ན། འཁྲུལ་པའི་ངོ་བོ་མི་རྙེད་པར་ཐལ་ཏེ། གཞི་ལ་ལྟོས་ན་རང་གྲོལ་འགྱུར། །ཞེས་སོ། །ཕྱི་མ་ལྟར་ན། སངས་རྒྱས་ཀྱི་དགོངས་པ་མི་རྙེད་པར་ཐལ་ཏེ། དེ་ཉིད་ལས། འཁྲུལ་ལ་ལྟས་ན་དག་མེད་འགྱུར། །ཞེས་གསུངས་པའི་ཕྱིར་རོ་ཞེ་ན། བརྒྱུད་པའི་རྒྱུ་བདེ་གཤེགས་སྙིང་པོ་ཡིན་ཏེ། གསང་སྙིང་ལས། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་པ་དང་། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། ཞེས་སོ། །དངོས་རྒྱུ་ལྷན་སྐྱེས་མ་རིག་པ་ཡིན་ཏེ། དེ་ཉིད་ལས། མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཞེས་སོགས་གསུངས་སོ། །དེ་ལྟར་ཐེག་པ་འོག་མས་སྣང་བ་དང་སྟོང་པ་གཉིས་ཐ་དད་ཕྱོགས་རེའི་གྲུབ་མཐའ་ཡི་གཞུང་ལྟར་དུ་འཁོར་འདས་སམ་བདེན་གཉིས་དགག་བསྒྲུབ་ཅན་དུ་བྱེད་ཀྱང་། འདིར་གསང་སྔགས་འཁོར་འདས་དབྱེར་མེད་ཀྱི་གཞི་དོན་ལ་དེ་ལྟར་མི་དགོས་ཏེ་ཕྱོགས་རིས་ཀྱི་དགག་སྒྲུབ་དང་བྲལ་བའི་ཕྱིར་རོ། །གཉིས་པ་འཁྲུལ་ཚུལ་ལ་གཉིས་ཏེ། བགྲང་། དང་པོ་མ་རིག་པས་ངོ་མ་ཤེས་ཏེ་འཁྲུལ་པ་སྤྱིར་བསྟན་པ་དང་། དྲང་། གོང་ལྟར་མ་རིག་པ་དང་རིག་པའི་ཡེ་ཤེས་གཉིས་དུས་དང་གནས་སྐབས་ཀུན་ཏུ་མཚུངས་པར་ལྡན་པ་ཡིན་པའི་ཕྱིར། དེ་ཡང་འདས་མ་འོངས་པ་ད་ལྟར་དུས་གསུམ་དང་། སྤྱོད་ལམ་བཞིར་རང་བྱུང་ཡེ་ཤེས་དེ་དང་འགྲོགས་ཀྱང་རྒྱུན་དུ་ཡེ་ཤེས་དེའི་དོན་མཐོང་ཞིང་གྲོལ་བ་མེད་དེ། བཀའ་བརྒྱད་ལས། ཡེ་ནས་རང་དང་འགྲོགས་ཀྱང་ཞལ་མ་མཐོང་། །ཞེས་པས། དཔེར་ན་མིག་རང་གིས་མིག་རང་མི་མཐོང་བ་བཞིན་དུ་སེམས་ཀྱང་དེ་ལྟར་བུར་རང་གིས་རང་མི་མཐོང་བས། གཟུང་འཛིན་གཉིས་སུ་སྣང་བ་ནི་སྔ་མ་ནས་ཕྱི་མར་ལོང་བཏགས་ཤིང་ནོར་པའི་སྤྱོད་ཡུལ་སྣ་ཚོགས་སུ་རྒྱུན་མི་འཆད་པའོ། །གཉིས་པ་བྱེ་བྲག་ཕྱེས་སྟེ་བསྟན་པ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། འཁྲུལ་པ་དེའི་སྡོམ་ཚིག་ནི་འཁྲུལ་པ་འབྱུང་བའི་དུས་དང་། འཁྲུལ་པའི་རྒྱུ་དང་། འཁྲུལ་པའི་རྐྱེན་དང་། འཁྲུལ་ཚུལ་དང་། འཁྲུལ་པའི་ངོ་བོ་དང་། འཁྲུལ་པའི་རང་བཞིན་དང་། འཁྲུལ་པའི་ཉེས་པའོ། །གཉིས་པ་བཤད་པ་དེ་ལ་བདུན་ཏེ། བགྲང་། དང་པོ་དུས་དང་། དྲང་། ཏནྟྲ་སྟེ་རྒྱས་པ་ཉིད་ལས་གསུངས་པའི་དུས་ནི་འདི་ལྟ་སྟེ། ཐོག་མ་མེད་པའི་དུས་ནས་སེམས་རང་ངོ་མ་ཤེས་ཏེ་རྒྱ་ཡན་ཏུ་བཏང་བས། གཟུང་འཛིན་ཕྱིན་ཅི་ལོག་ལ་འཇོལ་ཉོག་ཏུ་སྤྱན་ཅིང་འཁྲུལ་ལོ། །གལ་ཏེ་དུས་ཐོག་མེད་ནས་མ་བྱུང་སྟེ་འཁྲུལ་པ་གསར་དུ་འབྱུང་བར་འགྱུར་ཞེ་ན། འཇིག་རྟེན་འཁོར་བ་ལ་ཐོག་མ་བྱུང་བ་དང་། འང་གི་སྒྲས་འཁོར་བ་ལ་ཐ་མ་འབྱུང་བར་འགྱུར་བའི་སྐྱོན་ཡོད་དོ། །དེ་ཡང་རིམ་གསུམ་ལས། ཐོག་མ་མེད་པའི་དུས་ནས། །ཡང་དག་དོན་མ་རྟོགས་པས་ཉམས། །ཞེས་པ་དང་། རྒྱན་ལས། ཡིན་པར་གནས་དང་མ་ཤེས་པས། །སྔ་ཕྱི་མི་གནས་ཐོག་མ་མེད། །ཚད་ལས་འདས་པས་ཐ་མ་བྲལ། །རྒྱུན་དུ་མི་སྡོད་འཁོར་ལོའང་བསྐོར། །ཞེས་པ་དང་། སྤྱི་མདོ་ལས། འཁོར་བ་ཐོག་མ་ཐ་མ་མེད་པའི་ཁམས་སུ། ཞེས་སོ། །གཉིས་པ་རྒྱུ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། ངོ་བོ་ཉིད་ཀྱི་རྒྱུ་བདེར་གཤེགས་སྙིང་པོ་དང་མཚུངས་པར་ལྡན་པའི་རྒྱུ་མ་རིག་པ་དང་། ལྷན་ཅིག་བྱེད་པའི་རྒྱུ་གཟུང་འཛིན་དུག་གསུམ་དང་། ཉེ་བར་ལེན་པའི་རྒྱུ་ཉོན་མོངས་ཀྱི་བག་ཆགས་བརྟས་བསླང་དང་། འཕེན་པའི་རྒྱུ་ལས་གསུམ་བསགས་པར་མདོ་བཅད་པའོ། །གཉིས་པ་བཤད་པ་དེ་ལ་ལྔ་སྟེ། འགྲང་། དང་པོ་ངོ་བོ་ཉིད་ཀྱི་རྒྱུ་དང་། དྲང་། སེམས་ཉིད་རྒྱུ་རྐྱེན་མེད་པར་རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་ཀྱི་རིགས་ཐ་དད་དང་། རྒྱུ་སྔ་ཕྱི་བཟང་ངན་ཐ་དད་ཀྱི་ངོ་བོ་གྲུབ་པ་མེད་པའི་དོན་ཉིད། ངོ་མ་ཤེས་པའི་རྐྱེན་གྱིས་ཅིར་ཡང་སྣང་བ་ན། གཞི་དོན་དེ་ཉིད་འཁོར་བ་འཁྲུལ་པའི་ཆོས་སུ་སྣང་བའི་ཕྱིར་ཏནྟྲ་སྟེ་རྒྱུད་རྒྱས་པ་ལས། སྔར་ཐུན་མོང་མ་ཡིན་པའི་འཁྲུལ་གཞིའི་སྐབས་སུ། རྒྱུད་ལས། དོན་ཉིད་ཡོད་མེད་རིས་མེད་ལས། །དེ་ཡི་རྒྱུ་རྐྱེན་རང་བཞིན་བས། །སྨན་གྱི་ཕན་གནོད་ཅི་བཞིན་དུ། །ཐམས་ཅད་མ་ལུས་རྒྱུ་གཅིག་ལས། །མི་མཐུན་ཁྱད་པར་སོ་སོར་སྣང་། །ཞེས་གསུངས་པའི་དོན་གྱི་ན། དེ་ནི་རྒྱུ་ལྔ་ལས། དང་པོའི་ངོ་བོ་ཉིད་ཀྱི་རྒྱུ་ཞེས་གསུངས་ཏེ། ངོ་བོ་ཉིད་ཀྱི་རྒྱུད་དེ་ཉིད་ཀྱང་འཁོར་བ་ལས་གཞན་དུ་ཡོད་པ་མིན་ཏེ་ཆུ་དང་གཤེར་ལྟར་དབྱེར་མེད་པའོ། །གཉིས་པ་མཚུངས་པའི་རྒྱུ་དང་། དྲང་། སྔོན་གཞི་དོན་གྱི་སྐབས་སུ་མེ་ལོང་དང་ནི་གཡའ། ནམ་མཁའ་དང་ནི་སྤྲིན་གྱི་དཔེ་རྣམ་པ་གཉིས་པོ་ལྟར་དུ། ཡེ་ཤེས་གྲུབ་པས་མ་རིག་པ་གྲུབ་སྟེ། ཡེ་ཤེས་མེད་ན་མ་རིག་པ་ཞེས་བྱ་བའི་ངེས་ཚིག་མེད་པ་དེས་ན། ཡེ་གདོད་མ་ནས་རང་བྱུང་གི་ཡེ་ཤེས་ཡོད་པ་ལྟར། ལྷན་སྐྱེས་མ་རིག་ཀྱང་ཡེ་ནས་དུས་དང་ལྟོས་པ་འགོ་མཉམ་དུ་མཚུངས་པར་ལྡན་པས་དེས་ན་གཉིས་མེད་ནི་དབྱེར་མེད་པ་སྟེ་རྟོགས་མ་རྟོགས་ཙམ་ཡིན་པའོ། །གསུམ་པ་ལྷན་ཅིག་བྱེད་པའི་རྒྱུ་དང་། དྲང་། ཀུན་བརྟགས་མ་རིག་གིས་ཡུལ་ཡུལ་ཅན་ཀུན་ཏུ་རྟོག་པའི་གཟུང་འཛིན་རྣམ་པ་གཉིས་པོ་མེ་ལོང་གི་གཟུགས་བརྙན་ཡུལ་དུ་བཟུང་བ་ལྟར། གཟུང་འཛིན་སྔ་མ་ལ་གོམས་པ་སྟོབས་སུ་གྱུར་པས་ཕྱི་མ་རྒྱུན་ཆགས་པས་ན་དུས་མཉམ་དུ་འབྱུང་བའི་ཡུལ་བཟང་པོ་ལ་བརྟག་དཔྱད་བྱས་པས་འདོད་ཆགས། ངན་པ་ལ་ཞེ་སྡང་། བཟང་ངན་མི་འབྱེད་པ་ལ་གཏི་མུག་དང་གསུམ་གྱི་འཛིན་པ་དེས། འཁོར་བའི་ཆོས་དེ་ལས་སྣང་ཞིང་བསྐྱེད་པས་ན་ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱའོ། །བཞི་པ་ཉེ་བར་ལེན་པའི་རྒྱུ་དང་། དྲང་། སྔར་གྱི་དུག་གསུམ་དེ་ཡི་རྐྱེན་གྱིས་ཕྱི་མའི་བག་ཆགས་ཀྱི་མཐུ་བརྟས་ཉེ་བར་བསླང་བས་སྟོབས་བསྐྱེད་དེ་སྔ་མའི་བག་ཆགས་ཕྱི་མས་ཉེ་བར་ལེན་པའོ། །ལྔ་པ་འཕེན་པའི་པའི་རྒྱུ་དང་། དྲང་། འོད་མའི་གཞུ་བཟང་པོ་ལ་སྐྱེས་བུ་མཐེབ་བྲག་གིས་མདའ་འཕངས་ནས་འབེན་ལ་ཚེགས་མེད་པར་ཕོག་པ་ལྟ་བུར། ལས་དཀར་ནག་གང་ཡིན་པ་བསགས་པ་མདོ་བཅད་ནས་ཕྱི་མར་འཕེན་པའི་རྒྱུ་བྱས་ནས་སྣང་ནུས་པའོ། །གཉིས་པ་རྐྱེན་ལ་གཉིས་ཏེ། བགྲང་། དང་པོ་ལས་དང་། དྲང་། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་གྱི་འབྲས་བུ་འདི་ན་གནས་པ་ཀུན་ཏུ་སྐྱེ་བའི་རྐྱེན་ནི། ལས་དཀར་པོ་དགེ་བ་བཅུས་མཐོ་རིས་ཀྱི་གནས་བཅུ་དང་། ནག་པོ་མི་དགེ་བ་བཅུ་ཡིས་ངན་སོང་གནས་བཅུའོ། །དེས་ཁམས་གསུམ་གྱི་དང་པོའི་འདོད་ཁམས་གནས་རིས་ཉི་ཤུ་སྐྱེ་བ་ཡིན་ཏེ། དགེ་བཅུའི་སྟེང་དུ་ཚངས་པའི་གནས་ཏེ་ཚད་མེད་བཞི་དང་། གསལ་ཐོག་གི་མི་གཡོ་བའི་ལས་བསམ་གཏན་བཞི་བསྒོམ་པ་ལ། དང་པོ་རྟོགས་དཔྱོད་དང་ལྡན་པའི་དགའ་བདེའི་ཏིང་ངེ་འཛིན་གྱི་བསམ་གཏན་དང་པོ་གསུམ་དང་། གཉིས་པ་རྟོག་དཔྱོད་དང་བྲལ་བའི་དགའ་བདེའི་གཉིས་པའི་གསུམ་དང་། གསུམ་པ་བདེ་བའི་ས་མ་དྷིས་གསུམ་པའི་གསུམ་དང་། བཞི་པ་ལ་རྟོག་དཔྱོད་གཉིས། དགའ་མི་དགའ་གཉིས། དབུགས་འབྱུང་རྔུབ་གཉིས། བདེ་སྡུག་གཉིས་ཏེ་སྐྱོན་བརྒྱད་དང་བྲལ་བའི་ཏིང་ངེ་འཛིན་གྱིས་སོ་སོའི་སྐྱེ་བོའི་གནས་གསུམ་དང་། ལྷག་མཐོང་ངེས་འབྱེད་ཆ་བཞིའི་ཏིང་ངེ་འཛིན་བསྒོམས་པའི་ལས་རྣམས་ཀྱིས་འཕགས་པའི་གནས་ལྔ་ལ་སྐྱེ་བ་སྟེ། དེ་ལྟར་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་ཞིང་ཁམས་ལ་ལོངས་སྤྱོད་པའི་ཡུལ་དུ་སྣང་ངོ་། །རིག་ཐོག་གིས་མི་གཡོ་བའི་ཏིང་ངེ་འཛིན་བསྒོམ་པའི་ལས་ཀྱི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའི་ཏིང་ངེ་འཛིན་མཐུ་དང་ལྡན་པའི་སྟོབས་ཀྱིས་སྨིན་ན་ཁམས་གསུམ་ལས་ཤེས་པ་ཟབ་པའི་སྲིད་པའི་རྩེ་མོ་སྟེ། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པའི། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དང་བཞི་ཡི་གནས་ལ་ལོངས་སྤྱོད་པའི་ཡུལ་དུ་སྣང་ངོ་། །གཉིས་པ་ཉོན་མོངས་པའི། དྲང་། རྒྱུར་སྤྱིར་བཏང་ན་མི། འབྲས་བུ་སྤྱིར་བཏང་ན་ལྷ་མ་ཡིན་མི་བརྩི་བས་འགྲོ་བ་ལྔའམ། ཡང་ན་ལྷ་མི་གཉིས་ངན་སོང་གསུམ་དང་ལམ་རྒྱུད་ལྔའི་སེམས་ཅན་དུ་སྐྱེ་བའི་རྐྱེན་ནི། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་གཉིས་དང་དུག་ལྔ་ཡིན་ཏེ། དེ་ནི་ཏནྟྲ་སྟེ་རྒྱས་པའི་ལེའུ་དོན་གསུམ་པ་ས་མ་ཡ་དམ་ཚིག་གི་ལེའུ་ལས་བྱུང་བ་ལྟར་བཤད་དེ། དེ་ཉིད་ལས། ཐམས་ཅད་མཉམ་པར་མ་ཤེས་ནས། །མ་ལུས་ཀུན་ལ་ཞེ་སྡང་ཞིང་། །སྙིང་རྗེ་ཡང་དག་མང་གྱུར་ན། །འདི་ནི་མི་ཟད་ཆེན་པོ་ཡི། །དམྱལ་ཁམས་བཅུ་དྲུག་གནས་པ་ཡིན། །ཆགས་བདེ་དངོས་པོ་མི་ཤེས་ནས། །ཐམས་ཅད་ཀུན་ལ་འདོད་ཆགས་ཤིང་། །ལུས་ཀྱི་སྒྲིབ་དང་ཟས་ཀྱི་སྒྲིབ། །ཡི་དྭགས་ཆེན་པོའི་གནས་སུ་བསྐྱེད། །ང་དང་བདག་མེད་མི་ཤེས་ཤིང་། །ཆོས་རྣམས་ཀུན་ལ་རྨོངས་བྱས་ནས། །ཤེས་རབ་གསལ་དོན་མི་ཤེས་པས། །དགེ་སྡིག་གཉིས་ཀྱི་དོན་མ་རྟོགས། །འདི་ནི་བྱོལ་སོང་གནས་སུ་སྐྱེ། །ཤིན་ཏུ་ང་རྒྱལ་ཆེར་བསྐྱེད་དེ། །ཐམས་ཅད་བདག་གིར་བཟུང་བས་ན། །ཀུན་ལ་གསོད་པའི་ལས་བྱེད་ཅིང་། །ལྷ་མ་ཡིན་གྱི་གནས་སུ་སྐྱེ། །བཞི་པ་ཚུལ་དང་། དྲང་། ཕྱི་སྣོད་ཀྱི་འཇིག་རྟེན་རྒྱུ་འབྲས་ཀྱི་ཚུལ་སྟེ། དེ་ཡང་རྒྱུ་དང་འབྲེལ་བ་དྲུག །འབྲས་བུ་དང་འབྲེལ་པ་དྲུག་དང་བཅུ་གཉིས། ནང་བཅུད་ཀྱི་སེམས་ཅན་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོའི་ཚུལ་དུ། གནས་ཁམས་གསུམ་དུ་བཅུད་འགྲོ་བ་རིགས་དྲུག་ལས་ཉོན་གྱི་ཐོག་མཐའ་མེད་པ་བཀོད་པའང་། ཁམས་གསུམ་གྱི་ལུས་ཡོད་མེད་ཀྱི་ཆ་ཡིས་ཕྱེ་བས་གཅིག་ཏུ་ངེས་པ་མེད་པར་ལུས་ཅན་རྣམས་ལ་དངོས་དང་། ལུས་མེད་རྣམས་ལ་བག་ཆགས་ཀྱི་ཚུལ་དུ་འཁོར་བའམ། ཡང་ན་ཁམས་གསུམ་གྱི་ཆ་ཡིས་རྟེན་འབྲེལ་བཅུ་གཉིས་གྲངས་མཉམ་པའི་ངེས་པ་མེད་དེ། འདོད་ཁམས་པ་ལ་དབང་ཡུལ་དུ་གཡེང་བའི་ཆ་ཡིས་ཕྱི་ནང་གི་བཅུ་གཉིས་ཀུན་ཚང་བར་ཡོད། གཟུགས་ཁམས་པ་ལ་ཡུལ་ལ་གཡེང་བ་མེད་པའི་དབང་གིས་བདུན་ཡོད་དེ། མ་རིག་པ་འཁྲུལ་རྒྱུ་ཡིན་པས་ཡོད་པ་དང་། མི་གཡོ་བའི་འདུ་བྱེད་དང་གཉིས་ཡོད། རྣམ་པར་ཤེས་པས་སྐྱེ་གནས་སུ་ཁྲིད་པ་མེད་པས། མིང་གཟུགས་དང་། སྐྱེ་མཆེད་དྲུག་གི་ལུས་རྫོགས་པར་བྱེད་པའི་ཐ་སྙད་དེ་གསུམ་མེད། རེག་པས་གསུམ་གྱི་ཡུལ་ཡོངས་སུ་གཅོད་པར་བྱེད་པ་དང་། ཚོར་བས་ཡུལ་ལ་ལོངས་སྤྱོད་པར་བྱེད་པ་དང་། སྲེད་པས་ཡུལ་བདེ་བ་ལ་ཆགས་པ་ཙམ་དང་གསུམ་ཡོད། ལེན་པས་སྐྱེ་བ་དང་མཐུན་འབྱེད། སྲིད་པས་ལས་ནུས་པ་ཐོགས་མེད་དུ་གྱུར་པ་དེ་གཉིས་མེད། སྐྱེ་འཆི་འཁོར་བའི་ཐོག་མཐའ་ཡིན་པས་ཡོད་དོ། །དེས་ན་ལྔ་ནི་མེད་དོ། །གཟུགས་མེད་ལ་སྐྱེ་ཤི་དང་། མ་རིག་པའི་ཐོག་ཏུ་འགོག་པས་དེ་གསུམ་ཡོད་དོ། །གཞན་དགུ་པོ་མངོན་གྱུར་མེད་དོ། །ལྔ་པ་ངོ་བོ་དང་། དྲང་། འཁྲུལ་པའི་རྣམ་པར་རྟོག་པ་ཤིན་ཏུ་བརྟན་པའི་འཁྲུལ་སྣང་གི་སྤྱོད་ཡུལ་བཟང་ངན་སྣ་ཚོགས་སུ་ཤར་བ་ནི་འདི་ལྟ་སྟེ། སྤྱིར་འགྲོ་དྲུག་སོ་སོའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་སྣ་ཚོགས་མཐའ་ཡས་པར་སྣང་བ་དང་། བྱེ་བྲག་ཏུ་རིགས་དྲུག་གི་སེམས་ཅན་རེ་རེ་ལའང་ལུས་བཟང་ངན་དང་། ལོངས་སྤྱོད་ཆེ་ཆུང་དང་། ཚེ་རིང་ཐུང་དང་། ལས་དཀར་ནག་དང་། མཐོ་རིས་བདེ་བ་དང་། ངན་སོང་གི་སྡུག་བསྔལ་དང་། བར་མ་སྟེ་བཏང་སྙོམས་ཐ་དད་པར་སྣང་ངོ་། དྲུག་པ་རང་བཞིན་དང་། དྲང་། དཔེར་ན་སྒྱུ་མ་མཁན་གྱི་འཁྲུལ་འཁོར་གྱིས་བསླུས་པའི་ལྟད་མོ་བའི་མིས་སྒྱུ་མ་ལ་བདེན་པར་བཟུང་བ་བཞིན་དུ། འཁོར་བའི་རྒྱུ་རྐྱེན་གྱི་ནོར་བའི་འཁྲུལ་སྣང་ལ་ལོངས་སྤྱོད་པའི་ཡུལ་གྱི་རང་བཞིན་དུ་དེ་མ་ཡིན་ལ་དེར་འཛིན་དུ་སྣང་བའོ། །འོ་ན་སྔར་གཞིའི་སྐབས་སུ་འཁོར་འདས་གཉིས་ཀྱི་ངོ་བོ་དང་རང་བཞིན་ཐ་དད་ན་སྐྱོན་ཡོད་ཟེར་བ་དང་འགལ་ཞེ་ན། གོང་གི་གཞིའི་སྐབས་སུ་ཡེ་ཤེས་རང་སྣང་གི་ཆ་ནས་བཏགས་པ་ཡིན་པས་ཐ་དད་པ་མིན་ལ། འདིར་འཁོར་བའི་འཁྲུལ་སྣང་རང་རྒྱུད་པའི་མཚན་ཉིད་ཀྱི་ངོ་བོ་དང་། རང་བཞིན་ཡིན་པས། གཞི་སྣང་ཐ་དད་པས་འགལ་བ་མེད་དོ། །བདུན་པ་ཉེས་པའོ། །དྲང་། སྲིད་པ་གསུམ་གྱི་རྩ་བའི་ཉེས་དམིགས་ནི་མ་རིག་པ་ལས་བྱུང་བས་བདག་འཛིན་ལས་སྣང་བའི་ཕྱིར། དེའི་དབང་གིས་འགྲོ་དྲུག་གིས་སྡུག་བསྔལ་སྣ་ཚོགས་མྱོང་ཞིང་ཡང་དག་པའི་ལམ་དང་བྲལ་བའི་ཉེས་པའོ། །སྤྱི་དོན་གསུམ་པ་རང་བཞིན་ལ་གཉིས་ཏེ། བགྲང་། དང་པོ་དེ་ཁོ་ན་ཉིད་ཀྱི་རང་བཞིན་དང་། དྲང་། གོང་དུ་བསྟན་པའི་འཁོར་བར་འཁྱམས་ཤིང་སྡུག་བསྔལ་མྱོང་བ་དེ་ཡི་དུས་ན་གཞི་དོན་ལ་མ་གཡོས་པ་ཡིན་ཏེ། རྒྱུད་རྒྱས་པ་ཉིད་ལས་གསུངས་པ་ནི་འདི་ལྟ་སྟེ། དཔེ་ནམ་མཁའ་སྟོང་པའི་དབྱིངས་ཀྱི་ངང་ལ་ནི་བསམ་ཡས་པར་སྣང་བའི་ཉི་ཟླ་གཟའ་སྐར་དང་། མཚན་མོའི་ལྟས་གློག་འགྱུ་བ་དང་། འཇའ་ཚོན་དང་། སྤྲིན་གྱི་ཁ་དོག་མང་པོ་དང་། དེ་ལྟར་བཟང་ངན་འབྲིང་གསུམ་སྣ་ཚོགས་སུ་འཁྲུགས་པར་འགྱུར་ན་ཡང་། ནམ་མཁའ་སྟོང་པའི་དབྱིངས་ལས་གཞན་དུ་འགྱུར་ཞིང་ངོ་བོ་ལ་ཉམས་པ་མེད་པ་བཞིན་དུ། དོན་སེམས་ཉིད་སྣང་སྟོང་ཕྱོགས་རེའི་མཐའ་གང་དུ་ཡང་མི་དམིགས་པ་ཆོས་ཀྱི་དབྱིངས་ལ་ནི་བསམ་ཡས་པར་སྣང་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ། ཉེར་ལྔ་རྨད་དུ་བྱུང་བ་འབྲས་བུའི་ཆེ་ཡོན་རྣམས་དང་། འཇིག་རྟེན་གྱི་གཙོ་བོའི་མཆོག་ཚངས་པ་བརྒྱ་བྱིན་ལ་སོགས་དང་འཁོར་བ་སེམས་ཅན་འགྲོ་དྲུག་སྣ་ཚོགས་པ་དང་། དེ་ལྟར་རྣམ་པ་བྱེ་བྲག་མང་པོར་སྣང་བ་དེ་ཡང་། སེམས་ཉིད་ཆོས་ཀྱི་དབྱིངས་ལས་གཞན་དུ་འགྱུར་ཞིང་ངོ་བོ་ལ་ཉམས་པ་མེད་དོ། །དེ་ཡང་རབ་འབྱམས་ལས། ཕྱོགས་མེད་ལྷུན་གྲུབ་སྡོང་པོ་ལ། །འཁོར་འདས་གཉིས་ཀྱི་ལོ་འདབ་རྒྱས། །བྱ་བྲལ་འཛིན་མེད་ནམ་མཁའ་ལ། །སྐུ་གསུམ་སྙིང་པོའི་ཉི་ཟླ་ཤར། །འགྲོ་དྲུག་འཁྲུལ་པའི་གྲོང་ཁྱེར་འདི། །བདེ་ཆེན་སངས་རྒྱས་ཞིང་ཁམས་ཡིན། །གཟུང་འཛིན་མཚན་མའི་མྱུ་གུ་ལ། །བདེ་ཆེན་ཆོས་སྐུའི་འབྲས་བུ་སྨིན། །ཞེས་སོ། །གཉིས་པ་རྒྱུ་ཡི་ཐེག་པས་ངོ་མ་ཤེས་པའོ། །དྲང་། གོང་གི་འཁོར་འདས་དབྱེར་མེད་ཀྱི་དོན་དེ་དང་བྲལ་བའི་སྤྱན་བཟང་སྟེ་ལོང་བ་དང་འདྲ་བའི་རྒྱུ་མཚན་ཉིད་པ་རྣམས་ཀྱིས་འཁོར་བ་དེ་དང་འདས་པ་དེ་ནི་ཐ་དད་པ་ཡིན་ཏེ། འཁོར་བ་དེ་ཉིད་འདས་པ་མིན་པར་འདོད་པ་དང་། དེ་ལས་གཞན་དུ་འདས་པ་བརྗོད་དུ་མེད་ཅེས་ཐ་དད་དུ་སྨྲ་བ་དེ་ལྟར་ཡིན་ན། སེམས་ཅན་སངས་མི་སྲིད་པའི་སྐྱོན་ཡོད་དོ། །འོ་ན་གང་ཡིན་ཞེ་ན། གསང་སྔགས་ཀྱི་འཁོར་འདས་གཉིས་སུ་མེད་པར་དུས་དང་རྣམ་པ་ཀུན་ཏུ་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་ལ་བཟླ་བའོ། །གཉིས་པ་མཚན་ནོ། །དྲང་། ཐུགས་ཀྱི་ཐིགས་པ་འབྲུ་མཐུན་པ་ལས། དེ་མ་ཡིན་པ་དེར་འཛིན་པས་འཁྲུལ་པའི་ལས་དང་ལོག་རྟོག་གི་བློ་ངོར་སྣང་བའི་གཞུང་དོན་གཅོད་ཅིང་མཚམས་འཛིན་པར་བྱེད་པས་ན་ལེའུ་ཞེས་བྱ་སྟེ། ཡས་བགྲང་གཉིས་པའི་དོན་དུ་གདའོ།། ༈ །།གསུམ་པ་གདུལ་བྱའི་སྣང་བ་ལ་གཉིས་ཏེ། གཞུང་དང་། མཚོན་དོན། དང་པོ་ལ་གཉིས་ཏེ། གདུལ་བྱའི་སྣང་བ་སྤྱིར་བསྟན་པ་དང་། མཆོག་གི་ཐེག་པ་བཀར་ཏེ་བསྟན་པའོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་ངོ་བོའམ་ངེས་ཚིག་དང་། དྲང་། རང་བཞིན་གྱི་དབང་རྣོན་དང་། ཐེག་འོག་ལས་རིམས་ཀྱིས་སྦྱངས་པའི་དབང་རྟུལ་གཉིས་ཀྱིས་ཕྱེ་བ་ཡི་དབང་གིས་ཐེག་པ་སྣ་ཚོགས་འབྱུང་སྟེ། དེ་ཡང་རང་བཞིན་དབང་རྣོན་དེས་ཐོག་མ་ནས་སྔགས་ལ་འཇུག་ནས་ཆོས་ཉིད་མངོན་དུ་བྱེད་ལ། སྦྱང་བའི་གང་ཟག་གི་དང་པོ་ཐེག་འོག་ལས་ལྟ་བ་བློ་ངོར་མ་འཕྲོད་ཀྱི་བར་དུ་སྦྱངས་པའི་བྱ་བ་བྱེད་ནས་མཐར་སྔགས་ལ་འཇུག་ནས་ཆོས་ཉིད་རིག་དགོས་པ་ཡི་ཕྱིར། དེ་ལྟར་གདུལ་བྱ་གང་མོས་ཀྱི་སྣོད་བློ་རྣོ་རྟུལ་དང་། བཅུད་ཐེག་པ་མཐོན་དམན་མཚམས་པར་སྦྱར་བའི་གདུལ་བྱ་འདུལ་བྱེད་བསམ་ཡས་པ་གཅིག་ཡོད་ནའང་གདུལ་བྱའི་སྣང་བ་ཞེས་ཚིགས་སུ་བརྗོད་དོ། །དེ་ཡང་དབང་པོ་རྣོ་རྟུལ་གྱི་སྒྲུབ་བྱེད་ལ་གསུམ་ལས། དང་པོ་ལུང་ནི། མདོ་དགོངས་པ་ངེས་འགྲེལ་ལས། སེམས་ཅན་རྣམས་ཀྱི་ཤེས་པའི་རྒྱུད་ལ་རྣོ་རྟུལ་རང་བཞིན་གྱིས་མེད་པ་ནི་མ་ཡིན་ནོ། །ཞེས་པ་དང་། དགོངས་འདུས་ལས། རྡོ་རྗེ་སེམས་དཔའ་ཞིང་ཁམས་ན་འཁོར་བའི་སེམས་ཅན་ཆེན་པོ་དེ་དག་གི་སེམས་རང་བཞིན་སྣ་ཚོགས་པའི་ཕྱིར། བློ་ཤིན་ཏུ་ཟབ་པ་དང་། མི་ཟབ་པ་དང་། ཡངས་པ་དང་། དོག་པ་དང་། བརྟན་པ་དང་། འགྱུར་བ་དང་། རྣོ་བ་དང་། རྟུལ་བ་དང་། མྱུར་བ་དང་། བུལ་བ་ཤ་དག་པས། གསང་སྔགས་ཀྱི་ངོ་བོ་ཉིད་ཀྱི་གཏམ་རིམ་གྱིས་པ་དང་ཅིག་ཆར་བས་ཐོས་ནས། དེ་གང་ལ་ཡང་མི་སྐྲག་མི་སྔང་གི་དགའ་ཞིང་མགུ་བ་དང་། རངས་སར་འགྱུར་བའི་ཕྱིར་སྣ་ཚོགས་སུ་སྣང་ངོ་། །ཞེས་པ་དང་། ཀུན་བྱེད་ལས། ལྷ་མི་སེམས་ཅན་དབང་པོ་མི་མཐུན་ཏེ། ལ་ལ་སྦྱངས་པའི་དབང་པ་འཕྲོ་ཅན་དང་། ལ་ལ་ཡེ་ནས་དབང་པོ་གཅིག་ཆོད་ཡོད། ཅེས་པ་དང་། ཡེ་ཤེས་རྗོགས་པའི་རྒྱུད་ལས། རིགས་དྲུག་དབང་པོ་གཅིག་ཆོད་དམ། ཁ་ཅིག་སྦྱངས་པའི་འཕྲོ་ཅན་ནོ། །ཞེས་པ་དང་། ཕྱག་རྒྱ་ཆེན་པོ་ལས། སེམས་ཅན་དང་པོའི་ལས་ཅན་ལ། །ཅིག་ཆར་བ་ནི་བསྟན་པར་བྱ། །དེ་ནས་སྦྱངས་པའི་འཕྲོ་ཅན་ལ། །རིམ་གྱིས་པ་ནི་བསྟན་པར་བྱ། །ཞེས་སོ། །གཉིས་པ་མན་ངག་ནི། ཅི་སྐད་དུ། ཁ་ཅིག་ཐོག་མ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་པའོ། །ཞེས་སོ། །གསུམ་པ་རིགས་པ་ནི། གཞི་དོན་ངོ་མ་ཤེས་པའི་འཛིན་སྟང་ཕྲ་རགས་མཐུག་སྲབ་ཀྱི་ཁྱད་པར་ལས། ཁམས་དང་དབང་པོ་རྣོ་རྡུལ་གྱི་བྱེ་བྲག་སྣ་ཚོགས་པ་སྣང་སྟེ། གཡུ་ཐང་ལས། རང་བཞིན་གཅིག་ཏུ་མ་ངེས་པས། །རྫས་སྣང་རྣམ་པ་གཅིག་ལ་ཡང་། །ལོག་མཐོང་དྲུག་དང་ཡང་དག་དགུ། །ཅིར་ཡང་འགྱུར་བའི་ངོ་བོ་ཉིད། །ཅེས་གསུངས་པའི་ཕྱིར་རོ། །རྒྱས་པར་ནི་ལམ་རིམ་དུ་སྣོད་ཀྱི་སྐབས་སུ་ཤེས་པར་བྱའོ། །གཉིས་པ་ཐེག་པའི་ཁྱད་པར་དང་། དྲང་། བཅུད་ཐེག་མཆོག་དེ་དང་ཐེག་དམན་དེ་དག་འབྱུང་བའི་རྐྱེན་ནི་སྣོད་རང་བཞིན་གྱིས་དབང་རྣོན་དེ་དང་སྦྱངས་པའི་དབང་རྣོན་དེ་གཉིས་པོ་ཡིས་ཕྱེ་བས་རང་བཞིན་གྱི་དབང་རྣོན་གྱིས་དང་ནས་བླ་མེད་ལ་འཇུག་ནས་སྔགས་ཅི་བཞིན་པའི་དོན་མངོན་དུ་བྱེད་ལ། སྦྱངས་རྣོན་གྱིས་མཐར་སྔགས་ལ་འཇུག་ནས་ཆོས་ཉིད་དེ་བཞིན་མངོན་དུ་བྱེད་དགོས་པ་ལའང་། རིམ་པ་བཞིན་དུ་ལྷ་མི་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པ་དང་བཞི་ལ་བགྲོད་པ་དང་། མཐར་ལྔ་པ་གསང་སྔགས་འབྲས་བུ་ཡི་ཐེག་པར་འཇུག་པ་ལ་ངེས་འབྱུང་གི་ཐེག་པ་བཞི་ལ་རིམ་གྱིས་བརྒྱུད་དེ། ལྟ་བ་བློ་ངོར་མ་འཕྲོད་ཀྱི་བར་དུ་སྦྱངས་ནས་སྔགས་ཀྱི་ལམ་སྟེགས་ས་བགྲོད་ཅིང་མཐར་བླ་ན་མེད་པའི་ཐེག་པ་ཉིད་དུ་སྦྱོར་དགོས་པའི་ཕྱིར། འདི་སྐད་དུ་གསང་བའི་སྙིང་པོའི་རྒྱུད་ལས་གསུངས་པ་ནི། ལྷ་མི་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པ་དང་བཞི་ཡི་སྒོ་ནས་རང་རང་གི་གཞུང་ལུགས་མ་ནོར་བར་སྤྱོད་ན། གོ་རིམ་བཞིན་དུ་ངན་སོང་གསུམ་དང་། འཁོར་བ་དང་། མཐའ་གཉིས་ལས་ངེས་པར་འབྱུང་ལ། མཐར་ཐུག་གསང་སྔགས་ཀྱི་ཐེག་པ་གཅིག་ནི་གོང་གི་ཐེག་པ་དེ་དག་གི་འབྲས་བུ་གནས་པའོ། །དེ་ལྟར་གསང་སྔགས་རྡོ་རྗེ་ཐེག་པ་གཅིག་ལའང་དབང་པོ་རྣོ་རྟུལ་གྱིས་ཕྱེ་བས་ཕྱི་ནང་གཉིས་གསུངས་པ་ཡིན་པ་དང་གཉིས་པོ་རེ་རེ་ལ་བློ་རབ་འབྲིང་ཐ་མ་གསུམ་གྱིས་ཕྱེ་བས་ཕྱི་པ་ལ་བྱ་བ་སྤྱོད་པ་རྣལ་འབྱོར་གསུམ། ནང་པ་ལ་མ་ཧཱ་ཨ་ནུ་ཨ་ཏི་གསུམ་སྟེ་དྲུག་ཏུ་ཕྱེས་པའོ། །གསུམ་པ་གདུལ་བྱའི་སྣང་བ་བསམ་ཡས་པའོ། །དྲང་། མདོའི་དགོངས་པ་ལྟར་བསྡུས་ན་གཟུང་འཛིན་ཕྱིན་ཅི་ལོག་ལ་མོས་པའི་གདུལ་བྱ་དང་། སོགས་ཀྱི་སྒྲས་རྣལ་མ་ལ་མོས་པའི་གདུལ་བྱ་གཉིས་སོ། །དང་པོ་ལ་རང་བཞིན་གྱིས་ལོག་པ་ཕྱལ་རྒྱང་དང་། གྲུབ་མཐའ་འཇུག་པ་གཉིས་སོ། །ཐ་མ་གྲུབ་མཐར་འཇུག་པ་ལ་གཉིས་ཏེ། ལོག་པ་མུ་རྟུག་མུ་སྟེགས་དང་། མུ་སྟེགས་ལ་ལྟོས་ན་མ་ལོག་པ་ཉན་རང་ངོ་། །བྱེ་བྲག་ཏུ་རྒྱུད་ཀྱི་དགོངས་པ་ལྟར་ཕྱེ་ན། ལས་རྒྱུ་འབྲས་ལ་སོགས་པ་ཅི་ཡང་མ་རྟོགས་པ་ནི་འཇིག་རྟེན་ཕྱལ་བ་རྒྱང་འཕེན་ཏེ་གཞི་དོན་ངོ་མ་ཤེས་པ་དང་། དེ་ཡང་སྤར་ཁབ་ལས། སྣང་བ་དང་པོ་ལས་མ་གོས་མོད་ཀྱང་། ཞེན་པས་གོལ་ཞེས་བྱའོ། །ཞེས་སོ། །ལོག་པར་རྟོགས་པ་ནི་གཞིའི་དོན་སྣང་སྟོང་ཕྱོགས་རེ་ལས་གོལ་བ་སྟེ། མུ་རྟུག་དང་མུ་སྟེགས་གཉིས་མུ་སྟེགས་ལ་རྟག་ཆད་གཉིས་ཏེ། དེ་ཉིད་ལས། མུ་སྟེགས་ནི་ཕྱོགས་ལས་གོལ་བའོ། །ཞེས་སོ། །རགས་པ་གང་ཟག་གི་བདག་ཕྱོགས་ཙམ་སྟོང་པར་རྟོགས་པ་ཉན་རང་། བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་ཡང་དག་པའི་དོན་ཉིད་མ་རྟོགས་པ་དབུ་མ་དང་སེམས་ཙམ་མོ། །ལུས་ངག་གི་སྤྱོད་པ་འདུལ་བ་ཀྲི་ཡ་དང་། དགོངས་པ་ཏིང་ངེ་འཛིན་དང་སྤྱོད་པ་གཉིས་ཀ་གཙོ་བོར་བྱེད་པ་ཨུ་པ་ཡ་དང་། ཏིང་ངེ་འཛིན་གཙོ་བོ་བྱེད་པ་དེ་ཉིད་རྟོགས་དཀའ་བས་གསང་བ་སྟེ་ཡོ་ག་དང་། བསྐྱེད་རིམ་གཙོ་བོར་བྱེད་པའམ་སྤྱོད་པ་གཙོ་བོར་བྱེད་པ་སྐུའི་རྒྱུད་མ་ཧཱ་ཡོ་ག་དང་། རྫོགས་རིམ་གཙོ་བོར་བྱེད་ཅིང་དོན་གསལ་བའམ་སྒོམ་པ་གཙོ་བོར་བྱེད་པ་གསུང་གི་རྒྱུད་ཨ་ནུ་ཡོ་ག་དང་། བསྐྱེད་རྫོགས་ཟུང་འཇུག་གཙོ་བོར་བྱེད་པའམ་དབྱེར་མེད་ཀྱི་ལྟ་བ་གཙོ་བོར་བྱེད་པ་ཐུགས་ཀྱི་རྒྱུད་ཨ་ཏི་ཡོ་ག་རྣམས་སུ་སྣང་བ་ཞེས་གསང་སྙིང་ལས་གསུངས་པས་ན་སངས་རྒྱས་ཀྱི་ཐུགས་རྗེ་སྐྱེ་བའི་ཡུལ་དང་སར་མ་གྱུར་པའི་གདུལ་བྱ་ནི་གང་ཡང་མེད་དེ། དེ་བས་ན་ཐེག་པ་སོ་སོར་གདུལ་བྱ་རང་རང་གི་བློ་དང་འཚམས་པར་སྣང་བའི་རྐྱེན་གྱི་ཐིག་པ་བསམ་ཡས་པ་སྣང་ནའང་འདིར་ད་རེས་མ་ཧཱའི་ཐེག་པ་བཤད་པའོ། །གཉིས་པ་ཐེག་པ་མཆོག་ལ་གཉིས་ཏེ། བགྲང་། དང་པོ་ཐེག་མཆོག་རྒྱུད་ཀྱི་རྣམ་གྲངས་བསྟན་པ་དང་། དྲང་། གདུལ་བྱ་ཤེས་རབ་ཀྱི་དབང་པོ་མཆོག་གྲོལ་བར་བྱེད་པའི་རྐྱེན་མ་ཧཱ་ཡོ་གའི་རྒྱུད་ནི་རྣམ་པ་གསུམ་སྟེ། གང་ཞེ་ན། རྩ་རླུང་ཐིག་ལེ་སེམས་དང་བཞི་ཀ་ཡོད་ཀྱང་རླུང་གཙོ་བོར་བྱེད་པ་ཕ་རྒྱུད། རྩ་དང་ཐིག་ལེ་གཙོ་བོར་སྟོན་པ་མ་རྒྱུད་སེམས་སམ་ཡེ་ཤེས་རང་སྣང་དུ་སྟོན་པ་གཉིས་མེད་རྒྱུད་དང་གསུམ་མོ། །དེ་ཡང་གཞི་སེམས་ཅན་ནམ་གདུལ་བྱ་དང་སྦྱར་ན། གུར་ལས། སྐྱེས་པ་རྣམས་ནི་གདུལ་བའི་ཕྱིར། །རྣལ་འབྱོར་ཕ་ཡི་རྒྱུད་ཅེས་བཤད། །བུད་མེད་རྣམས་ནི་གདུལ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་ཅེས་བཤད། །ཅེས་གསུངས་སོ། །ལམ་རྩ་ཐིག་རླུང་གསུམ་དང་སྦྱར་ན། དེ་ཉིད་ལས། རྩ་ཡི་དེ་ཉིད་རྟོགས་གྱུར་པ། །དེ་ཉིད་མ་ཡི་རྒྱུད་ཅེས་བྱ། །རླུང་གི་དེ་ཉིད་རྟོགས་གྱུར་པ། །དེ་ཉིད་རྣལ་འབྱོར་ཕ་ཡི་རྒྱུད། །ཅེས་གསུངས་སོ། །མཐར་ཐུག་གི་འབྲས་བུའམ་བརྗོད་བྱའི་གཙོ་བོ་དང་སྦྱར་ན། མ་རྒྱུད་ཡེ་ཤེས་མཁའ་འགྲོ་མ་ལས། ཕ་རྒྱུད་ཡེ་ཤེས་ཆེན་པོ་སྟེ། མ་རྒྱུད་སྟོང་པ་ཆེན་པོ་ཡིན། ཞེས་པ་དང་། སྤ་ཁབ་ལས། དཔལ་སངས་རྒྱས་འབྱུང་བ་ལ་སོགས་མ་ནིང་གི་རྒྱུད་དང་། ཞེས་པ་དང་། དཔེ་ཆུང་རང་གནས་ནས། ཐབས་དང་ཤེས་རབ་མ་ནིང་རྒྱུད། ཅེས་སོ། །འདིར་སྒྱུ་འཕྲུལ་དྲྭ་བ་གསང་བའི་སྙིང་པོ་ནི་གཉིས་མེད་མ་ནིང་ལྟ་བུ་ཟུང་འཇུག་གི་རྒྱུད་དོ། །དེ་ཉིད་གཏན་ལ་ཕབ་པ་ནི་འདི་ལྟ་སྟེ། གཉིས་པ་དེ་ཉིད་གཏན་ལ་ཕབ་པ་ནི་འདི་ལྟ་སྟེ། གཉིས་པ་དེ་ཉིད་གཏན་ལ་ཕབ་ཚུལ་བསྟན་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་ལམ་རྐྱེན་གྱི་རྒྱུད་གདུལ་བྱའི་དབང་པོའི་བྱེ་བྲག་གིས་ཕྱེ་བས་གཏན་ལ་དབབ་པ་མདོར་བསྟན་པ་དང་། དྲང་། སྟོན་པ་རྡོ་རྗེ་སེམས་དཔའ་དེས་གསུངས་པའི་བསྟན་པ་ཐུགས་སྒྱུ་འཕྲུལ་དྲྭ་བ་གསང་བ་སྙིང་པོའི་རྒྱུད་དབུ་ཞབས་ཀྱི་སྤྱི་དོན་ཐམས་ཅད་གཅོད་ཅིང་ཁོག་དབུབ་པ་ནི། སྔོན་མདོར་བསྟན་དུ་བཤད་པ་བཞིན་སྣང་བ་བཞིར་བསྟན་པ་ལ་གཞི་དང་གྲུབ་པའི་སྣང་བ་གཉིས་གོང་དུ་སོང་ནས། འདིར་གསུམ་པ་གདུལ་བྱ་ལམ་གྱི་སྣང་བ་ནི། ལམ་གྱི་རྐྱེན་འདི་ཡི་གེའི་རྒྱུད་དང་སྦྱར་ནས་གཏན་ལ་དབབ་པ་ལ། གང་རུང་གིས་འཇུག་ནུས་པ་མ་ཡིན་ཏེ། ལས་དག་པ་བློ་མཆོག་གི་སྐལ་བ་བཅུད་ཐེག་མཆོག་མ་ཧཱ་དང་། སྣོད་གང་ཟག་དབང་རྣོན་གྱི་ཤེས་རབ་གཉིས་ལ་ཤེས་བྱ་ཤེས་བྱེད་དམ་སྣོད་བཅུད་དམ་བློ་དང་ཐེག་པར་འབྲེལ་པའི་གཞི་མ་ཡོད་པའི་ཕྱིར་རྒྱུད་ཀྱི་དོན་ཁོང་དུ་ཆུད་པ་ཡིན་ནོ། །དབང་རྣོན་དེ་ལ་ཡང་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་བློས་ཕྱེ་བས་གསང་བའི་སྙིང་པོའི་དོན་བཤད་ཐབས་ལ་ཐུགས་ཐིགས་འདི་ལྟར་དུ་རབ་ལ་མཚན་བསྟན། འབྲིང་ལ་དོན་རྣམ་པར་དབྱེ། ཐ་མ་འབྲུ་གཉེར་བ་དང་གསུམ་མོ། །དེ་ཡང་ཁོག་གཞུང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མ་འབྲུ་གཉེར་དགྲོལ་བའོ། །ཞེས་སོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་དེ་ལ་གསུམ་སྟེ། རབ་ལ་མཚན་བསྟན་པ་དང་། འབྲིང་ལ་དོན་རྣམ་པར་དབྱེ་བ་དང་། ཐ་མ་ལམ་གྱི་ཐོབ་པར་བྱེད་བ་ཤེས་རྒྱུ་འབྲུ་རེ་ནས་བསྟན་པའོ། །དང་པོ་ལ་གཉིས་ཏེ། མཚན་གྱི་ངོ་བོ་དང་། གདུལ་བྱའི་དབང་གིས་ཐབས་ལམ་གྲོལ་ལམ་དུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་བསྟན་པ་དང་། དྲང་། ཡང་དེ་ཉིད་ལས། རབ་མཚན་ཐ་སྙད་གསུམ་དུ་གྲགས། །སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ལག་གི་རྩ་བཞིན་དབུ་ཞབས་རྟོགས། །སྐལ་བ་ཅན་གྱི་ཆེད་ཕྱིར་རོ། །ཞེས་པས། དང་པོ་དབང་པོ་རབ་ལ་མཚན་བསྟན་པ་ཙམ་གྱིས་དོན་མཚོན་པའི་གསང་བའི་སྙིང་པོ་ལ་མིང་གི་འདོགས་ལུགས་གསུམ་དང་ལྡན་ནོ། །གཉིས་པ་བཤད་པ་དེ་ལ་གསུམ་སྟེ། བགྲང་། དང་པོ་རྒྱུད་དང་སྟོན་པའི་མཚན་ཐུན་མོང་དུ་བསྟན་པ་དང་། དྲང་། ཐེག་འོག་ནི་དྲང་ལུང་ཡིན་ལ། འདིར་ངེས་པའི་ལུང་ནི་གསང་སྔགས་ཡིན་ཏེ། དེ་ཡང་ཆོས་ཐམས་ཅད་སྣང་བཞིན་ངོ་བོ་རང་རྒྱུད་དུ་མ་གྲུབ་པས་སྒྱུ་མ་དང་འདྲ་བའི་ཕྱིར་དོན་ཤེས་རབ་རང་བཞིན་མེད་བརྟགས་ལྷ་ཡུམ། དེ་ཉིད་འཁོར་འདས་ཀྱི་དངོས་པོ་གཉིས་སུ་ཤར་བ་ལ་རིག་པ་དང་སྣང་བའི་རྩལ་དུ་ལེགས་པར་སྣང་བ་ནི་འཕྲུལ་ཏེ། དོན་མེད་ལ་ཅིར་ཡང་འཆར་བ་འགག་པ་མེད་པ་སྟེ་རྟགས་ལྷ་ཡབ། དེ་ལྟར་ཀུན་རྫོབ་དོན་དམ་གྱི་བདེན་པ་གཉིས་པོའི་དོན་དྲྭ་བ་ལྟར་འབྲེལ་བས་ན་ཐབས་ཤེས་རབ་གཉིས་སུ་མེད་དེ། རྟགས་ལྷ་ཡབ་ཡུམ་འཁྲིལ་སྦྱོར་རོ། །དེ་ཉིད་རང་བཞིན་གཉིས་སུ་མེད་ཅིང་མཚན་ཉིད་འདུས་མ་བྱས་ཤིང་སྐྱེ་འཇིགས་དང་བྲལ་བས་ན་རྡོ་རྗེ། དབྱེར་མེད་ཀྱི་དོན་དེ་སྒྲིབ་གཡོགས་མེད་པར་གསལ་བས་ན་སེམས། དེ་ཉིད་བརྟན་ཅིང་ཚུར་ལ་དངོས་པོ་གང་གིས་ཀྱང་མི་ཚུགས་ཤིང་ཕར་ལ་ཐམས་ཅད་འཇོམས་པས་ན་དཔའ་བོ། སྟོན་པ་དེས་བསྟན་པ་ཐུགས་སྒྱུ་འཕྲུལ་དྲྭ་བའི་བྱེད་ལས་ཀྱི་རིམ་པ་སྣ་ཚོགས་གསུངས་པས་ལྷ་ཡི་མིང་ལ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །གཉིས་པ་ཆེ་བའི་མཚན་དང་། དྲང་། སྟོན་པའི་དགོངས་པ་དེ་ནི་བསྟན་པ་ཐ་དག་འབྱུང་བའི་རྒྱུ་དང་། འབྲས་བུའི་དངོས་གཞི་ཡིན་པས་ན། ཐེག་པ་ཀུན་གྱི་སྤྱི་ལུང་དུ་ངེས་པས་ན་བསྟན་པས་དང་སྟོན་པའི་མཚན་ཐུན་མོང་དུ་བསྟན་པ་སོང་ནས། གཉིས་པ་ཆེ་བའི་མཚན་ཡིན་ཏེ། གསང་སྙིང་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོ་འགྲོ་བའི་ལམ། །ཞེས་པ་དང་། ཡང་དེ་ཉིད་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །ཞེས་པ་ནས། འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་གསུངས་པའི་བར་རོ། །གསུམ་པ་དོན་རང་གི་ངོ་བོའི་མཚན་ནོ། །དྲང་། གཞན་ལ་སྣང་སྟོང་ཕྱོགས་རེའི་སྒོ་ནས་བསྟན་པར་དཀའ་ཞིང་རང་གིས་ཀྱང་བརྟག་པར་དཀའ་བས་ན་གསང་བའི་མན་ངག་ཅེས་བྱ་སྟེ། དེ་ཡང་རང་བཞིན་གྱི་གསང་བ་བཞི་ཡིས་ཆོད་པ་ཡིན་ཏེ། གང་ཞེ་ན། གསང་སྙིང་ལས། ཨེ་མའོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལ་ཤིན་ཏུ་གསང་། །ཞེས་གསུངས་པས། དང་པོ་ཡེ་ནས་གསང་བ་ནི། ཡེ་ནས་འཁོར་འདས་གཉིས་སུ་མེད་པའི་རིག་པ་རང་བྱུང་གི་ཡེ་ཤེས་ལ་ཆེ་བའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་དོན་དེ་རང་ལ་རང་ཆས་སུ་ཡོད་ཀྱང་ངོ་མ་ཤེས་ཏེ། གང་གིས་མ་ཤེས་ན་ལྷན་ཅིག་སྐྱེས་པའི་མ་རིག་པས་ངོ་མ་ཤེས་ཏེ། སྤར་ཁབ་ལས། གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ལ་ཡོན་ཏན་རིལ་ལྷུན་གྱིས་གྲུབ་པ་དེ་རང་ཆས་སུ་ཡོད་ཀྱང་ངོ་མ་ཤེས་པ་ཁོ་ན་ལ་བྱའོ། །ཞེས་སོ། །གཉིས་པ་རང་བཞིན་གྱི་གསང་བ་ནི། དེ་ཉིད་རང་སྣང་བའི་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས་གནས་ཀྱང་ངོ་མ་ཤེས་ཏེ། གང་གིས་མ་ཤེས་ན་ཀུན་ཏུ་བརྟགས་པའི་མ་རིག་པས་རང་སྣང་ལ་མཚན་མར་བཟུང་ནས། ཕྱིན་ཅི་ལོག་ཏུ་འཁྲུལ་པས་གསང་ངོ་། །ཡང་དེ་ཉིད་ལས། དེ་ཉིད་རང་སྣང་བའི་དངོས་པོ་རིལ་མི་ཟད་པ་རྒྱན་གྱི་འཁོར་ལོ་རང་རྒྱུད་དུ་གནས་པ་བརྟགས་པས་བསྒྲིབས་པའོ། །ཞེས་སོ། །གསུམ་པ་ངོ་བོ་ཉིད་ཀྱི་གསང་བ་ནི། རྒྱུ་འབྲས་དབྱེར་མེད་ཀྱི་བདེན་པ་རང་ཆས་སུ་གནས་ཀྱང་ངོ་མ་ཤེས་ཏེ། གང་གིས་མ་ཤེས་ན་སྣང་སྟོང་ཐ་དད་དུ་བཟུང་བས་སོ། །དེ་ཉིད་ལས། རང་བཞིན་གྱི་རྒྱུད་ཀྱི་ངོ་བོ་ཉིད་ཡུལ་སེམས་དང་རྒྱུ་འབྲས་དང་བདེན་པ་གཉིས་ལས་གྲོལ་བ་སྟེ། རང་སྣང་བའི་ཕྱིར་རང་གི་ངོ་བོ་ཉིད་ཡུལ་དུ་བྱར་མ་དམིགས་པ་ཁོ་ནའོ། །ཞེས་སོ། །བཞི་པ་ཤིན་ཏུ་གསང་བ་ནི། དབྱེར་མེད་དང་བྲལ་བའི་དོན་ཡེ་ནས་རང་ཆས་སུ་གནས་ཀྱང་ངོ་མ་ཤེས་པ་སྟེ། གང་གིས་མ་ཤེས་ན་ཡུལ་ཡུལ་ཅན་དུ་བཟུང་བས་གསང་སྟེ། དེ་ཉིད་ལས། འབྲས་པའི་རྒྱུད་བསྒྲུབ་པར་བྱ་བ་དེ་གུད་ན་མེད་ཀྱང་། ཉོན་མོངས་པ་དང་། ཤེས་བྱ་དང་། ལྟ་བའི་སྒྲིབ་པས་གཞན་དུ་ཚོལ་ཡང་། རང་རིག་པ་ལ་མི་སྣང་བ་ཁོ་ནའོ། །ཞེས་སོ། །རྒྱུད་དབུས་ཞབས་ཀྱི་དོན་གྱི་བཅུད་འདུས་པས་ན་སྙིང པོ་སྟེ། དེ་ལ་གསུམ་སྟེ། དང་པོ་རྒྱུའི་སྙིང་པོ་ནི། གདུལ་བྱ་ལས་ཐ་མའི་དོན་དུ་རྒྱུད་པ་འདི་བསྟན་པའི་བྱིན་བརླབས་ཀྱིས། གོ་ཕྱེ་ནས་བསྟན་པ་ཐམས་ཅད་འབྱུང་བ་ཡིན་ཏེ། རྒྱུད་ཀྱི་གསུམ་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་བསྒྲུབ་དང་སྒྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་སོ། །གཉིས་པ་འབྲས་བུའི་སྙིང་པོ་ནི། ཐེག་པའི་སྒོ་ཀུན་ནས་བསྒྲུབ་པའི་མཐར་ཐུག་པ་རང་བཞིན་གསང་བའི་སྙིང་པོ་འདི་ཉིད་མངོན་ཏུ་བྱེད་དགོས་པ་ཡིན་ཏེ། དེ་ཉིད་ཀྱི་ཐ་མ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོ་འགྲོ་བའི་ལམ། །ཞེས་པ་དང་། གསུམ་པ་ལས། ཐེག་པ་བཞི་ཡིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སོ། །གསུམ་པ་བཅུད་འདུས་པ་དོན་གྱི་སྙིང་པོ་ནི། གཏན་ཚིགས་ཀྱིས་སྒོ་གང་ནས་སྨལ་ཡང་མཐར་ཐུག་དེ་བཞིན་གཤེགས་པའི་སྤྱོད་ཡུལ་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པས་འཁོར་བ་ཀར་དག་པ་ཡིན་ཏེ། རྒྱས་པ་ལས། དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །དེ་ལས་ལྷག་པའི་དོན་སྨྲ་བ། །དེ་ནི་རྣམ་དག་ལམ་མིན་ཏེ། །རང་བློ་བསམ་པས་འཁྲུལ་པ་ཡིན། །ཞེས་དང་། གསང་སྙིང་གི་བཅུ་གསུམ་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །ཞེས་སོ། །དེ་ཁོ་ན་ཉིད་ཀྱི་དོན་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། རྒྱུ་འབྲས་གཉིས་སུ་མེད་པ་ཡི། །དེ་ཉིད་ངོ་བོ་སྐབས་ཀྱིས་གསུམ། །ཞེས་པས་གསུམ་ལ། དང་པོ་མ་བཅོས་པའི་དེ་ཁོ་ན་ཉིད་ནི། རྟོག་ཚོགས་ཐམས་ཅད་རང་རིག་པ་ལས་མི་གཞན་པའི་ཕྱིར། སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བློ་མ་བཅོས་པར་བཞག་པའོ། །དེ་ལ་སྐབས་ཀྱིས་རྒྱུའི་དེ་ཁོ་ན་ཉིད་ཅེས་ཀྱང་ཐ་སྙད་དུ་འདོགས་སོ། །གཉིས་པ་མ་ནོར་བའི་དེ་ཁོ་ན་ཉིད་ནི། དེ་ཉིད་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་མང་པོར་མངོན་སུམ་དུ་སྣང་བའོ། །དེ་ལ་འབྲས་བུའི་ཐ་སྙད་དུ་འདོགས་སོ། །གསུམ་པ་གཞན་མ་ཡིན་པའི་དེ་ཁོ་ན་ཉིད་ནི། རྒྱུ་འབྲས་གཉིས་ལ་སྔ་ཕྱི་བཟང་ངན་ཐ་དད་མེད་པ་ཡིན་ནོ། །དེ་ལ་རྒྱུ་འབྲས་གཉིས་སུ་མེད་པའི་ཐ་སྙད་དུ་འདོགས་པས་དེ་ཁོ་ན་ཉིད་གསུམ་དང་ལྡན་པའོ། །དེ་ཉིད་བདེན་པ་གསུམ་དབྱེར་མེད་པའི་ཕྱིར་ངེས་པ་སྟེ། རྡོ་རྗེ་ལས། གཞི་དང་ལམ་དང་འབྲས་བུ་ཡིས། །ངེས་པ་རྣམ་པ་གསུམ་དུ་བཤད། །ཅེས་པས་གསུམ་ལས། དང་པོ་གཞིར་ངེས་པ་ནི། རང་བཞིན་གསང་བའི་སྙིང་པོ་སྟེ། རང་བཞིན་གྱི་སྒྲོ་སྐུར་དང་བྲལ་བར་ངེས་པའོ། །དེ་འདིར་ངེས་པར་སྟོན་པའི་ཕྱིར་རོ། །དེ་ཡང་རྒྱུད་ཀྱི་ཐ་མ་ལས། སྒྲོ་དང་སྐུར་པ་ཞི་བ་ཡིན། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་སོ། །གཉིས་པ་ལམ་དུ་ངེས་པ་ནི། རྒྱུད་འདི་ཉིད་ཀྱི་ལུགས་ལ་འབྲས་བུ་ཉིད་ལ་ངེས་པའི་ལམ་དུ་བྱེད་པའི་ཕྱིར་ཏེ། འདི་ཉིད་ཀྱི་བཅུ་གསུམ་པ་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་པ་དང་། རྒྱས་པ་ལས། འབྲས་བུ་ལམ་དུ་གྱུར་ནས་དུས་གཅིག་མཉམ་པར་སྦྱོར། ཞེས་སོ། །གསུམ་པ་འབྲས་བུར་ངེས་པ་ནི། རྒྱུད་འདིའི་རང་གི་ངོ་བོས་དེ་བཞིན་གཤེགས་པའི་དགོངས་པ་མངོན་དུ་སྟོན་པའི་ཕྱིར་ཏེ། གསང་སྙིང་ལས། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་སོ། །དེ་ལྟ་བུའི་དོན་མཚོན་བྱེད་ཀྱི་མིང་གིས་མཚོན་བྱའི་དོན་མཚོན་པ་ལ། གང་གི་བསྟན་པ་དང་སྟོན་པའི་མཚན་དང་། ཆེ་བའི་མཚན་གཉིས་ཀྱིས་དོན་ཕྱོགས་རེ་ལས་མི་མཚོན་ལ། འདི་ནི་དེ་གཉིས་ལས་ལྷག་པ་སྟེ་སྣང་བ་བཞི་གཞི་ལམ་འབྲས་གསུམ་ལ་སོགས་པ་ཕྱོགས་མེད་ཐམས་ཅད་གཏན་ལ་དབབ་པའི་དོན་མཚོན་པའི་ཕྱིར་ལྷག་པའོ། །ཡང་མཚན་འདོགས་ལུགས་ལ། དཔེ། རྣམ་གྲངས། གདམ་ངག །ཡུལ། དོན་དང་ལྔ་ལས། འདིར་ནི་དོན་རང་གི་ངོ་བོའི་མཚན་ཡིན་པའོ། །གསུམ་པ་འཇུག་བསྡུ་བའོ། །དྲང་། བློ་འབྲིང་དང་ཐ་མ་ལྟར་གཞུང་ཚིག་རྒྱས་པའི་ས་བཅད་འབྲུ་གནུར་གྱིས་ཀྱང་བློ་རབ་ལ་དོན་མཚོན་ནས་ཁོང་དུ་ཆུད་མི་ནུས་ཏེ་ཚིག་མཐས་བསྒྲིབས་པ་དེ་བས་ན། དཔེར་ན་སྨན་པ་འཚོ་བྱེད་གཞོན་ནུས་ལུས་མགོ་མཇུག་གི་ནད་ཐམས་ཅད་ལག་ངར་གྱི་རྩ་གཅིག་པུའི་ནང་དུ་རྟོག་པ་བཞིན་དུ་བློ་རབ་ལ་ཡི་གེ་བསྡུས་པ་མཚན་དོན་ཙམ་གྱིས་རྒྱུད་དབུ་ཞབས་ཀྱི་དོན་རྒྱས་པར་བཤད་ཅིང་བརྡ་འཕྲད་པ་དེ་བས་ན་ཐ་སྙད་ཀྱི་ཚིག་རྣམས་ནི་འདིར་བསྡུས་པ་ཡིན་ནོ། །གཉིས་པ་གདུལ་བྱའི་དབང་གིས་ཐབས་ལམ་གྲོལ་ལམ་དུ་བསྟན་པའོ། །དྲང་། མཚན་གསུམ་པའོ། །གསུམ་པ་དོན་རང་གི་ངོ་བོའི་མིང་གིས་དོན་མཚོན་པ་ལ་གདུལ་བྱ་མོས་པའི་བློ་སོ་སོར་འདོད་པའི་དབང་གིས་ཕྱེ་བས། ཤེས་རབ་ཅན་ལ་གྲོལ་ལམ་ཕྱི་ལྟར་བཤད་པ་ནི་གོང་དུ་སོང་ནས། ཆགས་པ་ཅན་ལ་ཐབས་ལམ་དང་སྦྱར་ནས་བཤད་དེ། དེ་ཡང་སྟེང་སྒོ་དང་སྦྱར་ཏེ་ནང་ལྟར་བཤད་པ་དང་། འོག་སྒོ་དང་སྦྱར་ཏེ་གསང་བ་ལྟར་བཤད་པ་དང་གཉིས་ནི་གཞན་དུ་ཤེས་སོ། །གཉིས་པ་འབྲིང་ལ་དོན་རྣམ་པར་དབྱེ་བ་ལ་གཉིས་ཏེ། བགྲང་། དང་པོ་དཔེ་དོན་གྱིས་བློ་འབྲིང་གི་ལམ་བགྲོད་ཚུལ་སྤྱིར་བསྟན་པ་དང་། དྲང་། རིན་པོ་ཆེ་ལ་དང་པོ་ནས་འོད་ཡོད་ཀྱང་ཉི་མའི་འོད་ཕོག་པས་སྔར་བས་མཛེས་པའི་འོད་དང་ལྡན་ཞིང་རིན་ཆེན་ཆེར་གསལ་བ་ལྟར། ཚིག་གི་རྣམ་པར་དབྱེ་བ་ནི་སྒྲོན་མ་དང་འདྲ་བས་བློའི་ཤེས་རབ་ཕྱེ་བས། དབང་པོ་འབྲིང་གི་ཤེས་བྱ་གསང་བའི་སྙིང་པོ་ལ་སྣང་བ་མཆེད་པར་བྱ་བའི་ཕྱིར། རྣམ་དབྱེ་འདི་ཉིད་མཚན་བསྟན་ལ་ལྟོས་ན་རྒྱས་པའི་ཚིག་དོན་གྱི་བྱེ་བྲག་འབྲུ་གཉེར་ལ་ལྟོས་ན་ཉུང་སྟེ་ཐིགས་པར་ཤར་བ་ཙམ་ལས་མིན། དེ་ཉིད་ཀྱི་སྣོད་ནི་རང་བཞིན་གྱི་དབང་རྣོན་དང་ནས་མ་ཧཱ་ཡོ་གར་འཇུག་པ་དང་། ཐེག་འོག་ལས་རིམ་གྱིས་སྦྱངས་རྣོན་མཐར་མ་ཧཱའི་སྣོད་དུ་གྱུར་ནས་འཇུག་པ་ཡིན་ཏེ། དེ་ནས་ལམ་བགྲོད་པའི་ཐབས་ལ་རིམ་དང་ཅིག་ཆར་གཉིས་སུ་བཤད་ཅིང་དེའི་ཡན་ལག་གི་ཆ་རྐྱེན་ལ་གཉིས་ཏེ། མདོའི་དོན་བསྡུས་ལས། དེ་རྐྱེན་ཡན་ལག་རྣམ་གཉིས་ཏེ། །ཤེས་བྱེད་རྐྱེན་དང་སྒྲུབ་བྱེད་རྐྱེན། །ཅེས་གསུངས་པས། ཤེས་བྱ་ལམ་གྱི་ཆ་རྐྱེན་དང་། བསྒྲུབ་བྱ་ལམ་གྱི་ཆ་རྐྱེན་གཉིས་ནི་འདི་ལྟ་སྟེ། གཉིས་པ་བྱེ་བྲག་རྒྱས་པར་བཤད་པ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། འདི་ལ་འབྲུའི་འདུག་ས་བསྒྱུར་ནས་དོན་གྱི་གོ་རིམ་བསྡེབ་དགོས་ཏེ། དང་པོ་ཤེས་བྱ་ལམ་གྱི་ཡན་ལག་ནི། ཐོག་མར་ཤེས་པར་བྱ་བའི་ཡུལ་ལྔ་དང་། བར་དུ་ཐུན་མོང་དང་མཆོག་གི་ལམ་གཉིས་ཉམས་སུ་བླང་བ་དང་། ཐ་མ་ཐབས་གྲོལ་གཉིས་ལ་བརྟན་པ་ཐོབ་བའི་དྲོད་ཚད་རྟགས་དང་ལྡན་པས་འབྲས་བུ་མཐོང་ལམ་ལ་སྦྱོར་བ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་དེ་ལ་གསུམ་སྟེ། ཐོག་མར་ཤེས་པར་བྱ་བའི་ཡུལ་ལྔ་དང་། བར་དུ་ཐུན་མོང་དུ་མཆོག་གི་ལམ་ཉམས་སུ་བླང་བ་དང་། ཐ་མ་ཚོགས་སྒྲུབ་ལ་དྲོད་ཚད་རྟགས་ཚད་རྟགས་དང་ལྡན་ནས་འབྲས་བུ་མཐོང་ལམ་ལ་སྦྱོར་བའོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་བསྟན་པ་དང་། དྲང་། དང་པོ་ཤེས་པར་བྱ་བའི་ཡུལ་ལ་ལྔ་སྟེ། རྒྱུ་གླེང་བཞི་དང་། རྐྱེན་གླེང་བསླང་དང་། བརྗོད་འབྲེལ་བཞི་དང་། བཤད་ཐབས་འདྲེན་པའི་ཚིག་གི་དཔེ་བཅུ་དང་རྒྱུད་གདམས་ཤིང་གཏད་པ་དང་ལྔས་རྒྱུད་ཤེས་ཐབས་ཀྱི་ཡན་ལག་དེ་རྫོགས་པ་ཡིན་ནོ། །གཉིས་པ་དེ་ལ་ལྔ་སྟེ། རྒྱུ་གླེང་གཞི་དང་། རྐྱེན་གླེང་བསླང་བ་དང་། བརྗོད་འབྲེལ་དང་། འདྲེན་པའི་ཚིག་གི་དཔེ་དང་། རྒྱུད་གཏད་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། ཐབས་ལམ་གྱི་རྒྱུ་གླེང་གཞི་དང་། ཤེས་རབ་གྲོལ་ལམ་གྱི་རྒྱུ་གླེང་གཞིའི་དོན་ཡང་རྒྱས་པར་བསྟན་པ་ནི་འདི་ལྟ་སྟེ། གཉིས་པ་བཤད་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་ཐབས་ལམ་གྱི་གླིང་གཞི་དང་། དྲང་། མདོར་བསྟན་གྱི་སྔ་མ་ཐབས་ལམ་བསྟན་པའི་གླེང་གཞི་ནི། སྟོན་པ་ཕུན་སུམ་ཚོགས་པ་དང་། གནས་དང་། འཁོར་དང་། སྡུད་པ་པོ་དང་། དུས་དང་། བསྟན་པ་ཕུན་སུམ་ཚོགས་པ་དང་དྲུག་གོ། །དེ་ལ་གནས་ནི། སྟེང་སྒོ་སྙིང་ཁ་ཆོས་ཀྱི་འཁོར་ལོ་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་རིན་པོ་ཆེའམ། རིན་ཆེན་ཟུར་བརྒྱད་དང་འདྲ་བ་རྩ་བརྒྱད་འདུས་པའི་སྒྲོམ་དཀྱིལ་འཁོར། འོག་སྒོའི་གནས་ནི་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་དེ་ཡོ་ག་མན་ཆད་ཀྱིས་མི་ཤེས་པས་གསང་བའི་དོན་དེ་ཤེས་བྱ་གང་གི་འོག་ཏུ་སོང་བ་མིན་པ་ནི་ཡུམ་གྱི་མཁའོ། །གནས་དེ་གཉིས་ཀྱིས་ཕྱེ་བས་སྟོན་འཁོར་ཕུན་སུམ་ཚོགས་པ་དེ་ཡི་གེ་ཨེ་ཝཾ་མ་ཡ་བཞི་ཡི་སྒོ་ནས་བསྒྲུབ་སྟེ་ཤེས་པར་བྱ་བ་ནི། གསང་བ་བླ་ན་མེད་པའི་ཐེག་པ་སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་དང་། ཐལ་བའི་རྒྱུད་ཀྱི་ལུང་ཚད་མ་གཉིས་དང་སྦྲེལ་ནས་གཏན་ལ་ཕབ་དགོས་ཏེ། དེ་ཡང་ཐབས་ལམ་སྟེང་འོག་གི་གླེང་གཞི་གཉིས་ལས། དང་པོ་རྒྱ་མཚོ་དང་སྦྱར་ནས་ནང་ལྟར་ཐབས་ལམ་སྟེང་སྒོ་ལྟར་བཤད་ན། འདི་ཞེས་པ་གནས་ཕུན་སུམ་ཚོགས་པ་སྟེ། སྒྱུ་འཕྲུལ་རྒྱ་མཚོ་ལས། དྷརྨ་ཙཀྲ་ཆོས་ཀྱི་གནས། །འོག་གཞི་ཨེ་སོགས་དབྱིབས་སུ་གནས། །ཞེས་པས། དྷརྨ་ཙཀྲ་ནི་ཆོས་ཀྱི་འཁོར་ལོ་སྟེ། སྙིང་ཁ་ཆོས་ཀྱི་འཁོར་ལོ་དོན་དམ་འོད་གསལ་གྱི་གནས་ཏེ། དེ་ན་རྩ་འདབ་བརྒྱད་ལ། རྩ་འདབ་བཞི་ནི། ལས་བཞིའི་ཁ་དོག་དང་དབྱིབས་སུ་གནས་ཏེ། དེ་ལ་གཡས་ཆོས་ཉིད་ཀྱི་རྩ་ཟླུམ་པོ་དཀར་པོ་ཞི་བའི་གནས། རྒྱབ་ཡེ་ཤེས་ཀྱི་རྩ་གྲུ་བཞི་སེར་པོ་རྒྱས་པའི་གནས། གཡོན་ཡོན་ཏན་གྱི་རྩ་ཟླ་གམ་དམར་པོ་དབང་གི་གནས། མདུན་ལས་རང་རྒྱུད་ཀྱི་རྩ་དབྱིབས་གྲུ་གསུམ་འོད་དམར་ནག་དྲག་པོའི་གནས་སོ། །དེ་ལྟར་ལས་བཞིའི་འོད་དབྱིབས་སུ་གནས་པ་དེ་ལ་གནས་ཕུན་སུམ་ཚོགས་པ་ཞེས་བྱའོ། །སྐད་ཅེས་པ་སྟོན་པ་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་ལས། མི་ཤིག་ཐིག་ལེ་ཝཾ་གྱི་དབྱིབས་ཅན། རང་ལ་བདེ་བ་གསལ་བྱེད་དག །ཅེས་པས། སྲོག་མི་ཤིགས་པའི་ཐིག་ལེ་དྭངས་མ་ལྔ་འདུས་ཀྱི་ངོ་བོ་དབྱིབས་ཟླུམ་པོ་ཡི་གེ་ཝཾ་གྱི་དབྱིབས་ཅན་དེ་མར་མེ་རང་གིས་རང་གསལ་བར་བྱེད་པ་ལྟར། ཐིག་ལེ་དེ་ཉིད་རང་གིས་རང་ལ་བདེ་བ་གསལ་བར་སྟོན་པའི་ཕྱིར་སྟོན་པ་ཕུན་སུམ་ཚོགས་པའོ། །བཤད་ཅེས་པ་འཁོར་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་ལས་མ་ནུ་རྣམ་ཤེས་ཡིད་སོགས་བཞི། ཡེ་ཤེས་མྱོང་བ་སྡུད་པར་བཤད། །ཅེས་པས། ཡིད་ཤེས་ལ་སོགས་པའི་སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་བདེ་བའི་ཡེ་ཤེས་ལྔར་གསལ་བར་ཉམས་སུ་མྱོང་བས་བཤད་པ་དང་འདྲ་བས་འཁོར་རོ། །སྡུད་པ་པོ་ནི་ཡིད་ཀྱི་ཤེས་པའོ། །པའི་ཞེས་པ་བསྟན་པ་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་ལས། ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མཱརྠ་དོན་ཟབ་མོ། །ཞེས་པས། པ་ར་མཱརྠའི་སྒྲ་ལས་དྲངས་ན་དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ། །ཡཱ་ན་ནི་ཐེག་པ་ཆེན་པོ་སྟེ། བདེ་གསལ་མི་རྟོག་པའི་ཡེ་ཤེས་ནམ་མཁའི་གཟུགས་ལྟར་སྐྱེས་པ་ནི་དོན་ཟབ་མོ་སྟེ། བསྟན་པ་ཕུན་སུམ་ཚོགས་པའོ། །དུས་ན་ཞེས་པ་དུས་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་ལས། བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་པས། བདེ་བའི་ཡེ་ཤེས་སྐྱེས་པའི་དུས་སུ་དུས་གསུམ་ཐ་དད་དུ་འཛིན་པ་མེད་ཅིང་མཉམ་པ་ཉིད་དུ་གྱུར་པ་ནི་དུས་སོ། །གཉིས་པ་སྒྱུ་འཕྲུལ་ཐལ་པའི་རྒྱུད་དང་སྦྱར་ཏེ་ཐབས་ལམ་འོག་སྒོ་ལྟར་བཤད་པ་ནི། སཾ་སྐྲྀ་ཏའི་སྐད་དུ་ཨེ་ཝཾ་མ་ཡ། བོད་སྐད་དུ་འདི་སྐད་བཤད་པའི་དུས་ན་ཞེས་བྱ་སྟེ། དེ་ཡང་འདི་ཞེས་པ་གནས་ཕུན་སུམ་ཚོགས་པ་སྟེ། ཐལ་རྒྱུད་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །ཞེས་པས། དེ་ལ་ཉེ་བར་མཚན་པ་ནི་གནས་ཏེ། ཡུམ་གྱི་མཁའ་ཕྱི་ཁྱམས་གྲུ་གསུམ་དྲག་པོའི་གནས། བར་ཁྱམས་གྲུ་བཞི་རྒྱས་པའི། སྐྱེ་གནས་ཟླ་གམ་དབང་གི། དབྱིངས་ཕྱུག་གི་སྣ་རྩེ་ཟླུམ་པོ་ཞི་བའི་གནས་སོ། །དེ་ན་དུས་གསུམ་གྱི་སངས་རྒྱས་གསང་བའི་སྐུ་ཐམས་ཅད་ཀྱི་བཞུགས་པའི་གནས་སུ་གསུངས་སོ། །སྐད་ཅེས་པ་སྟོན་པ་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་ལས། སྐད་ཅེས་པ་གསལ་བྱེད་ལས་མིང་ཅན། ཝཾ་དབྱིབས་ཐིག་ལེ་བཅས་སྟོན་པ། ཞེས་པས། ཡབ་ཡུམ་རོལ་པའི་དུས་ན། ཡབ་ཀྱི་གསང་བ་རྡོ་རྗེའི་དབུ་ལ་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་འདུས་པའི་ཀུན་རྫོབ་ཡེ་ཤེས་ཀྱི་ཐིག་ལེ་ཝྂ་གྱི་དབྱིབས་སུ་རྫོགས་པས། རྟོགས་མ་རྟོགས་ཀྱི་དབང་གིས་འཁོར་འདས་གཉིས་ཀྱི་བྱེད་པ་སོ་སོའི་ཕྱིར་སྟོན་པ་ཡིན་ཏེ། སྐབས་འདིར་བདེ་བ་མ་ལུས་པའི་སྐུ་དང་ཡེ་ཤེས་རྫོགས་པར་བྱེད་པའི་ཕྱིར་སྟོན་པའོ། །བཤད་ཅེས་པ་འཁོར་ཕུན་སུམ་ཚོགས་པའོ། །དེ་ཉིད་ལས། མ་ད་མ་ནུ་སྡོམ་བྱེད་ཡིན། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །ཅེས་པས། མ་ད་ན་སྡོམ་པ། མ་ནུ་ན་ཡིད་དེ། ཉོན་ཡིད་ལ་སོགས་པའི་རྣམ་པར་ཤེས་པ་ཚོགས་བརྒྱད་ལ་སོགས་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་རྡོ་རྗེ་མཐོང་བ་ལ་སོགས་པས་ཕྱིན་ཅི་མ་ལོག་པར་བརྡའ་འཕྲོད་པའི་ཕྱིར། འཁོར་ལ་བཤད་དེ་གོ་བར་ཐ་སྙད་དུ་འདོགས་སོ། །པའི་ཞེས་པ་བསྟན་པ་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་ལས། པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡཱ་ན་ཐེག་ཆེན་འདི་ཡིན་ཏེ། །ཞེས་པས། པ་ར་མཱཪྠ་ན་དོན་དམ་པ་ཟབ་མོའི། ཡཱ་ན་ནི་ཐེག་པ་ཆེན་པོ། དགའ་བ་བཅུ་དྲུག་གི་མཐའ་མར་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལྷངས་ཀྱིས་ཉམས་སུ་མྱོང་བ་ནི། རང་བཞིན་གསང་བའི་སྙིང་པོའི་དོན་ཡིན་ཏེ། དེ་ནི་བསྟན་པའོ། །དུས་ཞེས་པ་དུས་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་ལས། དུས་ནི་བསམ་གྱིས་མི་ཁྱབ་དུས། །ཞེས་པས། དེ་ཉིད་མངོན་དུ་གྱུར་པའི་དུས་སུ་ཕྱོགས་གཅིག་ཏུ་བརྗོད་དུ་མེད་པས་བསམ་གྱིས་མི་ཁྱབ་པའི་དུས་སོ། །ན་ཞེས་པ་ཞེས་བྱ་བ་སྟེ། དེ་ཉིད་ལས། ནཱ་མ་དེ་མིང་ཞེས་གསུངས་སོ། །ཞེས་པས་ཀུན་ལ་འཇུག་པ་སྟེ། གནས་ཞེས་བྱ། སྟོན་པ་ཞེས་བྱ། འཁོར་ཞེས་བྱ། བསྟན་པ་ཞེས་བྱ། དུས་ཞེས་བྱའོ། །དེ་དག་ཐུན་མོང་མ་ཡིན་པའི་གླིང་གཞིར་འཇོག་པའི་རྒྱུ་མཚན་ནི། གདུལ་བྱ་ལས་ཐ་མ་པ་རྣམས་ཏེ། མཐར་ལམ་པ་དང་། ཀུན་ཏུ་འོད་རྣམས་ཀྱི་ཕྱིར་ཏེ། སྤར་ཁབ་ལས། དེ་ནི་གདུལ་བྱ་ལས་ཐ་མ་པ་རྣམས་ཀྱི་དོན་གྱི་ཕྱིར་ཐུན་མོང་མ་ཡིན་པའི་གླེང་གཞིའོ། །ཞེས་གསུངས་སོ། །དགོས་ཆེད་ནི། ཁོག་གཞུང་ལས། འགྲོ་བ་ཆགས་ཆེན་སྤང་མེད་པའི། །ལོངས་སྤྱོད་རྫོགས་སྐུ་བཙུན་མོ་དང་། །གཉིས་མེད་རོལ་སོགས་བསྟན་པ་སྟེ། །མཐུན་པས་མཐུན་པར་གྲོལ་བའི་ཕྱིར་རོ། །སྐྱེ་བོ་ཆགས་སོགས་ཡོངས་འདུལ་བ། །ཞེས་སོ། །གཉིས་པ་ཤེས་རབ་གྲོལ་ལམ་གྱི་གླེང་གཞི་དེ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། བློ་གྲོས་ཏེ་ཤེས་རབ་གྲོལ་ལམ་གྱི་རྒྱུ་གླིང་གཞི་ལ་གཉིས་ཏེ། ཐེག་འོག་དང་མཐུན་མོང་གཟུགས་སྐུ་རྟགས་ཀྱི་གླིང་གཞི་དང་། མཆོག་སྟེ་ཁྱད་པར་ཆོས་སྐུ་དོན་གྱི་གླེང་གཞིའོ། །གཉིས་པ་བཤད་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་ཁྱད་པར་དོན་གྱི་གླེང་གཞི་དང་། དྲང་། ཤེས་བྱ་ཀུན་གྱི་བླར་གྱུར་ཅིང་ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས་ན་མ། དེའང་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ། གདོད་མ་ནས་རང་ལ་གནས་པའི་གཞི་དོན་རྟོགས་པའི་ཆ་ནས་གནས་ཕུན་སུམ་ཚོགས་པ་དང་། དེ་ཉིད་བྱེད་ལས་ཀྱི་སྣ་ཚོགས་སུ་འཆར་བ་ནི་སྟོན་པའོ། །དེ་ལ་ཡེ་ཤེས་ཀྱི་བྱེ་བྲག་ལྔའམ་བཞི་བཅུ་རྩ་གཉིས་ལ་སོགས་པ་མང་པོར་ཤར་བ་ནི་འཁོར། དེ་ལྟར་མང་པོར་ཤར་ཡང་ཡེ་ཤེས་ཐམས་ཅད་དབྱེར་མེད་པའི་བདག་ཉིད་རང་བྱུང་གི་ཡེ་ཤེས་ནི་སྡུད་པའོ། །བསྟན་པའི་ངོ་བོ་ནི་ཐམས་ཅད་ཀྱི་བཅུད་ཐུགས་རང་བྱུང་གི་ཡེ་ཤེས་སུ་བསྡུས་པའི་དངོས་པོ་དེ་བསྟན་པའོ། །ཆོས་ཐམས་ཅད་ཡོངས་རྫོགས་ལ་མ་གཡོས་བཞིན་དུ་ཤེས་བྱ་མ་འདྲེས་པར་བཀྲ་ཞིང་གསལ་བ་ལ། སྒྲོ་སྐུར་གྱི་མཐའ་དང་བྲལ་བས་ལུང་ལ་དུས་བཞི་མཉམ་པ་ནི་དུས་ཕུན་སུམ་ཚོགས་པའོ། །འཁོར་དེ་ལ་ཁྱད་པར་ཆོས་སྐུའི་གླེང་གཞི་དེ་གནས་ནས་ཡོད་པ་དེ་མཐར་མངོན་སུམ་དུ་རྟོགས་ནས་སངས་རྒྱས་པར་འགྱུར་རོ། །དེའི་དོན་ནི་གསང་སྙིང་ལེའུ་དང་པོའི་བསྡུ་བའི་དོན་དང་མཐུན་པ་ཡིན་ཏེ། བརྟག་གཉིས་ལས། གནས་ཀྱང་ང་ལ་སྟོན་པ་ང་། །འཁོར་ཀྱང་ང་ལ་དུས་ཀྱང་ང་། །ཞེས་པ་དང་། སྤར་ཁབ་ལས། རང་རིག་པ་ཉིད་ཀྱི་ཁྱད་པར་དུ་སྣང་བ་ལ་ངོམ་པ་གསུམ་མོ། །ཞེས་སོ། །གཉིས་པ་ཐུན་མོང་རྟགས་ཀྱི་གླེང་གཞི་དེ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། ཐེག་འོག་གི་གདུལ་བྱ་དང་ཐུན་མོང་དུ་གྱུར་པ་ལ་མདོ་སྔགས་ཀྱི་གཟུགས་སྐུ་རྟགས་ཀྱི་གླེང་གཞི་ཤར་བ་ལའང་། གདུལ་བྱ་ལུགས་འབྱུང་ཟློག་གིས་ཕྱེ་བས་མཚན་མི་འདྲ་བ་གཉིས་ཀྱི་གཟུགས་སུ་ཤར་ནས་སྣང་བའོ། །གཉིས་པ་བཤད་པ་དེ་ལ་གཉིས་ཏེ། ཞི་བ་དང་། ཁྲོ་བོ་གང་མོས་སུ་སྣང་བའོ། །དང་པོ་ལ་དྲུག་སྟེ། བགྲང་། དང་པོ་སྟོན་པ་དང་། དྲང་། སྟོན་པའི་རྣམ་གྲངས་ནི་རྒྱུ་རྐྱེན་དང་བྲལ་བས་དོན་རང་བྱུང་གི་ཡེ་ཤེས་ཀྱི་རྟགས་སུ་རིགས་ལྔ་དབྱེར་མི་ཕྱེད་པས་རྡོ་རྗེ་སྟེ། དྲུག་པ་རྡོ་རྗེ་འཆང་ཆེན་ཀྱང་ཕྱག་དང་པོས་རྡོ་རྗེ་འཛིན་པ་སྟེ། སྒྱུ་འཕྲུལ་རྒྱ་མཚོ་ལས། ཡེ་ཤེས་རྒྱ་མཚོ་འོག་མིན་གྱི། །འཁོར་ལོ་འབར་བའི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །བརྗོད་པ་མེད་བཞིན་གོ་བར་མཛད། །དཔག་མེད་ཡེ་ཤེས་ཡོངས་རྫོགས་པས། །ཞིང་འཁོར་ལོངས་སྤྱོད་ཕུན་སུམ་ལྡན། །ཅེས་གསུངས་སོ། །སྟོན་པ་དེའི་རྒྱལ་ཚབ་འཛིན་ཅིང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་སྣ་ཚོགས་སྟོན་པ་ནི་འཆད་པའི་སྐྱེས་བུ་རིགས་ལྔ་དང་། བྱིན་རླབས་ཀྱི་སྟོན་པ་སྡུད་པ་པོ་དང་གཉིས་སོ། །བྱེ་བྲག་ཏུ་ས་ནང་ཚིགས་སུ་བཅད་ན་གཉིས་ལས། དང་པོ་སྟོན་པའི་རང་བཞིན་ནི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་ཆོས་ལས་གུད་དུ་མིན་ཏེ་འཁོར་འདས་དབྱེར་མེད་པའི་རང་བཞིན་ནོ། །དེ་ཡང་གསང་སྙིང་ལས། བཅོམ་ལྡན་འདས་ཞེས་པ་ནས་རྡོ་རྗེའི་བདག་ཉིད་ཅེས་པའི་བར་མྱང་འདས་དང་དབྱེར་མེད་སྟོན་ལ། མ་ལུས་ཞེས་པ་ནས། དབྱེར་མེད་པའི་རང་བཞིན་ཏེ་ཞེས་པའི་བར་སྟོན་པ་འཁོར་བ་དང་དབྱེར་མེད་སྟོན་ནོ། །གཉིས་པ་སྟོན་པའི་ངོ་བོ་ནི་ཆགས་རྟོགས་མ་སྤངས་བདེ་སྟོང་གི་ཡེ་ཤེས་སུ་རྫོགས་པའི་རྟགས་སུ་ལོངས་སྤྱོད་རྫོགས་པ་ཆེན་པོའི་སྐུ་དོན་རང་བྱུང་གི་ཡེ་ཤེས་ཁོ་ན་ཉིད་ཡིན་པའི་ཕྱིར་རྟགས་སུ་སྐུ་མདུན་རྒྱབ་མེད་པ་ཀུན་ཏུ་ཞལ་ཐལ་ལེ་བར་གསལ་ཞིང་། གདུལ་བྱ་རང་རང་གང་ལ་མོས་པའི་སྣང་ངོར་ཐེག་པ་སྣ་ཚོགས་ཀྱི་སྟོན་པ་ལོངས་སྤྲུལ་བསམ་གྱིས་མི་ཁྱབ་པ་སྟོན་པའི་མཚན་གྱི་རྣམ་གྲངས་རྡུལ་སྙེད་དུ་གྲགས་པ་ལ། འདིར་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་གསུམ་དང་ལྡན་པའི་རྟགས་སུ་དབུ་གསུམ། ཡེ་ཤེས་དྲུག་མཚོན་པའི་རྟགས་སུ་ཕྱག་དྲུག །དགོངས་པ་མཉམ་པ་ཉིད་ལས་མ་གཡོས་པའི་རྟགས་སུ་ཕྱག་མཉམ་པར་བཞག་ཅིང་ལོངས་སྤྱོད་རྫོགས་སྐུའི་མཚན་ཕྱི་ནང་གསང་གསུམ་དང་ལྡན་ཞིང་གཞན་དོན་དུ་བརྡའི་སྒོ་ནས་ཆོས་སྟོན་པར་མཛད་པ། ཡབ་ཀྱི་ཞབས་མཐིལ་གཉིས་བརླའི་སྟེང་དུ་བྱས་ཤིང་སོར་མོ་རྣམས་རྡོ་རྗེའི་རྭའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་སྐྱིལ་ཀྲུང་དང་། དེ་ལ་ཡུམ་གྱི་ཞབས་གཉིས་ཀྱིས་འཁྱུད་དེ་ཉོན་མོངས་པ་བརྟུལ་ཞིང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངང་དུ་ཞུགས་པས་བརྟུལ་ཞུགས་དང་། ཡབ་ཡུམ་གྱི་མཁའ་གསང་རྡོ་རྗེ་དང་པདྨོའི་རྩེ་མོའི་རྩ་གཉིས་སྤྲད་པའི་བདེ་སྟོང་གི་ཡེ་ཤེས་ལ། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ཀྱི་ཡོན་ཏན་མཉམ་པར་རྫོགས་པའི་ཕྱིར་མཉམ་པ་དང་རྫོགས་པའི་མིང་བཞི་དང་ལྡན་པའི་སྐྱིལ་མོ་ཀྲུང་གིས་གནས་པར་བཞུགས་པའོ། །དེ་ཡང་གསང་སྙིང་ལས། སྐུ་མདུན་དང་རྒྱབ་མེད་པ་ཞེས་པ་ནས་དབུ་གསུམ་དང་ལྡན་པ་ཞེས་པའི་བར་གྱི་དོན་ནོ། །གཉིས་པ་གནས་དང་། དྲང་། སྟོན་པ་དེ་ཡི་རྟེན་པའི་གནས་ལ་གཉིས་ལས། དང་པོ་གནས་ཀྱི་རང་བཞིན་གཞི། །དེའི་ཤུགས་ལ་འོག་མིན་གྱི་རྣམ་གྲངས་བདུན་ཡང་འཆད་དེ། དེ་ཡང་རྒྱས་པའི་ཐུགས་རང་རིག་པའི་ཡེ་ཤེས་ཀྱི་གོང་གང་གིས་ཀྱང་མཆོད་པ་ནི་རིག་པའི་འོག་མིན་དང་། དོན་ཆོས་ཉིད་ཀྱི་གོང་གིས་ཀྱང་ཆོད་པ་ནི་དོན་གྱི་དང་། ལྷ་རྟོག་དབྱེར་མེད་ཀྱི་གོང་གང་གིས་ཀྱང་མ་ཆོད་པ་ནི་རྟོག་པའི་དང་། ཡབ་ཡུམ་གྱི་མཁའ་གསང་ལ་བདེ་བ་སྐྱེ་བའི་གོང་གང་གིས་ཀྱང་མ་ཆོད་པ་ནི་གསང་བའི་དང་། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ནི་བགྲངས་པའི་དང་། གཟུགས་ཁམས་ཀུན་གྱི་གོང་ན་གནས་པ་ནི་འཇིག་རྟེན་གནས་ཀྱི་འོག་མིན་དང་དྲུག་གོ། །དེ་ལ་འདིར་འཇིག་རྟེན་གནས་ཀྱི་འོག་མིན་དེ་ལས་གཉིས་འགྱུར་གྱིས་དཔགས་པ་སྟེ། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་བཞུགས་གནས་སུ་གྲགས་པ་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་ཀྱི་གོང་གང་གིས་མ་ཆོད་པ། མ་སྤངས་རྒྱན་རྫོགས་ཀྱི་གཞལ་ཡས་ཁང་ལོངས་སྤྱོད་ཆེན་པོའོ་འོག་མིན་དེ་ཉིད་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་ཏེ། ལམ་པའི་སྤྱོད་ཡུལ་དུ་གྱུར་པ་མིན་པས་ན་གསང་བའི་གནས་ཡིན་ཏེ། གསང་སྙིང་ལས། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། ཞེས་པས། དེ་ན་སྟོན་པ་གང་བཞུགས་ཤེ་ན། སྒྱུ་འཕྲུལ་རྡོ་རྗེ་དང་། རྒྱ་མཚོ་ལས། གཙང་མའི་རིགས་དག་སྤངས་པ་ཡི། །འོག་མིན་ཆེན་པོའི་གནས་མཆོག་ན། །རིག་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་དུ་མ་རྣམ་སྤངས་པའི། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཏེ། །གདོད་ནས་ཐེག་མཆོག་མཛོད་ཉིད་ཕྱིར། །སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྣང་བར་མཛད། །ཅེས་སོ། །གཉིས་པ་གནས་ཀྱི་ངོ་བོ་ནི། ལྷའི་སྐུ་དང་ལྷན་ཅིག་ཏུ་འདུས་པའི་གཞལ་ཡས་ཁང་དེའི་རྒྱུ་ནི་ཡེ་ཤེས་ཉིད་དབྱིབས་ཁ་དོག་ཏུ་སྣང་བ་ཡིན་ཏེ། དེའང་གདུལ་བྱའི་དགོས་འདོད་སྐོང་བ་དོན་ཡིན་ལ། རྟགས་རིན་པོ་ཆེ་འོད་འབར་བའི་གཞལ་ཡས་ཁང་། འཁོར་བའི་ཆོས་ཐམས་ཅད་མ་སྤངས་པར་འབྲས་བུའི་ངོ་བོར་ལྷུན་གྱིས་གྲུབ་ཅིང་ཡོན་ཏན་དཔག་ཏུ་མེད་པ་རྫོགས་པ་དོན་ཡིན་པའི་ཕྱིར། རྟགས་གཞལ་ཡས་ཁང་གི་དབྱིབས་གྲུ་བཞིར་གྱུར་པ། དེའང་ཆོས་ཀྱི་དབྱིངས་ལ་མཐའ་ཐུག་པ་མེད་པ་དོན་ཡིན་ལ། རྟགས་བུམ་པའི་མཐོ་དམན་ལ་ཚད་དཔག་ཏུ་མེད་དེ་དེ་བཞིན་གཤེགས་པའི་གཙུག་ཏོར་ལྟ་བུའོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་རང་རིག་པའི་ཡེ་ཤེས་སུ་གཅིག་པ་དོན་ཡིན་ལ་རྟགས་གཞལ་ཡས་ཁང་གི་རྩེ་མོ་གུར་ལྟ་བུར་ཀུན་འཁྱིལ་པ་སྟེ། རྒྱས་པ་ལས། གཅིག་དང་དུ་མ་བྲལ་བའི་ཕྱིར། །དཀྱིལ་འཁོར་སྤྲོས་མེད་ཟླུམ་པོའི་ཚུལ། །ཞེས་སོ། །རྣམ་པར་ཐར་པ་བཞི་དང་ལྡན་པའི་རྟགས་སུ་སྒོ་བཞི་གློ་འབུར་དུ་ཡོད་པ་དང་། ཡང་དེ་ཉིད་ལས། སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་བཤད། །ཅེས་སོ། །ཡེ་ཤེས་རེ་རེའང་ཡེ་ཤེས་བཞི་བཞི་དང་ལྡན་པའི་རྟགས་སུ་གློ་འབུར་མཁར་ཐབས་བཞིའོ། །བླ་མེད་ཀྱི་ཐེག་པ་ནི་ཐེག་པ་གཞན་ལས་འཕགས་པའི་རྟགས་སུ་གཞལ་ཡས་ཁང་གི་འོག་གཞིའི་འཕང་ལ་ཁྲུ་རེ་ཡོད་པའོ། །རྣམ་ཐར་བརྒྱད་ཀྱི་ཐེག་པའི་འཇུག་པ་མཚོན་པའི་རྟགས་སུ་ཐེམ་སྐམ་རྟ་བབ་ཕྱི་བཞི་ནང་བཞིའོ། །དེ་ཉིད་ལས། དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །ཅེས་སོ། །རང་སའི་འབྲས་བུ་བརྒྱད་ཐོབ་པའི་རྟགས་སུ་རྒྱན་རྟ་བབ་བརྒྱད་དང་ལྡན་པ་ནི། འོད་རིམ་ལས། རྟ་རྐང་ཆུ་སྐྱེས་རིན་ཆེན་སྒྲོམ། །མ་སྐྱེས་ཐབས་ཀྱི་ཟ་རར་ཚགས། །སྣ་འཕྱང་ཆུན་འཕྱང་ཤར་བུ་དང་། །སྣ་ཚོགས་ཁྱུང་མགོ་རིམ་པར་འཁྲིགས། །ཞེས་སོ། །ཡུལ་སེམས་དབྱེར་མེད་བདག་ཉིད་ཆེན་པོའི་དོན་མངོན་དུ་བྱས་པའི་ལྷ་ཡབ་དེ་དང་ནི་ཡུམ་རྣམས་ཀྱིས་བདག་པོ་བྱེད་པའི་གནས་ནི། གསང་སྙིང་ལས། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །ཅེས་པས། ལྷའི་སྤྲུལ་པའི་འཕྲོ་འདུས་ཀྱི་གདན་བཞི་བཅུ་རྩ་གཉིས་བརྒྱན་པ་དང་། ལོགས་ཀྱི་རྒྱན་ནི། ཤར་འཁོར་ལོ། ལྷོ་རིན་པོ་ཆེ། ནུབ་པདྨ། བྱང་རལ་གྲི། སྟེང་རྡོ་རྗེ་བརྒྱན་པའོ། །མགུལ་རྒྱན་ནི། འོད་རིམ་ལས། ཐ་མའི་འདབ་མས་ཀུན་གཡོགས་པས། །ཡེ་ཤེས་རྩིག་སྟོང་སེང་མགོ་གཏམས། །མི་འཇིག་ཁ་ན་མུ་ཏིག་ཏར། །ཕ་གུ་མཛེས་པའི་བད་དང་ལྡན། །དྲྭ་བ་དྲྭ་ཕྱེད་མགུལ་འཁོར་ལྡན། །གཟུགས་སོགས་ལྷ་མོ་འཁྲིགས་པ་སྟེ། །སྣ་ཚོགས་མཆོད་བྱེད་རོལ་མོ་ཡིས། །བར་སྣང་ཁམས་ཀུན་སྤྲིན་ཕུང་བཞིན། །ཅེས་གསུངས་པས། ཐུགས་རྗེ་དང་སྤྲུལ་པའི་འཕྲོ་འདུ་རྒྱུན་མི་འཆད་པ་དང་ལྡན་པའི་རྟགས་ལ་ཕྲེང་བ། བདེན་པ་གཉིས་དབྱེར་མེད་པའི་རྟགས་སུ་རིན་པོ་ཆེའི་ཆུན་འཕྱང་། ཐབས་སྣ་ཚོགས་མ་འདྲེས་ལ་ཡོངས་སུ་རྫོགས་པའི་རྟགས་ལ་མཛེས་གདུང་ལ་རིན་པོ་ཆེའི་ཤར་བུ། འདོད་པའི་ཡོན་ཏན་ལྔ་མ་སྤངས་རྣམ་དག་རྒྱན་དུ་རྫོགས་པའི་རྟགས་སུ་འདོད་ཡོན་ལྔ་ལྷ་མོ་དཔག་ཏུ་མེད་པ་ཕྱོགས་བཅུར་འཁྲིགས་ཤིང་རྒྱུན་ཆད་མེད་པར་འབྱུང་བའོ། །སྒོ་རྒྱན་ནི། སྒོ་ཁང་ནང་གི་རྒྱན་དགུ་དང་། བཅུ་གཅིག་རྡོ་རྗེའི་འབྲེང་ར་ལ་སོགས་པའོ། །ཕྱིའི་རྒྱན་ནི། རྒྱས་པ་ལས། ཡེ་ནས་མི་ཉིད་མི་འདའི་ཕྱིར། །ཏ་ལའི་ལྗོན་ཤིང་རང་བཞིན་གནས། །རེ་བ་ཡིད་བཞིན་སྐོང་བའི་ཕྱིར། །དཔག་བསམ་ཤིང་ནི་རིན་ཆེན་འབར། །ཡིད་བཞིན་རིན་ཆེན་རྒྱན་གྱིས་བསྐོར། །ཐམས་ཅད་ལ་ནི་དབང་བསྐུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། །ཅེས་གསུངས་པས། ཡེ་ནས་མཉམ་པ་ཉིད་ལ་མི་འདའ་བས་ཉོན་མོངས་གཏན་ནས་མི་སྐྱེ་བའི་རྟགས་སུ་ཏ་ལའི་ལྗོན་ཤིང་བཅད་ཟིན་བརྒྱད་དམ་བཅུ་དྲུག །མན་ངག་ལྟར་ན་མཁའ་འགྲོ་སུམ་ཅུ་གཉིས་ཀྱི་གནས་ཡིན་པས་སོ་གཉིས་སུ་འདོད་སྐད་དོ། །གདུལ་བྱའི་རེ་བ་ཡིད་ལ་བསམ་པ་བཞིན་དུ་སྐོང་བའི་རྟགས་སུ་དཔག་བསམ་ཤིང་ལ་རིན་པོ་ཆེའི་ཚོང་ཚོང་གིས་སྤྲས་པ་ལ་དྲིལ་བུ་གཡེར་ཁས་བརྒྱན་པ་ཏ་ལའི་གྲངས་དང་མཐུན་པ། དེ་དག་གི་བར་བར་དུ་རིན་པོ་ཆེའི་ཕུང་པོ་དང་། ཁྲུས་ཀྱི་རྫིང་བུ་ཡང་ཏ་ལ་དང་། དཔག་བསམ་ཤིང་གི་གྲངས་ལྟར་ཡོད་དོ། །འཁོར་བའི་ཆོས་ལ་དབང་བསྒྱུར་བའི་རྟགས་སུ་འཇིག་རྟེན་གྱི་ལྷ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་བསྐོར་བའི་གདན་ལ། གསེར་གྱི་ས་གཞིའི་སྟེང་། ནེལ་སེང་སྔོན་པོའི་ཐང་། དེའི་སྟེང་ན་མེ་ཏོག་ལྡེམ་གཟིང་དཀར་པོའི་ཚལ་ཡོད་དོ། །དེ་ལྟ་བུའི་གཞལ་ཡས་ཁང་གི་རྒྱན་དུ་མར་སྣང་བ་ཡང་། དཔེ་དྲི་ཟ་ཁོ་རང་གར་བསྡད་པའི་སར་གནས་ཁང་རང་ཤུགས་ཀྱིས་གྲུབ་པ་བཞིན་དུ། སྟོན་པ་ལོངས་སྐུའི་དགོངས་པ་ཡེ་ཤེས་ཀྱི་རྩལ་ལས་གཞལ་ཡས་ཁང་གི་དབྱིབས་ཁ་དོག་རྒྱན་དུ་མར་སྣང་བའོ། །དེ་ཡང་གསང་སྙིང་ལས། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཞེས་པ་ནས་རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབ་དང་ལྡན་པ། ཞེས་གསུངས་པའི་བར་གྱི་དོན་ནོ། །རང་རིག་པའི་ཡེ་ཤེས་རྒྱ་ཁྱོན་ཕྱོགས་རེའི་ཚད་བཟུངས་དུ་དཀའ་བ་ནི། ཐམས་ཅད་ཡེ་ཤེས་ཁོ་ན་ཡིན་པ་ལ་བློའི་སྤྱོད་ཡུལ་དང་བྲལ་བ་ཡིན་པའི་ཕྱིར་དེ་ཉིད་ལས། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཞེས་སོ། །དེ་བས་ན་དུས་དང་གནས་སྐབས་ཀུན་ཏུ་ཡེ་ཤེས་མ་གཏོགས་པ་ཕྱི་རོལ་གྱི་ཡུལ་དང་། ནང་གི་སེམས་ཐ་དད་པ་ནི་རང་རིག་པའི་ཡེ་ཤེས་དེ་ལ་མེད་དེ་ཀུན་ཏུ་ཡང་ནང་དུ་གྱུར་པའོ། །དེ་ཉིད་ལས། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པའོ། །ཞེས་སོ། །གདན་གྱི་ནང་མཚན་ལ་ལྔ་སྟེ། འོག་གཞི་ཆོས་ཀྱི་འཁོར་ལོ་བསྐོར་པའི་གདན་དང་། ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམ་པའི་དང་། སའི་ཁྱད་པར་འགྲོད་པའི་དང་། ཐུགས་རིག་པ་རང་སྣང་གི་གདན་དང་། སྨོན་ལམ་གུས་པའི་གདན་ནོ། །དང་པོ་ནི། དེ་ཡང་སྟོན་པས་གདུལ་བྱ་བསམ་གྱིས་མི་ཁྱབ་པ་ལ་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བའི་རྟགས་སུ་འཁོར་ལོ་རྩིབ་བཞི་ལྟེ་བ་དང་བཅས་པ་སྟེ། དེ་ཉིད་ལས། གཞི་ཚད་མེད་པ་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ། ཞེས་པ་དང་། རྒྱས་པ་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུས། །ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར། །ཅེས་སོ། །གཉིས་པ་ནི། ཤེས་རབ་རང་བཞིན་མེད་པ་དོན་ཡིན་ལ་རྟགས་ཉི་མའི་དཀྱིལ་འཁོར་དང་། ཐབས་འགག་པ་མེད་པ་དོན་ཡིན་ལ་རྟགས་ཟླ་བའི་དཀྱིལ་འཁོར་དང་དེ་ཉིད་ལས། རང་བཞིན་གྱིས་འོད་གསལ་བའི་ཉི་ཟླའི་དཀྱིལ་འཁོར་དང་། ཞེས་པ་དང་། ཡང་དེ་ཉིད་ལས། རང་བཞིན་ཡེ་ནས་འོད་གསལ་ཕྱིར། །ཉི་ཟླ་བརྩེགས་པའི་གདན་ཁྲི་འབར། །ཅེས་སོ། །ཐབས་ཤེས་རབ་གཉིས་མེད་ལ་ཉེས་པའི་སྐྱོན་གྱིས་མ་ཆགས་པ་དོན་ཡིན་ལ། རྟགས་པདྨའི་གདན་དང་། དེ་ཉིད་ལས། གོས་པ་མེད་པ་པདྨ། ཞེས་པ་དང་། ཡང་། ཡེ་ནས་རྣམ་པར་དག་པའི་ཕྱིར། །མ་ཆགས་པདྨ་འབར་བའི་གདན། །ཅེས་སོ། །གསུམ་པ་ནི་གདུལ་བྱའི་རེ་བ་སྐོང་ཞིང་དགོས་འདོད་ལྷུན་གྱིས་གྲུབ་པ་དོན་ཡིན་ལ། རྟགས་རིན་པོ་ཆེའི་ཁྲི་སྟེ། དེ་ཡང་དཀར་པོ་བདུན་ངོ་བོ་ཉིད་ལྷུན་གྱིས་གྲུབ་པ་དོན་ཡིན་ལ། རྟགས་ཁྲི་རྐང་རེ་རེ་ལ་ཡང་མཛོད་མིག་བདུན་བདུན་དང་ལྡན་པའོ། །དེ་ཡང་དེ་ཉིད་ལས། རིན་པོ་ཆེའི་གདན་ལ། ཞེས་པ་དང་། ཡང་། ཟད་མེད་ཡེ་ཤེས་གཏེར་གྱུར་པས། །ཡིད་བཞིན་རིན་ཆེན་འབར་བའི་གདན། །ཅེས་སོ། །བཞི་པ་ནི། སྟོན་པའི་དགོངས་པ་ལ་འབྲས་བུའི་ཆེ་ཡོན་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་། རྫོགས་པ་དོན་ཡིན་ལ། རྟགས་སེམས་ཅན་ལྔའི་གདན་དུ་སྣང་བ་ཡིན་ཏེ། དེ་ཉིད་ལས། མི་འཇིགས་པ་སེང་གེ་ཞེས་པ་ནས། ནམ་མཁའ་ལྡིང་གི་ཁྲི་དང་ཞེས་པའི་བར་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འཇོམས། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱས་པའི་གསུང་། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་འཕྲིན་ལས་བཞི་ཡིས་ཐོགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་གསུངས་སོ། །ལྔ་པ་སྨོན་ལམ་གུས་པའི་གདན་ནི། འབྲས་བུའི་གདན་གྱི་ཞོར་ལ་བཤད་དེ། དེ་ཡང་ས་མཐའི་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་ལུས་སེང་གེ་ལ་སོགས་པར་སྤྲུལ་ཏེ། སྟོན་པའི་གདན་དུ་ཕུལ་ནས་ཉོན་མོངས་པའི་སྒྲིབ་པ་སྦྱངས། རྣ་བས་ཆོས་ཉན་པས་ཤེས་བྱའི་སྒྲིབ་པ་སྦྱངས་ཏེ། རྒྱ་མཚོ་ལས། བྱང་ཆུབ་སེམས་དཔའ་སྨོན་ལམ་དབང་། །ཐོས་པ་རྒྱ་མཚོ་བསགས་པའི་ཕྱིར། །ལུས་ནི་སེང་གེའི་གདན་དུ་ཕུལ། །ཞེས་པ་དང་། སྤར་ཁབ་ལས། སེང་གེ་ལ་སོགས་པ་སྨོན་ལམ་གྱི་བྱང་ཆུབ་སེམས་དཔའ་གཅིག་བརྒྱད་དོ། །ཞེས་གསུངས་སོ། །དེ་ལ་གདན་གྱི་རིམ་པ་ནི། སྤྱན་འགྲེལ་ལས། སྐྱེས་བུ་ལྔ་ལ་ལྔ་བརྩེགས་ཏེ། སེམས་དཔའ་ལ་སུམ་བརྩེགས། སྒོ་བ་ཡབ་ཡུམ་ལ་ཉི་མ་དང་པདྨ་གཉིས་བརྩེགས། ཀུན་བཟང་ཡབ་ཡུམ་ལ་དཀྱིལ་འཁོར་ལ་འགོད་པའི་ཚེ་སུམ་བརྩེགས་དང་། ཆོས་འཆད་པའི་ཚེ་ལྔ་བརྩེགས་སུ་བཤད་དོ། །དེ་ཡང་གདན་གྱི་སྟེང་དུ་ཟླ་བ་འོང་བའི་རྒྱུ་མཚན་ནི། སྤར་ཁབ་ལས། ཐིག་ལེ་ཆེན་པོ་དང་ས་བོན་ནི་ཐམས་ཅད་ཀྱི་བྱེད་པ་པོའི་ཕྱིར་བདག་པོ་དང་རྡོ་རྗེ་སྟེ། དབུས་ན་ཟླ་བ་བླར་གནས་སོ། །ཞེས་སོ། །ཐབས་ལམ་ལྟར་ན། སྙིང་ག་ཆོས་ཀྱི་འཁོར་ལོ་ན་སྲོག་མི་ཤིགས་པའི་ཐིག་ལེ་དང་། ཀླད་པ་བདེ་ཆེན་གྱི་འཁོར་ལོ་ན་སྲོག་མི་ཤིགས་པའི་ཐིག་ལེ་ཡོད་པས། ཐབས་ཀྱིས་ཟིན་མ་ཟིན་གྱི་ཆས་ཐིག་ལེ་གཉིས་པོ་དེ་འཁོར་འདས་ཐམས་ཅད་ཀྱི་བྱེད་པ་པོའི་རྒྱུ་རུ་འགྲོ་ལ། གྲོལ་ལམ་ལྟར་ན། རྒྱུད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ་དང་། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་གཉིས་ལ་གདན་ཟླ་བ་སྟེང་དུ་ཡོད་པའི་རྒྱུ་མཚན་དེ་ཡིན་ཅེས་གསུང་སྟེ། དེ་ཡང་སྤྱན་འགྲེལ་ལས། གཙོ་བོ་ནི་ཤེས་རབ་ལ་སྤྱོད་པའི་ཕྱིར། ནང་གི་ཆུ་སྐྱེས་ཀྱི་ལྟེ་བ་ལ་ཉི་མ་བརྟན་པའི་ཕྱིར། རི་བོང་ཅན་སྟེང་ན་གནས་སོ། །ཡུམ་རྣམས་དེ་ལས་ཟློག་གོ། །ཞེས་འཆད་ན་ཡང་། ལྷ་འཁྲིལ་སྦྱོར་རྣམས་ལ་གདན་གཅིག་པས་མི་འགལ་ལོ། །འགྲེལ་པ་མངོན་རྟོགས་ལས། ཞི་བའི་ལྷ་ཀུན་ལ་ཟླ་བ་སྟེང་དུ་འོང་ལ། ཁྲོ་བོའི་ལྷ་ཀུན་ལ་ཉི་མ་སྟེང་དུ་འོང་བར་གསུངས་སོ། །དེ་ལྟར་ཡེ་ཤེས་ཀྱིས་རྩལ་ལས་གཞལ་ཡས་ཁང་གི་གདན་དང་། རྒྱན་དུ་མར་སྣང་བས་དབྱིངས་ཕྱོགས་གཅིག་གི་མཐའ་དང་བྲལ་བས་ན། གཅིག་མ་ཡིན་ལ་ཡེ་ཤེས་སྣ་ཚོགས་སུ་སྣང་བའི་དུས་ལ་རང་བཞིན་མེད་དེ་དབྱིངས་ལས་མ་གཡོས་པས་དུ་མའི་མཐའ་དང་བྲལ་བའོ། །གསུམ་པ་འཁོར་ལ་གསུམ་སྟེ། བགྲང་། དང་པོ་རྣམ་གྲངས་དང་། དྲང་། དོན་ལ་གཙོ་འཁོར་གྱི་དགོངས་པ་དབྱེར་མེད་ཡིན་ཀྱང་། གདུལ་བྱའི་སྣང་ངོ་ལ་གཙོ་འཁོར་གྱི་ཚུལ་དུ་སྣང་སྟེ། དེ་ཡང་གནས་དེ་ན་སྟོན་པ་དེ་ལ་འཁོར་དེ་གུས་པའི་ཚུལ་དུ་སྣང་སྟེ། སྟོན་པ་ཀུན་བཟང་གི་རྒྱལ་ཚབ་ཀྱི་ཚུལ་འཛིན་ཅིང་རྒྱུད་འཆད་བྱེད་ཀྱི་སྐྱེས་བུ་རྒྱལ་བ་རིགས་ལྔ་ཡབ་ཡུམ་བཅུ་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚུལ་འཛིན་པའི་འཁོར་སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང་། གདུག་པ་ཅན་འཇིགས་པར་བྱེད་པ་ཁྲོ་བོའི་ཚུལ་འཛིན་པའི་འཁོར་ཁྲོ་བོ་ཡབ་ཡུམ་བརྒྱད་དང་། ཐུགས་རྗེའི་སྤྲུལ་པའི་འཁོར་ཐུབ་པ་དྲུག་གི་ཚུལ་འཛིན་པ་དང་། དད་པ་ཅན་གཏམ་ཉན་པའི་འཁོར་སངས་རྒྱས་ཀྱི་ཐུགས་རྗེ་དང་གདུལ་བྱའི་སྨོན་ལམ་འབྲེལ་བའི་སྟོབས་ཀྱིས་ལྷ་ཆེན་པོ་བརྒྱད་དང་། སོགས་ཀྱི་སྒྲས་དཔལ་མགོན་བདུན་ཅུ་རྩ་ལྔའི་ཚུལ་འཛིན་པ། གཞལ་ཡས་ཁང་གི་རྒྱབ་རྡོ་རྗེ་རྭ་བའི་ནང་། མེ་ཏོག་ལྡོམ་གཟིང་དཀར་པོའི་སྟེང་ན་བཞུགས་པའོ། །གཉིས་པ་བཞུགས་ཚུལ་དང་། དྲང་། འཁོར་དེ་རྣམས་ཀྱི་བཞུགས་ཚུལ་ནི། རིགས་ལྔ་ཡབ་ཡུམ་བཅུ་ནི་སྟོན་པ་ཀུན་བཟང་ཡབ་ཡུམ་དང་དགོངས་པ་དབྱེར་མེད་པས་བཞུགས་ཚུལ་གཅིག་གོ། །སེམས་དཔའ་རྣམས་ནི་ལམ་མཐར་མ་ཕྱིན་གྱི་བར་དུ་བདག་གཞན་གྱི་དོན་བསྒྲུབ་པ་ལ་མཉམ་རྗེས་ཀྱི་ཚུལ་དུ། གཡོན་བསྐུམ་གཡས་པ་གདན་ལ་འབབ་པའི་ཚུལ་དང་། ཁྲོ་བོ་རྣམས་ནི་སྒོ་བསྲུང་བའི་ཚུལ་དུ་ཟུར་གྱིས་བལྟ་བའམ། ཕྱིར་བལྟས་པའི་ཞབས་གྱད་བཀྱག་ཐབས་སུ་དང་། ཐུབ་པ་རྣམས་ནི་འགྲོ་བའི་དོན་རྒྱུན་ཆད་མེད་པར་མཛད་པའི་ཕྱིར་ཞབས་འགྲེང་བར་བཞུགས་པའོ། །དེ་ཡང་གསང་སྙིང་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། ཞེས་པ་ནས། མཚན་མར་མ་ཡིན་པ་ཞེས་པའི་བར་གྱིས་དོན་ནོ། །འོ་ན་གོང་དུ་རིགས་ལྔ་དང་སེམས་དཔའ་སྟོན་པར་མཛད་པ་དང་། འདིར་འཁོར་དུ་བཤད་པ་གཉིས་འགལ་ལོ་ཞེ་ན། འགལ་བ་མ་ཡིན་ཏེ་གོང་དུ་ཐམས་ཅད་སྟོན་པར་བཤད་པ་ནི། གདུལ་བྱ་ལྷ་མིའི་སྣང་ངོ་ལ། ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་སྟོན་པ་འབྱུང་བར་བྱེད་པ་ལ། ཆོས་སྐུ་ཀུན་བཟང་གི་རྒྱལ་བ་དགོངས་བརྒྱུད། ལོངས་སྐུ་རིགས་ལྔས་རིག་འཛིན་བརྡའ་བརྒྱུད། སྤྲུལ་སྐུ་ཕྱག་རྡོར་གྱིས་དམ་པའི་རིགས་ཅན་ལྔ་ལ་ཚིག་བརྡའི་སྒོ་ནས་གསུངས་ཏེ། དེ་ནས་རྒྱལ་པོ་ཛཿམན་ཆད་དུ་གང་ཟག་སྙན་བརྒྱུད་དུ་བསྟན་པ་དར་བ་ལ། དེ་ལྟར་རྒྱལ་བ་སྐུ་གསུམ་དུ་བརྒྱུད་དགོངས་པ་ཡིན་ཏེ། ཁོག་གཞུང་ལས། སྟོན་པའི་རང་བཞིན་བརྒྱད་དང་ལྡན། །བདག་ཉིད་བྱེད་པ་ཀུན་ཏུ་བཟང་། །འཆད་པའི་སྐྱེས་བུ་རིགས་ལྔ་སྟེ། །མཚུངས་པའི་གཞི་དང་ལྡན་པའི་ཕྱིར། །ལྔས་ཀྱང་བསྟན་པ་གསུངས་མི་འགལ། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །ཐུན་མོང་མ་ཡིན་ངེས་པའི་རྒྱུད། །དྲིས་ལན་མི་མངོན་ཚུལ་གྱིས་བསྡུས། །བྱིན་རླབས་མི་ཡུལ་གྲགས་པ་ཡིན། །ཅེས་གསུངས་པའི་ཕྱིར་རོ། །འདིར་འཁོར་དུ་བཤད་པའི་རྒྱུ་མཚན་ནི། སྤྱིའི་རྒྱུད་ཀྱི་ཆོས་འཆད་པའི་སྟོན་པ་ནི། ཀུན་བཟང་ཉག་གཅིག་གིས་གསུངས་པ་ཡིན་པས། དེ་ལ་ལྟོས་ནས་རིགས་ལྔ་མན་ཆད་འཁོར་དུ་བཤད་པ་ལ་འགལ་བ་མེད་དོ། །གསུམ་པ་ཚད་གཉིས་བསྟན་པའོ། །དྲང་། དེ་ལྟ་བུའི་སྤྲུལ་པ་རང་རྒྱུད་པའི་ཚོགས་ནི་གྲངས་ཚད་ལས་འདས་པའི་དོན་གྱི་གྲངས་བརྗོད་ཀྱི་མི་ལང་ཡང་། ཆ་ལུགས་ཀྱི་རྣམ་གྲངས་ནི་གང་གི་བཞི་བཅུ་ལ་འདུས་པའོ། །དེའང་ཡབ་ཡུམ་གཙོ་འཁོར་དུ་བཞུགས་ཤིང་ཆོས་ཀྱི་དབྱིངས་མུ་མཐའ་མེད་པར་ཁྱབ་པ་ནི། རང་བཞིན་མངོན་དུ་བྱས་པའི་རྟགས་སུ་གཞལ་ཡས་ཁང་ལྷས་གང་ནས་ཀུན་ཏུ་ཁྱབ་པར་བཞུགས་སོ། །དེ་ཡང་གསང་སྙིང་ལས། དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །ཞེས་པའི་དོན་ནོ། །བཞི་པ་སྡུད་པ་པོ་དང་། དྲང་། དཔེར་ན་ནོར་བུ་རིན་པོ་ཆེ་ལ་གདུལ་བྱ་རང་རང་གི་བསམ་པ་བཞིན་དུ་དགོས་འདོད་འབྱུང་བ་ལྟར། སྡུད་པ་པོ་ཡང་གདུལ་བྱ་རང་རང་གི་མོས་པ་བཞིན་དུ་སྐུ་མངའ་བའི་གསང་བདག་ནི་སྙན་ཆ་ལྔ་ལྡན་དུ་ཡོད་པས་རྒྱུད་དེ་ཡི་བདག་པོ་ཡིན་པའི་ཕྱིར། སྡུད་པ་པོ་ཡང་གསང་བ་བདག་རང་ཡིན་ཀྱང་། ཏནྟྲ་སྟེ་རྒྱུད་ཐུགས་སྒྱུ་འཕྲུལ་དྲྭ་བ་དེའི་དོན་སྡུད་པ་པོས་བསྡུས་ནས་མི་དང་མི་མ་ཡིན་པ་ལ་སོགས་པ་ལ་བརྒྱུད་པའང་། རང་རང་གི་མོས་པ་བཞིན་དུ། ལྷ་ལ་ཀུ་མ་ར་སྟེ་འཇམ་དཔལ་དུ་སྣང་བ་དང་། ཀླུ་ལ་སྤྱན་ཚོར་ཏེ་སྤྱན་རས་གཟིགས་སུ་སྣང་བ་དང་། མི་དང་མི་མིན་གཉིས་ཀ་ལ་གསང་བདག་ཏུ་སྣང་བ་དེ་ནི་སྟོན་པ་ཀུན་བཟང་དེ་ཡི་ཐུགས་ལས་སྐྱེས་པའི་ཕྱིར། རྒྱུད་དེ་ཡི་དོན་ནི་གསང་བདག་དེས་བསྡུས་ནས་དམ་པའི་རིགས་ཅན་ལྔ་དང་། རྒྱལ་པོ་ཛཿལ་སོགས་པའི་སྐལ་ལྡན་རྣམས་ལ་གསུངས་པ་ནི་རིགས་ཏེ་འཐད་པའོ། །དེ་ཡང་གསང་འདུས་ལས། རང་གི་ལུས་ངག་ཡིད་རྡོ་རྗེ། །མི་ཕྱེད་པ་ཡི་ངོ་བོ་ཉིད། །རིག་པ་བཅས་པར་ལྡན་པ་ཉིད། །རིག་པའི་སྐྱེས་བུ་ཞེས་སུ་བརྗོད། །ཅེས་སོ། །ལྔ་པ་དུས་དང་། དྲང་། ཆོས་སྐུ་ལོངས་སྐུ། སྤྲུལ་སྐུ། རྡོ་རྗེའི་སྐུ། མངོན་པར་བྱང་ཆུབ་པའི་སྐུ་དང་ལྔ་ནི། ལམ་པའི་ས་ཚོད་མཐོ་ན་དམན་གྱི་བློ་ཡིས་ཕྱེ་བས་ཡེ་ཤེས་རྒྱ་མཚོའི་འཁོར་དང་། སྨིན་པ་རྒྱ་མཚོ་དང་། མོས་པ་རྒྱ་མཚོ་དང་། ལྷུན་གྲུབ་རྒྱ་མཚོ་དང་། རྒྱལ་བ་རྒྱ་མཚོའི་འཁོར་དང་ལྔ་པོ་རྣམས་ལ། སོ་སོར་རང་རང་གི་བློ་དང་འཚམས་པར་ཆོས་བསྟན་ཅིང་བརྡའ་སྤྲད་པའི་དུས་ཐ་དད་དུ་སྣང་ན་ཡང་། གདུལ་བྱ་གོ་ཕྱེ་བའི་འཁོར་གྱི་སྣང་ངོར་རྐྱང་བཀར་དུ་བཤད་པ་ཡིན་ལ། འདིར་ནི་སྟོན་པ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་དྲུག་པ་དེས་ལྷན་ཅིག་པ་ཡི་འཁོར་རྣམས་ལ་བསྟན་པ་གསུང་ལྔ་ལྷུན་གྲུབ་དུས་གཅིག་ཏུ་སྣང་སྟེ། དེ་ཡང་ཚུལ་ཅི་ལྟར་དུ་སྣང་ན། མཐར་ལམ་པའི་འཁོར་གང་གིས་སྟོན་པ་དྲུག་པའི་ཞལ་མཐོང་བ་དང་བསྟན་པ་གསུང་ལྔ་ལྷུན་གྲུབ་ཀྱི་དོན་རྟོགས་ནས་སངས་རྒྱས་པ་དེའི་ཚེ་ན་ཡང་། དུས་བཞི་མཉམ་པ་ཉིད་ལས་མ་གཡོས་པ་ཡིན་ཏེ། དེ་ཡང་དུས་བཞི་ནི་དཔེ་མེ་ཤིང་དང་འདྲ་སྟེ། རྒྱུ་རྐྱེན་འཛོམ་པ་དེ་བྲལ་བ་ནི་འདས་པ། རྒྱུ་རྐྱེན་འཚོགས་བདོ་བ་ནི་ད་ལྟ་བ། རྒྱུ་རྐྱེན་འཛོམ་པའི་ཚེ་འབྲས་བུ་གཅིག་འབྱུང་ལ་མ་རག་པ་ནི་མ་འོངས་པ། རྒྱུ་རྐྱེན་སོ་སོར་ཡོད་ཀྱང་ལྷན་ཅིག་ཏུ་མ་འཚོགས་པ་ནི་འབྱུང་བར་མ་ངེས་པའོ། །དེ་ཡང་ཀུན་རྫོབ་ཀྱི་བདེན་པའི་ཆ་ནས་དུས་བཞིར་སྣང་ལ་མ་འགགས་ལ། དོན་དམ་གྱི་བདེན་པའི་ཆ་ནས་དུས་བཞིར་སྣང་བ་མ་དམིགས་ཏེ། དབྱེར་མེད་ཀྱི་བདེན་པའི་ཆ་ནས་དུས་བཞི་མ་འདྲེས་ལ་ཡོངས་སུ་རྫོགས་པས་མཉམ་པ་ཉིད་ཅེས་བྱ་སྟེ། དགོངས་འདུས་ལས། མ་བཅོས་དེ་བཞིན་ཉིད་འདི་ལ། །དུས་གསུམ་དུས་བཞི་མ་དམིགས་ཏེ། །ཡེ་ཤེས་རིག་པའི་ཡུལ་ཅན་ལ། །སྐད་ཅིག་བསྐལ་པ་དེ་སྐད་ཅིག །ཅེས་པ་དང་། རྒྱས་པ་ལས། འདས་དང་ད་ལྟར་འབྱུང་བ་དང་། །འབྱུང་དང་འབྱུང་བར་མ་ངེས་པ། །ཡེ་ཤེས་རྟོགས་པའི་ཁྱད་པར་གྱིས། །དུས་བཞི་སྔ་ཕྱི་མེད་པ་ཡི། ། མཉམ་པ་ཉིད་དེ་ལྷན་ནེར་སྦྱོར། །ཞེས་གསུངས་སོ། །དེ་ཡང་གསང་བའི་སྙིང་པོ་འཁོར་འདས་རང་བཞིན་མཉམ་པ་ཉིད་རྟོགས་པའི་ངང་དུ་དུས་བཞི་མ་འདྲེས་ལ་ཡོངས་སུ་རྫོགས་པར་བརྡ་འཕྲོད་པའི་འཁོར་རྣམས་ལ། རྟག་པར་རྒྱུན་དུ་བསྟན་པ་གསུང་ལྔ་ལྷུན་གྲུབ་ཏུ་བརྡ་མཇལ་བས་ན་ཐུགས་རྗེ་འཛོམ་པའོ། །དུས་ནམ་འཛོམ་ཞེ་ན་མཐར་ཕྱིན་ནས་ཤེས་བྱ་བག་ལ་ཉལ་གྱི་དྲི་མ་དག་པ་ཡི་དུས་ལ་མངོན་སུམ་དུ་འབྱུང་བར་འགྱུར་རོ། །དྲུག་པ་བསྟན་པའོ། །དྲང་། ལམ་མཐར་ཕྱིན་པ་དེའི་ཚེ་གང་སྣང་ན་རང་བཞིན་གསང་བའི་སྙིང་པོ་འབྲས་བུའི་རྒྱུད་ངེས་པའི་ལུང་དེ་མངོན་སུམ་དུ་སྣང་། ཚུལ་ཅི་ལྟར་དུ་སྣང་ན་གསུང་ལྔ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་སྣང་། གང་ལ་སྣང་ན་ལྷན་གཅིག་པའི་འཁོར་ལ་འཆར་ནས་སྣང་བའོ། །འོ་ན་ཡི་གེའི་རྒྱུད་འདི་ངེས་ལུང་མ་ཡིན་ནམ་སྙམ་ན། མཚོན་བྱེད་ཚིག་གིས་བསྟན་པར་སྣང་བའི་རྒྱུད་དེ་ཉིད་ཀྱི་དོན་བརྗོད་པ་ཡིན་ཏེ། འོ་ན་ཚིག་ཁོ་ན་དངོས་སུ་བརྗོད་དམ་ཞེ་ན། མ་ཡིན་ཏེ་མཚོན་བྱེད་ཚིག་དེ་དག་མཚོན་བྱ་མཚོན་བྱེད་མེད་པར་རང་སྒྲ་སྟེ། དཔེར་ན་ཆུ་ཟླའི་གཟུགས་བརྙན་བཞིན་དུ་སྟོན་འཁོར་གྱི་དགོངས་པ་ལ་གསུང་ལྔ་ལྷུན་གྲུབ་མཚོན་བྱ་མཚོན་བྱེད་དབྱེར་མེད་པའོ། །གཉིས་པ་ཁྲོ་བོ་གང་མོས་སུ་སྣང་བའོ། །དྲང་། དཔེར་ན་འགྲོ་བ་མི་ལ་སོགས་པ་གང་དག་གི་མིག་གི་གཟུགས་སུ་སྣང་བའི་ཡུལ་ལ་རང་རང་གི་རིགས་མཐུན་སྣང་ན་གཅིག་ལ་གཅིག་དགའ་བར་བྱེད་ལ། མི་མཐུན་པའི་དགྲ་ལ་ནི་དགའ་བ་དེ་ལས་སྒྱུར་བར་བྱེད་པ་འཇིགས་པའི་གཟུགས་སུ་སྣང་བ་ལྟར། རྒྱལ་བ་དྲུག་པའི་གླེང་གཞིའང་དེ་བཞིན་དུ་ལུགས་འབྱུང་རྣམས་ལ་ཞི་བ་དང་། ལུགས་ལྡོག་རྣམས་ལ་ཁྲོ་བོའི་གླེང་གཞིར་བསྒྱུར་བ་དེ་བཞིན་ནོ། །དེ་ཉིད་རྒྱས་པར་བཤད་པ་ནི། གསང་སྙིང་ལེའུ་བཅོ་ལྔ་པ་ལྟར་ཤེས་པར་བྱའོ། །གཉིས་པ་རྐྱེན་གྱི་གླེང་བསླང་བ་ལ་གསུམ་སྟེ། བགྲང་། དང་པོ་ངོ་བོ་དང་། དྲང་། གོང་གི་གླེང་གཞི་དེ་རྣམས་ཀྱི་རྗེས་སུ་རྐྱེན་གྱིས་གླེང་བསླང་བ་ལ་གསུམ་སྟེ་ཐུན་མོང་མ་ཡིན་པའི་གླེང་བསླང་བ་དང་། ཐུན་མོང་གི་གླེང་བསླང་བ་དང་། གླེང་ལང་བའོ། །དང་པོ་ནི། གོང་དུ་བཤད་པ་ལྟར་ཐབས་ལམ་གྱི་གླེང་གཞི་ཚོགས་ནས་འབྲས་བུ་རང་བཞིན་གསང་བའི་སྙིང་པོ་འདི་ཉིད་ཤིན་ཏུ་ཟབ་པས་ན། འཁོར་གྱིས་ཨི་ཡོད་མི་ཤེས་ཏེ་སྟོན་པས་མདུན་བསུས་ཏེ་གནང་བར་ཞལ་གྱིས་བཞེས་ནས་གླེང་བསླང་བ་སྟེ། འབྲས་བུའི་རྒྱུད་འདི་ཉིད་དང་། གཉིས་པ་ནི། དེ་ནས་རང་བཞིན་ལྷན་ཅིག་པའི་འཁོར་གྱིས་གུས་པས་གསང་བ་བཞིས་ཆོད་ཚུལ་ཞུས་ཏེ་གླེང་བསླང་བ་དང་། རྒྱུད་དེའི་ཞོར་ལ་མཚན་ཉིད་ཀྱི་བཀའ་ཕ་རོལ་ཏུ་ཕྱིན་པ་ཡང་། ཆོས་ཟབ་པས་འཁོར་གྱིས་ཨི་ཡོད་མི་ཤེས་པ་སྟོན་པའི་ཐུགས་རྗེས་གནང་བ་དང་། འཁོར་གྱིས་ཤེས་ནས་ཞུས་པ་མདོ་རྒྱུད་གཞན་རྣམས་ལྟ་བུའོ། །གསུམ་པ་ནི། བསྟན་པ་སྣང་བདོ་བའི་བར་སྐབས་དཀྱུས་ལ་ཞུས་པ་དང་། ལན་གྱི་བྱེ་བྲག་སྟེ་གླེང་དུ་ལང་བ་དང་གསུམ་མོ། །གཉིས་པ་ངེས་ཚིག་དང་། དྲང་། སྟོན་པས་གནང་བ་དང་འཁོར་གྱིས་དྲི་བ་གཉིས་ནི། རྒྱུད་དོན་བསྟན་པ་འབྱུང་བའི་རྐྱེན་དུ་གང་དང་གང་གྱུར་པའི་བསྟན་པ་དེ་སྟོན་པ་དེས་གསུང་ལ་མ་རག་པ་ནི་རྐྱེན་གླེང་བསླང་ཞེས་བྱ་བའི་ངེས་པའི་ཚིག་ཀྱང་དེ་ལྟར་དུ་འགྲུབ་ལ། གླེང་བསླང་གི་ངོ་བོ་ཡང་དེ་ཡིན་ནོ། །གནས་སྐབས་ཀྱི་འཁོར་གྱིས་དྲིས་པ་དང་། སྟོན་པས་ལན་གནང་བ་རྣམས་ཀྱང་གླེང་ལང་ཡིན་པར་སྨོས་ཅི་དགོས་ཏེ། སྟོན་འཁོར་གྱི་དྲིས་ལན་བྱེད་བདོ་བ་དེས་ནི་གླེང་ལང་ཞེས་པའི་ངེས་ཚིག་དེ་ངེས་པར་འགྲུབ་པ་ཡིན་ནོ། །གསུམ་པ་དགོས་ཆེད་དོ། །དྲང་། འདི་ལ་འབྲུའི་འདུག་ས་བསྒྱུར། དོན་གྱི་གོ་རིམ་སྡེབ་དགོས་པ་ཡིན་ཏེ། དེ་ཡང་གོང་གི་དང་པོ་ཐུན་མོང་མ་ཡིན་པ་ཐབས་ལམ་སྤྱོད་པའི་གླེང་གཞི་གང་འཚོགས་པའི་ཚེ་ན་ཡང་། སྔོན་བྱུང་གི་རྒྱུད་དོན་སེམས་ལྔ་འབྱུང་བའི་རྐྱེན་བྱེད་ཅིང་བསྟན་པ་འབྱུང་ལ་མ་རག་པ་དེ། སྔོན་བྱུང་ལྷན་ཅིག་པའི་འཁོར་གྱི་དོན་བྱ་བའི་ཕྱིར་དུ། ཐབས་ལམ་གྱི་རྒྱུད་གླེང་གཞི་འཚོགས་ནས་སྟོན་པས་བྱང་སེམས་གནང་བའི་ཐུགས་རྗེས་རྐྱེན་གླེང་བསླང་སྟེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་སངས་རྒྱས་པར་འགྱུར་ཏེ། གསང་སྙིང་ལས། ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི། །ཞེས་པ་ནས། མཉེས་པར་ཁྱབ་པར་གྱུར་ཏོ། །ཞེས་པའི་བར་གྱི་དོན་ཡིན་ཏེ། རྒྱས་པ་ལས། དཀྱིལ་འཁོར་བཞི་བཅུ་རྩ་ལྔ་དང་། །ཕུན་སུམ་ཚོགས་པ་ལྷུན་གྲུབ་རྣམས། །གསང་དབང་མཆོག་གིས་འབྱིན་པར་བྱེད། །ཅེས་པ་དང་། ཁོག་གཞུང་ལས། ཐུན་མོང་མ་ཡིན་སྟོན་པ་ཉིད། །ཡབ་ཡུམ་ཆགས་བསྐུལ་རོལ་པ་དང་། །དགྱེས་གཏད་འཁོར་ལ་དབང་བསྐུར་བས། །རྒྱུད་དོན་འབྱུང་ཕྱིར་བསླང་ཞེས་བྱ། །ཞེས་གསུངས་སོ། །གཉིས་པ་རྒྱུད་ཁྱད་པར་ཅན་ཤེས་རབ་གྲོལ་ལམ་གྱི་རྒྱུད་གླེང་གཞི་འཚོགས་པ་གང་གི་ཚེ་ན་ཡང་། རྗེས་འཇུག་གི་རྒྱུད་དོན་འབྱུང་བའི་རྐྱེན་བྱེད་ཅིང་བསྟན་པ་འབྱུང་ལ་མ་རག་པ་དེ། གཞན་གོ་ཕྱེ་བའི་འཁོར་གྱི་དོན་བྱ་བའི་ཕྱིར་དུ། གྲོལ་ལམ་གྱི་རྒྱུ་གླེང་གཞི་འཚོགས་ནས་འཁོར་གྱི་ཐུགས་རྗེས་གསང་བ་བཞིས་ཆོད་ཚུལ་གྱི་དྲི་བའི་རྐྱེན་གླེང་བསླང་སྟེ། གདུལ་བྱ་ཐ་དག་གི་དོན་དུ་ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་བསྟན་པ་ཐམས་ཅད་འབྱུང་བར་འགྱུར་བའི་གཞི་བྱས་པ་ཡིན་ཏེ། གསང་སྙིང་ལས། ཨེ་མའོ་ཡེ་ནས་གསང་བའི་ཆོས། །ཞེས་པ་ནས། གཞན་དུ་མིན་ལ་ཤིན་ཏུ་གསང་། །ཞེས་པའི་བར་གྱི་དོན་ནོ། །ཁོག་གཞུང་ལས། ཐུན་མོང་གླེང་བསླང་སྟོན་དང་འཁོར། །ཐ་དད་སྣང་ནས་དབང་ཐོབ་འཁོར། །ཉིད་ཀྱི་རྟོགས་ནས་འགྲོ་དོན་དུ། །བཀའ་སྩལ་དོན་གྱི་ཞུས་དང་ལན། །གནང་བར་དོན་གྱི་ཚིག་ཏུ་ཕྱུང་། །སྐུ་གསུང་ཐུགས་ཀྱིས་སྤྲོ་བ་མཛད། །དེ་ཉིད་སྐྱེ་བོ་ཕལ་པའི་དོན། །ངོ་བོ་དོན་བསླང་ཚིག་ཕྱུང་བའོ། །ཞེས་གསུངས་སོ། །གསུམ་པ་བརྗོད་འབྲེལ་དང་། དྲང་། འདི་ལ་སྔོན་གྱི་བཤད་སྲོལ་ལ་དགོས་འབྲེལ་བཞི་ལྟར་གསུངས་པ་ཡོད་ཀྱང་། གཞུང་ཚིག་རང་ལ་དངོས་སུ་བརྟགས་ན། བརྗོད་འབྲེལ་བཞི་བས་མི་གདའ་བས། །དེའི་དབང་དུ་བྱས་ན། དང་པོ་བརྗོད་བྱ་ནི་རང་བཞིན་གསང་བའི་སྙིང་པོའི་གཞི་འབྲས་ཀྱི་རྒྱུད་ཀྱི་དོན་དེ་ཉིད་ཅི་ལྟར་བ་བཞིན་དུ། མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུ་རྗོད་པར་བྱེད་པའི་བདག་པོ་སྟོན་པ་རྒྱལ་བ་དྲུག་པས་གསུངས་པའི་རྒྱུད་ཀྱི་དོན་དེ་ཉིད། ལམ་རྐྱེན་ཡི་གེའི་རྒྱུད་དང་ཚིག་ཚོགས་སུ་སྣང་བ་ནི་རྗོད་བྱེད་ཡིན་ཏེ། འདི་ལ་བརྩེགས་སྡེབ་གཅིག་བྱ་སྟེ། དེ་ཡང་གང་ཟག་གཟུ་ལུམས་རས་ཆོད་ཅན་དགག་པར་བྱ་བའི་ཕྱིར་དུ། རྒྱུད་དེ་ཉིད་འཆོལ་ཞིང་འཁྲུགས་ནས་ཡོད་པ་ལ། ལས་འཕྲོ་སྐལ་བ་དང་ལྡན་པ་ལ་བཤད་པའི་ཚེ། དེ་ཉིད་འབྲེལ་པ་རིམ་བཞི་དང་སྦྱར་དགོས་ཏེ། དེ་ཡང་ཐབས་གྲོལ་གྱི་རྒྱུ་གླེང་གཞི་འཚོགས་ནས་རྐྱེན་གླེང་བསླང་བ་ནི་རྒྱུད་དོན་འབྱུང་བའི་ཐབས་ཡིན་པ་དང་། ཐབས་དེ་ལས་རྒྱུད་དོན་འདི་ཉིད་འབྱུང་བ་ནི་ཐབས་དང་ཐབས་བྱུང་འབྲེལ་པ་ཡིན་ལ། དེ་ལྟར་རྒྱུད་དོན་གཏན་ལ་ཕབ་ཅིང་ཉམས་སུ་ལེན་པ་ནི་རྒྱུ། མི་ཟད་རྒྱུན་གྱི་འཁོར་ལོ་ཐོབ་པ་ནི་འབྲས་བུ་སྟེ། དེ་ནི་རྒྱུ་དང་འབྲས་བུའི་འབྲེལ་པའོ། །དེ་ཡང་གླེང་གཞི་ལ་ཐབས་གྲོལ་གཉིས་བྱུང་བ་དེའི་རྗེས་སུ་བརྗོད་འབྲེལ་བཞི་ཡང་ཐབས་གྲོལ་གཉིས་སུ་བཤད་པ་ངེས་པར་འགྲོ་བ་ཡིན་ཏེ། དེ་ཡང་གྲོལ་ལམ་གྱི་གཞི་ནི་གོང་དུ་སོང་ལ། ཐབས་ལམ་གྱི་བརྗོད་འབྲེལ་བཞི་ནི། གསང་བ་རྡོ་རྗེའི་རྩེ་མོར་བྱང་སེམས་ཐིག་ལེ་ཆེན་པོ་དབབ་བཟུང་གི་ཐབས་དང་བཅས་པ་ནི་བརྗོད་བྱེད། ཐིག་ལེ་དགའ་བ་བཅུ་དྲུག་གི་བདེ་བའི་ཡེ་ཤེས་ནི་བརྗོད་བྱ། བདེ་བ་མྱོང་བར་བྱེད་པའི་ཐིག་ལེ་རླུང་དང་བཅས་པ་ནི་ཐབས། དེས་རང་བཞིན་གསང་བའི་སྙིང་པོ་བདེ་བའི་ཡེ་ཤེས་མྱོང་བ་ནི་ཐབས་བྱུང་། ཐིག་ལེ་བཞི་བཅུ་རྩ་གཉིས་ནི་རྒྱུ། ཡེ་ཤེས་བཞི་བཅུ་རྩ་གཉིས་ནི་འབྲས་བུའོ། །དེ་ཡང་རྒྱུད་འཆོལ་ཞིང་འཁྲུགས་ནས་ཡོད་པ་ལ་རྒོལ་བ་བྱུང་ན་ལན་དེ་ལྟར་དུ་འདེབས་པ་ཡིན་ཏེ། ཁོག་གཞུངས་ལས། རྒོལ་བ་པོ་དག་ཚར་གཅོད་ཕྱིར། །ཅེས་པ་དང་། ཡང་། རྒྱུད་ལ་ལྡན་ཕྱིར་རྒོལ་བ་བཟློག །ཅེས་གསུངས་པའི་ཕྱིར་རོ། །བཞི་པ་འདྲེན་པའི་ཚིག་གི་དཔེ་ལ་གསུམ་སྟེ། བགྲང་། དང་པོ་བསྟན་པ་དང་། དྲང་། ཏནྟྲ་སྟེ་རྒྱུད་གསང་བའི་སྙིང་པོའི་དབུ་ནས་ཞབས་ཀྱི་ལེའུའི་གྲངས་རྣམས་ཀྱི་བཤད་ཐབས་མདོར་བསྡུས་པའི་སྒོ་ནས་དམིགས་ངོས་བཟུང་ན། དཔེར་ན་མེ་ལོང་ལ་གཟུགས་བརྙན་གསལ་བ་ལྟར་བཤད་ཐབས་འདྲེན་པའི་ཚིག་བཅུ་པོ་ཡི་རྒྱུད་ཀྱི་དོན་མཚོན་ནུས་པས་ན་བཤད་ཐབས་བཅུ་པོ་དང་སྦྱར་བ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པར་བཤད་པ་དང་། དྲང་། བཅུ་པོ་དེ་གང་ཞེ་ན། སྤྱི་དོན་སྡུད་པའི་ཚིག་སེང་གེ་མཆོངས་པ་ལྟར་བཤད་པ་དང་། རྣམ་པར་དབྱེ་བའི་ཚིག་སྟག་གི་མཆོངས་པ་ལྟར། རང་བཞིན་ལྟ་བའི་ཚིག་ཁྱུང་ནམ་མཁའ་ལ་ལྡིང་བ། རང་རྐྱེན་གཉེར་བའི་ཚིག་རུས་སྦལ་གནུར་འགྲོས་ཚད་མ་བཀའ་གཞུང་གི་ཚིག་དུས་ཀྱི་འབྲུག་སྒྲ། གཏར་ཁ་གེགས་སེལ་གྱི་ཚིག་གླག་མོ་གཟན་ལ་འཛུམ་པ། ལྡེམ་དགོངས་མན་ངག་གི་ཚིག་གནའ་ཕྲུག་བྲག་ལ་འཛེག་པ། འབྲེལ་མཚམས་སྦྱར་བའི་ཚིག་བྱ་ངང་མོའི་འགྲོས། མཚོན་པ་དཔེའི་ཚིག་མེ་ལོང་གཡའ་དག་པ། བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་སེང་གེའི་ཕྲུ་གུ་རྩལ་སྦྱངས་པ་ལྟར་དུ་བཤད་པ་དང་བཅུ་ཡིས་ཚིག་ཐོག་ཏུ་རྒྱུད་དོན་འདྲེན་པར་བཤད་པར་གྱིས་ལ། བཤད་ཐབས་བསྡུས་པ་བཅུ་པོ་དེ་དག་ལའང་། རྒྱུད་དོན་གྱི་བྱེ་བྲག་མི་འདྲ་བས་ཕྱེ་བས་ལེའུ་རིམ་པ་བཞིན་དུ་བདག་པོ་རང་རང་གཙོ་གང་དང་གང་ཆེ་བ་མ་གཏོགས་པ་བཅུ་པོ་གཞན་རྣམས་དགོས་པའི་ངེས་པ་མེད་དེ། དེའང་ལྟ་བ་མི་སྟོན་ན་རང་བཞིན་ལྟ་བའི་ཚིག་མི་དགོས་པ་དང་འདྲའོ། །འབྲེལ་མཚམས་སྦྱར་བ། རང་རྐྱེན་གཉེར་བ། རྣམ་པར་དབྱེ་བ་སྤྱི་འགྲོ་གསུམ་ནི་ལེའུ་ཀུན་ལ་ཤེས་པར་འགྱུར་བ་ཡིན་ནོ། །བཅུའི་དང་པོ་ནི། སེང་གེ་མཆོངས་པའི་ཆོས་གཅིག་གི་ཁ་འོག་ཏུ་ཚིགས་དུ་མ་ཆུད་པ་ལྟར་དུ། སྤྱི་དོན་སྡུད་པའི་ཚིག་གིས་རྣམ་གྲངས་ཀྱི་ཚིག་མང་པོ་ཡང་ལམ་དོན་གྱི་ངོ་བོ་གཅིག་ཏུ་ཁོག་དབུབ་ནས་སྡུད་པར་བྱེད་དོ། །གཉིས་པ་ནི་བྱཱ་ཀྲི་སྟེ་སྟག་མོ་མཆོངས་པའི་ཚེ་སེང་གེ་མཆོངས་པ་དེ་བཞིན་དུ་བགྲོད་པར་བྱ་བའི་ས་ཚིག་དུམ་བུར་བཅད་ནས་མཆོངས་པ་བཞིན་དུ། རྣམ་པར་དབྱེ་བའི་ཚིག་གིས་ཏནྟྲ་སྟེ་རྒྱུད་གསང་བའི་སྙིང་པོའི་ཚིག་དང་དོན་གྱི་དམིགས་སོ་སོར་ཕྱེ་བའི་ཐབས་སུ་ས་གཅོད་ནས་མིང་འདོགས་གསལ་བར་བསྟན་པའོ། །གསུམ་པ་ནི། ཀ་ལ་པིངྐ་སྟེ་བྱ་ཁྱུང་ལྡིང་བའི་དུས་སུ་ཆོས་བཞི་པོས་མཚོན་ཏེ། བཞི་གང་ཞེ་ན། མིག་གོང་འོག་ཏུ་མི་ལྟ་བ་དང་། གཤོག་པ་རློབ་པའི་རྩོལ་བ་མེད་པ་དང་། ངམ་འགྲོག་དང་གཡང་ཟ་ལ་ཉམ་མི་ང་བ་དང་། བྱ་ལམ་ལ་རྗེས་མེད་པ་བཞིན་དུ། རང་བཞིན་ལྟ་བའི་ཚིག་གིས་རྣལ་འབྱོར་སྤྱན་གྱི་འཕང་གཅོད་པའི་ཐེག་པ་ཐམས་ཅད་ལྟ་བའི་འོག་ཏུ་ཚུད་པ། ལམ་བགྲོད་པའི་རྩོལ་བ་མེད་པ། སྲིད་ཞི་ལ་ཉམ་ང་མེད་པ། བལྟ་བྱ་ལྟ་བྱེད་ཀྱི་སྤྱོད་ཡུལ་མེད་དོ། །བཞི་པ་ནི། རུས་སྦལ་འགྲོས་ཀྱི་ཆོས་གཉིས་ཡོད་དེ། གཉིས་པོ་གང་ཞེ་ན། གཡོ་འགུལ་མི་མངོན་པར་ཤུགས་ཀྱིས་འགྲོ་ཞིང་ས་སྟོང་མི་ལུས་པར་ཁྱབ་པ་བཞིན་དུ། རང་རྐྱེན་གཉེར་བའི་ཚིག་གིས་འབྲུ་སྟོང་མི་བཞག་པར་ཚིག་ལ་དོན་གྱི་གཟེར་བུས་གདབ་ཅིང་དོན་བརྡའ་སྤྲོད་པར་བྱེད་ཅིང་གཞུང་དོན་མཐར་ཕྱིན་པར་བྱེད་དོ། །ལྔ་པ་ནི། དུས་མིན་པར་མི་འབྱུང་དབྱར་གྱི་དུས་སུ་འབྲུག་སྒྲ་དང་ཆར་པ་འབྱུང་སྟེ། དེ་བྱུང་བ་དང་སྐྱེ་བོ་རྣམས་ཀྱིས་དེ་རིང་ནས་དབྱར་དགུན་གྱི་ཤན་ཕྲག་བྱེའོ་ཞེས་དུས་ཚོད་ཀྱི་སྤྲོས་པ་ཆོད་པའི་ཆོས་གསུམ་པ་དེས་ཡིད་ཆེས་པ་བཞིན་དུ་ཚད་མ་བཀའ་གཞུག་གི་ཚིག་གིས་གསང་སྔགས་བླ་མེད་ཀྱི་དོན་གཏན་ལ་དབབ་པར་བྱེད་པ་ཡི་ཚད་མ་ལ་དག་པ་གསུམ། མཉམ་པ་བཞི། རྟོགས་པ་བཞི་དང་གསུམ་གྱི་དོན་རང་རང་གི་སྐབས་དང་སྦྱར་ཅེས་པའམ། ཡང་ན་ཚད་མ་བཀའ་གཞུང་གི་ཚིག་གིས་བཀའ་ལུང་མན་ངག་རིགས་པ་ཡི་ཚད་མ་གསུམ་གྱི་སྐབས་དང་སྦྱར་ནས། བདེན་གསུམ་དབྱེར་མེད་ཀྱི་དོན་ལ་སྒྲོ་འདོགས་ཆོད་ནས་གྲུབ་མཐའ་མངོན་སུམ་དུ་སྣང་བ་ནི། ཐེག་འོག་གི་སྐབས་སུ་མི་འབྱུང་རང་གཞུང་གི་སྐབས་སུ་འབྱུང་། དེས་ཐེ་ཚོམ་ཆོད་ནས་ཡིད་ཆེས་པའོ། །དྲུག་པ་ནི། གླག་གི་གཟན་ལ་ཞུགས་པའི་ཚེ་མཆུ་སྡེར་གྱིས་ཕྱིའི་ཤ་དང་པགས་པ་ལ་མི་ལྟ་ནས་ནང་གི་དོན་སྙིང་འབྱིན་པར་བྱེད་པའི་ཆོས་གཉིས་དང་ལྡན་པ་ལྟར་དུ། གཏར་ཁ་གེགས་སེལ་གྱི་ཚིག་གིས་ཚིག་དང་བློ་ལ་མི་ལྟ་ནས་གྲུབ་མཐའི་དོན་གྱི་དམིགས་ངོས་བཟུང་ནས་དོན་གང་མི་གསལ་བའི་གེགས་རྣམས་བསལ་ལོ། །བདུན་པ་ནི་གནའ་བའི་ཕྲུ་གུ་བྲག་རི་ཉི་མ་ཤར་བ་ཐམས་ཅད་ལ་འཛེག་པའི་ཚེ་རི་དྭགས་གཞན་ལ་མི་འཚམ་ཡང་། གནའ་ཕྲུག་རང་ལ་འཚམས་པའི་ཆོས་གཉིས་དང་ལྡན་པ་ལྟར། དེ་ཡང་ལྡེམ་དགོངས་མན་ངག་གི་ཚིག་གིས་གསང་བ་བླ་མེད་ཀྱི་དོན་རྣམས་དགོངས་པ་བཞི་དང་། ལྡེམ་པོ་བཞི་དང་བརྒྱད་ཀྱི་དོན་དང་སྦྱར་བ་ནི་འདི་ལྟ་སྟེ། དེ་ལ་དང་པོ་དགོངས་པ་བཞི་ནི། མཉམ་པ་ཉིད་ལ་དགོངས་པ་དང་། དུས་གཞན་ལ་དང་། དོན་གཞན་ལ་དང་། གང་ཟག་གི་བསམ་པ་ལ་དགོངས་པའོ། །ཐེག་པ་འོག་མ་པ་རྒྱུ་འབྲས་སྔ་ཕྱི་ཐ་དད་དུ་ཞེན་པ་རྣམས་ཀྱིས་སངས་རྒྱས་དང་སེམས་ཅན་བཟང་ངན་ཐ་དད་དུ་འཛིན་པའི་ཞེན་པ་དགྲོལ་བའི་ཕྱིར་དུ། ཆོས་ཉིད་མཉམ་པ་ཉིད་ལ་དགོངས་ཏེ་བཟང་ངན་མེད་པར་སྟོན་པའོ། །དེ་ཡང་སྒྱུ་འཕྲུལ་འགྲེལ་བཤད་ལས། གདུལ་བྱ་བཞི་དང་ཐེག་པ་བཞི་པོ་རྣམས། །བཟང་ངན་འཛིན་པ་གསང་སྒོར་དྲང་བའི་ཕྱིར། །ཐམས་ཅད་མཉམ་པའི་དོན་ལ་རབ་དགོངས་ཏེ། །ཐམས་ཅད་བཟང་ངན་བླང་དོར་མེད་པར་བསྟན། །ཅེས་སོ། །གཉིས་པ་ནི། དུས་ཡུན་རིང་པོ་དང་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་ཆེན་པོས་སྒྱིད་ལུག་པ་དག་ལ། སྔགས་ལ་མོས་པ་ཙམ་གྱིས་ཀྱང་འབྲས་བུ་འགྲུབ་ལ། དུས་ཀྱང་ཡི་དམ་གྱི་ལྷ་དྲན་པ་ཙམ་གྱིས་ཀྱང་ཚེ་འདི་ཉིད་ལ་འགྲུབ་པར་བསྟན་ཏེ། དེ་ཉིད་ལས་དུས་དང་ལས་ཀྱི་སྒྱིད་ལུག་གདུལ་བྱ་རྣམས། སྤྲོས་པ་བསྐྱེད་ཅིང་འབྲས་བུར་དྲང་བའི་ཕྱིར། །བརྒྱུད་ནས་འགྲུབ་པའི་དོན་ལ་དགོངས་པ་དང་། །གསང་བ་མོས་པ་ཙམ་གྱིས་འགྲུབ་པར་བསྟན། །ཅེས་སོ། །དེ་ཡང་གསང་སྙིང་ལེའུ་བཅུ་གསུམ་པ་ལས། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ན་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་པ་དང་། ཡང་དེ་ཉིད་ཀྱི་དགུ་པ་ལས། མ་ཉམས་འཇུག་ལ་རབ་བརྩོན་ན། །ཞག་ནི་སུམ་ཅུ་ཕྲག་དྲུག་ནམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པར་འགྲུབ། །ཅེས་གསུངས་པས་བསྟན་ནོ། །གསུམ་པ་ནི། བརྩོན་འགྲུས་དྲག་པོའི་སྒོ་ནས་ཡུན་རིང་པོར་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ལ་བློ་སྦྱངས་མ་བྱས་པར། ཁ་འབྱམས་ཚིག་གི་ལྟ་བ་དང་། ཤེས་བྱ་འགའ་ཞིག་ཤེས་པའི་ཡོན་ཏན་སྣ་རེ་ཁོང་དུ་ཆུད་པའི་ཡོན་ཏན་རློམས་སེམས་དང་། ང་རྒྱལ་བྱེད་པ་དག་གིས་བདེན་པ་མ་མཐོང་བ་དང་། འབྲས་བུ་མ་ཐོབ་པ་ལ་དགོངས་ནས། དེ་དག་གསང་སྔགས་ནང་པའི་ཐེག་པ་ལ་དྲང་ཞིང་དོན་རྟོགས་པ་ལ་བསྐུལ་བའི་ཕྱིར། བྱང་སེམས་གཉིས་ནི་བསྐལ་པ་གྲངས་མེད་པར་སྦྱངས་ཤིང་། སངས་རྒྱས་མང་པོ་ལ་བསྙེན་བསྐུར་བྱས་ཤིང་སྦྱངས་པ་འགའ་ཞིག་གིས་འགྲུབ་པར་བསྟན་པ་རྣམས་ཡིན་ཏེ། འགྲེལ་བཤད་ལས། ཤེས་བྱ་འགའ་ལ་རློམས་སེམས་བྱེད་པ་དག །ཞེན་པ་བསལ་ཞིང་ཐེག་ཆེན་སྒོར་དྲང་ཕྱིར། །བདེན་པ་མ་མཐོང་འབྲས་བུ་མ་ཐོབ་པར། །དགོངས་ནས་བསྐལ་པར་སྦྱངས་པ་ཙམ་ལས་འགྲུབ། །ཅེས་སོ། །བཞི་པ་ནི། གང་ཟག་འགའ་ཞིག་གིས་ཡི་དམ་སྣ་འགས་འབྲས་བུ་ཐོབ་པར་འདོད་པ་དག་ལ། བརྗོད་པའི་དགེ་བ་དེ་གཅིག་པུས་འབྲས་བུ་མི་འགྲུབ་པར། དགེ་བའི་ཕྱོགས་གཞན་ཐམས་ཅད་ཚང་བར་བསྒྲུབས་ན་ཡོན་ཏན་རྒྱ་ཆེན་པོ་ཐོབ་པར་བརྗོད་དེ། དེ་ལ་དྲང་བ་དང་། ཁ་ཅིག་མོས་པའི་བློ་བཞིན་དུ་འཚམས་པར་བསྟན་པ་སྟེ། དེ་ཉིད་ལས། ཆོས་འགས་ཆོག་པར་འཛིན་པའི་གང་ཟག་རྣམས། །ཐེག་ཆེན་བརྗོད་པ་རྒྱ་ཆེན་བསྐུལ་བའི་ཕྱིར། །བསྒྲུབ་པའི་ཡན་ལག་ཚང་བར་སྤྱོད་ན་འགྲུབ། །རྒྱ་ཆེན་སྤྱོད་དང་མོས་དང་འཚམས་པར་བསྟན། །ཅེས་སོ། །གཉིས་པ་ལྡེམ་པོ་ལ་བཞི་སྟེ། གཞུགས་པ་ལ་ལྡེམ་པ་དང་། མཚན་ཉིད་ལ་དང་། གཉེན་པོ་ལ་དང་། བསྒྱུར་བ་ལྡེམ་པའོ། །དང་པོ་ནི། ཐེག་འོག་གི་གདུལ་བྱ་རྣམས་གསང་སྔགས་ཀྱི་དོན་ལ་སྐྲག་པ་དང་། རང་གི་གཞུག་ལ་སྤྱོད་ཀྱང་དོན་མི་འགྲུབ་པས་ཚི་ཆད་པའི་རྩོལ་བ་དང་། དེ་ལ་མངོན་པར་ཞེན་པ་དང་། ཅི་ལའང་མི་འཇུག་པ་དག་དྲང་བའི་ཕྱིར། ལྟ་བ་དང་སྤྱོད་པ་མཐུན་པར་བསྟན་ཏེ། དེ་ཉིད་ལས། སྐྲག་ཅིང་བསྔངས་ལ་ཚི་ཆད་ཚོལ། །མངོན་ཞེན་ཅི་ལའང་མི་འཇུག་རྣམས། །ངེས་པའི་དོན་ལ་གཞུག་པའི་ཕྱིར། །ལྟ་སྤྱོད་མཐུན་བསྟན་འདི་རུ་བཞུགས། །ཞེས་སོ། །དེ་ནི་གསང་སྙིང་ལེའུ་ཐ་མ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པས་བསྟན་ནོ། །གཉིས་པ་ནི། གདུལ་བྱ་བློ་གང་ལ་མོས་པ་ལྟར་དྲང་བའི་ཕྱིར་ཀུན་བརྟགས་ཀྱི་འཁྲུལ་སྣང་ཐམས་ཅད་མེད་པ་དང་། གཞན་དབང་གི་རྒྱུ་རྐྱེན་རྟེན་འབྲེལ་ཙམ་ཡོད་པ་དང་། འགྱུར་བ་མེད་པའི་ཡོངས་གྲུབ་སོགས་རྟག་པར་འདོད་པ་སྟོན་པའོ། །དེ་ཡང་འགྲེལ་བཤད་ལས། གང་ལ་མོས་པའི་གདུལ་བྱ་དག །མཚན་ཉིད་གསུམ་གྱི་མཐུན་དྲང་ཕྱིར། །མེད་པ་ཀུན་བརྟགས་མེད་པར་བསྟན། །ཡོད་འདོད་གཞན་དབང་མི་འགོག་ཅིང་། །རྟག་ལ་ཡོངས་སུ་གྲུབ་པར་བསྟན། །ཅེས་སོ། །དེའང་ལེའུ་གཉིས་པ་ལས། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །ཞེས་སོགས་ཀྱིས་སྟོན་ནོ། །གསུམ་པ་ནི། སེམས་ཅན་འགའ་ཞིག་གིས་རང་རང་གི་གཟུགས་དང་། ཆོས་དང་། ལོངས་སྤྱོད་དང་། རིགས་ཀྱིས་དྲེགས་པ་ལ། མིའི་ཡོན་ཏན་ཆུང་ངུ་དེ་དག་གི་གཉེན་པོར། སངས་རྒྱས་ལོངས་སྐུའི་ཡོན་ཏན་རྒྱ་ཆེན་པོ་བཤད་པ་དེས་ང་རྒྱལ་ཞི་བར་བྱ་སྟེ། འགྲེལ་བཤད་ལས། ཡོན་ཏན་ཕྱོགས་ཀྱིས་དྲེགས་པ་དག །ཟིལ་གྱིས་མནན་པ་དྲང་བའི་ཕྱིར། །གཉེན་པོར་གྱུར་པའི་ཡོན་ཏན་རྣམས། །བརྗོད་བྱ་ཞི་བྱ་གསང་སྒོར་བྱ། །ཞེས་སོ། །དེའང་ལེའུ་གསུམ་པའི་སྟོད་བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་དང་། བཅུ་གསུམ་པའི་རྒྱུད་ཀྱི་ཡོན་ཏན་དང་། བཅུ་བཞི་པ་གླུ་དྲུག་གི་ཡོན་ཏན་རྣམས་ཀྱིས་སྟོན་ནོ། །བཞི་པ་ནི། གསང་སྔགས་ལ་བློ་མ་མོས་པའི་གང་ཟག་ཁ་ཅིག་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་དགའ་བ་རྣམས། དེ་དག་སྔགས་ལ་གཞུག་ཅིང་འབྲས་བུ་ཐོབ་པའི་ཐབས་ཀྱིས་འདུ་ཤེས་བསྒྱུར་བ་སྟེ། ལྟ་སྒོམ་རླང་པོའི་ཚིག་དང་། སྦྱོར་སྒྲོལ་ལ་སོགས་པའི་སྤྱོད་པ་རང་ཁ་མ་དེ་ཉིད་ཀྱིས་གྲོལ་བའི་ཐབས་ཡོད་པ་སྐད་ཀྱི་ཚིག་སྟོན་པ་ཡིན་ཏེ། འགྲེལ་བཤད་ལས། འདུ་ཤེས་ལོག་པས་ལོག་པ་རྣམས། །སྦས་པའི་ཐབས་ཀྱིས་འདུལ་བའི་ཕྱིར། །བརྡ་དང་གཅུས་ཚིག་སྣ་ཚོགས་ཀྱིས། །ཟབ་མོའི་དོན་ལ་གཟུད་པར་བྱ། །ཞེས་སོ། །དེ་ལྟར་སྔགས་ནང་གི་ལྡེམ་དགོངས་ཟབ་མོའི་དོན་རྣམས། ཡོ་ག་མན་ཆད་ཀྱི་གདུལ་བྱ་བློ་དམན་ལ་མི་འཚམས་ཀྱང་། བླ་མེད་རང་གི་གདུལ་བྱ་བློ་མཆོག་ལ་འཚམས་པའོ། །བརྒྱད་པ་ནི། བྱ་ངང་མོ་ལ་ས་ལ་འགྲོ་བའི་ཚེ་སྔ་རྗེས་དང་ཕྱི་རྗེས་དང་འབྲེལ་བའི་ཆོས་རྣམ་པ་གཉིས་དང་ལྡན་པ་ལྟར་དུ། འབྲེལ་མཚམས་སྦྱོར་བའི་ཚིག་གིས་གཞན་སློབ་མའི་དོན་བྱེད་པའི་ཚེ་བྱ་ངང་མོ་འགྲོས་པའི་ཆོས་གཉིས་ལྟར། ལེའུ་གོང་འོག་གི་མཚམས་སྦྲེལ་བ་ནི་འཁྲུགས་ཡོད་ན་འཁྲུགས་ལྟར་སྦྲེལ། འཁྲུགས་མེད་ན་གཞུང་ལྟར་ཚིག་དོན་སྦྲེལ་ནས་དྲང་པོར་བཤད་དོ། །དགུ་པ་ནི། མེ་ལོང་གི་ཆོས་ལ་གཟུགས་བརྙན་འཆར་བས་བཞིན་གྱི་སྐྱོན་ངོས་ཟིན་པ་ལྟར་མཚོན་པའི་དཔེ་གཏན་ཚིགས་ཀྱིས། གཞི་ལམ་འབྲས་བུའི་དོན་ཀུན་དང་། ལམ་ལ་རྒྱུད་དོན་དངོས་པོ་བཅུ་ལ་སོགས་པ་རྣམས་གཏན་ལ་ཕབ་པར་བྱེད་པ་ལ། ཡོད་པའི་དང་། མེད་པའི་དང་། མཐུན་པའི་དང་། མི་མཐུན་པའི་དང་། དོན་དཔེར་བླང་བའི་དང་། དོན་གྱི་ཕྱོགས་གཅིག་དཔེར་བླང་བའི་དང་། ཤིན་ཏུ་ལྐོག་གྱུར་གྱི་དཔེ་དང་བདུན་པོ་དེ་རྣམས་ཀྱིས་གང་ལ་གང་འོས་སུ་སྦྱོར་ནས། དཔེ་གཏན་ཚིགས་ཀྱིས་མཚོན་པའི་ཐོག་ཏུ་དོན་དེ་གཏན་ལ་དབབ་ནས་མི་གསལ་བ་གསལ་བར་བྱེད་དོ། །བཅུ་པ་ནི། མི་འཇིགས་པ་སེང་གེའི་ཕྲུ་གུས་རྩལ་སྦྱངས་པའི་ཚེ། ཕའི་ཡར་མར་ཕར་ཚུར་ལ་མཆོངས་ནས་དྲང་པོར་འགྲོ་བ་ལྟར་དུ། བསྣོལ་མཚམས་འཕེན་སྡུད་ཀྱི་ཚིགས་གིས་འབྲུ་དང་ཚིག་གི་འདུག་ས་བསྒྱུར། དོན་གྱི་འཁྲུགས་རྣམས་གོ་རིམ་བསྡེབས་ནས་རྒྱུད་ཀྱི་དོན་ཕྱི་ཅི་མ་ལོག་པར་སྟོན་དེ་བཤད་པའོ། །གསུམ་པ་དགོས་ཆེད་ཀྱི་མཇུག་བསྡུ་བའོ། །དྲང་། རྒྱུད་ཀྱི་ཚིག་གིས་མཚོན་པར་བྱས་ནས་ཐབས་གྲོལ་གཉིས་ཀྱི་དོན་དེ་མངོན་སུམ་དུ་སྣང་བར་བྱེད་དོ། །ལྔ་པ་རྒྱུད་གདམས་ཤིང་གཏད་པའོ། །དྲང་། རྒྱུད་གདམས་ཤིང་གཏད་པ་ལ་བཞི་སྟེ། སྟོན་པ་གང་གིས་གཏད། འཁོར་གང་ཞིག་ལ་གཏད། གདམས་ཤིང་གཏད་པའི་ངོ་བོ་བསྟན་པ་གང་ཡིན་པ་དེ་དགོས་ཆེད་ཅི་ཡི་ཕྱིར་གཏད་ཅེ་ན། དེ་ལ་སྟོན་པ་ནི་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ་དེས། འཁོར་ནི་རྒྱལ་སྲས་སྡུད་པ་པོ་མཛད་པའི་ཕྱག་ན་རྡོ་རྗེ་ལྷན་ཅིག་པའི་འཁོར་ལ་གཏད་དེ། གསང་སྙིང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་སོ། །གོ་ཕྱེ་བའི་འཁོར་མ་འོངས་པའི་གང་ཟག་ཆོས་ཀྱི་མིག་ཅན་ལ་གཏད། དེ་ཉིད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །དེ་ནི་ངེས་པར་ལུང་བསྟན་ཏེ། །སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་པ་དང་། སྒྱུ་འཕྲུལ་རྡོ་རྗེ་ལས། རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་སྣང་རིག་པ་མངོན་བྱས་པས། །རིག་འཛིན་མཆོག་དེ་ལྷུན་གྲུབ་པའོ། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱངས་སེམས་དཔའ་བསྐྱེད་དུ་མེད། །བདེར་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུ་ལུང་ཐོབ་པའོ། །ཞེས་པ་དང་། རྔམས་གློག་ལས། དེ་ལྟ་བུ་ཡི་རང་བཞིན་དེ། །གཞན་ལ་མ་བརྟན་མི་འགལ་བར། །མངོན་སུམ་རིག་པ་ཐག་ཆོད་ན། །རྣལ་འབྱོར་པ་ལ་སློབ་པ་ཡིན། །ཅེས་པ་དང་། དགོངས་འདུས་ལས། རྣམ་དག་ལམ་ཆེན་ཀུན་སྒྲོལ་འདིར། །སྐལ་ལྡན་གང་ཞིག་སུ་ཞུགས་པ། །ནོར་བུ་རིན་ཆེན་འོད་འབར་བ། །ངེས་པར་འཆར་གྱི་བརྩོན་པར་གྱིས། །དེ་ཉིད་སེམས་ཀྱི་མེ་ལོང་དེ། །མངོན་སུམ་གསལ་བར་རྟོགས་མ་ཐག །འགྲོ་བའི་ལུས་ལ་སངས་རྒྱས་ཡིན། །ཅེས་གསུངས་སོ། །སོགས་ཀྱི་སྒྲས་མ་མོ་དང་མཁའ་འགྲོ་དང་། ཚངས་པ་བརྒྱ་བྱིན་ཕྱོགས་སྐྱོང་ལ་སོགས་ཏེ། སྒྱུ་འཕྲུལ་རྒྱས་པའི་ལེའུ་ཞེ་དགུ་པ་ལས། གསང་བའི་སྙིང་པོ་ངེས་པ་འདི། །གསང་སྔགས་ཀུན་གྱི་རྒྱལ་བ་ཡིན། །ཐབས་ཆེན་མཚོན་པའི་ཤེས་རབ་ཡིན། །སྒྱུ་འཕྲུལ་དྲྭ་བའི་སྙིང་པོ་དང་། །གསང་བའི་རྒྱུད་ཆེན་མང་པོ་རྣམས། །ང་ཡི་ཐུགས་ལས་སྤྲུལ་པ་རྣམས། །ཚངས་པ་དང་ནི་བརྒྱ་བྱིན་དང་། །དབང་ཕྱུག་ཆེན་པོ་ལ་སོགས་པ། །དེད་དཔོན་འཕྲོག་མའི་བུ་རྣམས་དང་། །ལུས་དང་བ་གླང་སྤྱོད་པ་དང་། །སྒྲ་མི་སྙན་དང་འཛམ་གླིང་དུ། །ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་འཕེལ་བ་དང་། །དེ་ཡི་གཟུགས་ལ་གཏད་པ་ནི། །ཡིད་བཞིན་མཛོད་འབྱོར་བཀའ་ཡི་གནས། །བསྟན་པ་འཛིན་པར་ནུས་པ་ལ། །གསང་བའི་སྙིང་པོ་ཤིན་ཏུ་གཏད། །ཅེས་སོ། །གདམ་ཤིང་གཏད་པའི་ངོ་བོ་ལ་གཉིས་ལས། གདམས་པའི་ངོ་བོ་ནི། རང་བཞིན་གསང་བའི་སྙིང་པོ་ནི་རྩོལ་སྒྲུབ་རིལ་དང་བྲལ་བར་གདམས་པའོ། །དེའང་གསང་སྙིང་ལས། ཀྱེ་ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་སོ། །གཏད་པའི་ངོ་བོ་ནི། ལམ་རྐྱེན་ཡི་གེའི་རྒྱུད་རྣམས་གསུངས་པའོ། །དགོས་ཆེད་ཅིའི་ཕྱིར་ན། བསྟན་པ་མི་ནུབ་པར་བྱ་བའི་ཕྱིར་སྡུད་པ་པོ་ལ་གཏད། བསྟན་པ་དར་ཞིང་རྒྱས་པར་བྱ་བའི་ཕྱིར་གང་ཟག་ཆོས་ཀྱི་མིག་ཅན་ལ་གཏད། བསྟན་པ་བསྲུང་ཞིང་ཐམས་ཅད་དུ་འཕེལ་བར་བྱ་བའི་ཕྱིར་མ་དང་། མཁའ་འགྲོ་ལ་སོགས་ལ་གཏད་པའོ། །གསུམ་པ་ལམ་དང་འབྲས་བུའི་ཆོས་རྣམས་རང་གི་སྐབས་སུ་འབྱུང་བས་འདིར་མ་བསྟན་པའི་འཐད་པའོ། །དྲང་། ཤེས་པར་བྱ་བའི་ཡུལ་ལྔ་པོ་དེ་ཉིད་རྒྱུད་གསང་སྙིང་གི་ཤེས་བྱའི་ཡན་ལག་ཡིན་ཏེ། དེ་ཉིད་བསྒོམ་པར་བྱ་བའི་ཐབས་མིན་ནོ། །འོ་ན་ཉམས་ལེན་སྒོམ་ཐབས་དང་འབྲས་བུ་གར་བཤད་ཅེ་ན། ཤེས་བྱ་ལྔ་པོ་དེ་ཡི་ཕྱི་མ་ཐུན་མོང་དང་མཆོག་གི་ལམ་ཐབས་གྲོལ་གྱི་སྐབས་དང་འབྲས་བུའི་སྐབས་སུ་ཤེས་དགོས་མོད། དེ་ཡང་ལམ་བསྒྲུབ་པ་དང་། འབྲས་བུ་ཐོབ་པ་གཉིས་ནི་འོག་ཏུ་འཆད་དེ། རང་རང་གི་སྐབས་སུ་རྒྱས་པར་འབྱུང་བ་དེ་བས་ན་འདིར་ཤེས་བྱ་ཡུལ་ལྔའི་སྐབས་སུ་བསྒོམ་བྱ་བཤད་པ་མ་ཡིན་ཏེ་མ་དགོས་པའི་ཕྱིར་རོ། །གཉིས་པ་བར་དུ་ཐུན་མོང་དང་མཆོག་གི་ལམ་བགྲོད་ཚུལ་གཉིས་ཏེ། བགྲང་། དང་པོ་སྤྱིར་བསྟན་པ་དང་། དྲང་། ཤེས་བྱ་ལྔ་པོ་གོང་དུ་སོང་ནས་བར་དུ་བསྒོམ་བྱ་ལ་བློ་མོས་པ་དེས་ལམ་གཞོལ་ཏེ་བགྲོད་པའི་སྡོམ་ཚིག་ནི་འདི་ལྟ་སྟེ། ལམ་སྟེགས་སུ་ཐུན་མོང་བགྲོད་ཚུལ་ནི། ལྷ་མིའི་ཐེག་པས་དགེ་བཅུ་ལ་སྤྱོད་ཚུལ་དང་། ཉན་ཐོས་ཀྱིས་ལམ་ལྔ་ས་བརྒྱད་བགྲོད་ཚུལ་དང་། རང་སངས་རྒྱས་ཀྱིས་ལམ་ལྔ་བགྲོད་ཚུལ་དང་། བྱང་ཆུབ་སེམས་དཔའ་ལམ་ལྔ་ས་བརྒྱད་བགྲོད་ཚུལ་དང་། གསང་སྔགས་ཕྱི་རྒྱུད་སྡེ་གསུམ་གྱིས་བསྐྱེད་རྫོགས་ཀྱི་སྒོ་ནས་ལམ་བགྲོད་ཚུལ་རྣམས། རང་རང་གི་གཞུང་ལུགས་སུ་ཤེས་པར་བྱའོ། །ཁྱད་པར་དུ་ཐེག་མཆོག་མ་ཧཱའི་ལམ་བགྲོད་ཚུལ་སྟེ་གཉིས་སོ། །གཉིས་པ་ཐེག་མཆོག་གི་ལམ་ཁྱད་པར་དུ་བསྟན་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། ཐ་མ་ཐེག་མཆོག་མ་ཧཱ་ལ་ཡང་གཉིས་ཏེ། སོ་སོ་སྐྱེ་བོས་འདོད་ཡོན་ལྔ་ལ་དངོས་སུ་སྤྱོད་པ་དེ་དང་རྗེས་སུ་མཐུན་པར་ཐབས་ལམ་གྱི་ལམ་ལ་གཞོལ་བ་སྟེ་བགྲོད་པའི་ཚུལ་དང་། རྒྱུ་མཚན་ཉིད་ཀྱི་ཐེག་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་དང་རྗེས་སུ་མཐུན་པར་ཤེས་ར བ་གྲོལ་ལམ་ལ་གཞོལ་ཏེ་བགྲོད་པའི་ཚུལ་དང་གཉིས་སོ། ། དེ་ཡང་ཐབས་ལམ་དེ་དང་གྲོལ་ལམ་དེ་གཉིས་པོ་རེ་རེ་ལའང་། གདུལ་བྱ་དབང་པོ་རྣོ་རྟུལ་གྱིས་ཕྱེ་བས་ཅིག་ཆར་པ་དང་རིམ་གྱིས་པས་སྦྱོར་བར་བྱེད་པ་ལ་ཐབས་གྲོལ་གྱི་ལམ་རང་རང་དང་རྗེས་སུ་མཐུན་པར་ལུང་ནས་བཤད་པ་བཞིན་དུ་འོག་རྒྱས་བཤད་ཀྱི་སྐབས་སུ་སྟོན་པའོ། །དེ་ཡང་བདེ་བ་ཆེ་ཆུང་གི་སྒོ་ནས་ཐབས་ལམ་དང་གྲོལ་ལམ་གཉིས་སུ་དབྱེ་བ་དང་། བློ་ཆེ་ཆུང་གི་སྒོ་ནས་རིམ་དང་ཅིག་ཆར་གཉིས་སུ་དབྱེ་བ་དང་། མཚན་མ་ཆེ་ཆུང་གི་སྒོ་ནས་ལྷ་དང་མི་རྟོག་པ་གཉིས་སུ་དབྱེ་བ་དང་། གདུལ་བྱ་རྒྱུད་དྲག་ཞན་གྱི་སྒོ་ནས་ཞི་ཁྲོ་གཉིས་སུ་དབྱེ་བ་དང་། རིམ་པ་འདོར་མི་འདོར་གྱི་སྒོ་ནས་ཐོད་རྒལ་མཐར་ཆགས་གཉིས་སུ་དབྱེ་བ་ལས། འདིར་དང་པོ་སྟེ། བཤད་པ་དེ་ལ་གཉིས་ཏེ། ཐབས་ལམ་དང་། གྲོལ་ལམ་མོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། སོ་སོ་སྐྱེ་བོས་འདོད་ཡོན་ལྔ་ཡི་བདེ་བ་དངོས་སུ་སྤྱོད་པ་དེའི་རྗེས་སུ་འབྲང་བ་ཐབས་ལམ་གྱི་ལམ་བགྲོད་པ་ལའང་། སྦྱངས་པའི་ལས་འཕྲོ་ཆེ་ཆུང་ངམ། སྣོད་ཀྱི་དབང་པོ་རྣོ་རྟུལ་དང་། བཅུད་ཀྱི་སྐལ་བ་ཡོད་མེད་ཀྱི་དབང་གིས་ཕྱེ་བ་ལས། གདུལ་བྱ་རང་རང་གི་བློ་དང་འཚམས་པར་ཐབས་ལམ་སྟེང་འོག་གི་གདམས་ངག་གིས་ལུས་སེམས་གྲོལ་བར་བྱེད་པ་ལ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དང་། མགྲིན་པ་ལོངས་སྤྱོད་ཀྱི་དང་། སྙིང་ཁ་ཆོས་ཀྱི་དང་། ལྟེ་བ་སྤྲུལ་པའི་འཁོར་ལོ་དང་བཞི་ལ་རང་གནས་ཀྱི་ཐིག་ལེ་བྱང་སེམས་ཡོད་པ་དང་། རང་གི་ཐིག་ལེ་བྱེད་པ་སྡོམ་པའི་ཐབས་འཁྲུལ་འཁོར་དང་བཅས་པ་བསྒོམས་པའི་སྟོབས་ལས་བདེ་སྟོང་གི་ཡེ་ཤེས་བྱུང་བ་དེ་ལ་དཔེར་ན། ཁམས་གཉིས་ཀྱི་ལུས་གྲུབ་ལུགས་ཀྱི་སྤྱོད་པ་མི་འདྲ་བ་ཡིས་ཕྱེ་བས་དང་པོ་འདོད་ཁམས་པའི་ལུས་ལྷུར་ལེན་ནས་གནས་པ་ལ། མངལ་ནས་མིང་གཟུགས་སྐྱེ་མཆེད་དྲུག་རིམ་པར་སྐྱེ་བ་དང་། གཟུགས་ཁམས་བརྫུས་སྐྱེས་དང་ནས་སྐྱེ་མཆེད་དྲུག་རྫོགས་པར་སྨིན་པའི་ཚུལ་དུ། སྟེང་སྒོ་རིམ་གྱིས་པ་དང་འོག་སྒོ་ཅིག་ཆར་དུ་སྣང་བ་ནི་འདི་ལྟ་སྟེ། གཉིས་པ་བཤད་པ་དེ་ལ་གསུམ་སྟེ། བགྲང་། དང་པོ་རིམ་གྱིས་པ་དང་། དྲང་། ཤིཿར་ནི་རྩ་ཙཀྲ་ནི་འཁོར་ལོ་ཨ་ཤ་དང་། ཡ་མོ་ཆ་ནི་དྲུག་སྟེ། རྒྱུ་འཁོར་ལོ་བཞི། རྐྱེན་འཁོར་ལོ་གཉིས་དང་དྲུག་གོ། །དང་པོ་རྒྱུའི་འཁོར་ལོ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་གཉིས་དབུས་ན། ཐིག་ལེ་ཨ་ཐུང་ཤད་ཀྱི་དབྱིབས་སུ་གནས་པ་དང་། སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་དབུས་ན། ཐིག་ལེ་ཝྂ་གི་དབྱིབས་སུ་དང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་དབུས་ན། ཐིག་ལེ་ཨཱྂ་གི་དབྱིབས་སུ་དང་། ཀླད་པ་བདེ་ཆེན་གྱི་འཁོར་ལོ་རྩ་འདབས་སུམ་ཅུ་རྩ་གཉིས་ཀྱི་དབུས་ན། ཐིག་ལེ་ཧྂ་གི་དབྱིབས་སུ་གནས་སོ། །རྐྱེན་འཁོར་ལོ་གཉིས་ནི། སུམ་མདོ་མེའི་འཁོར་ལོ་ན་རྂ་དང་། སྒྲོམ་མདོའམ་གཤང་ཁ་རླུང་གི་འཁོར་ལོ་ན་ཡྂ་གནས་པའོ། །དེ་ལམ་པས་བསྒོམ་པའི་དུས་ན། འོག་རླུང་བསྡོམས་པ་ལས་རང་གནས་ཀྱི་ཡི་གེ་ཡྂ་ལས་སྒྲོལ་མ་སྟེ་རླུང་གྱེན་དུ་འགྲོ་བས། སུམ་མདོའི་རྂ་ལ་ཕོག །དེས་ཨ་ཐུང་གི་མེ་སྦར་བས། རྩ་ཨ་བ་དྷུ་ཏིའི་ནང་དུ་མེ་སྣ་ཞུགས་དེ་ལ་བརྟེན་པའི་ལྟེ་བའི་ཐིག་ལེ་དེ་རྟོག་པས་འཁྱགས་པ་རྣམས་བཞུ། དེ་ནས་རིམ་པ་རུ་སྙིང་ཁ་དང་། མགྲིན་པ་དང་། སྤྱི་བོའི་འཁོར་ལོ་རྣམས་ཀྱི་ཐིག་ལེ་རྟོག་པས་འཁྱགས་པ་རྣམས་བཞུས་ནས། ཐིག་ལེའི་འོད་ཟེར་སྤྱི་བོ་ནས་འཐོན་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་བདེ་སྟོང་གི་མཆོད་པ་ཕུལ་བས། དེ་བཞིན་གཤེགས་པ་རྣམས་ཀྱིས་སྦྱོར་བ་མཛད་པའི་བྱང་སེམས་ཡེ་ཤེས་ཀྱིི་བདུད་རྩིའི་ཆུ་རྒྱུན་ཚུར་འདུས་སྤྱི་བོའི་ཐིག་ལེ་ལ་ཕོག །འོད་དུ་ཞུ་བས་ལུས་ཀུན་ཁྱབ་སྟེ། རྐྱལ་པ་ཞོས་བཀང་བ་ལྟ་བུར་གྱུར་པར་བསྒོམས་པ་ཡིས། དགའ་བ་བཞི་བྱེ་བྲག་ཏུ་བསྐྱེད་པའི་ཆའམ་འོག་སྒོའི་སྔོན་འགྲོའམ་ཆ་ལག་ཡིན་ནོ། །གཉིས་པ་ཅིག་ཆར་བ་དང་། དྲང་། སྟེང་སྒོ་རིམ་གྱིས་པ་དེ་སྔོན་དུ་སོང་ནས་ཕྱི་མ་འོག་སྒོ་ཅིག་ཆར་བ་ནི། ཡབ་ཀྱི་གསང་བའི་དབང་པོ་དང་ཡུམ་གྱི་གསང་བའི་ཡུལ་གཉིས་འཛོམ་པ་སྟེ། དེ་ཡང་ཡབ་ཀྱི་རྡོ་རྗེ་ནོར་བུའི་དབྱིབས་སམ། ཡང་ན་རྡོ་རྗེ་ཐིག་ལེ་ལ་བདེ་བ་ཀུན་འབྱུང་བས་ནོར་བུ། ཡུམ་གྱི་མཁའ་པདྨའི་དབྱིབས་སམ། ཡང་ན་བདེ་བ་སྐྱེ་དུས་ཉོན་མོངས་པའི་དྲི་མས་མ་གོས་པས་ཆུ་སྐྱེས་ཏེ་པདྨ་དང་། དེ་གཉིས་ལས་སུ་རུང་བ་དང་ལྡན་པར་གྱུར་པས། རིག་མ་ལོ་བཅུ་དྲུག་ལོན་པ་དེ་ལ། ལུས་སྦྱོར་ཐབས། ངག་བརྡའ་ཐབས། ཡིད་ཏིང་ངེ་འཛིན་སྒོམས་ཐབས། སྤྱོད་ལམ་གྱི་ཡོན་ཏན་དང་བཞི་རྒྱུད་ལུང་མན་ངག་ནས་བཤད་པ་བཞིན་རྫོགས་པ་ལ། ཡབ་ཡུམ་གྱི་མཁའ་གསང་བསྣོལ་མར་བྱིན་གྱིས་བརླབ་ཅིང་། སྦྱོར་བའི་བརྡས་བསྣོལ་མར་བསྐུལ་ན། ཛཿས་དཔུང་པ་ནས་བཟུང་། ཧཱུྃ་གིས་འཁྱུད། བྂ་གྱིས་བསྡོམ། ཧཱོས་བསྐྱོད་པ་སྟེ། དེ་ལྟར་ཕྱག་རྒྱ་བཞིས་རོལ་ནས། ཡབ་ཡུམ་གྱི་དབང་པོ་ཁ་སྦྱོར་བས་བདེ་བ་གཡོ་བའི་ཚུལ་ནི། རྟེན་ཡབ་ཡུམ་གཉིས་དེ་ལས་ཡས་འབབ་དང་མས་བརྟེན་གྱི་དགའ་བཞི་སྐྱེས་པ་དེ་ཡང་། རྟེན་ཡབ་ཐབས་ཀྱི་ཆ་ཡིན་པས་བདེ་བ་དང་ཚུལ་མཐུན། ཡུམ་ཤེས་རབ་ཀྱི་ཆ་ཡིན་པས་སྟོང་པ་དང་ཚུལ་མཐུན་པའི་ཡབ་ཡུམ་ཁ་སྦྱོར་བས་ཐབས་དང་ཤེས་རབ་དབྱེར་མེད་པའི་བདེ་སྟོང་གི་དོན་རང་རིག་པའི་མངོན་སུམ་དུ་མཐོང་བ་ཡིན་ནོ། །དེ་ཡང་དགའ་བ་བཞིའི་སྐྱེ་ཚུལ་རྒྱས་པར་བཤད་ན། དང་པོ་ཡས་འབབ་ཀྱི་དགའ་བ་སྟེ། དེ་ཡང་བྱང་སེམས་ཀྱི་བདེ་བའི་ཆུ་རྒྱུན་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ནས་མགྲིན་པར་བབས་པས་དགའ་བ། སྙིང་གར་མཆོག་དགའ། ལྟེ་བ་དགའ་བྲལ་གསང་བ་རྡོ་རྗེའི་ལམ་ནས་བྱུང་བའི་ཚེ། དགའ་བཞིའི་མཐར་ཐུག་ལྷན་ཅིག་སྐྱེས་པའི་དགའ་བ་བཞིའི་མཐར་ཐུག་ཉམས་སུ་མྱོང་ཞིང་། རྟེན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུམ་གྱི་པདྨ་རེག་པའི་གནས་སུ་འཁྱིལ་བ་ཡུམ་གྱི་ཉི་མ་བྱང་ཆུབ་སེམས་དང་རྩེ་འཕྲད་ནས་ཐིག་ལེ་ཕྱེད་ཤོར་ཕྱེད་མ་ཤོར་ཏེ། ཡབ་ཡུམ་གཉིས་ཀྱི་གསང་རྩར་ཕན་ཚུན་འདྲེས་པ་ནི། ཉོན་མོངས་རང་སར་གྲོལ་ནས་ཀུན་རྫོབ་བདེ་སྟོང་གི་ཡེ་ཤེས་མངོན་དུ་གྱུར་པའོ། །དེ་ནས་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་ཀྱི་བདག་ཉིད་ཐིག་ལེ་ཉི་ཟླ་གཉིས་འདྲེས་ཏེ་འགྲོ་འོང་བྱང་ཆུབ་ཀྱི་སེམས་ཚུར་ལོག་ནས་གསང་བ་རྡོ་རྗེའི་བུ་གུར་བསྟིམ་ཞིང་། ཐིག་ལེ་རྡོ་རྗེའི་ལམ་ནས་ཡར་ལོག་པ་ནི་མས་བརྟན་ཟག་མེད་ཀྱི་དགའ་བ་སྟེ། ལྟེ་བར་བརྟན་པ་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་དགའ་བྲལ། སྤྱི་བོར་བརྟན་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ཙམ་ན་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་རྫོགས་ཤིང་། དེའི་ཡོན་ཏན་གྱིས་ཐིག་ལེས་ལུས་ཐམས་ཅད་དུ་ཁྱབ་ཅིང་བརྟན་པས་འཁོར་བའི་སྐྱོན་གྱིས་མ་གོས་པས། བཅུ་གཉིས་པདྨ་སྤྱན་གྱིས་དང་། རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བས་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་རྫོགས་སོ། །གསུམ་པ་ངེས་ཚིག་གོ། །དྲང་། ཐབས་ལམ་འདི་སྐབས་གར་བཤད་ན། མཆོད་པ་ལ་ཕྱི་ནང་གསང་གསུམ་ལས་གསུམ་པ་གསང་མཆོད་ཀྱི་སྐབས་སུ་བཤད། གསང་སྙིང་ལས། གསལ་ལྡན་མ་འམ་བྱིན་རླབས་ལ། །སྟོང་གསུམ་ཡུངས་འབྲུར་གཞུག་ཚུལ་དུ། །དབྱིངས་ནས་དཀྱིལ་འཁོར་སྤྱན་འདྲེན་མཆོད། །མཉེས་ནས་གྲུབ་པའི་དམ་ཚིག་མཆོག །བདག་ཉིད་ཆེན་པོ་མཆོད་པ་ཡིས། །སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། །སྲིད་གསུམ་འགྲོ་བ་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །ཞེས་སོ། །དཀྱིལ་འཁོར་དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་བཤད་དེ། དེ་ཉིད་ལས། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །སོར་ནི་བཞི་ཡི་ཚད་དུ་བྱ། །ཞེས་པ་དང་། དཀྱིལ་འཁོར་འཛུབ་གང་ཚད་དུ་བྱ། །ཞེས་སོ། །དེའང་ཆགས་པ་ཅན་ལ་ཐབས་ལམ་དེ་ཉིད་མ་གཏོགས་པ་གྲོལ་ལམ་གྱི་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་གྱིས་ཉོན་མོངས་པ་ཆགས་རྟོག་གི་བློ་དེ་ཉིད་མི་འབྱང་བ་ཡིན་ཏེ། དེ་བས་ན་དང་ནས་བདེ་བ་ལ་སེམས་བདེ་བ་མ་སྤངས་ཉོན་མོངས་པ་མ་སྤངས་ཉོན་མོངས་པ་ཆགས་རྟོག་རང་དག་ཏུ་སོང་ནས་མཐར་བདེ་སྟོང་གི་ཡེ་ཤེས་མངོན་སུམ་དུ་རྫོགས་པའི་ཕྱིར་ཐབས་ལམ་ཞེས་བྱ་བའི་ངེས་ཚིག་གི་མིང་ཐོབ་པའོ། །དེ་ཡང་ཁོག་གཞུང་ལས། འཇུག་དང་ཐོབ་ཕྱིར་ལམ་བརྗོད་དེ། །སྐྱེ་བོ་གཉིས་སྒྲོལ་ཕྱིར་བཞག་པ། །ལས་སུ་རུང་བ་ལམ་མཐར་ཕྱིར། །ཅེས་སོ། །གཉིས་པ་གྲོལ་ལམ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རྗེས་སུ་སྦྱོར་བ་གྲོལ་ལམ་པ་དེའང་། ལམ་གྱི་གཙོ་བོ་དང་དེ་སྒྲུབ་ཐབས་ཀྱི་ཡན་ལག་ཆ་རྐྱེན་དུ། ལྟ་བ། སྤྱོད་པ། དཀྱིལ་འཁོར་དབང་། དམ་ཚིག །ཕྲིན་ལས། སྒྲུབ་པ་སྔགས། ཕྱག་རྒྱ། མཆོད་པ་སྟེ་རྒྱུད་དོན་རྣམ་པ་བཅུ་པོ་ཡིན་ཏེ། དེ་ཡང་གཙོ་བོ་དང་ཆ་རྐྱེན་གྱི་ཁྱད་པར་ནི། ཁོག་གཞུང་ལས། སྐབས་ཀྱི་གཙོ་དང་གྲོགས་ཀྱི་ཚུལ། །ཅེས་གསུངས་པས། གནས་སྐབས་ཀྱི་གཙོ་བོར་གྱུར་པ་གཅིག་ལམ་གྱི་ངོ་བོ། དེའི་གྲོགས་བྱེད་པའི་ངོས་ནས་ཆ་རྐྱེན་ཡིན་པར་གསུངས་སོ། །འོན་ཀྱང་ལམ་གྱི་གཙོ་བོ་ངོ་བོའི་འདོད་ལུགས་ལ་མང་སྟེ། དགའ་རབ་རྡོ་རྗེས། རྟོགས་ནས་འདྲིས་པར་གང་བྱེད་པ། །ལམ་གྱི་ངོ་བོ་བྱང་ཆུབ་སེམས། །ཞེས་པས་ལམ་གྱི་ངོ་བོ་བྱང་ཆུབ་སེམས་བཞག །ལམ་རིམ་ལས། ཀུན་ཀྱང་སྨིན་ཟིན་བགྲོད་པ་མེད། །དེ་ཉིད་ལམ་གྱི་ངོ་བོ་སྟེ། །ཞེས་པས། བགྲོད་བྱའི་དོན་གནས་པའི་ངོས་ནས་ལམ་གྱི་ངོ་བོར་བཞག །རིམ་གསུམ་ལས། ངོ་བོ་ཤེས་རབ་རྣམ་གསུམ་སྟེ། །སེམས་བཞི་ཤེས་པར་བསྟན་པ་སྟེ། །ཞེས་པས་བགྲོད་ཚུལ་གྱི་ངོས་ནས་ལམ་གྱི་ངོ་བོར་བཞག །མདོའི་དོན་བསྡུས་ནས། ངོ་བོ་ཐབས་དང་ཤེས་རབ་སྟེ། །ཞེས་པས། དབྱེ་བའི་རྣམ་གྲངས་ཀྱི་ངོས་ནས་ལམ་གྱི་ངོ་བོར་བཞག །ཁོག་གཞུང་ལ། ངོ་བོ་སེམས་ལྔ་སྐྱེས་པ་སྟེ། །ཞེས་པ་དང་། དཔེ་ཆུང་རང་གནས་ལས། འཇིག་ལྡང་ལ་སོགས་བྱང་སེམས་ལྔ ། །ངེས་པར་སྐྱེ་བའི་ངོ་བོར་འདོད། །ཅེས་པས། ལམ་གྱི་ངོ་བོ་སེམས་ལྔ་ལ་བཞག་སྟེ། དེའི་དབང་དུ་བྱས་ན། ཐུན་མོང་སེམས་ལྔ་ནི་སྦྱངས་པའི་གང་ཟག་གི་སྐབས་སུ་སྐྱེ་བས་ཞོར་ལ་བཤད་དོ། །འདིར་མཆོག་གི་སེམས་ལྔ་ལ་གཉིས་ལས། དང་པོ་གྲོལ་ལམ་གྱི་སེམས་ལྔ་ནི། སྐྱེ་བོ་དང་མུ་སྟེགས་ཅན་ཐེག་པ་འོག་མ་པ་རྣམས་ཀྱི་ཞེ་འདོད་ལས་གྲོལ་ནས། གསང་སྔགས་སུ་འགོ་གཡོ་བ་ནི། གཡོ་ལྡན་བྱང་ཆུབ་ཀྱི་སེམས་ཏེ། ལམ་རིམ་ནས། མཆོག་གི་གཡོ་བའི་སེམས་འབྱུང་འགྱུར། །ཞེས་སོ། །གཞི་དེས་དབྱེར་མེད་ཀྱི་དོན་ཁོང་དུ་ཆུད་པར་སྨོན་པ་ནི། སྨོན་པ་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་ལས། གཞི་དཔེ་ཁོང་དུ་ཆུད་སྨོན་པ། །ཞེས་སོ། །དེ་ནས་དཀྱིལ་འཁོར་ལ་འཇུག་པ་ནི་འཇུག་པའི་སེམས་ཏེ། དེ་ཉིད་ལས། ལྷག་པ་གཟུགས་བརྙན་འཇུག་པ་སྟེ། །ཞེས་སོ། །དེ་ནས་དབང་ཞུས་ཤིང་བསླབ་བྱ་ལ་གནས་པ་དང་ཐོས་བསམ་གནས་པ་ནི་གནས་པའི་སེམས་ཏེ། དེ་ཉིད་ལས། རིགས་ངེས་འགྱུར་ལ་ཕན་པ་བཅུ། །ནུས་པ་གཉིས་ཀྱི་བྱིན་བརླབས་བཞག །རང་གི་སྤྱན་མཆོག་འབྱེད་ལ་བརྩོན། །ཐོས་བསམ་དམ་པ་ལེན་པར་བྱེད། །ཅེས་སོ། །ཐོས་བསམ་མཐར་ཕྱིན་ནས་གོ་རྟོགས་ཀྱི་དོན་དང་ལྡན་པ་ནི། མཐར་ཕྱིན་པའི་བྱང་ཆུབ་སེམས་ཏེ། དེ་ཉིད་ལས། ཐོས་བསམ་བརྟེན་པས་ལྟ་མཐར་ཕྱིན། །ཅེས་སོ། །གཉིས་པ་ཐབས་ལམ་གྱི་སེམས་ལྔ་ནི། ཁམས་ཉེར་གཅིག་པ་ལས། འཇིག་དང་ལྡང་དང་གནས་པ་དང་། །སྨོན་པ་བྱང་ཆུབ་སེམས་ཡིན་ནོ། །གཡོ་དང་བསྐྱེད་དང་ལྡང་དང་གནས། །ཞེས་གསུངས་པའི་དོན་གྱི་ལྔ་ལས། དང་པོ་ནི། ལམ་ཐབས་ལམ་ཉམས་སུ་ལེན་པའི་དུས་སུ། རྩ་གནས་ནས་ཐིག་ལེ་འགོ་གཡོ་ཙམ་ན། བདེ་བ་འགོ་ལྡང་བའི་ཚུལ་དུ་འདུག་པས་ན། གཡོ་ལྡང་བྱང་ཆུབ་ཀྱི་སེམས་སོ། །གཉིས་པ་ནི། བདེ་བ་སྔ་མ་འཇིག་ཙམ་ན་ཕྱི་མ་ལ་འཇུག་པ་ནི། འཇིག་འཇུག་བྱང་ཆུབ་ཀྱི་སེམས་སོ། །གསུམ་པ་ནི། ལུས་ཀྱི་རྩ་དང་ཐིག་ལེ་རྣམས་རང་སར་གནས་པས། བདེ་བ་ཡང་རང་སར་གནས་པ་ནི། གནས་པ་བྱང་ཆུབ་ཀྱི་སེམས་སོ། །བཞི་པ་ནི། སྔ་མའི་བདེ་བ་ལ་དམིགས་ཤིང་ཕྱིི་མའི་བདེ་བ་ལ་སྨོན་པ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །ལྔ་པ་ནི། ཐིག་ལེ་རྡོ་རྗེའི་རྩེ་ནས་ཕར་འགྲོ་བ་དང་། པདྨའི་ཟེ་འབྲུ་ནས་ཚུར་འོང་བ་ནི། འགྲོ་འོང་བྱང་ཆུབ་ཀྱི་སེམས་སོ། །འོ་ན་ལམ་གྱི་ངོ་བོ་སེམས་ལྔ་ཡིན་ན། ལམ་པ་རང་གང་གིས་བྱེད་ཅེ་ན། སེམས་ལྔ་སྐྱེ་བའི་གཞི་མའི་ངོས་ནས་ལམ་པ་ཡིན་ལ། སྐྱེས་པ་རང་གི་ངོས་ནས་ལམ་གྱི་ངོ་བོ་ཡིན་ནོ། །དེ་ནས་ཕྱག་རྒྱ་སྤྲོས་པ་མཐར་ཕྱིན་པའི་ཚེ། ཐབས་གྲོལ་གྱི་སེམས་ལྔ་དབྱེར་མེད་དུ་ཉམས་སུ་བླངས་ནས་ལམ་མཐར་ཕྱིན་པར་བྱེད་དོ། །གཉིས་པ་བཤད་པ་དེ་ལ་གཉིས་ཏེ། གཙོ་བོ་དང་། ཆ་རྐྱེན་ནོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། འདིར་སློབ་དཔོན་སངས་རྒྱས་གསང་བས་ཏིང་ངེ་འཛིན་གཙོ་བོར་བཞག་སྟེ། དེ་ཡང་གསང་སྔགས་མ་ཧཱ་ཡོ་ག་གྲོལ་ལམ་གྱི་སྒོར་འཇུག་པ་ཀུན་གྱི་དོན་དུ་གཉེར་བར་བྱ་བ་ལའང་། ལམ་གྱི་གཙོ་བོའམ་མཆོག་ཏུ་གྱུར་པ་ཏིང་ངེ་འཛིན་བསྒོམ་པར་བྱ་བ་ལའང་སྔོན་ཐབས་ལམ་ལ་རིམ་ཅིག་ཆར་གཉིས་སུ་འབྱུང་བ་བཞིན་དུ། འདིར་གྲོལ་ལམ་གྱི་ཏིང་ངེ་འཛིན་ལའང་རིམ་ཅིག་ཆར་གཉིས་སུ་ཤེས་པར་བྱའོ། །གཉིས་པ་བཤད་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་ལ་ཅིག་ཆར་བ་དང་། དྲང་། ཅིག་ཆར་བའི་གང་ཟག་ནི་བློའི་མཆོག་སྟེ་མ་ཧཱ་རྟོགས་པའི་སྐལ་བ་དང་ལྡན་པའི་རྣལ་འབྱོར་བ་རྣམས་ཀྱིས། གདོད་མ་ནས་བདེན་གསུམ་དབྱེར་མེད་ཀྱི་ལྟ་བ་ཅིག་ཆར་དུ་བློ་ལ་ངེས་པར་ཆུད་པར་རྟོགས་ནས་ཏིང་ངེ་འཛིན་ཡང་དེར་གནས་པ་ལ། འཁོར་འདས་གཉིས་སུ་མེད་པར་བྱང་བ་སྟོང་བ། ཆུབ་པ་སྣང་བ། སེམས་དབྱེར་མེད་པའི་དོན་དེ་ལ་རིམ་གྱིས་པའི་དེ་ཏིང་། ཀུན་ཏིང་། རྒྱུའི་ཏིང་ངེ་འཛིན་གྱི་བྱང་ཆུབ་ཀྱི་སེམས་བསྒོམ་པ་རྣམ་པ་གསུམ་དུས་གཅིག་ཏུ་རྫོགས་ཏེ་ཅིག་ཆར་སྒོམ་པའོ། །དེ་ཡང་གསང་སྙིང་ལས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་པ་དང་། རྒྱས་པ་ལས། ཐིག་ལེ་ཆེན་པོའི་རང་བཞིན་ལ། །སྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། །དེ་ནི་དེ་བཞིན་ཉིད་ཀྱི་དབྱིངས། །དེ་ནི་ཀུན་ཏུ་སྣང་གི་ངང་། །དེ་ནི་རྒྱུ་ཡི་རིམ་པར་ལྡན། །ཅེས་པ་དང་། ལམ་རིམ་ལས། སྒོམ་པ་རྣམ་བཞི་ཟུང་ལྡན་པ། །གདོད་མ་ཉིད་ནས་གོམས་པར་བྱེད། །ཅེས་སོ། །གཉིས་པ་རིམ་གྱིས་པའོ། །དྲང་། བློ་ཆུང་བའི་གང་ཟག་ནི་ཅིག་ཆར་བ་དེ་ལས་བཟློག་པ་སྟེ། དཔེར་ན་རྒྱུད་སྔ་མ་ལས་འབྲས་བུ་ཕྱི་མ་འབྱུང་བའི་རྟེན་འབྲེལ་བཞིན་དུ། ལྟ་བ་བདེན་པ་དབྱེར་མེད་ཀྱི་གོ་བ་ཡོད་ཀྱང་། སྒོམ་པ་ལ་དེ་ཏིང་། ཀུན་ཏིང་ཕྱག་རྒྱ་གཅིག་པ་ལ་ཕྲ་རགས་གཉིས། སྤྲོས་པ་དང་ལྔའམ། ཚོགས་སྒྲུབ་དང་ལྔ་ཡི་ལམ་ལ་རིམ་པ་ལྟར་བརྟེན་ནས་དོན་དུ་གཉེར་བས་མཐར་ཟག་བཅས་བདེན་མཐོང་ངམ། ཟག་མེད་ཀྱི་བདེན་པ་མངོན་དུ་བྱེད་དེ། དེ་ཉིད་རྒྱས་པར་ནི་འོག་ནས་འཆད་དོ། །གཉིས་པ་ཆ་རྐྱེན་ལ་དགུ་སྟེ། ལྟ་སྒོམ་ཐུན་མོང་དུ་བསྟན་པ་དང་། སྤྱོད་པ་དང་། འཕྲིན་ལས་དང་དམ་ཚིག་དང་། དཀྱིལ་འཁོར་དང་། མཆོད་པ་དང་། དབང་དང་། སྒྲུབ་པ་དང་། སྔགས་དང་། ཕྱག་རྒྱའོ། །དང་པོ་ལ་གཉིས་ཏེ། རྟོགས་པའི་ལྟ་བ་དང་། དེའི་རྗེས་སུ་སྒོམ་པ་ཏིང་ངེ་འཛིན་ནོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། བགྲོད་བྱ་ལམ་གྱི་གཙོ་བོ་ཏིང་ངེ་འཛིན་གྱི་སྔོན་དུ་ལམ་གྱི་ཡན་ལག་རྒྱུད་དོན་བཅུའི་དང་པོ་ལྟ་བ་དེའི་སྡོམ་ཚིག་ནི། ལྟ་བའི་དགོས་ཆེད་དང་། རྟོགས་པར་བྱེད་པའི་ཐབས་དང་། ལྟ་བའི་ངོ་བོ་དང་། མ་རྟོགས་པའི་སྐྱོན་དང་། རྟོགས་པའི་ཡོན་ཏན་དང་ལྔའི་རིམ་པས་ནང་དུ་ནི། ཤེས་རབ་ཀྱི་དབང་པོ་མཆོག་གི་སྤྱོད་ཡུལ་རྣམས་ལྟ་བའི་དོན་རྣམས་ནི་རྫོགས་པར་བཤད་པ་ནི་འདི་ལྟ་སྟེ། གཉིས་པ་བཤད་པ་དེ་ལ་ལྔ་སྟེ། དགོས་ཆེད་དང་། རྟོགས་ཐབས་དང་། ངོ་བོ་དང་། མ་རྟོགས་པའི་སྐྱོན་དང་། རྟོགས་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། གསང་སྔགས་ལས་གཞན་པའི་ཐེག་འོག་གི་ལྟ་བ་ངན་པའི་མིག་དེ་གསལ་བ་དང་། ཐེག་མཆོག་གསང་སྔགས་གང་གི་དགོངས་དོན་སྤྱན་ཏེ་ཤེས་རབ་མཆོག་ལྟ་བའི་དོན་དེ་མངོན་སུམ་དུ་བྱ་དགོས་པའི་ཕྱིར། དེའང་ཐེག་པ་འོག་མའི་ལྟ་བ་ངན་པ་གོ་ཆ་ངན་པ་དང་འདྲ་བ་སྟེ་རྟོལ་ཞིང་འབགས་པར་བྱེད་པའི་ཐབས་ལ་གང་གི་བདེན་པ་དབྱེར་མེད་ཀྱི་ལྟ་བ་ཐེ་ཚོམ་མེད་པའི་དོན་མདིལ་ཐུང་རྣོན་པོ་དང་འདྲ་བ་གཅིག་རྟོགས་པར་ཤིན་ཏུ་གཅེས་པ་ཡིན་ནོ། །གཉིས་པ་བཤད་པ་ལ་གཉིས་ཏེ། བགྲང་། དང་པོ་དཔེ་དང་། དྲང་། ཕྱོགས་འཛིན་གྱི་ལྟ་བས་ཕྱོགས་མེད་ལྷུན་གྲུབ་མི་རྟོགས་པའི་དཔེ་ནི། གླིང་བཞི་ནས་ལྟ་བས་ཡུལ་མཐོང་རྒྱ་ཆུང་། ཕལ་པའི་རི་ནག་པོ་དགུ་འདས་ནས་དེ་བས་རྒྱ་ཆེ། གསེར་གྱི་རི་བདུན་ནས་རིམ་པ་ལྟར་དེ་བས་རྒྱ་ཆེ་བ་དང་། རི་རབ་ལྷུན་པོའི་གནས་ནས་ལྟ་བས་ཐམས་ཅད་གསང་བའི་རིམ་པ་པ་དེ་ལྟར་ཡོད་པ་བཞིན་དུ། གཉིས་པ་དོན་དེ་ལ་གཉིས་ཏེ། གཞན་སེལ་དང་། དོན་དུ་གཉེར་བའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ། དང་པོ་ལྟ་བས་གཞན་སེལ་ལུགས་དང་། དྲང་། གནས་སྐབས་སུ་སངས་རྒྱས་ཀྱི་རིགས་མ་སད་པས་མེད་པ་ཕྱལ་རྒྱང་གཉིས་དང་། རང་བཞིན་གྱིས་ལོག་པ་མུ་རྟུག་མུ་སྟེགས་དང་། ཕྲ་བ་ཆོས་བདག་མཆོད་པས་ཕྱི་པ་ཡིན་ལ། རགས་པ་གང་ཟག་གི་བདག་མེད་པར་རྟོགས་པས་ན་ནང་པ་སྟེ། དེ་ལྟར་ཕྱི་ནང་གཉིས་ལྟོས་པ་ཉན་རང་གཉིས་ཀྱི་ལྟ་བ་དང་། སྣང་བའི་གསལ་ཆ་ཕྱོགས་གཅིག་སེམས་ཡིན་པར་བསྒྲུབ་སྟེ། སེམས་རང་རིག་རང་གསལ་དུ་འདོད་པ་སེམས་ཙམ་པ་དང་། དོན་དམ་སྟོང་པ་དང་ཀུན་རྫོབ་སྣང་བ་གཉིས་མི་མཐུན་པ་ཐ་དད་དུ་བྱས་ནས་ཀུན་རྫོབ་འགོགས་པ་དང་དོན་དམ་དག་པ་སྟོང་པར་འདོད་པ་དབུ་མ་པ་དང་། ལྟ་བ་ངན་པ་དེ་དག་ནི་དཔེར་ན་ཟས་ལ་དུག་བཏབ་པའི་ཆ་ཡོད་ན་ཟས་དུག་ཅན་དེ་ལ་གང་གིས་མི་རེག་སྟེ་མི་ཟ་བ་བཞིན་དུ། གསང་སྔགས་ཀྱི་ལྟ་བ་རྟོགས་པའི་གང་ཟག་གང་གིས་སྣང་སྟོང་ཕྱོགས་འཛིན་གྱི་ལྟ་བ་གོལ་བར་ཤེས་ནས་ལྟ་ངན་དེར་བློ་མི་གནས་པ་ཡིན་ནོ། །གཉིས་པ་སྒོམ་པའི་བསལ་བྱའོ། །དྲང་། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་གསང་སྔགས་བདེན་གསུམ་དབྱེར་མེད་ཀྱི་ལྟ་བ་མ་ཤེས་ན། སྒོམ་པ་ནི་བསམ་པའི་འགྱུ་བ་མེད་པར་གནས་པ་ཞི་གནས་ཙམ་ལ་བརྟེན་པ་དེས་ནི། རྣལ་འབྱོར་བླ་མེད་ཀྱི་དགོངས་པ་གཉིས་མེད་ཀྱིི་དོན་ཉམས་སུ་མྱོང ཞིང་འབྲས་བུ་ཐོབ་པ་ནི་མ་ཡིན་ནོ། །དེ་བས་ནམ་མཁའ་ཀློང་ཡངས་ལས། བདེ་སྡུག་མ་དྲན་བཏང་སྙོམས་ནི། །ཞི་གནས་མ་རིག་གཏི་མུག་དེ། །གང་གི་བློ་ཡང་མ་ཞུགས་པས། །དགེ་སྡིག་གཉིས་སུ་ལུང་མ་བསྟན། །ཅེས་སོ། །གཉིས་པ་དོན་དུ་གཉེར་བ་དང་། དྲང་། གང་ཟག་གང་གིས་ལྟ་སྒོམ་ཕྱོགས་རེ་བ་ལ་སྐྱོན་དེ་ལྟར་དུ་ཡོད་པར་ཤེས་ནས་ལྟ་སྒོམ་དབྱེར་མེད་རྟོགས་པའི་ཐབས་དུ་མའི་སྒོ་ནས་འུབ་ཆུབ་པར་བྱས་པ་དེས། སྣང་སྟོང་དབྱེར་མེད་ཀྱི་དོན་རྟོགས་པས་སྒོམ་པ་ལའང་། རྣལ་མའི་དོན་ལ་རང་རིག་པ་འབྱོར་ཞིང་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་སངས་རྒྱས་ཀྱི་སར་ཆུབ་པ་ཡིན་ནོ། །གཉིས་པ་རྟོགས་ཐབས་དང་། དྲང་། གསང་སྔགས་ཀྱི་རྣལ་འབྱོར་པ་གང་གིས་ལམ་གྱི་ཐོག་མར་ལྟ་བ་འགྲོ་བས་དེའི་དོན་རང་གི་རྒྱུད་ལ་བརྟེན་ཅིང་རྟོགས་པའི་ཐབས་ལ། ཏིང་ངེ་འཛིན་གྱི་བྱེ་བྲག་མི་འདྲ་བ་བསྐྱེད་རིམ་རྣམས་དང་། རྩ་ཐིག་རླུང་གསུམ་དུ་མ་ལས་སྤྱོད་པ་དང་། གཞན་ཡང་རྟོགས་ཐབས་ཀྱི་ཡན་ལག་མང་པོ་སྟེ། ཆུ་གཏོར་དང་། ནད་གསོ། སློབ་གྲྭ་དང་སྒོམ་གྲྭ་གཙུག་ཅིང་དེ་ལ་བཀུར་ཏི་བྱ་བ་དང་། ཉ་སྟོང་དང་བརྒྱད་གསུམ་ལ་སོགས་ལ་དུས་མཆོད་བྱ་བ་དང་། ཀློག་འདོན། ཆོས་སྦྱིན་པ། ཆོས་འཁོར་བྱ་བ། ལམ་འཕྲང་བཅོས་པ། བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞི་དང་། ཕལ་པ་ལ་སྦྱིན་གཏོང་། སཱཙྪ། བཤགས་པ། ཡིག་བརྒྱ། སྦྱིན་སྲེག །ལྷ་དང་གསུང་རབ་བྲི་བ། དགེ་བའི་དཔུང་ཚོགས་ཐམས་ཅད་ལ་འབད་པར་བྱའོ། །དེ་དག་ནི་བརྒྱུད་པ་ཡིན་ལ། དངོས་སུ་ལྟ་བ་གཏན་ལ་ཕབ་པའི་རྒྱུ་ནི་ལུང་རིགས་པ་མན་ངག་རྣམ་པར་གསུམ་གྱི་སྒོ་ནས་གཏན་ལ་ཕབ་དགོས་པ་ཡིན་ཏེ། གསང་སྒྲོན་ལས། དེ་བཞིན་བདེ་བར་གཤེགས་པའི་རྒྱུད། །བླ་མ་མཁས་པའི་མན་ངག་དང་། །རང་གི་ཉམས་ཀྱིས་བྱེ་བྲག་རྣམས། །ཚད་མ་གསུམ་ལ་བརྟེན་ནས་ནི། །ཞེས་པ་དང་། སྒྱུ་འཕྲུལ་རྡོ་རྗེ་ལས། ལུང་དང་མན་ངག་རིགས་པ་ཡི། །ཚད་མ་དག་གིས་གང་གཞལ་བ། །གཞལ་བྱེད་དེ་ཡང་ཚད་མར་འགྱུར། ཞེས་སོ། །དེ་ཡང་གཏན་ཚིགས་ལ་གཉིས་ཏེ། འདི་ལ་བརྩེགས་སྡེབ་གཅིག་བྱ་སྟེ། ཐུན་མོང་མ་ཡིན་པ་དང་། ཐུན་མོང་གི་གཏན་ཚིགས་སོ། །དང་པོ་ལ་གཉིས་ཏེ། ཚིག་དོན་མི་མཐུན་པ་དང་། ཚིག་དོན་མཐུན་པའོ། །དང་པོ་ནི་ཀུན་ཡིན་གང་མ་ཡིན་གྱི་གཏན་ཚིགས་དང་། མ་སྤངས་མི་ལྡན་གྱི་གཏན་ཚིགས་སོ། །གཉིས་པ་ཚིག་དོན་མཐུན་པ་ལ་གཉིས་ཏེ། ཚད་མ་བཀའ་གཞུང་གི་གཏན་ཚིགས་དང་། སྒྲ་མཐུན་དོན་དཔགས་ཀྱི་གཏན་ཚིགས་སོ། །དང་པོ་ལ་བཞི་སྟེ། དག་པ་གསུམ། མཉམ་པ་བཞི། རྟོགས་པ་བཞི། བདག་ཉིད་ཆེན་པོའི་དང་། རང་བཞིན་བདེན་པ་གསུམ་གྱི་གཏན་ཚིགས་སོ། །གཉིས་པ་སྒྲ་མཐུན་དོན་དཔགས་ལ་བཞི་སྟེ། རང་སྤྱིའི་གཏན་ཚིགས་དང་། མཐའ་བྲལ་གྱི་དང་། རྣམ་པར་དབྱེ་བའི་དང་། མཚོན་པ་དཔེའི་གཏན་ཚིགས་རྣམས་ཀྱིས་གཏན་ལ་ཕབ་ལུགས་ནི། རྩ་རྒྱུད་བསྡུས་པ་དང་། རྒྱས་པ་དང་། བཤད་རྒྱུན་དང་། མན་ངག་ལམ་རིམ་ལ་སོགས་པ་རྣམས་ལས་གྲགས་པ་རྣམས་ཀྱིས་ལྟ་བ་རྟོགས་པའི་རྐྱེན་བྱས་ཏེ། དཔེར་ན་རི་རྒྱལ་ལྷུན་པོའི་ཁ་ནས་ཐམས་ཅད་གསལ་བ་ལྟ་བུར་འཁོར་འདས་དབྱེར་མེད་མ་འདྲེས་ཡོངས་རྫོགས་ཀྱི་དོན་མཐོང་བ་གཅེས་སོ། །དེ་ཡང་མཐོང་བ་ལ་རྒྱུ་རྐྱེན་འཚོགས་དགོས་པས། དེ་ལ་གཉིས་ཏེ། རྒྱུ་དང་། རྐྱེན་ནོ། །དང་པོ་ལ་གཉིས་ལས། མཚུངས་ལྡན་གྱི་རྒྱུ་ནི་ཡེ་གདོད་མ་ནས་ཤེས་རབ་རང་བཞིན་མེད་པ་དང་། ཐབས་འགག་པ་མེད་པ་གཉིས་དབྱེར་མེད་དུ་རང་ལ་གནས་པ་ཡིན་ཏེ། ལམ་ཆུང་ལས། གདོད་ནས་ཤེས་རབ་ལྔ་ཡིན་མཚུངས། །ཞེས་སོ། །གཉིས་པ་ལྷན་ཅིག་བྱེད་པའི་རྒྱུ་ནི། ཡེ་ནས་གནས་པའི་དོན་དེ་ཉིད་གོང་དུ་བཤད་པའི་གཏན་ཚིགས་རྣམས་ཀྱིས་གཏན་ལ་ཕབ་ཅིང་ངོ་སྤྲོད་པ་ལ་བྱ་སྟེ། དེ་ཉིད་ལས། ཅེས་སྨོས་ལ་སོགས་ལྷན་ཅིག་བྱེད། །ཅེས་སོ། །གཉིས་པ་རྐྱེན་ལ་བཞི་སྟེ། དམིགས་པའི་རྐྱེན་དང་། བདག་པོ་དང་། རྒྱུའི་དང་། དེ་མ་ཐག་པའི་རྐྱེན་ནོ། །དང་པོ་ནི། ཆོས་རང་དང་སྤྱིའི་མཚན་ཉིད་ལ་བརྟེན་ནས་རྟོགས་དགོས་པ་དང་། གཉིས་པ་ནི། བླ་མ་རྡོ་རྗེ་སློབ་དཔོན་གྱིས་གཏན་ཚིགས་རིམ་པས་དེ་དག་ངོ་སྤྲད་པ་དང་། གསུམ་པ་ནི། རང་བཞིན་གྱི་དབང་རྣོན་དང་། སྦྱངས་པའི་དབང་རྣོན་གཉིས་ཀྱིས་རྟོགས་དགོས་པ་དང་། བཞི་པ་ནི། དམིགས་རྐྱེན། བདག་རྐྱེན། རྒྱུན་རྐྱེན་དང་གསུམ་འཛོམ་པའི་དེ་མ་ཐག་གི་སྐད་ཅིག་ལ་ངོ་འཕྲོད་དགོས་པ་ཡིན་ཏེ། དེ་ཉིད་ལས། དེས་ན་རང་སྤྱིའི་མཚན་ཡུལ་ལ། །བཤེས་གཉེན་བདག་པོ་རིམ་དེ་དག །དངས་པའི་འོད་དང་བག་ཆགས་རྒྱུས། །ཞེས་སོ། །ཡང་རྟོགས་ཐབས་རྒྱུ་རྐྱེན་དེ་དག་བསྡུས་ན། ལམ་རིམ་ལས། གང་དག་མཉན་བསམ་ཤེས་རབ་ཚེ། །ཉན་ཅིང་ཐོས་འཛིན་བསམ་པ་དང་། །བསམ་པའི་ཚེ་ན་རྟོག་དཔྱོད་པ། །གཉིས་པོ་དེ་དག་ཤེས་པའི་རྒྱུ། །མཁན་པོ་ལུང་དང་མན་ངག་བཅས། །ལྷན་ཅིག་བྱེད་པའི་རྐྱེན་དུ་འདོད། །རང་བཞིན་བདུན་དང་མཚུངས་ལྡན་པ། །གཅིག་ཤོས་རྒྱུ་རུ་ངེས་པ་ཡིན། །ཅེས་སོ། །དེ་ལྟར་གཏན་ཚིགས་རྒྱུ་རྐྱེན་གང་གི་ཐོག་ནས་གྲུབ་མཐའ་བདེན་པ་དབྱེར་མེད་ཀྱི་ངེས་ཤེས་སྐྱེས་པའང་། བདེན་གཉིས་དབྱེར་མེད་ཡིན་མིན་གྱི་ཐེ་ཚོམ་ཟ་བས་ཡིན་མིན་ལ་རྟོག་དཔྱོད་བྱས་པས་ཡིད་གཉིས་སུ་ཞུགས་པས། ཐ་དད་དུ་བྱུང་བསམ་གྱི་སོམ་ཉི་ཟ་བ་དེ་དག་མེད་པ་ལ་བདེན་པ་དབྱེར་མེད་ཀྱི་ལྟ་བར་བརྗོད་ཀྱིས། དེའང་བདེན་པ་དབྱེར་མེད་བྱུང་སེམས་ཀྱི་ངེས་འཇོག་གི་བློས་རྟོག་དཔྱོད་མེད་པ་ཡིན་ཏེ། དཔེར་ན་གསེར་གླིང་རྒྱུས་བསྟན་པ་བཞིན་ཏུ་བློ་དེ་ཉིད་རང་རིག་པའི་ཡེ་ཤེས་སུ་ཤར་བས་འཁོར་འདས་ཀྱི་ཆོས་གང་ཡང་དགག་བསྒྲུབ་དང་སྤང་བླང་མེད་པའི་རྒྱུ་གཏན་ཚིགས་དེ་ལས། གྲུབ་མཐའི་ངོ་བོ་དགག་བསྒྲུབ་དང་བྲལ་བ་འབྱུང་བའི་དོན་ཡིན་ཏེ། དེ་ཉིད་ལས། དགག་པ་མེད་པས་བླང་མེད་ཕྱིར། །མཐའ་ཡི་གཞུང་དུ་བསྒྲུབ་མི་དགོས། །ཞེས་པ་དང་། གསལ་བཀྲ་ལས། ལྟ་བ་ཕྱོགས་རིས་མི་ཕྱེད་པ། །སྤྱོད་པ་བླང་དོར་མི་བྱའོ། །ཞེས་ལྟ་སྤྱོད་འབྲེལ་པའི་ཕྱིར་རོ། །གསུམ་པ་ངོ་བོ་ལ་བཞི་སྟེ། བགྲང་། དང་པོ་ངོ་བོ་དངོས་དང་། དྲང་། གྲུབ་མཐའ་རྟོགས་པའི་ངོ་བོ་ནི། མིག་ལ་སོགས་པའི་དབང་པོ་དྲུག་གི་ཡུལ་དྲུག་ཏུ་རྣམ་ཤེས་དྲུག་འཆར་ནས་སྣང་བ་དེ་ཡང་། ལུས་སྣང་སེམས་གསུམ་ཟུང་འཇུག་ཏུ་རྟོགས་པའི་སྤྱན་ལྟ་བ་ལ་མཆོག་ཏུ་བརྗོད་པ་ནི། ཤེས་རབ་རང་བཞིན་མེད་པ་དོན་དམ་བདེན་པ་དང་། ཡུལ་དུ་ཤར་བའི་ཤེས་པ་དང་བཅས་རང་སྣང་འགག་པ་མེད་པ་ཀུན་རྫོབ་བདེན་པ་གཉིས་དབྱེར་མེད་པའི་དོན་མངོན་སུམ་དུ་རྟོགས་པ་ནི། རྗེས་དཔག་གི་རྟོགས་པ་བས་མཆོག་གི་དོན་ཡིན་ནོ། །དེ་ལྟར་མངོན་སུམ་བཞི་ལས། རང་རིག་པའི་མངོན་སུམ་དུ་རྟོགས་པའི་ཡིད་རང་བྱུང་གི་ཡེ་ཤེས་མཐོང་བའི་དུས་སུ། མདུད་པ་གཅིག་གྲོལ་བས་དོ་ཐག་ཀུན་གྲོལ་བ་ལྟར། ཚོགས་བརྒྱད་ཚོགས་དྲུག་རང་སྣང་གི་ཡེ་ཤེས་གཅིག་པོ་ལས་མ་གཡོས་ཤིང་ཡེ་ཤེས་ལྔ་མ་འདྲེས་ལ་ཡོངས་སུ་རྫོགས་པར་རྟོགས་པ་ཡིན་ཏེ། ལམ་རིམ་ལས། སྔ་མ་ཁ་ཅིག་མངོན་སུམ་ལ། །དྲུག་གམ་བརྒྱད་ཉིད་གནས་གྱུར་ཕྱིར། །ཤེས་རབ་དབང་དྲུག་ཚུལ་གནས་བརྗོད། །ངེས་པར་མ་ནོར་མཐོང་བ་ཡང་། །ཡེ་ཤེས་ལྔ་རུ་གསལ་བའི་ཕྱིར། །བརྒྱད་ཀྱི་ངོ་བོ་དེ་ཉིད་དོ། །ཞེས་གསུངས་པས། དེ་ལྟར་ཤེས་རབ་ཀྱི་སྤྱན་གྱི་ལྟ་བ་དམ་པའི་ངོ་བོ་དེ་ཁོ་ན་ཉིད་རྟོགས་པ་ཡིན་ཏེ་བས་ན། དེ་ལ་ཕྱིའི་ཡུལ་དང་ནང་གི་ལུས་སེམས་ཐ་དད་མེད་པར་ཐམས་ཅད་རིག་པ་རང་སྣང་བའི་ཕྱིར་ཏེ། དེ་ཉིད་ལས། ལྔ་པ་དམིགས་བྱེད་མེད་ཕྱིར་ཏེ། །དེ་བས་ཡུལ་མེད་རང་གསལ་བས། །དབྱིངས་དང་རིག་པ་གཉིས་མེད་པར། །དེ་བཞིན་ཉིད་དུ་རྡོ་རྗེའི་རིགས། །གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་རང་སྣང་བ། །ཞེས་གསུངས་པས། གཞི་མཐའ་བྲལ་ལྷུན་གྲུབ་ཀྱི་དོན་ཆོས་ཉིད་སྤྱིའི་མཚན་ཉིད་དང་། ཁྱད་པར་རང་གི་མཚན་ཉིད་གཉིས་མ་འདྲེས་ལ་ཡོངས་སུ་རྫོགས་པར་མཐོང་བ་མེད་པའི་ཚུལ་དུ་མཐོང་བ་སྟེ། ཐབས་ཞགས་ལས། མཐོང་བ་མེད་པའི་ཚུལ་དུ་མཐོང་བའོ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། ང་དང་བདག་ཏུ་མེད་པས་ན། །ཆོས་ཉིད་མ་དང་འཕྲད་པ་ཡིན། །ཅེས་སོ། །དེ་ལ་མངོན་སུམ་དང་རྗེས་དཔག་གི་གོ་དོན་ནི། སྤྱིར་ཆོས་ལ་ཚད་མ་དང་ཚད་མིན་གཉིས། ཚད་མིན་ལ་འགྲོ་བ་རིགས་དྲུག་གི་འཁྲུལ་སྣང་། མུ་སྟེགས་ཀྱི་ལོག་ཤེས། དེ་མ་ཡིན་དེར་འཛིན། སྣང་བ་ངེས་པ། ཡིད་དཔྱོད་དང་ལྔའོ། །ཚད་མ་ལ་བཞི་སྟེ། ངོ་བོ་དང་། མཚན་ཉིད་དང་། ངེས་ཚིག་དང་། རྣམ་གྲངས་སོ། །དང་པོ་ནི། སྔར་མ་རྟོགས་པའི་དོན་ལ་སྒྲོ་འདོགས་ཆོད་པར་བྱེད་པའོ། །གཉིས་པ་ནི། གང་ཟག་གི་གཞལ་བྱ་བདེན་རྟོགས་དང་ལྡན་པའོ། །གསུམ་པ་ནི། བསླུ་བ་མེད་པའི་དོན་དེ་རྒྱུད་ལ་ངེས་པར་བྱས་པའོ། །བཞི་པ་རྣམ་གྲངས་ནི་གཉིས་ཏེ། མདོ་ལས། མངོན་སུམ་དང་ནི་རྗེས་དཔག་གཉིས། ཞེས་གསུངས་པས། མངོན་སུམ་དང་། རྗེས་དཔག་གོ། །དང་པོ་ལ་བཞི་སྟེ། ངོ་བོ་དང་། མཚན་ཉིད། ངེས་ཚིག་དང་། རྣམ་གྲངས་སོ། །ངོ་བོ་ནི་ཡུལ་ཤེས་འཕྲད་པའོ། །མཚན་ནི་རྟོག་བྲལ་མ་འཁྲུལ་བའོ། །ངེས་ཚིག་ནི་ཐེ་ཚོམ་མེད་པར་དོན་ངེས་པའོ། །རྣམ་གྲངས་ནི་བཞི་སྟེ། དབང་པོའི་མངོན་སུམ་དང་། ཡིད་ཀྱི་དང་། རྣལ་འབྱོར་གྱི་དང་། རང་རིག་པའི་མངོན་སུམ་མོ། །དང་པོ་ནི། སྐད་ཅིག་མ་དང་པོ་ལ་ཡུལ་ཤེས་འཕྲད་པ་ཙམ་མོ། །གཉིས་པ་ནི་དེའི་རྗེས་སུ་ཞུགས་པའི་ཤེས་པ་ལས་ཉིད་རང་གི་ངོ་བོར་ཐེ་ཚོམ་ཆོད་པའོ། །གསུམ་པ་ནི་གོམས་པ་ལས་བྱུང་བ་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་གསལ་སྟོང་ཉམས་སུ་མྱོང་བའོ། །དེ་ཡང་དག་པར་འཇིག་རྟེན་པའི་མཁྱེན་པའི་ཡེ་ཤེས་སོ། །བཞི་པ་ནི། བདེན་གསུམ་དབྱེར་མེད་རང་རིག་པའི་མངོན་སུམ་དུ་རྟོགས་པ་སྟེ། དབྱེ་བ་མེད་པའི་ཡེ་ཤེས་སོ། །དེ་ལྟར་གསང་སྔགས་ཀྱི་ལམ་གང་ཟག་བློ་རིམ་གྱིས་པས། ལྟ་བ་རྟོགས་ཐབས་ཀྱི་སྒོམ་པའི་སྐབས་སུ་མངོན་སུམ་བཞི་རིམ་གྱིས་རྟོགས་ཤིང་ཉམས་སུ་མྱོང་བ་ཡིན་ནོ། །ལྟ་བ་རྟོགས་པ་ངོ་བོའི་དུས་སུ། མངོན་སུམ་བཞི་ཅིག་ཆར་དུ་རྟོགས་པ་ཡིན་ནོ། །དབང་པོའི་མངོན་སུམ་རིག་པ་གཅེར་འཕྲད། ཡིད་ཀྱི་མངོན་སུམ་ཡིད་འགྱུ་བ་རང་གྲོལ། རང་རིག་མངོན་སུམ་སྣང་སྟོང་དབྱེར་མེད། རྣལ་འབྱོར་མངོན་སུམ་ཆོས་ཀུན་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་དག་རྒྱས་པར་གཞན་དུ་ཤེས་པར་བྱའོ། །གཉིས་པ་རྗེས་དཔག་ལ་བཞི་སྟེ། ངོ་བོ་དང་། མཚན་ཉིད་དང་། ངེས་ཚིག་དང་། རྣམ་གྲངས་སོ། །ངོ་བོ་ནི་ཤེས་པ་གང་ཞིག་དོན་དང་འབྲེལ་ཞིང་དོན་གཞན་མཐོང་བ་ལས་བྱུང་བའོ། །མཚན་ཉིད་ནི་ཚུལ་གསུམ་ངེས་པ་ལས་སྐྱེས་པའི་ཤེས་པ་མ་འཁྲུལ་བའོ། །ངེས་ཚིག་ནི་རྟགས་གཟུང་ཞིང་འབྲེལ་པ་དྲན་པའི་རྗེས་སུ་དཔག་པའོ། །དབྱེ་བ་ལ་གསུམ་སྟེ། རང་བཞིན་གྱི་གཏན་ཚིགས་དང་། འབྲས་བུའི་གཏན་ཚིགས་དང་། མི་དམིགས་པའི་གཏན་ཚིགས་སོ། །དང་པོ་ནི། དེ་ལ་སྦྱོར་བ་དགོད་ན། སྣང་བ་ཆོས་ཅན། མི་རྟག་པ་སྟེ་ཞེས་དམ་བཅའ། སྐད་ཅིག་མའི་སྐྱེ་འགག་དང་བཅས་པའི་ཕྱིར། དཔེར་ན་མྱུ་གུ་སྔོན་པོ་བཞིན་ནོ། །གཉིས་པ་ནི། ལ་ཆོས་ཅན། མེ་ཡོད་དེ་ཞེས་དམ་བཅའ། རྟགས་དུ་བ་མཚན་ཉིད་པ་འདུག་པའི་ཕྱིར་དཔེར་ན་ཚང་ཁང་བཞིན་ནོ། །གསུམ་པའི་གཏན་ཚིགས་ནི། ས་ཕྱོགས་འདི་ཆོས་བུམ་པ་མེད་དོ་ཞེས་དམ་བཅའ། ཡོད་ན་སྣང་རུང་ལ་མི་དམིགས་པའི་ཕྱིར། དཔེར་ན་རི་བོང་རྭ་བཞིན་ནོ། །དེ་དག་རྒྱས་པར་གཞན་དུ་ཤེས་པར་བྱའོ། །གཉིས་པ་མཐོང་བའི་ཁྱད་པར་དང་། དྲང་། འོ་ན་ཚེ་དབང་དང་ཁྱད་མེད་དམ་ཞེ་ན་ཡོད་དེ། ཟག་བཅས་ཀྱི་མཉམ་གཞག་ཏུ་ཆོས་ཉིད་དེ་ལྟར་དུ་མཐོང་ནའང་། རྗེས་ཐོབ་ཏུ་ལོག་རྟོག་མ་ཟད་པའི་སྟོབས་ཀྱིས། དཔེར་ན་འཁོར་ལོ་སྒྱུར་རྒྱལ་གྱི་བུ་ཆུང་དེའི་ཤ་ཁྲག་དང་རིགས་ནི་རྒྱལ་པོ་ལས་འགྱུར་བ་མེད་ཀྱང་། ལུས་སེམས་སྟོབས་མ་རྫོགས་པ་དང་། གདན་སར་མ་བཞག་པས་རྒྱལ་པོའི་མངའ་ཐང་ཐམས་ཅད་ལ་དབང་བསྒྱུར་མི་ནུས་པ་བཞིན་དུ། ཕྱག་རྒྱ་སྤྲོས་བཅས་ཀྱི་སྐབས་སུ་ཆོས་ཉིད་རང་མཚན་མཐོང་ཡང་རྒྱལ་བུ་སྟོབས་མ་རྫོགས་པ་དེ་ལྟ་བུར། ལྟ་སྒོམ་སྟོབས་མ་རྫོགས་པ་དེ་བས་ན་མཉམ་རྗེས་ཀྱི་རྩོལ་བ་ཡོད་ལ། ཚེ་ལ་དབང་བསྒྱུར་བའི་རིག་འཛིན་ནི་མཉམ་རྗེས་འདྲེས་པས་ལྟ་སྒོམ་སྟོབས་རྫོགས་པ་དང་། སྤྲོས་པ་ནི་ལྟ་སྒོམ་སྟོབས་མ་རྫོགས་པས་ཁྱད་པར་དེ་ལྟར་ཡོད་པར་འགྱུར་བ་ཡིན་ཏེ། སྐབས་འགྲེལ་ལས། གསུམ་པ་བདེན་གཉིས་རང་མཚན་དུ། །འགོ་མཐོང་གཉིས་མེད་བཟོད་མ་ཐོབ། །ཅེས་སོ། །གསུམ་པ་ངེས་ཚིག་དང་། དྲང་། གསང་བའི་སྙིང་པོ་སྒྱུ་འཕྲུལ་རྒྱས་པའི་རྒྱུད་ལས་འདི་སྐད་དུ་གསུང་སྟེ། ལུས་སྣང་སེམས་གསུམ་ཟུང་འཇུག་གི་ངོ་བོ་ལ་ལྟ་བར་བྱ་བའི་ཡུལ་དང་བལྟ་བར་བྱ་བའི་མཁན་པོ་གཉིས་མེད་པའི་ངང་ལ། ཐམས་ཅད་གསལ་ཞིང་སྒྲིབ་གཡོགས་དང་བྲལ་བས་ཡེ་ཤེས། དེ་མ་འདྲེས་པར་གསལ་བས་ན་སྒྲོན་མ། དེ་རྒྱུན་ཆད་མེད་པར་སྦྲེང་བར་ཤར་བ་ནི། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུའི་ཞིང་ཁམས་དག་མ་དག་ཐམས་ཅད་ཀུན་མ་འདྲེས་ཡོངས་རྫོགས་སུ་མཐོང་ལ། ཡུལ་ཡུལ་ཅན་གང་དུ་ཡང་མི་མཐོང་བ་ནི། ཤེས་རབ་སྤྱན་གྱི་ལྟ་བའི་མཆོག་གོ། །དེ་ཡང་རིག་པར་རང་ཤར་གྱི་རྒྱུད་ལས། ལྟ་བ་ཉིད་ལ་བལྟ་རུ་མེད། །ལྟ་བ་སེམས་ཀྱི་དྲི་མ་ཡིན། །དྲི་མ་དག་པའི་ཆོས་ཉིད་ལ། །བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །ཅེས་པ་དང་། ཁོག་གཞུང་ལས། ཡུལ་མེད་གསལ་ཕྱིར་ལྟར་ཞེས་བཤད། །ཅེས་སོ། །བཞི་པ་ཞར་ལ་སྤྱིའི་མཚན་ཉིད་དུ་འདོད་པ་ནོར་བ་དེ་ལ་གསུམ་སྟེ། བགྲང་། དང་པོ་སྤྱིའི་མཚན་ཉིད་དུ་ལྟ་བས་གསང་སྔགས་མི་རྟོགས་པ་དང་། དྲང་། ཐམས་ཅད་རང་རིག་པའི་མངོན་སུམ་དུ་རྟོགས་པ་ལྟ་བའི་ངོ་བོ་ཡིན་པ་དེ་བས་ན། སྤྱི་མཚན་གྱི་གོ་བ་ལ་ལྟ་བའི་ངོར་གང་ཟག་གང་ཞིག་ཞེན་ཏེ་མི་ཞེན་ནོ། །དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་ཀྱི་དོན་ཡིད་ཡུལ་དུ་བྱས་པས་ལྟ་བའི་ངོ་བོ་གང་ཟག་གང་གིས་རྙེད་དེ། བདེན་གསུམ་དབྱེར་མེད་ཀྱི་དོན་མི་རྙེད་པའི་ཕྱིར་རོ། །གཉིས་པ་ཡིད་ཀྱི་རྟོག་པས་གཟུང་འཛིན་དུ་གོལ་བ་དང་། དྲང་། དབྱེར་མེད་སྐྱེ་འཇིག་དང་བྲལ་བ་རྡོ་རྗེའི་དོན་དེ་ཉིད་ཡིིད་ཀྱི་ཡུལ་དུ་བྱས་ནས་སྒྲ་ཙམ་ལ་བརྟེན་པས་གོལ་བ་ཡིན་པས། གོལ་ཚུལ་ནི་ཆོས་ཉིད་འདུས་མ་བྱས་པ་སྟོང་པ་ཕྱོགས་གཅིག་ཙམ་གྱི་ངོ་བོ་ལ་གཟུགས་དབྱིབས་ཁ་དོག་དང་། སྐྱེ་འཇུག་མི་སྣང་བསམ་ནས་ཡུལ་དུ་དམིགས་པ་དག་ལ་བརྟེན་ནས་གསང་སྔགས་ཀྱི་ལྟ་བའི་དོན་ནི། ངེས་པར་འདི་ཁོ་ནའོ་སྙམ་ནས་ལྟ་བ་དེའི་རྗེས་ལ་རྣལ་འབྱོར་མི་རྟོག་པའི་དོན་ལ་བསྒོམ་དགོས་ཅེས་རྒྱུད་གཞུང་ནས་བཤད་པ་ཡང་། ལྟ་བ་དེ་དང་ཕྱོགས་ནས་མཐུན་པར་སྐྱེ་བར་འདོད་པ་ནི་ཡིད་ཡུལ་གྱི་བློས་ངེས་པར་འཇོག་པས་ཆོས་ཉིད་ཡུལ་དུ་རྟོག་པའི་ཕྱིར་གཟུང་འཛིན་ཅན་དུ་གྱུར་བས་མི་གྲོལ་བའོ། །དེ་ཡང་གསང་ཐིགས་ལས། ངེས་པའི་ཤེས་པ་མ་སྐྱེས་ཕྱིར། །རང་རིག་ཚད་དང་མི་ལྡན་ཏེ། །གཟུང་འཛིན་མཚན་མ་མ་གྲོལ་བས། །རང་གིས་གར་སྐྱེས་མི་ཤེས་པས། །འོལ་ཕྱིར་ཕྱོགས་སུ་གང་བསྒོམས་ཀྱང་། །ལོང་བའི་གོམ་པ་བཞིན་ཏེ་ཕྱལ་བར་གོལ། །ཅེས་སོ། །གསུམ་པ་སྒྲ་ཅི་བཞིན་དུ་ལྡོག་པ་ཚོལ་བས་ལྟ་བ་དམ་པས་དབུལ་བའོ། །དྲང་། ཚོང་པ་ཡུལ་ཀུན་ཏུ་རྒྱུ་བས་ཐམས་ཅད་ཤེས་པ་དང་། བྱིས་པ་གཞོན་ནུ་ནི་གར་ཡང་མ་ཕྱིན་པས་ཅི་ཡང་མི་ཤེས་པས་དེ་གཉིས་ལ་ཤེས་རྒྱ་ཆེ་ཆུང་ཡོད་པ་ལྟར་དུ། སྒོམ་པ་ཏིང་ངེ་འཛིན་གོམས་མ་གོམས། མཆོག་ལྟ་བ་རྟོགས་མ་རྟོགས། གཞུང་ལས་ཐོས་པ་བྱས་མ་བྱས། དེའི་ཁྱད་པར་ནི། རིགས་བརྒྱད་ཀྱི་དབྱེ་བ་སྟོན་པ་སྒྱུ་འཕྲུལ་བརྒྱད་བཅུ་པའི་ལེའུ་ལྔ་པ་ལས་ནི་འདི་ལྟ་སྟེ། རིགས་བརྒྱད་ལས། དང་པོ་ཆོས་ཉིད་ཀྱི་རིགས་ནི། སྒྱུ་འཕྲུལ་རྒྱས་པ་ལས། ཐམས་ཅད་ཀུན་ལ་ཡང་ཁྱབ་པར་ཡོད་དེ། ནམ་མཁའ་ཀུན་ལ་ཁྱབ་པར་ཡང་གནས་སོ། །དེ་ལྟར་ཆོས་ཉིད་ཀྱི་རིགས་དང་ནམ་མཁས་ཀུན་ལ་ཁྱབ་ཀྱང་། མངོན་པར་ཐར་པའི་དོན་མ་རྟོགས་ན། མེ་ལོང་གཡས་གཡོགས་པ་དང་འདྲ་སྟེ། གཟུགས་བརྙན་སྣང་བའི་བྱ་བ་བྱེད་མི་ནུས་སོ། །ཞེས་པ་དང་། གཉིས་པ་བླ་ན་མེད་པའི་ཐེག་པའི་རིགས་ནི། དེ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ཡི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་འབབ་པར་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་པ་དང་། གསུམ་པ་བྱང་ཆུབ་སེམས་དཔའི་ཐེག་པའི་རིགས་ནི། དེ་ཉིད་ལས། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་པ་ཡི། །ས་བཅུ་རིམ་གྱིས་སྒོམ་པའི་རྣལ་འབྱོར་པ། །སངས་རྒྱས་སར་བགྲོད་གོ་འཕང་ཐོབ་པའི་ལམ། །བདེན་པ་གཉིས་ཀྱིས་རབ་ཏུ་ཐོབ་པར་འགྱུར། །ཞེས་པ་དང་། བཞི་པ་རང་རྒྱལ་གྱི་ཐེག་པའི་རིགས་ནི། དེ་ཉིད་ལས། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་པས། །དངོས་པོའི་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། །བྱང་ཆུབ་སར་བགྲོད་ཡིད་བཞིན་བདེ་བའི་མཆོག །ཅེས་པ་དང་། ལྔ་པ་ཉན་ཐོས་ཀྱི་ཐེག་པའི་རིགས་ནི། དེ་ཉིད་ལས། བདེན་བཞིའི་དོན་རྟོགས་རབ་ཏུ་སྤང་བ་ཡི། །ཡེ་ཤེས་བཅུ་དྲུག་ཆས་སྦྱངས་རབ་ཞི་བའི། །རྒྱུན་ཞུགས་ལ་སོགས་རིམ་པར་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམས་ཞི་བའི་ས་རུ་འགྲོ། །ཞེས་པ་དང་། དྲུག་པ་རིགས་མ་ངེས་པ་ནི། དེ་ཉིད་ལས། ཐེག་པ་གང་དུ་བསྟན་པར་མ་ངེས་པའི། །ཡང་ན་ཀུན་ལ་མཐུན་བྱས་འཇམ་པར་འཇུག །ཡང་ན་ངེས་མེད་འདི་ཞེས་བསྟན་དུ་མེད། །འདི་ནི་མ་ངེས་རྡོ་རྗེ་འཆང་གིས་གསུངས། །ཞེས་པ་དང་། བདུན་པ་ལྷ་དང་མིའི་ཐེག་པའི་རིགས་ནི། དེ་ཉིད་ལས། དགེ་བཅུ་སྤྱོད་ཅིང་མི་དགེ་སྤང་བྱེད་པ། །འདོད་པའི་ཁམས་ཀྱི་ལྷ་མིར་སྐྱེ་བའི་རྒྱུ། །ཚད་མེད་བཞིར་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་པ་དང་། བརྒྱད་པ་རིགས་ཆད་པ་ནི། དེ་ཉིད་ལས། ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་གྱུར་ཀྱང་། །རང་རིགས་རྟོགས་པའི་སྐལ་དང་མི་ལྡན་ན། །ཅི་ལྟར་དམུས་ལོངས་མདུན་དུ་མདོག་བསྟན་བཞིན། །འདི་ནི་སྐལ་མེད་རིགས་ཆད་པ་ཡིན་ནོ། །ཞེས་པས་དེ་རྣམས་ཀྱི་ལྟ་བའི་ཁྱད་པར་གསུངས་པའི་ནང་ནས་བླ་མེད་མཆོག་ཡིན་ཏེ། དེ་ཉིད་ཀྱི་ལྟ་བ་ལ་དག་པ་གསུམ། མཉམ་པ་བཞི། གཉིས་མེད་ལ་སོགས་པའི་ཚིག་གི་རྣམ་གྲངས་ཙམ་ཤེས་པ་ལ་ལྟ་བ་དམ་པའི་དོན་ཡིན་པར་འདོད་ནས་སྒྲའི་རྗེས་སུ་འབྲང་བས་གསང་སྔགས་ལྷུན་གྲུབ་ཀྱི་ལྟ་བ་ལས་གོལ་བ་སྟེ། གོལ་ལུགས་ནི་དག་མཉམ་ལ་སོགས་པ་དེ་ཡི་སྒྲ་ཙམ་ལ་བརྟེན་ནས་བརྟགས་དཔྱད་བྱས་པས་ནི་དཔེར་ན་མི་དབུལ་པོས་ཕྱུག་པོའི་ནོར་རྫས་རྣམས་བརྗོད་ཤེས་ཀྱང་ཁོ་རང་ལ་ཅི་ཡང་མེད་པ་བཞིན་དུ། གསང་སྔགས་ཀྱི་འཁོར་འདས་དབྱེར་མེད་པའི་ལྟ་བའི་དོན་མི་རྟོགས་པས་ཁ་འབྱམས་ཚིག་གི་ལྟ་བ་དེ་ཉིད་ཁོ་ནར་གོལ་བ་ཡིན་ཏེ། ལམ་རིམ་ལས། སེམས་ཀྱིས་མཉམ་པ་མ་རྟོགས་ན། །ཚིག་གི་མཉམ་པས་འཚང་མི་རྒྱ། །ཞེས་པ་དང་། སྨྲ་བསམ་ཚིག་ལ་གང་དགའ་བ། །གང་གི་དགོངས་པ་དཔོག་མི་ནུས། །ཚིག་ཚོགས་རྒྱ་མཚོ་ཐོབ་པ་མིན། །ཚིག་གཅིག་ཐོས་ན་ཐོས་པའི་མཆོག །ཅེས་པ་དང་། གཅན་འཕྲང་ལས། གང་ཞིག་མན་ངག་ཁུངས་ཆུབ་ཅིང་། །སྒྲ་ཕྱིར་ཁུངས་འབྱིན་ཆེ་ངག་ཅན། །བསྐལ་པ་བརྒྱད་ཁྲིར་སྡུག་བསྔལ་ཐོབ། །ཅེས་སོ། །བཞི་པ་མ་རྟོགས་པའི་སྐྱོན་དང་། དྲང་། བཞི་པ་སྐྱོན་ནི་སྒྱུ་འཕྲུལ་རྒྱས་པའི་ལུང་ལས་འདི་སྐད་གསུངས་ཏེ། ཐབས་སྤྱོད་པ་རྣམས་ལ་དོན་ལ་མཁས་པ་ལྟ་བའི་རྩིས་ཡི་མ་ཟིན་ན། ལམ་གྱི་རྟེན་ལ་དགེ་བ་བཅུ་སྤྱད་ཅིང་བསྒྲུབས་ནས་སྟེགས་བཅས་ཀྱང་། འབྲས་བུ་ལ་མཐོ་རིས་ཀྱི་ལྷ་དང་མི་རུ་སྐྱེ་ལ། སྐྱེ་ཤི་མེད་པའི་ས་མཐར་ཐུག་གི་འབྲས་བུ་སངས་རྒྱས་མི་ཐོབ་པ་ཡིན་ནོ། །ངེས་དོན་འདུས་པ་ལས། རང་སེམས་མ་རྟོགས་དགེ་བ་བཅུ་ལ་སོགས། །བསྐལ་པ་སྟོང་དུ་ཚོགས་བསགས་སྒྲིབ་སྦྱངས་ཀྱང་། །འབྲས་བུ་སྐུ་གསུམ་སངས་རྒྱས་འབྱུང་བ་མིན། །ཅེས་སོ། །ལྔ་པ་རྟོགས་པའི་ཡོན་ཏན་ནོ། །དྲང་། གྲངས་ཀྱི་ལྔ་པ་ཡོན་ཏན་ནི་རྒྱུད་ལས་ཇི་སྐད་འབྱུང་བ་ནི་གང་ཞེ་ན། ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་ཀྱི་སྙིང་པོ་ནི་ལྟ་བ་ཡིན་ལ། དང་པོ་ལྟ་བ་དེའི་དོན་རྟོགས་ནས་མཐར་འབྲས་བུ་མ་ཐོབ་ཀྱི་བར་དུ་ལྟ་བ་དེ་དང་མ་བྲལ་ན། བར་དུ་ལྟ་བ་དེ་དང་མ་བྲལ་ན། བར་མ་དོར་ཆུད་མི་ཟ་བའམ་ངན་སོང་དང་འཁོར་བར་མི་གཏོང་བ་སྟེ། དཔེ་ཆུ་སྲིན་གྱི་ཕྱག་རྒྱ་སྟེ་བཟུང་ནས་ཕྱིར་གཏོང་བ་མེད་པ་ཅི་བཞིན་དུའོ། །གཞན་ཡང་ཕྱི་ནང་གི་སྤྱོད་ཡུལ་ཐམས་ཅད་ཀུན་ཏུ་སྐུ་དང་ཡེ་ཤེས་སུ་ཤར་བའི་ཡོན་ཏན་ལ་ཚད་དཔག་ཏུ་མེད་པའོ། །གཉིས་པ་ནི། དེའི་རྗེས་སུ་སྒོམ་པ་ཏིང་ངེ་འཛིན་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། ལྟ་བ་སྤྱིའི་ཚུལ་དུ་རྟོགས་པ་དེའི་རྗེས་སུ་ལམ་གྱི་གཙོ་བོ་ཏིང་ངེ་འཛིན་དེས་མཆོག་ལྟ་བའི་དོན་དེ་རིམ་གྱིས་གོམས་པར་བྱས་པའི་ཐབས་ནི་འདི་ལྟ་སྟེ། གཉིས་པ་བཤད་དེ་ལ་དྲུག་སྟེ། བགྲང་། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། དྲང་། འབྱུང་བ་ས་ཆུ་མེ་རླུང་དང་། སེམས་འདུ་བའི་རྟེན་འབྲེལ་ལས་ལུས་གྲུབ་པའི་སྐྱེ་གནས་པར་དོ་དེ་ཉིད། འཆི་ཁ་བར་དོའི་སྐབས་སུ་ལུས་སེམས་འབྲལ་བའི་ཚུལ་ནི་འབྱུང་བ་རིམ་པར་འགག་སྟེ། དེ་ཡང་ཁམས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། རླུང་ནམ་མཁའ་ལ་ཐིམ། ནམ་མཁའ་ཀུན་གཞིའི་རྣམ་ཤེས་ལ་ཐིམ་སྟེ། ཆོས་ཉིད་ངོ་མ་ཤེས་པའི་བར་དོ་ལ་རིག་པ་རྟོག་མེད་བཞིན་དུ་ཡིན་པ་སྟེ། ལམ་རིམ་ལས། ཤི་བ་དོན་དམ་བདེན་པ་སྟེ། །ཞེས་གསུངས་པས། དཔེ་དང་། སྦྱང་གཞི་དང་། བསླབ་བྱའང་ཡིན་ནོ། །དེའང་བློ་རིམ་གྱིས་པས་ཐོག་མར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་རང་སྒོམ་ཐབས་གང་གི་ཡན་ལག །ལམ་རིམ་ནས་བཤད་པ་བཞིན་དུ་དོན་བཅོ་ལྔ་སྟེ། སྔོན་དགོས་ཐབས་དང་ངོ་བོ་དང་། མི་མཐུན་བཅོས་ཉམས་སྤྱོད་དམ་ཚིག །དྲོད་རྟགས་མཚན་ཡོན་འདའ་ཀ་མ། རང་གི་འབྲས་བུ་རྫོགས་པ་ཡི་སྒོ་ནས་ཉམས་སུ་ལེན་པ་ལ། ཁྱད་པར་དུ་ཏིང་ངེ་འཛིན་རང་གི་ངོ་བོ་ནི་ཚོགས་དྲུག་གི་སྣང་བ་ལ་ཡུལ་ཡུལ་ཅན་གང་དུའང་འདུ་ཤེས་མེད་པར་རང་རིག་པར་གསལ་བཞིན་དུ་སྟོང་པའི་དོན་ལ་མ་ཡེངས་པར་སྒོམ་དགོས་ཏེ། དེ་ཡང་སྒོམ་པའི་རྣལ་འབྱོར་པ་གང་ཡིན་པ་དེ་དག་གི་ལམ་རིམ་ལྟར། ཉམས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པ་ལྔ་དང་། དྲོད་རྟགས་མཚན་མ་མེ་ལོང་རྫུ་འཕྲུལ་དང་ལྔ་སྟེ་བཅུ་མཐར་ཕྱིན་པ་དང་ལྡན་པ་ཡི་མཐུས། སྔ་མ་དེ་བཞིན་ཉིད་སྒོམ་པ་ལས་ཀྱང་ཕྱི་མ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །དེ་ཡང་མདོ་སྟེ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །ཞེས་སོ། །གཉིས་པ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་དང་། དྲང་། དཔེར་ན་ཉི་མ་ལས་འཕོ་བ་མེད་པར་འོད་དུ་སྣང་བ་དང་། ས་བོན་ལས་མྱུ་གུ་དང་། སྒྱུར་ལ་འགྲམ་ཆུ་ལྡང་བ་དང་། སྒྲ་དང་བྲག་ཆར་གྲགས་པ་དང་བཞིར་སྣང་བ་བཞིན་དུ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་འཕོ་བ་མེད་པར་གདངས་འགག་མེད་དུ་ཀུན་སྣང་གི་ཏིང་ངེ་འཛིན་སྒོམ་པ། དེེ་ཡི་ཡན་ལག་ལ་དོན་བཅོ་ལྔ་བསྟན་པ་ཡང་གོང་གི་དེ་བཞིན་ཉིད་ལྟར་དུ་ཡིན་པས་ན། རྒྱུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པར་བྱས་ནས། དེ་ཉིད་ཀྱི་རྩལ་རང་ལ་གནས་པའི་ཡེ་ཤེས་འགག་པ་མེད་པར་སྣང་བ་ཀུན་ཏུ་ཁྱབ་པར་སྒོམ་པ་ནི་ངོ་བོ་ཡིན་ཏེ། དེ་ཡང་ཕྱི་སྙིང་རྗེ་དང་། འགྱུ་བ་སྐྱེ་བྱའི་ཡུལ་དང་། ནང་སྐྱེ་བྱེད་ཀྱི་མཁན་པོ་ཐ་དད་མེད་པར་ཡེ་ཤེས་སྒྱུ་མར་རང་སྣང་དུ་སྒོམ་པར་བྱེད་པ་ལ། ཉམས་ལྔ་དང་། དྲོད་རྟགས་རྣམས་ལམ་རིམ་ནས་བཤད་པ་བཞིན་དུ་དེའི་ནུས་མཐུ་རྣམས་རྫོགས་པར་བྱའོ། །གསུམ་པ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་དང་། དྲང་། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་མཐར་ཕྱིན་པ་དེ་ཡི་སྟོབས་ལས་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་སྐྱེས་པ་ལ་ནི་རིམ་ཅིག་ཆར་གཉིས་ལས། དང་པོ་མངལ་སྐྱེས་ནི་དཔེ་རྟེན་འབྲེལ་བཅུ་གཉིས་ཡོད་པ་ལ། བཞི་པའི་སོ་ནས་མིང་གཟུགས་དེ་ལ་སོགས་པ་ལུས་རིམ་གྱིས་འབྱུང་བའམ། གཉིས་པ་གཅིག་ཤོས་ཏེ་བརྫུས་སྐྱེས་ནི་སྐྱེ་མཆེད་དྲུག་ཅིག་ཆར་དུ་སྐྱེ་བ་ཅི་ལྟ་བ་བཞིན་དུ་ཕྱག་རྒྱ་གཅིག་པ་སྒོམ་པའང་། ཞི་བ་ཕྱག་རྒྱ་གཅིག་པ་དང་། ཁྲོ་བོ་ཕྱག་རྒྱ་གཅིག་པ་གཉིས་ལ་གདུལ་བྱ་རང་རང་གང་ལ་མོས་པའི་ཞི་ཁྲོ་གཅིག་ཉམས་སུ་ལེན་པའང་། བློ་ཆེ་ཆུང་གི་དབང་གིས། དང་པོ་ཕྲ་བ་ཡིག་འབྲུ་ལ་བསླབ་ཅིང་། དེ་ནས་ཐུགས་ཕྱག་མཚན་དང་། སྐུ་ཡོངས་རྫོགས་ཀྱི་བར་དུ་རིམ་གྱིས་བསྐྱེད་པ་རིམ་གྱིས་པ་དང་། དང་ནས་རགས་པ་ལྷ་སྐུ་བསྒོམ་པ་ཅིག་ཆར་བ་དང་གཉིས་ཀྱི་ཚུལ་གྱིས་ལྷ་བསྒོམ་པ་ལའང་། སྐུ་ཕྱག་རྒྱ་ཆེན་པོ་དེའི་ཐུགས་ཀར་རིགས་དང་རང་གི་ས་བོན་གང་ཡིན་བསྒོམ་པ་གསུང་ཆོས་རྒྱ། ཐུགས་ཀར་ཕྱག་མཚན་བསྒོམ་པ་ཐུགས་ཕྱག་མཚན་དམ་ཚིག་གི་ཕྱག་རྒྱ་འོད་ཟེར་སྤྲོ་བསྡུ་བྱ་བ་ལ་སོགས་འཕྲོ་འདུ་འཕྲིན་ལས་ཀྱི་ཕྱག་རྒྱ་དང་བཞི་དང་ལྡན་པའི་སྐུ་ལ། དབུ་རྒྱན་གྱི་ལྷ་ལྔ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ། ཐུགས་ཀར་ཡེ་ཤེས་སེམས་དཔའ་སྟེ་ལྷ་དགུ་དང་ལྡན་པར་བསྒོམ་པ་དེ་ལ་ཡང་། ཕྱག་རྒྱ་གཅིག་པ་རང་གི་ཆ་རྐྱེན་ལ་ལམ་རིམ་ནས་བཤད་པ་བཞིན་དོན་བཅོ་ལྔ་ཚང་བ་ཡི་སྒོ་ནས་ཉམས་སུ་ལེན་པའི་དགོས་ཆེད་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་སྟོང་ཞེན་དང་། ཀུན་ཏིང་དེ་ལ་སྣང་ཞེན་ཡོད་པས་དེ་གཉིས་གྲོལ་བར་འགྱུར་བའི་ཐབས་ལ་དབྱེར་མེད་ཕྱག་རྒྱ་གཅིག་པའི་ལྷ་བསྒོམ་ཞིང་། ཕྱག་རྒྱ་བཞི་དང་། ཉམས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པ་ལྔ་དང་ལྡན་པར་བྱས་ནས་ལམ་གོང་མ་ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་ལས་ལྡང་བར་བྱའོ། །བཞི་པ་ཕྱག་རྒྱ་སྤྲོས་པ་དང་། དྲང་། བྱིས་པ་ཆུང་ངུ་གང་ཡིན་པ་དེ་ལོ་ཉི་ཤུ་ལོན་ནས་ལུས་སེམས་སྨིན་ཅིང་སྟོབས་རྫོགས་པས་རང་དང་རིགས་མཐུན་པའི་ཁྱིམས་ཐབས་གཅིག་ལེན་པས་རྒྱུད་འཕེལ་བ་བཞིན་དུ། ཕྱག་རྒྱ་གཅིག་པ་དེ་ཡི་སྒོ་ནས་ཞི་ཁྲོ་གང་བསྒོམ་ལ་གཞི་བླང་བ་ལས། ཚངས་པ་སྟེ་ཞི་བ་དང་། ཡ་མ་སྟེ་ཁྲོ་བོའི་ལྷ་རྣམས་ཀྱི་གཟུགས་ཅན་དུ་ཤར་བ་བཞི་བཅུ་རྩ་གཉིས་སམ། ལྔ་བཅུ་རྩ་བརྒྱད་ལ་སོགས་པ་ཕྱག་རྒྱ་སྤྲོས་པར་སྒོམ་པ་དེའང་མེད་པ་ལས་ཡོད་པར་སྒོམ་པ་མ་ཡིན་ཏེ། ཡེ་གདོད་མ་ནས་རྟོག་ཚོགས་རང་ལ་གནས་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་བསྒོམ་པ་དེ་ལ་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་ཅིག་ཆར་དུ་རྒྱ་མཚོའི་ནང་དུ་ཉི་ཟླ་གཟའ་དང་སྐར་མ་ཤར་བ་བཞིན་རློམས་བསྐྱེད་བྱེད་པའམ། ཡང་རྒྱུ་སྔ་མ་ལ་བརྟེན་ཅིང་འབྲས་བུ་ཕྱི་མ་དང་འབྲེལ་བ་བཞིན་ཏུ་རྡོ་རྗེ་གོ་ཆ་སྟེ་གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་རྫོགས་ཀྱི་ཆོ་ག་གསུམ་གྱིས་བསྐྱེད་པས་སམ། གང་ཡིན་ན་ཡང་ཕྱག་རྒྱ་སྤྲོས་པ་རང་གི་བསླབ་པ་རང་གི་ཆ་རྐྱེན་དུ་དོན་བཅོ་ལྔ་ཚང་བའི་སྒོ་ནས་ཉམས་སུ་ལེན་པ་མཐར་ཕྱིན་པ། བློ་ཆེ་ན་ཞི་ཁྲོ་རྒྱས་བསྡུས་འབྲིང་གསུམ་གང་བསྒོམ་གྱི་ལྷ་རྣམས་ལ་ལུང་གི་ལྷ་དགུ་ཉིད་བཅུ་དང་ལྡན་པར་བྱས་ནས་དེ་ནས་ལུས་དཀྱིལ་དུ་བཀོད་ནས་སངས་རྒྱས་སྟོང་གི་དཀྱིལ་འཁོར་དུ་སྤྲོ། དེ་ནས་ཉི་ཁྲི་བཞི་སྟོང་དུ་སྤྲོ། དེ་ནས་བསམ་ཡས་ལྷུན་གྱི་གྲུབ་པའི་བར་དུ་སྤྲོ་སྟེ། གསང་སྙིང་ལས། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །དེ་ལྟར་ལྡན་པའི་གཙོ་མཆོག་གིས། །རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །དེ་ལ་སོགས་པ་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་སྤྲོའམ། ཡང་བློ་ཆུང་ན་ལྷ་དགུ་ཉིད་བཅུ་དང་ལྡན་པ་དེ་ནས། ཚོམ་བུ་གཅིག་གསུམ་ལྔ་པ་གང་རུང་གི་དཀྱིལ་འཁོར་བསྒོམས་ནས་ལོངས་སྤྱོད་དེ་ཡོ་བྱད་ལྔ་ལ་སྤྱོད་ནས་ཚོམ་བུ་ཚོགས་སྒྲུབ་པ་ལ་སྦྱར་བར་བྱའོ། །ལྔ་པ་བར་ཆད་མེད་པ་གཉིས་དང་། དྲང་། གྲངས་ཀྱི་ལྔ་པ་ཚོགས་སྒྲུབ་ཀྱི་རྣལ་འབྱོར་པ་རབ་ནི་ལུང་ཨ་ནུ་ཡོ་ག་དང་ལྟ་སྒོམ་མཐུན་པའི་རྣལ་འབྱོར་ཏིང་ངེ་འཛིན་འབའ་ཞིག་གི་དོན་ལ་བརྟེན་པས། དཔེར་ན་ཉན་ཐོས་ལ་ལྷག་བཅས་དང་། ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་ཚུལ་གཉིས་ཡོད་པ་བཞིན་དུ། འདིར་ཡང་ཚེ་རྣམ་གཉིས་ཀྱི་རིག་འཛིན་ཐོབ་པར་འགྱུར་བའང་གི་སྒྲས་ཡོད་དོ། །ཏིང་ངེ་འཛིན་བར་ཆད་མེད་པ་དེའི་དོན་དང་མི་འཚམས་པའི་བློ་ཆུང་བ་དེས་བཟའ་བཏུང་ལ་སོགས་པའི་ལོངས་སྤྱོད་ལྔ་ལ་སྤྱོད་དགོས་ཏེ། དེ་ཡང་ཚོམ་བུ་ཚོགས་སྒྲུབ་རང་གི་བསྒྲུབ་གཞི་ཕུན་སུམ་ཚོགས་པ་བཞི་ཡིས་གཞི་བཟུང་སྟེ། བཞི་གང་ཞེ་ན། སྒྲུབ་པ་པོ། གནས། དུས། ཡོ་བྱད་ཕུན་སུམ་ཚོགས་པའོ། །དེ་རྣམས་རྒྱས་པར་ལམ་རིམ་དུ་ཤེས་པར་བྱའོ། །སྒྲུབ་ཐབས་བསྙེན་བསྒྲུབ་བཞིའི་གཞུང་བསྲང་བ་ལ་བཞི་གསུམ་སྟེ། ལམ་རིམ་འཇུག་གི་བསྙེན་བསྒྲུབ་བཞི་དང་། བསྒྲུབ་པའི་བསྙེན་བསྒྲུབ་བཞི་དང་། སྦྱོར་བའི་བསྙེན་བསྒྲུབ་བཞིའོ། །དང་པོ་ནི། དེ་ཏིང་ཀུན་ཏིང་གཉིས་བསྙེན་པ། ཕྱག་རྒྱ་གཅིག་པ་ཉེ་བསྙེན། ལོངས་སྤྱོད་ལྔས་ཚོགས་སྒྲུབ་པ་ནི་བསྒྲུབ་པ། དེ་ཡི་དུས་ཨཱ་ལི་ཀཱ་ལི་ཉམས་སུ་ལེན་པ་ནི་བསྒྲུབ་པ་ཆེན་པོ་སྟེ་བཞིའོ། །གཉིས་པ་ནི། གྲོགས་ཤོམ་ར་ནས་བཟུང་སྟེ་དཀྱིལ་འཁོར་བྲི་ཞིང་རྫས་དགོས་པ་དང་། ཕྱི་མཆོད་བྱ་ཞིང་མཚམས་བཅད་པ་རྣམས་ནི་སྔོན་དུ་འགྲོ་བ་བྱ་བ་ལས་ཀྱིས་བསྙེན་པ། སྔོན་འགྲོ་ནས་བཟུང་སྟེ་རྣལ་འབྱོར་ཕོ་མོ་རྣམས་ཀྱི་མི་གྲངས་སྤྲད་པའམ། ཡང་ན་རྣལ་འབྱོར་པ་མི་གཅིག་གིས་ལྷ་ཀུན་སྒོམ་པར་བྱེད་ནས་བསྒྲུབ་པ་ཅི་ཙམ་བྱེད་པའི་ཞག་གྲངས་ཕྱེད་ཡན་ཆད་ལ་འོད་ཟེར་དཀར་པོ་སྤྲོས་པས་ཏིང་ངེ་འཛིན་གྱི་སྣོད་དག་པར་བྱེད་པ་ནི་ཉེ་བསྙེན། ཕྱེད་མན་ཆད་ལ་འོད་ཟེར་དམར་པོ་འཕྲོ་འདུས་ཀྱི་ཏིང་ངེ་འཛིན་གྱི་བཅུད་བསྡུས་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱེད་པ་ནི་བསྒྲུབ་པ། ནུབ་ཐ་མའི་ཞག་གཅིག་ལ་འོད་ཟེར་མཐིང་ཀ་ཕར་མི་སྤྲོས་བར་ཚུར་བསྡུ་བའི་ཏིང་ངེ་འཛིན་གྱི་དངོས་གྲུབ་སྡུད་པ་ནི་བསྒྲུབ་པ་ཆེན་པོ་དང་བཞིའོ། །གསུམ་པ་ནི། འོག་ཏུ་འཆད་དོ། །དེ་ལྟར་བསྙེན་སྒྲུབ་བཞི་དང་ལྡན་པའི་སྒོ་ནས་ཞག་གྲངས་ཀྱི་ཚད་དང་བསྙེན་པ་རྣམས་རྒྱུད་ནས་བཤད་པ་ལྟར་བསྒྲུབ་ཅིང་རྟགས་མར་མེ་རང་འབར་དང་། བདུད་རྩི་ཁོལ་བ་ལ་སོགས་པ་བྱུང་ན། དངོས་གྲུབ་བླང་བའི་ཐབས་ལ་ལྷ་དང་རྗས་གཉིས་སོ། །དང་པོ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དཀྱིལ་འཁོར་བསྒྲུབ་པའམ། རིགས་གསུམ་མམ། རིགས་གཅིག་བསྒྲུབ་བམ། རང་རང་མཐུན་པར་སྦྱར་ཏེ་སྐུའི་དཀྱིལ་འཁོར་ཡིན་ན། སྤྱི་བོ་ལ་བསྟིམ་པ་ལ་སོགས་རང་རང་གི་གནས་སུ་བསྟིམ་ཞིང་བརྟན་པར་བྱ་བ་སྟེ། ལམ་རིམ་དང་། རྒྱས་པ་ལས། དཀྱིལ་འཁོར་མཐུན་པ་ཉིད་དུ་སྦྱར། །གནས་སུ་བསྟིམ་ཞིང་བརྟན་པར་བྱ། །ཞེས་གསུངས། གཉིས་པ་རྫས་ཀྱི་བླང་བའི་ཐབས་ལ་ཁྱད་པར་དུ་སྦྱོར་སྒྲོལ་གཉིས་པོའི་སྒོ་ནས་བླང་དགོས་ཏེ། དེའང་སྲོད་ལ་རྟོགས་པ་ནུབ་པའི་དུས་སུ་ཐབས་སྙིང་རྗེ་ཆེན་པོའི་རྩལ་རྫོགས་པར་བྱེད་པ་ལ་སྒྲོལ་བ་མཛད་པ་དང་། ཐོ་རངས་ཡེ་ཤེས་སྐྱེ་བའི་དུས་སུ་ཐབས་བདེ་བའི་ཡེ་ཤེས་རྩལ་རྫོགས་པར་བྱེད་པ་ལ་ཤེས་རབ་ཡུམ་ལ་བརྟེན་དགོས་པ་ཡིན་ཏེ། མཆོད་གཏོར་བཤགས་པ་ལས། བསྒྲུབ་པའི་བརྟེན་མཆོག་ཤེས་རབ་གཟུངས་མ་དང་། ཞེས་སོ། །དེ་ལ་སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་བཞི་ནི་ཡུམ་མཚན་ཉིད་དང་ལྡན་པ་བརྩལ་ཏེ། ཁྲུས་ཆབ་དང་། ཆོས་བཤད་ནས་སྟ་གོན་དུ་བྱས་པ་བསྙེན་པ། མཁའ་གསང་བྱིན་གྱིས་བརླབས། སྦྱོར་བའི་བརྡས་བསྐུལ། འདོད་པའི་བསྟན་ཆོས་ཀྱིས་བདེ་བ་རྒྱས་པར་བྱེད་པ་ཉེ་བསྙེན། ཕྱག་རྒྱ་བཞིའི་རོལ་པ་བསྒྲུབ་པ། ཉི་ཟླ་རྡོ་རྗེའི་ལྕེས་བླང་བ་ནི་བསྒྲུབ་པ་ཆེན་པོ། ནུབ་ཐ་མ་ལ་ཟག་མེད་མཐོང་ལམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱེད་པ་དངོས་གྲུབ་ཆེན་པོ་ཡུམ་གྱི་མཁའ་ལ་བླང་བའི་ཐབས་ཏེ། དེ་ཡང་ལམ་རིམ་ལས། དངོས་སུ་མཆོད་པ་རྣམ་གཉིས་སོ། །གཙོ་རུ་དགོས་པ་གང་ཡིན་པ། །ཞེས་གསུངས་སོ། །དེ་ཡི་དུས་སུ་གསང་སྙིང་ལས། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །ཞེས་གསུངས་པས། ལྔ་གསུམ་བཅོ་ལྔའི་ཡན་ལག་རྣམས་ཚང་ན་ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་གསུམ་མེད་པའི་འབྲས་བུ་རབ་ཀྱིས་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་ཐོབ་པར་འགྱུར་རོ། །ཐ་མ་དེས་རྣམས་སྨིན་རིག་འཛིན་ཐོབ་པར་འགྱུར་རོ། །གོང་གི་དེ་ལྟར་ཚང་བ་མིན་ཏེ་ལྟ་སྒོམ་སྟོབས་ཆུང་ན་སྐྱེ་བ་ཕྱི་མའམ། ལན་གྲངས་བདུན་ནམ་སྐྱེ་བ་གཞན་ཉིད་དུ་སྟེ་སྐལ་པར་མི་འགྱང་བར་རིག་འཛིན་ཐོབ་པའོ། །དྲུག་པ་མཐར་ལམ་གྱི་ཏིང་ངེ་འཛིན་ནོ། །དྲང་། དཔེར་ན་རྒྱ་མཚོའི་ནང་དུ་ཉི་འོད་རིན་ཆེན་དང་། རླན་མེད་པ་དང་། མེ་འོད་དང་། མཐར་ཐུག་པའི་རིན་ཆེན་དང་བཞི་ཡི་འོད་རྒྱ་མཚོ་ལ་ཕོག་པས་རྒྱ་མཚོ་ཞོ་རུ་འགྱུར་བ་དང་། མར་དང་། མེ་དང་། ཐམས་ཅད་སྟོངས་པར་འགྱུར་བ་ཅི་བཞིན་དུ། གནས་སྐབས་སུ་རིག་འཛིན་ཐོབ་པ་དང་། མཐར་ཐུགས་སངས་རྒྱས་སུ་འགྱུར་བ་ལའང་ཚོགས་སྒྲུབ་ཀྱི་ལྟ་སྤྱོད་སྒོམ་གསུམ་ནུས་ལྡན་འདིས་ནི་ཟག་བཅས་མཐར་ཕྱིན་པ་འབྲས་བུ་མཐོང་ལམ་དང་། སྒོམ་ལམ་དང་། མཐར་ལམ་གྱི་བར་དུ་རིམ་པར་སྦྱར་ནས་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་ས་ཐོབ་པ་ལ་གདོན་མི་ཟ་བ་ཡིན་ཏེ། དེ་ཡང་ཚོགས་སྒྲུབ་ཀྱི་སྟེང་ནས་མཐོང་ལམ་ཚེ་རྣམ་གཉིས་ཐོབ་པ་ནི། ཉི་འོད་ཀྱིས་ཆུ་ཞོར་འགྱུར་བ་བཞིན་དུ། ཟག་བཅས་ཀྱི་ཉོན་མོངས་པ་དེ་ཉིད་ཟག་མེད་ཀྱི་ཡེ་ཤེས་སུ་འགྱུར་ལ། དེ་ནས་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པའི་དུས་སུ་ལྟ་སྒོམ་དེ་བས་སྟོབས་སུ་ཞུགས་ཏེ། རླན་མེད་པའི་འོད་ཕོག་པས་མར་དུ་འགྲོ་བ་བཞིན་དུ། མཐོང་ལམ་ལ་ད་རུང་ཀུན་འགྲོའི་སྒྲིབ་པ་ཡོད་པ་དེ། འདིར་ཡེ་ཤེས་སུ་ཤར་ནས་དགོངས་པ་མི་གཡོ་བའི་ཏིང་ངེ་འཛིན་དུ་འགྱུར་བའོ། །མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་སྐབས་སུ་དེ་བས་ཀྱང་སྟོབས་སུ་གྱུར་ཏེ། མེ་འོད་ཀྱི་འོད་ཕོག་པས་མེ་རུ་འགྱུར་བ་བཞིན་དུ། སྒོམ་ལམ་ལ་ད་རུང་ལྷན་ཅིག་གནས་པའི་དྲི་མ་ཡོད་པ་དེ་འདིར་ཡེ་ཤེས་རྩལ་རྫོགས་སུ་ཤར་ནས་སྐུ་ལྔ་ལྷུན་གྲུབ་ཀྱི་རིག་འཛིན་དུ་འགྱུར་རོ། །སངས་རྒྱས་པའི་དུས་སུ་དེ་བས་ཀྱང་སྟོབས་སུ་གྱུར་ཏེ། མཐར་ཐུག་པའི་འོད་ཕོག་ནས་ཐམས་ཅད་སྟོང་པ་བཞིན་དུ། མཐར་ལམ་ལ་ད་རུང་ཀུན་གཞི་བག་ལ་ཉལ་གྱི་དྲི་མ་ཡོད་པ་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ཤར་ནས་གཟུང་འཛིན་ས་བོན་དང་བཅས་པ་བརྩལ་བས་མི་རྙེད་པས་ཐམས་ཅད་ཡེ་ཤེས་འཁོར་ཡུག་ཏུ་ཤར་བའོ། །དེའི་དཔེ་ནི། ཕལ་ཆེན་ལས། ཀྱེ་རྒྱལ་བའི་སྲས། རྒྱ་མཚོ་ཆེན་པོར་འདུས་པའི་ཆུའི་ཕུང་པོ་དག་ཀྱང་ནོར་བུ་ཉི་མའི་སྙིང་པོའི་འོད་ཕོག་ནས་ཆུའི་རང་བཞིན་སྤངས་ཏེ། འོ་མ་དང་ཞོ་རུ་འགྱུར་ཏེ་འདུག་གོ། །ནོར་བུ་རིན་པོ་ཆེ་རླན་མེད་པའི་འོད་ཕོག་ནས་འོ་མ་དང་ཞོའི་རང་བཞིན་སྤངས་ཏེ་མར་གྱི་སྙིང་ཁུ་ལྟ་བུར་འགྱུར་རོ། །མེའི་འོད་ཀྱི་ནོར་བུ་རིན་པོ་ཆེའི་འོད་ཕོག་ན། མར་གྱི་སྙིང་ཁུའི་རང་བཞིན་སྤངས་ཏེ་ལྟ་བུར་འབར་བར་འགྱུར་རོ། །ནོར་བུ་རིན་པོ་ཆེ་མ་ལུས་པ་མཐར་ཐུག་པའི་འོད་ཕོག་ན། ཐམས་ཅད་ལྷག་མ་མེད་ཅིང་མ་ལུས་པའི་སྣང་བར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་སྤྱོད་པ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། ལམ་གྱི་ཡན་ལག་ལ་བཅུ་ཡོད་པའི་གཉིས་པ་སྤྱོད་པ་ནི་ལྟ་དོན་དེ་ཉིད་གོམས་པར་བྱེད་པའི་སྐབས་འདིར་སྤྱོད་པའི་དོན་རྣམས་ཤེས་དགོས་ཏེ། གོང་དུ་བསྟན་པའི་ལྟ་སྒོམ་དེ་དག་ལས་སུ་རུང་བ་སྟེ། ལྟ་སྒོམ་ས་བོན་དང་འདྲ་བ་ནར་སོན་ཏེ་སྟོབས་སུ་གྱུར་ཏེ་གོང་ནས་གོང་དུ་འཕེལ་བར་བྱེད་པ་ནི། སྤྱོད་པ་རླན་དང་འདྲ་བས་དེ་ཉིད་སྟོབས་སུ་གྱུར་ནས་འབྲས་བུ་ལ་སྦྱོར་བའོ། །དེ་ཡང་ལྟ་སྒོམ་གཉིས་ནི་སྤྱོད་པའི་སྲོག་སྟེ། སྤྱོད་པ་གཟུང་འཛིན་དུ་མི་འགྲོ་བ་དེ་ཉིད་ཀྱི་མཐུ་ཡིན་ཏེ། བྱ་ལམ་ལ་རྗེས་མེད་པ་བཞིན་དུ། སྤྱོད་པ་ལ་ཆགས་ཞེན་མེད་པའི་གསང་སྔགས་ཀྱི་སྤྱོད་པའོ། །དེའི་གདམ་ཚིག་ནི། སྤྱོད་པའི་དགོས་ཆེད་དང་། སྤྱོད་པའི་རྣམ་གྲངས་དང་། སྤྱོད་པ་བྱེད་པའི་དུས་དང་ནི། སྤྱོད་པ་མ་བྱས་པའི་སྐྱོན་དང་། བྱས་པའི་ཡོན་ཏན་དང་ལྔ་པོ་དེ་ཉིད་ཀྱི་ནང་དུ་སྤྱོད་པའི་དོན་རྒྱས་བཤད་དེ་རྫོགས་པ་ཡིན་ནོ། །རྒྱས་པ་དེ་ལ་ལྔ་སྟེ། བགྲང་། དང་པོ་དགོས་ཆེད་དང་། དྲང་། རྣལ་འབྱོར་བདག་ཉིད་ཀྱིས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བ་ལ་སྤྱོད་དགོས་པ་དང་། གདུལ་བྱ་གཞན་གྱི་དོན་ལྷུན་གྱིས་གྲུབ་པའི་ཕྱིར། དང་། སྤྱོད་པའི་ངོ་བོའི་དུས་སུ་ལྟ་སྒོམ་གྱིས་ཟིན་པའི་སྟོབས་ཀྱིས། ནམ་མཁའ་རྡུལ་མི་ཆགས་པ་བཞིན་དུ་གཉིས་འཛིན་གྱི་སྒྲིབ་པ་དབྲི་བ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སོགས་ཏེ་རྫོགས་པ་དང་། ཐབས་ལམ་གྱི་སྤྱོད་པ་སོ་སོ་སྐྱེ་བོ་ལྟར་སྤྱོད་ཀྱང་བག་ཆགས་ཀྱི་དྲི་མས་མི་གོས་པ་དང་། གྲོལ་ལམ་གྱི་སྤྱོད་པས་ཏིང་ངེ་འཛིན་གོམས་པར་བྱེད་དེ་གོང་ནས་གོང་དུ་འཕེལ་བའི་ཕྱིར་སྤྱོད་པ་གལ་ཆེ་བས་གཅེས་སོ། །དེ་ཡང་ཁོག་གཞུང་ལས། མི་རྗེས་མཐུན་པའི་སྤྱོད་པ་ཡང་། །སྐབས་ཀྱི་ཏིང་འཛིན་སྟོབས་ཕྱིར་སྤྱད། །ཅེས་སོ། །གཉིས་པ་རྣམ་གྲངས་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། གསང་བའི་སྙིང་པོ་སྒྱུ་འཕྲུལ་རྒྱས་པའི་རྒྱུད་དེ་ཉིད་ལས་གསུངས་པའི་སྤྱོད་པ་རྣམས་ནི། ཡོ་ག་མན་ཆད་བློ་དམན་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་ཡིན་ཏེ། གང་ཞེ་ན། སོ་སོ་སྐྱེ་བོས་བརླད་པོ་རང་ཁ་མ་དང་ཚུལ་མཐུན་པར་དྲི་ཆེན། དྲི་ཆུ། རཀྟ། བྱང་སེམས། ཤ་ཆེན་ཏེ་དམ་རྫས་ལྔ་དང་། མི་གླང་ཆེན། རྟ། རྨ་བྱ། ཁྱི་སྟེ་ཤ་ལྔ་དང་། སྦྱོར་སྒྲོལ། མ་བྱིན་ལེན་པ། རྫུན་དུ་སྨྲ་བ། ངག་བརླང་པོ་སྟེ་སྤྱད་པར་བྱ་བ་ལྔ་ལ་སྤྱོད་པ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འདོད་ཡོན་ལྔ་དང་། འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་སྟེ་ཉོན་མོངས་ལྔ་དང་། དེ་ལྟར་ཉི་ཤུ་རྩ་ལྔ་ནི་འཁོར་བ་ནག་པོའི་སྤྱོད་པ་དང་། ཚུལ་མཐུན་ཡང་། ཁྱད་པར་གསང་སྔགས་ཀྱི་ལྟ་བས་ཟིན་ནས་སྤྱད་ན་ཉོན་མོངས་པ་དེ་ཉིད་ཀྱི་དྲི་མས་མ་གོས་ནས་འདུལ་བའི་ཐབས་ཅི་སྙེད་པ་གཅིག་གསུངས་པ་ནི། སྔགས་ཕྱི་རྒྱུད་མན་ཆད་དང་ཐུན་མོང་མིན་པ་སྟེ་ཐབས་ལམ་གྱི་སྤྱོད་པ་དང་དེ་ལས་བཟློག་པ་དཀར་པོའི་སྤྱོད་པ་ནི། ཁྱད་པར་གྲོལ་ལམ་གྱི་ཏིང་ངེ་འཛིན་གྱི་སྤྱོད་པ་དེ་དང་ཐེག་པ་འོག་མའི་ས་དང་ལམ་གྱི་སྐབས་སོ་སོར་སྤྱོད་ལུགས་དང་མཐུན་པའོ། གཉིས་པ་བཤད་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་ཐུན་མོང་མ་ཡིན་པ་ཐབས་ལམ་གྱི་སྤྱོད་པ་དང་། དྲང་། བདེ་བ་ལ་ཞེན་པའི་གང་ཟག་གིས་ལམ་བགྲོད་པ་ལ་བདེ་བ་དེ་ཉིད་མ་སྤངས་ལམ་དུ་ཁྱེར་བས་མཐར་ཆགས་རྟོག་དེ་ཉིད་ཡེ་ཤེས་སུ་གྲོལ་བས་ན། དེ་ལྟར་དུ་དུག་ནད་ཅན་ལ་སྨན་དུ་དུག་ཁོ་རང་བཅུད་ལེན་དུ་བཏང་བས་དུག་ནད་ལ་ཕན་པ་བཞིན་དུ། ཞེན་ཆགས་ཅན་གྱི་རྣལ་འབྱོར་པ་བདག་གྲོལ་བ་དང་། རང་གྲོལ་བའི་སྟོབས་ཀྱིས་ཞེན་ཆགས་ཅན་གྱི་གང་ཟག་གཞན་རྣམས་ཀྱི་རྒྱུད་གྲོལ་བར་ནུས་པ་ཡིན་ཏེ། དེས་བདག་གཞན་གཉིས་ཀའི་དོན་ཉམས་སུ་བླང་བ་ལ། བདེ་བ་དེ་ཉིད་སྤང་མི་དགོས་པས་ན་ཐབས་ཆེ་བ་དང་། དེ་ཉིད་ཀྱི་དྲི་མས་མི་གོས་ཤིང་ཉོན་མོངས་ཡེ་ཤེས་སུ་ཤར་བས་ན་ཐབས་མཁས་པའི་ཕྱིར་ན་ཐབས་ཀྱི་སྤྱོད་པ་ཞེས་བྱའོ། །དེ་ཡང་བརྟག་གཉིས་ལས། ཅི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་དག་ཉིད་ཀྱིས་འགུགས་པར་བྱེད། །དེ་བཞིན་དངོས་པོ་རྣམ་རྟོག་ཡང་། །རྣམ་རྟོག་ཉིད་ཀྱིས་དབྱུང་བར་བྱེད། །ཅེས་སོ། །གཉིས་པ་གྲོལ་ལམ་གྱི་ཁྱད་པར་ལམ་དང་སར་མཐུན་པར་སྤྱོད་པ་དེ་ལ་གསུམ་སྟེ། བགྲང་། དང་པོ་དཔེའི་སྒོ་ནས་མདོར་བསྟན་པ་དང་། དྲང་། གཅིག་ཤོས་ཏེ་གྲོལ་ལམ་པའི་སྤྱོད་པ་དེའི་དཔེ་ནི། དམངས་ནི་འབང་ཐ་མལ་པ་སྟེ་ལས་དང་པོ་ནམ་རྩོལ་སྒྲུབ་ཀྱིས་འཚོ་བ་དང་། རྗེ་ནི་བློན་པོ་ཡིག་ཚང་ལ་སོགས་པའི་བློ་གྲོས་ཀྱི་ཐབས་ཀྱིས་འཚོ་བ་དང་། བྲམ་ཟེ་ནི་སྔགས་ཀྱི་ནུས་པས་ཐམས་ཅད་ལ་ལོངས་སྤྱོད་པ་དང་། རྒྱལ་ཕྲན་ནི་རིན་པོ་ཆེ་ཕལ་པ་དང་། ཡོ་བྱད་ཀྱིས་ཕོངས་པ་མེད་དེ་ལོངས་སྤྱོད་འཛོམས་པ་དང་། འཁོར་ལོ་སྒྱུར་བའི་རྒྱལ་པོ་ནི། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་ལོངས་སྤྱོད་ཅིང་གླིང་བཞིའི་མི་རྣམས་ཀྱིས་བཀུར་སྟི་ཕུལ་བ་དང་། ལྔ་ལ་མཐོན་དམན་དང་བསོད་ནམས་ཆེ་ཆུང་གི་རིམ་པ་བཞིན་དུ། གཉིས་པ་དོན་གྱི་སྒོ་ནས་རྒྱས་པར་བཤད་པ་དེ་ལ་ལྔ་སྟེ། བགྲང་། དང་པོ་རྒྱུ་ཤེས་པའི་སྤྱོད་པ་དང་། དྲང་། བྲན་གྱིས་ལས་སྣ་ཚོགས་བྱེད་པ་བཞིན་དུ། ཐོས་བསམ་གྱིས་འཇིག་རྟེན་གྱི་སྣོད་བཅུད་ཀྱི་རྣམ་བཞག་དང་། མུ་སྟེགས་ཀྱི་ལོག་ལྟ་དང་། འཇིག་རྟེན་ལས་འདས་པའི་ཐེག་པ་རིམ་པ་དགུའི་ལྟ་བ་ཐམས་ཅད་ཤེས་པར་བྱ་བའི་བསླབ་བྱ་མང་པོ་དེ་དག་ལ་བསླབ་སྟེ། དེ་ཉིད་འགྲུབ་བྱེད་ཀྱི་གྲོགས་ནི་བརྩོན་འགྲུས་ཡིན་པས་ན། ཕྱི་ནང་གི་ཐེག་པ་གང་ལ་ཡང་དོར་བར་བྱ་བ་ནི་ཡོད་པ་མ་ཡིན་ཏེ། ཀུན་ལ་བསླབ་པར་བྱ་སྟེ། དེ་ཡང་གཅན་འཕྲང་ལས། དཔེར་ན་བུང་བ་ཚོང་ཚོལ་ལྟར། །ལྟ་སྤྱོད་སྒོ་ཀུན་བསྡུར་བྱས་ལ། །མ་ནོར་དོན་ཉིད་རྟོགས་བྱའི་ཕྱིར། །སྒོ་རྣམས་བསྡུར་བ་རབ་ཏུ་གཅེས། །ཞེས་སོ། །གཉིས་པ་ཏིང་ངེ་འཛིན་གསུམ་གྱི་སྤྱོད་པ་དང་། དྲང་། ལྟ་བའི་དོན་དེ་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པ་ཡང་དཔེས་དོན་མཚོན་པར་བྱེད་པ་གཉིས་པ་རྗེ་སྟེ་བློན་པོའི་སྤྱོད་པ་ལྟར་དུ། རྐྱེན་འཇུག་པའི་ཏིང་ངེ་འཛིན་ལ་དེ་ཏིང་ཀུན་ཏིང་ཕྱག་རྒྱ་གཅིག་པ་གསུམ་ལ་བློན་པོ་ཡིག་ཚང་སྟེ་ཡོན་ཏན་དང་ལྡན་པ་དེས། རྒྱལ་པོའི་མཐུན་ཕྱོགས་ཐམས་ཅད་བསྒྲུབ། མི་མཐུན་པའི་ཕྱོགས་ཐམས་ཅད་བསལ་བའི་ཐབས་ལ་བརྩོན་པ་བཞིན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་ཤེས་རབ་རང་བཞིན་མེད་པ་དང་ཆ་མཐུན་པར་དོན་དེ་དང་ཡ་མི་བྲལ་བའི་སྤྱོད་པའི་གདམས་ངག་གི་སྒོ་ནས་བྱིང་བ་གསུམ་དང་། རྒོད་པ་གསུམ་གྱི་སྐྱོན་དེ་དག་བསལ་ནས་གསལ་སྟོང་དབྱེར་མེད་ཀྱི་དོན་དེ་དག་ཉམས་སུ་བླང་བ་དང་། ཀུན་ཏིང་གི་ཏིང་ངེ་འཛིན་གྱི་ངོ་བོ་ཐབས་འགག་པ་མེད་པ་དང་ཆ་མཐུན་པར་དོན་དེ་ཉིད་དང་ཡ་མི་བྲལ་བར་སྤྱོད་པའི་གདམས་ངག་གི་སྒོ་ནས་བྱིང་རྒོད་ཀྱི་སྐྱོན་དེ་དག་བསལ་ནས། སྟོང་ཉིད་སྙིང་རྗེ་དང་འགྱུ་སྟོང་དབྱེར་མེད་ཡེ་ཤེས་སྒྱུ་མའི་དོན་ཉམས་སུ་མྱོང་བ་དང་། ཕྱག་རྒྱ་གཅིག་པའི་རྣལ་འབྱོར་པ་བློ་ཆུང་བས། མཉམ་བཞག་ཏུ་དང་པོ་ཡིག་འབྲུ་གང་རུ་སྒོམ་པ་དང་། དེ་ནས་སོགས་ཀྱི་སྒྲས་ཐུགས་ཕྱག་མཚན་དང་། དེ་ནས་སྐུ་ཡོངས་རྫོགས་ཀྱི་བར་དུ་རིམ་གྱིས་བསྐྱེད་པ་དང་། བློ་ཆེ་བས་དེ་ལས་བཟློག་ནས་དང་ལ་ཡི་གེ་ཨ་ལ་སེམས་སྦྱངས། དེ་ནས་ལྷ་སྐུ་ཅིག་ཆར་དུ་བསྐྱེད་པ་གཉིས་ལ་བརྟེན་ནས་དོན་དེ་དང་མཐུན་པར་སྤྱོད་པར་བྱའོ། །གསུམ་པ་སྤྲོས་པའི་སྤྱོད་པ་དང་། དྲང་། སྤྲོས་པའི་དུས་སུ་བྲམ་ཟེ་གཙང་མ་རིགས་ཀྱིས་རྫས་དང་གང་ལ་སྤྱོད་པའི་དུས་སུ་སྔགས་ཀྱི་ནུས་མཐུས་སྦྱངས་ལོངས་སྤྱོད་དུ་རུང་བ་བཞིན། རིམ་གྱིས་པའི་དབང་དུ་ཐོག་མར་བདེན་པ་དབྱེར་མེད་སྤྱིའི་ཚུལ་དུ་མཐོང་ནས། དེ་ཉིད་གོམས་པར་བྱེད་པ་ལ། དེ་ཏིང་། ཀུན་ཏིང་། ཕྱག་རྒྱ་གཅིག་པ། སྤྲོས་པ་དང་། ཚོགས་ལམ་རྣལ་འབྱོར་བཞི་རིམ་པར་སྦྱངས་ནས་འདིར་མཐར་ཕྱིན་པའི་མཐུས་རྟོག་ཚོགས་སྤྱོད་ཡུལ་ཐམས་ཅད་ལྷ་དང་ལྷ་མོར་སྦྱངས་ནས་སྤྱོད་པའོ། །བཞི་པ་བར་ཆད་མེད་པའི་སྤྱོད་པ་དང་། དྲང་། གྲངས་ཀྱི་ལྔ་པ་བར་ཆད་མེད་པར་ཚོགས་སྒྲུབ་པའི་དུས་སུ། སྐྱེ་འགྲོ་ཐམས་ཅད་ཀྱི་སྲི་ཞུ་གུས་པའི་གནས་ནི་རྒྱལ་པོ་ཡིན་ལ། རྒྱལ་པོ་དེའི་ཆོས་ལུགས་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལ་དད་ཅིང་ལོངས་སྤྱོད་པ་བཞིན་དུ། འདིར་ཡང་ལོངས་སྤྱོད་ཡོ་བྱད་ལྔ་ལ་སྤྱོད་ཅིང་ཤིན་ཏུ་སྤྲོས་པ་སྣ་ཚོགས་ཀྱི་སྤྱོད་པ་ཉམས་སུ་བླང་བར་བྱ་སྟེ། དེ་ཡང་གྲངས་ཀྱི་ལྔ་པ་བར་ཆད་མེད་པར་ཚོགས་སྒྲུབ་པའི་དུས་སུ། བཟའ་དང་བཏུང་བའི་ཡོ་བྱད། རྒྱན་དང་བགོ་བའི། བྲོ་གར་འདུ་འཕྲོའི། གླུ་ཚིག་སྒྲའི། ཨཱ་ལི་ཀཱ་ལའི་ཡོ་བྱད་དང་ལྔ་པོ་ནི་ལྟ་སྒོམ་སྤྱོད་གསུམ་དབྱེར་མེད་པའི་སྟོབས་ཀྱིས་འདིར་སྤྱོད་པའི་གཙོ་བོར་ཉམས་སུ་བླང་བ་ཡིན་ནོ། །ལྔ་པ་རིག་འཛིན་གྱི་སྤྱོད་པའོ། །དྲང་། ཡོ་བྱད་བཞི་ལ་སྤྱོད་པ་དེ་ནས་བསྙེན་པ་དང་ཉེ་བའི་བསྙེན་པ། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་བཞི་ཡི་སྒོ་ནས་བསྒྲུབས་པར་བྱས་པའི་འབྲས་བུ་ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་གསུམ་དང་བྲལ་ནས་རིག་འཛིན་ཐོབ་པའི་སྤྱོད་པ་ནི། དཔེར་ན་ལྕགས་འཁོར་ཅན་གླིང་གཅིག་དང་། ཟངས་འཁོར་ཅན་གླིང་གཉིས་དང་། གསེར་འཁོར་ཅན་གླིང་བཞི་དང་། དངུལ་འཁོར་ཅན་གླིང་གསུམ་ལ་དབང་བྱེད་པའི་གདུལ་བྱ་ལ་རྒྱ་ཆེ་ཆུང་གི་གོ་རིམ་ཡོད་པ་བཞིན་དུ། རིག་འཛིན་བཞི་ལ་ཡང་བདག་དོན་ཏིང་ངེ་འཛིན་ལ་སྟོབས་ཆེ་ཆུང་དང་། གཞན་དོན་བྱེད་པའི་ཡུལ་གདུལ་བྱ་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་པར་འགྱུར་བ་ཡིན་ཏེ། དེ་ཡང་ལྕགས་འཁོར་ཅན་གླིང་གཅིག་ལ་དབྱེར་མེད་པ་བཞིན་དུ་རྣམ་སྨིན་རིག་འཛིན་གྱི་བདག་དོན་གྱི་སྤྱོད་པ་ནི། སྤྱོད་ཡུལ་ལྷ་དང་ལྷ་མོར་རོལ་པའི་ཚུལ་དུ་སྤྱོད་ལ། གཞན་དོན་དུ་ཕྲིན་ལས་རྣམ་བཞིའི་སྒོ་ནས་གླིང་བཞི་དྲུག་ཚུན་ཆད་ཀྱི་གདུལ་བྱ་ཡང་དག་པའི་ལམ་ལ་བཀོད་དོ། །ཟངས་འཁོར་ཅན་དེ་བས་སྟོབས་ཆེ་བ་བཞིན་དུ། ཚེ་དབང་རིག་འཛིན་གྱིས་རང་དོན་དུ་ལོ་སྟོང་དྲུག་བརྒྱའི་བར་དུ་ཀུན་འགྲོའི་སྒྲིབ་པ་སྦྱང་ཞིང་ལམ་གོང་མ་ལ་སྤྱོར་བར་བྱེད་དོ། །གཞན་དོན་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་བརྒྱ་ཚུན་ཚད་ཀྱི་གདུལ་བྱ་རྣམས་ལ་བསྐལ་པར་གནས་ནས་ཆོ་འཕྲུལ་བཞིའི་སྒོ་ནས་དོན་བྱེད་དོ། །དངུལ་འཁོར་ཅན་དེ་བས་ཀྱང་རྒྱ་ཆེ་བ་བཞིན་དུ། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱིས་ཉི་ཁྲི་བཞི་སྟོང་ལ་སོགས་གྲངས་ཅན་གྱི་འཁོར་ལོ་མངོན་སུམ་དུ་སྣང་ཞིང་ལྷན་གཅིག་གནས་པའི་དྲི་མ་དག་པར་བྱེད་ལ། གཞན་དོན་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་བརྒྱ་ཕྲག་སྟོང་དེ་འདྲ་བ་བཅུའི་རྡུལ་སྙེད་དང་མཉམ་པའི་འཇིག་རྟེན་བརྒྱ་ཕྲག་སྟོང་དེ་འདྲ་བ་བཅུའི་རྡུལ་སྙེད་ཀྱི་ཞིང་ཁམས་སུ་རྔོན་དང་སྨད་འཚོང་ལ་སོགས་པ་སྤྲུལ་པའི་ལུས་ཀྱི་སྒོ་ནས་ཆོ་འཕྲུལ་བཞིའི་འདུལ་བར་བྱེད་དོ། །གསེར་འཁོར་ཅན་དེ་བས་ཀྱང་སྟོབས་ཆེ་བ་བཞིན་དུ། ལྷུན་གྲུབ་རིག་འཛིན་གྱིས་རང་དོན་དུ་བག་ལ་ཉལ་ཕྲ་བ་སྦྱངས་ཤིང་། གཞན་དོན་དུ་ཞིང་ཁམས་མཐའ་ཡས་པར་གདུལ་བྱ་སྣ་ཚོགས་ལ་སྤྲུལ་སྐུའི་མཛད་པ་སྣ་ཚོགས་བསྟན་ནོ། །གསུམ་པ་ལམ་རང་གི་སྤྱོད་པ་ཁྱད་པར་གྱི་སྤྱོད་པའོ། །དྲང་། འོ་ན་ལམ་གོང་མའི་སྐབས་སུ་འོག་མའི་སྤྱོད་པ་དང་གཉིས་ཀ་ལ་སྤྱོད་དགོས་པས་སྤྱོད་པ་ལ་ཁྱད་པར་མེད་དམ་ཞེ་ན། ཁྱད་པར་ཡོད་དེ། ལམ་སྔ་མའི་དུས་ཀྱི་སྤྱོད་པ་དེ། ལམ་ཕྱི་མ་ལ་འཇུག་པའི་གང་ཟག་གི་རྒྱུད་ལ་རང་ཤུགས་ཀྱིས་ལྡན་ནས་ཡོད་པས་ལམ་འོག་མའི་སྤྱོད་པ་དེ་གོང་མའི་སྐབས་སུ་དངོས་སུ་སྤྱོད་པའི་རྩོལ་བ་མེད་ཅིང་། དེ་བས་ན་ལམ་རང་རང་གི་སྤྱོད་པའི་བསླབ་པ་གང་ཡིན་པ་དེ། ལམ་རང་རང་གི་སྐབས་སུ་སྤྱོད་པ་ཤིན་ཏུ་གཅེས་པས་ན། ལམ་གྱིས་ཚོད་མཐོན་དམན་གྱིས་ཕྱེ་བས་སྤྱོད་པ་ལ་ཁྱད་པར་ཡོད་པ་ཡིན་ནོ། །གསུམ་པ་དུས་དང་། དྲང་། དེ་ཡང་སྤྱོད་པ་དུས་ཚོད་དང་ལྡན་དགོས་པས། ལམ་དང་ས་ཡི་རིམ་པ་མཐོ་དམན་གྱི་སྐབས་དང་སྦྱར་ནས། སྤྱོད་པ་དགོས་པར་རྒྱུད་གཞུང་ནས་གྲགས་པ་བཞིན་དུ་བྱེད་དགོས་ཏེ། དེ་ཡང་ལམ་མཐོན་དམན་གྱི་དོན་གོ་བ་ཙམ་གྱིས་མི་ཆོག །ཏིང་ངེ་འཛིན་གྱི་རོ་རང་གིས་ཉམས་སུ་མྱོང་བའི་ཚོད་རང་གིས་བཟུང་ནས། ཏིང་ངེ་འཛིན་དང་མཐུན་པའི་སྤྱོད་པ་དགོས་ཏེ། དེ་ཡང་ལམ་སྔ་མའི་ཏིང་ངེ་འཛིན་ལ་གོམས་པ་མཐར་མ་ཕྱིན་གྱི་བར་དུ་ལམ་སྔ་མའི་སྤྱོད་པ་དགོས་ལ། ལམ་ཕྱི་མ་ལ་འཇུག་པའི་ཚེ་དེ་ནས་ལམ་ཕྱི་མ་རང་གི་སྤྱོད་ཡུལ་རྒྱུད་གཞུང་ནས་ཅི་ལྟར་བཤད་པ་བཞིན་ཉམས་སུ་བླང་བར་བྱའོ། །བཞི་པ་སྐྱོན་དང་། དྲང་། ཁྱད་པར་གྲོལ་ལམ་གྱི་རང་རང་གི་སྐབས་སུ་བཤད་པའི་སྤྱོད་པ་མ་བྱས་ནས་དོར་བར་བྱས་ན་ལམ་མཐར་ཕྱིན་ནས་འབྲས་བུ་ཐོབ་ཏུ་མེད་དོ། །ཐབས་ལམ་གྱི་སྤྱོད་པ་ཉི་ཤུ་རྩ་ལྔ་པོ་རྣམས་བརླང་པོ་རང་ཁ་མར་སྤྱོད་པ་ནི། བདག་དོན་དུ་མི་འགྱུར་བས་རང་ངན་སོང་དུ་འགྲོ། གཞན་དོན་དུ་མི་འགྱུར་བས་གཞན་གྱིས་ཐེག་ཆེན་ལ་མི་མོས་མི་དང་ནས་སྐུར་བས་བཏབ་པས་ངན་སོང་དུ་འགྲོ། གཉིས་དོན་དུ་མི་འགྱུར་བས་དོན་གཉིས་མི་འགྲུབ། ཆོས་དོན་དུ་མི་འགྱུར་བས་ཆོས་ཆུད་གསན་པ་དང་བཞིི་འབྱུང་བ་ཡིན་ཏེ། དེའི་རྒྱུ་མཚན་ནི། ཉོན་མོངས་པ་ལྔ་པོ་རྣམས་རང་ཁར་སྤྱོད་པའི་དབང་དུ་སོང་བས་ཉོན་མོངས་པ་ལྔ་ལ་སོགས་པའི་སྒོ་ནས་སོ་སོའི་རྣམ་སྨིན་ཚད་ལས་འདས་པ་ཞིག་བསགས་ནས། འབྲས་བུ་ངན་སོང་གི་སྡུག་བསྔལ་ཚད་ལས་འདས་པ་ཞིག་མྱོང་བར་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔས་ལྟ་བ་ཕྱོགས་གཅིག་རྟོགས་ཀྱང་སྤྱོད་པའི་རྩལ་སྤྲུག་མ་ནུས་པས་བསྐལ་པ་གྲངས་མེད་གསུམ་ལ་སོགས་པ་ཐོགས། མུ་སྟེགས་པས་ལྟ་བ་མ་རྟོགས་པར་སྤྱོད་པ་བྱས་པས་ངན་སོང་ལ་འགྲོ་ཞེས་སྒྱུ་འཕྲུལ་རྒྱས་པ་ལས་གསུངས་སོ། །ལྔ་པ་ཡོན་ཏན་དང་། དྲང་། གོང་གི་གྲོལ་ལམ་དེ་རྣམས་རང་རང་གི་སྐབས་ལ་བདག་གཞན་གྱི་སྤྱོད་པ་དེ་ཡི་སྤྱོད་ན་དགོས་ཆེད་ཀྱི་སྐབས་ཡོན་ཏན་དེ་དག་ཡོད་པའི་ཕྱིར་ན། བདག་དོན་གྱི་སྤྱོད་པ་དེ་དང་། གཞན་དོན་གྱིས་སྤྱོད་ན། དེས་བདག་གཞན་གཉིས་པོ་འཁོར་མི་ལྟུང་ནས་འབྲས་བུ་ཐོབ་པའི་ཡོན་ཏན་དང་། ཐབས་ལམ་གྱི་སྤྱོད་པ་ཉི་ཤུ་རྩ་ལྔ་པོ་སོ་སོ་རང་ཁ་མའི་སྤྱོད་པ་བྱས་ན་ངན་སོང་དུ་ལྟུང་ལ། ལྟ་བས་ཟིན་ནས་སྤྱོད་ན་འབྲས་བུ་སངས་རྒྱས་ཐོབ་པས་བྱེད་ཅེས་རྒྱུད་གཞུང་ལས་གྲགས་པ་བཞིན་ཡིན་ལ། གཞན་ཡང་བསགས་བྱ་ཚོགས་གཉིས་རྫོགས་པ་འགྱུར་ཏེ། ཉོན་མོངས་ལ་སོགས་པ་མ་སྤངས་རང་རིག་ཏུ་གསལ་བ་ལམ་དུ་ཁྱེར་བས་བསོད་ནམས་དང་། དེའི་དུས་སུ་ཆོས་ཉིད་རང་ལས་མ་གཡོས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་། ཉོན་མོངས་པ་ལྔ་ལ་སོགས་པ་ཉི་ཤུ་རྩ་ལྔ་པོ་ལ་སྤྱོད་ཀྱང་དྲི་མས་མ་གོས་པས་ན་སྒྲིབ་པ་དབྲི་བ་སྟེ་དག་པར་འགྱུར་རོ། །གསུམ་པ་འཕྲིན་ལས་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། གསུམ་པ་འཕྲིན་ལས་བྱ་བའི་སྡོམ་ཚིག་ནི། འཕྲིན་ལས་བྱ་བའི་དགོས་ཆེད་དང་། ངོ་བོ་ངོས་བཟུང་བ་དང་། ངེས་ཚིག་དང་། རྣམ་གྲངས་དུ་ཡོད་པ་དང་། འཕྲིན་ལས་བྱ་བའི་ཐབས་དང་། དུས་སྐབས་གར་མཁོ་བ་དང་། ཁྱད་པར་ཡོད་ཚུལ་དང་། མ་བྱས་པའི་སྐྱོན་དང་། བྱས་པའི་ཡོན་ཏན་དང་དགུ་ཡི་ནང་འཕྲིན་ལས་ཀྱི་རྒྱས་བཤད་དེ་ངེས་རྫོགས་པ་ཡིན་ནོ། །གཉིས་པ་བཤད་པ་དེ་ལ་དགུ་སྟེ། བགྲང་། དང་པོ་དགོས་ཆེད་དང་། དྲང་། རྣལ་འབྱོར་པ་བདག་དོན་དུ་བསྒྲུབ་པ་དང་། གདུལ་བྱ་གཞན་དོན་བྱེད་པ་དང་། བདག་གཞན་གཉིས་ཀའི་དོན་ལྷུན་གྲུབ་ཏུ་བསྒྲུབ་པ་དང་། དམ་པའི་ཆོས་དོན་དུ་འགྱུར་བའི་ཕྱིར་ན་ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པའི་འཕྲིན་ལས་དང་རྣམ་པར་ལྔ་པོ་དེ་དཔེར་ན་ཞིང་བཟང་པོ་ལ་ས་བོན་བཏབ་ནས་རྐྱེན་ཆུ་ལུད་བྱས་པ་ཆུད་མི་ཟ་བ་བཞིན་དུ། བདག་གཞན་གྱི་དོན་བསྒྲུབས་ནས་འབྲས་བུ་ཆུད་མི་ཟ་བར་འབྱུང་བར་བྱེད་པ་ལ། འཕྲིན་ལས་རྣམ་པ་ལྔ་དང་དུ་བླང་དགོས་པ་ལ། དེའང་དབང་པོ་རབ་ཏིང་ངེ་འཛིན་ཁོ་ན། འབྲིང་གིས་ཏིང་ངེ་འཛིན་དང་སྔགས་གཉིས། ཐ་མས་མཚན་བཅས་ཀྱི་སྒོ་ནས་སྔགས་རྫས་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་ནུས་ཚད་དང་སྦྱར་བར་བྱའོ། །གཉིས་པ་ངོ་བོ་དང་། དྲང་། དེ་ཡང་འཕྲིན་ལས་རྣམ་པ་བཞིའི་གདུལ་བྱ་ལ་ཕྱི་ནང་གཉིས་གཉིས་གཅིག་ཏུ་བརྩི་བས་ཟུང་བཞི་པོ་དེ་རྣམས་འདུལ་བར་བྱེད་པའི་མཐུ་ཆེན་པོ་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་པ་བཞི་འབྱུང་བ་དང་། ལྷུན་གྲུབ་ཀྱི་ཕྲིན་ལས་གཅིག་གིས་གོང་གི་གདུལ་བྱ་ཕྱི་ནང་ཟུང་བཞི་པོ་ཀུན་འདུལ་ནུས་པའི་མཐུ་ཆེན་པོ་ཡོད་པ་དང་། སོགས་ཀྱི་སྒྲས་འདས་པའི་བྱེད་ལས་ཐམས་ཅད་འཕྲིན་ལས་ཀྱིས་བསྡུས་པས་དེ་ལྟར་ལྔ་པོ་གདུལ་བྱ་འདུལ་བྱེད་གང་ཡིན་པ་འཛོམས་པ་དེ་ཕྲིན་ལས་ཀྱི་ངོ་བོ་ཡིན་ནོ། །གསུམ་པ་ངེས་ཚིག་དང་། དྲང་། སྡུག་བསྔལ་གྱི་ཟུག་རྔུ་སྟེ་ཕྱི་ལ་ནད་བགེགས་དགྲ་དང་། ནང་དུ་ཉོན་མོངས་རྣམ་རྟོག་ཞི་བའི་ཕྱིར་ན་ཞི་བའི་འཕྲིན་ལས་ཀྱི་སྒྲ་འཇུག་པ་དང་། རྒྱས་པར་འཕེལ་བར་བྱ་བ་ལ་ཕྱི་ལ་ཤ་ནི་ལོ་ཐོག་གསོ་བ་དང་། ཚེ་དང་རིགས་རྒྱུད་ལ་སོགས་འཕེལ་བ་དང་། ནང་དུ་སྐུ་དང་ཡེ་ཤེས་ཏེ། དེ་ལྟར་གཉིས་པོ་འཕེལ་བར་བྱ་བའི་ཕྱིར་རྒྱས་པའི་སྒྲ་འཇུག་པ་དང་། གཟུངས་མ་ལ་སོགས་དགུག་པ་དང་། དགྲ་བགྲེགས་གཉིས་དབང་པོ་བསྒྱུར་བ་དང་། འབྲས་བུ་སྐུ་ལྔ་ལ་སོགས་བཞི་པོ་དབང་དུ་སྡུད་པའི་ཕྱིར་ན་དབང་གི་སྒྲ་འཇུག་པ་དང་། ཕྱི་ལ་དགྲ་བགེགས་དང་ནང་ལ་ཉོན་མོངས་པའི་གདུག་པ་རྣམ་པ་གཉིས་འཇོམས་པའི་ཕྱིར་ན་དྲག་པོའི་སྒྲར་འཇུག་པ་དང་། ལྔ་པ་ལྷུན་གྲུབ་ནི་སྔོན་ངོ་བོའི་དུས་སུ་བསྟན་པ་བཞིན་འཕྲིན་ལས་གཅིག་གི་ཀུན་འདུལ་བའི་ཕྱིར་ན་ལྷུན་གྱིས་གྲུབ་པའི་སྒྲར་འཇུག་པ་དང་། དེ་བས་ན་ཕྲིན་ལས་རྣམ་པ་ལྔའི་ངེས་ཚིག་གམ་སྒྲ་དོན་དེ་ངེས་པར་འགྲུབ་པ་ཡིན་ནོ། །བཞི་པ་ལས་བཞིའི་རྣམ་གྲངས་ལ་གཉིས་ཏེ། བགྲང་། དང་པོ་སྤྱིའི་རྣམ་གྲངས་དང་། དྲང་། འཕྲིན་ལས་ཀྱི་དོན་གྱི་དམིགས་སུ་ངོས་བཟུང་བའི་ཕྱིར་རྣམ་པར་ཕྱེ་ནས་གསུམ་སྟེ། གཞི་དང་། ལམ་དང་། འབྲས་བུའོ། །དང་པོ་ནི། གཞི་གནས་ལུགས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞི་རྒྱས་དབང་དྲག་གི་ཕྲིན་ལས་བཞི་ལྷུན་གྲུབ་ཏུ་རང་བཞིན་གྱིས་གནས་པ་ཡིན་ཏེ། དེ་ལ་ཡང་གཉིས་ཏེ། དོན་དམ་སེམས་དངོས་པོའི་གནས་ལུགས་དང་། ཀུན་རྫོབ་ལུས་དངོས་པོའི་གནས་ལུགས་སོ། །དང་པོ་ནི། བྱང་བ་སྟོང་པའི་རང་བཞིན་ལ། ཉོན་ཤེས་བྱའི་སྒྲིབ་པ་ཀ་ནས་དག་པའི་ངོ་བོ་ནི་ཞི་བའི་འཕྲིན་ལས་རང་གནས་དང་། ཆུབ་པ་སྣང་བའི་རང་བཞིན་ལ་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ངོ་བོ་ནི་རྒྱས་པའི་འཕྲིན་ལས་རང་གནས་དང་། དེ་ལྟར་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་ངོ་བོ་ལ་ཡོད་མེད་ཐ་དད་ཀྱི་མཐའ་གཉིས་དང་བྲལ་བའི་གཉིས་མེད་ནི་དབང་གི་འཕྲིན་ལས་རང་གནས་དང་། དེས་ཡོད་མེད་སྣང་སྟོང་ཕྱོགས་རེའི་མཚན་མ་ཐམས་ཅད་འཇོམས་པའི་ཕྱིར་དྲག་པོའི་འཕྲིན་ལས་དང་བཞི་ལྷུན་གྱིས་གྲུབ་ཅིང་གནས་པའོ། །གཉིས་པ་ནི། ལུས་སྤྱི་ལ་འཕྲིན་ལས་བཞི་ལྷུན་གྱིས་གྲུབ་པར་གནས་ཏེ། སློབ་དཔོན་པདྨའི་གསུང་གིས། སྤྱི་བོར་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྒྱས་པའི་འཕྲིན་ལས་དང་། མགྲིན་པར་རླུང་གི་དཀྱིལ་འཁོར་ཟླ་གམ་དབང་གི་དང་། སྙིང་གར་མེའི་དཀྱིལ་འཁོར་གྲུ་གསུམ་ནག་པོའི་དང་། ལྟེ་བར་ཆུའི་དཀྱིལ་འཁོར་ཟླུམ་པོ་ཞི་བའི་འཕྲིན་ལས་དང་བཞི་རང་ལ་གནས་པ་ཡིན་པར་གསུངས་ཏེ། ལམ་རིམ་ལས། གནས་བཞིའི་འབྱུང་བའང་ལས་བཞི་སྟེ། ཞེས་པ་དང་། ཡང་ནང་སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་འཕྲིན་ལས་བཞི་ལྷུན་གྱི་གྲུབ་པར་གནས་ཏེ། དེ་ཉིད་ལས། སྣོད་ཀྱི་འོད་དབྱིབས་འཕྲིན་ལས་བཞི། །ཞེས་པ་དང་། གསང་བ་ཡུམ་གྱི་མཁའ་ལ་ཡང་། ལས་བཞི་ལྷུན་གྱིས་གྲུབ་པར་གནས་ཏེ། ཡང་དེ་ཉིད་ལས། གསང་བའི་མཁའ་ལ་རང་བཞིན་ལྡན། །ཅེས་སོ། །གཉིས་པ་ནི། ཐབས་གྲོལ་གྱི་ལམ་ཉམས་སུ་ལེན་པའི་དུས་སུ་ཕྲིན་ལས་རྣམ་པ་བཞི་ལས་མ་གཡོས་པ་ནི་འོག་ཏུ་འཆད་པ་དང་། གསུམ་པ་ནི། མཐར་ཐུག་སངས་རྒྱས་རིགས་ལྔའི་ཐུགས་རྗེས་སེམས་ཅན་གྱི་དོན་བྱེད་པ་དེ་ཡང་འཕྲིན་ལས་ལྔའི་སྒོ་ནས་མཛད་པ་དང་། དེ་ལྟར་གཞི་ལམ་འབྲས་བུ་གསུམ་དུ་ཕྱེ་བའོ། །དེ་ཡང་ལམ་རིམ་ལས། བཞི་ཕྱིར་རྣམ་བཞི་དོལ་བ་རྣམས། །གང་ལ་འཚམས་པར་འདུལ་བར་མཛད། །རྣམ་བཞིའི་བྱེ་བྲག་ཐ་དད་པ། །རེ་རེའང་ལྔ་ལྔའི་སྣང་ཚུལ་གྱིས་སྣང་། །དེ་རིགས་བཞི་ཡི་ཆ་འཛིན་པ། །ལས་ཀྱི་རིགས་ལ་ལྷུན་གྱི་གྲུབ། །རྣམ་པ་བཞི་ཡིས་འདུལ་མཛད་པ། །ཕྱག་རྒྱ་ཆེན་པོས་འདུལ་བས་རིགས་མ་ཡིན། །ཅེས་སོ། །གཉིས་པ་བྱེ་བྲག་ལམ་གྱི་རྣམ་གྲངས་དེ་ལ་གཉིས་ཏེ། ལམ་སྤྱིའི་རྣམ་གྲངས་དང་། ལས་བཞི་སོ་སོའི་རྣམ་གྲངས་སོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་བསྟན་པ་དང་། དྲང་། འདིར་བར་ལམ་གྱི་ཕྲིན་ལས་ཐབས་ལམ་དང་ཤེས་རབ་གྲོལ་ལམ་གཉིས་ཡིན་པ་ལས། གཉིས་པ་ཐབས་དང་ཤེས་རབ་ཀྱི་རྣམ་གྲངས་རྒྱས་པར་བཤད་པ་དང་། དྲང་། སྔ་མ་ཐབས་ལམ་ལ་སྟེང་སྒོ་དང་འོག་སྒོ་གཉིས་ཀྱང་ཕྲིན་ལས་བཞི་ཡིན་པ་དང་། ཕྱི་མ་གྲོལ་ལམ་ལ་ཡང་། ཤེས་རབ་ལྟ་བ་རྟོགས་པའི་ངོ་བོ་དང་། སྒོམ་པ་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་རྣམ་པ་གཉིས་ལ་ཡང་། གཞི་ལ་ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པ་ལྟར། ལྟ་བ་རྟོགས་པ་དང་ཏིང་ངེ་འཛིན་གྱི་ངོ་བོ་ལ་ལས་བཞི་ཚང་བ་དང་། ཟ་ཚོགས་གཏོར་ལུང་ལྟར་ཟས་ལ་ལོངས་སྤྱོད་པ་ཡང་ལས་བཞི་ཡིན་པ་དང་། ལས་བཞི་ལྷག་པ་གཟུགས་བརྙན་མཆོད་རྟེན་གྱི་སྒོ་ནས་ལས་བཞི་བྱེད་པ་དང་། མེའི་སྒོ་ནས་ལས་བཞིའི་སྦྱིན་སྲེག་བྱེད་ཐབས་དང་གཉིས་སོ། །དེ་རྣམས་ཞོར་ལ་སྦྱིན་སྲེག་དང་སྦྱར་ནས་བཤད་ན། གྲོལ་ལམ་ལྟར། དང་པོ་ལྟ་བ་ལ་ཚང་ཚུལ་ནི། གཞི་ཆོས་ཉིད་རྟོགས་པའི་ངོ་བོ་ལ་དོན་ལས་བཞི་ཚང་བ་ནི་ཧོམ་ཁུང་། སྣང་སྲིད་ཀྱི་ཆོས་ནི་བསྲེག་རྫས་དེ་རྣམས་གང་ལ་ཡང་ཞེན་པ་མེད་པ་སྦྱིན་པ། ཡིད་འགྱུ་བ་རང་སར་གྲོལ་ནས་ཡེ་ཤེས་སུ་ཤར་བའི་མེ་དེས་ཉོན་མོངས་པ་དངོས་པོར་འཛིན་པ་ཐམས་ཅད་བསྲེགས་པའོ། །གཉིས་པ་ཏིང་ངེ་འཛིན་ལ་ཚང་ཚུལ་ནི། སྒོམ་པ་ཆོས་ཉིད་ཀྱི་ངོ་བོ་ལ་དོན་ལ་ལས་བཞི་ཚང་བ་ནི་ཧོམ་ཁུང་། རྣམ་ཤེས་ཕྲ་རགས་ནི་བསྲེག་རྫས། གང་ཤར་ཆོས་ཉིད་ཀྱི་ངོ་བོར་ཁྱེར་བས་སྦྱིན་པ། ཞེན་ཆགས་ཡེ་ཤེས་སུ་ཤར་བའི་མེ་དེས་འདོད་ཡོན་རང་རྒྱུད་དུ་ཞེན་ཅིང་ཆགས་པ་དེ་བསྲེགས་པའོ། །གསུམ་པ་འདོད་ཡོན་ཚོགས་སུ་རོལ་བ་ལ་ཡང་ལས་བཞི་ཚང་ཚུལ་ནི། ཞལ་ནི་ཧོམ་ཁུང་། ལྗགས་ནི་ཧོམ་གཟར། ཟས་ནི་བསྲེག་རྫས། འདོད་ཡོན་ཞེན་མེད་ལམ་དུ་ཁྱེར་བ་སྦྱིན་པ། ཞེན་ཆགས་ཡེ་ཤེས་སུ་ཤར་བའི་མེ་དེས་འདོད་ཡོན་རང་རྒྱུད་དུ་ཞེན་ཅིང་ཆགས་པ་དེ་བསྲེགས་པའོ། །ལྷག་པ་གཟུགས་བརྙན་ནི། འོག་བྱ་ཐབས་སྐབས་སུ་འཆད་པར་འགྱུར་རོ། །གསུམ་པ་མཇུག་གསུམ་དུ་བསྡུ་བའོ། །དྲང་། རྣམ་གྲངས་དེ་དག་ཚུར་ལ་བསྡུས་ན་ལྷག་པ་གཟུགས་བརྙན་ནི་ཕྱི་ཡིན་ལ། སྟེང་སྒོ་དང་། ལྟ་བ་དང་། ཏིང་ངེ་འཛིན་དང་། ལོངས་སྤྱོད་བཞི་ནང་ཡིན་ལ། འོག་སྒོ་གསང་བ་ཡིན་པར་བཤད་པ་དང་གསུམ་དུ་ཤེས་པར་བྱའོ། །གཉིས་པ་ལས་བཞིའི་རྣམ་གྲངས་སོ། །དྲང་། གོང་གི་ངོ་བོོ་ངོས་བཟུང་གི་སྐབས་དང་རྗེས་སུ་མཐུན་པར་ཞི་བའི་རྣམ་གྲངས་ཕྱི་ནང་གཉིས་ཏེ། ཕྱི་ལ་ནད་ཀྱི་བྱེ་བྲག་དང་། བགེགས་རྣམས་དང་། དགྲ་རྣམས་ཞི་བར་བྱེད་པའོ། །ནང་ལ་ཉོན་མོངས་པ་རྣམ་རྟོག་གི་བྱེ་བྲག་ཞི་བར་བྱེད་པའོ། །རྒྱས་པ་ལ་ཕྱི་ནང་གཉིས་པོ་ངོས་བཟུང་ན་ཕྱི་ལ་གསོ་བ་དང་འཕེལ་བ་སྟེ། གསོ་བ་ལ་ཡང་ན་བ་གསོ་བ། ཤི་བ་གསོ་བ། ལོ་ཐོག་གསོ་བ། སྲི་བུ་གསོ་བ། སོགས་ཁོང་དུ་རྟ་ཕྱུགས་གསོ་བ་སོགས་པ་རྣམས་སོ། །འཕེལ་བ་ལ་ཚེ་འཕེལ་བ་སྟེ་རིང་བ་དང་། རིགས་རྒྱུད་མང་དུ་འཕེལ་བ་དང་། ལོངས་སྤྱོད་འཕེལ་བ་སྟེ་ཆེ་བ་དང་། བསོད་ནམས་འཕེལ་བ་དང་། བཞི་བོ་ནི་ཕྱི་ཡིན་ལ། ནང་ལ་འབྲས་བུ་སྐུ་དང་ཡེ་ཤེས་འཕེལ་ཐབས་སོ། །དབང་ལ་ནི་དགུག་པ་དང་བསྡུ་བ་གཉིས་ཡོད་དེ། ཕྱི་རོལ་ལ་དྷ་ར་སྟེ་གཟུངས་མ་རིགས་ལྔ་དང་། རིགས་བཞིའི་རྣམ་པ་དགུག་པར་བྱེད་པའི་ཐབས་དང་། རང་དང་མི་མཐུན་པའི་དགྲ་བགེགས་རྣམ་པ་གཉིས་དབང་པོ་བསྒྱུར་ནས་མ་དད་པ་དད་པར་བྱ་བ་དང་། ནང་ལ་རང་གི་སེམས་ཉིད་ཀྱི་ངོ་བོ་ལ་འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དབང་དུ་བསྡུ་བར་བྱ་བའི་ཐབས་སོ། །མངོན་སྤྱོད་དྲག་པོ་ལ་དགྲ་བགེགས་ཡུལ་གཞན་དུ་བསྐྲད་པའི་ཐབས་དང་། གཏན་ནས་མི་ལྡང་བར་བྱ་བའི་ཕྱིར་མནན་པ་དང་། དྲན་པ་ཉམས་ནས་སྨྱོ་བ་དང་། ཁ་ནས་ཅལ་ཅོལ་དུ་སྨྲ་ནས་འབོགས་པ་དང་། ལུས་འགུལ་མི་ཤེས་ནས་བྱད་དུ་བཅུག་པ་དང་། ལུས་དང་ཡན་ལག་གི་ཤ་མེད་ནས་བསྐོམས་པ་དང་། དྲན་པ་མི་དྲན་ནས་རྨོངས་པ་དང་། གཏན་ནས་གླིང་ཁམས་གཞན་དུ་འཕངས་ནས་སྤོ་བ་དང་། ལུས་སེམས་ཕྲལ་ནས་རྒྱུད་གཞན་གྱི་སེམས་ལ་ཞུགས་པའོ། །དེ་རྣམས་ཀྱི་སྒོ་ནས་རྣལ་འབྱོར་པ་རང་གི་ཕྱིའི་དགྲ་བགེགས་འཇོམས་པར་བྱེད་ལ། ནང་དུ་ཉོན་མོངས་པའི་དགྲ་བགེགས་འཇོམས་པར་བྱེད་པའི་ཐབས་རྣམས་སོ། །ལྔ་པ་བྱ་ཐབས་ལ་གཉིས་ཏེ། བགྲང་། དང་པོ་ཐབས་ལམ་གྱི་བྱ་ཐབས་དང་། དྲང་། ཕྲིན་ལས་ཉམས་སུ་བླང་བའི་བྱ་ཐབས་ནི་འདི་ལྟ་སྟེ། དེ་ལ་ལྷ་གསལ་བའི་ངང་ནས་ཐབས་ལམ་གྱི་བྱ་ཐབས་ལ་ཡང་གསང་བ་དང་ནང་གཉིས་སོ། །ནང་ལྟར་སྟེང་སྒོའི་རྩ་ཁམས་ཀྱི་འཁོར་ལོ་བཞིའི་གནས་སུ་བྱང་སེམས་ཐིག་ལེ་ལ་རིག་པ་གཏད་ནས་ཉམས་སུ་ལེན་པའི་དུས་སུ། བདེ་སྟོང་གི་ཡེ་ཤེས་ལ་ཞེན་ཆགས་ཀྱི་རྟོག་པ་དང་བྲལ་བ་ནི་ཞི་བའི་འཕྲིན་ལས་ཡིན་པ་དང་། དེའི་ཚེ་རྩ་དང་རླུང་དགའ་བཞིའི་ཡེ་ཤེས་སྐྱེལ་བ་ནི་རྒྱས་པའི་དང་། བདེ་སྟོང་གཉིས་མེད་ཀྱི་དོན་ཉམས་སུ་མྱོང་བ་ནི་དབང་གི་དང་། དེས་འགྱུ་བ་དང་འཛིན་ཞེན་ཆགས་གསུམ་གྱི་རྟོག་པའི་མཚན་མ་ཐམས་ཅད་འཛོམས་པ་ནི་དྲག་པོའི་ཕྲིན་ལས་དང་བཞིའོ། །ཡང་བླ་མ་དམ་པའི་གསུང་སྒྲོས་ལ་སྦྱིན་སྲེག་ལྟར་ཞོར་ལ་བཤད་ན། རྩ་འཁོར་གྱི་གནས་སུ་ལས་བཞིའི་དབྱིབས་སུ་དོད་ནས་ཡོད་པ་ཧོམ་ཁུང་། རོ་རྐྱང་གཉིས་དགང་བླུག་གཟར། སྒྲོམ་མདོའི་ཡྃ་ལས་རླུང་བྱུང་། སུམ་མདོའི་རྃ་ལ་ཕོག་ནས་མེ་སྦར་བའི་དྲོད་ཀྱིས། བསྲེག་རྫས་རྩ་གནས་ཀྱི་ཐིག་ལེ་བཞུ་ནས། རྩ་ཁམས་རྣམས་སུ་སྦྱིན་པས་བདེ་སྟོང་རྟོག་མེད་ཀྱི་ཡེ་ཤེས་སྐྱེས་པས། ཉོན་མོངས་རྣམ་རྟོག་བསྲེགས་པའོ། །ཡང་གསང་བ་འོག་སྒོ་ལྟར་ཉམས་སུ་བླངས་ན། གསང་བའི་ཡུལ་ཡུམ་དང་། དབང་པོ་རྡོ་རྗེ་རྩེའི་ཐེག་ལེ་དང་། དབང་ཤེས་བདེ་བའི་ཁམས་དང་གསུམ་ལ་སྦྱོར་ནས་ཡབ་ཡུམ་རོལ་པ་མཛད་པའི་ཚེ། །ཉི་ཟླ་གཉིས་འདྲེས་ཀྱི་དུས་སུ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བའི་ངོ་བོ་ལ། ཉོན་མོངས་ཆགས་རྟོག་གི་དྲི་མ་དང་བྲལ་བ་ནི་ཞི་བའི་ཕྲིན་ལས་ཡིན་པ་དང་། དེའི་ཚེ་ན་ཕུང་ཁམས་སྐྱེ་མཆེད་ཀྱི་རྟོག་ཚོགས་དང་། གསང་བའི་མཁའ་ལ་ལྷའི་དཀྱིལ་འཁོར་དུ་གསལ་ཞིང་། དགའ་བ་བཞི་དང་ཡེ་ཤེས་ལྔའི་དོན་སྒྲིབ་གཡོགས་མེད་པར་གསལ་བ་ནི་རྒྱས་པའི་དང་། དེ་ལྟར་བདེ་སྟོང་གཉིས་མེད་ཀྱི་དོན་མྱོང་བ་ནི་དབང་གི་དང་། དེས་ཉོན་མོངས་ཞེན་ཆགས་ཀྱི་རྟོག་པ་ཐམས་ཅད་འཇོམས་པ་ནི་དྲག་པོའི་ཕྲིན་ལས་དང་བཞི་ཞེས་བྱའོ། །ཡང་ཞོར་ལ་སྦྱིན་སྲེག་ལྟར་ན། ཡུམ་གྱི་མཁའ་ལ་ལས་བཞིའི་དབྱིབས་སུ་ཡོད་པ་ཧོམ་ཁུང་། ཡབ་ཀྱི་རྡོ་རྗེ་ཧོམ་གཟར། ཡབ་ཀྱི་ཐིག་ལེ་བསྲེག་རྫས་དེ་སྦྱིན་པས། བདེ་སྟོང་གི་ཡེ་ཤེས་སྐྱེས་པས་ཉོན་མོངས་ཆགས་རྟོག་རང་ཁ་མ་དེ་བསྲེགས་པའོ། །གཉིས་པ་གྲོལ་ལམ་གྱི་བྱ་ཐབས་དེ་ལ་གཉིས་ཏེ། བགྲང་། དང་པོ་སྤྱི་དང་། དྲང་། ཤེས་རབ་གྲོལ་ལམ་གྱི་སྒོ་ནས་ལས་བཞིའི་བྱ་ཐབས་ལ། ལྟ་བའི་རྗེས་སུ་སྒོམ་པས་ཉམས་སུ་ལེན་ཐབས་ལ་ཕྱི་ནང་གཉིས་ཀྱི་སྒོ་ནས་ཤེས་དགོས་ཏེ། དེ་ལ་ནང་ལྟར་ལས་བཞི་བྱ་ཐབས་གོང་དུ་སོང་ལ། གཉིས་པ་བྱེ་བྲག་ཏུ་ཕྱེ་བའི་ཐབས་དེ་ལ་གཉིས་ཏེ། བགྲང་། དང་པོ་ཚད་མེད་པ་དང་། དྲང་། ཕྱི་རོལ་རྗེས་ཐོབ་ཏུ་ཚད་མེད་པ་ཉིད་སྒོམ་པ་ལ་ཡང་ལས་བཞི་ཚང་སྟེ། ལྷ་རྒྱུད་ལས། ཞི་བ་སྙིང་རྗེས་དབྱིངས་སུ་འགུག་པའི་ཕྱིར། །འགུགས་བྱེད་ཆེན་པོ་བཛྲ་ཨཾ་གུ་ཤ །རྒྱས་པ་བྱམས་པས་ཡེ་ཤེས་འཕེལ་བའི་ཕྱིར། །འཕེལ་བྱེད་ཆེན་མོ་བཛྲ་པཱ་ཤ་ཧཱུྃ། །དགའ་བ་དབང་གིས་མཐའ་གཉིས་བསྡུ་བའི་ཕྱིར། །སྡོམ་བྱེད་ཆེན་མོ་བཛྲ་སྥོ་ཊ་བྃ། །བཏང་སྙོམས་དྲིལ་བུས་རྡུལ་དུ་བརླག་པའི་ཕྱིར། །རླག་བྱེད་ཆེན་མོ་བཛྲ་གྷཎྜེ་ཏོ། །ཞེས་གསུངས་ལ། ཆོས་རྗེ་རིན་པོ་ཆེའི་བཞེད་ལ། བྱམས་པ་ཞི་བ། སྙིང་རྗེ་དྲག་པོ། དགའ་བ་རྒྱས་པ། བཏང་སྙོམས་དབང་གི་འཕྲིན་ལས་སུ་འདོད་དོ། །གཉིས་པ་ལྷག་པ་གཟུགས་བརྙན་ལ་གཉིས་ཏེ། བགྲང་། དང་པོ་སྤྱི་དང་། དྲང་། ལྷག་པ་གཟུགས་བརྙན་གྱི་སྒོ་ནས་ལས་བཞི་བྱ་ཐབས་ལ་གཉིས་ཏེ། མཆོད་རྟེན་གྱི་སྒོ་ནས་ལས་བཞི་བྱ་ཐབས་དང་། སྦྱིན་སྲེག་མེའི་སྒོ་ནས་ལས་བཞི་བྱ་ཐབས་ཏེ། དེ་ལ་མཆོད་རྟེན་གྱི་སྒོ་ནས་བྱ་ཐབས་ནི། སྒྱུ་འཕྲུལ་ལེའུ་ལག་གི་ནས་ལས་བཞིའི་སཱཙྪ་བཏབ་ཐབས་དང་། རྒྱས་པའི་ལེའུ་ཉི་ཤུ་པ་ལས་ཀྱང་། ཆོས་སྐུ་ནག་པོ་འོད་འབར་གྱིས། །བགེགས་ཀྱི་ལིངྒ་མནན་པར་བྱ། །ཞེས་གསུངས་སོ། །གཉིས་པ་བྱེ་བྲག་ཏུ་བྱ་ཐབས་དེ་ལ་གཉིས་ཏེ། བགྲང་། དང་པོ་རྣམ་གྲངས་དང་། དྲང་། ཕྱི་མ་མེའི་སྒོ་ནས་སྦྱིན་སྲེག་བྱ་ཐབས་ལ། སྦྱིན་སྲེག་རྩ་བ་ལས། གནས་རྫས་ཐབས་ཀྱི་རྣམ་པ་དང་། །གཟུངས་དང་གཙོ་སེམས་བསྒྲུབ་བྱ་དང་། །ཕུར་པ་ལྷ་སེམས་དུས་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །ཞེས་བཅུ་གཅིག་གི་གོ་རིམ་དེ་ལྟར་གསུངས་ཀྱང་། འདིར་གཞུང་ལྟར་རྣམ་གྲངས་བཅུ་བཞིའམ་བཅོ་ལྔའི་གོ་རིམ་བསྒྲིག་པར་བྱ་སྟེ། དང་པོ་གནས་ནི། ཞི་བ་ལ་རི་བོ་འདུས་པའི་རྩེ། རྒྱས་པ་ལ་ནགས་ཚལ་དང་། སྨན་ལྗོངས་། དབང་ལ་སུམ་མདོ་དང་། ཆུ་བོ་འདུས་པ། དྲག་པོ་ལ་དུར་ཁྲོད་ཀྱི་གནས་སུ་བྱ་བ་དང་། དེ་ལ་ཞི་བའི་གནས་ནི། དེ་ཉིད་ལས། རི་བོ་འདུས་པའི་རྩེ་དག་དང་། །ཆུ་ཀླུང་འཛོམས་པའི་ས་ཕྱོགས་སུ། །དང་བར་བྱེད་པའི་ལས་རྣམས་བརྩོམས། །རྒྱས་པའི་གནས་ནི། ནགས་ཚལ་སྨན་ལྗོངས་མེ་ཏོག་ཚལ། །ལྷུན་སྡུག་རི་བོ་རྒྱས་པ་བྱ། །དབང་གི་གནས་ནི། སུམ་མདོ་ཆུ་བོ་འདུས་པ་དང་། །བཞི་མདོ་ཁོང་སྟོང་སྡུད་ཅེས་བྱ། །དྲག་པོའི་གནས་ནི། དུར་ཁྲོད་ངན་པའི་ས་ཕྱོགས་སུ། །ལྷག་པར་བརྩམ་ན་ངེས་པར་འགྲུབ། །ཅེས་པས། ལས་བཞིའི་གནས་དེ་དག་ཤིན་ཏུ་གལ་ཆེ་བར་བསྟན་ཏེ། དེ་ཉིད་ལས། རང་བཞིན་ནུས་མཐུ་ལྡན་པའི་ཕྱིར། །ཤིན་ཏུ་དགོས་པར་བསྟེན་པ་ཡིན། །ཅེས་གསུངས་སོ། །གཉིས་པ་སྒྲུབ་པ་པོའི་གང་ཟག་ནི། བདེན་པ་དབྱེར་མེད་ཀྱི་ལྟ་བ་གཏིང་འབྱིན་པར་རྟོགས་པ། ཏིང་ངེ་འཛིན་བསྐྱེད་རྫོགས་ཟུང་འཇུག་གིས་སེམས་ཀྱི་གནས་རྙེད་པ། སྤྱོད་པ་གཉིས་འཛིན་གྱི་རྩོལ་བ་དང་བྲལ་བ་ཉམས་སུ་ལེན་པ། ཕྲིན་ལས་ཆོག་འགྲིག་གི་ལག་ལེན་ལ་མཁས་པ་དང་། གསུམ་པ་ཐབས་ཀྱི་རྣམ་པ་ནི། དེ་ཉིད་ལས། ས་བཞི་ལེགས་པར་སྦྱངས་བྱས་ནས། །ཞེས་པས། ས་གཞི་རྣམས་ལེགས་པར་སྦྱངས་བར་བྱས་ནས། ལས་བཞིའི་ཐབས་བརྩེགས་པ་ལ། དེ་ཉིད་ལས། དཀྱིལ་འཁོར་ཟླུམ་པོ་རིམ་པ་གསུམ། །ཞེས་སོགས་གསུངས་པས། ཞི་བ་ལ་ཟླུམ་པོ་འཁོར་ལོ་རྩིབས་བཞི། རྒྱས་པ་ལ་གྲུ་བཞིའམ་རིན་ཆེན་ཟུར་བརྒྱད། དབང་ལ་ཟླ་གམ་མམ་པདྨ་འདབ་བརྒྱད། དྲག་པོ་ལ་གྲུ་གསུམ་ཁྲོ་ཞལ་སྟེ་ཐབས་བརྒྱད། ཞི་བ་ལ་འཁོར་ལོ་ༀ། རྒྱས་པ་ལ་རིན་ཆེན་ཏྲཱྂ། དབང་ལ་པདྨ་ཧྲཱིཿ དྲག་པོ་ལ་རྡོ་རྗེའམ་ཁ་ཊྂ་ལ་ཧཱུྃ་གིས་མཚན་པའོ། །དེ་ཡང་། ལས་བཞིའི་ཐབ་ཀྱི་དབྱིབས་བཞི་པོ་རེ་རེ་ལ་བང་རིམ་གསུམ་གསུམ་སྟེ། ཞི་བའི་ཟླུམ་པོ་ནང་མ་ལ་ཁྲུ་གང་། རྒྱས་པའི་གྲུ་བཞི་ལ་ཁྲུ་གང་། དབང་ཡང་དཀྱིལ་ན་ཕར་ཁྲུ་གང་ཡོད་པ། དྲག་པོ་ཡང་ངོས་རེ་ལ་ཁྲུ་གང་རེ་ཡོད་པ། བཞི་ཀ་ཟབས་སུ་ཁྲུ་ཕྱེད་བྲུས་པའོ། །ཁ་ཁྱེར་ཕར་སོར་བཞི་བསྐྱེད། ཡར་སོར་བཞི་བརྩིགས། ཡང་སོར་བཞི་བསྐྱེད། སོར་བཞི་སྨད། ཡང་སོར་བཞི་བསྐྱེད་པས་ཁ་ཁྱེར་གསུམ་གསུམ་པ་བཞི་ཀ་ལ་མཐུན་ནོ། །ཞི་བའི་གསུམ་ལ་ནང་མ་ལ་རྡོ་རྗེ། ཁ་ཁྱེར་མཐོ་བ་ལ་འཁོར་ལོ། ཕྱི་ཏ་དམའ་བ་ལ་མེ་འོད་གཏང་། རྒྱས་པའི་གསུམ་པ་ནང་མ་ལ་རྡོ་རྗེ། བར་མ་ལ་རིན་པོ་ཆེ། ཕྱི་ཏ་ལ་ཞགས་པ་གཏང་། དབང་གི་གསུམ་ལ་ནང་མ་ལ་རྡོ་རྗེ། མཐོ་བ་ལ་པདྨ། ཕྱི་ཏ་ལ་ལྕགས་སྒྲོག །དྲག་པོའི་གསུམ་ལ། ནང་མ་ལ་རྡོ་རྗེ། མཐོ་བ་ལ་ཐོད་པ། ཕྱི་ཏ་ལ་ལྕགས་ཀྱུ་གཏང་ངོ་། །དེ་ཉིད་ལས། དཀྱིལ་འཁོར་གསུམ་པོ་རིམ་པ་གསུམ། །ཁྲུ་གང་དཔངས་དང་ཞེང་དུ་ཡིན། །ཟབ་དང་གྱེན་ནི་ཕྱེད་དུ་བཤད། །འཁོར་ལོ་ༀ་གྱི་སྙིང་པོར་ལྡན། །རྡོ་རྗེ་འཁོར་ལོ་མེ་འོད་རིམ། །མདའ་བཞི་ཞགས་པ་དཀར་པོས་དཀྲིས། །གཞན་ཡང་འཁོར་ལོ་རྩིབས་བཞི་ལ། །རིགས་བཞིའི་ཕྱག་རྒྱ་རབ་ཤེས་ན། །ༀ་དང་སེང་མགོ་སྤེལ་མར་བྲི། །མུ་ཁྱུར་བསྐོར་བ་ཕྱི་རུ་བཤད། །ཐམས་ཅད་ཞི་བྱེད་དཀྱིལ་འཁོར་ཡིན། །གཉིས་པ་རྒྱས་པའི་ཐབ་ནི། ཡེ་ཤེས་ཕྱོགས་བཞི་དབུས་འོད་འབར། །གྲུ་ཆད་ལ་སོགས་རིམ་རྗེས་མཐུན། །རྡོ་རྗེ་རིན་ཆེན་ཞགས་པས་བསྐོར། །དབུས་སུ་རིན་ཆེན་ཏྲཱྂ་སྙིང་ལྡན། །གཞན་ཡང་རིན་ཆེན་དབྱིབས་གཉིས་སུ། །རིམ་པ་ལ་སོགས་རྗེས་སུ་མཐུན། །ཞགས་པ་སེར་པོ་མདའ་བཞིས་བསྐོར། །ཐམས་ཅད་སྤེལ་བྱེད་དཀྱིལ་འཁོར་ཡིན། །གསུམ་པ་དབང་གི་ཐབ་ནི། ཧོམ་ཁུང་ཟླ་གམ་གདེངས་པ་ལ། །རྡོ་རྗེ་པདྨོ་འོད་འབར་བ། །ལྕགས་སྒྲོག་གཏམས་པས་མཛེས་པར་བྱ། །པདྨ་ཏྲཱིཿཡི་སྙིང་པོར་ལྡན། །གཞན་ཡང་འདབ་བརྒྱད་དེ་བཞིན་དུ། །ཐ་མ་ལྗོན་ཤིང་མཛེས་པས་བསྐོར། །མདའ་བཞི་ཞགས་བསྡུས་དབང་གི་ཡིན། །བཞི་པ་དྲག་པོའི་ཐབ་ནི། དཀྱིལ་འཁོར་གྲུ་གསུམ་གདེང་པ་ལ། །དུར་ཁྲོད་སོལ་བས་ཁྱབ་པར་སྦྱར། །རྡོ་རྗེ་རྩེ་གསུམ་གདེངས་པ་ལ། །ཐོད་པ་ལྕགས་ཀྱུ་གཏམ་པས་བསྐོར། །ༀ་ཧཱུྃ་རྡོ་རྗེ་སྙིང་པོར་ལྡན། །མདའ་བཞི་ཞགས་པ་ནག་པོས་བསྐོར། །གཞན་ཡང་ཞལ་གདངས་སྤྱན་བགྲད་པའི། །ཁྲོ་ཞལ་ཤིན་ཏུ་འཇིགས་པ་ཡིས། །མེ་དཔུང་འབར་བས་རབ་མཛེས་པ། །འདི་ནི་གསོད་པའི་མཆོག་ཏུ་གསུངས། །ཞེས་སོ། །བཞི་པ་བྲུབ་ཁུང་ནི། ཐབ་ཁུང་དེའི་ལྷོ་ནུབ་མཚམས་སུ་ལས་བཞི་རང་རང་གི་དབྱིབས་ཅན་གྱི་ཚད་མཐོ་གང་བ་རེ་རེ་དང་བཅས་པ་ཁ་ཁྱེར་གཅིག་པ་སྟེ། ལིངྒའི་གནས་ཡིན་པ་དང་། ལྔ་པ་སྒྲུབ་པ་པོའི་ཁ་བལྟ་ཕྱོགས་ལ་གཉིས་ཏེ་གདུལ་བྱ་དང་འདུལ་བྱེད་དོ། །དང་པོ་ཡུལ་གདུལ་བྱ་དང་བསྟུན་ན། ཞི་བ་ལ་རང་ནུབ་ཏུ་འདུག་ཅིང་ཁ་ཤར་དུ་བལྟ། གསུམ་པོ་དེའི་འགྲེས་སུ་ཤེས་སོ། །གཉིས་པ་འདུལ་བྱེད་དམ་ཡེ་ཤེས་དང་བསྟུན་ན། ཞི་བ་ལ་རང་ཤར་དུ་འདུག་ཅིང་ཁ་ནུབ་ཏུ་བལྟ། གསུམ་པོ་དེའི་འགྲེས་སུ་ཤེས་སོ། །དྲུག་པ་སྒྲུབ་པ་པོའི་ཆས་གོས་དང་། ཐབ་ཁུང་གི་ཁ་དོག་ནི། ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་མཐིང་ནག་གོ། །བདུན་པ་དུས་ཉིད་ནི། དང་པོ་ལོ་གཅིག་ལ་དབྱེ་ན། དེ་ཉིད་ལས། དབྱར་དགུན་སྟོན་དཔྱིད་ལས་རིམ་དང་། །ཞེས་གསུངས་ལས། དབྱར་ཞི་བ། སྟོན་རྒྱས་པ། དགུན་དབང་། དཔྱིད་དྲག་པོའོ། །ཞག་གཅིག་ལ་དབྱེ་ན། ཡང་། སྔ་དྲོ་གུང་དགོང་ནམ་ཕྱེད་དུས། །ལས་རིམ་བརྩམ་ན་ཤིས་པར་བཤད། །ཅེས་གསུངས་པས། སྔ་དྲོ་ཞི་བ། ཉིན་ཕྱེད་རྒྱས་པ། དགོང་མོ་དབང་། ནམ་གུང་དྲག་པོའི་སྦྱིན་སྲེག་བྱའོ། །བརྒྱད་པ་ཕུར་པ་ནི། ཞི་བ་ལ་དངུལ་ལམ་ཤིང་དཀར་པོའི་ཕུར་པ་དབལ་ཟླུམ་པོར་བྱས་པ་དྲུག །རྒྱས་པ་ལ་གསེར་རམ་ཤིང་སེར་པོའི་ཕུར་པ་དབལ་གྲུ་བཞི་བྱས་པ་བཞི། དབང་ལ་ཟངས་སམ་ཤིང་དམར་པོའི་ཕུར་པ་དབལ་ཟླ་གམ་དུ་བྱས་པ་ལྔ། དྲག་པོ་ལ་ལྕགས་སམ་ཤིང་ནག་པོའི་ཕུར་པ་དབལ་ཟུར་གསུམ་བྱས་པ་གསུམ། དེ་དག་ཀྱང་གྲུབ་ན་ལས་བྱེད་ཀྱི་ཕུར་པ་ཉི་ཤུ་རྩ་གཅིག་རེ་སྟེ། སྲས་མཆོག་ཉི་ཤུ་རྩ་གཅིག་ཏུ་གསལ་བར་བཤམ་མོ། །དེ་ཡང་དང་པོ་ཞི་བའི་ཕུར་པ་ནི། དེ་ཉིད་ལས། དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ། །སྟེང་འོག་ལོགས་ལ་ཁྲོ་བཅུ་བསྒོམ། །འཕྲོ་འདུས་བདེ་གཤེགས་ཕུར་པ་ལ། །སྔགས་དང་ཕྱག་རྒྱས་བྱིན་བརླབས་པས། །མཐའ་བསྐོར་ཡན་ལག་སྙིང་ལ་སྦྱར། །གཉིས་པ་རྒྱས་པའི་ཕུར་པ་ནི། །གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་བཞི། །ལྷ་རྣམས་དེ་བཞིན་རིན་ཆེན་འཕྲོ། །ཟུར་བཞི་གནས་པ་ལུས་གནས་བཞིར། །བཏབ་པས་ཡོན་ཏན་འདུ་བར་བསམ། །གསུམ་པ་དབང་གི་ཕུར་པ་ནི། །ཡང་། ཟངས་སམ་དམར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླ་གམ། །དེ་བཞིན་ཆགས་པའི་ཕུར་བུར་ཤེས། །ཟླ་གམ་མཐའ་སྐོར་དབང་ལ་སྦྱར། །དེ་དག་བསྒྱུར་ཏེ་འདུས་པར་བྱ། །བཞི་པ་དྲག་པོའི་ཕུར་པ་ནི། ཡང་། ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་གསུམ་པ། །དེ་བཞིན་རྡོ་རྗེ་ཕུར་བརླབ་པ། །ཟུར་གསུམ་ལུས་ངག་སེམས་ལ་སྦྱར། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ལས་བྱེད་ཉི་ཤུ་གཅིག་ཏུའང་གསུངས། །ཞེས་སོ། །དགུ་པ་ལྷ་ནི། ལས་སྦྱོར་གྱི་ལྷ་ཞི་ཁྲོའི་དཀྱིལ་ཆོག་གཞུང་བཞིན་བསྲང་ངོ་། །སྦྱིན་སྲེག་གི་ལྷ་ནི། དེ་ཉིད་ལས། སྦྱིན་དང་བསྲེག་པའི་ལྷ་གཉིས་ཏེ། །ཞེས་གསུངས་པས། མེ་ལྷ་དང་། སྲེག་ལྷ་གཉིས་སོ། །དང་པོ་མེ་ལྷ་ནི། རིགས་བཞི་སངས་རྒྱས་ཀྱི་སྤྲུལ་པ་འཕྲིན་ལས་བཞི་གང་ལ་ཐོགས་པ་མེད་པར་འཇུག་པའི་སྐུ་མདོག་ཕྱག་མཚན་ཅན་ཡིན། དེ་ཡང་རའི་གདན་ཐོག་ན། ཞི་བའི་མེ་ལྷ་ནི། ༀ་ལས་སྐུ་མདོག་དཀར་པོ་ཕྱག་གཡས་ན་རིལ་བ་སྤྱི་བླུགས་བསྣམས་པ། རྒྱས་པ་ནི། ཏྲཱྂ་ལས་སེར་པོ་གཡས་པས་རིན་པོ་ཆེའི་སྒྲོམ། དབང་ནི་ཧྲཱིཿལས་དམར་པོ་གཡས་པས་ཞགས་པ། དྲག་པོ་ནི་ཧཱུྃ་ལས་ནག་པོ་གཡས་པས་ཏྲི་ཤུ་ལ། གཡོན་བཞི་ཀས་བགྲངས་ཕྲེང་འཛིན་པ། དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་ལ་བཅིབ་པ་སྟེ། དེ་ཉིད་ལས། སངས་རྒྱས་རིགས་ཀྱི་སྤྲུལ་པའི་ཕྱིར། །ཐམས་ཅད་ལས་ལ་ཐོགས་མེད་འཇུག །སྐུ་མདོག་ཆ་ལུགས་ལས་བཞི་མཐུན། །གྷནྡྷེ་སྒྲོམ་ཞགས་ཏྲི་ཤུལ་འཛིན། །རིགས་ཀྱི་ཕྱག་རྒྱས་གདབ་པར་བྱ། །ༀ་ཏྲཱྂ་ཧྲཱིཿཧཱུྃ་ས་བོན་སྙིང་། །ཨགྣེ་དེ་ཝ་ལས་བཞིའི་སྔགས། །འཕྲོ་འདུས་ལྡན་པའི་འཁོར་གྱིས་བསྐོར། །ཞལ་ཕྱིར་སྦྱིན་པའི་ལྷར་བཤད་དོ། །ཞེས་སོ། །གཉིས་བསྲེག་ལྷ་ནི། ཞི་ཁྲོའི་ལྷ་སྟེ། བཞི་བཅུ་རྩ་གཉིས་སམ། ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་བསྒོམ་སྟེ། དེ་ཡང་ཞི་བའི་འཕྲིན་ལས་ལ་རྣམ་སྣང་དང་། བུདྷ་ཧེ་རུ་ཀས་གཙོར་བྱས་པའི་ཞི་ཁྲོའི་ལྷ་ཀུན། སྐུ་མདོག་དཀར་པོ་འོད་ཟེར་དཀར་པོ་འཕྲོ་བ། ཕྱག་མཚན་ནི། ལྷ་ཀུན་གྱི་གཡས་དང་པོས་འཁོར་ལོ་འཛིན་པའོ། །རྒྱས་པ་ལ་རིན་འབྱུང་དང་། རཏྣ་ཧེ་རུ་ཀས་གཙོས་བྱས་པའི་ལྷ་ཀུན་སེར་པོ་འོད་ཟེར་སེར་པོ། ཕྱག་གཡས་རིན་ཆེན། དབང་ལ་སྣང་མཐའ་དང་། པདྨ་ཧེ་རུ་ཀས་གཙོར་བྱས་པའི་ལྷ་ཀུན་དམར་པོ་འོད་ཟེར་དམར་པོ། ལྕགས་སྒྲོག་འཛིན་པ། དྲག་པོ་ལ་རྡོ་རྗེ་སེམས་དཔའ་དང་། བཛྲ་ཧེ་རུ་ཀས་གཙོ་བྱས་པའི་ལྷ་ཀུན་མཐིང་ཀ །གཡས་རྡོ་རྗེ་འཛིན་པ་བསྐྱེད་དོ། །དེ་ཉིད་ལས། གཟུགས་བརྙན་ལྟ་བུའི་གཞལ་ཡས་ནི། །འོད་ཟེར་འབར་བས་ཁྱབ་པར་བྱ། །རྒྱལ་པོ་ལུས་མཛེས་འཁོར་ལོ་འཆང་། །རྒྱན་རྣམས་ཞི་ལ་དཀར་བ་དང་། །འོད་ཟེར་མཆོག་འབར་ལྷན་ནེར་བསྒོམ། །ཁྲོ་བོའི་དཀྱིལ་འཁོར་མ་ལུས་པ། །ཀུན་ཀྱང་གཏི་མུག་རྡོ་རྗེའི་ཚུལ། །འཁོར་ལོ་འོད་ཟེར་ལྡན་པ་ཡི། །ཁམས་གསུམ་ཐམས་ཅད་ཁྱབ་པ་སྦྱར། །ས་བོན་ༀ་དང་རང་སྔགས་ལྡན། །གཞན་ལའང་དེ་བཞིན་ཤེས་པར་བྱ། །རིན་ཆེན་དགའ་འཕྲོ་སེར་སྐྱ་ནི། །འོད་ཟེར་འབར་བའི་རིན་ཆེན་ཅན། །སྔགས་སོགས་གཞན་ནི་སྔ་མའི་ཚུལ། །སྤྲུལ་པའང་རྗེས་སུ་མཐུན་པ་སྟེ། །ཛཿཧཱུྃ་བྂ་ཧོ་ལྡན་པར་བྱ། །འདོད་ཆགས་རྡོ་རྗེ་ལྕགས་སྒྲོག་དང་། །མདོག་ནི་དམར་སྨུག་འོད་པོ་ཆེ། །སྔགས་ནི་ཡི་གེ་ར་དང་ཧྲཱི། །ཕྱོགས་བཅུར་ཁྱབ་ཅིང་ཧྲི་ལ་བསྡུས། །ཞེ་སྡང་རྡོ་རྗེ་གཏུམ་ཆེན་འབར། །དུད་ཀ་ནག་པོའི་མདོག་འདྲ་བ། །འབར་བ་སྔོ་དམར་མེ་སྟག་འཕྲོ། །ཉི་ཟླ་ཐོད་སྦྲུལ་གདུག་པས་བརྒྱན། །སེང་གེ་གླང་ཆེན་སྟག་རྔམ་དང་། །རྦོད་གཏོང་ལྡན་པའི་ཕྱག་རྒྱ་ལྡན། །སྒྲ་སྐད་དྲག་པོས་ཁམས་གསུམ་དཀྲུགས། །བསྒྲུབ་བྱ་ཕྱག་རྒྱ་གོམས་པ་ཡིས། །གང་ལ་དམིགས་པ་འགྲུབ་པར་འགྱུར། །ཞེས་སོ། །བཅུ་པ་སེམས་ལ་གཉིས་ཏེ། དོན་སེམས་སྤྱིར་བསྟན་པ་དང་། དོན་སེམས་བཞི་དང་གདུང་སེམས་བཞི་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འཁོར་འདས་ཀུན་གྱི་བདག་ཉིད་རང་རིག་པ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པ་ཡིན་ཏེ། དེ་ཉིད་ལས། རང་རིག་སངས་རྒྱས་ཀུན་གྱི་དངོས། །ཐམས་ཅད་རང་དབང་བདག་བསྒྱུར་ཕྱིར། །བསྒྲུབ་པའི་གཙོ་བོ་འདི་གསུངས་སོ། །ཞེས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་ཟུང་བཞི་ལས། དང་པོ་ཞི་བ་གཉིས་ནི། དེ་ཉིད་ལས། མ་ལུས་སེམས་ནི་མཐའ་བྲལ་ཕྱིར། །རང་བཞིན་རྣམ་དག་མངོན་དུ་བྱ། །གཉིས་པ་རྒྱས་པའི་གཉིས་ནི། སེམས་གཏེར་རྟོག་ཚོགས་དཀྱིལ་འཁོར་ཕྱིར། །བྱིན་རླབས་བསྡུས་འཕེལ་མངོན་དུ་བསྒོམ། །གསུམ་པ་དབང་གི་གཉིས་ནི། ཐམས་ཅད་བདག་ཕྱིར་ཐ་མི་དད། །ཤིན་ཏུ་ཞེན་པ་ཉིད་ཀྱིས་འགྲུབ། །ཆགས་པ་ཆེན་པོ་ཉིད་དུ་བཤད། །བཞི་པ་དྲག་པོའི་གཉིས་ནི། རང་བཞིན་གཅིག་ཕྱིར་དངོས་མེད་འཇིགས། །ལོག་རྟོག་ཁྲོས་པའི་སེམས་ཀྱིས་བསྐུལ། །ཡང་དག་ཞེ་སྡང་ཆེན་པོར་གསུངས། །ཞེས་སོ། །ཡང་ན་གདུང་སེམས་ནི། ཞི་བ་ལ་ཞི་ཞིང་དྭངས་པ། རྒྱས་པ་ལ་སྤྲོ་ཞིང་དགའ་བ། དབང་ལ་ཞེན་ཅིང་ཆགས་པ། དྲག་པོ་ལ་ཁྲོ་ཞིང་གཏུམ་པའི་སེམས་ཀྱིས་ཏེ། གསང་སྙིང་ལས། དྭངས་པ་དགའ་བ་ཆགས་པ་དང་། །ཁྲོས་པས་ཀཱ་ལི་རབ་ཏུ་བྱ། །ཞེས་སོ། །བཅུ་གཅིག་པ་ཡུམ་ནི། ཞི་བ་ལ་བོང་ཆུང་བ། བཞིན་ལུས་མཛེས་པ། མདོག་དཀར་བ། རྒྱས་པ་ལ། བཞིན་གྲུ་བཞི། ཤ་དང་ནུ་མ་རྒྱས་ཤིང་རྣ་བ་འཕྱང་བ། མདོག་སེར་པོ། སྤུན་ཟླ་མང་བ། དབང་ལ་བཞིན་ཟླ་གམ། ཤ་དམར། ལུས་མཛེས་པ། སྤུན་ཟླ་མེད་པའོ། །དྲག་པོ་ལ་བཞིན་གྲུ་གསུམ། ཤ་ནག་ལ་སྐྲ་རྩུབ་པ། ངག་གཏུམ་པའོ། །དེ་ལྟར་བཞི་ལས། དང་པོ་ཞི་བའི་གཟུངས་མ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། བོང་ཆུང་ལུས་མཛེས་ཟླ་བའི་མདོག །གཡས་འཁྱིལ་ལུས་ཀྱང་དེ་བཞིན་ཤེས། །སྐད་གསལ་སྔགས་ཟློས་ཡིད་མི་སྐྱོ། །ཁྲོ་ཡང་དེ་བཞིན་ཞི་ལ་སྦྱར། །རྒྱས་པའི་ཡུམ་ནི། ཡང་། བན་གླང་སེར་མོ་གྲུ་བཞི་མ། །རྣ་བ་འགྲམ་ཟླ་རིང་ཤ་རྒྱས། །ཡན་ལག་ཟླ་མང་ལས་ལ་མཁས། །དལ་ཞིང་བློ་གྲོས་ལྡན་པ་ནི། །འཕེལ་བའི་དུས་སུ་འདི་ཤེས་བྱ། །ཞེས་སོ། །བཅུ་གཉིས་པ་བསྒྲུབ་བྱ་ནི། ཞི་བའི་བསྒྲུབ་བྱ་ནི། བདག་གཞན་ལ་གཏུམ་ཞིང་རྔམ་པའི་དགྲ་བགེགས་དང་། རང་གི་སེམས་ཀྱི་ཉོན་མོངས་པ་རྣམ་རྟོག་ཆེ་བ་དང་། གཞན་གྱི་རྦོད་གཏོང་ངན་པ་ལ་སོགས་པ་རྣམས་སོ། །རྒྱས་པའི་བསྒྲུབ་བྱ་ནི། ཚེ་དང་བསོད་ནམས་དང་ལོངས་སྤྱོད་ལ་སོགས་པ་མི་ལྡན་པ་དེ་ལ། གཞན་ཚེ་དང་བསོད་ནམས་ལོངས་སྤྱོད་དང་ལྡན་པ་གཅིག་བཀུག་ནས། དེ་ལ་བསྟིམ་པའོ། །དབང་གི་བསྒྲུབ་བྱ་ནི། བདག་ལ་ཕོ་མོ་དགྲ་བགེགས་གང་ཡིན་པ་མི་མོས་ཤིང་མི་འདུད་པ་དེ་བཀུག་སྟེ་དབང་དུ་བསྡུ་བའོ། །དྲག་པོའི་བསྒྲུབ་བྱ་ནི། བསྒྲལ་བའི་ཞིང་བཅུ་པོ་ཚར་བཅད་པའོ། །དེ་ཡང་། སྦྱིན་སྲེག་རྩ་བ་ལས། བདག་གཞན་གནོད་པའི་སེམས་དང་ནི། །སྦྱོར་བ་ངན་པའི་རིག་སྔགས་ལས། །ཁམས་རྐྱེན་ལས་གྱུར་གནོད་མང་བ། །གསུམ་པའི་ལས་ལ་སྦྱོར་བྱ་ཞིང་། །ལྷ་ཡང་དེ་བཞིན་ཤེས་པར་བྱ། །ཞིང་བཅུར་གྱུར་པའི་སེམས་ཅན་དང་། །དམ་པའི་ཆོས་འཇིག་མ་རུང་བྱེད། །དཔའ་བོས་དགོས་པ་ཡོད་པའི་ཕྱིར། །ཀུན་ལ་ཕན་ཕྱིར་དེ་བྱའོ། །ཞེས་སོ། །བཅུ་གསུམ་པ་ལས་བཞི་སོ་སོའི་ལིངྒའི་རྒྱུ་ནི། བསྒྲུབ་རྒྱ་གང་ཡིན་པའི་དམ་རྫས། དྲི་མ། རྗེས་ཀྱི་ས། གོས་ལ་སོགས་པ་ཞི་བའི་ལིངྒའི་རྒྱུ་དང་། རྫས་དེ་ལ་གཞན་གྱི་ལོངས་སྤྱོད་རྒྱས་པའི་ཐབས་སུ་བསྡུ་བ་ནི་རྒྱས་པའི་རྒྱུ་དང་། དམ་རྫས་ཀྱི་ཐོག་ཏུ་རོ་སྒྱུར་བའི་རྫས་བསྣན་པ་ནི་དབང་གི་རྒྱུ་དང་། དེའི་ཐོག་ཏུ་དུག་དང་ཚ་བ་གསུམ་དང་ཤ་ཆེན་དང་ར་དང་བ་གླང་གི་ཤ་བསྣན་པ་ནི་དྲག་པོའི་ལིངྒའི་རྒྱུའོ། །དེ་ཡང་གསང་སྙིང་ལས། བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དང་བཅས་པར་བྱ། །ཞེས་སོ། །རྒྱུ་དེ་ལས་ལིངྒ་བྱས་ཏེ། དེའི་དབྲལ་བར་དུས། སྙིང་ཀར་སྲོག །ལྟེ་བར་མིང་། བརླ་ལ་བླ་དྭགས། འདོམས་སུ་ལས་བཞི་གང་ཡིན་གྱི་སྔགས་སྤུ་གྲི་དང་བཅས་པ་བྲིས་ལ། ལས་བཞི་གང་བྱེད་ཀྱི་བྲུབ་ཁུང་དུ་བཞག་གོ། །བཅུ་བཞི་པ་མེ་མཆོད་ཀྱི་རྫས་ལ་ཡང་། སྦྱིན་སྲེག་རྩ་བ་ལས། གཉིས་པ་རྣམ་པ་ལྔར་བཤད་དེ། །ཞེས་གསུངས་པས་རྫས་ལ་ལྔ་སྟེ། ལས་བཞི་གང་བྱེད་ཀྱི་བསྲེག་ཤིང་། ཡམ་ཤིང་དང་། ལིངྒའི་རྒྱུ་དང་། གཏོར་མ་དང་། བསྲེག་རྫས་དང་ལྔའོ། །དེ་ཉིད་ལས། མེ་ཡི་རྫས་གཉིས་བསྲེག་ཤིང་དང་། ཞེས་པས། དང་པོ་བསྲེག་ཤིང་ནི། ཤིང་གཅིག་ལ་བྱེད་ན། ཞི་བ་ལ་རྩེ་མོའི་ཆ་ལས་བྱུང་བའི་སོར་བཅུ་གཉིས་པའོ། །རྒྱས་པ་ལས། ཡལ་ག་ལས་བྱུང་བའི་སོར་བཅུ་དྲུག་པའོ། །དབང་ལ། སྡོང་པོའི་ཆ་ལས་བྱུང་བ་སོར་བཅུ་དྲུག་པའོ། །དྲག་པོ་ལ་རྩ་བའི་ཆ་ལས་བྱུང་བའི་སོར་བཞི་པའོ། །ཉིད་ལས། རྩེ་མོ་ཞི་བྱེད་ཡལ་ག་རྒྱས། །སྡོང་པོ་རྩ་བ་མངོན་སྤྱོད་དེ། །ཞེས་སོ། །ཤིང་ཐ་དད་ལ་བྱེད་ན། ཤིང་དཀར་སེར་འཇམ་པོ་ལ་ཞི་རྒྱས་གཉིས། དམར་ནག་ཚེར་མ་ཅན་ལ་དབང་དྲག་གི་བསྲེག་ཤིང་བྱ་བ་སྟེ། དེ་ཉིད་ལས། ཁ་དོག་ལས་ཀྱིས་སྦྱར་བའོ། །ཞེས་སོ། །གཉིས་པ་ཡམ་ཤིང་ནི། ཡང་། ཤུག་པ་ཙནྡན་དཀར་པོ་དང་། ཨུ་དུཾ་ཝཱ་ར་འོ་མའི་ཤིང་། ཞི་རྒྱས་ཡམ་ཤིང་ཤེས་པར་བྱ། དམར་ལ་དྲི་ཞིམ་ཤིང་རྣམས་དང་། དུག་ཤིང་ཚེར་མ་ཅན་དག་ལ། ཚིལ་བྱུག་དབང་དྲག་མེ་སྦར་རོ། །གསུམ་པ་ལིངྒའི་རྒྱུ་ནི་གོང་དུ་སོང་ལ། བཞི་པ་གཏོར་མ་ལའང་ཞི་བའི་གཏོར་མ་ནི། ཡང་། འོ་མ་འབྲས་ཆན་དངུལ་ཕྱེ་དང་། །མེ་ཏོག་དཀར་པོའི་གཏོར་མ་ཞི། །རྒྱས་པའི་གཏོར་མ་ནི། ཡང་། ལྡོང་རོས་གྲོ་ཆན་ཞོ་རྒུན་འབྲུ། །མེ་ཏོག་གསེར་ཕྱེ་རྒྱས་པའོ། །དབང་གི་གཏོར་མ་ནི། ཟངས་ཕྱེ་ནས་རམ་འབྲས་ཆེན་དམར། །བུ་རམ་པདྨ་རཀྟ་སྦྱར། །ཐམས་ཅད་སྡུད་པའི་གཏོར་མ་ཡིན། །དྲག་པོའི་གཏོར་མ་ནི། དུག་རྣམས་ལྕགས་ཕྱེ་རྡོ་ཕྱེ་དང་། །ར་ཁྱི་ཁྲག་དང་ཤ་ཆེན་དང་། །དུར་སོལ་དུར་ཁའི་ཆན་རྣམས་ནི། །གསོད་པར་བྱེད་པའི་གཏོར་མ་ཡིན། །ཅེས་སོ། །ལྔ་པ་བསྲེག་རྫས་ལའང་། ཞི་བའི་བསྲེག་རྫས་ནི། མར་དཀར་ཏིལ་དཀར་ནས་དཀར་ཆན། །དཀར་གསུམ་ཙནྡན་དཀར་པོའི་ཤིང་། །ཐམས་ཅད་ཡེ་ཤེས་བདུད་རྩི་སྟེ། །ཐ་མས་ཡེ་ཤེས་མེས་སྐྱེད་དོ། །རྒྱས་པའི་བསྲེག་རྫས་ནི། ཡང་། ཞོ་དང་མར་རྙིང་བུ་རམ་སྦྲང་། །རྒུན་འབྲུ་སྟར་རྒ་ཤང་ཙེ་དང་། །དྲི་ཞིམ་གསེར་ཕྱེ་རྒྱས་པའོ། །དབང་གི་བསྲེག་རྫས་ནི། ཡང་ཏནྟ་ལི་དང་ཤང་ཙེ་དང་། །ཀེ་ཚེ་ཚ་བའི་མར་དག་དང་། །དམར་པོའི་ཤིང་དང་འབྲས་དག་གིས། །ཐམས་ཅད་འགུག་པའི་མཆོག་ཏུ་གསུངས། །དྲག་པོའི་བསྲེག་རྫས་ནི། ཡང་། དུག་དང་ཚིལ་ཆེན་སྐེ་ཚེའི་མར། །སྲན་ཆན་ཁྲག་སྣ་ཚོགས་ཚད་དང་། །ཚེར་མ་བ་གླང་ཤ་ཡིས་གསོད། །འབྲས་བུ་གདོན་ཕྱིར་ཚོགས་པར་བྱའོ། །ཞེས་སོ། །བཅོ་ལྔ་པ་ཆ་རྐྱེན་ནི། གཞན་ཡང་རྩ་བའི་དཀྱིལ་འཁོར་ལ་མཆོད་པ་ལ་སོགས་པའི་ཡོ་བྱད་གང་མཁོ་རྣམས་ཚང་བར་སྦྱར་བར་བྱའོ། །གཉིས་པ་ལས་ཀྱི་རིམ་པའོ། །དྲང་། འཕྲིན་ལས་བྱ་བའི་ཐབས་ཀྱི་གཙོ་བོ་ནི་སྦྱིན་བསྲེག་ཡིན་པས། དེའི་འཕྲིན་ལས་ཀྱི་རིམ་པ་དང་། ཕྲིན་ལས་ཀྱི་སྐབས་སུ་དགོས་པའི་བྲུབ་ཁུང་གི་ལིང་ག་ལ་ལས་བཞི་རང་རང་གི་བསྒྲུབ་པར་བྱ་བ་དེ་བཀུག་ཅིང་བསྟིམས་ནས། དེ་ལ་ཕུར་པ་གདབ་པ་དང་། ཕྲིན་ལས་ཀྱི་མཐའ་རྫོགས་པར་བྱ་བའི་ཕྱིར་བྲོ་བསྟབ་པ་དང་བཅས་པའི་ཆ་རྐྱེན་རྣམས་ཚང་བར་བྱ་བ་ཡིན་ནོ། །བྱ་ཐབས་དེ་དག་རྒྱས་པར་བཤད་ན། ཞི་ཁྲོ་གང་ཡིན་གྱི་རྩ་བའི་དཀྱིལ་འཁོར་སྔོན་འགྲོ་ཡན་ལག་བརྒྱད་པ་ནས་བཟུང་སྟེ། མཆོད་འབུལ་བསྟོད་པ་བསྙེན་པ་མན་ཆད་ཚང་བ་དང་། དེ་ནས་ཏ་ན་སྒྲོལ་བ་སྟེ། ལིངྒ་ལ་འགུགས་གཞུག་ལ་སོགས་པ་བསྒྲལ་ལས་བྱ་བ་དང་། དེ་ནས་གྷ་ན་སྦྱོར་བ་སྟེ་རྣམ་ཤེས་སྤར་ཆོག་བྱ། དེ་དག་ཤིན་ཏུ་རྒྱས་པར་ན། སྦྱིན་བསྲེག་བྱ་ཐབས་ཀྱི་རིམ་པ་ལ་གཉིས་ཏེ། སྔོན་འགྲོའི་ཆོ་ག་དངོས་སོ། །དང་པོ་བཤམ་པ་ནི། རྫས་དང་ཡོ་བྱད་ལྡན་བྱས་ལ། །ས་གཞི་སྦྱངས་ཏེ་གཟུགས་བརྙན་སྦྱར། །སྟོང་གྱུར་མགོན་ལ་ལས་བཅོལ་ཞིང་། །ཀུན་ཀྱང་འཚམས་བྱ་བགོ་བ་བྱའོ། །ཤིང་གཉིས་མཆོད་རྫས་ལེགས་བཀོད་དེ། །ཁ་དོག་མེ་དར་ལེགས་པར་དགབ། །ལིངྒའི་གནས་ནི་གཟུགས་བརྙན་ཚུལ། །མིང་རུས་ལྡན་པའི་ཕུར་པས་བསྐོར། །གཉིས་པ་སྔོན་འགྲོའི་ཆོ་ག་དངོས་ནི། རྡོ་རྗེའི་གུར་གྱིས་ཕྱོགས་བཅིངས་ཞིང་། །ཉི་མ་ཟླ་བ་ལས་གཉིས་ཀྱིས། །གཞོང་པ་སྣོད་ཀྱི་རྫས་རྣམས་ལ། །ལས་ཀྱི་ཧཱུྃ་ལ་འབྲུ་ལྔ་དགོད། །འཕྲོ་འདུ་བདུད་རྩི་ཁ་དོག་ལྡན། །མང་ཞིང་སྣ་ཚོགས་རོར་ལྡན་བྱ། །ཞེས་སོ། །གཉིས་པ་ལས་རིམ་དངོས་ལ་གསུམ་སྟེ། ལས་སྦྱོར་གྱི་ཕྲིན་ལས་ཞི་ཁྲོ་གཞུང་བསྲང་བ་དང་། ལིངྒ་འགུགས་གཞུག་བྱ་བ་དང་། སྦྱིན་སྲེག་གི་ལས་རིམ་བྱའོ། །དང་པོ་ནི། དཀྱིལ་འཁོར་ལས་ཀྱི་གཞུང་བསྲངས་ལ། །སྣ་ཚོགས་མཆོད་དོན་རྒྱས་པར་འབུལ། །ཚོགས་ཀྱི་འཁོར་ལོ་ལེགས་པར་བརྟགས། །མཆོད་པ་ཆེན་པོའང་འབུལ་བར་བྱ། །ས་བོན་རང་གི་འབྲུ་འོད་ཟེར། །ཡེ་ཤེས་དཀྱིལ་འཁོར་བསྐུལ་བར་བྱ། །ཁམས་གསུམ་བྱིན་རླབས་དག་བསྡུས་ཏེ། །བསྒྲུབ་བྱ་ཉེ་བར་སྦྱར་བ་དང་། །སྲོག་དང་ལྡན་པའི་བཟླས་པ་ནི། །ཞལ་གྱི་རང་སྔགས་ཁྲི་འབུམ་དུ། །རྣམ་པ་གསུམ་གྱི་བྱ་བ་དག །ཤིན་ཏུ་སྟོངས་གྱུར་རྒྱས་པར་བྱ། །ཞེས་སོ། །གཉིས་པ་ནི། ཁམས་གསུམ་གང་བའི་དཀྱིལ་འཁོར་ནི། །རྔམ་ཞིང་འོད་ཟེར་འབར་བར་བྱ། །བདག་ཉིད་འཛིན་པའི་ཕྱག་རྒྱ་སྟེ། །མཚན་ལ་བཟུང་ནས་རང་སྔགས་འདོན། །རོལ་པའི་ཕོ་ཉ་བཀའ་ཉན་ཚོགས། །ཕྱག་རྒྱ་བཞི་ལྡན་སྒྲ་སྐད་གྲགས། །ཁམས་གསུམ་དཀྲུགས་ཏེ་བྲལ་བྱས་ནས། །བསྒྲུབ་བྱ་མངོན་དུ་སྦྱར་བར་བྱ། །ཞེས་པས། ཚོགས་ཐ་མ་ལ་ལིངྒ་བྱས་པས་བྲུབ་ཁུང་ནང་དུ་བྲུབ་ལ་དགུག་གཞུག་བྱ། གཏོར་བསྐུལ་བྱས་ལ་གཏོར་ཐུན་དབབ། །ཕུར་བསྐུལ་བྱས་ལ་ཕུར་པ་གདབ། །མཚོན་ཆའི་ཆར་དབབ་གྲིས་གཏུབས་ལ། །བསྲེག་རྫས་དང་བསྲེ་ལ་བཞག་གོ། །དེ་ནས་མེ་མཆོད་སྦྱིན་སྲེག་གི་རིམ་པ་ནི། མེ་ལྷ་དང་། བསྲེག་ལྷ་གཉིས་ལས། དང་པོ་ནི། མེ་མཚམས་བཅད་ཅིང་བགེགས་བསྐྲད་ལ་སོགས་བྱས་ལ། མེ་ལྷ་ནི་ལས་བཞི་གང་བྱེད་ཀྱི་མེ་ལྷའི་དམ་ཚིག་པ་བསྐྱེད། དབང་བསྐུར། བྱིན་གྱིས་བརླབས། ཡེ་ཤེས་པ་སྙན་གསན་དབབ། སྤྱན་དྲངས་ནས་དམ་ཚིག་པ་ལ་བསྟིམ། མཆོད་བསྟོད་བྱ། ལས་བཞི་གང་བྱེད་ཀྱི་སྨོན་ལམ་གདབ་བོ། །གཉིས་པ་བསྲེག་ལྷ་ནི། ལས་གཞི་གང་བྱེད་ཀྱི་དམ་ཚིག་པ་བསྐྱེད། དབང་བསྐུར་གྱིས་བརླབས། ཡེ་ཤེས་ཀྱི་ལྷ་དབབ་དྲང་བསྟིམ། དང་པོ་མཆོད་རྫས་རྣམས་འབུལ། དེ་ནས་ལས་བཞི་གང་བྱེད་ཀྱི་བསྲེག་རྫས་སྔགས་ཀྱིས་འབུལ། བདེན་པ་དང་སྨོན་ལམ་གདབ་ནས་བསྟོད་པ་བྱ། བྲོ་བྱའོ། །དེ་ཡང་དེ་ཉིད་ལས། རྗེས་སུ་མཐུན་པའི་གཞལ་ཡས་སུ། །སྦྱིན་ལྷ་སོ་སོའི་གདན་ལྟར་བསྒོམ། །མེ་དཔུང་འབར་བའི་མཚན་ཅན་དུ། །མེ་ལྷ་ཨགྣེ་ཛཿས་བཀུག་ནས། །ཕྱག་རྒྱ་བཞི་ཡིས་ངེས་བཀུག་ལ། །རྃ་ཞེས་པ་ཡིས་མེ་སྦར་ནས། །གཟར་བུ་རིགས་ཀྱི་མཚན་བཅས་པ། །མཆོད་པ་བདུད་རྩི་རྒྱས་པར་འབུལ། །དེ་དབུས་འཁོར་ལོ་གསལ་གདབ་སྟེ། །གཉིས་པའི་ལྷ་རྣམས་སྤྱན་དྲངས་བསྟིམ། །མར་དང་ཤིང་བུ་ཆན་ལ་སོགས། །མར་གྱི་ཨརྒ་རྒྱས་པར་འབུལ། །གཅིག་མིན་ཐམས་ཅད་བདུད་རྩི་སྟེ། །ཡང་ན་ལན་གསུམ་བརྒྱ་རྩ་བརྒྱད། །སྟོང་ངང་འབུམ་སོགས་ཅི་ནུས་འབུལ། །དུག་གསུམ་མཆོད་པ་དེ་བཞིན་བྱ། །དབང་མེད་ཞལ་དུ་ཐིམ་པར་འབུལ། །མིང་དང་ལས་བཞིའི་སྔགས་ཀྱིས་འབུལ། །འགྲུབ་འགྱུར་ཐེ་ཚོམ་མེད་ཅེས་བཤད། །ཅེས་དང་ཡང་། གཟུགས་བརྙན་ལུ་གུ་རྒྱུད་བསྐོར་ལ། །ཨེ་ལ་སོགས་པའི་དཀྱིལ་འཁོར་དུ། །རྗེས་སུ་མཐུན་པའི་ལྷ་བསྒོམས་ལ། །སླས་དང་བྱི་མོའི་ཚོགས་ཀྱིས་བསྐོར། །ཁམས་གསུམ་གང་བར་སྦྱར་བར་བྱ། །སྲོག་དང་ལྡན་པའི་བྲོ་སྟབས་གར། །ཕྱོགས་བཅུ་མ་ལུས་ཀུན་ནས་ནི། །བསྒྲུབ་བྱ་དབུས་སུ་ལེགས་བརྟག་སྟེ། །ས་བོན་འོད་ཟེར་ལས་བཞི་ཀུན། །བསྟིམས་ནས་བསམ་པ་འགྲུབ་པར་བྱ། །རྗེས་སུ་མཐུན་པའི་སྨོན་ལམ་གདབ། །ཅེས་སོ། །དེ་ནས་ལྷག་མའི་ལས་དག་ནི། དེ་ཉིད་ལས། བདག་ཉིད་འདུས་པའི་དབང་ཕྱུག་ཏུ། །ལས་བཞིན་མཉམ་བཞག་ཁྲོ་བོ་ཡིས། །འཁོར་གྱི་བྲན་དེ་བཞིན་ཤེས། །ཕྲ་མན་ཚོགས་རྣམས་བསྐུལ་བསྡུས་ཏེ། །ལས་བཞིའི་དཀྱིལ་འཁོར་དེ་དག་ཏུ། །ལྷག་མ་ཁ་ཆུའི་བཀོད་པ་རྣམས། །ཞེས་པས། ལྷག་མ་བཏང་། བརྟན་མ་བསྐྱངས། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས། བསྲེག་ལྷ་དང་མེ་ལྷའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ་ཚོམ་བུ་དང་དཀྱིལ་འཁོར་བསྡུ་ལ། ལས་ཀྱི་རྗེས་མི་མངོན་པར་བྱ་ཞིང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པ་ཡན་ཆད་ཀྱིས་སྦྱིན་སྲེག་གི་ལས་རྫོགས་སོ། །དྲུག་པ་དུས་དང་། དྲང་། སྦྱིན་བསྲེག་བྱ་བའི་སྐབས་ནིི་དབང་བསྐུར་བའི་དུས་ས་ཆོག་གི་སྐབས་ལ་ཞི་བའི་སྦྱིན་སྲེག་དང་། སྟ་གོན་ལ་དྲག་པོའི་དང་། རབ་གནས་ཀྱི་དུས་སུ་རྒྱས་པའི་དང་། དབང་ངོ་བོའི་དུས་སུ་དབང་ངོ་། །བསྒྲུབ་པའི་དུས་སུ་ལས་སྦྱོར་ལ་ལས་བཞི་བྱ་བ་དང་། མཆོད་པ་བྱེད་པའི་དུས་དང་། དམ་ཚིག་ཆག་ཉམས་བཤགས་པའི་ཚེ་ན་དགོས་པ་དང་། ལས་བཞི་རང་རང་གིས་གདུལ་བྱ་འདུལ་བའི་དུས་ལ་བབ་པའི་ཚེ་ན་དགོས་པའོ། །བདུན་པ་ཁྱད་པར་དང་། དྲང་། ཕྲིན་ལས་ཀྱི་རིམ་པ་མཐོ་དམན་གྱི་ཁྱད་པར་ནི་ཟག་བཅས་ཚོགས་ལམ་རྣལ་འབྱོར་བཞིའི་དུས་སུ་ལྷག་པ་གཟུགས་བརྙན་ལ་བརྟེན་པས་རྒྱ་ཆུང་། བར་ཆད་མེད་པ་ཚོགས་སྒྲུབ་པའི་དུས་སུ་ཏིང་ངེ་འཛིན་ལ་བརྟེན་པས་འབྲིང་། དེ་དག་མཐར་ཕྱིན་པའི་ལམ་རིག་འཛིན་གྱི་དུས་སུ་ལས་བཞི་ལྷུན་གྱིས་གྲུབ་པས་རྒྱ་ཆེ། དེ་ལྟར་མཐོ་དམན་དང་རྒྱ་ཆེ་ཆུང་གིས་ཕྱེ་བའམ། ཡང་ན་བློའི་ཤེས་རབ་ཀྱི་དབང་པོ་རབ་འབྲིང་ཐ་མ་རྣམ་པ་གསུམ་གྱི་ཕྱེ་བས། ལས་བཞི་ལ་ནུས་མཐུ་ཆེ་ཆུང་དང་། བྱིན་རླབས་ཀྱིས་ཡུལ་གདུལ་བྱ་ལ་དོན་འགྱུར་ཆེ་ཆུང་དང་། ངོ་བོ་ལ་མོས་པ་དང་ནུས་པའི་ཁྱད་པར་དང་། ལས་བཞི་བྱ་ཐབས་ལ་སྔགས་དང་རྫས་ཏིང་ངེ་འཛིན་དགོས་མི་དགོས་དང་བཞི་ལ་ཁྱད་པར་ཡོད་པ་ནི། དཔེར་ན་སྐན་ཚའི་གདོང་བུ་ལ་མཐོན་དམན་ཡོད་པ་ཅི་ལྟ་བུ་ཡིན་པའོ། །བརྒྱད་པ་སྐྱོན་དང་། དྲང་། ལས་བཞི་ཉམས་སུ་མ་བླངས་ན་དམ་ཚིག་ཆག་ཉམས་མི་སྐོང་སྒྲིབ་པ་མི་འབྱོང་ཚོགས་མི་རྫོགས་པ་དང་། བདག་གཞན་གྱི་དོན་གཉིས་མི་འགྲུབ་པ་རྣམས་འཕྲིན་ལས་མ་བྱས་པ་དེའི་སྐྱོན་ཡིན། དགུ་པ་ཡོན་ཏན་ནོ། །དྲང་། གོང་གི་ལས་བཞི་དེ་ལྟར་བྱས་ན་སྐྱོན་དེ་ལས་བཟློག་པའི་ཡོན་ཏན་གྱི་ཚུལ་དང་ལྡན་པ་སྟེ། གང་ཞེ་ན། དམ་ཚིག་ཉམས་བསྐངས། སྒྲིབ་པ་དག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས། བདག་གཞན་གྱི་དོན་གཉིས་འགྲུབ་པ་སྟེ། དེ་ནི་ཡོན་ཏན་ཉིད་དུ་ཡིན་པར་ཤེས་པར་བྱའོ། །བཞི་པ་དམ་ཚིག་ལ་གཉིས། བགྲང་། དང་པོ་བསྟན་པ་དང་། དྲང་། ཡན་ལག་བཞི་པ་ལམ་དང་འབྲས་བུའི་གཞི་དམ་ཚིག་གིས་བཟུང་བས་ན་ས་གཞི་གཤིན་པོ་དང་འདྲ་བ་དེའི་སྡོམ་ཚིག་ནི་འདི་ལྟ་སྟེ། དམ་ཚིག་གི་ངོ་བོ་དང་། རྣམ་གྲངས་དང་། དམ་ཚིག་བསྲུང་བའི་དགོས་ཆེད་དང་། བསྲུང་བའི་དུས་ལ་རིམ་པ་ཡོད་ཚུལ་དང་། འདི་ལ་བསྲུང་བྱ་ཐམས་ཅད་རྫོགས་པའི་ཆེ་བ་དང་། དམ་ཚིག་བསྲུངས་པའི་ཡོན་ཏན་དང་། ཉམས་ན་བསྐང་བའི་ཐབས་རྣམས་དང་། མ་བསྲུངས་པའི་སྐྱོན་དང་བརྒྱད་པོ་དག་གིས་ནང་དུ་ངེས་པར་མ་ནོར་བར་འོག་རྒྱས་བཤད་ཀྱི་དམིགས་རྣམས་ཡོངས་སུ་ཤེས་པར་བྱའོ། །གཉིས་པ་བཤད་པ་དེ་ལ་བརྒྱད་དེ། བགྲང་། དང་པོ་ངོ་བོ་དང་། དྲང་། གསང་སྔགས་བླ་མེད་ཀྱི་སྒོར་ཞུགས་པའི་གང་ཟག་ཐམས་ཅད་ཀྱི། ལུས་ངག་ཡིད་གསུམ་གྱི་སྒོ་གསུམ་གྱི་བླ་མེད་རང་གཞུང་གི་རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་བྱ་ཐམས་ཅད་ལ། དཔེར་ན་རྒྱལ་པོའི་ཁ་འོག་གི་མི་རྣམས་ཀྱིས་རྒྱལ་པོའི་བཀའ་ཤོག་གི་རྟགས་སྣང་ན་འདའ་མི་ཕོད་པ་ཅི་ལྟ་བར་ཉམས་པར་མི་བྱེད་ཅིང་མི་འབྲལ་ནས་བསྲུང་བྱར་སྡོམ་པ་དེ་དམ་ཚིག་གི་ངོ་བོ་ཡིན་ནོ། །གཉིས་པ་རྣམ་གྲངས་དང་། དྲང་། ཐུན་མོང་སྤྱིའི་རྣམ་གྲངས་ནི། ལྷ་མིའི་དགེ་བཅུ། ཉན་ཐོས་ཀྱི་འདུལ་ཁྲིམས། བྱང་སེམས་ཀྱི་སེམས་བསྐྱེད་ལ་སོགས་དོན་འགྱུར་དུ་སྣང་ན་ཉམས་སུ་བླངས་ལུགས་ཐུན་མོང་གི་གཞུང་གཞན་ནས་བཤད་པའི་བསྲུང་བྱ་རྣམས་ཀྱང་འགྲོ་བ་སེམས་ཅན་དྲང་བའི་དོན་དུ་བསྲུང་དགོས་པ་དང་། ཁྱད་པར་གསང་སྔགས་རང་གཞུང་གི་དམ་ཚིག་རྩ་བ་དང་ཡན་ལག་དེ་དག་གི་བསྲུང་བྱའི་རྣམ་གྲངས་ནི། མདོར་བསྡུས་པ་དང་། འབྲིང་པོ་དང་། རྒྱས་པ་གསུམ་མོ། །སྲུང་མཁན་གྱི་གང་ཟག་ལ་བློ་རབ་འབྲིང་ཐ་མ་གསུམ་ལས། དང་པོ་བློ་རབ་ལ་དོན་གྱི་མདོ་ནི་མཉམ་པ་ཉིད་ཀྱི་དམ་ཚིག་ཡིན་ཏེ། གསང་སྙིང་ལས། མཉམ་ལ་མཉམ་པར་སྦྱོར་བ་ཡིས། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །འདས་ན་སངས་རྒྱས་མ་ཡིན་ནོ། །ཞེས་པ་དང་། རྣམ་གྲངས་ཀྱི་མདོ་ནི་རྩ་བ་དང་ཡན་ལག་གི་དམ་ཚིག་བཅོ་ལྔ་པོ་ཡིན་ཏེ། དེ་ཉིད་ལས། བླ་མེད་མི་སྤང་བླ་མ་བསྐུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་བཅུད་མི་དོར་རོ། །ཞེས་སོ། །གཉིས་པ་བློ་འབྲིང་ལ་དམ་ཚིག་སུམ་བརྒྱ་དྲུག་ཅུར་དབྱེ་བ་སྟེ། དེ་ཉིད་ལས། རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཡན་ལག་དམ་ཚིག་ལྔ་གཉིས་ལ། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་གསུངས་པའི་རྣམ་གྲངས་ཀྱི་དབྱེ་བ་ནི། ཕྲ་རྒྱས་འབྱེད་པ་ལས། ཕྱི་མ་རྩ་བ་ཡན་ལག་ལས། །ལྔ་བཅུ་བརྒྱ་དང་དྲུག་ཅུ་དང་། །གཉིས་བརྒྱའི་བསྲུང་བྱ་མ་ལུས་པ། །བཀའ་ལུང་གཉིས་ཀྱི་རྗེས་སུ་ཞུགས། །པཉྩའི་སྙིང་ལག་ཤེས་བྱ་བ། །དང་པོ་ཉིད་ལས་ཐབས་སྤྱོད་དང་། །ཤེས་རབ་ཉིད་ཀྱིས་གཉིས་འགྱུར་ཡིན། །རེ་རེའང་བསྲུང་བྱ་བཅུ་གསུམ་སྟེ། །ཞེས་གསུངས་པས། རྩ་བའི་དམ་ཚིག་གཅིག་ལ་ཡང་། ཤེས་རབ་རང་བཞིན་མེད་པའི་ལྟ་བ་དང་། ཐབས་མ་འགགས་པར་སྤྱོད་པ་གཉིས་སུ་ཕྱེ་བས་བཅུ་དང་། དེ་དག་སྤྱི་རུ་བཞག་ནས། བྱེ་བྲག་ཏུ་རྩ་བ་ལྔ་པོ་རེ་ལ་ཡང་སུམ་ཅུ་རེ་རེ་སྟེ། བརྒྱ་དང་དྲུག་ཅུ། ཡན་ལག་གི་དམ་ཚིག་བཅུ་པོ་རེ་རེ་ལ་ཉི་ཤུ་རེ་རེ་དབྱེ་བས་གཉིས་བརྒྱ་སྟེ། ཀུན་བསྡོམས་ན་སུམ་བརྒྱ་དྲུག་ཅུའོ། །གསུམ་པ་བློ་ཐ་མའི་གདུལ་བྱའི་སྣང་ངོར་དམ་ཚིག་གི་རྣམ་གྲངས་མཐའ་ཡས་པ་གསུང་སྟེ། གསང་སྙིང་ལས། དམ་ཚིག་རྣམས་ནི་རྨད་པོ་ཆེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །སྲིད་གསུམ་འགྲོ་བ་ཅི་སྙེད་པ། །རྟོག་འདུལ་དམ་ཚིག་དེ་སྙེད་སྤྲོ། །ཞེས་གསུངས་པ་རྣམས་ཏནྟྲ་སྟེ་རྒྱུད་གསང་བའི་སྙིང་པོའི་ནང དུ་གསུངས་པས་དེར་སྙིགས་ཏེ་ཤེས་པར་བྱ་བ་རྣམས་ནི་དེ་ལྟ་བུ་ལ་བྱའོ། །གཞན་ཡང་ཐེག་ཆེན་མ་ཧཱ་རང་གཞུང་གི་ས་ལམ་གོང་འོག་ལ་བསྲུང་བྱའི་ཁྱད་པར་ཡོད་པའི་ཕྱིར། ཚོགས་ལམ་རྣལ་འབྱོར་བཞི་དང་། སྦྱོར་ལམ་ཚོགས་སྒྲུབ་དང་ལྔ་པོ་རང་རང་གི་སྐབས་ཀྱི་ལམ་གྱི་ངོ་བོའི་ཆོས་ཉིད་མཉམ་བཞག་དེ་དང་མི་མཐུན་པའི་ཕྱོགས་རྣམས་བསྲུང་བར་བྱའོ། །གསུམ་པ་དགོས་ཆེད་དང་། དྲང་། དམ་ཚིག་དེ་ཉིད་བསྲུང་བ་ཡི་དགོས་ཆེད་ནི། ཁྱད་པར་གསང་སྔགས་རང་གི་དམ་ཚིག་དང་། ཐུན་མོང་སྤྱི་ཡི་དམ་ཚིག་མ་བསྲུངས་པའི་སྐྱོན་ཆའི་ངན་སོང་དང་འཁོར་བར་ལྟུང་ལ། དེར་མི་ལྟུང་བ་ལ་དམ་ཚིག་དགོས་པ་དང་། བསྲུང་བའི་ཡོན་ཏན་གྱི་ཆ་ཡིས་མཐོ་རིས་དང་བྱང་ཆུབ་ཐོབ་པའི་དགོས་ཆེད་ཆེ་བ་དེ་བས་ན། མ་བསྲུངས་ན་ཉེས་ཆེ་བ་དེ་དང་བསྲུངས་ན་ཡོན་ཏན་ཆེ་བ་དེ་ཡིས་དམ་ཚིག་བསྲུང་བའི་དགོས་ཆེད་ཀྱི་ངེས་ཚིག་དེ་འགྲུབ་པ་ཡིན་ཏེ། ལམ་རིམ་ལས། དམ་ཚིག་ཅེས་བྱ་བ། ལོག་ན་ཡོད་པ་མ་ཡིན་ཏེ། །རང་གི་ལྟ་བ་དམ་ཚིག་ཡིན། །མི་གཏོང་ཕྱིར་ཡང་དམ་ཞེས་བྱ། །གཟུངས་སུ་གྱུར་ཀྱང་དམ་ཞེས་བྱ། །དེ་བཞིན་ཉིད་ལས་མི་བྱེད། །དེ་བཞིན་ཉིད་ལྡན་དམ་པ་སྟེ། །དེ་ལས་འདས་ན་ཚིག་པར་འགྱུར། །ཞེས་གསུངས་པས། དམ་ཞེས་པ་ཆོས་ཉིད་ལ་བྱ་སྟེ། དེས་ཁྱབ་ཅིང་མི་འདའ་བས་ན་དམ། དེ་ཉིད་ལྟ་སྒོམ་གྱིས་ཉམས་སུ་ལེན་ཅིང་མི་འདའ་བར་བསྲུངས་ན། འཁོར་བའི་རྒྱུ་ཉོན་མོངས་འབྲས་བུ་དང་བཅས་པ་ཐམས་ཅད་ཚིག་པར་འགྱུར་ལ། དེ་ལས་འདས་ན་མྱ་ངན་ལས་འདས་པའི་བདེ་འབྲས་ཐམས་ཅད་ཚིག་པར་འགྱུར་རོ། །གཞན་ཡང་ཁྱད་པར་གསང་སྔགས་རང་གི་དམ་ཚིག་དང་། ཐུན་མོང་གི་ཐེག་པ་སྤྱིའི་དམ་ཚིག་རྣམས་བདག་གཞན་གྱི་དོན་དུ་བསྲུང་བའི་གདུལ་བྱ་གང་ཡིན་པའི་སྒྲིབ་པ་སྦྱངས་བ་དང་། ཚོགས་བསགས་པའི་དགོས་ཆེད་ཡོད་པའོ། །བཞི་པ་དུས་དང་། དྲང་། ཐུན་མོང་དང་ཁྱད་པར་གྱི་བསྲུང་བྱའི་དམ་ཚིག་གི་རྣམ་གྲངས་ལས་ལམ་མཐོན་དམན་གྱི་རིམ་པ་དང་། དྲང་ངེས་ཀྱི་ཁྱད་པར་ཡོད་པའི་ཕྱིར་ན་ལས་དང་པོ་པའི་དུས་སུ་ཐུན་མོང་གི་དམ་ཚིག་རྣམས་རང་དོན་དུ་བསྲུང་བ་དང་། ཁྱད་པར་གྱི་དམ་ཚིག་རྣམས་མོས་བསྲུང་བྱེད་ལ། ཡེ་ཤེས་དང་ཏིང་ངེ་འཛིན་ལ་དབང་ཐོབ་ནས་ཐུན་མོང་གི་དམ་ཚིག་གཞན་དོན་དུ་བསྲུང་བ་དང་། ཁྱད་པར་གྱི་དམ་ཚིག་ནུས་བསྲུང་བྱེད་པ་ཡིན་པ་དེ་བས་ན། ཚོགས་སྦྱོར་གྱི་ས་ལམ་གྱི་རིམ་པ་གང་ཐོབ་པ་དེ་ཡི་ཚེ་དེ་དུས་ཀྱི་མཉམ་བཞག་ཆོས་ཉིད་དེ་ཉིད་མ་ཡིན་མི་འདའ་བའི་ཐབས་ལ་དམ་ཚིག་དེ་དགོངས་པ་དེ་བས་ན། ས་ལམ་རང་རང་གི་ཏིང་ངེ་འཛིན་དང་མཐུན་པའི་དམ་ཚིག་དེ་བསྲུང་བར་བྱེད་པའི་ཐབས་རྣམས་ཉམས་སུ་བླང་བའི་དུས་ལ་བབ་པ་ཡིན་ནོ། །དེ་ལྟར་ས་ལམ་གང་ཐོབ་པའི་སྐབས་ཀྱི་ཏིང་ངེ་འཛིན་དེ་དང་རང་རང་གི་བསྲུང་བྱའི་དམ་ཚིག་གཉིས་འབྱོར་ན་ཕན་ཡོན་ལ་གཉིས་ཏེ། སྒྲིབ་པ་བྱང་ཚོགས་གཉིས་རྫོགས་ནས་ལམ་ནར་སོན་པའོ། །ལྔ་པ་ཆེ་བ་དང་། དྲང་། སྤྱིར་ཐེག་པ་འོག་མའི་བསྲུང་བྱ་ཉན་ཐོས་ཀྱི་འདུལ་ཁྲིམས་དང་། བྱང་སེམས་ཀྱི་སྡོམ་པ་དང་། སྔགས་ཕྱི་རྒྱུད་ཀྱི་དམ་ཚིག་རྣམས། འདིར་ཐེག་མཆོག་མ་ཧཱ་ཡོ་གའི་བསྲུང་བྱའི་དམ་ཚིག་ལ་བསྐུལ་ཞིང་ཡོན་ཏན་ཡར་ལྡན་དུ་རྫོགས་པ་ཡིན་པའི་ཕྱིར་ན། རྒྱུད་གསང་སྙིང་ལ་སོགས་པའི་ནང་ནས་སྨོས་པའི་གསང་སྔགས་བླ་མེད་ཀྱི་དམ་ཚིག་རྣམས་བསྲུང་ཞིང་ཉམས་སུ་ལེན་ཐུབ་ན། ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། བྱང་སེམས་ཀྱི་སྡོམ་པ་དང་། སྔགས་ཕྱི་རྒྱུད་ཀྱི་དམ་ཚིག་ཐམས་ཅད་ངོ་བོ་ཉིད་ཀྱིས་རྫོགས་པའོ། །འོ་ན་འོག་མའི་འདུལ་སྡོམ་དམ་ཚིག་རྣམས་དངོས་སུ་བསྲུང་ངམ་ཞེ་ན་མ་ཡིན་ཏེ། སྤང་བྱ་ཉོན་མོངས་པ་བདག་འཛིན་འདི། ཉན་ཐོས་ཀྱིས་སྤངས་བྱང་སེམས་ཀྱིས་སྦྱངས། གསང་སྔགས་ཕྱི་རྒྱུད་ཀྱིས་བསྒྱུར་ནས་དག་པར་བྱེད་ལ། འདིར་གསང་སྔགས་བླ་མེད་ཀྱི་སྤང་བྱ་ཉོན་མོངས་པའི་རང་བཞིན་སྐུ་དང་ཡེ་ཤེས་ཡིན་པ་དེ། ལྟ་སྒོམ་གྱིས་ཉམས་སུ་ལེན་ཞིང་མི་འདའ་བའི་ངོ་བོ་ལ། སྤང་གཉེན་ཤར་གྲོལ་དུ་རོ་གཅིག་པར་གྱུར་པའི་དུས་སུ། ཐེག་འོག་ལྟར་དམ་ཚིག་བསྲུང་བྱ་དང་སྲུང་བྱེད་མེད་པར་སྡོམ་པའི་ངོ་བོ་ཉམས་པའང་མེད་དོ། །གང་གི་རྒྱུད་ལ་སྨོས་པ་ཞེས་བྱ་བ་ནི། གསང་སྙིང་ལེའུ་བཅུ་དགུ་པ་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཀུན་སྤྱོད་ཀྱང་། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཅི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་སོ། །དྲུག་པ་ཡོན་ཏན་དང་། དྲང་། བླ་མེད་འདི་ཉིད་ཀྱི་ལྟ་སྒོམ་ལ་སོགས་པ་རྣམས་མ་ནོར་བའི་དོན་ལ་མི་འདའ་བའི་དམ་ཚིག་ལ་གནས་པའི་ཕན་ཡོན་ནི་རྩ་བ་དང་ཡན་ལག་གི་དམ་ཚིག་གི་རྣམ་གྲངས་རྣམས་རྗེས་སུ་ཞུགས་པ་ཡིན་ལ། སྤྱིའི་ཕན་ཡོན་ནི་རྒྱུད་གསང་སྙིང་ལས་གྲགས་པ་སྟེ་གསུངས་པ་ནི། གཞན་ཡང་རྒྱལ་མཆོག་ཀུན་བཟང་གི། །ཐམས་ཅད་མ་ལུས་ཕྱག་རྒྱ་ཡིས། །བསྒྲུབ་མེད་དམ་པ་མ་ལུས་འགྲུབ། །དེ་ལ་སོགས་པ་མཐའ་ཡས་མཆོག །རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །བདེར་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཅི་བཞིན་ཉིད་དཔལ་འདུལ་བའི་ཐབས། །ཅི་སྙེད་སྡོམ་པ་མཐའ་ཡས་ཀྱང་། །མ་ལུས་རྣམ་དག་ལྷུན་གྱིས་གྲུབ། །ཉམས་ན་བསྐངས་པས་རྫོགས་པ་དང་། །དེ་ལ་སོགས་མཐའ་ཡས་མཆོག །ཅེས་གསུངས་སོ། །གཞན་ཡང་དམ་ཚིག་བསྲུངས་ན་ངན་སོང་དང་འཁོར་བ་ལ་མི་ལྟུང་ནས་བཟུང་བ་དང་། འབྲས་བུ་སངས་རྒྱས་ཐོབ་པ་ཡིན་པས་ན་དེའི་དབྱེ་བའང་བྱ་སྟེ་དེ་དག་ཡོད་པས་ན། རྣལ་འབྱོར་པ་བདག་གི་དོན་དང་གདུལ་བྱ་གཞན་གྱི་དོན་གང་ལ་ཡང་དམ་ཚིག་བསྲུང་དགོས་པ་དེ་བས་ན་དམ་ཚིག་གི་རྣམ་གྲངས་ཀྱི་ཡོན་ཏན་མ་ལུས་པ་རྫོགས་པའི་ཕྱིར་བྱང་པའི་ལུག་རྫི་ལྟར་བསྲུང་བར་བྱའོ། །བདུན་པ་བསྐང་ཐབས་དང་། དྲང་། རྩ་བའི་དམ་ཚིག་དེ་དང་། ཡན་ལག་གི་དམ་ཚིག་དེ་རྩ་བ་དང་ནས་ཉམ་པ་ཞིག་པའམ། སྣ་རེ་ནས་ཉམས་པས་རལ་བ་བྱུང་བའི་ཚེ། གང་ཉམས་ཀྱི་དམིགས་དེ་ཤེས་པར་བྱས་ལ། གསོ་བའི་ཐབས་ལ་རྩ་བ་ལྔ་ནི། དགོངས་འདུས་ལས། ལས་དང་རྫས་དང་འདུན་པ་དང་། །ཏིང་ངེ་འཛིན་དང་དེ་བཞིན་ཉིད། །ཅེས་པས་ལྔ་ལས། དང་པོ་ལས་ཀྱི་བསྐང་བ་ནི། སྦྱིན་སྲེག་གི་ལས་ཏེ། རྩ་བ་ཉམས་ན་ཁྲི་ཚོ་ལྔ་དང་སྟོང་ཚོ་གསུམ་བླུག །ཡན་ལག་ཉམས་ན་སྟོང་ཚོ་ལྔ་དང་བརྒྱ་ཚོ་གསུམ་བླུག །ཟླར་ཉམས་ན་བརྒྱ་ཚོ་ལྔ་དང་བཅུ་ཚོ་གསུམ་བླུག །ཞར་ཉམས་ལ་ལྔ་བཅུ་རྩ་གསུམ་བླུག་གོ། །གཉིས་པ་རྫས་ཀྱིས་བསྐང་བ་ནི། །རིགས་གང་ཉམས་དང་མཐུན་པའི་ནོར་འབུལ་ལ་གསོའོ། །གསུམ་པ་འདུན་པས་བསྐང་བ་ལ་ཡིག་བརྒྱ་དང་བཤགས་པ་བྱའོ། །བཞི་པ་ཏིང་ངེ་འཛིན་གྱིས་བསྐང་བ་ལ། རྃ་ཡྃ་ཁྃ་གསུམ་གྱིས་བསྲེག་སྦྱང་བཀྲུ་གསུམ་བྱའོ། །ལྔ་པ་དེ་ཁོ་ན་ཉིད་ཀྱིས་བསྐང་བ་ནི། ལྟ་བ་རྟོགས་པས་གསོ་བར་བྱའོ། །དེ་ལྟར་གསོ་བའི་ཐབས་གང་ལ་ཡང་ལེ་ལོ་མེད་པར་བརྩོན་འགྲུས་ཀྱི་སྒོ་ནས་མོས་འདུན་དང་བཅས་པས་རང་རང་གི་བློས་ལྕོགས་ཚད་སྦྱར་བར་བྱའོ། །དེས་ན་ཆག་ཉམས་གསོ་བའི་ཡོན་ཏན་གྱིས་ལམ་ཆུད་མི་ཟ་བར་ངེས་པར་ཚོགས་གཉིས་རྫོགས་ནས་ངན་སོང་དང་འཁོར་བར་མི་གཏོང་ནས་གཟུངས་དམ་པ་དང་། མཆོག་ཐུན་མོང་གི་འབྲས་བུ་རྣམས་ཐོབ་པ་ཡིན་ནོ། །བརྒྱད་པ་ཉམས་པའི་རྒྱུ་དང་ཉམས་པའི་སྐྱོན་ནོ། །དྲང་། བསྲུང་བྱའི་དམིགས་མི་ཤེས་པས་ཕྱལ་བ་པ་དང་། དམིགས་ཤེས་ཀྱང་བརྩོན་འགྲུས་མེད་ནས་ལེ་ལོ་བྱེད་པ་དང་། སྔར་དམ་ཚིག་མནོས་ཀྱང་མི་བསྲུང་ནས་སྡིག་པ་བྱས་པས་ལོག་པ་དང་། གྲོགས་ངན་གྱི་ཟླར་ཉམས་པ་དང་། ཉམས་པ་ཅན་གྱི་གྲིབ་ཕོག་པས་ཞར་ལ་ཉམས་ཤོར་བ་དང་། ཉོན་མོངས་པ་ཆེ་བས་དེའི་དབང་དུ་སོང་ནས་ཉམས་པ་དང་། དངོས་སུ་བདུད་ཀྱིས་བསླུས་ཏེ་དེའི་དབང་དུ་སོང་ནས་ཉམས་པ་དང་། རང་བཞིན་གྱི་གཤིས་ངན་པས་སློབ་དཔོན་དང་གྲོགས་མཆེད་ལ་ཆག་ཉམས་ཁུར་བ་དང་། བརྒྱད་པོ་དེས་དམ་ཚིག་ཉམས་པའི་རྒྱུ་བྱས་ནས་འབྲས་བུ་དཀའ་ཐུབ་སྡོམ་པའི་དམ་ཚིག་ཉམས་ནས་རལ་པ་དག་གིས་གསོ་བ་ལ་བརྩོན་ན། དུས་འདི་ཉིད་ལ་ཉམས་པ་ཆེ་ཆུང་གིས་ཕྱི་མར་རྣམ་སྨིན་མྱོང་བ་ལ་ཡང་། ཚེ་འདིར་ཉམས་པ་ཆེ་ན་ཕྱི་མར་སྡུག་བསྔལ་དྲག །འདིར་ཉམས་པ་ཆུང་ན་ཕྱི་མར་སྡུག་བསྔལ་ཞེན་པ་ཡིན་གྱིས། དེས་ན་ཐུན་མོང་སྤྱིའི་དམ་ཚིག་ཉམས་པ་དང་། སྒོས་སུ་གསང་སྔགས་རང་གི་དམ་ཚིག་ཉམས་པའི་སྐྱོན་གྱིས་བདག་གཞན་གཉིས་ལ་གནོད་དེ། ངན་སོང་དུ་འགྲོ་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་མི་མྱོང་བའོ། །འོ་ན་དམ་ཚིག་དང་སྤྱོད་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། དམ་ཚིག་ནི་ད་ནས་བཟུང་སྟེ་སངས་མ་རྒྱས་ཀྱི་བར་དུ་བསྲུང་བྱའི་རྣམ་གྲངས་ཚང་དགོས་པ་ཡིན་ལ། སྤྱོད་པ་ནི་རང་རང་གི་སྐབས་ཀྱི་སྤྱོད་པ་རྣམས་མ་གཏོགས་པ་གོང་འོག་ཏུ་བསླབ་པར་མི་བྱའོ། །ཡང་ན་སྤྱོད་པ་ནི་ལྟ་སྒོམ་སྤྱོད་གསུམ་དུ་བསྲེས་ནས་ལམ་དུ་ཁྱེར་བའི་ཆ་ཡིན་ལ། དམ་ཚིག་ནི་ལྟ་སྒོམ་ལ་སོགས་སྤྱི་ལ་འཇུག་སྟེ། རང་རང་གི་དོན་ལ་མི་འདའ་བར་བསྲུང་བའི་ཕྱིར་རོ། །ལྔ་པ་དཀྱིལ་འཁོར་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། ཡན་ལག་ལྔ་པ་གཙོ་འཁོར་དུ་བཀོད་པའི་ཐབས་དཀྱིལ་འཁོར་ལ་རྒྱུད་རྒྱས་པའི་ལེའུ་དགུ་པ་ལས་ནང་ཚན་བདུན་དུ་གསུངས་པ་ནི། འདིར་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཅེས་གསུངས་པས། དེ་རྣམས་ཀུན་གྱི་སྡོམ་ཚིག་ནི་འདི་ལྟ་སྟེ། དཀྱིལ་འཁོར་གྱི་ངོ་བོ་དང་དཀྱིལ་འཁོར་གྱི་ཁྱད་པར་དང་། རྣམ་གྲངས་དང་། སྐབས་གར་དགོས་པའི་དུས་དང་། དཀྱིལ་འཁོར་བྱ་ཐབས་དང་། དཀྱིལ་འཁོར་གྱི་ངེས་ཚིག་གམ་སྒྲ་དོན་དང་། དཀྱིལ་ཆེད་དུ་གཉེར་བའི་ཡོན་ཏན་དང་། མ་གཉེར་བའི་སྐྱོན་དང་བརྒྱད་ཀྱིས་ནང་དུ། འོག་དཀྱིལ་འཁོར་གྱི་རྒྱས་བཤད་འབྱུང་བའི་གཞི་རུ་བཞག་པའོ། །གཉིས་པ་བཤད་པ་དེ་ལ་བརྒྱད་ཏེ། བགྲང་། དང་པོ་ངོ་བོ་དང་། དྲང་། དཀྱིལ་འཁོར་རང་རང་གི་གནས་སྐབས་ཀྱི་དཀྱིལ་འཁོར་བདུན་དུ་སྙིང་པོ་ལེན་པ་སྟེ་དཀྱིལ་ཡིན་ལ། དེའི་འཁོར་དུ་བཀོད་པ་གང་དང་གང་དུ་རྫོགས་པ་དེ་དཀྱིལ་འཁོར་གྱི་ངོ་བོ་ཡིན་ནོ། །དེ་ལ་དཀྱིལ་འཁོར་གྱི་ངོ་བོ་དམིགས་ངོས་བཟུང་། དང་པོ་རང་བཞིན་གྱི་དཀྱིལ་འཁོར་ལ་གཉིས་ཏེ། རང་བཞིན་གཞི་དང་། རང་བཞིན་འབྲས་བུ་མཐར་ཕྱིན་ནོ། །དང་པོ་ལ་གཉིས་ལས། དང་པོ་རང་བཞིན་དོན་དམ་གྱི་དཀྱིལ་ནི། རྒྱས་པའི་དོན་བཞི་པ་ལས། རང་བཞིན་དཀྱིལ་འཁོར་ཡང་དག་ནི། །ཆོས་དབྱིངས་བྷ་ག་དབྱེར་མེད་པས། །མཉམ་པར་སྦྱོར་ཞིང་དག་པའོ། །ཞེས་པ་དང་། ཁོག་གཞུང་ལས། ཆོས་ཉིད་རང་བཞིན་སྤྲོས་བྲལ་ཏེ། །དངོས་པོ་ཀུན་ཀྱང་དེ་བཞིན་ཏེ། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་ཀུན་རྫོབ་ཀྱི་དཀྱིལ་འཁོར་ནི། དོན་གཉིས་པ་ལས། ཕྱི་ནང་སྣོད་བཅུད་བདག་རྣམས་ལ། །རང་བཞིན་དཀྱིལ་འཁོར་ཡེ་ནས་གནས། །ཞེས་པ་དང་། ཁོག་གཞུང་ལས། དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཁམས་དང་སྐྱེད་མཆེད་ལ་གནས་པ། །ལྷུན་གྱིས་གྲུབ་པར་རྒྱལ་བས་གསུངས། །ཞེས་པས། དེའི་དཀྱིལ་ནི་རང་རིག་པའི་ཡེ་ཤེས། འཁོར་ནི་ཡེ་ཤེས་བཞིར་ཤར་བའོ། །གཉིས་པ་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ལ་གཉིས་ཏེ། ཞི་བ་དང་། ཁྲོ་བོའོ། །དེ་གཉིས་ཀ་ལ་ཡང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔ་སྟེ། རྩ་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཞེས་པ་དང་། ཁོག་གཞུང་ལས། འབྲས་བུ་མཐར་ཕྱིན་འོག་མིན་ན། །བཞུགས་པའི་དཀྱིལ་དང་འཁོར་གྱི་ཚུལ། །དེ་ཡང་ཞི་ཁྲོ་རྣམ་གཉིས་ཏེ། །ངེས་པར་སྐུ་གསུང་ཐུགས་སུ་འགྱུར། །ཞེས་པས། དེའི་དཀྱིལ་ནི་འདས་པ་ཡིན་ལ། འཁོར་ནི་འཇིག་རྟེན་པའི་ཚུལ་དུ་སྣང་བའོ། །གཉིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། ལྷ་རྗེ་མདའ་ནི། དོན་དམ་པའི་གཟུགས་བརྙན་ཀུན་རྫོབ་ལྷའི་དཀྱིིལ་འཁོར་དུ་བྱུང་བ་ལ་བཞེད། ལྷ་རྗེ་གླན་གྱིས། རྟོགས་པ་ཕྲ་རགས་ཀྱི་ལྷ་ཡབ་ཡུམ་མཚོན་པ་ལ་བཞེད་དོ། །གཉིས་ཀ་མཐུན་པའི་ལུང་ནི། དོན་བཞི་པ་ལས། གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རགས་པ་ཐབས་སུ་རྟོགས། །སོ་སོའི་མཚན་ཉིད་ཤེས་རབ་རྟོགས། །གཉིས་མེད་འབྲེལ་བས་ཐབས་ཆེན་ཡིན། །ཞེས་པས། དེའི་དཀྱིལ་འཁོར་ནི་རང་རིག་ཡེ་ཤེས་ཡིན་ལ། འཁོར་ནི་ཡེ་ཤེས་བཞིའོ། །གསུམ་པ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། ལས་དང་བྱ་བས་ལྷག་པ་སྟེ། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་བའི་རྣམ་པ་དང་། །རབ་གནས་སྦྱིན་སྲེག་འཇུག་པ་དང་། །ཡོན་ཏན་རྣམ་བཅུ་རྒྱས་ཤེས་བྱ། །ཞེས་གསུངས་པ་བཞིན་ཡིན་ལ། དེའང་དགོས་ཆེད་ཀྱི་དབང་གིས་སྐབས་ལྔར་དབྱེ་སྟེ། ཞི་ཁྲོའི་ལྷ་ཚོགས་བསྒྲུབ་ཅིང་མཆོད་པས་མཆོད་པའི་དཀྱིལ་འཁོར་དང་། དབང་བསྐུར་བ་དབང་གི་དང་། སྐུ་གསུང་ཐུགས་ཀྱི་རབ་གནས་ནི་བསོད་ནམས་རྟེན་གྱི་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་བསྒྲུབ་པའི་དང་། ཞི་རྒྱས་དབང་དྲག་གི་ཕྲིན་ལས་བསྒྲུབ་པ་ཕྲིན་ལས་ཀྱི་དཀྱིལ་འཁོར་རོ། །དེའི་དཀྱིལ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་གཙོ་བོར་གང་བཞག་པ་དེ་ཡིན་ལ། འཁོར་ནི་རིགས་བཞི་ལྷ་དང་ལྷ་མོའི། བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། བདེན་གསུམ་དབྱེར་མེད་ལྟ་སྒོམ་གྱིས་ཉམས་སུ་ལེན་པ་ལ་བྱ་སྟེ། གསང་སྙིང་ལས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་པ་དང་། རྒྱས་པའི་ཉི་ཤུ་པ་ལས། དེ་བཞིན་ཏིང་འཛིན་དཀྱིལ་འཁོར་གྱིས། །ཐམས་ཅད་དབྱིངས་སུ་བསྡུས་ནས་ནི། །ཉིད་ཀྱི་ཐུགས་ལ་ཐིམས་བྱས་ཏེ། །ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་ཆེ། །ཞེས་གསུངས་པས། དཀྱིལ་ནི་རང་རིག་པའི་ཡེ་ཤེས་ཡིན་ལ། འཁོར་ནི་ཅི་ཡང་མ་འགགས་པའི་ཡེ་ཤེས་བཞིར་ཤར་བའོ། །ལྔ་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། བསྒོམ་པའི་བྱ་བ་ལྷག་པ་སྟེ། ཚོགས་ལམ་སྦྱོར་ལམ་བཞི་རིམ་གྱིས་བསྒོམ་པའི་རང་རང་གི་མཉམ་བཞག་ཆོས་ཉིད་བློ་འདས་དེ་དཀྱིལ་ཡིན་ལ། རང་རང་གི་སྐབས་སུ་ཚོགས་དྲུག་གི་གསལ་སྟོང་དང་། འགྱུ་སྟོང་ཡེ་ཤེས་སྒྱུ་མ་དང་། ལྷ་དང་ལྷ་མོའི་སྐུ་མདོག་ཞལ་ཕྱག་གི་འཆར་སྣང་རྣམས་འཁོར་ཡིན་ནོ། །ཡང་བསྐྱེད་རིམ་གྱི་ལྷ་བསྒོམ་པ་ཁོ་ན་ལ་བཞེད་པ་ཡང་ཡོད། དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་ཡང་། ཕྱི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྩའི་འདུས་མདོ་དཀྱིལ་ཡིན་ལ། ཡན་ལག་འཁོར་དང་། ནང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འདུས་མདོའི་ཐིག་ལེ་དཀྱིལ་ཡིན་ལ། ཡན་ལག་གི་ཐིག་ལེ་འཁོར ། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བདེ་བའི་ཡེ་ཤེས་ལྷན་ཅིག་སྐྱེས་པ་དེ་དཀྱིལ་ཡིན་ལ། དགའ་བ་བཅུ་དྲུག་དང་ཡེ་ཤེས་ལྔ་ནི་འཁོར་ཡིན་ཏེ། ཁོག་གཞུང་ལས། ཟབ་ཕྱིར་བྱང་སེམས་དཀྱིལ་འཁོར་ནི། །རྟེན་དང་རྟེན་ཅན་ཐ་སྙད་གཉིས། །དབྱེ་ན་ཕྱི་ནང་མཐར་ཐུག་འགྱུར། །ཞེས་སོ། །བདུན་པ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ནི། ཞི་ཁྲོ་གཉིས་ཀའི་ཚོམ་བུ་གཅིག་གསུམ་ལྔ་པའི་དཀྱིལ་ནི་རིགས་གཅིག་དང་། གསུམ་དང་། ལྔ་གང་ཡིན་པའོ། །འཁོར་ནི་རིགས་བཞི་ལྷ་དང་ལྷ་མོའོ། །དེ་ཡང་ཁོག་གཞུང་ལས། ཆོགས་ནི་འབྱོར་པ་རྣམ་པ་གསུམ། །ཚོམ་བུ་གཅིག་གསུམ་ལྔ་པའོ། །ཞེས་སོ། །གཉིས་པ་ཁྱད་པར་དང་། དྲང་། དཀྱིལ་འཁོར་བདུན་གྱི་དང་པོ་རང་བཞིན་གྱི་དཀྱིལ་འཁོར་ལ་ཡང་། རང་བཞིན་གཞིའི་དཀྱིལ་འཁོར་དང་། དེ་ཉིད་མཐར་ཕྱིན་པ་འབྲས་བུའི་དཀྱིལ་འཁོར་གཉིས། དེ་ལ་གདུལ་བྱ་ལུགས་འབྱུང་དང་ལུགས་ཟློག་གི་སྣང་བའི་ཁྱད་པར་གྱིས་ཕྱེ་བས་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་གཉིས་སུ་བྱུང་། དེ་གཉིས་ལ་ཡང་གདུལ་བྱ་རང་རང་གི་མོས་པས་ཕྱེ་སྟེ། ལ་ལ་སྐུ། ལ་ལ་གསུང་། ལ་ལ་ཐུགས། ལ་ལ་ཡོན་ཏན། ལ་ལ་ཕྲིན་ལས་ལ་མོས་པའི་སྟོབས་ཀྱིས་འཁོར་གྱི་ལྷ་ལ་ཁྱད་མེད་ཀྱང་རིགས་ལྔ་ལ་གཙོོ་བོ་གང་བྱེད་དེས་ཕྱེ་བས། ཞི་ཁྲོའི་དཀྱིལ་འཁོར་གཉིས་པོ་རེ་རེ་ལ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔ་ཡོད་དོ། །གསུམ་པ་རྣམ་གྲངས་དང་། དྲང་། རྩ་བ་རང་བཞིན་གྱི་དཀྱིལ་འཁོར་དེ་ཡང་བྱེད་ལས་གནས་སྐབས་ཀྱི་སྒོ་ནས་རྣམ་གྲངས་རྣམ་པར་དབྱེ་ན། མཆོད་པ་དང་། དབང་དང་། ཕྲིན་ལས་དང་། བསྒྲུབ་པ་དང་བཞིའོ། །གཞིའི་དཀྱིལ་འཁོར་དང་སྦྱར་ནས་རྣམ་གྲངས་དབྱེ་བའམ། ཡང་ན་འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཙོ་བོས་ཕྱེ་བས་རྣམ་གྲངས་དང་རྗེས་སུ་མཐུན་པར་སྦྱར་ནས་དབྱེ་ན། མཆོད་པ་ལ་སོགས་བཞི་པོ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་ཀུན་གྱི་རྗེས་སུ་འཇུག་པའི་མཆོད་པ་ལྔ། དབང་ལ་ལྔ ། ཕྲིན་ལས་ལ་ལྔ། བསྒྲུབ་པ་ལ་ལྔ་སྟེ་ཉི་ཤུ་དེ་ཞི་ཁྲོ་གཉིས་ཀྱིས་ཕྱེ་བས་རྣམ་གྲངས་བཅུ་ཚན་བཞི་སྟེ་བཞི་བཅུ་དང་། རང་བཞིན་གྱི་སྒོ་ནས་དབྱེ་ན། གཞི་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྷུན་གྲུབ་ཏུ་གནས་པ་ལྔ། དེ་ཉིད་མཐར་ཕྱིན་པས་ཞི་ཁྲོ་གཉིས་པོ་རེ་རེ་ལ་ལྔ་ལྔ་སྟེ་བཅོ་ལྔ། དེ་བཞིན་དུ་མཆོད་པ་ལ་ལྔ ། དབང་ལ་ལྔ། ཕྲིན་ལས་ལ་ལྔ ། བསྒྲུབ་པ་ལ་ལྔ་སྟེ་ཀུན་བསྡོམས་ན་སུམ་ཅུ་རྩ་ལྔར་གྱུར་པ་ཡིན་ནོ། །རང་བཞིན་གྱི་དཀྱིལ་འཁོར་གྱི་རྣམ་གྲངས་དེ་ཡི་རྗེས་སུ་དཀྱིལ་འཁོར་དྲུག་པོའི་རྣམ་གྲངས་ཀྱང་དེ་ལྟར་དུ་སྦྱར་བར་ཤེས་པར་བྱའོ། །དེ་ཡང་རྣམ་གྲངས་བཞི་བཅུ་རྩ་ལྔ་པོ་དེ་དག །གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་ལྟར་གསལ་ལ་སྒྲིབ་གཡོགས་མེད་པའི་ངང་དུ་སྣང་བ་ཡིན་ལ། གཉིས་པོའི་དོན་དེ་དག །ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་མཚོན་བྱེད་ཀྱི་ངང་དུ་ཚང་ལ། རྣམ་གྲངས་གཉིས་པོའི་དོན་དེ་ཉིད། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱིས་ཅིག་ཆར་དུ་རྟོགས་ཤིང་སྒོམ་པའི་ངང་དུ་རྫོགས་ལ། ཡང་དོན་དེ་ཉིད། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱིས་རིམ་གྱིས་ཉམས་སུ་ལེན་པའི་སྐབས་སུ་ཚང་ལ། དོན་དེ་དག །ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་གྱིས་བསྒྲུབ་ཅིང་ཉམས་སུ་ལེན་པ་ཡིན་ལ། ཡང་གྲངས་གཉིས་པོ་དེ་དག །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱིས་ཐབས་ལམ་ལྟར་ཉམས་སུ་ལེན་པའོ། །བཞི་པ་དགོས་ཆེད་དང་དུས་ཐུན་མོང་དུ་བསྟན་པ་དང་། དྲང་། མཆོད་པ། དབང་། ཕྲིན་ལས། བསྒྲུབ་པ་དང་བཞི་པོའི་དུས་སུ་དཀྱིལ་འཁོར་བསྒོམས་པས་བདག་གཞན་གྱི་དོན་བསྒྲུབ་པ་ལ་མ་བསྒོམས་ན་མི་འགྲུབ། བསྒོམས་ནས་འགྲུབ་པའི་ཕྱིར། གཏན་ཚིགས་དེས་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་དང་། རྟེན་མི་དང་འབྲེལ་ན་དབང་བསྐུར་བ་དང་། ལྷ་དང་འབྲེལ་ན་རབ་ཏུ་གནས་པའི་དུས་དང་། མཚན་བཅས་མཚན་མེད་ཀྱི་ཏིང་ངེ་འཛིན་བསྒོམས་པ་ལ་དཀྱིལ་འཁོར་དགོས་པ་དང་། བསྙེན་བསྒྲུབ་རྣམ་པ་བཞི་དང་། འཕྲིན་ལས་རྣམ་བཞིའི་སྒོ་ནས་བདག་གཞན་གྱི་དོན་རྫོགས་པར་བྱེད་པའི་དུས་སུ་དགོས་པ་དང་། མཆོད་པ་འབུལ་ནས་ཚོགས་རྫོགས། མཆོག་ཐུན་མོང་གི་འབྲས་བུ་འགྲུབ་པའི་ཐབས་ལ་དཀྱིལ་འཁོར་དགོས་པ་དེའི་ཕྱིར་ན། གོང་གི་དཀྱིལ་འཁོར་བདུན་པོའི་དོན་རྣམས་བློས་ཤིན་ཏུ་ནན་ཏན་གྱི་སྒོ་ནས་ཉམས་སུ་བླང་བར་བྱའོ། །ལྔ་པ་འགྲུབ་པའི་ཐབས་དང་། དྲང་། འདིར་ལྷག་པ་གཟུགས་བརྙན་གྱི་ས་ཡི་ཆོ་ག་བྱ་བའི་རིམ་པ་ནས་བཟུང་སྟེ། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་བའི་རྣམ་པ་དང་། །རབ་གནས་སྦྱིན་སྲེག་འཇུག་པ་དང་། །ཡོན་ཏན་རྣམ་བཅུ་རྒྱས་ཤེས་བྱ། །ཞེས་གསུངས་པས། ས་ཆོག་དང་། དཀྱིལ་འཁོར་གྱི་ཚད་དང་། ཐིག་དང་། ཚོན་དང་། བྲི་ཐབས་དང་། མཚན་མ་དགོད་པ་དང་། རབ་གནས་དང་། སྦྱིན་སྲེག་དང་། འཇུག་ཆོག་དང་། ཡོན་ཏན་དང་རྣམ་པ་བཅུའི་སྒོ་ནས་ཉམས་སུ་བླང་བར་བྱའོ། །དེ་ཡང་ལྷག་པ་གཟུགས་བརྙན་དེ་ཡི་ཆོ་ག་བྱེད་ཐབས་ཅི་ལྟ་བ་དག་ན། རང་བཞིན་གྱི་དཀྱིལ་འཁོར་ལ་སོགས་པ་དཀྱིལ་བདུན་པོ་ལྷག་མ་དག་ལ་ཡང་ལྷག་པ་གཟུགས་བརྙན་གང་ལ་བྱ་ཐབས་བཅུ་པོ་ཡོད་པ་དེ། དཀྱིལ་འཁོར་ལྷག་མ་ཀུན་ལའང་བཅུ་པོ་དོན་གྱིས་ཡོད་དེ་ཚུལ་ཅི་ལྟར་དུ་དབྱེ་ན། ཐབས་ལ་མ་འགགས་པ་དང་། ཤེས་རབ་མ་དམིགས་པའི་བྱེད་ལས་ཀྱི་ཆ་ནས་ཕྱེ་བས། དེས་ན་དཀྱིལ་འཁོར་ལྷག་མ་རྣམས་ཀྱི་བྱ་ཐབས་དེ་མངོན་དུ་འགྲུབ་པར་འགྱུར་ཏེ། དེ་ཡང་། རང་བཞིན་གཞིའི་དུས་སུ་གོང་གི་བྱ་ཐབས་བཅུ་པོའི་དོན་གནས་པ་ཡིན་ལ། འབྲས་བུའི་དུས་སུ་དོན་དེ་མཐར་ཕྱིན་པ་ཡིན་ལ། ཏིང་ངེ་འཛིན་གྱིས་དེ་ཅིག་ཆར་དུ་བསྒོམ་ལ། ལྷག་པ་ཏིང་ངེ་འཛིན་གྱིས་དེ་རིམ་གྱིས་བསྒོམ་ལ། གཟུགས་བརྙན་གྱིས་དེ་རྟོག་ཚོགས་ཡེ་ཤེས་སུ་གནས་པའི་ངོས་ནས་ཚང་ལ། ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་གྱིས་དོན་དེ་ཉིད་བསྒྲུབ་ཅིང་ཉམས་སུ་ལེན་པ་ཡིན་ལ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བཅུ་ལས། དང་པོ་ས་གཞི་མཉམ་པ་ནི། རིག་མ་མཚན་ཉིད་དང་ལྡན་པ་སྟེ། ཐལ་བའི་རྒྱུད་ལས། ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས། །ཞེས་སོ། །གཉིས་པ་ཚད་ནི། ཡུམ་གྱི་མཁའ་སོར་བཞི་སྟེ། དེ་ཉིད་ལས། སོར་བཞིའི་ཚད་དུ་རང་བཞིན་གནས། །ཞེས་སོ། །གསུམ་པ་ཐིག་ནི་བདེ་བའི་ཡེ་ཤེས་མི་འགྱུར་བ་སྟེ། དེ་ཉིད་ལས། བདེ་བའི་ཡེ་ཤེས་ཐུགས་དཀྱིལ་འཁོར། །ཅེས་སོ། །བཞི་པ་ཚོན་ནི། ཡུམ་གྱི་པདྨའི་ཁ་དོག་དམར་པོ། །ལྔ་པ་བྲི་བ་ནི། གྲུ་གསུམ་གྲུ་བཞི་ཟླུམ་པོ་ཟླ་གམ་གྱི་ཚུལ་དུ་ཡོད་དེ། དེ་ཉིད་ལས། ཁ་དོག་དབྱིབས་དང་ལྡན་པའོ། །ཞེས་སོ། །དྲུག་པ་རྣམ་པ་དགོད་པ་ནི། རྡོ་རྗེ་དང་སྣ་རྩེ་ལ་དགོད་པ་སྟེ། དེ་ཉིད་ལས། རྡོ་རྗེ་མཛུབ་མོའི་རྩེ་དག་ཏུ། །ཏིལ་འབྲུ་ནམ་མཁའི་གཞལ་ཡས་སུ། །རི་རབ་ཙམ་གྱི་ཕྱག་རྒྱ་དགོད། །ཅེས་སོ། །བདུན་པ་རབ་གནས་ནི། འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པར་བྱེད་པ་སྟེ། དེ་ཉིད་ལས། ཐབས་ཀྱི་ཆོ་ག་རབ་གནས་ནི། །ཞེས་སོ། །བརྒྱད་པ་སྦྱིན་སྲེག་ནི། མཁའ་ཧོམ་ཁུང་། སྣ་རྩེ་མེ་ལྷ། རྡོ་རྗེ་བླུག་གཟར། པདྨ་དབང་གཟར། བྱང་སེམས་མཆོད་རྫས་ཏེ། དེ་ཉིད་ལས། གསང་བའི་སྦྱིན་སྲེག་ལུགས་སུ་འབུལ། །ཅེས་སོ། །དགུ་པ་འཇུག་ཆོས་ནི། དེར་འཇུག་སྟེ། དེ་ཉིད་ལས། འཇུག་པ་པོས་ཀྱང་གསོལ་བ་གདབ། །ཅེས་སོ། །བཅུ་པ་ཡོན་ཏན་ནི་སྔོན་འོག་མིན་དུ་མཐར་ལམ་པ་ཞུགས་པ་དང་སྐལ་བ་མཉམ་པ་ཡིན་ཏེ། སྙིང་པོ་ལས། བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། །སྟངས་དཔྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དང་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་སོ། །དྲུག་པ་ངེས་ཚིག་དང་། དྲང་། དཀྱིལ་འཁོར་བདུན་གྱི་སྐབས་སུ་གཙོ་བོ་སྙིང་པོ་གང་དང་གང་ལྡན་པ་དཀྱིལ་འཁོར་ཡིན་ལ། དེ་ཡི་འཁོར་གང་ཡིན་དང་ལྡན་པས་ན་དཀྱིལ་འཁོར་ཞེས་བྱ་བའི་ངེས་པའི་ཚིག་གམ་སྒྲ་དོན་ཡིན་ཏེ། རྒྱས་པའི་ལེའུ་དོན་གསུམ་པའི་ལུང་ལས་གྲགས་པ་ལྟར་ཡིན་པས་ཐེ་ཚོམ་མེད་དེ། དེ་ཡང་རང་བཞིན་གྱི་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་གསུམ་གྱི་ངེས་ཚིག་ནི། རྒྱས་པ་ལས། རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཅེས་སོ། །རང་བཞིན་མཐར་ཕྱིན་གྱི་ངེས་ཚིག་ནི། འདས་པ་རྟག་ཏུ་དཀྱིལ་ཡིན་ཏེ། །འཇིག་རྟེན་སྣ་ཚོགས་འཁོར་དུ་གསུངས། །ཞེས་སོ། །ལྷག་པ་གཟུགས་བརྙན་དང་། ལྷག་པ་ཏིང་ངེ་འཛིན་དང་། ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་དང་། གསུམ་གྱི་ངེས་ཚིག་ནི། དེ་ཉིད་ལས། རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་ལྷ་དང་ལྷ་མོས་འཁོར། །ཅེས་སོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་ངེས་ཚིག་ནི། དེ་ཉིད་ལས། སྙིང་པོ་ཐམས་ཅད་དུས་སུ་དཀྱིལ། །གང་ཡང་ཡན་ལག་འཁོར་དུ་གསུངས། །བཅོ་བརྒྱད་ཁམས་སུ་སྙིང་པོ་ཉིད། །དེ་དག་འཁོར་ཏེ་བདེ་བའི་ཁམས། །བྱང་སེམས་བདེ་བའི་ཡེ་ཤེས་ཏེ། །རྟེན་ཅན་ཅི་བཞིན་རྟེན་དེ་བཞིན། །ཅེས་གསུངས་སོ། །དེ་ལྟར་གཙོ་འཁོར་དུ་ཐ་དད་པའི་དུས་ན་ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་དུ་མ་གཡོས་པས་དུ་མའི་མཐའ་དང་བྲལ་ལ། མ་གཡོས་བཞིན་དུ་གཙོ་འཁོར་གྱི་ཚུལ་དུ་གསལ་བར་སྣང་བས་ཕྱོགས་གཅིག་གི་མཐའ་དང་བྲལ་ཏེ་དབྱིངས་ཕྱོགས་གཅིག་གི་འཛིན་པས་བཅིངས་པ་དང་བྲལ་བའོ། །བདུན་པ་ཡོན་ཏན་དང་། དྲང་། དེ་ལྟར་དཀྱིལ་འཁོར་གྱི་དོན་ཉམས་སུ་བླངས་པས་ཡེ་ཤེས་འཕེལ་སྒྲིབ་པ་འགྲིབ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་མི་ཐོབ། ལས་གང་བསམ་མི་འགྲུབ་པའི་སྐྱོན་ཡོད་པའོ། །དྲུག་པ་མཆོད་པ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། ཡན་ལག་དྲུག་པ་མཉེས་པར་བྱེད་པ་མཆོད་པའི་སྡོམ་ཚིག་ནི་འདི་ལྟ་སྟེ། མཆོད་པའི་དགོས་ཆེད་དང་། མཆོད་པའི་ངོ་བོ་ངོས་བཟུངས་བ་དང་། མཆོད་པ་ལ་རྣམ་གྲངས་དུ་ཡོད་བསྟན་པ་དང་། སྐབས་གར་མཁོ་བའི་དུས་དང་། མ་འབུལ་བའི་སྐྱོན་དང་། འབུལ་བའི་ཡོན་ཏན་ལ་སོགས་པའི་སྤྱི་དོན་དྲུག་པོའི་འདིའི་ནང་དུ་འོག་རྒྱས་བཤད་དེ་ཅི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་བཤད་པ་དེ་ལ་དྲུག་སྟེ། བགྲང་། དང་པོ་དགོས་ཆེད་དང་། དྲང་། མཆོད་པ་ཕུལ་བས་བདག་གཞན་གཉིས་ཀྱི་སྒྲིབ་པ་དག་ཚོགས་གཉིས་རྫོགས་ལྷ་ཚོགས་མཉེས་དམ་ཚིག་ཉམས་པ་བསྐང་བའི་ཡོན་ཏན། ཚེ་འདི་དང་ཕྱི་མར་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པ་དང་། གཞན་ཡང་མཆོད་པ་ཕུལ་བའི་ཡོན་ཏན་བཅོམ་ལྡན་འདས་ཀྱིས་བཀའ་མདོ་རྒྱུད་རྣམས་ལས་གསུངས་པ་དང་། དམ་ཚིག་ཉམས་པའི་ཆད་སྐྱོན་མི་འབྱུང་བར་བྱ་བའི་ཕྱིར་མཆོད་པ་ལ་བརྩོན་པར་འགྱུར་རོ། །གཉིས་པ་ངོ་བོ་དང་། དྲང་། མཆོད་པ་ཕུལ་བྱའི་ཡུལ་དེ་ལ་ཕུལ་བྱེད་ཀྱི་མཁན་པོ་དེས་ཕུལ་བར་བྱ་བའི་རྒྱུ་དེ་ཕུལ་བར་བྱེད་པ་དང་གསུམ་འདུས་པའི་དུས་ན། མཆོད་ཡུལ་གྱི་ཞིང་དེ་དགྱེས་ཤིང་ཐུགས་ཚིམ་པར་འགྱུར་བ་ནི་མཆོད་པའི་དངོས་པོའམ་ངོ་བོ་ཉིད་ཡིན་ནོ། །གསུམ་པ་རྣམ་གྲངས་དང་། དྲང་། དཔེར་ན་འཇིག་རྟེན་ན་འབངས་ཀྱིས་རྒྱལ་པོ་ལ་གུས་པའི་སྒོ་ནས་ཞབས་ཐོག་གིས་མཉེས་པར་བྱ་བའི་སྤྱོད་པ་དེ་དང་ཆ་མཐུན་ཡིན་ཏེ། སངས་རྒྱས་ལ་མཉེས་བྱ་མཉེས་བྱེད་མེད་ཀྱང་། གདུལ་བྱ་ལམ་ལ་མོས་པའི་གང་ཟག་དེ་དྲང་བར་བྱ་བའི་ཕྱིར། ཞི་ཁྲོའི་ལྷ་གང་ཡིན་པ་ལ་གུས་པ་ཕྱག་གི་མཆོད་པ་དང་། ཕྱག་རྒྱ་གར་ཚོགས་ཀྱི་མཆོད་པ་དང་། གླུ་ཡེ་ཤེས་དང་། གར་ཡེ་ཤེས་དང་། རོལ་མོ་ཡེ་ཤེས་དང་། ཚིག་སུ་ར་ཏོ་སྟེ་ལྷ་མོ་བཅུ་དྲུག་གི་མཆོད་པ་དང་། ཕྱི་མཆོད་ལ། ཕྱག་དང་། ཀུན་བཟང་དང་། ཞབས་བསིལ་དང་། ལྷ་མོ་བཞི་བསྣོལ་ལ་སོགས་འདོད་ཡོན་རྣམས་དང་། ནང་མཆོད་སྨན་རཀ་གཏོར་གསུམ་དང་། ལྷག་པ་ཏིང་ངེ་འཛིན་ནོ། །གསང་བའི་མཆོད་པ་ལ། ཞེ་སྡང་སྒྲོལ་བའི་མཆོད་པ་དང་། འདོད་ཆགས་སྦྱོར་བའི་མཆོད་པ་དང་། གཏི་མུག་དམ་རྫས་ཀྱི་མཆོད་པའོ། །ཡང་ན་མཆོད་པ་ཐམས་ཅད་ཕྱི་ནང་གསང་གསུམ་དུ་འདུས་ཏེ། ཕྱི་འདོད་ཡོན་རྫས་ཀྱི་མཆོད་པ་ནི་དངོས་སུ་བཤམས་པ། ནང་དགོངས་པ་ཏིང་ངེ་འཛིན་གྱིས་མཆོད་པ་ནི་བསྒོམ་པ། གསང་བ་དམ་རྫས་རང་གནས་ཀྱི་མཆོད་པ་སྟེ། དེ་རྣམས་འབུལ་བའི་སྲོག་ལྷ་སྒོམ་དང་ལྡན་དགོས་པ་ཡིན་ཏེ། དེ་ལ་མཆོད་པའི་དངོས་པོ་ཅི་ལྟར་སྣང་དུས་ངོ་བོ་སེམས་ཀྱི་ཆོས་ཉིད་སྤྲོས་བྲལ་ལ་མི་གཡོ་བ་ནི་དོན་དམ་པའི་བདེན་པའི་བདེན་པ་མ་གཡོས་བཞིན་དུ་སྤྱོད་པའི་དངོས་པོ་རྣམས་ལ་འདྲེས་པར་གསལ་བ་ནི་ཀུན་རྫོབ་བདེན་པ་དེའི་དུས་སུ་ཆུ་དང་ཆུའི་རླབས་བཞིན་དུ་གཉིས་སུ་མེད་པ་ནི་དབྱེར་མེད་བདེན་པ། དེ་ལྟར་བདེན་པ་གསུམ་དབྱེར་མེད་ཀྱི་ཚུལ་དུ་བསྒོམ་མོ། །ཏིང་ངེ་འཛིན་གྱི་རྩི་ཡིས་མ་ཟིན་ན་མཆོད་པ་རང་ཁ་མར་འགྱུར་བས། དེས་ན་ཏིང་ངེ་འཛིན་གྱིས་ཟིན་པ་གལ་ཆེའོ། །བཞི་པ་སྐབས་གང་དུ་དགོས་པ་དང་། དྲང་། ཕྱི་ནང་གསང་བའི་མཆོད་པ་གསུམ་ལ་སྤྲོས་པའི་རྣམ་གྲངས་རྣམས་གོང་དུ་བཤད་པ་དེ་དག་རང་བཞིན་གྱི་དཀྱིལ་འཁོར་ལ་སོགས་པའི་དཀྱིལ་འཁོར་བདུན་གྱི་གནས་དེ་དག་ལ། མཆོད་པ་འབུལ་དགོས་པའི་ཕྱིར་དང་། གཞན་ཡང་དགོས་ཆེད་ཀྱི་རྗེས་སུ་ཞུགས་པའི་སྡིག་པ་བཤགས་པའི་དུས་དང་། ཚོགས་བསགས་པའི་དུས་དང་། ལྷ་མཉེས་པར་བྱེད་པའི་དུས་དང་། དམ་ཚིག་ཉམས་ཆག་སྐོང་བའི་དུས་དང་། ཁྱད་པར་ཕྲིན་ལས་རྣམ་བཞི་ལ་ལོངས་སྤྱོད་པའི་དུས་དང་། བསྒྲུབ་པ་བྱེད་པའི་དུས་དང་། དབང་བསྐུར་བའི་ཚེ་ན་མཆོད་པ་དགོས་པའོ། །ལྔ་པ་ཡོན་ཏན་དང་། དྲང་། སྐབས་གང་དུ་མཁོ་བའི་དུས་ཀྱི་རྗེས་སུ་ཞུགས་པ་ནི་ཡོན་ཏན་དག་ཡིན་ཏེ། དེ་ལ་སྤྱི་དང་ཁྱད་པར་གྱི་དུས་ཀྱི་སྒོ་ནས་དམིགས་ངོས་བཟུང་ན་ནི། མཆོད་པ་ཕུལ་བས་སྒྲིབ་པ་དག །ཚོགས་རྫོགས། ལྷ་ཚོགས་མཉེས། དམ་ཚིག་ཉམས་ཆག་བསྐངས་ནས་མཐར་ཐུག་སངས་རྒྱས་ཐོབ་པ་དང་། བྱེ་བྲག་ཏུ་ཕྲིན་ལས་ཀྱིས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གཟུང་འཛིན་ཞི། སྐུ་དང་ཡེ་ཤེས་རྒྱས། མཐའ་གཉིས་དབང་དུ་འགྱུར། ཉོན་མོངས་རྣམ་རྟོག་འཇོམས། སྒྲུབ་པའི་འབྲས་བུ་ལ་གནས་སྐབས་ཐུན་མོང་དང་། མཐར་ཐུག་གི་འབྲས་བུ་སངས་རྒྱས། དབང་གི་འབྲས་བུ་གནས་སྐབས་སུ་མཐོ་རིས་དང་ཐར་པ་ཐོབ་ལ། མཐར་ཐུག་རིགས་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །དེ་ལྟར་མཆོད་པས་མཉེས་པས་དོན་གྱི་འབྲས་བུ་ལ་རེག་པའོ། །དེ་ཡང་ཚུར་བསྡུ་ན་གོང་གི་ཡོན་ཏན་རྣམས་བདག་དང་གཞན་དོན་གྱི་ཡོན་ཏན་གཉིས་སུ་འདུས་ཤིང་ཐོབ་པར་འགྱུར་རོ། །དྲུག་པ་སྐྱོན་ནོ། །དྲང་། ཡོན་ཏན་དེ་ལས་བཟློག་ཏུ་འགྲོ་སྟེ། དམ་ཚིག་ཆག་ཉམས་མི་སྐོང་བ་དང་། ཡེ་ཤེས་ཀྱི་ལྷ་དང་དམ་ཅན་སྲུང་མ་རྣམས་གཡེལ་བ་དང་། དམ་ཚིག་ཉམས་པའི་ཆད་པ་འབྱུང་བ་དང་། ཁྱད་པར་དུ་འཕྲིན་ལས། བསྒྲུབ་པ། དབང་གི་དུས་སུ་མཆོད་པ་མ་ཕུལ་ན། ཕྲིན་ལས་ལ་སོགས་གང་བྱེད་པ་ལ་མཐུ་བྱིན་རླབས་དང་བྲལ་བར་འགྱུར་ཏེ་མེད་པའོ། །བདུན་པ་དབང་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། ཡན་ལག་བདུན་མ་ཐོབ་པ་ཐོབ་པར་བྱེད་པའི་དབང་གི་སྡོམ་ཚིག་ནི་འདི་ལྟ་སྟེ། དབང་བསྐུར་བ་དང་ཐོབ་པའི་དགོས་ཆེད་དང་། དབང་འགྲུབ་པའི་རྒྱུ་རྐྱེན་དང་། དབང་རང་གི་ངོ་བོ་དང་། དབང་གི་གྲངས་དང་། དབང་བསྐུར་བའི་ཐབས་དང་། དབང་ཐོབ་པའི་ཚད་དང་། དབང་བསྐུར་བའི་དུས་དང་། དབང་བསྐུར་བའི་སྣོད་ཀྱི་རིམ་པ་དང་། དབང་ཐོབ་པའི་ཡོན་ཏན་དང་། མ་ཐོབ་པའི་སྐྱོན་དང་བཅུའི་སྒོ་ནས་དཀྱིལ་འཁོར་ལས་རིམ་དང་། དབང་ལས་རིམ་གཉིས་དང་སྦྱོར་ན། དབང་དེ་རྫོགས་པ་ཡིན་ནོ། །གཉིས་པ་བཤད་པ་དེ་ལ་བཅུ་སྟེ། བགྲང་། དང་པོ་དགོས་ཆེད་དང་། དྲང་། བདག་དོན་གཞན་དོན་གཉིས་དོན་ཆོས་དོན་དུ་འགྱུར་བ་དང་། བཞི་ལས་ཁྱད་པར་དུ་བདག་དོན་དུའང་། ལམ་ལ་ཞུགས་པའི་སྔོན་དུ་དབང་ཐོབ་དགོས་པ་དང་། གཞན་དོན་དུ་སློབ་བུ་ལམ་དུ་འཇུག་ནུས་པར་བྱེད་པ་ལ་དབང་བསྐུར་དགོས་པ་དང་། དབང་ཐོབ་པས་ཚོགས་བསྒྲུབ་ན་ཐུན་མོང་དང་མཆོག་གི་དངོས་གྲུབ་འགྲུབ་པ་དང་། དེ་ཡང་གཅན་འཕྲང་ལས། རྒྱལ་བུ་རྒྱལ་སར་བཏོན་པ་ལྟར། །རིམ་པའང་དབང་གི་ཁྱད་པར་ཏེ། །ས་ལམ་རྩལ་གྱིས་བགྲོད་པ་ཡིས། །དབང་རྣམས་ཐོབ་པ་རབ་ཏུ་གཅེས། །ཅེས་སོ། །གཉིས་པ་རྒྱུ་རྐྱེན་དང་། དྲང་། ལུང་རྩ་རྒྱུད་ཀྱི་ལེའུ་བཅུ་དང་། བཤད་རྒྱུད་བླ་མ་ལ་སོགས་པ་དང་མན་ངག་ལས་རིམ་ལ་སོགས་པ་རྣམས་ཀྱི་ནང་ནས་བྱུང་བའི་མཚུངས་ལྡན་གྱི་རྒྱུའང་ལྷན་ཅིག་བྱེད་པའི་རྒྱུ་གཉིས་དང་། རྒྱུའི་རྐྱེན་དང་། བདག་པོ་དང་། དམིགས་པའི་དང་། དེ་མ་ཐག་པའི་རྐྱེན་དང་བཞིའི་སྒོ་ནས་ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་གྱི་ཡན་ལག་རྒྱས་པར་བསྙད་དེ་བཤད་པར་བྱ་གསུངས་པས། རྡོ་རྗེ་ལས་རིམ་ལས། རྒྱུ་གཉིས་རང་བཞིན་མཚུངས་པ་དང་། །ངོ་བོ་བཞིན་དུ་གྲངས་འཇུག་པའོ། །ཞེས་པས། མཚུངས་ལྡན་གྱི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྒྱུ་དང་གཉིས་སོ། །དང་པོ་མཚུངས་ལྡན་གྱི་རྒྱུ་ནི། རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔའི་རང་བཞིན་དུ་ཡེ་ནས་གནས་པ་ནི་དབུ་རྒྱན་གྱི་དབང་གི་མཚུངས་ལྡན་གྱི་རྒྱུའོ། །རྩ་རོ་རྐྱང་གཉིས་གཡས་གཡོན་དུ་འཕྱང་བ་ཅོད་པན་གྱི་དང་། རྩ་དབུ་མ་སྟེ་ཨ་ཝ་དྷུ་ཏིའི་ནང་དུ་ཐིག་ལེ་སུམ་ཅུ་སོ་གཉིས་ཡོད་པ་ཕྲེང་བའི་དང་། ལུས་རྩའི་དྲྭ་བས་ཁྱབ་པ་གོ་ཆའི་དང་། ཕོ་མོའི་གསང་བའི་དབང་པོ་རྒྱལ་མཚན་གྱི་དང་། རྟོག་ཚོགས་བཞི་བཅུ་རྩ་གཉིས་ལྷའི་རང་བཞིན་དུ་གནས་པ་ཕྱག་རྒྱའི་དང་། ཀླད་པ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་རྩ་གཉིས་གདུག་ཕུབ་པའི་ཚུལ་དུ་ཡོད་པ་གདུགས་ཀྱི་དང་། རྩ་གནས་ཐིག་ལེས་གང་བར་གནས་པ་བུམ་པའི་དང་། ལྕེ་ལ་བཟའ་བཏུང་གི་རོ་ཆོས་ཉིད་དུ་ལོངས་སྤྱོད་ནུས་པ་བཟའ་བཏུང་གི་དང་། ཁམས་ལྔའི་བཅུད་དམ་རྫས་ལྔ་རང་ལ་གནས་པས་ནི་སྙིང་པོ་ལྔའི་དབང་གི་མཚུངས་ལྡན་གྱི་རྒྱུ་ཡིན་ནོ། །དེ་ཡང་ཐལ་བའི་རྒྱུད་ལས། ཁམས་བཅུད་བདེ་བའི་ལམ་གཉིས་དང་། །དབུ་མ་བཅུད་འདུད་ཚད་ལྡན་པ། །དྲྭ་བའི་རྩ་དང་དབང་པོ་དང་། །ཕུང་སོགས་ཡེ་ཤེས་བདེ་འཁོར་ལོ། །ཧཱུྃ་གི་བདེ་བའི་ཡེ་ཤེས་བཅས། །ཚོགས་བརྒྱད་རང་བཞིན་ཡེ་ཤེས་ལྔ། །སྔགས་རྫས་དགོངས་པས་གང་བསླང་པ། །ཀུན་ནས་ལྡང་བས་སྐྱོབ་པ་ཡིས། །སྡུག་བསྔལ་ལས་གྲོལ་རིགས་སུ་ངེས། །ཞེས་སོ། །གཉིས་པ་ལྷན་ཅིག་བྱེད་པའི་རྒྱུ་ནི། དབང་རྫས་རབ་གནས་དང་ལྡན་པ་ཡིན་ཏེ། དེ་ཡང་། དབུ་རྒྱན་རིན་ཆེན་འབྱུང་ལྡན་གྱི་རབ་གནས་བྱའོ། །དེ་བཞིན་དུ། ཅོད་པན་ལ་རྡོ་རྗེ་སེམས་དཔའ་དང་། སྣང་བ་མཐའ་ཡས་ཀྱི་རབ་གནས་བྱ། ཕྲེང་བ་ལའང་རིན་ཆེན་འབྱུང་ལྡན་གྱིས། གོ་ཆ་ལ་དོན་ཡོད་གྲུབ་པས། རྒྱལ་མཚན་ལ་རྡོར་སེམས། ཕྱག་རྒྱ་ལ་ལྷ་རང་རང་གིས། གདུག་ལ་རྡོར་སེམས། བུམ་པ་རིགས་ལྔ་ཀར་གྱིས། བཟའ་བཏུང་ལ་རྣམ་པ་སྣང་མཛད་ཀྱིས། སྙིང་པོ་ལྔ་ལ་རང་རང་གི་རིགས་ཀྱིས་རབ་ཏུ་གནས་པ་ཅན་བྱས་པ་རྣམས་ནི། ཕྱི་ཕན་པའིི་དབང་བཅུའི་ལྷན་ཅིག་བྱེད་པའི་རྒྱུའོ། །གཉིས་པ་ལྷན་ཅིག་བྱེད་པའི་རྐྱེན་ལའང་། རྐྱེན་བཞི་སྣོད་ཀྱིས་མཚན་ཉིད་གཉིས། ཞེས་པ་རྐྱེན་ལའང་བཞི་ལས། ཕྱི་ཕན་པའི་དབང་བཅུ་བསྐུར་དུ་རུང་བའི་སློབ་བུའི་རྒྱུའི་རྐྱེན། དབང་བསྐུར་ནུས་པའི་སློབ་དཔོན་བདག་པོའི་རྐྱེན། དབང་རྫས་རབ་གནས་དང་ལྡན་པ་དམིགས་པའི་རྐྱེན། དབང་སྔ་མས་གོ་ཕྱེས་ནས་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། །ནུས་པའི་དབང་ལྔའི་མཚུངས་རྒྱུ་ནི། སློབ་བུའི་རྣ་བའི་འདོམ་རྩ་གཉིས་ན། སྒྲ་མཉན་པའི་རེག་ཤེས་ཀྱི་ཐིག་ལེ་གནས་པ་མཉན་དབང་གི་མཚུངས་རྒྱུ། དེ་བཞིན་དུ་སྙིང་གི་རེག་ཤེས་ཀྱི་ཐིག་ལེ་སྒོམ་དབང་གི། ལག་པའི་རྩ་ན་སྐྱོད་བྱེད་ཀྱི་ཐིག་ལེ་ཕྲིན་ལས་ཀྱི། ལྕེ་རྩ་ན་སྨྲ་བྱེད་ཀྱི་ཐིག་ལེ་འཆད་དབང་གི། ཡན་ལག་ལྔའི་ཐིག་ལེ་ལྔ་ནི། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གི་མཚུངས་ལྡན་གྱི་རྒྱུའོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། དམ་རྫས་རབ་གནས་དང་ལྡན་པ་སྟེ། བཀའ་པོ་ཏི་གླེགས་བམ་ཅན་རིན་འབྱུང་རབ་གནས་ཅན་མཉན་དབང་། ཕྲེང་བ་ཡི་དམ་གང་ཡིན་གྱི་རབ་གནས་ཅན་སྒོམ་དབང་དང་། རྒྱ་གྲམ་དོན་གྲུབ་ཀྱི་རབ་གནས་ཅན་ཕྲིན་ལས། དུང་དང་ཕྱག་ཤིང་འཁོར་ལོ་གསུམ་སྣང་མཐའི་རབ་གནས་ཅན་འཆད་དབང་། རྡོ་རྗེ་དྲིལ་བུ་ཀུན་བཟང་ཡབ་ཡུམ་གྱི་རབ་གནས་ཅན་ནི་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གི་ལྷན་ཅིག་བྱེད་པའི་རྒྱུའོ། །གཉིས་པ་རྐྱེན་བཞི་ནི། ནུས་དབང་ལྔ་བསྐུར་དུ་རུང་བའི་སློབ་བུ་རྒྱུའི་རྐྱེན། བསྐུར་ནུས་པའི་སློབ་དཔོན་བདག་པོའི་སྐྱེན། དབང་རྫས་རབ་གནས་དང་ལྡན་པ་དམིགས་པ་དམིགས་པའི་རྐྱེན། དབང་སྔ་མས་གོ་ཕྱེས་ནས་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། །གསུམ་པ་ཟབ་པའི་དབང་གསུམ་གྱི་རྒྱུ་ལ་གཉིས་ལས། དང་པོ་མཚུངས་ལྡན་གྱི་རྒྱུ་ནི། དོན་དམ་བདེ་སྟོང་གི་ཡེ་ཤེས་རང་ཆས་སུ་གནས་པ་གསང་དབང་གི་མཚུངས་ལྡན། ཀུན་རྫོབ་བདེ་སྟོང་གི་ཡེ་ཤེས་རང་ཆས་སུ་གནས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་མཚུངས་ལྡན། བདེན་པ་དབྱེར་མེད་རང་ཆས་སུ་གནས་པ་དབྱེར་མེད་བདེ་ཆེན་གྱི་དབང་གི་མཚུངས་ལྡན་གྱི་རྒྱུའོ། །གཉིས་པ་ལྷན་ཅིག་བྱེད་པའི་རྒྱུ་ནི། ཕྱག་རྒྱ་མ་ལོ་ཉི་ཤུ་མ་མཚན་དང་ལྡན་པ་གསང་དབང་གི། བཅུ་དྲུག་མ་ཟླ་བ་བྱང་སེམས་ཅན་ཤེས་རབ་ཡེ་ཤེས་ཀྱི། བཅུ་གཉིས་མ་ཉི་མ་བྱང་སེམས་ཅན་དབྱེར་མེད་བདེ་བ་ཆེན་པོའི་དབང་གི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །གཉིས་པ་རྐྱེན་བཞི་ནི། ཟབ་དབང་གསུམ་བསྐུར་དུ་རུང་བའི་སློབ་མ་རྒྱུའི་རྐྱེན། བསྐུར་ནུས་པའི་བླ་མ་བདག་པོའི་རྐྱེན། ཕྱག་རྒྱ་མོ་མཚན་དང་ལྡན་པ་དམིགས་པའི། དབང་སྔ་མས་གོ་ཕྱེས་ནས་ཕྱི་མ་འབྱུང་བ་ནི་དེ་མ་ཐག་པའི་རྐྱེན་ནོ། །གསུམ་པ་ངོ་བོ་དང་། དྲང་། རྒྱུ་རྐྱེན་དྲུག་གི་སྒོ་ནས་རང་ལ་གནས་པའི་དབང་དོན་དེ་དངོས་སུ་ཐོབ་པར་བྱ་བ་ལ་གྲངས་བཅོ་བརྒྱད་ཡོད་པ་དེ། དབང་གི་ངོ་བོ་དེ་ཉིད་ཡིན་ཅེས་ལུང་ནས་རྣམ་པར་བཤད་དོ། །བཞི་པ་རྣམ་གྲངས་ལ། དྲང་། དང་པོ་ཞི་བའི་དབང་ལ་ཕྱི་ཕན་དབང་ནང་ནུས་དབང་། གསང་བ་ཟབ་མོའི་དབང་གསུམ་དང་རྩ་བ་རྣམ་ལྔ་ལས་ཡན་ལག་བཅོ་བརྒྱད་དོ། །ཕན་པའི་དབང་བཅུ། ནུས་པའི་དབང་ལྔ་། ཟབ་མོའི་དབང་གསུམ་དང་བཅོ་བརྒྱད་དོ། །གཉིས་པ་བསྒྱུར་བ་ཁྲག་འཐུང་གི་དབང་ལ་ཕན་དབང་། ནུས་དབང་། རྒྱན་ཆའི་དབང་། སྒྲུབ་དབང་། དམ་རྫས་ཏེ་རྩ་བ་ལྔ་ལ་གྱེས་པའི་ཡན་ལག་སུམ་ཅུ་རྩ་དྲུག་སྟེ། དེ་ཡང་ཁྲག་འཐུང་རྩ་རྒྱུད་ལས། ཕྱི་དབང་ཞེས་པར་གྲགས་པ་ནི། །ཕན་པའི་དབང་བཅུ་ནུས་དབང་ལྔ། །རྒྱན་ཆ་རོལ་པའི་དབང་བརྒྱད་དང་། །བསྒྲུབ་པ་བརྒྱད་དང་དམ་རྫས་ལྔ། །མིང་གི་དབང་དང་སུམ་ཅུ་བདུན། །མིང་དབང་ཀུན་གྱི་མགོ་རུ་ཕྱུང་། །ཞེས་གསུངས་པས། མིང་དབང་མི་བརྩི་ནས་སུམ་ཅུ་རྩ་དྲུག་ཏུ་དབྱེའོ། །ཡང་ན་བླ་མ་གོང་མའི་བཞེད་དགོངས་ལྟར་ན། ཕྱི་དབང་ཅུ། ནང་དབང་ལ་བཅུ་གཅིག །བསྒྲུབ་དབང་ལ་བཅུ་གསུམ། གསང་དབང་ལ་གཉིས་དང་སུམ་ཅུ་རྩ་དྲུག་སྟེ། རྔམ་པ་གླེག་ཕྲེང་གི་ལེའུ་བཅུ་བདུན་ལས། རྣམ་གྲངས་གོ་རིམ་མཚན་ཉིད་ནི། །དང་པོ་ཕྱི་ཡི་དབང་བཅུ་བསྐུར། །དེ་ནས་ནང་དབང་བཅུ་གཅིག་བསྐུར། །དེ་ནས་བསྒྲུབ་པའི་བཅུ་གསུམ་དང་། །ཐ་མ་གསང་བའི་རྣམ་པ་གཉིས། །བཅུ་ཕྲག་གསུམ་དང་དྲུག་དག་གིས། །དབང་མཆོག་དམ་པ་བསྐུར་བར་བྱ། །དང་པོ་བཀའ་རྟགས་ཕྱག་རྒྱའི་དབང་། །གཉིས་པ་རྟགས་ཀྱི་མཚན་མའི་དབང་། །གསུམ་པ་ཤེས་རབ་གཟུངས་ཀྱི་དབང་། །བཞི་པ་བཀྲ་ཤིས་བུམ་པའི་དབང་། །ལྔ་པ་བཀྲ་ཤིས་རྫས་ཀྱི་དབང་། །དྲུག་པ་རིན་ཆེན་སྣ་བདུན་དབང་། །བདུན་པ་གདན་གྱི་དམ་པའི་དབང་། །བརྒྱད་པ་མཛེས་པ་རྒྱན་གྱི་དབང་། །དགུ་པ་གསང་བའི་མིང་གི་དབང་། །བཅུ་པ་རྒྱལ་རྟགས་འཁོར་ལོ་སྟེ། །ཕྱི་དབང་བཅུ་པོ་རྫོགས་པ་དང་། །རྡོ་རྗེ་གདན་དུ་གཞུགས་བྱ་བ། །དང་པོ་གསང་བ་ཉན་ཅིང་སློབ་པའི་དབང་། །གཉིས་པ་གླེགས་བམ་ཟབ་མོ་གཏད་པར་བྱ། །གསུམ་པ་རྣམ་བཞི་ལས་ཀྱི་རྫས་ཀྱང་སྦྱིན། །བཞི་པ་རྒྱལ་མཚན་དམ་པའི་མཆོད་གསུམ་སྦྱིན། །ལྔ་པ་སློབ་དཔོན་ཐེག་ཆེན་དགུ་ཡི་རྟགས། །དྲུག་པ་པདྨ་ཉི་ཟླ་སེམས་ཅན་གདན། །བདུན་པ་རྒྱལ་པོ་གསང་བ་རིན་ཆེན་བདུན། །བརྒྱད་པ་གཟུགས་བརྙན་སྤྱི་བོར་བཞག །དགུ་པ་གཟུགས་སྐུ་ཡེ་ཤེས་སྦྱིན། །བཅུ་པ་བཀྲ་ཤིས་ནང་རྫས་དང་། །དེ་སེལ་ལག་ཏུ་རྡོ་རྗེ་སྦྱིན། །བཅུ་དང་བཅུ་གཅིག་ནང་སྦྱིན་ནས། །སྒྲུབ་པའི་དབང་མཆོག་སྦྱིན་པར་བྱ། །དང་པོ་སེམས་ཀྱི་གཏན་ཚིགས་སྦྱིན། །གཉིས་པ་སྙིང་རྗེ་དབང་བསྐུར་སྦྱིན། །གསུམ་པ་ཡི་གེ་འཁོར་ལོ་སྦྱིན། །བཞི་པ་ཐོང་གཤོལ་འབར་བ་སྦྱིན། །བྷན་དྷ་གང་བ་སྦྱིན་དང་ལྔ། །དྲུག་པ་ཚོན་ཆ་སྣ་ཚོགས་ཏེ། །བདུན་པ་སྐྱོན་མེད་པདྨ་སྟེ། །བརྒྱད་པ་སྟི་ར་དབྱུག་པ་སྦྱིན། །དགུ་པ་སྦྲུལ་ནག་ཆུན་པོ་སྦྱིན། །བཅུ་པ་དྲི་མེད་ལྷ་མོ་སྦྱིན། །གཅིག་པ་འདོད་པའི་ལོངས་སྤྱོད་སྦྱིན། །གཉིས་པ་སྒྲུབ་རྫས་ཐམས་ཅད་སྦྱིན། །གསུམ་པ་རྡོ་རྗེ་གསང་མིང་སྦྱིན། །བཅུ་དང་གསུམ་པོ་རྫོགས་པ་དང་། །གསང་བ་དམ་པ་སྦྱིན་པ་ཡང་། །དཀར་དམར་འདྲེས་པའི་བྱང་ཆུབ་སེམས། །བུམ་པ་མཆོག་དེ་ལྕེ་ལ་བཞག །སྙིང་པོ་དོན་དམ་བྱང་ཆུབ་སེམས། །དེ་ཡི་བློ་ལ་བཞག་པར་བྱ། །ཞེས་གསུངས་སོ། །ལྔ་པ་ཐབས་དང་། དྲང་། དེ་ཡང་དང་པོ་དཀྱིལ་འཁོར་རྡོ་རྗེ་ལས་ཀྱི་རིམ་པའི་རྗེས་སུ་ཞུགས་པ་སྟེ། ས་གཞི་མཉམ་དང་ཚང་ཐིག་དང་། །ཚོན་དང་བྲི་བའི་རྣམ་པ་དང་། །རབ་གནས་སྦྱིན་སྲེག་འཇུག་པ་དང་། །ཡོན་ཏན་རྣམ་བཅུ་རྒྱས་ཤེས་བྱ། །ཞེས་གསུངས་པའི་དོན་གཞུང་བཞིན་ཉམས་སུ་བླངས་ལ། དེ་ནས་དད་བརྩོན་བརྟུལ་ཞུགས་ཀྱི་སྣོད་དང་། ཕན་ནུས་ཟབ་གསུམ་གྱི་དབང་རིམ་པ་ལྟར་སྦྱར་ནས་དབང་བསྐུར་བ་སྟེ། གསང་སྙིང་ལས། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་བཟུངས། །ཞེས་སོ། །དེའི་བསྐུར་ཐབས་ནི་དབང་རྡོ་རྗེ་ལས་རིམ་གྱི་གཞུང་ལྟར། རྒྱུ་རྐྱེན་ངོ་བོ་འབྲས་བུ་དང་། །རིམ་ལས་སྐྱོན་ཡོན་བརྒྱད་ཅེས་བྱ། །ཞེས་པས། དབང་རྫོགས་པར་བསྐུར་བར་བྱའོ། །དྲུག་པ་ཐོབ་པའི་ཚད་དང་། དྲང་། དཔེར་ན་ལྕགས་བཟང་ཞིང་རྣོན་པོ་ལ་ཏིལ་མར་བསྐུས་ནས་ངར་རིམ་པར་བླུད་ན་ཤིན་ཏུ་རྣོ་བ་བཞིན་དུ་ཤེས་བྱའི་ཆོས་ཀྱི་ནུས་མཐུ་གཞན་ལ་དེ་ལྟར་དུ་མི་སྨིན་ལ། དབང་ནི་རྒྱུ་རྐྱེན་སྣོད་བཅུད་གཉིས་འཛོམ་ན་དབང་བསྐུར་མ་ཐག་ཏུ་ངེས་པར་ནུས་མཐུ་དང་ལྡན་པ་ནི་ཐོབ་པའི་ཚད་དུ་བཞག་པ་ཡིན་ཏེ། ཁོག་གཞུང་ལས། རྣོ་ལ་ངར་བཏབ་ནུས་པ་བཞིན། །ནུས་པ་སྐྱེ་བ་ཐོབ་པའི་ཚད། །ཅེས་གསུངས་སོ། །བདུན་པ་དུས་དང་། དྲང་། སྔགས་ཀྱི་ལམ་གྱི་རྒྱུད་དུ་འཇུག་པ་ལ་དབང་དགོས་ཏེ་དེ་ཡང་ཤེས་རབ་གྲོལ་ལམ་ལ་རྒྱུད་སྨིན་པར་བྱེད་པ་ལ་སྔོན་དུ་དབང་འགྲོ་བ་ཡིན་ལ། ཐབས་ལམ་ལའང་དབང་ཐོབ་ནས་དེ་ཉིད་ཀྱི་དོན་ལ་རིམ་པར་བསླབ་དགོས་ལ། གཞན་ཡང་ཐབས་གྲོལ་གཉིས་ཀའི་ལམ་དང་ས་ཡི་རིམ་པས་མཐོ་དམན་གྱི་ཕྱེ་བས། རྒྱུ་དུས། ལམ་དུས། འབྲས་དུས་ཀྱི་དབང་དང་གསུམ་སྟེ། དེ་རེ་རེ་ལ་ཡང་སློབ་མ་ལས་དང་པོ་བ་དང་། སྔགས་ཀྱི་དྲོད་རྙེད་པ་དང་ཕྱིར་མི་ལྡོག་པའི་གང་ཟག་གསུམ་གྱི་རིག་མ་ལའང་ལས་ཀྱི་ཕྱག་རྒྱ་མོ་དང་། རིག་པའི་ཕྱག་རྒྱ་མོ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་མོ་དང་གསུམ་ལས་རིམ་པར་རོལ་པས་དབང་གསུམ་ཐོབ་དགོས་ཏེ། དེ་ཡང་གསང་སྙིང་ལེའུ་དགུ་པ་དང་། བཅུ་པ་ལས་སྟོན་པའི་རྒྱུ་དུས་ཀྱི་དབང་ནི། སློབ་དཔོན་དྲོད་ཐོབ་པ་དེས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་ནས། སློབ་མ་ལས་དང་པ་དེ་ལ། རིག་མ་ལས་ཀྱི་ཕྱག་རྒྱ་མོ་མཚན་ཉིད་དང་ལྡན་པ་ལ། རོལ་ཅིང་སྦྱོར་བས། བདེ་སྟོང་གི་ངེས་ཤེས་སྐྱེ་བ་མན་ཆད་ཀྱི་གསང་སྔགས་བླ་མེད་ལ་འཇུག་ནུས་པའི་ཆོས་སྒོ་འབྱེད་པའི་དབང་ཐོབ་པའོ། །ལེའུ་བཅོ་ལྔ་པའི་ནང་དུ་སྟོན་པའི་ལམ་དུས་ཀྱི་དབང་ནི། སློབ་དཔོན་སྒོམ་ལམ་པ་དང་། མཐར་ལམ་པས་དེས། ཏིང་ངེ་འཛིན་གྱི་དཀྱིིལ་འཁོར་ལ་བརྟེན་ནས། སློབ་མ་སྦྱོར་ལམ་པ་དྲོད་ཚད་རྙེད་པའི་གང་ཟག་དེ་ལ། རིག་པའི་ཕྱག་རྒྱ་མོ་སྟེ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་མོ་ལ་རོལ་ཅིང་སྦྱོར་བས། རྗེས་ཤེས་མངོན་འཛིན་གྱི་དྲི་མ་དག་ནས། ཟག་མེད་མཐོང་ལམ་གྱི་དགོངས་པ་མངོན་དུ་གྱུར་པའི་དབང་ཐོབ་པའོ། །ལེའུ་གཉིས་པའི་ནང་དུ་སྟོན་པའི་འབྲས་དུས་ཀྱི་དབང་ནི། ཞེས་གསུངས་པས། དད་པ་ཅན་དང་བརྩོན་འགྲུས་ཅན་གཉིས་ལ་གསུམ་དང་། བརྟུལ་ཞུགས་ཅན་ལའང་གསུམ་སྟེ། དེ་རྣམས་གདུལ་བྱ་གང་ལ་ཡོད་པ་དེ་དག་ཕྱི་ནང་གསང་བའི་དབང་དེ་ཡི་སྣོད་དུ་གྱུར་པ་ཡིན་ཏེ། དེ་ཡང་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ་བསྐུར་ལ། བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ་བསྐུར་ཏེ། དེ་ལ་གཉིས་ཏེ། བདག་དོན་དུ་བརྩོན་འགྲུས་ནུས་ན་ཉན་དབང་དང་། སྒོམ་དབང་གཉིས། གཞན་དོན་དུ་བརྩོན་འགྲུས་ནུས་ན། འཆད་དབང་དང་ཕྲིན་ལས་དང་། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་དང་གསུམ་བསྐུར་ཏེ་ཞེས་སྤར་ཁབ་ལས་གསུངས་སོ། །བརྟུལ་ཞུགས་ཅན་ལ་གསང་བ་ཟབ་དབང་སྟེ། དེ་ལའང་གསུམ་སྟེ། བདུད་རྩི་ལྔ་ལ་སོགས་པ་ཡབ་ཡུམ་གྱི་བྱང་སེམས་ལ་སྤྱོད་ནུས་ན་སྤྱོད་པའི་བརྟུལ་ཞུགས་ལགས་ཏེ། དེ་ལ་གསང་དབང་། ཡུམ་ལ་སྦྱོར་བའི་དུས་སུ་བདེ་སྟོང་དེ་ཉིད་རིག་པས་ཉམས་སུ་མྱོང་ནུས་ན་རིག་པའི་བརྟུལ་ཞུགས་ཏེ། དེ་ལ་ཤེས་རབ་ཡེ་ཤེས། བདེ་སྟོང་གི་ཡེ་ཤེས་ཐ་དད་མེད་པར་དབྱེར་མེད་མཉམ་པ་ཉིད་དུ་རྟོགས་ན་མཉམ་པའི་བརྟུལ་ཞུགས་ཏེ། དེ་ལ་བདེ་བ་ཆེན་པོའི་དབང་བསྐུར་བའོ། །དགུ་པ་ཡོན་ཏན་དང་། དྲང་། དབང་བསྐུར་ཐོབ་པ་ལ་ཚེ་འདི་དང་ཕྱི་མའི་ཕན་ཡོན་གྱི་རྣམ་གྲངས་ནི། རྒྱུད་གསང་སྙིང་ལས། གསུངས་པ་ཅི་བཞིན་ཡིན་ཏེ། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་གསུངས་པ་དང་། ཁོག་གཞུང་ལས། གང་ཡང་ཕན་པའི་དབང་བསྐུར་བས། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ཕྱིར་མི་ལྡོག་ཕྱིར་ཡོན་ཏན་དེ། །ལྷ་མི་ཡོན་ཏན་ཡན་ཆད་ནས། །རྡོ་རྗེ་འཛིན་པ་སྐབས་ཀྱིས་ཐོབ། །ཅེས་སོ། །བཅུ་པ་སྐྱོན་ནོ། །དྲང་། ཡོན་ཏན་དེ་ལས་བཟློག་པ་སྟེ་དབང་མ་ཐོབ་པར་རང་བྱན་གྱིས་བརྟག་དཔྱད་བྱས་ཀྱང་རང་གི་ཆོས་ཉིད་མི་རྟོགས་པ་དང་། གཞན་ལ་ཡང་ཕན་ནུས་ཟབ་གསུམ་གྱི་དབང་མ་ཐོབ་པར་ཉན་པ་དང་། འཆད་པ་དང་། བསྒོམ་པ་དང་། ཕྲིན་ལས་དང་། བསྒྲུབ་པ་ལ་སོགས་པ་རྡོ་རྗེ་སློབ་དཔོན་གྱི་ལས་བྱས་ཀྱང་འབྲས་བུ་མེད་ཅིང་། གསང་བའི་རྒྱུད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་གསུངས་པས་དམ་ཚིག་དེ་ཉམས་པའི་དབང་གིས་ངན་སོང་གསུམ་དུ་ལྟུང་ཞིང་སྡུག་བསྔལ་གྱི་འཇིགས་པ་ཆེན་པོ་འབྱུང་སྟེ། དཔེར་ན་སོ་མ་བཏང་བའི་རྫ་མའི་ནང་དུ་ཆུ་བླུགས་ནས་སྤྱོད་ཙམ་ན་ཞིག་པ་ལྟར་འགྱུར་བ་ནི། གསང་བའི་སྙིང་པོ་རྩ་རྒྱུད་དང་བཤད་རྒྱུད་ཀུན་ལ་ལྟོས་དང་དེར་གསལ་ལོ། །དེ་ཡང་ཁོག་གཞུང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ལས་བརྩོན་འབྲས་མེད་ལྟུང་བའོ། །ཞེས་སོ། །བརྒྱད་པ་བསྒྲུབ་པ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། ཡན་ལག་བརྒྱད་པ་རྣལ་འབྱོར་པས་ལམ་དོན་དུ་གཉེར་བ་འབྲས་བུ་ཐོབ་པར་བྱ་བ་ཡི་ཐབས་ལ་བསྒྲུབ་དགོས་ཏེ། དེ་ཡང་ཐུན་མོང་མཆོག་གིས་ཕྱེ་བས་བསྒྲུབ་པ་ལ་གཉིས་ཏེ། ཁོག་གཞུང་ལས། བསྒྲུབ་པའི་འཇིག་རྟེན་པ་དང་འདས། །ཞེས་པ་ཡང་། སོགས་ཀྱིས་སྒྲས་དེ་དག་གི་སྒྲུབ་ཐབས་མི་འདྲ་བ་མང་དུ་ཡོད་པ་རྣམས་ཀྱི་སྡོམ་པའི་ཚིག་ནི་འདི་ལྟ་སྟེ། བསྒྲུབ་པའི་དགོས་ཆེད་དང་། བསྒྲུབ་པ་རང་གི་ངོ་བོ་ངོས་བཟུང་བ་དང་། རྣམ་གྲངས་དང་། བསྒྲུབ་ཐབས་དང་། དུས་ནམ་བསྒྲུབ་པ་དང་། མ་བསྒྲུབ་པའི་སྐྱོན་དང་། བསྒྲུབ་པའི་ཡོན་ཏན་དང་རྣམ་གྲངས་བདུན་གྱི་སྒོ་ནས་འོག་རྒྱས་བཤད་དེ་ཤེས་པར་བྱའོ། །གཉིས་པ་བཤད་པ་དེ་ལ་བདུན་ཏེ། བགྲང་། དང་པོ་དགོས་ཆེད་དང་། དྲང་། ཐུན་མོང་གི་བསྒྲུབ་པ་དང་། མཆོག་གི་བསྒྲུབ་པའི་དངོས་གྲུབ་ཀྱི་བྱེ་བྲག་མི་འདྲ་བ་རྣམས་འཐོབ་པར་བྱེད་པ་ལ། བདག་གཞན་གྱི་དོན་དུ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པ་ལ་སྒྲུབ་པ་དགོས་པ་དང་། དོན་གཉིས་ལྷུན་གྱིས་གྲུབ་ནས་སངས་རྒྱས་ཐོབ་པའི་ཐབས་དང་། ཆོས་དོན་དུ་འགྱུར་བའི་ཕྱིར་སྒྲུབ་པ་དགོས་ལ། དེ་བས་ན་དོན་འགྱུར་བཞི་ཡོད་པའི་ཕྱིར་སྒྲུབ་པ་ལ་བརྩོན་པར་བྱའོ། །གཉིས་པ་ངོ་བོ་དང་། དྲང་། རྣལ་འབྱོར་པ་གང་གིས་མཆོག་ཐུན་མོང་གི་འབྲས་བུ་གང་ཐོབ་པར་འདོད་པས་དོན་དེ་བསྒྲུབ་པ་དང་ལྡན་ནས། ལམ་གྱི་ཡན་ལག་ཆ་རྐྱེན་བཅུ་དང་ལྡན་པའི་རྒྱུད་དོན་རྣམས་གཉེར་བདེ་བ་ནི་བསྒྲུབ་པའི་ངོ་བོའོ། །གསུམ་པ་རྣམ་གྲངས་དང་། དྲང་། འདི་ལ་ས་ནང་ཚིགས་སུ་བཅད་ན་གཉིས་ལས། དང་ཐུན་མོང་གི་རྣམ་གྲངས་ལས། མངོན་ཤེས་ལྔ་བསྒྲུབ་ཐབས་དང་། མིག་མཐོང་དང་། རྣམ་སྲས་དང་། རྒྱས་པའི་རེ་ལྔ་པ་ནས་བྱིས་པ་གཙང་མ་ལ་པྲ་ཕབས་ཐབས་ལ་སོགས་པ་དང་། རེ་བཞི་པ་ནས་ཚེ་བསྒྲུབ་ཐབས་དང་། རྫུ་འཕྲུལ་བསྒྲུབ་པ་ནི། རྒྱས་པའི་སོ་བརྒྱད་པ་ལས། ཡི་གེ་ཨ་ལ་ཤེས་པ་གཏད་ནས་ལུས་མི་སྣང་བར་བསྒྲུབ་པ་དང་། ཀུན་བཟང་ཡབ་ཡུམ་གྱི་གསང་བར་ཞི་བ་བཞི་བཅུ་རྩ་གཉིས་དཀྱིལ་འཁོར་རེ་རེ་བསྒོམ་ལ་སྦྱོར་བ་བྱས་ནས་འོད་དུ་ཞུ་ནས་ཀུན་ཏུ་བཟང་མོ་ལ་བསྟིམ་པ་ལ་སོགས་པའི་སྒོ་ནས་ཏེ། མི་གནས་ནམ་མཁའི་མཐའ་ཀླས་པ། །གོམས་པར་འདོད་པ་ཐོབ་པ་དང་། །ཆུ་ལ་ས་བཞིན་འགྲོ་བ་དང་། །རྩ་བ་རླུང་གིས་བཏེག་ནས་ཀྱང་། །ཕྱོགས་བཅུ་ཀུན་ཏུ་ཕྱིན་པར་བྱེད། །ཅེས་ཐོབ་པའི་ཐབས་དང་། གཞན་ཡང་རྡོ་རྗེ་བཀོད་པ་ཀུན་འདུས་ཀྱི་རྒྱུད་ནས། སྒྱུ་མ་དང་། ཡུངས་ཀར་རྒྱལ་པོ་དང་། རྡོ་རྗེ་ཐབས་ཆེན་དང་། ལུས་མང་པོ་སྤྲུལ་པ། བྱེ་མ་ལ་གསེར། སོལ་བ་ལ་ལྗོན་ཤིང་དུ་བསྒྲུབ་པ་ལ་སོགས་པ་དང་། གསེར་བསྒྲུབ་དང་། ཆང་འབེབས་རྒྱུད་གཞན་དུའང་མང་དུ་གསུངས་སོ། །གཞན་ཡང་རྒྱས་པའི་ལེའུ་བདུན་ཅུ་པ་ནས་རོ་ལང་བསྒྲུབ་པའི་སྒོ་ནས་ལྷ་སྲིན་གྱིས་བཀའ་ཉན། མ་ཧཱ་དེ་བ་ལ་སོགས་དབང་དུ་འདུས། རོ་གསེར་དུ་འགྱུར་ནས་ལོངས་སྤྱོད་ཀྱི་རྟེན་དུ་འགྱུར། རོའི་ལྕེ་བཅད་ནས་གར་བསམ་དུ་ཕྱིན་ནས་རྐང་མགྱོགས་དང་། ལེའུ་ཞེ་བདུན་པ་ནས། རྣམ་རྒྱལ། གཤིན་རྗེ། རྟ་མགྲིན། བདུད་རྩི་འཁྱིལ་པ་དང་བཞིའི་སྒོ་ནས་རོ་ལང་བསྒྲུབས་པས། རོ་ལང་པའི་ལྕེ་བཅད་པས་མཚོན་ཆ་དང་། གོ་ཆ་དང་། གསེར་དང་། རྐང་མགྱོགས་ལ་སོགས་ཀྱི་རྫུ་འཕྲུལ་བསྒྲུབ་ཐབས་རྣམས་དང་། པགས་པ་ལ་ལྷྭམ་བྱས་ན་ཆུར་མི་བྱིང་བ་ལ་སོགས་པ་རྫུ་འཕྲུལ་ཐོབ་ཐབས་རྣམས་སོ། །ལས་ནི་འཕྲིན་ལས་ཏེ། རྒྱས་པའི་ལེའུ་ང་ལྔ་པ་ནས་དྲུག་ཅུ་རྩ་གཅིག་གི་བར་དུ་ཞི་རྒྱས་དབང་དྲག་ལྷུན་གྲུབ་དང་ལྔ། མེའི་སྒོ་ནས་ལས་བཞི་བསྒྲུབ་ཐབས་དང་། ལེའུ་ཉི་ཤུ་པ་ལས་མཆོད་རྟེན་གྱི་སྒོ་ནས་ལས་བཞི་བསྒྲུབ་ཐབས་དང་། རྒྱུད་གཞན་ལས་ཀྱང་། ཞི་བ་ལ་མི་མཐུན་ཀུན་སེལ། རྒྱས་པ་ལ་འདོད་པ་ཀུན་འདུས། དབང་ལ་གསང་བ་གནད་ཀྱི་ལྕགས་ཀྱུ། དྲག་པོ་ལ་དགྲ་བགེགས་བདུད་འཇོམས། གཞན་ཡང་རྒྱས་པའི་ནང་ཚན་ལ། སྲི་བུ་དང་ལོ་ཐོག་གསོ་ཐབས་རྒྱུད་གཞན་དུ་གསལ་ལ། ཀླུའི་གེགས་སེལ་མཛེ་གསོ་ཐབས་ལེའུ་ཞེ་དྲུག་པ་ལས་སྟོན་ལ། གཞན་ཡང་དབང་གི་ནང་མཚན་ལ། རྒྱས་པའི་ལེའུ་ཞེ་གཉིས་པ་དང་། ཞེ་གསུམ་པ་ལས། འཇིག་རྟེན་ལས་འདས་པའི་གཟུངས་མ་རིགས་ལྔའི་ཡུམ་དགུག་པ་དང་། སེམས་མ་དགུག་པ་ཡང་སྟོན་ལ། འཇིག་རྟེན་པའི་གཟུངས་མ་དགུག་པ་ནི། རྒྱལ་པོ་ས་འཛིན་གྱི་ཆུང་མ་དང་། བློན་པོ་ས་འཛིན་གྱི་ཆུང་མ་དང་། ལྷ་ཆེན་པོ་གཞན་གྱི་ཆུང་མ་བཀུག་ལུགས་ལེའུ་ཞེ་ལྔ་པ་ལས་སྟོན་ལ། རྒྱུད་གཞན་དག་ལས། ལྷ་མོ། ཀླུ་མོ། རིགས་ངན་མའི་བུ་མོ་འགུགས་པ་ཡང་སྟོན་ནོ། །ཡུལ་ཁམས་དབང་དུ་བྱ་བའི་ཐབས་ལེའུ་སོ་བརྒྱད་པ་ལས་སྟོན་ལ། གཞན་ཡང་མ་ཧཱ་དེ་བ་དབང་དུ་བྱས་ནས་བསྒྲུབས་པས་གང་བསམ་བསྒྲུབ་བཅོལ་བ་དང་། རྒྱལ་པོ་ཆེན་པོ་སྡེ་བཞི་བསྒྲུབས་ནས་དབང་དུ་བྱས་པས་ལས་གང་བསམ་བསྒྲུབ་བཅོལ་བའི་ཐབས་ལེའུ་རེ་གསུམ་པ་ལས་སྟོན་ལ། དྲག་པོ་ལ་ནང་ཚན་དུ། དགྲ་བགེགས་གླིང་ཁམས་གཞན་དུ་འཕང་བའི་ཐབས་ལེའུ་སོ་བརྒྱད་པ་ལས་སྟོན་ལ། རྒྱུད་གཞན་ལས་ཀྱང་། མ་མོ་ཇག་ཆིངས། འབྱུང་པོ་ཁ་ཆིངས། དགྲ་བགེགས་དང་ཉི་ཟླ་བསད་པ་ལ་སོགས་པ་དང་། གཞན་གྱི་ཡུལ་ཁམས་འཕམ་པར་བྱེད་པ་ལ་སོགས་པ་རྣམས་སོ། །སྐུ་དེ་བཞིན་གཤེགས་རིགས་ཀྱིས་རྒྱལ་པོའི་ལུས་ལ་འཇུག་ནས་རང་རྒྱལ་པོ་རེད་ཐབས་དང་། གསུང་པདྨ་རིགས་ཀྱིས་ཞང་བློན་དབང་ཆེན་གྱི་ལུས་ལ་འཇུག་ནས་དབང་དུ་བྱ་ཐབས་དང་། ཐུགས་རྡོ་རྗེ་རིགས་ཀྱིས་ལྕགས་སྤྱང་ཀི་ལུས་ལ་འཇུག་པས་རྐང་མགྱོགས་བསྒྲུབ་ཐབས་དང་། ཡོན་ཏན་རཏྣ་རིགས་ཀྱིས་བློན་པོ་ནོར་མང་གི་ལུས་ལ་འཇུག་པས་རང་བློན་པོ་ནོར་མང་རེད་ཐབས་དང་། ཕྲིན་ལས་ཀྱིས་ལྷ་མིན་གྱི་དམག་མིའི་ལུས་ལ་འཇུག་ནས་དམག་མང་བསྒྲུབ་ཐབས་རྣམས་སོ། །ཡང་ན་སྐུ་རྫུ་འཕྲུལ་གྱི་བསྒྲུབ་པ། གསུང་པ་པྲ་ཕབ། ཐུགས་མངོན་ཤེས། ཡོན་ཏན་ཚེ། ཕྲིན་ལས་དངོས་ཏེ། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་ཐུན་མོང་དག་གི་སྒྲུབ་ཐབས་མི་མཐུན་པར་གྲགས་པ་དེ་རྣམས་ནི་ཐུན་མོང་གི་བསྒྲུབ་པའི་རྣམ་གྲངས་ཡིན་པ་དང་། གཉིས་པ་ཟག་མེད་ཀྱི་འབྲས་བུ་ཐོབ་ཐབས་མཆོག་གི་བསྒྲུབ་པ་ལ། སྐུ་རྣམ་སྣང་། གསུང་སྣང་མཐའ། ཐུགས་རྡོར་སེམས། ཡོན་ཏན་རིན་འབྱུང་། ཕྲིན་ལས་དོན་གྲུབ་དང་། ལྔ་པོའི་སྒྲུབ་ཐབས་སམ། ཡང་ན་འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕྲིན་ལས་ཕུར་པ་ལ་སོགས་པའི་བསྒྲུབ་ཐབས་ནི། རྒྱུད་གཞུང་སྤྱིའི་ཆིངས་ཡིན་ལ། ཁྱད་པར་དུ་སྒྱུ་འཕྲུལ་རང་གཞུང་ལ་ཞི་ཁྲོ་གཉིས་ཀྱི་སྒོ་ནས་ཆོམ་བུ་གཅིག་གསུམ་ལྔ་པ། དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གྱི་ཐོག་ནས་བསྒྲུབ་ཐབས་རྣམས་སོ། །བཞི་པ་བསྒྲུབ་ཐབས་དང་། དྲང་། གོང་གི་རྣམ་གྲངས་ཀྱི་བསྒྲུབ་ཐབས་སྐབས་སུ་བཤད་པའི་ཐུན་མོང་དང་མཆོག་གི་བསྒྲུབ་པའི་ཐབས་སུ་གྲགས་པ་ཀུན་ཚུལ་ཅི་ལྟར་དུ་བསྒྲུབ་ན། སྒྲུབ་པ་པོ། གནས་དང་། དུས་དང་། ཡོ་བྱད་དེ་ཕུན་སུམ་ཚོགས་པ་བཞི་དང་ལྡན་ནས་གཞི་བཟུང་བ་ལའང་། དང་པོ་གནས་བརྩལ་བ་ལ་ས་བརྟགས་ཤིང་བྱིན་གྱིས་བརླབས་པ་ཡན་ཆད་ཀྱི་ཆོ་ག་རྒྱས་པར་བྱེད་ལ། གནས་དེར་སྒྲུབ་ཁང་བརྩིགས་པ་ལ་བྱུག་བསྲུང་བྱ། ཆུ་གཏོར་ལ་སོགས་པ་ཚོགས་ཀྱི་དཔུང་བསྐྱེད་ལ་སྒྲིབ་སྦྱང་བྱ། དེ་ནས་བསྙེན་པ་དང་། ཉེ་བའི་བསྙེན་པ། བསྒྲུབ་པ་དང་བསྒྲུབ་པ་ཆེན་པོའི་གཞུང་བསྲངས་ལ། སྔགས་ལ་གྲངས་ཀྱི་དང་། དུས་ཀྱི་དང་། མཚན་མའི་བསྙེན་པ་སོ་སོར་ཕྱེ་བ་སྟེ། དེ་རྣམས་རྒྱུད་རྒྱས་པ་ལས་གསུངས་པ་བཞིན་དུ་བསྒྲུབ་དགོས་ཏེ། དེ་ཡང་གྲངས་བསྙེན་ནི་རྒྱུད་རང་རང་གི་ནང་དུ་བཤད་པའི་སྔགས་ཀྱི་གྲངས་ཐེམ་པའོ། །དུས་བསྙེན་ནི་ཟླ་དྲུག་བཅུ་གཉིས་བཅུ་བཞི་བཅུ་བཅུ་དྲུག་གོ། །ཕྱག་རྒྱ་སྤྲོས་པ་མཐར་ཕྱིན་པའི་དུས་སོ། །མཚན་མའི་བསྙེན་པ་ནི། རྟགས་མ་བྱུང་གི་བར་དུའོ། །ལྔ་པ་དུས་དང་། དྲང་། རྣལ་འབྱོར་པ་གང་ཞིག་གིས་ལྟ་བ་བདེན་གསུམ་དབྱེར་མེད་མངོན་སུམ་དུ་རྟོགས་ནས་ཏིང་ངེ་འཛིན་གོམས་ཤིང་འགོ་འབྱོར་པ་དང་། སྔགས་ཀྱི་ཡན་ལག་དང་ཕྱག་རྒྱ་བཞི་བཅུ་རྩ་གཉིས་སམ། ལྔ་བཅུ་རྩ་བརྒྱད་ལ་སོགས་པ་ལུས་དཀྱིལ་དུ་བཀོད་ནས་བསྒོམ་པ་ལ་བརྟན་པ་ཐོབ་པ་དང་། སྤྲོས་པ་ལ་སོགས་སྤྱོད་པའི་བྱེ་བྲག་རྣམས་མི་ལྕོག་པ་མེད་པར་གང་ཡོད་པ་དེ་དག་དང་། དེ་ལྟར་བསྒྲུབ་པའི་ཆ་རྐྱེན་བཅུ་པོ་ཚང་བར་བྱས་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་མ་ཐོབ་པའི་སྔོན་དུ་ཚོགས་བསྒྲུབ་པའོ། །འོ་ན་ཐུན་མོང་གི་བསྒྲུབ་པ་འདིར་མ་སྨོས་སམ་ཞེ་ན་མ་ཡིན་ཏེ། ཐུན་མོང་བསྒྲུབ་པའི་དུས་ཀྱང་ཕྱག་རྒྱ་སྤྲོས་པ་མཐར་ཕྱིན་དགོས་ཏེ། གསང་སྙིང་ལས། གསོ་དང་གསད་དང་ཕམ་དང་རྒྱལ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་སོ། །དྲུག་པ་སྐྱོན་དང་། དྲང་། མ་བསྒྲུབས་ན་ལྷ་ཡལ་བས་སྒྲིབ་པ་མི་འབྱོང་། འབྲས་བུ་མི་ཐོབ་སྟེ། དེ་ཡང་ཐུན་མོང་དང་མཆོག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔ་སྟེ་བཅུ་པོ་མི་ཐོབ་པའོ། །བྱེ་བྲག་ཏུ་བསྒྲུབ་ཐབས་མི་འདྲ་བ་རྣམས་རང་རང་མ་བསྒྲུབ་ན་མི་འགྲུབ་པས་ན་རྒྱས་པ་དེའི་དོན་ཁོང་དུ་ཆུད་ནས་བསྒྲུབ་པ་ལ་བརྩོན་པར་བྱའོ། །བདུན་པ་ཡོན་ཏན་ནོ། །དྲང་། བསྒྲུབས་ན་སྐྱོན་དེ་ལས་ཟློག་པ་ཡིན་ཏེ། ཚེ་འདི་དང་ཕྱི་མར་ཐུན་མོང་གི་འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་། མཆོག་གི་འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཐོབ་པས་བདག་གཞན་གྱི་དོན་གཉིས་རྫོགས་པ་ཡིན་ནོ། །དགུ་པ་སྔགས་དང་ཕྱག་རྒྱ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། ཡན་ལག་དགུ་པ་སྔགས་དང་བཅུ་པ་ཕྱག་རྒྱའི་སྡོམ་ཚིག་ནི་འདི་ལྟ་སྟེ། སྔགས་དང་ཕྱག་རྒྱའི་དགོས་ཆེད་དང་། ངོ་བོ་ངོས་བཟུང་བ་དང་། རྣམ་གྲངས་ལ་དུ་ཡོད་པ་དང་། བཟླས་པ་དང་བསྒོམ་པའི་ཐབས་དང་། སྔགས་དང་ཕྱག་རྒྱའི་ངེས་ཚིག་དང་། སྐབས་གང་དུ་དགོས་པ་དང་། སྔགས་གསུམ་བཟླ་ཞིང་ཕྱག་རྒྱ་བསྒོམ་པའི་ཡོན་ཏན་དང་། བཟླས་བསྒོམ་མ་བྱས་པའི་སྐྱོན་དང་། དེ་དག་རྣལ་འབྱོར་པ་གང་གི་སྤྱོད་ཡུལ་ཡིན་པ་དང་དགུའི་སྒོ་ནས་སྔགས་དང་ཕྱག་རྒྱའི་དོན་དེ་དག་བཤད་པར་བྱའོ། །གཉིས་པ་བཤད་པ་དེ་ལ་དགུ་སྟེ། བགྲང་། དང་པོ་དགོས་ཆེད་དང་། དྲང་། གནས་སྐབས་སུ་སྒྲིབ་པ་སྦྱང་ཞིང་ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ་ལ་སྔགས་དགོས་པ་དང་། མཐར་ཐུག་ཐོབ་པར་བྱ་བའི་འབྲས་བུ་རིགས་ལྔའམ། སྐུ་ལྔ་པོ་རྫོགས་པར་བྱ་བའི་ཕྱིར་ཕྱག་རྒྱ་དགོས་པ་དེ་བས་ན། བདག་གཞན་གཉིས་ཀའི་དོན་གྲུབ་པའི་ཆེད་དུ་སྔགས་ཕྱག་རྒྱ་ཤིན་ཏུ་གཅེས་པས་ཉམས་སུ་བླང་བར་བྱའོ། །གཉིས་པ་ངོ་བོ་དང་། དྲང་། ལུས་ཀྱི་ཡི་གེ་ཀཱ་ལི་དང་། ཡན་ལག་གི་ཡི་གེ་ཨཱ་ལི་གཉིས་ལྷན་ཅིག་ཏུ་འདུས་པ་ལས་མིང་། མིང་དེ་ལས་གྲུབ་པ་བཞིས་བརྒྱན་པའི་ནུས་མཐུ་ཆེན་པོ་ཅན་དུ་རེད་པ་གང་ཡིན་པ་དེ་ནི་སྔགས་ཀྱི་ངོ་བོ་ཡིན་པ་དང་། དེ་ཡང་ཆོས་རྗེའི་བཞེད་ལ། རང་བཞིན་ཆོས་ཉིད་ཀྱི་གྲུབ་པ་དོན་ལས་མི་འདའ་བ་དང་། ཆོས་ཅན་རང་གི་མཚན་ཉིད་ཀྱི་གྲུབ་པ་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྣང་བ་དང་། བྱིན་རླབས་ལྷའི་གྲུབ་པ་ནི་སྔགས་ཀྱི་ནུས་པ་མཐུ་ཅན་དུ་རེད་པ། མཐུས་གྲུབ་པ་ནི་སྔགས་ཀྱི་ནུས་པ་མཐུ་ཅན་དུ་ལྟ་བའི་ཐུན་མོང་དང་མཆོག་གི་དངོས་གྲུབ་སྣང་བའོ། །ཞེས་སོ། །དགོངས་འདུས་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་བཀོད་པའི་ལེའུ་སོ་བཞི་པའི་སྐབས་དང་། གསང་སྙིང་ལེའུ་བཞི་པའི་སྐབས་ལ་བརྟགས་ན། སྤྱིར་ཤེས་བྱ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། ཡི་གེ་འདུས་པས་མིང་། དེ་ལས་ཚིག་བྱུང་། དེས་མཚོན་ནས་སྔགས་ཚིག་ཤད་གཅིག་ལའང་། གྲུབ་པ་བཞིས་བརྒྱན་པ་ཡིན་ཏེ། ཞི་བའི་སྙིང་པོ་ལ་ཡིན་ན་ཧཱུྃ་གིས་ཡེ་ཤེས་ལྔ། བཛྲ་རྡོ་རྗེ་སྟེ་སྣང་སྟོང་དབྱེར་མེད་སྐྱེ་འཇིག་དང་བྲལ་བ། དྷྲིཀ་འཛིན་པ་སྟེ་དེའི་དོན་ལ་མི་འདའ་བ་ཡིན་པས་རང་བཞིན་ཆོས་ཉིད་འགྲུབ་པས་བརྒྱད་ལ། བཛྲ་དྷྲི་ཀ་ནི་དངོས་སུ་རྡོ་རྗེ་འཛིན་པ་མཚོན་པས་ཆོས་ཅན་གྱི་གྲུབ་པས་བརྒྱན་ལ། ཧཱུྃ་བཛྲ་དྷྲིཀ་བརྗོད་པའི་བྱིན་རླབས་དེས་ལྷའི་སྐུ་ཝལ་གྱིས་གསལ་བས་བྱིན་རླབས་ལྷའི་གྲུབ་པས་བརྒྱན་ལ། ཧཱུྃ་བཛྲ་དྷྲཱིཀ་དེ་བཟླས་པས་བདག་གཞན་ཐམས་ཅད་ལ་གནས་སྐབས་ཐུན་མོང་ལ་བར་ཆད་ཞི་ལ། མཐར་ཐུག་མཆོག་གི་དངོས་གྲུབ་སངས་རྒྱས་ཐོབ་པའི་ནུས་མཐུ་ཡོད་པས་མཐུའི་གྲུབ་པས་བརྒྱན་པའོ། །སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ། འཕྲོ་འདུ་འཕྲིན་ལས་ཀྱི་ཕྱག་རྒྱ་དང་བཞི་རྫོགས་པ་དེ་ཉིད་ལ་མི་འདའ་བའི་དོན་དེ་གང་ལ་སྣང་བ་དེ་ནི་ཕྱག་རྒྱའི་ངོ་བོ་ཡིན་ནོ། །གསུམ་པ་རྣམ་གྲངས་ལ་གཉིས་ཏེ། བགྲངས། དང་པོ་སྔགས་ཀྱི་རྣམ་གྲངས་དང་། དྲང་། རིགས་སྔགས་ནི། རིགས་ཡབ་ཀྱིས་འཛིན་པས་ཡབ་སྔགས་ཡིན་ལ། གསང་སྔགས་ནི་ཐེག་འོག་ལ་གསང་བའི་བདེ་སྟོང་ཡུམ་གྱིས་འཛིན་པས་ཡུམ་སྔགས་ཡིན་ལ། གཟུངས་སྔགས་ཞེས་པ་ནི། ཡབ་ཡུམ་གཉིས་སྦྲེལ་བའི་སྔགས་ཡིན་པ་དང་། དེ་ནི་ཆོས་རྗེ་རིན་པོ་ཆེའི་བཞེད་པ་ཡིན་ལ། ཡང་ན་གསང་བ་གྲུབ་པའི་རྒྱུད་ལས། སྔགས་རྣམས་ཀུན་གྱི་དབྱེ་བ་ནི། །རིག་སྔགས་ཐབས་ཀྱི་ངོ་བོ་སྟེ། །གཟུངས་སྔགས་ཤེས་རབ་རང་བཞིན་ཏེ། །གསང་སྔགས་གཉིས་མེད་ཡེ་ཤེས་ཡིན། །ཞེས་པ་དང་། དབང་ཡོན་ཏན་རིམ་པ་ལས། སྟོང་པ་དང་ནི་སྙིང་རྗེ་ཉིད། །གཉིས་སུ་མེད་དང་གཉིས་ཚུལ་གྱིས། །གསང་སྔགས་ཞེས་ནི་དེ་ལ་བཤད། །ཅེས་གསུངས་པས། རིག་སྔགས་མཐུན་ལ། ཡུམ་གྱིས་བདེ་བ་གཟུངས་བས་གཟུངས་སྔགས། ཡབ་ཡུམ་གཉིས་མེད་ཀྱི་དགོངས་པ་ཟབ་པས་གསང་སྔགས་ཞེས་བཤད་དོ། །ཡང་རྒྱལ་པོ་ཛཿའི་དགོངས་འདུས་འགྲེལ་པར། གསང་སྔགས་ཞེས་བྱ་བ་ནི། ལྷ་མོ་རྣམས་ཤེས་རབ་ཀྱི་རང་བཞིན་ཏེ་ཟབ་པས་རྟོགས་པར་དཀའོ། །རིགས་སྔགས་ཞེས་བྱ་བ་ནི། རིག་པའི་རྒྱལ་པོ་ལྷ་ཕོའི་རང་བཞིན་ཐབས་དེས་རིག་པའི་ཕྱིར་རོ། །གཟུངས་སྔགས་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཁ་སྦྱོར་གཟུངས་པའི་ཕྱིར་རོ། །ཞེས་སོ། །རྒྱུ་མ་ནོར་རྩ་བའི་སྔགས་དང་། བསྐྱེད་པ་རྐྱེན་གྱི་སྔགས་དང་། བསྐུལ་བ་ལས་ཀྱི་སྔགས་ཏེ། དེ་ལ་ཞི་བ་ལྟར་ན། ཧཱུྃ་རྩ་བའི་སྔགས། བཛྲ་དྷྲཱིཀ་ནི་བསྐྱེད་པ་རྐྱེན་གྱི་སྔགས། རྩ་སྔགས་དང་བསྐྱེད་སྔགས་དྲིལ་བ་ནི་བཟླས་པ་ལས་ཀྱི་སྔགས་སུ་ཤེས་སོ། །ཁྲོ་བོ་ལྟར་ན། ཧཱུྃ་རྩ་སྔགས། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་སྐུ་བསྐྱེད་སྔགས། མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ནི་བཟླས་པ་ལས་ཀྱི་སྔགས་སོ། །ཞེས་སྤར་ཁབ་ལས་བཤད་དོ། །གཞལ་ཡས་ཁང་བསྐྱེད་སྔགས་ཀྱང་བསྐྱེད་པ་རྐྱེན་གྱི་སྔགས་ཡིན་ནོ། །བསྙེན་སྔགས་ལ་ཡང་། ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་དང་། མིང་ནས་བོས་པ། ཐུགས་དམ་གནད་ནས་བསྐུལ་བའི་སྔགས་སོ། །ལས་རིམ་གྱི་སྔགས་ནི། དབང་བསྐུར་བ་དང་། བྱིན་གྱིས་བརླབས་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྙན་གསན་དབབ་པ་དང་། སྤྱན་དྲང་བ་དང་། བསྟིམ་པ་དང་། བརྟེན་པར་བྱ་བ་དང་། མཆོད་པའི་སྔགས་རྣམས་དང་། རིགས་པའི་མེ་ཏོག་དོར་བ་དང་། དངོས་གྲུབ་བསྐུལ་བའི་སྔགས་རྣམས་སོ། །སྔགས་སྤྱིའི་རྣམ་གྲངས་ལ། རྩ་སྔགས། སྙིང་པོ། ཉེ་སྙིང་། བསྟོད་པ། ཕྲེང་སྔགས། མཆོད་པ། གཏོར་སྔགས། དབང་བསྒྱུར་བའི་སྔགས། ལས་ཐམས་ཅད་པའི་སྔགས་མགོ་ཅན། མགོ་མེད། མཇུག་མེད། གཉིས་ཀ་ཡོད་པ། འགྲོ་ལྡིང་ལ་སོགས་པ་རྣམས་ནི་སྔགས་ཀྱི་རྣམ་གྲངས་སོ། །གཉིས་པ་ཕྱག་རྒྱའི་རྣམ་གྲངས་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ། འཕྲོ་འདུ་འཕྲིན་ལས་ཀྱི་ཕྱག་རྒྱ་དང་བཞི་ཡོད་པ་ལས། གཉིས་པ་བཤད་པ་དེ་ལ་བཞི་སྟེ། བགྲང་། དང་པོ་ཕྱག་རྒྱ་ཆེན་པོའི་རྣམ་གྲངས་དང་། དྲང་། སྐུ་ཕྱག་རྒྱ་ཆེན་པོ་ལའང་བཞི་སྟེ། རང་བཞིན་གྱི་ཕྱག་རྒྱ་ཆེན་པོ་ནི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་གནས་པ་ཡིན་ཏེ། རྒྱས་པའི་ལེའུ་དོན་དྲུག་པ་ལས། རང་བཞིན་ཕྱག་རྒྱ་ཆེན་པོ་ནི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །ཐབས་དང་ཤེས་རབ་ངང་དུ་གནས། །རིགས་ལྔ་བདེ་གཤེགས་ཡབ་ཡུམ་དང་། །མ་བཅོས་ཡེ་ནས་དེ་ལྟར་གནས། །ཞེས་པ་དང་། སྨད་འགྲེལ་དུ། རང་བཞིན་གཟུགས་ཀྱི་སྐུ་ནི་འོག་མིན་བཞུགས་པ་ཉིད་དང་། དེ་ཅིའི་ཕྱིར་ན། ཡོན་ཏན་རྫོགས་པའི་གཞིར་གྱུར་པ་དང་། ཞེས་སོ། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཆེན་པོ་ནི། རང་གནས་དེ་ཉིད་ལྟ་བས་རྟོགས་ནས་ཏིང་ངེ་འཛིན་གྱི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་དབུའི་གཙུག་ཏོར་ནས་འོག་གདན་ཁྲིའི་བར་གསལ་བར་བསྒོམ་པ་དང་། ཡང་དེ་ཉིད་ལས། ལྷག་པའི་ཕྱག་རྒྱ་ཆེན་པོ་འདི། །ནང་གི་རྟགས་ནི་ཕྱི་རུ་སྟེ། །མདོར་བསྡུས་ཕྱག་རྒྱ་དྲུག་པ་དང་། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཞེས་སོ། །ལྷ་བསྒོམ་པ་དེ་ཉིད་དངོས་སུ་གཟུགས་བརྙན་གྱིས་མཚོན་པ་ནི་མཚན་པའི་ཕྱག་རྒྱ་ཆེན་པོ་སྟེ། རས་དང་ཤོག་གུ་ས་ཐང་དང་གྱང་ལ་རིས་སུ་བྲི་བ་དང་། རྭའམ་རུས་པ་ཤིང་དང་རྡོ་ལ་འབུར་དུ་བཏོད་པ་དང་། གསེར་དངུལ་ཟང་སོགས་ལ་ལུགས་སུ་བླུགས་པ་དང་། འཇིམ་པ་ལ་འདེར་སོ་བྱས་པ་རྣམས་སོ། །ཏིང་ངེ་འཛིན་མཐར་ཕྱིན་པའི་རྟགས་ལ་དང་མཚན་མའི་ཕྱག་རྒྱ་ཆེན་པོ་སྟེ། སྐུ་གདུང་དང་རིང་བསྲེལ་ལ་སོགས་པ་རྣམས་སོ། །གཉིས་པ་དམ་ཚིག་གི་ཕྱག་རྒྱ་དང་། དྲང་། བདེ་བ་འཛིན་པ་ལ་མི་འདའ་བས་ཡུམ་དམ་ཚིག་གི་ཕྱག་རྒྱ་དང་དགོངས་པ་ཆོས་ཉིད་ལ་མི་འདའ་བའི་རྟགས་སུ་རིགས་རང་རང་གི་ཕྱག་མཚན་འཛིན་པ་དམ་ཚིག་གི་ཕྱག་རྒྱ་དང་། གུང་མོ་ལ་སོགས་པའི་རྩེ་མོ་ལ་རྡོ་རྗེ་ལ་སོགས་པ་རང་རང་གི་ཕྱག་མཚན་བསམ་པ་ནི་བསྡམ་པ་དམ་ཚིག་གི་ཕྱག་རྒྱ་དང་། འབྲུ་བཞི་སྦས་ནས་གུང་མོ་ལ་སོགས་རིམ་པ་ལྟར་གྱེན་དུ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱ་དང་བཞིའོ། །གསུམ་པ་ལས་ཀྱི་ཕྱག་རྒྱ་དང་། དྲང་། ཡུམ་ལ་འཁྱུད་པར་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱ་དང་། ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ཀྱི་རིགས་ལ་བརྟེན་པའི་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ་དང་། འོ་ན་དེ་གཉིས་ལས་རྒྱ་ཅི་ལྟར་ཞེ་ན། སྤར་ཁབ་ལས། དེས་ཐབས་དང་ཤེས་རབ་འཁྲིལ་བར་སྦྱོར་བར་བྱེད་པའི་ཕྱིར་རོ། །ཞེས་པ་དང་། ཐལ་བའི་རྒྱུད་ལས། ཕྱེད་ཕྱུང་ཚུལ་གྱིས་གར་བསྐྱོད་པ། །ལྟུང་བ་མེད་ཕྱིར་བརྟེན་པར་བཤད། །ཅེས་པས། ཡབ་ཡུམ་འཁྲིལ་བའི་ལས་བྱས་པས། །བྱང་སེམས་ཀྱི་འཕྲོ་འདུས་འབྱུང་བར་བསྐྱེད་ནས་བདེ་སྟོང་བསྐྱེད་དོ། །རང་བཞིན་མ་བཅོས་པའི་ངོ་བོ་ཕྲིན་ལས་ཐམས་ཅད་ལྷུན་གྲུབ་ཏུ་རྫོགས་པ་ནི་རང་བཞིན་ལས་ཀྱི་ཕྱག་རྒྱ་ཡིན་པ་དང་། ཆོས་རྗེས་རང་བཞིན་ལས་ཀྱི་ཕྱག་རྒྱ་ནི། འོག་མིན་ན་བཞུགས་པའི་སངས་རྒྱས་ཀྱི་ཕྲིན་ལས་མཛད་པ་ལ་གསུངས་ཏེ། དེ་ཡང་རྒྱས་པའི་ལེའུ་སོ་དྲུག་པ་ལས། བྱ་བ་མེད་པའི་ཚུལ་གྱིས་སུ། །ལས་རྣམས་མ་ལུས་རྫོགས་པར་བྱེད། །ཅེས་སོ། །མཛད་པ་བཅུ་གཉིས་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་ནི་ཏིང་ངེ་འཛིན་འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་ཡིན་པ་དང་བཞིའོ། །བཞི་པ་ཆོས་ཀྱི་ཕྱག་རྒྱའི་རྣམ་གྲངས་སོ། །དྲང་། བདེ་སྟོང་གི་ཡེ་ཤེས་མྱོང་བ་ནི་བདེ་བ་ཆོས་ཀྱི་ཕྱག་རྒྱ་དང་། དབྱེར་མེད་མ་བཅོས་པའི་དོན་དམ་ཉམས་མྱོང་བ་ནི་རང་བཞིན་ཆོས་ཀྱི་ཕྱག་རྒྱ་དང་། སྔགས་བརྗོད་པ་ནི་བཟླས་པ་ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱའི་རྩེ་མོ་དང་ཐུགས་ཀར་ཡིག་འབྲུ་བསྒོམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ་དང་བཞིའོ། །ཕྱག་རྒྱ་བཞི་པོ་དེ་དག་རེ་ལ་བཞི་བཞིར་བྱུང་བ་ནི་ཐབས་ལམ་དང་གྲོལ་ལམ། གྲོལ་ལམ་ལའང་བསྐྱེད་རྫོགས་རྣམས་ཀྱིས་ཕྱེ་བས་གྲངས་མང་པོ་འབྱུང་བ་ཡིན་ཏེ། དེ་ཡང་སྐུ་ཕྱག་རྒྱ་ཆེན་པོ་ལ་ཐབས་གྲོལ་མཐུན་ལ། ཐུགས་དམ་ཚིག་ལ་ཡུམ་ནི་ཐབས་ལམ་ཡིན་ལ། གསུམ་པོ་ནི་གྲོལ་ལམ་མོ། །ལས་ཀྱི་ཕྱག་རྒྱ་ལའང་། བསམ་བཅའ་གཉིས་ཐབས་ལམ་གཙོ་ཆེ་ལ། རང་བཞིན་ནི་གྲོལ་ལམ་རྫོགས་རིམ་ཡིན་ལ། འཕྲོ་འདུ་ནི་བསྐྱེད་རིམ་མོ། །ཆོས་རྒྱ་ལ། བདེ་བ་ནི་ཐབས་ལམ་ཡིན་ལ། རང་བཞིན་ནི་རྫོགས་རིམ། བཟླས་བསམ་གཉིས་ནི་བསྐྱེད་རིམ་མོ། །བཞི་པ་ཐབས་དང་། དྲང་། སྔགས་བཟླ་བའི་ཚེ་ན། སྐྱོན་བཅུ་ལ་གཉིས་ཏེ། སྔགས་བཟླས་པའི་སྒྲ་སྐྱོན་དང་། བར་ཆད་སྐྱོན་བཅུ་སྤང་བ་དང་། སྔགས་ལ་བསམ་དཔྱོད་ཀྱིས་བར་དུ་གཅོད་པའི་སྐྱོན་བཅུ་སྤང་བའོ། །དང་པོ་ལ་གཉིས་ལས། དང་པོ་སྒྲ་སྐྱོན་ལྔ་ནི། སྒྲ་ཆེ་ཆུང་གཉིས། མྱུར་བུལ་གཉིས། མེད་པ་དང་ལྔ་སྟེ། དེ་དག་སྤང་བ་ཤིན་ཏུ་གལ་ཆེ་སྟེ། དེ་ཡང་སྒྲ་ཆེ་ན་འབྱུང་པོ་དང་། སྣོད་མེད་ཀྱིས་ཐོས་ནས་བར་ཆད་འབྱུང་། ཆུང་བས་ཟུར་མི་ཕྱིན། དྲག་ན་ལྕེ་ཆད། ཞན་ན་ཟུར་མི་ཕྱིན། མྱུར་ན་ལྕེ་དུབ། ཆུང་ན་གྲངས་མི་མཐོན། སྒྲ་མེད་ན་ཚིག་ཉམས་པའོ། །དེ་ཡང་རྔམ་གློག་ལས། སྒྲ་ཆེ་བ་མ་ཡིན་ཆུང་བར་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པ་མ་ཡིན་ཞན་མ་ཡིན། །ཡིག་འབྲུའི་ཡན་ལག་ཉམས་མ་ཡིན། །ཡེང་བ་ང་རྒྱལ་དང་ལྡན་མིན། །རྒྱུ་བའི་སེམས་དཔའ་སྤང་བར་བྱ། །སྒྲ་ཆེ་སྐྱོན་འགྱུར་འབྱུང་པོ་དང་། །སྣོད་མེད་ཐོས་འགྱུར་བར་ཆད་འབྱུང་། །སྒྲ་མེད་བར་ཆད་མཐུ་མེད་འགྱུར། །རྐྱེན་འགྱུར་ལུས་ཀྱི་འཕྲོད་པར་ཉམས། །དེ་ལ་སྔགས་ཀྱི་ནུས་པ་མེད། །བུལ་ན་བཟླས་པའི་གྲངས་མེད་པས། །དུས་འདས་བར་ཆད་སྦྱོར་བ་འབྱུང་། །ཞེས་སོ། །གཉིས་པ་བར་ཆད་ཀྱི་སྐྱོན་ལྔ་ནི། གློ་ལུ་བ་དང་། གཏམ་དང་། སྦྲིད་པ་དང་། གཉིད་དང་བཞི་པོས་བར་ཆོད་ན་བྱིན་བརླབས་ཡལ། སེམས་ཡེངས་ན་ཏིང་ངེ་འཛིན་གྱི་སྲོག་མེད་པས་དོན་གྱི་ནུས་མཐུ་མེད་དེ། ཚིག་ཙམ་གྱིས་ནུས་པ་བས་མི་འབྱུང་སྟེ། གློ་དང་སྦྲིད་དང་གཏམ་དང་ནི། གཉིད་ལ་སོགས་པས་བར་ཆད་ན། །དེས་ནི་ཡི་དྭགས་བདུད་ལ་སོགས། །སྤྲོས་ནས་བར་ཆད་སྦྱོར་བ་བྱ། །སེམས་གཡེང་ནུས་མཐུ་མི་འབྱུང་ངོ་། །ཞེས་སོ། །གཉིས་པ་བསམ་དཔྱོད་ཀྱི་སྐྱོན་བཅུ་ནི། ཉོན་མོངས་པའི་དུག་ལྔ་བསམ་པའི་སྐྱོན་དང་། བརྩོན་འགྲུས་ཆུང་བ་བསམ་པའི་སྐྱོན་དང་དྲུག །འདོད་ཆགས་ཆེ་བ་རེ་དོགས་སྐྱོན་དང་བདུན། ཏིང་ངེ་འཛིན་དང་བྲལ་བ་གཡེང་བའི་སྐྱོན་དང་བརྒྱད། ཡིད་ཆེས་མེད་པ་ཐེ་ཚོམ་གྱི་སྐྱོན་དང་དགུ། དོན་དང་མི་ལྡན་པ་རང་རྒྱུད་པའི་སྐྱོན་དང་བཅུའོ། །དེ་ཡང་ནག་པོ་དྲུག་ཅུ་པ་ལས། སྔགས་ཀྱི་བསྙེན་པ་བྱེད་དུས་སུ། །མེ་དང་འདྲ་བའི་ཞེ་སྡང་གིས། །སྔགས་ཀྱི་འབྲས་བུ་སྲེག་པར་བྱེད། །ཀུན་ནས་འཁྲིག་པའི་ཆགས་པ་ཡིས། །ཡོན་ཏན་རྒྱུད་རྣམས་ཆིངས་བར་བྱེད། །མུན་པ་ལྟ་བུའི་གཏི་མུག་གིས། །དངོས་གྲུབ་ཉེ་བ་རྙེད་མི་འགྱུར། །གླང་བུ་ལྟ་བུའི་ང་རྒྱལ་གྱིས། །དངོས་གྲུབ་ཆུ་འདྲ་རྩེ་ནས་བསྙིལ། །སྔགས་ཀྱི་ཡོན་ཏན་སྤྲིན་འདྲ་ལ། །ཕྲག་དོག་རླུང་གིས་འཐོར་བར་བྱེད། །དངོས་གྲུབ་ཆུ་བོ་རྒྱུན་བསྡུས་ལ། །བརྩོན་འགྲུས་རྡོ་རྗེ་བྲག་མེད་ན། །ལེ་ལོའི་རྦ་རླབས་ཆེན་པོ་འཁྲུགས། །འདི་ལྟར་སིདྡྷི་ཀུན་ལྡན་པ། །སྔགས་ཀྱི་དངོས་གྲུབ་འདོད་པས་སྤོངས། །བཟླས་མེད་མེ་ཡི་རྒྱུན་འདྲ་ལ། །སྡིག་པ་ཆུ་དང་འདྲ་བ་གསོད། །ཅེས་པས། བཅུ་པོ་དེ་དག་ལེ་ལོ་མི་བྱེད་ནས་དོར་བ་དང་། ལྷ་བསྒོམ་པ་ལ་སྐྱོན་བརྒྱད་དེ་ཆེ་ཆུང་གི་ཚད་འགྱུར་བ་དང་། བཞུགས་ཚུལ་དང་། གྲངས། ཞི་ཁྲོའི་ཆ་ལུགས་དང་། སྐུ་མདོག་དང་། དབྱིབས་དང་། ཁ་དོག་འབའ་ཞིག་དང་། གཙུག་ཏོར་ནས་རིམ་པར་ནུབ་ནས་མི་གསལ་བའི་སྐྱོན་རྣམས་སྤང་བ་སྟེ་བཅོས་ནས་ལྷ་བསྒོམ་པ་ལ་ཤིན་ཏུ་བརྩོན་པར་སྦྱར་བ་སྟེ། དེ་ཡང་ལམ་རིམ་ལས། གང་ཚད་དམིགས་ལ་ཚད་དང་ཚུལ། །གྲངས་དང་ཆ་ལུགས་མདོག་དབྱིབས་དང་། །ཁ་དོག་འབའ་ཞིག་རིམ་པར་ནུས། །ཞེས་པ་དང་། ཡང་། དྲུག་ལ་རི་ལྟར་ཆེ་གདོས་བྱ། །བདུན་པ་དབྱིབས་དང་བསྲེ་བར་བྱ། །བརྒྱད་པ་སྤྱི་མིན་བྱེ་བྲག་གནས། །ཞེས་སོ། །ལྔ་པ་ངེས་ཚིག་དང་། དྲང་། ཐུན་མོང་དང་མཆོག་ལ་སོགས་གང་བསྒྲུབ་པ་ལ་བཟླས་པ་བྱས་པས་ནུས་མཐུ་བྱིན་རླབས་དང་ལྡན་ཞིང་སྐྱོབ་པའི་ཕྱིར་སྔགས་ཞེས་བྱའོ། །བསྐྱེད་རྫོགས་ཀྱི་དོན་ལ་མི་འདའ་བས་ན་ཕྱག་རྒྱ། གཏན་ཚིགས་དེའི་ཕྱིར་ན་སྔགས་ཕྱག་རྒྱ་ཞེས་མིང་གི་སྒྲ་དོན་ནམ་ངེས་ཚིག་ཏུ་འཇུག་གོ། །དྲུག་པ་སྐབས་གང་དུ་དགོས་པ་དང་། དྲང་། དཀྱིལ་འཁོར་དགོས་པའི་དུས་ལྔའི་སྐབས་ལ་སྔགས་ཕྱག་རྒྱ་དགོས་པ་དང་། དེ་ཡང་དུས་ལྔ་ནི། ཞི་ཁྲོའི་ལྷ་མཆོད་པ་ལ་དཀྱིལ་འཁོར་དགོས་པ་དང་། དབང་བསྐུར་བ་ལ་དཀྱིལ་འཁོར་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ཐབས་ལ་དཀྱིལ་འཁོར་དང་། ཞི་རྒྱས་དབང་དྲག་གང་བྱེད་ལ་དཀྱིལ་འཁོར་དགོས་པ་དང་། སྐུ་གསུང་ཐུགས་ཀྱི་རབ་གནས་ལ་བསོད་ནམས་རྟེན་གྱི་དཀྱིལ་འཁོར་དགོས་པ་དང་ལྔའོ། །གཞན་ཡང་བསྙེན་བསྒྲུབ་རྣམ་པ་བཞིའི་དོན་ཉམས་སུ་ལེན་པའི་ཚེ་ན་སྔགས་དང་ཕྱག་རྒྱ་དགོས་པའོ། །བདུན་པ་ཡོན་ཏན་དང་། དྲང་། སྔགས་གསུམ་བཟླས་པ་དང་། ཕྱག་རྒྱ་བཞི་བསྒོམས་པ་ལ་རབ་ཏུ་བརྟན་པ་ཐོབ་ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཡ་མཚན་ཆེན་པོར་སྣང་བ་དེ་དངོས་སུ་འགྲུབ་པར་འགྱུར་ནས། ཡིད་ལ་གང་བསམ་པའི་འབྲས་བུ་ཐམས་ཅད་འགྲུབ་པ་ཡིན་ནོ། །དེ་ཡང་གསང་སྙིང་ལས། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་སོ། །བརྒྱད་པ་སྐྱོན་དང་། དྲང་། དཔེ་ན་རལ་གྲིའི་ཡུ་བ་ནས་མ་བཟུང་ནས་སོ་ལ་བཟུང་ན་ཚུར་རང་གི་ལག་པ་ཉེས་པ་ལྟར། སྔགས་བཟླ་བ་དང་ཕྱག་རྒྱ་བསྒོམ་པ་ལ་དད་པ་དང་བརྩོན་འགྲུས་ཀྱིས་ནན་ཏན་མེད་ཅིང་གཞུང་བཞིན་མ་སྤྱོད་པའི་གསང་སྔགས་པ་འགའ་ཞིག་གིས། དམ་ཚིག་ཉམས་པས་ཚེ་འདིར་ཕུང་བཞིན་ཕྱི་མར་མཐོ་རིས་དང་ཐར་པའི་འབྲས་བུ་རྣམས་མེད་པར་འགྱུར་རོ། །དེ་ཡང་སྙིང་པོ་ལས། དད་མེད་ཉམས་ན་ཕུང་བར་འགྱུར། །ཞེས་སོ། །དགུ་པ་གང་གི་སྤྱོད་ཡུལ་ཡིན་པའོ། །དྲང་། གསང་བའི་སྔགས་དང་། རིགས་སྔགས་དང་། གཟུངས་སྔགས་དང་གསུམ་པོ་གང་ལ་མོས་པའི་རིམ་པ་རྣམས་ཉམས་ལེན་གང་བྱེད་དེའི་སྤྱོད་ཡུལ་ཡིན་པ་དང་། ཕྱག་རྒྱ་བཞི་གང་ལ་སྤྱོད་པའི་གང་ཟག་ཕྱག་རྒྱ་གཅིག་པ་དང་སྤྲོས་པ་ཡན་ཆད་དེའི་སྤྱོད་ཡུལ་ལོ། །གསུམ་པ་ཐ་མ་ཚོགས་སྒྲུབ་ལ་དྲོད་ཚད་རྟགས་དང་ལྡན་ནས་འབྲས་མཐོང་ལམ་ལ་སྦྱོར་བའོ། །དྲང་། དང་པོ་ཤེས་པར་བྱ་བའི་ཡུལ་ལྔ་དང་། བར་དུ་ཐུན་མོང་དང་མཆོག་གི་ལམ་གཉིས་པོ་གོང་དུ་སོང་ནས། འདིར་ཐ་མ་རྟོགས་པའི་རིག་པ་ལ་དབྱེར་མེད་ཀྱིས་དྲོད་ཐོབ་པའི་ཚད་དང་ལྡན་པ་དེས་འབྲས་བུ་མཐོང་ལམ་ལ་ཉེ་བར་སྦྱོར་བར་བྱེད་པའི་བར་ཆད་མེད་པར་ཚོགས་སྒྲུབ་པ་དེ་ནི་འདི་ལྟ་སྟེ། རྣལ་འབྱོར་པ་རང་གི་ཉམས་སུ་ལེན་པའི་ཡི་དམ་གྱི་ལྷ་དེ་བསྒྲུབ་པ་དང་། དེ་ཡང་སྔོན་དུ་ཚོགས་ལམ་གྱི་ཏིང་ངེ་འཛིན་མཐར་ཕྱིན་པ་དང་། དམ་ཚིག་སྡོམ་པ་ལ་སེལ་མེད་པ་དང་ལྡན་ནས་ཟག་བཅས་དེ་ཉིད་ཟག་མེད་ཀྱི་ལམ་ལ་སྦྱོར་བའི་ཐབས་ལ་ཚོགས་བསྒྲུབ་དགོས་ཏེ། དེ་ཡང་ཞི་ཁྲོ་གཉིས་ཀྱི་ཚོམ་བུ་གཅིག་གསུམ་ལྔ་པའི་རྣམ་གྲངས་རྣམས་གཞུང་ནས་བཤད་པ་བཞིན་ཉམས་སུ་བླངས་པ་དང་། དང་པོ་ཚོགས་ལམ་གྱི་ཐབས་ལམ་དང་ཤེས་རབ་གྲོལ་ལམ་གྱི་ཏིང་ངེ་འཛིན་གྱི་རྣམ་གྲངས་རྣམས་ལ། རྒྱལ་བའི་བཀའ་ལུང་ཚད་མ་དང་བླ་མ་དམ་པའི་མན་ངག་ཚད་མ་གཉིས་ལས་གྲགས་པའི་དོན་དེ་དག་ལ། རིག་པ་ཚད་མས་ལེགས་པར་སྦྱངས་ནས་ཐབས་གྲོལ་ཟུང་འཇུག་གི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ནས་སྒྲུབ་པ་བྱས་ནས་ཟག་བཅས་དེ་ཉིད་ཟག་པ་མེད་པའི་ས་ལ་སྦྱོར་བ་ཡིན་ནོ། ༈ །སྤྱི་དོན་གསུམ་པ་ཐ་མ་ལམ་གྱིས་འཐོབ་པར་བྱེད་པས་ལམ་ཤེས་པའི་རྒྱུ་འབྲུ་རེ་ནས་བསྟན་པའོ། །དྲང་། ཐུགས་ཀྱི་ཐིགས་པ་ལས། རབ་ལ་མཚན་བསྟན། འབྲིང་ལ་རྣམ་པར་དབྱེ་བ་གཉིས་གོང་དུ་སོང་ནས། འདིར་བློ་ཐ་མ་ལ་འབྲུ་རེ་ནས་གཉེར་ཞིང་བཤད་པས། ལམ་གྱི་སྔ་མ་ལྟ་བ་རྟོགས་པའི་རྒྱུ་བྱས་ནས། དེས་ལམ་མཐར་ཕྱིན་ཅིང་འབྲས་བུ་ཐོབ་པ་དེའི་སྡོམ་ཚིག་ནི་འདི་ལྟ་སྟེ། འབྲུ་གཉེར་ལ་བརྟེན་ནས་ལྟ་བ་རྟོགས། དེ་ཉིད་ཉམས་སུ་བླངས་པ་ལ་ལམ་ལྔ་རིམ་པར་བགྲོད་ནས་མཐར་ཕྱིན་པ་ལ་འབྲས་བུ་བདེ་བར་གཤེགས་པ་རྒྱལ་བ་དེ་ཉིད་དངོས་སུ་ཐོབ་པ་ཡིན་ནོ། །འབྲས་བུ་ཐོབ་པའི་ཡོན་ཏན་དེ་ཡོད་པའི་ཕྱིར་ན་བློ་ཐ་མས་རྒྱུད་དོན་གཏན་ལ་འབེབས་པར་བྱེད་པ་ལ་བཤད་ཐབས་འདྲེན་པའི་ཚིག་བཅུ་ཡི་སྒོ་ནས་འབྲུ་རེ་དང་དོན་རེ་སྦྱར་དགོས་ཏེ། ཁྱད་པར་དུ་རུས་སྦལ་གནུར་ཤུགས་ཀྱི་སྒོ་ནས་འབྲུ་གཉེར་ཉམས་སུ་བླང་བར་བྱ་སྟེ། རང་གྲོལ་ལས། རུས་སྦལ་གནུར་འགྲོས་ལྟ་བུའི་བློས། །ཡི་གེའི་འབྲུ་རྣམས་ཆུམ་པར་བཤད། །ཅེས་གསུངས་པས་ཚིག་འབྲུ་རེ་ནས་གཉེར་བས་དེ་བསམ་བྱུང་གིས་གཞལ་བའི་ཡུལ་དུ་བྱས་ནས་རྒྱུད་ཀྱི་དོན་མངོན་སུམ་དུ་རྙེད་ཅིང་རྟོགས་པའི་དོན་དེ་ལ་རྒྱུད་དབུ་ཞབས་ཀྱི་དོན་ལྷག་མ་མ་ལུས་པ་དེར་འདུས་པའོ། །གཉིས་པ་མཚན་དོན། དྲང་། ཐུགས་ཀྱི་ཐིགས་པ་ལས་ཞེས་པ་འབྲུ་མཐུན་ནོ། །རང་བཞིན་དང་སྦྱངས་པའི་སྣོད་དུ་རུང་བ་གཅིག་ལ་གདུལ་བྱ་རྒྱུད་དག་པའི་བློ་དང་འཚམས་པར་སྣང་བ་དེའི་གཞུང་དོན་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་ཞེས་བྱ་སྟེ། ཡས་བགྲང་གསུམ་པའི་དོན་དུ་གདའོ།། ༈ །།བཞི་པ་འབྲས་བུ་བདེ་བར་གཤེགས་པའི་སྣང་བ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། གསང་སྔགས་རྡོ་རྗེ་ཐེག་པ་གཏན་ལ་དབབ་པར་བྱེད་པའི་ཡན་ལག་ལ་ཤེས་བྱ་རང་བཞིན་གྱི་སྣང་བ་དང་། དེ་མ་རྟོགས་པ་ལ་འགྲོ་དྲུག་འཁྲུལ་པའི་སྣང་བ་དང་། དེའི་གཉེན་པོ་ལྟ་སྒོམ་སྤྱོད་སོགས་གདུལ་བྱ་ལམ་གྱི་སྣང་བ་དང་གསུམ་པོ་གོང་དུ་སོང་ལ། འདིར་བཞི་པ་འབྲས་བུ་མཐར་ཕྱིན་པ་བདེ་བར་གཤེགས་པའི་སྣང་བའི་སྡོམ་ཚིག་ནི་འདི་ལྟ་སྟེ། དེ་ཡང་ལམ་པས་རྟོགས་ཤིང་ཉམས་སུ་བླངས་ནས་འབྲས་བུ་སྣང་བའི་བར་ལ་མཚན་ཉིད་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོགས་པ། རྐྱེན་འཇུག་པའི་མཚན་ཉིད་སྤྱོད་སྒོམ་གྱིས་ཉམས་སུ་བླང་བ། འབྲས་བུ་མངོན་དུ་གྱུར་པའི་མཚན་ཉིད་ལམ་གྱི་སྤང་གཉེན་གྱི་བྱ་བ་ཟད་པའི་ཡར་གྱི་ཐ་མ་འབྲས་བུ་ཡིན་ཏེ། དེ་ཉིད་ལས་ཀྱི་དོན་ཕྱི་ཅི་མ་ལོག་པར་གསལ་བར་ལུང་བསྟན་པ་ལ། གནས་སྐབས་ཀྱི་འབྲས་བུ་རིག་པ་འཛིན་པ་དང་མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་ལུགས་དང་གཉིས་སོ། །གཉིས་པ་བཤད་པ་དེ་ལ་གཉིས་ཏེ། རིག་འཛིན་དང་། སངས་རྒྱས་སོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་བསྟན་པ་དང་། དྲང་། འབྲས་བུ་ལ་གཉིས་སུ་ཕྱེ་བའི་སྔ་མ་རིག་འཛིན་ལའང་བཞི་སྟེ། ཟག་བཅས་ནས་ཟག་མེད་དུ་སྦྱོར་བའི་ཐོབ་ཚུལ་དང་། རིག་འཛིན་གྱི་རྣམ་གྲངས་དང་། རིག་འཛིན་ཞེས་བྱ་བའི་ངེས་ཚིག་དང་། གནས་སུ་ཞུགས་ཚུལ་དང་བཞིའི་སྒོ་ནས་རྣམ་པར་བཤད་པའོ། །གཉིས་པ་བཤད་པ་དེ་ལ་བཞི་སྟེ། བགྲང་། དང་པོ་ཐོབ་ཚུལ་དང་། དྲང་། ཉན་ཐོས་ཀྱི་ཐེག་པ་ལ་ལྷག་མའི་ལུས་དང་བཅས་པ་ཡོད་པ་དང་། མེད་པའི་མྱ་ངན་ལས་འདའ་བའི་འབྲས་བུ་ཐོབ་ཚུལ་གྱི་དཔེ་གཉིས་བཞིན་དུ། འདིར་ལྷག་བཅས་ཚེ་དབང་ཐོབ་ཚུལ་དང་ལྷག་མེད་རྣམ་སྨིན་རིག་འཛིན་ཐོབ་ཚུལ་གཉིས་ཀྱི་རབ་ཀྱིས་ཚེ་འདི་ལ་ཐོབ་པ་དང་། ཐ་མས་བར་མ་དོ་ལ་ཚེ་རྣམ་གཉིས་ཐོབ་ནས་ཕྱག་ཆེན་ལ་རྣམ་པར་སྦྱོར་ཏེ། དེ་ནས་ལྷུན་གྲུབ་ལ་རྣམ་པ་སྦྱོར་བར་བྱའོ། །གཉིས་པ་རྣམ་གྲངས་དང་། དྲང་། རྣམ་པར་སྨིན་པའི་རིག་འཛིན་ནི་དཔེ་བྱ་ཁྱུང་གི་ཕྲུ་གུའི་སྒོང་རྒྱ་དེ་བཅག་མ་ཐག་མ་དང་རྩལ་མཉམ། གཅན་གཟན་སེང་ཕྲུག་གི་མངལ་རྒྱ་ལ་མའི་མཆེ་ཟུར་གྱིས་བཀྲལ་མ་ཐག་མ་དང་རྩལ་མཉམ་པའི་ཚུལ་དུ་རྣལ་འབྱོར་པ་ལུས་རྒྱ་དང་བྲལ་མ་ཐག་ཏུ་ཕྱག་ཆེན་གྱི་སྐུར་གྱུར་ཏེ། རིན་ཆེན་འཕྲུལ་སྐབས་སུ། སྒོ་ང་ནང་དུ་འདུག་པའི་ཁྱུང་། །དེ་བཞིན་སེང་གེ་མངལ་གྱི་རྒྱ། །རྒྱ་མིག་དང་ནི་རྒྱས་པ་བཞིན། །རྣལ་འབྱོར་པ་ནི་ལུས་རྒྱས་བཏུམ། །ཡོན་ཏན་འཆར་བ་ག་ལ་ནུས། །ཕུང་པོ་བོར་བས་དབྱིངས་སུ་གྲོལ། །ཅེས་དང་། ལམ་ཆུང་ལས། ཡིད་ཀྱིས་ལྷ་ཡི་གཟུགས་བརྟེན་ཅིང་། །ཕྱག་རྒྱ་སྐུ་ཉིད་གསལ་གྱུར་པ། །ལྷག་མ་བཞག་པའི་བར་མ་ལ། །དེ་མེད་ཕྱག་རྒྱ་ཆེན་པོར་སྨིན། །ལས་ཀྱི་ལུས་སྦུབས་རྣལ་འབྱོར་ཅེས་སོ། །ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་གསུམ་དང་བྲལ་བའི་མཐོང་ལམ་པ་ནི། དོན་ལ་ལུས་སྣང་སེམས་གསུམ་དབྱེར་མེད་དུ་རིག་པ་རང་སྣང་གི་སྐུ་ཡེ་ཤེས་སུ་དབང་བསྒྱུར་ཞིང་། རྟགས་ལ་ཚེ་ལ་དབང་བསྒྱུར་བ་སྟེ། བྲལ་འབྲས་ལ་ཕུང་པོ་ལྔ་ལ་འཇིག་པ་མེད་པར་འཇའ་ལུས་སུ་ལམ་གོང་མ་དང་སངས་རྒྱས་ཀྱི་ས་ལ་ཁྱེར་བ་ཡིན་ཏེ། ལམ་རིམ་ལས། ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིགས། །མཐོང་བའི་ཆོས་ལ་མྱ་ངན་འདས། །ལུས་མ་བོར་བར་སངས་རྒྱས་པ། །འཇིགས་པ་ཀུན་བྲལ་ཆོ་འཕྲུལ་རྫོགས། །ཞེས་སོ། །སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི་རྣལ་འབྱོར་པ་བདག་གི་ལུས་འདི་ཉིད་སྔར་ཕྱག་རྒྱ་གཅིག་པའི་སྐབས་སུ་ཡི་དམ་གྱི་ལྷ་རིགས་ལྔ་གང་བསྒོམ་གྱི་སྐུར་རྩ་ལུས་སུ་སྣང་ཞིང་གྲངས་ཅན་གྱི་འཁོར་ལོར་དགོངས་པ་མི་གཡོ་བར་བཞུགས་ཏེ། དེ་ཉིད་ལས། རང་ལུས་གདོད་ནས་ཕྱག་རྒྱ་ཆེར། །བསྒོམ་པ་མངོན་དུ་གྱུར་པའི་སྐུ། །མཚན་དཔེ་བཞི་མངོན་དྲུག་རྫོགས་པ། །ཕྱག་རྒྱ་ཆེན་པོའི་རིགས་སུ་གྲགས། །ཡེ་ཤེས་སྐུ་ཡི་ཆ་ལུགས་ཅན། །འབྱུང་བ་རྡོ་རྗེའི་ལུས་ལ་གྲོལ། །གྲངས་ཅན་འཁོར་ལོ་མངོན་དུ་སྣང་། །ཟག་པ་མེད་པ་བསྒོམ་པའི་ལམ། །མི་གཡོ་རྣལ་འབྱོར་ཉིད་དུ་བརྗོད། །ཅེས་སོ། །ལྷུན་གྲུབ་རིག་འཛིན་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་། དེ་རེ་རེ་ལའང་ལྔ་ལྔ་སྟེ་སྐུ་རིག་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔར་ལྷུན་གྲུབ་ཏུ་རིག་པ་རང་སྣང་བའོ། །འོ་ན་སངས་རྒྱས་དང་ཁྱད་པར་མེད་དམ་ཞེ་ན། མཉམ་བཞག་ལ་སངས་རྒྱས་དང་ཁྱད་མེད་ཀྱང་། ལྷུན་གྲུབ་རིག་འཛིན་དེ་ལ་རྗེས་ཐོབ་ལ་བག་ཉལ་དེ་ཡི་དྲི་མ་ཡོད་པས་ད་རུང་མཉམ་བཞག་དང་གཉེན་པོའི་རྩོལ་བ་ཅ ན་ཡིན་ཏེ། དེ་ཉིད་ལས། བསམ་ཡས་ལྷུན་གྱི་གྲུབ་པའི་ཕྱིར། །ཐམས་ཅད་མཁྱེན་པའི་སྤྱན་མཆོག་འཆང་། །ཡི་གེ་འཁོར་ལོ་མངོན་གཟིགས་པ། །མི་གཡོ་བ་ལ་མི་རྟོག་པ། །ད་དུང་མངོན་པར་མི་རྒྱ་སྟེ། །དུས་མཐའི་སྐད་ཅིག་ཉིད་ཀྱིས་གཤེགས། །ཞེས་གསུངས་སོ། །གསུམ་པ་ངེས་ཚིག་དང་། དྲང་། མེ་ལ་གནས་པའི་སེམས་ཅན་གྱི་རིགས་ལ་དྲང་སྲོང་མེའི་རྣལ་འབྱོར་དང་། རི་དྭགས་མེ་བྱི་དཀར་པོ་གཉིས་ཀྱི་གནས་ཀྱང་མེ་ལ། ཟས་གོས་ལ་སོགས་པའི་ལོངས་སྤྱོད་རྣམས་ཀྱང་མེ་ལ་ལོངས་སྤྱོད་པས། མེ་དང་བྲལ་ན་འཆི་བས་མེ་ལས་མི་འདའ་བ་དང་། ཆུ་ལ་གནས་པའི་སེམས་ཅན་རྣམས་ཀྱི་གནས་ཀྱང་ཆུ་ལ། ཟས་གོས་ལ་སོགས་ལོངས་སྤྱོད་ཀྱང་ཆུ་ལ་བྱེད། ཆུ་དང་བྲལ་ན་འཆི་བས་ཆུ་ལས་མི་འདའ་བ་དང་། རླུང་ལ་གནས་པའི་སེམས་ཅན་དག་གི་རིགས་བྱ་མཁའ་ལྡིང་ནམ་མཁའ་ཚང་འཇུག་བྱ་བ་དེས་གནས་ཀྱང་རླུང་ལ་བརྟེན། ཟས་ལ་སོགས་པའི་ཡོ་བྱད་ཀྱང་རླུང་ལ་བྱེད་པ། རླུང་དང་བྲལ་ན་འཆི་བས་རླུང་ལས་མི་འདའ་བ་བཞིན་དུའམ། ཡང་ན་མེའི་མཚན་ཉིད་ཚ་བ་ལ། ཆུའི་མཚན་ཉིད་གཤེར་བ་ལ། རླུང་གི་མཚན་ཉིད་ཡང་ཞིང་གཡོ་བ་ལས་མི་འདའ་བ་བཞིན་དུ། རྣལ་འབྱོར་པ་གང་དག་འདི་རྣམས་སངས་རྒྱས་ཀྱི་རིགས་ཀྱིས་ཟིན་ནས་སླར་མི་གཏོང་བས་ན་རིག་འཛིན་ཞེས་བྱ་སྟེ། དེ་ཡང་དང་པོ་ལྟ་བ་རྟོགས་པ་ལས་བྱུང་བ་དང་། བར་དུ་དཔྱད་སྒོམ་གྱི་བྱ་བ་བྱེད་པ་དང་། ཐ་མར་ཟག་མེད་ཀྱི་ཆོས་ཉིད་ལ་མཐོང་ལམ་ཡན་ཆད་ནས་འདའ་ཉམས་མེད་པས་ན་སངས་རྒྱས་ཀྱི་རྒྱུད་འཛིན་པ་དང་གསུམ་གྱིས་རིག་འཛིན་ཞེས་བྱ་བའི་ངེས་ཚིག་དེ་འགྲུབ་པ་ཡིན་ཏེ། དེ་ཉིད་ལས། མཁས་རྟོགས་གོམས་སྤྱོད་རིག་པ་འཛིན། །ལྷ་ལ་སོགས་པ་རྡོ་རྗེ་འཛིན། །མི་གཏོང་གཟུངས་ལས་མིང་ཐོབ་པ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། དང་པོ་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། །ད་ལྟ་དེ་ཡི་དོན་ལ་གནས། །བར་དུ་ཡེ་ཤེས་རྒྱུད་རྩལ་སྦྱངས། །ཞེས་སོ། །བཞི་པ་གནས་སོ། །དྲང་། རིག་འཛིན་དེ་ཡི་བཞུགས་གནས་ལ་ངེས་པ་ཕྱོགས་གཅིག་ཏུ་གྲུབ་པ་མེད་དེ། ཅིའི་ཕྱིར་ཞེ་ན། ཕྱི་སྣང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་སེམས་ཉིད་རིག་པ་རང་སྣང་དུ་ཤར་བས་ན་གནས་གང་ཡང་རུང་བ་ཡིན་ཏེ། ལམ་རིམ་ལས། སྣང་བ་རིག་པ་འཛིན་པའི་གནས། །རིག་སྣང་གནས་ལ་ངེས་པ་མེད། །སྐྱེ་བ་ཆ་བྱད་དོན་གྱིས་འགྱུར། །ཞེས་གསུངས་སོ། །གཉིས་པ་སངས་རྒྱས་ལ་གཉིས། བགྲང་། དང་པོ་བསྟན་པ་དང་། དྲང་། ལམ་ལྔའི་སྤང་གཉེན་གྱི་བྱ་བ་མ་ལུས་པ་ཀུན་བྱས་པའི་འབྲས་བུ་སངས་རྒྱས་གྲུབ་པ་དག་གི་རྣམ་གྲངས་ནི། འབྲས་བུ་སངས་རྒྱས་ཐོབས་ཚུལ་དང་། ཐོབ་པའི་ངོ་བོ་དང་། འབྲས་བུ་སའི་རྣམ་གྲངས་དང་གདུལ་བྱའི་སྤྱོད་ཡུལ་ལ་ཡེ་ཤེས་ཀྱི་གཟིགས་ཚུལ་དང་། བརྩེ་བའི་ཐུགས་རྗེ་སྤྲུལ་པ་འཆར་ཚུར་དང་། གཞན་དོན་མཛད་པའི་ཚུལ་དང་། དགོངས་པའི་ཡེ་ཤེས་ལ་བཞུགས་པའི་ཚུལ་དང་བདུན་གྱི་སྡོམ་ཚིག་གི་ནང་དུ་རྒྱས་བཤད་དེ་ཤེས་པར་བྱའོ། །གཉིས་པ་བཤད་པ་དེ་ལ་བདུན་ཏེ། ཐོབ་ཚུལ་དང་། ངོ་བོ་དང་། རྣམ་གྲངས། གདུལ་བྱ་ལ་གཟིགས་ཚུལ་དང་། ཐུགས་རྗེ་སྤྲུལ་པ་སྣང་ཚུལ་དང་། མཛད་པ་བྱ་བྱེད་ཀྱི་རྩོལ་བ་མེད་པར་དོན་མཛད་ཚུལ་དང་། དགོངས་པའི་གནས་ཚུལ་གཅིག་དང་དུ་མ་ལས་གྲོལ་བ་སྨྲ་བསམ་ལས་འདས་པར་བསྟན་པའོ། །དང་པོ་ཐོབ་ཚུལ་ལ་གཉིས་ཏེ། བགྲང་། དང་པོ་བདག་དོན་དུ་རང་སྣང་ཐོབ་པའི་ཚུལ་དང་། དྲང་། བདག་དོན་གི་དབང་དུ་འབྲས་བུ་ཐོབ་ཚུལ་ནི་རྒྱས་པ་ལས་འདི་སྐད་དུ་གསུང་སྟེ། དཔེར་ན་དཔག་བསམ་གྱི་ལྗོན་ཤིང་ལ་ལོ་མ་དང་འབྲས་བུའི་དགོས་འདོད་གསལ་བའི་དཔེ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་གསོལ་བ་གང་བཏབ་ཀྱིས་སྣང་ངོར་དགོས་འདོད་སྣ་ཚོགས་འབྱུང་བའི་དུས་སུ་རྟོག་པ་མེད་པ་ལྟར། དཔེ་གཉིས་པོ་དེ་དག་ལ་སྣང་ཚུལ་དུ་དངོས་པོ་རྫས་གྲུབ་ལྟར་སྣང་ཡང་། དོན་ལ་དེ་དག་རང་རྒྱུད་ཀྱི་རྫས་སུ་གྲུབ་པ་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ཏེ། འོ་ན་གང་ལས་བྱུང་ཞེ་ན། གདུལ་བྱ་སོ་སོ་རང་རང་གི་སེམས་ཀྱིས་བསོད་ནམས་དཔག་ཏུ་མེད་པ་བསགས་པའི་མཐུས་བརྟན་པའི་སྟོབས་ལས་དགོས་འདོད་གང་བསམ་འགྲུབ་པ་ཡིན་པ་བཞིན་དུ་གཞི་སེམས་ཉིད་མཉམ་པ་ཉིད་ཀྱི་ངང་ལ་སངས་རྒྱས་ཀྱི་ཡོན་ཏན་ཅིར་ཡང་སྣང་བས་ན་ངོ་མཚར་ཞིང་སེམས་ཀྱི་ཆོ་འཕྲུལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ། ཉི་ཤུ་རྩ་ལྔ་ལ་སོགས་པ་མཐའ་ཡས་པས་རང་བྱུང་གི་ཡེ་ཤེས་རང་ལ་བྱུང་བ་ནི་རྨད་ཀྱི་ཆོས་དེ་དག །གཞན་ནས་བཀུག་པའམ་ཡོད་པ་གཅིག་འདིར་འོང་བ་དང་། རྒྱུ་རྐྱེན་གང་གི་སྒོ་ནས་ཐོབ་པ་མ་ཡིན། ཏེ་ཡི་སྒྲས་ཚུལ་ཅི་ལྟར་དུ་བྱུང་ན། ཕུང་པོ་ལྔ་ལ་སོགས་པའི་རྟོག་ཚོགས་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གསལ་བའི་ཐབས་སྣང་ལ་འགག་པ་མེད་པ་དང་། ཤེས་རབ་རང་བཞིན་མེད་པ་སྟེ། དེ་ལྟར་ཐབས་ཤེས་རབ་གཉིས་སུ་མེད་པ་དེ་ཉིད་རང་རིག་པར་རྒྱུན་དུ་བརྟེན་པར་སྒོམ་པ་མཐར་ཕྱིན་པ་སྟེ། དཔེ་གཉིས་པོ་དེ་ལྟ་བུ་དོན་རྒྱུ་འབྲས་གཉིས་སུ་མེད་པར་སྣང་བ་ཡི་ངང་དུ་སངས་རྒྱས་ཀྱི་ཆེ་ཡོན་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་རང་བྱུང་བ་ཡིན་ནོ། །གཉིས་པ་གཞན་དོན་དུ་ལམ་གྱི་མཛད་པ་རྫོགས་ནས་ཐོབ་ཚུལ་ལོ། །དྲང་། གདུལ་བྱ་གཞན་གྱི་དོན་དུ་གཟུགས་སྐུའི་སངས་རྒྱས་ཐོབ་ལུགས་ནི། རྒྱས་པའི་ལུང་ལས། འདི་སྐད་དུ་གསུངས་པ་སྟེ། ཡང་ལམ་ལྔའི་བྱ་བ་མ་ལུས་པ་ཀུན་བྱས་ནས་མཐར་ཐུག་གི་འབྲས་བུ་ནི། སྐྱེ་འཇིག་མེད་པ་རྡོ་རྗེའི་སྐུ་དྲུག་པ་ཐོབ་ནས་སྤྲུལ་སྐུ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་ཅེས་རྒྱུད་ལས་དེ་ལྟར་གསུང་པའི་དོན་ནི། སྲིད་པ་ཐ་མ་པ་ལྷུན་གྲུབ་རིག་འཛིན་དང་། བཅུ་གཅིག་ཀུན་ཏུ་འོད་ཀྱི་སངས་རྒྱས་དེ་ལ། སྐུ་ལྔ་ལྷུན་གྲུབ་ཀྱི་སངས་སྤྱི་གཟུགས་ཅན་དེས་དབང་བསྐུར་བས་དབང་དོན་རྫོགས་པ་དང་། སྟོན་པ་རྡོ་རྗེ་འཛིན་པའི་སྐུ་དང་དབྱེར་མེད་དུ་སངས་རྒྱས་མ་ཐག་ཏུ་གསང་སྔགས་རྟོགས་ནུས་ཀྱི་སྣང་ངོ་ལ་ལོངས་སྐུ་དང་། མི་ནུས་པ་རྣམས་ཀྱི་སྣང་ངོ་ལ་སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་གསུམ་དབྱེར་མེད་པ་ལས། སྤྲུལ་པ་ཐུབ་པ་དྲུག་གི་དབང་པོ་སྟེ་གཙོ་བོར་སྣང་ནས་གང་ལ་གང་འདུལ་བ་ཡི་སྒོ་ནས་སེམས་ཅན་གྱི་དོན་མཛད་དེ། ཁྱད་པར་དུ་མིའི་ཐུབ་པས་ལམ་གྱི་མཛད་པ་རྫོགས་ནས་སངས་རྒྱས་པའི་ཚུལ་གྱིས། སེམས་ཅན་གྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ན་དོན་མཛད་པ་དེའི་རྒྱས་བཤད་ནི་གསང་བའི་སྙིང་པོ་ལེའུ་གསུམ་པའི་བསྟན་པ་འབྱུང་བ་སྤྱིའི་གླེང་གཞིའི་སྐབས་ལས་ཤེས་པར་བྱའོ། །གཉིས་པ་ངོ་བོ་དང་། དྲང་། འཁོར་འདས་གཉིས་སུ་མེད་པའི་སེམས་ཉིད་རིག་པའི་ཡེ་ཤེས་སུ་མངོན་སུམ་དུ་རྟོགས་ཤིང་གྲུབ་མཐའ་མ་ལུས་པ་རྫོགས་པར་བྱས་ནས། བདེན་གཉིས་དབྱེར་མེད་ཅིང་སྐྱེ་འཇིག་དང་བྲལ་བས་རྡོ་རྗེའི་སྐུ་ཐོབ་སྟེ། དཔེར་ན་ཆུ་ཡི་ནང་གི་ཟླ་བའི་གཟུགས་བརྙན་སྣང་དུས་ཆུ་ལས་མ་གཡོས་ནས་དབྱེར་མེད་དུ་སྣང་བ་ལྟ་བུར། དོན་ལ་ཤེས་བྱ་འཁོར་འདས་ཀྱི་ཆོས་ཀུན་མ་འདྲེས་པ་ལ་ཡོངས་སུ་རྫོགས་ཤིང་ཐམས་ཅད་དུ་རིག་པ་རང་སྣང་བ་ལ་གཞན་གྱི་ལྷད་མེད་པས་ན་རང་བཞིན་འཁོར་འདས་ཀྱི་ཆོས་ཀུན་དང་ཐ་མི་དད་ཅིང་དབྱེར་མེད་པ་སྟེ། ལམ་རིམ་ལས། བདེན་པ་གཉིས་མེད་དབང་བསྒྱུར་བ། །བདག་དང་གཞན་གྱི་གཉིས་མེད་དེ། །སོ་སོ་མེད་ཕྱིར་དེར་སོན་པ། །མཐའ་རྣམས་ཀུན་བྲལ་ཀུན་ལྡན་པར། །རང་སྣང་ཞེན་བྲལ་མངོན་བྱས་པ། །མིང་བརྗོད་འདི་འདྲར་གནས་སྨྲ་དཀའ། །ཞེས་སོ། །གསུམ་པ་རྣམ་གྲངས་དང་། དྲང་། རྟེན་བྱེད་པའི་ཆ་ནས་སྐུ་ལྔ་དང་། བརྡའ་སྤྲོད་པས་གསུང་ལྔ་དང་། དགོངས་པ་ཟབ་པས་ཐུགས་ལྔ་དང་། དགོས་འདོད་འབྱུང་བས་ཡོན་ཏན་ལྔ་དང་། བྱ་བ་བྱེད་པའི་ཆ་ནས་ཕྲིན་ལས་ལྔ་དང་། དེ་ལྟར་ཉེར་ལྔ་མ་འགགས་པ་ནི་ཆོས་སྐུའི་རྒྱན་གྱི་མཆོག་ཡིན་ཅིང་དེ་ཉིད་རྒྱུན་ཆད་མེད་པས་ན་འཁོར་ལོ། དེ་ཉིད་གསར་དུ་ཐོབ་པ་ནི་མ་ཡིན་ཏེ་ཡེ་གདོད་མ་ནས་རང་བཞིན་གྱིས་གནས་པའི་དོན་མངོན་དུ་གྱུར་པའོ། །དེ་ལ་སྐུ་ལྔ་ནི། འཁོར་འདས་ཀྱི་ཆོས་ཀུན་སྣང་ལ་རང་བཞིན་མེད་པ་དབྱེར་མེད་མངོན་དུ་གྱུར་པ་ནི་ཆོས་སྐུ་ཡིན་ཏེ། རྒྱས་པ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་པ་དང་། ལམ་རིམ་ལས། འཇིག་རྟེན་འདས་དང་མ་འདས་ཀུན། །དུས་གསུམ་ཆོས་ཀུན་གཅིག་པ་ཡི། །རྒྱལ་བ་ཉིད་ཕྱིར་སྣ་ཚོགས་ཆོས། །སྣང་ལ་རང་བཞིན་མེད་པའི་ཕྱིར། །དེ་ཉིད་དྷརྨ་ཀཱ་ཡར་གནས། །ཞེས་སོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འགགས་མ་དམིགས་བདག་ཉིད་ཆེན་པོར་ལོངས་སྤྱོད་པ་ནི་དྲུག་པ་སྤྱིའི་གཟུགས་ཅན་ལོངས་སྤྱོད་རྫོགས་པའི་སྐུའོ། །སྤྲུལ་སྐུ་ནི། དེ་ཉིད་གདུལ་བྱ་ལུགས་བཟློག་སྣ་ཚོགས་ལ། ཞི་ཁྲོའི་སྐུ་སྣ་ཚོགས་སུ་རང་སྣང་བའོ། །རྡོ་རྗེའི་སྐུ་ནི་དེ་ལྟར་སྐུ་གསུམ་ཆུ་དང་གཟུགས་བརྙན་ལྟར་དབྱེར་མེད་པའོ། །མངོན་བྱང་གི་སྐུ་ནི་སྐུ་བཞི་པོ་དེ་ཉིད་རིག་པ་རང་སྣང་གི་ཡེ་ཤེས་ལྔ་ལས་མ་གཡོས་པའོ། །དེ་ཡང་གསང་སྙིང་ལས། ༀ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོ། ཞེས་སོ། །གསུང་ལྔ་ནི། ཆོས་སྐུ་དབྱེར་མེད་དོན་གྱི་གསུང་རྒྱལ་བ་དགོངས་བརྒྱུད་དུ་བརྡའ་འཕྲོད་པའོ། །ལོངས་སྐུའི་གསུང་ནི། སྐུ་མཐོང་བ་ཙམ་གྱིས་མེ་ལོང་གཟུགས་བརྙན་ལྟར་སྐྱོན་ཡོན་བརྡ་མཇལ་བའོ། །སྤྲུལ་སྐུ་ཚིག་གི་གསུང་ནི་ཚངས་པའི་གསུང་ལྟར་གསུང་གཅིག་གདུལ་བྱ་སྣ་ཚོགས་རང་རང་གི་བློ་དང་འཚམས་པར་གོ་བའོ། །རྡོ་རྗེའི་སྐུའི་གསུང་ནི་ཆོས་ཐམས་ཅད་དབྱེར་མེད་དུ་བརྡ་འཕྲོད་པའོ། །མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་ནི་ཡེ་ཤེས་ལྔ་རང་དུ་བརྡ་མཇལ་བའོ། །ཡང་དེ་ཉིད་ལས། ༀ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ། །ཞེས་སོ། །ཐུགས་ལྔ་ནི་ཡེ་ཤེས་ལྔ་སྟེ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ནི་ཆོས་དབྱིངས་ཡེ་ཤེས་ཏེ་ཆོས་སྐུའི་ཐུགས། གསལ་ལ་འཛིན་པ་མེད་པ་ནི་མེ་ལོང་ཡེ་ཤེས་ཏེ་མངོན་བྱང་གི་སྐུའི་ཐུགས། གསལ་སྟོང་དབྱེད་མེད་ནི་མཉམ་ཉིད་ཡེ་ཤེས་ཏེ་ལོངས་སྐུའི་ཐུགས། ཤེས་བྱ་མ་འདྲེས་པར་གསལ་བ་ནི་སོ ར་རྟོགས་ཡེ་ཤེས་ཏེ་རྡོ་རྗེའི་སྐུའི་ཐུགས། དོན་གཉིས་རང་སྣང་དུ་ལྷུན་གྱིས་གྲུབ་པ་ནི་བྱ་གྲུབ་ཡེ་ཤེས་ཏེ་སྤྲུལ་སྐུའི་ཐུགས་སོ། །ཡང་དེ་ཉིད་ལས། ༀ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐེག་ལེ་ཆེ་ཧོ། །ཞེས་སོ། །ཡོན་ཏན་ལྔ་ནི། སྤྱིར་གཟུང་ཡུལ་གནས་སུ་དག་ཅིང་རིག་པ་རང་སྣང་བས་སངས་རྒྱས་ཀྱི་ཞིང་ཁམས་སུ་ཤར་བ་ནི་ཞིང་ཁམས་ཡོན་ཏན་ཅན་དང་། སྣང་བ་གནས་སུ་དག་ནས་འབྲས་བུའི་ཆོས་ཐམས་ཅད་ལྷུན་གྲུབ་ཏུ་རྫོགས་པར་རང་སྣང་བ་ནི་གཞལ་ཡས་ཁང་དང་། འདོད་ཡོན་ལྔ་ལ་སོགས་པ་མ་སྤང་བར་རང་རིག་པའི་ཡེ་ཤེས་སུ་ལྷུན་གྱིས་རྫོགས་པའི་ཕྱིར་རྒྱན་ཆ་དང་། ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་དུ་གསལ་ཞིང་། སྤྲོ་བ་ནི་འོད་ཟེར་དང་། འབྲས་བུའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ལྷུན་གྱིས་གྲུབ་པའི་རྟགས་སུ་སེང་གེ་ལ་སོགས་པར་སྣང་བ་ནི་གདན་ཁྲི་ཡོན་ཏན་ཅན་ནོ། །དེ་ཉིད་ལས། ༀ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ཏུ་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོ། །ཞེས་སོ། །ཕྲིན་ལས་ལྔ་ནི། ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་ལྔའི་སྒོ་ནས་གདུལ་བྱའི་བློ་དང་འཚམས་པར་དོན་མཛད་པ་ཡིན་ཏེ། དེ་ཉིད་ལས། ༀ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོ། །ཞེས་གསུངས་སོ། །བཞི་པ་གདུལ་བྱ་གཟིགས་ཚུལ་དང་། དྲང་། ཤེས་བྱ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ཡུལ་གདུལ་བྱ་སེམས་ཅན་ཐམས་ཅད་ལ་གཟིགས་ཚུལ་ནི་འདི་སྐད་དུ་གསུང་སྟེ། གཉིས་མེད་ཀྱི་ཡེ་ཤེས་རང་ངོ་མ་ཤེས་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། དེར་ཡང་མ་ཟད་ལོག་པར་རྟོག་པ་གཟུང་འཛིན་ཀུན་བརྟགས་ཀྱི་མ་རིག་པ་དང་གཉིས་རྣམ་པར་དག་ཅིང་། མངོན་སུམ་དུ་རྟོགས་པའི་ཡེེ་ཤེས་ནི་རྟོགས་བྱ་དབྱིངས་མཉམ་པ་ཉིད་ལས་མི་གཞན་ཅིང་དབྱེར་མེད་ཀྱི་དོན་རྟོགས་པའི་ཕྱིར་ན། ཐུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེས་ཤེས་བྱ་ཐམས་ཅད་ལ་ཁྱབ་པས་རྗེ་སྟེ། དེའི་ཕྱིར་སྐྱེ་བྱེད་ཀྱི་སངས་རྒྱས་དང་། སྐྱེ་བྱའི་ཡུལ་སེམས་ཅན་དང་། སྐྱེ་བདོ་བའི་ཐུགས་རྗེ་གསུམ་གཉིས་མེད་རང་སྣང་དུ་ཤར་བས་ཆེན་པོ། དེ་ཉིད་ངོ་བོ་བདག་ཉིད་གཅིག་པར་འབྲེལ་པས་ན། འགྲོ་བ་རིགས་དྲུག་གི་དུས་སྔ་ཕྱི་དང་། གནས་ལ་མཐོན་དམན་ལ་སོགས་པ་ཤེས་བྱ་མ་ལུས་པ་ཀུན་སྣང་ནས་མཁྱེན་པའོ། །དེ་ལྟར་མ་འདྲེས་ཡོངས་རྫོགས་སུ་མཁྱེན་པའི་དུས་ཉིད་ན་ཡང་། རྒྱས་པའི་ལུང་ལས་འདི་སྐད་གསུངས་ཏེ། ཡུལ་ཡུལ་ཅན་གྱི་རྣམ་པར་རྟོག་པ་མི་མངའ་བ་སྟེ་དབྱིངས་མཉམ་པ་ཉིད་ལས་མ་གཡོས། མ་གཡོས་བཞིན་དུ་དེ་ཡི་ཡེ་ཤེས་ཀྱིས་མི་མཁྱེན་པ་དང་མི་གཟིགས་པ་དང་གང་ཡང་མེད་དེ། ཚུལ་ཅི་ལྟར་དུ་མཁྱེན་ཞེ་ན། ཡང་ཀུན་བྱེད་ཀྱི་ལུང་ལས་གསུངས་པ་ནི་དཔེར་ན་མེ་ལོང་ལ་གཟུགས་བརྙན་འཆར་དུས་མེ་ལོང་ལས་མ་གཡོས་པ་ལྟ་བུའི་ཚུལ་བཞིན་དུ། དོན་དབྱིངས་ལས་མ་གཡོས་བཞིན་དུ་ཡེ་ཤེས་ཀྱི་ཤེས་བྱ་སྣ་ཚོགས་སོ་སོའི་ཁ་དོག་མི་འདྲ་བ་སྣ་ཚོགས་དབྱིབས་མི་འདྲ་བ་སྣ་ཚོགས་མ་འདྲེས་ཡོངས་རྫོགས་སུ་ཤར་ནས་སྣང་བ་སྟེ། ནམ་མཁའ་མཐའ་མཉམ་ལས། མ་བཅོས་ངང་ལ་གཉིས་མེད་ཀྱང་། །ཤེས་རབ་འོད་གསལ་ཆེན་པོ་ཡི། །མཁའ་ལ་གཟའ་སྐར་བཀྲམ་པའམ། །མེ་ཏོག་མཛེས་པའི་ཕུང་པོ་ལྟར། །སོ་སོར་གསལ་ལ་གཅིག་ཏུ་འདུས། །མ་འདྲེས་ཡོངས་སུ་རྫོགས་པར་ནི། །ཕྱོགས་མེད་དང་གསལ་ཡེ་ཤེས་སུ། །དུས་མཐའི་ཚད་ལས་འདས་པར་མཁྱེན། །ཅེས་སོ། །ལྔ་པ་ཐུགས་རྗེའི་སྤྲུལ་པ་སྣང་ཚུལ་དང་། དྲང་། འབྲས་བུ་མཐར་ཕྱིན་པའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་རང་བཞིན་དེ་ལ་འཁོར་བའི་ཆོས་ཐམས་ཅད་དང་དབྱེར་མེད་དུ་རང་སྣང་བའི་ཕྱིར་ན། སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་བྱེད་པའི་དུས་སུ། སཱུར་སྟེ་ཉི་མ། ཙནྡྲ་སྟེ་ཟླ་བའི་གཟུགས་བརྙན་འགྲོ་འོང་དང་ཐོགས་ཆགས་མེད་པར་ཆུ་ལ་འཆར་བ་བཞིན་དུ། དགོངས་པ་ཆོས་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་སྣ་ཚོགས་སུ་སྣང་ནས་འགྲོ་བའི་དོན་བྱེད་པ་དེ་ཡང་གཞན་དོན་དུ་གདུལ་བྱའི་དོན་བྱེད་དུ་འགྲོ་བ་དང་། དོན་བྱེད་རྫོགས་ནས་རང་གནས་སུ་འོང་བའི་བྱེད་བྱ་བྱེད་བྱེད་ཀྱི་རྩོལ་རྟོག་གི་རྣམ་པ་ག་ལ་ཡོད་དེ་མེད་དོ། །གལ་ཏེ་རྩོལ་རྟོག་གི་སྒོ་ནས་འགྲོ་འོང་དེ་ཡོད་ན་ནི་གཟུང་འཛིན་ཅན་དུ་འགྱུར་བས་སེམས་ཅན་དང་ཁྱད་མེད་དོ། །དྲུག་པ་མཛད་པ་བྱ་བྱེད་ཀྱི་རྩོལ་བ་མེད་པར་དོན་མཛད་ཚུལ་དང་། དྲང་། དཔེར་ན་སྒྱུ་མའི་འཁྲུལ་འཁོར་མཁན་གྱི་རྟ་གླང་སྣང་ཡང་བདེན་དངོས་ཀྱིས་སྟོང་པ་བཞིན་དུ། དོན་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་གཟུགས་སྐུ་གཉིས་སུ་སྣང་ནས་འགྲོ་བ་སེམས་ཅན་རྣམས་གྲོལ་བར་བྱེད་པ་ཡི་དུས་སུ། དོན་བྱ་བའི་ཡུལ་དང་བྱེད་པའི་མཁན་པོ་དང་དོན་བྱ་བའི་དངོས་པོ་གསུམ་དུ་འཛིན་པ་མེད་པར་རང་རིག་པའི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ངང་ནས་སེམས་ཅན་གྱི་དོན་སྤྱོད་དེ་མཛད་པའོ། །བདུན་པ་དགོངས་པ་རྒྱུད་ཀྱི་གནས་ཚུལ་གཅིག་དང་དུ་མ་ལས་གྲོལ་བ་སྨྲ་བསམ་ལས་འདས་པར་བསྟན་པའོ། །དྲང་། དུས་འདས་པ་དང་། ད་ལྟར་དང་། མ་འོངས་པ་དང་གསུམ་དུ་ལམ་པ་རྣམས་རིམ་པ་ལྟར་སངས་རྒྱས་པའི་རྒྱལ་བ་རྣམས་ནི། ཁ་ཅིག་གིས་ཆོས་སྐུ་སྟོང་པའི་ངོ་བོ་ལ་ཐམས་ཅད་ཐ་དད་མེད་པར་འདོད་པ་དང་། ཁ་ཅིག་གིས་གཟུགས་སྐུའི་སངས་རྒྱས་ཙམ་དུ་འདྲ་ཡང་། སྦྱངས་པའི་ཡེ་ཤེས་མི་འདྲ་བས་མི་གཅིག་པར་འདོད་པ་དང་། དེ་དག་གི་ལོག་རྟོག་གི་བྱེ་བྲག་ཐ་དད་དག་པ་དེ་ཡང་འདི་ལྟ་སྟེ། སེམས་ཙམ་དང་སྔགས་ཕྱི་རྒྱུད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ངོ་བོ་གཅིག་ཀྱང་། སྔོན་ལས་གྱིས་སྦྱངས་པ་མི་འདྲ་བའི་སྟོབས་ཀྱིས་འབྲས་བུའི་དུས་སུ་སྦྱངས་པའི་ཡེ་ཤེས་དང་གཟུགས་སྐུ་མ་འདྲེས་ཏེ། ཤིང་གི་མེ་དཔུང་ལྟར་དུ་འདོད་པ་དང་། དབུ་མས་སངས་རྒྱས་ཐམས་ཅད་དབྱིངས་སྟོང་པའི་ཆ་ནས་ཐ་དད་མེད་དེ། ཆུ་ལ་ཆུ་ཐིམ་པ་ལྟར་འདོད་པ་དེ་དག་ནི་ཐེག་འོག་དྲང་དོན་གྱི་སངས་རྒྱས་ཡིན་ལ། ཐེག་མཆོག་ངེས་དོན་གྱི་སངས་རྒྱས་ནི་ཡེ་གདོད་མ་ཉིད་ནས་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་དོན་མངོན་དུ་གྱུར་པའི་སངས་རྒྱས་ཀུན་གྱི་སྤྱིའི་གཟུགས་ཅན་ནི་དབྱིངས་དང་ཡེ་ཤེས་སམ། ཆོས་སྐུ་དང་གཟུགས་སྐུ་ཕྱོགས་རེར་བཟུང་བའི་མཐའ་ཐམས་ཅད་ལས་གྲོལ་བའི་ཕྱིར། དེས་ན་དབྱིངས་ཆོས་སྐུའི་ཆ་ནས་སངས་རྒྱས་ཐམས་ཅད་གཅིག་པ་དང་ཡེ་ཤེས་གཟུགས་སྐུའི་ཆ་ནས་སངས་རྒྱས་ཐམས་ཅད་མི་གཅིག་ཅེས་ངག་ཏུ་བརྗོད་པ་དང་ཡིད་ཀྱིས་བསམ་པའི་མཐའ་ཐམས་ཅད་ལས་འདས་ཏེ་ཆོས་ཀུན་མ་འདྲེས་ལ་ཡོངས་སུ་རྫོགས་པར་བཞུགས་པའོ། །དེ་ལྟར་ཕྱོགས་རེའི་གཟུང་འཛིན་ཐམས་ཅད་དང་བྲལ་བའི་དབྱེར་མེད་ཀྱི་ཡེ་ཤེས་ནི་འབྲས་བུ་མཐར་ཕྱིན་གྱི་དེ་བཞིན་གཤེགས་པ་སངས་རྒྱས་ཀུན་གྱིས་སྤྱི་གཟུགས་ཅན་གྱི་བཞུགས་གནས་ཡིན་ཅེས་རྒྱུད་རྒྱས་པ་ལས་གསུངས་པས་ན་ལུང་དེ་ཉིད་འདིར་དྲང་ཞིང་བགྲོད་པར་གྱིས་དང་གོ་བ་དང་ཐེ་ཚོམ་མེད་པར་ཡང་སླའོ། །མདོར་བསྡུས་ན་སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་ནི་དཔེར་ན་རྒྱ་མཚོའི་ཆུ་དང་བརླབས་ལ་དབྱེ་བ་མེད་པ་བཞིན་དུ། གཟུགས་སྐུ་སྣ་ཚོགས་པ་གདུལ་བྱ་ལ་སྣང་དུས་དགོངས་པ་མཐར་འབྲས་ཆོས་སྐུ་ལས་མ་གཡོས་པ་ཡིན་ནོ། །དེ་ལྟར་སངས་རྒྱས་ཐམས་ཅད་དགོངས་པ་རྒྱུད་ཀྱི་བཞུགས་ཚུལ་ལས་དགག་བསྒྲུབ་ཀྱི་གཏན་ཚིགས་ལ་གཉིས་ཏེ། གཞན་ལུགས་དགག་པ་དང་། རང་ལུགས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། དབུ་མ་པས་སངས་རྒྱས་ཐམས་ཅད་སྟོང་པར་གཅིག་པར་འདོད་པ་དགག་པ་དང་། སེམས་ཙམ་དང་སྔགས་ཕྱི་རྒྱུད་པས་མ་འདྲེས་པར་འདོད་པ་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་དགོད་པ་དང་། དེ་དགག་པའོ། །དང་པོ་ནི། དབུ་མས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་སྟོང་པ་ཉིད་དུ་རྒྱུད་གཅིག་པར་འདོད་པ་སྟེ། དཔེ་ན་ཆུ་ལ་ཆུ་ཐིམ་པའམ། མར་ལ་མར་བཞག་པ་བཞིན་དུ་འདོད་དེ། དེ་ཡང་མདོ་སྡེ་ལས། བདག་ཅག་ཅི་ལྟར་སངས་རྒྱས་པ། །དེ་ལྟར་ཁོ་ནར་སངས་རྒྱས་པས། །དཔེར་ན་མར་དང་མར་ཉིད་ཀྱི། །སྙིང་ཁུ་མཚུངས་པར་འགྱུར་བ་བཞིན། །ཅེས་པ་དང་། འཇུག་པ་ལས། འདི་ནི་སྤྲོས་དང་བྲལ་བ་རྣམས་ལ་སྣང་བར་འགྱུར། །ཞེས་སོ། །གཉིས་པ་དེ་དགག་པ་ལ་བཞི་སྟེ། རྒྱུ་རྐྱེན་གྱིས་བསྒྲུབ་པའི་འབྲས་བུ་མེད་པར་འགྱུར་བའི་སྐྱོན་དང་། འབྲས་བུ་སངས་རྒྱས་ཆད་པར་འགྱུར་བའི་སྐྱོན་དང་། མདོ་སྔགས་ཀྱི་འབྲས་བུ་ཁྱད་མེད་དུ་འགྱུར་བའི་སྐྱོན་དང་། རྒྱུ་འབྲས་མཚུངས་པའམ། ཐེག་པ་འོག་མའི་འབྲས་བུ་རྣམས་ལ་མཐོ་དམན་མེད་པར་འགྱུར་བའི་སྐྱོན་ནོ། །དང་པོ་ནི། ལམ་གྱི་དུས་སུ་ལྷ་བསྒོམ་པ་དང་། གཟུགས་སོགས་ལམ་དུ་ཁྱེར་བ་དོན་མེད་དུ་འགྱུར་བའི་སྐྱོན་དང་། རྒྱུད་རྟོག་ཚོགས་ཞེ་གཉིས་གནས་སུ་གྱུར་པ་ལས་འབྲས་བུ་སངས་རྒྱས་བཞི་བཅུ་རྩ་གཉིས་ལ་སོགས་པ་མི་ཐོབ་པར་འགྱུར་བ་དང་། རྒྱུ་རྣམ་ཤེས་ཚོགས་བརྒྱད་གནས་སུ་གྱུར་པས་འབྲས་བུ་ཡེ་ཤེས་ལྔ་མི་ཐོབ་པར་འགྱུར་ཏེ། མཐར་ཐུག་སྟོང་པ་ཕྱོགས་གཅིག་ལས་མེད་པའི་ཕྱིར་རོ། །དེ་ཡང་ཨིནྟྲ་བྷོ་དྷིས། དེ་ཐོབ་རྒྱུད་རྣམས་ཅི་ལྟ་བ། །སོ་སོ་རྣམ་པ་ཐ་དད་པས། །སྒྲུབ་པས་དེ་བཞིན་གཤེགས་པའི་ཚེ། །རྒྱུད་དག་ལྷུན་གྲུབ་རྒྱལ་བ་རྣམས། །རྒྱུད་གཅིག་འདྲེས་ན་འདི་སྐད་འབྱུང་། །ཞེས་པ་དང་། ཡང་། དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་རྒྱུ་ནི་མ་འདྲེས་ཏེ། །བཞི་ན་ངེས་ལུང་འདི་དང་འགལ། །གཅིག་ལ་མཐུན་སྣང་སྒྲ་མི་འཇུག །ཅེས་པ་དང་། ལམ་ཆུང་ལས། འོན་ཏེ་ཐམས་ཅད་གཅིག་ཅེ་ན། །གནས་གྱུར་རྫུན་ཞིང་སྟོང་མཐར་འགྱུར། །ཞེས་པ་དང་། ལམ་རིམ་ལས། ཚོགས་བརྒྱད་ཡེ་ཤེས་ལྔར་རྟོགས་པ། །ཞེས་པ་དང་། ཡང་། ལམ་ཆུང་ལས། ཡེ་ཤེས་ལྔ་ཡང་རང་བྱུང་གི། །ཆ་ལྔས་བཏགས་ཀྱི་གཞན་ན་མེད། །དེ་ཕྱིར་གཅིག་མཐར་ལྟུང་བ་མེད། །ཅེས་སོ། །གཉིས་པ་ནི། རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་སྟོང་པ་ཕྱོགས་གཅིག་པ་ཡིན་པར་ཐལ། འདོད་ན། འདི་ཉིད་ལས། གཉིས་མེད་སེམས་སུ་མངོན་བྱས་པ། །བདེན་གཉིས་དབྱེར་མེད་རྡོ་རྗེའི་སྐུ། །ཆུ་ཡི་ཟླ་བ་ལྟ་བུ་ལ། །རང་བཞིན་ཀུན་དང་ཐ་མི་དད། །ཅེས་གསུངས་པ་དང་འགལ་ལོ། །གཞན་ཡང་ཅི་ཡང་མེད་པ་དང་། ཉན་ཐོས་ལྷག་མེད་དང་། མུ་རྟུག་དང་། མུ་སྟེགས་རྒྱང་འཕེན་པ་དང་ཁྱད་པར་མེད་པར་འགྱུར་ཏེ། སྣང་བ་སྤངས་པའི་ཕྱིར་རོ། །དེ་ཡང་རྣམ་བཀོད་ལས། གལ་ཏེ་སྔ་ཕྱི་གཅིག་འགྲོ་ན། །སྟོང་པའི་མུར་ཐིམ་རིགས་པས་འགལ། །སྣང་བ་སྤངས་པའི་སྐྱོན་དུ་འགྱུར། །མཐའ་ལ་ཐུག་པར་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་ནི། ཉན་རང་ལྷག་མེད་དང་། དབུ་སེམས་སྔགས་ཕྱི་ནང་གི་སངས་རྒྱས་ལ་དགོངས་པ་ཁྱད་མེད་དུ་ཐལ། དགོངས་རྒྱུད་གཅིག་པའི་ཕྱིར། འདོད་ན། ཁྱད་ཡོད་པས་འགལ་ཏེ། དེ་ཉིད་ལས། སོ་སོའི་གྲུབ་མཐའི་ཁྱད་པར་ཡང་། །མི་འབྱུང་མཉམ་པའི་སྐྱོན་དུ་འགྱུར། །སོ་སོར་བསྒྲུབ་ཕྱིར་གཅིག་པ་འགལ། །གལ་ཏེ་རྒྱལ་བའང་རང་རྒྱུད་འགྱུར། །ཞེས་པ་དང་། ལམ་རིམ་ལས། གྲངས་རྫོགས་ངོ་བོ་བྱིན་རླབས་ལས། །སྣང་དང་དོན་བྱེད་ཆེ་ཆུང་གིས། །དཔགས་པས་ངོ་བོ་ཉིད་ཀྱིས་གསལ། །དེ་ཚུལ་ས་བཞི་རྒྱལ་བ་དག །རྒྱུད་གཅིག་འདྲེས་དང་གྲོལ་སྨྲ་བ། །འདིར་དྲང་ཙམ་ཡིན་བཤད་ཡིན་ཕྱིར། །རྒྱུད་ཀྱི་ཁྱད་པར་བསམ་ལས་འདས། །ཞེས་སོ། །བཞི་པ་ནི། འོག་མའི་འབྲས་བུ་ནས་གོང་མའི་འབྲས་བུར་འཇུག་པ་མེད་པར་ཐལ། སངས་རྒྱས་རྣམས་དགོངས་རྒྱུད་གཅིག་པའི་ཕྱིར། འདོད་ན། ཅི་སྐད་དུ། ཁྱོད་ཀྱིས་འབྲས་བུ་ཀུན་ཏུ་འོད། །ཐབས་ཆེན་ཐེག་པའི་བསྟི་གནས་ཡིན། །ཞེས་པ་དང་། ལམ་རིམ་ལས། ལམ་གྱི་རྩོལ་བས་ངལ་བ་རྣམས། །བྲོད་པ་བསྐྱེད་པའི་ཕྱིར་ཀུན་ཏུའོ། །རྡོར་འཛིན་སྟུག་པོ་བཀོད་པར་བསྟན། །ཅེས་པ་དང་། རང་ས་ཐོབ་ལས་ངོ་བོ་ཉིད། །གཅིག་པར་སྨྲ་བ་མུན་སྤྲལ་པའོ། །ཞེས་སོ། །གཞན་ཡང་མདོ་དགོངས་འདུས་ཀྱི་ནང་དུ་ཁྱེའུ་ལྔ་འབྲས་བུ་ལ་འཇུག་པ་དང་། གསང་སྙིང་ལེའུ་དྲུག་པ་ལས་སྤར་ཁབ་མཁན་པོས་འབྲས་འཇུག་ལྟར་བཤད་པ་དང་། ལམ་ཆུང་ལ་སོགས་པ་རྣམས་ཀྱི་ནང་དུ་བཤད་པས་སྤངས་དཀའོ། །གཉིས་པ་དགོངས་རྒྱུད་ཐ་དད་དུ་འདོད་པ་དགག་པ་ལ་གཉིས་ཏེ། གཞན་གྱི་འདོད་པ་དགོད་པ་དང་། དེ་དགག་པའོ། །དང་པོ་ནི། འབྲས་བུ་དུས་གསུམ་གྱི་རྒྱལ་བ་རྣམས་སངས་རྒྱས་ཙམ་དུ་མཚུངས་ཀྱང་། ལམ་གྱི་སྦྱངས་པའི་རྩལ་ཐ་དད་པའི་དབང་གིས། འབྲས་བུ་དགོངས་པའི་རྒྱུད་རང་མཚན་མ་འདྲེས་ཏེ། དཔེར་ན་ཤིང་དུ་མའི་མེ་བཞིན་ནོ། །གཉིས་པ་དེ་དགག་པ་ལ་ཀུན་ཁྱབ་གསུམ་ལས། དང་པོ་ལུང་ཚད་མ་ནི། མདོ་དགོངས་འདུས་ལས། ནམ་མཁའ་ཀུན་ཁྱབ་རྒྱལ་བ་དང་། །ཉག་གཅིག་སྣང་བའི་རྒྱལ་བ་གཉིས། །གདུལ་བྱའི་དབང་གི་ཁྱད་པར་ལས། །སྐུ་དང་གསུང་ཐུགས་གཅིག་ལས་མེད། །ཅེས་པ་དང་། རྩེ་མོ་བྱུང་རྒྱལ་ལས། སངས་རྒྱས་རྣམས་ཀྱི་དགོངས་རྒྱུད་ཅི་ལྟ་བུ། །རང་གི་མཚན་ཉིད་མ་བཅོས་དེ་བཞིན་ཉིད། །ཅེས་སོ། །གཉིས་པ་མན་ངག་ཚད་མ་ནི། རྣམ་བཀོད་ལས། འོན་ཏེ་དེ་ལྟར་མི་གཅིག་ནའང་། །རང་རིག་རང་བྱུང་མངོན་བྱས་ལ། །སྔ་ཕྱིའི་སངས་རྒྱས་བླ་དྭགས་བཏགས། །རང་བྱུང་རང་ལ་ཤར་བར་ཟད། །རང་བྱུང་རིགས་དང་རྒྱུད་མེད་པར། །སོ་སོ་ཐ་དད་གང་གི་རུང་། །འོན་ཏེ་རང་བྱུང་ཆ་གཉིས་འགྱུར། །དོན་མཛད་རེས་མོས་འབྱུང་བར་འགྱུར། །སྤྱན་དྲང་བྱོན་དང་མི་བྱོན་འབྱུང་། །སངས་རྒྱས་སངས་རྒྱས་ཞེས་བརྗོད་པ། །དངོས་པོ་རྣམས་ཀྱི་དེ་ཉིད་ནི། །དེ་ལ་གཉིས་པ་ཡོད་པར་འགྱུར། །དེ་ཕྱིར་གཞི་ཡི་དོན་དང་འགལ། །མི་གཅིག་གཏན་ཚིགས་རྒྱས་པར་འགྱུར། །ཞེས་པ་དང་། ལམ་ཆུང་ལས། རྒྱལ་བ་ཀུན་དང་དུས་གསུམ་ཆོས། །བདག་ཕྱིར་ཀུན་གྱི་སྤྱི་གཟུགས་ཅན། །ཆོས་གཉིས་ཡོད་པ་གང་གི་རུང་། །ཡོད་ན་བདག་ཉིད་ཆེན་པོ་རྫུན། །ཅེས་པ་དང་། ལམ་རིམ་ལས། གཅིག་ཤོས་བདེན་པར་མ་ཡིན་པས། །སོ་སོར་ཐ་དད་ཆ་རིགས་མེད། །ཅེས་པ་དང་། ངོ་བོ་གཅིག་ལ་རྒྱུད་འདྲེས་མིན། །ཤིང་གི་མེ་དཔུང་ལྟར་བརྗོད་པ། །དྲང་པ་ཙམ་སྟེ་དེ་ཉིད་མིན། །ཅེས་སོ། །གསུམ་པ་རིག་པ་ཚད་མ་ལ་དགག་པ་ལ་ལྔ་སྟེ། གཞི་ལ་བཟང་ངན་ཐ་དད་ཅན་དུ་ཡོད་པར་ཐལ་བ་དང་། འབྲས་བུ་རང་བྱུང་ཡེ་ཤེས་སུ་མི་གཅིག་པར་འགྱུར་བ་དང་། དོན་རེས་མོས་སུ་བྱེད་པར་འགྱུར་བ་དང་། ལྷ་སྤྱན་དྲང་བ་ལ་བྱོན་མི་བྱོན་ཡོད་པར་འགྱུར་རོ། །དང་པོ་ནི། སངས་རྒྱས་ཞེས་བྱ་བ་གཞི་གནས་ལུགས་ཀྱི་དོན་མངོན་སུམ་བྱས་པ་ལ་དགོངས་པ་གཅིག་ཡིན་ནམ་མ་ཡིན། ཡིན་ན་དགོངས་རྒྱུད་ཐ་དད་དུ་འདོད་པ་དང་འགལ། མིན་ན་དགོངས་པ་གང་ཡིན། ཡིན་ཀྱང་དགོངས་རྒྱུད་ཐ་དད་ན། གཞི་བཟང་ངན་ཅན་དུ་ཐལ་ཏེ། གཞི་མངོན་དུ་བྱས་པའི་སངས་རྒྱས་རྣམས་དགོངས་རྒྱུད་ཐ་དད་པའི་ཕྱིར་རོ། །དེ་ཡང་རྣམ་བཀོད་ལས། སངས་རྒྱས་སངས་རྒྱས་ཞེས་བརྗོད་པ། །དངོས་པོ་རྣམས་ཀྱི་དེ་ཁོ་ན། །དེ་ལ་གཉིས་པ་ཡོད་པར་འགྱུར། །དེ་ཕྱིར་གཞི་ཡི་དོན་དང་འགལ། །ཅེས་སོ། །གཉིས་པ་ནི། འབྲས་བུ་སྐུ་ཡེ་ཤེས་ཀྱི་དུས་སུ་རང་བྱུང་ངམ་ཅི་ལྟ་བ་མཁྱེན་པ་མི་གཅིག་པར་ཐལ། འདོད་ན། ལུང་ལས། རང་བྱུང་ཡེ་ཤེས་ཉག་གཅིག་ལ། །གདུལ་བྱའི་མོས་དང་བསམ་དབང་གིས། །ཁྱད་པར་བྱེ་བྲག་ལྔ་སོགས་སྣང་། །རིགས་རྒྱུད་དོན་ལ་གཅིག་ཏུ་གནས། །ཞེས་པ་དང་། རྣམ་བཀོད་ལས། འོན་ཏེ་དེ་ལྟར་མི་གཅིག་ན། །རང་རིག་རང་བྱུང་མངོན་བྱས་ལ། །སྔ་ཕྱིའི་སངས་རྒྱས་བླ་དྭགས་ཙམ། །རང་བྱུང་རང་ལ་ཤར་བར་ཟད། །རང་བྱུང་རིགས་དང་རྒྱུད་མེད་པར། །སོ་སོར་མ་འདྲེས་གང་གིས་རུང་། །ཞེས་པ་དང་། ལམ་རིམ་ལས། ཤིང་གི་མེ་དཔུང་ལྟར་བརྗོད་པ། །དྲང་བ་ཙམ་སྟེ་ཉི་དེ་མིན། །ཅེས་སོ། །གསུམ་པ་ནི། དགོངས་པ་ཐ་དད་ན་སྤྲུལ་པ་ཡང་ཐ་དད་པས། སྤྲུལ་སྐུ་བྱང་ཆུབ་སེམས་དཔའ་ལ་སྣང་བ་དེ་གདུལ་བྱ་ཐམས་ཅད་ལ་མཐུན་པར་སྣང་བར་ཐལ་ཏེ། སྤྲུལ་པ་གཅིག་ལ་དུ་མར་སྣང་བ་མེད་དེ། ཐ་དད་པའི་ཕྱིར། ལམ་ཆུང་ལས། ཉི་ཟེར་ཉི་མའམ་ཤིང་མེ་བཞིན། །ངོ་བོ་གཅིག་ལ་ཡེ་ཤེས་རྒྱུད། །སོ་སོ་ཡིན་ན་སྤྲུལ་པ་ཡང་། །གདུལ་བྱ་གཅིག་ལ་མཐུན་སྣང་བའང་། །སེམས་དཔའ་ཆེ་དང་ཁྱད་མེད་འགྱུར། །ཞེས་སོ། །བཞི་པ་ནི། རྒྱལ་བས་སེམས་ཅན་གྱི་དོན་བྱེད་པའི་ཚེ། བགོ་བཤའི་ཚུལ་གྱི་རེས་མོས་སུ་བྱེད་པར་ཐལ་ཏེ། དོན་བྱེད་མཁན་ཐ་དད་པའི་ཕྱིར་རོ། །འདོད་ན་ཕྱོགས་མེད་ལྷུན་གྲུབ་ཏུ་བཤད་པ་དང་འགལ་ཏེ། གསང་སྙིང་ལས། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོ། །ཞེས་སོ། །ལྔ་པ་ནི། རྒྱུད་ཐ་དད་ན་སྐལ་ལྡན་རྣམས་ཀྱིས་ཞི་བའི་ལྷ་སྤྱན་དྲངས་པའི་ཚེ། ཞི་བའི་ལྷ་བྱོན་ལ། ཁྲོ་བོའི་ལྷ་མི་བྱོན་པར་ཐལ་བ་ལ་སོགས་པའི་སྐྱོན་དུ་མ་ཡོད་དེ། དཔེར་ན་མགྲོན་པོ་བོས་མ་བོས་བཞིན་ནོ། །དེ་ཡང་ལམ་ཆུང་ལས། སྤྱན་དྲངས་བྱོན་དང་མི་བྱོན་འབྱུང་། །གཞི་དོན་ལུང་རིགས་ཀུན་དང་འགལ། །ཐུགས་རྗེ་ཆེ་བའི་རིགས་ཆད་འགྱུར། །ཞེས་སོ། །གཉིས་པ་རང་ལུགས་ནི། ཤེས་བྱའི་གཤིས་ལ་དོན་དམ་དང་ཀུན་རྫོབ་དབྱེར་མེད་པས། དེ་ཉིད་མངོན་དུ་བྱས་པ་མཐར་ཕྱིན་པས་སངས་རྒྱས་ཀུན་གྱི་སྤྱིའི་གཟུགས་ཅན་ཐོབ་པ་ནི་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཞེས་བྱ་བར་མིང་འདོགས་ཏེ། དེ་ཡང་དགོངས་པ་གཅིག་དང་དུ་མིའི་མཐའ་ལས་གྲོལ་བའི་ཚུལ་དུ་བཞུགས་ཏེ། དཔེར་ན་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་མ་འདྲེས་པའི་ངོས་ནས་བཞུགས་པས་གཅིག་གི་མཐའ་ལས་གྲོལ་ལ། སངས་རྒྱས་ཐམས་ཅད་དགོངས་པ་མཉམ་པ་ཉིད་གཅིག་ལ་བཞུགས་པས་དུ་མའི་མཐའ་ལས་གྲོལ་བའོ། །དེ་ཡང་གསང་སྙིང་ལས། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །ཅེས་པ་དང་། ལས་རིམ་ལས། མཉམ་པ་གསུམ་པ་ཡིན་པའི་ཕྱིར། །ངེས་པར་རྒྱུད་འདྲེས་མ་འདྲེས་པའི། །ཐ་སྙད་བྲལ་བའི་ཚུལ་དུ་གནས། །ཞེས་པ་དང་། ལམ་ཆུང་ལས། འཁོར་བ་མྱ་ངན་འདས་ཀུན་དངོས། །སྨྲ་བསམ་བྲལ་བས་འདི་འདྲར་མེད། །ཅེས་པ་དང་། རྣམ་བཀོད་ལས། མཚོ་ཉིད་རླབས་ལྟར་ཐམས་ཅད་ཀུན། །གདོད་ནས་རང་བྱུང་ཡེ་ཤེས་གཅིག །ཡེ་ཤེས་དེ་ཉིད་འདི་འདྲར་དཀའ། །མཐའ་བརྗོད་མ་ལུས་དེར་སྣང་ཕྱིར། །དུ་མ་ཉིད་དུ་གཅིག་པའོ། །དུ་མར་རྒྱ་ཆད་ཡོད་གྱུར་ན། །རང་བྱུང་རང་སྣང་བདེན་མི་འགྱུར། །ཞེས་པ་དང་། དགོངས་འདུས་ལས། རྟག་པར་ཡང་ཟུངས་ཤིག །མི་རྟག་པར་ཡང་ཟུངས་ཤིག །མེད་པར་ཡང་ཟུངས་ཤིག །གཅིག་པར་ཡང་ཟུངས་ཤིག །ཐ་དད་པར་ཡང་ཟུངས་ཤིག །ཐ་དད་ཀྱི་ངོ་བོ་ལས་གྲོལ་བར་ཟུངས་ཤིག །ཅེས་པ་དང་། སྤར་ཁབ་ཀྱི་ནང་དུ་འབྲས་བུའི་སྐབས་ཐམས་ཅད་དུའང་དེ་ལྟར་དུ་གསུངས་སོ། །དེ་ལྟར་རྒྱུད་གཅིག་འདོད་པ་ནི་རྟེན་མེད་ཀྱི་དོན་བྱེད་པ་ཡིན་ལ། མ་འདྲེས་པར་འདོད་པ་ནི་རྟེན་ཅན་གྱིས་དོན་བྱེད་པར་འདོད་པ་ཡིན་ཅིང་། རང་ལུགས་ནི་དབྱེར་མེད་ངོ་བོ་ཉིད་ཀྱིས་དོན་བྱེད་པར་འདོད་པའི་ལུགས་སོ། །གཉིས་པ་མཚན་ནོ། །དྲང་། ཐུགས་ཀྱི་ཐིག་པ་ལས་འབྲུ་མཐུན་ཟུག་རྔུ་མེད་ཅིང་ནར་སོན་པས་བདེ་བར་གཤེགས་པ་རྟོགས་པའི་རིག་པ་ལ་སྐུ་དང་ཡེ་ཤེས་སུ་རང་སྣང་བའི་གཞུང་གི་ཚིག་དོན་གྱི་མཚམས་གཅོད་ཅིང་འཛིན་པས་ན་ལེའུ་ཞེས་བྱ་སྟེ་ཡས་བགྲང་བཞི་བའི་དོན་དུ་གདའོ།། ༈ །།སྤྱི་དོན་གསུམ་པ་ཞབས་ཀྱི་དོན་ནོ། །དྲང་། དཔེར་ན་ནམ་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་ཐུགས་སྒྱུ་འཕྲུལ་དྲ་བའི་རྒྱུད་དོན་རྣམས་མ་འདྲེས་པར་བཀྲ་ཞིང་གསལ་བར་བྱེད་པའི་མན་ངག་ཐུགས་ཐིགས་འདི་བརྩམས་པས་རྒྱུད་ཀྱི་དོན་བཤད་པ་ལ། གཞུང་འདི་བཞིན་དུ་ཆོས་སྤྱི་དང་རང་གི་མཚན་ཉིད་མི་ཤེས་པར་མཁས་པར་རློམ་པའི་ང་རྒྱལ་སྙོམས་ཤིང་ཁམས་གསུམ་གྱི་ཉོན་མོངས་ཀྱི་དགྲ་ཀུན་ལས་རྒྱལ་བ་འདི་ནི། དཔེར་ན་གཤིས་ནས་དཔའ་བོའི་རུ་མཚོན་གནམ་ལྕགས་ཤགྟི་སྟེ་རལ་གྲི་ཕྱར་བ་དང་འདྲ་བའི་ཐུགས་ཐིགས་འདི། རྩོམ་པ་པོས་རང་བཟོ་མ་ཡིན་ཏེ། ཐུགས་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་དོན་བཅུད་སྣང་བ་བཞི་པོ་གཅིག་ཐོག་ན་གཅིག་འོང་བས་འཁོར་ལོ་དང་འདྲ་བ་འདི། དཔེར་ན་བྱ་ངང་པའི་རྒྱལ་པོའི་མཆུ་ལ་སྐྱུར་རྩི་ཡོད་པ་དེས་རྒྱ་མཚོའི་ནང་ན་འོ་མ་ཐིག་གཅིག་ཡོད་ན་སྡུད་པ་ལྟར། ཐུགས་ཀྱི་རྒྱུད་སྡེ་རྒྱ་མཚོ་དང་འདྲ་བའི་ནང་ནས་སློབ་དཔོན་སངས་རྒྱས་གསང་བའི་ཉེར་ལེན་གྱི་ཤེས་རབ་སྐྱུར་རྩི་དང་འདྲ་བ་དེས། འོ་མ་དང་འདྲ་བའི་སྣང་བ་བཞིའི་མན་ངག་འདི་ཉིད་བླངས་པའི་དགེ་བ་དེས། གསང་དོན་མི་ཤེས་ཤིང་ཉོན་མོངས་པའི་དྲ་བར་ཆུད་པའི་གང་ཟག་རྣམས་ཀྱིས་རང་བཞིན་གསང་བའི་སྙིང་པོའི། དོན་རྟོགས་ནས་སངས་རྒྱས་པར་ཤོག་ཅིག་ཅེས་སྨོན་ལམ་རྒྱ་ཆེན་པོ་བཏབ་པའོ། །ཐུགས་ཀྱི་ཐིགས་པའི་སྒྱུ་འཕྲུལ་ནི་འབྲུ་མཐུན། སྤྱི་དོན་གྱི་ཁོག་དབུབ་པ་དང་། གཞུང་དོན་གྱི་ས་གཅོད་པའི་དོན་ནོ། །རྫོགས་སོ་ནི་ཚིག་དོན་མ་ལུས་པའི་ཐ་ཚིག་གམ། གནས་སྐབས་རེ་ཞིག་རྫོགས་ནས་བཤད་དུ་མ་མཆིས་པས་དོན་དུ་གདའོ།། ༈ །།རྒྱལ་བའི་བསྟན་པ་དམ་ཆོས་བདུད་རྩིའི་བཅུད། །བཀའ་བརྒྱུད་དྲི་མེད་གཞུང་མང་རྒྱ་ཆེ་དང་། །མཁས་པའི་འགྲེལ་དང་ཊཱིཀ་བསྟན་ཆོས་དང་། །ཟབ་མོའི་གདམས་ངག་དགོངས་པའི་གཏེར་མཛོད་ལས། །ལེགས་དཔྱད་ཤེས་རབ་རྣམ་གྲོལ་ལྡེ་མིག་གིས། །དོན་གྱི་གནད་གདམས་དགོངས་པའི་བཅུད་བླངས་འདི། །རྗེ་ཡི་གསུང་དང་རང་གི་ཉམས་མྱོང་གིས། །ལུང་དང་མན་ངག་མི་འགལ་རིག་པར་སྦྱར། །འོན་ཀྱང་འགྲེལ་རྩམ་ཚད་ལྡན་ནུས་མེད་ཀྱང་། །དོན་གཉེར་གཞན་གྱིས་བསྐུལ་ཕྱིར་འདི་བརྩམ་པ། །འཁྲུལ་ན་བཟོད་གསོལ་མ་འཁྲུལ་དགེ་བ་དེས། །འགྲོ་རྣམས་ཐམས་ཅད་མཁྱེན་པའི་ས་ཐོབ་ཤོག །གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་མཆོག་སྒྱུ་འཕྲུལ་དྲྭ་བ་སྟོང་ཕྲག་བརྒྱ་བའི་བཅུད་བསྡུས་པ། རྒྱ་གར་གྱི་མཁས་གྲུབ་ཆེན་པོ་སངས་རྒྱས་གསང་བས་མཛད་པའི་ཐུགས་ཐིགས་ཀྱི་འགྲེལ་བཤད་འདི་ཉིད། བླ་མ་བརྒྱུད་པ་མཁས་བཙུན་གོང་མ་རྣམས་ཀྱི་འགྲེལ་བཤད་གསུང་སྒྲོས་ཚད་མ་རྣམས་དང་། ཁྱད་པར་དུ་བདག་ལ་དྲིན་ཆེ་བའི་མཁས་གྲུབ་ཡབ་སྲས་ཀྱི་ཞལ་ཤེས་ངོ་སྤྲོད་ཀྱི་མན་ངག་ལ་བརྟེན་ནས། མཁས་བཙུན་རྣམས་ཀྱིས་ཡང་ཡང་བསྐུལ་བའི་ངོར། ཤཀྱཱའི་དགེ་སློང་ནམ་མཁའ་དཔལ་གྱིས་ས་ཕོ་སྤྲེལ་གྱི་ལོ་ཟླ་བ་དགུ་པའི་ཡར་ཚེས་ལ། ཀཿཐོག་རྡོ་རྗེའི་གདན་མ་ག་དྷ་གཉིས་པ་ཆོས་གླིང་དགོན་དུ་སྦྱར་བ་རེ་ཞིག་རྫོགས་སོ།། །།

ཐུགས་ཀྱི་ཐིགས་པའི་བསྡུས་དོན།

སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་ཐུགས་ཐིགས་འདི་ལ་དོན་གསུམ་སྟེ། ཀླད་ཀྱི་དོན་དང་། གཞུང་དང་། མཇུག་གོ། །དང་པོ་ལ་གསུམ། རྒྱ་གར་མཚན་བསྟན་པ་དང་། བཅོམ་ལྡན་འདས་ཕྱག་དང་། བཤད་པར་དམ་བཅའ་བའོ། །དེ་ལ་གཉིས་ཏེ། དམ་བཅའ་བསྒྲུབ་པ་དངོས་དང་། མན་ངག་རྒྱ་མཚོ་བརྩམ་ཚུལ་དང་། མདོར་བསྟན་གྱི། སྒོ་ནས་བཤད་པར་དམ་བཅའ་བ་དང་འབྲེལ་ཚུལ་ལོ། །གཞུང་ལ་གཉིས་ཏེ། བསྟན་ཡན་ལག་པ་དང་། བཤད་པའོ། །དེ་ལ་བཞི་སྟེ། རང་བཞིན་གྱི་སྣང་བ་དང་། འཁྲུལ་པའི་སྣང་བ་དང་། གདུལ་བྱའི་སྣང་བ་དང་། བདེ་བར་གཤེགས་པའི་སྣང་བའོ། །དང་པོ་ལ་གཉིས་ཏེ། གཞུང་དང་། མཚན་ཐུགས་ཀྱི་དོན། དང་པོ་ལ་བཞི། ཐོག་མར་ངོ་བོ་ལྷུན་གྲུབ་ཏུ་བསྟན་པ་དང་། དེ་ལ་འཁོར་འདས་སྣང་ཚུལ་དང་། དོན་རྟོགས་པར་བྱ་བའི་ཕྱིར་འཁྲུལ་དང་མ་ནོར་བའི་མཚན་ཉིད་དང་། སྣང་བ་དང་རྒྱུད་ཀྱི་ངེས་ཚིག་གོ། །སྣང་ཚུལ་ལ་བཞི་སྟེ། སེམས་འདི་སྐད་རིགས་རྒྱུད་མེད་པ་ལ་འཁོར་འདས་སུ་སྣང་ཞིང་ངོ་བོ་ལྷུན་གྲུབ་ཏུ་བསྟན་པ་དང་། ཐ་དྭང་རིགས་དད་ལྷུན་གྲུབ་ཏུ་གཅིག་པའི་སེམས་ཉིད་མཐའ་ཐུག་མེད་དུ་ཅིར་ཡང་སྣང་རུང་བའི་དཔེ་དོན་དང་། ཅིར་དཔེར་ན་ཡང་སྣང་དུ་རུང་ཡང་རྐྱེན་གྱིས་བསྒྱུར་བས་སྣང་དུ་བཏུབ་པའི་དཔེ་དོན་དངོས་དང་། ལོག་སྤྱིར་ནི་རྟོག་གི་སྣང་བ་དོན་ལ་རང་རྒྱུད་དུ་མེད་པའོ། །འཁྲུལ་པ་དང་། མ་ནོར་བའི་མཚན་ཉིད་ལ་བརྒྱད་དེ། གཉིས་སེམས་རྒྱུད་སུ་འདོད་པ་ལྷུན་གྲུབ་ལ་སྐྱོན་བརྗོད་པ་ཉིད་འཁྲུལ་པ་དང་། འཁོར་ཀུན་ནས་འདས་ཐ་དད་ལ་སྐྱོན་བརྗོད་དེ་ཐ་མི་དད་དུ་བསྟན་པ་དང་། ཐམས་ཅད་ལོག་རྟོག་སྤང་དུ་མེད་པའི་དཔེའི་དོན་དང་། བློ་དངོས་སུ་འབྱེད་པའི་སྐྱོན་དང་། དག་པ་སྒྲ་ཅི་བཞིན་དུ་འཛིན་པ་འཁྲུལ་ཞིང་མི་འཛིན་པ་འཁྲུལ་ཞིང་མི་འཛིན་པ་མི་འཁྲུལ་གང་དག་པ་དང་། ཡོད་ལས་བཙལ་ཐབས་ཡོད་མེད་གཉིས་ཀར་ཚོལ་བ་འཁྲུལ་བ་དང་། དེ་ནས་དོན་དབྱེར་མེད་ལ་ལྷུན་གྲུབ་ཕྱོགས་གཅིག་པར་འཛིན་པ་འཁྲུལ་པའོ། །བདེན་ཅེས་གཉིས་དབྱེར་མེད་ཡིན་ཚུལ་གྱི་དཔེ་དོན་བསྟན་ཅིང་ཅི་བཞིན་པའི་དོན་ཕྱོགས་འགོ་ཙམ་གྱིས་མི་མཚོན་པར་བསྟན་པའོ། །ངེས་ཚིག་ལ་གསུམ་སྟེ། སྣང་བའི་ངེས་ཚིག་དང་། ལུང་རིགས་ཕྱིན་ཅི་ཀྱི་སྒོ་ནས་འཁྲུལ་བར་སྣང་དུས་གནས་ལུགས་ཆོས་ཉིད་ལས་མ་གཡོས་པར་བསྟན་ཅིང་མ་རིག་ཡེ་ཤེས་ཐ་དད་ལ་སྐྱོན་བརྗོད་ཅིང་གཉིས་མེད་དུ་བསྟན་པའི་དཔེ་དོན་དང་། རྒྱུད་ལོ་དང་ཀྱི་ངེས་ཚིག་གོ། །དང་པོ་ལ་གཉིས་ཏེ། སྣང་བདེན་པ་བའི་ངེས་ཚིག་དང་། དེ་ས་ག་ཉིད་དང་སྣང་བ་ཡིན་ཚུལ་ལུང་གིས་གསལ་བའོ། ༈ །འཁྲུལ་སྣང་ལ་གཉིས་ཏེ། གཞུང་དང་མཚན་ནོ། །དང་པོ་ལ་གཉིས་ཏེ། བསྟན་འཁྲུལ་གཞི་པ་དང་བཤད་པའོ། །དེ་ལ་གསུམ་སྟེ། འཁྲུལ་གཞི་དང་། འཁྲུལ་པ་དང་། རང་བཞིན་ནོ། །དང་པོ་ལ་ལྔ་སྟེ། གཞི་དྲུག་གིས་སྒྲོ་སྐུར་དང་བྲལ་བར་བསྟན་པ་དང་། གཞི་སྒྲོ་འདོགས་ཡོད་པ་ལ་འཁྲུལ་པའི་སྐྱོན་དང་། སྐུར་པ་མེད་པ་ལ་འཁྲུལ་པའི་སྐྱོན་དང་། གཉིས་ལ་ལ་མེད་ཕྱོགས་གཅིག་པ་ལ་འཁྲུལ་པའི་སྐྱོན་དང་། ཐུན་དོན་ཉིད་མོང་མ་ཡིན་པ་གཉིས་མེད་ལ་འཁྲུལ་པའོ། །འཁྲུལ་ཚུལ་གཉིས་ཏེ། མ་རིག་ཅེས་པས་ངོ་མ་མ་ཤེས་ཏེ་འཁྲུལ་པ་སྤྱིར་བསྟན་པ་དང་། བྱེ་བྲག་ཕྱེ་སྟེ་བསྟན་པའོ། །དེ་ལ་གཉིས་ཏེ། བསྟན་སྡོམ་ནི་པ་དང་། བཤད་པའོ། །དེ་ལ་བདུན་ཏེ། དུས་ཏནྟྲ་དང་། རྒྱུ་དང་། རྐྱེན་དང་། ཚུལ་ཕྱི་ནང་དང་། ངོ་བོ་འཁྲུལ་རྟོག་དང་། རང་བཞིན་སྒྱུ་མ་དང་། ཉེས་སྲིད་རྩིའི་པའོ། །རྒྱུ་ལ་གཉིས་ཏེ། བསྟན་ངོ་བོ་པ་དང་། བཤད་པའོ། །དེ་ལ་ལྔ་སྟེ། ངོ་བོ་རང་བྱུང་ཉིད་ཀྱི་རྒྱུ་དང་། མཚུངས་སྔོན་ཕྱི་པའི་དང་། ཀུན་ཏུ་རྟོག་ལྷན་ཅིག་བྱེད་པ་དང་། དེའི་རྐྱེན་ཉེ་བར་ལེན་པའི་དང་། འོད་མ་འཕེན་པའི་རྒྱུའོ། །རྐྱེན་ལ་གཉིས་ཏེ། ལས་ཁམས་གསུམ་དང་ཉོན་མོངས་རྒྱུད་ལྔ་པའོ། །རང་བཞིན་ལ་གཉིས་ཏེ། དེ་ཡི་དེ་ཁོ་ན་ཉིད་ཀྱི་རང་བཞིན་དང་། རྒྱུའོ་དེ་དང་ཐེག་པས་ངོ་མ་ཤེས་པའོ། ༈ །གདུལ་བྱའི་སྣང་བ་ལ་གཉིས་ཏེ། གཞུང་དང་། མཚན་ཐུགས་ཀྱི་ནོ། །དང་པོ་ལ་གཉིས་ཏེ། གདུལ་བྱའི་སྣང་བ་སྤྱིར་བསྟན་པ་དང་། མཆོག་གི་ཐེག་པ་བཀར་ཏེ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ངོ་རང་བཞིན་བོའི་ངེས་ཚིག་དང་། ཐེག་དེ་དང་པའི་ཁྱད་པར་དང་། གདུལ་ཕྱིན་ཅི་བྱའི་སྣང་བ་བསམ་ཡས་པའོ། །ཐེག་པ་མཆོག་ལ་གཉིས་ཏེ། ཐེག་མཆོག་རྐྱེན་པ་མཆོག་གི་རྣམ་གྲངས་བསྟན་པ་དང་དེ། གཏན་ལ་དབབ་ཚུལ་བསྟན་པའོ། །དེ་ལ་གཉིས་ཏེ། ལམ་སྒྱུ་འཕྲུལ་རྐྱེན་ཡི་གེའི་རྒྱུད་འདི་གདུལ་བྱའི་དབང་པོ་རྣོ་རྟུལ་གྱིས་ཕྱེ་བས་གཏན་དབབ་ཚུལ་མདོར་བསྟན་པ་དང་། ཡན་ལག་རྒྱས་པ་བཤད་པའོ། །དེ་ལ་གསུམ་སྟེ། རབ་ལ་མཚན་པ་དང་། འབྲིང་ལ་རྣམ་པར་དབྱེ་བ་དང་། ཐ་མ་ལ་འབྲས་བུ་ལམ་གྱིས་ཐོབ་པར་བྱེད་པས་ལམ་ཤེས་པའི་རྒྱུར་འབྲུ་རེ་ནས་བསྟན་པའོ། །དང་པོ་ལ་གཉིས་ཏེ། མཚན་གྱི་ངོ་བོ་དང་། གདུལ་བྱ་ཐབས་གསུམ་པ་ལམ་གྲོལ་ལམ་དུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། བསྟན་དང་པོ་པ་དང་། བཤད་པ་དང་། མཇུག་ཚིག་རྒྱས་བསྡུ་བའོ། །བཤད་པ་ལ་གསུམ་སྟེ། རྒྱུད་ངེས་པའི་དང་སྟོན་པ་ཐུན་མོང་བ་དང་། ཆེ་བའི་དེ་ནམ་མཚན་དང་དོན་བསྟན་བརྟག་རང་གི་ངོ་བོའོ་མཚན་ནོ། །འབྲིང་ལ་དོན་དམ་རྣམ་པར་དབྱེ་བ་ལ་གཉིས་ཏེ། བསྟན་ཉི་མའི་པ་དང་བཤད་པའོ། །དེ་ལ་གསུམ་སྟེ། ཤེས་པར་བྱ་བའི་ཡུལ་དང་། བར་དུ་ཐུན་མོང་དང་མཆོག་གིས་ལམ་ཉམས་སུ་བླང་བ་དང་། ཐ་མ་དྲོད་དང་ལྡན་པས་འབྲས་བུ་མཐོང་ལ་སྦྱོར་བའོ། །དང་པོ་ལ་གསུམ་སྟེ། དང་པོའི་བསྟན་པ་དང་། བཤད་པ་དང་། ལམ་དང་ཤེས་བྱ་འབྲས་བུའི་ཆོས་རང་གི་སྐབས་སུ་འབྱུང་བས་འདིར་མ་བསྟན་པའི་འཐད་པའོ། །བཤད་པ་ལ་ལྔ་སྟེ། རྒྱུ་གླེང་གཞི་དང་། རྐྱེན་གླེང་བསླང་བ་དང་། དགོས་བརྗོད་འབྲེལ་དང་། འདྲེན་པའི་ཚིག་དཔེ་དང་། རྒྱུད་སྟོན་ནས་གཏད་པའོ། །དང་པོ་ལ་གཉིས་ཏེ། བསྟན་ཐབས་དང་པ་དང་། བཤད་པའོ། །དེ་ལ་གཉིས་ཏེ། ཐབས་སྔ་མའི་ལམ་གྱི་གླེང་གཞི་དང་། ཤེས་རབ་གྲོལ་ལམ་གྱི་གླེང་གཞིའོ། །དེ་ལ་གཉིས་ཏེ། བསྟན་བློ་གྲོས་པ་དང་། བཤད་པའོ། །དེ་ལ་གཉིས་ཏེ། ཁྱད་བླ་མའང་པར་དོན་གྱི་གླེང་གཞི་དང་། ཐུན་མོང་རྟགས་ཀྱི་གླེང་གཞིའོ། །དེ་ལ་གཉིས་ཏེ། བསྟན་ཐུན་མོང་པ་དང་། བཤད་པའོ། །དེ་ལ་གཉིས་ཏེ། ཞི་བ་དང་། འགྲོ་བ་ཁྲོ་བོ་གང་མོས་སུ་སྒོམ་པའོ། །དང་པོ་ལ་དྲུག་སྟེ། སྟོན་པ་དང་ཞེས ། དེ་ཡི་གནས་དང་། འཁོར་དང་། སྡུད་པ་པོ་ཐོར་བུ་དང་། དུས་སྐུ་ཡི་དང་བསྟན་པའོ། །འཁོར་ལ་གསུམ་སྟེ། རྣམ་དེ་ནས་གྲངས་དང་། དེ་ནི་བཞུགས་ཚུལ་དང་། ཚད་ཅེས་གཉིས་བསྟན་རྐྱེན་གླེང་བསླང་བ་ལ་གསུམ་སྟེ། ངོ་དེ་རྗེས་བོ་དང་། ངེས་སྟོན་པ་ཚིག་དང་། དགོས་ཐབས་སྦྱོང་ཆེད་དང་། འདྲེན་པའི་ཚིག་ལ་གསུམ་སྟེ། ཏནྟྲ་བསྟན་པ་དང་། བཤད་བཅུ་ཡིས་པ་དང་། དགོས་ཚིག་དོན་ཆེད་ཀྱིས་མཇུག་བསྡུ་བའོ། །བར་དུ་ཐུན་མོང་དང་མཆོག་གི་ལམ་བགྲོད་ཚུལ་ལ་གཉིས་ཏེ། སྤྱིར་བར་དུ་བསྟན་པ་དང་། མཆོག་གི་ལམ་ཁྱད་པར་དུ་བསྟན་པའོ། །དེ་ལ་གཉིས་ཏེ། ཐབས་ལམ་དང་། གྲོལ་ལམ་མོ། །དང་པོ་ལ་གཉིས་ཏེ། ལྔ་ཡི་བསྟན་པ་དང་། བཤད་པའོ། །དེ་ལ་གསུམ་སྟེ། ཤི་རིམ་གྱིས་པ་དང་། ཅིག་ཕྱི་མ་ཆར་བ་དང་། ངེས་མཆོད་པ་ཚིག་གོ། །གྲོལ་ལམ་ལ་གཉིས་ཏེ། ཤེས་རབ་བསྟན་པ་དང་། བཤད་པའོ། །དེ་ལ་གཉིས་ཏེ། གཙོ་བོ་དང་། ཆ་རྐྱེན་ནོ། །དང་པོ་ལ་གཉིས་ཏེ། བསྟན་ཀུན་གཞི་པ་དང་། བཤད་པའོ། །དེ་ལ་གཉིས་ཏེ། ཅིག་གཅིག་ནི་ཆར་བ་དང་། རིམ་དེ་ལ་གྱིས་པའོ། །ཆ་རྐྱེན་ལ་བཅུ་སྟེ། ལྟ་བ་དང་། ཏིང་ངེ་འཛིན་དང་སྤྱོད་པ་དང་། འཕྲིན་ལས་དང་། དམ་ཚིག་དང་། དཀྱིལ་འཁོར་དང་། མཆོད་པ་དང་། དབང་དང་། སྒྲུབ་པ་དང་། སྔགས་དང་ཕྱག་རྒྱའོ། །དང་པོ་ལ་གཉིས་ཏེ། བསྟན་སྔོན་གྱི་པ་དང་། བཤད་པའོ། །དེ་ལ་ལྔ་སྟེ། དགོས་ཆེད་དང་། རྟོགས་གང་གི་ཐབས་དང་། ངོ་བོ་དང་། མ་རྟོགས་བཞི་པ་པའི་སྐྱོན་དང་། རྟོགས་ལྔ་པ་པའི་ཡན་ཏན་ནོ། །དང་པོ་ལ་གཉིས་ཏེ། བསྟན་གཞན་པའི་པ་དང་། བཤད་པའོ། །དེ་ལ་གཉིས་ཏེ། དཔེ་གླིང་བཞི་དང་དོན་ནོ། །དེ་ལ་གཉིས་ཏེ། གཞན་སེལ་བ་དང་། གང་གི་དོན་དུ་གཉེར་བའོ། །དང་པོ་ལ་གཉིས་ཏེ། ལྟ་རིགས་མེད་བས་གཞན་སེལ་ལུགས་དང་། སྒོམ་བསམ་གྱིས་པས་བསལ་བྱའོ། །ངོ་བོ་ལ་བཞི་སྟེ། དབང་པོ་དྲུག་ངོ་བོ་དངོས་དང་། མཐོང་དེ་ལའང་བའི་ཁྱད་པར་དང་། ངེས་གསང་བའི་ཚིག་དང་ཞར་ལ་ཐེག་པ་སྤྱིའི་མཚན་ཉིད་དུ་འདོད་པ་ནོར་བའོ། །དེ་ལ་གསུམ་སྟེ། སྤྱིའི་དེ་བས་མཚན་ཉིད་དུ་ལྟ་བས་གསང་སྔགས་མི་རྟོགས་པ་དང་ཡིད་རྡོ་རྗེ་ཀྱི་མི་རྟོག་པས་གཟུང་འཛིན་ཅན་དུ་དང་། སྒྲ་ཀུན་ཏུ་ཅི་བཞིན་དུ་རྟོག་ཅིང་ལྡོག་པ་ཚོལ་བས་ལྟ་བ་དམ་པས་དབུལ་བའོ། །ཏིང་ངེ་འཛིན་ལ་གཉིས་ཏེ། དེ་རྗེས་བསྟན་པ་དང་བཤད་པའོ། །དེ་ལ་དྲུག་སྟེ། དེ་འབྱུང་རླུང་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། འཕོ་བ་ཀུན་ཏུ་སྣང་དང་། དེ་ཡི་ཕྱག་རྒྱ་གཅིག་པ་དང་། ཕྱག་གང་སྨིན་རྒྱ་སྤྲོས་པ་དང་། ལྔ་པ་བར་ཆད་མེད་པ་གཉིས་དང་། རྒྱ་མཚོ་ཐར་ལམ་ཏིང་ངེ་འཛིན་ནོ། སྤྱོད་པ་ལ་གཉིས་ཏེ། ཡན་ལག་བསྟན་པ་དང་། བཤད་པའོ། །དེ་ལ་ལྔ་སྟེ། དགོས་བདག་དང་ཆེད་དང་། རྣམ་གྲངས་དང་། ལམ་དུས་དང་། ཁྱད་པར་སྐྱོན་དང་ཡོན་དེ་ལ་ཏན་ནོ། །རྣམ་གྲངས་ལ་གཉིས་ཏེ། གསང་རྒྱུད་བསྟན་པ་དང་། བཤད་པའོ། །དེ་ལ་གཉིས་ཏེ། གཞན་ཐུན་མོང་མ་ཡིན་པ་ཐབས་ལམ་གྱི་སྤྱོད་པ་དང་། གྲོལ་ལམ་གྱི་ཁྱད་པར་ལམ་དང་སར་མཐུན་པར་སྤྱོད་པའོ། །དེ་ལ་གཉིས་ཏེ། གཅིག་ཤོས་དཔེའི་སྒོ་ནས་མདོར་བསྟན་པ་དང་། དོན་གྱི་སྒོ་ནས་རྒྱས་པར་བཤད་པ་དང་། སྔ་མ་ལམ་རང་རང་གི་སྤྱོད་པ་ཁྱད་པར་གྱི་སྤྱོད་པའོ། །རྒྱས་པར་བཤད་པ་ལ་ལྔ་སྟེ། རྒྱུ་ཤེས་པར་ཤེས་པའི་སྤྱོད་པ་དང་། ཏིང་དེ་གོམས་ངེ་འཛིན་གསུམ་གྱི་སྤྱོད་པ་དང་། སྤྲོས་པའི་གཙང་མ་སྤྱོད་པ་དང་། ལྔ་པ་བར་ཆད་མེད་པའི་སྤྱོད་པ་དང་། དེ་ནས་རིག་འཛིན་གྱི་སྤྱོད་པའོ། །འཕྲིན་ལས་ལ་གཉིས་ཏེ། བསྟན་བྱ་བའི་པ་དང་བཤད་པའོ། །དེ་ལ་དགུ་སྟེ་དགོས་བདག་ཆེད་དང་། གདུལ་བྱ་ངོ་བོ་དང་། ཟུག་རྔུ་ངེས་ཚིག་དང་། བྱེ་བྲག་ཏུ་སྦྱིན་སྲེག་གི་རྣམ་གྲངས་དང་། བྱ་ཐབས་དང་། དུས་སྐབས་ཁྱད་པར་དང་ཅེས་མི་བསྐང་སྐྱོན་དང་། དེ་ལས་ཡོན་ཏན་ནོ། །རྣམ་གྲངས་ལ་གཉིས་ཏེ། དོན་གྱི་སྤྱིའི་རྣམ་གྲངས་དང་། བྲེ་བྲག་ལམ་གྱི་རྣམ་གྲངས་སོ། །དེ་ལ་གཉིས་ཏེ། ལམ་སྤྱིའི་རྣམ་གྲངས་དང་ལས་ངོ་བོ་བཞི་ངོ་བོའི་རྣམ་གྲངས་སོ། །དང་པོ་ལ་གསུམ་སྟེ། བར་མ་བསྟན་པ་དང་། སྔ་མ་ཐབས་དང་ཤེས་རབ་ཀྱིས་རྣམ་གྲངས་རྒྱས་པར་བཤད་པ་དང་། དེ་ལ་མཇུག་གསུམ་དུ་བསྡུ་བྱ་ཐབས་ལ་གཉིས་ཏེ། །ཐབས་ལམ་གྱི་ཐབས་དང་། ཤེས་རབ་གྲོལ་ལམ་གྱི་བྱ་ཐབས་སོ། །དེ་ལ་དེ་ལ་གཉིས་ཏེ། ཤེས་རབ་སྤྱི་དང་། བྱེ་བྲག་ཏུ་ཕྱེ་བའི་ཐབས་སོ། །དེ་ལ་གཉིས་ཏེ། ཕྱི་རོལ་ཚད་མེད་པ་དང་། ལྷག་པའི་གཟུགས་བརྙན་ནོ། །དེ་ལ་གཉིས་ཏེ། ལྷག་པ་སྤྱི་དང་། བྱེ་བྲག་ཏུ་སྦྱིན་སྲེག་བྱ་ཐབས་སོ། །དེ་ལ་གཉིས་ཏེ། ཕྱི་མ་རྣམ་གྲངས་དང་། བྱ་ཐབས་ལས་ཀྱི་རིམ་པའོཀ། ། ང་དགོས་བཞི་པོའི་ཆེད་དང་དུས་ཐུན་མོང་བ་དང་། འགྲུབ་ས་ཡི་པའི་ཐབས་དང་། བདུན་གྱི་ངེས་ཚིག་དང་། འཕེལ་ཡོན་ཏན་དང་། དེ་ལ་སྐྱོན་ནོ། །མཆོད་པ་ལ་གཉིས་ཏེ། མྱོས་བསྟན་པ་དང་། བཤད་པའོ། །དེ་ལ་དྲུག་སྟེ། བདག་དགོས་ཆེད་དང་། བྱ་བྱེད་ངོ་བོ་དང་། རྣམ་འཇིག་རྟེན་གྲངས་དང་། སྐབས་གང་དུ་དགོས་པ་དང་ཅ། ཁ་དམ་ཚིག་ལ་གཉིས་ཏེ། ས་གཞི་བསྟན་པ་དང་། བཤད་པའོ། །དེ་ལ་བརྒྱད་དེ་གསང་སྒོར་ངོ་བོ་དང་། རྣམ་ཐུན་མོང་གྲངས་དང་། དགོས་དེ་ཡི་ཆེད་དང་། གུང་དུས་དང་། བསྲུང་བྱ་ཆེ་བ་དང་ཡོན་མ་ནོར་ཏན་དང་། སྐོང་ཐབས་དང་། ཕྱལ་བ་ཉམས་པའི་རྒྱུའོ། །དཀྱིལ་འཁོར་ལ་གཉིས་ཏེ། བཀོད་པའི་བསྟན་པ་དང་བཤད་དེ་དེ་པའོ། །དེ་ལ་བརྒྱད་དེ། ངོ་བོ་གནས་སྐབས་དང་། ཁྱད་དང་པོ་པར་དང་། རྣམ་རྩ་བ་གྲངས་དང་ག། ཆ་དུས་ཀྱི་ཡོན་ཏན་དང་། སྐྱོན་དེ་ལ་ནོ། །དབང་ལ་གཉིས་ཏེ། ཐོབ་པར་བསྟན་པ་དང་། བཤད་པའོ། །དེ་ལ་བཅུ་སྟེ། དོན་འགྱུར་དགོས་ལུང་དང་རྒྱུ་རྐྱེན་དང་། དྲུག་ངོ་བོ་དང་། རྣམ་གྲངས་དང་། དཀྱིལ་འཁོར་ཐབས་དང་། རྣོ་ལ་ཐོབ་པའི་ཚད། ལམ་དུས་དང་། རྒྱུ་ཉིད་སྣོད་དང་སྐྱོན་དི་ཟློག་ནོ། །སྒྲུབ་པ་ལ་གཉིས་ཏེ། དོན་ཏུ་བསྟན་པ་དང་བཤད་པའོ། །དེ་ལ་བདུན་ཏེ། ཐུན་མོང་དགོས་ཆེད་དང་། གང་གི་ངོ་བོ་དང་། མེ་ལོང་རྣམ་གྲངས་ཡོན་ཏན་དང་། སྒྲུབ་པའི་ཐབས་ཞེས་དང་། རུས་རྣལ་འབྱོར་དང་། སྐྱོན་ས་ལམ་དང་། ཡོན་དེ་ལ་ཏན་ནོ། །སྔགས་དང་ཕྱག་རྒྱ་ལ་གཉིས་ཏེ། སྔགས་དང་བསྟན་པ་དང་། བཤད་པའོ། །དེ་ལ་དགུ་སྟེ། དགོས་ཆེད་དང་། ངོ་ཡ་ག་བོ་དང་། རྣམ་གྲངས་དང་། སྐྱོན་ནས་ཐབས་དང་། ངེས་མཐུས་ཚིག་དང་། དཀྱིལ་འཁོར་སྐབས་གང་དུ་དགོས་པ་དང་། སྔགས་ཡོན་ཏན་དང་། གསང་བ་གང་གི་སྤྱོད་ཡུལ་ཡིན་པའོ། །རྣམ་གྲངས་ལ་གཉིས་ཏེ། རིག་སྔགས་སྔགས་ཀྱི་རྣམ་གྲངས་དང་། ཕྱག་རྒྱའི་རྣམ་གྲངས་སོ། །དེ་ལ་གཉིས་ཏེ། བརྒྱ་བཞི་བསྟན་པ་དང་། བཤད་པའོ། །དེ་ལ་བཞི་སྟེ། ཕྱག་རྒྱ་ཆེན་པོའི་ཞེས་རྣམ་གྲངས་དང་། དམ་ཚིག་གི་ཕྱག་རྒྱའི་དང་། ལས་བསམ་དང་ཀྱི་ཕྱག་རྒྱའི་དང་། ཆོས་བདེ་བ་ཀྱི་ཕྱག་རྒྱའི་རྣམ་གྲངས་སོ། ༈ །བདེ་བར་གཤེགས་པའི་སྣང་བ་ལ་གཉིས་ཏེ། རྡོ་རྗེ་བསྟན་པ་དང་། བཤད་པའོ། །དེ་ལ་གཉིས་ཏེ། རིག་འཛིན་དང་། སངས་རྒྱས་སོ། །དང་པོ་ལ་གཉིས་ཏེ། སྔ་མ་བསྟན་པ་དང་། བཤད་པའོ། །དེ་ལ་བཞི་སྟེ། ཐོབ་ལྷག་མ་ཚུལ་དང་། རྣམ་རྣམ་པར་གྲངས་དང་། ངེས་མེ་ཆུ་ཚིག་དང་། དེ་ཡི་གནས་སོ། །སངས་རྒྱས་ལ་གཉིས་ཏེ། བྱ་བ་བསྟན་པ་དང་། བཤད་པའོ། །དེ་ལ་བརྒྱད་དེ། ཐོབ་ཚུལ་དང་། གཉིས་མེད་ངོ་བོ་དང་། རྣམ་སྐུ་གྲངས་དང་། ཐམས་ཅད་གདུལ་བྱའི་གཟིགས་ཚུལ་དང་། བདེར་གཤེགས་ཐུགས་རྗེས་སྤྲུལ་པ་སྣང་ཚུལ་དང་། སྒྱུ་མ་མཛད་པ་བྱ་བྱེད་ཀྱི་རྩོལ་བ་མེད་པར་དོན་མཛད་ཚུལ་དང་། གནས་གཟུང་འཛིན། དུས་གསུམ་དགོངས་པའི་རྒྱུད་ཀྱི་གནས་ཚུལ་གཅིག་དང་དུ་མ་ལས་གྲོལ་བ་སྨྲ་བསམ་ལས་འདས་པར་བསྟན་པའོ། །ཐོབ་ཚུལ་ལ་གཉིས་ཏེ། བདག་ཅེས་དོན་དུ་རང་སྣང་དུ་ཐོབ་པའི་ཚུལ་དང་། གཞན་ཅེས་དོན་དུ་མཛད་པ་བཅུ་གཉིས་རྫོགས་ནས་ཐོབ་ཚུལ་ལོ། །ཐུགས་ཀྱི་ཐིགས་པའི་བསྡུས་དོན་རྫོགས་སོ།། །།