cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དོན་དྲུག་པ།

གླེགས་བམ། མུ༽

ཇོ་སྲས་བསོད་ནམས་དཔལ། འགྱུར་མེད་རྡོ་རྗེ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དེ་ཁོ་ན་ཉིད་སྣང་བའི་བརྒྱན། ཇོ་སྲས་བསོད་ནམས་དཔལ།

རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དེ་ཁོ་ན་ཉིད་སྣང་བའི་བརྒྱན་ཅེས་བྱ་བ་བཞུགས་སོ།།

རྣམ་འབྱོར་ཆེན་པོའི་རྒྱུད་ཀྱི་དེ་ཁོ་ན་ཉིད་སྣང་བའི་བརྒྱན་ཅེས་བྱ་བ། །འཇམ་དབྱངས་མགོན་པོ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་མཁའ་ཆོས་སྐུ་ལ་རྟོག་པའི་སྤྲིན་རྣམས་རབ་ཞི་ཞིང་། །ཟག་མེད་ལོངས་སྐུ་བདེ་ཆེན་དྲྭ་བ་མཚན་གྱི་འོད་ཟེར་ཅན། །ཇིལྟར་མོས་བཞིན་སྤྲུལ་སྐུ་གདུལ་བྱའི་པད་མོ་རྒྱས་མཛད་པ། །དཀྱིལ་འཁོར་གཙོ་བོ་སྐུ་གསུམ་ཉི་མ་ཁྱོད་ཕྱག་འཚལ། །མཐའ་གཉིས་དོར་བའི་རིག་ལམ་གཉིས་པ་ལ། །གཏན་ཚིག་འཁོར་ལོའི་ཤུགས་ཀྱིས་རབ་དྲངས་ཏེ། །མ་ནོར་དོན་འབྲས་གྱ་ནོམ་གཏེར་གྱུར་པ། །དབྱེར་མེད་སྟོན་པའི་ངག་ལའང་ཕྱག་འཚལ་ལོ། །ཟབ་མོ་དེ་ཉིད་ཇི་བཞིན་རྣམ་གཟིགས་ཤིང་། །མ་ནོར་གཞུང་ལུགས་འཇེབས་དང་དྲི་མེད་ཅན། །དུལ་བའི་བློ་གྲོས་གཞན་ལ་ཕན་བརྩོན་པ། །ཆོས་ཀྱི་རྗེ་བཙུན་བླ་མ་ཉིད་ལ་འདུད། །རིག་འཛིན་སྡེ་སྣོད་དྲི་མེད་རྒྱ་མཚོ་ལ། །ལོག་རྟོག་རྦ་རླབས་སྟོང་གིས་འཁྲིགས་གྱུར་ཀྱང་། །རྣམ་རིག་འདབ་བཟང་དབང་པོས་རྣམ་ཕྱེ་སྟེ། །གྲུབ་མཐའ་འོ་མའི་སྙིང་པོ་བསྡུས་ཏེ་བཤད། །བརྗོད་བྱའི་དོན་ཆེན་གཞི་ལམ་འབྲས་བུ་ཉིད། །ཡོངས་དག་ཀུན་ཁྱབ་གསུམ་གྱི་གཟི་ལྡན་ཞིང་། །རྟོག་གེ་སྲིན་བུའི་འོད་སྟོང་འཇོམས་བྱེད་པ། །ངེས་དོན་ཚད་མའི་ངག་འདི་མཉན་པར་གྱིས། །ང་ཡི་རིགས་ལམ་མེ་འོད་ཕྲེང་བ་འདིར། །སྡང་ཞུགས་ཕྲག་དོག་རླུང་དག་བརྒྱས་བསྐྱོད་ནའང་། །དཔལ་གྱི་མེ་ལྕེ་ཐུར་དུ་མི་ལྟུང་ཞིང་། །ཕྱིར་རྒོལ་མུན་སྡེ་བྱེ་བའང་སེལ་བྱེད་ཡིན། །འདིར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལུགས་ཤེས་ཤིང་ཉམས་སུ་བླང་ནས། འགྲོ་བ་སྒྲོལ་བའི་དེད་དཔོན་དུ་ཕྱོགས་པའི་སྐྱེས་བུ། རྒྱུད་སྡེ་ཟབ་ཅིང་རྒྱ་ཆེ་བ་དཔག་པར་དཀའ་བ་དག་ལ་དྲི་མ་མེད་པའི་བློ་གྲོས་ཀྱི་སྤྱན་རབ་ཏུ་རྒྱས་ཤིང་། ངེས་པར་རིག་པའི་ཐུར་མ་དག་གིས་མ་རིག་པའི་ལིང་ཏོག་སེལ་བར་གཟོ་བ་རྣམས་ཀྱིས་ལེགས་པར་གསུངས་པ་ལ་བརྟེན་པའི་དོན་གསང་སྔགས་མཐའ་དག་གི་སྙིང་པོ་རྣལ་འབྱོར་ཆེན་པོའི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་མན་ངག་འདི་ལ་རྣམ་པར་དབྱེ་བའི་དོན། རྣམ་པར་བསྡུ་བའི་དོན། ཤེས་བྱ་སྤྱིར་གཏན་ལ་དབབ་པ། ཤེས་བྱ་བྱེ་བྲག་ཏུ་གཏན་ལ་དབབ་པ་དང་བཞིས་བསྟན་ཏེ། དང་པོ་ནི་མཚན་གཞི་གསང་སྡེ་བཅུ་གསུམ་ལས་དང་པོ་དག་ལ་མཚན་ཉིད་གཉིས་མེད་པ་འདི་ཉིད་ཀྱིས་མཚོན་པར་ནུས་པའི་མཚོན་བྱ་སྒྱུ་འཕྲུལ་དྲྭ་བའི་ཆོས། རྣམ་པར་དབྱེ་ན། སྤར་ཁབ་ལས། རང་བཞིན་བདེ་གཤེགས་གདུལ་བྱའི་ཅེས་པས། ཤེས་རབ་དང་གཏན་ཚིག་ཀྱིས་ཆོས་གསུམ་ལྡན། མ་དཔྱད་པས་གཞིར་གྱི་སྣང་བ་དང་། རང་བཞིན་ཀུན་རྫོབ་ལ་སྒྱུ་མའི་ཆོས་དྲུག་ལས་ལོག་རྟོག་དོན་དང་འགལ་བར་འཛིན་པ་དང་། རྟེན་འབྲེལ་རྒྱུ་རྐྱེན་ལས་བསྐྱེད་གཉིས་རང་བཞིན་གྱི་ཆོས་སུ་ཇི་ལྟར་རུང་བ སམ་ན། ཆོས་འགའ་ཞིག་མཐུན་གྱི་གསུམ་ཆར་ཚང་བའི་མཚན་ཉིད་པ་ནི་མ་ཡིན་ཏེ་དོན་གྱི་ཟླས་གྲངས་སོ། །འཇུག་པའི་རྣམ་པ་ཐུན་མོང་དང་ཁྱད་པར་གྱི་ཐེག་པ་གསུམ་དང་། ལམ་ལྔ་ལྟ་བུ། ཐ་དད་པ་གདུལ་བྱ་ལམ་གྱི་སྣང་བ་དང་། བྲལ་ངོ་བོ་ཉིད་ཐོབ་མེད་པའི་ཡོན་ཏན་ནར་སོན་པ་འབྲས་བུ་བདེར་གཤེགས་པའི་སྣང་བའམ། ཞར་རང་བཞིན་གྱི་ལས་བྱུང་བ་འཁྲུལ་བའི་སྣང་བ་ཅེས་བཞི་ཡང་འཁྲུལ་ངོ་ལ་ཆོས་ཉིད་དོན་དམ་སྣང་ངམ་མི་སྣང་གཉིས་པ་ལྟར་རང་བཞིན་ཐ་དད་དུ་ཐལ་འདོད་ན་ཆོས་ཉིད་རྟོག་པར་འཁྲུལ་སྣང་མི་མངོན་པར་འགྱུར་ལ་དང་པོ་ལྟར་ན་སོ་སོའི་སྐྱེ་བོ་ཀུན་བདེན་མཐོང་དུ་ཐལ་ཅེ་ན། ཁྱབ་པ་མ་གྲུབ་སྟེ་སྣང་ཡང་མ་ངེས་པའི་ཕྱིར་རྡུལ་ཕྲན་བཞིན་ནོ། །པས་སྣང་བ་གསུམ་མམ་བཞིར་ཡང་བཤད། རྒྱུད་གསུམ་ངེས་པར་གསལ་་གསུམ་ལས་གསལ་བྱེད་པའི་ཞེས་པས། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་གཞི་ཡི་རྒྱུད། རང་བཞིན་སྔོན་དུ་བྱེད་པ་ཐབས་ཀྱི་རྒྱུད། རང་བཞིན་སྔོན་དུ་འགྱུར་ཞིང་མཐར་ཕྱིན་པ་འབྲས་བུའི་རྒྱུད་དེ། འབྲེལ་གསུམ་ཀ་ཡང་ཞིང་རྒྱུན་ཆགས་པའི་མཚན་ཉིད་ཅན་གྱི་རྒྱུད་གཞི་དང་ལམ་གཉིས་ཤེས་བྱ་ཤེས་བྱེད་དུ་འབྲེལ། ལམ་དང་འབྲས་བུ་གཉིས་ཐོབ་བྱ་ཐོབ་བྱེད་དུ་འབྲེལ་ལ། གཞི་དང་འབྲས་བུ་གཉིས་བདག་ཉིད་གཅིག་པར་འབྲེལ་ཏོ། །དེ་ཉིད་ཀྱིས་ན་རྒྱུན་ཆགས་པ་ཞེས་ཀྱང་བྱ་སྟེ། རྒྱུན་ནི་རྒྱུན་ཆགས་ཞེས་བྱ་སྟེ་ཅེས་པ་དང་འབྲེལ་དང་མ་ཚང་མེད་ཕྱིར་དང་ཅེས་པས་སོ། །གསུམ་དུའང་བཤད། དྲི་གསུམ་ལས་གཞི་ལམ་འབྲས་བུའི་ཤེས་བྱ་རྣམ་ཞེས་པས། གནས་ས་གཞི། འཇུག་ས་ལམ། མཐར་སོན་པ་འབྲས་བུའི་ཤེས་བྱ་སྟེ། གཞི་ལམ་འབྲས་བུ་གསུམ་དུ་འབད་པ་བཤད་དོ། །སྤྱན་འགྲེལ་ལས་རྣམ་འབྱོར་གསུམ་གྱི་ཕུང་པོ་ལ། རིགས་དང་སྣང་བའི་ཡན་ལག་བཞག །ཅེས་པས། འཁོར་འདས་གཉིས་མེད་དུ་གནས་པར་བྱ་བ་གཞིའི་རྣལ་འབྱོར། ལྟ་བ་དང་ཏིང་ངེ་གཉིས་མེད་ཀྱིས་འཇུག་པར་བྱེད་པ་རྐྱེན་གྱི་རྣལ་འབྱོར། རང་དོན་གཞན་དོན་གཉིས་མེད་སྔོན་དུ་བྱས་པ་བྱ་བྲལ་འབྲས་བུའི་རྣལ་འབྱོར་ཏེ་རྣལ་འབྱོར་ཏེ་རྣལ་འབྱོར་གསུམ་མོ། །ངོ་བོ་གཞན་དུ་མི་འགྱུར་ཞིང་། ཕྱི་མོའི་རིགས་དང་སེམས་ལྔ་སྐྱེས་པས་རྒྱུད་དུ་བྱུང་ཞིང་གོལ་སྒྲིབ་ཀྱི་དབང་དུ་མི་གཏོང་པ་རྩོལ་བའི་རིགས་དང་རྒྱུད་དུ་བྱུང་ཟིན་ལམ་རྩོལ་གྱི་པས་བྱ་བ་མེད་པ་མཐར་ཐུག་གི་རིགས་ཏེ་རིགས་གསུམ་དུའང་བཤད་དོ། །དེ་ལྟར་ནའང་དབྱེ་སྒོ་བཅུ་གཉིས་པའི་དེ་དག་ངོ་བོ་གཉིས་སུ་ཆད་པ་ཞིག་གམ། ལྡོག་བྱས་ཀྱི་དབྱེ་བའང་མེད་པར་ཅིག་པ་ཞིག་ཡིན། དང་པོ་ལྟར་ན་དེ་དང་ངོ་བོ་གཅིག་ལ་རིམ་པར་སྣང་བ་ནི་ཞེས་པ་དང་འགལ། གཉིས་པ་ལྟར་ན་རང་བཞིན་བདེར་གཤེགས་གདུལ་བྱའི་ཅེས་པ་འཐད་པར་བཤད་པ་ཇི་ལྟར་དྲང་ཞེ་ན། ལན་ནི། ངོ་བོ་ཅིག་ལ་མཚོན་ཚུལ་གྱི་དབྱེ་བ་ཐ་དད་པས་གཉིས་ཀའི་སྐྱོན་མི་མཚུངས་ཏེ། དང་པོ་ནི། ངོ་བོ་གཅིག་པ་ཇི་སྐད་དུ། དེ་ལམ་རིམ་ལྟར་ཡེ་ཤེས་རང་གནས་པ། །ལམ་དང་འབྲས་བུ་ཀུན་ངོ་བོ། །ཅེས་པ་དང་། གཉིས་པའང་ལྡོག་པ་ཐ་དད་ནི་རོ་དྲུག་གམ། གསལ་དང་བརྟག་པས་ཐ་དད་ཕྱིར་ཞེས་པས་མངོན་ནོ། །རྣམ་པར་བསྡུ་བའི་དོན་ནི། ཤེས་བྱའི་ཆོས་ཀུན་ཀྱང་གཞི་ལམ་འབྲས་བུ་གསུམ་དུ་འདུས་ཏེ། སྔར་བསྟན་པ་དག་མཚོན་ཚུལ་ཙམ་ཉིད་ལས་ངོ་བོ་ཐ་དད་དུ་གྲུབ་པ་མེད་པའི་ཕྱིར། དཔེར་ཉི་མའི་དཀྱིལ་འཁོར་གཅིག་ཉིད་ལའང་རྟ་བདུན་དང་། ཚ་ཟེར་བྱེད་དང་། པད་མོའི་གཉེན་སོགས་རྣམ་གྲངས་དུ་མར་བརྟགས་པ་བཞིན་ནོ། །དེ་ལྟར་བསྡུ་བའི་དོན་གཞི་ལམ་འབྲས་བུ་གསུམ་སྤྱིར་བསྟན་པ་ལ་བཞི་སྟེ། དབྱེ་བ་དང་། ངོ་བོ་དང་། ངེས་ཚིག་དང་། མཚན་ཉིད་དོ། །དང་པོ་ལའང་བཞི་སྟེ། གང་ལས་དབྱེ་བའི་གཞི་དང་། གང་དག་དབྱེ་བའི་ཆོས་དང་། ཅིའི་ཕྱིར་དབྱེ་བའི་དགོས་ཆེད་དང་། དབྱེ་བ་ངེས་པར་འབྱེད་པའི་ཚད་མ་བསམ་པའོ། །དང་པོ་ནི་དབྱེ་བ་ཐམས་ཅད་དབྱེ་གཞི་ལ་ལྟོས་ནས་དབྱེ་དགོས་ཏེ། དབྱེ་གཞི་མེད་པའི་དབྱེ་སྒོ་མི་མཚུངས་པའི་ཕྱིར། ཤེས་པ་དང་ཤེས་བྱ་ཚོགས་པའམ། མཁས་པ་དང་མི་མཁས་པའི་བློ་ཡུལ་ཟེར་བའང་ཡོད་དེ་དབྱེ་སྒོ་དང་ཁྱད་ཐ་དད་དུ་འགྱུར་བས་མི་འཐད་སམ། ཤེས་ལྡན་དག་ཞལ་འཆམ་པར་ཤེས་བྱ་ཙམ་པོ་ལས་ཕྱེ་བར་འདོད་དེ། ཇི་སྐད་དུ། སྤྱན་འགྲེལ་ལས། གཞི་ལམ་འབྲས་བུའི་དབྱེ་བ་རྣམས། །འབྲུ་མཐུན་ཚིག་གཉེར་ཤེས་དོན་ཕྱིར། །རྣམ་གསུམ་བརྒྱུད་ཀྱི་དོན་དམ་དུ་བསྡུས། ཅེས་སོ། །དེ་ལྟ་ནའང་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཡང་ཤེས་བྱར་ཐལ་ཏེ། དབྱེ་གཞི་ཁྱབ་བྱ་ཡིན་པའི་ཕྱིར་རོ། །འདོད་ན། དཔེའམ་ཚད་མའམ་གཏན་ཚིག་སམ། །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ཏེ། །དམུས་ལོང་མཁའ་ལ་མཐོ་མཇལ་འདྲ། །ཅེས་པ་དང་། མན་ངག་ལམ་རིམས། དེ་མིན་ཞེན་པ་དགྲོལ་ཕྱིར་ལས། ཐ་སྙད་གཉིས་པར་བསམ་བརྗོད་འདས་ཅེས། ཤེས་བྱ་ཡུལ་དུ་མ་གྱུར་པར་གསུང་པས་བསལ་ཞིང་། གང་དུ་ཁྱབ་དབྱེ་གཞི་ཆོས་ལ་མ་ཁེགས་ན་ཁྱབ་བྱ་ལའང་ངོ་བོའི་གཞིར་མཚུངས་ཏེ། ཤིང་ཙམ་དང་ཤ་བ་ཨ་རུ་ར་བཞིན་ཞེ་ན། འདིའི་ལན་ལ་གཉིས་ཏེ། གཞན་ལུགས་དགག་པ་དང་། རང་གཞུང་བསྒྲུབ་པ། དང་པོ་ནི་ཁ་ཅིག་ཀྱི་མེ་ཉག་ན་རེ། ངོ་བོ་ཉིད་ཤེས་ཡུལ་མིན་ཀྱང་ལམ་དུ་ཤེས་བྱར་གནས་འགྱུར་ནས་གཏན་ལ་ཕེབས་ཅེས་ཟེར་བ་ནི་མི་རིགས་ཏེ། གཞི་མེད་པ་ལ་གནས་འགྱུར་མི་སྲིད་པའི་ཕྱིར། སོལ་བ་བརྡར་ཡང་དཀར་པོར་མི་འགྱུར་བ་བཞིན་ནོ་གསུངས། བླ་མ་ཉིད་ནི་གནས་ལུགས་དེ་ཉིད་ཤེས་བྱར་ཐལ་ལམ། གཏན་ལ་འབེབས་ལྡོག་ཤེས་བྱར་ཐལ་ཟེར། དང་པོ་གཏན་ཚིག་མ་གྲུབ་ཅིང་། གཉིས་པ་ནི་འདོད་པའང་ཞེས་རྣམ་པར་ཕྱེ་སྟེ་བརྗོད་པའང་། ལེགས་པར་མི་སེམས་ཏེ། གཏན་ལ་དབབ་བྱ་ཁོ་ན་གནས་ལུགས་དེ་ཡིན་པའི་ཕྱིར་རོ། རང་ལུགས་ནི་གནས་ལུགས་སུ་གནས་པར་ཐལ་འགྱུར་ཉིད་འདོད་པ་ཁོ་ནར་ཁས་བླང་ངོ་། སྔར་གྱི་ལུང་གི་གསལ་ཡང་གནས་ལུགས་ཀྱི་དོན་དེ་རྟོག་གེའི་རིག་པས་མི་རྟོག་པ་ལ་དོགས་ཀྱི། ཀུན་ཁྱབ་ཀྱི་གཏན་ཚིགས་གསུམ་གྱི་མི་རྟོག་པ་ལ་དོགས་པ་མ་ཡིན་ཞིང་། མན་ངག་ཀྱང་གནས་ལུགས་ལ་ཐ་དད་པ་ལ་བརྗོད་ཀྱི། གཏན་ལ་འབེབས་ཚུལ་ལ་བརྗོད་པ་མ་ཡིན་ནོ། །འོན་ཀྱང་ཤེས་བྱ་ལ་དངོས་པོ་དངོས་མེད་གཉིས་སུ་ཁ་ཚོན་ཆོད་དམ་མ་ཆོད་ཅེ་ན། དེ་ཙམ་དུ་འདིར་ལམ་མཐའ་དག་ལྟ་བ་དང་ཏིང་ངེ་གཉིས་སུ་འདུས་སམ་མ་འདུས་ཅེས་བྱ། །མ་འདུས་ཅེས་ན་འདིར་ཡང་མ་ཆོད་དོ། །ཤེས་བྱ་ཁ་ཚོན་གཅོད་པའི་ཚད་མ་རྒྱུན་ཆད་དུ་ཐལ། ཤེས་བྱ་ལ་ཕུང་པོ་གསུམ་པ་སྲིད་པར་ཀྱང་འགྱུར་རོ་ཞེ་ན། དེ་ཡང་ལམ་མཐའ་དག་ལྟ་བ་དང་ཏིང་ངེ་གཉིས་སུ་འདུས་པར་བཤད་པ་དང་འགལ། གྲོལ་ལམ་གྱི་གཙོ་བོ་གསུམ་པ་ཞིག་ཀྱང་སྲིད་པར་འགྱུར་རོ་ཞེས་བྱའོ། །འདུས་པར་ཁས་ལེན་ན་འདིར་ཡང་ཆོད་དོ། །གནས་ལུགས་དེ་དངོས་པོ་འམ་དངོས་མེད་ཀྱི་མཐར་ཐལ་ཞེ་ན། ལམ་ཡང་ལྟ་བ་དང་ཏིང་ངེ་འཛིན་གང་རུང་ཞིག་གིས་མཚོན་ནུས་པར་ཐལ་ཞེས་མགོ་འདྲེ་བར་འགྱུར་རོ། །དེས་ན་ལམ་མཐའ་དག་ལྟ་བ་དང་ཏིང་ངེ་འཛིན་གཉིས་སུ་འདུས་ཀྱང་ལམ་ཙམ་ཞིག་སྤྱི་ཁྱབ་དུ་གནས་པ་བཞིན་དུ། ཤེས་བྱ་མཐའ་དག་དངོས་པོ་དང་དངོས་མེད་གཉིས་སུ་ཁ་ཚོན་ཆོད་ཀྱང་གནས་ལུགས་ཀྱི་གཞི་དེ་སྤྱི་ཁྱབ་དུ་གནས་པ་ནི་གཏན་ལ་དབབ་བྱར་འམ་ཤེས་བྱར་རིགས་ཏེ། དོན་བསྡུས་ཇི་སྐད་དུ། ཕྱི་ནང་བྱེ་བྲག་ཇི་སྙེད་པའི། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཇི་བཞིན་ནང་དུ་ཡེ་ནས་བབས། །ཤེས་པར་བྱ་བའི་རྒྱུད་དོན་ཡིན། །ཞེས་གསུངས་པ་ཡིན་ནོ། །གང་དག་དབྱེ་བའི་ཆོས་ནི་གཞི་ལམ་འབྲ་བུ་གསུམ་མོ། །ཅིའི་ཕྱིར་དབྱེ་བའི་དགོས་ཆེད་ནི། ཆོས་ཉིད་ཀྱི་གཞི་དེ་ལ་བརྟེན་ནས་འབྲས་བུ་ལ་བྲོད་པ་བསྐྱེད་པས་ལམ་གྱི་རྩོལ་བ་ལ་མི་ལྟ་བར་ལམ་དུ་འཇུག་པའི་དགོས་པ་ཡོད། དཔེར་ན་རྒྱུ་ས་བོན་རང་ལ་གནས་པ་ལ་བརྟེན་ནས་འབྲས་བུ་སྟོན་ཐོག་ལ་བྲོད་པ་བསྐྱེད་པས་སོ་ནམ་གྱི་རྩོལ་བ་ལ་མི་ལྟ་བར་འཇུག་པའི་དགོས་པ་ཡོད་དོ། །དབྱེ་བ་ངེས་པར་འབྱེད་པའི་ཚད་མ་བསམ་པ་ནི། དེ་ལྟར་དབྱེ་བའི་སྒོ་གཞི་ལམ་འབྲས་བུ་གསུམ་ཁོ་ནར་ངེས་པ་དེ་ཉིད་ཚད་མས་ཤེས་སམ་ཚད་མ་མ་ཡིན་པས་ཤེས། གཉིས་པ་ལྟར་ན་སྒྲོ་འདོགས་ཀྱི་བློར་ཟད་ཡིད་བརྟན་དུ་མི་རུང་པ། དང་པོ་ལྟར་ན་མངོན་སུམ་གྱིས་ཤེས་སམ། རྗེས་དཔག་གིས་ཤེས་ཅེ་ན། འདི་དག་ནི་རྟོག་གེ་རང་གཟོ་མཁན་གྱི་རིགས་པ་ཡིན་གྱི། །དེ་ལྟ་བུས་ཆོས་ཉིད་ཀྱི་དོན་རྟོགས་པར་བདག་མི་འདོད་དེ། ཐ་སྙད་པའི་ཤེས་ངོ་ལ་འདས་པའི་ཕྱིར་རོ། །ཇི་སྐད་དུ། དགོངས་འདུས་དཔེའམ་ཚད་མའམ་གཏན་ཚིགས་སམ། །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །རྟོག་པ་ནུས་པ་མ་ཡིན་ཏེ། །དམུས་ལོང་མཁའ་ལ་མཐོང་མཇལ་འདྲ། །ཅེས་སོ། །དེའི་ཕྱིར་འདིར་ནི་ཀུན་ཁྱབ་ཀྱི་ཚད་མ་གསུམ་གྱི་ཤེས་ཏེ། སྒྲོན་གསལ། ལུང་དང་མན་ངག་རིགས་པ་དག་གིས་ཐག་བཅད་དེ། ཅེས་པས། བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པ་ལུང་གི་ཚད་མ་དང་། སྔོན་གྱི་མཁས་པ་རྣམས་ཀྱིས་མཛད་པ་མན་ངག་གི་ཚད་མ་དང་། དེ་དག་གི་རྗེས་སུ་མཐུན་པར་སྐྱེས་པ་རིགས་པའི་ཚད་མ་དང་གསུམ་སྟེ། ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་ཆད་ལྷག་མེད་པར་འཇལ་བ་དེ་དག་ལས་གཞན་མེད་པའི་ཕྱིར་རོ། །དང་པོ་ལུང་ནི། སྙིང་པོ་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་སྐུ་ལྔ་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་མན་ངག་ནི། སྤྱན་འགྲེལ། གཞི་ལམ་འབྲས་བུ་ཤེས་བྱ་རྣམས། །འབྲུ་མཐུན་ཚིག་དོན་ཤེས་བྱའི་ཕྱིར། །རྣམ་གསུམ་རྒྱུད་ཀྱི་དོན་དུ་བསྡུས། ཅེས་སོ། །གསུམ་པ་རིགས་པ་ནི། དབྱེ་གཞི་ཤེས་བྱ་ཙམ་པོ་དེ་ཆོས་ཅན། དབྱེ་སྒོ་གཞི་ལམ་འབྲས་བུ་གསུམ་དུ་ངེས་ཏེ། དེ་དག་མ་འཚོག་པར་ཐམས་ཅད་མཁྱེན་པ་མི་འབྱུང་ཞིང་། དེར་ཤེས་བྱའམ་ཆོས་ཀུན་མ་འདུས་པ་མེད་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་ཅེ་ན། རྒྱུ་མཚན་གཉིས་པ་ནི་བདག་ཅག་སོ་སོའི་སྐྱེ་བའི་རིགས་ངོ་ནས་མི་སྣང་མོད་ཀྱི་སྔར་གྱི་ལུང་གིས་གྲུབ་པ་ཞིག་ཡིན་ནོ། །གཉིས་པ་ངོ་བོ་བསྟན་པ་ལ་གསུམ་ལས། དང་པོ་གཞིའོ། །དེ་ལའང་གསུམ་ལས། གཞིའི་སྤྱིའི་ངོ་བོ་ནི་རང་རིག་པ་བྱང་ཆུབ་ཀྱི་སེམས་སོ། །ཇི་སྐད་དུ། རྡོ་རྗེ་གསུམ། ངོ་བོ་ཐམས་ཅད་སེམས་ཡིན་ཏེ། །གསེར་གྱི་དཔེ་བཞིན་གཉིས་སུ་མེད། །ཅེས་སོ། །གནས་ལུགས་ཀྱི་ངོ་བོ་ནི་བྱེད་པ་པོ་མེད་པར་རྩལ་མ་འགགས་པར་སྣང་བ་སྟེ། ཇི་སྐད་དུ། སྙིང་པོ་རང་སྣང་བ་ཉིད་ཅེས་སོ། །བརྟག་གཞིའི་ངོ་བོ་ནི་སྣོད་བཅུད་ལོག་པའི་ཞེ་ན། སྣང་ཡུལ་དང་བཅས་པ་སྟེ། ཇི་སྐད་དུ། རྡོ་རྗེ་གསུམ། ངོ་བོ་སྣོད་བཅུད་འཇིག་རྟེན་གྱི། །སྣང་དང་ཞེན་པའི་ཆོས་རྣམས་སོ། །ཅེས་སོ། །ལམ་གྱི་ངོ་བོ་ནི་ཤེས་རབ་གསུམ་གྱི་སྒོ་ནས་སེམས་གཞིའི་ལམ་ལྔ་རིམས་པས་སྐྱེ་བའོ། །ཇི་སྐད་དུ་། རྡོ་རྗེ་གསུམ། ངོ་བོ་ཤེས་རབ་རྣམ་གསུམ་གྱི། །སེམས་བཞི་སྐྱེ་བར་བསྟན་པ་ཡིན། ཞེས་སོ། །འབྲས་བུའི་ངོ་བོ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཏེ། ཇི་སྐད་དུ། ཁོག་གཞུང་འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །ཞེས་སོ། །གསུམ་པ་ངེས་ཚིག་ནི། ཆོས་ཐམས་ཅད་ཀྱི་འབྱུང་གཞིར་གྱུར་པས་ན་གཞི་ཞེས་བྱ་སྟེ། རིམ་གསུམ་ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། ཅེས་སོ། །གང་གི་གོང་དུ་བགྲོད་བྱར་གྱུར་པས་ན་ལམ་ཞེས་བྱའོ། །སྤར་ཁབ། བགྲོད་དང་དེ་ཆོས་ལྡན་པ་དང་། ཞེས་སོ། །གྲུབ་པའམ་མཐར་ཕྱིན་པའི་དོན་གྱིས་ན་འབྲས་བུར་བཤད། ཅེས་སོ། །སྤྱི་དོན་བཞི་པ་མཚན་ཉིད་ལ་གཉིས་ཏེ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ནི་འདོད་གཞུང་ཐ་དད་དེ་སྔོན་གྱི་ཟུར་ཚོ་ཁ་ཅིག་ན་རེ། གཞི་ཤེས་བྱ། ལམ་ཤེས་བྱེད། འབྲས་བུ་ཤེས་ཟིན་པར་བྱས་པའམ། ཡང་ན་གཞི་གསལ་བྱ། ལམ་གསལ་བྱེད། འབྲས་བུ་གསལ་བར་བྱེད་ཟིན་པའོ། །ཅེས་པའང་མི་འཐད་དེ། ལམ་དེ་ཤེས་ཤིང་གསལ་བར་བྱ་དགོས་སམ་མི་དགོས། དགོས་ན་གཞིར་འགྱུར་ཞིང་། མི་དགོས་ན་འབྲས་བུ་ཐལ་ལོ། །གཞན་ཡང་ཡུལ་ཅན་མིག་གི་རྣམ་ཤེས། ཡུལ་སྔོན་པོ། སྔོན་པོར་རྟོགས་པ་གསུམ་ཀྱང་སྒྱུ་འཕྲུལ་གྱི་གཞི་ལམ་འབྲས་བུ་གསུམ་དུ་ཐལ་བར་འགྱུར་རོ། །ཡང་ཡམ་ཤུད་ཁ་ཅིག་ན་རེ། བརྟེན་ཅིང་གནས་པ་གཞི། འཇུག་ཅིང་བགྲོད་པ་ལམ། སྨོན་ཅིང་མཐར་ཕྱིན་པ་འབྲས་བུ་ཟེར་བའང་མི་འཐད་དེ། རུ་ན་རེ་དེ་ལྟར་ན་ལམ་ལ་བརྟེན་ཅིང་གནས་སམ། མི་གནས་མི་གནས་ན་གང་ལ་གནས། གནས་ན་གཞིར་ཐལ་གསུང་། གཉིས་ཚལ་བ་ཡང་ཁ་ཅིག་ན་རེ། གནས་པ་གཞི། འཇུག་པ་ལམ། སྨིན་པ་འབྲས་བུ་ཅེས་པ་ལྡོག་པ་ཆིག་རྐྱང་དུ་འདོད་པའང་མི་འཐད་དེ་སྐྱོན་སྔ་སོ་ན་གནས་ཤིང་། ལམ་གྱི་མཚན་ཉིད་ཀྱང་ལྷ་བལ་མ་ཁྱབ་སྟེ། དེ་ཉིད་ཤེས་བྱེད་ཡིན་གྱི་འཇུག་བྱེད་མ་ཡིན་པའི་ཕྱིར། ཇི་སྐད་དུ། སྙིང་པོ། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན་ཞེས་སོ། །ཡང་ཁ་ཅིག་ན་རེ། སྨྱོས་རང་སྣང་དུ་གཏན་ལ་འབེབས་པའི་རྟེན་དུ་གྱུར་པ་གཞི། རིམ་དང་ཅིག་ཆར་དུ་ཉམས་སུ་ལེན་པ་ལམ་ཟག་མེད་མཐར་ཕྱིན་བསྐྱེད་དུ་བྱར་མེད་པ་འབྲས་བུ་ཟེར་བའང་མི་འཐད་དེ། ལམ་དུ་རིག་འཛིན་གྱུར་པའི་འབྲས་ལ་མཚན་ཉིད་ཕྱི་མ་དེ་མ་ཁྱབ་ལ། གཞིའི་མཚན་དོན་ལྡོག་གཞན་དུ་འགྱུར་ཏེ་ལམ་ལ་ཁྱབ་ཅེས་པ་ཉིད་དོ། །ཡང་ཀྱི ས་ཁ་ཅིག་ན་རེ། ལམ་གྱི་གཏན་ལ་དབབ་བྱར་གནས་པ་གཞི། གཞི་གཏན་ལ་དབབས་ཤིང་འབྲས་བུ་ཐོབ་པར་བྱེད་པ་དེ་ལམ། ལམ་གྱི་མཐར་ཐུག་པའི་དོན་མངོན་དུ་བྱས་པས་རྩོལ་བ་ལས་གྲོལ་བ་ནི་འབྲས་བུ་ཟེར་བ་མི་འཐད་དེ། མཚོན་ཚུལ་འདྲེས་པའི་སྐྱོན་ཆགས་ལ། གཞན་ཡང་འབྲས་བུ་དེ་ལམ་གྱིས་གཏན་ལ་དབབ་དགོས་སམ་མི་དགོས། དང་པོ་ལྟར་ན་གཞིར་འགྱུར་ཞིང་། གཉིས་པ་ལྟར་ན་འབད་མེད་དུ་གྲོལ་ཐར་སྔོན་དུ་བྱེད་པ་ཐལ་ལོ། །བླ་མ་ནི་རོག་སྔོན་གྱི་མཁས་པ་དག་ཟུར་ཤཱཀྱ་སེང་གེ་དག་གི་རྗེས་སུ་འབྲངས་ནས། ཡེ་ནས་གནས་པ་བརྟག་བྱ་དང་བཅས་པ་ནི་གཞི། བགྲོད་པར་བྱེད་པ་རྟོག་བྱེད་དང་བཅས་པ་ནི་ལམ། མཐར་ཐུག་པའི་དོན་སྔོན་དུ་བྱས་པས་རྩོལ་བ་ལས་གྲོལ་བ་ནི་འབྲས་བུ་འོ་ཞེས་བཞེད་ནའང་ལེགས་པར་མི་སེམས་ཏེ། དེ་ལྟར་གསང་སྔགས་ཀྱིས་ལུགས་ཀྱིས་ན་ལམ་དང་འབྲས་བུ་གཉིས་ཡེ་ནས་གནས་པའི་སོ་སོར་རྟོགས་པའི་ཤེས་རབ་བརྟག་བྱ་ཡིན་ནམ་མིན། དང་པོ་ལྟར་ན་ཤེས་བྱ་གསུམ་ཆར་མཚན་ཉིད་གཅིག་གིས་མཚོན་ནུས་པར་ཐལ། ཆོས་མཐུན་པའི་ཕྱིར་རྟགས་ཁས་བླངས་ཀྱིས་གྲུབ༡། འདོད་༢ན་མཚན་ཉིད་ཕྱི་མ་ལམ་འབྲས་གཉིས་ཅིའི་ཕྱིར་དགོད། རང་མཚན་གྱིས་མི་མཐུན་ཕྱོགས་གང་༣དུ་རྣམ་པར་དཔྱད་བྱ་གཞན་མེད་པར་མཚུངས་པ་ལ་མཚན་ཉིད་གཅིག་པས་ཁྱབ་ཏེ། ཡུལ་ཐ་དད་གསུམ་གྱི་བུམ་པ་བཞིན་ནོ། །གཉིས་པ་ལྟར་ནའང་། དེ་ལྟར་ལམ་རིམ་ཡེ་ཤེས་རང་གནས་པ་ལམ་དང་འབྲས་བུ་ཀུན་ངོ་བོ། ཅེས་པའང་། བརྟག་གཞི་གཉིས་སུ་བསྟན་པའི་ཆོས་འཁོར་དང་མྱ་ངན་ལས་འདས་པར་གསུང་པ་ཅེས་པའི་ལུང་སྤངས་པར་མི་ནུས་ལ་རྒྱུ་མེད་ཀྱི་འབྲས་བུ་སྲིད་པར་འགྱུར་ཞིང་། འབྲས་བུའི་མཆོག་ཉིད་ཀྱང་ལམ་དུ་གྱུར་པའི་འབྲས་བུ་ལ་མ་ཁྱབ་ངེས་པའོ། །འབྲས་བུའི་མཚན་ཉིད་ཀྱང་ལམ་དུ་འགྱུར་བའི་འབྲས་བུ་ལ་མ་ཁྱབ་པར་ངེས་སོ། །ཡང་མེ་ཉག་ཁ་ཅིག་ན་རེ། གཞིའི་སྤྱིའི་མཚན་ཉིད་སྤྱིར་མི་མཚུངས་པ་ནི། མཚན་གཞི་གནས་ཐ་དད་འཁྲུལ་པའི་ཕྱིར་ཟེར་མ་བའང་མི་འཐད་དེ་འཁྲུལ་སྣང་དང་ངོ་བོ་ཆོས་ཉིད་ངོ་བོ་ཐ་དད་དུ་ཐལ། འདོད་ན་བརྒྱད་པ་མ་རིག་ཡེ་ཤེས་ཐ་དད་མིན་ཅེས་པས་བསལ་ཞིང་། ཁྱབ་པའང་རང་རྒྱུད་ལ་གྲུབ་བོ། །སེམས་ཀྱི་མཚན་ཉིད་ཀྱང་རྣམ་པར་དཀར་བའི་དོན་ལ་འཇུག་ཅིག་ཐོབ་པར་བྱེད་པའི་ཐབས་ཁྱད་པར་དུ་གྱུར་པའོ་ཅེས་པའང་ལྟ་བ་ལ་མ་ཁྱབ་ཏེ། འཇུག་བྱེད་མ་ཡི་ཞིང་ཤེས་བྱེད་ཡིན་པའི་ཕྱིར་རོ། །འབྲས་བུའི་མཚན་ཉིད་ལམ་གྱིས་ཅི་རིགས་པ་མངོན་དུ་བྱས་པའོ་ཟེར་བའང་མི་རུང་སྟེ། བྱས་པའི་ཕྱིར་མི་རྟག་པར་འགྱུར་ཏེ། ཁྱབ་བྱ་ཁྱབ་བྱེད་ཡིན་པའི་ཕྱིར་བུམ་པ་བཞིན་ནོ། །རང་ལུགས་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་ན་གཞི། ཤེས་འཇུག་གི་བྱེད་རྩོལ་དང་བཅས་པ་ནི་ལམ། ཆོས་ཉིད་མངོན་འགྱུར་བསྐྱེད་དུ་བྱར་མེད་སོན་པ་འབྲས་བུ་སྟེ། དང་པོ་ནི་ངོ་བོ་དང་བརྟག་གཞི་གཉིས་ཀ་ལ་ཁྱབ་ཅིང་ལམ་དང་འབྲས་བུ་རྣམ་པར་གཅད་པ། གཉིས་པས་ནི་ལྟ་བུ་དང་ཏིང་ངེ་གཉིས་ཆེ་ལ་ཁྱབ་ཅིང་གཞི་འབྲས་རྣམ་པར་གཅད་དེ། གསུམ་པས་ནི་གནས་སྐབས་དང་མཐར་ཐུག་གཉིས་ཆར་ལ་ཁྱབ་ཅིང་གཞི་ལམ་རྣམ་པར་བཅད་དེ་སྐྱོན་མཐའ་དག་ལས་གྲོལ་བ་ཉིད་པས་མཁས་པ་རྣམས་ཀྱིས་བསྔགས་པར་འོས་པའོ། །བྱེ་བྲག་ཏུ་གཏན་ལ་དབབ་པ་ལ་གཞི་ལམ་འབྲས་བུ་གསུམ་སོ་སོར་སྟོན་པ་ལས། དང་པོ་ལའང་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དང་། འཁྲུལ་པ་བརྟག་པའི་གཞིའི་གཉིས་ཏེ། །ཇི་སྐད་དུ། རྡོ་རྗེ་གསུམ་ལས། དང་པོ་རྣམ་པ་གཉིས་ཡིན་ཏེ། ངོ་བོའི་གཞི་དང་བརྟགས་པའི་གཞི། ཅེས་སོ། །དང་པོར་གནས་ལུགས་ངོ་བོ་ཉིད་ཀྱི་གཞི། བསྟན་པ་ལ་བཞི་སྟེ། རང་གི་མཚན་ཉིད་ངོས་བཟུང་བ་དང་། ཀ་དག་དང་ལྷུན་གྲུབ་ཀྱི་དབྱེ་བ་རྒྱས་པར་བཤད་པ་དང་། གྲུབ་མཐའ་བདེན་པ་གསུམ་གྱི་གནས་ལུགས་དང་། ངེས་བྱེད་ཀྱི་ཚིག་ལ་བསམ་པའོ། །དང་པོ་ལ་མཚན་ཉིད་ངོས་བཟུང་བ་དེ་སྒྲུབ་པ། སྐབས་འཕྲོས་ཀྱི་གཞལ་བྱ་གསུམ་ལས། དང་པོ་ནི་རང་རིག་པ་བྱང་ཆུབ་ཀྱི་སེམས་ཤེས་བྱ་དངོས་པོའི་གཤིས་མཐའ་དང་བྲལ་བར་གནས་ཙམ་ཞིག་སྟེ། ཇི་སྐད་དུ། རིམ་གསུམ། མཚན་ཉིད་མཐའ་དང་ཀུན་བྲལ་བས། །ཅི་ཡང་བཟུང་དུ་མེད་པའོ། ཅེས་སོ། །འཐད་པ་གཏན་ཚིག །གཉིས་པ་དེ་བསྒྲུབ་པ་ནི། ལམ་རིམ་བྱེ་བྲག་བསྡུས་པའི་ཀུན་ཁྱབ་གསུམ་ཅེས་པས། ཀུན་ཁྱབ་ཀྱི་གཏན་ཚིགས་རྣམ་པ་གསུམ་གྱིས་སྒྲུབ་པར་བྱ་སྟེ། ལུང་ནི། ཐམས་ཅད་རང་རིག་བྱང་ཆུབ་སེམས། དེ་ནི་ལུང་གི་ཚད་མར་བཤད། ཅེས་སོ། །མན་ངག་ནི། ལྷ་ཕྲེང་ཆོས་ཐམས་ཅད་སེམས་ལ་གནས་ཅེས་སོ། །རིགས་པ་ནི་མཐུན་སྣང་གི་ཆོས་ཅན་གཅིག་ལ་བསྒྲུབ་ན། ༩མཚན་གཞི་བུམ་པ། ཆོས་ཅན། ༩ཡོངས་གཅོད་བསྒྲུབ་བྱ་སེམས་ཡིན་ཏེ། ༩སྣང་བ་སེམས་ཀྱི་གཞི་དབང་བཙན་དུ་བྱས་པའི་དུས་སོ། །སེམས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར། རྒྱས་པ། གདོས་པ་ཅན་གྱི་ཆོས་མེད་ཕྱིར། །ཤེས་པ་འབའ་ཞིག་ཁོ་ནའོ་ཅེས་སོ། །གཏན་ཚིགས་མ་གྲུབ་ཅེ་ན། ༩ཟློག་ན་གནོད་པ་ཅན་གྱི་ཚད་མ་སེམས་ལས་མ་གཏོགས་ཆོས་གཞན་ཞིག་ཤེས་ནས་ཡོད་དམ་མ་ཤེས་ཀྱང་ཡོད། གཉིས་པ་ལྟར་ན་མིག་གི་ཡུལ་ནའང་སྒྲ་ཡོད་པར་ཐལ། འདོད་ན་བསལ། ཁྱབ་པ་༩དངོས་པོའི་སྟོབས་ཞུགས་ཀྱི་ཚད་མ་རང་རྒྱུད་ལ་གྲུབ་བོ། །དང་པོ་ལྟར་ན་འབྲེལ་བ་ཡོད་ནས་ཤེས་སམ་མེད་ཀྱང་ཤེས། གཉིས་པ་མིག་གིས་ཀྱང་སྒྲ་ཐོས་པར་ཐལ། གལ་ཏེ་ཟུང་འཁོར་མིག་ཤེས་ཀྱི་སྒྲ་མི་ཐོས་ཀྱང་འབྲེལ་པ་མེད་པའི་གཟུགས་མཐོང་ན་ཅི་སྟེ་ཁྱབ་པ་མ་གྲུབ་ཅེས་ན། འབྲེལ་མེད་མཉམ་པོ་ལ་སྒྲ་མི་ཤེས་པར་གཟུགས་མ་ཤེས་པ་ཅིའི་ཕྱིར། དེ་ནི་མིག་གི་དབང་པོ་གཟུགས་འཛིན་དུ་སྐྱེས་ལ་སྒྲ་འཛིན་དུ་སྐྱེས་ལ་སྒྲ་འཛིན་དུ་མ་སྐྱེས་ཏེ་བདག་རྐྱེན་གྱི་བྱེད་པ་ཐ་དད་པའོ་ཅེ་ན། འབྲེལ་པའི་མཚན་ཉིད་རག་ལས་ཤེས་ཤིང་ལས་ཆོས་སུ་འབྱུང་བ་མ་ཡིན་ཏམ། དེ་ལྟར་ནའང་རྣམ་ཤེས་སྐྱེ་བ་དེ་ཡུལ་གཟུགས་ལ་རག་ལས་སམ་མ་ལས། གཉིས་པ་ལྟར་ན་བེམས་པོས་ཀྱང་གཟུགས་མཐོང་བར་ཐལ། འདོད་ན་བསལ་ལོ། །རྟགས་ཁས་བླངས། ཁྱབ་པ་ཚད་མའོ། །དང་པོ་ལྟར་ན་འབྲེལ་མེད་དུ་ཤེས་པའི་དམ་བཅའ་ཉམས་སོ། །ཡང་འབྲེལ་ཡོད་དུ་ཤེས་ཟེར་ན། ངོ་བོ་དབྱེར་མེད་པའི་ཚུལ་གྱིས་ཆོས་གཞན་མི་འདོར་བ། བདག་ཅག་གི་ཟེར་ན། བདག་གཅིག་པའམ། ལྟོས་པའི་ཚུལ་གྱིས་ཆོས་གཞན་མི་འདོར་བ་དེ་ལས་བྱུང་བར་འབྲེལ། གཉིས་པ་ལྟར་ན། སེམས་ལ་ཕྱི་རོལ་གྱི་དོན་བྱུང་ངམ། ཕྱི་རོལ་གྱི་དོན་ལས་སེམས་བྱུང་། གཉིས་པ་ལྟར་ན་བེམས་པོ་ལས་ཀྱང་རིག་པ་འབྱུང་བར་ཐལ། རྟགས་ཁས་བླངས། ཁྱབ་པ་མ་གྲུབ་ཅེ་ན། ཕྱི་རོལ་གྱི་དོན་ཤེས་པའི་དངོས་པོ་ཐལ། དོན་བྱེད་ནུས་པའི་དང་པོ་ཆོས་ལས་བེམ་རིག་གཉིས་ལས་མི་སྲིད་པའི་ཕྱིར་རོ། །དང་པོ་ལྟར་ན་དེ་ལས་བྱུང་ཞིང་དེ་ཉིད་སྣང་བའི་ཕྱིར་རོ། །ཆོས་ཐམས་ཅད་སེམས་ལས་གྲུབ་པར་ངེས་སོ། །དང་པོ་བདག་ཉིད་གཅིག་པའི་འབྲེལ་པ་ཡོད་པ་ཤེས་ན། སེམས་ཕྱི་རོལ་གྱི་དོན་དུ་ཕར་བདག་གཅིག་གམ། ཕྱི་རོལ་དུ་སེམས་སུ་ཚུལ་བདག་གཅིག །གཉིས་པ་ལྟར་ན། སེམས་དེ་ཉིད་རིག་པ་ལས་ལོག་པའི་བེམས་པོ་དངོས་སུ་ཐལ། རྟགས་མ་གྲུབ་ན་དམ་བཅའ་ཉམས། གང་དུ་ཕྱི་རོལ་གྱི་དོན་དུ་བདག་གཅིག་པ་ལ་བེམས་དངོས་ཀྱིས་ཁྱབ་ཏེ་རགས་པ་དང་། རྡུལ་ཕྲན་བཞིན་ནོ། །དང་པོ་ལྟར་ན་སེམས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་གཏན་ཚིགས་གྲུབ་སྟེ། ངོ་བོ་དེ་ཉིད་དུ་བདག་གཅིག་པའི་ཕྱིར་རོ། །གང་དུ་སེམས་ལས་མ་གཏོགས་པའི་ཆོས་གཞན་མེད་པ་ལ་བུམ་པ་སེམས་ཡིན་པས་ཁྱབ་སྟེ། གསེར་གླིང་དུ་ཕྱིན་པ་བཞིན་ནོ། །ཐུན་མོང་མ་ཡིན་པའི་གཏན་ཚིགས་ཀྱིས་མཐའ་བྲལ་དུ་བསྒྲུབ་པ་ནི་འོག་ཏུ་སྟོན་པར་ཟད་དོ། །གསུམ་པ་སྐབས་འཕྲོས་ཀྱི་གཞལ་བྱ་ནི། དེ་ལྟར་ནའང་སོ་སོ་སྣང་ལ་སོར་བཞག་པ་འདི་གནས་ལུགས་ངོ་བོའམ་རང་བཞིན་གྱི་གཞི་ཡིན་ནམ་མ་ཡིན་ཅེས་དྲང་། དང་པོ་ལྟར་ཡང་མི་རུང་ཏེ། ལུང་ལས། འདུས་པ་ཇི་སྐད་དུ། གལ་ཏེ་སྣང་བ་ལ་གསང་སྔགས་བྱ་ན་སངས་རྒྱས་ཀྱི་དགོངས་པ་དང་སེམས་ཅན་གྱི་འདུ་ཤེས་ལ་ཁྱད་མེད་པར་འགྱུར་རོ། །ཞེས་པ་དང་། ལམ་རིམ་མན་ངག་ལས་ཀྱང་། བདེན་མིན་མ་གྲོལ་བཅིངས་པ་དང་། །དུས་སྒྲས་འཇོམས་བསླུས་མི་རྟག་དང་། །འཕགས་ལམ་བྲལ་དགོས་བཙོན་རར་ཚུད། །སྡུག་བསྔལ་མི་འཇིག་རྒྱུ་ཕྱིར་འཁྲུལ། ཞེས་པ་དང་འགལ་ཞིང་། རིགས་པས་གནོད་པའང་། སོ་སྐྱེའི་ཤེས་པ་འདི་ཆོས་ཅན། ཡང་དག་གི་ཚད་མར་ཐལ། ཤེས་བྱ་མ་ནོར་བ་ཡུལ་དུ་བྱེད་པའི་ཕྱིར་རོ། །འདོད་ན་འཁྲུལ་པ་རྒྱུན་ཆད་དུ་ཐལ་ཞིང་། རྟགས་མ་གྲུབ་ན་ནི་དམ་བཅའ་ཉམས་ལ། གང་དུ་ཤེས་བྱ་མ་ནོར་བ་ཡུལ་དུ་བྱེད་པ་ལ་མ་འཁྲུལ་བས་ཁྱབ་ཏེ་འཕགས་པའི་མཁྱེན་དངོས་བཞིན་ནོ། །གཉིས་པ་ལྟར་ནའང་། འདུས་པ་ལུང་ལས། གལ་ཏེ་མི་སྣང་བ་ལས་གསང་བསྔགས་བྱ་ན་གཞན་དུ་མུ་སྟེགས་ཆད་པའང་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་པ་དང་། ལམ་རིམ་མན་ངག་ལས་ཀྱང་། །བླ་མེད་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་པ་དང་འགལ་ཞིང་། རིགས་པའི་གནོད་པའང་འཁྲུལ་སྣང་འདི་ཆོས་ཅན། ཆོས་ཉིད་ཀྱི་ཁྱབ་བྱ་ཡིན་པར་ཐལ། ངོ་བོ་ཐ་དད་པའི་ཕྱིར་རོ། །འདོད་ན་རང་བཞིན་ཉིད་ལས་ཉམས་པ་མེད་ཞེས་པས་བསལ། གཏན་ཚིགས་མ་གྲུབ་ན་ཐ་དད་པའི་ཚུལ་དུ་ཁྱབ་བམ། ཐ་དད་མེད་པའི་ཚུལ་དུ་ཁྱབ། དང་པོ་ལྟར་ན་ཆོས་ཉིད་སྤྲོས་བཅས་སུ་ཐལ་ཅིང་། གཉིས་པ་ལྟར་ན་གཞི་རང་ཡང་འཁྲུལ་པར་འགྱུར་རོ། །གང་དུ་ངོ་བོ་ཐ་དད་པ་ཉིད་ཁྱབ་པའི་བྱ་བྱེད་དུ་མི་རུང་སྟེ་ཀ་བ་དང་བུམ་པ་བཞིན་ནོ། །ཞེ་ན། ལེན་ལ་གཉིས་ལས་གཞན་ལུགས་དགག་པ་ནི། ཀ་རི་བ་ཁ་ཅིག་ན་རེ་རྟོག་པའི་དུས་སུ་གཞིར་མ་གྱུར་པ་མེད་ལ། མ་རྟོག་པའི་འཁྲུལ་ངོ་འདི་མ་ཡིན་ནོ། །ཞེས་ཟེར་ནའང་མི་འཐད་དེ། རྟོགས་པ་ནི་རྐྱེན་ལ་རག་ལས་སམ། མ་ལས། དང་པོ་ལྟར་ན། རང་བཞིན་གྱི་སྣང་བ་མ་ཡིན་པར་ཐལ། རྐྱེན་ལ་རག་ལུས་པའི་ཕྱིར་རོ། །འདོད་ན་རང་བཞིན་འདུས་བྱས་སུ་ཐལ་ལོ། །གཉིས་པ་ལྟར་ན་མ་རྟོགས་པའི་དུས་སུ་གཞི་མིན་ལ། རྟོགས་པའི་དུས་ན་ཡིན་པར་ཁས་བླངས་སོ། །ཡང་སྐྱོ་རིན་ཆེན་ཁ་ཅིག་ན་རེ། སྣང་བ་འདི་ཆོས་ཉིད་དངོས་ནི་མིན་ལ། ཆོས་ཉིད་ཀྱི་ཁྱབ་བྱ་ཡིན་ནོ་ཞེས་ཟེར་བའང་མི་འཐད་དེ། ཐ་དད་ཀྱི་ཚུལ་དུ་ཁྱབ་བམ། །ཐ་དད་མེད་པའི་ཚུལ་དུ་ཁྱབ་ཅེས་བརྟག་ཏེ་སྔར་བཀག་ཟིན་ནོ། །ཡང་ཀྱི་ཙཀྲ་ཁ་ཅིག་ན་རེ་སྣང་འདི་ཆོས་ཉིད་ཀྱི་དངོས་སུ་མ་སྤངས་ལ་མི་ལྡན་པས་ཅེས་ཟེར་བའང་མི་འཐད་དེ། མ་སྤངས་ཅེས་པ་དེ་ཡོད་ཆོས་ཡིན་ནམ་མེད་ཆོས་ཡིན། དང་པོ་ལྟར་ན་ལྡན་པ་ཉིད་དུ་ཐལ། གཉིས་པ་ལྟར་ན་མ་སྤངས་པའི་དམ་བཅའ་ཉམས་སོ། །ཡང་སླས་རྡོ་རྗེ་འོད་ཁ་ཅིག་ན་རེ་སྣང་ངོ་ནས་ཆོས་ཉིད་རང་སྣང་ཡིན་པས་ཆོས་ཉིད་ཡིན་གྱི། ཞེན་ངོ་ལ་ཕྱོགས་སུ་ཞེན་པས་མ་ཡིན་ཏེ་ལྟོས་པ་ཐ་དད་ལ་ལྟོས་པའོ་ཞེས་ཟེར་བའང་མི་འཐད་དེ། སྣང་ཞེན་གཉིས་བློ་རྫས་ངོ་བོ་གཅིག་གམ་ཐ་དད། དང་པོ་ལྟར་ན་ཞེན་ངོ་ནས་ཀྱང་ཆོས་ཉིད་རང་སྣང་དུ་ཐལ། རྫས་གཅིག་ལ་སྣང་མི་སྣང་ཆ་གཉིས་འགལ་བའི་ཕྱིར་རོ། །འདོད་ན་ཞེན་ངོ་ནས་མ་ཡིན་པར་འདོད་པ་ཉམས་ཤིང་། གང་དུ་སྔོན་འགྱུར་གྱི་རྫས་གཅིག་ལ་སྣང་མི་སྣང་ཆ་གཉིས་མི་མཚུངས་པས་ཁྱབ་སྟེ་ཨུད་པལ་གྱི་ཁ་དོག་བཞིན་ནོ། །གཉིས་པ་ལྟར་ན་ཞེན་འཁྲུལ་སྤངས་པའི་ཚེ་སྣང་འཁྲུལ་མི་སྤོངས་པར་ཐལ། རྫས་ཐ་དད་པའི་ཕྱིར་ཅེས་བྱ། འདོད་ན་འཕགས་པས་མཉམ་བཞག་ལ་ཆོས་འགའ་ཡང་མ་མཐོང་བ་ནི་ལམ་གྱི་ཡེ་ཤེས་ཅི་ལས་བསལ། གང་དུ་རྫས་ཐ་དད་ལ་སྤང་བྱ་ཐ་དད་ཀྱིས་ཁྱབ་ཏེ་དུག་དང་ཚེར་མ་བཞིན་ནོ། །རང་ལུགས་ནི། རང་བཞིན་ཆོས་ཉིད་དུ་ཡོངས་སུ་རྫོགས་རྣམ་པ་འཁྲུལ་ལྡོག་ཏུ་མ་འདྲེས། ངོ་བོ་ལ་དབྱེར་མེད་ཅེས་བྱ་སྟེ། ཇི་སྐད་དུ། འདུས་པ་ལས། ཞེ་སྡང་མ་འདྲེས་མནར་སེམས་པ། །ཡོངས་སུ་རྫོགས་པར་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་གཞིན་ཉིད་ཁོ་ན། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ནའང་ཡོངས་རྫོགས་དེ་ཉིད་མ་འདྲེས་པ་དེ་ཉིད་ཡིན་ནམ་མིན། ཡིན་ན་མ་འདྲེས་པ་ཆོས་ཉིད་མིན་པ་བཞིན་དུ་ཡོངས་རྫོགས་ཀྱི་ངོས་ནས་ཀྱང་མིན་པར་ཐལ། མ་ཡིན་ན་དབྱེར་མེད་དུ་མི་འགྱུར་རོ་ཞེ་ན། དེ་ཙམ་དུ་སྣུམ་དེ་ཉིད་ཏིལ་འབྲུ་ཡིན་ནམ་མིན། ཡིན་ན་ཏིལ་འབྲུ་ཁུ་བར་མི་སྣང་བ་བཞིན་དུ་སྣུམ་ཡང་ཁུ་བར་མི་སྣང་བར་ཐལ། མ་ཡིན་ན་ཏིལ་འབྲུ་དང་སྣུམ་རྫས་དབྱེར་མེད་དུ་མི་འགྱུར་ཞེས་བྱའོ། །གཉིས་པ་ཀ་དག་དང་ལྷུན་གྲུབ་ཀྱི་དབྱེ་བ་རྒྱས་པར་བསྟན་པ་ལ་བཞི། རྣམ་དབྱེ་ངོས་བཟུང་བ་གཅིག་དང་ཐ་དད་ཀྱི་བརྟག་པ་བསམ་པ། སྐྱོན་ཅན་གྱི་གཞི་དགགས་པ། རང་གཞུང་སྐྱོན་མེད་དུ་བསྒྲུབ་པའོ། །དང་པོ་ལའང་སྤྱིར་དབྱེ་བ་དང་། བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི་གསེར་དང་གསེར་གྱི་གཡའ་ལྟར་ཆོས་ཉིད་ཀྱི་གཞི་ལ་མ་རིག་པ་མཚུངས་ལྡན་དུ་འདོད་པའི་ལྷུན་གྲུབ་པ་དང་། ཤེལ་དང་ཤེལ་གྱི་ཁ་དོག་ལྟར་ཆོས་ཉིད་ཀྱི་གཞི་ལ་འཁྲུལ་པའི་རྒྱུ་མེད་ཅིང་། དྲི་མ་གློ་བུར་བར་འདོད་པའི་ཀ་དག་པ་གཉིས་ཏེ། ཇི་སྐད་དུ། མ་རིག་ཡེ་ཤེས་ཐ་དད་མིན། །མ་རྟོགས་རྟོགས་པའི་ལམ་འདིར་གཅིག །ཅེས་པ་དང་། གཞན་ཡང་། ཐམས་ཅད་དག་ཅེས་བྱ་བའང་། །དངོས་པོ་གསལ་དག་མ་ཡིན་ཏེ། །རྣམ་དཔྱད་ཉིད་ན་རྣམ་པར་དག །ཅེས་པའོ། །གཉིས་པ་བྱེ་བྲག་ཏུ་དབྱེ་བ་ནི། ལྷུན་གྲུབ་ལའང་། སྤྱི་ལྷུན་གྲུབ། བྱེ་བྲག་ལྷུན་གྲུབ། ལྷུན་གྲུབ་ཁ་འབྱམ་པ་གསུམ། ཀ་དག་ལའང་། དབྱིངས་ཀ་དག །ཡེ་ཤེས་ཀ་དག །དག་པ་ཆེན་པོ་དང་གསུམ་སྟེ་དྲུག་གོ །གཉིས་པ་གཅིག་ཐ་དད་ཀྱི་བརྟག་པ་བསམ་པ་ནི། འདི་ལྟར་ངོ་བོའི་གཞི་ངེས་མེད་ཕྱོགས་མེད་དུ་གནས་པ་དང་། འཁྲུལ་པའམ་གཞི་ངོས་ཅན་ཕྱོགས་ཅན་གྱི་སྣང་བ་འདི་ཆུ་དང་འོ་མ་འདྲེས་པ་བཞིན་དུ་མཚོན་ཚུལ་གྱི་དབྱེ་བའང་མེད་པར་ཅིག་པ་ཞིག་གམ། བུམ་པ་དང་སྣམ་བུ་བཞིན་དུ་ངོ་བོ་ཐ་དད་པ་ཞིག་གམ། བྱས་པ་དང་མི་རྟག་པ་བུམ་པ་ལ་གཅིག་པ་བཞིན་དུ་ངོ་བོ་ག ཅིག་ལ་མཚོན་ཚུལ་ཐ་དད་པ་ཞིག་གམ། ཐང་ཁྲོམ་ཟོས་པའི་སྣང་བ་ལ་ནམ་མཁའ་ལ་སྐྲ་ཤད་ཀྱི་འཁོར་ལོ་འཛིངས་པར་སྣང་བ་བཞིན་དུ་གསུངས་ཏེ་གླང་རུ་གཡས་གཡོན་འཛིན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཞིག་ཡིན་ཅེས་པ་དང་བཞི་འགོད་པ་ཉིད་དོ། །གསུམ་པ་གཞན་ལུགས་ཀྱི་ལན་དུ་སྐྱོན་ཅན་གྱི་ཁས་ལེན་བརྗོད་པ་ལ་གཅིག་སྟེ། ཀ་དག་སྐྱོན་སྤྱལ་ཅན་དང་། ལྷུན་གྲུབ་སྐྱོན་སྐྱོ་ཅན་ནོ། །དང་པོ་དགག་པ་ལའང་གཉིས། སྤྱིར་ཀ་དག་དགག་པ་དང་། བྱེ་བྲག་ཏུ་དགག་པའོ། །དང་པོ་ལའང་གཉིས་ལས་ཕྱོགས་སྔ་འགོད་པ་ནི། ཀ་དག་སྐྱོན་ཅན་ཐུན་མོང་གི་ལུགས་ཀྱིས་ཆོས་ཉིད་དང་མ་རིག་པ་གཉིས་ངོ་བོ་དང་འཐད་པར་འདོད་པ་ཉིད་དོ། །ཇི་སྐད་དུ། ལོག་པར་རྟོག་རྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཅེས་བཤད་པས་སོ་ཟེར་ཏོ། དེ་དགག་པ་ནི་གསུམ་ལས། ལུང་ནི། སྙིང་པོ། བདག་དང་གཞན་དུ་རྟོག་པའི་རྒྱུ། བདག་དང་གཞན་ཕྱིར་གཞན་མེད་དེ། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ །ཅེས་པ་དང་། མན་ངག་ནི། ལམ་རིམ། ཡང་དག་གཤེགས་དང་ལོག་རྟོག་གཉིས། །ངོ་བོ་ཉིད་ཀྱིས་གནས་འགྱུར་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །ཅེས་གསུངས་ལ། རིགས་པ་ནི་བཞི་སྟེ། དང་པོ། ཆོས་ཉིད་དང་མ་རིག་པ་ངོ་བོ་ཐ་དད་ན་ཆོས་ཉིད་མཐོང་ཡང་འཁྲུལ་སྣང་དུང་གསེར་གྱི་དྲི་མ་བཞིན་མི་སྤོངས་པར་ཐལ། མ་རིག་པ་ལོགས་སུ་གྲུབ་པའི་ཕྱིར་རོ། །གཉིས་པ་ཆོས་དང་ཆོས་ཉིད་རང་ཀ་བུམ་མ་ཡིན་བཞིན་པར་ཐལ། ངོ་བོ་ཐ་དད་པའི་ཕྱིར་རོ། །གསུམ་པ། འཁོར་བ་དང་རྣམ་བྱང་གཉིས་གང་ཟག་གི་ཤེས་རྒྱུད་སྐད་ཅིག་གིས་སྟེང་དུ་སྐྱེས་བུ་དང་། དུས་གཅིག་ལ་དམིགས་པར་ཐལ། སྐྱེས་བུ་བཞིན་ངོ་བོ་ཐ་དད་པའི་ཕྱིར་འདོད་ན་འགྲོ་ལ་ཤེས་རྒྱུད་གཉིས་ལེན་དུ་འགྱུར་རོ། །བཞི་པ་འཁྲུལ་སྣང་དག་ཕྱོགས་སུ་བསྒྱུར་དུ་མི་བཏུབ་པར་ཐལ། ངོ་བོ་ཐ་དད་པའི་ཕྱིར། ནོར་བུ་དང་མཆིང་བུ་བཞིན་ནོ། །ཅེས་བྱ། གཉིས་པ་བྱེ་བྲག་ཏུ་དགག་པ་ལའང་ཕྱོགས་སྔ་མ་གསུམ་ལས། དང་པོ་དབྱིངས་ཀ་དག་ནི་གནས་ལུགས་ཀྱི་གཞི་སྟོང་པའི་ཆོས་ཉིད་ལ་འཁྲུལ་པ་མེད་པར་འདོད་པ་སྟེ། དེ་ལའང་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་འཁྲུལ་རི་བོང་གི་རྭ་པ་འབྱུང་རུང་གི་རྒྱུ་ཙམ་ཡང་མེད་དེ་གློ་བུར་བར་འདོད་པ་དང་། རྣམ་གྲངས་ཀྱི་ཀུན་བརྟགས་ལོག་རྟོག་ཙམ་ཉིད་ལས་རང་རྒྱུད་པར་མི་འདོད་པ་གཉིས་སོ། །དང་པོ་དགག་པ་ནི་དེ་ལྟར་རྒྱུད་དག་གི་སངས་རྒྱས་ལའང་འཁྲུལ་པ་འབྱུང་བར་ཐལ། རྒྱུ་ལ་མ་གྲུབ་ཀྱང་གློ་བུར་དུ་འབྱུང་བའི་ཕྱིར་རོ། །འདོད་པར་མི་ནུས་ཤིང་ཁྱབ་པ་རང་རྒྱུད་གློ་བུར་འབྱུང་རྒྱུ་ལ་རྒྱུད་དག་པ་མ་ཡིན་པས་ཁྱབ་ཏེ་གཞི་ཉིད་བཞིན། ཚད་མ། གཏན་ཚིགས་སྔར་ཀྱི། ཁས་བླངས་ཀྱིས་གྲུབ་བོ། །གཉིས་པ་དགག་པའི་ཕྱིར་རང་བཞིན་དང་འཁྲུལ་སྣང་ག ཅིག་གམ་ཐ་དད་ཅེས་དྲིས་པའི་ལན་དུ། སྣང་ཙམ་དུ་གཅིག་མོད་ཀྱི། འཁྲུལ་ངོ་ལ་ལྟོས་ནས་འཁོར་བའི་ཆོས་རང་རྒྱུད་ལ་ནག་རིལ་ལོ། །མ་འཁྲུལ་པའི་ངོ་ལ་ལྟོས་ནས་མྱང་འདས་བདེན་པས་སྟོང་པའི་ཆོས་སུ་དཀར་རིལ་ལོ་ཟེར་ན་ཅི་སྣང་ཙམ་དུ་གཅིག་པ་དེ་ཉིད་དྲི་དང་སྒོག་པ་ལྟར་ཚོགས་པ་གཅིག་པ་ཞིག་གམ། ཤིང་ཙམ་དང་ཤ་བ་ལྟར་རང་བཞིན་གཅིག་ཞིག་གམ། དང་པོ་ལྟར་ན་འཁྲུལ་སྣང་ཁེག་པའི་ཚེ་སྣང་ཆོས་གཞན་དག་ཀྱང་ཁེགས་པར་ཐལ། ཚོགས་པའི་བྱེ་བྲག་ཁེགས་པའི་ཕྱིར་རྒོག་པ་ཁེགས་ན་དེ་དང་འཚོགས་པའི་དྲི་ཁེགས་པ་ལྟ་བུ། འདོད་ན་ཀུན་རྫོབ་མཁྱེན་པའི་ཡེ་ཤེས་རྒྱུན་ཆད་དུ་འགྱུར་རོ། །གཉིས་པ་ལྟར་ན་རང་བཞིན་ནམ་གྲུབ་པ་དེ་དང་འདྲ་གཅིག་པུ་འཁྲུལ་སྣང་ཡང་གྲུབ་པར་ཐལ། རང་བཞིན་གཅིག་པའི་རིགས་ཀྱི་བྱེ་བྲག་གང་དུ་གྲུབ་པ་ན་རིགས་ཤ་བ་ལ་ཤིང་ཙམ་སྤྱི་གྲུབ་པའི་ཕྱིར། འདོད་ན་འཁྲུལ་བ་གློ་བུར་དུ་འདོད་པ་ཉམས་སོ། །གཉིས་པ་ཡེ་ཤེས་ཀ་དག་ནི་གནས་ལུགས་སྐུ་དང་ཡེ་ཤེས་ལ་འཁྲུལ་པའི་དྲི་མ་མེད་པར་འདོད་པ་སྟེ། ཅི་དེ་ལྟར་སེམས་ཅན་གྱི་རྒྱུད་ལ་ལོག་ཤེས་རྒྱུན་ཆད་དུ་ཐལ། གཞི་ཉིད་འབྲས་བུ་བདེན་ཞིང་འཁྲུལ་པའི་དྲི་མ་མེད་པའི་ཕྱིར་རོ། །གཞི་ལ་མ་གྲུབ་ལམ་ཁྱབ་བསྒྲུབ་ཀྱང་གློ་བུར་བས་སྒྲིབས་ཏེ་ཅི་ཞེ་ན། གློར་བུར་བ་ལ་རྒྱུད་ཡོད་དམ་མེད། ཡོད་ན་མ་རིག་པའོ་ཅེ་ན། དེ་ཁོ་ན་རང་གིས་རང་མ་རིག་གམ། སྤུ་རིས་ཀྱི་རྣམ་པ་གཞན་གྱིས་མ་རིག་དང་པོ་ལྟར་ན་ཐ་དད་པ་ཉམས་ལ། གཉིས་པ་ལྟར་ན་རྒྱུད་ཐ་དད་ཀྱི་མ་རིག་པས་གཅིག་གི་ཡེ་ཤེས་ཉིད་འགེབས་པར་ཐལ། རྒྱུད་གཅིག་ལ་ཤེས་པའི་རྫས་ཐ་དད་འགལ་བའི་ཕྱིར། འདོད་ན་དོན་གྲུབ་པ་སངས་རྒྱས་དོན་མེད་དུ་འགྱུར་རོ། །གཉིས་པ་ལྟར་རྒྱུ་མེད་པར་རྒྱུ་མེད་རང་གི་རྟགས་མཐོང་ན་འབྱུང་ནའང་མེད་པའི་ཆོས་བཞི་མེད་པའི་ཆོས་བཞི་སྲིད་པར་འགྱུར། ཅེས་པས་སྲིད་པར་འགྱུར་ཏེ་མི་འཐད་དོ། །གསུམ་པ་དག་པ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་ངོ་བོ་ཉིད་མཐའི་དྲི་མ་ཐམས་ཅད་དང་བྲལ་བར་འདོད་པ་འོག་ནས་ཡོངས་གཅོད་དུ་བསྒྲུབ་བོ། །གཉིས་པ་ལྷུན་གྲུབ་སྐྱོན་ཅན་ལའང་སྤྱིར་དགག་པ་དང་། བྱེ་བྲག་ཏུ་དགག་པའོ། །དང་པོ་ལའང་གཉིས་ལས་ཕྱོགས་སྔ་ནི་ཆོས་ཉིད་དང་། མ་རིག་པ་མཚོན་ཚུལ་གྱི་བྱེ་བྲག་མེད་པར་ཤིན་ཏུ་གཅིག་པར་འདོད་པ་སྟེ། ཇི་སྐད་དུ། བདེ་གཤེགས་སྙིང་པོས་མ་རིག་དང་ཞེས་པའམ། རྒྱུ་མཚུངས་ཅེས་བཤད་པས་སོ་ཟེར་ཏོ། །དེ་དགག་པ་ལ་གསུམ་ལས་ལུང་ནི། སྙིང་པོ་ཕྱོགས་བཅུའི་སྟོང་ཁམས་ཡེ་ནས་དབེན། སྲིད་པ་གསུམ་ཉིད་དག་པའི་ཞིང་ཅེས་པ་དང་། མན་ངག་ནི། ལམ་རིམ་ཡེ་ནས་དག་མཉམ་རྟོགས་པ་དང་། ཞེས་པའམ། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་གསུང་ལ། རིགས་པ་ནི་བཞི་སྟེ། མཚོན་ཚུལ་ཡང་དབྱེ་བ་མེད་ན་མ་རིག་པའི་འཁྲུལ་སྣང་འདི་མཐོང་བས་ཆོས་ཉིད་མཐོང་བར་ཐལ། གཅིག་པའི་ཕྱིར་རོ། །རང་མཚན་གྱི་བྱེ་བྲག་བཞིན་མ་རིག་པའི་སྣང་བ་ལས་ཟག་པ་འཕེལ་བ་བཞིན་དུ་ཆོས་ཉིད་ལའང་ཟག་པ་འཕེལ་བར་ཐལ། གཅིག་པའི་ཕྱིར་ཞེ་སྡང་རང་རྒྱུད་བཞིན། འདོད་ན་ལམ་དོན་མེད་དུ་འགྱུར་རོ། །ཡང་ཆོས་ཉིད་ལ་དབྱེ་བ་མེད་པ་བཞིན་དུ་མ་རིག་པའི་འཁྲུལ་སྣང་ལའང་དབྱེ་བ་མེད་ཞེ་སྡང་རང་རྒྱུད་པ་ཐལ། གཅིག་པའི་ཕྱིར། འདོད་ན་མངོན་སུམ་གྱིས་གསལ་ལོ། །ཡང་མ་རིག་པའི་སྣང་བ་འདི་མཐོང་ཐོས་ལས་ལོགས་སུ་གྲུབ་པ་བཞིན་དུ་ཆོས་ཉིད་ཀྱང་མཐོང་ཐོས་ལ་ལོགས་སུ་གྲུབ་པར་ཐལ། གཅིག་པའི་ཕྱིར། འདོད་ན་ཆོས་ཉིད་དབང་པོའི་མངོན་སུམ་དུ་དམིགས་པར་ཐལ་ལོ་ཞེས་བརྗོད་པར་བྱའོ། །གཉིས་པ་བྱེ་བྲག་ཏུ་དགག་པ་ལའང་ཕྱོགས་སྔ་མ་གསུམ་ལས་སྤྱིའམ་ཆོས་ཉིད་ལྷུན་གྲུབ་དུ་འདོད་པ་རྣམས་གཉིས་ཅན་མ་སྤངས་པར་གཉིས་མེད་དུ་ལྷུན་གྱིས་གྲུབ་ཅེས་ཟེར་བ་ནི་མི་རུང་སྟེ། གཉིས་མེད་གཉིས་ཅན་དུ་བཟློག་པ་ཡིན་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་གམ་ཆོས་ཅན་ལྷུན་གྲུབ་ནི་ཚོན་སྐྲའི་ཉག་མ་ལྟ་བུ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་གྲུབ་པར་འདོད་པའང་མི་རུང་སྟེ། མངོན་སུམ་གྱིས་གསལ་འོང་ལ། གཞན་ཡང་མུ་སྟེགས་གྲངས་ཅན་པ་དག་རྩ་མཆོག་གཅིག་གི་རྩེ་ལ་གླང་ཆེན་བརྒྱས་ཟ་བ་རང་རྩ་མཆོག་རྩེ་ལ་གླང་ཆེན་བརྒྱས། །སྔོན་ཆད་མ་མཐོང་ཡོང་དོ་ཞེས། །དེ་དག་དྲང་ཅན་ཕྱུགས་ལས་གཞན། །ངོ་མཚར་བཅས་པ་སུ་ཞིག་ཚོལ། །ཅེས། བཞིན་གྱི་གྲུབ་ཅེས་ཟེར་བ་དགག །དེ་ནི་མི་མཚུངས་ཏེ་མི་སྣང་བའི་ཕྱིར་ཞེ་ན། ཁྱེད་ཀྱི་ཡང་མི་མཚུངས་ཏེ་མི་སྣང་བའི་ཕྱིར་ཞེས་མགོ་སྙོམས་ཀྱིས་ཁེགས་པ་ཉིད་དོ། །གསུམ་པ་ལྷུན་གྲུབ་ཁ་འབྱམས་པ་ནི། ཆོས་ཉིད་མ་ངེས་པའི་དོན་རྟོག་ན་གང་ཡང་ཡིན་པར་སྨྲ་བ་ཏེ། སྣང་བ་ལ་སྐྱོན་བཀལ་ན་སྟོང་པ་ཡིན་ཞེས་ཟེར། སྟོང་པ་ལ་སྐྱོན་བཀལ་ན་སྣང་བ་ཡིན་ཞེས་ཟེར་བའང་མི་འཐད་དེ། ལྟ་བ་ཁོང་དུ་མ་ཆུད་ཅིང་གྲུབ་མཐའ་མ་ངེས་པའི་ཕྱིར་རྐྱང་ཁྲའི་བྱིའུ་བཞིན་ཤེས་རབ་འཆལ་བའི་ཚིག་ཏུ་འགྱུར་བ་ཉིད་ཡིན་པས་མཁས་པ་རྣམས་ཀྱིས་ཚབ་ཆེར་སྤང་བར་བྱའོ། །ཡང་ཁྱེད་ཀྱི་འཁོར་འདས་ཀྱི་ཆོས་ཀུན་མ་སྤངས་པའི་ལྷུན་གྲུབ་དེ་ལ་རྟག་ཆད་གཉིས་གྲུབ་སམ་མ་གྲུབ། གཉིས་པ་ལྟར་ན་ལྷུན་གྲུབ་ཀྱི་རང་ཚིག་ཉམས་ཤིང་། དང་པོ་ལྟར་ན་ཕྱི་རོལ་པ་དང་མཚུངས་པར་ཐལ། འདོད་ན་ལྟ་བ་རྣམས་ཀྱི་ནང་ནས་མཐའ་ཆད་པ་ཉིད་དུ་ཕྱི་མའི་ལན་དུ་རྫས་མ་སྤངས་ལ་མཚོན་ཚུལ་མ་གྲུབ་ཅེས་པ་སྐད་གསུང་། འགྱུར་རོ། །དེས་ན་སྐྱོན་ཅན་གཉིས་ནི་ཕུང་འཚིངས་མཁན་གྱི་ལྟ་བ་ཡིན་པས་མི་འཐད་གསུངས། བཞི་པ་རང་གཞུང་སྐྱོན་མེད་ལྷུན་གྲུབ་པ་སྤྱི་མཚན་ཉིད། དུ་བརྗོད་པ་ནི། ཆོས་ཉིད་ཀ་དག་ཆོས་ཉིད་དང་མ་རིག་སྐྱོན་མེད་པ་གཉིས་དེ་ཉིད་དང་གཞན་བརྗོད་དུ་མེད་པའམ། ངོ་བོ་གཅིག་ལ་ལྷུན་གྲུབ་བསྐྱོན་མེད་ཟློག་བྱས་ཀྱི་དབྱེ་བས་ཐ་དད་དུ་འདོད་པ་སྟེ། འདི་གཉིས་དོན་གཅིག་གསུང་མ་རྟོགས་པའི་ངོ་གཉིས་པའི་གོ་དོན་རྫས་ཆོས་ཉིད་མ་སྤང་མ་རིག་པའི་ཟློག་པར་མཚན་རྟོག་པའི་ངོ་ལ་རྫས་མ་རིག་མ་སྤངས་ཡེ་ཤེས་ཀྱི་བཟློག་པར་མཚོན། ཆོས་དང་ཆོས་ཉིད་དུ་འབྲེལ་བ་ངོ་བོའི་རྫས་སངས་རྒྱས་ཀྱིས་ཀྱང་མི་ཕྱེད་པ་ནི་ལྷུན་གྲུབ་ཆེན་པོ་ཞེས་བྱ་སྟེ། ཇི་སྐད་དུ། རྒྱས་པ་མ་རིག་ཡེ་ཤེས་ཐ་དད་མིན། །མ་རྟོགས་རྟོགས་པའི་ལམ་འདིར་གཅིག །ཅེས་པས་སོ། །ཡང་དང་པོའི་གོ་དོན་མ་རིག་པའི་སྣང་བ་འདི་ཉིད་ཀྱང་ཆོས་ཉིད་རང་མཚན་དྲི་མ་མེད་པ་ཉིད་མ་ཡིན་ལ། རྙོག་མ་དང་བཅས་པའི་ཚེ་ཆུའི་རང་བཞིན་མི་སྣང་བ་ལྟར། བྱམས་པ་ཉིད་ཀྱིས། སེམས་ཅན་རྣམས་ཀྱིས་མ་རིག་སོགས་འབྲས་ཀྱི། །ལྤགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཉིད། །ཅེས་སོ། །འདིར་སྤངས་ན་གཞན་དུའང་བརྗོད་པ་མེད་པ་ནི། རྒྱུད་གཞན་ལས། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཅེས་སོ། །ཀ་དག་ཆེན་པོ་ཞེས་བྱ་སྟེ། ཇི་སྐད་དུ། ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་གསལ་དག་མ་ཡིན་ཏེ། །རྣམ་དཔྱད་ཉིད་ན་རྣམ་པར་དཔྱད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལ་བཙན་པ་གསུམ་ལས་དང་པོ་ནི། འབྲས་བུ་སངས་རྒྱས་ཀྱི་སར་གནས་ཀྱི་མ་རིག་པ་སྤངས་སམ་མ་སྤང་། དང་པོ་ལྟར་ན་གཞི་ཇི་ལྟར་བ་བཞིན་མངོན་དུ་བྱས་པ་མ་ཡིན་པར་ཐལ། གཞིའི་དུས་ན་མ་རིག་པ་དང་དབྱེར་མེད་དུ་ཡོད་པའི་ཕྱིར་རོ། །འདོད་ནའང་རང་གནས་འབྲས་བུས་ཤུབ་བུར་བཤད་པ་སྤངས་བར་མི་ནུས་ཤིང་། གཉིས་པ་ལྟར་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་འཁྲུལ་པ་མ་ཁེག་པ་ཐལ། མ་རིག་པ་མ་སྤངས་པའི་ཕྱིར། འདོད་ན་ལམ་རྒྱུད་ལ་བརྟེན་པ་དོན་མེད་དོ། །ཞེས་ན། ལན་དུ། དང་པོ་འདི་རེ་ཞིག་ཁས་མི་ལེན་ལ། གཉིས་པ་ལྟར་ན་ངོ་བོ་མ་སྤངས་པའི་ཕྱིར་རམ། མཚོན་ཚུལ་མ་སྤངས་པའི་ཕྱིར་ཟེར། གཉིས་པའི་རྟགས་མ་གྲུབ་ཏེ་ཁས་མི་ལེན་ཅིང་། དང་པོ་ལྟར་ན་ངོ་བོ་མ་སྤངས་ཀྱང་མཚོན་ཚུལ་མི་གནས་པས་འཁྲུལ་པར་མི་འགྱུར་ན་ཅི་སྟེ་ཁྱབ་པ་མ་གྲུབ་གསུངས། ཅི་དེ་ལྟར་ན་མཚོན་ཚུལ་དེ་ངོ་བོའི་སྟེང་ན་རྫས་དབྱེར་མེད་དུ་ལྡན་པ་ཞིག་ཡིན་ནམ་མིན་ཞེ་ན། མགོ་བསྒྲེ། དེ་ཙམ་དུ་ཏིལ་འབྲུ་ཉིད་སྣུམ་གྱི་ངོ་བོར་རྫས་དབྱེར་མེད་དུ་ལྡན་པ་ཞིག་ཡིན་ནམ་མིན་ཞེས་བྱའོ། །ལྡན་ནོ་ཞེ་ན་འདིར་ཡང་ལྡན་པ་ཁོ་ནའོ། །རྫས་དབྱེར་མེད་པའི་ཕྱིར་མཚོན་ཚུལ་ཡང་མ་སྤངས་པར་ཐལ་ཞེ་ན། དེར་ཡང་རྫས་དབྱེར་མེད་པའི་ཕྱིར་བཏགས་རྩག་བྱས་པའི་སྣུམ་ལའང་ཏིལ་གོང་མ་སྤངས་བར་ཐལ་ཞེས་བྱའོ། །ཡང་མི་ལྡན་ཞེས་ན་འདིར་ཡང་མཚུངས་སོ། །མཚོན་ཚུལ་ངོ་བོ་ལ་མི་ལྡན་པའི་ཕྱིར་མ་རིག་པའིི་འཁྲུལ་སྣང་སྤངས་བར་ཐལ་ཞེ་ན། གོང་དུ་ཉིད་ཁུ་བ་ལས་མི་ལྡན་པའི་ཕྱིར་སྣུམ་གྱིས་ཏིལ་འབྲུ་སྤངས་པར་ཐལ་ཞེས་པའི་རྡུལ་བྲལ་ཚངས་པའི་བློས་ཀྱང་དཔགས་པར་མི་ནུས་སོ། །གཉིས་པ་ཆོས་ཉིད་ཉམས་སུ་བླངས་པས་གྲོལ་བ་བཞིན་དུ་མ་རིག་པ་ཉམས་སུ་བླངས་པས་ཀྱང་གྲོལ་བར་ཐལ། ངོ་བོ་གཅིག་པའི་ཕྱིར་ཞེ་ན། ངོ་བོ་གཉིས་མེད་ཀྱི་རང་བཞིན་ཤེས་ནས་གྲོལ་བར་ཐལ་ཞེའམ། མ་ཤེས་ཀྱང་གྲོལ་བར་ཐལ་ཟེར། དང་པོ་འདོད་ཐོག གཉིས་པ་ཅིའི་ཕྱིར་ངོ་བོ་གཅིག་པའི་ཞེ་ན། གཅིག་ཀྱང་གཅིག་པའི་རང་བཞིན་མ་ཤེས་པས་མི་གྲོལ་ན་ཅི་སྟེ་ཁྱབ་པ་མེད་དོ། །གསུམ་པ་ཆོས་ཉིད་དང་འཁྲུལ་སྣང་ལ་བཟང་ངན་མེད་པར་ཐལ། ངོ་བོ་གཅིག་པའི་ཕྱིར་ཞེ་ན། ངོ་བོ་གཉིས་མེད་དུ་ཤེས་ནས་བཟང་ངན་མེད་པར་ཐལ་ཟེར་རམ། མི་ཤེས་ཀྱང་བཟང་ངན་མེད་པར་ཐལ་ཟེར་དང་པོ་འདོད་ཐོག་གཉིས་པ་ཅིའི་ཕྱིར། ངོ་བོ་གཅིག་ཀྱང་མ་རྟོགས་པའི་ཤེས་ངོ་ལ་བཟང་ངན་དུ་སྣང་བ་ཅི་ཏོ་ཏེ་ཁྱབ་པ་མེད་དོ། །དེ་བཞིན་དུ་གོང་མ་ཐ་དད་ལ་བསྐལ་པའི་སྐྱོན་རྣམས་ངོ་བོ་གཅིག་པས་སྤངས་ཤིང་། གཅིག་པ་ལ་བཀོད་པའི་སྐྱོན་རྣམས་མཚོན་ཚུལ་ཐ་དད་པས་སྤངས་པའི་ཕྱིར་དྲི་མ་མེད་པའི་ལྟ་བ་ཉིད་དུ་ཤེས་པར་བྱའོ། །གསུམ་པ་གྲུབ་མཐའ་བདེན་པ་གསུམ་གྱི་གནས་ལུགས་ལ་གསུམ། དོན་དམ། ཀུན་རྫོབ། དབྱེར་མེད་དང་གསུམ། དང་པོ་ལ་བཞི། རང་གི་མཚན་ཉིད། ངེས་ཚིག །དབྱེ་བ། གནས་ལུགས་སོ། །དང་པོ་ནི་རྒྱུ་ཡི་ཐེག་པ་ཐུན་མོང་དག་རིག་པས་དཔྱད་ན་མི་གནས་པའམ། བློ་འཁྲུལ་བའི་བཟད་པ་ཡུལ་དུ་བདེན་པ་འདི་མི་རིགས་ཏེ་དོན་དམ་ལ་ཁྱབ་ཆེས་པ་ནི་ཇི་སྐད་དུ། ཀུན་རྫོབ་འདི་ལྟར་སྣང་བ་འདི། རིག་པས་བརྟགས་ན་འགའ་མི་རྙེད། མ་རྙེད་པ་ནི་དོན་དམ་སྟེ། ཡེ་ནས་གནས་པའི་ཆོས་ཉིད་དོ། །ཅེས་སོ། །དང་དམྱལ་བ་བདེན་པའི་སྤྲོས་པས་སྟོང་པ། འདི་དོན་ལ་ཁྱབ་ཆོས་སམ་སོམ་ཞེས་འདོད་ལ་འབྲས་ཐེག་མ་ཧཱའི་ལུགས་ཀྱི་འདིར་ལྷག་པ་ཀུན་རྫོབ་ཀྱི་མཚན་ཉིད་བདེན་པས་སྟོང་པའི་སྣང་བ་རིས་སུ་མ་ཆད་པའོ། །དེ་བསྒྲུབ་པ་ལ་དངོས་དང་། སྐབས་འཕྲོས་ཀྱི་རྩོད་སྤོང་བསྟན་པའོ། །དང་པོ་ལ་གསུམ་ལས། ལུང་ནི་ཇི་སྐད་དུ། རྒྱས་པ་ཀུན་རྫོབ་ཆུ་ཟླ་ལྟར་ཡིན་པས། །ཅི་ཡང་འགྱུར་ཞིང་ཅིར་ཡང་འགྲུབ་ཞེས་སོ། །མན་ངག་ནི། ལམ་རིམ་ཆུ་ཟླ་སྒྱུ་མ་སྤྲུལ་པ་བཞིན་ཅེས་སོ། །ཕྱོགས་ཆོས་རིགས་ཀྱི་སྤྱི་རིགས་པ་ནི། རིགས་ལྔ་སྒྱུ་མའི་སྣང་བ་ཡིན་ཏེ། དམ་བཅའ་སྣང་བའི་ངོ་བོ་མ་ངེས་པའི་ཕྱིར་རོ། །གཏན་ཚིགས་བཟློག་གནོད་ཀྱི་ཚད་མ་མ་གྲུབ་པར་ཁས་ལེན་ཏམ། འོ་ན་སྟེང་ན་དམྱལ་བ་ལའང་བུམ་པ་ཉིད་དུ་སྣང་བར་ཐལ། ངེས་པ་ཉིད་དངོས་གཞན་དུ་མི་འགྱུར་པའི་ཕྱིར། འདོད་ན་མདོ་ལས། ལྕགས་སྲེགས་ས་གཞི་སུ་ཡི་བྱས། མེ་སོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་འབྱུང་བ་ང་ཡིས་བཤད། །ཅེས་སོ། །དམྱལ་བ་གཉིས་སེམས་མེ་སོགས་སྣང་ཞེས་པ་དང་། རྫས་ཀྱི་དངོས་པོ་གཅིག་ལས་ལོག་མཐོང་དྲུག་དང་ཡང་དག་དགུ །ཅེས་སྣང་བ་ག ཅིག་པས་གསལ། གང་དུ་གཞན་དུ་མི་འགྱུར་བའི་བདེན་མཐོང་ལ་ཐ་དད་དུ་མ་དམིགས་པས་ཁྱབ་ཏེ་འཕགས་པའི་མཉམ་བཞག་བཞིན་ནོ། །དེ་ལྟར་ནའང་ང་ལ་བུམ་པ་སྣང་བ་བཞིན་དུ་ཁྱོད་ལ་མི་སྣང་བར་ཐལ་ཞེ་ན། རྣམ་པར་དབྱེ་སྟེ་ལས་མཐུན་མི་ལྟ་བུ་ཤེས་ངོ་ཐུན་མོངས་པ་ལ་མ་ངེས་པའི་ཕྱིར་ཟེར། ཁྱད་པར་བ་ལ་མ་ངེས་པའི་ཕྱིར་ཟེར། མི་མཐུན་པ་བྱོལ་སོང་ལྟ་བུ། དང་པོ་ལྟར་ན་རྟགས་མ་གྲུབ་ལ་གཉིས་པ་ལ་ནི་ལས་མཐུན་ལ་ངེས་པར་སྣང་ཡང་མི་མཐུན་པ་ལ་མ་ཁྱབ་ཏེ་དཔེར་ན་མིག་སེར་གྱི་ནད་ཀྱིས་བཏབ་པས་དུང་དཀར་པོ་ལ་སེར་པོར་མཐུན་པར་མཐོང་བ་དེ། དུང་སེར་པོ་ཡོད་ནས་མཐོང་ལུགས་མཐུན་པ་མེད་དེ་ནད་རིགས་ཀྱི་དབང་གིས་མཐུན་པར་མཐོང་བ་བཞིན་ནོ། །ཡང་དུས་གསུམ་སྡོད་ཚུགས་ལ་ངེས་ཀྱང་དུས་གསུམ་སྔ་ཕྱི་བ་ལ་མ་ངེས་ཏེ། དུས་སྔར་གྱི་ས་འཇིམ་དུས་ཀྱི་ཕྱིས་ཀྱི་ཇོ་དུམ་ད་ལྟ་གྱི་བུམ་པ་རྣམས་སྣང་བའི་ངོ་བོ་མ་ངེས་པའི་ཕྱིར་རོ། །ཁྱབ་པ་མ་གྲུབ་ཅེ་ན། གང་དུ་སྣང་བའི་ངོ་བོ་མ་གྲུབ་པ་ལ་རིགས་པ་རྒྱུ་ལས་སྣང་བ་ཡིན་པས་ཁྱབ་ཏེ་སྒྱུ་མའི་རྟ་གླང་བཞིན་ནོ། །གཉིས་པ་ངེས་ཚིག་ལའང་གཉིས་ཏེ་ཐུན་མོང་པ་དག་ཏེ་སཾ་ཀྲྀ་ཏའི་སྒྲ་ལས་དྲངས་ཏེ། ངན་པའམ་སྒྲིབ་བྱེད་དུ་གྱུར་པ་ཞིག་ལ་འདོད་ལ། འདི་ཉིད་དུ་མི་བདེན་པའི་ཕྱིར་ཀུན་རྫོབ་ཅེས་བྱའོ། །གསུམ་པ་དབྱེ་བ་ལའང་འོག་མའི་ལུགས་ཀྱིས་སྣང་བ་སྣང་བཞིན་དུ་མེ་ལ་མེར་དོན་བྱེད་ནུས་པ་ལ་ཡང་དག་ཀུན་རྫོབ་དང་། སྣང་བཞིན་དོན་བྱེད་མི་ནུས་སྨིག་རྒྱུ་ལ་ཆུར་སྣང་བ་ལོག་པའི་ཀུན་རྫོབ་བདེན་གཉིས་སུ་འདོད་ལ། འདིར་མ་དག་པ་འཁོར་བའི་ཀུན་རྫོབ་བདེན་པ་ཕུང་ཁམས་སུ་རྟོག་པ་དང་། དག་པ་མྱང་འདས་ཀྱི་ཀུན་རྫོབ་བདེན་པ་ལྷ་དང་ལྷ་མོར་སྣང་བའམ་སྒྱུ་མའི་ཆོས་དྲུག་ཏུ་ཕྱེ་བ་ཉིད་དོ། །བཞི་པ་འོག་མ་ལས་དཔག་ལུགས་གསུམ་ལས། འོག་མའི་ཀུན་རྫོབ་ནི་རྒྱུ་རྐྱེན་གྱིས་བསྐྱེད་ལ། འདིར་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་ངོ་བོས་དཔགས་ཏེ། ཇི་སྐད་དུ། ལས་རིམ་རྒྱུ་རྐྱེན་རག་ལུས་མེད་པའི་ཕྱིར། །ཞེས་སོ། །གཉིས་པ་འོག་མའི་ཀུན་རྫོབ་ཏུ་རྐྱེན་གྱིས་བསྐྱེད་པས་མཚན་ཉིད་སྐྱེ་འཇིགས་ཅན་ཡིན་ལ། འདིར་ནི་རྒྱུ་རྐྱེན་ལས་མ་སྐྱེས་པས་མཚན་ཉིད་སྐྱེ་འཇིགས་དང་བྲལ་ཏེ། ལམ་རིམ་སྒྱུ་མ་རྡོ་རྗེ་བཙན་པོ་མཆོག་ཅེས་སོ། །གསུམ་པ་འོག་མའི་ཀུན་རྫོབ་བདེན་གཉིས་བཟང་ངན་མེད་པས་རང་བཞིན་གྱིས་སྤགས་ཏེ། ལམ་རིམ་སྣང་སྟོང་གཉིས་མེད་རྣལ་འབྱོར་མཐའ་ཅེས་སོ། །དེ་ལྟར་ནའང་ཀུན་རྫོབ་དང་བདེན་པ་དབྱེར་མེད་ལ་རྟོགས་པ་ཐ་དད་ལ་ལྟོས་པའི་ལོག་མཚམས་ཀྱི་ཁྱད་ཅི་ཡོད་ཞེ་ན། སྣང་ཡང་བདེན་པས་སྟོང་པ་ཙམ་དུ་ངོ་བོ་གཅིག་ཀྱང་གཏན་ལ་འབེབས་ལུགས་ཀྱི་ལྡོག་པ་ཐ་དད་དེ། དང་པོར་སྣང་བ་ཀུན་རྫོབ་ཀྱི་བདེན་པར་གཏན་ལ་ཕབ་པས་རང་བཞིན་མེད་པར་ཤུགས་རྟོག་པ་སྟེ། དངོས་སུ་ཁྱབ་པའི་རང་མཚན་མཐོང་པས་ཆུ་ལྐོག་གྱུར་དུ་ཤུག་ལས་རྟོགས་པ་ལྟ་བུའོ་གསུངས། སྐབས་འཕྲོས་ཀྱི་རྩོད་སྤོང་ནི། ཁ་གཅིག་འདི་སྐད་དུ། ལྷག་པ་ཀུན་རྫོབ་ཀྱི་བདེན་པ་ལ་ཀུན་རྫོབ་སྤྱི་མཚན་ཉིད་གྱི་ཁྱབས་སམ་མ་ཁྱབ་དྲངས། དང་པོ་ལྟར་ན་ལྷག་པའི་ཀུན་རྫོབ་ཉིད་ལོག་ཤེས་སྒྲིབ་ཕྱོགས་སུ་ཐལ། བདེན་གཉིས། གང་ཞིག་གིས་སེམས་གང་དག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་གསུངས་པའི་ཕྱིར་རོ། །འདོད་ན་སྒྱུ་མའི་ཏིང་ངེ་འཛིན་བསྒོམ་བྱ་ཡང་དག་གི་ལམ་དུ་བསལ། གལ་ཏེ་རིགས་སྤྱིས་ཁྱབ་ཀྱང་ལོག་ཤེས་སུ་མི་འགྱུར་ན་ཅི་སྟོ་ཞེ་ན། གང་དུ་ཁྱབ་གྲུབ་ཀུན་རྫོབ་ཀྱི་རིགས་སྤྱིས་ཁྱབ་པ་ལ་དག་པའི་ལམ་ལས་ཁེག་ཏེ། ཡང་དག་གི་སྒྲིབ་བྱེད་སོ་སོའི་སྐྱེ་བོའི་ལས་ལམ་བཞིན་ནོ། །གཉིས་པ་སྟར་ན་ཀུན་རྫོབ་ལ་རིགས་སྤྱི་ཁེགས་པར་ཐལ། སྤྱི་མཚན་གྱིས་མ་ཁྱབ་པའི་ཕྱིར་རོ། །འདོད་ན་ཤེས་བྱ་ལྷག་པའི་ཀུན་རྫོབ་དངོས་པོ་ལ་མི་གནས་པར་ཐལ། རིགས་སྤྱི་ཤིང་ཙམ་ཁེགས་པས་བྱེ་བྲག་ཤ་པ་ལ་སོགས་པ་ཀུན་ཁེགས་པ་ལྟ་བུའོ་ཞེ་ན། ལན་དུ་ཁྱབ་པར་ཁས་བླངས་དགོས་ཏེ་སྤྱི་ལ་ལྟོས་པའི་བྱེ་བྲག་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ལྷག་པའི་ཀུན་རྫོབ་ལོག་ཤེས་ཉིད་དུ་ཐལ་ཞེ་ན། ཁྱབ་པ་མ་གྲུབ་སྟེ་སྣང་ཙམ་རིགས་ཀྱི་སྤྱི་ཡིན་ཡང་འདིར་ཞེན་ཡུལ་དུ་མི་སྣང་བའི་ཕྱིར། ཇི་སྐད་དུ། ཇི་ལྟར་སྣང་བ་འདི་ཁོ་ན། ཀུན་རྫོབ་ཀྱི་རིགས་སྤྱི་སྣང་ཙམ་ལ་བཞག་པ་ཡིན། །ཞེས་གསུང་མོད་ཀྱི་བདག་ནི་སྔར་གྱི་སྐྱོན་བརྗོད་དོ། །སྐྱོན་སེལ་གཉིས་ཀ་འཁྲུལ་པར་སེམས་ཏེ། དང་པོར་ངེས་ཚིག་ལ་མཚན་ཉིད་དུ་བསམ་ནས་བརྗོད་ཅིང་གཉིས་པར་མཚན་གཞི་ལ་མཚན་ཉིད་དུ་བསམ་ནས་བསལ་བའི་ཕྱིར་རོ། །དེས་ན་ཀུན་རྫོབ་སྤྱི་མཚན་བདེན་པའི་སྤྲོས་པའི་སྟོང་པ་ཡིན་པའི་ཕྱིར་དེས་ལྷག་པའི་ཀུན་རྫོབ་ལ་ཁྱབ་པ་ནི་འགལ་བ་ཅིའང་མེད་དོ། ནོ། །གཉིས་པ་ཡང་ཁྱེད་ལྷག་པའི་ཀུན་རྫོབ་འདི་ལྟར་སྣང་བ་ཀུན་ལྷའི་དལ་དུ་འདོད་པ་དེ་ཡེ་ནས་མེད་པ་ལ་སྒྲོ་བཏགས་པ་ཞིག་གམ། ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པ་གཅིག་ཡིན་དྲང་། དང་པོ་ལྟར་ན་ལུང་ལས་ཇི་སྐད་དུ། སྙིང་པོ་ཀྱེ་ཀྱེ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ས་ཆུ་སྤྱན་དང་མ་མ་ཀི །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཅེས་གསུངས་པ་དང་། མན་ངག་ལས་ཀྱང་། ལམ་རིམ་གསང་བ་ནང་གི་འདོད་ཡོན་ལྔ། །དེ་རྫས་རང་བཞིན་མཆོད་པ་སྟེ། །ཅེས་པ་དང་འགལ་ཞིང་རིགས་པ་ཡང་། ལམ་ལྷའི་རྣལ་འབྱོར་བསྒོམ་པ་དོན་མེད་དུ་ཐལ། སྒྲོས་བཏགས་ནི་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་དངོས་མེད་ཡིན་ལ་དངོས་མེད་ནི་དོན་བྱེད་ནུས་པ་མཐའ་དག་གིས་སྟོང་པའི་ཕྱིར། རི་བོང་ཁྱབ་གྲུབ་གི་རྭ་བཞིན་ནོ། །གཉིས་པ་ཡོངས་སུ་གྲུབ་པ་ལྟར་ནའང་། ལུང་ལས། སྙིང་པོ་ཇི་སྐད་དུ། ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ནས་མི་གནས་མི་དམིགས་ལ། མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། ཅེས་པ་དང་། མན་ངག་ལམ་རིམ་ལས་ཀྱང་། རྟོག་གཉིས་བྲལ་བའི་ཐབས་མཁས་ཀྱིས། །ལྷར་གསལ་དངོས་པོ་མེད་བསྒོམ་ན། །རང་བཞིན་མེད་ལས་ཅི་ཡང་འགྲུབ། །ཅེས་ལྷ་སྒྲོ་བཏགས་སུ་བཤད་པ་དང་འགལ་ཞིང་། རིགས་པ་ནི་ལྷར་བསྐྱེད་བྱེད་ཀྱི་དོན་ཤེས་པ་ཙམ་ལའང་མ་རྟོག་ལྟོས་པར་ཐལ། ཕུང་ཁམས་ལྷ་ཡི་རང་བཞིན་དུ་གྲུབ་ཟིན་ཉིད། རྒྱུ་རྐྱེན་གཞན་ལ་མི་ལྟོས་པའི་ཕྱིར། གསེར་ས་ཁྱབ་གྲུབ་ལེ་སྒྲོམ་བཞིན་ནོ། །གཏན་ཚིགས་མ་གྲུབ་སྟེ་ལྟོས་ན་ཡོངས་གྲུབ་ཀྱི་དམ་བཅའ་ཉམས་པ་ཉིད་མ་ཡིན་ནམ་ཞེ་ན། ལན་དུ་རོག་བླ་མ་རྒན་ནི་ཐ་མལ་གྱི་རྟོག་པ་སྤོང་པའི་གཉེན་པོའི་རྣམས་རྣམ་གྲངས་ཀྱི་ཀུན་རྟགས་སུ་བཞེད་དེ། མཐར་ལམ་གྱི་སྐད་ཅིག་ཕྱི་མ་ལ་གཉེན་པོ་སངས་རྒྱས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཀྱིས་ལམ་གྱིས་སྤང་གཉེན་གཉིས་ཆར་ཡང་སྤོང་བའི་ཕྱིར། ཞེས་གསུངས་པ་ནི་འཐད་པར་མི་སེམས་ཏེ། དེ་ལྟར་ན་ལམ་རིམ་ཀུན་བརྟགས་མཚན་ཉིད་མེད་པ་སྟེ། ཅེས་སྒྲོ་བཏགས་རྫུན་པའི་ཕྱིར། བསྐྱེད་རིམ་ཉིད་ལོག་ཤེས་སུ་ཐལ། དུང་སེར་ཁྱབ་གྲུབ་འཛིན་བཞིན་ནོ། །འདོད་ན་དེས་འཁྲུལ་སྣང་སྤོང་བར་ནུས་སམ་མི་ནུས། ནུས་ན་མིག་སེར་ཅན་གྱི་སྐྱེས་བུས་གཞན་དག་ཏུ་སེར་འཛིན་གྱི་ལོག་ཤེས་སྤོང་ནུས་པར་ཐལ་ཞིང་། མི་ནུས་ན་བསྐྱེད་རིམ་བསྒོམ་པ་དོན་མེད་དུ་འགྱུར་རོ། །རང་ལུགས་ནི་ཡོངས་གྲུབ་དུ་འཛིན་ཏེ། སྔར་གྱི་ལུང་གིས་ཀྱང་གྲུབ་འདུས་ལས་ཀྱང་། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་བདག་ཉིད་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ནི་སྤྱན་ཞེས་བྱ་བ་སྟེ། །ཆུ་ཡི་ཁམས་ནི་མ་མ་ཀི །དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་གྲགས། །ཅེས་གསུངས། ལ། མན་ངག་ལས་ཀྱང་ཇི་སྐད་དུ། མན་ངག་དབང་པོ་ཐམས་ཅད་ཀུན། །རང་བཞིན་ཡོངས་ཀྱི་དག་པ་དང་། །ཏིང་འཛིན་དེ་བཞིན་གཤེགས་པ་སྔར། །ཡེ་ནས་མ་བཅོས་ངང་གིས་གནས། །ཅེས་པ་དང་། གཞན་ཡང་། རང་ལུས་འདོད་ནས་ཕྱག་རྒྱ་ཆེ། །བསྒོམ་པས་མངོན་དུ་གྱུར་པའི་ལྷ། །མཚན་དཔེ་བཞི་དང་མངོན་དྲུག་རྫོགས། །ཅེས་ལེགས་པར་མང་དུ་གསུང་ལ། རིགས་པ་ནི། ཕུང་ཁམས་ལྟག་རྫོགས་འདི་དག་ཆོས་ཅན། རང་བཞིན་གྱི་འགྱུར་བ་མེད་པའི་ཡོངས་གྲུབ་ལྷའི་དལ་དུ་ཡོངས་སུ་གྲུབ་ཏེ། རང་བཞིན་མཐར་ཕྱིན་གྱིས་ཕྱིན་ཅི་མ་ལོགས་པའི་ཡོངས་གྲུབ་གཟུགས་སྐུ་ལམ་གྱིས་བྱས་པས་མངོན་དུ་བྱར་རུང་བའི་ཕྱིར་དངུལ་རྡོ་ཁྱབ་གྲུབ་ལ་དངུལ་རང་བཞིན་གྱིས་གནས་པ་བཞིན་ནོ། །དེ་ཉིད་ཀྱིས་རང་བཞིན་འདུས་བྱས་སུའང་མི་འགྱུར་ཏེ་མེད་པ་ཞིག་ཡོད་པར་བསྒྲུབ་པ་མ་ཡིན་གྱི། རང་གནས་ཉིད་མངོན་དུ་གྱུར་པའི་ཕྱིར། ཇི་སྐད་དུ། རོལ་པའི་རྒྱུད་ཆོས་ཀྱི་དབྱིངས་ནི་ཐོག་མ་ནས་གནས་པའི་ཕྱིར། དེ་མངོན་དུ་གྱུར་པ་ནི་རྒྱུད་དག་ཅེས་བྱའོ། །ཅེས་གསུངས་པ་ལྟ་བུའོ། །གཉིས་པ་དོན་གྱི་བདེན་པ་ལའང་བཞི། མཚན་ཉིད། ངེས་ཚིག །དབྱེ་བ། སྤགས་ལུགས་སོ། །དང་པོ་ནི་ཐུན་མོང་དག་རིགས་པས་དཔྱད་ན་གནས་པ་ནི། བློ་མ་འཁྲུལ་པའི་ཡུལ་དུ་བདེན་པའམ། བདེན་རྫུན་གཉིས་ཆར་གྱི་སྤྲོས་པས་སྟོང་པ་ཞེས་པ་ལ་འདོད་ལ། འདིར་ལྷག་མ་ཧའི་ལུགས་ཀྱིས་པ་དོན་དམ་གྱི་མཚན་ཉིད་ནི་རིག་པ་སྤྲོས་པ་དང་བྲལ་བ་ལ་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པའོ། །དེ་བསྒྲུབ་པ་ལ་དངོས་དང་། སྐབས་འཕྲོས་ཀྱི་རྩོད་སྤོང་ངོ་། །དང་པོ་ལ་གསུམ་ལས། ལུང་ནི་ཇི་སྐད་དུ། སྙིང་པོ་གཞི་རྩ་མེད་པའི་སེམས་ཉིད་འདི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མར་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་ལུགས་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཅེས་སོ། །མན་ངག་ནི། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པ་སྨྲ་བསམ་ཡུལ་ལས་འདས། །ཅེས་སོ། །རིགས་པ་ལ་གཉིས་ལས། ཐུན་མོང་གི་རིགས་པ་རང་བཞིན་མེད་པ་སྤྲོས་བྲལ་དུ་སྒྲུབ་པ།ནི། བུམ་པ་ཆོས་ཅན་ཕྱོགས་ཆོས་ཡང་དག་པར་བསྒྲུབ་བྱ་རང་བཞིན་མེད་དེ། གཅིག་ཧེ་དུ་དང་དུ་མ་དང་བྲལ་བའི་ཕྱིར་རོ། །གཏན་ཚིག་མ་གྲུབ་ན། བུམ་པ་ཉིད་གཅིག་ཏུ་ཡོད་དམ་དུ་མར་ཡོད། དང་པོ་ལྟར་ན་ཆ་ཤས་དང་བཅས་པར་ཡོད་དམ། བྲལ་བར་ཡོད་དམ། བཅས་པར་ཡོད་ན་དུ་མར་ཐལ་ཏེ། སྐར་ཁྱབ་མའི་ཚོགས་བཞིན་ནོ། །བྲལ་བར་འདོད་ན་རྡུལ་གྱི་གོང་བུ་རྩོམ་པའི་ཚེ་ཕྱོགས་ཆ་དྲུག་གི་རྡུལ་གྱིས་བསྐོར་རམ་མ་བསྐོར། མ་བསྐོར་ན་གོང་བུ་རགས་པ་མི་འགྲུབ་ཅིང་། བསྐོར་ན་དབུས་རྡུལ་གྱི་ངོས་ཏེ་ཕྱོགས་རྡུལ་དྲུག་ལ་ལྟའམ་མི་བལྟ། གཉིས་པ་ལྟར་ན་གཟུགས་ཅན་མ་ཡིན་པའི་ཐལ་ཏེ། དབུས་རྡུལ་ཏེ་དྲུག་པོ་དེ་ལ་མི་ལྟ་བའི་ཕྱིར་རོ། །དང་པོ་ལྟར་ན་ངོས་ཐད་ཀ་ཐད་ཀར་ལྟའམ། ངོས་གཅིག་གིས་ཀུན་ལ་བལྟ། དང་པོ་ལྟར་ན་དབུས་རྡུལ་ཆོས་ཅན། ཆ་དྲུག་ཏུ་ཐལ། དབུས་རྡུལ་དེ་ཉིད་ཕྱོགས་དྲུག་ལས་ལྟ་བའི་ཆ་རེ་རེ་ཡོད་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཕྱོགས་ལྔའི་རྡུལ་ཆོས་ཅན་ཕྱོགས་རེ་རེའི་ནང་དུ་ཐིམ་པར་ཐལ། དབུས་རྡུལ་གྱི་ངོས་གཅིག་གཅིག་གི་ལྟ་བ་ཡིན་པའི་ཕྱིར་རོ། །རྟག་ཁས་བླངས། ཁྱབ་པ་ཚད་མ་ཏེ་འདོད་ན་རགས་སྣང་འདི་ནུབ་པར་སེམས་ཙམ་ཉི་ཤུ་པ་ལས། དྲུག་གི་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཉིད་དུ་འགྱུར། །ཅེས་སོ། །འགྱུར་རོ། །ཡང་དུ་མར་ཡོད་ནའང་དུ་མ་དེ་གཅིག་ལ་ལྟོས་སམ་མི་ལྟོས། དང་པོ་ལྟར་ན་གཅིག་ཏུ་ཐལ། ལྟོས་པས་གྲུབ་པའི་ཕྱིར། རྣམ་འཇོག་གི་ཆོས་བཞིན་ནོ། །མ་ལྟོས་ན་ཁྱབ་བྱེད་གཅིག་ལ་མ་གྲུབ་པའི་ཕྱིར་རང་རྒྱུད་ཁྱབ་བྱ་དུ་མའང་མ་གྲུབ་པར་ཐལ། རྡུལ་གཉིས་ཀྱི་གསེང་ཐམས་ཅད། གྲངས་གཅིག་ལ་མ་ལྟོས་པར་དུ་མར་མི་འོང་ལ། ཀྱི་གནས་བཞིན་ནོ། །གང་གཅིག་དང་དུ་མ་ལས་ཀྱི་སྤྲོས་པ་དང་བྲལ་བ་ལ་རང་བཞིན་མེད་པས་ཁྱབ་ཏེ་ནམ་མཁའ་བཞིན་ནོ། །གཉིས་པ་ཐུན་མོངས་མ་ཡིན་པའི་རིགས་པས་སྤྲོས་བྲལ་དེ་ཉིད་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པ་ཉིད་དུ་བསྒྲུབ་པ་ནི། གོང་གི་སྤྲོས་བྲལ་དེ་ཆོས་ཅན། སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་གྲུབ་སྟེ། སྣང་ཙམ་ཉིད་ནས་བརྟགས་ན་ཡང་དུ་མ་མ་གྲུབ་ཅིང་སྣང་ཚོད་མ་བཀག་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་ན་སྣང་སྟོང་ལ་འབྲེལ་པ་ཡོད་དམ་མེད། དང་པོ་ལྟར་ན་གྲུབ་པ་ཉིད་བདག་གཅིག་གམ་དེ་བྱུང་ཡིན། དང་པོ་ལྟར་ནའང་བདག་གཅིག་གི་འབྲེལ་བའི་མཚན་ཉིད་རང་བཞིན་དབྱེར་མེད་ཡིན་ལ་དེ་ལས་བྱུང་བའི་དེ་འབྲེལ་བའི་མཚན་ཉིད་མེད་ན་མི་འབྱུང་པའི་རྒྱུ་འབྲས་ཡིན་པའི་ཕྱིར་རོ། །གཉིས་པ་ལྟར་ན་གཞིའི་དུས་ན་ཆོས་དང་ཆོས་ཉིད་མ་ཡིན་པ་ཐལ། ལམ་དུས་ན་ཚོགས་གཉིས་བརྟེན་པའི་རྒྱུ་ཐ་དད་དུ་ཐལ། འབྲས་བུའི་དུས་ན་སྐུ་ཉིད་ངོ་བོ་ཕན་ཚུན་གཅིག་གི་ག ཅིག་སྤང་བར་ཐལ། སྣང་སྟོང་འབྲེལ་བ་མེད་པའི་ཕྱིར་རོ། །འདོད་ན་སྙིང་པོ་ལས། འཇིག་རྟེན་བརྟན་གཡོ་ལས་ལས་སོ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །རང་བཞིན་ངང་གིས་དེ་ལྟར་གནས་ཅེས་སོ། །ལུང་གི་གསལ། གང་དུ་འབྲེལ་མེད་ལ་རྫས་ཕན་ཚུན་སྤངས་པས་ཁྱབ་སྟེ། བུམ་པ་དང་ཀ་བ་བཞིན། ཁྱབ་པའང་སྔར་གྱི་རྟགས་རང་རྒྱུད་ལ་གྲུབ་པའོ། །གཉིས་པ་ངེས་ཚིག་ནི་གཉིས་ཆར་མཐུན་པར་པ་ར་མ་དྷིའི་སྒྲ་ལས་དྲངས་པས་དམ་ཆོས་པ་ཟབ་མོ་ཞེས་བྱ་སྟེ། རྫོགས་པའི་ཁྱད་པར་ཡང་དག་གི་འབྲས་བུ་ལས་མི་བསླུ་བའོ། །གསུམ་པ་དབྱེ་བ་ནི། འོག་མའི་ལུགས་ཀྱི་སྤྲོས་པ་ཕྱོགས་རེ་བཀག་པ་རྣམ་གྲངས་དོན་དམ་བདེན་པ་དང་། སྤྲོས་པ་མ་ལུས་པར་བཀག་པ་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་གཉིས་སུ་འདོད་ལ། འདིར་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བར་རང་བཞིན་ནམ་དོན་དམ་སྐོར་བདུན་རིག་པ་ལ་ལྷུན་གྱིས་གྲུབ་པ་འབྲས་བུའི་དོན་དམ། ཤེས་བྱ་ལ་སྒྲིབ་གཡོགས་ཀྱི་དབེན་པ་ཡེ་ཤེས་དོན་དམ་གསུམ་དུ་དབྱེའོ། །དེ་ལྟར་ནའང་རང་བཞིན་དང་འབྲས་བུ་ནི་མངོན་དུ་བྱས་པ་དང་མ་བྱས་པས་ཕྱེ་ལ། འབྲས་བུ་དང་ཡེ་ཤེས་སྤྱི་དང་བྱེ་བྲག་གི་ཕྱེ་ཞིང་། །རང་བཞིན་དང་ཡེ་ཤེས་གཞི་འབྲས་ཀྱི་ཆ་ལས་ཕྱེ་བ་ཉིད་དོ། །བཞི་པ་སྤགས་ལུགས་ནི་གསུམ་ལས། འོག་མའི་དོན་དམ་ནི་སྟོང་མཐར་ཐུག་ཏེ་ལྟོགས་མོ་རྐེ་སྟོང་དང་འདྲ་ལ་འདིར་སྟོང་མཐའ་ལས་ཀྱང་གྲོལ་ཏེ། རྣམ་པ་ངོ་བོ་ཉིད་ཀྱི་རྒྱུ་ལྷུན་གྱིས་གྲུབ་པའི་ངོ་བོས་སྤགས་ཏེ་བཟང་མ་རྐེ་སྟོང་དང་འདྲ་སྟེ། ཇི་སྐད་དུ། དཔག་བསམ་ཤིང་དང་རིན་ཆེན་ལྟར། །དེ་ཀུན་ངོ་བོ་ཉིད་བསྒྱུར་གནས། །ཅེས་སོ། །ཡང་འོག་མ་པའི་སྣང་ཆོས་དོར་བའི་སྟོང་ཟློག་རྐྱང་པ་ཡིན་ལ། འདིར་མ་སྤངས་ལ་མི་ལྡན་པའི་ཕྱིར་མཚན་ཉིད་ཀྱི་སྤགས་ཏེ། གང་ཡང་མ་སྤང་མི་ལྡན་པའི། །མ་བྲལ་ཕྱིར་ན་བྲལ་ཞེས་བྱ། །ཅེས་སོ། །ཡང་འོག་མའི་དོན་སྐྱེ་མེད་སྒྲ་ཇི་བཞིན་པར་སོགས་པས་བྱིན་རླབས་རིག་པ་དང་རང་སྣང་དུ་མི་འཆར་ལ། འདིར་ནི་རིག་པ་རང་སྣང་ལྷ་དང་གཞལ་ཡས་ཁང་ལོས་སར་འཆར་བའི་ཕྱིར་བྱིན་གྱིས་རླབས་ཀྱིས་སྤགས་ཏེ། མཉམ་ཉིད་ངང་ལས་མ་གཡོས་བཞིན། །ཐབས་ཀྱི་ཕྱག་རྒྱ་ཆེན་པོར་སྟོན། །ཞེས་སོ། །སྐབས་འཕྲོས་ཀྱི་རྩོད་སྤོང་ནི། དེ་ལྟར་ན་སྤྲོས་བྲལ་ལ་སྣང་བ་ངོ་བོ་ཉིད་ཀྱི་རྒྱུ་གྲུབ་པ་སྟེ་བསྐྱེད་བྱེད་ཀྱི་རྒྱུ་ཡིན། རྣམ་འཇོག་གི་རྒྱུ་མིན་དྲང་། དང་པོ་ལྟར་ན། དོན་དམ་ཉིད་དངོས་པོར་ཐལ། བསྐྱེད་བྱེད་ཀྱི་རྒྱུར་གྲུབ་པའི་ཕྱིར། །ས་བོན་བཞིན། འདོད་ན་སྤྲོས་བྲལ་ཉམས་སོ། །གཉིས་པ་ལྟར་ན་ཀུན་རྫོབ་དེ་ཉིད་དོན་ལས་མི་བསླུ་བའི་འཇུག་ཡུལ་དུ་ཐལ། དོན་དམ་གྱི་རྣམ་པར་བཞག་པའི་འབྲས་བུ་ཡིན་ནའང་ཕྱིར། མཚོན་བྱ་དོན་དམ་བཞིན། འདོད་ན་གསལ་ལོ། །ཡང་ཀུན་རྫོབ་ཙམ་པོ་འཇུག་ཡུལ་མིན་ཡང་ལྷག་པའི་ཀུན་རྫོབ་འཇུག་ཡུལ་དུ་རུང་སྟེ། རྟོགས་དོན་ལས་མི་བསླུ་བའི་ཕྱིར་ཞེ་ན། སྤྱི་མཚན་གྱི་ཁྱབ་མ་ཁྱབ་རྟགས་པས་ཁོགས་སོ་ཅེས་ཟེར་ཏེ། ལན་ནི་རྫས་མ་སྤངས་པར་འདོག་པ་མིན་གནས་པ་ངོ་བོ་ཉིད་ཀྱི་རྒྱུ་སྟེ། ལྕགས་ནག་མེར་ལྡན་བཞིན་ནོ། །དེ་ལྟར་ནའང་དོན་དམ་ལ་སྤྲོས་པ་མ་ཁེགས་པར་ཐལ། ཀུན་རྫོབ་ཀྱི་རྫས་མ་སྤང་པའི་ཕྱིར་ཞེ་ན། བདེན་མོད་ཀྱི་དེ་ཙམ་དུ་ལྕགས་ནག་གྲང་མོ་ལ་མེ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པར་འདོད་དམ་མི་འདོད། གཉིས་པ་ལྟར་ན་འཁྲེགས་རྡོ་དང་སྤྲད་པའི་རྐྱེན་རྩོལ་བ་དོན་མེད་དུ་ཐལ། རྒྱུ་མེད་རྐྱེན་ལ་མི་ལྟོས་པའི་ཕྱིར་རོ། །དང་པོ་ལྟར་ན་ལྕགས་ནག་གྲང་མོ་ལ་བསྲེགས་བྱེད་མངོན་གྱུར་གྱི་དོན་བྱེད་མ་ཁེགས་པར་ཐལ། མེ་རྫས་མ་སྤང་བའི་ཕྱིར་རོ། །འདོད་པའོ་ཞེ་ན་འདིར་ཡང་ངོ་། །སྤྲོས་བྲལ་གྱི་དམ་བཅའ་བུད་ཅེ་ན། གྲང་མོའི་དམ་བཅའ་བུད་དོ། །རྟགས་མ་གྲུབ་སྟེ་གྲངས་མོ་རྐྱང་པ་ཁས་མ་བླངས་པའི་ཕྱིར་ཞེ་ན། འདིར་ཡང་མཚུངས་ཏེ་སྤྲོས་བྲལ་ཀྱང་ཁས་མ་བླང་པའི་ཕྱིར་རོ། །གང་དུ་སྤྲོས་པ་མ་ཁེགས་པ་ཉིད་དོན་དམ་དུ་འགལ་ཏེ་ཀུན་རྫོབ་བཞིན་ཞེ་ན། ཁྱོད་ཀྱི་མེའི་རང་མཚན་མ་ཁེགས་པ་ཉིད་གྲང་མོར་འགལ་ཏེ། མེ་ཉིད་བཞིན་ཞེས་བརྗོད་པའམ། ཡང་དོན་དམ་སྟོང་ཉིད་རང་གིས་སྟོང་ངམ་མི་སྟོང་། གཉིས་པ་ལྟར་ན་ཉི་ཚེ་བའི་སྟོང་ཉིད་དུ་འགྱུར་ཏེ། སྤྲོས་པ་ཕྱོགས་གཅིག་ལས་མ་ཆོད་པའི་ཕྱིར་རོ། །དང་པོ་ལྟར་ན་སྟོང་ཉིད་དངོས་པོ་ཐལ་ཏེ། རང་གི་བསྒྲུབ་ཆོས་ཀྱིས་དོར་བའི་ཕྱིར་ཞེས་མགོ་འདྲེ་བར་འགྱུར་རོ། །གསུམ་པ་བདེན་པ་དབྱེར་མེད་ལའང་བཞི། མཚན་ཉིད། ངེས་ཚིག །དབྱེ་བ། སྤགས་ལུགས་སོ། །དང་པོ་ནི། ཐེག་པ་གཞན་ཉན་ཐོས་པ་བཞིན་དུ་སྣང་བ་ལ་སྟོང་པའི་རྩིས་མ་ཟིན་པའི་སྣང་བ་ཉིད་སྣང་བ་རང་རྒྱུད་དུ་མི་འདོད། དབུ་མ་པ་བཞིན་དུ་སྟོང་པ་ལ་སྣང་བའི་རྩིས་མ་ཟིན་པའི་སྟོང་པ་ག ཅིག་པུ་བར་མི་འདོད་དེ། འདིར་ནི་སྣང་སྟོང་དངོས་མཉམ་གྱི་བདེན་པ་ཤེས་བྱ་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བའོ། །དེ་སྒྲུབ་པ་ལ་དངོས་དང་། སྐབས་འཕྲོས་ཀྱི་རྩོད་སྤོང་ངོ་། །དང་པོ་ལ་གསུམ་ལས། ལུང་ལས། ཇི་སྐད་དུ། །བདེན་པ་གཉིས་ཀ་དབྱེར་མེད་པས། །འཕྲུལ་དགའི་ཚུལ་དེ་ཐ་དད་མེད། །ཅེས་པ་དང་། མན་ངག་ནི། སྣང་སྟོང་དབྱེར་མེད་རྣལ་འབྱོར་མཐའ། །ཞེས་སོ། །རིགས་པ་ནི། བུམ་པ་ཆོས་ཅན། བདེན་པ་དབྱེར་མེད་ཡིན་ཏེ། སྣང་སྟོང་གང་གི་ཕྱོགས་སུ་མ་ཐུག་པའི་ཕྱིར་རོ། གཏན་ཚིགས་མ་གྲུབ་ཞེ་ན། སྣང་བ་མཐར་ཐུག་གམ། སྟོང་པ་མཐར་ཐུག། དང་པོ་ལྟར་ན། ལུང་ལས། དཔེར་ན་རྡོ་ཡི་དངོས་པོ་ལས། །བརྟག་སམ་ཕྱེ་མར་བྱས་ནས་ནི། །རླུང་གི་ངོ་ལ་བསྐྱོད་བྱས་ན། །དེ་ལ་རང་བཞིན་གང་ཡང་མེད། །ཅེས་གསུངས་ཤིང་། སྔར་གྱི་གཅིག་དུ་བྲལ་གྱིས་ཀྱང་གནོད་ལ། གཉིས་པ་ལྟར་ན་ད་ལྟ་སྣང་བ་གསལ་ལོ། །མ་ཡིན་ཏེ་འཁྲུལ་ངོ་ལ་སྔ་མའི་དོན་སྣང་བ་ཡིན་གྱི། རིགས་པས་དཔྱད་ན་མི་གནས་པའི་ཕྱིར་ཆོས་ཀུན་སྟོང་པའི་མཐའ་ཅན་ཉིད་དོ། །ཅེ་ན། དེ་ཉིད་དབྱེར་མེད་པ་ཁོ་ནའོ། །ཁ་གཅིག་ན་རེ། གཏན་ཚིགས་ལ་ཐེ་ཚོམ་ཟའོ་ཞེ་ན། །རྒྱུ་མཚན་ཡོད་ནས་ཟའམ་མེད་ནས་ཟ། དང་པོ་ལྟར་ན་ངེས་ཤེས་བསྐྱེད་པ་ལའང་ཐེ་ཚོམ་ཟ་བར་ཐལ། གཉིས་པ་ལྟར་ན་འབྲེལ་བ་ཡོད་ནས་ཟའམ། མེད་ནས་ཟ། གཉིས་པ་ལྟར་ན་མིག་གིས་ཀྱང་སྒྲ་སྙན་མི་སྙན་ལ་ཐེ་ཚོམ་ཟ་བར་ཐལ། འདོད་ན་སྒྲ་ཡུལ་ན་མེད་པར་ཐེ་ཚོམ་ཟ་མི་ཟའི་བརྟགས་པ་མི་མཚུངས་སོ། །དང་པོ་ལྟར་ན་བདག་གཅིག་གམ་དེ་ལས་བྱུང་། བདག་གཅིག་ན་བྱས་པས་ཀྱང་མི་རྟག་པ་ལ་ཐེ་ཚོམ་ཟ་བར་ཐལ། དེ་ལས་བྱུང་ན་དུ་བས་ཀྱང་མེ་ལ་ཐེ་ཚོམ་ཟ་བར་ཐལ་ལོ། །ཁྱབ་པ་མ་གྲུབ་ཅེ་ན། གང་ན་གང་སྣང་སྟོང་གང་གི་ཡང་ཕྱོགས་སུ་མ་ཐུག་པ་ལ་དབྱེར་མེད་ཀྱིས་ཁྱབ་ཏེ་ཆུ་ཟླ་བཞིན་ནོ། །མདོར་ན་སྣང་བ་མ་སྤངས་སྣང་མཐའ་ལས་གྲོལ། སྟོང་པ་མ་སྤངས་སྟོང་མཐའ་མི་འཛིན། གཉིས་ཀ་མ་སྤངས་ཐད་ཀྱི་དབེན། དབྱེར་མེད་ཅེས་བརྗོད་པ་ཉིད་ཀྱང་ཐ་དད་དུ་ཞེན་པ་རྣམ་པར་བཅད་པ་ཙམ་ཉིད་ལས། ཡོངས་གཅོད་དབྱེར་མེད་དུ་འཛིན་པ་དང་ཡང་བྲལ་ཏེ། བློའི་སྤྱོད་ཡུལ་དང་བྲལ་བའོ། །ཇི་སྐད་དུ། དེ་མིན་ཞེན་པ་དགྲོལ་ཕྱིར་ལས། །ཐ་སྙད་གཉིས་པར་བསམ་བརྗོད་འདས། །ཅེས་སོ། །གཉིས་པ་ངེས་ཚིག་ནི། སྣང་སྟོང་གང་གིའང་རིས་སུ་མ་ཆད་པའི་ཕྱིར་དབྱེར་མེད་དོ། །དབྱེ་ན་བཞི། གཅིག་ལ་གཉིས་མེད་པའི་དབྱེར་མེད་སེམས་ཙམ་གྱི་གཟུངས་འཛིན་གཉིས་མེད་པའི་རང་རིག་རང་གསལ་དང་། མཐའ་གཉིས་བཀག་པའི་དབྱེར་མེད་དབུ་མ་སྒྱུ་མ་ལྟ་བུའི་རྣམ་གྲངས་མ་ཡིན་པའི་དོན་དམ་དང་། ཤེས་ངོ་ལ་ལྟོས་པའི་རྣམ་གྲངས་དབྱེར་མེད་རབ་ཏུ་མི་གནས་པའི་རྣམ་གཅད་ཁེགས་པའི་དེ་ཉིད་དང་། ངོ་བོ་དབྱེར་མེད་གསང་སྔགས་པའི་སྣང་སྟོང་ཟུང་འཇུག་གི་གྲུབ་མཐའོ། །བཞི་པ་སྤགས་ལུགས་ནི། འོག་མའི་སྣང་སྟོང་རེས་འཇོག་ཏུ་གྱུར་པས་ངོ་བོ་སྐུར་འདེབས་སུ་སོང་ལ། འདིར་ནི་སྣང་སྟོང་དུས་གཅིག་དུ་ཆད་པས་སྐུར་འདེབས་སུ་མ་སོང་བའི་ཕྱིར་ངོ་བོ་སྤགས་ཏེ། ཇི་སྐད་དུ་། ཨ་ནི་སྟོང་དང་མི་སྟོང་གི། དབུ་མའང་དམིགས་སུ་ཡོད་མ་ཡིན། ཞེས་སོ། །ཡང་འོག་མ་པའི་དབྱེར་མེད་མཐར་ཐུག་སྤྱོད་པའི་རིགས་ངོར་གྲུབ་པ་འདོད་པའི་མཚན་ཉིད་གཟུང་དུ་ཡོད་ལ། འདིར་ནི་བློའི་སྤྱོད་ཡུལ་དང་བྲལ་བའི་ཕྱིར་མཚན་ཉིད་ཕྱོགས་གཅིག་ཏུ་མེད་པས་མཚན་ཉིད་ཀྱིས་སྤགས་ཏེ། ཇི་སྐད་དུ། དེ་མིན་ཞེན་པ་དགྲོལ་ཕྱིར་ལས། །ཐ་སྙད་གཉིས་པར་བསམ་བརྗོད་འདས། །ཅེས་སོ། །ཡང་འོག་མ་པའི་སྣང་སྟོང་རང་བཞིན་ཡོད་མེད་རིས་ཆད་དུ་སོང་ལ་འདིར་སྣང་སྟོང་དབྱེར་མེད་རང་བཞིན་གྱིས་སྤགས་ཏེ། ཇི་སྐད་དུ། སྣང་སྟོང་དབྱེར་མེད་རྣལ་འབྱོར་མཐའ། །ཞེས་སོ། །སྐབས་འཕྲོས་ཀྱི་རྩོད་སྤོང་ནི། ཅི་དེ་ལྟར་ན་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་དེ་ཐོས་བསམ་ཀྱི་གཏན་ལ་དབབ་དུ་ཡོད་དམ་མེད། དང་པོ་ལྟར་བློའི་སྤྱོད་ཡུལ་དང་བྲལ་བ་ཉམས་ལ། གཉིས་པ་ལྟར་ན་རྟོགས་པ་དང་མ་རྟོགས་པའི་ངེས་ཤེས་ཅིས་གྲུབ་ཅེ་ན། བདེན་མོད་ཀྱི་རང་མཚན་རྟོགས་པའི་མཐར་མི་ལྟོས་ཏེ། ཆུ་བརྒལ་བའི་གྲུ་བཞིན་ནོ། །རྟོགས་བྱེད་ཀྱི་ཤེས་རབ་སུ་ལྟོས་པ་མི་འགལ་གྱི། བརྗོད་བྱེད་ཟབ་མོའི་སྒྲ་སྤྱིས་དྲངས་ཤིང་རྒྱུད་ནས་བརྗོད་བྱ་ཟབ་མོའི་དོན་རྟོགས་པར་འགྱུར་ཏེ། ཇི་སྐད་དུ། དབུ་མ་ཡིག་གེ་མེད་པའི་ཆོས་རྣམས་ལ། །ཉན་བདེ་སྟོན་པར་བྱེད་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །ཉན་ཅིང་ལེན་པར་བྱེད་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །ཡང་བློའི་སྤྱོད་ཡུལ་དང་བྲལ་བ་ལ་བྲལ་བར་རྟོགས་པའི་ངེས་ཤེས་ཡོད་དམ་མེད་ཞེས་དྲངས། གཉིས་པ་ལྟར་ན་དེ་ཚད་མས་གཏན་ལ་མ་ཕབས་པར་ཐལ། ངེས་ཤེས་མེད་པའི་ཕྱིར་རོ། །དང་པོ་ལྟར་ན་ངེས་ཤེས་དེ་ཉིད་འཁྲུལ་ལམ་མ་འཁྲུལ། གཉིས་པ་ལྟར་ན་དོན་དང་མཐུན་པར་འཛིན་པའི་ཕྱིར། བློའི་སྤྱོད་ཡུལ་དང་བྲལ་བར་བུད་དོ། །དང་པོ་ལྟར་ན་བརྫུན་པ་སྒྲོ་བཏགས་སུ་ཐལ། བློ་འཁྲུལ་བའི་ཡུལ་ཡིན་པའི་ཕྱིར། ནམ་མཁའ་ལ་སྐྲ་བཤད་འཛག་སྣང་བཞིན་ནོ། །ལན་ནི། ངེས་ཤེས་ཡོད་ཅིང་མ་འཁྲུལ་བའི་ཡུལ་དུ་འཇལ་བར་འདོད་དོ། །བློའི་སྤྱོད་ཡུལ་དུ་ཐལ་ཞེ་ན། བརྟག་པར་བྱ་སྟེ། གཏན་ལ་འབེབས་པའི་དུས་སུ་མ་བྲལ་བར་ཐལ་ཟེར་རམ། ཁེབས་པའི་རང་མཚན་ཉིད་མ་བྲལ་བར་ཐལ་ཟེར། དང་པོ་རྟགས་མ་གྲུབ་ལ་གཉིས་པའི་ཁྱབ་པ་མ་གྲུབ་སྟེ་རྟོགས་པའི་རང་མཚན་བློ་མཐའ་གང་གིས་ཀྱང་མ་རིག་པ་ཉིད་ཡིན་ནོ། །ཡང་སྣང་སྟོང་དབྱེར་མེད་པ་ནི། སྣང་བ་སྐྱེ་འགགས་མེད་པའི་ཚེ་དེ་དང་ངོ་བོ་ཉིད་དུ་བདག་གཅིག་པའི་ཕྱིར་སྟོང་ཉིད་སྐྱེ་འགགས་བྱེད་དམ་མི་བྱེད་ཅེ་ན། ལན་ནི། སྣང་སྟོང་སྐྱེ་འགགས་བྱེད་ཀྱི་ངོ་བོ་མི་བྱེད་ཅེས་བྱའོ། །དེ་ལྟར་ན་སྣང་སྟོང་བདག་མི་གཅིག་པར་ཐལ། སྐྱེ་འགགས་བྱེད་མི་བྱེད་ཀྱི་འགལ་བའི་ཆོས་ཡིན་པའི་ཕྱིར་རོ་ཞེ་ན། དེ་ཙམ་དུ་མི་རྟག་རྟོག་སྐད་ཅིག་སྐྱེ་འགགས་བྱེད་པའི་ཚེ་དེ་དང་བདག་གཅིག་པའི་བྱས་ཆོས་བུམ་རྫས་སྐྱེ་འགགས་བྱེད་དམ་མི་བྱེད། དང་པོ་ལྟར་ན་ད་ལྟར་བུམ་འཛིན་གྱི་ཤེས་པ་སྐད་གཅིག་གཉིས་པ་ལ་བུམ་པའི་རྫས་རྒྱུན་ཡང་འགགས་པར་ཐལ། བདག་གཅིག་པའི་ཕྱིར་རོ། །གཉིས་པ་ལྟར་ན་མི་རྟག་རྟོག་བུམ་པའི་བདག་མི་གཅིག་པར་ཐལ། སྐྱེ་འགགས་བྱེད་མི་བྱེད་འགལ་བའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བྱའོ། །བཞི་པ་ལྷུན་གྲུབ་ཆེན་པོའི་གཞིའི་བདེན་པ་གསུམ་དུ་ངེས་པར་བྱེད་པའི་ཚད་མ་ནི། ལུང་ལས། ཇི་སྐད་དུ། བདེན་པ་ཀུན་རྫོབ་དོན་དམ་དང་། །གཉིས་སུ་མེད་དང་རྣམ་གསུམ་ཡང་། །དེ་གསུམ་ཉིད་དུ་མཉམ་པས་གསལ། །ཞེས་པ་དང་། མན་ངག་ནི། དེ་ཡང་རྣམ་གསུམ་གནས་ཚུལ་བཞག་ཅེས་སོ། །རིགས་པ་ནི། གནས་ལུགས་སམ་རང་བཞིན་གྱི་གཞི་ཆོས་ཅན། བདེན་པ་གསུམ་དུ་ངེས་ཏེ། རྣམ་པ་མ་འདྲེས་རྟོག་བདེན་པ་གཉིས་སུ་སྣང་ཞིང་། རང་བཞིན་དབྱེར་མེད་ཡོངས་སུ་རྫོགས་པ་ཉིད། སངས་རྒྱས་ཀྱིས་ཀྱང་དགག་པར་མི་སྤྱོད་པའི་ཕྱིར། གཏན་ཚིགས་མ་གྲུབ་ན་མཁྱེན་པའི་ཡེ་ཤེས་རྒྱུན་ཆད་དུ་ཐལ། རྟག་ཁྱབ། གཉིས་ཀ་རང་རྒྱུད་ཀྱི་ལུང་གིས་གྲུབ་པ་ཉིད་དོ། །གནས་ལུགས་ངོ་བོ་ཉིད་ཀྱི་གཞི་བསྟན་ཏོ། །གཉིས་པ་འཁྲུལ་སྣང་བརྟགས་པའི་གཞི་ལ་བཞིས་བསྟན་ཏེ། མཚན་ཉིད་ངོས་བཟུང་བ། སྤྱིར་དབྱེ་བ། བྱེ་བྲག་ཏུ་གཏན་ལ་དབབ་པའོ། །དང་པོ་ལའང་གཉིས་ཏེ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ནི་རྗེ་ཉ་རི་བ་ཁ་གཅིག་ན་རེ་ལམ་པའི་བློས་བརྟགས་པས་ན་བརྟགས་གཞིའོ། །ཅེས་ཟེར་བའང་མི་རིགས་ཏེ། སྒྲོས་བཏགས་ལ་སྤང་བྱའི་རྫས་མ་གྲུབ་ཏེ། །སྨིག་རྒྱུ་ལ་ཆུ་རགས་མི་དགོས་པ་བཞིན། །འདོད་ན་ལམ་རྒྱུད་ལ་བསྟན་པ་དོན་མེད་དུ་འགྱུར་རོ། །ཡང་ལམ་ཉིད་ཀྱང་བརྟགས་གཞིར་ཐལ། ལམ་པའི་བློས་བརྟགས་པའི་ཕྱིར་ཞེས་ཀྱང་གསུངས། ཡང་རུ་གསུང་ཁ་གཅིག་ན་རེ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་བརྟགས་དཔྱད་བྱ་བའི་གཞིར་གྱུར་པའོ་ཟེར་བའང་མི་རིགས་ཏེ། ཤེས་བྱ་གསུམ་ཆར་བརྟགས་གཞིར་ཐལ། ཤེས་རབ་ཀྱི་སྤྱད་བྱ་ཡིན་པའི་ཕྱིར། བརྟག་ཁྱབ་ལུང་གིས་གྲུབ་ཅིང་། འདོད་ན་ཤེས་བྱ་ལ་མ་འཁྲུལ་ཆོས་མི་སྲིད་པར་འགྱུར་རོ། །རང་ལུགས་ནི་ཡང་དག་དུ་མ་གྲུབ་པས་ལས་ལོག་པར་བརྟག་པ་སྟེ། ལམ་རིམ་འཁོར་དང་འདས་དངོས་ཞེན་སྣང་བརྟག་ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ནའང་མྱང་འདས་ལོག་རྟོག་ཏུ་ཐལ། ཞེ་ན། ཞེན་ངོ་ལ་འདོད་པ་ཉིད་ཡིན་ལ། །རང་མཚན་ལའང་ཁྱབ་པ་མེད་དོ། །དབྱེ་ན་གཉིས། བརྟག་གཞི་འཁོར་བའི་ཆོས་དང་། མྱ་ངན་ལས་འདས་པའི་ཆོས་གཉིས་ཏེ། ཇི་སྐད་དུ། བརྟག་གཞི་གཉིས་སུ་བསྟན་པའི་ཆོས། །འཁོར་དང་མྱ་ངན་འདས་པར་གསུངས། །ཅེས་སོ། །བྱེ་བྲག་ཏུ་འཁོར་བའི་ཆོས་གཏན་ལ་དབབ་པ་ལ་གསུམ། གང་ལས་འཁྲུལ་བའི་གཞི། ཇི་ལྟར་འཁྲུལ་བའི་ཚུལ། འཁྲུལ་བའི་རང་བཞིན་ཆོས་ཉིད་ལས་མ་གཡོས་པར་བསྟན་པའོ། །ཇི་སྐད་དུ། སྤྱན་འགྲེལ། འཁྲུལ་གཞིའི་ཚུལ་ནི་རང་བཞིན་གྱི། །སྡོམ་འདི་ངེས་པར་ཤེས་པར་བྱ། །ཅེས་སོ། །དང་པོ་ལའང་གཉིས་ཏེ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ལའང་གཉིས་ལས། གཞི་ཡོད་པ་ལས་འཁྲུལ་པར་སྨྲ་བ་ཁ་གཅིག་ལྷུན་གྲུབ་སྐྱོན་ཅན་ན་རེ། གནས་ལུགས་ཀྱི་གཞི་ལ་འཁྲུལ་པའི་རྒྱུ་ཐོག་མར་ནས་གྲུབ་ནས་ཡོད་དེ། དེ་ལས་འཁྲུལ་ཟེར་བ་ནི་མི་འཐད་དེ། དེ་ལྟར་ན་འཁྲུལ་པ་སྤང་གིས་མི་སྤོང་བར་ཐལ། གཞི་ལ་དབྱེར་མེད་དུ་གྲུབ་པའི་ཕྱིར་གསེར་དང་གཡའ་བཞིན་ནོ། །ཇི་སྐད་དུ། སེམས་ཉིད་དམིགས་སུ་མེད་པ་ལ། །དངོས་པོར་རང་རྒྱུད་གཞིར་སྨྲ་བ། དེའི་རིགས་རྒྱུད་རྟག་པར་ལྷུང་། ཞེས་སོ། །གཉིས་པ་གཞི་མེད་པ་ལས་འཁྲུལ་པ་སྨྲ་བར་ཁ་ཅིག་ན་ཀ་དག་སྐྱོན་ཅན་རེ། གནས་ལུགས་ཀྱི་གཞི་ལ་འཁྲུལ་པའི་རྒྱུ་གཏན་གྲུབ་པ་མེད་དེ་གློ་བུར་བའོ། །ཟེར་བ་ཡང་མི་འཐད་དེ། དེ་ལྟར་ན་རྒྱུད་དག་གི་སངས་རྒྱས་ལའང་འཁྲུལ་པ་འབྱུང་བར་ཐལ་དེ་རྒྱུ་མེད་ཀྱང་འབྱུང་བའི་ཕྱིར་རོ། །ནམ་མཁའི་མེ་ཏོག་བཞིན་ནོ། །ཇི་སྐད་དུ། གཞི་ལ་ཡེ་ནས་མེད་ཅེས་སྨྲ། །ཞེས་པ་བློ་ལ་ཡོད་དོ་ཞེས། །བསྐུར་བ་གང་ཡིན་ཆད་ལྟ་ཉིད་ཅེས་སོ། །རང་ལུགས་ནི། ཡོད་མེད་གཉིས་མེད་ལས་འཁྲུལ་པར་འདོད་དེ། གནས་ལུགས་ཀྱི་གཞི་ལ་མ་རིག་ཡེ་ཤེས་དབྱེར་མེད་ཀྱི། དེ་ཉིད་རྟོགས་ན་ཡེ་ཤེས་ལ། མ་རྟོགས་ན་འཁྲུལ་པ་སྟེ། སྨན་ག་པུར་བཞིན་ནོ། །ཇི་སྐད་དུ། དོན་གཉིས་སྐད་ཅིག་རིས་མེད་པས། དེའི་རྒྱུ་རྐྱེན་རང་བཞིན་ཉིད། སྨན་གྱི་ཕན་གནོད་ཇི་བཞིན་དུ། །ཐམས་ཅད་མ་ལུས་རྒྱུ་གཅིག་པས། །མི་མཐུན་ཁྱད་པར་སོ་སོར་སྣང་། །དེ་གསུངས་ཕྱིར་ན་རྐྱེན་གྱི་ཕྱེ། །ཅེས་སོ། །བདག་གི་བླ་མ་ནི། གཞིའམ་འཁྲུལ་པའི་ཆོས་མེད་ཀྱིས། །འཁྲུལ་པ་ལ་གཞི་ཡོད་དེ། །ཐག་པ་སྦྲུལ་དུ་མཐོང་བ་ལྟ་བུའོ་གསུང་། གཉིས་པ་ཇི་ལྟར་འཁྲུལ་པའི་ཚུལ་ལ། དངོས་དང་སྐབས་འཕྲོས་ཀྱི་དོན་ནོ། །དང་པོ་ནི། ཇི་སྐད་དུ། སྤྱན་འགྲེལ་རྒྱུ་རྐྱེན་འབྲས་བུ་འབྱུང་བའི་དུས། །ཚུལ་དང་ཉེས་པ་སྒྲུབ་བྱེད་པ། །ཉེ་བར་མཚོན་པས་རྣམ་པར་དབྱེ། །ཞར་ལ་སྤྱིའི་དགོས་བཤད་བྱ། །ཅེས་པའི་དོན་གྱིས་བརྒྱད་དུ་གནས་པ་ལས། དང་པོ་རྒྱུ་ནི་བཞི་སྟེ། རྒྱུད་མཚུངས་ལྡན་ཅིག་ཉེར་ལེན་དང་། །ཅེས་པས། རྒྱུད་པའི་རྒྱུ་ནི་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་སྟེ། དེ་ཡིན་བཞིན་དུ་ངོ་མ་ཤེས་པས་འཁྲུལ་པའི་རྒྱུ་གྱུར་པའོ། །ཇི་སྐད་དུ། སྙིང་པོ་ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། རང་གི་རྣམ་རྟོག་ལས་ཀྱི་སྤྲུལ། །ཞེས་སོ། །མཚུངས་པར་ལྡན་པའི་རྒྱུ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ་རྐྱེན་དང་འཕྲད་ན་འཁྲུལ་པ་འབྱུང་རུང་དུ་གནས་པ་ནི་གསེར་དང་གཡའ་བཞིན་ནོ། །ཇི་སྐད་དུ། རྒྱ་མཚོ་ཀུན་གཞི་རྣམ་པ་གཉིས་བྲལ་བས། །ཞེན་པ་སྣང་བར་འགྱུར་མ་ཡིན། །རྟག་ཏུ་རང་མཚན་སྣང་གྱུར་པས། །མིག་གིས་མིག་བཞིན་མ་རིགས་པའོ། །ཞེས་སོ། །ལྷན་ཅིག་བྱེད་པའི་རྒྱུ་ནི་ཀུན་ཏུ་བརྟགས་པའི་མ་རིག་པ་ཏེ། དགེ་སྡིག་གི་བག་ཆགས་ཀུན་གཞི་ལས་བཞག་ནས། གནས་མཐོ་དམན་དུ་ལྷན་ཅིག་བྱེད་པའོ། །ཇི་སྐད་དུ། སྙིང་པོ་རྒྱུ་དྲུག་སྐྱེ་འགགས་ལུས་དང་ལོངས་སྤྱོད་དང་། །གནས་དང་འཁྲུལ་འཁོར་སྡུག་བསྔལ་ལ་སོགས་པ། །ལོག་རྟོག་ཉིད་ལས་ཅེས་སོ། །ཉེར་བར་ལེན་པའི་རྒྱུ་ནི། ཉོན་མོངས་པའི་བདག་འཛིན་ཏེ། བརྟགས་པའི་བག་ཆགས་ཀུན་གཞི་ལ་འཛིན་པར་བྱེད་པའོ། །ཇི་སྐད་དུ། འདུས་པ་བདག་འཛིན་བདག་གི་རྟོག་པ་དང་། ཕྱིན་ཅི་ལོག་སྟོབས་བརྩོན་འགྲུས་ཀྱིས། །གནས་ངན་ལེན་པའི་དེད་དཔོན་བྱེད། །ཅེས་སོ། །གཉིས་པ་རྐྱེན་ནི་ལས་དང་ཉོན་མོངས་པ་སྟེ། ལས་ལ་གསུམ། བསོད་ནམས་ཀྱི་ལས། བསོད་ནམས་མ་ཡིན་པའི་ལས། མི་གཡོ་བའི་ལས་སོ། །དེ་དག་ཀུན་ནས་སློང་བ་པོ་ནི་ཉོན་མོངས་དུག་ལྔ་སྟེ། ཇི་སྐད་དུ། རིམ་གསུམ་རྐྱེན་གཉིས་བརྟེན་པ་ལས་གསུམ་དང་། །ཀུན་བརྟགས་མ་རིག་ཉོན་མོངས་ལྔ། །ཞེས་སོ། །དེ་ལྟར་ན་རྒྱུ་དང་རྐྱེན་ཁྱད་པར་ཅི་ཡོད་ཅེ་ན། འབྲས་བུའི་ངོ་བོ་བསྐྱེད་པར་བྱེད་པའི་རྒྱུ་ལ། ཁྱད་པར་བསྐྱེད་པར་བྱེད་པ་རྐྱེན་ནོ། །གསུམ་པ་བསྐྱེད་པའི་ངོ་བོ་འབྲས་བུ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གཟུང་ཆར་སྣང་བ་དང་། ནང་བཅུད་སེམས་ཅན་འཛིན་ཆར་སྣང་ཞིང་ཞེན་པའི་ཆོས་སྡུག་བསྔལ་གྱི་རྣམ་པར་སྨིན་པའོ། །ཇི་སྐད་དུ། རིམ་གསུམ་ངོ་བོ་སྣོད་བཅུད་འཇིག་རྟེན་གྱི། །སྣང་ཞིང་ཞེན་པའི་ཆོས་རྣམས་སོ། །ཅེས་སོ། །བཞི་པ་དུས་ནི། ཐོག་མ་དང་ཐ་མ་མེད་པར་འཁྲུལ་ཞིང་སྡུག་བསྔལ་གྱི་ལོང་བརྟགས་ཏེ། ཇི་སྐད་དུ། རིམ་གསུམ་ཐོག་མ་ཐ་མ་མེད་དུས་ནས། །ཡང་དག་དོན་ལ་རྟོག་པས་ཉམས། །ཅེས་པས་སོ། །འཁོར་ཚུལ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཏེ། དེ་ལ་ཡང་ཕྱི་ནང་གཉིས་ལས། དང་པོ་ལ་རྒྱུ་དང་འབྲེལ་བ་དྲུག་དང་། རྐྱེན་དང་འབྲེལ་པ་དྲུག་གོ །དང་པོ་ནི་ས་བོན་ལས་མྱུ་གུ་དེ་ལ་རིམ་པ་བཞིན་དུ་སྡོང་པ། ཡལ་ག །ལོ་འདབས། མེ་ཏོག །འབྲས་བུའོ། །རྐྱེན་དང་འབྲེལ་པ་དྲུག་ནི། འབྱུང་བ་བཞི། དུས་ཀྱིས་འགྱུར་བ། སོན་དུ་གྲུབ་པའོ། །ནང་རྟེན་ཅིང་འབྲེལ་པ་དོན་བཞི་སྟེ། མཚན་ཉིད་དང་། དབྱེ་བ་དང་། ཁྱད་པར་གྱི་དོན། ཡོངས་སུ་བསྡུ་བའོ། །དང་པོ་ནི་མེད་ན་མི་འབྱུང་ཞིང་ལྟོས་པས་གྲུབ་པ་ཞིག་སྟེ། ཇི་སྐད་དུ། དབུ་མ་གང་ལ་བརྟེན་ཏེ་གང་འབྱུང་པ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ནོ། །ཅེས་སོ། །དབྱེ་ན། མ་རིག་པ་ལ་སོགས་བཅུ་གཉིས་སོ། །ཁྱད་པར་དུ་མ་རིག་པ་ནི་དེ་ཁོ་ན་ཉིད་ལ་འགེབས་པའོ། །འདུ་བྱེད་ནི་ཡུལ་ལ་དམིགས་པའོ། །རྣམ་པར་ཤེས་པ་ནི་བྱེ་བྲག་ཏུ་ཤེས་པ་ནི་བྱེ་བྲག་ཏུ་འབྱེད་པའོ། །མིང་ནི་མིང་གཞིའི་ཕུང་པོའོ། །གཟུགས་ནི་མེར་ནུར་མཁྲང་ཐུང་སུ་འཆགས་པའོ། །སྐྱེ་མཆེད་དྲུག་ནི་མིག་ལ་སོགས་པ་དྲུག་དོད་པའོ། །རེག་པ་ནི་གསུམ་འདུས་ནས་ཡོངས་སུ་གཅོད་པའོ། །ཚོར་བ་ནི་ཉམས་སུ་མྱོང་བའོ། །སྲེད་པ་ནི་ཚོར་བ་ལ་ཆགས་པའོ། །ལེན་པ་ནི་བསྐྱེད་པའི་རྒྱུ་རྐྱེན་ལ་ཆགས་པའོ། །སྲིད་པ་ནི་མའི་མངལ་དུ་ལས་ཀྱི་བག་ཆགས་ནུས་པ་ཅན་དུ་གྱུར་པའོ། །སྐྱེ་བ་ནི་མངལ་ལས་ཕྱིར་བྱུང་བའོ། །རྒས་པ་ནི་ལང་ཚོ་ཡོལ་རྒྱུན་འགྱུར་བའོ། །ཤི་བ་ནི་སྲོག་གི་དབང་པོ་རྒྱུན་ཆད་པའོ། །བསྡུ་བ་ནི། ལས་ཉོན་མོངས་པ་སྡུག་བསྔལ་གསུམ་ཉིད་དེ། ཇི་སྐད་དུ། མདོ་ལས་དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་འགྱུར། །ཞེས་གསུངས་པའི་དོན་བཞིན་ནོ། །དེ་ལྟར་ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་ཚུལ་དུ་ཕྱིར་འཁོར་ཞིང་། ནང་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་ཚུལ་དུ་ནང་དུ་འཁོར་བ་ཉིད་དོ། །ཇི་སྐད་དུ། །རྟེན་འབྲེལ་བཅུ་གཉིས་ཚུལ་དག་ཏུ། །ཕྱི་ནང་གཉིས་ཀར་འཁོར་བའོ། །ཅེས་སོ། །ལྔ་པ་ཉེས་པ་ནི། འདོད་བྱ་འཕགས་པའི་ལམ་ཡང་དག་པ་དང་བྲལ་ཞིང་། །སྤང་བྱ་སྡུག་བསྔལ་གྱི་ཚོལ་བ་ཉམས་སུ་མྱོང་བའོ། །ཇི་སྐད་དུ། འཕགས་ལམ་བྲལ་དང་སྡུག་བསྔལ་མྱོང་། །ཉེས་པ་རྣམ་པ་གཉིས་སུ་གསུངས། །ཅེས་སོ། །དྲུག་པ་སྒྲུབ་བྱེད་ནི། ཀུན་གཞིའི་རྣམ་པར་ཤེས་པ་སྐད་ཅིག་མས་མི་རྟག་ལ། རྒྱུན་གྱིས་རྟག་པ་དེས་གྲུབ་པར་བྱེད་པའོ། །ཇི་སྐད་དུ། རྒྱུན་དང་བཅས་པའི་སྐད་གཅིག་མས། །ལས་ཀྱི་བྱེད་པོར་བརྗོད་པའོ། །ཅེས་སོ། །བདུན་པའི་དཔེ་ནི་གཉིས་ཏེ། འཁོར་བའི་དཔེ་ཟོ་ཆུ་ཁྱུད་མོ་ལྟ་བུ་དང་། མཆེད་པའི་དཔེའི་རྩ་སོགས་ལ་མེ་བཏང་བ་ལྟ་བུའོ། །ཇི་སྐད་དུ། །ཟོ་ཆུ་རྩ་སོགས་མེ་དཔེ་བཞིན། །ཀུན་ཏུ་འཁོར་ཞིང་མཆེད་པའོ། །ཅེས་སོ། །བརྒྱད་པ་དགོས་ཆེད་ནི། འཁོར་བའི་མཚངས་ཤེས་ཤིང་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པར་འགྱུར་བའོ། །ཇི་སྐད་དུ། སྡུག་བསྔལ་མེད་ན་ངེས་འབྱུང་མེད། །ཅེས་སོ། །གསུམ་པ་འཁྲུལ་པའི་རང་བཞིན་ནི། །དེ་ལྟར་འཁྲུལ་ཡང་རང་བཞིན་ཆོས་ཉིད་ལས་མ་གཡོས་པ་མེད་དེ། སྒྱུ་མའི་བསླུས་པའི་སྣང་བ་ལྟ་བུའོ། །ཇི་སྐད་དུ། །དེ་བཞིན་རིགས་ལ་འགྱུར་མེད་པས། །ཤུལ་དོན་རང་ལས་གཞན་མེད་ཕྱིར། །འཕྲུལ་དགའི་ཚུལ་ཏེ་གཞན་ནས་མིན། །ཞེས་སོ། །སྐབས་འཕྲོས་ནི་དེ་ལྟར་ནའང་འཁོར་བའི་དུས་ལ་ཐོག་མཐའ་མེད་དྲངས། དང་པོ་ལྟར་ན་དབྱིངས་མཐའ་ཅན་དུ་འགྱུར་ཞིང་ལུང་ལས་ཀྱང་ཐོག་མ་མེད་དང་ཐ་མ་མེད་དུས་ནས། ཡང་དག་དོན་ལ་རྟོག་པས་ཉམས། །ཅེས་པ་དང་། རྩོམ་མེད་བཞི་དེ་ཀུན་ཏུ་ཉམས། །ཅེས་པ་སྤང་བར་མི་ནུས་ལ། །གཉིས་པ་ལྟར་ན་ལམ་འབད་པ་དོན་མེད་དུ་ཐལ། སྟོང་པའི་མཐའ་མེད་པའི་ཕྱིར་ཞེས་པ་ལ། ཁ་གཅིག་ན་རེ་ཐོག་མ་ནི་ཡོད་དེ་མ་རིག་པའོ། །ཞེས་ཟེར་བ་ནི་མ་ཡིན་ཏེ། མ་རིག་པ་ནི་ཆོས་ཉིད་དང་མཚུངས་ལྡན་དུ་གནས་ལ། དེ་དང་བདག་གཅིག་པའི་ཆོས་ཉིད་ལ་ཐོག་མཐའ་མེད་པའི་ཕྱིར་རོ། །ཡང་ཁ་གཅིག་ན་རེ་འབྲིད་པ་ཡོད་ལ་གནོད་པ་མེད་པའི་ཕྱིར་ཐ་མའང་ཡོད་དེ། སྦྱང་གི་ཏིལ་བཞིན་ཞེས་ཟེར་བའང་མི་འཐད་དེ། དེ་ཙམ་དུ་ངས་ཀྱང་འདི་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ་རིངས་དུ་རྒྱུག་ན་ནམ་མཁའི་མཐའ་རྙེད་ཅེས་ཁས་ལེན་པ་ཅིས་དགག །རྙེད་རྒྱུའི་མཐའ་ཉིད་མ་གྲུབ་པ་ཅི་སྟེ་རྙེད་པར་ཁས་ལེན་ཞེ་ན། ཡོད་རྒྱུའི་གྲལ་གྱི་མཐའ་ཉིད་མ་གྲུབ་པར་ཅི་སྟེ་མཐའ་ཡོད་པར་ཁས་ལེན་ཞེས་བྱའོ། །འབྲིད་པ་ཡོད་ལ་གནོན་མཁན་མེད་པའི་ཕྱིར་ཞེ་ན། བགྲོད་པ་ཡོད་ལ་བཟློག་མཁན་མེད་པའི་ཕྱིར་ཞེས་པའི་མགོ་སྙོམས་ཀྱིས་ཁེགས་པ་ཉིད་དོ། །ལུང་ལས་ཀྱང་། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད་ཅེས་གསུངས། རང་ལུགས་ནི། དབྱིངས་ལ་དབྲི་མནན་མེད་པའི་ཕྱིར་ཁམས་གསུམ་སྤྱི་བཙན་དུ་ཐོག་མཐའ་གཉིས་ཀ་མེད་ལ་ལམ་གྱིས་གྲོལ་བར་ནུས་པའི་ཕྱིར་གང་ཟག་སྒོས་བཙན་དུ་ཐ་མ་ནི་ཡོད་ཅེས་བྱའོ། །དེ་ལྟར་ནའང་སྤྱི་དཔེ་དགོས་ལ་ཁྱབ་སམ་མ་ཁྱབ། དང་པོ་ལྟར་ན་སྒོས་བཙན་དུའང་ཐ་མ་མེད་པར་ཐལ། ཁྱབ་བྱེད་ལ་མེད་པའི་ཕྱིར། སྐྱེས་བུའི་མཚན་དཔེ་བཞིན་ནོ། །གཉིས་པ་ལྟར་ན། སྤྱི་མ་ཡིན་པར་ཐལ། དགོས་ལ་མ་ཁྱབ་པའི་ཕྱིར། བྱེ་བྲག་ཉིད་ཡིན་ནོ་ཞེ་ན། རྣམ་པར་ཕྱེ་ནས་སྨྲ་ཏེ། རིགས་སྤྱིས་ཁྱབ་པའི་ཕྱིར་ཟེར་རམ། ཚོགས་སྤྱིས་ཁྱབ་པའི་ཕྱིར་ཟེར། དང་པོ་གཏན་ཚིགས་མ་གྲུབ་སྟེ་སྤྱི་ལོག་ན་བྱེ་བྲག་བཟློག་པའི་རིགས་དོན་དུ་ཁས་མ་བླངས་ཤིང་། གཉིས་པ་ཁྱབ་པ་མ་གྲུབ་སྟེ། ཚོགས་པའི་སྤྱི་ཁེགས་ཀྱང་མི་ཁེགས་པའི་ཕྱིར། །ཤིང་རྟ་ཞིག་པའི་འཁོར་ལོ་བཞིན་ཞེས་བྱའོ། །གལ་ཏེ་ཐ་མ་ཡོད་པའི་ཕྱིར་ལྟོས་ཀྱི་ཐོག་མའང་ཡོད་པར་རིགས་མོད་ཅེ་ན། མ་ཡིན་ཏེ་ཆོས་ཉིད་འཁྲུལ་ལྡོག་ལ་མི་སྣང་བའི་ཕྱིར་སངས་རྒྱས་ཀྱི་གཙུག་ཏོར་བཞིན་ནོ་ཅེས་བསྙད་དོ། །བརྟགས་གཞི་མྱ་ངན་ལས་འདས་པའི་ཆོས་གཏན་ལ་དབབ་པ་ནི། ཇི་སྐད་དུ། རིམ་གསུམ་མྱ་ངན་འདས་པའི་མཚན་ཉིད་དང་། ངེས་ཚིག་རྣམ་གྲངས་གང་ལ་སྣང་། །མཚོན་དཔེ་མ་གྲུབ་ཚུལ་དོན་བསྟན། །ཞེས་པའི་དོན་གྱིས་དྲུག་ཏུ་གནས་པ་ལས། དང་པོ་ངོ་བོ་ནི་གཟུངས་འཛིན་དང་བྲལ་བའི་ཡེ་ཤེས་ཀུན་ཏུ་སྣང་བའོ། །ཇི་སྐད་དུ། །ངོ་བོ་མེད་བཞིན་ཀུན་སྣང་སྟེ། །གཅིག་དང་དུ་མ་ལས་གྲོལ་བའོ། །ཞེས་སོ། །དེ་ལ་ལྡན་པའི་མཚན་ཉིད་ནི་མཐའ་ཐམས་ཅད་དང་བྲལ་བ་སྟེ། ཇི་སྐད་དུ། མཚན་ཉིད་མཐའ་རྣམས་ཀུན་བྲལ་བའོ། །ཅེས་སོ། །ངེས་ཚིག་ནི། སྐྱེ་འཇིགས་གི་ཆོས་དང་བྲལ་བ་ཏེ། ཇི་སྐད་དུ། སྐྱེ་འཇིགས་ཆོས་རྣམས་བྲལ་གྱུར་པ། མྱ་ངན་འདས་པ་དེ་བརྗོད་དོ། །ཅེས་སོ། །དབྱེ་ན་གཉིས་ཏེ། དང་པོ་ཕྱོགས་ག ཅིག་པའི་མྱ་ངན་ལས་འདས་པ་ནི། རང་དོན་ཞི་བ་པའོ། །གཉིས་པ་མི་གནས་པའི་མྱ་ངན་ལས་འདས་པ་ནི། །ཤེས་རབ་ཆེན་པོའི་འཁོར་བའི་མཐའ་ལ་མི་གནས་ཤིང་། །སྙིང་རྗེ་ཆེན་པོས་མྱ་ངན་འདས་ཀྱི་མཐའ་ལའང་མི་གནས་པའོ། །ཇི་སྐད་དུ། རྣམ་གྲངས་གཉིས་སུ་བརྗོད་པ་སྟེ། །ཐེག་པ་མཐོ་དམན་བྱེ་བྲག་གིས། །ཕྱོགས་པ་དང་མི་གནས་པའི། མྱ་ངན་འདས་པར་བསྟན་པའོ། །ཅེས་སོ། །ཡུལ་གང་ལ་སྣང་བ་ནི། དབྱིངས་ཡེ་ཤེས་གཉིས་མེད་ཀྱི་རྟོགས་པ་ཆོས་ཀྱི་སྐུ་དེ་བཞིན་གཤེགས་པ་ཉིད་ལ་སྣང་རྗེས་མཐུན་ཙམ་ཟག་མེད་ཀྱི་ལམ་པ་ལའང་ཡོད་ཞིང་། ལོངས་སྐུ་ནི་དག་པའི་ས་ལ་སྣང་ལ། སྤྲུལ་སྐུ་ནི་གདུལ་བྱ་འཁྲུལ་པ་ལ་སྣང་བ་སྟེ། ཇི་སྐད་དུ། མྱ་ངན་འདས་པའི་ངོ་བོ་ཉིད། །དེ་བཞིན་གཤེགས་ལ་སྣང་བ་དང་། །དེ་ཡི་སྤྲུལ་པ་རྒྱ་ཆེར་ཉིད། །གདུལ་བྱ་འཁྲུལ་ལ་སྣང་བའོ། །ཅེས་སོ། །དཔེ་ནི་གཉིས་ཏེ། འཁོར་བའི་ཆུ་བོ་ལས་བརྒལ་བ་གྲུ་ལྟར་བསྟན་པ་དང་། གཟུང་འཛིན་གྱི་འཆིང་བ་དང་བྲལ་བ་བཙོན་དོང་ནས་ཐར་བ་ལྟ་བུའོ། །ཇི་སྐད་དུ། །ཆུ་བོ་བརྒལ་བའི་གྲུ་བཞིན་དུ། །འཁོར་བའི་ཆུ་བོ་རྣམ་པར་བརྒལ། །བཙོན་རར་ཐར་པ་ཇི་བཞིན་དུ། །འཆིང་བའི་མདུད་པ་ལས་གྲོལ་བའོ། །ཅེས་སོ། །གྲུབ་མ་གྲུབ་ཀྱི་བརྟག་པ་ནི། མཚན་གཞི་སེམས་ཉིད། རང་མ་གྲུབ་པས། དེ་ལ་ལྡན་པའི་ཁྱད་པར་གྱི་ཆོས་མྱང་འདས་ཉིད་ཀྱང་ཡང་དག་ཏུ་མ་གྲུབ་སྟེ། ཇི་སྐད་དུ། གཞི་པོའི་སེམས་ཉིད་མ་གྲུབ་པས། །ཡུལ་སྣང་ཆོས་ཀུན་མ་ངེས་ཏེ། །ཅིར་ཡང་གཟུང་དུ་མེད་པའོ། །ཅེས་སོ། །དེ་དག་ཀྱང་རང་མཚན་ལ་རྟེན་གཞིར་མི་བྱེད་ཀྱི། ཞེན་པ་སྒྲོས་བཏགས་ཀྱི་བློ་བརྟག །གཞིར་བཞག་པ་ཡིན་ནོ། །ཤེས་བྱ་གཞིའི་དོན་བཤད་ཟིན་ཏོ། གཉིས་པ་ལམ་རྒྱས་པར་བསྟན་པ་ལ། བརྗོད་བྱ་ངོ་བོ་ཉིད་ཀྱི་རྒྱུད་དང་། བརྗོད་བྱེད་ཀྱི་རྐྱེན་ཡི་གེའི་རྒྱུད་གཉིས་ཏེ། ཇི་སྐད་དུ། རང་བཞིན་སྔོན་དུ་བྱེད་རྒྱུ་ནི། ངོ་བོ་དང་ནི་རྐྱེན་ཉིད་དེ་ཅེས་སོ། །རྐྱེན་གྱི་རྒྱུ་ལའང་ཐབས་ཀྱི་དེ་ཉིད་རྒྱ་ཆེར་སྟོན་པ་རྣལ་འབྱོར་ཕའི་རྒྱུད་དང་། ཤེས་རབ་ཀྱི་དེ་ཉིད་ཟབ་པར་སྟོན་པ་རྣལ་འབྱོར་མའི་རྒྱུད་དང་། ཐབས་ཤེས་རབ་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པར་སྟོན་པ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་གསུམ་དུ་གནས་ཏེ། ཇི་སྐད་དུ། ཐབས་དང་ཤེས་རབ་མ་ནིང་བརྒྱུད། །བསྟན་པའང་ནི་རྐྱེན་དུ་གསུངས། །ཅེས་སོ། །འདིར་ནི་ཕྱི་མ་གཉིས་སུ་མེད་པའི་རྒྱུད་སྒྱུ་འཕྲུལ་དྲྭ་བ་སྟེ་བཞི་ལས། ཁྱད་པར་དུ་རྡ་ོརྗེ་སེམས་དཔའི་རྒྱུད་སྒྱུ་དྲྭ་བའོ། །དེ་ཉིད་ལ་རྒྱུད་གསང་སྡེ་བཅུ་གསུམ་དུ་གནས་པ་ལའང་རྩ་བཤད་གཉིས་སུ་འདུས་སྟེ། དེ་གཉིས་ཁྱད་པར་གྱི་མཚན་ཉིད་ལ་གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ནི། ཁ་གཅིག་ན་རེ། བརྗོད་བྱ་བརྗོད་དར་རྙིང་མི་གསལ་བ་མུན་པ་ལྟར་གནས་པ་ནི་རྩ་བའི་རྒྱུད། གསལ་བྱེད་སྣང་བ་ལྟར་སྟོན་པ་ནི་བཤད་པའི་རྒྱུད་ཅེས་ཟེར་བ་ནི་མི་འཐད་དེ། དེ་ལྟར་ན་རྩ་བཤད་གཉིས་ཕན་ཚུན་འགལ་བ་ཉིད་དུ་འགྱུར་ཏེ། སྣང་མུན་དང་མཚུངས་པའི་ཕྱིར་རོ། །ཡང་ཁ་ཉ་རི་བ་ན་རེ། སྟོན་པའི་བདག་ཉིད་ཀྱིས་གསུངས་པ་རྩ་བའི་རྒྱུད། འཆད་པའི་སྐྱེས་བུའི་གསུངས་པ་བཤད་པའི་རྒྱུད་ཅེས་ཟེར་བའང་མི་འཐད་དེ། སྤར་ཁབ་ཀྱི་དགོངས་པ་སྙིང་པོའི་རྒྱུད་ཉིད་འཆད་པའི་སྐྱེས་བུས་གསུངས་པར་འདོད་པའི་ཕྱིར་ཟེར་རོ། །ཡང་ཁ་ཀླན་ཀ་ཚོལ་བ་གཅིག་ན་རེ་གཞུང་གཞན་ལ་མ་ལྟོས་པར་གཞན་བསྐྱེད་པར་ནུས་པ་རྩ་རྒྱུད་ནང་གི་རྒྱུད་ཀྱི་དོན་འགྲེལ་བར་བྱེད་པ་བཤད་རྒྱུད་ཟེར་བའང་མི་འཐད་དེ་དང་པོ་ལྟར་ན་རིམ་གྱིས་འཇུག་པ་དག་ལམ་སྟེགས་ཀྱི་ཐེག་པ་གཞན་ལ་མི་ལྟོས་པར་ཐལ། འདི་ཉིད་ཀྱིས་བསྐྱེད་ནུས་པའི་ཕྱིར་རོ། །འདོད་པར་ནི་རུང་བ་མ་ཡིན་ཏེ། །ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོའི་འགྲོ་བའི་ལམ། །ཅེས་པ་གསལ། གཉིས་པ་ལྟར་ནའང་སྙིང་པོའི་རྒྱུད་བཤད་རྒྱུད་དུ་ཐལ་ཏེ། ཇི་སྐད་དུ། བསྒྲུབ་པའི་ཞག་དང་ཚེས་གྲངས་ནི། །རྒྱུད་ལས་སྨོས་པ་ཉིད་དུ་བཤད། །ཅེས་པའི་དོན་ལེའུ་དགུ་པ་ཉིད་ཀྱི་ནང་ཚོགས་ཀྱིས་གསལ་བར་བྱེད་པའི་ཕྱིར་རོ། །རང་ལུགས་ནི་ཐོག་མར་འབྱུང་ཞིང་བཤད་གཞིར་གྱུར་པ་ན་རྩ་རྒྱུད་རྗེས་ལ་འབྱུང་ཞིང་འཆད་བྱེད་དུ་གྱུར་པའི་རྒྱུད་ཀྱི་དངོས་པོ་གཞན་དུ་གྲུབ་པ་ནི་བཤད་པའི་རྒྱུད་ཅེས་བྱ་སྟེ། ཇི་སྐད་དུ། ཐོག་མར་བསྟན་པ་རྩ་བ་ལ། །ཕྱིས་ནས་བསྟན་པ་བཤད་པའི་རྒྱུད་ཅེས་སོ། །རྒྱུད་ཀྱི་དོན་གསལ་ཞིང་ལག་ཏུ་ལེན་པར་བྱེད་པ་ནི་སྒྲུབ་ཐབས་ཕྲ་མོ་བཞི་བཅུ་རྩ་གཉིས་ཀྱི་ཏེ། འདིར་དབྱེ་དོན་རྒྱས་པར་མ་སྤྲོས་ཀྱི་གནས་སྐབས་གཞན་དུ་ཤེས་པར་ཟད་དོ། །ལམ་ངོ་བོ་ཉིད་ཀྱི་རྒྱུད་ལ་གསུམ། དབྱེ་བ། ཁྱད་པར་གྱི་དོན་སོ་སོ་ནས་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། ཐུན་མོང་སྤྱིའི་ལམ་དང་། ཁྱད་པར་འདི་ཉིད་ཀྱི་ལམ་མོ། །དེ་གཉིས་ཀྱི་ས་མཚམས་ནི་འཇོག་ལུག་ཐ་དད་དོ། །ཟབ་པ་ཁྱད་པ་ལ་མི་ཟབ་པ་ཐུན་མོང་ཞེས་པའམ། དོན་གཅིག་ལ་འཇུག་པ་ཁྱད་པར་ལ། དུ་མ་ལ་འཇུག་པ་ཐུན་མོང་ཞེས་གཞན་དག་འདོད་ལ། བདག་གི་བླ་མ་ནི་མདོ་སྔགས་གཉིས་ཀའི་འཇུག་ཡུལ་དུ་གྱུར་པས་ཐུན་མོང་གི་ལམ་ཏེ། དགེ་བའི་བཤེས་གཉེན་དུ་མ་ལ་གསེར་བུམ་པ་གང་ཡོད་པ་ལྟ་བུ་ཡིན་ནོ། །མ་ཧ་བ་ཉིད་ཀྱི་འཇུག་ཡུལ་དུ་གྱུར་པ་ནི་ཁྱད་པར་གྱི་ལམ་སྟེ། འཁོར་གྱི་གཙོ་བོ་གཅིག་ལ་གསེར་བུམ་པ་གང་ཡོད་པ་ལྟ་བུའོ་གསུངས་སོ། །སོ་སོ་ནས་གཏན་ལ་དབབ་པའི་དང་པོ་ཐུན་མོང་གི་ལམ་ལ་བཞི། དགོས་ཆེད། ངོ་བོ། དབྱེ་བ། རྩོད་སྤོང་ངོ་། །དང་པོ་ནི་གཞན་སེལ་ལམ་མི་ལྷུང་པ་བརྟག་ཅིང་དོན་གཉེར་མཐར་ཐུག་གི་འབྲས་བུ་འདི་ཉིད་ཤེས་པར་བྱ་བའི་ཕྱིར་རོ། །ཇི་སྐད་དུ། སྙིང་པོ་ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་སོ། །དང་པོ་ནི། ཐུན་མོང་གི་སེམས་ལྔ་སྐྱེས་པའོ། །དབྱེ་བ་ལ་དངོས་ཀྱི་ཐུན་མོང་གི་ལམ་ངེས་འབྱུང་གི་ཐེག་པ་བཞིན་དང་། ལྟོས་པའི་ཐུན་མོང་གི་ལམ་ཕྱི་རྒྱུད་སྡེ་གསུམ་སྟེ། ཇི་སྐད་དུ། རྒྱ་མཚོ་རིགས་ཀྱི་དབྱེ་བ་ལམ། དབྱེ་བ། ལྔ་དང་གིས་རྒྱུ་འབྲས་འགྱུར། མ་ངེས་ཕྱི་མའི་དབྱེ་བ་སྟེ། བཞི་ནི་ངེས་འབྱུང་ཐུན་མོང་ལམ། །དེ་བཞིན་རིགས་གཅིག་ཐུན་མོང་མིན། །དེ་ཉིད་ཕྱི་ནང་ཆར་སྣང་བ། །ཕྱི་རོལ་ལྟོས་པའི་ཐུན་མོང་ལམ། །ཞེས་སོ། །རྩོད་སྤང་ནི། དེ་ལྟར་ནའང་ཐུན་མོང་གི་ལམ་འདི་ཉིད་ཁྱད་པར་དུ་འགྲོའམ་མི་འགྲོ། དང་པོ་ལྟར་ན་ཐུན་མོངས་དང་ཁྱད་པར་ཁྱད་མེད་དུ་ཐལ། གཉིས་པ་ལྟར་ན་ཐུན་མོང་གི་དམ་བཅའ་ཉམས་སོ་ཅེ་ན། ལན་ནི། འགྲོ་བའི་ཁས་བླངས་ངོ་། །ཁྱད་མེད་དུ་ཐལ་ཞེ་ན་བརྟག་པར་བྱ་སྟེ། །དངོས་ཀྱི་ལམ་ཡིན་པའི་ཕྱིར་ཟེར་རམ། །བརྒྱུད་པའི་ལམ་སྟེགས་ཡིན་པའི་ཕྱིར་ཟེར། །དང་པོ་རྟག་མ་གྲུབ་ལ། གཉིས་པ་ལྟར་ན་ལམ་སྟེགས་ཙམ་ཉིད་ཀྱིས་དངོས་ཁམས་དང་ཁྱད་མེད་དུ་འགྱུར་བ་ལ་མ་ཁྱབ་པ་ཅེས་བྱའོ། །ཁྱད་པར་འདི་ཉིད་ལམ་ལའང་བཞི། དགོས་ཆེད། ངོ་བོ། དབྱེ་བ་གཏན་ལ་དབབ་པའོ། །དང་པོ་ནི། གཞི་ཤེས་ཤིང་འབྲས་བུ་མྱུར་དུ་ཐོབ་པར་བྱེད་པ་སྟེ། ཇི་སྐད་དུ། སྤར་ཁབས་ཤེས་ཐོབ་རྟགས་མི་ངེས་ཚིག་གཉིས། རྒྱུ་རྐྱེན་ཐབས་འབྲེལ་དགོས་རྫོགས་ཕྱིར། ཞེས་པ་དང་། ཡང་ལན་གྲངས་བཞིན་དུ་བདུན་ཉིད་ལས། མིང་དང་རིགས་ཀྱི་དམ་པ་འགྲུབ། །ཅེས་སོ། །ངོ་བོ་ནི་ཁྱད་པར་གྱི་སེམས་ལྔ་སྐྱེས་པའོ། །དེ་ལའང་བཞི། གང་ནས་སྐྱེས་པའི་གཞི། །གང་གིས་སྐྱེ་བའི་རྒྱུ་རྐྱེན། ཇི་ལྟར་སྐྱེ་བའི་ཚུལ། སྐྱེས་པ་རང་གི་ངོ་བོ་ཡེ་ཤེས་ལྔའོ། །ཇི་སྐད་དུ། སྤྱན་འགྲེལ་སྐྱེས་པ་རྐྱེན་གྱིས་སྐྱེ་ཚུལ་དང་། །སྐྱེས་པའི་ངོ་བོ་སེམས་རིག་པ། །ཅེས་སོ། །དང་པོ་ལ་གསུམ། གཞི་ནས་སོ་སོར་སྐྱེ་བ། ལམ་ནས་སེམས་སྐྱེ་བ། འབྲས་བུ་ནས་སེམས་སྐྱེ་བ་སྟེ། ཇི་སྐད་དུ། སྤྱན་འགྲེལ་གཞི་དང་སྐབས་ནས་སྐྱེ་འགྱུར་བ། །ཅེས་སོ། །དང་པོར་དང་པོ་གཞི་རིགས་ནི་སོ་སྐྱེས་གསུམ་སྟེ། རིགས་ངེས་པ་དང་། ཆད་པ་དང་། མ་ངེས་པའོ། །དང་པོ་ལ་གཉིས། གོ་དོན་དང་། དབྱེ་བའོ། །དང་པོ་ནི་རང་གི་བློ་དང་འཚམས་པའི་ཐེག་པ་ལ་འཇུག་པའི་ཡིད་བཞིན་དུ་མི་ནུར་བ་སྟེ། ཇི་སྐད་དུ། འདུས་པ་ཆེ་ཆུང་རིགས་པའི་བློ་ཡོད་ཕྱིར། །ཐེག་པའི་རིམས་པའང་དེ་བཞིན་ཏེ། །བསྐུལ་དབང་ཆེ་ཆུང་གཉིས་ཀྱིས་སོ། །རྣམ་པ་གཉིས་ཀྱི་ཁྱད་པར་ལས། །འཇུག་པའི་ཡུལ་དང་དེ་ཁོ་ན། །ཅེས་སོ། །དབྱེར་ན་རིགས་ཅན་གསུམ་ཉན་རང་བོ་དེའི་མོ། །གཉིས་པ་རིག་ཆད་པ་ལའང་གཉིས་ལས། གོ་དོན་ནི། རེ་ཞིག ཐར་ཐོབ་ཀྱི་བསྐལ་བ་དང་མི་ལྡན་པ་ཏེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་གྱུར་ཀྱང་། །རང་རིག་རྟོགས་པའི་སྐལ་དང་མི་ལྡན་ན། །ཇི་ལྟར་དམུས་ལོང་མདུན་དུ་མདོག་བསྟན་བཞིན། །འདི་ནི་སྐལ་མེད་རིགས་ཆད་ས་པ་ཡིན། །ཞེས་པའོ། །དབྱེ་ན་རང་བཞིན་གྱི་རིགས་ཆད་པ་དང་། །གནས་སྐབས་རྐྱེན་གྱི་རིགས་ཆད་པ་གཉིས་སོ། །དེ་གཉིས་ལ་གཞན་གྱི་བརྟགས་པའི་མཐའ་དགག་པ་དང་། རང་གཞུང་སྐྱོན་མེད་དུ་ངེས་པ་བརྗོད་པའོ། །དང་པོ་ནི། གཞན་གྱིས་བཏགས་པའི་སྦྱོར་བ་ནི། །ཇི་སྐད་དུ། ཁ་སླས་རྡོ་རྗེ་འོད་གཅིག་ན་རེ། གང་ཟག་གི་ཤེས་རྒྱུད་ཆོས་ཅན། །རང་བཞིན་གྱིས་རིགས་ཆད་པ་ཡོད་དེ། རང་རིག་རྟོགས་པའི་སྐལ་པ་དང་མི་ལྡན་པའི་ཕྱིར། དམུས་ལོང་གི་ཁ་དོག་བཞིན་ཞེས་པ་དང་། ལུང་ལས་ཀྱང་ཇི་སྐད་དུ། མ་རིག་པ་གཉིས་ཀྱིས་ཤེས་རབ་ཀྱིས་སྤྱན་ལྡོངས་པའི་དཔེ་ཇི་ལྟར་བར་ཡེ་ནས་ལོག་པས་རང་རྒྱུད་དུ་གོལ་བ་ནི། རིགས་ཆད་པའོ། །ཅེས་པ་གྲུབ་ཅེས་ཟེར་ཏེ། འདི་དགག་པ་ལ་གཉིས། མ་ངེས་པའི་རྟག་དགག་པ་དང་། །མི་མཚུངས་པའི་རྗེས་འགྲོ་དགག་པའོ། །དང་པོ་ནི། ཅི་གང་ཟག་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སྙིང་པོའི་ས་བོན་ཙམ་ཡང་མེད་པའི་ཕྱིར་སྐལ་བ་དང་མི་ལྡན་ཏམ། མཐུན་རྐྱེན་གྱིས་ཅིག་ཆར་དུ་རིགས་མ་སད་པའི་ཕྱིར་རོ། །དང་པོ་ལྟར་ན་རང་བཞིན་གྱི་གཞི་ཉིད་ཀྱང་བཟང་ཅན་དུ་ཐལ། བྱང་ཆུབ་ཀྱི་སྙིང་པོ་ཡོད་ཎ་ཀྱི་མཐར་ཐུག་པའི་ཕྱིར། བྱེ་མ་དང་གསེར་བཞིན། འདོད་ན། ལུང་ལས་ཇི་སྐད་དུ། བརྒྱན་ཆོས་ཀྱི་དབྱིངས་ནི་དབྱེར་མེད་ཕྱིར། རིགས་ནི་ཐ་དད་རུང་མ་ཡིན། ཅེས་པས་གསལ་ལོ། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན། །ཅེས་པ་དང་། །ཡང་འདི་ཉིད་ཀྱི་རིམ་དྲུག་ལས། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །བྱང་ཆུབ་སྙིང་པོར་ཡོད་པར་བལྟ། །རང་བཞིན་ཡེ་ནས་འོད་གསལ་བ། །ཀུན་བཟང་རྡོ་རྗེ་སེམས་དཔའ་གསུངས། །ཅེས་སོ། ལོ །གཉིས་པ་ལྟར་ན་ཁྱབ་པ་མེད་དེ། རེ་ཤིག་དད་མོས་མ་སྐྱེས་ཀྱང་ཀུན་གཞི་ལ་དཀར་པོའི་ས་བོན་བཞག་ཏེ་ནམ་ཞིག་རིགས་སད་པའི་རྒྱུ་འགྱུར་བའི་ཕྱིར། ཇི་སྐད་དུ། མདོ་སྡེ་ཕལ་པོ་ཆེ་ལས། སེམས་ཅན་ལ་ལ་ཞིག་ལས་ཀྱི་སྒྲིབ་པས་དེ་བཞིན་གཤེགས་པ་ལ་མ་དད་ནའང་། དེ་དག་གིས་མཐོང་ཞིང་ཐོས་པའི་དགེ་བའི་རྩ་བ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་དོན་ཡོད་པར་འགྱུར་རོ་ཞེས་སོ། །གཉིས་པ་ནི་དམུས་ལོང་དུ་འགྱུར་བ་ཉིད་སྡིག་ཏོའི་མྱོང་འབྲས་ཡིན་པའི་རང་བཞིན་གྱི་དཔེར་ན་མི་མཚུངས་ཏེ། གལ་ཏེ་དེ་ལྟར་ན་མིག་མཁན་གྱིས་ཕྱེ་བས་ཐམས་ཅད་དོན་མེད་པར་འགྱུར་རོ། །གཞན་ཡང་སྙིང་པོ་ཀྱེ་ཀྱེ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་པ་དང་། ཀུན་ཀྱང་སྨིན་ཟིན་བགྲོད་པ་མེད། །དེ་ཉིད་ལམ་གྱི་ངོ་བོ་སྟེ། །ཅེས་པ་ལ་སོགས་པའི་བཀའ་ཟབ་མོ་ལ་སྐུར་འདེབས་ཆེས་བཏབ་སྟེ། རིགས་ལམ་ངན་པ་དེ་ཉིད་ངེས་པར་དོར་བར་བྱོས་ཤིག །རང་ལུགས་ནི་གནས་སྐབས་ཀུན་ཏུ་བཏགས་པའི་རྐྱེན་གྱིས་བག་ཆགས་འཐུག་པོས་རང་བཞིན་ཉིད་བསྒྲིབས་ཏེ། ཡུན་རིང་དུ་མཐོང་དཀའ་བར་གྱུར་པའམ། ལོག་པའི་གྲུབ་མཐས་ཁ་ཁྲིད་དེ་ཡང་དག་པའི་གེགས་སུ་གྱུར་པ་ཉིད་ལ་བྱ་སྟེ། ཇི་སྐད་དུ། སྙིང་པོ་བདག་ཏུ་རྨོངས་པའི་རྟོགས་པ་དང་། བརྟགས་པ་མངོན་པར་ཞེན་པའི། ། ཡང་དག་ལམ་དང་བྲལ་བ་དག །ཅེས་པ་མངོན་ཞིང་། སྔར་གྱི་ལུང་ཡང་རྐྱེན་གྱིས་ཆད་པ་ལ་དགོངས་པ་ཁོ་ནའོ། །གསུམ་པ་རིགས་མ་ངེས་པ་ལའང་གཉིས་ལས། གོ་དོན་ནི་རྐྱེན་གྱི་དབང་གིས་སེམས་གང་དུའང་སྐྱེར་རུང་སྟེ། ཇི་སྐད་དུ། སྤྱན་འགྲེལ་མ་ངེས་ཕྱི་ཡི་དབྱེ་བ་ལས། །རིགས་ཀྱི་ཁྱད་པར་མངོན་པར་སྣང་། །ཅེས་སོ། །དབྱེ་ན། ཐེག་པ་མཐའ་དག་ལ་ཞུགས་ཤིང་ངེས་ཤེས་ཀྱི་མཐར་ཕྱིན་མི་ཕྱིན་པའི་མ་ངེས་པ་ངན་པ་དང་། ཆོས་གང་བསྟན་ཐོགས་མེད་དུ་གོ་བའི་མ་ངེས་པ་བཟང་པོ་གཉིས་ལས། འདིར་ནི་སྔར་བསྟན་པ་ལྟར་འབྲས་བུའི་ཐེག་པ་ཆེན་པོར་རིགས་ངེས་པའི་དབང་རྣོན་ནམ། མ་ངེས་པའི་བཟང་པོ་དེ་ལས་སྐྱེ་བར་བཞེད་དོ། །ལམ་ནས་སེམས་སྐྱེ་བ་ནི་ལམ་རིགས་བཞི་ནས་ཏེ། ལྷ་མི་དང་། ཉན་རང་དང་། བྱང་སེམས་དང་། ཕྱི་རྒྱུད་དོ། །ཇི་སྐད་དུ། ལམ་ཆུང་ལ་ལ་ཐུན་མོང་ལམ་རྣམས་ནས། །རྐྱེན་རྒྱུས་འདིར་འཇུག་སློབ་པར་ངེས། །ཅེས་སོ། །འབྲས་བུ་ནས་སེམས་སྐྱེ་བ་ལའང་གཉིས་ལས། གོ་དོན་ནི་ཐུན་མོང་གི་འབྲས་ཀུན་ཏུ་འོད་ཀྱི་ས་མངོན་དུ་བྱས་ཀྱང་གསང་སྔགས་ཀྱི་ངེས་པ་མ་རྙེད་པ་ལ། རྒྱལ་བ་དྲུག་པས་དབང་བསྐུར་ཆོས་བཤད་པས་ཐ་མའི་དབུགས་ཕྱིན་ཏེ་མཐར་ཐུག་སངས་རྒྱས་པའོ། །ཇི་སྐད་དུ། ལམ་ཆུང་ཐུན་མོངས་པ་མཐར་བྱས་པའི་ཚེ། །ཡང་དག་སྐུ་གསུང་ཐུགས་བཅོ་ལྔ། །བྱིན་རླབས་འཚམས་པར་མོས་སྣང་བས། །འཁོར་ལོའི་ས་ལ་འགྱུར་བ་ངེས། །ཅེས་སོ། །རྩོད་སྤང་ནི། འདི་སྐད་དུ། ཁ་གཅིག་ན་རེ་ཅི་རྒྱུའི་ཐེག་པ་དབུ་མའི་འབྲས་བུ་ནས་སེམས་སྐྱེ་བ་ནི་རིགས་པ་མ་ཡིན་ཏེ། སྐྱེ་བའི་རྒྱུ་ཡེ་ཤེས་རྒྱུན་ཆད་པའི་ཕྱིར། ནམ་མཁའི་མེ་ཏོག་བཞིན་ཏེ། འདོད་ན་རྒྱུ་མེད་ཀྱི་འབྲས་བུས་སྲིད་པར་ཐལ་ཞིང་། གཏན་ཚིགས་ལུང་གིས་གྲུབ་པ་ཉིད་དོ། །ཅེ་ན ལན་དུ་བདག་གི་བླ་རོག་མ་ནི་རྟོག་བཅས་ཀྱི་ཡེ་ཤེས་མེད་པ་ལ་དགོངས་པ་ཡིན་གྱི་རྟོག་མེད་ཀྱི་ཡེ་ཤེས་ཡོད་པ་ཉིད་ལས་སྐྱེ་ཞེས་གསུང་ལ། བདག་ནི་རྒྱུའི་ཐེག་པ་དག་རང་གི་འབྲས་བུ་ལ་གྱ་ནོམ་པའི་ཞེན་པ་དགག་ཅིང་། གསང་སྔགས་སུ་དྲངས་པ་དགོངས་པ་ཡིན་གྱི། ངེས་དོན་དུ་ཡེ་ཤེས་རྒྱུན་ཆད་ལས་སྐྱེ་བར་མི་རུང་སེམས་ཏེ་དཔྱད་པར་བྱའོ། །གཉིས་པ་གང་གིས་སྐྱེ་བའི་རྒྱུ་རྐྱེན་ནི། རྒྱུ་གཉིས་རྐྱེན་བཞི་འབྲེལ་པ་བཞི་དང་ལྡན་པས་སོ། །དང་པོ་གཉིས་ནི། སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དང་ཡེ་ནས་མཚུངས་པར་ལྡན་པ་ནི་མཚུངས་བྱའི་རྒྱུ་སྟེ། ལམ་རིམ་སྙིང་པོའི་རང་བཞིན་མཚུངས་པ་དང་ཅེས་སོ། །འོག་མའི་སྐྱོན་བརྗོད་པས་སྐྱོ་ཞིང་མ་ཧའི་ཡོན་ཐོས་པས་བྲོད་དེ་འདུན་རྩོལ་སྐྱེ་བ་ནི་ལྷན་གཅིག་བྱེད་པའི་རྒྱུ་སྟེ། ལམ་རིམ་བཤེས་གཉེན་མགོན་ལས་ལུང་གཉིས་ཐོས། །ཅེས་སོ། །རྐྱེན་བཞི་ལས། རྒྱུའི་རྐྱེན་ནི་གོང་གི་རྒྱུ་གཉིས་པོ་དེས་མ་ཧར་འཇུག་པའི་གྲོགས་སུ་གྱུར་པའོ། །རྡོ་རྗེ་སློབ་དཔོན་ནི་རྟོག་པ་གོ་འབྱེད་པ་བདག་པོའི་རྐྱེན་ནོ། །མ་ཧའི་དོན་བསྟན་པ་ནི་དམིགས་པའི་རྐྱེན་ནོ། །ཤེས་པ་སྐད་ཅིག་སྔ་མ་ལ་ལོང་བརྟགས་ནས་རྫས་ཀྱི་ཤེས་པ་ཕྱི་མ་སྐྱེ་བ་ནི་དེ་མ་ཐག་པའི་རྐྱེན་ཏེ། ལམ་རིམ་དེ་དག་གསང་སོགས་དམིགས་པ་ཏེ། སྐད་ཅིག་འཕེལ་བ་དེ་མ་ཐག །ཅེས་སོ། །འབྲེལ་བ་བཞི་ནི་རྡོ་རྗེ་སློབ་དཔོན་དང་ཆོས་ཉིད་ངོ་བོ་ཉིད་དུ་འབྲེལ། དེས་བརྟན་པའི་མན་ངག་དང་སྣོད་དང་བཅུད་དུ་འབྲེལ་བསྟན་བྱ་ཆོས་ཉིད་མ་ཧཱ་དང་ཤེས་བྱ་ཤེས་བྱེད་དུ་འབྲེལ། སྟོན་པ་ཀུན་ཏུ་བཟང་པོ་དང་ལས་དང་ཐུགས་རྗེ་འབྲེལ་ཏེ། བཤེས་གཉེན་རྣམས་དང་ངོ་བོས་འབྲེལ། །དེ་ལྡན་བྱ་བྱེད་སྣོད་བཅུད་དུ། །ཆེན་པོ་ལུང་དང་ལུང་དང་འབྲེལ་བ་དང་། །མགོན་དང་བྱ་བྱེད་ཐུགས་རྗེ་འབྲེལ། །ཅེས་སོ། །དེ་ལྟར་ནའང་སོ་སོའི་སྐྱེ་བོ་ལ་རྒྱུ་རྐྱེན་དྲུག་དང་ལྡན་དགོས་ན་རང་རྒྱལ་ནི་སེམས་སྐྱེར་མི་བཏུབ་སྟེ། བླ་མ་མེད་པས་བདག་རྐྱེན་དང་ལྷན་ཅིག་བྱེད་པའི་རྒྱུ་མ་ཚང་བའི་ཕྱིར་རོ་ཞེ་ན། བདེན་མོད་ཀྱི་གྲོགས་པོར་བསྟན་ནས་དོན་བྱེད་པར་གསུངས་ཏེ། ཇི་སྐད་དུ། རྣམ་སྣང་མངོན་བྱང་རང་རྒྱལ་རྣམས་ལ་གྲོགས་པོའི་གཟུགས། །བསྟན་ནས་ཐེག་ཆེན་དམིགས་པ་འཛུད། །ཅེས་སོ། །གསུམ་པ་སྐྱེ་ཚུལ་ནི་འོག་ནས་འཆད་ལ། བཞི་པ་སྐྱེས་པ་རང་གི་ངོ་བོ་ནི་སེམས་ལྔ་སྟེ། ཇི་སྐད་དུ། ཁོག་གཞུང་འཇུག་ལྡང་ལ་སོགས་བྱང་སེམས་ལྔ། །ངེས་པར་སྐྱེ་བ་ངོ་བོར་འདོད། །ཅེས་སོ། །དེ་ལ་གཉིས། ཐབས་ལམ་དང་། གྲོལ་ལམ་མོ། །དང་པོ་ནི། ཇི་སྐད་དུ། རྒྱས་པ་འཇུག་དང་ལྡང་དང་གནས་པ་དང་། །སྨོན་པ་བྱང་ཆུབ་སེམས་ཉིད་དེ། །གཡོ་དང་བསྐྱེད་དང་ལྡང་དང་གནས། །ཅེས་པས། ཐིག་ལེའི་མགོ་གཡོ་བའི་ཚེ་བདེ་བ་ལྡང་བས་གཡོ་ལྡང་བྱང་ཆུབ་ཀྱི་སེམས་སོ། །བདེ་བ་སྔ་མ་འཇིགས་ཅིང་ཕྱི་མ་ལ་འཇུག་པས་བྱང་ཆུབ་ཀྱི་སེམས་སོ། །དགའ་བ་སྐྱེས་ལ་མ་འགགས་པ་ལ་གནས་པས་གནས་པ་བྱང་ཆུབ་ཀྱི་སེམས་སོ། །ཕྱི་མ་ལ་དམིགས་ཤིང་སྨོན་པས་སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །བྱང་སེམས་དབབ་པའི་ཐབས་ཀྱིས་ཕབ་ནས་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་འགྲོ་བ་དང་། བཟློག་པའི་ཐབས་ཀྱིས་ཟློག་ནས་སླར་འོང་བ་ནི་འགྲོ་འོང་བྱང་ཆུབ་ཀྱི་སེམས་སོ། །གྲོལ་ལམ་ལ་གཉིས། སྤྱི་ནས་འདིར་སྐྱེ་ཚུལ་དུ་བརྩི་བ་དང་། འདི་ཉིད་ཀྱི་ལམ་གོང་འོག་ལ་རྩི་བའོ་དང་པོ་ནི་རང་བཞིན་གྱི་མུན་པ་ཅན་སོ་སོའི་སྐྱེ་བོ་དང་ཆེད་དུ་བྱས་པའི་མུན་པ་མུ་སྟེགས་ལ་སོགས་པ་འོག་མ་ནས་དག་ནས་མ་ཧར། སེམས་གཡོ་བ་ནི་གཡོ་བ་བྱང་ཆུབ་ཀྱི་སེམས། གོང་མའི་ཡོན་ཏན་ལ་སྨོན་པས་སྨོན་པ་བྱང་ཆུབ་ཀྱི་སེམས། དོན་ལ་འཇུག་པ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས། ཞུགས་ཤིང་གནས་པས་གནས་པ་བྱང་ཆུབ་ཀྱི་སེམས། གནས་པས་ཐོབ་ཅིང་མཐར་ཕྱིན་པས་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་སོ། །གཉིས་པ་འདི་ཉིད་ལ་སྦྱར་བ་ལ་གསུམ་ལས། སེམས་སྤྱིར་སྦྱར་ན། ཇི་སྐད་དུ། སྤྱན་འགྲེལ་དང་པོ་གཡོ་ལྡང་བྱང་ཆུབ་སེམས། །གཉིས་པ་སྨོན་པ་གསུམ་འཇུག་སེམས། །གནས་པ་མཐར་ཕྱིན་བཞི་ལྔ་པ། །ཅེས་པས། ལྟ་བ་རྟོགས་ནས་ཏིང་ངེ་འཛིན་ལ་ལྡང་བ་དང་། སྒྱུ་མ་ལ་སྨོན། ཕྱག་རྒྱ་གཅིག་པ་ལ་འཇུག་སྤྲོས་ཚོགས་ལ་གནས། རིག་འཛིན་བཞི་ལ་མཐར་ཕྱིན་པའོ། །ཟག་བཅས་ཁོ་ན་ལ་སྦྱར། སྤྱན་གསུམ་མཐོང་ནས་བཞི་དང་ལྡན། ལྔ་པ་ལྔ་པ་ཉིད་དུ་སྦྱོར། ཅེས་པས། ལྟ་བ་གཡོ་སྨོན་འཇུག་པ་གསུམ་མོ། །དེ་ཏིང་སྒྱུ་མ་རྒྱ་གཅིག་སྤྲོས་པ་དག་ལ་གནས་པའོ། །ཚོགས་བསྒྲུབ་ལ་སེམས་མཐར་ཕྱིན་པའོ། །ཐ་མ་ལམ་རེ་རེའང་སེམས་ལྔ་ལྡན་གྱི་ཚུལ་ནི། ཡང་ན་རྣལ་འབྱོར་གཅིག་ལྔ་ལྡན་ཞེས་པས་ལམ་རིམ་ལའང་སེམས་ལྔར་ཆར་སྦྱར་རོ། །གསུམ་པ་སྐྱེ་ཚུལ་གཉིས་དབྱེ་བ་དང་སྒྲུབ་བྱེད་དོ། །དང་པོ་ནི་དབང་པོ་གཉིས་ལ་ལྟོས་ཏེ་རིམས་འཇུག་ཏུ་སྐྱེ་བ་དང་། གཅིག་ཆར་དུ་འཇུག་པས་སྐྱེ་བ་གཉིས་སོ། །དེ་ལ་ཡང་རང་བཞིན་གྱི་དབང་རྣོན་པ་རིམས་དང་ཅིག་ཆར་གཉིས། སྦྱངས་པའི་དབང་རྣོན་རིམས་ཅིག་ཆར་གཉིས་ཏེ་བཞིའི་ཚུལ་གྱི་འཇུག་པ་ཉིད་དེ། ཇི་སྐད་དུ། དེ་ཡང་དབང་བཞིན་སྦྱངས་པའི་སྣོད་དུ་གྱུར་པས་ཉེ་རིངས་ཕྱིར། རིམས་དང་གཅིག་ཆར་བཞི་ཆ་ཡིན། བྱེ་བས་རྣལ་འབྱོར་ཆེན་པོར་འཇུག །ཅེས་སོ། །དེ་ལ་སྦྱངས་པའི་སྣོད་དུ་གྱུར་པས་ཉེ་རིངས་ཕྱིར། རིམ་དང་གཅིག་ཆར་བཞི་ཆ་ཡིན། ཕྱེ་བས་རྣལ་འབྱོར་ཆེན་པོར་འཇུག །ཅེས་སོ། །དེ་ལ་སྦྱངས་པའི་དབང་རྣོན་རིམ་ཀྱིས་པ་ནི་ཚེ་སྔོན་ཕན་ཆད་ནི་ལམ་སྟེགས་ཀྱི་ཐེག་པ་གཞན་ལ་དུས་རིང་པོར་བློ་སྦྱོངས་ཤིང་འདིའི་ཚེ་སྟོད་ལའང་ཐེག་པ་ཐུན་མོངས་ལ་གནས་པ་ཞིག་སླར་འཇུག་པ་སྟེ། ཇི་སྐད་དུ། སྔ་མའང་ཏནྟྲའི་གཞུང་ཉིད་ལས། ས་རྣམས་ཁྱད་པར་བཀོད་པའང་། གསང་བའི་སྙིང་པོར་གྲོལ་བའི་ལམ། །ལམ་སྟེགས་སྔོན་དུ་རྫོགས་པར་སྦྱོར། །ཞེས་སོ། །སྦྱངས་པའི་དབང་རྣོན་ཅིག་ཆར་བ་ནི། སྔ་མ་ཕན་ཆད་སྦྱངས་ཤིང་འདིའི་ཚེ་སྟོད་ཉིད་ནས་མ་ཧར་འཇུག་པ་སྟེ། ཇི་སྐད་དུ། ཁ་གཅིག་དུས་མཐའི་ཅིག་ཆར་བ། །ཐུན་མོང་དེ་ཉིད་སྦྱངས་པའི་མཐར། །སྒྱུ་འཕྲུལ་དྲྭ་བའི་དོན་གཞུང་ལའང་། །རིམ་གྱིས་སྦྱངས་ལ་ཅིག་ཆར་བགྲོད། །ཅེས་སོ། །རང་བཞིན་གྱི་དབང་རྣོན་རིམ་ཀྱིས་པ་ནི་ཚེ་སྔ་ཕན་ཆད་གཞན་ལམ་སྦྱངས་ཞིང་འདིའི་ཚེ་སྟོད་ལ་ལམ་སྟེགས་ཙམ་དུ་རེ་ཞིག་ཞུགས་པའི་མཐར་མ་ཧར་འཇུག་པ་སྟེ། ཇི་སྐད་དུ། ལ་ལ་དབང་པོ་རྣོ་བ་དག །ཐེག་པ་ཐེག་ཆེན་གཉིས་འཇུག་སྟེ། །ཕྱེ་བས་རྒྱུ་འབྲས་ཆེན་པོ་རྣམས། །མ་ངེས་འཇུག་པ་འདི་ཉིད་དུའོ། །ཞེས་སོ། །རང་བཞིན་གྱི་དབང་རྣོན་ཅིག་ཆར་བ་ནི་འདིའི་ཡང་ཚེ་སྟོད་ཉིད་ནས་མ་ཧར་འཇུག་པ་སྟེ། ཇི་སྐད་དུ། མ་ངེས་པ་ནས་འབྲེལ་རྒྱུ་རྐྱེན། །ལྡན་པ་རྣལ་འབྱོར་མཆོག་སྦྱོར་བ། །མུན་པའི་ཟེར་ཚུལ་རྩ་མེ་ལྟར། །ཞེས་སོ། །དེ་སྒྲུབ་པ་ལ་གཉིས་ལས། སྦྱངས་པའི་དབང་རྣོན་ནི་རྒྱུ་འབྲས་གཉིས་ཀའི་ལུང་རིགས་དུ་མས་གྲུབ་ཅིང་། དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་ཀྱང་ཤེས་པར་ནུས་སོ། །རང་བཞིན་གྱི་དབང་པོ་རྣོན་པོ་སྒྲུབ་པ་ལ་གཉིས་ཏེ། མེད་ན་སྐྱོན་དུ་འགྱུར་བས་ཡོད་པར་བསྒྲུབ་པ་དང་། ཡོད་པར་སྒྲུབ་པའི་རིགས་པ་དངོས་སོ་དང་པོ་ལའང་བཞི་ལས། དང་པོ་ནི་རང་བཞིན་གྱིས་དབང་རྣོན་མ་གྲུབ་ན་འཇིག་རྟེན་ཕལ་པའི་སེམས་བརྒྱད་ཀྱང་སྐྱེ་བར་མི་རིགས་ཏེ། སེམས་བརྒྱད་སྐྱེ་བ་དེ་སྦྱངས་པ་ལས་སྐྱེའམ་རང་བཞིན་གྱིས་སྐྱེས་དྲངས། སྦྱངས་པ་ལས་སྐྱེས་པའོ་ཅེ་ན་གང་ལ་སྦྱངས། སྔ་མ་ལ་སྦྱངས་སོ་ཞེ་ན། འཇིག་རྟེན་ཕལ་པའི་སེམས་བརྒྱད་ལས་སྔ་མའི་ལམ་སྟེ་སྡེ་སྣོད་ནས་བཤད་པ་མེད་དོ། །རང་བཞིན་གྱིས་སྐྱེས་ན་རང་བཞིན་གྱི་དབང་རྣོན་མེད་པར་འདོད་པ་ཉིད་ཉམས་སོ། །ཡང་གཉིས་པ་རང་བཞིན་གྱི་རྣོན་པོ་མེད་པ་སྦྱངས་པ་ཁོ་ན་ཡིན་ན་སྦྱངས་པ་མཉམ་པོ་ལ་རྣོ་རྟུལ་མི་རུང་ཞིང་། འདོད་ན་མངོན་སུམ་གྱིས་གསལ་ལོ། །དེ་ཉིད་སྔ་མ་ལ་སྦྱངས་སམ་ཅི་ཆ་ཞེ་ན། མ་སྦྱངས་སམ་ཅི་ཆ་སྟེ་ཅི་ཆ་ཡོད་ཀྱི་རིགས་པ་མི་བཏུབ་བོ། །ཡང་གསུམ་པ་ཐེག་པ་ལ་ཆེ་ཆུང་སོང་བར་མི་རིགས་ཏེ། རྒྱུ་མཉམ་པོ་ལས་སྦྱངས་པ་མཉམ་པོ་ལ་རྣོ་རྟུལ་མི་འབྱུང་ལ། དེ་མེད་ན་ཐེག་པ་ལ་ཆེ་ཆུང་མི་སྲིད་དེ། ཐེག་པ་ཆེ་ཆུང་ནི་བློ་ཁྱད་ཆེ་ཆུང་ཀྱིས་སྐྱེ་བའི་ཕྱིར་རོ། །བཞི་པ་རང་བཞིན་གྱིས་གྲུབ་པར་གསུངས་པའི་ལུང་ཐམས་ཅད་དང་ཡང་འགལ་ལོ། །གཉིས་པ་ཡོད་པར་སྒྲུབ་དངོས་ལ་ལུང་མན་ངག་རིག་པ་གསུམ་ལས། དང་པོ་ནི། དགོངས་འདུས་ལས། རྡོ་རྗེ་སེམས་དཔའི་ཞིང་ཁམས་ན་གནས་པའི་སེམས་ཆེན་པོ་འདི་དག་ནི་སེམས་ཀྱི་རང་བཞིན་སྣ་ཚོགས་པའི་ཕྱིར་ཤིན་ཏུ་ཟབ་པ་དང་། མི་ཟབ་པ་དང་། ཡངས་པ་དང་། དོགས་པ་དང་། རྣོ་བ་དང་། རྟུལ་བ་དང་། མྱུར་བ་དང་། བུལ་བ་ཤེ་དག་ལས། གསང་སྔགས་ཀྱི་གཏམ་རིམ་ཀྱིས་སམ་ཅིག་ཆར་དུ་ཐོབ་ནས་ཅེས་པ་དང་། གཞན་ཡང་ཀུན་བྱེད་ལྷ་མའི་སེམས་དབང་པོའི་མི་མཐུན་པས། ལ་ལ་དབང་པོ་ཡེ་ནས་གཅིག་ཆོད་ཡོད། ལ་ལས་སྦྱངས་པའི་དབང་པོ་འཕྲོ་ཅན་ཡོད། །ཅེས་སོ། །གཉིས་པ། མན་ངག་ལས་ཀྱང་། མངོན་པར་མཛོད། ཁ་གཅིག་ཐོག་མ་ནས་ཏེ་རིགས། ཁ་གཅིག་སྦྱངས་ལས་གྱུར་པའོ། །ཞེས་པ་དང་། ཡང་ལམ་རིམ་མ་སྦྱངས་སྒྲུབ་པ་གསུམ་ཕྱིར་ཀྱི། མཐོ་བརྟན་མྱུར་རྣོ་རྒྱ་ཆེ་ཡང་། །ཟབ་མོ་རྒྱུ་ཡི་གང་ཟག་དེ། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་རིགས་པ་ནི་མཁས་པ་ཁ་གཅིག་ན་རེ། འདར་ཞག་སེམས་ཅན་རྣམས་ཀྱི་སེམས་རྒྱུད་ཆོས་ཅན། རང་བཞིན་གྱིས་རྣོ་རྟུལ་དུ་གྲུབ་ཏེ། ཀུན་གཞི་ལ་བག་ཆགས་ཐ་སྤྱིར་བག་ཆགས་ལ་མོད་པ་ཆེ་བའི་རང་འདོད་པ། གཞུང་བསགས་པ་གཙོ་ཆེ་བར་འདོད་པའི། གཞུང་གཉིས་ཀ་ལྟར་འདོད་པའི་གཞུང་དང་གསུམ་ལས། དང་པོ་ནི་རྒྱུ་ཡང་དག་བདེན་པ་ན་རེ། ཡོད་པར་མིན་པར་བསགས་པ་ཞིག་ཡིན་ན་འོ་ཅག་གིས་ཟག་མེད་མཐོང་ལམ་གྱི་བག་ཆགས་མ་བཞག་པས་ལམ་སྦྱངས་ཀྱང་བདེན་པ་མི་མཐོང་བར་ཐལ། སྔར་ལ་བསགས་པའི་ཕྱིར་མ་བསགས་ཀྱང་མཐོང་ན་ཅི་སྟོ་ཞེ་ན་བསགས་པ་གཙོ་བོའི་དམ་བཅའ་བུད་ཟེར་རོ། །རུ་མཆོག་གི་སྡེ་པ་ན་རེ། བསགས་པ་མིན་པར་རང་བཞིན་གྱིས་ཡོད་ན་སྦྱིན་པ་མ་བཏང་བའི་ཕྱུག་པོའི་རྒྱུད་མ་སྦྱངས་པའི་རྒྱུད་དག་འབྱུང་བར་རིགས་ཏེ་མེད་པའི་ཕྱིར་ཟེར་རོ། །རུ་ཆོས་སྐྱོང་བའི་སྡེ་པ་ན་རེ་གཉིས་ཀ་ལྟར་བདེན་ནོ་ཟེར་ལོ། དད་གནས་པའི་ཕྱིར། ཅེས་ཟེར་བ་ནི། མི་འཐད་དེ། རྣོན་པོར་རྣམ་པར་འཇོག་པའི་བག་ཆགས་དེ་ཐོས་བསམ་གྱི་རྒྱུ་རྐྱེན་ལ་ལྟོས་སམ་མི་ལྟོས། དང་པོ་ལྟར་ན་རང་བཞིན་ཉིད་ཉམས་ལ། གཉིས་པ་ལྟར་ན་རྒྱུ་རྐྱེན་ལ་མ་ལྟོས་པའི་བག་ཆགས་རིགས་པ་མིན་ཏེ། འཇོག་བྱེད་མེད་པའི་ཕྱིར། ཇི་སྐད་དུ། སེམས་ནི་སྔ་མས་བཞག་པ་ཡི། །ནུས་པ་བག་ཆགས་ཡིན་པར་འདོད། །ཅེས་གསུངས་པའི་ཕྱིར་རོ། །སྔ་མ་མ་ཡིན་ཏེ། བག་ཆགས་ཡོད་པ་གཙོ་ཆེ་བར་མངོན་ནོ་ཞེ་ན། བརྟག་པར་བྱ་སྟེ། བག་ཆགས་དང་ཀུན་གཞི་གང་སྔ་བར་གྲུབ་པ་ཞིག་ཡིན་ན་དྲང། ཀུན་གཞི་སྔ་ན་རང་བཞིན་གྱིས་གྲུབ་པ་ཉམས་ཏེ། ཕྱིས་འབྱུང་བའི་ཕྱིར། བག་ཆགས་སྔ་ན་ཀུན་གཞི་མེད་པའི་བག་ཆགས་གང་དུ་སོག་པར་བྱེད། དུས་མཉམ་ནའང་གཅིག་གཅིག་གི་གཞིར་མི་རུངས་ཏེ། གླང་རུ་གཡས་གཡོན་བཞིན་ནོ། །ཡང་རྗེ་ཉ་རི་བོ་ཁ་གཅིག་འདི་སྐད་དུ། སེམས་ཅན་རྣམས་ཀྱི་ཤེས་རྒྱུད་ཆོས་ཅན། དབང་པོ་རྣོ་རྟུལ་དུ་གྲུབ་སྟེ། སེམས་ཀྱི་རང་བཞིན་སྣ་ཚོགས་པའི་ཕྱིར། ཅེས་གསུངས་པ་ནི་དྲི་མ་མེད་པའི་རྣལ་འབྱོར་པའོ། །དེ་ལ་གཞན་གྱི་ཉེ་བར་འདོགས་པའི་སྐྱོན་གསུམ་ནི། གཞི་བཟང་ངན་ཅན་དུ་ཐལ། སྦྱངས་པ་ལ་མ་ལྟོས་པའི་རྒྱུད་དག་འབྱུང་བར་ཐལ། བདག་རྟག་པའི་རྫས་དགག་མི་སྤྱོད་པར་ཐལ་ཞེས་བུམ་འགྱུར་དུ་བརྗོད་དོ། །ལན་ལ་གཉིས་གཞན་ལུགས་དགག་པ་དང་། རང་ལུགས་བརྗོད་པའོ། །དང་པོའི་ལན་དུ་སླས་རྡོ་རྗེ་འོད་ཁ་གཅིག་རྣམ་པར་ཕྱེ་ཏེ་སྨྲ་བ་ནི། གཞི་ལ་རྣོ་རྟུལ་ཐ་དད་དུ་ཡོད་པའི་ཕྱིར་ཟེར་རམ། རིས་མེད་དུ་ཡོད་པའི་ཕྱིར་ཟེར། དང་པོའི་རྟགས་མ་གྲུབ་ཅིང་། གཉིས་པའི་ཁྱབ་པ་མ་གྲུབ་ཅེས་ཟེར་བ་ནི་མི་འཐད་དེ། ཅི་རིགས་མེད་དེ་ཉིད་ཁྱབ་པ་རང་རྒྱུད་ཆོས་ཉིད་ཉིད་རང་བཞིན་གྱིས་ངོས་ནས་བརྗོད་ནས་དམ། ཆོས་ཅན་རྣམས་པའི་ཁྱད་པར་ལས་བརྗོད་དྲང་། དང་པོ་ལྟར་ན་རང་བཞིན་གྱི་དབང་པོ་མི་སྲིད་པར་ཐལ། རང་བཞིན་ལ་རྣོ་རྟུལ་གྱི་སྤུ་རིས་ཙམ་ཡང་རྡུལ་ཕྲན་བཞིན་མ་གྲུབ་པའི་ཕྱིར། གང་རྣོན་པོར་འཇོག་པ་ཉིད་ལ་རིས་ཅན་གྱིས་ཁྱབ་སྟེ། སྐྱེས་བུའི་མཚོན་ཆ་བཞིན་ནོ། །གཉིས་པ་ལྟར་ན་སེམས་ཅན་ཐམས་ཤེས་རྒྱུད་གཅིག་ཏུ་ཐལ། རྣམ་པ་ལ་ཁྱད་པར་གྱི་སྤུ་རིས་ཙམ་ཡང་དུས་མཐའ་སྐད་ཅིག་བཞིན་མ་གྲུབ་མེད་པའི་ཕྱིར་རོ། །འདོད་ན་དོན་གྲུབ་སངས་རྒྱས་པའི་ཚེ་འཁོར་བཟློག་པ་སྟོང་པར་རིགས་ཏེ་བཞད་གད་ཀྱི་སའོ། །ཡང་རང་བཞིན་གྱི་རྣོ་དེ་ཉིད་འགལ་ཟླ་ལྟ་བུ་ལ་ལྟོས་སམ་མི་ལྟོས། དང་པོ་ལྟར་ན་རང་བཞིན་མ་ཡིན་པར་ཐལ། ཆོས་གཞན་ལ་ལྟོས་པའི་ཕྱིར། གཉིས་པ་ལྟར་ན་རྣོ་བའི་ཁྱད་པར་གྱི་ཁྱད་ཆོས་མི་འགྲུབ་བོ། །རང་ལུགས་ཀྱི་རྒྱུ་བཞེད་ལན་རྣམ་པར་ཕྱེ་ཏེ་སྨྲ་བ་ནི། ཅི་ངོ་བོ་བཟང་ངན་ཅན་དུ་ཐལ་ཟེར་རམ། ལྡོག་པ་བཟང་ངན་ཅན་དུ་ཐལ་ཟེར། དང་པོ་རྣོ་རྟུལ་འཇུག་པའི་བློས་དཔྱད་པས་ཕྱིར་ངོ་བོ་ལ། ཁྱབ་པ་མ་གྲུབ་ལ། གཉིས་པ་ནི་འདོད་པ་ཁོ་ནའོ། །དེ་ལྟར་ནའང་ལྡོག་པ་དེ་ངོ་བོ་ཉིད་ལས་ཕྱེ་བ་ཞིག་གམ། གཞན་ལས་ཕྱེ་བ་ཅན་ཡིན་ཞེ་ན། མགོ་བགྲེང་དེ་ཙམ་དུ་ངོ་བོ་བུམ་ཙམ་གྱི་སྟེང་ན་བྱས་མི་རྟག་གི་ལྡོག་པ་ཐ་དད་དུ་གནས་པ་དེའང་ངོ་བོ་ཉིད་ལས་ཕྱེ་བ་ཞིག་གམ། གཞན་ལས་ཕྱེ་བ་ཞིག་ཡིན་ཞེས་དྲི་སྟེ། གཉིས་པ་ནི་སྔ་རྒོལ་ཕྱི་རྒོལ་གཉིས་ཀས་མི་འགྲུབ་ལ། དང་པོ་ལྟར་ན་འདིར་ཡང་ངོ་བོ་ཉིད་ལས་ཕྱེ་ཞེས་བྱའོ། །གཞི་ཡི་ངོ་བོ་ཡང་བཟང་ངན་ཅན་དུ་ཐལ། རྣོ་རྟུལ་དང་རྫས་དབྱེར་མི་ཕྱེད་པའི་ཕྱིར་ཞེ་ན། མཚུངས་ཏེ་བུམ་པའི་ངོ་བོ་ཡང་ཆ་གཉིས་དང་བཅས་པར་ཐལ། བྱས་མི་རྟག་དང་རྫས་དབྱེར་མི་ཕྱེད་པའི་ཕྱིར་རོ། །འདི་པའོ་ཞེ་ན་འདིར་ཡང་མཚུངས་སོ། །དོན་དམ་སྤྱོད་རིགས་ཀྱིས་བཟང་ངན་མེད་པར་ཐལ་ཞེ་ན། འདིར་ཡང་ཀུན་རྫོབ་སྤྱོད་ཤེས་ལ་ཆ་གཉིས་མེད་པར་གསལ་ལོ། །ཁྱབ་པ་མ་གྲུབ་སྟེ་བྱས་མི་རྟག་བུམ་པའི་ལྡོག་ཕྱོགས་ཡིན་གྱི་བུམ་པའི་ངོ་བོ་ཆ་གཉིས་སུ་མི་འགྱུར་རོ་ཞེ་ན། ངས་ཀྱང་རྣོ་རྟུལ་གཞི་ལྡོག་ཕྱོགས་ཡིན་གྱི་རྣོ་རྟུལ་གཞི་ངོ་བཟང་ངན་ཅན་དུ་མི་འགྱུར་ཞེས་བྱ་སྟེ། སྲིད་མཐའ་བར་དུ་མགོ་འདྲེ་བ་ཡིན་ནོ། །ལུང་བརྒྱན་ལས་ཀྱང་། ཇི་སྐད་དུ། ངོ་བོ་འོ། ཆོས་ཀྱི་དབྱིངས་ནི་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པ་ཆོས་ལྡོག་ཕྱོགས་ཀྱི་བྱེ་བྲག་གིས། དེའི་དབྱེ་བ་ཡོངས་སུ་བརྗོད། ཅེས་སོ། །གཉིས་པའི་ཡང་ཁྱབ་པ་མ་གྲུབ་ཏེ་རྣོ་རྟུལ་འཇུག་པའི་བློ་ལ་རྣམ་པར་བཞག་པའོ། །དེ་ལྟར་ནའང་རང་བཞིན་གྱིས་དབང་རྣོ་ཅིག་ཆར་བ་དེ་རྐྱེན་ཐོས་བསམ་ལ་རག་ལས་སམ་མ་ལས། དང་པོ་ལྟར་ན་སྦྱངས་པ་དང་ཁྱད་མེད་དུ་འགྱུར་ལ། གཉིས་པ་ལྟར་ན་རྒྱུད་མ་སྦྱངས་རྒྱུད་དག་གྲུབ་པ་ཉིད་དོ་ཅེ་ན། དང་པོ་ལ་བརྟག་པ་བྱ་སྟེ། ཅི་འོག་མའི་ཐོས་བསམ་ལ་རག་ལས་པའི་ཕྱིར་ཟེར་རམ། འདི་ཉིད་ཀྱི་ཐོས་བསམ་ལ་རག་ལས་པའི་ཕྱིར་ཟེར། དང་པོ་རྟགས་ཁས་མ་བླངས་ལ། གཉིས་པ་ལྟར་ན་དེ་ཙམ་གྱིས་སྦྱངས་པ་དང་ཁྱད་མེད་དུ་མི་འགྱུར་ན་ཅི་ཏོ་སྟེ་ཤ་མོ་བརྡོལ་བ་བཞིན་ནོ། །དང་པོ་ལྟར་ན་འདིར་ཡང་ཐོས་བསམ་ལ་རག་ལས་སོ། །རང་བཞིན་གྱི་རྣོ་བར་མ་ཡིན་པར་ཐལ་ཏེ། ཐོས་བསམ་ལ་རག་ལས་པའི་ཕྱིར་ཞེ་ན། ཁྱོད་ཀྱི་ལྕགས་རང་བཞིན་གྱིས་རྣོ་བ་མ་ཡིན་པར་ཐལ་ཏེ་རྐྱེན་མགར་བ་ལ་རག་ལས་པའི་ཕྱིར་རོ། དང་པོ་ལྟར་ན་འདིར་ཡང་མ་སྦྱངས་པའི་རྒྱུད་དག་སྲིད་པར་ཐལ་ཅེ་ན་དེར་ཡང་ལྕགས་ལྡོས་མཚོན་གྱི་དོན་བྱེད་ནུས་པར་ཐལ། གཞན་ཡང་རྒྱུ་ལྕགས་ཀྱི་རྣོ་རྡུལ་དང་འབྲས་བུའི་བཅུད་ཆེ་ཆུང་རྐྱེན་ལ་རག་ལས་སམ་མི་ལས་ཀྱི་བརྟགས་པས་མགོ་འགྲེ་བའང་མཚུངས་པ་ཡིན་ནོ། །གསུམ་པའི་ལས་ཁྱབ་པ་མ་གྲུབ་སྟེ་བརྟག་པ་རྐྱེན་ལ་མ་ལྟོས་ལ། འདིར་དེ་ཁས་མ་བླངས་པའི་ཕྱིར་རོ། །དེ་ལྟར་ན་རང་བཞིན་གྱི་ཆོས་གསུམ་ལྡན་ཉིད་ཉམས་སོ་ཞེ་ན། བདེན་མོད་ཀྱི་འདིར་རང་བཞིན་གྱི་ཆོས་འགའ་ཞིག་ལ་གཟུང་བ་ཉིད་ལས་ཆོས་གསུམ་ཚངས་བའི་མཚན་ཉིད་ཅན་ནི་མ་ཡིན་ཏེ། ནོག་དང་ལྐོག་ཤལ་བོད་ཀྱི་བ་གླང་ལ་མ་ཚང་ཡང་དོན་བྱེད་ནུས་ཤིང་མཚོན་བྱར་གདགས་སུ་རུང་བ་བཞིན་ནོ་ཞེས་གསུངས་མོད་ཀྱི། བདག་ནི་རྣོན་པོའི་དབྱེ་བ་རྐྱེན་ལ་ལྟོས་མོད་ཀྱི་ངོ་བོ་ཉིད་ལ་མ་ལྟོས་པར་གྲུབ་པའི་ཕྱིར་རང་བཞིན་གྱི་ཆོས་སུ་ཚང་སྟེ། རང་བཞིན་ཆོས་དབྱིངས་ཀྱང་མངོན་དུ་མ་གྱུར་བར་དུ་སྒྲིབ་པ་སྤོངས་བའི་དོན་བྱེད་མི་ནུས་པ་བཞིན་ནོ་སྙམ་དུ་སེམས་སོ། །ལམ་གྱི་དབྱེ་བ་ལ། དངོས་དང་། ཁྱད་པར་རོ། །དང་པོ་ཐབས་ཀྱི་ངེས་པའི་དོན་དང་། ཤེས་རབ་རྣམ་པར་གྲོལ་བའི་ལམ་གཉིས་ཏེ། ཇི་སྐད་དུ། རིམ་གསུམ་དབུ་མ་རྣམ་པ་གཉིས་ཡིན་ཏེ། །གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །ཞེས་སོ། །དེ་གཉིས་ཁྱད་པར་ནི་འདོད་པ་ཐ་དད་དེ། ཕྱི་བ་ཁ་གཅིག་ན་རེ་མངོན་དུ་ལྟ་བ་རྟོགས་ནས་ཕྱི་ལྟར་ཉམས་སུ་ལེན་པ་གྲོལ་ལམ། ནང་ལྟར་ཉམས་སུ་ལེན་པ་ཐབས་ཞེས་ཟེར་བའང་མི་འཐད་དེ། དེ་ལྟར་ནའང་སྙིང་པོའི་ལེའུ་བཅུ་གསུམ་བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །དབང་པོ་ཡུལ་དུས་རིག་པ་རྣམས། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །ཐུགས་ཉིད་ཆེན་པོ་ལྷག་པ་ཡི། །ཐུགས་རྗེའི་ཡེ་ཤེས་ལྔ་བརྟས་ཤིང་། ཅེས་པས། པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དེ་ཡང་གྲོལ་ལམ་དུ་ཐལ། འདོད་ན་དངོས་སུ་ཐབས་ལམ་དུ་གསལ་ལོ། །ཁ་ཅིག་ན་རེ་ཐེག་པ་འོག་མའི་སྤྱད་ན་འཆིང་བའི་ཉོན་མོངས་ལྔ་པོ་དག་འདིར་སྤྱད་ན་གྲོལ་བའི་ཐབས་སུ་སྟོན་པ་ཐབས་ལམ། ཐོས་བསམ་སྒོ་གསུམ་གྱིས་ཤེས་པའི་རྒྱུད་གྲོལ་བར་བྱེད་པ་གྲོལ་ལམ་ཞེས་ཟེར་བའང་མི་འཐད་དེ། གསང་སྔགས་མཐའ་དག་ཀྱང་ཐབས་ལམ་དུ་ཐལ། །ཉོན་མོངས་པ་མ་སྤངས་པར་གྲོལ་བའི་ཐབས་སུ་སྟོན་པའི་ཕྱིར། འདོད་ན་གསང་སྔགས་ལ་གྲོལ་ལམ་གཏན་མི་འབྱུང་བར་འགྱུར་རོ། །ཡང་ཉང་འོད་ཁ་གཅིག་ན་རེ། དབང་དང་བདེ་བ་སྟོན་པ་ཐབས་ལམ། ཤེས་རབ་གསུམ་གྱི་སྒོ་ནས་ཉམས་སུ་ལོན་པ་གྲོལ་ལམ་ཞེས་ཟེར་བའང་མི་འཐད་དེ། མངོན་དུ་ཕྱུང་བའི་ལམ་སྒྲོལ་བ་འདི་ཐབས་ལམ་མ་ཡིན་པར་ཐལ། དབང་དང་བདེ་བ་མི་སྟོན་པའི་ཕྱིར། འདོད་ན་ངོ་མཚར་ངན་འགྲོ་ཐར་མི་ཐབས་ཅེས་པས་ཐམས་ལམ་དུ་གསལ། གཏན་ཚིགས་ནི། ཇི་སྐད་དུ། ཕུང་པོ་ལྔ་པོ་གཞིག་པར་བྱ། །བཤིག་ན་འབྱུང་བའི་བག་ལ་ཞ། །རྣམ་ཤེས་མེད་པས་བསད་བྱས་ན། །སྨིན་ལམ་སྲོག་བཅད་ཚུལ་བཞིན་ནོ། །ཞེས་པའི་ལུང་གི་གྲུབ་བོ། །བདག་གི་བླ་མ་ནི། གཙོ་བོར་ཤེས་རབ་གསུམ་གྱི་སྒོ་ནས་རང་གི་རྒྱུད་གྲོལ་བར་བྱེད་པ་ནི་གྲོལ་ལམ། གཙོ་བོར་ཐབས་ཀྱི་ཁྱད་པར་གྱི་སྒོ་ནས་ཉམས་སུ་ལེན་པ་ནི་ཐབས་ལམ་གསུངས། དེ་ལྟར་ནའང་གྲོལ་ལམ་ལ་ཐབས་དང་གདམས་ངག་མི་དགོས་ཤིང་ཐབས་ལམ་ལ་ཤེས་རབ་གསུམ་དགོས་པར་ཐལ་ཞེ་ན། རྣམ་པར་ཕྱེ་སྟེ་གཙོ་བོར་མི་དགོས་པ་ཉིད་འདོད་ལ། ཐམས་ཅད་ཁྱབ་པ་མི་དགོས་པའི་ཁྱབ་པ་མ་གྲུབ་ཅེས་གསུངས་པ་ནི་ལེགས་པར་དགོངས་སོ། །དེ་ཉིད་གཏན་ལ་དབབ་པའི་དང་པོ་ཐབས་ལམ་ལ་གཉིས། དངོས་དང་། རྩོད་སྤོང་དང་། དང་པོ་ལ་གཉིས། རིམས་ཀྱི་པ་དང་། ཅིག་ཆར་བའོ། །དང་པོ་ཐབས་ལམ་རིམ་ཀྱིས་པ་ནི་སྟེང་སྒོ་འཁོར་ལོ་དྲུག་ལ་བརྟེན་ནས་གཏུམ་མོ་ཡེ་ཤེས་ཀྱི་མེ་དང་། ཐིག་ལེ་བྱང་ཆུབ་སེམས་འབར་འཛག་གི་སྦྱོར་བས་འཁོར་ལོ་བཞིར་ཁྱབ་བརྡལ་༼སྤྱི་༽ ཆེན་པོའི་མན་ངག སྦྱོར་བ་༼མགྲིན་༽དག་པའི། ཀུན་ཏུ་བཟང་༼ སྙིང་༽ པོའི། བདེ་ཆེན་ཐིག་ལེའི་༼ལྟེ་༽ རང་བཞིན། བདེ་བ་ཡེ་ཤེས་ལ་རིམ་ཀྱིས་སློབ་པ་ཏེ། ཇི་སྐད་དུ། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཅེས་པའི་དོན་ནོ། །ཐབས་ལམ་ཅིག་ཆར་བ་ནི་འོག་སྒོ་མཁའ་གསང་གཉིས་ལ་བརྟེན་ནས་ཐིག་ལེ་དྲོད་བབས་ཀྱི། ཐབས་ཉིད་ཤེས་རབ་དུ་སྦྱོར་བ། ཤེས་རབ་ཉིད་དུ་ཐབས་སུ་སྦྱོར་བ། ཐབས་ཤེས་རབ་གཉིས་སུ་མེད་པར་སྦྱོར་བའི། མན་ངག་གིས་གཉིས་ཤོར་གཉིས་མཉམ་ཀྱི་སྐད་ཅིག་གི་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་པ་སྟེ། ཇི་སྐད་དུ། ལྐུགས་པ་གསུམ་གྱིས་སེམས་ལྔ་རིམ། །སྐྱེས་པས་བཅུ་དྲུག་ས་ཐོབ་པ། རང་བཞིན་ལྷན་ཅིག་སྐྱེས་མྱོང་ཉིད། །འཆིང་བ་ཉིད་ཀྱི་ཐར་བའི་ཐབས། །ཅེས་པའི་དོན་བཞིན་ནོ། །རྩོད་སྤོང་ལའང་གཉིས་ཏེ། དངོས་ཞར་ལ་ཉོན་མོངས་མི་སྤོངས་བའི་ཧེ་དུའོ། །དང་པོ་འོན་ཏང་ན་ཐབས་ལམ་དེས་ཉོན་མོངས་པ་ལམ་དུ་བྱེད་པ་ཡིན་ནམ་མ་ཡིན་ཞེས་དྲངས། གཉིས་པ་ལྟར་ན་གསང་སྔགས་ཐབས་ཀྱི་ཁྱད་པར་དོན་མེད་དུ་ཐལ། ཉོན་མོངས་པ་ཉིད་ལམ་དུ་མ་སློང་བའི་ཕྱིར། འདོད་ན། ཉོན་མོངས་རང་དང་སྤྱིར་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་བའི་ལམ་དུ་འགྱུར། །ཞེས་པ་ཉིད་ལམ་དུ་གྱུར་པ་ཉིད་དུ་གསལ་ལོ། །དང་པོ་ལྟར་བྱེད་ན་མཚན་ཉིད་དང་ལྡན་པ་ལམ་དུ་བྱེད་དོ། །མི་ལྡན་པ་ཞིག་ལམ་དུ་བྱེད། །གཉིས་པ་ལྟར་ན་གྲོལ་ལམ་ལ་ཡང་ཐབས་ལམ་དུ་ཐལ། གཏན་ཚིགས་མ་གྲུབ་ན་དམ་བཅའ་བུད་ཅིང་། །འདོད་ན་གྲོལ་ལམ་གྱི་ངེས་ཚིག་ཉམས་སོ། །མཚན་ཉིད་དང་ལྡན་པ་ལམ་དུ་བྱེད་ན་དེས་གྲོལ་ལམ་མི་གྲོལ། དང་པོ་ལྟར་ན་མཚམས་མེད་བྱེད་པའང་གྲོལ་བར་ཐལ། ཉོན་མོངས་པ་རང་རྒྱུད་ལ་ང་བཅས་པའི་ཕྱིར་འདོད་པར་མི་ནུས་སོ། །གཉིས་པ་ལྟར་མི་གྲོལ་ན་ནི་ལམ་དུ་བྱེད་པ་དོན་མེད་དུ་ཐལ། གྲོལ་ཐར་མི་འབྱུང་བའི་ཕྱིར་ཞེ་ན། ལན་ནི། ལམ་དུ་བྱེད་ཀྱིས་མི་མོ་མཚན་ཉིད་དང་ལྡན་པར་ལམ་དུ་བྱེད་དོ། དེས་གྲོལ་ཐར་ཡང་འབྱུང་གསུངས། དེ་ལྟར་ན་མཚམས་མེད་སྤྱད་པས་ཀྱང་གྲོལ་བར་ཐལ་ཞེ་ན། བརྟག་པར་བྱ་སྟེ། ཡང་དག་པའི་ཐབས་ཀྱིས་ཟིན་ནས་གྲོལ་བར་ཐལ་ལམ། མ་ཟིན་ཀྱང་གྲོལ་བར་ཟེར། དང་པོ་ནི་འདོད་པ་ཉིད་ཡིན་ལ། གཉིས་པ་ལྟར་ན་ཐབས་ཀྱིས་ཟིན་པ་མི་གྲོལ་ན་ཅི་སྟོ་ཏེ་ཁྱབ་པ་མེད་དོ་ཅེས་གསུང་མོད་ཀྱི། བདག་ནི་རང་བཞིན་ཡོངས་སུ་ཤེས་པའི་ཤེས་རབ་ཀྱིས་ཟིན་ན་གསལ་ཆ་ཉིད་ལམ་གྱི་གྲོགས་ཁྱད་པར་ཅན་དུ་འགྱུར་བའི་ཕྱིར་ཆེད་དུ་བསྟན་ལ། དེས་མ་ཟིན་ན་རང་ཀ་མའི་ཉིད་ཀྱིས་ཐར་པའི་སྲོག་དང་བྲལ་བར་སེམས་ཏེ། ཇི་སྐད་དུ། ཆགས་པས་ཁམས་འགྲུབ་ཅི་ཤོས་ཀྱིས། །རང་བཞིན་ཡེ་ཤེས་འགྲུབ་བྱེད་པའོ། །ཅེས་པས་སོ། །དེས་གྲོལ་ལམ་དང་མཚུངས་པར་ཡང་མི་འགྱུར་ཏེ། གྲོལ་ལམ་པ་དག་ཆེད་དུ་མི་བསྟན་པའི་ཕྱིར་རོ། །གཉིས་པ་མི་སྤོང་བའི་གཏན་ཚིགས་ནི། ཉོན་མོངས་པ་དུག་ལྔ་འདི་ཆོས་ཅན། གསང་སྔགས་ཀྱི་ལུགས་ཀྱིས་མི་སྤོང་ཞིང་ལམ་དུ་བྱེད་དེ། གཏན་ཚིགས་བཞི་དང་ལྡན་པའི་ཕྱིར་རོ། །བཞི་གང་ཞེ་ན། དང་པོར་སྤང་བྱ་རྫས་མ་གྲུབ་ཏེ་སེམས་ཉིད་ཀྱི་རང་རྩལ་ཡིན་པའི་ཕྱིར། སྨིག་རྒྱུ་ལ་ཆུ་རགས་བྱ་མི་དགོས་ཏེ་སྨིག་རྒྱུར་ཤེས་པས་ཆོག་པ་བཞིན་ནོ། །ཇི་སྐད་དུ། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ནས་བྱུང་། །ཞེས་སོ། །རིགས་ལྔ་ཡེ་ཤེས་ལྔའི་ངོ་བོ་ཡིན་པའི་ཕྱིར་ཡང་མི་སྤོང་ཏེ། དངུལ་རྡོ་དང་དངུལ་གྱི་ངོ་བོར་གནས་པ་བཞིན་ནོ། །ཇི་སྐད་དུ། ཞེ་སྡང་ཞེས་བྱ་རྡོ་རྗེའི་རིགས། ཅེས་པ་ལ་སོགས་པ་བཤད་དོ། །ཕྱོགས་གཅིག་པའི་ཞེན་པ་བཟློག་པའི་ཕྱིར་ཡང་མི་སྤོང་ཏེ། །འོག་མ་བས་ཉོན་མོངས་པ་སྤང་བྱ་ཕྱོགས་གཅིག་ཏུ་ཞེན་པ་ལ། འདིར་ཐབས་ཀྱིས་ཟིན་པས་སྤྱད་ན་རྣམ་བྱང་གི་ལམ་དུ་གྱུར་པའི་ཕྱིར། དྲང་སྲོང་མེ་བྱི་བའི་ལོ་རྒྱུས་ལྟ་བུའོ། །ཇི་སྐད་དུ། མདོ་ཉོན་མོངས་པ་རྣམས་ནི་སྤང་བྱ་མེད་དེ་འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ནི་ཡ་མ་རླ་ཡིན་པའི་ཕྱིར་རོ། །ཞེས་སོ། །བཀའ་ཟབ་མོ་ལ་གུས་པ་སྐྱེ་བའི་རྒྱུར་འགྱུར་བའི་ཕྱིར་ཡང་མི་སྤོང་ཏེ། ཐབས་ཀྱི་ཆེ་བ་རྨད་དུ་བྱུང་བའི་སྒོ་ནས་ཉོན་མོངས་པ་ཉིད་མ་བཀག་པར་སྔོན་གྱི་རྣམ་པར་བསྒྱུར་ནུས་ཏེ། སྔགས་ཀྱི་ནུས་པས་དུག་སྨན་དུ་བྱེད་པ་བཞིན་ནོ། །ཇི་སྐད་དུ། འདུས་པ། ཐབས་ཆེན་གང་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་སོ། །གཉིས་པ་གྲོལ་ལམ་གཏན་ལ་དབབ་པ་ལ་གཉིས་ཏེ། ལམ་གྱི་གཙོ་བོ་དང་། ཆ་རྐྱེན་ནོ། །ཇི་སྐད་དུ། དེ་བཞིན་གཙོ་དང་གྲོགས་ཀྱིས་བསྡུ ། །ཅེས་སོ། །དེ་གཉིས་ཀྱི་ཁྱད་པར་ཀྱང་ཤེས་འཇུག་གི་དངོས་གཞིར་གྱུར་པ་ནི་གཙོ་བོའི་ལམ་ལ། གྲོགས་ཀྱི་ཡན་ལག་ཏུ་གྱུར་པ་ནི་ཆ་རྐྱེན་ནོ། །ཆ་རྐྱེན་ནི། ཐུགས་ཐིག་གཙོ་དང་ཡན་ལག་རྣམ་བཅུའོ། །ཅེས་པས་རྒྱུད་ཀྱི་དངོས་པོ་བདུན་ནམ་བཅུ་སྟེ། དེ་ཡང་ལྟ་བ་ནི་འོག་ནས་བསྟན་ཏོ། སྤྱོད་པ་ལ་གཉིས་ལས། སྤྱིའི་སྤྱོད་པ་ནི་ལུས་ངག་ཡིད་གསུམ་ཡོངས་སུ་དག་པ་ལ་བྱ་ཞིང་། བྱེ་བྲག་ལ་བརྒྱད་དེ་འོག་ནས་བསྟན་ཏོ། །དཀྱིལ་འཁོར་ལ་གསུམ་སྟེ། ངོ་བོ་ནི་བཀོད་པ་ལྷའི་འཁོར་ལ་རྫོགས་པར་ལྡན་པའོ། །ངེས་ཚིག་ནི། དཀྱིལ་གཙོ་བོ་ལ་མཐའ་འཁོར་གྱིས་བསྐོར་བའི་ཕྱིར་རོ། །དབྱེ་ན་གསུམ། བདུན་བཅུ་གཉིས་སོ། །དང་པོ་ནི་རང་བཞིན་དང་ཏིང་ངེ་འཛིན་དང་། གཟུགས་བརྙན་ནོ། །གཉིས་པ་ནི། རང་བཞིན། གཟུགས་བརྙན། ལྷག་པ་གཟུགས་བརྙན། ཏིང་ངེ་འཛིན། ལྷག་པ་ཏིང་ངེ་འཛིན། བྱང་ཆུབ་སེམས། ཚོམ་བུ་ཚོགས་ཀྱི་དལ་ལོ། །གསུམ་པ་ནི་སིན་དྷར་ཏར་ཤེས་པའོ། །དབང་ལ་གསུམ་སྟེ། ངོ་བོ་ནི་རྡོ་རྗེ་སློབ་དཔོན་ལ་རགས་ལས་པའི་ནུས་པ་ཁྱད་པར་ཅན་ནོ། །ངེས་ཚིགས་ནི། མ་སྨིན་པ་སྨིན་པའམ། མ་དག་པ་དག་པར་བྱེད་པའོ། །དབྱེ་ན་ཞི་བའི་དབང་བཅོ་བརྒྱད་ཁྲོ་བོའི་དབང་སུམ་ཅུ་རྩ་དྲུག་གོ །དམ་ཚིག་ལ་གསུམ་ལས། ངོ་བོ་ནི་བསྲུང་བྱའི་དོན་ཁྱད་པར་ཅན་ལ་སེམས་དཔའ་ས་བོན་དང་བཅས་པའོ། །ངེས་ཚིག་ནི། དོན་ཇི་ལྟར་བཅས་པ་ལས་མི་འདའ་ཞེ་ན་འདས་ན་ངན་སོང་གི་གནས་སུ་རྒྱུད་འཚིག་པའི་ཕྱིར་རོ། །དབྱེ་ན་རྒྱས་འབྲིང་བསྡུས་པའི་ཚུལ་ལམ། ཡང་ན་སུམ་བརྒྱ་དྲུག་ཅུའོ། །ཕྲིན་ལས་གསུམ་ལས། ངོ་བོ་ནི་གཙོ་བོར་གཞན་དོན་ལ་དམིགས་པས་བྱེད་བཅས་སོ། །ངེས་ཚིག་ནི་གདུལ་བྱ་དང་འཚམས་པར་དོན་བྱེད་པའོ། །དབྱེ་བ་ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པ་དང་ལྔའོ། །སྒྲུབ་པ་ལ་གསུམ་ལས། ངོ་བོ་ནི་དམིགས་པའི་ཡུལ་ལ་འཇུག་པའོ། །ངེས་ཚིག་ནི་འབྲས་བུས་མངོན་དུ་བྱེད་པའི་ཕྱིར་རོ། །དབྱེ་ན། འཇིག་རྟེན་གྱི་བདེ་འབྲས་འགའ་ཞིང་དོན་དུ་གཉེར་བ་ཐུན་མོང་གི་བསྒྲུབ་པ་དང་། མྱང་འདས་ཀྱི་བདེ་འབྲས་ཡོངས་སུ་དོན་དུ་གཉེར་བ་མཆོག་གི་བསྒྲུབ་པའོ། །ཇི་སྐད་དུ། རོ་ལངས་ཚོ་དང་པྲ་སྒྲུབ་དང་། །ལྷ་ཆེན་པོ་དང་རྒྱལ་པོ་བཞི། །གདུག་པ་ཀླུ་འདུལ་རྒྱལ་བློན་གྱི། །ཆུང་མ་དབང་དུ་བྱ་བ་གཉིས། །ཡུལ་ཁམས་ལྕེ་སྤྱང་རྐང་མགྱོགས་བསྒྲུབ། །ཚེ་འདིའི་ཆེད་ཕྱིར་འཇིག་རྟེན་པའོ། །ཅེས་པ་དང་། གཉིས་པ་ནི། རྡོ་རྗེ་སེམས་དང་སྨན་སྒྲུབ་དང་། །རིགས་བཞི་བསྒྲུབ་དང་ཡུམ་ལྔ་སེམས། །བྱིན་དབབ་བསྒྲུབ་པ་རྣམ་གཉིས་སོགས། །ཅེས་སོ། །ཏིང་ངེ་འཛིན་ལ་གསུམ་ལས། ངོ་བོ་ནི་སེམས་རྩ་གཅིག་པའོ། །ངེས་ཚིག་ནི་མ་ཡེངས་ཤིང་མི་གཏོང་བའོ། དབྱེ་ན་རྟོག་བཅས་ལྷའི་རྣལ་འབྱོར་མཚན་བཅས་ཀྱི་ཏིང་ངེ་དང་། རྟོག་མེད་ཆོས་ཉིད་དེ་བཞིན་མཚ ན་མེད་ཀྱི་ཏིང་འཛིན་གཉིས་སོ། མཆོད་པ་ལ་གསུམ་ལས། ངོ་བོ་ནི་དབུལ་བྱའི་ཡུལ་ལ་དམིག་པའོ། ངེས་ཚིག་ནི་གནས་སུ་སྟོབས་པའི་ཕྱིར་རོ། །དབྱེ་བ་ནི། ཕྱིའི་མཆོད་པ་ཉེ་བར་སྤྱད་པ་ལྔ། ནང་དམ་རྫས་བདུད་རྩི་ལྔ། གསང་བ་ཟབ་མོ་སྦྱོར་སྒྲོལ་ལོ། །སྔགས་དང་ཕྱག་རྒྱ་གཉིས་ལས། སྔགས་ཀྱི་ངོ་བོ་ནི་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའོ། །ངེས་ཚིག་ནི། དུག་གསུམ་གཏིང་ནས་འབྱིན་པས་སོ། །དབྱེ་ན། གསང་སྔགས། རིག་སྔགས། གཟུངས་སྔགས། ཕྱག་རྒྱའི་ངོ་བོ་ནི་ལྷའི་ཏིང་ངེས་སོ། །ངེས་ཚིགས་ནི་ཐ་མལ་གྱི་རྟོག་པ་རྒྱས་འདེབས་པ་ཉིད་དོ། །དབྱེ་ན། དམ་ཚིག །ཆོས་ལས་ཞི་བ་ཆོས་ཉིད་དོ། །ལམ་གྱི་གཙོ་བོ་ལ་གསུམ་སྟེ། དབྱེ་བ་དང་། ཁྱད་པར་དང་། གཏན་ལ་དབབ་པའོ། །དང་པོ་ནི་གྲོལ་ལམ་རིམ་གྱིས་པ་དང་། ཅིག་ཆར་པའོ། །དེ་གཉིས་ཁྱད་པར་ལ་གཉིས། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ནི་ཁ་ཅིག་རྗེ་མེ་ཉག ན་རེ། སྔོན་དུ་ལྟ་བ་རྟོགས་ནས་ཏིང་ངེ་འཛིན་ཁ་སྤོས་ནས་ཉམས་སུ་ལེན་པ་ནི་རིམ་ཀྱིས་པ། མ་སྤོས་པར་ཉམས་སུ་ལེན་པ་ནི་ཅིག་ཆར་བའོ། །ཅེས་ཟེར་བ་ནི་མི་འཐད་དེ། དེ་ལྟར་ན་ཕྱག་རྒྱ་ལམ་དུ་ཁྱེར་བའི་ཅིག་ཆར་བ་འདི་ཅིག་ཆར་བ་མ་ཡིན་པར་ཐལ། ལྟ་བའི་སྐབས་སུ་ལྷའི་སྐུ་མི་བསྒོམ་ལ། ཏིང་ངེ་འཛིན་ལྷ་བསྒོམ་པ་ཁ་སྤོས་ནས་འདུག་པའི་ཕྱིར་རོ། །ཁ་རག་པ་སྤང་ཁ་གཅིག་ན་རེ་སངས་རྒྱས་ཀྱི་ས་ལ་དུས་མྱུར་དུ་སྦྱོར་བ་ནི་ཅིག་ཆར་བ། བུལ་བར་སྦྱོར་བ་ནི་རིམ་ཀྱིས་པ་ཟེར་བའང་མི་འཐད་དེ། ཐོད་རྒལ་བ་འདི་ཡང་ཅིག་ཆར་བར་ཐལ། རིམ་གྱིས་པ་ལ་ལྟོས་ནས་མྱུར་བར་སྦྱོར་བའི་ཕྱིར། འདོད་ན་ཐོད་རྒལ་ཉམས་ཤིང་ཁྱབ་པའང་རང་རྒྱུད་ལ་གྲུབ་སྟེ་མྱུར་སྦྱོར་གྱིས་ཁྱད་པར་དུ་བྱས་པས་སོ། །གསུངས། གྱི་ཇོ་ཟླ་བ། ཡང་ཁ་ཅིག་ན་རེ། སེམས་ལྔ་དུས་མྱུར་བར་སྐྱེ་བ་ནི་ཅིག་ཆར་བ། དུས་བུལ་བ་ལས་མི་སྐྱེ་ན་རིམ་གྱིས་པ་ཟེར་བའང་མི་འཐད་དེ་སྐྱོན་གོང་དང་མཚུངས་སོ། །བདག་གི་བླ་མ་རོག་ནི། དབྱེར་མེད་ཅིག་ཆོད་དུ་རྟོགས་ཅིག་ཆོད་དུ་བསྒོམ། ཅིག་ཆོད་མཐར་ཕྱིན་པ་ནི་ཅིག་ཆར་བ། དབྱེར་མེད་རིམ་གྱིས་རྟོགས། རིམ་གྱིས་བསྒོམས། རིམ་གྱིས་མཐར་ཕྱིན་པ་ནི་རིམ་གྱིས་པ་ཏེ་ཞེས་བཞེད་པ་ཉིད་ལེགས་སམ། དེ་ལྟར་ནའང་ཅིག་ཆར་བ་ལ་སེམས་ལྔ་སྐྱེའམ་མི་སྐྱེ་དྲང་། གཉིས་པ་ལྟར་ན་སེམས་ལྔ་ལམ་གྱི་ངོ་བོ་མ་ཡིན་པར་ཐལ། འདོད་པར་ནི་མི་ནུས་ཏེ། ཇི་སྐད་དུ། ངོ་བོ་ཤེས་རབ་རྣམ་གསུམ་གྱིས། །སེམས་ལྔ་སྐྱེ་བར་བསྟན་པ་ཡིན། །ཞེས་པས་གསལ་ལོ། དང་པོ་ལྟར་ནའང་རིམ་གྱིས་སྐྱེའམ་ཅིག་ཆར་དུ་སྐྱེ། དང་པོ་ལྟར་ན་ཅིག་ཆར་བར་ཐལ། བསྐྱེད་རིམ་ཡོད་པའི་ཕྱིར། རྡོའི་འཁོར་ལོ་ལྔ་འབུག་པ་བཞིན་ནོ། །གཉིས་པ་ལྟར་ན་གྲོལ་ལམ་ཤེས་རྒྱུད་ལྔ་ལྡན་དུ་ཐལ། སྐད་ཅིག་མ་འཐུད་པའི་གོ་རིམ་མེད་པའི་ཕྱིར་རོ། །ཁྱབ་པའང་རང་རྒྱུད་ལ་གྲུབ་ཏེ་གོ་རིམ་མེད་ན་སེམས་ལྔ་ཅིག་གི་གོ་སར་མཚུངས་པར་བསྒྱུར་ཞིང་། འདོད་ནའང་། འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། ཞེས་པས་གསལ་ལོ། ལན་ལ་གཉིས་ལས་སོ་སོར་གདབ་པ་ནི། སྐྱེ་ནི་སྐྱེ་མོད་ཀྱི་སྐྱེ་ལུགས་ཡོད་དེ་ཐོད་རྒལ་ལམ་རིམ་གྱིས་ལ་ལྟོས་ནས་ཤིན་ཏུ་མྱུར་བར་སྐྱེ་ཤེས་བྱའོ། །མགོ་བསྒྲེའི་ལན་ནི། ཨུཏྤལ་གྱི་འདབ་མ་ལྔ་མདའ་ཅིག་གིས་དུས་ཅིག་དུ་ཕུག་པའི་ཚེ་རིམ་གྱིས་རྡོལ་ལམ། ཅིག་ཆར་དུ་རྡོལ། གཉིས་པ་ལྟར་ན་འདིར་ཡང་སེམས་ལྔ་ཅིག་ཆར་དུ་སྐྱེའོ། །འགྲོ་ལ་ཤེས་རྒྱུད་ལྔ་ལྡན་དུ་ཐལ་ལོ་ཞེ་ན། ཨུཏྤལ་ལྔ་ཡང་འགོགས་པ་ཅིག་གནས་པར་ཐལ། །རིམ་གྱིས་རྡོལ་ལོ་ཞེ་ན། འདིར་ཡང་སེམས་ལྔ་རིམ་གྱིས་སྐྱེའོ། །རིམ་པས་སྐྱེ་བའི་ཕྱིར་ཅིག་ཆར་བ་མ་ཡིན་པར་ཐལ་ལོ། ཞེ་ན། རིམ་གྱིས་རྡོལ་བའི་ཕྱིར། དུས་ཅིག་ཏུ་ཕུག་པར་ཐལ་ལོ། །འདོད་པར་ནི་གཉིས་ཀས་ཀྱང་མི་ནུས་ཤིང་ཁྱབ་པའང་རང་རྒྱུད་ལ་མཚུངས་པར་གྲུབ་བོ། །ལམ་གཅིག་ཆར་བ་གཏན་ལ་དབབ་པ་ལ་དྲུག་སྟེ། མཚོན་པའི་དཔེ། དགོས་པ། ངོ་བོ། དབྱེ་དོན། མཚན་ཉིད་གསུམ་དང་སྦྱོར་བའོ། །དང་པོར་བསླབ་གཞིའི་ནི། སྲིད་པ་བརྫུས་སྐྱེས་སུ་ཆོས་མཐུན་པའོ། །དགོས་པ་ནི། དབང་པོ་ཡང་རབ་ཀྱིས་འབྲས་བུ་ཐོབ་པའི་ཐབས་སུ་གྱུར་བའོ། །ངོ་བོ་ནི་དབྱེར་མེད་ཅིག་ཆོད་དུ་བསྒོམ་པའོ། །ངེས་ཚིག་ནི་སངས་རྒྱས་ཀྱི་སར་མྱུར་དུ་སྦྱོར་བའི་ཕྱིར་རོ། །དབྱེ་ན་གཉིས་ལས། མཚན་བཅས་ལྷ་བསྒོམ་པའི་ཅིག་ཆར་བ་ནི་ཆོ་གའི་ཡན་ལག་ལ་མ་ལྟོས་པར་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ཅིང་གསལ་བ་སྟེ། ཇི་སྐད་དུ། སྐད་ཅིག་སྐུ་གསལ་འོད་དུ་འབར། །སྙིང་པོར་བརྗོད་པས་འཁོར་ལོར་ཤར། །ཅེས་སོ། །མཚན་མེད་དེ་བཞིན་ཉིད་བསྒོམས་པའི་ཅིག་ཆར་བ་ནི་སྒོམ་ཞི་གནས་ལྷག་མཐོང་དབྱེར་མེད་ཡོངས་རྫོགས་སུ་གསལ་བ་སྟེ། ཇི་སྐད་དུ། ཐིག་ལེ་ཆེན་པོའི་རང་བཞིན་ལས། །བསྒོམ་པ་རྣམ་གསུམ་དུས་ཅིག་རྫོགས། །ཅེས་སོ། །མཚན་ཉིད་གསུམ་དང་སྦྱར་བ་ནི། དབྱེར་མེད་ཅིག་ཅོད་དུ་ལྟ་རྟོགས་པ་རྒྱུ་ཤེས་པ་ལྟ་བ། ཅིག་ཆོད་དུ་གོམས་པ་རྐྱེན་འཇུག་པ་ཏིང་ངེ་། ཅིག་ཆོད་དུ་མངོན་དུ་གྱུར་པ་འབྲས་བུའོ། །རིམ་གྱིས་པ་གཏན་ལ་དབབ་པ་ལ་ཟག་བཅས་ཟག་མེད་དམ་ལྟ་བ་དང་ཏིང་ངེ་གཉིས་སུའང་ཅིག་དུ་རུང་མོད་ཀྱི་འདིར་རེ་ཞིག །མཚན་ཉིད་གསུམ་གྱིས་ཁོག་འཆིང་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་། ལམ་དུ་གྱུར་པའི་འབྲས་བུ་རིག་འཛིན་ནོ། །ཇི་སྐད་དུ། སྙིང་པོ་ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཅེས་སོ། །དང་པོ་ནི། ཇི་སྐད་དུ། ལམ་རིམ་གཞི་དང་གཏན་ཚིགས་གྲུབ་པའི་དོན། ཅེས་པའི་ཚུལ་གྱིས་ཆོས་གསུམ་གྱི་སྒོ་ནས་རྟོགས་པར་བྱ་སྟེ། གཞལ་བྱ་ཚོན། དེ་གཏན་ལ་ཕེབ་པའི་གཏན་ཚིགས། དེས་གཏན་ལ་ཕབ་པའི་གྲུབ་མཐའ་འོ། །དང་པོ་ལ་བཞི། གཞལ་བྱ་དངོས་དང་། དེ་ཤེས་རབ་གང་གི་ཡུལ་ཡིན་པ་དང་། སྐབས་འཕྲོས་ཀྱི་དགོས་པ་གསལ་བ་དང་། རྩོད་པ་སྤང་བའོ། །དང་པོ་ནི་འཁོར་བའི་ཆོས་གཟུང་འཛིན་རང་རྒྱུད་དུ་ཞེན་པ་དང་། མྱང་འདས་སྐུ་དང་ཡེ་ཤེས་སམ་ལམ་གྱི་གཉེན་རྟེན་ལ་ཞེན་ཅིང་འཛིན་པ་དག་སྟེ། ཇི་སྐད་དུ། ལམ་རིམ་འཁོར་དང་འདས་པའི་ཞེན་སྣང་བརྟག་ཅེས་གསུང་པའི་ཕྱིར་རོ། །གཉིས་པ་དེ་ཤེས་རབ་གང་གིས་ཡུལ་ཡིན་ན་ཡིད་ཀུན་བརྟགས་པའི་རྟོག་པ་དེ་ཉིད་ཤེས་རབ་དང་པོའི་རྐྱེན་གྱིས་བར་མ་བསམ་པའི་ཤེས་རབ་དུ་གནས་འགྱུར་བའི་སྤྱོད་ཡུལ་ཏེ། ཇི་སྐད་དུ། རྣམ་བཀོད་བརྗོད་པའི་དངོས་པོ་སྤྱོད་ཡུལ་ལ། ། སོ་སོར་རྟོག་པའི་གཏན་ཚིགས་རྐྱེན། ཞེས་པ་དང་། ལམ་རིམ་གཞན་ཡང་ཀུན་བརྟགས་ཤེས་པ་བར་མར་འགྱུར། ཞེས་པའང་བར་མའི་ཡུལ་ཕྱིར། ཅེས་སོ། །གསུམ་པ་དེ་གཏན་ཚིག་ཀྱི་མཐའ་དག་པར་བྱ་ཞིང་དོགས་པ་གསལ་བ་ལ་གཉིས་ཏེ། གཞལ་བྱ་མེད་པའི་དོགས་པ་བསལ་བ་དང་། གཞལ་གྱིས་མི་ལང་བའི་དོགས་པ་བསལ་བའོ། །དང་པོ་ནི་ཡིད་གནས་སུ་འགྱུར་གྱི་བསམ་ཤེས་དེས་མྱང་འདས་ལ་འཇལ་ལམ་འཁོར་བ་ལ་མཇལ་ཞེས་བསམ་པར་བྱ་སྟེ། དང་པོར་མྱང་འདས་རང་གི་མཚན་ཉིད་ལ་གཞལ་བར་མི་རུང་སྟེ་ལས་དང་པོ་ལ་མོས་སྤྱོད་ཀྱི་རིགས་ཤེས་ལ་ལྐོག་ཏུ་འགྱུར་བའི་ཕྱིར། ཇི་སྐད་དུ། རྣམ་བཀོད་འདས་པ་སྤྱོད་གྱུར་མ་གྱུར་ཕྱིར། །གཞལ་བའི་ཡུལ་དུ་ཇི་ལྟར་རིགས། །གལ་ཏེ་འདས་པའི་སྣང་བ་ལ། །མཇལ་ན་དང་པོའི་ལྐོག་དུ་འགྱུར་ཞེས་སོ། །གཞན་དུ་རང་མཚན་ལ་སྒྲོ་འདོགས་མེད་པའི་ཕྱིར་ཡང་གཞལ་མི་དགོས་ཏེ། དུང་དཀར་སྣང་བ་བཞིན་ནོ། །ཇི་སྐད་དུ། རིམ་གསུམ་མཚན་ཉིད་མཐའ་རྣམས་ཀུན་བྲལ་བ། ཅེས་སོ། །གལ་ཏེ་མྱ་ངན་འདས་སུ་ཞེན་པ་སྒྲོ་བཏགས་ཀྱི་རྣམ་པ་ལ་འཇལ་ལོ་ཞེས་ནའང་། ཡུལ་དུ་མ་གྱུར་པར་ཞེན་དུ་མི་རུང་ཞིང་། ཞེན་པ་ཉིད་མྱང་འདས་མ་ཡིན་པའི་ཕྱིར། །ཇི་སྐད་དུ། རྣམ་བཀོད་སེམས་ལ་མྱ་ངན་འདས་ཞེན་པ། དེ་ཉིད་འདས་པར་ཤེས་རབ་གསུམ་ཏེ་མ་བྱས་པར་རུང་མ་ཡིན། ཞེས་སོ། །གཉིས་པ་འཁོར་བ་རང་གི་མཚན་ཉིད་སྣང་ཙམ་ཉིད་ཀྱང་གཞལ་བྱར་མི་རིགས་ཏེ་རང་སྣང་བའི་ཕྱིར། ཇི་སྐད་དུ། སྣང་བ་རང་གི་མཚན་ཉིད་ནི། །བརྗོད་བྱ་མིན་ཏེ་རིགས་སྣང་ཕྱིར། །གཞལ་བྱ་མིན་ཏེ་སྐྱེ་བའོ། །ཡུལ་མིན་གྲུབ་པའི་མཐའ་དང་སྣང་། །ཞེས་སོ། །གཞན་དུ་སྣང་ཙམ་ལམ་གྱི་དགག་བྱའང་མ་ཡིན་ཏེ། ཀུན་རྫོབ་བདེན་ཤེས་བྱའི་གནས་ལུགས་ཉིད་ལ། རིགས་པས་དགག་པར་མི་ནུས་ཤིང་། །བཀག་ན་སྐྱོན་དུ་འགྱུར་སྟེ་ལམ་དུ་བསོད་ནམས་ཀྱི་ཚོགས་བཀག་པར་འགྱུར་བ་དང་། འབྲས་བུ་ཇི་སྙེད་མཁྱེན་པའི་ཡེ་ཤེས་རྒྱུན་ཆད་པར་འགྱུར། བའི་ཕྱིར། ཇི་སྐད་དུ། དབུ་མ། སྣང་བའི་ངོ་བོ་གང་ཡིན་པ། །དགག་པར་ནུས་པ་མ་ཡིན་ཏེ། །གཞན་དུ་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་ཞེན་པ་བཟློག་བྱ་ཡིན། །ཞེས་སོ། །འདིར་ཡང་ཁ་སླན་ཅིག་ནི་འཁོར་བའི་རང་མཚན་སྐད་ཅིག་མ་ལ་འདོད་པ་ནི་རིགས་པ་མིན་ཏེ། དེ་ཉིད་ལ་འཕགས་པའི་ཤེས་ཡུལ་ལས་གཞན་དུ་མ་ཡིན་པའི་ཕྱིར། འཁོར་བ་ལ་འཁོར་བའི་རང་མཚན་མི་ངེས་ཤིང་འཕགས་པ་ཉིད་འཁྲུལ་བར་འགྱུར་རོ། །གལ་ཏེ་ཞེན་པ་སྒྲོས་བཏགས་ཀྱི་ཤེས་པ་ལ་འཇལ་ལོ་ཞེ་སྐྱོན་གསུམ་སྟེ་ན། སྒྲོས་དང་པོར་བཏགས་དངོས་མེད་ཡིན་པའི་ཕྱིར་དགག་བྱ་རྗེས་སུ་མ་གྲུབ་སྟེ། ཇི་སྐད་དུ། རྣམ་བཀོད་བརྟགས་པ་ནང་ལ་སྤྱད་དོ་ཞེས། སྤྱད་པའི་གཞི་རུ་གྲུབ་མ་ཡིན། ཞེས་པ་དང་། ཤེས་པ་ཉིད་སྐད་ཅིག་གཉིས་པར་མི་སྡོད་པར་འཇལ་བྱ་འཇལ་བྱེད་ཚོགས་པའང་མེད་པའི་ཕྱིར། ཇི་སྐད་དུ། ལོག་རྟོག་སྤྲོས་པའི་སྐད་ཅིག་མ། །སྔ་མ་འདས་ཤིང་ཕྱི་མ་འབྱུང་། །དེ་ལ་བརྟེན་ནས་བརྟགས་མི་རིགས། །ཅེས་སོ། །གཞན་གསུམ་པ་ཡང་ཀུན་བརྟགས་ཉིད་བསམ་ཤེས་སུ་གནས་འགྱུར་བའི་ཕྱིར་དེ་ཉིད་ཀྱིས་དེ་ཉིད་ལ་གཞལ་དུ་མི་རུང་སྟེ། རལ་གྲི་དེ་ཉིད་ཀྱིས་དེ་ཉིད་ལ་མི་ཆོད་པའམ། མཛུམ་མོ་ཉིད་ཀྱིས་ཉིད་ལ་རེག་ཏུ་མེད་པ་བཞིན་ནོ། །ཇི་སྐད་དུ། ལམ་རིམ་ཀུན་བརྟགས་ཤེས་པ་བར་མར་འགྱུར། །སྤྱི་ཡུལ་ལུས་མེད་གྲིབ་མ་བཞིན། །མེད་པས་མི་བཏུབ་རང་ཉིད་ལ། །མི་གཏུབ་མཛུམ་མོ་བཞིན་དགོས་པས། །ཅེས་པའི་ཕྱིར་རོ། །ཞེ་ན་བདེན་མོད་ཀྱི་འཁོར་འདས་གཉིས་ཀའི་རང་མཚན་ཉིད་ལ་མི་འཇལ་གྱི། འཁོར་བ་སྣོད་བཅུད་དམ་སྐུ་དང་མྱང་འདས་ཡེ་ཤེས་སུ་ཞེན་པ་སྒྲོས་བཏགས་ཀྱི་ཡུལ་ལ་འཇལ་ཏེ། ད་དུང་ཀུན་བརྟགས་རྩ་བ་ནས་སྤོང་བའི་གཉེན་པོ་བསྒོམ་པའི་ཤེས་རབ་རྒྱུད་ལ་བརྟེན་པ་མེད་པའི་ཕྱིར་བསམ་ཤེས་དེ་ཉིད་ཀྱི་རྗེས་སུ་ཀུན་བརྟགས་སྐྱེས་རུང་དུ་གནས་པའི་ཞེན་ཡུལ་ལ་འདི་ནི་འདིའོ་སྙམ་འཇལ་བར་བསམ་ཏེ། ཇི་སྐད་དུ། རྣམ་བཀོད་དེ་ཉིད་ཤེས་པ་སྐད་གཅིག་མ། །དེ་ཡང་རང་ཐད་རང་ཐད་དཔྱད། །ཅེས་སོ། །འོན་ཏང་ན་ཤེས་པ་སྐད་ཅིག་གསུམ་གྱི་སྔ་མའི་ཞེན་སྣང་ལ་འཇལ་ལམ། མ་འོང་པའམ། ད་ལྟར་བ་ལ་འཇལ། དང་པོ་གཉིས་ནི་མི་རུང་སྟེ། འདས་པ་འགགས་ཤིང་མ་འོངས་པ་ཡུལ་དུ་མ་སྐྱེས་པའི་ཕྱིར། ཇི་སྐད་དུ། རྣམ་བཀོད། སྔ་མ་འདས་ཤིང་མི་དམིགས་ལ། །ཕྱི་མ་མ་འོངས་བརྟགས་ཏུ་མེད། །ཅེས་སོ། །ད་ལྟ་ལ་འཇལ་ལོ་ཞེ་ནའང་། །ཡུལ་དང་ཤེས་པ་འཚོགས་ནས་འཇལ་ལམ། མ་ཚོགས་པར་འཇལ། གཉིས་སུ་ལྟར་ན་ལོང་བས་ཀྱང་གཟུགས་མཐོང་བར་ཐལ། གང་དུ་ཡུལ་ཤེས་མ་འཚོགས་པ་ཉིད་མངོན་གསུམ་གྱི་གཞལ་བྱ་མ་ཡིན་པས་ཁྱབ་པས་དོན་ལྐོགས་ན་མོ་བཞིན་ནོ། །དང་པོ་ལྟར་ན་འགྲོ་ལ་ཤེས་རྒྱུད་གཉིས་ལྡན་དུ་ཐལ། ཤེས་རྒྱུད་སྐད་ཅིག་གིས་འཇལ་བྱ་འཇལ་བྱེད་མཚུངས་པའི་ཕྱིར་རོ། །གང་དུ་འགལ་བ་ཚོགས་པ་ལ་ངོ་བོའི་རྫས་ཐ་དད་པས་ཁྱབ་ཏེ་ཚ་རེག་དང་གྲང་རེག་བཞིན་ནོ། །འདོད་པར་ནི་མི་ནུས་ཏེ། ཇི་སྐད་དུ། འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། རྟོགས་གཉིས་ཅིག་ཆར་འཇུག་པ་མེད་ཅེས་པས་གསལ་ལོ། །གལ་ཏེ་ངོ་བོའི་རྫས་ཐ་དད་པར་ཡང་ཁས་བླངས་དུ་མི་རུང་སྟེ། ཇི་སྐད་དུ། ལམ་རིམ་དེ་ཡང་ཡོངས་སུ་བརྟགས་བཞིན་ནི། །དབང་པོས་ཡུལ་དུ་སྣང་བ་ཀུན། །ཡུལ་ན་ཡོད་པ་མ་ཡིན་ཏེ། །ཡུལ་མིན་གྲུབ་པའི་མཐའ་ལྟར་སྣང་། །ཞེས་སོ། །འདིའི་ལན་ལ་གཉིས་ཏེ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ཁ་ཅིག་ཀྱི་ན་རེ། ཞེན་པ་ནི་ཤེས་པ་སྤྱི་ཡི་ཡུལ་ཡིན་ལ། རང་མཚན་སྐད་ཅིག་མ་གནས་འགྱུར་བ་སོ་སོའི་རྟོགས་པའི་ཤེས་རབ་ཡིན་པས་ཡུལ་ཤེས་མ་འདྲེས་པའི་ཕྱིར་གཞལ་བྱ་ཡོད་ཅིང་། ཤེས་རྒྱུད་གཉིས་ལྡན་གྱི་ཉེས་པ་ཡང་མེད་ཅེས་ཟེར་བ་ནི་མི་རིགས་ཏེ། ཞེན་པའི་རྒྱུད་དེ་རང་མཚན་སྐད་ཅིག་མ་ལ་ལྟོས་སམ་མི་ལྟོས། གཉིས་པ་ལྟར་ན་རྒྱུ་དེ་དངོས་པོ་མེད་དུ་ཐལ། རྩོམ་བྱེད་ཀྱི་རྫས་ལ་མ་ལྟོས་པའི་ཕྱིར། གང་ཕྲ་བའི་སྐད་ཅིག་མས་མ་བརྩམ་པ་ལ་རགས་པའི་རྒྱུན་མི་སྲིད་པས་ཁྱབ་ཏེ་མིང་ཚིག་ཡི་གེ་ལ་མ་བརྟེན་པར་རབ་ཏུ་བྱེད་པ་མི་འབྱུང་བ་བཞིན་ནོ། །འདོད་ན་དུས་མཐའི་ཤེས་པ་སྐད་ཅིག་ཉིད་དུ་ཤེས་ཅེས་པས་གསལ་ལོ། །དང་པོ་ལྟར་ན་ལྷོ་ནས་སྐད་ཅིག་པ་སྐད་ཅིག་ལ་བསམ་ཤེས་སུ་གནས་འགྱུར་བའི་ཕྱིར། ཞེན་ཡུལ་རྒྱུན་ཆད་དུ་ཐལ། གང་དུ་རྫས་གནས་འགྱུར་བ་ལ་རྫས་རྒྱུན་ཡང་གནས་འགྱུར་བས་ཁྱབ་ཏེ། མ་ནིང་གི་དབང་པོ་བཞིན་ནོ། །འདོད་ན་ཞེན་ཡུལ་གཞལ་བྱ་འདོད་པའི་དམ་བཅའ་བུད་ཅེས་བྱའོ། །ཡང་ཁ་ཀླན་ཀ་ཚོལ་བ་ཅིག་ན་རེ་ཡིད་སོ་སོར་རྟོག་ཤེས་སུ་གནས་འགྱུར་ཀྱང་། ཞེན་པ་ཀུན་གཞིའི་རྣམ་ཤེས་ཡོད་པའི་ཉིད་གཞལ་བྱ་ཡིན་ནོ། །ཅེས་ཟེར་བའང་མི་རིགས་ཏེ། ཀུན་གཞིའི་རང་ལྡོག་ནི་མདོ་ལས་རྣམ་པར་མི་རྟོག་སྤྱོད་དང་བྲལ། སོ་སོའི་རིས་ཀྱི་ལྟར་མི་སྣང་བའོ། །ཅེས་རྟོག་བྲལ་འདུས་མ་བྱས་ཡིན་པས་ཀུན་ཏུ་བརྟགས་པའི་དམིགས་རྣམས་ཀྱི་ཞེན་ཡུལ་དུ་རྒྱ་མ་ཆད་ཅིང་དེ་ལ་སོགས་པའི་བག་ཆགས་ནི་ཚོགས་བདུན་གྱིས་འཇོགས་པ་ལས། བྱེ་བྲག་ཏུ་དབང་ཤེས་ལྔ་ནི་ཀུན་ཏུ་མི་འཆོས་རང་བཞིན་སྲུན། གང་ཡང་མ་ཡིན་ཏེ་དབུ་མ་ཅེས་རྟོག་མེད་སྣང་ཙམ་ལས་ཞེན་ཡུལ་དུ་མི་འཛིན་ཅིང་མི་གནས་ལ། ཉོན་ཡིད་ནི་དེར་འཛིན་དེ་ཉིད་དེ་ལ་བལྟ། མ་ངེས་ཕྱིར་འགྲོ་གཉིས་མི་དམིགས་ཅེས། ཀུན་གཞིའི་ལ་ནང་ལྷའི་ཤེས་པ་ཡིན་པའི་ཕྱིར་ཕྱི་རོལ་གྱི་ཡུལ་ལ་ཀུན་ཏུ་མི་རྟོག་མོད། གལ་ལྟེ་དེ་ཉིད་གཞལ་བྱ་ཡིན་དུའང་མི་རུང་སྟེ། ཇི་སྐད་དུ། ལམ་རིམ་འཇིག་རྟེན་འདི་ན་ཅི་ཡོད་པའི། །མིང་དང་མཚན་མར་འཛིན་པ་རྣམས། །ལོག་ཏོག་སོ་སོ་རང་སྤྱི་མཚན། །ཇི་ལྟར་གནས་པ་སྤྱད་པར་བྱ། །ཅེས་གཞལ་བྱ་ཉིད་ཀུན་བརྟགས་ཀྱི་ཤེས་པ་ཉིད་ལ་བཤད་པ་དང་འགལ་ལོ། །དེའི་ཕྱིར་ཀུན་བརྟགས་ཀྱི་ཤེས་པ་ལས་ལོག་པའི་ཀུན་གཞི་ལ་སོགས་ཀྱི་ཚོགས་བདུན་ཆོས་ཅན། སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཞལ་བྱ་མ་ཡིན་ཏེ། དམིགས་པ་དང་རྣམ་པའི་ཁྱད་པར་ཅིར་ཡང་མ་ཞེན་པའི་ཕྱིར། མཚན་མའི་ཡུལ་དུ་མ་གྱུར་པའི་ནམ་མཁའ་བཞིན་ཞེས་མི་དམིགས་པའི་རྟགས་ཀྱི་ཁེག་པ་ཉིད་དོ། །ཡང་སོ་སོར་རྟོག་པའི་བསམ་ཤིང་དཔེ་ཚོགས་གཞན་གྱི་ཞེན་སྣང་བཞིན་དུ་ཡིད་ཤེས་ཉིད་ཀྱིས་སྤོང་ངམ་མི་སྤང་། གཉིས་པ་ལྟར་ན་གཏན་ལ་ཕབ་པའི་གྲུབ་མཐའ་དེ་ཉིད་ཆེ་བའི་ལྟ་བར་ཐལ། ཞེན་སྣང་ཕྱོགས་གཅིག་མ་ཁེགས་པའི་ཕྱིར། གང་སྤྲོས་པ་ཕྱོགས་ག ཅིག་ལ་མཆོད་པ་ལ་ཉི་ཚེ་བའི་གྲུབ་མཐའ་ཁྱབ་སྟེ་ཀ་བ་དང་བུམ་པ་བཞིན། འདོད་ན་རྣམ་པ་ཀུན་ལྡན་གྱི་སྟོང་པ་མཐོང་དགོས་པར་གསུངས་པར་གསལ་ལོ། །དང་པོ་ལྟར་ན་སྤང་གཉེན་འཚོགས་པས་སྤོང་ངམ་མ་ཚོགས་ཀྱང་སྤོང་། དང་པོ་ལྟར་ན་སྐྱོན་སྔ་སོ་ན་གནས་ལ། ཕྱི་མ་ལྟར་ན་ཡིད་ཤེས་གཉེན་པོ་མེད་པར་ལོག་པར་ཐལ། གཉེན་པོ་དང་ཚོགས་པ་མེད་པའི་ཕྱིར་ཞེས་བྱའོ། །ཡང་བདག་གི་བླ་མ་རོག་ནི། ཡིད་ཀུན་བརྟགས་གནས་སྐབས་སུ་སོ་སོར་རྟོག་པའི་ཤེས་རབ་དུ་གནས་འགྱུར་ཀྱང་ད་དུང་བསྒོམ་པའི་ཤེས་རབ་རྒྱུད་ལ་མ་བརྟེན་པའི་ཕྱིར་དེ་ཉིད་ལ་ཀུན་བརྟགས་སྐྱེར་རུང་ངམ། ཞེན་སྣང་འབྱུང་རུང་ཡོད་པའི་སྐད་ཅིག་དེ་ཉིད་ལ་རང་ཐད་རང་ཐད་དུ་འཇལ་ཏེ། ངོ་བོ་ཅིག་ལ་ལྡོག་པ་ཐ་དད་པར་ཤེས་རྒྱུད་གཉིས་ལྡན་དུ་མི་འགྱུར་བ་ནི་ཆུ་བོ་ཆེན་པོའི་རྒྱུན་ལ་ལག་པ་འཁྲུལ་བའམ། སྐྱེས་བུ་མེ་ལོང་གི་བཞིན་ལ་བལྟ་བ་བཞིན་ཅེས་གསུངས་པ་ལ། མི་རིགས་ཏེ་སྔར་གྱི་འཚོགས་པ་དང་མ་ཚོགས་པ་བརྟག་པས་ཁེགས་པ་ལ་དཔེ་སྐྱོན་ཅན་ལའང་དོན་མི་གནས་ཏེ་ལག་པ་དང་ཆུ་རྒྱུན་ནམ་བཞིན་དང་མེ་ལོང་གཉིས་དངོས་པོ་ཐ་དད་པ་བཞིན་དུ་གཞལ་བྱ་དང་། འཇལ་བྱེད་གཉིས་ཀྱང་དངོས་རྫས་ཐ་དད་ཐལ། དེས་དོན་མཚུངས་པའི་ཕྱིར་རོ། །ཁྱད་རང་རྒྱུད་ལ་གྲུབ་ལ། འདོད་ན་ལམ་རིམ་ཡུལ་མིན་གྲུབ་པའི་མཐའ་ལྟར་སྣང་ཞེས་པས་གསལ་ལོ། །རང་ལུགས་ནི་ཡིད་ཀུན་བརྟགས་ཀྱི་ཤེས་པ་དེ་ཉིད་ཤེས་རབ་དང་པོའི་རྐྱེན་གྱིས་ཡང་དག་སྤྱོད་པའི་བསམ་པའི་ཤེས་རབ་ཅི་རིགས་པས་སྐད་ཅིག་ཙམ་གནས་འགྱུར་མོད་ཀྱི། ད་དུང་མཐོང་ལམ་རྒྱུད་ལ་མ་བརྟེན་པའི་ཕྱིར་དེ་ཉིད་ལ་ཀུན་བརྟགས་སྐྱེར་རུང་དུ་ཡོད་དེ། དེ་ཡང་ཤེས་རྒྱུད་སྐད་ཅིག་གི་སྟེང་དུ་མངོན་གྱུར་དུས་གཅིག་དུ་འཚོག་ནས་འཇལ་བ་ནི་མ་ཡིན་གྱི། གཅིག་མངོན་དུ་གྱུར་པའི་གཅིག་བག་ལ་ཉལ་དུ་གནས་པའི་ཕྱིར་སྔ་མ་དང་ཕྱི་མ་ད་ལྟ་འཕྲད་པའི་ཚུལ་གྱིས་འཇལ་ཏེ། ད་ལྟ་སྐད་ཅིག་དང་པོ་ལ་ཕྲད་ཙམ །གཉིས་པ་ལ་མགོ་གནོན། གསུམ་པ་བསམ་ཤེས་ཀྱི་སྦྱོར་བ་རྫོགས་པར་སྐྱེས་པའི་ཚེ་སྔ་མ་ཀུན་བརྟགས་ཀྱི་སྔོན་འགྱུར་ཅི་རིགས་སུ་འགལ་ཅིང་། རྐྱེན་གཞན་གྱིས་དེའི་རྒྱུན་བརྗེད་པའི་སྐད་ཅིག་ཕྱི་མ་ལ་ཀུན་བརྟགས་སྐྱེ་བཞིན་པ་སྟེ་ཡུལ་ཤེས་མ་འདྲེས་པའི་ཕྱིར་ཤེས་རྒྱུད་གཉིས་ཀྱི་གནོད་མེད་དུ་སྒྲོ་འདོགས་སེལ་བར་ནི། ཇི་སྐད་དུ། རྣམ་བཀོད་ཞེན་པ་ཤེས་པའི་སྤྱི་ཡུལ་ཡིན། །སྐད་ཅིག་གནས་འགྱུར་དེ་ཉིད་དོ། །དེ་བས་ཡུལ་ཤེས་མ་འདྲེས་ཕྱིར། །ཞེན་སྣང་འཇལ་ལ་སྐྱོན་པ་མེད། །ཅེས་པ་དང་། གཞན་ཡང་ལམ་རིམ་གཉེན་པོ་མེད་པས་དག་མིན་ཞིང་། གྲ་མའི་ཡུལ་ཕྱིར་ངེས་ཚིག་འགྲུབ། ཅེས་པ་དང་། ཡང་རྣམ་བཀོད་ཕྱི་རོལ་མེད་ལ་ཡོད་ལྟར་སྣང་། ཞེན་དང་ལྟ་བ་གཉིས་པས་བརྟེན། །དེ་ཤེས་ཤེས་པ་སྐད་ཅིག་མ། །དེ་ཡང་རང་ཐད་རང་ཐད་སྤྱད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ནའང་བརྩད་པ་ཞེན་སྣང་དག་པའི་ཤུལ་དུ་བསམ་ཤེས་སྐྱེའམ། མ་དག་པ་ལ་སྐྱེ། དང་པོ་ལྟར་ན་བསམ་ཤེས་དོན་མེད་དུ་ཐལ་ཏེ། དེའི་ཚེ་ཞེན་སྣང་མི་ཞེན་པའི་ཕྱིར། གཉིས་པ་ལྟར་ན་སྐྱོན་སྔ་སོ་ན་གནས་སོ་ཅེ་ན་བརྩད་སྤོང་མ་ཡིན་ཏེ་ཕྱི་མ་གཉེན་པོའི་ནུས་པ་དང་ཕྲད་ཙམ་གྱིས་སྔ་མ་སྤང་བྱའི་མངོན་གྱུར་འགལ་བ་ལ་ཕྱོགས་པ་སྟེ། ལྷན་ཅིག་རིང་དུ་མི་གནས་པའི་འགལ་བ་ཡིན་པའི་ཕྱིར་ཞེས་པ་ནི་དངོས་པོའི་ལན་ནོ། །མགོ་བསྒྲེ་བའི་ལན་ནི། དེ་ཙམ་དུ་སྣང་བས་མུན་པ་སྤོང་བའི་ཚེ་མུན་པ་དག་པའི་ཤུལ་དུ་སྣང་བ་སྐྱེའམ། མ་དག་པ་ལ་སྐྱེ་ཞེས་དྲིའོ། །དང་པོ་ལྟར་ན་འདིར་ཡང་ཞེན་དག་པའི་ཤུལ་དུ་བསམ་ཤེས་སྐྱེའོ། །དེའི་ཚེ་ཞེན་སྣང་། མི་གནས་པའི་ཕྱིར་བསམ་ཤེས་དོན་མེད་དུ་ཐལ་ཞེ་ན། དེར་ཡང་མུན་པ་མི་གནས་པའི་ཕྱིར་སྣང་བ་དོན་མེད་དུ་ཐལ་ལོ། །གཉིས་པ་ལྟར་ན་ཞེན་སྣང་མ་དག་པ་ལ་བསམ་ཤེས་སྐྱེ་ཞེས་བྱའོ། །དེའི་ཚེ་ཤེས་རྒྱུད་སྐད་ཅིག་གི་སྟེང་དུ་གཞལ་བྱ་འཇལ་བྱེད་མཚུངས་པའི་ཕྱིར་ཤེས་རྒྱུད་གཉིས་ལྡན་དུ་ཐལ་ལོ་ཅེ་ན། དེར་ཡང་དེའི་ཚེ་སྣང་མུན་མཚུངས་པའི་ཕྱིར་མངོན་འགྱུར་གྱི་དངོས་པོ་གཅིག་ལ་སྒྲིབ་མ་སྒྲིབ་ཆ་གཉིས་སུ་གཅིག་ལ་ལྡན་པར་ཐལ་ལོ། ཁྱབ་པ་མ་གྲུབ་ཅེ་ནའང་མཚུངས་པ་ཉིད་དོ། །གང་དུ་གཞལ་བྱ་འཇལ་བྱེད་དུས་མཚུངས་པ་ལ་ཤེས་རྒྱུད་གཉིས་ལྡན་གྱིས་ཁྱབ་ཏེ། སྐྱེས་བུ་དང་སྐྱེས་བུ་ས་བཞིན་ནོ། །ཞེ་ན། དེར་ཡང་གང་དུ་སྣང་མུན་དུས་མཚུངས་པ་ལ་རྫས་ཆ་གཉིས་དང་ལྡན་པས་ཁྱབ་ཏེ། ཁྲི་མུན་དང་མཐོང་མུན་བཞིན་ཞེས་པའི་བར་དུ་འཇམ་དབྱངས་ཀྱིས་ཀྱང་དགག་མི་ཡོད་པར་འགྲོ་བར་འགྱུར་རོ། །གལ་ལྟེ་སྣང་མུན་རྫས་ཐ་དད་པའོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། སྣང་བས་མུན་པ་ལོགས་སུ་དོར་བ་མེད་ཅིང་ལྡོག་པ་སྣང་བར་ཤར་བའི་ཕྱིར་རོ། །ཅེས་སེམས་ཏེ། བློ་གསལ་བ་དག་གིས་ད་དུང་ལུག་རིགས་དུ་མས་མ་འཁྲུལ་བའི་དོན་སྤྱད་པར་གྱིས་ཤིག །གཉིས་པ་གཞལ་གྱིས་མི་ལངས་པའི་དོགས་བསལ་ནི། འོ་ན་འཁོར་འདས་ཀྱི་ཞེན་སྣང་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཕྱིར་གཞལ་གྱིས་མི་ལང་ངོ་ཞེ་ན། ད་ལྟར་གྱི་སྣོད་བཅུད་ལོག་པའི་ཞེན་སྣང་འདི་ཉིད་ལ་སྤྱི་གྲུབ་པས། ཡུལ་དུས་རང་བཞིན་གྱིས་མ་བསྐལ་བའི་ཆོས་ཅན་ཆོས་བུམ་པ་ལྟ་བུ་གཅིག་ལ་སྒྲོ་འདོགས་ཆོད་པས་རིགས་ཀྱི་བྱེ་བྲག་ཀུན་ཀྱང་དེ་ལྟར་ཤེས་ཏེ། འདམ་བུ་ཅིག་ཁོག་སྟོང་ན་ཀུན་ཀྱང་ཁོག་སྟོང་པ་བཞིན་ནོ། །ཇི་སྐད་དུ། ཡབ་ཡུམ་ལས། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན། །ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་ཞེས་པ་དང་། འདི་ཉིད་ལས་ཀྱང་ལམ་རིམ་དངོས་གཉིས་ཞེན་དངོས་དུས་གསུམ་ཆོས། །སྐད་ཅིག་ཅིག་ལ་ཀུན་རྫོབ་ཕྱིར། །དེ་དངོས་མཐོང་པ་ཡང་དག་པར། །རིག་ཕྱིར་ཀུན་ཀྱང་དེ་ལྟར་ཤེས། །ཅེས་སོ། །བཞི་པ་རྩོད་པ་སྤང་བ་ནི། དེ་ལྟར་ལའང་སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་མ་འཁྲུལ་བ་དྲི་མེད་ཞིག་ཡིན་ཏམ། འཁྲུལ་པའི་དྲི་བ་བཅས་ཞིག་ཡིན། དང་པོ་ལྟར་ན། འབད་མེད་དུ་གྲོལ་ཐོར་འབྱུང་བར་ཐལ་འཁྲུལ་པའི་ཉེས་པ་ཟད་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་རང་རྒྱུད་དོ། །གཉིས་པ་ལྟར་ན། དེ་ཉིད་ཀྱིས་མ་ནོར་དོན་གྱི་བདེན་པ་གཏན་ལ་ཕེབ་སམ་མི་ཕེབས། དང་པོ་ལྟར་ན་དུང་སེར་འཛིན་གྱི་འཁྲུལ་ཤེས་ཀྱི་འཁྲུལ་དང་སྤོང་ནུས་པར་ཐར། བསམ་ཤེས་ཉིད་འཁྲུལ་པའི་ཁྱབ་པ་རང་རྒྱུད། ཕྱིར་ཞེ་ན། གཉིས་པ་ལྟར་ན་སེམས་ཤེས་སྐྱེས་པ་དོན་མེད་དུ་འགྱུར་རོ་ཞེ་ན། ལན་མ་འཁྲུལ་བ་དྲི་མེད་དུ་འདོད་དོ། །འབད་མེད་དུ་གྲོལ་བར་ཐལ་ཞེ་ན། དབང་པོ་ཡ་རབ་ལ་ལྟོས་ནས་འདོད་པ་ཉིད་ལ། འབྲིང་མན་ཆད་ལ་ལྟོས་ནས་རྟགས་ལྡན་གྱི་རྗེས་དཔག་གམ། ཡིད་ཆེས་པའི་ལུང་རིགས་ཀྱི་སྒྲ་སྤྱིའི་རྗེས་སུ་དོན་སྤྱི་སྒྲོ་འདོགས་སེལ་བའི་ཕྱིར་ཁྱབ་པ་མེད་ཅེས་གཅའ་བྱའོ། །ཡང་ཞེན་སྣང་ཡུལ་དུ་བྱེད་མཁན་གྱི་ཤེས་པ་དེས་ཞེན་སྣང་དེ་ཡུལ་དུ་བྱས་ནས་འཇལ་ལམ། མ་བྱས་པ་ལ་འཇལ། དང་པོ་ལྟར་ན་སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་འཁྲུལ་བར་ཐར། ཀུན་བརྟགས་རྫུན་པ་དེ་ཉིད་ཡུལ་དུ་བྱེད་པའི་ཕྱིར། དུང་སེར་ཁྱབ་འཛིན་བཞིན་ནོ། །གཉིས་པ་ལྟར་ན་གཞལ་བྱ་ལ་སྒྲོ་འདོགས་མ་ཆད་པར་ཐལ། ཡུལ་དུ་མ་གྱུར་པའི་ཕྱིར། མིག་སྒྲོ་ཁྱབ་བཞིན་ནོ། །ཅེས་དང་ལན་ནི་ཡུལ་དུ་བྱེད་དོ། །འཁྲུལ་བར་ཐལ་ཞེ་ན་བརྟག་པར་བྱ་སྟེ། རང་རྒྱུད་པར་ཡུལ་དུ་བྱས་པའི་ཕྱིར་ཟེར་རམ་རང་བཞིན་མེད་སྒྲུབ་ཀྱི་ཕྱིར་ཟེར་རམ་རང་བཞིན་མེད་སྒྲུབ་ཀྱི་ཕྱིར་གཞིར་ཡུལ་དུ་བྱེད་པའི་ཕྱིར་ཟེར། དང་པོའི་རྟགས་ཁས་མ་བླངས་ཤིང་། །གཉིས་པ་ལྟར་ན་ཁྱབ་པ་མ་གྲུབ་པའོ། །དེ་ལྟར་གཞལ་བྱ་ཉིད་སོ་སོར་རྟོག་ཤེས་ཀྱི་རྒྱུས་སྐད་ཅིག་གཉིས་པ་ལ་མི་དམིགས་པའི་ཤེས་རབ་དུ་གནས་འགྱུར་ཏེ། ཇི་སྐད་དུ། རྣམ་བཀོད། རང་གིས་ངོ་བོས་གནས་སྐབས་ཀྱང་། །རྒྱུ་འབྲས་ཡིན་ཕྱིར་ཅིག་ཤེས་ལ། །དེ་ཉིད་དངོས་ལྔ་ཚུལ་དང་ཚིག་ཅེས་པས་གསུང་ངོ། །གཉིས་པ་དེ་གཏན་ལ་འབེབས་པའི་གཏན་ཚིགས་ལ་གཉིས། །གོ་དོན་དང་། དབྱེ་བའོ། །དང་པོ་ནི་བསྒྲུབ་བྱའི་དོན་ཡང་དག་པར་ཤེས་པའི་ཐབས་རྩོད་གཞི་ལ་བཀོད་པ་སྟེ། །ཇི་སྐད་དུ། གཏན་ཚིགས་གཏན་ཚིགས་བརྗོད་པ་རྣམས། །བསྒྲུབ་བྱ་གང་ཡིན་ཤེས་དོན་ལ། །ངོ་བོ་ངེས་ཚིག་མཚན་ཉིད་སྩོགས། །གང་ནས་ཕབས་ཀྱང་རྒྱས་པར་བྱོས། །ཅེས་སོ། །དབྱེ་ན་གསུམ་སྟེ། སྔོན་འབྱུང་དངོས་པོ་ལྔའི་གཏན་ཚིགས །རྗེས་འཇུག་ཚུལ་ལྔའི་གཏན་ཚིགས །ཚིག་ལྔའི་གཏན་ཚིགས་སོ། །དང་པོ་ལ་གཉིས། དངོས་དང་། ཞར་ལ་རྩོད་པ་སྤང་བའོ། །དང་པོ་ནི། སྔོན་འབྱུང་དུ་སྟོན་པ་སྐུ་ལྔ་དངོས་ཀྱི་འཁོར་ལྔ་དངོས་ལ་སྟོན་པ་ཆོས་ཀྱི་སྐུས་འཁོར་ཡེ་ཤེས་རྒྱ་མཚོ་ལ་སྐྱེ་མེད་དོན་ཀྱི་གསུང་གིས། །ལོངས་སྐུས་སྨིན་པ་རྒྱ་མཚོ་ལ་གོང་བརྡ་དེ་གསུང་གིས། །མངོན་བྱང་གིས་རྒྱལ་བ་རྒྱལ་མཚོ་ལ་རིག་པ་བྱིན་རླབས་ཀྱི་གསུང་གིས་སྤྲུལ་སྐུས་མོས་པ་རྒྱ་མཚོ་ལ་བརྗོད་པ་ཚིག་གི་གསུང་གིས་རྡོ་རྗེའི་སྐུས་དབྱེར་མེད་རྡོ་རྗེའི་འཁོར་ལ་རྡོ་རྗེའི་སྐུས་དབྱེར་མེད་རྡོ་རྗེའི་འཁོར་ལ་་རྡོ་རྗེའི་གསུང་གིས་ཏེ། གསུང་ལྔའི་སྒོ་ནས་ཆོས་ཉིད་ཀྱི་དོན་དངོས་སུ་གཏན་ལ་འབེབས་པ་གང་ཡིན་པ་སྟེ། ཇི་སྐད་དུ། ཡང་དག་རྫོགས་སངས་རྒྱས་སྟོན་པ། །སྐུ་ལྔས་འདུལ་བའི་འཁོར་རྣམས་ལ། །གསུང་ལྔ་བསྟན་པ་དེ་ཁོ་ན། །གཏན་ལ་འབེབས་ཤིང་འཇལ་བྱེད་པའོ། །ཞེས་སོ། །རྩོད་སྤོང་ལ་གཉིས་ལས། དང་པོ་ནི། དངོས་ལྔ་ཧེ་དུ་དང་གཞལ་བྱ་ལ་འབྲེལ་བ་ཡོད་དམ་མེད་དྲང་། གཉིས་པ་ལྟར་ན་གཏན་ཚིགས་དོན་མེད་དུ་འགྱུར་ཏེ། གཞལ་བྱ་ལ་འབྲེལ་བ་མེད་པའི་ཕྱིར་མིག་གིས་སྒྲ་མི་ཐོས་པ་བཞིན་ནོ། །དང་པོ་ལྟར་ན་འདྲ་གཅིག་པའམ། དེ་ལས་བྱུང་པའམ། བྱས་ཆོས་བྱེད་ཆོས་སུ་འབྲེལ། དང་པོ་ལྟར་ན་གཏན་ཚིགས་ཀྱིས་གཞལ་བྱའི་ཞེ ན་སྣང་མི་སྤོང་བར་ཐར། །ངོ་བོ་དབྱེར་མེད་པའི་ཕྱིར། གསེར་དང་སེར་ཁྱབ་པོ་བཞིན་ནོ། །གཉིས་པ་ལྟར་ན། གཞལ་བྱ་ལ་ཧེ་དུ་འབྱུང་ངམ་ཧེ་དུ་ལ་གཞལ་བྱ་འབྱུང་། གཉིས་པ་ལྟར་ན་སྐུ་ལྔ་འཁྲུལ་བཅས་སུ་ཐལ། དངོས་ལྔའི་གཏན་ཚིགས་ལ་འཁྲུལ་པའི་རྒྱུ་མ་ཟད་པའི་ཕྱིར། གསེར་དང་སེར་པོ་བཞིན་ནོ། །གང་དུ་རྒྱུ་མ་ཟད་པ་ལ་འབྲས་བུ་སྐྱེར་རུང་གིས་ཁྱབ་ཏེ་སྦྱང་གི་ཏིལ་བཞིན། དང་པོ་ལྟར་ན་ཧེ་དུ་ཉིད་གོ་བྱེད་གཞན་རྐྱེན་ལ་མ་ལྟོས་པར་ཐལ། གཞལ་བྱ་ཉིད་ལ་སྐྱེ་བའི་ཕྱིར། འདོད་ན་གསུང་ལྔ་ལ་དགོས་པ་མེད་པར་ཐར་ལོ། གསུམ་པ་ལྟར་ན་སངས་རྒྱས་ཀྱི་ཞེན་སྣང་བདེན་པ་ཉིད་ཡུལ་དུ་བྱེད་པར་ཐལ། ཡུལ་དོན་མཐུན་པར་འཛིན་པའི་ཕྱིར། །སྔོ་འཛིན་སྔོན་པོ་ལས་མི་འཁྲུལ་བ་བཞིན། འདོད་ན་སངས་རྒྱས་འཁྲུལ་ལྡན་དུ་འགྱུར་རོ་ཞེ་ན། ལན་ལ་གཉིས་ཏེ། གཞན་ལུགས་དགག་པ་དང་། །རང་ལུགས་བརྗོད་པའོ། །དང་པོ་ནི་བློ་ན་ཤག་མགོན་ཁ་ཅིག་ན་རེ་འབྲེལ་བ་ནི་ཡོད་ཀྱི་ངོ་བོ་དབྱེར་མེད་ཀྱི། དེ་ཁོ་ན་ཉིད་ལ་འཇལ་བས་ཞེན་འཁྲུལ་དུ་མི་འགྱུར་ཅེས་ཟེར་བ་ནི་མི་འཐད་དེ། དེ་ཉིད་རྟོག་ན་གཏན་ཚིགས་ཀྱིས་ཅི་ཞིག་བྱ། མ་རྟོགས་ཀྱི་བར་དུ་ཞེན་འཁྲུལ་གྱི་སྐྱོན་སྔ་སོན་གནས་པའི་ཕྱིར་རོ། །ཡང་ཁ་བརྩང་ཅིག་ན་རེ། འདི་བརྟགས་གཞི་མིན་ཏེ་གཏན་ཚིགས་འབྱུང་བའི་གཞི་ཡིན་པའི་ཕྱིར། ཞེན་སྣང་དང་འབྲེལ་པ་མེད་དམ་ཅེས་ཟེར་བའང་མི་འཐད་དོ། །དངོས་སུ་གསུང་ལྔ་ཉིད་ཀྱིས་བརྡ་སྤྲད་པར་གསུངས་ཤིང་། གཞལ་བྱ་དང་འབྲེལ་པ་མེད་པའི་ཧེ་དུ་ལ་དོན་མེད་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ་ཉ་ཚལ་བ་ཞེན་སྣང་མཚན་ཉིད་ལ་མེད་ཀྱི། གོ་བྱེ་བའི་འཁོར་གྱི་ཆེད་དུ་བརྟགས་སུ་བཅས་ཙམ་ཞིག་ཡོང་བ་ལྟར་བརྟན་ནས་གཏན་ལ་འབེབས་ཅེས་ཟེར་བའང་མི་འཐད་དེ། སྟོན་པའི་ངོས་ནས་བརྟགས་པ་ཞིག་གམ། འཁོར་གྱི་ངོས་ནས་བརྟགས་པ་ཞིག་དྲངས། དང་པོ་ལ་ནི་རང་རྒྱུད་ཀྱིས་བསྡུས་པའི་འཁྲུལ་རྟོག་གི་མིང་ཙམ་ཡང་མི་གནས་པ་ལྟ་ཞོག །ཕལ་ཆེ་བ་སྐུ་བཞིའི་འཁོར་ལ་འང་རང་རྒྱུད་དུ་ཞེན་པ་མེད་དེ་རྗེས་ཐོབ་དུའང་ཡུལ་རྣམས་སྒྱུ་མ་ལྟར་བུར་གཟིགས་པའི་ཕྱིར་རོ། །ཇི་སྐད་དུ་དོན་བསྡུས་རང་གི་མཚན་ཉིད་མངོན་སུམ་དུ། །གསལ་བར་མཐོང་བའི་དབུགས་ཕྱིན་ཏེ། །ཞེས་པ་དང་། ཟག་གསུམ་ཟག་རིགས་འདི་ལ་མེད། །ཅེས་སོ། །རང་ལུགས་ནི། འཁོར་གྱི་ངོ་ལ་ལྟོས་ནས་གཞལ་བྱ་འཇལ་བྱེད་ཀྱི་འབྲེལ་པ་ཙམ་གནས་ཀྱི་གཏན་ཚིགས་ཀྱིས་གཞལ་བྱ་ལ་ཁྱབ་ཅིང་། གཞལ་བྱས་གཏན་ཚིགས་ལ་མ་ཁྱབ་པས་འཁྲུལ་བར་མི་འགྱུར་ཏེ། སྣང་ཡང་རང་རྒྱུད་དུ་མ་ཞེན་པའི་ཕྱིར། སྐྱེས་བུ་མངོན་ཤེས་ཅན་གྱི་གཞན་འཁྲུལ་གྱི་རྨི་ལམ་ཤེས་པ་ལྟ་བུའོ། །ཇི་སྐད་དུ། མདོ་མཁྱེན་པའི་ཡེ་ཤེས་ཅིག་ཉིད་ཀྱིས། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅིང་། །ཞེས་སོ། །དེ་ལྟར་ནའང་ཉིད་སངས་རྒྱས་ཉིད་འཁྲུལ་ལྡན་དུ་ཐལ་ཏེ། ཁྱབ་བྱ་ལ་ཞེན་སྣང་མ་དོར་བའི་ཕྱིར་ཞེ་ན། །དེ་ཙམ་དུ་འབྱུང་ལ་ནམ་མཁས་ཁྱབ་སམ་མ་ཁྱབ། །གཉིས་པ་ལྟར་ན་ཆོས་ཉིད་ཀྱི་དཔེར་ཡང་བྱ་བར་མི་རུང་ལ། དང་པོ་ལྟར་ན་ནམ་མཁའ་དངོས་སོ་ཐལ་ཏེ། ཁྱབ་བྱ་ལ་དངོས་རྫས་མ་དོར་ཕྱིར་ཞེས་བྱའོ། །ཡང་སྔོན་འབྱུང་སྐུ་ལྔའི་འཁོར་ལྔ་ལ་ཞེན་སྣང་ཡོད་དམ་མེད་དྲང་། གཉིས་པ་ལྟར་ན་འཇལ་བྱེད་གཏན་ཚིགས་དོན་མེད་དུ་ཐལ། གཞལ་བྱ་མེད་པའི་ཕྱིར། རྫས་མོད་པའི་སྲང་བཞིན། དང་པོ་ལྟར་ན་མི་རིགས་ཏེ་སྐུ་ལྔའི་འཁོར་བྱེད་པར་ནུས་པ་ནི་མཐོང་ལམ་ཡན་ཆད་ཀྱི་སྤྱད་ཡུལ་ཡིན་ལ། མཐོང་ལམ་ལ་ཞེན་སྣང་དག་པ་ཁྱབ་པའི་ཕྱིར། འདོད་པ་ནི་མི་ནུས་ཏེ་མཐོང་ལམ་ཞེན་སྣང་དངོས་འགལ་དུ་བཤད་པ་ཅིས་སྤོང་ཞེ་ན། ལན་དུ་ཁ་ཅིག་ན་རེ། དངོས་པོ་ལྔའི་གཏན་ཚིགས་ཀྱིས་སྐབས་སུ་གཞལ་བྱ་ནས་ཕྱག་ན་རྡོ་རྗེ་སྙན་ཆ་ལྔ་དང་ལྡན་པ་ནི་ཟེར་བའང་མི་འཐད་དེ། དེ་ལྟར་ནའང་ཕྱག་ན་རྡོ་རྗེ་ལ་ཞེན་སྣང་ཡོད་དམ་མེད། དང་པོ་ལྟར་ནའང་རྒྱུའི་ཐེག་པ་ལས་ཀྱང་ས་བཅུའི་དབང་ཕྱུག་དུ་བཤད་ལ། གསང་སྔགས་སུ་སངས་རྒྱས་ཀུན་གྱི་མེས་པོར་གསུངས་པ་དང་འགལ་ཏེ་ད་དུང་ཞེན་སྣང་མེད་པའི་ཕྱིར་རོ། །གལ་ཏེ་ཞེན་སྣང་མེད་པ་ཉིད་ལ་གཏན་ཚིགས་ཀྱི་རྟགས་བཀོད་པ་དོན་མེད་དེ་རང་མཚན་ཀུན་བརྟགས་ཀྱིས་མ་བསྒྲིབས་པའི་ཕྱིར་རོ། །བདག་གི་བླ་མ་རོག་ནི་སྐུ་བཞིའི་འཁོར་ལ་ཞེན་སྣང་རང་རྒྱུད་པ་མེད་གསུང་། དེ་ལྟར་ན་གཞལ་བྱ་མེད་པའི་ཕྱིར། གཏན་ཚིགས་དོན་མེད་དུ་ཐལ་ཞེས་པའི་ལན་དུ། སྔོན་འབྱུང་དོན་མེད་དུ་ཐལ་ཟེར་རམ། རྗེས་འཇུག་དོན་མེད་དུ་ཐལ་ཟེར། དང་པོ་ནི་འདོད་ལ། གཉིས་པ་ལྟར་ན་སྔོན་འབྱུང་དུ་དོན་མེད་ཀྱང་རྗེས་འཇུག་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་ཞེན་སྣང་ཡོད་པ་ལྟར་བསྟན་ནས་གཏན་ལ་ཕབ་པས་དོན་དུ་འགྱུར་བ་ནི་ཅི་སྟོ་སྟེ་ཁྱབ་པ་མ་གྲུབ་ཅེས་གསུང་པའང་ལེགས་པར་མ་རྟོགས་ཏེ། དང་པོ་ལྟར་ན་མཐོང་ལམ་ཡན་ཆད་ཀྱི་རྒྱུད་ལ་ཞེན་རྟོག་མི་སྲིད་པར་ཐལ། གཏན་ཚིགས་དོན་མེད་པའི་ཕྱིར། འདོད་པར་མི་ནུས་ཏེ་བཟང་རྟོག་གཉེན་པོའི་ཞེན་ཡུལ་ཤེས་སྒྲིབ་ཡོད་པར་གསལ། གང་དུ་ཞེན་སྣང་ཅུང་ཟད་ཀྱང་མེད་པ་ལ་འཇལ་བྱེད་དོན་མེད་པས་ཁྱབ་ཏེ་སངས་རྒྱས་བཞིན་ནོ། །གཉིས་པ་རྗེས་འཇུག་ལྟར་ན་སྔོན་འབྱུང་དག་པའི་རྒྱུད་ལ་གནས་པ་རྣམས་ལ་ཞེན་སྣང་ཡོད་པ་ལྟར་བསྟན་པས་རྗེས་འཇུག་གི་དོན་དུ་མི་འགྱུར་ཏེ། ཞེན་སྣང་ཐུག་མེད་དུ་དགོས་པའི་ལོག་རྟོག་མི་ཁེགས་པའི་ཕྱིར་རོ། །རང་ལུགས་ནི་སྟོན་པ་སྐུ་བཞིའི་འཁོར་ལའང་ཞེན་སྣང་ཕྲ་བ་ཅི་རིགས་ཡོད་པར་ཁས་ལེན་ཏེ། དེ་ལྟ་མིན་ན་སྐུ་ལྔའི་འཁོར་བྱ་དོན་མེད་པའི་ཕྱིར་རོ། །ཇི་ལྟར་ཡོད་ན། སྤྱིར་ན་ཞེན་སྣང་གི་གོང་བ་ཤེས་བྱ་ནི་དེ་ཁོ་ན་ཉིད་དོན་གྱི་གནས་ལུགས་ལ་བློ་ཡི་དྲི་མས་བཟང་ངན་དུ་སྒྲོ་འདོགས་པ་ལ་བྱ་སྟེ། ཇི་སྐད་དུ། དེ་ཡང་ཡོངས་སུ་བརྟགས་པའི་གཞིར། །དབང་པོ་ཡུལ་དུ་སྣང་བ་ཀུན། །ཡུལ་ན་ཡོད་པ་མ་ཡིན་ཏེ། །ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་བས། འཁོར་དང་འདས་ལ་ཞེན་སྣང་ངོ་། །ཅེས་སོ། །དེའི་ཡང་ངན་རྟོག་ཕྲ་རགས་གཉིས་རིམ་གྱིས་པ་བཞིན་དུ་མཐོང་བསྒོམ་གྱིས་སྤོང་ཞིང་། གཉེན་པོ་ལ་ཀུན་ཏུ་བརྟེན་པ་བཟང་རྟོག་གི་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་ནི་མཐར་ལམ་ནའང་ཡོད་དེ། ད་དུང་མཉམ་པ་ལ་བཞག་འཇོག་པའི་ཕྱིར་རོ། །ཇི་སྐད་དུ་མི་མཐུན་མཚན་མ་གཞོམ་པའི་ཕྱིར། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བདག་རྟོག་མཚན་མ་ཀུན་བཅོམ་ནས། །མཉམ་བཞག་ཡེ་ཤེས་དབང་བསྐུར་ཞིང་། །དོན་དུ་གཉེར་བའི་སྨོན་ལམ་མཐུས། །ཅེས་སོ། །དེ་ཉིད་ཀྱི་སྒྲིབ་པའི་ཞེན་སྣང་མ་ཡིན་ན་ནི་རྡོ་རྗེ་ལྟ་བུའི་ཏིང་འཛིན་སྐྱེས་པ་དོན་མེད་དུ་ཐལ། སྤང་བྱ་མེད་པའི་ཕྱིར། འདོད་ན་ལུང་གི་གསལ་ཏེ། ཇི་སྐད་དུ། མདོ། ས་བཅུ་རྒྱུན་མཐར་བྱང་ཆུབ་སྙིང་པོར་རྡོ་རྗེ་གདན་དང་བཞུགས་པ་ན། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །གཞན་ཡང་དྲི་མ་རྣམ་མང་ངོ་། །ཁྱེད་ཀྱི་ཡེ་ཤེས་མེ་ཡིས་བསྲེགས། །ཅེས་པ་དང་། འདི་ཉིད་ལས་ཀྱང་ལམ་རིམ་བག་ལ་ཉལ་བ་འཇོམ་བྱེད་ཅིང་། ཞེས་སོ། །གང་དུ་ཡང་བྱ་བ་མེད་པ་ལ་གཉན་པོ་དོན་མེད་པའི་ཁྱབ་སྟེ་ཉིན་བར་གྱི་མར་མེ་བཞིན་ཅེས་བྱ་བ་ནི་རིགས་པར་སྨྲས་པའོ། །དེ་ལྟར་ནའང་མཐོང་ལམ་སྐྱེས་པ་དོན་མེད་དུ་ཐལ་ཏེ། ད་དུང་ཞེན་སྣང་ཡོད་པའི་ཕྱིར་ཞེ་ན། དེའི་རགས་པའང་ཡོད་པའི་ཕྱིར་ཟེར་རམ། ཕྲ་བ་ཙམ་ཡོད་པའི་ཕྱིར་ཟེར། །དང་པོའི་རྟགས་ཁས་མ་བླངས་ཤིང་། །གཉིས་པ་ལྟར་ན་ཁྱབ་པ་མ་གྲུབ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་མ་གྱུར་གྱི་རིང་ལ་ཞེན་སྒྲིབ་ཕྲ་བ་ཡོད་པས་ན། འདས་པའི་ཞེན་སྣང་ཅེས་པའང་ཕྱོགས་འགའ་ཞིག་ལས་བརྟགས་པར་ཟད་དོ། །ཡང་དངོས་ལྔའི་གཏན་ཚིགས་ལ་རྗེས་འཇུག་གི་སྤྱད་དུ་ཡོད་དམ་མེད་དང་པོ་ལྟར་ལམ་རིམ་ན་བཞི་རྗེས་མི་སྤྱོད་ག ཅིག་རྗེས་སྤྱོད། །ཅེས་སྤྱད་དུ་མེད་པར་དང་འགལ་ཞིང་། གཉིས་པ་ལྟར་ན་ལམ་རིམ་བརྡ་སྤྲོས་རྗེས་འཇུག་བསྟན་པའང་། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །དངོས་པོ་ལྔས་ལེགས་པར་བརྟགས་ཏེ་དབབ་ཅེས་སྤྱད་དུ་ཡོད་པར་བཤད་པ་ཇི་ལྟར་དྲང་ཤེ་ན། ལན་དུ་དབང་པོ་རྟུལ་པོ་ལ་ལྟོས་ནས་སྤྱད་དུ་མེད་དེ་ཚིག་གི་ཡུལ་དུ་མ་གྱུར་པའི་ཕྱིར། ཇི་སྐད་དུ་ལམ་རིམ་ཚིགས་དང་ཡི་གེས་མཚོན་དུ་མེད། ཅེས་སོ། །དབང་རྣོན་ལ་ལྟོས་ན་སྤྱད་དུ་ཡོད་དེ་བརྗོད་པ་ལ་མི་ལྟོས་པར་དོན་རྟོགས་པར་འགྱུར་པའི་ཐབས་སུ་འགྱུར་བའི་ཕྱིར། ཇི་སྐད་དུ་ལམ་རིམ་བརྗོད་དང་འདྲ་བར་བརྡ་སྤྲོད་པས། །ངོ་བོ་ཉིད་ཀྱི་བཤད་པའི་ཕྱིར། །མ་འོངས་དོན་དུ་གཏན་ཚིགས་ངེས། །ཅེས་སོ། །རྗེས་འཇུག་གི་གཏན་ཚིགས་ནི་ཚུལ་དང་ཚིག་གཉིས་ཏེ། དེ་ཉིད་ཀྱི་ཁྱད་པར་ནི། ཁ་ཅིག་ཟུར་པ་ན་རེ། སྐུ་ལྔ་དངོས་མིན་ཡང་སྐུ་ལྔ་དང་ཚུལ་མཐུན་པར་དོན་རྟོགས་སུ་གྱུར་པ་ནི། ཚུལ་གྱི་གཏན་ཚིགས་ལ། ཚིག་གིས་གོ་རྟགས་སུ་གྱུར་པ་ཚིག་གི་གཏན་ཚིགས་སོ་ཅེས་ཟེར་མོད་ཀྱི། ཌཱ་ཀི་རུ་རོག་ནི་སྔོན་འབྱུང་གཏན་ལ་ཕབ་པའི་ཚུལ་དུ་གོ་ལ་གྱི་གཏན་ཚིགས་ལ། དེ་ཚིགས་སུ་བརྗོད་པ་ནི་ཚིག་གི་གཏན་ཚིགས་སོ་གསུང་ངོ་། །གཉིས་པ་ཚུལ་གྱི་གཏན་ཚིགས་ལ་ལྔ་སྟེ། ཆོས་སྐུའི་གསུང་དང་མཐུན་པ་སྐྱེ་མེད་དོན་གྱི་ཧེ་དུ་སྐྱེ་མེད་མཚན་ནམ་མཁའ་ལྟ་བུ་དང་། །མངོན་བྱང་གི་གསུང་དང་ཚུལ་མཐུན་པ་རང་རིག་མངོན་གསལ་གྱི་ཧེ་དུམ་རྟོག་མེད་རང་གསལ་ཉི་མའི་སྙིང་པོ་ལྟ་བུ་དང་། ལོངས་སྐུའི་གསུང་དང་ཚུལ་མཐུན་པ་དགོངས་པ་བརྡ་ཡི་ཧེ་དུ་སྒྲིབ་པ་ངོས་འདོན་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་དང་། རྡོ་རྗེའི་སྐུའི་གསུང་དང་ཚུལ་མཐུན་པ་དབྱེར་མེད་རྡོ་རྗེའི་ཧེ་དུ་གྲག་སྟོང་གཉིས་མེད་བྲག་ཆ་ལྟ་བུ་དང་། སྤྲུལ་སྐུའི་གསུང་ཚུལ་དང་མཐུན་པ་བརྗོད་པ་ཚིག་གི་ཧེ་དུ་ཀུན་ཡིད་འཇུག་པ། ཚངས་པའི་དབྱངས་ལྟ་བུའོ། །དེ་དག་ཧེ་དུ་དེ་དག་གིས་དབང་པོ་ཡང་རབ་དུ་གྱུར་པ་ལ་སྣང་གྲགས་འདི་ཉིད་ཀྱིས་མཚོན་ནས་སྐུ་ལྔའི་ཚུལ་དུ་གཏན་ལ་ཕེབས་པར་བྱེད་དོ། །ཇི་སྐད་དུ། ལམ་རིམ་རྟོགས་དང་ལྡན་པའི་བློ་རྣམས་ལ། །དངོས་པོ་སྣ་ཚོགས་སེམས་གསང་སྔགས། །དཔེ་ལུང་ཡིན་ཕྱིར་ཆོས་ཚུལ་སྟོན། །བརྗོད་དང་འདྲ་བར་བརྡ་སྤྲོད་པས། །ངོ་བོ་ཉིད་ཀྱི་བཤད་པའི་ཕྱིར། །མ་འོང་དོན་དུ་གཏན་ཚིགས་ངེས། །ཅེས་སོ། །གཉམས་པ་ཚིག་གི་གཏན་ཚིགས་དབྱེ་བ་དང་། བསྡུ་བའོ། །དང་པོ་ནི་སྔར་ཀྱིས་ཚུལ་ལྔ་ཉིད་ཚིག་དངོས་ཏུ་བརྗོད་པ་ལྔའོ། །བསྡུ་ན་སྤྱད་དུ་མེད་པས་གོ་བ་སྐུ་བཞིའི་ཧེ་དུ་དང་། སྤྱད་དུ་ཡོད་པ་གོ་བ་སྤྲུལ་པ་སྐུའི་ཧེ་དུ་གཉིས་སུ་འདུས་ཏེ། དེ་གཉིས་ཀྱི་ཁྱད་པར་ནི་དངོས་སུ་ཚིག་ཏུ་མ་གསུངས་པས་སྤྱད་དུ་མེད་པ་དང་། དངོས་ཚིགས་སུ་སྤྱད་དུ་མེད་པ་ནི་སྤྱད་དུ་ཡོད་པའོ། །ཅེས་བདག་གི་བླ་མས་གསུངས་མོད་ཀྱི། བདག་ནི་དོན་ཅར་ཕོག་དུ་སྟོན་པས་སྤྱད་དུ་མེད་པ། དོན་ལ་རྒྱུད་ནས་སྟོན་པས་སྤྱད་དུ་ཡོད་པར་ཅེས་མཁས་སླས་པའི་སྐྱེ་བོ་གཞན་གྱིས་འདོད་པའི་རྗེས་སུ་འབྲངས་ནས་ལེགས་པར་སོམ་ཏེ། ཇི་སྐད་དུ། དེ་ལྟར་མོད་ཀྱང་བསྡུ་ན་གཉིས། །བཞི་རྗེས་མི་སྤྱོད་གཅིག་རྗེས་སྤྱོད། །རྣམ་གཉིས་ཚུལ་གྱིས་དོན་བྱེད་པ། །དབང་པོ་རྣམས་དང་མཐུན་སྦྱོར་བའོ། །ཅེས་བཤད་པའི་ཕྱིར་རོ། །དང་པོ་སྤྱད་དུ་མེད་པས་གོ་བ་ལ་བཞི་སྟེ། གོ་དོན་སྤྱད་པའི་སྐྱོན། མ་སྤྱད་པའི་གོ་བ་དཔེ། བཙད་པ་སྤང་བའོ། །དང་པོ་ནི་དབང་པོ་རྣོན་པོ་ལ་ཆོས་ཉིད་ཀྱི་དོན་ཅིག་ཆར་དུ་སྣང་བར་བྱས་ཏེ་རྟགས་དཔྱད་ལ་མི་ལྟོས་པའོ། །ཇི་སྐད་དུ། ལམ་རྣམ་བཀོད། དེ་ལ་ཇི་བཞིན་ཉིད་དབབ་པ། །ཇི་བཞིན་བརྗོད་པའི་ཚིག་རྣམས་ཀྱིས། །དཀར་པོས་དཀར་པོ་མཚོན་པ་བཞིན། །བསམ་བརྗོད་འདས་པ་དེ་ཉིད་མཚོན། །ཞེས་སོ། །སྐྱོན་ནི། སྤྱད་པ་ལས་རྟོག་པ་འབྱུང་བར་འགྱུར་ཏེ། ཇི་སྐད་དུ། སྤྱད་པ་ཞུག་ན་རྟོག་པའི་གཞི། །དམིགས་པ་ཞུགས་ན་འཛིན་པའི་གཟུངས། །འཛིན་པས་ཟིན་ཕྱིར་གྲོལ་མི་འགྱུར། །ཞེས་སོ། །དཔེ་ནི། གསེར་བལྟ་བར་འདོད་པ་ལ་གསེར་ཉིད་བསྟན་པ་ལྟ་བུ་སྟེ། ཇི་སྐད་དུ། དེ་བས་གསེར་བལྟ་གསེར་བཞིན་དུ། །བདག་ཕྱིར་བྱ་བྱེད་མ་དམིགས་པས། །རྟོག་དཔྱོད་དམིགས་འཛིན་མི་ཚོལ་བའི། །དེ་བརྗོད་ཉིད་ཀྱིས་དེ་ཉིད་མཚོན། །ཞེས་སོ། །རྩོད་སྤང་ནི་བཞི་ལས། དང་པོ་ན ི་དེ་ཉིད་སོ་སོར་རྟོག་པའི་ཤེས་རབ་ཀྱི་ཡུལ་མ་ཡིན་པར་ཐལ། དཔྱད་དུ་མེད་པའི་ཕྱིར་ཞེ་ན། དེ་ཙམ་དུ་རྟོག་གེའི་དབང་ཤེས་སྦྱངས་ཡུལ་ཉེ་བར་མི་འཛིན་པར་ཐལ། རྟོག་པ་མེད་པའི་ཕྱི། ཞེས་བྱའོ། །འདོད་པའོ་ཞེ་ན། མཚུངས་པའོ། །གཞལ་བྱ་འཇལ་བྱེད་དུ་གསལ་ཞེ་ན། ཡུལ་དང་ཡུལ་ཅན་དུ་གསལ་ལོ། །གང་དཔྱད་དུ་མེད་པ་ལ་ཤེས་ཡུལ་མ་ཡིན་པས་ཁྱབ་སྟེ་མིག་ཤེས་དང་སྒྲ་བཞིན་ཅེ་ན། གོང་རྟོག་པ་མེད་པ་ལ་ཡུལ་མི་འཛིན་པའི་ཁྱབ་ཏེ་འགོག་པའི་སྙོམས་འཇུག་བཞིན་ཞེས་བྱའོ། །དངོས་པོར་ན་བརྟགས་དཔྱད་ལམ་བརྟེན་པར་རྟོགས་པ་ཉིད་ཤེས་རབ་ཀྱི་ཕུལ་དུ་གྱུར་པ་སྟེ། ཇི་སྐད་དུ། སོ་སོར་གང་ལའང་རྟོག་མེད་པར། །སོ་སོར་སྣང་བ་ཀུན་རྟོག་ཕྱིར། །སོ་སོར་རྟོགས་པའི་མཆོག་ཡིན་ཏེ། །བརྟགས་པ་མེད་པའི་བླ་དྭགས་ཡིན། །ཞེས་སོ། །ཡང་གཏན་ཚིགས་ནི་རྗེས་དཔག་ཀྱིས་མཚོན་བྱེད་ཡིན་གྱི། འདིར་མངོན་གྱུར་མ་ཅི་ཞིག་བྱ་ཞེ་ན། མ་ཡིན་ཏེ་མངོན་གྱུར་མཚོན་པའི་ངག་ལ་དགོངས་པ་ནི་ལུང་བསྡམས་གྲུབ་བོ། །ཡང་མ་དཔྱད་པར་གོ་བ་ལ་རྐྱེན་དགོས་སམ་མི་དགོས་ཅེ་ན། རང་བཞིན་གྱི་དབང་རྣོན་གྱི་མགོ་བསྒྲེ། དཔྱད་མཚུངས་པ་ཉིད་ཡིན་ནོ། །ཡང་གཏན་ཚིགས་དེའི་ཟློག་པ་ནས་གཞལ་བྱ་དང་ལྡན་ནམ་མི་ལྡན། དང་པོ་ལྟར་ན། དཔྱད་དུ་ཡོད་པ་དང་ཁྱད་མེད་དུ་ཐལ། གཉིས་པ་ལྟར་ཧེ་དུའི་སྒྲ་མི་འཇུག་ཅེ་ན། གཞལ་བྱ་ཙམ་ཞིག་ཡོད་ཀྱི་འཇལ་ཚུལ་གོ་བ་མྱུར་བུལ་གྱིས་འདིར་ཁྱད་པར་དུ་བྱས་ཏེ། རྟ་པ་དང་རྐང་འགྲོས་བཞིན་ཞེས་བྱའོ། །གཉིས་པ་སྤྱད་དུ་ཡོད་པས་གོ་བ་ལ་གཉིས་སྟེ། གོ་དོན་དང་། དབྱེ་བ་འོ། །དང་པོ་དབང་པོ་རྟུལ་པོ་ལ་བརྟགས་དཔྱད་ལ་བརྟེན་ནས་ཆོས་ཉིད་ཀྱིས་གཏན་ལ་འབེབས་པ་སྟེ། ཇི་སྐད་དུ། ཡེ་ཤེས་ཀུན་མཉམ་ལྷ་གྲངས་དགུ །ཐོས་བསམ་སོ་སོར་རྟོག་བསྒོམ་དང་། །རྣལ་འབྱོར་རིམ་པའི་རྒྱུ་ལས་སྐྱེས། །ཅེས་སོ། །དབྱེ་ན་སྒྲུབ་བྱའི་དོན་དང་ཧེ་དུའི་ཚིག་མི་མཐུན་པའི་དོན་དང་། མི་མཐུན་པའི་གཏན་ཚིགས་དང་། བསྒྲུབ་བྱའི་དོན་དང་ཧེ་དུའི་ཚིག་མཐུན་པ་དོན་དང་མཐུན་པའི་གཏན་ཚིགས་གཉིས་ཏེ། ཇི་སྐད་དུ། བརྗོད་པའི་དངོས་པོ་སྤྱད་ཡུལ་ལ། །སོ་སོར་རྟོག་པའི་གཏན་ཚིགས་རྐྱེན། །དོན་དང་མཐུན་དང་མི་མཐུན་པ། །ཅེས་སོ། །དང་པོ་དཔྱད་དུ་ཡོད་པ་མི་མཐུན་པའི་གཏན་ཚིགས་ལ་བཞི། གཞལ་བྱ། གཏན་ཚིག་དཔེ། དགོས་ཆེད་དོ། །དང་པོ་ནི་ཚད་མས་གཞལ་རུང་གི་ཞེན་སྣང་ངོ་། །ཇི་སྐད་དུ། སྤྱིར་ན་ལོག་རྟོག་བསམ་ཡས་ཀྱང་། །ཡེ་ནས་ཡོད་པ་མ་ཡིན་ཏེ། ཞེས་སོ། །གཉིས་པ་གཏན་ཚིགས་རང་གི་ངོ་བོ་ནི། །ཤེས་བྱེད་ཀྱི་རྟགས་གོ་བཟློག་ནས་སྟོན་པ་སྟེ། །ཇི་སྐད་དུ། དེ་མཚོན་ཅི་ཡང་ཡིན་པའི་ཕྱིར། །དེ་ཕྱིར་མ་ཡིན་ཀུན་ཡིན་པས། །ཅེས་སོ། །གསུམ་པ་དཔེ་ནི་རྟོག་གེ་བའི་འབྲས་རྟགས་ཀྱིས་ལམ་ལྡན་དུ་བསྒྲུབ་པ་ཁྱབ་པས་མཚོན་པ་ལྟ་བུ་སྟེ། ཇི་སྐད་དུ། །ཕྱི་མ་མི་མཐུན་མཚོན་བྱེད་ལྟར། ཞེས་སོ། །བཞི་པ་དགོས་པ་ནི་ཕྱོགས་གཅིག་ཏུ་འཛིན་པའི་ཞེན་པ་དགྲོལ་ཞིང་ཕྱོགས་མེད་ཀྱི་དོན་རྟོགས་པར་བྱ་བའི་ཕྱིར་རོ། །ཇི་སྐད་དུ། ཕྱི་མ་མི་མཐུན་མཚོན་བྱེད་ལྟར། །ཞེས་སོ། །བཞི་པ་དགོས་པ་ནི་ཕྱོགས་གཅིག་ཏུ་འཛིན་པའི་ཞེན་པ་དགྲོལ་ཞིང་ཕྱོགས་མེད་ཀྱི་དོན་རྟོགས་པར་བྱ་བའི་ཕྱིར་རོ། །ཇི་སྐད་དུ། འོན་ཀྱང་ཡིན་མིན་འཛིན་གྲོལ་ཕྱིར། །ཞེས་པ་དང་། ངོ་བོས་ཕེབས་པར་རྒྱས་པར་འགྱུར། །ཞེས་སོ། །གཉིས་པ་ཚིག་དོན་མཐུན་པའི་ཧེ་དུ་ལ་གཉིས་ཏེ། སྤྱིར་དབྱེ་བའི་ཁྱད་པར་དང་། བྱེ་བྲག་སོ་སོ་ནས་གཏན་ལ་དབབ་པའོ། །དང་པོ་ནི་གཉིས་ཏེ། ཚིག་དོན་གཉིས་ཀ་གཞུང་འདི་ཉིད་ལས་ཁྱད་པར་དུ་གྲགས་པ་ལྟར་གཏན་ལ་འབེབས་པ་ཚད་མ་བཀའ་གཞུང་གི་གཏན་ཚིགས་དང་། ཚིག་མདོ་སྔགས་ཐུན་མོང་དུ་གྲངས་ཤིང་དོན་འདི་ཉིད་ལྟར་གཏན་ལ་འབེབས་པ་སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས་སོ། །སོ་སོ་ནས་གཏན་ལ་དབབ་པོའི་དང་པོ་ཚད་མ་བཀའ་གཞུང་གི་གཏན་ཚིགས་ལ་བཞི་སྟེ། དག་པ་མཉམ་པ་རྟོགས་པ། བདག་གི་ཆེན་པོའི་གཏན་ཚིགས་སོ། །དང་པོ་ལ་གསུམ་སྟེ། གཏན་ཚིགས་དངོས། དགོས་ཆེད་རྩོད་སྤོང་ངོ་། །དང་པོ་ནི་འདི་ལྟར་སྣང་བ་ཕྱི་ནང་གི་ཆོས་རྣམས་ཆོས་ཅན། ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་ཡིན་ཏེ། དག་པ་གསུམ་མམ་བཞི་དང་ལྡན་པའི་ཕྱིར་རོ། །གསུམ་ནི་སྣོད་འབྱུང་བ་ལྔ་ཡུམ་ལྔར་དག །བཅུད་ཕུང་པོ་ལྔ་ཡབ་ལྔར་དག །རྒྱུད་རྣམས་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་ལྔར་དག་སྟེ། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། ཞེས་སོ། །བཞི་ནི་དོན་དམ་ཆོས་ཉིད་དམིགས་མེད་དུ་དག །ཀུན་རྫོབ་ཆོས་ཅན་སྒྱུ་མར་དག །རྒྱུ་ནི་འབྱུང་བ་ལྔར་དག །འབྲས་བུ་དམ་རྫས་བདུད་རྩི་ལྔར་དག་སྟེ། རྣམ་བཞིའི་ཚུལ་གྱིས་དག་རྟོགས་མངོན། ཞེས་སོ། །དགོས་ཆེད་ནི་འོག་མ་བས་དག་མ་དག་གཉིས་སུ་ལྟ་བའི་ཕྱོགས་འཛིན་དགག་པའི་འབྲས་བུ་རང་ཉིད་ལས་འབྱུང་བར་ཤེས་པར་འགྱུར་བ་སྟེ། ཇི་སྐད་དུ། གསུམ་བཞི་བཞི་བརྗོད་དགོས་ཆེད་ནི། །རྨོངས་པ་གསུམ་བཞི་དག་མ་དག །འཛིན་པའི་ལྟ་ངན་བཟློག་པའི་ཕྱིར། །རྣམ་གྲངས་བརྗོད་ཀྱི་ངོ་བོ་གཅིག །ཅེས་སོ། །རྩོད་སྤོང་ནི། དག་པའི་ཧེ་དུས་ད་ལྟར་གྱི་སྣང་བ་རང་ག་མ་འདི་སྤང་སམ་མི་སྤང་། དང་པོ་ལྟར་ན། ཡེ་ནས་དག་པ་ཉིད་མ་ཡིན་པར་ཐལ། །དག་བྱ་གནས་པའི་ཕྱིར། གལ་ཏེ་དག་ཀྱང་སྤོང་ན་ཐུགས་མེད་དུ་འགྱུར་རོ། །གཉིས་པ་ལྟར་ན་སོ་སྐྱེ་རྣམས་བདེན་མཐོང་དུ་ཐལ་ཏེ། དག་པ་ཡུལ་དུ་བྱེད་པའི་ཕྱིར། འདོད་ན་འབད་མེད་དུ་གྲོལ་བར་རིགས་ཅེ་ན། ལན་དུ། སྣང་ཙམ་མ་སྤང་ཤིང་རང་ཀར་མི་ལྡན་པ་ནི་རྙོག་མ་དྭངས་པའི་ཆུ་ལྟ་བུ་སྟེ། ཇི་སྐད་དུ། ཆུ་ཁམས་གསེར་དང་ནམ་མཁའ་ལྟར། །དག་པ་བཞིན་དུ་དག་པར་འདོད། །ཅེས་སོ། །མཉམ་པའི་གཏན་ཚིགས་ལའང་གསུམ་སྟེ། དངོས། དགོས་ཆེད། རྩོད་སྤོང་ངོ་། །དང་པོ་ནི། ཆོས་ཐམས་ཅད་ཆོས་ཅན། ལྷག་པ་ཆོས་ཀྱི་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པ་ཡིན་ཏེ། མཉམ་པ་བཞི་དང་ལྡན་པའི་ཕྱིར་རོ། །གཏན་ཚིགས་ནི། དོན་དམ་སྐྱེ་མེད་དུ་མཉམ། ཀུན་རྫོབ་སྒྱུ་མར་མཉམ། བདེན་པ་དབྱེར་མེད་དུ་མཉམ། དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་མཉམ་ཏེ། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་སོ། །དགོས་ཆེད་ནི། འཁོར་འདས་བཟང་ངན་དུ་ཞེན་པ་ཟློག་ཅིང་མཉམ་པའི་དོན་ལ་ངེས་ཤེས་བསྐྱེད་པའི་ཕྱིར་རོ། །ཇི་སྐད་དུ་ཀུན་ཀྱང་མཉམ་པ་ཉིད་ཡིན་པས། །འཇིག་རྟེན་འདས་དང་མ་འདས་པའི། །སོ་སོར་ལྟ་བ་བརྗོད་པར་བྱ། །དགག་ཅིང་བླང་བར་མེད་ཅེས་སོ། །རྩོད་སྤོང་ནི། དེ་ལྟར་ནའང་ཐུན་མོང་གི་ཐེག་པ་མཉམ་པ་གཉིས་པོ་འདི་སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས་སུ་ཐལ་ཏེ། འོག་མ་དང་མིང་མི་མཐུན་པའི་ཕྱིར་ཞེ་ན། མ་ཡིན་ཏེ་ལྷག་པའི་བདེན་གཉིས་ཀྱི་ལྟོས་པ་ངོས་བཟུང་ཙམ་ཡིན་གྱི་བསྒྲུབ་བྱེད་དངོས་མ་ཡིན་པའི་ཕྱིར་ཉེས་པ་མེད་དེ་ཞེས། གསུངས་པའང་རེ་ཞིག་སྤྱོད་དོ། །རྟོགས་པའི་གཏན་ཚིགས་ལའང་དངོས། དགོས་ཆེད། རྩོད་སྤོང་ངོ་། །དང་པོ་ནི། ལུས་ངག་ཡིད་ཀྱིས་བསྡུས་པའི་སེམས་ཅན་གྱི་ཁམས་རྣམས་ཆོས་ཅན། ཡེ་ནས་སྐུ་གསུང་ཐུགས་ཀྱི་ངོ་བོར་སངས་རྒྱས་པ་ཡིན་ཏེ། རྟོགས་པ་བཞི་དང་ལྡན་པའི་ཕྱིར་རོ། །གཏན་ཚིགས་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་སེམས་ཉིད་དུ་རྒྱུ་ག ཅིག་རྟགས་ཡིག་འབྲུ་གསུམ་དུ་གསལ། བྱིན་རླབས་སྐུ་གསུང་ཐུགས་སུ་ཉམས་སུ་བླངས་པས། །འབྲས་བུ་མངོན་སུམ་པར་སངས་རྒྱས་པའི་ཕྱིར། །ཇི་སྐད་དུ། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་རླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་སོ། །དེ་ལྟར་བཞི་པོ་དེ་ཡང་གང་ཟག་ག ཅིག་གི་རྒྱུ་ལ་སྦྱོར་བ་སྐོར་བ་གཅིག་ཡིན་ཏེ་རྗེས་དཔག་གི་ཚུལ་གསུམ་གྱིས་ལ་ལ་མེ་སྒྲུབ་པ་ལྟ་བུའོ། །གསུང་། དགོས་པ་ནི། སེམས་ཅན་གྱི་ལུས་ངག་ཡིད་གསུམ་གྱི་རང་བཞིན་གཅིག་པའི་སྐུ་གསུང་ཐུགས་སྔོན་དུ་ཤེས་པར་བྱ་བའི་ཕྱིར་རོ། །ཇི་སྐད་དུ། དོན་དམ་ཀུན་རྫོབ་དབྱེར་མེད་པས། །སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ། །ཞེས་སོ། །རྩོད་སྤོང་ནི། དེ་ལྟར་གྲུབ་མཐའ་དང་ཁྱད་མེད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ་གོ་བྱེད་ཀྱི་ངོས་ནས་གཏན་ཚིགས་སུ་འགྲོ་ལ་གྲུབ་མཐའ་ནི་རྟོགས་པའི་དོན་ཉིད་དོ། །བདག་ཉིད་ཆེན་པོའི་གཏན་ཚིགས་ལའང་གསུམ་སྟེ། དངོས་དགོས་ཆེད་རྩོད་སྤོང་ངོ་། །དང་པོ་ནི། འཁོར་འདས་ཀྱི་ཆོས་རྣམས་སྣང་ལུགས་དུ་མར་སྣང་ནའང་སེམས་ཉིད་སྐྱེ་བ་མེད་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་བདག་ཉིད་དུ་ཡེ་ནས་གནས་པ་གཏན་ལ་ཕེབས་པ་དེ། དེ་ལ་རང་རྒྱུད་གསུམ་དང་། ཐལ་འགྱུར་གསུམ་མོ། །དང་པོ་ནི། སྐྱེ་བ་ཅན་མི་བདེན་པའི་ཕྱིར་སྐྱེ་མེད་བདེན། གཞན་འབྱུང་མི་བདེན་པའི་ཕྱིར་རང་འབྱུང་བདེན། གློ་བུར་མི་བདེན་པའི་ཕྱིར་ཡེ་ནས་གནས་པ་བདེན་ཞེས་བྱའོ། །ཐལ་འགྱུར་གསུམ་ནི། །སྐྱེ་མེད་མི་བདེན་པའི་སྐྱེ་བ་ཅན་དེ་བདེན་པར་ཐལ། འདོད་ན་རང་ལས་སྐྱེའམ་གཞན་ལས་སྐྱེ་ཅེས་པས་དགག་གོ །རང་བྱུང་མི་བདེན་པའི་ཕྱིར་གཞན་བྱུང་བདེན་པར་ཐལ། འདོད་ན་རྒྱུ་གཅིག་ལས་བྱུང་ངམ། །དུ་མ་ལས་བྱུང་ཅེས་པས་དགག་གོ །ཡེ་ནས་གནས་པ་མི་བདེན་པའི་གློ་བུར་བ་བདེན་པ་ཐལ། འདོད་ན་གློ་བུར་བ་ལ་རྒྱུ་ཡོད་དམ་མེད། དང་པོ་ལྟར་ན་གློ་བུར་བ་ཉམས་ལ། །གཉིས་པ་ལྟར་ན་མེད་པའི་ཆོས་བཞི་སྲིད་པར་ཐལ། །ཞེས་གསུང་ངོ་། །དགོས་པ་ནི། སྤྱོད་ཡུལ་ཡོངས་སུ་དག་པར་ཤེས་པར་བྱ་བའི་ཕྱིར་ཏེ། ཇི་སྐད་དུ། བདག་ཉིད་ཆེན་པོའི་རྐྱེན་ཚིག་གིས། །ལོག་རྟོག་རྒྱུ་འབྲས་བདག་གཞན་ཕྱིར། །སྣང་བ་འདི་ཀུན་རང་རང་གི །རང་བཞིན་མེད་པའི་རྣམ་ཤེས་ཉིད། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །རང་བྱུང་སྤྱོད་ཡུལ་བྲལ་བས་དག །ཅེས་སོ། །རྩོད་སྤོང་ནི། དེ་ལྟར་ནའང་ཕྱི་མ་འདི་ཉིད་སྒྲ་མཐུན་དོན་སྤགས་སུ་འགྱུར་ཞེ་ན། མ་ཡིན་ཏེ་འོག་མ་དག་པ་ཉིད་རང་བྱུང་གི་ཡེ་ཤེས་སུ་མི་སྟོན་པའི་ཕྱིར་རོ། །གཉིས་པ་སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས་ལ་བཞི། རང་སྤྱིའི། མཐའ་དང་བྲལ་བའི། རྣམ་པར་དབྱེ་བའམ། མཚོན་པ་དཔེའི་གཏན་ཚིགས་སོ། །དང་པོ་ནི། ཐུན་མོང་པ་དག་ཉོན་མོངས་པ་སྤྱིའི་མཚན་ཉིད་ནི་སེམས་རབ་ཏུ་མ་ཞི་བའི་རྣམ་པ་ཅན་ཡིན་ལ། རང་གི་མཚན་ཉིད་ཀུན་ནས་མནར་སེམས་པ་ལ་སོགས་པ་ལྔ་ལ་འདོད་མོད་ཀྱི། འདིར་ཁྱད་པར་ཀྱི་ལུགས་ཀྱིས་ཉོན་མོངས་པ་སྤྱིའི་མཚན་ཉིད་ནི་རིགས་སུ་སྤྲོས་པ་དང་བྲལ་བར་མཚོན་ལ། རང་གི་མཚན་ཉིད་རིག་པ་སྒྱུ་མའི་རྩལ་སོ་སོར་སྣང་བ་སྟེ། ཞེན་སྣང་ཆོས་ཅན་། ཡང་དག་པར་མ་གྲུབ་སྟེ། ཉོན་མོངས་པ་རྣམས་རང་རང་གི་ངོ་བོས་སྟོང་པའི་ཕྱིར། ཇི་སྐད་དུ། ལ་ལ་རང་རིག་ཐབས་ཆེན་དུ། །མ་འགགས་སྣང་བ་རང་སྣང་སྟེ། །དངོས་ཀུན་རྣམ་པར་བྱང་བ་དང་། །མཚན་ཉིད་ཡིན་ཏེ་སྤྱི་རུ་འདོད། །ཅེས་སོ། །འགྲོ་ལུགས་ཀྱི་འཐད་པ་ནི། ཐུན་མོང་གི་གཞུང་གིས་སྤྱི་དང་། །རང་གི་མཚན་ཉིད་དུ་ཕྱེ་ནས་འཁོར་བའི་ལམ་དུ་བརྟགས་ཏེ་སྤོང་སྦྱོང་བྱེད་ལ། འདིར་སྤྱི་དང་རང་གི་མཚན་ཉིད་དུ་ཕྱེ་ནས་མྱང་འདས་ཀྱི་ལམ་དུ་བརྟགས་ཏེ། སྤོང་སྦྱོང་བའི་ཁྱད་པར་ཡང་ཡོད་དོ། །ཇི་སྐད་དུ། ཉོན་མོངས་རང་དག་སྤྱིར་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་དུ་བྱང་བའི་ལམ་དུ་འགྱུར། །དེ་ཕྱིར་རང་སྤྱིའི་མཚན་ཉིད་གཅེས། །ཞེས་སོ། །མཐའ་དང་བྲལ་བའི་གཏན་ཚིགས་ནི། །རང་གཞན་རིག་པའི་ཡུལ་ཐམས་ཅད་ཆོས་ཅན། །སྤྲོས་པའི་མཐའ་ཅིར་ཡང་མ་གྲུབ་སྟེ། །ཡང་དག་གི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། །ཇི་སྐད་དུ། མཐའ་དང་དབུས་མེད་དུ་མར་བྲལ། །གང་ཡང་མ་ཡིན་དེ་བཞིན་ཉིད། །དབྱེར་མེད་ཚུལ་དུ་དོན་རྟོགས་ཕྱིར། །མཐའ་དང་བྲལ་བའང་དེ་བཞིན་ནོ། །ཞེས་སོ། །འཐད་པ་ནི། ཐུན་མོང་གི་གཅིག་དང་དུ་བྲལ་རྣམ་གཅོད་ལ་བཀག་པའི་ཡོངས་གཅོད་ལ་གཅིག་དུ་བྲལ་དུ་བསྒྲུབ་ལ། འདིར་གཅིག་དང་དུ་མའི་སྣང་བ་མ་སྤངས་ཤིང་མཐར་ཞེན་པ་ལ་མ་རིག་པ་ཁྱད་པར་ཡོད་དེ། ཇི་སྐད་དུ། ཕྱོགས་འཛིན་ལྟ་ངན་དགྲོལ་བ་དང་། །མཐའ་བྲལ་འདོད་པ་འདིར་གཞུགས་ཕྱིར། །མཐའ་དང་བྲལ་ཞེས་བརྗོད་མོད་ཀྱི། །མཐའ་ཀུན་རང་རིག་རང་སྣང་ཕྱིར། །འདི་ལ་བྲལ་དང་མ་བྲལ་དང་། །གྲོལ་དང་མ་གྲོལ་ཕྱོགས་ཞེན་མེད། །ཅེས་སོ། །རྣམ་པར་དབྱེ་བའི་གཏན་ཚིགས་ནི། །ཕྱི་ནང་གི་ཆོས་རྣམ་ཆོས་ཅན། །རང་བཞིན་དུ་ངེས་པ་མ་ཡིན་ཏེ། འབྱུང་བ་ལ་སོགས་པ་རེ་རེའང་དུ་མའི་ཆོས་དང་ལྡན་པའི་ཕྱིར། གཞུའི་རྒྱུ་ཚོགས་བཞིན་ནོ། །ཇི་སྐད་དུ། རྣམ་པར་དབྱེ་བའང་ཕུང་པོ་དང་། །འབྱུང་བ་ལ་སོགས་དངོས་ཀུན་ལ། །དངོས་སྣང་རེ་རེའང་བྱེ་བྲག་ནི། །བརྩི་བར་རིལ་པོར་ཞེན་གྲོལ་བ། །ཞེས་སོ། །འཐད་པ་ནི། ཐུན་མོང་གི་མཚོན་བྱ་མཚོན་བྱེད་ཐ་སྙད་ངེས་པ་ཅན་དུ་འདོད་ལ། འདིར་མཚོན་བྱེད་ཡི་གེ་མུམ་གྱིས་མཚོན་བྱ་ཆོས་ཀྱི་དབྱིངས་སུ་མཐར་ངེས་པ་མེད་པར་གཏན་ལ་འབེབས་པའི་ཁྱད་པར་ཡོད་དེ། །ཇི་སྐད་དུ། འབྱུང་བ་ཆེན་པོ་ལྔ་རྣམས། རང་བཞིན་མེད་པར་གཞིག་བྱའི་ཕྱིར། །གཅིག་ལ་ལྔ་ལྔར་དབྱེ་བྱ་ཞིང་། །ཡུམ་གྱི་དབྱིངས་སུ་བསྟིམ་པར་བྱ། །མུན་ཉིད་སྨྲ་བསམ་ཡུལ་ལས་འདས། །ཞེས་སོ། །མཚོན་པ་དཔེའི་གཏན་ཚིགས་ནི། དོན་འགའ་ཞིག་དངོས་སུ་བསྟན་པར་མ་ནུས་པ་ལ་ཉེ་བར་འཇལ་བའི་དཔེ་མཚོན་ནས་རྫོགས་པར་བྱེད་དོ། །སེམས་ཀྱི་དེ་ཁོ་ན་ཉིད་ནམ་མཁའ་སྐྲུན་པ་བཞིན་ནོ། །ཇི་སྐད་དུ། ནམ་མཁའ་བཟུང་དུ་མེད་པར་ལྟར། །སྣང་སྲིད་ཐམས་ཅད་དེ་དང་འདྲ། ཞེས་སོ། །འཐད་པ་ནི་ཐུན་མོང་འདི་དཔེ་དོན་ཐ་དད་དུ་གཏན་ལ་འབེབས་པ་ལ། འདིར་ནི་དཔེ་དོན་རང་བཞིན་ཐ་མི་དད་དུ་མཚོན་པས་ཁྱད་པར་ཡོད་དེ། ཇི་སྐད་དུ། སྣང་བ་རང་རྒྱུད་མེད་པའི་ཕྱིར། །རང་རིག་རང་སྣང་སྤྱོད་ཡུལ་མེད། །ཀུན་ལ་དེ་ལྟར་འབྱོར་བར་གྱིས་ཞེས་སོ། །གཏན་ཚིགས་དེ་དག་ཀྱང་ག ཅིག་གམ་ཐ་དད་ཅེ་ན། ངོ་བོ་འམ་གཏན་ཚིགས་ལ་དབབ་བྱའི་དོན་དབྱེར་མེད་ཀྱིས་མཚོན་ཚུལ་གྱིས་ལྡོག་ཕྱོགས་ཐ་དད་པ་ཉིད་དེ། ཇི་སྐད་དུ། དེ་དག་དབྱེ་བ་མཚོན་གྱི་རྣམ་གྲངས་བློའི་ཕྱིར་བཤད་ཀྱིས། དེ་གྲངས་སུ་ངོས་བཟུང་མེད། དེ་བས་ངོ་བོ་གཅིག་པར་བདེན། །ཞེས་སོ། །གསུམ་པ་གཏན་ལ་ཕབ་པའི་གྲུབ་མཐའ་ལ་གཉིས་ཏེ་གཞན་སེལ་ནོར་བ་དོན་གྱི་ལྟ་བ་འོག་མའི་གྲུབ་མཐའ་དམིགས་ཀྱིས་བསྐོར་བ་དང་། དོན་གཉེར་མ་ནོར་དོན་གྱི་ལྟ་བ་འདི་ཉིད་ཀྱི་གྲུབ་མཐའ་དམིགས་ཀྱིས་བླངས་པའོ། །ཇི་སྐད་དུ། དེ་ལྟར་ལྡན་པའི་སྤྱན་འཚོལ་ཚེ། །གཏན་ཚིགས་རྣམས་ཀྱིས་སྨལ་བྱ་སྟེ། །ནོར་བས་ཤེས་རབ་དམིགས་བསལ་ནས། །མ་ནོར་དམིགས་ནས་བསླང་བར་བྱ། །ཞེས་སོ། །དང་པོ་ལ་བཞི་སྟེ། གང་ལས་གོལ་བའི་གཞི། གོལ་ཚུལ་བྱེ་བྲག་ཏུ་བསྟན་པ། གོལ་བའི་ཉེས་པ། ཆོས་ཉིད་དུ་ལ་བཟླ་བའོ། །དང་པོ་ནི་ཆོས་ཉིད་ཕྱོགས་མེད་ཆེན་པོ་ལ། །རང་རང་གི་བློས་ཕྱོགས་རིས་སུ་ཞེན་པ་སྟེ། ནམ་མཁའ་རིས་སུ་བཅད་པ་ལྟ་བུ་སྟེ། ཇི་སྐད་དུ། སྤྱི་ནི་ལོག་རྟོག་བསམ་ཡས་པ། །ཡེ་ནས་ཡོད་པ་མ་ཡིན་ཏེ། །སོ་སོའི་འཛིན་རྟོགས་བག་ཆགས་ཀྱིས། །གཟུང་འཛིན་དྲྭ་བས་སྒྲིབ་གྱུར་ཏེ། །ཅི་ཡང་མེད་ལས་ཅིར་ཡང་སྣང། །བྱང་ཆུབ་སྙིང་པོའི་གཞི་ལ་གོལ། །ཞེས་སོ། །བྱེ་བྲག་ཏུ་བསྟན་པ་ལ་བཅུ་སྟེ། །འཇིག་རྟེན་པའི་ལྟ་བ་ལྔ་དང་འདས་པའི་ལྟ་བ་ལྔའོ། །དང་པོའི་དང་པོ་ནི་དངོས་པོའི་དེ་ཉིད་མི་ཤེས་པའི་དུག་ལྔ་རང་རྒྱུད་པར་སྤྱད་པས་ལམ་རྒྱུར་ལྔར་འཁོར་ཏེ། དེ་བས་མཉམ་ཉིད་མི་རྟོགས་པས། །དུག་ལྔ་འཇོལ་སྤྱོད་རྒྱུད་ལྔར་འཁོར། །ཞེས་སོ། །ཆོས་ཉིད་མཉམ་པ་ཉིད་མ་རྟོགས་པའི་དབང་གིས་ཟག་པ་དང་བཅས་པའི་དགེ་བཅུ་ཁྱད་དུ་སྤྱད་པས་འདོད་ཁམས་ཀྱི་ལྷ་མིར་གོལ་ཏེ། དགེ་བཅུ་དག་ལ་གཙོར་ལེན་ཅིང་། །དགེ་དང་མི་དགེ་མི་མཉམ་པས། །ལྷ་དང་མི་ཡི་སྐྱེ་གནས་ཏེ། །མཉམ་ཉིད་མ་རྟོགས་འདོད་ཁམས་འཁོར། ཞེས་སོ། །གཟུགས་ཀྱི་འདོད་ཆགས་མ་བྲལ་ཞིང་རྟོག་དཔྱོད་ཏིང་ངེ་འཛིན་རོ་ལ་ཆགས་པས་གཟུགས་ཁམས་སུ་གོལ་ཏེ། ཚད་མེད་བཞི་དང་བསམ་གཏན་བཞི། །རིམ་པས་སོ་སོར་བདག་འཛིན་ཅིང་། །གཟུངས་ཁམས་ཀུན་ལ་བདག་ཏུ་རྟོག །འདི་ནི་ཚངས་གནས་རིམ་པར་སྐྱེ། །ཞེས་སོ། །ལྷག་མཐོང་གི་ཤེས་རབ་ཀྱིས་དབེན་པའི་མིང་བཞི་ལ་ལྡན་པའི་ཏིང་ངེ་འཛིན་ལ་གཅིག་ཏུ་གཟུང་པས་གཟུགས་མེད་ཀྱི་ལྷར་གོལ་ཏེ། མཉམ་དང་གཟུགས་མེད་མ་རྟོགས་པས། །མིང་བཞི་མེད་པར་མ་ཤེས་ཏེ། །སྐྱེ་མཆེད་བཞི་ལ་གནས་གྱུར་ན། །སྲིད་པ་རྩེ་མོའི་ས་རུ་སྐྱེ། ཞེས་སོ། །ཆོས་ཉིད་མཐའ་དང་བྲལ་བ་ལ་སྒྲོ་བསྐུར་གྱི་མཐར་ཞེན་པས་མུ་སྟེགས་སུ་གོལ་ཏེ། རྟག་ཆད་གཉིས་ཀ་གང་གི་བློ་ཞེན་པ། །དོན་གྱི་སྙིང་པོ་ཉིད་ལས་གྲོལ་བར་གསུང་། །ཞེས་སོ། །འདས་པའི་ལྟ་བ་ལྔའི་དང་པོ་ནི། །ཆོས་ཀྱི་བདག་གཟུང་འཛིན་དོན་དམ་དུ་ལྟ་ཞིང་འཁོར་འདས་བདེན་བཞིའི་རྒྱུ་འབྲས་ལ་སྤང་ལེན་བྱེད་པས་ནི་ཉན་ཐོས་སུ་གོལ་ཏེ། གཉིས་མེད་མ་རྟོག་ཐམས་ཅད་ལ། །བདེན་བཞིའི་དངོས་པོར་ཡོད་ལྟ་ཞིང་། །སྤོང་དང་མི་སྤོང་བྱེད་གྱུར་ན། །འདི་ནི་ཉན་ཐོས་ས་པ་ཡིན། །ཞེས་སོ། །ཤེས་པ་སྐད་ཅིག་དོན་དམ་དུ་ལྟ་ཞིང་འཁོར་འདས་རྒྱུ་འབྲས་དུ་འཛིན་པས་ན་རང་རྒྱལ་དུ་གོལ་སྟེ། ལས་དང་ཉོན་མོངས་ཐམས་ཅད་ལ། །མཉམ་པའི་དོན་དུ་མི་ཤེས་ཤིང་། །རྟེན་འབྲེལ་རྒྱུ་འབྲས་ཡོང་འཛིན་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །ཞེས་སོ། །བདག་མེད་གཉིས་ཀྱི་རྟོགས་པ་ཅི་རིགས་པར་ལྡན་ཞིང་བདེན་གཉིས་བཟང་ངན་བླང་དོར་དུ་བྱེད་པས་ནི་བྱང་ཆུབ་སེམས་པར་གོལ་ཏེ། མཉམ་པའི་དོན་ཉིད་མི་ཤེས་ཤིང་། །ཀུན་རྫོབ་དོན་དམ་གཉིས་འབྱེད་ལ། །ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་ས་པ་ཡིན། །ཞེས་སོ། །དོན་དམ་པར་མཐའ་བཞི་དང་བྲལ་བའི་དག་པར་རྟོགས་པ་ཀུན་རྫོབ་ཏུ་དངོས་གྲུབ་གཞན་དུ་རེ་ཞིང་རྩོལ་བས་ཀྲི་ཡར་གོལ་ཏེ། གཉིས་མེད་མཉམ་པར་མ་ཤེས་པས། །དོན་དམ་དག་པ་ཆོས་ཉིད་རྩམ། །ཡེ་ཤེས་བཞི་ཡོན་ཀུན་རྫོབ་ལྷ། །རེས་བསྒོམ་བྱ་བ་ལས་ཀྱི་ས། །ཞེས་སོ། །དོན་དམ་པར་མཚན་མ་མེད་པའི་ཆོས་ཉིད་ཀྱི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ཆར་ལྷར་བརྟགས་པ་བཟང་ངན་བླང་དོར་བྱེད་པ་ནི་ཡོ་གར་གོལ་ཏེ། ལྷུན་གྲུབ་མཉམ་པ་མ་མཐོང་པས། །ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱི། །བྱིན་རླབས་རྡོ་རྗེ་དབྱིངས་སྤྲུལ་པས། །བླང་དོར་བྱེད་པ་ལས་ཀྱི་ས། །ཞེས་སོ། །གོལ་བའི་ཉེས་པ་ནི། འཛིན་པ་རྣམས་དུཿཁའི་བཙོན་རར་ཚུད་ཅིང་བདེ་བའི་ལམ་དང་བྲལ་ལ། འདས་པ་རྣམས་རང་རང་གི་ལྟ་སྤྱོད་ཀྱིས་རྒྱུད་བཅིངས་ཏེ། །མཐར་ཐུག་འབྲས་བུའི་གེགས་སུ་འགྱུར་བའོ། །ཇི་སྐད་དུ། བདེན་མིན་མ་གྲོལ་བཅིངས་པ་དང་། །དུཿཁས་འཇོམས་བསླུས་མི་རྟག་དང་། །འཕགས་ལམ་བྲལ་ཞིང་བཙོན་རར་ཆུད། །སྡུག་བསྔལ་མི་འཇིལ་རྒྱུ་ཕྱིར་འཁྲུལ། །ཞེས་སོ། །ལ་བཟླ་བ་ནི། དེ་དག་ཇི་ལྟར་སྣང་ཞིང་གང་ལྟར་འཇིག་རྟེན་ནའང་རང་བཞིན་ཆོས་ཉིད་ལས་ཉམས་པ་མེད་དེ། གསེར་གྱི་བཟོ་ཁྱད་བཞིན་ནོ། །ཇི་སྐད་དུ། ཐེག་པ་མཐོ་དམན་ཐམས་ཅད་དང་། །འཇིག་རྟེན་ལྟ་བ་ཐམས་ཅད་ཀུན། །ཡེ་ཤེས་ཆེན་པོར་རབ་བརྟགས་ནས། །རང་བཞིན་མེད་ལས་ཅིར་ཡང་འགྲུབ། །རང་བཞིན་ཉིད་ལས་ཉམས་པ་ན། །ཞེས་པ་དང་། ས་དགུ་དག་པའི་ཡེ་ཤེས་ནི། །ས་དགུ་མ་སྤང་ངང་དུ་བཅོམ། །ཞེས་སོ། །དོན་གཉེར་མ་ནོར་དོན་གྱི་ལྟ་བ་འདི་ཉིད་ཀྱི་གྲུབ་མཐའ་དམིགས་ཀྱིས་བླངས་བ་ལ་ལྔ་སྟེ་ལྟ་བའི་ངོ་བོ་དང་། རྣམ་གྲངས་དང་། བཙན་ཐབས་དང་། རྟོགས་པའི་ཚད་དང་། །རྟོགས་མ་རྟོགས་ཀྱི་སྐྱོན་ཡོན་ནོ། །དང་པོ་ནི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་སྟེ། །ཇི་སྐད་དུ། ལྷག་པའི་མཉམ་ཉིད་དབྱེར་མེད་དོན། །མིང་གྲངས་ཅིར་ཡང་བསྟན་མོད་ཀྱི། །དོན་དུ་སྨྲ་བསམ་ཡུལ་ལས་འདས། །ཞེས་སོ། །རྣམ་གྲངས་པ་ལ་གཉིས་ཏེ། དོན་གྲངས་དང་། མིང་གྲངས་སོ། །དང་པོ་ལ་གསུམ་ལས། ཟག་བཅས་ཀྱི་ལྷ་གྲངས་ནི་བཞི་སྟེ། ཇི་སྐད་དུ། མངོན་བྱས་རིམ་པ་རྟོག་གོམ་རིམ། །རྣམ་བཞི་ལམ་དང་སྒོ་བཞི་དང་། །བསྙེན་བསྒྲུབ་ལམ་གྲངས་མཉམ་གཡོ་ཐོབ། །གོམ་བརྟན་མཐར་ཕྱིན་རིམ་པར་འཕར། །ཞེས་སོ། །གཉིས་པ་ལམ་ཀུན་གྱི་ལྷ་གྲངས་ནི་དགུ་སྟེ། །ཇི་སྐད་དུ། མཉམ་ཉིད་ངང་ལས་མི་སྐྲག་པ། །མངོན་བྱ་ངེས་པའི་ཤེས་རབ་དང་། །རྣམ་པ་ཀུན་ལྡན་སྟོང་ཆེན་མཐོང་། །རང་རང་སྙིང་རྗེ་ཡེ་ཤེས་གཟིགས། །ཕྱག་རྒྱ་གཅིག་སྐུ་འབྲས་བུ་ལྟ། །ཐམས་ཅད་གསལ་བའི་ལྟ་བ་དང་། །བར་ཆད་མེད་པའི་ཚོགས་ཆེན་མཐོང་། །དབང་བསྒྱུར་མཉམ་ཉིིད་མི་གཡོ་བ། །ཡེ་ཤེས་ཀུན་མཁྱེན་ལྷ་གྲངས་དགུ ཞེས་སོ། །གསུམ་པ་རྒྱུད་དོན་ལྷ་གྲངས་བཅུ་ནི། །རྒྱུད་ཀྱི་དངོས་པོ་རེ་ལ་ལྟ་བ་རེ་རེའོ། །མིང་གི་རྣམ་གྲངས་ནི་རྣམ་ཤེས་ཚོགས་དྲུག་གི་ལྟ་བ་དྲུག་སྟེ། །ཇི་སྐད་དུ། མ་འདྲེས་ཡོངས་རྫོགས་གསལ་སྟོང་བཟུགས། །ལྷ་དང་ལྟ་བ་བྱར་མེད་པར། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །གང་དུའང་མ་མཐོང་སྤྱན་གྱི་མཆོག །ཅེས་པ་ལ་སོགས་པའོ། །ལྟ་བའི་བཙལ་ཐབས་ནི་དྲི་མ་མེད་པའི་ཤེས་རབ་རྣམས་གསུམ་གྱིས་ཡོད་མེད་ལ་སོགས་མཐའ་དང་བྲལ་བ་ལས། བཙལ་བར་བྱ་སྟེ། ཇི་སྐད་དུ། ཡོད་ལས་བཙལ་ན་སྒྲོ་བཏགས་ཏེ། །སྒྲོ་བཏགས་བརྒྱད་དུ་ལྟུང་བར་འགྱུར། །མེད་ལས་བཙལ་ན་སྐུར་བཏབ་ཏེ། །བསྐུར་པ་བཅུ་ཡི་གནས་སུ་ལྟུང་། །ཡོད་མེད་གཉིས་ལས་བཙལ་བྱས་ནའང་། །དེ་སྙེད་ལུང་མ་བསྟན་དུ་འགྱུར། །སེམས་ཉིད་ཡེ་ནས་སངས་རྒྱས་ལ། །དེ་མིན་ལྟ་བ་ཟློག་པའི་ཕྱིར། །མཐའ་བྲལ་འདས་དང་གྲོལ་སོགས་སུ། བླ་དྭགས་ཙམ་དུ་བརྗོད་པ་ཡིན་ཅེས་སོ། །རྟོགས་པའི་ཚད་ནི་བདེན་པ་དབྱེར་མེད་སྐོར་ཅིག ལྷུན་གྱིས་གྲུབ་པ་རང་གི་མཚན་ཉིད་དུ་རྟོགས་ནས་རིག་པ་ཡུལ་མེད་དུ་གསལ་བའོ། །ཇི་སྐད་དུ། རང་རིག་མངོན་སུམ་དམིགས་བྲལ་བས། །རང་གསལ་གསུམ་བྲལ་མི་འགུལ་བར། །ངེས་པར་གདེང་དུ་གང་བྱས་པ། །ཐོས་བསམ་བརྟན་པའི་ལྟ་མཐར་ཕྱིན། ཞེས་སོ། །དེ་ཡང་ལམ་ཅིག་ཆར་བའི་སྐབས་སུ་གསལ་བ་ཆིག་ཆོད་སྐྱེད་དབྱུང་དུ་མེད་པར་རྟོགས་ཤིང་། ཐོད་རྒལ་བའི་སྐབས་སུ་དེ་བས་མི་གསལ་བར་རྟོགས་ལ། རིམ་གྱིས་པའི་སྐབས་སུ་ན ང་ནས་མི་གསལ་བར་རྟོགས་ལོ། །འོ་ན་རིམ་ཅ ིག་ཆར་གཉིས་ལྟ་བའི་ངོ་བོ་ལ་ཁྱད་ཡོད་དམ་མེད། ཅེ་ན་ཁ་ཅིག་རྟོགས་ཚབ་ཆེ་ཆུང་ཡོད་ཅེས་ཟེར་བ་ནི་འཐད་པ་མ་ཡིན་ཏེ། མྱུར་བུལ་ཙམ་ལས་རྟོགས་པ་རང་གི་ངོ་བོ་ལ་ནི་ཁྱད་པར་ཅུང་ཟད་མེད་དོ་གསུང་ངོ་། །དེ་ལྟར་ནའང་ལམ་ཟག་བཅས་ཀྱི་ལྟ་བ་རང་གི་མཚན་ཉིད་མཐོང་ངམ་མི་མཐོང་། དང་པོ་ལྟར་ན་ཟག་མེད་དུ་ཐལ། རང་མཚན་མངོན་དུ་བྱས་པའི་ཕྱིར། ཚེ་དབང་བཞིན་ནོ། །འདོད་ན་ཟག་བཅས་ཉམས་ཤིང་། ལུང་ལས་ཀྱང་། དེ་དག་ཟག་བཅས་བསམ་གཏན་ཏེ། །གཉིས་མེད་ཡུལ་དྲལ་དེ་མཐོང་ཡིན། །ཞེས་སོ། །གཉིས་པ་ལྟར་ན། སྤྱི་མིན་རང་གི་མཚན་ཉིད་དུ། རང་རིག་མངོན་སུམ་དམིགས་གཉིས་སུ་བྲལ་བས། རང་གསལ་མཐའ་རྒྱུད་ལས་གྲོལ། ཞེས་པ་དང་། སྒྲ་རྟེན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་དམིགས་བྲལ་བ། ཞེས་པ་དང་། གཞན་ཡང་། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་གྱུར་པ་ཡིན། ཞེས་རང་མཚན་དུ་མཐོང་བར་གསུངས་པའི་ལུང་རྣམས་ཇི་ལྟར་དྲང་ངོ་ཞེ་ན། འདིའི་ལན་ལ་གཉིས། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ཁ་སྔགས་རམ་པ་ཅིག་ན་རེ། ཆོས་ཉིད་རང་གི་མཚན་ཉིད་ཟག་བཅས་ཀྱི་སྐབས་སུ་ལྟ་ཞོག་གི །ཟག་མེད་ཀྱི་ལམ་གསུམ་དུའང་མ་མཐོང་སྟེ། སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ལོ། །ཇི་སྐད་དུ། དེ་ནི་རྒྱུད་དག་པ་ཁོ་ནའི་སྤྱོད་ཡུལ་བརྒྱད་གྱུར་དུ་གྱུར་གྱི་གངས་དང་ས་ལ་གནས་པ་རྣམས་ཀྱིས་ནི་མ་ཡིན་ནོ། །ཅེས་གསུངས་པས་སོ། །ཟེར་བ་ནི་མི་རིགས་ཏེ། ལེགས་པའི་ལམ་གསུམ་ཆོས་ཅན། །ལྟོས་བཅས་སུ་ཐལ། ཉོན་མོངས་སྒྲིབ་པ་མ་སྤངས་པའི་ཕྱིར་རོ། །གང་དུ་ཆོས་ཉིད་རང་མཚན་མ་མཐོང་པ་ལ་ཉོན་སྒྲིབས་མ་སྤངས་པས་ཁྱབ་ཅིང་། ཉོན་མོངས་པ་དང་བཅས་པ་ལ་འཁོར་བར་བཟློག་པས་ཁྱབ་སྟེ། སོ་སོའི་སྐྱེ་བོ་བཞིན་ནོ། །འདོད་པར་མི་ནུས་ཏེ། ཟག་ཀུན་ཐད་པའི་རིགས་ཅན་འདི། །ཇི་ལྟར་བྱས་ཀྱང་བཟློག་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །གོང་དུ་མཐོང་བར་བཤད་པའི་ལུང་དུ་མས་ཀྱང་གནོད་ཅིང་། ཁྱེད་ཉིད་ཀྱི་ལུང་ཡང་ལམ་དུ་ཆོས་ཉིད་རང་མཚན་མི་མཐོང་པ་ལ་དགོངས་པ་མ་ཡིན་གྱི་དུས་བཞི་མཉམ་སྦྱོར་དུ་མ་གྱུར་པ་ལ་དགོངས་པ་ཡིན་ནོ། །ཡང་ཁ་སྐྱོ་ཅིག་ན་རེ། ཟག་བཅས་ཀྱི་མ་རྟོགས་ན་ཕར་ཞོག །རྟོགས་པ་རེ་རེ་ཤེས་ན་རང་མཚན་སྐྱེད་དུ་བྱར་མེད་པར་མཐོང་ཞེས་ཟེར་བ་ནི་ཤིན་ཏུའང་མི་རིགས་ཏེ། ཟག་བཅས་ཀྱི་ལམ་མཚོན། ཟག་མེད་མཐོང་ལམ་དང་ཁྱད་མེད་དུ་ཐལ། རང་མཚན་སྐྱེད་མེད་དུ་མཐོང་བའི་ཕྱིར། ཚེས་གསུམ་གྱི་ཟླ་བ་བཞིན་འདོད་ན་གསལ་ལོ། །ཡང་ཉ་རི་བ་ཁ་ཅིག་ན་རེ། ཟག་བཅས་ཀྱི་སྐབས་སུ་དུམ་བུ་བར་མཐོང་ཟག་མེད་ཀྱི་སྐབས་སུ་རྒྱུན་དུ་མཐོང་བའོ། །ཅེས་ཟེར་བའང་མི་རིགས་ཏེ། དང་པོ་མཐོང་ལམ་ལ་རང་མཚན་རྟོགས་པའི་ངེས་ཤེས་ཡོད་དམ་མེད། གཉིས་པ་ལྟར་ན། བདེན་མཐོང་གྱི་བྱེད་ཆོས་མ་གྲུབ་ལ། དང་པོ་ལྟར་ན། ཟག་མེད་དུ་ཐལ་ཏེ། རང་མཚན་ལ་ངེས་ཤེས་སྐྱེས་པའི་ཕྱིར། ས་དང་པོའི་བདེན་པ་བཞིན་ནོ། །འདོད་ན་དུམ་བུ་བའི་ཁྱད་པར་བུད་དེ། ལུང་ལས་ཀྱང་། རང་གསལ་གསུམ་བྲལ་མི་སྒུལ་བས། །ངེས་པར་སྟེང་དུ་གང་བྱས་པར། །ཐོས་བསམ་བརྟེན་པའི་ལྟ་མཐར་ཕྱིན། །ཅེས་ངེས་ཤེས་ཡོད་ཅིང་རྐྱེན་དབང་དུ་མི་འགྱུར་བར་བཤད་པ་དང་འགལ་ལོ། །ཟག་མེད་མཐོང་ལམ་ཉིད་དུའང་རྒྱུན་དུ་མཐོང་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། ངང་དུ་བསྒོམ་པའི་ལམ་གྱིས་ད་གཟོད་རྒྱུན་བསྲིང་ཞིང་མཉམ་རྗེས་གཉིས་མེད་དུ་སློབ་དགོས་པའི་ཕྱིར། ཇི་སྐད་དུ། གསང་ཐོས་གསང་རིགས་བསྒོམ་སྦྱོར་བས། །དཀྱུས་སར་ཕྱིན་པའི་ཅང་ཤེས་བཞིན། །ཀུན་ཏུ་འགྲོ་བ་བདག་པོའི་དོན། །ཞེས་སོ། །ཡང་ཁ་འདར་ནག་ཅིག་ན་རེ། །ཟག་བཅས་ཀྱི་སྐབས་སུ་རང་གི་མཚན་ཉིད་རང་རིག་པའི་མངོན་སུམ་དུ་མཐོང་ཞིང་། ཟག་མེད་དུ་རྣལ་འབྱོར་གྱི་མངོན་སུམ་དུ་མཐོང་བའོ། །ཞེས་ཟེར་ནའང་རེ་ཞིག་འཐད་འཐད་འདྲ་ནའང་རིགས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། རྒྱུ་འབྲས་དུས་གཅིག་རྫོགས་པ་ཡི། །རང་རང་ཉིད་དུ་དབང་ཐོབ་སྟེ། །དོན་མཐོང་འཇུག་པ་མཐར་ཕྱིན་ལམ། །མཐོང་བའི་ཆོས་ལ་མྱ་ངན་འདས། །ཅེས་ཚེ་དབང་གི་བདེན་པ་རང་རིག་གི་མངོན་གསུམ་དུ་མཐོང་བར་གསུངས་པ་ཉིད་སྤངས་བར་མི་ནུས་སོ། །བདག་གི་བླ་མ་རོག་ནི་ཟག་བཅས་ཀྱི་སྐབས་སུ། རང་གི་མཚན་ཉིད་དུ་མཐོང་ནི་མཐོང་ལ། མཐོང་ལུགས་ཀྱི་ཁྱད་པར་ཡོད་དེ། ཟག་མེད་མཐོང་ལམ་ལ་ལྟོས་ནས་མི་གསལ་བའམ། ནུས་པ་མཐོང་པའི་ཚུལ་དུ་མཐོང་གསུང་། དེ་ལྟར་ནའང་ཟག་མེད་དང་ཁྱད་མེད་དུ་ཐལ། རང་མཚན་མཐོང་བའི་ཕྱིར་རོ་ཞེས་པའམ། ལན་དུ། མཐོང་བ་ཙམ་གྱི་ཕྱིར་རོ། །ནུས་ཐོབ་དུ་མཐོང་པའི་ཕྱིར་ཟེར། དང་པོ་ཁྱབ་པ་མེད་ཅིང་། གཉིས་པའི་རྟགས་མ་གྲུབ་ཅེས་གསུངས་པ་ནི། བླ་མའི་གསུང་ལ་གཅེས་སྤྲས་བྱས་པ་ཙམ་ཡིན་ལེགས་པ་དཀར་ཡང་མི་སེམས་ཏེ། ལྟ་བ་ཟག་བཅས་དང་ཆོས་ཉིད་རང་རང་མཚན་གཉིས་མངོན་འགྱུར་འགལ་ཆོས་སུ་གནས་པའི་ཕྱིར་རོ། །རང་ལུགས་ཀྱི་ལན་ནི་རྣམ་པར་དབྱེར་ཕྱེ་ནས་འདེབས་ཏེ། སྤྱིར་ལྟ་བའི་སྐབས་སུ་ཆོས་ཉིད་རང་མཚན་དུ་མཐོང་ངམ་མ་མཐོང་ཟེར་རམ། བྱེ་བྲག་དུ་ཟག་བཅས་ལྟ་བའི་སྐབས་སུ་མཐོང་ངམ་མ་མཐོང་ཟེར་དང་པོ་ལྟར་ན་མཐོང་བའང་ཡོད་དེ་དབང་པོ་རྣོན་པོའི་ཡང་རབ་དེ་ཉིད་ཐོས་བསམ་གྱི་ལྟ་ཐོག་ནས་གྲོལ་བ་དགག་མི་སྤྱོད་པའི་ཕྱིར་རོ། །ཇི་སྐད་དུ། ཡེ་ནས་དབྱིངས་སུ་རོ་ཅིག་པས། །རྐྱེན་གྱི་རྡུལ་གྱི་ག་ལ་འགོ །དེ་ལ་ང་དང་བདག་མི་རྟོག །ཤེས་རབ་མཆོག་གི་དེ་ལྟར་རྟོགས། །ཞེསསོ། །གཞན་ཡང་ལྟ་བ་ནི་ཟག་བཅས་ཁོ་ནར་རྣམ་པར་བཅས་པ་མིན་པའི་ཕྱིར། འགའ་ཞིག་དུ་རང་མཚན་མཐོང་བ་མི་འགལ་ཏེ། ཇི་སྐད་དུ། ལྟ་བ་ལྟ་བར་གཙོར་བརྗོད་མོད། །དོན་དུ་ཤེས་རབ་ཀུན་མཉམ་ཉིད། །དེད་དཔོན་རིན་ཆེན་ཇི་བཞིན་དུ། །གདོད་མཐའི་བར་དུ་འདི་ཤེས་དགོས། །ཞེས་སོ། །གཉིས་པ་ལྟར་ན་ནི་མ་མཐོང་སྟེ། དབང་པོ་རབ་ཀྱི་འབྲིང་མན་ཆད་ཀྱིས་ཟག་བཅས་ཀྱི་སྐབས་སུ་ཐོས་པའི་སྒྲ་སྤྱི་ལ་བརྟེན་ནས་བསམ་ཤེས་ཀྱིས་ལྟ་བ་དོན་སྤྱིར་རྟོགས་ཏེ། ཟག་བཅས་ཞི་གནས་ཀྱི་ཏིང་ངེ་ལ་འདྲིས་པར་བསླབས་པས་ཟག་མེད་དུ་རང་མཚན་ཉིད་ངོ་བོ་བསྐྱེད་དུ་བྱར་མེད་པར་མཐོང་ལ། དེ་ནས་སངས་རྒྱས་ཀྱི་སའི་བར་དུ་ཕྲ་བའི་སྒྲིབ་པ་རིམ་གྱིས་སྤངས་ཏེ་གསལ་བའི་ཁྱད་པར་བསྐྱེད་དུ་བྱས་ཤིང་མཁྱེན་པའི་ཡེ་ཤེས་དུས་བཞི་མཉམ་སྦྱོར་བསྐྱེད་དུ་བྱར་མེད་པ་མངོན་དུ་གྱུར་པ་ཉིད་དོ། །ཇི་སྐད་དུ། འོན་ཀྱང་ས་དང་པོའི་རིམ། ཉེ་རིང་དྲུང་བཞིན་སྟོབས་འཕེལ་བ། །རྒྱུ་རྐྱེན་གོང་འོག་འབྲས་བུ་འགྲེལ། །གསལ་བའི་བྱེ་བྲག་རིམ་པར་འགྲོ། །དེ་ཆས་སྐབས་མིན་བརྗོད་དངོས་གཅིག་ཅེས་གསུངས་ཤིང་། དབྱེར་མེད་ཆིག་ཆོད་དུ་རྟོགས་པར་མ་ནུས་པས་ལྟ་བའི་རྣམ་གྲངས་ཐ་དད་ཀྱིས་ལམ་རང་རང་གི་སྐབས་སུ་སྤྲོས་པ་གཅོད་པ་ཉིད་དེ། ཇི་སྐད་དུ། ཡེ་ཤེས་ཀུན་མཁྱེན་ལྷ་གྲངས་དགུ །རྣལ་འབྱོར་རིམ་པའི་རྒྱུད་ལས་སྐྱེས། །དེ་བས་ཤེས་རབ་གསུམ་ལ་འབོད། །རྒྱུད་དོན་གཟུངས་ཀྱིས་ཟིན་པ་ཡིན། །ཞེས་སོ། །དེ་བས་ན་ཟག་བཅས་ཀྱི་ལམ་སྐབས་འདི་ཆོས་ཅན། ཆོས་ཉིད་རང་མཚན་དུ་མཐོང་མ་ཡིན་ཏེ། ཀུན་བརྟགས་སྤངས་པའི་གཉེན་པོ་མཐོང་ལམ་ཆེན་པོ་ཉིད་རྒྱུད་ལ་མ་བརྟེན་པའི་ཕྱིར། ཐུན་མོངས་ཀྱི་སྦྱོར་ལམ་བཞིན་ཅེས་འབྲས་རྟགས་ཟློག་ཁྱབ་ཀྱིས་ཁེགས་པ་ཡིན་ནོ། །དེ་ལྟར་ནའང་སྔར་གྱི་སྤྱི་དེས་དགོས་ལ་ཁྱབ་བམ་མ་ཁྱབ། གཉིས་པ་ལྟར་ན་ལྟ་བ་ལ་རིགས་སྤྱི་ཁེགས་པར་འགྱུར་ལ། དང་པོ་ལྟར་ན་ཟག་བཅས་སུའང་རང་མཚན་རྟོགས་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ་འདིར་རིགས་ཀྱི་བྱེ་བྲག་ཁེགས་པས་སྤྱི་མི་དམིགས་པའི་ཕྱིར་རོ། །ཞེས་བྱའོ། །རྟོགས་མ་རྟོགས་ཀྱི་སྐྱོན་ཡོན་ནི་འཁོར་བར་ཟློག་མི་ཟློག་ཁྱད་པར་དུ་བྱེད་དེ། ཇི་སྐད་དུ། །སྤྱན་བཟང་ལམ་ཞུགས་ཇི་བཞིན་ཕྱིར། །ཆེ་ཀུན་ཟག་ཅིང་འཆིང་བའི་རྒྱུ། །ཞེས་པ་དང་། ཡང་། །གང་ཞིག་འདི་འདྲར་མཐོང་རྟོགས་པ། །དངོས་གྲུབ་མཆོག་གི་སྙིང་པོ་སྟེ། ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །དང་པོའི་མཐར་རྟོགས་དོན་མི་མཐོང་ཞེས་གསུངས་སོ། །རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་གཉིས་སྟེ། མོས་པ་བསྒོམ་པ་དང་། ངེས་པ་ཡོངས་རྫོགས་སུ་བསྒོམ་པའོ། །དང་པོ་ལ་བཞི། གོ་དོན་བསླབ་ཚུལ། དགོས་ཆེད། རྩོད་སྤོང་ངོ་། །དང་པོ་ནི་མོས་པ་ཡུལ་དུ་བྱེད་ཡིད་ཤེས་པ་བཟང་རྟོག་གི་རྣམ་པ་སྟེ། ཇི་སྐད་དུ། ལམ་ཀུན་སྐད་ཅིག་ཆས་བསྒོམས་ནས། །སྤྲོས་པའི་འཁོར་ལོ་མོས་བསྒོམ་ཞིང་། །ཞེས་སོ། །བསླབ་ཚུལ་ནི་ཐུན་གཅིག་གི་ནང་དུ་ཡ་ཐ་བསྲུང་འཁོར་ནས་མ་ཐ་གོ་བགོ་ལུས་བསྲུང་ཡན་མོས་པ་ཙམ་རེ་རྫོགས་པར་ལག་ཏུ་ལེན་པ་སྟེ། ཇི་སྐད་དུ། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་བདེར་གཤེགས་ཡི། །བསྙེན་པའི་དཀྱིལ་འཁོར་རབ་དུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ཅེས་སོ། །དགོས་ཆེད་ནི། རང་དོན་དུ་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་རྫོགས་པར་འགྱུར་བའི་ནུས་པས་རྒྱུད་ནས་ངེས་པ་ཡོངས་རྫོགས་ཀྱི་ལམ་རྒྱུད་ལ་སྐྱེ་ཞིང་། གཞན་དོན་འཕྲིན་ལས་ཀྱི་ནུས་པའི་མི་བསླུ་བར་འབྱུང་སྟེ། ཇི་སྐད་དུ། ནུས་པའི་བྱིན་ལྡན་རྫོགས་པར་བྱེད། ཅེས་སོ། རྩོད་སྤོང་ནི། སྐབས་འདི་ཉིད་དུ་སྐྱེད་རིམ་ལྷའི་རྣམ་པ་དོན་སྤྱི་ཡུལ་དུ་བྱེད་པས་སྒོམ་མམ། རང་མཚན་ཡུལ་དུ་བྱེད་པའི་ཚུལ་གྱིས་བསྒོམ། དང་པོ་ལྟར་ན་ལམ་བསྒོམས་པ་དོན་མེད་དུ་ཐལ། དོན་སྤྱིའི་མཚན་ཉིད་ནི་མི་གསལ་དོན་བྱེད་མི་ནུས་པའི་བསྒྲོ་བཏགས་དངོས་མེད་ཡིན་པའི་ཕྱིར། དགའ་ལྡན་གྱི་ལོ་རྒྱུས་ཐོས་པའི་ཡིད་ཤེས་བཞིན་ནོ། །གཉིས་པ་ལྟར་ན་ངེས་པ་ཡོངས་རྫོགས་དང་ཁྱད་པར་མེད་པར་འགྱུར་ཞིང་། བསྐྱེད་ཙམ་གྱིས་ལྷའི་ཞལ་མཐོང་བ་ཡང་ཐལ་ཏེ། རང་མཚན་གྱི་མཚན་ཉིད་གསལ་ལ་དོན་བྱེད་ནུས་པའི་དངོས་པོ་ཅན་ཡིན་པའི་ཕྱིར་རོ། །མིག་གིས་གཟུགས་མངོན་སུམ་དུ་མཐོང་པ་བཞིན་ནོ། །ཞེ་ན། ལན་ནི་འདིར་རྟོགས་པ་ཁོ་ན་བས་ལྷའི་དོན་སྤྱི་ཡུལ་དུ་བྱེད་དོ། །དོན་བྱེད་མི་ནུས་པའི་ཕྱིར། བསྒོམས་པ་དོན་མེད་དུ་ཐལ། ཞེ་ན། དེའི་མཐོང་བ་ཉིད་ཀྱི་དོན་བྱེད་མི་ནུས་པའི་ཕྱིར་ཟེར་ཏམ། མཐོང་བར་བྱེད་པའི་དོན་བྱེད་མི་ནུས་པའི་ཕྱིར་ཟེར། དང་པོའི་རྟགས་མ་གྲུབ་ཅིང་། གཉིས་ཡི་ཁྱབ་པ་མ་གྲུབ་ཅེས་བྱའོ། །ངེས་པ་ཡོངས་རྫོགས་ལ་གསུམ་སྟེ། །གོ་དོན། སྐྱེ་ཚུལ། བརྟེན་གྱི་ཁྱད་པར། སོ་སོར་དབྱེ་བའི་དོན་ནོ། །དང་པོ་ནི་ལམ་པོ་ཏིང་ངེ་མཐར་ཕྱིན་པའི་སློབ་པ་སྟེ། ཇི་སྐད་དུ། དེ་བཞིན་ཉིད་དུ་མཐོང་གོམས་ན། །རྣམ་རྟོག་མཚན་མར་ཡོངས་མི་འཛིན། །བདེ་དང་མི་བདེ་གཉིས་མེད་པས། །ཐམས་ཅད་དབྱེར་མེད་ཡེ་ཤེས་ཡིན་ཅེས་པའི་དོན་ནོ། །བློ་རིམ་ནི་དེ་ཏིང་ལྟ་བུ་ལ་མཐར་ཕྱིན་པའི་ཉམས་སྐྱེས་སྐྱེས་སུ་བསྒོམས་ནས་མཐར་ཕྱིན་པ་དང་། ལམ་ཕྱི་མ་ཡེ་ཤེས་སྒྱུ་མ་ལ་སྦྱོར་ཏེ་དེ་ནས་རིམ་པ་བཞིན་ནོ། །ཇི་སྐད་དུ། སྔོན་དུ་གཏོང་གོམས་རྣལ་འབྱོར་པས་འདི་ཉིད་རྒྱུ་ཐར་སྔོན་བྱ་ཞིང་། ཞེས་སོ། །སྐྱེ་ཚུལ་བརྟེན་གྱི་ཁྱད་པར་ནི། རིམ་པ་མ་སྤངས་པར་སངས་རྒྱས་ཀྱི་ས་ལ་བགྲོད་པ་ཐར་ཆགས་པ་དང་། རིམ་པ་སྤངས་ཏེ་སངས་རྒྱས་ཀྱི་ས་ལ་འགྲོ་བ་ཐོད་རྒལ་བའོ། །སོ་སོའི་དང་པོར་ཐར་ཆགས་ཟག་བཅས་ཀྱི་ལམ་ལ་ལྔ་སྟེ། སྟོང་པ་ཆེན་པོའི་ཏིང་ངེ་འཛིན། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། སྣང་བྱེད་སྤྲོས་པ། བར་ཆད་མེད་པའི་ལམ་དུ་ཚོགས་བསྒྲུབ་པའོ། །དང་པོར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་ཆོས་བརྒྱད། །ཞར་ལ་འབྱུང་བ་གཉིས་ཏེ་བཅུའོ། །དང་པོ་ནི། གཞི་གང་དང་སྦྱར་བ། ཁྱད་པར་གྱི་དགོས་ཆེད། བྱ་བའི་སྤྱོད་པ་ཅི་བྱེད་པ། །སྒོམ་བྱའི་ངོ་བོ་གང་ཡིན་པ། །མཚན་ཉིད་ཐེག་པའི་ས་ལམ་དང་སྦྱར་བ། ཏིང་ངེ་འཛིན་གྱི་དབྱེ་བ། ཡིད་ཆེས་པའི་ཁུངས། རང་གི་འབྲས་བུ་དང་བརྒྱད་དོ། །གཉིས་པ་ནི་དོགས་པ་བསལ་བ་དང་། རྩོད་པ་སྤང་པའོ། །དང་པོར་གཞི་གང་དང་སྦྱར་ན་ཤི་བའི་འོད་གསལ་དང་ཆོས་མཐུན་ཏེ། ལམ་རིམ་ཤི་བ་དོན་དམ་བདེན་པ་སྟེ་ཞེས་སོ། །ཁྱད་པར་གྱི་དགོས་པ་ནི། མཚན་ཉིད་ཀྱི་རྟོག་པ་དག་པར་བྱེད་པའི་ཆོས་ཀྱི་སྐུའི་རྟོག་པ་རྒྱུ་མཐུན་དུ་སྒྲུབ་པ་སྟེ། མུན་ལམ་རིམ་སྣང་འགྱུར་བའི་ཚུལ་བཞིན་དུ། །རྟོགས་པས་དབང་འགྱུར་ཏིང་འཛིན་ཡིན། །དོན་དུ་གཉེར་བའི་རྣམ་གྲངས་ཀུན། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་སོ། །བྱ་བའི་སྤྱོད་པ་ནི། མི་དམིགས་པའི་སྤྱོད་པ་བྱེད་དེ། །བྱ་བ་མེད་ལས་བྱར་མེད་བྱས། །ཅེས་སོ། །བསྒོམ་པའི་ངོ་བོ་ནི་མི་རྟོག་པ་ལ་བློ་གནས་པའོ། །ལམ་རིམ་དེ་ཡང་འདུ་ཤེས་ཀུན་བྲལ་ཏིང་ངེ་འཛིན་མཆོག་ཅེས་སོ། །མཚན་ཉིད་ཐེག་པའི་ས་ལམ་དང་སྦྱར་ན། ལམ་གྱི་དང་པོ་ཚོགས་ལམ། དེ་ལས་ཀྱང་ཆུང་ངུར་དྲན་པ་ཉེར་བཞག་བཞི་དང་མོ་ཚོད་འཐུན་ཏེ། ལམ་རིམ་དེ་ཡང་མ་འགག་མི་འཛིན་ཚོགས་གཉིས་ལྡན་ཞེས་སོ། ཏིང་ངེ་འཛིན་དབྱེ་བ་ནི། ལམ་རིམ་ངོ་བོ་བཞིན་ཏུ་གྲངས་འཇུག་སྟེ། ཅེས་པས། རང་བཞིན་དང་། འབྲས་བུ། ཡེ་ཤེས་དོན་དམ་ལས། ཡང་ན། མ་བཅོས་ལྷུན་གྲུབ་དེ་བཞིན་ཉིད་ཅེས་སམ། མ་བཅོས་པའི་དེ་བཞིན་ཉིད། ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད། མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་དོ། ཁུངས་ནི་དངོས་རྣམས་ཉིད་ན་དངོས་མེད་པས། རྟོག་པ་སྨྲ་བསམ་ཡུལ་ལས་འདས་ཅེས་སོ། །འབྲས་བུ་ནི་བརྒྱུད་ནས་ཆོས་སྐུ་ཐོབ་སྟེ། སྔོན་བྱས་པའི་ཆོས་སྐུར་སྦྱོར་ཞེས་སོ། །ལོག་རྟོག་བསལ་བ་ལ་གཉིས་ལས། བསྒོམ་བྱའི་ངོ་བོ་ལ་ལོག་པར་རྟོག་པ་ནི། ཁ་ཅིག་དེ་བཞིན་ཉིད་ཀྱི་ཏིང་ངེའི་སྐབས་འདིར་དབྱེར་ལམ་རིམ་མེད་སྒོམ་ཟེར་བ་ནི་མི་འཐད་དེ། ལུང་ལས། ལམ་རིམ་དོན་དམ་ཀུན་གྱི་རྒྱུ་ཡིན་ཕྱིར། །ལྟག་པའི་རྒྱུ་དེ་དང་པོར་བསྒོམ། །ཞེས་པ་དང་། མན་རྒྱུད་ནས་ངག་ལས་ཀྱང་། རྣམ་པ་ཀུན་དུ་སྟོང་ཆེན་མཐོང་། ཞེས་པ་དང་འགལ་ཞིང་། རིགས་པ་ནི། དེ་ཏིང་གི་སྐབས་སུ་དབྱེར་མེད་བསྒོམས་ནས་དབྱེར་མེད་ལ་ཉམས་མཐར་ཕྱིན་པར་སློབ་བམ་མི་སློབ། གཉིས་པ་ལྟར་ན། གཡོ་ལྡན་སྨིན་འཇུག་མཐར་ཕྱིར་པ། །ལྔ་ཡིས་ཡོངས་སུ་རྫོགས་པར་འགྱུར། །ཞེས་པ་དང་འགལ་ལ། དང་པོ་ལྟར་ན་སྙིང་རྗེ་སྒྱུ་མ་དོན་དུ་མེད་ཐ ལ། དེ་སྟོང་ཉིད་དུ་དབྱེར་མེད་མཐར་ཕྱིན་པར་སློབ་ནུས་པའི་ཕྱིར། ཕྱག་རྒྱ་གཅིག་པ་བཞིན་ནོ། །དོན་མེད་ཀྱང་སྒོམ་ན་ལམ་པ་ཉིད་འཁྲུལ་པར་འགྱུར་ཞིང་། དོན་མེད་ཀྱང་མི་བསྒོམ་ན་གཞུང་དང་འགལ་བ་ཉིད་དོ། །གཉིས་པ་འབྲས་བུ་ལ་ལོག་པར་རྟོགས་པ་ནི། ཁ་ཅིག་ངེས་པར་འདི་ཉིད་ཀྱིས་ཆོས་སྐུ་ཐོབ་ཅེས་ཟེར་བ་ནི་མི་འཐད་དེ། སྙིང་རྗེ་སྒྱུ་མ་མན་ཆད་བསྒོམས་པས་དོན་མེད་དུ་འགྱུར་ཞིང་། ལུང་ལས་ཕྱོགས་མཐུན་བརྗོད་ཀྱི་རིས་མ་ཡིན། ཞེས་གསུངས་པ་དང་འགལ་ལོ། །རྩོད་སྤོང་ནི་གསུམ་ལས། དང་པོ་ནི། སྤྱི་ལམ་འོག་མ་བས་གོང་མ་བཟང་བ་མ་ཡིན་ཏེ། དེ་ལྟར་ནའང་ལྟ་བ་ལས་དེ་བཞིན་ཉིད་ངན་དུ་གྱུར་པར་ཐལ། སྔར་དབྱེར་མེད་དུ་རྟོགས་ཀྱང་འདིར་དོན་དམ་བརྐྱང་པ་ལས་མངོན་དུ་མི་བྱེད་པའི་ཕྱིར། འབྲས་ཆང་དོར་ནས་ཆུ་ཉུག་ལ་སྤྱོད་པ་བཞིན་ནོ། །འདོད་ན་གོང་མ་བཟང་བ་ཉིད་ཉམས་པ་མ་ཡིན་ཏམ་ཞེ་ན། དེའི་སྐྱོན་མེད་དེ་ལྟ་བའི་དུས་སུ་དབྱེར་མེད་རྟོག་པའི་གམས་པ་རྒྱུད་ལ། བརྟེན་པ་ཡར་ལྡན་ཏེ། འདིར་ཁྱད་པར་དུ་བདེན་པ་ཆིག་ཆོད་དུ་གོམས་མ་ནུས་པས་ཁ་ཁྲལ་ནས་བསྒོམས་པ་ཡིན་ཞེས་བདག་གི་བླ་མ་གསུང་ལ། བདག་ནི་རིམས་ཀྱིས་དབང་བཙན་དུ་ལྟ་བ་དོན་སྤྱིར་རྟོགས་པ་དེ་ཉིད་རང་མཚན་རྟོགས་པར་བྱེད་པའི་ཐབ་ཏིང་ངེ་འཛིན་ལ་རིམས་ཀྱིས་ཞུགས་པ་ཉིད་ཡར་ལྔན་སྙམས་སེམས་སོ། །ཡང་གཉིས་པ་དེ་བཞིན་ཉིད་ཀྱི་ཏིང་ངེའི་སྐབས་སུ་འབྲས་བུ་དོན་དམ་བསྒོམ་མམ་མི་བསྒོམ། དང་པོ་ལྟར་ན་སྟོང་ལྡོག་རྐྱང་པ་ཉིད་བསྒོམ་མམ། དབྱེར་མེད་དུ་སྒོམ་དྲང་། དང་པོ་ལྟར་ན་ཕྱོགས་གཅིག་པའི་མྱང་འདས་སུ་འགྱུར་ལ། གཉིས་པ་ལྟར་ན་ཕྱག་རྒྱ་གཅིག་པ་དང་ཁྱད་མེད་དུ་ཐལ་ཏེ། དབྱེར་མེ་དུ་བསྒོམ་པའི་ཕྱིར་རོ། །གཉིས་པ་ལྟར་ན་མི་བསྒོམ་ནའང་གསང་སྔགས་འབྲས་བུ་ལ་ལམ་དུ་བྱེད་པ་མ་ཡིན་པར་འགྱུར་ཞིང་། ལུང་ལས་ཀྱང་མདུན་དང་གསུམ་ཕྱིར་དོན་དམ་ལས་ཙས་བསྒོམ་པར་གསུངས་པ་དང་འགལ་ཞེ་ན། ལན་ནི་འབྲས་བུ་དོན་དམ་ཉིད་བསྒོམ་ཞིང་འདིར་སྐབས་དོན་དུ་སྟོང་པ་གཙོ་བོའི་དམིགས་ཡུལ་དུ་བསྒོམ་མོད་ཀྱི། དེས་ཕྱོགས་གཅིག་པའི་མྱང་འདས་ཉིད་ལམ་དུ་བྱེད་པར་ཡང་མི་འགྱུར་ཏེ། འདིར་རྣམ་པ་ཀུན་ལྡན་གྱི་སྟོང་པ་ཉིད་སྒོམ་པའི་ཕྱིར་རོ། །ཡང་གསུམ་པ་འདིར་གསང་སྔགས་པ་འབྲས་བུ་ལམ་དུ་བྱེད་དེ། སྨིན་ནས་ཀྱང་ལམ་དུ་བྱེད་པའི་ཕྱིར། འདོད་ན་གསང་སྔགས་ཉིད་དེ་རིང་ལམ་དུ་ཐལ། ཁྱབ་པ་ནི་མཐར་བསྐྱེད་དུ་མེད་ཕྱི་མཐའོ་ཞེས་སོ། ཐུག་ལམ་གྱི་འབྲས་བུར་བཤད་པའི་རང་རྒྱུད་ཀྱི་ལུང་གི་གྲུབ་བོ། །གཉིས་པ་ལྟར་ན་འབྲས་བུ་མ་ཡིན་པར་ཐལ་ཏེ། །མ་སྨིན་པའི་ཕྱིར་འདོད་ན་རང་ཚིག་ཉམས་ན་གང་མ་སྨིན་པ་ལ་མཐར་ཐུག་གི་འབྲས་བུ་མ་ཡིན་པས་ཁྱབ་སྟེ་མྱུ་གུ་སྔོན་པོ་བཞིན་ཞེ་ན། ལན་ནི་ཐོབ་བྱ་དོན་གྱི་ངོ་བོ་རང་ལ་གནས་ཀྱང་། །དེ་ཉིད་མི་གསལ་གསལ་བའོ། །མངོན་དུ་མ་གྱུར་པ་གྱུར་པ་རྩམ་ལ་ལམ་དུ་བྱེད་ཅེས་འདོགས་པ་སྟེ། ཇི་སྐད་དུ། དེ་ལམ་རིམ་ལྟར་ཡེ་ཤེས་རང་གནས་དང་། །ལམ་དང་འབྲས་བུ་ཀུན་ངོ་བོ། །འབྲེལ་པ་བདག་ཕྱིར་ཐབས་ཆེན་པོས། །མངོན་བྱེད་རང་ལས་འབྱུང་བར་ཟད། །ཅེས་སོ། །དེ་ལྟར་ནའང་ལམ་གྱིས་མངོན་དུ་བྱས་ཐོས་པའི་ཚེ་སྔར་གྱི་འབྲས་བུ་ལ་བསྐྱེད་བྱུང་ངམ་མ་བྱུང་ཞེ་ན། དེ་རྩམ་དུ་དངུལ་རྡོ་ལ་བཞུ་བརྟུལ་བྱས་པའི་ཚེ་སྔར་གྱི་དངུལ་དེ་ལས་བསྐྱེེད་བྱུང་ངམ་མ་བྱུང་ཞེས་དྲི། ངོ་བོ་ལ་བསྐྱེད་དུ་བྱར་མེད་ཀྱིས་མངོན་གསལ་ཁྱད་པར་དངུལ་གྱི་རང་མདོག་དུ་གྱུར་པས་བསྐྱེད་དུ་བྱས་པའོ་ཞེ་ན། འདིར་ཡང་ངོ་བོ་ལ་བསྐྱེད་དུ་བྱར་མེད་ཀྱིས་མངོན་གསལ་གྱི་ཁྱད་པར་འབྲས་བུའི་རང་མཚན་མངོན་དུ་གྱུར་པས་བསྐྱེད་དུ་བྱས་པའོ། །དེ་ལྟར་ན་ངོ་བོ་ལ་བལྟོས་ནས་ལམ་གྱི་འབད་པ་དོན་མེད་དུ་ཐལ་ཞིང་། མངོན་གསལ་ལ་ལྟོས་ན་འབྲས་བུ་རྒྱུ་མེད་ལས་སྐྱེས་པར་ཐལ་ལོ་ཞེ་ན། དེར་ཡང་ངོ་བོ་ལ་ལྟོས་ནས་གཞུ་བརྟུལ་གི་འབད་པ་དོན་མེད་དུ་ཐལ་ཞིང་། མངོན་གསལ་ལ་ལྟོས་ན་དངུལ་འབྲས་རྒྱུ་མེད་ལས་ཐལ་ཞེས་མཚུངས་པ་ཉིད་དུ་མགོ་འདྲེ་བར་འགྱུར་རོ། །སྙིང་རྗེ་སྒྱུ་མ་ལས་ཆོས་བཅུ་ལས། དང་པོར་གཞི་གང་དང་སྦྱར་ན། །སྲིད་པ་བར་མ་དོ་དང་ཆོས་མཐུན་ཏེ། །ལམ་རིམ་སྐྱེ་བ་བར་མ་ཀུན་རྫོབ་ཡིན་ཞེས་སོ། །ཁྱད་པར་གྱི་དགོས་པ་ནི། །ཆོས་བདག་གམ་སྟོང་འཛིན་གྱི་འཆིངས་བ་ལས་དགྲོལ་བ་དང་། བདེན་པ་ཕྱོགས་གཅིག་པར་མི་བཏང་ཞིང་རྒྱ་གཅིག་གི་རྒྱུར་བྱ་བའི་ཕྱིར་ཏེ། །ལམ་རིམ་བདག་ཉིད་དྲི་མ་བསལ་བ་དང་། །སྟོང་པའི་མདུད་པ་གཞིག་པ་དང་། །ཕྱག་རྒྱ་གཅིག་པའི་རྒྱུར་བྱ་ཞིང་། །རྣལ་འབྱོར་འདི་ནི་རྙེད་པ་དང་། ། བདེན་པ་རིས་སུ་མི་བཏང་ཕྱིར། །ཞེས་སོ། །བྱ་བའི་སྤྱོད་པ་ནི་ཤེས་རབ་དང་མཐུན་པའི་སྤྱོད་པ་བྱེད་དེ། ལམ་རིམ་སྙིང་རྗེ་ཆེན་པོའི་རྣལ་འབྱོར་པས། སྲིད་གསུམ་སྒྱུ་མ་འདྲ་བར་ནི། །ཞེས་སོ། །བསྒོམ་བྱའི་ངོ་བོ་ནི་ཡེ་ཤེས་སྒྱུ་མའི་སྙིང་རྗེ་བསྐྱེད་པ་སྟེ། ལམ་རིམ་རང་རིག་ཡེ་ཤེས་སྙིང་རྗེ་གཟིག ས་ཅེས་སོ། །མཚན་ཉིད་ཐེག་པའི་ས་ལམ་དང་སྦྱར་ནས་ཚོགས་ལམ་འབྲིང་པོ་ཡང་དག་པར་སྤོང་བ་དང་ལམ་ཚོད་སྙམ་མོ། །ཏིང་འཛིན་དཔྱད་དབྱེ་ན་དྲུག་སྟེ། ཇི་སྐད་དུ། སྒྱུ་མ་མིག་ཡོར་སྤྲུལ་པ་དང་། །སྨིས་རྒྱུ་འཇའ་ཚོན་ཆུ་ཟླ་བཞིན། ཞེས་པའི་དོན། ལོག་རྟོག་སྒྱུ་མ། རྟེན་འབྲེལ་སྒྱུ་མ། དངོས་པོ་སྒྱུ་མ་གསུམ་ནི་འཁོར་བའི་ཆོས་ལ་ལྟོས་ནས་ཕྱེ། ཐབས་སྒྱུ་མ་ཕྱག་རྒྱ་སྒྱུ་མ། ཡེ་ཤེས་སྒྱུ་མ་གསུམ་ནི་འདས་པའི་ཆོས་ལ་ལྟོས་ནས་ཕྱེ་བའོ། །ལུང་ནི། སྙིང་པོ་སྟོང་པ་ཉིད་དུ་རབ་གསལ་བས། །སྙིང་རྗེའི་ཡུལ་ནི་བསྒོམ་པར་བྱ་ཞེས་སོ། །འབྲས་བུ་ནི་བརྒྱུད་ནས་ལོངས་སྐུ་ཐོབ་པ་སྟེ། ལམ་འདིར་ཆ་རྐྱེན་རྫོགས་བསྒྲུབ་ན། །མཚན་དང་དཔེ་བྱད་ཀུན་དང་ལྡན། །དབང་ཕྱུག་ཆེན་པོའི་གནས་ཉིད་དུ། །སྔོན་དུ་འབྱུང་པར་ཐེ་ཚོམ་མེད་ཅེས་སོ། །ལོག་རྟོག་བསལ་བ་ལ་གཉིས་ལས། ངོ་བོ་ལ་ལོག་པར་རྟོག་པ་ནི་ཁ་ཅིག་ན་རེ། སྙིང་རྗེ་སྒྱུ་མའི་སྐབས་སུ་དབྱེར་མེད་བསྒོམ་ཟེར་བ་ནི་མི་འཐད་དེ། །ལུང་ལས། རྒྱས་པ། ཐམས་ཅད་སྒྱུ་མ་མིག་ཡོར་དང་། །སྤྲུལ་པའི་ཚུལ་དུ་བསྒོམ་པར་བྱ། །ཞེས་དང་། མན་ངག་ལས་ལམ་རིམ་ཀྱང་། སྐྱེ་བ་བར་མ་ཀུན་རྫོབ་ཡིན། །ཞེས་གསུངས་པ་དང་། རིགས་པའི་འགལ་བ་ཡང་གོང་དང་མཚུངས་སོ། །གཉིས་པ་འབྲས་བུ་ལ་ལོག་པར་རྟོགས་པ་ནི། འདིར་དངོས་སུ་ལོངས་སྐུ་འཐོབ་ཟེར་བ་ནི་མི་འཐད་དེ། ཕྱག་རྒྱ་ག ཅིག་པ་མན་ཆད་བསྒོམས་པ་དོན་མེད་དུ་འགྱུར་བའི་ཕྱིར། འདིར་ཡང་ཆོས་མཐུན་བརྩིས་པའམ་བརྒྱུད་པའི་རྒྱུ་ཡིན་གསུང་། བརྩོད་པ་སྤང་པ་ལ་བཞི་ལས། དང་པོ་ནི་སྙིང་རྗེ་སྒྱུ་མའི་སྐབས་སུ་སྤྱི་ལུགས་ཀྱིས་ལམ་འོག་མ་བས་གོང་མ་བཟང་བ་མིན་ཏེ། མིན་ན་ལམ་གོང་དུ་བགྲོད་པ་དོན་མེད་དུ་ཐལ། གོང་མ་བཟང་བ་ཡིན་ན་དོན་དམ་པས་ཀྱང་ཀུན་རྫོབ་བཟང་བར་ཐལ། གོང་མ་ཀུན་རྫོབ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་འདི་ཡིན་པའི་ཕྱིར་རོ། །འདོད་ན་སཾ་བྷྲི་ཏའི་སྒྲ་ལས་དྲངས་ནས་ངན་པའམ་བསླུ་བའི་ཆོས་ཅན་དུ་གསལ་ཞེ་ན། ལན་ནི་ཀུན་རྫོབ་རྩམ་པོ་བཟང་པོར་ཐལ་ཟེར་རམ། །ལྷག་པའི་ཀུན་རྫོབ་བཟང་པོར་ཐལ་ཟེར། དང་པོའི་རྟགས་མ་གྲུབ་ཅིང་། གཉིས་པ་ནི་འདོད་པ་ཁོ་ནའོ། །དེ་ལྟ་ནའང་ཐེག་པ་སྤྱི་ལུགས་དང་འགལ་ཞེ་ན། མ་ཡིན་ཏེ་ཐེག་པ་སྤྱི་ལུགས་ཀྱིས་སེམས་ཅན་རྣམས་བདག་ཏུ་འཛིན་པའི་དངོས་པོ་ལ་ཞེན་པ་སྤང་པའི་གཉེན་པོ་དོན་དམ་སྟོང་ཉིད་ཡིན་པས་བཟང་བར་འདོད་མོད་ཀྱི། འདིར་སྟོང་ཉིད་སྙིང་པོ་ཕྱོགས་གཅིག་པའི་རྟེན་རྟོགས་འཇིག་པར་བྱེད་པ་ལྷག་པའི་ཀུན་རྫོབ་ཡིན་པའི་ཕྱིར་དེ་བས་ཀྱང་བཟང་པོ་ཉིད་དོ། །ཡང་ལམ་གོང་མའི་དོན་རྣམས་ཀྱང་བརྒྱུད་ལ་ལྡན་ན། དེའི་སྟེང་དུའང་ལྷག་པའི་ཀུན་རྫོབ་བསྒོམ་ནུས་པས་ཡོན་ཏན་ཡར་ལྡན་ཡིན་ཏེ། ཇི་སྐད་དུ། སྔ་མ་སྔ་མ་རྒྱུད་ལྡན་པས། །ཕྱི་མ་ཕྱི་མ་གསལ་བར་བྱེད། །ཅེས་སོ། །ཡང་གཉིས་པ་འདིར་སྒྱུ་མའི་ཆོས་དྲུག་ལས། ལོག་རྟོག་དང་རྟེན་འབྲེལ་སྒྱུ་མ་བསྒོམ་མམ་མི་བསྒོམ། གཉིས་པ་ལྟར་ན་སྒྱུ་མའི་ཆོས་དྲུག་བསྒོམ་པར་གསུངས་པ་དང་འགལ་ཞིང་། །སྙིང་རྗེ་སྒྱུ་མའི་ཁྱབ་བྱ་ཡང་མ་ཡིན་པར་འགྱུར་ལ། དང་པོ་ལྟར་ན་ངེས་གྲོལ་ལམ་མི་གྲོལ། མི་གྲོལ་ན་བསྒོམས་པ་དོན་མེད་དུ་ཐལ་ཞིང་། གྲོལ་ན་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་ཐལ། ལོག་རྟོག་དང་རྟེན་འབྲེལ་བསྒོམ་པའི་ཕྱིར་ཞེ་ན། ལེན་དུ་ཁ་ཅིག་ན་རེ་དེ་གཉིས་ནི་ཤེས་ནས་སྤང་བར་བྱ་བ་ཡིན་གྱི། ཏིང་ངེ་ཡུལ་དུ་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་ཁྱབ་པ་མ་གྲུབ་ཅེས་ཟེར་མོད་ཀྱི། བདག་ནི་ལོག་རྟོག་རྟེན་འབྲེལ་རང་བརྒྱུད་པ་བསྒོམ་པའི་ཕྱིར་ཟེར་རམ། སྒྱུ་མར་བསྒོམ་པའི་ཕྱིར་ཟེར། དང་པོའི་རྟགས་མ་གྲུབ་ཅིང་གཉིས་པའི་ཁྱབ་པ་མེད་དོ། །ཡང་༼༣༽ཀུན་དུ་སྣང་གི་ཏིང་ངེ་འདིར་སྔར་གྱི་དེ་ཏིང་དང་ལྡན་ནམ་མི་ལྡན་དང་པོ་ལྟར་ན་འདི་ཉིད་དུ་དབྱེར་མེད་བསྒོམ་ནུས་པར་ཐལ། རྒྱུད་ག ཅིག་ལ་ཏིང་ངེ་འཛིན་གཉིས་ཆར་མཚུངས་པའི་ཕྱིར། ཆུ་དང་འོ་མ་འདྲེས་པ་བཞིན་ནོ། །གཉིས་པ་ལྟར་ན་སྙིང་རྗེ་ཆེན་པོ་མ་ཡིན་པར་ཐལ། དེ་བཞིན་ཉིད་ཀྱི་རྟོགས་པས་སྤངས་པའི་ཕྱིར། བྱམས་པའི་སྙིང་རྗེ་བཞིན་ཞེ་ན། ལེན་དུ་དེ་བཞིན་ཉིད་སྤང་པ་ནི་མ་ཡིན་གྱི། གཙོ་བོར་སྙིང་རྗེ་སྒྱུ་མ་ལ་དམིགས་ནས་སློབ་པར་བྱེད་དེ། དེ་བཞིན་ཉིད་ཕལ་པར་གནས་པས་དངོས་ཤུགས་ཀྱིས་གོམས་པ་ལས་མངོན་གྱུར་དབྱེར་མེད་དུ་རྟོགས་པ་མེད་ཅིང་། དེ་ཙམ་གྱིས་ཕྱག་རྒྱ་གཅིག་པ་དང་ཁྱད་པར་མེད་པར་ཡང་མི་འགྱུར་ཏེ། ད་དུང་རྟོག་པ་ལྟར་མ་བསྐྱེད་པའི་ཕྱིར་རོ་ཞེས་བྱའོ། །ཡང་༼༤༽ སྒྱུ་མའི་རྣལ་འབྱོར་འདིར་རྟོག་ཚོགས་ལྟར་བསྒོམ་མམ་མི་བསྒོམ། དང་པོ་ལྟར་ན་གཅིག་སྤྲོས་དང་ཁྱད་མེད་དུ་འགྱུར་ལ། རྡོ་རྗེ་ཕུང་པོའི་ཡན་ལག་ཀུན། །རྫོགས་པའི་སངས་རྒྱས་ལྔར་གྲགས་རྩོག་ཅེས་པ། གཉིས་པ་ལྟར་ན་ལྷག་པའི་ཀུན་རྫོབ་འདིའི་འཇུག་ཡུལ་མ་ཡིན་པར་ཐལ། གཏན་ཚིགས་ཁས་བླངས། ཁྱབ་པ་མ་གྲུབ་ན་དམ་བཅའ་ཉམས་པ་ཉིད་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི་སྤྱིའི་འཇུག་ཡུལ་དུ་བསྒོམ་མི་བསྒོམ་ཟེར་རམ། ཁྱད་པར་དུ་བསྐྱེད་ནས་བསྒོམ་མམ་མི་བསྒོམ་ཟེར། དང་པོ་ལྟར་བསྒོམ་སྟེ། ལམ་རིམ་བཞི་རྫོགས་ཕྱག་རྒྱ་མ་འདྲེས་གསལ་ཞེས་སོ། །དེས་གཅིག་སྤྲོས་དང་ཁྱད་མེད་དུའང་མི་འགྱུར་ཏེ། བསྐྱེད་ཐབས་ཀྱིས་མངོན་དུ་མ་བྱས་པའི་ཕྱིར་རོ། །གཉིས་པ་ལྟར་མི་བསྒོམ་སྟེ་ཏིང་ངེ་ཕྱི་མ་དག་ལ་ལྟོས་པས་སོ། །དེ་ལྟར་ནའང་སྔ་ལྟར་གསལ་བ་ལ་ལྟོས་ནས་ཕྱི་མ་ཁྱད་པར་དུ་བསྐྱེད་པ་དོན་མེད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ་རྟོག་ཚོགས་རགས་པ་ཅི་རིགས་སུ་བསྒྱུར་ཀྱང་། མངལ་དང་རྫས་ཏེ་སྐྱེ་བའི་བག་ཆགས་འཕྲ་མོ་སྦྱང་པའི་ཕྱིར་དོན་ཡོད་དམ་སྙམ་དུ་སེམས་ཏེ་དངུལ་ལེགས་པར་དཔྱད་དགོས་སོ། །ཕྱག་རྒྱ་གཅིག་པ་ལ་ཆོས་བཅུ་ལས། དང་པོ་གཞི་གང་དང་སྦྱར་ན། རིམ་པ་དང་ཅིག་ཆར་གྱིས་ལུས་གྲུབ་ཅིང་སྐྱེས་པ་དང་སྦྱར་ཏེ། སྐྱེས་པའི་རིམ་གསུམ་གཉིས་མེད་དོན་ཞེས་སོ། །ཁྱད་པར་གྱི་དགོས་པ་ནི། བདེན་གཉིས་ཐ་དད་དུ་ཞེན་པ་དགག་ཅིང་། དབྱེར་མེད་དུ་བྱ་བ་དང་། རང་གཞན་གྱི་དོན་དུ་རྟོག་ཚོགས་ལྟར་བསྒྱུར་ཞིང་སྤྲོས་པའི་རྒྱུར་བྱ་བའི་ཕྱིར་ཏེ། འབྲས་བུ་ཡོངས་སུ་རྫོགས་བྱ་ཞིང་། །སྤྲོས་པའི་རྒྱུ་ཡིས་ཐོབ་པ་དང་། །རྒྱུ་སྟོང་ཞེན་དབང་དུ་བྱ་དང་། །རྟོག་པའི་ཕུང་སྩོགས་གནས་བསྒྱུར་ཞིང་། །གཞན་དག་སྨིན་པར་བྱ་བའི་ཕྱིར་ཞེས་སོ། །བྱ་བའི་སྤྱོད་པ་ནི། བྱ་བ་སྤངས་པ་རྣལ་འབྱོར་གྱི་སྤྱོད་པ་བྱེད་སྟེ། བྱ་མིན་ལས་ཀུན་དོར་བྱ་སྟེ་ཞེས་སོ། །སྒོམས་བྱའི་ངོ་བོ་ནི་ལྷའི་སྐུ་སྣང་སྟོང་དབྱེར་མེད་དམ། ཐབས་དང་ཤེས་རབ་གཉིས་མེད་པ། །ཧཱུཾ་ལས་སྐྱེས་པའི་ཡེ་ཤེས་གཟུགས། །ཞེས་སོ། །མཚན་ཉིད་ཐེག་པའི་ས་ལམ་དང་སྦྱར་ན་ཚོགས་ལམ་ཆེན་པོའི་རྫུ་འཕྲུལ་གྱི་རྐང་པ་བཞི་དང་། མོ་ཚོད་མཉམ་པའོ། །ཏིང་ངེའི་དབྱེ་བ་ལ་གཉིས་ལས། དོན་གྱི་ཕྱག་རྒྱ་ག ཅིག་པ་ནི་བདེན་པ་དབྱེར་མེད་རང་གི་མཚན་ཉིད་དུ་རྟོགས་པའོ། །རྟགས་ཀྱི་ཕྱག་རྒྱ་གཅིག་པ་ནི་ལྷའི་སྐུ་ཕྱག་རྒྱ་གཅིག་དུ་བསྒོམས་པ་སྟེ། ཞི་བ་རྒྱན་གཅིག་པ་དང་། ཁྲོ་བོ་རྒྱན་ག ཅིག་པའོ། །ཡིད་ཆེས་པའི་ཁུངས་ནི། མཁའ་དཀྱིལ་དག་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་བ་སྟངས་དཔྱལ་བསྒོམ། །ཞེས་སོ། །འབྲས་བུ་ནི་བརྒྱུད་ནས་ཡི་གེ་འཁོར་ལོ་སྤྲུལ་པའི་སྐུ་ཐོབ་སྟེ། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །ཕྱག་རྒྱ་ཆེན་པོ་རྫོགས་འགྱུར་ཞིང་། །གསལ་ལ་ཡིད་གཉིས་མེད་པ་དང་། །དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར། །ཞེས་སོ། །ལོག་རྟོག་གསལ་བ་ནི། འབྲས་བུ་ལོག་རྟོག་བསལ་བ་གོང་དང་འདྲ། །གཞན་མེད་དོ། །རྩོད་པ་སྤང་པ་ནི་གསུམ་ལས། །དང་པོ་ནི་ཕྱག་རྒྱ་གཅིག་པའི་སྐབས་སུ་ལྷག་པའི་ལྷ་དགུ་བསྒོམ་མམ་མི་བསྒོམ། གཉིས་པ་ལྟར་ན། སྤྱི་མགྲིན་ཙི་ཏའི་གནས་གསུམ་དུ། བྱིན་བརླབས་རྡོ་རྗེ་གསུམ་བསྒོམ་བྱ་ཅེས་པ་དང་འགལ་ལོ། །དང་པོ་ལྟར་ན་ཕྱག་རྒྱ་ག ཅིག་པ་མ་ཡིན་པར་ཐལ། ལྷ་ཉིད་དགུ་དང་བཅུ་སྒོམ་པའི་ཕྱིར་ཞེ་ན། ལན་དུ་ཡན་ལག་གི་ལྷ་བསྒོམ། ཕྱག་རྒྱ་ག ཅིག་པ་མ་ཡིན་པར་ཐལ་ལོ། །ལྷ་དུ་མ་བསྒོམས་པའི་ཕྱིར་ཞེ་ན། །རྩ་བའི་ལྷ་དུ་མ་བསྒོམ་པའི་ཕྱིར་ཟེར་རམ། ཡན་ལག་གི་ལྷ་དུ་མ་བསྒོམ་པའི་ཕྱིར་ཟེར། དང་པོ་ལྟར་ན་གཏན་ཚིགས་མ་གྲུབ་ལ། གཉིས་པ་ལྟར་ན་ཡན་ལག་གི་ལྷ་དུ་མ་བསྒོམས་ཀྱང་རྩ་བའི་ལྷ་གཅིག་ལས་མི་བསྒོམ་པས་ཕྱག་རྒྱ་གཅིག་པར་འགྲོ་ན་ཅི་སྟེ་ཁྱབ་པ་མེད་དོ། །ཤིང་གི་སྡོང་པོ་བཞིན་ཞེས་གསུང་ངོ་། །ཡང་ཆོས་གཅིག་གི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པ་མ་ཡིན་ནམ། མིན་ན་གཟུགས་ཀྱང་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་པ་དང་། ཡང་རིག་སྤྱིར་ཀུན་ཀྱང་དེ་ལྟར་ཤེས་ཅེས་པ་དང་འགལ་ཞིང་། ཡིན་ན། ཕྱག་རྒྱ་གཅིག་པས་ལྷའི་སྐུ་སྣང་སྟོང་གཉིས་མེད་དུ་ཤེས་པས་ལྷ་གཞན་གྱིས་ཤེས་སམ་མི་ཤེས། མི་ཤེས་ན་ག ཅིག་ཤེས་པས་ཀུན་ཤེས་པ་བུད་ལ། ཤེས་ན་སྤྲོས་བཅས་སྒོམ་པ་དོན་མེད་དུ་ཐལ། ཞེས་དང་། ལན་ནི། ལྷ་གཅིག་གི་མཚན་ཉིད་ངེས་པས་ལྷ་ཀུན་གྱི་མཚན་ངེས་པའི་བློས་ཤེས་སོ། །སྤྲོས་པ་སྒོམ་པ་དོན་མེད་དུ་ཐལ་ཏེ། ཤེས་པའི་ཕྱིར་ཞེ་ན། མཚན་ཉིད་ངེས་པའི་བློས་ཤེས་ཀྱང་ཚད་ལ་གོམས་པས་མ་ཁྱབ་པའི་ཕྱིར། །དངོས་པོ་ངེས་པའི་བློས་སྒོམ་ན་ཅི་ཏེ་ཁྱབ་པ་མེད་དོ། །འོ་ན་མཚན་ཉིད་ཤེས་ཀྱང་དངོས་པོ་ངེས་པས་མི་ཤེས་པ་ཅིའི་ཕྱིར་ཞེ་ན། དེ་ན་སྒྲོས་འདོགས་སྤྱི་སྒྲུབས་ལ་གཅོད་པ་དང་བྱེ་བྲག་ལ་གཅོད་པའི་ཁྱད་པར་ཏེ་གསེར་གྱི་རང་བཞིན་དང་། བཟོའི་བྱེ་བྲག་བཞིན་ནོ། །ཡང་ལྷའི་སྐུ་ཕྱག་རྒྱ་ག ཅིག་པ་དེ་སྣང་པ་བསྒོམ་མམ། སྣང་བ་རང་བཞིན་མེད་པ་བསྒོམ་ལ། དང་པོ་ལྟར་ན་ཀུན་རྫོབ་དང་ཁྱད་པར་མེད་དུ་འགྱུར་ལ། གཉིས་པ་ལྟར་ན་ཡེ་གདོད་མ་ནས་འཇུག་པའི་ཅིག་ཆར་བ་དང་། ཁྱད་མེད་དུ་ཐལ། སྣང་སྟོང་གཉིས་མེད་སྒོམ་པའི་ཕྱིར་ཞེ་ན། ལན་མི་ཉག་ཁ་ཅིག་ན་རེ། ཁྱབ་པ་མེད་ཏེ་ཅིག་ཆར་བའི་བརྟེན་མེད་ཀྱི་དབྱེར་མེ་སྒོམ་ལ། འདིར་ནི་རྟེན་ཅན་གྱི་དབྱེར་མེད་བསྒོམ་པས་སོ་ཅེས་ཟེར་མོད་ཀྱི། བདག་གི་བླ་མ་ནི། འདིར་ཏིང་ངེ་འཛིན་གཞན་ལ་སྔོན་དུ་སློབ་ལ། ཅིག་ཆར་བ་གཞན་ལ་སྤྱི་སློབ་པ་ཁྱད་པར་ཆེའོ་གསུང་། ཕྱག་རྒྱ་སྤྲོས་པ་ལའང་བཅུ་ལས། དང་པོར་གཞི་གང་དང་སྦྱར་ན་ལུས་རྒྱས་རྐང་རྫོང་ནས་བུ་ཚ་འདབ་རྒྱས་པ་དང་སྦྱར་ཏེ། རྐྱེན་ལྡན་བུ་སོགས་རྒྱས་པ་དེས། །རིགས་ལ་སོགས་པ་རྒྱས་པར་བྱེད། །ཅེས་སོ། །ཁྱད་པར་གྱི་དགོས་པ་ནི། ལྷ་གཅིག་དུ་ཞེན་པ་དགྲོལ་ཞིང་དུ་མར་བསྒོམས་པས་བྱེ་བྲག་གི་རྟོག་པ་བཟློག་པ་དང་། སྤྲོས་པ་ཉིད་མཐར་ཕྱིན་པས་ཚོགས་སྒྲུབ་ཀྱི་རྒྱུར་འགྱུར་ཞིང་དངོས་གྲུབ་གཉིས་འགྲུབ་པར་བྱེད་པ་སྟེ། བསོད་ནམས་ཡོངས་སུ་རྫོགས་བྱ་ཞིང་། །སྤྱོད་ཡུལ་བྱིན་གྱིས་བརླབས་པ་དང་། །འཁོར་ལོ་ས་མཐར་དབྱུང་པ་དང་། །ཚོགས་ལ་དུས་ཀྱི་བསྒྲུབ་པའི་ཕྱིར་ཞེས་སོ། །བྱ་བའི་སྤྱོད་པ་ནི་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་དེ། སྤྱོད་ཡུལ་མཐོང་ཐོས་ཐམས་ཅད་ཀུན། །འགྲོ་དང་འདུག་དང་ཉལ་བ་ན། །དཀྱིལ་འཁོར་གཉིས་ཀྱི་རྣལ་འབྱོར་པས། །མ་ཉམས་པ་ཡི་དབྱིངས་ན་གནས། །ཤེས་རབ་མཆོག་གིས་རྟག་ཏུ་དཔྱད། །ཅེས་སོ། །སྒོམ་བྱའི་ངོ་བོ་ནི། སྣང་སྟོང་གཉིས་སུ་མེད་པའི་ལྷ་དུ་མ་བསྒོམ་པ་སྟེ། དེ་ཕྱིར་བདེན་གཉིས་དབྱེ་བ་མེད། །ཕྱི་ནང་སྣོད་བཅུད་ཡེ་ནས་དག །ཅེས་སོ། །མཚན་ཉིད་ཐེག་པའི་ལམ་དང་སྦྱར་ན། སྦྱོར་ལམ་ཆུང་ངུ་དྲོད་བཟོད་རྩེ་དཔྱད། གཉིས་དང་མོ་ཚོང་མཉམ་མོ། །དབྱེ་ན་གསུམ་སྟེ། རང་བཞིན་ཕྱག་རྒྱ་སྤྲོས་པ་དང་། ལམ་ཕྱག་རྒྱ་སྤྲོས་པ་དང་། འབྲས་བུ་ཕྱག་རྒྱ་སྤྲོས་པའོ། །དང་པོ་ནི་རྟོག་ཚོགས་ལྷའི་དལ་དུ་ཡེ་ནས་གནས་པའོ། །ཕྱི་མ་ནི་འོག་མིན་གྱི་གནས་ན་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སངས་རྒྱས་དུ་མ་སྙེད་གནས་སོ། །བར་མ་ལམ་ཕྱག་རྒྱ་སྤྲོས་པ་ལ་གཉིས་སྟེ། །ཞི་བ་དང་ཁྲོ་བོ། དང་པོ་ལ་འཁོར་ལོ་ཚོམ་བུ་ཞལ་ཕྱག་ཅེས་པ་བཞི་སྟེ། དཀྱིལ་འཁོར་སྤྲོས་པ་དང་། ཚོམ་བུ་སྤྲོས་པ་དང་། རྣམ་གྲངས་སྤྲོས་པ་དང་། ཞལ་ཕྱག་སྤྲོས་པའོ། །དང་པོ་ལ་གསུམ། བསྡུས་པ་དང་། འབྲིང་པོ། རྒྱས་པའོ། །དང་པོ་ལ་རིགས་ལྔ་ཡབ་ཡུམ་བཅུ་དང་། སྒོ་བ་ཡབ་ཡུམ་བརྒྱད་སྟེ་ལྷ་ཚོགས་བཅོ་བརྒྱད་དོ། །འབྲིང་པོ་ལ་རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་སེམས་མ་བཅུ་དྲུག །སྒོ་བ་ཡབ་ཡུམ་བརྒྱད། ཀུན་བཟང་ཡབ་ཡུམ་གཉིས་ཐུབ་པ་དྲུག་སྟེ་བཞི་བཅུ་ཞེ་གཉིས་སོ། །རྒྱས་པ་ལ། དབུས་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས་གཙོ་བོ་བྱས་ནས་རིགས་ཆུང་ནི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ་བཅུ། ཤར་རྣམ་སྣང་གི་གཙོ་བོ་བྱས་པ་བཅུ། ལྷོ་རིན་འབྱུང་གིས་གཙོ་བོ་བྱས་པ་བཅུ། ནུབ་སྣང་མཐའ་ཡིས་གཙོ་བོ་བྱས་པ་བཅུ། བྱང་དོན་གྲུབ་ཀྱིས་གཙོ་བོ་བྱས་པ་བཅུ་སྟེ་ལྔ་བཅུ། སེམས་དཔའ་ཡབ་ཡུམ་བཅུ་དྲུག །སྒོ་བ་ཡབ་ཡུམ་བརྒྱད། ཐུབ་པ་དྲུག་སྟེ་བརྒྱད་བཅུ། ཀུན་བཟང་ཡབ་ཡུམ་གཉིས་ཏེ་བརྒྱད་བཅུ་རྩ་གཉིས་སོ། །ཚོམ་བུ་སྤྲོས་པ་ལའང་གསུམ་སྟེ། གཅིག་པ་དང་། གསུམ་པ་དང་། ལྔ་པའོ། །དང་པོ་ལ་ལྷ་གྲངས་བཅྭ་བརྒྱད་དེ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ་བཅུ། སྒོ་བ་ཡབ་ཡུམ་བརྒྱད་དོ། །དལ་བསྡུས་པ་དང་གཉིས་ལྷ་གྲངས་ལ་ཁྱད་པར་མེད་ཀྱང་ལྷང་ངོ་ལ་ཁྱད་པར་ཡོད་དོ། །གསུམ་པ་ལ་ལྷ་དུ་ཡོད་ན་ངག་འབྲས་བུའི་གཏན་ཚིགས་སུ་ཤར་ནས། སློབ་དཔོན་རྣམས་དགོངས་པ་མ་མཐུན་ཏེ། མངོན་རྟོགས་ནས་དབུས་རྡོ་རྗེ་སེམས་དཔའ་ལ་རིགས་ཆུང་གིས་བསྐོར་བ་བཅུ། ཤར་རྣམ་སྣང་ལ་བཅུ། ནུབ་སྣང་མཐའ་ལ་བཅུ་སྟེ་སུམ་ཅུ། སྒོ་བ་ཡབ་ཡུམ་བརྒྱད་དེ་སོ་བརྒྱད་དུ་བཤད། སྤར་ཁབ་ནས་གོང་གི་སྟེང་དུ་ཁྲོ་བོ་བཅུ་བསྣན་པས་ཞེ་བརྒྱད་དུ་བཤད་དོ། །ལྔ་པ་ལྷ་གྲངས་བདུན་བཅུ་སྟེ། སྔར་གྱི་སྟེང་དུ་ལྷོ་རིན་འབྱུང་ལ་བཅུ། བྱང་དོན་གྲུབ་ལ་བཅུ་སྟེ་ལྔ་བཅུའོ། །ཁྲོ་བོ་ཁྲོ་མོ་ཉི་ཤུ་སྟེ་བདུན་བཅུ། རྣམ་གྲངས་སྤྲོས་པ་ལ་བཞི་སྟེ། གཙོ་བོ་ལ་བཀོད་པ་སངས་རྒྱས་སྟོང་གི་དཀྱིལ་འཁོར། ཁ༽ ནི་ཐོག་མར་ཡུམ་གྱི་སྐྱེ་མཆེད་ལ་གཙོ་བོ་ཡབ་ཡུམ་ན་སྤྱིར་སྟིམས་པའི་ལྷ་ཐབས་ཀྱི་ལྷ་བཞི་སྟེ། ཡབ་ཀྱི་གཙོ་བོ་རྣམ་སྣང་། །མགྲིན་པ་སྣང་མཐའ། ཐུགས་ཀར་རྡོ་རྗེ་སེམས་དཔའ། ལྟོ་བ་རིན་འབྱུང་། གསང་གནས་སུ་དོན་གྲུབ། མིག་གི་ནང་རྩར་ས་སྙིང་། ཕྱི་རྩར་བྱམས་པ། རྣ་བའི་ནང་རྩར་སྤྱན་རས། ཕྱི་རྩར་སྒྲིབ་སེལ། སྣའི་ནང་རྩར་ནམ་སྙིང་། ཕྱི་རྩར་ཀུན་བཟང་། ལྕེ་ནང་རྩར་ཕྱག་རྡོར། ཕྱི་རྩར་འཇལ་དཔལ་ལ་སོགས་ཕྱག་གཡས་གཤིན་རྗེ། གཡོན་སྟོབས་ཆེན། ཞབས་གཡས་རྟ་མགྲིན། གཡོན་བདུད་རྩིའོ། །སྤྱི་བོར་ལྷ། མགྲིན་པར་ལྷ་མིན། སྙིང་གར་མི། ལྟེ་བར་བྱོལ་སོང་། གསང་བར་ཡི་དྭགས་རྐང་མཐིལ་དམྱལ་ཐུབ་པོ་ཐུགས་ཀར་ཀུན་བཟང་། དེ་བཞིན་དུ་ཡུམ་ལ་ཡུམ་རྣམས་དགོད་པར་སྦྱར་ཏེ་ཐབས་ཀྱི་ལྷ་འཛིན་བཅུ། དེ་རེ་རེའི་ཐུགས་ཀར་ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ་རེ་རེ་སྟེ་བཞི་བཅུ། ཐབས་ཀྱི་གནས་གསུམ་དུ་བསམ་གྱིས་མི་ཁྱབ་པའི་ལྷ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་སྟེ་བཞི་བཅུ་ཕྲག་གསུམ། སྔར་གྱི་དང་ལོག་པས་ཉིས་རྒྱ་བདག་པོ་རིགས་ཀྱི་ལྷ་དབུ་རྒྱན་ལྔ་ལྔ་བཀོན་པས་དབུ་རྒྱན་གྱི་ལྷ་སྟོང་ཕྲག་ཁྲིགས་བཅད་དོ། །སངས་རྒྱས་སྟོང་གི་དཀྱིལ་འཁོར་ཡང་རི་རབ་ཏིལ་འབྲུའི་ཚུལ་བཞིན་དུ་ཅེས་སོ། ། ཀ༽ དབུ་རྒྱན་ཁོ་ནའི་ཉི་ཁྲི་སྟོང་དུས་གཅིག་གསལ། ཅེས་སོ། །དབང་དུ་ཉི་ཁྲི་བཞི་སྟོང་། དེ་བཞིན་རྣམ་སྣང་ལ་སོགས་པར་ཡབ་ཡུམ་ཟུང་བཅུ་བདུན་ཐུབ་པ་དྲུག་སྟེ་ཉེར་གསུམ་ལ་སྟོང་སྟོང་བརྩི་པས་སྔར་གྱི་དང་ལོག་པས་སྟོང་ཕྲག་ཉི་ཤུ་རྩགས་སྟེ་ལམ་རིམ་དང་མཐུན་པར་བརྩིས་ནང་། རྣམ་གྲངས་བྱུང་ཚོགས་སུ་ཉི་ཁྲི་བརྒྱད་སྟོང་བརྒྱད་བརྒྱ། སྦྱང་གཞི་རྟོག་ཚོགས་ལ་ལྟོས་ནས་བསམ་ཡས་ལྷུན་གྲུབ་བོ། །ཞལ་ཕྱག་སྤྲོས་པ་ནི། ཞལ་གཅིག་ཕྱག་གཉིས་པ་དང་། ཞལ་གསུམ་ཕྱག་དྲུག་པའོ། །ཁྲོ་བོ་ཕྱག་རྒྱ་སྤྲོས་པ་ལ་ཡང་བཞི་སྟེ། དཀྱིལ་འཁོར་སྤྲོས་པ་དང་། ཚོམས་བུ་སྤྲོས་པ་དང་། རྣམ་གྲངས་སྤྲོས་པ་དང་། ཞལ་ཕྱག་སྤྲོས་པའོ། །དང་པོ་ལ་གསུམ་ལས་བསྡུས་པ་ནི། ཁྲག་འཐུང་ཡབ་ཡུམ་བཅུ། གནས་ཡུལ་གྱི་ལྷ་མོ་བཅུ་དྲུག །སྒོ་མ་བཞི། དབང་མོ་ཉི་ཤུ་རྩ་བརྒྱད་དེ་ལྔ་བཅུ་རྩ་བརྒྱད་དོ། །འབྲིང་པོ་ནི་དེའི་སྟེང་དུ་ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ་བསྣན་པས་བདུན་བཅུ་རྩ་བརྒྱད་དོ། །རྒྱས་པ་ནི་རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་ཟུང་རེ་ལ་རིགས་ཆུང་གི་ཁྲག་འཐུང་བརྒྱད་བརྒྱད་ཀྱིས་བསྐོར་བར་ལྔ་བཅུའི་སྟེང་དུ་སྔར་གྱི་འཁོར་བྱིན་པོ་རྩ་བརྒྱད་བསྣན་པས་བརྒྱ་དང་བཅོ་བརྒྱད་དོ། །ཚོམ་བུ་སྤྲོས་པ་ལ་ཡང་གསུམ་ལས། གཅིག་པ་ལ་ལྷ་གྲངས་བདུན་བཅུ་རྩ་བརྒྱད་དེ། བཛྲ་ཧེ་རུ་ཀ་ཡབ་ཡུམ་ལ་རིགས་ཆུང་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ་བཅུ། ལྷ་མོ་ཉི་ཤུ། ཁྲོ་བོ་ཁྲོ་མོ་ཉི་ཤུ། དབང་མོ་ཉི་ཤུ་རྩ་བརྒྱད། གོང་གི་བྷུ་དྷ་ཧེ་རུ་ཀ་དང་བཅུ། ནུབ་དུ་པད་མ་ཧེ་རུ་ཀ་ལ་བཅུ་སྟེ་དགུ་བཅུ་རྩ་བརྒྱད་དོ། །ཚོམ་བུ་ལྔ་པ་ལ་ལྷ་བརྒྱད་དང་བརྒྱད་བརྒྱད་དེ། སྔར་གྱི་སྟེང་དུ་ལྷོར་རཏྣ་ཧེ་རུ་ཀ་ལ་བཅུ། བྱང་དུ་ཀརྨ་ཧེ་རུ་ཀ་ལ་བཅུ་སྟེ་བརྒྱ་དང་བཅྭོ་བརྒྱད་དོ། །རྣམ་གྲངས་སྤྲོས་པ་ནི། གཙོ་བོ་ལ་སྐྱེ་མཆེད་ཀྱི་ལྷ། བཅུ་རྩ་བརྒྱད་བཀོད་དེ། དེ་རེ་རེ་ལ་དབུ་རྒྱན་རིགས་ལྔ་ལྔས་བརྒྱན་པས་ཉིས་བརྒྱ་དགུ་བཅུའོ། །ཡང་ན་ཞི་བ་དང་མཐུན་པར་སྦྱར་རོ། །ཞལ་ཕྱག་སྤྲོས་པ་ནི། ཞལ་གཅིག་ཕྱག་གཉིས་པ་དང་། ཞལ་གསུམ་ཕྱག་དྲུག་པ་དང་། དབུ་དགུ་ཕྱག་བཅྭོ་བརྒྱད་པ་དང་། དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་རྩ་གཉིས་པ་དང་། དབུ་དགུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ། དབུ་ཕྱག་གྲངས་མེད་པའོ། །ཡིད་ཆེས་པའི་ཁུངས་ནི། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །བཞི་བཅུ་རྩ་གཉིས་སུམ་འཕྲོས་འགྱུར། །དེ་ལྟར་ལྡན་པའི་གཙོ་མཆོག་གིས། ཞེས་པ་ལ་སོགས་པའོ། །ལོག་རྟོག་བསལ་བ་ལ་གཉིས་ལས། ངོ་བོར་ལོག་པར་རྟོག་པ་ནི་ཁ་ཅིག་ན་རེ་འདི་ཉིད་དུ་དཀྱིལ་འཁོར། ཚོམ་བུ། རྣམ་གྲངས། ཞལ་ཕྱག་སྤྲོས་པ་རྣམས་མཐར་ཕྱིན་པར་བསྒོམ་ཞེས་ཟེར་བ་ནི་མི་འཐད་དེ། དེ་ལྟར་ན་རིགས་འཛིན་གསུམ་ལས་སྤྲོས་བཅས་བཟང་པར་ཐལ། དངོས་སུ་སྤྲོས་བཅས་བསྒོམ་ནུས་པའི་ཕྱིར། འདོད་ན་ལམ་གོང་འོག་གི་ཁྱད་པར་གྱིས་བསལ་ཞིང་། གྲངས་ལ་མཐར་ཐལ་འགྱུར་ཞེས་སོ། །འོ་ན་ཇི་ལྟར་ཞེ་ན། འདིར་ཕྱག་རྒྱ་སྤྲོས་པའི་སྐབས་ཉིད་དུ་དངོས་སུ་གསལ་བ་བཞི་བཅུ་རྩ་གཉིས་ཡིན་གྱི། །གཞན་རྣམས་མོས་པའི་ཡུལ་དུ་བསྒོམ་མོ། །དེ་ནས་ལམ་གོང་མ་རྣམས་སུ་རིམ་པ་བཞིན་མངོན་དུ་འགྱུར་ལ། མཐར་ལམ་དུ་བསམ་ཡས་ལྷུན་གྲུབ་དངོས་སུ་གསལ་ཞིང་ཞལ་ཕྱག་གི་རྣམ་གྲངས་ཀྱང་དེ་ལྟར་རིམ་པ་བཞིན་ཏེ། ཇི་སྐད་དུ། རིམ་བརྗོད་བསྟན་པའི་སྤྱོད་ཡུལ་ནི། ཉི་ཤུ་གཅིག་དང་དགུ་བརྒྱད་དང་། །གྲངས་མེད་མཐར་ལམ་རིམ་པར་བསྒོམ། །ཞེས་སོ། །འབྲས་བུའི་ལོག་རྟོགས་སྤངས་པ་སྔར་བཞིན་ནོ། །བརྩད་པ་སྤང་པ་དང་བཅས་པ་ནི། དེ་ལྟར་ནའང་ཚོམ་བུ་དང་དཀྱིལ་འཁོར་གཉིས་ལ་ཁྱད་པར་ཡོད་དམ་མེད་དྲང་། མེད་ན་གཉིས་སུ་ཕྱེ་བ་ཉིད་ལ་དགོས་པ་མེད་པར་འགྱུར་ལ། ཡོད་ན་གང་ཡིན་ཞེ་ན། ལན་ནི་འདོད་པ་ཐ་དད་དེ། ཁ་ཅིག་ཟུར་ཆུང་ན་རེ། མི་གྲངས་ངེས་པ་ཅན་གྱིས་ལྷ་གྲངས་ངེས་པ་ཅན་བསྒོམ་པ་ནི། ཚོམ་བུ། མི་གྲངས་ངེས་པ་ཅན་མེད་པའི་ལྷ་གྲངས་ངེས་པ་མེད་པ་བསྒོམ་པ་ནི་དཀྱིལ་འཁོར་ཞེས་ཟེར་བ་ནི་མི་འཐད་དེ། དེ་ལྟར་ན་ཚོམ་བུ་ག ཅིག་པ་ལ་བརྟན་པ་ཐོབ་ནས་གསུམ་པ་བསྒོམ་པ་ན། ཚོམ་བུ་མ་ཡིན་པར་ཐལ། མི་གྲངས་མང་དུ་མ་སོང་ལ་ལྷ་གྲངས་མང་དུ་སོང་བས་ཕྱིར་རོ། །ཡང་ཁ་ཅིག་སྐྱོས་ན་རེ་གནས་སྐབས་སུ་གཙོ་བོ་ངེས་པ་ནི་དཀྱིལ་འཁོར་ལ། གཙོ་བོ་མ་ངེས་པ་ནི་ཚོམ་བུ་ཞེས་ཟེར་བ་ནི་མི་འཐད་དེ། དེ་ལྟར་ན་ཚོམ་བུ་ག ཅིག་པ་ཉིད་དཀྱིལ་འཁོར་དུ་ཐལ། གནས་སྐབས་སུ་གཙོ་བོ་ངེས་པ་ཁོ་ནར་རྡོ་རྗེ་རིགས་ཀྱིས་བྱེད་པའི་ཕྱིར། །ཡང་ཁ་ཅིག་ན་རེ། རྗེ་ཉ་རི་བ། རྣམ་གྲངས་བྱུང་ཚོགས་སུ་སྟོན་པ་དཀྱིལ་འཁོར། གཙོ་བོ་ཕྲི་བརྣན་དུ་སྟོན་པའི་ཚོམ་བུ་སྟེ། གཙོ་བོ་གཅིག་ན་ཚོམ་བུ། དཔྱད། གཙོ་བོ་གསུམ་ན་ཚོམ་བུ་གསུམ་ཟེར་བ་ཡང་ཟེར་ཡང་འཐད་སེམས། མི་འཐད་དེ། དེ་ལྟར་ན་དཀྱིལ་འཁོར་གྱིས་ཚོམ་བུ་ལ་མ་ཁྱབ་པར་ཐལ། རྣམ་གྲངས་བྱུང་ཚོགས་ཁོ་ན་དཀྱིལ་འཁོར་ཡིན་པའི་ཕྱིར། འདོད་ན་ཚོམ་བུ་རྟགས་ཀྱི་དཀྱིལ་འཁོར་ཞེས་གསུངས་པ་དང་འགལ་ཞེས་གསུང་རུང་ངོ་། །བླ་མ་ནི་ངོ་བོ་གཅིག་ལ་ཟློག་པ་ཐ་དད་པས་ཁྱབ་ཆེ་ཆུང་དུ་གྱུར་པ་ཉིད་དོ། །དལ་གྱི་ཚོམ་བུ་ལ་ཁྱབ་ཅིང་ཚོམ་བུས་དལ་ལ་ཁྱབ་ཅིང་གསུང་མོད་ཀྱི། བདག་ནི་རིགས་ཐ་དད་ཀྱི་གཙོ་བོ་གཅིག་དུ་གྱུར་པ་ནི་དཀྱིལ་འཁོར། རིགས་ཐ་མི་དད་ཀྱི་གཙོ་བོ་སོ་སོས་བྱེད་པ་ནི་ཚོམ་བུ་ཞེས་བསྙད་ན་ལེགས་པར་སེམས་ཏེ། དང་བོ་ནི་དེ་བཞིན་གཤེགས་པའི་རིགས་རྣམས་སྣང་ལ་སོགས་པ་ཡང་གཙོ་བོར་རྡོ་རྗེ་རིགས་གཅིག་གིས་བསྡུས་ལ། གཉིས་པ་ནི་རང་གི་རིགས་ཆེ་ཆུང་གིས་བྱེ་བྲག་དུ་བསྐོར་བའི་ཕྱིར་རོ། །དེ་ལྟར་ནའང་དལ་རྒྱས་པ་འདི་ཚོམ་བུར་ཐལ་ཏེ། རང་རང་གི་རིགས་ཆུང་གིས་བྱེ་བྲག་དུ་བསྐོར་བའི་ཕྱིར་རོ། །ཞེ་ན་། ཁྱབ་པ་མ་གྲུབ་སྟེ་སྤྱིའི་གཙོ་བོ་ག ཅིག་གིས་བྱེད་པའི་ཕྱིར། ཇི་སྐད་དུ། རྒྱས་པ་ལས། རྡོ་རྗེ་སེམས་དཔའ་དཀྱིལ་ཉིད་དེ། །རིགས་བཞི་ལྷ་དང་ལྷ་མོས་འཁོར། །ཞེས་སོ། །ཡང་འདིར་ལྷ་བཞི་བཅུ་རྩ་གཉིས་བསྒོམ་པས་སྤྲོས་པར་བརྟགས་པ་མ་ཡིན་ཏེ། ཡིན་ན་སྤྲོས་པ་ཆེན་པོ་ཡང་སྤྲོས་པར་ཐལ། གཞན་དོན་གྱི་ཕྲིན་ལས་སུ་ལྷ་དུ་མ་བསྒོམ་པའི་ཕྱིར། འདོད་ན་སྟོང་ཆེན་མ་ཡིན་པར་འགྱུར་རོ། །མི་བསྒོམ་ན་སྤྲོས་པའི་དཀྱིལ་འཁོར་མོས་བསྒོམ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ལན་ནི་དངོས་སུ་བསྒོམ་པའི་ཕྱིར་ཟེར་རམ། མོས་པ་བསྒོམ་པའ་ིཕྱིར་ཟེར། དང་པོ་ལྟར་ན་རྟགས་མ་གྲུབ་ལ། གཉིས་པ་ལྟར་ན་མོས་པ་ཙམ་སྒོམ་ཡང་དངོས་སུ་བསྒོམ་མི་ནུས་པས་ཁྱད་པར་ཡོད་ན་ཅི་སྟོ་སྟེ་ཁྱབ་པ་མེད་ཅེས་བྱའོ། །བར་ཆད་མེད་པའི་ལམ་དུ་ཚོགས་བསྒྲུབ་པ་ལ་དོན་བཅུ་ལས། དང་པོར་གཞི་གང་དང་སྦྱར་ན་སྤྱད་རིས་དང་ཁེ་གྲགས་ལ་སོགས་པ་བྱེད་པ་དང་མཐུན་ཏེ། ཡུལ་ལྷ་ཟས་ནོར་དབང་བྱེད་པ། །ཆ་གཉིས་ལ་སོགས་འཇུག་པར་བྱེད། །ཅེས་སོ། །ཁྱད་པར་གྱི་དགོས་པ་ནི། འཁོར་བར་བཟློག་པའི་ཉེས་པ་དོར་ནས་ཟག་མེད་ཀྱི་བདེན་པ་ཆོས་ཉིད་རང་གི་མཚན་ཉིད་མཐོང་བ་ལ་དངོས་སུ་སྦྱོར་བར་བྱེད་པ་སྟེ། རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས་ངེས་པར་ལེགས་པའི་དགོངས་པ་གྲུབ། ཅེས་སོ། །བྱ་བའི་སྤྱོད་པ་ནི་ཡོ་བྱད་ལྔ་ལ་བླང་དོར་མེད་པ་རྨད་དུ་བྱུང་བའི་སྤྱོད་པ་བྱེད་དེ། སྤྱོད་ལམ་ཡོ་བྱད་ལྔ་སྤྱོད་ཅིང་ཞེས་སོ། །བསྒོམ་བྱའི་ངོ་བོ་ནི། སྣང་སྟོང་ལྷའི་དཀྱིལ་འཁོར་དུ་ངོ་བོ་དངོས་སུ་གསལ་ཞིང་བློ་གནས་པའོ། །དེ་ལྟར་ན་སྤྲོས་པ་དང་ཁྱད་ཅི་ཡོད་སྙམ་ན། སྤྲོས་པ་ནི་གསལ་ཞིང་ཉེ་བ་ཙམ་ཡིན་ལ། འདིར་ནི་ཤིན་དུ་གསལ་བརྟན་དུ་གྱུར་ཞིང་ཉེ་བ་ཡིན་ཏེ། རྒྱུད་ལས། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །དཀྱིལ་འཁོར་བསྟན་པའི་ཏིང་ངེ་འཛིན་ཞེས་པ་དང་། ལུང་ལས། དེ་ཡང་མཐུ་བཞི་ནུས་པ་ཡིས། །ལྟ་སྤྱོད་འབྲེལ་བས་བརྟན་པ་ཡིན། །ཞེས་སོ། །མཚན་ཉིད་ཐེག་པའི་ས་ལམ་དང་སྦྱར་ན། རྣལ་འབྱོར་སྦྱོར་ལམ་ཆེན་པོ་བཟོད་པ་དང་། །ཆོས་མཆོག་དང་པོ་ཚོད་མཉམ་མོ། །ཏིང་ངེ་འཛིན་གྱི་དབྱེ་བ་ལ་གཉིས་སྟེ། ཞི་བའི་ཚོགས་བསྒྲུབ་པ་དང་། ཁྲོ་བོའི་ཚོགས་བསྒྲུབ་པའོ། །འདི་ཡང་ཉམས་སུ་ལེན་པའི་དུས་སུ། ཕུན་སུམ་འཚོགས་པ་བཞིས་བསྒྲུབ་པའི་གཞི་བཟུང་པ་དང་། བསྙེན་བསྒྲུབ་བཞིས་གཞུང་བསྲང་པ་དང་། རིག་འཛིན་འགྲུབ་པའི་དུས་གསུམ་དུ་འཆིང་བར་བྱེད་དེ། དང་པོ་ནི། དེ་ལ་སྔ་མ་གནས་དང་དུས། ཡོ་བྱད་སྟོན་འཁོར་བསྒྲུབ་པའོ། །བསྒྲུབ་ཐབས་ཕུན་གསུམ་ཚོགས་པའི། །གཞི་དང་སྦྱར་བས་གཞུང་རྫོགས་བྱ། །ཞེས་པས་སྟོན་ནོ། །བསྙེན་བསྒྲུབ་བཞིས་གཞུང་བསྲང་བ་ནི། ཇི་སྐད་དུ། དེ་ལས་ལམ་བསྒྲུབ་སྦྱོར་བ་ཡིས། །ཞེས་པས། ལམ་དུས་ཀྱི་བསྙེན་བསྒྲུབ་བཞི་དང་། སྒྲུབ་པ་དུས་ཀྱི་བསྙེན་བསྒྲུབ་བཞི་དང་། རྣལ་འབྱོར་བ་དུས་ཀྱི་བསྙེན་བསྒྲུབ་བཞིའོ། །དང་པོ་ནི་དེ་ཏིང་དང་སྒྱུ་མ་གཉིས་ནི་བསྙེན་པ། ཕྱག་རྒྱ་གཅིག་སྤྲོས་ནི་ཉེ་བསྙེན། བར་ཆད་མེད་པའི་ལམ་ནི་བསྒྲུབ་པ། རིག་འཛིན་བཞི་ནི་བསྒྲུབ་པ་ཆེན་པོ་སྟེ། ཇི་སྐད་དུ། རྩ་བའི་དང་པོ་བསྙེན་པ་ནི། །བྱ་བ་སེམས་རྟོགས་འགྲུབ་པ་སྟེ། །ཕྱག་རྒྱ་གསལ་བ་ཉེ་བསྙེན་པའོ། །དེ་ཕྱིར་གཅིག་དང་སྤྲོས་པའོ། །བསྒྲུབ་པ་ཉིད་ནི་བར་ཆད་མེད། །དུས་ཀྱི་ཚོགས་མཐའ་བསྒྲུབ་ཆེན་ལེན། །ཞེས་སོ། །སྦྱོར་པ་དུས་ཀྱི་བསྙེན་བསྒྲུབ་བཞི་ནི། ཡུམ་མཚན་དང་ལྡན་པ་ནི་བསྙེན་པ། དེ་ལ་ཁྲུས་བྱས་ཏེ་རྒྱན་འདོག་པ་ནི་ཉེ་བསྙེན། མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པ་ནི་བསྒྲུབ་པ། བྱ་བ་ཀྱི་སེམས་བཏང་སྟེ་བདེ་བ་ཉམས་སུ་མྱོང་བ་ནི་བསྒྲུབ་པ་ཆེན་པོ་སྟེ། ཇི་སྐད་དུ། ལྷ་མོ་ཀླུ་མོ་རིགས་ངན་མོ། །དབྱེའམ་ཡང་ན་མི་དབྱེ་བར། ། བསྙེན་པ་དང་ནི་ཉེ་བསྙེན་པ། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཡུམ་གྱི་པད་མའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ་ཞེས་སོ། །བསྒྲུབ་པ་དུས་ཀྱི་བསྙེན་སྒྲུབ་བཞི་ནི། །ཡོ་བྱད་འཚོགས་ཏེ་བསྒྲུབ་པ་བྱེད་པ་ལ་མ་ཐོགས་པ་ནི་བསྙེན་པ། བསྒྲུབ་པ་ལ་ཞུགས་ཏེ་ཞག་དུ་བྱེད་པའི་ཕྱེད་ཡན་ཆད་ཉེ་བསྙེན། ཕྱེད་མན་ཆད་བསྒྲུབ་པ། ནུབ་ཐ་མ་ལ་དངོས་གྲུབ་བླངས་པ་ནི་བསྒྲུབ་པ་ཆེན་པོ་སྟེ། ཇི་སྐད་དུ། ཟླ་ཕྱེད་ཕྱེད་ཞག་ཉེ་བསྙེན་པ། །ལྷ་གསལ་འཕྲོ་འདུ་སྣོད་དུ་རུང་། །བཅོ་ལྔ་ཕྱེད་མ་སྒྲུབ་པ་སྟེ། །འཕྲོ་འདུ་སྣོལ་ནས་བསྒྲུབ་པར་བྱ། །ཞག་གྲངས་ཚང་ནས་རྟགས་བྱུང་ན། །དངོས་གྲུབ་བཟླས་བླང་བསྒྲུབ་ཆེན་པོ། །ཞེས་སོ། །བསྒྲུབ་པའི་འབྲས་བུ་གྲུབ་པའི་དུས་ནི། རབ་ཀྱིས་ཟླ་བ་དྲུག་གམ་གཉིས། །འབྲིང་གིས་བཅུ་གཉིས་སམ་གསུམ། །ཐ་མས་བཅུ་དྲུག་གམ་དྲུག་ན། བློ་རབ་ཀྱི་ཚེ་དབང་། ཐ་མས་རྣམ་སྨིན་ལས་སྦྱོར་ཏེ། ཇི་སྐད་དུ། ཞག་གི་སུམ་བཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་པ་དང་། ཡང་ཞག་ནི་སུམ་བཅུ་ཕྲག་དྲུག་གམ །དྲུག་བཅུའམ་དགུ་བཅུ་རྩ་དྲུག་དུ། །སྡེ་དང་བཅས་པའི་བསམ་པ་ཡིས། །རེ་བ་མེད་པར་བསྒྲུབ་པར་བྱ། །ཞེས་སོ། །ཡིད་ཆེས་པའི་ཁུངས་ནི། སྙིང་པོ་ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཆོ་ག་རྫོགས་པར་ཤེས་པ་ཡི། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོངས་པ་འགྲུབ། །ཅེས་སོ། །འབྲས་བུ་ནི་གོང་དང་མཚུངས་སོ། །ལོག་རྟོག་བསལ་བ་ནི། གཞན་ལ་མེད་ཀྱིས་ངེས་ཚིག་ཅུང་ཟད་ཡོད་དེ། འདི་ཁ་ཅིག་ན་རེ་ཟག་བཅས་ནས་ཟག་མེད་དུ་སྦྱོར་བ་ལ་བར་གཞན་གྱིས་མ་ཆོད་པས་བར་ཆད་མེད་པའོ། །གསུང་ཡང་ཁ་སླས་ཅིག་ཕལ་ཆེ་བས་དབང་དུ་ལམ་གཞན་གྱིས་བར་དུ་མ་ཆོད་པའོ། །གསུང་ཡང་ཁ་ཅིག་ཉ་རི་གིས་ངན་སོང་དུ་འགྲོ་བར་ཆད་མེད་པའོ། །གསུང་བདག་གིས་བླ་མ་ནི་སྤྲོས་པ་མན་ཆོད་ལ་དམ་ཚིག་ཉམས་པའི་ཉེས་པས། འཁོར་བར་བཟློག་པའི་བར་ཆད་ཡོད་ལ། ཚོགས་བསྒྲུབ་མན་ཆོད་ལ་འཁོར་བར་བཟློག་པའི་བར་ཆད་མེད་པས་སྤྱི་སྒྲ་བྱེ་བྲག་ལ་ཞུགས་ཏེ། སྤྱིར་ཚོགས་བསྒྲུབ་མན་ཆད་ལ་བར་ཆད་མེད་ཀྱང་། བྱེ་བྲག་དུ་ཚོགས་བསྒྲུབ་ལ་སྒྲ་དེ་ཞུགས་དེ་བར་ཆད་མེད་ཅེས་བྱ། ཚོགས་ནི་རྣལ་འབྱོར་པ་དུ་མ་ལ་བྱས་ལ། བསྒྲུབ་པ་ནི་ཉམས་སུ་བླང་པའོ་གསུང་། བདག་ན་ིཟག་བཅས་ནས་ཟག་མེད་དུ་སྦྱོར་བ་ལ་རྟེན་སྐྱེ་བ་གཞན་གྱིས་བར་དུ་མ་ཆོད་ཅིང་། བགྲོད་བྱ་ལམ་གཞན་གྱིས་བར་དུ་མ་ཆོད་པས་ན་བར་ཆད་མེད་པར་སྦྱོར་བས་ལམ་ཞེས་བྱའོ་སྙན་དུ་སེམས་སོ། །བརྩོད་པ་མེད་པས་སྤང་མི་དགོས་སོ། །སྤྱི་དོན་གཉིས་པ་ཐོད་རྒལ་གྱི་ལམ་བསྟན་པ་ལ་བཞི་སྟེ། ཐོད་རྒལ་ཉིད་གང་ནས་འབྱུང་བའི་ས་དང་། ཇི་ལྟར་འབྱུང་བའི་ཚུལ་བསྟན་པ་དང་། འབྱུང་མི་འབྱུང་གི་རྒྱུ་མཚན་བསྟན་པ་དང་། སྒྲོས་འདོགས་ཀྱི་བློས་ཐ་སྙད་བསམ་པའོ། །དང་པོ་ལ་གཉིས་ཏེ། ཟག་བཅས་དང་། ཟག་མེད་དོ། །དང་པོ་ནི། ཕྱག་རྒྱ་ཅིག་པ་དང་། སྤྲོས་པ་དང་། ཚོགས་བསྒྲུབ་དང་གསུམ་ནས་འབྱུང་ལ། ཟག་མེད་ནི་ཚེ་དབང་དང་ཕྱག་རྒྱ་ཆེན་པོ་གཉིས་ནས་འབྱུང་ནའོ། །ཇི་ལྟར་འབྱུང་བའི་ཚུལ་ནི། དང་པོར་དེ་བཞིན་གྱི་སྐབས་སུ་ཤེས་རབ་རྐྱང་པ་བསྒོམ་ཞིང་། ཀུན་ཏུ་སྣང་དུ་ཐབས་རྐྱང་པ་བསྒོམ་པས་མི་འབྱུང་ལ། དེའི་རྗེས་སུ་ཕྱག་རྒྱ་གཅིག་པར་དབྱེར་མེད་པ་ལ། གོམས་པར་ནས་ཐོང་རྒལ་འབྱུང་སྟེ། འདི་ནས་སྤྲོས་པ་དོར་དེ་བློ་ཆུང་ན་ཚོགས་བསྒྲུབ་ལ་སྦྱོར་ཞིང་། བློ་ཆེ་ན་སྤྲོས་ཚོགས་གཉིས་ཆར་དོར་ནས་རིག་འཛིན་ལ་སྦྱོར་ཏེ། ཇི་སྐད་དུ། ཕྱག་རྒྱ་གཅིག་བརྟན་འཕོ་བ་ཡང་། །ཁྱུང་དང་སེང་གེ་ཇི་བཞིན་ཏེ། །སྤྲོས་ཚོགས་སྐབས་ན་སྨོས་ཅི་དགོས། །ཞེས་པ་དང་། ཡང་རྣམ་སྨིན་རིགས་ལ་ཐེ་ཚོམ་མེད་ཅེས་སོ། །སྤྲོས་པ་ནས་ཀྱང་རིག་འཛིན་ལ་སྦྱོར་ཏེ། སྤྲོས་ཚོགས་སྐབས་ནས་སྨོས་ཅི་དགོས་ཞེས་སྔར་བསྟན་པ་ཉིད་ཀྱི་ཤེས་སོ། །ཚོགས་སྒྲུབ་ནས་ཀྱང་ཕྱག་རྒྱ་ཆེན་པོ་ལ་སྦྱོར་ཏེ། ཇི་སྐད་དུ། ཡོ་བྱད་རྣམས་པ་བཞི་ལ་ལྟ་སྤྱོད་གཉིས་སུ་མེད་པར་བསྒྲུབས་ནས་འབྲས་བུ་སྐུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པོ་ཞེས་སོ། །ཚེ་ལ་དབང་བའི་རིག་འཛིན་ནས་ཀྱང་ལྷུན་གྲུབ་ལ་སྦྱོར་ཏེ། ཇི་སྐད་དུ། ཁ་ཅིག་དབང་སྒྱུར་རིགས་ཉིད་ནས། །བཅུ་དྲུག་རྒྱུན་གྱིས་སྐུ་ལྔ་རྫོགས། །ཞེས་སོ། །ཕྱག་རྒྱ་ཆེན་པོ་ནས་ཀྱང་སངས་རྒྱས་ཀྱི་ས་ལ་སྦྱོར་ཏེ། ཇི་སྐད་དུ། ཁ་ཅིག་ཕྱག་རྒྱ་ཆེན་པོ་ནས། །བླ་མེད་ཀུན་ཏུ་བཟང་པོར་སྦྱོར་ཞེས་སོ། །དེ་རྣམས་མ་ཡིན་པ་ནི་ཐོད་རྒལ་མེད་གསུངས། ཐོད་རྒལ་འབྱུང་མིའབྱུང་གི་རྒྱུ་མཚན་བསྟན་པ་ནི། སྤྱིར་ཐོད་རྒལ་འབྱུང་པ་ལ་ཆོས་གསུམ་དང་ལྡན་དགོས་ཏེ། དེ་དང་མི་ལྡན་ན་ནི་མི་འབྱུང་ངོ་། །གསུམ་གང་ཞེ་ན་ལམ་གཞན་གོང་ན་བགྲོད་བྱ་ཡོད་པ། དབྱེར་མེད་བསྒོམ་ནུས་པ། བློ་ཆེ་བ་དང་གསུམ་མོ། དེས་ན་གོང་དུ་སྟན་པ་དེ་རྣམས་ལ་ཆོས་གསུམ་པོ་དེ་དང་ལྡན་ལ། གཞན་ལ་མི་ལྡན་ནོ་དེ་ཇི་ལྟར་ཞེ་ན། སྟོང་པ་ཆེན་པོ་དོན་དམ་རྐྱང་པ་བསྒོམ་པས་ཐོད་རྒལ་མི་འོང་ཞིང་། སྙིང་རྗེ་ཆེན་པོ་ཀུན་རྫོབ་བརྐྱང་པ་བསྒོམས་པས་མི་འོང་། རྣམ་སྨིན་བློ་ཆུང་བས་མི་འོང་། ལྷུན་གྲུབ་ལམ་གཞན་ལ་གོང་ན་བགྲོད་བྱ་མེད་པས་མི་འོང་སྟེ། ཇི་སྐད་དུ། རིམ་པ་བཞིན་དུ། རྣམ་པ་ཀུན་ལྡན་སྟོང་ཆེན་མཐོང་། །ཞེས་པ་དང་། ཡང་རང་རིག་ཡེ་ཤེས་སྙིང་རྗེ་གཟིགས། །ཞེས་པ་དང་། སྟོབས་ཆུང་སྐྱེ་སྨོས་ཞན་པའི་ཕྱིར། །རྣམ་རྟོག་འབྱུང་བའི་ལྷག་ལུས་བཞག །ཅེས་པ་དང་། དེ་ཉིད་དང་ནི་མཐར་སྦྱོར་ལམ། །ཞེས་པ་བདག་གིས་ཤེས་སོ། །སྒྲོས་འདོགས་ཀྱི་བློས་ཐ་སྙད་བསལ་བ་ནི། ཁ་ཅིག་སྟོང་པ་ཆེན་པོ་ནས་ཀྱང་ཐོད་རྒལ་འབྱུང་བར་འདོད་དེ། སྔོན་བྱས་ལྷག་པའི་ཆོས་ཀུན་སྦྱོར་ཞེས་པའི་ཕྱིར་རོ། །ཞེས་སྨྲ་བ་ནི། མི་འཐད་དེ། དེ་ནི་སྟོང་པ་ཆེན་པོ་ཆོས་སྐུ་དང་ཕྱོགས་མཐུན་པས་དེ་སྐད་བརྗོད་ཀྱི། དངོས་སུ་སྦྱོར་བའི་ཁུངས་མིན་ནོ། །འོ་ན་གཅིག་སྤྲོས་ནས་བཤད་པའི་ཐོད་རྒལ་དེ་ཡང་དངོས་སུ་སྦྱོར་བ་མིན་ཏེ། དེ་ཡིས་མགོ་མི་འདྲེ་སྟེ་ཐོད་རྒལ་འོང་བ་ལ་ཆོས་གསུམ་ལྡན་ཞིག་དགོས་པ་ལ་འདིར་དབྱེར་མེད་བསྒོམས་མི་ནུས་པའི་ཕྱིར་རོ། །ཡང་སྒྱུ་མ་ལྟ་བུ་ནས་ཐོད་རྒལ་འོང་བར་འདོད་ཏེ། མི་བཟློག་དབང་སྒྱུར་རིགས་སུ་ངེས་ཞེས་གསུང་པའི་ཕྱིར་ཞེས་སྨྲ་བ་ཡང་མི་འཐད་སྟེ། འདིར་ཡང་དབྱེར་མེད་བསྒོམ་མི་ནུས་པའི་ཕྱིར་རོ། །ལུང་ཡང་དགོངས་པ་ཅན་ཡིན་ཏེ། །སྒྱུ་མའི་ཏིང་ངེ་དེས་རིག་པ་ལ་དབང་བསྒྱུར་བ་དང་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསང་སྔགས་ལ་སྦྱོར་བ་ལ་བཤད་པ་ཡིན་གྱི། ཐོད་རྒལ་གྱི་ཁུངས་དུ་མིན། མི་བཟློག་བའི་སྒྲའང་ཕལ་ཆེ་བའང། ལྟ་བ་རྟོགས་པའི་ཡོན་ཏན་ལ་དགོངས་པ་ཡིན་གསུང་། ཁ་ཅིག་ནི་ཚོགས་བསྒྲུབ་ན་ཐོད་རྒལ་མི་འོང་པར་འདོད་ལོ། འདི་ནི་རིགས་པ་མ་ཡིན་ཏེ་སྔར་གྱི་ལུང་གིས་ཀྱང་ཟིན་ལ། རིགས་པས་ཀྱང་འཐད་དོ། ཐོད་རྒལ་འབྱུང་བའི་ཆོས་གསུམ་ཆར་དང་ལྡན་པའི་ཕྱིར་རོ། །དེ་གསུམ་ནི་གཞན་གྱི་སྒྲོས་འདོན་བསལ་བའོ། །བདག་གི་བླ་མ་ནི་རྣམ་སྨིན་ལའང་ཐོད་རྒལ་འོང་བར་འཐད་གསུང་། དེ་ཅེས་ཞེ་ན། མི་འོང་པའང་ཅིས། དེ་ནི་བློ་ཆུང་པའི་ཕྱིར་ཞེ་ན། འོ་ན་དེ་བས་དམའ་བའི་ཕྱག་རྒྱ་གཅིག་སྤྲོས་པའང་ཐོད་རྒལ་འོང་པ་ལ། དེ་བས་ཀྱང་རྣམ་སྨིན་བློ་ཆུང་པར་ཐལ། འདོད་ན་ལམ་གོང་མའི་གོང་དུ་བགྲོད་པ་དོན་མེད་དུ་འགྱུར་ཞིང་། ལམ་མཐའ་རུ་སོང་བ་བཞིན་དུ་བློ་ངན་དུ་འགྲོ་བར་ཐལ་ལོ། །དེ་ནི་ལམ་གོང་མ་ཕྱག་རྒྱ་ཆེན་པོ་དང་ཁད་མཉམ་པའི་ཚེ་དབང་ལ་ལྟོས་ནས་ངན་པ་ཡིན་ཞེ་ན། དེ་ཚོད་དུ་ཕྱག་རྒྱ་གཅིག་པ་འདི་ལམ་གོང་མ་སྤྲོས་ཚོགས་ལ་ལྟོས་ནས་བློ་ངན་པས་འདི་ནས་ཀྱང་མི་འོང་པར་ཐལ་ལོ། །ལུང་ནས་ཀྱང་འབྱུང་བར་བཤད་དེ། ལམ་ཆེ་ཆུང་ནས། ཇི་སྐད་དུ། རྣམ་སྨིན་ཚེའི་ལུས་ཕྱེ་ནས། །ལྷག་པ་ཡོད་མེད་ལུང་བསྟན་པ། །ཐར་ལམ་དངོས་ལ་སྦྱོར་བར་བྱེད། །ཅེས་ལྷུན་གྲུབ་ལ་སྦྱོར་བར་བཤད་དོ། །ཅེས་གསུངས་པ་ཡང་ལུང་རིགས་ཀྱིས་གྲུབ་པའི་ཕྱིར་མི་འཐད་པར་མི་སེམས་སོ། །ཟག་པ་དང་བཅས་པའི་ལམ་བསྟན་ཏོ། །སྐབས་འདིར་ཟག་ཟློག་ཡོད་མོད་ཀྱི་ཐ་སྙད་ཀྱང་གསུང་སྟེ། དེ་ལ་གཉིས། སྤྱིར་ཟག་བཅས་ཟག་མེད་ཀྱི་ཁྱད་པར་རྗེས་སུ་འབྲེལ་བའི་དོན་ཟག་ཟློག་ཡོད་མེད་ཀྱི་ས་མཚམས་བྱེ་བྲག་དུ་གཟུང་པའོ། །དང་པོ་ནི་ལྷ་རྗེ་ཆེན་པོ་ཉ་རི་བ། ཉིད་ཀྱིས་ཟག་པའི་གཙོ་བོ་སྐྱེ་གནས་ཀྱི་ཟག་མེད་ཀྱི་ཟག་མེད་དེ་ཡོད་པས་ཟག་བཅས་ཡིན་གསུང་པ་ནི་མི་འཐད་ཏེ། རིག་འཛིན་དང་རང་བཞིན་གྱི་དོན་དུ་བསམ་བཞིན་སྐྱེ་བ་ལེན་པ་དག་ཀྱང་ཟག་བཅས་སུ་ཐལ། ཟག་པ་དང་བཅས་པའི་སྐྱེ་བ་འཛིན་པའི་ཕྱིར། ཇི་སྐད་དུ། ལམ་རིམ། ལྷ་དང་མི་དང་ཚངས་པ་ནི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་གྱུར་ཡིན། །ཞེས་སོ། །འདོད་ན་ཟག་མེད་དུ་གསལ། ཁྱབ་པ་མ་གྲུབ་ན་དམ་བཅའ་ཉམས་སོ། །ཡང་མཁས་པའི་སྐྱེ་བོ་སླས་རྡ་ལ་ཁ་ཅིག །ཟག་བཅས་རང་གི་མཚན་ཉིད་མཐོང་། །ཟག་པ་དང་བཅས་ཟག་བཅས། ཟག་མེད་རང་གི་མཚན་ཉིད་མཐོང་། །ཟག་པ་གསུམ་པོ་མེད་པས་ཟག་མེད་ཅེས་ཟེར་བའང་མི་འཐད་དེ། དང་པོར་དེ་དག་འཚོགས་པ་མཚན་ཉིད་དུ་གཏོང་ཁ་ཡར་གྱི་ཆོག །དང་པོ་ལྟར་ན་ཚེ་དབང་གི་རིག་འཛིན་ཉིད་ཀྱང་ཟག་བཅས་སུ་ཐལ་ཏེ། ལུང་གི་ཟག་པ་མ་སྤངས་བའི་ཕྱིར། རྟག་མ་གྲུབ་ཏེ་སྤང་ངོ་ཞེ་ན། ཚེ་དབང་འདི་ལྷག་བཅས་ཡིན། གཉིས་པ་ལྟར་ན་རྣམ་སྨིན་དང་ཁྱད་མེད་དུ་འགྱུར་ལ། དཔྱད། དང་པོ་ལྟར་ན་སྤངས་པར་འདོད་པ་ཉམས་སོ། །ཁ་ཁམས། དཔྱད་ཡར་གྱི་ཆོག་ན་ལྷ་གནས་གོང་མ་དག་ཀྱང་ཟག་མེད་དུ་ཐལ། ལུས་ཁམས་ཀྱི་ཟག་པ་མེད་པའི་ཕྱིར་རོ། །འདོད་ན་ཟག་བཅས་སུ་གསལ་། ཁྱབ་པ་མེད་ན་དམ་བཅའ་བུད་ཅེས་བྱའོ། །རང་ལུགས་ནི་མཁས་པ་གཉོས་ཁ་ཅིག་གི་རྗེས་སུ་ཀུན་ནས་ཉོན་མོངས་པ་དང་བཅས་པའི་ལས་ཀྱིས་ཀུན་ནས་བསླང་ནས་ཁམས་གསུམ་དུ་ཟག་ཅིང་འཕོ་བའི་ཕྱིར། ཟག་བཅས། དེ་ལས་ལོག་པ་ནི་ཟག་མེད་ཅེས་བྱའོ། །ཇི་སྐད་དུ། དེ་དག་འཇིག་རྟེན་པ་ལ་ཡོད་པའི་ཕྱིར་ཟག་པར་འགྱུར་ཏེ་ཞེས་སོ། །བྱེ་བྲག་ཏུ་ཞེན་པ་ཕྱིན་ཅི་ལོག་གི་སྒྲོ་བཏགས་ཉོན་མོངས་པའི་ཟག་པ། འཁོར་བའི་ལུས་རང་དཔྱད། དབང་མེད་པར་ལེན་ཅིང་སྙིགས་མའི་དངོས་པོ་དོར་བྱ་དང་བཅས་པ་ཟག་པ་ལུས་ཀྱི་ཟག་པ། བདེ་སྡུག་རང་དབང་མེད་པ་ཁམས་ཀྱི་ཟག་པ། སྐྱེ་བ་བཞིར་རང་དབང་མེད་པར་འཇུག་པ་སྐྱེ་གནས་ཀྱི་ཟག་པ་ཞེས་བྱའོ། །གཉིས་པ་རྗེས་སུ་འབྲེལ་བའི་དོན་གྱིས་མཚམས་ཉེ་བར་གཟུང་བ་ནི། ཕྱིར་ལམ་རིམ་གྱིས་པའི་དབང་དུ་བྱས་ན་གསུམ་གསུམ་སྟེ། ཟག་པ་ཡང་ཡོད་ལ་བཟློག་པ་ཡང་ཡོད་པའི་ལམ་དང་། ཟག་པ་ཡང་མེད་ལ་བཟློག་པ་ཡང་མེད་པའི་ལམ་དང་། ཟག་པ་ནི་ཡོད་ལ་བཟློག་པ་ནི་མེད་པའི་ལམ་མོ། །དང་པོ་ནི་སྤྲོས་པ་མན་ཆོད་དོ། །ཇི་སྐད་དུ། རྡོ་རྗེ་སེམས་དཔའི་བཀས་བཤད་ཡི། །སྡོམ་པའི་རྩ་བ་ཐམས་ཅད་ཀུན། །དེ་བཞིན་ཉིད་དུ་མ་བསྲུངས་ན། །ཡག་ཤ་ཁྲོ་བོ་མེ་དབལ་གྱིས། །སྙིང་ནས་དྲངས་ཤིང་ཁྲག་འཐུང་པས། །དེའི་སྡུག་བསྔལ་བཟོད་བླགས་མེད། །དེ་ཕྱིར་ལམ་དང་ཟློག་ཟག་ཡོད། །ཅེས་པ་དང་། ཡང་ཟློག་ཆོས་བཞི་དང་སྦྱོར་ལམ་བཅུ་ཞེས་པ་དང་། གཞན་ཡང་། ཟག་ཡོད་ཟློག་པ་ལམ་ཆུང་། གཉིས་ཡོད་དེ། །མཐུ་ཡིས་ངན་འགྲོར་བཟློག་མི་བཟློག །སྔོན་གྱི་ཤེས་འཇུག་བརྒྱད་ལ་ཡོད། །མཐར་ཤེས་འཇུག་ལ་ག་ལ་ཡོད། །ཅེས་པས་མངོན་ནོ། །འོ་ན་ལྟ་བའི་སྐབས་སུ། དངོས་གྲུབ་མཆོག་གི་དང་པོ་ནི། དང་པོའི་དོན་དམ་རྟོགས་མཐར་མི་ཟློག །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །སྐྱེ་བ་བགྲངས་ཀྱང་ལྟུང་མི་སྲིད། །ཅེས་བཤད་ནས། ལྟ་བའི་རྟོགས་པའི་ཡོན་ཏན་གྱིས་འཁོར་བར་མི་ཟློག་པ་དང་། འདིར་སྤྲོས་པ་ནས་ཀྱང་འཁོར་བར་ལྡོག་པར་བཤད་པ་འགལ་ཞེ་ན། ལན་ནི་མི་འགལ་ཏེ་འདིར་སྤྲོས་པ་ནས་ཟློག་པར་བཤད་པ་དེ་དམ་ཚིག་ཉམས་པའི་ཉེས་པ་བརྗོད་པ་ཡིན་ལ། ལྟ་བའི་སྐབས་ནས་མི་ལྡོག་པར་བཤད་པ་དེ་དམ་ཚིག་ཉམས་པའི་ཉེས་པས་རེ་ཤིག་ངན་སོང་དུ་སྐྱེས་ཀྱང་ལྟ་བ་རྟོགས་པའི་ཡོན་ཏན་གྱི་སྡུག་བསྔལ་དྲག་པོ་མི་འབྱུང་ཞིང་ཡུན་ཐུང་པ་ལ་དགོངས་པ་ཡིན་ཏེ། དཔེར་ན་ལྷ་མོ་སྐེད་མེད་མ་བཞིན་ནོ། །ཇི་སྐད་དུ་ལུང་ལས་ཀྱང་། དཔེར་ན་ཕོ་ལོང་སྡབས་པ་བཞིན། འཕེན་འགྲོའི་སྟོབས་ཀྱིས་དེར་མི་གནས་ཅེས་བཤད་ཅེས་རུ་གོང་མ་ཡམ་ཤུད་གསུང་ངོ་། །བླ་མ་ཁ་ཅིག་པོ་གིས་སྤྲོས་པ་ནས་བཟློག་པར་བཤད་པ་དེ་དམ་ཚིག་ཉམས་པའི་ཉེས་པས་སྤྱིར་འཁོར་བ་ཙམ་པོ་བཟློག་པར་བཤད་ཀྱི། ངན་སོང་དུ་ཟློག་པའི་ཉེས་པ་མེད་གསུང་། ལྟ་བས་སྐབས་ནས་མི་ཟློག་པར་བཤད་པ་དེ་ནི་ལྟ་བ་རྟོགས་པའི་ཡོན་ཏན་གྱི་འཁོར་བའི་བྱེ་བྲག་ངན་སོང་དུ་མི་ལྟུང་པ་ལ་དགོངས་པ་ཡིན་པས་འགལ་བ་མེད་གསུང་། ཡང་ཁ་ཅིག་ན་རེ་སླས་ཉང་ལོ་འདིར་སྤྲོས་པ་ནས་བཟློག་པར་བཤད་པ་དེ་དམ་ཚིག་ཉམས་པའི་ཉེས་པ་ན་དམ་ཆོས། ལྟ་བའི་ངོས་ནས་མི་ཟློག་པར་བཤད་པ་དེ་ལྟ་བ་རྟོགས་པའི་ཆེ་བ་ཕྱུང་པ་ཡིན་ཏེ་གཉིས་ཀ་དགོངས་པ་ཅན་མིན་གསུང་སྐད། བདག་ནི་འདིར་སྤྲོས་པ་ནས་བཟློག་པར་བཤད་པ་ནི་རིམ་གྱིས་པས་ད་རུང་ལྟ་བར་རང་མཚན་དུ་མ་རྟོགས་པས་ཉེས་ལ། ལྟ་བའི་སྐབས་ནས་མི་ཟློག་པར་བཤད་པ་ནི་ཅིག་ཆར་བས་དང་པོ་ཉིད་ནས་དབྱེར་མེད་ཆིག་ཆོད་དུ་རྟོགས་པའི་སྔོན་གྱིས་བརྗོད་པ་ཡིན་སེམས། ཟག་པ་ཡང་མེད་ལ་ཟློག་པ་ཡང་མེད་པ་ནི་རིག་འཛིན་བཞི་སྟེ་རྣམ་སྨིན། ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་། ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པ་སྟེ། ཇི་སྐད་དུ། དེ་ནས་བཞི་ཡིས་ཟག་དང་བྲལ་ཞེས་པ་དང་ཡང་ཟག་ཀུན་ཟད་པའི་རིགས་ཆེན་འདི། ཇི་ལྟར་སྤྱད་ཀྱང་ཟློག་པ་མེད། །ཅེས་སོ། །ཟག་པ་ནི་ཡོད་ལ་བཟློག་པ་མེད་པ་ནི་ཚོགས་བསྒྲུབ་སྟེ། དེ་ལྟར་བདེན་པ་དངོས་སུ་མཐོང་པ་ཡོད་ཡང་བསྒྲུབ་པ་པའི་འབྲས་ཡོན་ཏན་གྱི་དུས་གྲངས་བཞིན་དུ་ཟག་མེད་དུ་སྦྱོར་བ་ལ་སྐད་ཅིག་གཞན་གྱིས་གེགས་ཀྱིས་བར་མ་ཆོད་པར་འཐོབ་པའི་ཕྱིར། ཟག་པ་ཕྱེ་མའི་རིགས་མཐུན་གྱིས་འབྲས་བུ་མི་བྱེད་པ་ནི། ས་བོན་ཡོངས་སུ་བསྔོ་བ་བཞིན་ནོ། །ཇི་སྐད་དུ། བར་ཆད་མེད་པར་སྦྱོར་བའི་ཞེས་པ་དང་། སྔོན་གྱི་ཤེས་འཇུག་བརྒྱད་ལ་ཡོད། །མཐར་ཤེས་འཇུག་ལ་ག་ལ་ཡོད། ཅེས་སོ། །ཡང་ན་ཚེ་འདིའམ་བར་དོ་ཚུན་ཆད་དུ་ཟག་མེད་མ་ཐོབ་ཀྱང་ཚོགས་སྒྲུབ་པའི་ཡོན་ཏན་གྱིས་ཕྱིན་ཆད་ངན་འགྲོ་བཟློག་སྟེ་ཐུན་མོང་ཐེག་པའི་སྦྱོར་ལམ་གྱི་བཟོད་ཐོབ་དང་འདྲ་བར་སེམས་སོ། །ལམ་དུ་གྱུར་པའི་འབྲས་བུའམ་ཟག་མེད་ཀྱི་ལམ་ལ་རིག་འཛིན་རྣམ་པ་བཞི་སྟེ། མཐོང་ལམ་གྱི་རིག་འཛིན་གཉིས་དང་། བསྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །དང་པོ་གཉིས་ནི། ལྷག་མེད་མྱ་ངན་ལས་འདས་པ་རྣམ་པར་སྨིན་པའི་རིག་འཛིན་དང་། ལྷག་བཅས་སུ་མྱ་ངན་འདས་པའི་ཚེ་ལ་དབང་བའི་རིག་འཛིན་ཏེ། ཇི་སྐད་དུ། དུས་ཚིགས་བར་ཆད་མེད་པ་ནས། །ལྷག་མེད་མེད་དང་ཡོད་པ་འདི། །མྱ་ངན་འདས་པར་མཐར་སྦྱོར་བ། །ཐུན་མོང་ལྟ་བུར་ཟུང་དུ་འགྱུར། །ཞེས་ལམ་ཁད་མཉམ་དུ་བཤད་དོ། །དེ་དག་ཀུན་ཀྱང་བསླབ་གཞི་མཐུན་པར་གཞན་དོན་བྱེད་པ་དང་སྦྱར་ཏེ། ཐམས་ཅད་ལམ་ལས་ཐོགས་མེད་པར། །གཞན་གྱི་ལམ་ལ་འཇུག་པར་བྱེད། ཅེས་སོ། །བྱེ་བྲག་དུ་དང་པོར་རྣམ་པར་སྨིན་པའི་རིག་འཛིན་ལ་དོན་བཅུ་སྟེ། ཐོབ་པའི་རྒྱུ་དུས། རང་གི་ངོ་བོ། རྣམ་གྲངས། སྤྱོད་པ། ཆ་ལུགས། མངོན་ཤེས་ཀྱི་ཡུལ་དོན། འབྲས་བུ་ལ་སྦྱོར་ཚུལ། ཡིད་ཆེས་པའི་ཁུངས། མཚན་ཉིད་ཐེག་པའི་ས་ལམ་དང་སྦྱར་བ། ཞར་ལ་དགོངས་དོགས་དཔྱད། པ་བསལ་བའོ། །དང་པོ་གཅིག་སྤྲོས་ཀྱི་ཏིང་ངེ་དང་ལྡན་པས་ཚོགས་སྒྲུབ་པས་རབ་འབྲིང་དུས་བཞིན་ལྷག་མེད་ཀྱི་མྱང་འདས་ལ་སྦྱོར་ཏེ། ཇི་སྐད་དུ། གཅིག་དང་དུ་མས་རྣལ་འབྱོར་པས། །བརྟན་བྱས་ཉིད་པའམ་དེ་ཐོབ་ནས། ཟླ་དྲུག་བཅུ་དྲུག་བསྙེན་བསྒྲུབ་ཚེ། །རྡོ་རྗེའི་ལུས་སུ་མ་གྱུར་པར། །ཞེས་སོ། །རང་གི་ངོ་བོ་ནི་ཆོས་བཞི་ལྡན་པ་སྟེ། ལུས་རྡོས་བཅས་ཤ་ཁྲག་གི་ཕུང་པོ་དང་མ་བྲལ་བ་ཡིན་ཏེ། ལུས་ཀྱི་དྲྭ་བས་བསྒྲིབ་གྱུར་ཅིང་། །ལུས་ལྷའི་སྐུ་བགོས་དང་བསྐྱེད་དབྱུང་དུ་མེད་པར་གསལ་ཏེ། ལྷའི་རྣལ་འབྱོར་གསལ་རྫོགས་སྨིན་ཞེས་སོ། །ལུས་དང་བྲལ་མ་ཐག་ཏུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བ་སྟེ། ལུས་ཀྱི་རྒྱ་མདུད་གྲོལ་བྱས་ནས། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པ། །ཞེས་སོ། །རང་གི་ངོ་བོ་ནུས་ཐོབ་ཀྱི་མཐོང་ལམ་ལ་གནས་པ་སྟེ། ཚེ་དབང་ཁད་མཉམ་པའི་ཕྱིར་རོ། །རྣམ་གྲངས་སྔར་གྱི་རྣམ་སྨིན་ལུས་འདི་ཉིད་མྱང་འདས་ཀྱི་སར་ཁྱེར་མི་ནུས་པས། ནི། ལྷག་མེད་ཀྱི་མྱང་འདས་ཞེས་ཀྱང་བྱ། རང་དོན་དུ་སྲིད་པའི་མངལ་ཕྱི་མར་མི་ལེན་པའི་སྲིད་པ་ཐ་མ་ཅེས་ཀྱང་བྱ། རྣམ་པར་ཡིད་ལྷའི་སྐུར་སྨིན་པས། སྨིན་པའི་རིག་འཛིན་ཞེས་ཀྱང་བྱ་སྟེ། །ལྷག་མེད་འབྱུང་མེད་ལས་ལུས་མེད། མྱ་ངན་འདས་པར་སྨིན་ཞེས་བརྗོད། །ཅེས་སོ། །སྤྱོད་དཔྱོད་པ་ནི་རང་གཞན་གྱི་དོན་དུ་བཀོད་པ་དཀྱིལ་འཁོར་གྱི་བྱ་བས་ཚོགས་གཉིས་རྫོགས་པར་བྱེད་དེ། དཀྱིལ་འཁོར་རོལ་པའི་ཚུལ་སྤྱོད་པ། །ཚོགས་གཉིས་རྫོགས་པ་བདག་གི་དོན། །སྨིན་པས་ཕྲིན་ལས་རྫོགས་བྱེད་པ། །མི་འདོར་འགོད་པ་གཞན་གྱིའོ། །ཞེས་སོ། །ཆ་ལུགས་ནི་ཡིད་རྩ་བའི་ལྷ་གང་ཡིན་གྱི་ཆ་ལུགས་འཛིན་པ་སྟེ། ཡིད་ཀྱི་ལྷའི་གཟུགས་བཟུང་ཞིང་། །ཞེས་སོ། །མངོན་ཤེས་ཀྱི་དོན་ཡུལ་ནི། ཟག་པ་མེད་པའི་ལྷའི་སྤྱན་རྣམ་པར་དག་པ་ལ་སོགས་པས་གླིང་བཞི་འཁོར་ཡུག་ཙམ་ཡུལ་དུ་གྱུར་ཅིང་དེ་དག་གི་དོན་བྱེད་པར་ནུས་ཏེ་གསུང་ཡང་ཚེ་དབང་དང་འདྲའམ། བར་ཆད་མེད་པའི་སྨིན་པའི། །མངོན་པར་ཤེས་པ་དེ་མིང་ཅན། །མི་འགྱུར་ངེས་པར་འགྱུར་པ་ཡིན། །དཔག་ཚད་གླིང་ཁམས་ཡུལ་དུ་སྦྱོར། །ཞེས་སོ། །འབྲས་བུ་ལ་སྦྱོར་ཚུལ་ནི། རྣམ་སྨིན་གྱི་ལུས་འདི་དང་བྲལ་མ་ཐག་ཏུ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་འོད་ཀྱི་ལུས་ལ་སྦྱོར་བ་སྟེ། གང་དེ་བྲལ་མ་ཐག་པ་རུ། །རྒྱ་བཞི་རྫོགས་པར་བདག་འགྱུར་རོ། །རྡོ་རྗེ་ལྔ་རྩོགས་རིག་པ་འཛིན། །ཕྱག་རྒྱ་ཆེན་པོ་རིག་འབྲས་བུ། །ཞེས་སོ། །ཡིད་ཆེས་པའི་ཁུངས་ནི། དཔེར་ན་རྒྱས་པ། མངལ་དང་སྒོང་ང་བཞིན། །སྔོན་དུ་མི་འགྱུར་སྒྲིབས་གྱུར་ཀྱང་། །རྩལ་ཆེན་འདུ་བ་འབྱུང་བ་བཞིན། །རྣམ་རྟོག་ལུས་ནི་བོར་མ་ཐག །ཐམས་ཅད་ཀུན་ལ་དབང་བསྒྱུར་ཞིང་། །རིག་མཆོག་དམ་པ་འཛིན་པ་འགྱུར། །ཞེས་སོ། །མཚན་ཉིད་ཐེག་པའི་ས་ལམ་དང་སྦྱར་ན། མཐོང་ལམ་དང་པོ་དང་མོ་ཚོད་མཉམ་སྟེ། དེ་ལ་དང་པོའི་དང་པོ་དང་སྐལ་མཉམ། །ཞེས་སོ། །ཞལ་ལ་དོགས་བསལ་བ་དང་། རྩོད་སྤང་གཉིས་ལས། དང་པོར་ངོ་བོ་ལ་ལོག་པར་རྟོག་པ་ནི་ཁ་ཅིག་ན་རེ། རིམ་ཀྱིས་པ་དབང་བཙན་དུ་བྱས་ནས་ཚོགས་བསྒྲུབས་ནས་ཚེ་འཕོ་བའི་དུས་སུ། སྐད་ཅིག་མ་དང་པོ་ལ་ཚོགས་སྒྲུབ། གཉིས་པ་རྣམ་སྨིན། གསུམ་པ་ལ་ཕྱག་རྒྱ་ཆེན་པོ་ཟེར་ཏེ་རྣམ་སྨིན་སྐད་ཅིག་ལ་མེད། བའང་མི་འཐད་དེ། རྣམ་སྨིན་གྱིས་གཞན་དོན་བྱེད་དམ་མི་བྱེད། མི་བྱེད་ན་སྨིན་པས་ཕྲིན་ལས་རྫོགས་མཛད་པར། །མི་འདིར་འགོད་པ་གཞན་གྱིས་སོ། །ཞེས་པ་དང་འགལ། བྱེད་ན་སྐད་ཅིག་མ་གྲུབ་པའི་ཕྱིར་སངས་རྒྱས་དང་ཁྱད་མེད་དུ་ཐལ་ལོ། ཡམ་ཤུད་ཡང་རུ་དཔྱད། རྒྱུ་གོང་མ་ནི་རྟགས་པ་དང་། མཚན་ཉིད་པ་གཉིས་སུ་འདོད་པའང་མི་འཐད་དེ། རྒྱུ་ཚོགས་སྒྲུབ་ལ་རྣམ་སྨིན་དུ་འདོགས་ན་ཕྱིས་འོང་པའི་སྒྲ་ལ་ཞུགས་པ་རྒྱུ་འབྲས་གོ་ལོག་ལ། འབྲས་བུ་ཕྱག་རྒྱ་ཆེན་པོ་ལ་རྣམ་སྨིན་དུ་འདོད་པའང་མི་རིགས་ཏེ། འབྲས་བུ་ལ་སྦྱོར་ཚུལ་གྱི་ཁུངས་ཉིད་བརྟགས་པའི་ཤེས་བྱེད་མི་རུང་རྒྱུ་གསུང་། ཡང་ལྷ་རྗེ་ཉ་རི་བ། ཆེན་པོ་ནི་ཆོས་གསུམ་ལྡན་དུ་འདོད་དེ། གདོས་བཅས་ཤ་ཁྲག་གི་ལུས་དང་མ་བྲལ་བ། ཡིད་ལྷའི་སྐུ་ཇི་ལྟ་བ་བཞིན་གསལ་བ། ལུས་དང་བྲལ་མ་ཐག་པར་གཞན་གྱིས་བར་མ་ཆོད་པར་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བའོ། །ཞེས་གསུངས་པ་ཡང་མི་འཐད་དོ། །དེ་ལྟར་ན་ཚོགས་སྒྲུབ་བསྒྲེས་པོ་བློ་ཡང་རབ་ནས་ཕྱག་རྒྱ་ཆེན་པོར་སྦྱོར་བ་དེ་ཡང་རྣམ་སྨིན་དུ་ཐལ་ལོ། །ཆོས་གསུམ་དང་ལྡན་པའི་ཕྱིར། གཏན་ཚིགས་མ་གྲུབ་ན་གང་དང་མི་ལྡན་པར་བརྟག་པར་བྱ་སྟེ། ལུས་དངོས་སུ་ཡོད་པར་གསལ། རྩོད་ཀྱང་ལྷའི་སྐུར་བསྐྱེད་དབྱུང་དུ་མེད་པར་གསལ་ཏེ། དེ་ལྟར་སྨིན་ན་ཕྱག་རྒྱ་ཆེན་པོའི་རྒྱུ་ནུས་པ་ཐོགས་མེད་དུ་མི་འཐད་དེ་ལམ་གཞན་གྱིས་སྐྱེད་དབྱུང་དུ་མེད་པར་དེ་ཉིད་ཐོད་རྒལ་དུ་སྦྱོར་བའི་ཕྱིར་རོ། །འདོད་ན་མཐོང་སྦྱོར་ཁྱད་མེད་དུ་འགྱུར་གསུང་ངོ་། །བདག་གི་བླ་མ་ནི་ཆོས་བཞི་ལྡན་དུ་བཞེད་དེ། ཡིད་ལྷའི་སྐུར་སྨིན་པ། ལུས་ཀྱི་རྒྱ་མདུད་མ་བྲལ། བྲལ་མ་ཐག་ཏུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བ། རང་གི་ངོ་བོ་ནུས་ཐོབ་ཀྱི་མཐོང་ལམ་ལ་གནས་པ་སྟེ། ཕྱི་མ་འདིས་ཚོགས་བསྒྲུབ་བསྒྲེས་པོ་བློ་ཡང་རབ་ལ་ལས་བྱས་པའོ་ཞེས་གསུང་པ་ནི་མཁས་པའི་མན་ངག་གོ །ཡང་ཐོབ་པའི་དུས་ལ་ལོག་པར་རྟོག་པ་ནི། སྔ་རབས་པ་དག་བློ་ཁྱད་པར་གྱིས་རྣམ་སྨིན་ལ་སྦྱོར་བའི་དུས་ཀྱང་གསུམ་སྟེ། རབ་འདི་ལ་སྦྱོར། འབྲིང་བར་དོ་ལ་སྦྱོར། ཐ་མའང་ལན་གྲངས་གཞན་ལ་སྦྱོར་ཏེ། ཇི་སྐད་དུ། དེའང་འདི་དག་ཕྱི་མ་དང་། །ལན་གྲངས་གཞན་དུ་རབ་འབྲིང་གིས། །ཐོབ་ཕྱིར་སྐལ་བར་མི་འགྱང་སྟེ། །ཞེས་པ་དང་། ཡང་། དེ་ཉིད་སར་ཕྱིའམ་ལན་གྲངས་གཞན་ཞེས་བཤད་པའོ་ཞེས་ཟེར་རོ། །དེ་ལྟར་ན་བར་དོ་ལ་རྣམ་སྨིན་ཐོབ་པ་དེ་ལུས་གྲུབ་པར་ཡོད་དམ་མེད། ཡོད་ན་བར་དོ་མི་གཏུབ་སྟེ། བར་དོའི་ལུས་འབྱུང་པ་ལས་གྲོལ་བའི་ཕྱིར་རོ། །མེད་ནའང་རྣམ་སྨིན་མི་བཏུབ་སྟེ། རྣམ་སྨིན་ནི་ཚེ་སྔ་མའི་ལས་ཀྱི་རྣམ་སྨིན་ལས་གྲུབ་པའི་ལྷག་མའི་ལུས་དང་མ་བྲལ་བ་ལ་ཟེར་བས་སོ་ཞེས་པ་ལ། ལན་དུ་ཁ་ཅིག་ན་རེ། བར་དོ་ལ་ཐོབ་པའི་རྣམ་སྨིན་དེ་ལུས་ཀྱི་བག་ཆགས་ཀྱི་ཚུལ་དུ་ཡོད། དགོངས་པ་ལྷའི་སྐུར་གསལ་བ་ཡིན་ཞེས་ཟེར་བ་ནི་མི་འཐད་དོ། །ཡིད་བག་ཆགས་ཀྱི་ལུས་ལ་རྣམ་སྨིན་ཤ་ཁྲག་གི་ལུས་མི་བཏུབ་སྟེ། ངེས་ཚིག་མ་གྲུབ་བོ། ཡང་ཁ་ཅིག་ཁ་རག་པ། ན་རེ། ལུས་ལྷའི་སྐུ་ཡིན་ལ། དགོངས་པ་ནི་ཆོས་ཉིད་དོ་ཟེར་བའང་མི་འཐད་དེ། ལུས་ལྷའི་སྐུར་སྣང་བའི་ཕྱིར་ཕྱག་རྒྱ་ཆེན་པོ་དང་ཁྱད་མེད་དུ་འགྱུར་རོ། །བདག་གི་བླ་མ་ནི་འདི་ལ་ཚིག་གི་འཇུག་པ་གསུམ་ཡོད་དོ། །བར་དོ་རུ་ཐོབ་པ་དང་། བར་དོ་ལ་ཐོབ་པ་དང་། བར་དོ་ནས་ཐོབ་པའོ། །དང་པོ་ནི་ཚེ་འདིར་ཚོགས་བསྒྲུབ་ཀྱང་བདེན་པ་མ་མཐོང་སྟེ། རྣམ་སྨིན་མ་ཐོབ་པས། ལུས་དང་བྲལ་མ་ཐག་དུ་འཆི་བའི་འོད་གསལ་ལ་བརྟེན་པས་མཐོང་སྟེ་རྣམ་སྨིན་ཐོབ་བོ། བར་དོ་ལ་ཐོབ་པ་ནི། འཆི་བའི་འོད་གསལ་ཀྱང་ངོ་མ་ཤེས་ཏེ་བར་དོ་དངོས་ཀྱི་སྣང་བ་ཤར་བའི་དུས་སུ་སྤྱོད་ཡུལ་སྒྱུ་མར་མཐོང་པ་ལ་བརྟེན་ནས་བདེན་པ་མཐོང་སྟེ་རྣམ་སྨིན་ཐོབ་བོ། །འོ་ན་དེ་གཉིས་ལ་རྣམ་སྨིན་གྲུབ་པའི་ལུས་མེད་པ་རྣམ་སྨིན་གྱི་ངེས་ཚིག་ཉམས་སོ་ཞེ་ན། དེ་ནི་རྣམ་སྨིན་བཏགས་པ་ཡིན་གྱི་འབྱུང་བ་ལས་གྲུབ་པའི་ལུས་མེད་མོད་ཀྱི། བདེན་པ་མཐོང་བ་ཙམ་གྱི་ཆ་ནས་འཇོག་གོ །འོ་ན་ཚེ་དབང་དང་འདྲ་མོད་ཞེ་ན། མ་ཡིན་ཏེ་ཚེ་དབང་ནི་འབྱུང་བ་དངས་མའི་ལུས་སུ་ཡོད་ལ། འདིར་ནི་བག་ཆགས་ཀྱི་ལུས་སོ། །ཕྱག་རྒྱ་ཆེན་པོ་དང་ཁྱད་ཅི་ཡོད་ཞེ་ན། དེ་ནི་ལྷའི་སྐུའི་ཆ་ལུགས་སུ་ཡོད་ཅིང་། རྣམ་སྨིན་ནི་མི་གཟུགས་ཀྱི་བག་ཆགས་སུ་ཡོད་དོ། །བར་དོ་ནས་ཐོབ་པ་ནི། བར་དོའི་སྣང་བ་ནུབ་སྟེ་ལུས་ལེན་ཀར་བདེན་པ་མཐོང་སྟེ། དེ་ནི་རྣམ་སྨིན་གྱི་ལུས་སུ་འགྱུར་ལ། དགོངས་པ་ལྷའི་སྐུར་གསལ་བའོ། །ཞེས་གསུངས་པ་ནི་རེ་ཤིག་དཔྱད་པར་བྱ་མོད་ཀྱི་བདག་ནི་ཚོགས་སྒྲུབས་པས་རྣམ་སྨིན་གྱི་རིག་འཛིན་ཚེ་འདི་ལ་མ་ཐོབ་ན་བར་དོ་དག་ལ་ཐོབ་པར་འདོད་པ་ནི་སློབ་དཔོན་སངས་རྒྱས་པ། ཉིད་ཀྱི་གཞུང་གི་དགོངས་པ་མ་ལོན་ཞིང་འཁྲུལ་པར་སེམས་སྟེ། དེ་དག་རྣམ་སྨིན་གྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར་དང་། ཚོགས་བསྒྲུབ་ནས་ཟག་མེད་དུ་སྦྱོར་བ་ལ་རྣམ་སྨིན་མཚན་ཉིད་པ་ལ་བློ་ཆུང་པ་མེད་པའི་ཕྱིར་དང་། འདི་ཉིད་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བའི་སྲིད་པ་ཐ་མ་པ་ཡིན་པའི་ཕྱིར། རིམ་པ་བཞིན་གྱི་ཇི་སྐད་དུ། ལྷའི་རྣལ་འབྱོར་གསལ་རྫོགས་སྨིན། །ལུས་ཀྱི་དྲྭ་བས་སྒྲིབས་གྱུར་ཞིང་། །ཀ་ལ་པིང་ཀ་མི་འཇིགས་བཞིན། །བྲལ་ནས་སྣང་བྱེད་དེ་རྣམ་སྨིན། །ཞེས་པ་དང་། ཡང་། སྟོབས་ཆུང་སྐྱེད་མོས་ཞན་པའི་ཕྱིར། །རྣམ་རྟོག་འབྱུང་བའི་ལྷག་ལུས་གཞག །ཅེས་པ་དང་། ཡང་། རྒྱ་མིག་རྒྱ་བ་ཇི་ལྟ་བར། །ཕྱག་རྒྱ་ཐོབ་ལ་མ་དྲག་པའི། །གཟུགས་རྫོགས་སྟོབས་ཆེན་དེ་ཁོ་ན། །གང་དེ་བྲལ་ལམ་ཐག་པ་རུ། །རྒྱ་བཞི་རྫོགས་པར་བདག་འགྱུར་རོ། །ཞེས་སོ། །སྔར་གྱིི་སྦྱོར་དུས་ནི་ལུང་ཀྱང་། །ཚོགས་སྦྱོར་གྱི་དང་པོ་ནས་སྨིན་པ་ཡིན་གྱི། ཚོགས་སྒྲུབས་ནས་ཟག་མེད་ལ་སྦྱོར་བའི་དུས་མ་ཡིན་ཏེ། མཚན་ཉིད་ཐེག་པའི་ཚོགས་སྦྱོར་ལ་གྲངས་མེད་དང་པོ་ཐོགས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར། དེ་ལྟ་མ་ཡིན་ན་སྔར་ཚོགས་འགྲུབ་པའི་དུས་གསུམ་སྨོས་པ་དོན་མེད་དུ་འགྱུར་རོ་སྙམ་དུ་སེམས་སོ། །རྩོད་པ་སྤངས་པ་དང་བཅས་པ་ནི། རྣམ་སྨིན་གྱི་རིག་འཛིན་འདི་ལམ་གྱི་ཤན་འབྱེད་པའི་དུས་སུ་ཟག་བཅས་ཡིན་ནམ་ཟག་མེད་ཡིན་དྲང། དང་པོ་ལྟར་ན་མྱ་ངན་འདས་པར་སྨིན་ཞེས་བརྗོད་ཅེས་པ་དང་འགལ་ཞིང་། ཆོས་ཉིད་ཀྱི་བདེན་པ་མ་མཐོང་བར་འགྱུར་ཏེ། འཁོར་བའི་ཟག་པ་མ་སྤང་པའི་ཕྱིར། ཚོགས་སྦྱོར་བཞིན་ནོ། །གཉིས་པ་ལྟར་ན་ལུས་ཀྱི་དྲྭ་བས་སྒྲིབ་གྱུར་ཞིང་། ཞེས་པས་ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཡོད་པར་གསལ་ལོ་ཞེ་ན། ལན་དུ་གཉིས་ཏེ། གཞན་གྱི་འདོད་པ་སུན་དབྱུང་པ་དང་། རང་གཞུང་དྲི་མ་རྣམ་པར་བཞག་པའོ། །དང་པོ་ནི་སྔ་རབས་ཁ་ཟུར་ཚམ་བསྒྲེས་པོ་ཅིག་ན་རེ། སྤྱིར་རྣམ་སྨིན་ལ་གཉིས་སྟེ། རང་གི་ང་ོབོའི་ལུས་དང་། སྒྲིབ་བྱེད་ལྷག་མའི་ལུས་སོ། །དེས་ན་རྣམ་སྨིན་དངོས་ཀྱི་ལུས་ནི། ལྷའི་སྐུར་གསལ་བ་དེ་ཉིད་དེ་ཟག་མེད་ཡིན་ལ། ཤ་ཁྲག་གི་ལུས་དང་པོ་ལ་སྒྲིབ་བྱེད་ཡིན་ཏེ། ཟག་པ། སེང་གེའི་མངལ་དང་ཁྱུང་གི་སྒོང་ང་བཞིན་ནོ། །ཞེས་ཟེར་བ་ནི་མི་འཐད་དེ། དེ་ལྟར་ན་རྣམ་སྨིན་ལྷའི་སྐུར་གསལ་བ་དེ་ལུས་ཡིན་ནམ་ཡིད་ཡིན། ཡིད་ཡིན་ན་གཅིག་སྤྲོས་པའང་རྣམ་སྨིན་དུ་ཐལ། ཡིད་ལྷར་གསལ་བརྟན་ཐོབ་པའི་ཕྱིར་རོ། །ལུས་ཡིན་ན་དེ་མི་འདོར་བར་སངས་རྒྱས་ཀྱི་ས་ལ་འགྲོ་བས་ལྷག་བཅས་སུ་ཐལ་ཞིང་། ཡིད་ཀྱི་ལྷའི་གཟུགས་བཟུང་ཞིང་ཅེས་པ་དང་འགལ་ཏེ། རྟག་དང་པོ་ནང་གི་མདའ་གཅིག་མ་འདྲ་གསུང་ངོ་། །ཡང་ཁ་ཅིག་ན་རླན་རེ་རྣམ་པར་སྨིན་པའི་རིག་འཛིན་འདི་ཟག་མེད་ཡིན་ཏེ། ཐུགས་ཐིག་ལས་ཀྱང་རིག་འཛིན་བཞི་ཀ་ཟག་མེད་དུ་བཤད། རིགས་པས་ཀྱང་འཐད་དེ། སྤྱིར་ཟག་པའི་གོ་བ་ནི་ལུས་ཁམས་སྐྱེ་གནས་ལ་བཤད་པ་ཡིན་པས། འདིར་དེ་གསུམ་མེད་དེ། ལུས་ཀྱི་ཟག་པ་འདི་ལུས་འདིས་ཕྱི་མ་མི་བསྐྱེད། ཁམས་དང་སྐྱེ་གནས་ཀྱང་དེ་དང་འདྲའོ་ཞེས་ཕྱིར་ཟེར་བའང་མི་འཐད་དེ། ཚོགས་སྒྲུབ་བགྲེས་པོ་བློ་ཡང་རབ་དེའང་ཟག་མེད་དུ་ཐལ། ཐོད་རྒལ་དུ་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བས་ཕྱི་མའི་ཟག་པ་གསུམ་མི་ལེན་པའི་ཕྱིར། འདོད་ན་གཞུང་དང་འགལ་ལོ། ཡང་ཁ་ཅིག་ན་རེ། སྤྱིས་བྱེ་བྲག་ལ་ཁྱབ་ཅིང་། ནད་པར་འགྲོ་བ་ལ་འདུ་བ་གསུམ་ཀ་ཚང་མི་དགོས་པས་ལུས་ཀྱི་ཟག་པ་འཇུག་པའི་ཕྱིར་ཟག་བཅས་སུ། བདེ་ཞེས་ཟེར་བའང་མི་འཐད་དེ། རྣམ་སྨིན་འདི་མྱ་ངན་ལས་འདས་པ་ཡིན་ནམ་མིན། མིན་ན་མྱ་ངན་འདས་པར་སྨིན་ཞེས་བརྗོད་ཅེས་པ་དང་འགལ་ལོ། །ཡིན་ན་མྱ་ངན་འདས་པ་ཟག་བཅས་སུ་ཐལ། འདོད་ན་ཟག་པ་ཟད་ནས་འཇིག་རྟེན་འདས་ཞེས་པ་གསལ། ཁྱབ་པ་མ་གྲུབ་ན་དམ་བཅའ་ཉམས་སོ། །ཡང་ཁ་ཅིག་ན་ཡང་ཞེང་རེ། འདུག་ཟག་བཅས་སུ་བདག་ཀྱང་གདའ་ཟག་མེད་ཀྱི་ཁོང་སུ་གདབ་སྟེ། དཔེར་ན་ཉ་ལྕགས་ཀྱུས་བཟུང་བའམ། སྐྱེས་བུའི་གནད་དུ་མཚོན་སྣུན་པ་བཞིན་ཞེས་ཟེར་བ་མི་འཐད་དེ། དཔེར་མ་གྲུབ་ཅིང་དོན་མི་གནས་སོ། །དང་པོར་མ་གྲུབ་སྟེ་སྐྱེས་བུ་དང་གཅིག་ཉ་གཉིས་ཀ་མ་ཤིའི་བར་དུ་གཤིན་པོའི་ཁོངས་སུ་ཅིའི་ཕྱིར་འདེབས། འཆི་ངེས་པའི་ཕྱིར་རོ་ཞེ་ན། སེམས་ཅན་ཐམས་ཅད་གཤིན་པོར་ཐལ། འཆི་ངེས་པའི་ཕྱིར། ཁྱབ་པ་མེད་དེ་མྱུར་དུ་འཆི་བས་སོ་ཞེ་ན། ཉི་ཚེ་བ་ལ་སོགས་པའི་སེམས་ཅན་ཚེ་ཐུང་བ་ཀུན་ཀྱང་གཤིན་པོར་ཐལ་ལོ། །དོན་ཡང་མི་གནས་ཏེ་ཟག་པ་དང་བྲལ་གྱི་བར་དུ་བགྲང་བར་མི་རིགས་སོ། །ཟག་མེད་དུ་གྱུར་ངེས་པའི་ཕྱིར་ཞེ་ན། ཚོགས་སྒྲུབ་ཀྱི་སྐད་ཅིག་རྒྱུན་མཐའ་ཡང་ཟག་མེད་དུ་ཐལ། ཟག་མེད་དུ་འགྱུར་ངེས་པའི་ཕྱིར་རོ། །ཡང་ལྷ་རྗེ་ཉ་རི་ཆེན་པོ། རྣམ་སྨིན་ལ་སྐྱེ་གནས་ཀྱི་ཟག་པ་མེད་པས་ཟག་མེད་དུ་འདོད་པ་ཡིན་གསུང་ལོ། །དེ་ཅེས་ན་སྐྱེ་གནས་ཀྱི་ཟག་པ་ཡོད་ན་ལུས་དང་ཁམས་ཀྱང་ཞར་ལ་འོང་ལ། སྐྱེ་གནས་མེད་ན་དེ་གཉིས་ཀྱང་མེད་པའི་ཕྱིར་སྐྱེ་གནས་གཙོ་བོ་ཆེ་བ་ཟེར་བའང་མི་འཐད་དེ། དེ་ཙམ་དུ་རིག་འཛིན་བཞི་སངས་རྒྱས་སུ་ཐལ། སྒྲིབ་པའི་གཙོ་བོ་ཉོན་སྒྲིབ་མེད་པའི་ཕྱིར་རོ། །ཉོན་མོངས་སྒྲིབ་པ་མེད་ཀྱང་ཤེས་བྱའི་སྒྲིབ་པ་ཡོད་པས་སངས་རྒྱས་སུ་མི་འགྲོ་ཏེ་ཁྱབ་པ་མེད་དོ་ཅེ་ན། རྣམ་སྨིན་ལའང་སྐྱེ་གནས་ཀྱི་ཟག་པ་མེད་ཀྱང་ལུས་ཁམས་ཀྱི་ཟག་པ་ཡོད་པས་ཟག་མེད་དུ་མི་འགྲོ་ན་ཅི་སྟོ་སྟེ་ཁྱབ་པ་མ་གྲུབ་ཅེས་བྱ་ལ། སྐྱེ་གནས་ལ་ཟག་པའི་གཙོ་བོར་བཤད་པའང་མེད་གསུང་ངོ་། །བདག་གི་རུ་ནི་ཀྱི་མེ་ཉག་དང་སྤར་ཁབ་ཀྱི་རྗེས་སུ་འབྲངས་ནས་འདི་ལྟར་བཞེད་དེ། སྤྱིར་ཟག་པ་ལ་གཙོ་བོ་དང་བྲན་གཉིས་སུ་གནས་ཏེ། གཙོ་བོ་ནི་ཉོན་མོངས་པའི་འཛིན་པ་ཡིན་ཏེ། དེས་འཁོར་བར་ཟག་པའི་རྒྱུའི་ས་བོན་དྲུང་པོར་འགྱུར་བའི་ཕྱིར་རོ། །བྲན་ནི་ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཡིན་ཏེ། དེ་ཙམ་གྱིས་འཁོར་བར་འཆིང་མི་ནུས་པའི་ཕྱིར་བྲན་དུ་འགྱུར་རོ། །ཉོན་མོངས་པའི་འཛིན་པ་ལ་ཟག་པར་བཤད་པ་མེད་པར་ཞེ་ན། ཇི་སྐད་དུ། སྤར་ཁབ་དེ་དག་འཇིག་རྟེན་པ་ལ་ཡོད་པ་ནི་འཛིན་པའི་ཕྱིར་ཟག་པར་འགྱུར་ལ་ཞེས་བཤད་དོ། །དེ་བས་ན་རྣམ་སྨིན་ལ་མྱང་འདས་ཀྱི་དང་པོ་མཐོང་ལམ་གྱི་ཁྱབ་ཅིང་། མཐོང་ལམ་ལ་ཉོན་སྒྲིབ་སྤང་པས་ཁྱབ་པའི་ཕྱིར་ཟག་མེད་དུ་འཇོག་སྟེ། མྱ་ངན་འདས་པར་སྨིན་ཞེས་བརྗོད། །ཅེས་སོ། །འོ་ན་རིག་འཛིན་བཞི་ལ་ཡང་སྒྲིབ་པའི་གཙོ་བོ་ཉོན་སྒྲིབ་མེད་པས་སངས་རྒྱས་སུ་ཐལ་ཞེ་ན། དེས་ནི་མགོ་མི་འདྲེ་ཉོན་མོངས་པའི་འཛིན་པ་དང་བྲལ་ནས་ལུས་ཁམས་སྐྱེ་གནས་ཀྱི་ཟག་པས་འཁོར་བར་འཆིང་མི་ནུས་ཤིང་སྐྱེ་ནའང་རང་དབང་ཅན་དུ་བྱེད་ལ། ཉོན་སྒྲིབ་མེད་ཀྱང་ཤེས་བྱའི་སྒྲིབ་པས་ལམ་དུ་འཆིང་ནུས་པའི་ཕྱིར་སངས་རྒྱས་སུ་མི་འགྲོའོ། །གལ་ཏེ་ཤེས་སྒྲིབ་པས་ལམ་དུ་འཆིང་པ་བཞིན་དུ་ལུས་ཁམས་སྐྱེ་གནས་ཀྱི་ཟག་པས་ཀྱང་འཁོར་བར་འཆིང་ངོ་ཞེ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་རང་གཞན་གྱི་དོན་དུ་བསམ་བཞིན་སྲིད་པའི་སྐྱེ་བ་ཉེ་བར་བླངས་པ་དག་ཀྱང་འཁོར་བ་པར་ཐལ། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཡོད་པའི་ཕྱིར་ཞེས་གསུང་པ་ནི་འཐད་དུ་རུང་གི་ཕྱོགས་སུ་གཏོགས་པ་ཉིད་དོ། །ཚེ་ལ་དབང་བའི་རིག་འཛིན་ལ་དོན་བཅུ་ལས། དང་པོ་ཐོབ་པའི་རྒྱུ་དུས་ནི། བློ་ཆེ་བས་ཤེས་རབ་གསུམ་གྱིས་ཆོས་ཉིད་ཀྱི་དོན་ལ་རྟོག་གོམ་ཁྱད་པར་དུ་གྱུར་པའི་ཚུལ་གྱིས་ཚོགས་སྒྲུབ་པའི་འགྲུབ་དུས་རྒྱུད་ལས་བཤད་པ་ལས་མི་འགྱང་པར་ཐོབ་པ་སྟེ། ཤེས་རབ་རྣམ་གསུམ་གོམ་བྱས་པས། །ཏིང་འཛིན་མཉམ་པའི་དོན་རྟོགས་ཏེ། །ཀུན་རྒྱུ་ཡངས་པ་ཆེན་པོར་བསྒོམ། །ཤེས་འཇུག་ལྔ་རྟོགས་གོམ་པ་ནི། །ཟླ་ཞག་བརྒྱུད་བཞིན་བསྒྲུབ་འདོད་པ། །རྡོ་རྗེའི་ལུས་སུ་ཐེ་ཚོམ་མེད། །ཅེས་སོ། །རང་གི་ངོ་བོ་ལ་གཉིས་ཏེ། དངོས་དང་། ཞར་ལ་ཚེ་ཚད་བསྟན་པའོ། །དང་པོ་ཆོས་ཉིད་ཀྱི་དོན་རང་གི་མཚན་ཉིད་དུ་གསལ་བའི་ངོ་བོར་བསྐྱེད་དབྱུང་དུ་མེད་པར་མཐོང་ཞིང་ཟག་པ་ཀུན་ཟད་དེ། འཕོ་འཛིན་འཇིག་དཔྱད་མེད་པ་རྡོ་རྗེའི་ལུས་སུ་གྱུར་པ་ཏེ། དོན་མཐོང་འཇུག་པ་མཐར་ཕྱིན་པ། །ཚོགས་སྤྱོད་བསྒྲུབ་པའི་དངོས་སུ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་འགྱུར་ཚེའི་རིགས། །ཞེས་སོ། །ཞར་ལ་ཚེ་ཚད་ནི། བདག་དོན་དུ་སྟོང་དྲུག་གི་བར་དུ་གནས་ཞིང་། གཞན་དོན་དུ་ཚེ་ལ་དབང་ཐོབ་པའི་ཚུལ་གྱིས་ཇི་ལྟར་འདོད་བཞིན་ཕྱིར་བསྒྱུར་བ་ནུས་ཏེ། བདག་ཕྱིར་དོན་དུ་གཉེར་བ་ནི། །བརྒྱ་ཕྲག་བཅུ་དྲུག་ཚེ་ཡི་རྫོགས། །གཞན་གྱི་དོན་དུ་བྱ་བ་ནི། །བརྒྱ་བརྒྱ་དག་དུ་བསྒྱུར་ཞིང་གནས། །ཞེས་སོ། །རྣམ་གྲངས་རྣམ་པར་དབྱེ་ན་བཞི་སྟེ། སྨན་ལས་གྲུབ་པའི་ཚེ་དབང་དང་། །ཐབས་ལས་གྲུབ་པའི་ཚེ་དབང་དང་། །སྒྲོན་མ་རླུང་ལས་གྲུབ་པའི་ཚེ་དབང་དང་། །ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་ཏེ། །ངོ་བོ་སྨན་དང་ཐབས་རིག་འཛིན། །རྣལ་འབྱོར་སྒྲོལ་མའི་རིག་འཛིན་དང་། །ལམ་མཆོག་རྫོགས་པའི་རིམ་པ་བཞི། །ཞེས་སོ། །སྤྱོད་པ་ནི་རང་དོན་དུ་ཤེས་རབ་གསུམ་ལ་སྤྱོད་ཅིང་། གཞན་དོན་དུ་ཆོ་འཕྲུལ་བཞི་དང་ཕྲིན་ལས་བཞི་ལ་སོགས་པ་སྟོན་ཏེ། གསང་ཐོས་བསམ་རིག་སྒོམ་སྦྱོར་བས། །དཀྱུས་སར་ཕྱིན་པའི་ཅང་ཤེས་བཞིན། །ཀུན་ཏུ་འགྲོ་བ་བདག་པོའི་དོན། །རྫུ་འཕྲུལ་ཆོས་སྣང་རྗེས་སྟོན་སྤྱོད། །ཅེས་སོ། །ཆ་ལུགས་ནི་རང་གི་ངོ་བོ་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་ལ། ཞེས་སྤྲུལ་པ་ནི་ལྷ་མི་གཏོད་རིམས་ཀྱི་ཆ་བྱད་དུ་བསྟན་པ་དོན་བྱེད་དེ། རིམ་པ་བཞིན་དུ། དབང་བསྒྱུར་རྩ་བ་རྡོ་རྗེའི་ལུས། །ཞེས་པ་དང་། ཡང་། ལྷ་དང་མི་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་གྱུར་ཡིན། །འདུལ་བའི་དུས་ཀྱི་འཕོ་འདུག་བྱེད། །ཅེས་སོ། །མངོན་ཤེས་ཀྱི་ཡུལ་དོན་ནི། སྤྱིའི་མངོན་པར་ཤེས་པ་དྲུག་དང་། བྱེ་བྲག་ཏུ་སྒོ་དཔྱད་སྣོད་ལྔའི་དབང་ཤེས་ཉི་ཤུ་རྩ་ལྔས་གླིང་བཞི་བྱེ་བ་ཕྲག་བརྒྱ་སྤྲུལ་པའི་སྐུའི་ཞིང་ཁམས་དང་། མཉམ་པ་ཡུལ་དུ་གྱུར་ཅིང་དེ་ཉིད་ཀྱི་དོན་བྱེད་པར་ནུས་ཏེ། སྔོན་བཞིན་ཡུལ་ཁྱོན་འདུལ་བར་བྱེད། །སྐྱེ་མཆེད་རང་བྱུང་ཡེ་ཤེས་ཕྱིར། །དེ་ཉིད་གཅིག་དང་དུ་མའི་མཐའ། །གཉིས་སུ་མེད་པར་མངོན་རྟོག་གོམ། །མཐོང་པས་དྲི་མ་དྲུག་སྦྱངས་ཕྱིར། །དེ་ཉིད་གཟུགས་སྒྲ་དྲི་རོ་རེག །ཤེས་པའི་བྱེ་བྲག་རྩ་ལྔར་བཤད། །གཅིག་གི་ཡུལ་ལྔ་གཅོད་བྱེད་པའི། །ཚང་དང་མ་ཚང་འཇིག་དགོས་མེད། །གཞན་དུ་ལྷའི་རྣ་བ་དང་། །སྤྱན་གྱི་མངོན་པར་ཤེས་པ་དང་། །སྔོན་གནས་རྗེས་སུ་དྲན་པ་དང་། །ཕ་རོལ་རྣམས་ཀྱི་སེམས་ཤེས་དང་། །འཆི་འཕོ་སྐྱེ་བ་མཁྱེན་པ་དང་། །རྫུ་འཕྲུལ་ཤེས་པའམ་ཟག་ཟད་ཤེས། །དེ་རྙེད་ཚུན་ཆད་ཡུལ་ཤེས་པ། །གང་དང་གང་རྣམས་འདུལ་བར་མཛད། །དེ་ཕྱིར་མི་ལྡོག་ཟག་མེད་དེ། །དབང་བསྐུར་རིགས་ཀྱི་ཆ་ལ་བརྗོད། །ཅེས་སོ། །འབྲས་བུ་ལ་སྦྱོར་ཚུལ་ནི། རང་གཞན་གྱི་དོན་དུ་ཚེ་ལ་དབང་ཐོབ་པའི་སྒོ་ནས་མཉམ་བཞག་དུ་མི་བཟློག་པའི་ཏིང་ངེ་འཛིན་ལ་གནས་པ་དེ་རིམ་གྱིས་སོ་ཐོད་རྒལ་གྱི་ཚུལ་གྱི་ལམ་དང་མཐར་ལམ་དང་ཅི་རིགས་སུ་སྦྱོར་ཏེ། བདག་གོམ་གཞན་ཕྱིར་དབང་ཅན་དེས། སྐུ་ཚེའི་ཚད་དམ་ཇི་སྙེད་པར། །བཞུགས་མཐར་རང་གི་བསྒྲུབ་སྦྱོར་བ། སྔོན་བཞིན་རིམ་དང་རིམས་མིན་པའོ། །ཞེས་སོ། །ཡིད་ཆེས་པའི་ཁུངས་ནི། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་སོ། །མཚན་ཉིད་ཐེག་པའི་ས་ལམ་དང་སྦྱར་ན། མཐོང་ལམ་ས་དང་པོའི་བདེན་པ་དང་མོ་ཚོད་སྙམ་ཏེ། རྒྱུའི་དང་པོར་སྐལ་མཉམ་མོ། །ཞེས་པ་དང་། རང་དབང་ཐོབ་པའི་དབུགས་ཐོབ་ཕྱིར། །སྐབས་འདིར་བདེན་པ་བར་མ་མཐོང་། །ཞེས་སོ། །རྩོད་པ་སྤང་བ་ནི། ཚེ་དབང་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བའི་དུས་རྡོ་རྗེའི་ལུས་དེ་འབོར་རམ་དེ་ཀ་ལྟར་ཁྱེར། དང་པོ་ལྟར་ན་ལྷག་བཅས་མ་ཡིན་པར་ཐལ། གཉིས་པ་ལྟར་ན་ཕྱག་རྒྱ་ཆེན་པོ་ལྷའི་སྒྱུ་མའི་ཆ་ལུགས་སུ་ཡོད་པའི་ཕྱིར་རྡོ་རྗེའི་ལུས་ཐ་མལ་གྱི་ཆ་ལུགས་དང་མི་མཚུངས་སོ་ཞེ་ན། མ་ཡིན་ཏེ་འབོར་ཡང་མི་འབོར་ལ། དེ་ཁོ་ན་བཞིན་དུའང་མི་འཁྱེར་དེ། རྡོ་རྗེའི་ལུས་དེ་ཉིད་ཡེ་ཤེས་སྒྱུ་མའི་སྐུར་གནས་འགྱུར་བ་ནི། དཔེར་ན་གསེར་དངུལ་གྱི་གང་བུ་བཞུ་བཏུལ་བྱས་ནས་ལྷའི་སྐུར་བྱས་པ་བཞིན་ནོ་གསུང་། ཡང་ཚེ་དབང་དེ་བདག་དོན་དུ་ལོ་སྟོང་དྲུག་བརྒྱད་སྡོད་པ་མིན་ནམ། མིན་ན་སྡོད་པར་བཤད་པ་དང་འགལ་ཞིང་། ཡིན་ན་ཚེ་དབང་ལས་རྣམ་སྨིན་བློ་ཆེ་བར་ཐལ། ཕྱག་རྒྱ་ཆེན་པོ་ལ་སྦྱོར་བ་རྣམས་སྨིན་མྱུར་བའི་ཕྱིར་རྟགས་ཁྱབ་ནི། གང་དག་བློ་ཆེན་མོ་ན་རྟོགས་པས། བརྒྱུད་དེ་ཅིག་ཆར་གང་འཇུག་པ་ཞེས་པས་འགྲུབ་ཅིང་འདོད་ན། སྟོབས་ཆུང་བསྐྱེད་སྨོས་ཞན་པའི་ཕྱིར། རྣམ་རྟོག་འབྱུང་བའི་ལྷག་ལུས་གཞག་ཅེས་པས་གསལ་ལོ་ཞེ་ན། ཡམ་ཤུད། རྒྱུ་གོང་མ་ནི་གདམ་ངག་ཏུ་རང་དོན་དུའང་ཕྱག་རྒྱ་ཆེན་པོ་ལ་ནམ་སྦྱོར་ཀྱང་རང་དབང་ཡོད་དེ། ཚེ་ལ་དབང་བ་ཡིན་པའི་ཕྱིར། ཇི་སྐད་དུ། བདག་གམ་གཞན་ཕྱིར་དབང་ཅན་དེས། ཞེས་པས་མངོན་ནོ་གསུང་སྐད་དོ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་དོན་བཅུ་ལས། དང་པོ་ཐོབ་པའི་རྒྱུ་དུས་ནི། གཅིག་སྤྲོས་ཀྱི་ཏིང་ངེའི་ལ་གོམ་པའི་རྒྱུན་དང་། ལྟ་བ་ཆེད་འཛིན་གྱི་ཆེད་སྣང་ཀུན་འགྲོའི་སྒྲིབ་པ་དག་པའི་སྒོ་ནས་དུས་ངེས་པ་མེད་པར་ཕྱག་རྒྱ་ཆེན་པོར་ཡིན་གྱི། རྒྱུ་འབྲས་མི་འདྲ་བར་སྐྱེས་པ་མ་ཡིན་ཏེ། གཅིག་དང་དུ་མའི་རྣལ་འབྱོར་པས། །འབྱུང་ལུས་སེམས་ཕྱིར་རང་བཞིན་ལྟ། །མཐོང་གོམ་བསགས་པའི་མཐར་སྒྲུབས་པས། །ཀུན་འགྲོའི་སྒྲིབ་དག་ངོ་བོའི་རྒྱུ། །ཞེས་སོ། །རང་གི་ངོ་བོ་ནི་སྔོན་དུ་གང་གོམ་པའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་རིགས་ལྔ་གང་རུང་གི་ཆ་ལུགས་འཛིན་ཅིང་མི་གཡོ་བའི་ཏིང་ངེས་ལྷན་ག ཅིག་གནས་པའི་དྲི་མ་སྤངས་པ་ལ་ཞུགས་པ་སྟེ། རང་ལུགས་གདོད་ནས་ཕྱག་རྒྱ་ཆེ། །བསྒོམ་པས་མངོན་དུ་གྱུར་པའི་ལྷ། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲི་རིག་འཛིན་འགྱུར། །ཞེས་སོ། །ཡེ་ཤེས་སྐུའི་ཆ་ལུགས་ཅན། །འབྱུང་བ་རྡོ་རྗེའི་ལུས་ལས་གྲོལ། །ཞེས་སོ། །དབྱེ་ན་ཀྲི་ཡའི་ཕྱག་རྒྱ་ཆེན་པོ་རིགས་གསུམ་དང་། །ཨུ་པ་ཡའི་རིགས་བཞི་དང་། །ཡོ་གའི་རིགས་ལྔ་དང་། །མ་ཧཱ་ཡོ་གའི་མཆོག་ལྔ་སྟེ། །དེ་ཉིད་རིགས་གསུམ་རིགས་བཞི་དང་། །ལྔ་དང་མཆོག་ལྔའི་རིག་འཛིན་རྣམས། །ཞེས་སོ། །སྤྱོད་དང་ཆ་ལུགས་ནི། རང་དོན་དགོངས་པ་ལས་མི་གཡོ་བར་བྱེད་ཅིང་། གཞན་དོན་སྤྲུལ་པའི་ལུས་རྔོན་པ་དང་སྨད་འཚོང་ལ་སོགས་པར་ཀྱང་བསྟན་ནས་དག་མ་དག་ཀུན་གྱི་དོན་བྱེད་དེ། མཉམ་བཞག་ངང་ལས་མ་གཡོས་བཞིན། །ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག །བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྔོན་དཔྱད་མངོན་དང་སྨད་འཚོང་ལ་སོགས་པ། །སྤྲུལ་པའི་ལུས་ཀྱི་འདུལ་བར་བྱེད། །ཅེས་སོ། །མངོན་ཤེས་ཀྱི་ཡུལ་དོན་ནམ། སྔར་ཚེ་དབང་པས་གསལ་བརྟན་བས་ཁྱབ་པར་སྣང་ཞིང་ལོངས་སྐུའི་ཞིང་ཁམས་དང་མཉམ་པ་ཡུལ་དུ་གྱུར་ལ་དོན་ཡང་དེ་སྙེད་དུ་བྱེད་པ་ནུས་ཏེ། དྲུག་དང་ལྔའི་ཡན་ལག་བཅས། །ཤེས་པའང་འདྲ་མོད་བཞི་རྩོགས་ཀུན། །དེ་སྙེད་ཡུལ་གྱི་ཁྱད་པར་དང་། །དོན་རྫོགས་མཐུ་དང་གདུལ་བྱས་སྤགས། ཞེས་སོ། །འབྲས་བུ་ལ་སྦྱོར་ཚུལ་ནི། དེ་ལྟར་སྣང་སྟོང་དབྱེར་མེད་ཏིང་ངེ་འཛིན་ལ་མཉམ་རྗེས་ཟུང་འབྲེལ་དུ་གོམ་པར་བྱས་པས་ལྷན་གཅིག་གནས་པ་ཕྲ་མོའི་དྲི་མ་དག་པར་བྱས་ཤིང་མཐར་ལམ་འབད་མེད་དུ་ཐོབ་པ་སྟེ། རང་རིག་མི་གཡོ་མཐོང་གོལ་དང་། །དོན་དུ་གཉེར་རིམས་རྩོལ་བ་ནི། །ལམ་ཀུན་རྫོགས་པའི་བྱིན་སྟོབས་ཀྱིས། །ལྷན་ག ཅིག་གནས་པའི་དྲི་མ་དག །རྣལ་འབྱོར་བྲལ་ནས་ལྷུན་གྱིས་གྲུབ། རྩོལ་བ་མེད་པར་ལྷུན་གྲུབ་ཐོབ། །ཞེས་སོ། །ཡིད་ཆེས་པའི་ཁུངས་ནི། །གཉིས་མེད་གྱུར་ན་ཕྱག་རྒྱ་ཆེ། ཞེས་སོ། །མཚན་ཉིད་ཞིག་ཐེག་དཔྱད་པའི་ས་ལམ་དང་སྦྱར་ན། ས་ན་གཉིས་པ་ནི་ནས་དཔྱད་དགུ་པའི་བར་དང་མོ་ཚོད་མཉམ་སྟེ། གཉིས་པའི་རིག་ཆོག་འཛིན་པ་སྟེ། བརྒྱད་པའི་སེམས་དཔའ་སྐལ་མཉམ་མོ། །ཞེས་སོ། །ལམ་ནི་སྒོམ་ལམ་པ་སྟེ། ཕྱག་རྒྱ་ཆེན་པོ་བསྒོམ་པའི་ལམ། །མི་གཡོའི་རྣལ་འབྱོར་ཉིད་དུ་བརྗོད། །ཅེས་སོ། །དགོས་བསལ་དང་རྩོད་སྤོང་མེད་དོ། །ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་དོན་བཅུ་ལས། དང་པོ་ཐོབ་པའི་རྒྱུ་དུས་ནི། བསྒོམ་པའི་ལམ་གྱི་རྒྱུན་དང་ལོངས་སྐུ་ལ་བརྟེན་པའི་ཤེས་རབ་གསུམ་བརྒྱུད་ལ་བརྟེན་པའི་དུས་ཉིད་དུ་སྟེ། སྔ་མའི་རིགས་ལ་མཐུ་རྫོགས་པས། །བཤད་པ་བཞིན་དུ་དྲྭ་མི་དག །སངས་རྒྱས་གཉིས་པའི་ཤེས་རབ་གསུམ། །ལྷུན་གྱིས་གྲུབ་པའི་རིགས་སུ་འབྱུང་། །རང་གི་དགོངས་སྤྱོད་ནུས་པ་ཅན། །ས་མཐར་དབྱུང་བའི་དུས་ལ་བབ། །ཅེས་སོ། །རང་གི་ངོ་བོ་ནི་སྐུ་ལྔ་ལྷུན་གྲུབ་ཀྱི་རྒྱལ་ཚབ་དབྱེར་མེད་ལམ་གྱི་རྟོགས་པ་མཐར་ཕྱིན་པའི་རང་བཞིན་ཅན་སངས་རྒྱས་ཀྱི་ས་ཐོབ་མ་རག་པ་སྟེ། དེ་དག་ལྟར་དག་པའི་ཤེས་པ་ཉིད། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཛིན། །ལྷུན་མཉམ་ངང་ལ་མི་གཡོ་ཞིང་། །མི་རྟོགས་ངང་དུ་བཞུགས་ནའང་། །བག་ལ་ཉལ་བ་འཇོམས་བྱེད་ཅིང་། །སྐད་ཅིག་རག་ལས་རིག་འཛིན་མཐའོ། ཞེས་སོ། །རྣམ་གྲངས་རྣམ་པར་དབྱེ་ན། ཀྲི་ཡ་རིགས་གསུམ། ཡོ་ག་རིགས་ལྔ། མ་ཧཱའི་སྐུ་ལྔ། ལྷུན་གྲུབ་ཀྱི་རྒྱལ་ཚབ་རྣམ་པ་གསུམ་སྟེ། བྱ་བ་ལྷུན་གྲུབ་ཀྱི་རྣལ་འབྱོར་གྱི། །རིག་འཛིན་ཆེན་པོ་ནང་རིག་འཛིན། །ཞེས་སོ། །སྤྱོད་པ་ནི། རང་དོན་སྐུ་ལྔ་ལྷུན་གྲུབ་ཀྱི་རྒྱལ་བ་ལེགས་པར་བརྟེན་ཞིང་སྒྲིབ་སྤོང་བའི་ཕྱིར་ཤེས་རབ་གསུམ་བརྒྱུད་ལ་བརྟེན་ཞིང་སློབ་ལ། གཞན་དོན་དུ་སངས་རྒྱས་ཀྱི་ཞིང་ཁམས་མཐར་ཐུག་མེད་དག་དུ་སྤྲུལ་པའི་མཛད་པ་སྣ་ཚོགས་སུ་སྟོན་ཅིང་གསང་བའི་བསྡུད་པ་པོ་མཛད། ཉིད་ཀྱི་རྡོ་རྗེ་འཛིན་རྩོགས་ལ། སྐད་ཅིག་དུས་ཀྱི་བསླབ་པ་རྫོགས། །དེ་ཚེ་སྒྲིབ་པའི་ཆ་ཡོད་ཀྱང་། ལྷུན་གྲུབ་རིག་འཛིན་སར་བཞུགས་ནས། །ཞིང་ཁམས་མཐར་ཐུག་མེད་པ་དག །གདུལ་ཕྱིར་སྤྲུལ་སྐུའི་མཛད་པ་སྟོན། །གསང་བའི་ཏན་ཏྲའང་སྟོན་བྱེད་ཅིང་། །དེ་བཞིན་བསྡུ་བ་མཛད་པ་དང་། །ཞེས་སོ། །ཆ་ལུགས་ནི་སྐུ་ལྔ་ལྷུན་གྲུབ་ཀྱི་རྒྱལ་བ་ཉིད་ཀྱི་ཚུལ་འཛིན་ཏེ། ཆ་བྱེད་རྒྱལ་བ་ཉིད་དུ་སྟེ་དེ་འདྲ་དེ་ཉིད་རྒྱལ་ཚབ་སྟོན། །ཞེས་སོ། །མངོན་ཤེས་ཀྱི་ཡུལ་དོན་ནི། ཇི་སྙེད་མཁྱེན་པའི་ཡུལ་ཆེ་ལོང་དུ་རྒྱལ་བ་ཉིད་དང་མཚུངས་ཤིང་ནམ་མཁའི་ཁྱབ་ཚད་ཀྱི་དོན་ཡང་ཅི་རིགས་པར་བྱེད་དེ། ཀུན་མཁྱེན་ཡེ་ཤེས་ལྔའི་ཕྱིར། །ཡུལ་ནི་ཚད་མེད་རྒྱལ་བ་ཉིད། །ཇི་ལྟར་མེ་ལོང་ལྟ་བུའི་ཚུལ། །ཞེས་སོ། །འབྲས་བུ་ལ་སྦྱོར་ཚུལ་ནི། ལྷུན་གྲུབ་ཀྱི་སྐད་ཅིག་རྒྱུན་གྱི་ཐ་མ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བདག་ཏུ་རྟོག་པ་བཟང་ངན་གྱི་མཚན་མའི་བག་ཆགས་ཐ་མ་ཤེས་བྱའི་སྒྲིབ་པ་ཆ་ཕྲ་བ་ཡང་བཅོམ་སྟེ། བྷུདྡྷ་ཉིད་ཀྱི་སར་སྦྱོར་ཉིད་དེ། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། བདག་རྟོགས་མཚན་མ་ཀུན་བཅོམ་ནས། །རྡོ་རྗེའི་དབྱིངས་སུ་ཐིམ་པར་བྱེད། །རྒྱན་གྱི་ད་ལ་མ་དྷ་ལ། །བསམ་ཡས་ཀུན་རྫོགས་ཀུན་མཁྱེན་མཛོད། །ཅེས་སོ། །ཡིད་ཆེས་པའི་ཁུངས་ནི། །རང་བྱུང་སྐུ་ལྔ་ལྷུན་གྱིས་གྲུབ། །ཅེས་སོ། །འོག་མའི་ས་ལམ་དང་སྦྱར་ན། ས་བཅུ་པ་ཆོས་ཀྱི་སྤྲིན་ལམ་ནི་མཐར་ལམ་སྟེ། ས་བཅུ་ས་གསུམ་དང་མཉམ་མོ། །ཞེས་པ་དང་། དེ་ཉིད་དང་ནི་མཐར་སྦྱོར་ལམ་ཞེས་སོ། །ཞར་ལས་བྱུང་བའི་ལོག་རྟོག་ནི། ཁ་ཅིག་ན་རེ། ལྷུན་གྱི་གྲུབ་པའི་རིག་འཛིན་དེ་དགོངས་པ་ལ་མཉམ་པའི་དུས་སུ་སངས་རྒྱས་དང་ཁྱད་མེད་ཀྱི་མཉམ་པ་ལ་བཞག་འཇོག་ཡོད་པ་ཙམ་གྱིས་ཁྱབ་པ་དུ་བྱས་སོ་ཟེར་རོ། །འོ་ན་ལམ་རིམ་ནས། གསང་བའི་བྱེ་བྲག་རིམ་པར་འགྲོ་ཞེས་པས། ལམ་རིམས་ཀྱི་སའི་དུས་སུ་རྫོགས་ལྟ་བར་རྟོག་པའི་རང་གི་ངོ་བོ་ལ་ཁྱད་ཡོད་པར་བཤད་པ་ཡིན་ནམ། ཡིན་ན་མཉམ་པ་ལ་བཞག་པའི་དུས་སུའང་ཁྱད་ཡོད་པར་ཐལ་ཞེ་ན། རྟོག་པའི་ངོ་བོ་ལ་ཁྱད་ཡོད་པའང་ཅིས། །རྟོགས་ཚུལ་གྱི་ཁྱད་ཡོད་པའི་ཕྱིར་ཞེ་ན། མཉམ་པ་ལ་བཞག་པའི་ཕྱིར་དུས་སུ་ཁྱད་ཡོད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། མཉམ་པ་ལ་མ་བཞག་པའི་དུས་ན་ཁྱད་ཡོད་པའི་གནད་ཀས་ཤེས་བྱའི་སྒྲིབ་པ་ཕྲ་མོ་རྒྱུན་མ་ཆོམས་པ་ཡིན་པས། མཉམ་པར་བཞག་པའི་དུས་སུའང་ཁྱད་ཡོད་དེ། དེ་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་དེ་བཅོམ་ནས་སངས་རྒྱས་ཀྱི་ས་ལ་འགྲོ་བའི་ཕྱིར་ཞེས་གསུངས་ངོ་། །རྩོད་པ་སྤང་པ་ནི། འདིར་རྡོ་རྗེ་ལྟ་བུ་ཏིང་ངེས་ཤེས་སྒྲིབ་སྤང་པའི་ཚེ་གཉེན་པོ་སྤོང་བྱ་སྤང་ངམ། དེ་གཉེན་སྤང་བྱ་དག་པའི་ཤུལ་དུ་གཉེན་པོ་སྐྱེ། དང་པོ་ལྟར་ན་རྡོ་རྗེ་ལྟ་བུ་སྐྱེས་ཙམ་ན་སྤང་བྱ་ཤེས་སྒྲིབ་ཡོད་དམ་མེད་ཡོད་ན་སྤང་གཉེན་དངོས་འགལ་མ་ཡིན་པར་ཐལ། ཤེས་རྒྱུན་ཅིག་ལ་ལྷན་ཅིག་དུ་འཚོགས་པའི་ཕྱིར། འདོད་ན་གཉེན་པོ་དོན་མེད་དུ་འགྱུར་རོ། །མེད་པའམ་དག་པའི་ཤུལ་དུ་གང་སྐྱེས་ཀྱང་དོན་མེད་འགྱུར་ཏེ། སྤང་བྱ་མེད་པའི་ཕྱིར་མུན་པ་སངས་པའི་ཤུལ་གྱི་སྣང་བྱེད་བཞིན་ནོ། །ལན་ནི་གཉེན་པོ་སྐྱེས་པ་དང་། །སྤངས་བྱ་སྤངས་པ་དུས་མཉམ་སྟེ། །མུན་པ་དང་མར་མེ་བཞིན་ནོ། །ཞེས་བྱའོ། །ཡང་རིག་འཛིན་བཞི་པོ་ལམ་མཐར་ཐུག་གི་འབྲས་བུ་ཡིན་ནམ་མིན། མིན་ན་མཐར་ཕྱིན་འབྲས་བུ་མཚན་ཉིད་བཤད་ཅེས་པ་དང་འགལ་ཞིང་། ཡིན་ན་སངས་རྒྱས་དང་ཁྱད་མེད་དུ་ཐལ། འདོད་པར་ནི་མི་རིགས་ཏེ། སངས་རྒྱས་སྤངས་རྟོགས་རྣམས་མཐར་ཐུག་པ་ཡིན་ལ། རིག་འཛིན་ནི། ད་དུང་ཕྲ་བའི་སྒྲིབ་པ་དག་མ་སྤངས་པར་ལྡན་པའི་ཕྱིར་རོ་ཅེ་ན། ལན་ནི་འབྲས་བུ་ལ་གཉིས་ཏེ། ལམ་དུ་གྱུར་འབྲས་མཐར་ཐུག་འབྲས་ཞེས་གསུངས་པས། རིག་འཛིན་བཞི་ནི་ལམ་དུ་གྱུར་པའི་འབྲས་བུ་སྟེ་འདིར་ཟག་བཅས་ཀྱི་ལམ་མཐར་ཕྱིན་པའི་འབྲས་བུ་ལ་བརྟགས་པའོ། །མཐར་ཐུག་གི་འབྲས་བུ་མཚན་ཉིད་པ་སངས་རྒྱས་ཀྱི་ས་ཉིད་དེ། དེ་ལས་བསྐྱེད་དུ་བྱར་མེད་པས་སོ། །རིག་འཛིན་བཞི་ནི་ལམ་དུ་གྱུར་པའི་སྒྲིབ་པར་རགས་པ་སྤངས་པ་ཙམ་ལའང་འབྲས་བུར་མིང་བརྟགས་ཏེ། ལྷ་མོ་སྐྱེ་མེད་བཞིན་ནོ་ཞེས་གསུང་ངོ་། །ལམ་བཤད་ཟིན་ཏོ། །སྤྱི་དོན་གསུམ་པ་ཤེས་བྱ་འབྲས་བུའི་དོན་ལ་གཉིས་ཏེ། བདག་དོན་གྲུབ་པ་དང་། གཞན་དོན་མཛད་པའོ། །དང་པོ་ལ་གསུམ་སྟེ། ཐོབ་ཚུལ་དང་། མཚན་ཉིད་དང་། རྣམ་གྲངས་སོ། །དང་པོ་ལ་ཡང་གཉིས་སྟེ། དངོས་དང་རྩོད་པ་སྤང་པའོ། །དང་པོ་ནི་སྤངས་ཐོབ་མེད་པར་རང་སྣང་དུ་སྔོན་དུ་བྱས་པའོ། །ཇི་སྐད་དུ། ལམ་རིམ་ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུའི་ངང་དུ་སྤྱོད། ། ཅེས་སོ། །གཉིས་པ་ལའང་གཉིས་ལས། དང་པོ་ནི། འབྲས་བུ་ཐོབ་པའི་ཚེ་གཞིའི་དུས་ཀྱི་མ་རིག་པ་སྤངས་སམ་མ་སྤངས་ཀྱི་བརྟག་པ་ནི་གཞིའི་སྐབས་སུ་བཤད་ཟིན་ཏོ། །གཉིས་པ་ནི་མཐར་ཐུག་གི་འབྲས་བུ་དང་ཐེག་པ་རིམ་པ་དགུའི་འབྲས་བུ་ལ་ཁྱད་པར་ཡོད་དམ་མེད་དྲངས། ཁྱད་མེད་ན་རྒྱུའི་ཐེག་པའི་འབྲས་བུ་དེ་གསང་སྔགས་ཀྱི འང་མཐར་ཐུག་ཏུ་འགྱུར་པས། དེ་ནས་གསང་སྔགས་ལ་བགྲོད་མི་དགོས་པར་ཐལ། གཅིག་པའི་ཕྱིར་རོ། །འདོད་ན་ཁྱོད་ཀྱི་འབྲས་བུ་ཀུན་ཏུ་འོད། ཐབས་ཆེན་ཐེག་པའི་གཏིང་བསྟི་དཔྱད་གནས་པ། །ཞེས་པ་དང་། ཡང་། ཀུན་ཏུ་འོད་ལ་གནས་པ་ལས་པད་མ་ཅན་དུ་འགྱུར་ཞེས། ད་སྡོད་གསང་སྔགས་དུ་བགྲོད། །དགོས་པར་གསུངས་པས་གསལ་ལོ། །གཉིས་པ་ལྟར་ཐ་དད་ནའང་དགོངས་འདུས་ལས། གསང་ཉིད་ངེས་པ་འཇུག་པར་དུ། ཐེག་པའི་སྒོའང་བསམ་མི་ཁྱབ། །གསང་ཉིད་སྙིང་པོར་ངེས་པ་ན། །ཐེག་པའི་སྒོའང་ག ཅིག་ལས་མེད། ཅེས་པ་དང་འགལ་ཞིང་། གསང་སྔགས་ཉིད་རིང་ལམ་དུའང་འགྱུར་ཏེ། ཐུན་མོང་གི་འབྲས་བུ་ཐོབ་ཟིན་ནས་ཀྱང་བགྲོད་དགོས་པའི་ཕྱིར་རོ། །ཞེ་ན། ལན་ནི་འདོད་པས་བསྒྲུབ་པའི་འབྲས་བུ་རེ་རེ་ཐུན་མོང་གི་ཐེག་པ་ཀུན་གྱིས་ཀྱང་མི་བསླུ་བར་ཐོབ་པས། ཐ་དད་པར་བཤད་པ་དང་ཡང་མི་འགལ་ཏེ། ནོར་བུ་ཕལ་པའི་གླིང་དོན་གྲུབ་པའི་བཞིན་ནོ། །མཐར་ཐུག་བླ་ན་མེད་པའི་འབྲས་བུ་གཅིག་དུ་གྱུར་པས་གཅིག་པར་བཤད་པ་དང་མི་འགལ་ཏེ། ནོར་བུ་ཡིད་བཞིན་གྱི་གླིང་དོན་གྲུབ་པ་བཞིན་ཞེས་གསུངས་མོད་ཀྱི། བདག་ནི་འདིར་གསང་སྔགས་ཀྱི་ལམ་དུ་འབྲས་བུ་བདེ་ཞིང་མྱུར་བར་ཐོབ་པའི་ཐབས་ཀྱིས་ཁྱད་པར་དུ་བྱས་ཤིང་། དམིགས་ཡུལ་མཐར་ཐུག་གི་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཐམས་ཅད་མཁྱེན་པའི་གོ་འཕང་བླ་ན་མེད་པ་དེ་ནི་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་གཉིས་ཀར་ཡང་ཁྱད་པར་ཅུང་ཟད་ཀྱང་མེད་པར་སེམས་ཏེ། རྟོགས་བྱ་དོན་གྱི་མཐར་ཐུག་བདག་མེད་གཉིས་ལས་ཟློག་ཕྱོགས་གཞན་དུ་གྲུབ་པ་ཅིའང་མེད་པའི་ཕྱིར། སྙིང་པོ་ཇི་སྐད་དུ། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྟོགས་པས་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཅེས་པ་དང་། ཡང་། ལེགས་པར་སྒྲུབ་པའི་རྒྱུད་སྟེ། དོན་ག ཅིག་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་བོས་རྐྱེན་བྱས་ནས། །སྔགས་ཀྱི་གདམས་པ་ཁྱད་པར་འགྱུར། །ཞེས་པ་དང་། ཡང་མདོ་གཞན་ལས་ཀྱང་། །ཐེག་པ་གཅིག་ཅིང་ལུགས་ཀྱང་ག ཅིག །གཙོ་བོའི་སྟན་པ་འདི་ཡང་གཅིག །གང་དུ་ཐེག་པ་གསུམ་བསྟན་པ། །ང་ནི་ཐབས་ལ་མཁས་པའི་དངོས། །ཞེས་པ་ལྟ་བུའོ། །དེའི་ཕྱིར་ཐ་དད་པར་གསུངས་པའི་ལུང་རྣམས་ནི་རྒྱུའི་ཐེག་པ་དག་རང་གི་འབྲས་བུ་ལ་ཁྱད་པར་ཅན་དུ་དམིགས་ཤིང་རློམ་པ་དག་ཞེ་དམ་དག་པའི་ཚུལ་གྱིས་འདིར་བཞུགས་པའི་དགོངས་པ་ཅན་ཡིན་པར་སེམས་སོ། །གཉིས་པ་མཚན་ཉིད་ལ་གཉིས་སྟེ། དངོས་དང་། བརྩོད་པ་སྤང་པའོ། །སེམས་ཙམ་པ་ལྟར་ཐ་དད་པ། དབུ་མ་བ་ལྟར་གཅ ིག་དུ་བྲལ་འདོད་པ་མིན་སྟེ། ཤིང་གི་མེ་དབུར་ལྟར། ཆུ་ལ་ཆུ་ཐིམ་པ་ལྟར། དང་པོ་ནི་ག ཅིག་དུ་མ་ལགས་པའི་གཟུང་ཡུལ་ལས་གྲོལ་ཞིང་མཐར་ཐམས་ཅད་དང་བྲལ་བར་མངོན་དུ་གྱུར་པའོ། །ཇི་སྐད་དུ། གཅིག་དང་དུ་མ་བྲལ་བའོ། །མཐའ་དང་དབུས་མེད་དེ་བཞིན་ཉིད། །ཅེས་སོ། །གཉིས་པ་ནི། ཕྱོགས་བཅུའི་སངས་རྒྱས་རྣམས་དགོངས་པ་གཅིག་གམ་ཐ་དད། །དང་པོ་ལྟར་ནའང་སྣང་ཕྱོགས་སུ་ག ཅིག་གམ། སྟོང་ཕྱོགས་སུ་གཅིག་གམ། །དབྱེར་མེད་དུ་གཅིག་དྲང་། དང་པོ་ལྟར་ན་སངས་རྒྱས་གཟུང་འཛིན་ཅན་དུ་ཐལ། སྣང་ལྡན་གྱི་རྫས་མ་སྤངས་པའི་ཕྱིར་རོ། །གཉིས་པ་ལྟར་ན་འགོག་འབྲས་དང་ཁྱད་མེད་དུ་ཐལ། སྟོང་པ་གཅིག་པུ་བར་གྲུབ་པའི་ཕྱིར་རོ། །གསུམ་པ་ལྟར་ན་ཡེ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་ཡང་མི་རུང་པར་ཐལ། ཐམས་ཅད་དུ་དབྱེར་མེད་པའི་ཕྱིར་རོ། །ཡང་ཐ་དད་ནའང་ཇི་སྐད་དུ། རྒྱལ་ཚབ་ལྔ་ལ་རིགས་ཡོད་དེ། ཡང་དག་རྫོགས་སངས་རྒྱས་ལ་མེད་ཅེས་སོ། །མཐར་ཐུག་གི་འབྲས་བུ་ལ་རིགས་དབྱེར་མེད་དུ་གསུངས་པ་དང་འགལ་ཞིང་། གནས་ཀྱི་མ་རིག་པ་ཡང་མ་སྤངས་པར་ཐལ་ཏེ། ཆོས་ཉིད་གཞིའི་དུས་ན་རྒྱུད་ག ཅིག་ཐ་དད་ལས་གྲོལ་བ་ལས། དེའི་དོན་མ་རིག་པ་ཐ་དད་དུ་སྣང་བའི་ཕྱིར་རོ་ཞེ་ན། དེ་སྤང་པ་ནི། སྤྱིར་སངས་རྒྱས་ཀྱི་ས་རྒྱུད་གཅིག་དང་ཐ་དད་ལས་གྲོལ་བར་གནས་ཏེ། གཅིག་མ་སྤངས་དུ་མར་སྣང་བའི་ཕྱིར་གཅིག་གི་མཐའ་ལས་གྲོལ་བ་ནི་ཆུ་སྣོད་བུམ་དུ་སྣང་བའི་ཟླ་བ་ལྟ་བུ་དང་། དུ་མ་མ་སྤངས་གཅིག་དུ་གནས་པའི་ཕྱིར་དུ་མའི་མཐའ་ལས་གྲོལ་བ་ནི་ནམ་མཁའ་དང་ཆོ་འཕྲུལ་ལྟ་བུའོ། །དེ་ལྟར་ནའང་ཁྱབ་བྱེད་གཅིག་མ་གྲུབ་པས་དེས་ཁྱད་པར་དུ་བྱས་པའི་ཁྱབ་བྱེད་དུ་མའང་ལོ་ཞེ་ན། རྟགས་མ་གྲུབ་སྟེ། གཅིག་མེད་དུ་མ་ཟེར་བ་མིན། གཅིག་མ་སྤངས་དུ་མའི་མཐའི་ལས་གྲོལ་བས་དུ་མ་མེད་ཅེས་བྱ། དུ་མ་སྤངས་གཅིག་གི་མཐའ་ལས་གྲོལ་བས་གཅིག་མེད་ཅེས་བྱ་སྟེ། དེས་ན་སྐྱོན་མཐའ་དག་ལས་གྲོལ་བའོ་གསུང་། རྣམ་གྲངས་ལ་གསུམ་སྟེ་མིང་གི་རྣམ་གྲངས་དང་། ངོ་བོ་དང་། དཔེའི་རྣམ་གྲངས་སོ། །དང་པོ་ནི། ཇི་སྐད་དུ། ལམ་རིམ་ཐུན་མོང་མིན་པའི་རྒྱལ་མིང་གྲངས། །བདེ་གཤེགས་དེ་བཞིན་གཤེགས་པ་སྟེ། །བཅོམ་ལྡན་འདས་དང་སངས་རྒྱས་དང་། །དགྱེས་ཆེན་བརྗོད་སྩོལ་བསམ་མི་ཁྱབ། །ཅེས་སོ། །ངོ་བོའི་རྣམ་གྲངས་ལ་བཞི་སྟེ། རྒྱས་པར་དབྱེ་ན་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་སྟེ་ཇི་སྐད་དུ། ཀུན་དུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། །ཞེས་པ་ལ་སོགས་པ་གསུང་ངོ། །འབྲིང་དུ་དབྱེ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རེ་རེ་ལ་ལྔ་ལྔར་ཕྱེ་བ་ཉི་ཤུ་རྩ་ལྔར་སྟེ་ཇི་སྐད་དུ། །ཉི་ཤུ་ལྔར་བསྡུས་མཐའ་ཡས་རྣམས། །ཅེས་སོ། །བསྡུས་ཏེ་དབྱེ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སྟེ། དེ་དག་གི་དོན་ནི་ཇི་སྐད་དུ་མདོ། བརྟེན་བྱེད་པས་ན་སྐུ་ཉིད་དོ། །གོ་བརྡའ་སྤྲོས་པས་ན་གསུང་ཉིད་དོ། །རིག་ཅིང་མཁྱེན་པས་ན་ཐུགས་ཉིད་དོ། །དགོས་འདོད་འབྱུང་བས་ཡོན་ཏན་ཉིད་དོ། །བྱ་བ་བྱེད་པས་ཕྲིན་ལས་ཉིད་དོ། །ཅེས་སོ། །ཤིན་ཏུ་བསྡུས་ན་བརྟེན་སྐུ་དང་བརྟེན་པའི་ཡེ་ཤེས་སོ། །དང་པོ་ནི་ལྔ་སྟེ། རང་དོན་རྟོགས་པའི་མཐར་ཕྱིན་པའི་ངོ་བོ་དབྱིངས་ཐོག་ཏུ་རིག་པའི་ཡེ་ཤེས་གྲོལ་བའི་རང་བཞིན་ཆོས་ཀྱི་སྐུ། ཆོས་ཐམས་ཅད་རིག་པའི་ངང་དུ་སྐྱོན་མེད་པར་ཆུབ་པར་རྟོགས་པ་མངོན་བྱང་གི་སྐུ། བརྟེན་ལུས་ཉིད་ཟག་མེད་དུ་གྱུར་པའི་རྒྱུ་འབྲས་འོད་ཀྱི་མཚན་དཔེ་དང་ལྡན་པའི་ལས་དག་པའི་ལས་ཅན་ལ་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ། མ་དག་པའི་ངོ་ལ་ཆ་ལུགས་དང་མཛད་པ་དུ་མར་སྣང་ནི་བྱེད་པ་དང་ལྡན་པ་སྤྲུལ་པའི་སྐུ། དེ་དག་ཀྱང་ཐ་མི་དད་དེ་སྣང་སྟོང་དབྱེར་མེད་དུ་གྱུར་པ་ནི་རྡོ་རྗེའི་སྐུ་ཞེས་བྱའོ། །བརྟེན་པའི་ཡེ་ཤེས་དེ་ལ་དབྱེ་བའི་དོན་དངོས། རྩོད་སྤོངས་སོ། །དང་པོ་ནི་ལྔ་སྟེ། ཀུན་གཞི་ས་བོན་གྱི་ཆའི་གནས་འགྱུར། ཅིང་ཡང་མི་དམིགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེ་ཉིད་རྣམ་སྨིན་ཤེས་དཔྱད་གྱིས་ཆའི་གནས་འགྱུར་སྣང་ལ་མི་རྟོག་པ་མེ་ལོང་ལྟ་བུའི་ཡེ་ཤེས། ཉོན་མོངས་ཡིད་གནས་འགྱུར་བཟང་ངན་བླང་དོར་མེད་པ་མཉམ་ཉིད་ཀྱི་ཡེ་ཤེས། ཡིད་གནས་འགྱུར་ཤེས་བྱའི་ཡུལ་དུས་གསུམ་གྱི་ཆོས་ཐམས་ཅད་གསལ་ལ་མ་འདྲེས་པ་རྨའི་པདྨའི་དཔྱད་འདབ་མ་ལྟར་རྟོགས་པ་སོ་སོར་རྟོགས་པའི་ཡེ་ཤེས་དེས་བདག་གཞན་གྱི་དོན་འབད་པ་མེད་པར་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སྒོ་ལྔ་གནས་འགྱུར། དེ་དག་ངེས་འབྱེད་ཀྱི་ལུང་ནི་ཧ་ཅང་མངས་ཀྱིས་དོགས་ནས་འདིར་མ་སྤྲོས་ཀྱི་གནས་གཞན་དུ་བཙལ་བར་བྱའོ། །གཉིས་ལས་དང་པོ་ནི། རྩོད་སྤང་ནི། མདོ་ལས་མཁྱེན་པའི་ཡེ་ཤེས་ཀྱི་སྐད་ཅིག་ལ་མ་འོངས་པ་དང་འདས་པའི་ཆོས་སྣང་ངམ་མི་སྣང་། མི་སྣང་ན། མཁྱེན་པའི་ཡེ་ཤེས་གཅིག་ཉིད་ཀྱིས། ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པ་འགལ་ཏེ། དུས་གསུམ་མཁྱེན་པར་མི་འགྱུར་རོ། །སྣང་ནའང་འགགས་པ་དང་མ་སྐྱེས་པའི་མེད་ཆོས་མངོན་གསུམ་དུ་མཁྱེན་པའི་ཕྱིར་གཟུང་དོན་ལ་འཁྲུལ་པའི་ལོག་ཤེས་སུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། འདས་པ་བྱུང་ཟིན་དུ། མ་འོངས་པ་བྱུང་རུང་དུ། ད་ལྟ་བ་སྐྱེས་ལ་མ་འགགས་པར་མཁྱེན་པས་ཉེས་པ་མེད་དོ་ཅེས་གསུངས་པ་ནི་མཁས་པའི་བླ་མ་གཞན་གྱི་མན་ངག་དེའོ་གོ །ཡང་ཐམས་ཅད་གཉིས་པ། མཁྱེན་པའི་སངས་རྒྱས་ཀྱིས་ལམ་མ་སྦྱང་བའི་རྒྱུད་དག་མཁྱེན་ནམ་མི་མཁྱེན། གཉིས་པ་ལྟར་ན་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་མཛད་པར་རིགས་ལ། དང་པོ་ལྟར་ན་ཀུན་མཁྱེན་ཉམས་སོ་ཞེ་ན། དང་པོ་ལྟར་གྱི་ལན་ནི། མཁྱེན་པར་འོས་པའི་སྲིད་པ་མ་ལུས་པར་མཁྱེན་ཞེས་བྱའོ། །འོ་ན་ཆོས་མ་བྱས་པར་གྲོལ་བར་མཁྱེན་ནམ་མི་མཁྱེན་ཅེ་ན། མི་མཁྱེན་ནོ། །ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ་ཞེ་ན། ཆོས་མ་བྱས་པར་གྲོལ་བ་ནི་འོས་ཤིང་སྲིད་པ་མ་ཡིན་ཏེ། འོས་ཤིང་སྲིད་པ་དག་མཁྱེན་པ་མ་ཡིན་པར་མི་འགྱུར་ན་ཅི་སྟོ་སྟེ་ཁྱབ་པ་མ་གྲུབ་བོ། །མགོ་སྦྲེ་ནི། དེ་ཙམ་དུ་ལྷའི་བཟོ་བོ་བྱི་ཤྭ་ཀརྨ་དེས་འཇིག་རྟེན་གྱི་བཟོ་གནས་མ་ལུས་པར་མཁྱེན་པ་ཡིན་ནམ། ཡིན་ན་རྐྱེན་གྱིས་མ་བཅོལ་བའི་བཟོ་ཤེས་སམ་མི་ཤེས། དང་པོ་ལྟར་ན་རྒྱུ་འཚོགས་པ་ཙམ་གྱིས་སོ། །བདག་གི་འདོད་བྱ་གྲུབ་པར་ཐལ། རྐྱེན་ལ་ལྟོས་མེད་དུ་ཤེས་པའི་ཕྱིར་རོ། །མི་ཤེས་ན་བཟོ་གནས་མ་ལུས་པར་ཤེས་པ་མ་ཡིན་པར་ཐལ། ཞེས་བྱའོ། །ཁོ་ན་རེ་རྐྱེན་དང་མ་འཚོགས་པར་བཟོ་ག་ལ་འོང་། རྒྱུ་རྐྱེན་འཚོགས་པའི་བཟོ་མ་ལུས་པར་མཁྱེན་པ་ཉིད་དོ་ཞེ་ན། འདིར་ཀྱང་ཆོས་ཡེ་ནས་མ་བྱས་པར་ག་ན་མཁྱེན། ཆོས་བྱས་ན་དབང་པོ་རྣོ་བརྟུལ་གྱི་རིམ་པ་དང་བསྟུན་ནས་དུས་ཉེ་བ་དང་རིང་པར་གྲོལ་བ་ཅི་རིགས་སུ་མཁྱེན་པ་ཉིད་དོ་ཅེས་བྱའོ་གསུངས། གཞན་དོན་མཛད་པའི་འབྲས་བུ་ལ་གསུམ། གདུལ་བྱ་ལ་ཐུགས་རྗེས་གཟིགས་པའི་ཚུལ་དང་། གཟིགས་ནས་ཐུགས་རྗེ་སྐྱེས་པའི་ཚུལ་དང་སྐྱེས་ནས་དོན་མཛད་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ཡེ་ཤེས་རྒྱུན་ཆད་ནས་མི་གཟིགས་པར་ཐལ་འགྱུར་པ་འདོད་པའི་ལུགས་དང་། རྒྱུན་མ་རང་རྒྱུད་ཆད་ཅིང་གཟིགས་པར་འདོད་པའི་ལུགས། །ཅིག་ཆར་གྱི་མཐའ་དང་བྲལ་བས་ལས་ཡུལ་མེད་རང་གསལ་དུ་གཟིགས་པར་འདོད་པའི་ལུགས་སོ། །དང་པོ་ལ་གཉིས་ཏེ། འདོད་པ་དགོད་པ་དང་། མི་འདོད་པར་སུན་དབྱུང་པའོ། །དང་པོ་ནི། སྤྱིར་སངས་རྒྱས་ལ་གཉིས་ཏེ། བརྟགས་པ་དང་། མཚན་ཉིད་པའོ། །འདིར་མཚན་ཉིད་པ་ནི་ཆོས་ཀྱི་སྐུ་སྟེ། དཔེར་ན་བསྲེགས་བྱ་བུད་ཤིང་ཟད་པའི་ཚེ་བསྲེ་བྱེད་མེའི་རྒྱུན་ཡང་མི་གནས་པ་བཞིན་དུ། སྒྲིབ་པ་ཕྲ་རགས་ཐམས་ཅད་སྤངས་པའི་ཤུལ་དུ་སྤོང་བྱེད་གཉེན་པོའི་ཡེ་ཤེས་ཀྱང་ཆོས་ཀྱི་དབྱིངས་སུ་ཞི་སྟེ་བརྟེན་དང་བརྟེན་པའི་ཡེ་ཤེས་ཀྱང་རྒྱུན་ཆད་པའི་ཕྱིར་གཟིགས་བྱ་གཟིགས་བྱེད་མེད་ལ། བརྟགས་པ་གཟུགས་ཀྱི་སྐུ་ནི། སྔོན་དུ་བསོད་ནམས་ཀྱི་ཚོགས་མི་འགག་པའི་འབྲས་བུའམ་རྨི་ལམ་གྱི་འཕེན་པ་ཙམ་གྱིས་གདུལ་བྱ་ལ་སྣང་པ་ཙམ་སྟེ། ཇི་སྐད་དུ། སངས་རྒྱས་དངོས་ནི་ཆོས་ཀྱི་སྐུ་ལ་བྱ། །དེ་ལ་མི་རྟོག་མངའ་ཡང་སྨོན་ལམ་མཐུས། །གཟུགས་སྐུ་རྣམ་གཉིས་གདུལ་བྱའི་ཞིང་ཁམས་ཁྱབ། །ཅེས་གསུངས་པའི་ཕྱིར་ཞེས་ཟེར་ཏོ། །དེ་དགག་པ་ནི། ཅི་ཡེ་ཤེས་དེ་ཉིད་རང་ལོག་ནས་རྒྱུན་ཆད་དམ། གཉེན་པོ་གཞན་ཞིག་གིས་རྒྱུན་ཆད་དྲང་། དང་པོ་ལྟར་ཡང་མི་འཐད་དེ་སྒྲིབ་པ་སྤངས་པའི་རིག་ཙམ་གྱི་རྫས་ཡང་མཐའ་ཐུག་མེད་དུ་ཡོད་པའི་ཕྱིར་རོ། །གལ་ཏེ་སངས་རྒྱས་ཀྱི་ས་ན་རིག་ཙམ་ཡང་མེད་དོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། དེ་ལྟར་ན་ཁྱེད་ཀྱིས་སངས་རྒྱས་དེ་བེམས་པོ་ཡིན་པར་ཐལ་ཞེས་བྱའོ། །གཉིས་པ་ལྟར་ན་ཡང་མ་ཡིན་ཏེ། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་གཉེན་པོར་གྱུར་པའི་ཆོས་གཞན་མི་སྲིད་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་ན་ཡང་གཉེན་པོ་ཐུག་མེད་དུ་འགྱུར་རོ། །དེ་ལྟ་བུའི་གྲུབ་མཐའ་ངན་པ་དེས་ནི་སངས་རྒྱས་ཀྱི་ཡོན་ཏན་ལ་བཀུར་པ་ཞེས་བཏབ་ཅིང་ལམ་གྱི་འབད་པའང་དོན་མེད་དུ་འགྱུར་རོ། ལུང་ལས་སྡུད་པ་ཀྱང་། ཇི་སྐད་དུ། ཡེ་ཤེས་མེད་ན་བྱང་ཆུབ་འཕེལ་མེད་འགྲིབ་པ་མེད་རྒྱལ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར་ཅེས་པ་དང་། ཡང་ཡེ་ཤེས་དེ་ནི་དེ་བཞིན་གཤེགས། བསྒྲུབ་བྱའི་ཆོས་དང་དེ་ལྡན་ཕྱིར། ཅེས་པ་དང་། ཡང་། འཇམ་དཔལ་སྒྱུ་དྲྭ། ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །ཡེ་ཤེས་ལྡན་པས་ཡོད་མེད་ཤེས། །ཞེས་པ་དང་། གཞན་ཡང་། གསང་འདུས་། དེ་བཞིན་གཤེགས་པ་རྣམས་ཀྱི་དོན་གྱི་དབང་དེ་ལྟ་བུ་མཁྱེན་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་མཛད་དོ། །ཅེས་པ་ལ་སོགས་པའི་ལུང་དུ་མ་བཞུགས་སོ། །གཉིས་པ་རྒྱུན་བཅས་པ་ལའང་གཉིས། འདོད་ན་དགོད་པ་དང་། དེ་སུན་དབྱུང་པའོ། །དང་པོ་ནི། སངས་རྒྱས་ཀྱིས་ནི་རྡོ་རྗེ་ལྟ་བུ་ཏིང་ངེ་སྒྲིབ་པ་སྤངས་པའི་ལག་རྗེས་སུ་ཡེ་ཤེས་རྒྱུན་དང་བཅས་པ་ཡོད་དེ། དེ་ལས་ཀྱང་ཀུན་རྫོབ་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དང་ཡུལ་ཅན་དུ་གཟིགས་ཏེ། སྔར་རྒྱུན་ཆད་བཀག་པའི་ལུང་གིས་གྲུབ་པོ་ཞེས་ཟེར་ཏོ། །འདིའང་རིག་པ་མ་ཡིན་ཏེ། སངས་རྒྱས་ཀྱིས་ས་ཡི་ཡེ་ཤེས་དེ་ཉིད་ཆོས་ཅན། འཁྲུལ་པར་ཐལ། ཀུན་རྫོབ་ཡུལ་དུ་བྱེད་པའི་ཕྱིར། །སོ་སོར་སྐྱེ་བོ་བཞིན་ནོ། །དེའི་ལན་དུ་མཁས་པ་ཁ་ཅིག་སྣང་ཙམ་ཡུལ་དུ་བྱེད་ཀྱང་ཡུལ་དུ་མི་འཛིན་པས་འཁྲུལ་པར་མི་འགྱུར་ན་ཅི་སྟོ་སྟེ་ཁྱབ་པ་མ་གྲུབ་ཅེས་ཟེ་བའང་མི་རིགས་ཏེ། དེ་ལྟར་ན་སངས་རྒྱས་ཀྱི་ཡེ་ཤེས་དེ་སྤང་པ་ཕྱོགས་གཅིག་པར་ཐལ་སྟེ། ཞེན་ཡུལ་ལ་འཁྲུལ་པའི་ལོག་ཤེས་སྤང་ཀྱང་། སྣང་ཡུལ་ལ་འཁྲུལ་པའི་ལོག་ཤེས་མ་སྤངས་པའི་ཕྱིར་རོ། །ཇི་སྐད་དུ་ལུང་མདོ་ལས་ཀྱང་། ཡང་དག་སངས་རྒྱས་ཆོས་ཀྱི་སྐུ། །འདྲེས་པ་མེད་ཅིང་སྣང་བ་མེད། །ཅེས་པ་དང་། ཡང་ཡེ་ཤེས་དམ་པ་བདག་མེད་པས། །སྣང་བ་མེད་པས་མ་གཟིགས་སོ། །ཞེས་པ་དང་། གཞན་ཡང་། དཔེར་ན་མི་ཤི་དེ་ཡིས་འགྲོ་རྒྱུ་མེད་པ་བཞིན། རྒྱུ་དེས་དེ་ནི་མྱ་ངན་འདས་ཞེས་རབ་དུ་བརྗོད། ཅེས་པ་ལ་སོགས་པས་ལུང་དུ་མ་བཞུགས་པས་སོ། །རང་ལུགས་ནི་ཡེ་ཤེས་རྒྱུན་ཆད་མ་ཆད་ཀྱི་སྒྲོ་བསྐུར་དང་བྲལ་བའི་ངོ་བོ་ཉིད་ཀྱིས་ཚུལ་གྱིས་སྣང་སྟོང་དབྱེར་མེད་དུ་གཟིགས་ཏེ། ཇི་སྐད་དུ། སྙིང་པོ་སྟོང་ཉིད་གཅིག་མེད་ཡེ་མཁྱེན་རང་རིགས་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་པ་རང་དབང་སྒྱུར། །ཞེས་སོ། །དེ་ཉིད་ལ་བརྩད་པ་སྤང་བ་ནི། དེ་ལྟར་ནའང་སངས་རྒྱས་ཀྱི་ཐུགས་རྗེས་ཡུལ་དུ་བྱས་ནས་གཟིགས་སམ། མ་བྱས་པར་གཟིགས་སམ། དབྱེར་མེད་དུ་གཟིགས། དང་པོ་ལྟར་ན་སངས་རྒྱས་གཟུང་འཛིན་ཅན་དུ་ཐལ། ཡུལ་དང་ཡུལ་ཅན་དབྱུང་བའི་ཕྱིར་རོ། །འདོད་ན་རྒྱུད་དག་མ་ཡིན་པར་ཐལ། གཟུང་འཛིན་ཡོད་པའི་ཕྱིར། སེམས་བཞིན་ནོ། །ཡང་ཡུལ་དུ་མ་བྱས་པར་གཟིགས་ན་མིག་གིས་ཀྱང་སྒྲ་ཐོས་པ་ཐལ། ཡུལ་དུ་མ་བྱས་ཀྱང་གཟིགས་པའི་ཕྱིར། འདོད་ན་གསལ་ལོ། །ཡང་སངས་རྒྱས་ཉིད་འཁྲུལ་བར་ཐལ། །མེད་པ་གཟིགས་པའི་ཕྱིར་ནམ་མཁའ་ལ་སྐྲ་ཤད་འཛིངས་སྣང་བཞིན་ནོ། །དབྱེར་མེད་དུ་གཟིགས་པའང་མི་འཐད་དེ། གཟིགས་བྱ་གཟིགས་བྱེད་དུ་འགལ་ལོ་ཞེ་ན། ལན་འདོད་པ་ཐ་དད་དེ། སྔོན་གྱི་མཁས་པ་ཁ་ཅིག་ན་འདའ་རག་ན་རེ། ཡུལ་དུ་བྱས་ཤིང་སྒྲོས་མི་འདོར་ཤིང་མ་བྱས་ཞེས་སྐུར་བ་མི་འདེབས་ཏེ། ཡུལ་དང་ཡུལ་ཅན་དབྱེར་མེད་དུ་གཟིགས་གསུང་། དབྱེར་མེད་ལ་གཟིགས་བྱ་གཟིགས་བྱེད་འཐད་དེ་བྱས་པ་ལ། གཟིགས་བྱ་གཟིགས་བྱེད་ཐ་དད་དུ། བསྒྲུབ་པར་མི་འདོད་དེ། དབྱེར་མེད་དུ་ལྷངས་ཀྱིས་རྟོགས་པ་དེ་ཁོ་ན་ཐུགས་རྗེ་ཆེན་པོ་སྐྱེས་པ་ཡིན་ཏེ། ཕན་པ་ཀུན་གྱི་གཞིར་གྱུར་པའི་ཕྱིར། ཇི་སྐད་དུ། སངས་རྒྱས་སེམས་ཅན་གཉིས་མེད་གཅིག་རྟོགས་ན། ཐུགས་རྗེ་སྐྱེ་ཞེས་དེ་ལ་བྱ། །ཞེས་སོ། །འོ་ན་ཐུགས་རྗེ་དང་ཡེ་ཤེས་ཁྱད་ཅི་ཡོད་ཞེ་ན། དབྱེར་མེད་དུ་ལྷག་གིས་རྟོགས་པ་ནི་ཡེ་ཤེས་ཡིན་ལ། དེ་དེ་གཉིས་ཀ་ཉིད་ཕན་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་དངོས་ནས་ཐུགས་རྗེའོ་གསུང་ལོ། །ཡང་ཁ་ཅིག་ན་ཟུར་འཁར། རེ་ཐུགས་རྗེའི་ངོ་བོ་ལ་སྐྱེ་བྱ་སྐྱེ་བྱེད་མེད་ཀྱང་གདུལ་བྱའི་ངོས་ལ་སྣང་བ་མི་འགལ་ཏེ། བཞིན་དང་མེ་ལོང་བཞིན་ནོ་སྐད། ལྷ་རྗེ་ཆེན་ཉ་རི་པོ་ནི། སྐད་ཡངས་པར་འཁྱེར་བ་དང་། དོག་པར་འཁྱེར་བ་གཉིས་ཡིན་གསུངས། དང་པོ་ནི་ཡུལ་དུ་བྱས་ནས་ཀྱང་གཟིགས། མ་བྱས་པར་ཡང་གཟིགས། དབྱེར་མེད་དུ་ཡང་གཟིགས་ཅེས་བྱའོ། །དང་པོ་ལྟར་ན་སངས་རྒྱས་གཟུང་འཛིན་ཅན་དུ་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ་ཡུལ་དུ་བྱས་ལ་རིས་མེད་པའི་ཕྱིར་རོ། །ཇི་སྐད་དུ། མདོ་མགོན་མེད་པ་ཡི་འཇིག་རྟེན་རྣམས། །མཁྱེན་ཏེ་ཐུགས་རྗེས་གདུང་པ་ནི། ཞེས་སོ། །སྐད་དོག་པར་འཁྱེར་མངའ་སླས་བ་ནི། གོང་དང་མཐུན་གསུང་། གཟིགས་ཡུལ་ནི་དོན་དམ་མཁྱེན་པའི་ཡེ་ཤེས་ཀྱི་ཇི་ལྟ་བ་རང་བཞིན་མེད་པར་ནམ་མཁའ་ལྟར་གཟིགས། ཀུན་རྫོབ་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཅན་ཇི་སྙེད་པ་མ་འདྲེས་པ་པདྨའི་འདབ་མ་ལྟར་གཟིགས། ཡོངས་རྫོགས་མཁྱེན་པའི་ཡེ་ཤེས་ཀྱིས་སྣང་སྟོང་དབྱེར་མེད་པ་ཆུ་ཟླ་ལྟར་གཟིགས་སོ། །ཡང་སེམས་ཅན་གྱི་སྡུག་བསྔལ་ཉམས་སུ་མྱོང་ནས་གཟིགས་སམ། མ་མྱོང་པར་གཟིགས། གཉིས་པ་ལྟར་ན་མིག་གིས་ཀྱང་སྒྲ་ཤེས་པར་ཐལ། དང་པོ་ལྟར་ན་སངས་རྒྱས་དང་སེམས་ཅན་ཁྱད་མེད་དུ་འགྱུར་རོ། །ཞེ་ན་ལན་ནི་ཁ་ཅིག་སླས་ན་རེ། མིང་ཡང་མི་འཛིན་པའི་ཚུལ་དུ་གཟིགས་ཏེ། དེས་ན་ཉམས་སུ་མྱོང་པ་ཀུན་མཁྱེན་མ་ཡིན་པར་གསལ། མི་འཛིན་པས་ཁྱད་མེད་དུ་འགྱུར་པ་གསལ་གསུང་ལོ། །བདག་གི་བླ་མ་ནི། ཉམས་སུ་མྱོང་པ་མི་རྟོགས་པའི་ཚུལ་དུ་གཟིགས་ཏེ། དཔེར་ན་མངོན་ཤེས་དང་ལྡན་པ་གཅིག་གི་དྲུང་དུ་སྐྱེས་བུ་ཞིག་གཉིད་ཀྱི་འཁྲུལ་པས་སྡུག་བསྔལ་བ་མངོན་ཤེས་ཀྱི་ཡུལ་དུ་མྱོང་ཡང་བདེན་ཞེན་མེད་པ་ལྟ་བུའོ། །གསུངས་ཏེ། ཇི་སྐད་དུ། མ་འདྲེས་ཡོངས་རྫོགས་རྣམ་ཀུན་མཁྱེན། །མ་གྲུབ་བློ་ལ་རྟགས་གྲུབ་གཟིགས། དཔེར་ན་བུས་བུ་ཆུང་ལྟ་བུའི་མིང་དཔྱད་པས་ཁྲོམ་མཐོང་བཞིན། །བུས་པ་རང་གི་རྟགས་བསྲེག་བཞིན། །ཞེས་སོ། །མགོ་བསྒྲེ་ཡང་བྱར་རུང་སྟེ། སྐྱེས་བུ་ཞིག་ལ་རྨི་ལམ་དུ་མཛེ་བྱུང་བ་མངོན་ཤེས་ཅན་གྱིས་མངོན་ཤེས་ཀྱི་ཡུལ་དུ་ཤེས་སམ་མི་ཤེས་ཅེས་བྱ། ཤེས་ན་དམྱལ་བའི་སྡུག་བསྔལ་ཡང་ཐམས་ཅད་མཁྱེན་པས་ཤེས་སོ། །ཉམས་སུ་མྱོང་ཞེ་ན་ཁྱེད་ཀྱི་ཡང་མཚུངས་སོ། །མྱོང་ན་ཁྱེད་མེད་དུ་ཐལ་ཞིང་། མ་མྱོང་ན་ཐམས་ཅད་མཁྱེན་པ་བུད་ཅེ་ན། དེར་ཡང་མྱོང་ན་ཁྱད་མེད་དུ་ཐལ་ཞིང་། །མ་མྱོང་ན་མངོན་ཤེས་བུད་དོ། །དེས་མི་མཚུངས་ཏེ་དངོས་པོ་ལ་མཛེ་མེད་པའི་ཕྱིར་རོ། །ཅེ་ན། མཚུངས་ཏེ་ཡང་དག་པར་སྡུག་བསྔལ་མེད་པའི་ཕྱིར་རོ། །ལམ་དོན་མེད་དུ་ཐལ་ཞེ་ན་གཉིད་སད་པ་དོན་མེད་དུ་ཐལ་ཞེས་བྱ་སྟེ། ཚངས་པས་ཀྱང་དགག་མི་སྤྱོད་དོ། །གཉིས་པ་གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ་ནི། ཇི་སྐད་དུ། རིམ་གསུམ། རྟག་རྒྱུན་རང་བཞིན་ཤུགས་གསོལ་དང་། །ཡུལ་དང་ཕྲད་པས་འབྱུང་པར་སྣང་། །ཞེས་པའི་དོན་གྱིས་བཞི་སྟེ། རྟག་པ་རྒྱུན་དུ་ཐུགས་རྗེ་སྐྱེ་བ་ནི་ཆུའི་རྒྱུན་ལྟ་བུའོ། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་སྐྱེ་བ་ནི་ཉི་མ་དང་ཟེར་ལྟ་བུའོ། །ཡུལ་དང་ཕྲད་པས་ཐུགས་རྗེ་སྐྱེ་བ་ནི་མཛངས་བུ་མེད་པ་སྤྱོད་ལོག་བྱེད་པ་མཐོང་བ་ལྟ་བུའོ། །གསུམ་པ་སྐྱེས་ནས་འགྲོ་དོན་མཛད་ཚུལ་ལ་གསུམ་སྟེ། རྟེན་ཅན་བྲམ་ཟེ་མཆོད་སྡོང་གྲུབ་པ་ལྟ་བུ། གྱི་དོན་བྱེད་པར་འདོད་པ་དང་། རྟེན་མེད་དྲང་སྲོང་སྨོད་པ་གྲུབ་པ་ལྟ་བུ། གྱི་དོན་བྱེད་པར་འདོད་པ་དང་། ངོ་བོ་ཉིད་ཀྱི་དོན་བྱེད་པར་ནམ་མཁའ་ལྟ་བུ། འདོད་པའོ། །དང་པོ་ནི། རྒྱ་གར་གྱི་རུ་སེང་གེ་བཟང་པོ་བོད་ཀྱི་འབྲི་མཚམས་ཆོས་ཀྱི་ཞང་ཤེས་རབ་བླ་མའི་འདོད། ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུ་ལ་བརྟེན་ནས་ལོངས་སྐུ་སྤྲིན་ལྟ་བུ་འབྱུང་། དེ་ལ་བརྟེན་ནས་སྤྲུལ་སྐུ་ཆར་གྱི་རྒྱུན་ལྟ་བུ་བྱུང་ནས། འགྲོ་བ་ལོ་ཏོག་ལྟ་བུ་སྨིན་པར་མཛད་པ་ཡིན་ཏེ། སངས་རྒྱས་ཀྱི་སྐུ་མཚན་གྱི་མེ་ཏོག་ལ་དཔེ་བྱད་བཟང་པོའི་འབྲས་བུ་སྤྲས་པ་དང་། ཞིང་ཁམས་དང་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། ལྷ་དང་ལྷ་མོ་རོལ་ཞིང་སྤྱོད་པ་ཡང་ཡོད་པས་དོན་བྱེད་ཟེར་རོ། །ཇི་སྐད་དུ། ཐུག་པོ་བཀོད་པའི་རྒྱལ་བ་ཡང་། །བདེ་གཤེགས་སྙིང་པོ་བཞུགས་པས་ན། །དེ་ཡིས་འགྲོ་བ་མི་སྨིན་ཕྱིར། །གཟུགས་སྐུར་བསྟན་ནས་ཚོགས་ལམ་བརྗོད། །ཅེས་གསུང་ཞེས་སོ། རྟེན་མེད་ཀྱི་དོན་མཛད་པ་ནི། ཆོས་ཀྱི་སྐུ་ལ་གཉེན་པོ་སངས་རྒྱས་ཀྱི་ཡེ་ཤེས་རྟེན་དང་རྟེན་པའི་རྒྱུན་དང་བཅས་པ་མེད་སྟེ། དཔེར་ན་བསྲེག་བྱ་ཤིང་ཟད་པས་བསྲེག་བྱེད་མེའང་ཟད་པ་བཞིན་ནོ། །གཟུགས་སྐུ་གཉིས་ལ་སོགས་པ་གདུལ་བྱའི་ངོ་བོ་ལ་སྣང་པ་ཙམ་ཡིན་གྱིས། སངས་རྒྱས་དངོས་ནི་མ་ཡིན་ཏེ། ཇི་སྐད་དུ། །སངས་རྒྱས་དངོས་ནི་ཆོས་ཀྱི་སྐུ་ལ་བྱ། །དེ་ལ་རྟོག་མི་མངའ་ཡང་སྨོན་ལམ་མཐུས། གཟུགས་སྐུ་རྣམ་གཉིས་གདུལ་བྱའི་ཞིང་ཁམས་ཁྱབ་ཅེས་པ་དང་། ཡང་། སྲིད་པ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གཞི་དང་བརྟེན་ཅི་ཡང་མེད་པ་ལས་སྣང་བ་ཉིད་དོ། །ཅེས་སོ། །ངོ་བོ་རྒྱ་གར་གྱི་རུ་བུ་ཏ་གྷུ་ཡ། བོད་ཀྱི་ཟུར་མེ་ཉག་བཞེད་པས། ཉིད་ཀྱི་དོན་མཛད་པ་ནི། གོང་ལྟར་བརྟེན་ཅན་གྱི་དོན་བྱེད་ཅེས་སྒྲོས་མི་དོགས། རྟེན་མེད་ཀྱི་དོན་བྱེད་ཅེས་སྐུར་པ་མི་འདེབས་ཏེ། སངས་རྒྱས་ཀྱི་ས་ནི་རྟེན་ཅན་དང་བརྟེན་མེད་ཆ་གཉིས་མི་ཞུགས་པའི་ཕྱིར། གསང་སྔགས་ངོ་བོ་ཉིད་ཀྱིས་དོན་མཛད་པ་ཡིན་ཏེ། ཇི་ལྟར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཡིན་ལ། སེམས་ཉིད་གསང་སྔགས་ཀྱི་ངོ་བོ་ཡེ་ནས་གནས་ཤིང་། རྟོགས་པ་དང་ལྡན་པའི་བློ་ལ་སྣང་བ་དེ་ཉིད་ཀྱིས་དབྱེར་མེད་ཀྱི་དོན་དམ་གསལ་བར་བྱེད་པར་འདོད་དེ། ཇི་སྐད་དུ། ལམ་རིམ་རྟོགས་དང་ལྡན་པའི་བློ་རྣམས་ལ། །དངོས་པོ་སྣ་ཚོགས་སེམས་གསང་སྔགས། །ངེས་ལུང་ཡིན་ཕྱིར་ཆོས་ཚུལ་སྟོན། །ཞེས་གསུངས་སོ། །བདེ་གཤེགས་ཁྲོ་ཕུག་པ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཡིན་ལ། སེམས་ཉིད་ལ་ཡོད་མེད་རྟག་ཆད། བྱ་རྩོལ་ལ་སོགས་པ་རང་གཞན་གྱིས་རྣམ་པར་དག་པའི་རང་བྱུང་གི་ཡེ་ཤེས་ཡིན་ཏེ། དེ་ལྟ་བུའི་སེམས་ཉིད་དེ་ཐམས་ཅད་དུ་མ་འགགས་པར་སྣང་ནས། དེས་གདུལ་བྱ་དང་ཇི་ལྟར་མཐུན་པ་བཞིན་དུ། དོན་བྱེད་པས་ན། ཆོས་ཐམས་ཅད་རང་བྱུང་གི་སེམས་ཆེན་པོར་འདུས་ལ། དེ་ཉིད་ཐམས་ཅད་དུ་སྣང་ཞིང་དོན་བྱེད་པས་ན་ངོ་བོ་ཉིད་ཀྱི་དོན་བྱེད་པ་ཅེས་དེ་ལ་བཞེད་ཏེ། ཇི་སྐད་དུ། གཉིས་མེད་ཐུགས་རྗེ་ཆེན་པོ་ནི། །མཛད་པ་ཅིང་ཡང་མི་འགོགས་སྟེ། །ཞེས་པ་དང་། ཡང་སྟོང་ཉིད་ནམ་མཁའི་རང་བཞིན་ལ། སྤྲུལ་པ་བྱེ་བ་ཅིར་ཡང་སྣང་། །ཞེས་པ་དང་། གཞན་ཡང་། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་དོན་རྣམས་བསམ་མི་ཁྱབ། །ཅེས་སོ། །དེ་རྣམས་ཀྱིས་ཤེས་བྱ་འབྲས་བུའི་དོན་བཤད་ཟིན་ཏོ། །གསང་དོན་བདུད་རྩིའི་རོལ་མཚོ་བདེན་པའི་ཆུ་རྒྱུན་དྲི་མེད་རོ་ལྡན་པ། །བདག་བློ་གུས་པའི་སྙིམ་པས་ཡོངས་བླངས་བློའི་པདྨོ་ཚིམ་བྱས་ཤིང་། རིགས་ལམ་གེ་སར་འདབ་མ་རྣམ་རྒྱལ་དེ་གང་འགྲོ་བའི་གསོས་གྱུར་ཕྱིར། །སྔོན་ཕྱོགས་མཁས་རིག་དབུས་འདིར་རིགས་འཕགས་དྲི་བསུང་མཚུངས་མེད་ཡིན། །ཡང་དག་ཀུན་ཁྱབ་འོད་ཟེར་བྱེ་བ་ཡིས། །མ་རྟོག་ལོག་རྟོག་ཐེ་ཚོམ་ཚང་ཚིང་དག །ངེས་པར་བསལ་ནས་འཕགས་ལམ་སྣང་བྱེད་པ། །བདེན་པའི་ངག་འདི་སྤྱི་བོས་བསླང་པར་རིགས། །ཕྱི་མའི་དུས་ནའང་བློ་གསལ་སྐྱེ་བོ་དག །ང་ཡི་རིགས་ལམ་མེ་ཏོག་འཕྲེང་འདི་ལ། །འཐད་དང་མི་འཐད་འགལ་འབྲེལ་སྤྱད་ནའང་། །འཇུག་ཡུལ་ངེས་པའི་དགའ་བ་མཆོག་དུ་སྐྱེ། །རིགས་ལྡན་བཟང་པོའི་རྗེས་སྐྱེས་གཞོན་ནུ་དག །རིགས་ནོར་ལང་ཚོའི་གྲགས་པས་མ་འཕྲོགས་པར། །དུས་རིང་ཐོས་བསམ་བློ་གྲོས་སྦྱོངས་ཤིག་དང་། །འཛམ་བུའི་རྒྱལ་མཚན་རྩེ་མོར་མངོན་པར་འགྱུར། །དེ་སང་རྒྱལ་པོའི་བཅའ་ཁྲིམས་ཉམས་འགྱུར་ཞིང་། །ལུང་རིགས་འདོར་བ་སྐྱེ་བོའི་ཚོགས་མང་གིས། །ཅི་བདེར་སྤྱོད་ལ་རང་དགར་བྱེད་རྣམས་ཀྱི། །གསལ་བྱེད་བདུན་པའི་ཡིད་འཕྲོག་མ་གྱུར་ཅིག །བདག་ཀྱང་དེང་ནས་ཚེ་རབས་ཀུན་ཏུ་ཡང་། །ལུང་རིགས་འབྲེལ་དོན་བདུན་པས་མདའ་བཀང་སྟེ། འཕགས་བདེན་ངེས་པའི་དོན་ལ་རེག་བྱེད་ཅིང་། །བཤད་རྩོམ་རྩོད་པོའི་སྒྱུ་རྩལ་འཕེལ་གྱུར་ཅིག །གལ་ཏེ་རྒྱལ་བའི་གསུངས་ལ་བདག་བློ་ཡིས། །མ་ངེས་མ་གྲུབ་ལོག་པར་དྲངས་བའི་སྐྱོན། །སྐྱེ་བོའི་རྒྱུད་ལ་སྲིད་མཐའ་མི་ཁེགས་ཕྱིར། །ཆོས་ཀྱི་རྗེ་བཙུན་བླ་མ་ཉིད་ལ་བཤགས། །འབད་པ་ལས་ཐོབ་བསོད་ནམས་འབྲས་བུ་གང་། །རྗེས་འཇུག་ཤེས་རབ་དབང་པོ་རྒྱལ་གྱུར་ཅིག །མི་ཤེས་ལོག་སྡེའི་ཚོགས་ཀུན་ཕམ་བྱས་ཏེ། །བསྟན་པ་ཡང་དག་ཡུན་རིང་གནས་གྱུར་ཅིག །རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བའི་དོན་བསྡུས་པའི་མན་ངག་མཁས་པ་ཆེན་པོ་པྲཛྙཱ་པྲ་བའི་ཞབས་ཀྱི་རྡུལ་སྤྱི་བོས་བླངས་ཤིང་། སྐྱེས་ཐོབ་ཀྱི་ཤེས་རབ་ཕྲ་མོས་ལུང་དང་རིགས་པའི་གནས་ལ་བློ་ཅུང་ཟད་ཕྱོགས་པ། ཤར་རིག་པར་སྨྲ་བ། སྐུ་དྲིན་ཞུ་འཚལ་ཡི་གེ་འབུལ། ཇོ་སྲས་བསོད་ནམས་དཔལ་གྱིས་གོང་ཐུགས་ལ་ཞོག་མཛོད་བཀའ་དྲིན་ཆེ། མཁས་པའི་སྐྱེ་བོ་གཞན་དག་དང་བླ་མ། མའི་གསུང་རྣམས་ཉེར་བར་བླངས་ཏེ། རང་གི་འཐད་ཕྱོགས་ལུང་རིགས་ཀྱི་གྲུབ་པ། འགའ་ཞིག་ཡང་སྟོན་པ་ཤེས་རབ་ཀྱི་སྐུལ་ནས། བཀོད་ཅིང་སྦྱར་གྲའི་སྙིང་མདོ་ལྷ་ཁང་དུ། བ་འདི་རྫོགས་རེ་ཤིག་སོ།། །།

གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་ལམ་གྱི་རིམ་པ་རིན་པོ་ཆེ་རྣམ་པར་བཀོད་པའི་འབྲུ་འགྲེལ་འགྲོ་བློའི་མུན་སེལ། འགྱུར་མེད་རྡོ་རྗེ།

གུ ཧྱ མ ནྟྲ བ ཛྲ ཡ ན ཨུ པ དེ ཤ པ ཐ སྐྲ མ ར ཏྣ བྱཱུ ཧཱ ནཱཾ བྱ ཉྫ ནཾ ཊཱི ཀཱ ག ཏི མ ཏི པྲ ཀཱ ཤ བི ཧ ར ཏི སྨ། །
གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་ལམ་གྱི་རིམ་པ་རིན་པོ་ཆེ་རྣམ་པར་བཀོད་པའི་འབྲུ་འགྲེལ་འགྲོ་བློའི་མུན་སེལ་བཞུགས་སོ། །
ཀ་དག་དབྱིངས་ལས་ལྷུན་གྲུབ་ཡེ་ཤེས་ཀྱི། །ཚོགས་གཉིས་ལྷུན་རྫོགས་ཁྱད་ཆོས་དྲུག་ལྡན་ཅིང་། །གདོད་མའི་སངས་རྒྱས་ཀུན་བཟང་རྡོ་རྗེ་འཆང་། །སྒྱུ་འཕྲུལ་ཞི་ཁྲོའི་སྤྲོ་བསྡུ་ཁྱོད་ཕྱག་འཚལ། །ཉིད་ལས་མི་གཞན་རིགས་ལྔ་གསང་བའི་བདག །རིགས་ཅན་ལྔ་དང་སྐལ་ལྡན་རྒྱལ་པོ་ཛཿ ཡེ་ཤེས་སྐུ་བརྙེས་སངས་རྒྱས་གསང་བ་སོགས། །བརྒྱུད་གསུམ་བླ་མའི་ཚོགས་ལ་གུས་ཕྱག་འཚལ། །སྔོན་བྱོན་མཁས་ཤིང་གྲུབ་བརྙེས་དམ་པ་ཡི། །གསུང་གི་རྗེས་འབྲང་འབྲུ་འགྲེལ་བཀོད་པ་ལ། །རྩ་གསུམ་སྲུང་མས་གནང་བའི་སྐབས་དབྱེ་ནས། །བདག་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སྟོང་ཕྲག་བརྒྱ་པ་གང་ཡིན་པ་དེ་དག་གི་སྙིང་པོ་བསྡུས་པ་མན་ངག་ལམ་གྱི་རིམ་པ་རིན་པོ་ཆེ་རྣམ་པར་བཀོད་པ་འདི་འཆད་པ་ལ། མན་ངག་བརྩམ་པ་ལ་འཇུག་པའི་ཡན་ལག་ཐོག་མར་དགེ་བ་ཀླད་ཀྱི་དོན། ཆོས་ཀུན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བར་དུ་དགེ་བ་གཞུང་གི་དོན། དགེ་བའི་རྩ་བ་བསྔོ་ཞིང་སྨོན་ལམ་གདབ་པ་ཐ་མར་དགེ་བ་མཇུག་གི་དོན་ཏེ་གསུམ། དང་པོ་ལའང་མཚན་བརྗོད་པ། ཕྱག་འཚལ་བ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ་བཞི་ལས། དང་པོ་ལའང་གསུམ། དང་པོ་རྒྱ་གར་འཕགས་ཡུལ་དུ་ཡོངས་སུ་གྲགས་པའི་སྐད་རིགས་བཞི་ལས། ལེགས་སྦྱར་སཾ་སྐྀ་ཏའི་སྐད་དུ། གུ་ཧྱ་མནྟྲ་བཛྲ་ཡཱ་ན་ཨུ་པ་དེ་ཤ་བ་ཐཿཀྲ་མ་རཏྣ་བི་ཨཱུ་ཧ་ནཱ་མ། གཉིས་པ་བོད་སྐད་དུ་བསྒྱུར་ན། གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་ལམ་གྱི་རིམ་པ་རིམ་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་བ། ཞེས་འབྱུང་སྟེ། གསུམ་པ་དོན་ནི། ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་པའི་གསང་བ་དམ་པ་དེ་ལ། ཡིད་ཤེས་བདེ་མྱུར་གྱིས་སྐྱོབ་ཕྱིར་སྔགས་དང་། རྡོ་རྗེའི་ཆོས་བདུན་དང་ལྡན་ཅིང་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་རྒྱུ་དང་འབྲས་བུ་ལྷུན་གྲུབ་ཏུ་སྤྱོད་པར་བྱེད་པའི་ལམ་འདིས་འདེགས་པར་བྱེད་པས་ན་རྡོ་རྗེ་ཐེག་པ་སྟེ། དེའང་ཚེགས་ཆུང་ངུས་དོན་ཆེན་པོ་དཔག་ཏུ་མེད་པ་རྟོགས་སླ་བའི་ཐབས་སུ་གྱུར་པའི་མན་ངག །བགྲོད་བྱའི་ཕྱིར་ལམ། དེའང་རིམ་པར་འཇུག་པས་ན་རིམ་པ། འཇིག་རྟེན་འདིར་འབྱུང་བར་དཀོན་པས་ན་རིན་པོ་ཆེ་ལྟ་བུའི་ཆོས་འདི་ཉིད། གདུལ་བྱ་སྐལ་ལྡན་གྱི་རྒྱུད་ལ་མངོན་སུམ་རྣམ་པར་བཀོད་པ་ཟབ་མོའི་ཆོས་ཞེས་བྱ་བ་ཡོན་ཏན་གྱི་སྒོ་ནས་མཚན་བཏགས་པའོ། །གཉིས་པ་ཕྱག་འཚལ་བ་ནི། སྲིད་པའི་དཔལ་གྱི་དང་ཞི་བའི་དཔལ་ལས་ཀྱང་མཆོག་ཏུ་འཕགས་པ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཡོན་ཏན་མཆོག་དང་ལྡན་པས་ན་དཔལ་དབྱིངས་དང་ཡེ་ཤེས་སམ་སྟོང་ཉིད་རྡོ་རྗེ་སྙིང་རྗེ་སེམས་དཔའ་ཆེན་པོ་དབྱེར་མེད་པའི་རིགས་ཀུན་འདུས་པའི་སྤྱི་དཔལ་ལ་ཕྱག་འཚལ་ལོ། །འདི་ལ་འགྱུར་གྱི་ཕྱག་འཚལ་བའང་བཞེད། གསུམ་པ་མཆོད་པར་བརྗོད་པ་ནི། མཚན་གྱི་ཟུར་དང་པོ་ཐུན་མོང་ཐུན་མིན་གཉིས་ལས། ཐུན་མོང་འཇིག་རྟེན་གྱི་འབྱོར་བ་སོགས་ཕུན་སུམ་ཚོགས་པ་ལ་དཔལ་འབྱོར་གྱི་སྒྲས་བརྗོད་པ་དང་། ཐེག་པ་འོག་མའི་རང་སའི་འབྲས་བུ་ལའང་དཔལ་དུ་བཏགས་པ་དང་། ཐུན་མིན་རྟོགས་པ་བདག་གི་དཔལ་དང་ཐུགས་རྗེ་གཞན་གྱི་དཔལ་ཞེས་གདུལ་བྱའི་ཕྱོགས་རེ་ལ་བྱེད་པ་ལས་འཕགས་པས་ན་དཔལ་གསུམ་པ་ཞེས་ཏེ། ཇི་ལྟར་འཕགས་ན་འཁོར་འདས་ཀྱི་ཆོས་ཀུན་དག་མཉམ་ཆེན་པོའི་རང་བཞིན་དུ་གནས་པ་གཞིའི་དཔལ། སྒྲིབ་གཉིས་དྲི་མས་མ་གོས་ཤིང་གཞི་འབྲས་དབྱེར་མི་ཕྱེད་པ་མངོན་དུ་གྱུར་པ་རྟོགས་པ་མཆོག་གི་དཔལ། གདུལ་བྱ་མཐའ་ཡས་པའི་དོན་དུ་གཟུགས་སྐུ་གཉིས་ཀྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་པ་ཐུགས་རྗེ་གཞན་གྱི་དཔལ་ཏེ། དེ་ཉིད་གང་ལ་ལྡན་པ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། མཚན་གྱི་ཟུར་གཉིས་པ་འཇོག་པའི་རྒྱུ་མཚན་ལ་ལྔ་སྟེ། དང་པོ་ཕྲིན་ལས་ཀྱི་སྒོ་ནས། འཇོམས་པའི་རྡོ་རྗེ་ནི་རྫས་ཀྱི་རྡོ་རྗེ་ཕ་ལམ་ལྟ་བུ། གཉིས་མེད་ཀྱི་ཡེ་ཤེས་སྒྲིབ་གཉིས་དང་ལྟ་ངན་འཇོམས་པའི་ཡེ་ཤེས་རྡོ་རྗེ། གཉིས་པ་ངོ་བོའི་སྒོ་ནས། རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་རྡོ་རྗེ། གསུམ་པ་ཡོན་ཏན་གྱི་སྒོ་ནས། ཆེད་དུ་ཡོན་ཏན་མ་བཙལ་བ་ཡེ་ནས་འབྲས་ཆོས་ཉེར་ལྔ་ངང་གིས་རྫོགས་པ་བཙལ་བ་མེད་པའི་རྡོ་རྗེ། བཞི་པ་མཚན་ཉིད་ཀྱི་སྒོ་ནས། དང་པོ་རྒྱུ་རྐྱེན་དང་བྲལ་བའི་ཕྱིར་མཐའ་རྒྱུ་རྐྱེན་གྱིས་མི་ཤིགས་པ་སྟེ་སྐྱེ་འཇིག་མེད་པའི་རྡོ་རྗེ། ལྔ་པ་རང་བཞིན་གྱི་སྒོ་ནས། དབྱིངས་ཉིད་ཡེ་ཤེས་འདུ་འབྲལ་མེད་པའི་ཕྱིར་དབྱེར་མེད་རྡོ་རྗེ་སྟེ། དེ་ལྟར་རྡོ་རྗེ་ཆོས་ལྔ་ཡི་སྒྲ་དོན་བཤད་པ་ཡིས་རྡོ་རྗེར་གྲུབ་པ་ཉིད་སྣང་སྟོང་དང་ཡུལ་སེམས་གཉིས་སུ་མེད་པའི་རིག་པ་རང་སྣང་བས་སེམས་བྱེད་པ་པོ་མེད་པར་ངང་གིས་རང་གསལ་བའི་ཕྱིར་སེམས་གཞན་དུ་མི་གཡོ་ཡུལ་དུ་མི་སེམས་པའི་ཕྱིར་སེམས། དེ་ཀ་སངས་རྒྱས་ཀྱི་དགོངས་པ་ཡིན་པས་ན་ཆེན་པོ་ཞེས་བྱའོ། །མཚན་གྱི་ཟུར་གསུམ་པ། སེམས་ཞེས་པ་ལ་དབྱེ་ན་བཞི་སྟེ། དང་པོ་སྣང་ཚུལ་གྱི་སྒོ་ནས། སྣང་སྟོང་གཉིས་སུ་མེད་པ། གཉིས་པ་རང་བཞིན་གྱི་སྒོ་ནས། སེམས་ཉིད་ངང་གིས་འོད་གསལ་བ། གསུམ་པ་ངོ་བོའི་སྒོ་ནས། རྣམ་པར་རྟོག་པས་མི་གཡོ་བ། བཞི་པ་འབྲས་བུའི་སྒོ་ནས། བླ་ན་མེད་པའི་ཡེ་ཤེས་དང་ལྡན་པ་རྟག་ཆད་ཀྱི་མཐར་མ་ལྷུང་པའོ། །མཚན་ཟུར་བཞི་པ། དཔའ་བོ་ནི་མཛད་པའི་ཕྲིན་ལས་ཞི་རྒྱས་དབང་དྲག་བཞིས་བདུད་བཞི་བཅོམ་པས་དཔའ་བོ་སྟེ། དེ་ཡང་རིམ་པར་ཉོན་མོངས་པ་ལྔ་ཉིད་ཡེ་ཤེས་ལྔར་ཞི་བས་ཉོན་མོངས་པའི་བདུད་བཅོམ། ཕུང་པོ་ལྔ་རིགས་ལྔའི་ངོ་བོར་དག་ཅིང་ཡོན་ཏན་རྒྱས་པས་ཕུང་པོའི་བདུད་བཅོམ། ལྷ་རྟོག་གཉིས་མེད་ཀྱི་དོན་དབང་དུ་བྱས་པས་ལྷ་བུའི་བདུད་བཅོམ། སྐྱེ་མེད་ཀྱི་དོན་མངོན་དུ་གྱུར་པས་འཆི་བདག་གི་བདུད་བཅོམ་པས་ན་དཔའ་བ་སྟེ། དཔེར་ན་དགྲ་དཔུང་འཇོམས་པའི་སྐྱེས་བུ་ལ་དཔའ་བོ་ཟེར་བ་ལྟ་བུ་ཡིན། དེ་ནི་ཕྱག་འཚལ་ཡུལ་ལོ། །གང་གིས་ཕྱག་འཚལ་ན། རང་ཉིད་སངས་རྒྱས་གསང་བས་ཐུན་མོང་གི་ལྷ་འཇམ་དབྱངས་ཡིན་ཡང་། ཁྱད་པར་ཐུན་མིན་གྱི་ལྷ་ཡི་ཡང་ལྷ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ཡུལ་འཚལ་མཁན་དགོངས་པ་གཉིས་སུ་མེད་པར་གྱུར་ཀྱང་། རྣམ་པ་ཙམ་དུ་དད་པའམ་མོས་པའི་ཚུལ་གྱིས་རང་ཞལ་མཇལ་བ་ལ་དེའི་ཐ་སྙད་བཞག་པའི་ཕྱིར་ལྟ་བ་མཇལ་བའི་ཕྱག་གོ། །བཞི་པ་བརྩམ་པར་དམ་བཅའ་བ་ལ་གཉིས། ལོ་རྒྱུས་ཀྱི་སྒོ་ནས་བརྩམ་པར་དམ་བཅའ་བའི་འཐད་པ། བསྡུས་ཚུལ་གྱི་སྒོ་ནས་བཤད་པར་དམ་བཅའ་བ་དངོས་སོ། །དང་པོ་ལ་གཉིས་ཏེ། གསང་སྔགས་མི་ཡུལ་དུ་དར་ཚུལ། དེའི་ཚོགས་སྒྲུབ་ཀྱི་སྒོ་ནས་འབྲས་བུ་ཐོབ་པའི་ཚུལ་ལོ། །དང་པོ་ནི། སྟོན་པ་དམ་པའི་མཛོད་གསུམ་རྟོགས་པར་དཀའ་བས་གསང་བ་དང་། དེ་ལ་མངའ་མཛད་པའི་བདག་པོ་ཕྱག་ན་རྡོ་རྗེ་རི་མ་ལ་ཡའི་རྩེར་མངོན་དུ་གཤེགས་ནས། འཁོར་ལྷ་རྒྱ་བྱིན་ཀླུ་འཇོག་བོ་གནོད་སྦྱིན་སྐར་མདའ་གདོང་སྲིན་པོ་བློ་གྲོས་ཐབས་ལྡན་དང་། མི་ལས་ལི་ཙ་བི་དྲི་མེད་གྲགས་པ་སྐལ་ལྡན་རིགས་ཅན་གྱི་འཁོར་འདུས་པ་ལ། སངས་རྒྱས་ཐུབ་པའི་དབང་པོས་གསང་སྔགས་ཇི་ལྟར་འབྱུང་བ་མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་དེ། །རྒྱལ་པོ་ཛཿཞེས་བྱ་བ་ལ། །ལག་ན་རྡོ་རྗེའི་མཐུས་སྣང་འགྱུར། །སོགས་དང་། དགོངས་འདུས་ལས་ཇི་ལྟར་ལུང་བསྟན་པའི་དུས། ས་ཧོ་རའི་ཡུལ་ཨ་པར་ཏ་མུ་ཛྙཱའི་རྒྱལ་པོ་ཨུ་ཏ་ཛྙཱ་ན་ཉིད་ཀྱི་རྒྱལ་བུ་སྔགས་ཀྱི་རིགས་ཅན་ལུང་བསྟན་རྡོ་རྗེ་ལ། ཇི་སྐད་དུ། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་བགྲོ་བ་བྱས་པ་དང་། །ཀུན་གྱིས་དམ་པར་བསྒྲགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་དུ་འབབ་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པ། །ཞེས་པའི་རྨི་ལྟས་བདུན་ཤར་ནས། དེ་ཉིད་སྔོན་གྱི་ལས་སྨོན་དང་། སངས་རྒྱས་ཀྱི་ཐུགས་རྗེའི་འབྲེལ་བས་སྣང་བའི་གླེགས་བམ་ལ་རབ་ཏུ་དགའ་བ་ཁྱད་པར་ཅན་སྐྱེས་ནས་དབང་པོས་མངོན་སུམ་བརྟགས་པས། མ་རྟོགས་པ་དང་རྟོགས་པའི་ལུགས་གཉིས་ཀྱི་ཀུན་མཁྱེན་ཆེན་པོས་ཕྱི་མ་ལྟར་དང་ཁ་ཅིག་གིས་སྔ་མ་ལྟར་བཞེད་པས། བརྡའ་མ་འཇལ་ཏེ། དགེ་སློང་ཀུ་ཀུ་རཱ་ཛ་ལ་བསྐུར་བས་དེས་ཀྱང་མ་འཚལ་སླར་བསྲིངས་ནས་རྒྱལ་པོ་ཉིད་ཀྱིས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་ཐུགས་ཀྱི་སྒྲུབ་པའི་ཐབས་དེ་མངོན་པར་རྟོགས་ཏེ། དེ་ཉིད་ཀྱི་སྒོ་ནས་ཟླ་བ་དྲུག་ཏུ་སྒྲུབ་པ་མཛད་པས་རྡོ་རྗེ་སེམས་དཔའ་དེ་ཉིད་གྲུབ་སྟེ་ཞལ་འཇལ། རིགས་ཀྱི་བུ་རང་གི་ཕུང་པོ་སྦྱོངས་དང་། གསང་བའི་བདག་པོས་ལུང་སྟོན་པར་འགྱུར་རོ། །ཞེས་མི་སྣང་བར་གྱུར། དེ་ནས་ཕྱག་ན་རྡོ་རྗེས་རྗེས་སུ་བཟུང་གསང་སྔགས་ཀྱི་ལམ་བསྟན་པའི་དོན་ཐམས་ཅད་མཁྱེན་པའི་དངོས་གྲུབ་དུས་དེ་ནས་ཐོབ། སྣོད་ལྡན་རྒྱལ་པོ་ཛཿལ་དོན་དམ་ངེས་པའི་ཐེག་པའི་བཅུད་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་ཚིག་དོན་ཀུན་གྱིས་གནས་མ་ལུས་པ་དུས་དེ་ཙམ་ནས་བློ་གྲོས་རྒྱས་པར་བྱས་པས་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་ཐོབ། གླེགས་བམ་ཤེས་པས་འདོད་པའི་བསམ་པ་དུས་དེ་རུ་གྲུབ་ཅིང་། ཚེ་རབས་ཀུན་ཏུ་སྨོན་པའི་ལྷ་དཔལ་ཕྱག་ན་རྡོ་རྗེ་དང་དུས་དེ་རུ་མཇལ། གཉིས་པ་ཚོགས་སྒྲུབ་ཀྱི་སྒོ་ནས་དངོས་གྲུབ་ཐོབ་ཚུལ་ནི། དེ་ལྟར་གསང་སྔགས་ཀྱི་ཐེག་པ་རིན་པོ་ཆེ་འཇིག་རྟེན་དུ་བྱུང་བའི་རྗེས་དེ་ནས་སྤྱིར་རྒྱ་གར་རྡོ་རྗེ་གདན་སྟེང་གི་ཤར་ཕྱོགས་ན་ས་ཧོ་ར་ཡི་ཡུལ་ཡོད་པ་དེའི་བྱང་ཤར། བྱེ་བྲག་འཛམ་བུ་གླིང་གི་ས་ཡི་ཆར་གཏོགས་པ། རི་མ་ལ་ཡའི་གནས་ཡོད་པའི་གནས་དེའི་ཤར་གྱི་དང་ལྷོ་ཡི་ཕྱོགས་གཉིས་ཀྱི་མཚམས་སུ་ཨ་སུ་ར་གསང་བའི་བྲག་ཕུག་ཕྱག་ན་རྡོ་རྗེའི་ཕོ་བྲང་དུ་བྱིན་གྱིས་བརླབས་པའི་གནས་ཀྱི་དམ་པ་རིན་པོ་ཆེ་ཟུར་བརྒྱད་པའི་དབྱིབས་ཅན་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ནང་དུ་གསང་བའི་བདག་པོས་ཞབས་ཀྱིས་བཅགས་པས་བཀྲ་ཤིས་ཤིང་བྱིན་རླབས་ཆེ་བས་གནས་ཀྱི་དམ་པའི་ཞེས་མཆོག་གི་ཁུང་བུ་དེ་རུ། ཟ་ཧོར་དགེ་སློང་ཀུ་ཀུ་རཱ་ཛ་ཚོམ་བུ་འབུམ་དང་། རྒྱལ་པོ་ཛཿཡི་སྲས་ཨིནྟྲ་བྷཱུ་ཏི་ཚོམ་བུ་ཁྲི་དང་། སིངྷ་ར་ཙ་ཚོམ་བུ་སྟོང་དང་། སིངྒ་ལའི་རྒྱལ་པོའི་སྲས་ཨུ་པ་རཱ་ཛ་ཚོམ་བུ་བརྒྱ་ཟེར་བའང་སྣང་། མཆན། སྟོང་དང་། ཨེནྟྲ་བྷུ་ཏིའི་སྲས་མོ་གོ་མ་ས་ལ་ཚོམ་བུ་ལྔ་བརྒྱ་དང་རོ་ལངས་བདེ་བ་ཧཱུྃ་ཀཱ་ར་ལ་སོགས་པ། དཔལ་སྒྱུ་འཕྲུལ་དྲྭ་བའི་ཞི་ཁྲོའི་དཀྱིལ་འཁོར་དུ་ཕན་ནུས་ཟབ་མོའི་དབང་རྣམས་ཐོབ་ནས་ཐོས་བསམ་གྱིས་ལྟ་བ་རྟོགས་ཤིང་ཚོགས་ལམ་གྱི་རྣལ་འབྱོར་བཞི་མཐར་ཕྱིན་ནས་སྦྱོར་ལམ་ཞི་ཁྲོའི་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་རྒྱས་འབྲིང་སྡུས་གསུམ་གང་རུང་མངོན་དུ་བསྒྲུབས་ཏེ། གནས་སྐབས་ལམ་གྱུར་རིག་འཛིན་བཞི་དང་། མཐར་ཐུག་མི་སློབ་པའི་རྡོ་རྗེ་འཆང་ཆེན་པོ་སངས་རྒྱས་ཀྱི་སར་མངོན་སུམ་དུ་གཤེགས་པར་མཛད་དོ། །ཀུན་མཁྱེན་ཆེན་པོས་ཚོགས་སྦྱོར་རམ་ཆོས་མཆོག་ནས་མི་སློབ་བར་རིག་འཛིན་བཞིས་བགྲོད་པར་བཞེད་དོ། །གཉིས་པ་དམ་བཅའ་དངོས་ལ། ལུང་མཆོག་བླ་མ་ལས། ཐོས་ཆུང་གསར་བུ་ཡིད་ཆེས་བསྐྱེད་པའི་ཕྱིར། མན་ངག་རྩིས་འགོ་ལྔ་ཡིས་ཀླད་ནས་གཞོམ། ཞེས་གསུངས་པས་དང་པོ་ཁུངས་བཙུན་པ་དང་ཡིད་ཆེས་ཕྱིར་སུས་མཛད་ན། བསྟན་བཅོས་རྩོམ་པའི་མཚན་ཉིད་གསུམ་དེ་ལྟ་བུ་དང་ལྡན་པའི་ཕྱིར་སྲས་མོ་གོ་མ་དེ་ཝཱིས་རྫེས་སུ་གཟུང་བའི་མཁས་གྲུབ་ཆེན་པོ་སངས་རྒྱས་གསང་བར་གྲགས་པའི་སངས་རྒྱས་ཀྱི་མཚན་ཐོབ་པ་ངས། གཉིས་པ་འདི་ལྟར་བརྩམ་པ་ལ་དགོས་ཆེད་གང་གི་དོན་དུ་ན། དམ་པའི་རིགས་ཅན་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འདི་ལྟ་བུ་ཉན་པའི་སྐལ་ལྡན་ཡ་རབས་དྲ་མ་ཡི་ངང་ཚུལ་དང་ལྡན་པ། གནུབས་ནམ་མཁའི་སྙིང་པོ། རླངས་སུ་ཏ་གོ་ཆ། གཉགས་ཁམས་པའི་ལྷ། བྲན་ཀ་མུ་ཏེ་ཤྲཱི། སློབ་དཔོན་སྦ་ཁྲི་གཞེར་དང་ལྔ་བརྒྱུད་ནས་དེ་ཡི་རྗེས་སུ་འཇུག་པ་མ་འོངས་པའི་སྐལ་བ་དང་ལྡན་པ་རྣམས་ཀྱི་ཕྱིར་དུའོ། །གསུམ་པ་རྒྱུད་གང་ནས་བཏུས་ཤིང་ཕྱོགས་གར་གཏོགས་ན། སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པའི་རྒྱུད་དག་ལས་བཏུས་ཏེ་མན་ངག་ཟབ་མོ་ཉེ་བར་བརྩམ་པའོ། །བཞི་པ་སྟོན་པ་ལ་མཚན་ངེས་ཤིང་དོན་གྱི་མདོ་ཆིངས་རྟོགས་པར་བྱ་བའི་ཕྱིར་མཚན་ཅི་ལ་བཏགས་པ་ནི། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་བགྲོད་པ་གཅིག་པའི་གཤེགས་ཤུལ་ཐེག་པ་འོག་མའི་ལམ་ལས་འཕགས་པས་མཆོག་རྣམ་མཁྱེན་ཐོབ་པ་ལ། ཉེ་བ་དང་བདེ་བ་དང་རྫོགས་པ་གསུམ་གྱི་ཡོན་ཏན་ལྡན་པ་འདི་ལ་མང་པོ་ཉུང་ངུ་དང་འཐོར་བ་ཕྱོགས་གཅིག་ཏུ་བསྡུས་ཏེ། ལམ་རྣམ་པར་བཀོད་པ་ཞེས། དོན་རང་གི་ངོ་བོ་ལ་མཚན་བཏགས་པ། ཉོན་མོངས་དང་དུས་དང་ཚེ་དང་ལྟ་བ་དང་སེམས་ཅན་གྱི་སྙིགས་མ་ལྔའི་འགྲོ་བ་རྒྱུད་དྲག་ཅིང་གཉེན་པོ་གཞན་སྤོང་འགེགས་སྦྱོང་སྒྱུར་ལམ་གྱིས་ཐུལ་དཀའ་བའི་དུས་ཀྱི་ཚེ། ལྔ་པ་དོན་ཇི་ལྟར་བསྟན་ན་འཁོར་འདས་དག་མཉམ་ཆེན་པོ་ཚེ་འདིར་མངོན་དུ་གྱུར་ཕྱིར། གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལམ་ཁོ་ནས་འདུལ་བའི་དུས་ཀྱིས་འགྲོ་བ་ཀུན་འདུལ་བའི་ཕྱིར་འདི་བསྟན་པར་བྱ་ཞེས་གོ་ཆ་གྱོན་པའོ། །དེ་ལྟར་རྩིས་འགོ་ལྔས་བསྟན་པ། གཞན་དུ་བདུན་ཏེ། གང་གིས་བསྟན། གང་གི་དོན་དུ་བསྟན། གང་ནས་བསྡུས་ཏེ་བསྟན། གང་བསྟན། ཚུལ་ཇི་ལྟར་དུ་བསྟན། དུས་གང་གི་ཚེ་བསྟན། དགོས་ཆེད་ཅིའི་བསྟན་པ་སྟེ་བདུན་དུ་འགྲེལ་ལོ། །སྤྱི་དོན་གཉིས་པ་གཞུང་གི་དོན་ལ་གསུམ། བརྒྱུད་པའི་མན་ངག་དང་ལྡན་པའི་བླ་མ་བསྟེན་དགོས་པར་བསྟན་པ་དང་། སྣོད་བརྟག་ཅིང་སྦྱིན་མི་སྦྱིན་གྱི་དམིགས་བསྟན་པ་དང་། སྣོད་ལྡན་ལ་མན་ངག་རང་གི་ངོ་བོ་བསྟན་པའོ། །དང་པོ་ལ་གཉིས། བརྒྱུད་པའི་མན་ངག་མེད་པར་རང་ཉམས་ཀྱིས་མི་རྟོགས་པས་གཞན་སེལ་གྱི་དཔེ་དོན་བསྟན་པ་དང་། དེ་ནས་བརྒྱུད་ལྡན་གྱི་མན་ངག་དང་ལྡན་པ་བརྟེན་དགོས་པའི་དོན་གཉེར་རོ། །དང་པོ་ནི། མིག་ལོང་བ། རྐང་པ་ཞ་བ། འདུ་ཤེས་ཆུང་བ་རྣམས་ལ་ཨུ་ལུ་ཏྲི་ཤ་ཀ་ཟེར་བའི་སྤྱན་བཟང་པོ་སྟེ་ལོང་ན་མི་གསལ་བས་འགྲོ་བའི་མཐུ་མེད་པ་ཡི། དམིགས་བུ་སྟེ་ལོང་ཁྲིད་པ་དང་བྲལ་བ་དེ་གར་འགྲོའི་ཉམས་མེད་ལམ་སྟོར་བས། ལམ་ལས་བགྲོད་ཅིང་འདོད་པའི་གནས་སུ་ཕྱིན་པར་མི་ནུས་པ་བཞིན་དུ། དོན་ལ་ཚིག་ཕྱིར་འབྲང་བས་བློ་རྩིང་པོ་དུག་ལྔ་མ་ཐུལ་བས་དམུ་རྒོད་དེ་ལྟ་བུས་རང་ཉམས་ཀྱིས། གསང་བའི་སྙིང་པོ་རྟོགས་པར་མི་འགྱུར་ཏེ། འདི་ལྟར་བུལ་ཤིང་སྟེ་ཐང་ཤིང་སྨུག་པོར་གྲགས་པ་ལ་མེ་ཏོག་དང་འབྲས་བུ་མི་འབྱུང་བ་བཞིན་གནས་སྐབས་ཀྱི་མེ་ཏོག་དང་མཐར་ཐུག་གི་འབྲས་བུ་མེད་པའི་སྐྱོན་ཡོད་པར་འགྱུར། གཉིས་པ་ལ་གཉིས། བླ་མ་བཀུར་ཐབས་དང་། བཀུར་བའི་ཡོན་ཏན་ནོ། །དང་པོ། རྒྱུ་མཚན་དེ་བས་ན་བླ་མ་རྡོ་རྗེ་སློབ་དཔོན་དེ་ཉིད་རྒྱུད་ལུང་ནས་གསུངས་པ་བཞིན་སྒོ་གསུམ་གྱིས་བཀུར། སློབ་བུ་བརྟག་ཕྱིར་སྤྱོ་བར་བྱས་ཏེ་མཚངས་འབྲུ་བ་ཞེ་གཅོད་པའི་ཚིག་ངན་ཇི་ཙམ་སྨྲ་ཡང་བཟོད་པར་བྱས་ཏེ། གནས་སྐབས་འཇིག་རྟེན་གྱིས་མཐོང་བའི་གདུང་བ་བྱུང་ཡང་ཁུར་དུ་མི་བལྟ་སྟེ། སྡུག་བསྔལ་དེ་ཀུན་མཐར་ཐུག་ཡུན་གྱི་སངས་རྒྱས་ཐོབ་པར་བྱ་བའི་དོན་དུ་བཟོད་པར་བྱའོ། །གཉིས་པ་བཀུར་བའི་ཡོན་ཏན་ལ་གཉིས། དང་པོ་བཀུར་བའི་ཡོན་ཏན་གྱིས་གདམས་ངག་གནང་བ་ནི། དེ་ལྟར་སྒོ་གསུམ་གྱི་དཀའ་བས་དང་དུ་བླངས་ནས་བླ་མ་དམ་པ་བསྟེན་པར་ནུས་ན། ནམ་ཞིག་སྟོན་པ་རྡོ་རྗེ་རྒྱལ་པོ་ཐུགས་མཉེས་ནས་མན་ངག་སྦྱིན་པར་ཞལ་གྱིས་འཆེས་པས་ཐུགས་ཉམས་ཀྱི་མན་ངག་འདི་ལྟ་བུ་ཡོད་དོ་ཞེས་གསུང་བ་ལྟ་བུས་གནང་བ་སློབ་བུས་གོ་བས་ཐོབ་པར་འགྱུར་ཏེ། ཐོབ་པ་དེ་ཡི་ཚེ་ན་རྒྱུད་ཆེན་གསང་བ་སྙིང་པོའི་གཞུང་ལས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་གསུངས་པ་བཞིན་ཡོན་བླ་མ་ལ་ཕུལ་ན། སློབ་དཔོན་གྱིས་ཐུགས་ཀྱི་ཉིང་ཁུ་མན་ངག་ཟབ་མོ་རྣམས་སྟེར་རོ། །གཉིས་པ་གདམས་ངག་གིས་སངས་རྒྱས་ཐོབ་པ་ནི། མན་ངག་ཐོབ་པའི་གང་ཟག་དེ་ཡིས་ཅང་ཤེས་ལ་སོགས་བཞོན་པ་བཟང་པོ་མྱུར་བ་དང་བདེ་བ་དང་བརྟན་པ་ལ་ཞོན་ནས་འགྲོ་བས་མྱུར་དུ་གང་འདོད་དུ་ཕྱིན་པ་བཞིན་དུ། གསང་བ་བླ་ན་མེད་པའི་རྫུ་འཕྲུལ་རྟ་དང་སྟོབས་གླང་པོ་ཆེར་མཚུངས་པའི་ཐེག་པ་ལ་ཞོན་པས། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་མཐོང་ཞིང་། རྐྱེན་འཇུག་པའི་མཚན་ཉིད་ཚོགས་ལམ་རྣལ་འབྱོར་བཞི། སྦྱོར་ལམ་བར་ཆད་མེད་པ་ཚོམ་བུ་ཚོགས་སྒྲུབ་ལ་བརྟེན་ནས་གནས་སྐབས་ཀྱི་འབྲས་བུ་མཐར་ཕྱིན་པ་རིག་འཛིན་བཞིའི་ལམ་བགྲོད་ནས་མཐར་ཐུག་སྐུ་དང་ཡེ་ཤེས་འཕྲིན་ལས་ལ་དབང་འབྱོར་བ་བྱང་ཆུབ་སྙིང་པོའི་གནས་སུ་ཕྱིན་པར་བྱེད་པའོ། །གཉིས་པ་སྣོད་བརྟག་པ་ལ་གསུམ། དང་པོ་སྣོད་བརྟག་པ་དངོས་ནི། དང་པོ་སྣོད་ལྡན་གྱི་སློབ་མ་དང་བཅུད་མན་ངག་ཟབ་མོ་འཛོམ་ན་དངོས་གྲུབ་ཐོབ་པའི་ཕྱིར་དེ་བས་བླ་མ་རྡོ་རྗེ་སློབ་དཔོན་གྱིས་སློབ་བུ་ཡལ་བར་མི་འདོར་པའི་གཉེར་དང་ལྡན་པས་སྣོད་བརྟག་པ་གལ་ཆེ་བས། རྒྱང་ནས་རིགས་དང་། ངང་ཚུལ་བཟང་ངན་དད་པ་ཤེས་རབ་ཆེ་ཆུང་གཞན་ལ་དྲིས་པ་དང་། དྲུང་དུ་སྒོ་གསུམ་གྱི་བྱ་སྤྱོད་བརྩོན་འགྲུས་སོགས་བརྟག ། ཀུན་འདུས་དང་རྔམ་གློག་སོགས་ལས་གསུངས་པ་ལྟར་བྱིས་པ་གཙང་མའི་སེམས་ལ་པྲ་ཕབ་སྟེ་བརྟག་པ་དང་། ལས་ཀྱི་མཁའ་འགྲོ་ལ་གཏོར་མ་བྱིན་པས་དེ་ཡིས་གསང་སྔགས་ཀྱི་སྣོད་དུ་རུང་མི་རུང་ཉམས་དང་རྨི་ལྟས་སྟོན་པས་བརྟག་པ་དང་། མཚངས་འབྲུ་སོགས་སྤྱོ་བ་བྱས་པ་ཡིས་ཏེ་བརྟག་ཐབས་ལྔའི་སྒོ་ནས་ལན་གཅིག་མིན་པར་ཅི་ནས་བརྟགས་ཏེ་དཔྱད་པར་བྱའོ། །གཉིས་པ་སྣོད་ལྔན་ལ་མན་ངག་སྦྱིན་པ་ནི། དེ་ལྟར་བརྟགས་པས་སྣོད་བཟང་མཚན་ཉིད་དང་ལྡན་ན། ཐེག་དམན་དུ་བློ་མི་ལྡོག་ཅིང་གསང་སྔགས་ལམ་ལ་ཡིད་བརྟན་པར་བྱས་པའི་ཆེད་དབང་བསྐུར་ཅིང་དམ་ཚིག་སྡོམ་པས་རྒྱུད་སྨིན་ཅིང་བརྟས་པར་བྱས་པ་ཡི། སློབ་བུ་གང་ཡིན་པ་དེའི་ལག་ཏུ་ཟབ་མོའི གདམས་པ་འདི་གཏད་པར་བྱའོ། །གསུམ་པ་སྣོད་ངན་ལ་མི་སྦྱིན་པ་ལ་གཉིས། དང་པོ་སྣོད་ངན་ལ་མན་ངག་མི་སྦྱིན་ཅིང་འཚམས་པར་དོན་བྱ་བ་ནི། དང་པོ་གལ་ཏེ་སྣོད་ངན་པའི་མཚན་ཉིད་ཀྱི་རྟགས་རྨི་ལྟས་སོགས་མཐོང་བ་དང་མངོན་སུམ་དུ་ཤེས་པས། ཚེ་འདིའི་འདོད་པ་ཕྲ་མོའི་རྒྱུར་དམིགས་ནས་ཆོས་བྱེད་པ་དང་། འཇིག་རྟེན་གྱི་ཁེ་དང་གཏམ་སྙན་གྲགས་པ་ཆེ་བའི་རྒྱུར། ཆོས་བྱེད་ཅིང་ཁྱད་པར་མན་དག་གི་བཅུད་ཆེན་བརྗེད་ངས་ཀྱི་སྣོད་ཞབས་རྡོལ་ལྟ་བུ་འཛག་པ་དང་། རང་གིས་མ་རྟོགས་པར་གཞན་ལ་འདོམས་པ་གསང་སྒོ་ཡལ་བས་གཞོགས་རལ་བ་ལྟ་བུ་འབོ་བ་དང་། མན་ངག་ཟབ་མོ་བསྟན་ཀྱང་མི་གོ་བ་མི་ཆགས་པ་སྟེ་ཁ་སྤུབ་ལྟ་བུའི་སྐྱོན་དང་། གྲུབ་མཐའ་གཞན་དང་འདྲེས་ནས་རང་གི་ཆོས་ལ་ཐེ་ཚོམ་ཟ་བ་ནི་མ་རུངས་པར་བྱེད་པ་སྣོད་དུག་ཅན་བྱེད་པ་ལྟ་བུ་དང་། གཞན་ཡང་ཟང་ཟིང་ངན་པ་མཐའ་མ་ལྟ་བུ་བླ་མར་གཏོང་ཞིང་དབུལ་བའམ་དབུས་ཏེ་བཟང་པོ་རང་གིས་འཆིང་བ་དང་། སེམས་གཡོ་སྒྱུ་ཆེ་བ་ཅན་ངོ་ནས་དགའ་བ་དང་གུས་པ་བྱེད་ཅིང་། དོན་འགལ་བ་ལྟག་པ་སྤྲད་པ་དང་། ལྐོག་ནས་སྐུར་བ་འདེབས་པ་དང་། བླ་མས་མ་མཐོང་བའི་ལྐོག་ན་རང་གང་དགའ་བར་བྱེད་ཅིང་དམ་ཚིག་མི་སྲུང་པ་དང་། ཁ་གསགས་ཆེ་བས་ངག་ལ་རིགས་ངེས་པ་བཟང་པོར་བཤད་ཀྱང་བསམ་པ་ལ་མི་ངེས་པ་གྱ་གྱུ་ཅན། བུད་མེད་ཡིན་ཡང་འདོད་ཆགས་ཀྱི་གཞན་དབང་སོང་བ། ངོ་ཚ་མེད་པར་གང་འདོད་རང་གར་ཤོར་བའི་ཕྱལ་བ་དང་། འདི་ཉིད་སྐྱེས་པ་ལའང་མཚུངས་སོ། །མུན་པའི་ཁྲོད་དང་མི་མེད་བའི་ལྐོག་གར་འཕྲད་པར་འདོད་པ་སྤྱོད་པ་ལ་དོན་དུ་གཉེར་བསྙེགས་པ་སྟེ། དེ་ལྟ་བུའི་ཕོ་མོ་གང་ཡིན་ཡང་རུང་ཏནྟྲ་སྟེ་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་རྣམས་དེར་སྣོད་དུ་མ་བསྔགས་པ་རྣམས་ལ། ཇི་ལྟར་བསྐལ་པར་ལུས་དང་གྲིབ་མ་བཞིན་ཡང་ཡང་འཁོར་བར་འགྱུར་ཡང་། བླ་མེད་ཐུགས་ཀྱི་བདེ་བ་སྟེ་དུས་གསུམ་རྒྱལ་བའི་དགོངས་བཅུད་མཐར་ཐུག་འདི་རླུང་ཕྱོགས་ཙམ་སྤྲོ་བར་མི་བྱའོ། །དེ་ལྟར་ན་གདུལ་བྱ་ཡལ་བར་འདོར་རམ་སྙམ་ན་མ་ཡིན་ཏེ། གདུལ་བྱའི་བློ་དང་འཚམས་པར་ལྷའི་སྐུ་བསྒོམ་པ་ཙམ་བསྟན་པ་དང་། རྩ་བ་ཡན་ལག་གི་དམ་ཚིག་གཅན་གཟན་གྱི་འཕྲང་དང་འདྲ་བ་སྦྱིན་ཅིང་ཐེག་པ་ཐུན་མོང་བའི་ལམ་ནས་རིམ་པར་བློ་ཁྲིད་པར་བྱ། གཉིས་པ་བྱིན་པའི་ཉེས་དམིགས་ནི། དེ་ལྟར་མིན་པར་ཟབ་མོའི་གདམས་ངག་བྱིན་ན་བེའུ་སྦྲེལ་གཡང་སར་གཏོང་ན་གཅིག་ཤོས་ལྟུང་ན་གཅིག་ཤོས་ཞར་ལ་བསྒྱུར་བ་བཞིན་ངན་སོང་དུ་འགྲོ་བར་འགྱུར། སློབ་དཔོན་དེས་ཟས་ནོར་གྱི་འདོད་པའི་ཁེ་ཡིས་སེམས་ཏེ་བློ་ཕྲོགས་ཤིང་མི་ཆོས་ལ་བློ་གཅུམ་ཞེས་སྲབ་པ་འཕྱར་བས་འཆལ་བར་གཏོང་བའི་མཐུས། སྣོད་ཀྱི་སྐྱོན་མ་རྟོགས་པར་མན་ངག་སྤྲོས་ན། བསིལ་བའི་ཚལ། ཧེ་ཆེན་བརྡལ། གསང་ཆེན་རོལ། སྐུ་ལ་རྫོགས། ལྷུན་གྲུབ་བརྩེགས། ལངྐ་བརྩེགས། འཇིག་རྟེན་བརྩེགས། པདྨ་བརྩེགས་ཏེ་གདོད་ནས་གྲུབ་པའི་དུར་ཁྲོད་ཀྱི་གླིང་བརྒྱད་ཀྱི་གནས་སུ་ལས་ལས་གྲུབ་པའི་མ་མོ་དང་མཁའ་འགྲོ་མ་སྲིན་མོ་ཀིང་ཐོད་འཛིན་མ། མདའ་འཕེན་མ། འཛིན་བྱེད་མ། བཻ་ཏ་མ། ནག་ཁྲོས་འདྲེན་མ། རབ་འཇིགས་མ། སྲོག་གཅོད་མ། བསྙོ་བྱད་མ་རྣམས་དུར་ཁྲོད་ཀྱི་རོལ་འདུས་པ་བཞིནའདུས་ནས་ཉམས་པ་དེའི་ཤ་ཟ་ཞིང་སྲོག་ལ་ཆད་པ་འབེབས་ཤིང་ཚེ་བསྟུངས་ཕྱི་མ་མྱུར་དུ་ངན་སོང་དུ་ལྟུང་བའི་ཕྱིར་བརྟག་པར་བྱའོ། །གསུམ་པ་སྣོད་ལྡན་ལ་སྦྱིན་པའི་མན་ངག་རང་གི་ངོ་བོ་ལ་གཉིས། དང་པོ་ལུས་མདོར་བསྟན་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་གོང་བསྟན་དེ་ལྟར་བརྟགས་པའི་གསང་སྔགས་ཀྱི་སྐལ་བ་དང་ལྡན་པའི་སློབ་མའི་ཕྱིར་གང་སྦྱིན་པར་བྱ་བ། ལེའུ་དང་པོ་འདིར་མདོར་བསྟན་པ་ལྟར་ཏེ། གཞི་བདེན་གསུམ་དབྱེར་མེད་ཀྱི་རང་བཞིན་མ་བཅོས་པའི་ཡེ་ཤེས་རང་ལ་གནས་པ་ལེའུ་དང་པོས་སྟོན་པ་དང་། ལམ་ཡེ་ནས་གནས་པའི་དོན་དེ་ཉིད་ཤེས་རབ་སྤྱན་གྱིས་ཕྱིན་ཅི་མ་ལོག་པར་མཐོང་བ་སྟེ་ལེའུ་གཉིས་པས་དང་། སྟོང་ཆེན། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག །སྤྲོས་རྣམས་ལེའུ་གསུམ་པ། བཞི་པ། ལྔ་པ། དྲུག་པའི་བར་གྱིས་བསྟན། ཚོགས་སྒྲུབ་བདུན་པས། རིག་འཛིན་བཞི་བརྒྱད་པས། མཐར་འབྲས་མི་སློབ་པ་དགུ་པས་སྟོན་ཏེ། དེར་འཇུག་དབང་རྣོན་ཅིག་ཆར་བ་ལེའུ་གསུམ་པའི་སྟོད་དང་། དབང་རྟུལ་རིམ་གྱིས་པ་ལེའུ་གསུམ་པའི་སྨད་སོགས་ཀྱིས་སྟོན་པ་རིམ་གྱིས་འཇུག་པས་ཚོགས་ལམ་སྟོང་སྙིང་གཅིག་སྤྲོས་ཀྱི་རྣལ་འབྱོར་བཞི། སྦྱོར་ལམ་ཟག་མེད་དུ་སྦྱོར་བ་ལ་ལམ་གཞན་གྱིས་བར་ཆད་མེད་པར་ཚོགས་སྒྲུབ་བྱས་པས་སྔོན་གྱི་ལས་ཀྱི་ལུས་ཀྱི་རྣམ་པ་ལྡན་ཀྱང་ཡིད་ལྷ་སྐུར་སྨིན་པ། རང་གི་ཚེ་ལ་མི་འཆི་བར་དབང་སྐུར་བས། སྒོམ་ལམ་དུ་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་ཅིང་། མཐར་ལམ་དུ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་རིག་འཛིན་བཞི་ལམ་དུ་གྱུར་པ་ལེའུ་བརྒྱད་པས་སྟོན། མཐར་ཐུག་འབྲས་བུ་མངོན་དུ་བྱས་པའི་རིམ་པ་ལེའུ་དགུ་པས་རྒྱས་པར་སྟོན་པས་དེ་ལྟར་རིམ་པ་བཞིན་དུ་བརྗོད་པར་བྱ། གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གསུམ། གཞི་ཡེ་ཤེས་རང་ལ་གནས་པ་དང་། ལམ་རང་གནས་རྟོགས་ཤིང་གོམས་པར་བྱེད་པའི་ཐབས་དང་། འབྲས་བུ་རང་གནས་མངོན་དུ་གྱུར་པ་སངས་རྒྱས་ཀྱི་དགོངས་པའོ། །ལེའུ་དང་པོ་གཞི་ཡེ་ཤེས་རང་ལ་གནས་པ་ལ་གསུམ་སྟེ། དང་པོ་ཉེ་བར་བསྟན་པ་ནི། ལེའུ་དགུ་པོ་དེ་ལ། དང་པོ་གཞི་ཡེ་ཤེས་རང་གནས་ཉིད་ལའང་སྤྲོས་ཏེ་བཤད་པ། ག ནས་ལུགས་དེ་ཉིད་སྐལ་ལྡན་དེ་ཡིས་ཐོག་མར་ཤེས་པར་བྱ་བ་ནི་འདི་ལྟ་སྟེ། གཉིས་པ་གཞུང་རྒྱས་པར་བཤད་པ་ལ་གསུམ། རང་བཞིན་ཡེ་ཤེས་རང་ལ་གནས་པ་དང་། དེ་མ་རྟོགས་ཏེ་འཁྲུལ་ཚུལ་དང་། འཁྲུལ་ཡང་ལམ་དང་འབྲས་བུ་གཞན་ན་མེད་པར་རང་ལ་གནས་པའོ། །དང་པོ་ལ་གཉིས། རང་ལུགས་གཞི་ཆོས་ཀུན་སེམས་ཉིད་རང་སྣང་ལ་འཁོར་འདས་གཉིས་མེད་ལྷུན་གྲུབ་ཡིན་པར་བསྟན་པ་ནི། གང་ཞེ་ན་འཁོར་འདས་གཉིས་སུ་མེད་པ་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་རང་བཞིན་འདི་ཆོས་ཅན། ཡེ་ནས་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པར་ཐལ། འཁོར་བ་སེམས་ཉིད་རང་སྣང་ཙམ་ཡིན་པའི་ཕྱིར་བདག་དང་བདག་གིར་འཛིན་པ་རྡུལ་ཙམ་ཡང་གྲུབ་པ་མེད་པས། དེ་ཡི་ཕྱིར་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ལས་འགྲོ་བའི་བློའི་བསམ་པའི་མཐའ་ཡས་སུ་ཤར་ཕྱིར་མ་དག་པའི་དངོས་པོར་ནམ་ཡང་མི་དམིགས་སོ། །མྱང་འདས་ཕྱོགས་གཅིག་ལྟུང་ངོ་ཞེ་ན། རྒྱུ་འཁོར་བའི་རང་བཞིན་ཅིར་ཡང་མི་དམིགས་བའི་ཕྱིར། དེ་ལ་ལྟོས་པའི་འབྲས་བུ་ཆོས་ཉིད་མྱ་ངན་ལས་འདས་པ་ཡང་ཡོད་པ་མ་ཡིན་ཏེ། འཁོར་འདས་དབྱེར་མེད་པ་མཐའ་གཉིས་ལས་གྲོལ་བ་གདོད་མའི་སྤྱི་གཞི་ཆེན་པོའོ། །གཉིས་པ་གཞན་ལུགས་འཁོར་འདས་ཐ་དད་དུ་བརྗོད་པའི་སྐྱོན་ལ་གཉིས། དང་པོ་འཁོར་འདས་རང་བཞིན་ཐ་དད་པའི་སྐྱོན་ནི། དེ་ལྟར་མྱ་ངན་ལས་འདས་པའི་རིགས་དང་འཁོར་བའི་རྒྱུ་གཉིས་ངོ་བོ་ཐ་དད་དུ་གྲུབ་པ་མེད་པས། གནས་ལུགས་བྱང་ཆུབ་ཀྱི་སེམས་བདེན་གཉིས་ཟུང་འཇུག་མཆོག་གི་ངོ་བོ་ལ་འཁོར་འདས་བཟང་ངན་སོགས་མེད་དོ། །འཁོར་འདས་སོ་སོའི་རང་བཞིན་རྫས་ཐ་དད་དུ་ངེས་སོ་ཞེ་ན། འོ་ན་འཁོར་བ་དེ་ཡང་དག་པའི་ལམ་གྱིས་འཁོར་སྐྱོན་བཅོས་སུ་མེད་པར་ཐལ། དེ་ཐ་དད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ངོ་བོ་ཐ་དད་པའི་སྐྱོན་དཔེ་དང་བཅས་པ་ནི་ཡང་དག་པའི་ལམ་ལ་གཤེགས་པའི་སངས་རྒྱས་དང་ལོག་པར་རྟོག་པའི་སེམས་ཅན་གཉིས་ངོ་བོ་ཆོས་ཉིད་ཀྱིས་ཐ་དད་དུ་གནས་པར་གྱུར་ན། ཐ་དད་དེ་ལ་འཁོར་བའི་སྐྱོན་བཅོས་ཤིང་མྱ་ངན་ལས་འདས་པར་བསྒྱུར་དུ་མེད་པར་ཐལ། དཔེར་ན་མཆིང་བུ་ལ་ཕྱག་མཆོད་བྱས་ན་ནོར་བུ་རིན་ཆེན་དང་མཚུངས་པའི་དགོས་འདོད་མི་འབྱུང་བ་བཞིན་འཁོར་བ་ལས་མྱང་འདས་མི་འབྱུང་བར་རིགས་སོ། །གཉིས་པ་དེ་མ་རྟོགས་ཏེ་འཁྲུལ་ཚུལ་ནི། དེ་བས་ན་འཁོར་འདས་དབྱེར་མེད་ཡིན་པ་དེ་ལྟ་ཡིན་ནའང་གློ་བུར་གྱི་རྣམ་པར་རྟོག་པའི་ཀུན་དཀྲིས་ཀྱིས་ཚུལ་འདི་བཞིན་འཁྲུལ་བར་སྣང་བས། ༡རྒྱུ་ལྷན་སྐྱེས་མ་རིག་པས་རང་ངོ་མ་ཤེས་ཀུན་ཏུ་བརྟགས་པའི་མ་རིག་པས་ལོག་པར་རྟོག་པ་སྣ་ཚོགས་བཞགས་པ་དང་འདྲ་བས་འཁོར་བའི་རྒྱུ་བྱས། ༢ལས་དགེ་སྡིག་བར་མ་གསུམ་དང་། རྩ་བའི་ཀུན་དཀྲིས་ཉོན་མོངས་ལྔ་སྟེ་བརྒྱད་ཀྱི་རྐྱེན་གྱིས། ༣འཁོར་ཚུལ་ཕྱིའི་རྟེན་འབྲེལ་བཅུ་གཉིས་ནི། རྒྱུ་དང་འབྲེལ་བ་དྲུག་འབྲས་བུ་དང་འབྲེལ་བ་དྲུག་གིས་ཚུལ་དུ་འཁོར། ནང་གི་རྟེན་འབྲེལ་བཅུ་གཉིས་མ་རིག་པ། འདུ་བྱེད་རྣམ་ཤེས། མིང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའི་བར་དུ་བཅུ་གཉིས་པོ་འཁོར་ལོར་ལྟ་བུས་འཁོར་བའི་གནས་སུ་བསྐྱར་རོ། །༤འབྲས་བུ་ནི་རྟེན་སྣོད་ཀྱི་འཇིག་རྟེན་དང་། བརྟེན་པ་ནང་བཅུད་སེམས་ཅན་གྱི་ལུས་ལོངས་སྤྱོད་འདོད་པ་སོགས་ཐ་དད་པའི། གནས་སྐབས་བདེ་བ་ལྟར་སྣང་ཡང་སྐད་ཅིག་གིས་འགྱུར་བའི་སྡུག་བསྔལ་གྱིས་གདུང་བས་ལུས་སེམས་ཉམ་ཐག་ཅིང་རྣམ་མཁྱེན་གྱི་ལམ་དང་བྲལ་བ། ༥དུས་འཁོར་བ་ཐོག་མ་བརྩམ་པ་མེད་པ་ནས་དུས་བཞི་མཉམ་པ་ཉིད་ལས་དུས་ཀུན་ཏུ་ཉམས་ཀྱང་། ༦ལ་བཟླ་བ། རང་བཞིན་བདེ་གཤེགས་སྙིང་པོ་ཉིད་ལས་གཞན་དུ་ཉམས་པའམ་དམན་པར་གྱུར་པ་ནམ་ཡང་མེད་པའོ། །གསུམ་པ་འཁྲུལ་ཡང་ལམ་དང་འབྲས་བུ་གཞན་ན་མེད་པར་རང་ལ་གནས་པ་ལ་གཉིས། དང་པོ་དཔེ་དང་སྦྱར་ཏེ་མདོར་བསྟན་པ་ནི། དེ་ལྟར་ཡིན་ནའང་རྒྱལ་བའི་ཕྲུག་གུ་དམངས་སུ་འཁྱམས་ཀྱང་དེ་བཞིན་རྒྱལ་པོའི་རིགས་ལ་འགྱུར་བ་མེད་པས་ན། རྒྱུ་དེས་ན་ཤུལ་ཏེ་ལམ་དང་། དོན་དེའི་འབྲས་བུའང་རང་ལས་གཞན་ན་ཡོད་པ་མིན་པའི་ཕྱིར། དཔེར་ན་ལྷ་འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་ཡོ་བྱད་ལ་ལོངས་སྤྱོད་ཚུལ་དེ་རང་ལས་གཞན་ལས་འབྱུང་བ་མིན་ཏེ། དེ་ཡང་ལམ་འབྲས་རང་ལ་གནས་ཚུལ་ལ་ཀུན་རྫོབ། དོན་དམ། དབྱེར་མེད་རྣམ་པ་གསུམ་དུ་གནས་པའི་ཚུལ་དུ་བཞག་པར་བྱ་སྟེ། གཉིས་པ་དོན་རྒྱས་པར་བཤད་པ་ལ་གསུམ། དང་པོ་ཀུན་རྫོབ་ལས་དངོས་པོའི་གནས་ལུགས་ལ་གཉིས། ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་དོན་རང་ལ་གནས་པ་དང་། འབྲས་བུ་རང་ལ་གནས་པའོ། །དང་པོ་ལ་གཉིས། ཡི་གེ་རང་ལ་གནས་པ་དང་། གླེང་གཞི་དང་རྒྱུད་དོན་རང་ལ་གནས་པའོ། །དང་པོ་ལ་གཉིས། དང་པོ་མཚོན་བྱ་དོན་གྱི་བསྟན་པར་རང་ལ་གནས་པའི་ཚུལ། འགྲོ་བ་རྒྱུད་ལྔ་སྐྱེད་པའི་ཡི་གེ་དྲུག །སྤྱི་བོར་ཨ་སུ། མགྲིན་པར་ཏྲི། སྙོང་གར་ནྲྀ། ལྟེ་བར་བྲེ། རྐང་མཐིལ་དུ་དུ་སྟེ་ས་བོན་ནོ། །དེའི་གཉེན་པོ་འབྲུ་ལྔ་སྙིང་གི་རྩ་འདབ་ལྔ་ལ། ༀ་ཨཱཿཧཱུྃ་སྭཱ་ཧཱ། ཡང་ན་སྤྱི་མགྲིན་སྙིང་ལྟེ་གསང་བ་ལ། ཡི་གེ་ལྔར་གནས་པ་ནི་སྐུ་དང་ཡེ་ཤེས་ལྔ་ཡིན་པའི་ཕྱིར་ཐབས་ཆེན་པོ་སྟེ། འགྲོ་བ་དྲུག་པོ་ཀུན་ལ་རང་བཞིན་དུ་གནས་པའོ། །གཉིས་པ་མཚོན་བྱེད་ཚིག་གི་བསྟན་པ་གནས་ཚུལ། སྤྱི་བོ་བདེ་ཆེན། མགྲིན་པ་ལོངས་སྤྱོད། སྙིང་ག་ཆོས་ཀྱི། ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་བཞི་དང་སྲོག་ཤིང་གི་ཚུལ་རོ་རྐྱང་དབུ་མ་གསུམ་གནས་པ་དེ་ན་ཀ་ལིའི་སྟེ་སྒྲ་ཡི་ཡི་གེ །ཨཱ་ལི་སྟེ་དབྱངས་ཀྱི་ཡི་གེའི་ཕྲེང་བ། སྤྱི་བོར་རྩ་འདབ་སོ་གཉིས་ཀྱི་དབུས་ན་ཧཾ་ཡིག་མགོ་ཐུར་བསྟན་ཡོད་ལ། རྩ་འདབ་ལ་ཀཱ་ལི་སོ་གཉིས་གཡོན་སྐོར། ཨཱ་ལི་ཚར་གཉིས་གཡས་སྐོར། མགྲིན་པའི་རྩ་འདབ་བཅུ་དྲུག་ན་དབུས་ཨཾ་མཐར་ཨཱ་ལི་བཅུ་དྲུག་གཡས་སྐོར། སྙིང་གའི་དབུས་ཧཱུྃ་མཐར་རྩ་འདབ་བརྒྱད་ན་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ་མ་ནིང་ཡི་གེ་བརྒྱད། ལྟེ་བའི་དབུས་ན་ཨ་ཤད་མཐར་རྩ་འདབ་རེ་བཞི་ན་སྒྲ་ཡིག་སོ་གཉིས་གཡས་སྐོར་དང་གཡོན་སྐོར་དུ་ལྡན་པའོ། །གཉིས་པ་གླེང་གཞི་དང་རྒྱུད་དོན་རང་ལ་གནས་པ་ལ་གཉིས། ཐབས་ལམ་རང་ལ་གནས་པ་དང་། རྒྱུད་དོན་ཡོང་ཤེས་རང་ལ་གནས་པའོ། །དང་པོ་ལ་གཉིས། དང་པོ་འོག་སྒོ་ཐལ་བ་ལྟར་ན། ཨེས་མཚོན་པའི་ཡུམ་གྱི་པདྨོ་སྒོ་གྲུ་གསུམ། ཁྱམས་གྲུ་བཞི། སྐྱེ་གནས་ཟླ་གམ། དབྱིངས་ཕྱུག་གི་སྣ་རྩེ་ཟླུམ་པོ་སྟེ་གནས། ཡབ་ཀྱི་རྡོ་རྗེའི་རྩེ་མོར་ཀུན་རྫོབ་ཀྱི་ཐིག་ལེ་ཝཾ་ཡིག་གི་གཟུགས་སུ་གནས་པ་བདེ་བ་གསལ་བར་སྟོན་པའི་ཕྱིར་སྟོན་པ། མ་དཱ་ན་མ་ནུ་ཞེས་པའི་སྒྲ་ལས་ཡིད་སྡོམ་བྱེད་དེ་འདུ་ཤེས་གསུམ་ལྡན་གྱི་སྡོམ་པ་ལ་ཞུགས་པས་མཚན་རྟོག་སྡོམ་པར་བྱེད་པ་གསང་བའི་རྣམ་ཤེས་ཀྱི་རེག་བདེ་ཉམས་སུ་མྱོང་བར་བྱེད་པའི་ཆ་ནས་འཁོར། པ་ར་མ་ཡཱ་ན་ལས་ཐབས་ཀྱི་ཐེག་པ་ཞེས་བདེ་ཆེན་དགའ་བ་བཅུ་དྲུག་གིས་ལྷན་སྐྱེས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ནི་ངེས་དོན་གྱི་ཐེག་པ་དེ་ཆོས། དེ་ལྟར་ཡེ་ཤེས་དེ་ཉམས་སུ་མྱོང་བའི་ཚེ་དུས་འདི་ཞེས་མཚོན་དུ་མེད་པས་དུས་ཕུན་སུམ་ཚོགས་པ་སྟེ་དེ་ཉིད་ཡུམ་གྱི་མཁའ་གསང་དུ་ལྡན་པ་དང་། གཉིས་པ་སྟེང་སྒོ་བཤད་རྒྱུད་རྒྱ་མཚོ་ལྟར་ན། སྙིང་གར་ཨེ་སོགས་ལས་བཞིའི་དབྱིབས་སུ་གནས་པ་ནི་གནས། དེའི་སྙིང་པོ་འབྱུང་བ་ལྔའི་རླུང་ལྔའི་དྭངས་མའི་སྒྲོམ་བུའི་གནས་ན་སྟོན་འཁོར་རྣམས་ཡོད་དོ། །དེ་ཡང་དབུས་ན་ཐིག་ལེ་ཝཾ་ཡིག་གི་གཟུགས་སུ་ཡོད་པ་ནི་སྟོན་པ། མ་ནུའི་སྒྲ་ལས་དྲངས་ན་ཡེད་དེ། ཀུན་གཞི། ཡིད། ཉོན་ཡིད། སྒོ་ལྔའི་རྣམ་ཤེས་རྣམས་རྩ་འདབ་བཞིར་གནས་བ་འཁོར། ཡཱ་བར་མ་ཐ་ཡ་ནའི་སྒྲ་ལས་དྲངས་ན་སྟེང་སྒོའི་ལམ་ཉམས་སུ་བླངས་པ་ལས་ཡེ་ཤེས་ནམ་མཁའི་གཟུགས་ཅན་མངོན་དུ་སྐྱེས་པ་ནི་ངེས་པ་དོན་གྱི་ཆོས། དེའི་ཚེ་སྐྱེ་འགག་གནས་གསུམ་གྱི་མཚན་མ་དང་བྲལ་བ་བསམ་གྱིས་མི་ཁྱབ་པའི་དུས་ཕུན་སུམ་ཚོགས་པའོ། །གླེང་གཞིའི་ངེས་ཚིག ། དེ་ལྟ་བུའི་ཕུན་སུམ་ཚོགས་པ་ལྔ་འཛོམ་པའི་དུས་དེ་ཡིས་ཏནྟྲ་སྟེ་རྒྱུད་ཀྱི་དོན་འབྱིན་པར་བྱེད་པས་ན་གླེང་གཞིའོ། །གཉིས་པ་རྒྱུད་དོན་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ངང་ལ་གནས་པ་ལ་གཉིས། གྲོལ་ལམ་དང་། ཐབས་ལམ་མོ། །དང་པོ་ལ་གཉིས། དང་པོ་གཙོ་བོ་རང་ལ་གནས་པ་ནི། དེ་ལྟ་བུའི་རྒྱུད་དོན་དེ་ནི། སྙིང་ག་ཆོས་ཀྱི་འཁོར་ལོ་ན་གནས་ཏེ། མདུན་དུ་ཆོས་ཉིད་ཀྱི་རྩ་གསུམ་དཀར་པོ་ཟླུམ་པོའི་ནང་དུ་ཐིག་ལེ་མི་རྟོག་པའི་ཚུལ་དུ་གནས་པ་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་དང་། གཡས་སུ་ཡེ་ཤེས་ཀྱི་རྩ་གཅིག་སེར་པོ་གྲུ་བཞིའི་ནང་དུ་ཐིག་ལེ་མ་འགགས་པར་གནས་པ་སྙིང་རྗེ་སྒྱུ་མ། གཡོན་པ་ཡོན་ཏན་གྱི་རྩ་གཅིག་མདོག་དམར་པོ་དབྱིབས་ཟླ་གམ་དུ་ཐིག་ལེ་ཁྱབ་པར་གནས་པ་ཕྱག་རྒྱ་གཅིག་པ། རྒྱབ་ན་རྩ་གསུམ་གཉིད་རྨུགས་ཀྱི་ལས་བྱེད་པ་ནི་རང་རྒྱུད་པའི་རྩ་ཞེས་དབྱིབས་གྲུ་གསུམ་དམར་ནག་གི་རྣམ་པར་ཐིག་ལེ་སྣ་ཚོགས་པའི་ཚུལ་དུ་གནས་པ་ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་ཏེ། དེ་ལྟར་རྩ་འདབ་བརྒྱད་པོ་ཉིད་ཀྱི་དངོས་པོ་ནི། རྣལ་འབྱོར་བཞིའི་ལམ་རིམ་པར་རང་བཞིན་གྱིས་གྲུབ་པས་རྟོགས་ཤིང་གོམས་པའི་སྦྱོར་བས་མངོན་སུམ་དུ་འཆར་བ་ལྡན་པའོ། །གཉིས་པ་ཆ་རྐྱེན་རྣམས་རང་ལ་གནས་པར་བསྟན་པ་ལ་ཕྲིན་ལས་བཞི་ནང་ལྟར་སྙིང་ག་ཆོས་ཀྱི་འཁོར་ལོར་གནས་ཚུལ་ནི། སྟེང་སྒོ་ལྟར་ན་སྔར་སྨོས་པའི་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་རིགས་བཞི་ཐེག་ལེའི་སྣོད་ནི་རྩ་བཞི་སྟེ་རྩ་དེ་རྣམས་ཀྱི་གཡས་ཆོས་ཉིད་ཀྱི་རྩ་འོད་དཀར་པོ། དབྱིབས་ཟླུམ་པོ། མདུན་ཡེ་ཤེས་རྩ་འོད་སེར་པོ་དབྱིབས་གྲུ་བཞི། གཡོན་ཡོན་ཏན་རྩ་འོད་དམར་པོ་དབྱིབས་ཟླ་གམ། རྒྱ བ་རང་རྒྱུད་རྩ་འོད་དམར་ནག་དབྱིབས་གྲུ་གསུམ་དུ་གནས་པ་དེ་ཕྲིན་ལས་བཞི་སྟེ་གནས་པའོ། །བསྙེན་སྒྲུབ་རང་ལ་གནས་ཚུལ། ཆོས་ཉིད་ཀྱི་རྩའི་ཐིག་ལེ་དེ་བཞིན་ཉིད་ཀྱི་ངོ་བོ་སྟེ་བསྙེན་པ། ཡེ་ཤེས་ཀྱི་རྩའི་ཐིག་ལེ་ཀུན་སྣང་གི་ངོ་བོ་ཉེ་བསྙེན། ཡོན་ཏན་གྱི་རྩའི་ཐིག་ལེ་ཕྱག་རྒྱ་གཅིག་པའི་ངོ་བོ་སྟེ་སྒྲུབ་པ། རང་རྒྱུད་ཀྱི་རྩའི་ཐིག་ལེ་ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་གྱི་ངོ་བོ་སྒྲུབ་པ་ཆེན་པོ་སྟེ། དེ་ལྟ་རང་བཞིན་གྱིས་ལྡན་པའོ། །དེ་ཡང་ཇི་ལྟར་རྫོགས་པའི་ཚུལ། རྩ་འདབ་ཐིག་ལེས་གང་བ་བསྙེན་པ། དེ་ལས་བདེ་པ་འབྱུང་བ་ཉེ་བསྙེན། དེ་ལྟར་ངོས་ཟིན་ནས་ཉམས་སུ་བླང་བསྒྲུབ་པ། བདེ་བ་རྒྱས་པ་དེ་མངོན་སུམ་ཉམས་སུ་མྱོང་བ་སྒྲུབ་པ་ཆེན་པོའོ། །དཀྱིལ་འཁོར་རང་ལ་གནས་ཚུལ། སྙིང་གའི་རྩ་འདབ་བཞིའམ་དེ་ལ་ཕྱེ་ན། དེ་ལས་གྱེས་པའི་ཆོས་ཉིད་ཀྱི་རྩ་དང་། ཡོན་ཏན་གྱི་རྩལ་གསུམ་གསུམ་སྟེ་དྲུག །ཡེ་ཤེས་དང་རང་རྒྱུད་ཀྱི་རྩ་ལ་མི་ཕྱེ་བས་གཉིས་ཏེ་འདབ་མ་བརྒྱད་དང་ལྡན་པའི་ཤི་ར་ན་སྟེ་རྩའི་མཎྜལ་ཏེ་བདེ་ཆེན་ཡེ་ཤེས་ཀྱི་སྙིང་པོ་འཛིན་པར་བྱེད་པས་ན་དཀྱིལ་འཁོར་རོ། །སྦྱིན་སྲེག་ནི་སུམ་མདོར་རྃ། སྒྲོམ་མདོར་ཡཾ། དེས་བསྐྱོད་པས་མེ་འབར། གཡས་ཀྱི་རྩ་རོ་མ་ནི་དགང་གཟར། གཡོན་རྐྱང་མ་ནི་བླུགས་གཟར། དབུས་ཨ་ཝ་དྷཱུ་ཏི་ནི་མེ་ལྷ། ཡེ་ཤེས་སྙིང་པོ་ནི་སྲེག་ལྷ། ཉོན་མོངས་ལ་སོགས་པའི་རྣམ་རྟོག་ཚོགས་ནི་བསྲེག་རྫས་ཏེ། དེ་ལྟར་སྦྱིན་སྲེག་ཀྱང་ཡེ་ནས་རང་ལ་གནས་ཤིང་ལྡན་པའོ། །ལས་བཞི་ནང་ལྟར་འཁོར་ལོ་བཞི་ལ་གནས་ཚུལ། གཞང་ཁ་རླུང་ཟླ་གམ། ལྟེ་བ་ཆུ་ཟླུམ་པོ། སྙིང་ཁ་ས་གྲུ་བཞི། ལྐོག་མ་མེ་གྲུ་གསུམ་མམ། ཡང་ན་ལྟེ་བ་ས། སྙིང་ཀ་ཆུ། མགྲིན་པ་མེ། སྤྱི་བོ་རླུང་སྟེ་དེ་ལྟར་གནས་བཞིར་འབྱུང་བ་བཞི་གནས་པའང་ཕྲིན་ལས་རྣམ་པ་བཞི་གནས་པ་སྟེ། ལས་བཞི་གསང་བ་འོག་སྒོ་ལྟར་ན། ཡུམ་གྱི་གསང་བའི་མཁའ་ལ་སྒོ་གྲུ་གསུམ་སོགས་ལས་བཞིའི་དབྱིབས་སུ་རང་བཞིན་གྱི་ལྡན་པའང་ཕྲིན་ལས་རྣམ་པ་བཞིའོ། །དབང་རང་ལ་གནས་ཚུལ། གནས་པ་རྟེན་རྩ་དང་བརྟེན་པ་ཐིག་ལེ་དག་ལ། ཕྱི་ཕན་པའི་དབང་བཅུ། ནང་ནུས་པ་འཇུག་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་སྟེ་དབང་རྣམས་རང་བཞིན་གྱིས་ལྡན་པའོ། །དེའང་ཞིབ་ཏུ་དབྱེ་ན། དང་པོ་ནི་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་གནས་པ་དབུ་རྒྱན། རྩ་རོ་རྐྱང་གཡས་གཡོན་དར་དཔྱངས་ཀྱི་ཚུལ་དུ་གནས་པ་ཅོད་པན། འཁོར་ལོ་བཞིར་ཐབས་ཤེས་ཀྱི་ཡི་གེ་ཕྲེང་བའི་ཚུལ་དུ་སྤེལ་བར་གནས་པ་ཕྲེང་བ། སྤྱི་བོའི་ཧཾ་ལས་ལུས་མགོ་མཇུག་ཁྱབ་པའི་རྩའི་དྲྭ་བས་འབྲེལ་བ་གོ་ཆ། རྣམ་ཤེས་དང་དབང་པོ་མི་སྒྲིབ་བར་རང་གསལ་བརྒྱལ་མཚན། རྟོག་ཚོགས་ལྷའི་དཀྱིལ་འཁོར་དུ་གནས་པ་ཕྱག་རྒྱ། ཀླད་པ་བདེ་ཆེན་གྱི་འཁོར་ལོའི་འདབ་མ་ཧཾ་ཡིག་ལ་གདུགས་རྩིབས་ཀྱི་ཚུལ་དུ་བརྟེན་པ་གདུགས། རྩ་གནས་འཁོར་ལོ་བཞི་ཐིག་ལེས་གང་བ་བུམ་པ། དམ་ཚིག་ལྔ་རང་བཞིན་གྱིས་གནས་ཤིང་བཟའ་བཏུང་ལ་ལོངས་སྤྱོད་པ་བཟའ་བཏུང་ཡིག་འབྲུ་ལྔ་རང་བཞིན་གྱིས་གནས་པ་སྙིང་པོའི་དབང་ངོ་། །གཉིས་པ་ནི། རྣ་བའི་རྩའི་འདོམ་རྩ་ན་སྒྲ་ཐོས་པ་ཐིག་ལེའི་ཚུལ་དུ་ཡོད་པ་ཉན་པའི། མགྲིན་པ་དང་ལྕེ་ལས་སྒྲ་འབྱུང་བ་ཐིག་ལེ་དབྱངས་ཡིག་དང་ༀ་གནས་པ་འཆད་པའི། ཨ་བ་དྷུ་ཏི་དང་། སྲོག་གི་མི་ཤིགས་པའི་ཐིག་ལེ་རྣམ་པར་མི་རྟོག་པ་བསྒོམ་པའི། སྙིང་གི་རྩ་འདབ་བཞིར་ལས་བཞི་ལྷུན་གྲུབ་ཏུ་གནས་ཤིང་ཡན་ལག་བཞིས་བྱ་བ་བྱེད་པ་ཕྲིན་ལས་ཀྱི། རྩ་དང་ཐིག་ལེའི་བྱ་བ་ཐམས་ཅད་བྱེད་ཅིང་། ཡན་ལག་ལྔ་རིགས་ལྔ་དང་ཆོས་ཀུན་རང་ལ་རྫོགས་པས་རྡོ་རྗེ་རྒྱལ་པོ་བཀའ་རབས་འབྱམས་ཀྱི་དབང་རང་ལ་གནས་པའོ། །གསུམ་པ་ནི། རྩ་འདབ་ཐམས་ཅད་ཀུན་བྱང་ཆུབ་སེམས་ཀྱིས་གང་བ་གསང་བའི། དེ་ལས་བདེ་བ་ཆེན་པོ་སྐྱེ་བས་ཤེས་རབ་ཡེ་ཤེས་ཀྱི། དེ་ཉིད་བདེ་སྟོང་ཟུང་དུ་འཇུག་པ་བཞི་པའི་དབང་ངོ་། །མཆོད་པ་རང་ལ་གནས་པ། གསང་བའི་མཆོད་པ་ཐབས་ཤེས་སྙོམས་པར་འཇུག་པའི་དགའ་བས་དྲངས་པའི་རང་བཞིན་གསང་བའི་ལྷ་མོ་བཅུ་གཉིས་སུ་ཤར་བའི་ཚུལ། འགུགས་པ་ལྕགས་ཀྱུ་མ། འཛིན་པ་ཞགས་པ་མ། སྡོམ་པ་ལྕགས་སྒྲོག་མ། བསྐྱོད་པ་དྲིལ་བུ་མ། རྩ་གནས་ན་ཐིག་ལེ་ཆས་ཀྱིས་སྒེག་པ་ལ་སྱཱ། ཐིག་ལེ་རྒྱུན་མི་ཆད་པ་ཐུགས་ཕྲེང་བ་མཱ་ལྱ། ཨ་ཧཾ་གྱི་སྒྲ་གྲགས་པ་གིརྟི། ཕྱག་རྒྱ་བསྐྱོད་པ་ནཱིརྟི། བདེ་བས་རྒྱུད་ཚིམ་པ་དྷུ་པེ། བདེ་བ་འཐོར་བ་པུཥྦེ། བདེ་བ་གསལ་བར་བྱེད་པ་མར་མེ། བསལ་དྲོད་སྙོམ་པ་གནྡྷེ་མའོ། །ཁ་ཅིག་གིས་གསང་བ་ཡབ་ཡུམ་གྱི་མཆོད་པ་དུག་གསུམ་ནང་གི་མཆོད་པའང་ཟེར། འདོད་ཡོན་དབང་པོ་དྲུག་གིས་ཉམས་སུ་མྱོང་བའི་གཟུགས་སྒྲ་དྲི་རོ་རེག་བྱ་དང་། དམ་རྫས་མཆོད་པ་རང་ལ་ལྡན་པ་ནི། ལྟེ་བའི་རྩ་བ་ན་ཤ་ཆེན། ལོང་ཁའི་རྩ་བ་ན་དྲི་ཆེན། དྷུ་ཏི་ན་བྱང་སེམས། རྐྱང་མ་ན་དྲི་ཆུ། རོ་མ་ན་ར་ཀྟ་སྟེ་ལྔ་པོ་རང་བཞིའི་གྱིས་ལྡན་པའི་མཆོད་པ་སྟེ། དམ་ཚིག་རང་ལ་གནས་པ་ནི། གོང་དུ་བསྟན་པ་དེ་དག་རང་ལ་གནས་པ་དེ་ལས་མི་འདའ་བར་ལུས་ངག་ཡིད་གསུམ་གྱི་རང་བཞིན་གཟོད་མ་ནས་ལྡན་པར་གནས་པའི་ཕྱིར་ས་མ་ཡ་སྟེ་དམ་ཚིག་གོ། །སྤྱོད་པ་རང་ལ་གནས་པ། སྒོ་གསུམ་གྱི་རང་བཞིན་ཕྱི་ལྟར་ན་ལུས་ངག་ཡིད་གསུམ་དངོས་དང་། ནང་ལྟར་ན་རྩ་རླུང་ཐིག་ལེ། གསང་བ་ཡུམ་གྱི་པདྨ་དང་ཡབ་ཀྱི་རྡོ་རྗེ་སྦྱོར་བ་ཡི་གསང་བའི་རྣམ་ཤེས་སམ། ཡང་ན་ཕྱི་ལུས། ནང་ངག །གསང་བ་ཡིད་ཀྱི་འདུ་བྱེད་ཀྱི་སྤྱོད་ཡུལ་ཐམས་ཅད་རྒྱལ་བའི་མཛད་པ་ཉག་གཅིག་ཏུ་ཤར་བས་རང་བཞིན་ངང་གིས་གནས་པའོ། །གཉིས་པ་ཐབས་ལམ་རང་ལ་གནས་ཚུལ། གཞན་ལུས་ལ་བརྟེན་པའི་འདོད་ཆགས་རང་ག་མར་སྤྱད་པས་ཁམས་གསུམ་འཁོར་བ་འགྲུབ་པར་བྱེད། གཅིག་ཤོས་ཏེ་ཐབས་ཀྱིས་ཟིན་པས་ནི་བདེ་སྟོང་ཟུང་འཇུག་གི་རང་བཞིན་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་འགྲུབ་པའི་ཉེ་རྒྱུ་བྱེད་པའི་ཕྱིར་ཐབས་ལམ་གཞིའང་རང་ལ་གནས་པའོ། །གཉིས་པ་འབྲས་བུ་རང་ལ་གནས་པ་ལ་གཉིས། དང་པོ་རྟོག་ཚོགས་ལྷའི་དཀྱིལ་འཁོར་ཡིན་པར་ཁས་བླང་བ་ནི། ཆོས་ཀུན་ངོ་བོ་འདུས་མ་བྱས་པའི་ཡེ་ཤེས་དང་མི་ཕྱེད་པར་གནས་པའི་ཕྱིར་རྡོ་རྗེ་ཕུང་པོ་ལྔ་དང་དེའི་ཡན་ལག་འབྱུང་བ་ལྔ་པོ་ཀུན་རྫོགས་པའི་སངས་རྒྱས་རིགས་ལྔ་ཡབ་ཡུམ་བཅུར་གྲགས་པ་སོགས། རྟོག་ཚོགས་ཞེ་གཉིས་ལྷར་གྱུར་ཚུལ་རྒྱུད་ཀྱི་རྡོ་རྗེའི་གནས་ལས་གསལ་བ་ལྟར། དེ་ཙམ་མ་ཟད་དངོས་པོར་སྣང་བ་འདི་ཀུན་ཕྱི་བཟུང་བའི་ཡུལ་ལ་ཆགས་པ་རྣམས་རྡོ་རྗེ་བཙུན་མོ་དང་། ནང་འཛིན་པའི་སེམས་ལ་ཆགས་པ་རྣམས་རྡོ་རྗེ་སེམ་དཔའི་ཚུལ་གྱི་འབྲས་བུ་གྲུབ་པ་སྟེ། དེ་ལ་བསྒོམ་པའི་བྱེད་ལས་དང་། རང་གི་ངོ་བོས་ཀྱང་འབྲས་བུར་གཟོད་ནས་གནས་པའོ། །གཉིས་པ་དཔེའི་སྒོ་ནས་གཏན་ཚིགས་རྒྱས་པར་བཤད་པ་ནི། ཀུན་རྫོབ་ཀྱི་མཚན་ཉིད་དཔེར་ན་ཆུ་ཟླ་སྒྱུ་མ་སྤྲུལ་པ་བཞིན། དཔེ་གསུམ་པོས་འདིར་ལྟར་ཕུང་པོ་ལྔ་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་རྣམས་རྒྱུ་རྐྱེན་གྱིས་རང་རྒྱུད་པར་གྲུབ་པ་མེད་ཀྱང་རྟེན་འབྲེལ་རྣམས་འདུས་ནས་སྒྱུ་མ་ལྟ་བུར་འགྲུབ་པ་ནི་ལོག་རྟོག་སྒྱུ་མ། ཡུལ་དམ་ཚིག །བྱེད་པ་ལས། གསལ་བ་ཆོས། སྟོང་པ་ཕྱག་རྒྱ་ཆེན་པོ་གཞི་ཡེ་ནས་རྫོགས་པས་ལྷའི་དཀྱིལ་འཁོར་གྱི་ཕྱག་རྒྱ་མ་འདྲེས་ཤིང་ཆུ་ཟླ་ལྟར་གསལ་བ་ཕྱག་རྒྱ་སྒྱུ་མ། དེ་ཡང་གདུལ་བྱའི་མོས་པ་དང་མཐུན་པར་ཅིར་ཡང་འཆར་བས་སྣ་ཚོགས་སུ་འགྱུར་ཞིང། བསམ་པ་ལྟར་སྣང་བས་ཅིར་ཡང་འགྲུབ་ཀྱང་འགྲོ་འོང་མ་དམིགས་པ་སྤྲུལ་པ་ལྟ་བུ་ནི་རིག་པ་སྒྱུ་མའོ། །ཕུང་ཁམས་སྐྱེ་མཆེད་རྣམས། ཆུ་ཟླ། སྒྱུ་མ། སྤྲུལ་པ་བཞིན་དུ་སྣང་ལ་རང་བཞིན་མེད་པ་ལྷའི་དཀྱིལ་འཁོར་དུ་ཡེ་ནས་གནས་པའོ། །གཉིས་པ་ལྷག་པ་དོན་དམ་གྱི་ཡེ་ཤེས་རང་ལ་གནས་ཚུལ་ལ་དྲུག་སྟེ། དང་པོ་ལྷག་པའི་དོན་དམ་ལ་ཆོས་ཀུན་མ་འདྲེས་ཡོངས་སུ་རྫོགས་པར་བསྟན་པ་ནི། ཀུན་རྫོབ་དོན་དམ་དབྱེར་མེད་གསུམ་དུ་བསྟན་པའི་བར་མ་དོན་དམ་པའི་དབང་དུ་བྱས་ན། བགྲོད་བྱའི་ཆོས་ལམ་དང་། གྲུབ་པ་འབྲས་བུ་རྣམས་རང་ལ་གནས་པར་ཐལ། གང་ཡང་རིགས་རྒྱུད་དང་སོ་སོའི་ཕྱོགས་སུ་རྟག་པར་གྲུབ་པ་མིན་པས་ན། ཆོས་ཀུན་རང་གི། སེམས་སུ་འདུས་པའི་ཕྱིར་རོ། །ཤེས་བྱའི་ཆོས་ཀུན་ཀྱང་དེ་དང་དེ་བཞིན་དང་མཚུངས་ཏེ། འདོད་ཁམས་སུ་ཕོ་མོ་གཉིས་ཀྱི་གཟུགས་གཉིས་དང་མ་ནིང་མཚན་མ་སྟེ་གསུམ། གཟུགས་ཁམས་རགས་པའི་ལུས་རྟེན་ཡོད་པ་དང་། ཁམས་གོང་མར་མེད་པ་སྟེ། དེ་ལྟ་བུའི་སྲིད་པ་གསུམ་གྱི་གནས་མཐོ་དམན་དང་སོ་སོའི་ནང་ཚན་གྱི་རིས་དང་། སྡེ་ཚན་གྱི་ཆ་ཤས་རྡུལ་ཙམ་ཡང་ཡོད་པ་མིན་ཏེ་ཡུལ་མེད་རང་གསལ་ཉག་གཅིག་གི་ངང་དུ་རྫོགས་པ་སྟེ། གཉིས་པ་ལྷག་པ་དོན་དམ་དཀོར་བདུན་ཀྱི་ངོ་བོ་ཆོས་སྐུ་ཉིད་ཀྱི་རྒྱུ་དཔེ་བསྟན་པ་ནི། ཆོས་ཀུན་ངོ་བོ་གཉིས་སུ་མེད་པ་ཡུལ་ཅན་དང་བྲལ་བཞིན་རང་བཞིན་འགག་མེད་དེ་དང་ལྡན་པའི་དོན་དམ་མཆོག་དེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡི་འབྲས་བུའི་དོན་དམ་པ་དང་། རང་བཞིན་ཡེ་ཤེས་དོན་དམ་པ་དང་། ངོ་བོ་ཉིད་དབྱིངས་དོན་དམ་པ་སྟེ། རྒྱས་པར་དབྱེ་ན་བདུན་དང་བསྡུ་ན་དབྱིངས་ཡེ་འབྲས་བུའི་དོན་དམ་པ་གསུམ་ལ་འཁོར་འདས་ཀྱི་ཆོས་ཀུན་རྫོགས་པའི་ཕྱིར་ལྷག་པའི་དོན་དམ་པ་ཡིན་ལ། དཔེར་ན་དཔག་བསམ་ཤིང་དང་ཡིད་བཞིན་རིན་ཆེན་ལས་དགོས་འདོད་འབྱུང་བ་ལྟར། བདུན་ནམ་གསུམ་པོ་དེ་ཀུན་ངོ་བོ་ཉིད་ཀྱི་རྒྱུར་གནས་པའོ། །གསུམ་པ་ལྷག་པའི་དོན་དམ་དེ་ཉིད་ཆོས་སྐུར་བསྟན་པ་ནི། འཇིག་རྟེན་གྱི་ཁམས་བརྟན་ཕྱི་སྣོད། ནང་བརྟེན་པ་གཡོ་བ་བཅུད་ཀྱི་སེམས་ཅན་ལ་སོགས་པ་ཐམས་ཅད་རང་བྱུང་ཡེ་ཤེས་ལས་རང་སྣང་བ་ཙམ་ཉིད་ན་ངོ་བོ་དངོས་པོར་གྲུབ་པ་མེད་པ། དེ་ཉིད་ལྷག་པའི་ཆོས་སྐུ་ཆེན་པོ་ཡིན་ཏེ། དེ་ཡང་རང་བཞིན་ནམ་ངང་གིས་དེ་ལྟར་དུ་གནས་པ་ལས། བཅོས་མ་གློ་བུར་བའི་འདུ་བྱེད་པ་ལས་གྱུར་པ་མ་ཡིན། བཞི་པ་ལྷག་པའི་དོན་དམ་པ་དེ་ལས་ལམ་དང་འབྲས་བུ་གཞན་ན་མེད་པར་བསྟན་པ་ནི། དོན་དེ་ལས་གཞན་པའི་འབྲས་བུ་ཐོབ་བྱ་མེད་པས་ན། ཆོས་ཀུན་ཀྱང་འབྲས་བུའི་ངོ་བོར་གདོད་ནས་སྨིན་ཟིན་པས་ལམ་གྱིས་བགྲོད་པར་བྱ་བའི་ཡུལ་མེད་དོ། །འབྲས་བུ་ལམ་དུ་བྱེད་པ་དེ་ཉིད་ལམ་གྱིའང་ངོ་བོ་སྟེ། དེ་ལ་འཇུག་པར་བྱེད་པའི་གཞི་གནས་ཤིང་གོམས་པར་བྱེད་པ་ལམ། རང་བཞིན་ཁམས་ཀྱི་ཡོན་ཏན་མངོན་སུམ་དུ་མཐར་འབྱིན་པས་གཞི་ལམ་འབྲས་བུ་གསུམ་ལྡོག་ཆས་སྒྲོ་བཏགས་ཏེ་ཕྱེ་བ་ཡིན། ལྔ་པ་ལྷག་པ་དོན་དམ་དེ་ཉིད་ཆོས་ཀུན་གྱི་རང་བཞིན་དང་རྒྱུ་ཡིན་པར་བསྟན་པ་ལ། སྤྱི་བྱེར་གཉིས་ལས། སྤྱིར་བསྟན་པ་ནི། འཇིག་རྟེན་དྲུག་གིས་བསྡུས་པའི་ཕྱོགས་བཅུ་མ་ལུས་པ་ཐམས་ཅད་ལ། རང་བྱུང་གི་ཡེ་ཤེས་ཆེན་པོས་ཏིལ་དང་ཏིལ་མར་བཞིན་ཀུན་ཏུ་ཁྱབ་པར་གནས་ཏེ། རང་བྱུང་གི་ཡེ་ཤེས་དེ་ཉིད་དངོས་པོ་དང་མཚན་མར་གྲུབ་པ་མེད་པར། ཕྱོགས་མེད་ཀུན་ཏུ་སྣང་བས་ཀུན་གྱི་ཆོས་རྣམས་ལ་རྒྱས་འདེབས་པའི་ཕྱག་རྒྱའི་རྒྱ་ལས་མི་འདའ་བ་དང་རྒྱུ་ཡི་ཚུལ་དུ་གནས་པ་ཡིན་པའི་ཕྱིར་རོ། །དེས་ན་ཆོས་ཐམས་ཅད་དེ་ལྟ་བུ་ཡི་ངང་དུ་གནས་ཤིང་འབྱུང་པར་ངེས་སོ། །བྱེ་བྲག་ཏུ་བསྟན་པ་ནི། ཇི་ལྟར་གནས་པའི་དེ་བཞིན་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས། རང་བཞིན་འོད་གསལ་བའི་ཡེ་ཤེས་ཏེ། དེ་ཉིད་མ་འགགས་པར་ཐབས་ཀྱི་ཕྱག་རྒྱ་སྣ་ཚོགས་སུ་སྣང་བས་འཁོར་འདས་ཀུན་གྱི་ངོ་བོ་ཉིད་ཀྱི་རྒྱུའོ། །དྲུག་པ་རྒྱུ་ཡི་མིང་གི་རྣམ་གྲངས། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་གཉིས་རྐྱེན་བཞི་ལ་སོགས་པ། དོན་དམ་དེ་ལ་མིང་གི་རྣམ་གྲངས་སུ་མཚན་མར་གྲུབ་པ་མེད་པའི་ངོ་བོ་ཉིད་ཀྱི་རྒྱུ་ཉིད་དང་འཁོར་འདས་ཀྱི་ཆོས་ཀུན་མ་འདྲེས་པ། ཟད་པར་གནས་པ་ཡོངས་སུ་རྫོགས་པ་ཞེས་ཀྱང་བརྗོད་དོ། །ཀྱང་གི་སྒྲས་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས། སྟོང་པ་ཉིད་སོགས་མཐའ་ཀླས་པ་དག་སྡུད་པའོ། །གསུམ་པ་བདེན་པ་དབྱེར་མེད་ཀྱི་ཡེ་ཤེས་རང་ལ་གནས་པའི་ཚུལ་བསྟན་པ་ལ་བཞི་སྟེ། གཞི་འཁོར་འདས་ཆོས་ཀུན་བདེན་པ་དབྱེར་མེད་དུ་གཅིག་པའི་དཔེ་དོན་དང་། བདེན་པ་དབྱེར་མེད་དུ་བརྗོད་པའི་དགོས་ཆེད་དང་། བདེན་པ་གཉིས་མེད་ཡེ་ཤེས་སུ་རང་སྣང་དུ་བསྟན་པ་དང་། ལམ་དང་འབྲས་བུ འང་བདེན་པ་གཉིས་མེད་ལས་གཞན་དུ་མེད་པར་བསྟན་པའོ། །དང་པོ་ནི་བདེན་པ་གཉིས་ཀྱི་དོན་གོང་དུ་སོང་ནས། གསུམ་པ་བདེན་པ་དབྱེར་མེད་བསྟན་པ་ལ། བདེན་པ་དེ་གཉིས་པོ་ཐ་དད་པའི་དངོས་པོར་ཞེན་པ་ཡི་བློས། ཀུན་རྫོབ་འཁོར་བ་དང་། དོན་དམ་མྱ་ངན་ལས་འདས་པ་དང་ཕུང་པོ་ཁམས་སོགས་འཁོར་བའི་ཆོས་ཞེས་ཐ་དད་ཡོད་པ་མ་ཡིན། ཅིའི་ཕྱིར་ཞེ་ན། ཡེ་གདོད་མ་ནས་འཁོར་འདས་ཞེས་རིགས་རྒྱུད་སོ་སོར་གྲུབ་པའི་རྟག་པ་ཞིག་མིན་པས་སོ། །བྱེ་བྲག་གནས་རིགས་སོ་སོའི་གཟུགས་སྒྲ་དྲི་རོ་རེག་བྱ་དང་ཆོས་ཀྱི་བྱེ་བྲག་ཐ་སྙད་དུ་བཏགས་པ་ཀུན། ཀུན་རྫོབ་ཙམ་དུ་འཇའ་ཚོན་སྣང་བ་ལྟར་ཤར་ཡང་། དོན་དམ་ནམ་མཁའ་ལྟར་ཁ་དོག་ལྔ་སོ་སོར་མ་འདྲེས་པར་སྣང་ཡང་ནམ་མཁར་གཅིག་པའི་ཕྱིར། དེ་ལྟར་མ་འདྲེས་པར་སྣང་བ་དེ་ཡང་རང་བྱུང་ཡེ་ཤེས་འདུས་མ་བྱས་ཉིད་ཀུན་རྫོབ་འདུས་བྱས་སུ་སྣང་བ་ལ་འདུས་བྱས་སུ་སྣང་བའི་དུས་ནའང་འདུས་མ་བྱས་དང་ངོ་བོ་དབྱེར་མི་ཕྱེད་པས་ན་རྡོ་རྗེ་ཉིད་དོ། །གཉིས་པ་ནི། རང་བཞིན་བདེན་པ་དབྱེར་མེད་ཀྱི་དོན་དེ་རྒྱལ་འགྲོས་ཞེས་རྒྱལ་བ་སངས་རྒྱས་སྒམ་པོས་མ་མཛད། འཁོར་བ་འགྲོ་བ་སེམས་ཅན་གྱི་ཤེས་པ་སྒྲིན་པོས་མ་བཅོས་པར། རང་བཞིན་ངང་གིས་བདེན་པ་དབྱེར་མེད་པར་གནས་པ་དེའང་། དེ་ལྟར་གཉིས་མེད་མིན་པར་ཐ་དད་དུ་འཛིན་པའི་ཞེན་པ་རྣམས་ཀྱི་བློ་རྒྱུད་དགྲོལ་བའི་ཕྱིར་དུ་བདེན་པ་དབྱེར་མེད་དུ་བསྟན་པ་ཙམ་ལས། ཐ་སྙད་ཀྱི་ཚིག་དང་བདེན་གཉིས་དབྱེར་མེད་པར་འཛིན་པའི་བསམ་བརྗོད་ལས་རིང་དུ་འདས་པ་སྟེ། གསུམ་པ་ལ་གསུམ་སྟེ། དང་པོ་ཡུལ་ཤེས་གཉིས་མེད་རང་སྣང་དུ་བསྟན་པ་ནི། ཡུལ་སེམས་སོ་སོར་སྣང་བ་འདི་ཅི་ཞིག་ཅེན། ཡུལ་དང་ཤེས་པར་སྣང་བ་དེ་ཡང་རྒྱུ་རྐྱེན་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་དེ་རང་སྣང་བར་ཟད་དོ། །གཉིས་པ་རྒྱུ་འབྲས་གཉིས་མེད་དུ་བསྟན་པ་ནི། རྒྱུ་སེམས་ཅན་ལས་འབྲས་བུ་སངས་རྒྱས་འབྱུང་བ་ལྟར་སྣང་ཡང་དོན་དུ་གཉིས་སུ་གྲུབ་པ་མེད་དེ། གསུམ་པ་ཕྱི་ནང་སྣོད་བཅུད་གཉིས་མེད་དུ་བསྟན་པ་ནི། ཕྱི་སྣོད་དང་ནང་བཅུད་ལ་སོགས་གསལ་བའང་ནང་ཤེས་པ་ཉིད་ཅེས་དོན་དམ་བདེན་པ་དབྱེར་མེད་ཀྱི་ངང་དུ་རྫོགས་པའོ། །བཞི་པ་ནི། ཆོས་ཀུན་ཡེ་ཤེས་རང་ལ་གནས་བར་བསྟན་པ་དེ་ལྟར་ཆོས་ཀུན་ཡེ་ཤེས་རང་ལ་གནས་པ་དེ་ལྟ་བུ་བདེན་གཉིས་དབྱེར་མེད་ཀྱི་གནས་ཚུལ་ཇི་ལྟ་བ་བཞིན་ཡིན་ཏེ། ལམ་དང་འབྲས་བུ་ཀུན་གྱི་དངོས་གཞི་ཡིན་པས། འབྲེལ་པ་ངོ་བོ་བདག་གཅིག་གི་ཕྱིར་འབྲས་བུ་འཐོབ་བྱེད་ཐབས་ཆེན་པོས། སྤོང་བ་དང་། འགོག་པ། སྦྱོང་བ། སྒྱུར་བ་སོགས་ལས་ཁྱད་པར་འཕགས་པ་མ་ཧཱ་ཡོ་གའི་ལྟ་བ་དག་མཉམ་ཆེན་པོ་ཉམས་སུ་བླངས་པས། གཞི་འབྲས་དབྱེར་མེད་པའི་གོ་འཕང་མངོན་སུམ་དུ་བྱེད་དེ། དེ་ཡང་གཞན་ནས་ཐོབ་བ་མ་ཡིན་ཏེ། རང་གི་ངོ་བོ་ཉིད་ལས་འབྱུང་བར་ཟད་དོ། །གསུམ་པ་ལེའུའི་མཚན་ནི། ཀུན་རྫོབ་དོན་དམ་དབྱེར་མེད་པ་ལྷག་པའི་ཡེ་ཤེས་ཆེན་པོ་རང་རྒྱུད་ལ་ལྷུན་གྲུབ་ཏུ་བཞུགས་པའི་གནས་ལུགས་གསལ་བར་བྱེད་པའི་གཞུང་གི་ཚིག་དོན་རྣམས་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་ཞེས་བྱ་བ་སྟེ་ཡས་བགྲངས་བའི་དང་པོའི་དོན་དུ་གདའ་འོ། །སྤྱི་དོན་གཉིས་པ་ལམ་རང་གནས་རྟོགས་ཤིང་གོམས་པར་བྱེད་པ་ལ་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་བསྟན་པ་དང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་དང་། གནས་སྐབས་ཀྱི་འབྲས་བུ་ཟག་མེད་ཀྱི་རིག་འཛིན་བསྟན་པའོ། །དེ་ལ་དང་པོ་ལེའུ་གཉིས་པ་ལྟ་བ་བསྟན་པ་ལ། ཕྱག་འཚལ་ཞིང་དམ་བཅའ་བ། དངོས་ཀྱི་དོན་བཤད་པ། ལེའུའི་མཚན་བསྟན་པ་དང་གསུམ། དང་པོ་ནི་གཞི་རང་བྱུང་གི་ཡེ་ཤེས་ལ་ཀུན་རྫོབ་དོན་དམ་དབྱེར་མེན་ལྷུན་གྲུབ་ཏུ་གནས་པའི་ངང་ལ་ལྟ་བ་རྟོགས་པ་མཇལ་བའི་ཚུལ་དུ་ཕྱག་བཙལ་ནས། དམ་བཅའ་བ། མཚན་ཉིད་གསུམ་གྱི་དང་པོ་ལྟ་བ་སྔོན་དུ་འགྲོ་བས་ལྟ་བ་ནི་ལམ་གྱི་མཆོག་སྟེ་དེའི་དོན་བཤད་པར་བྱའོ། །གཉིས་པ་དངོས་ཀྱི་དོན་བཤད་པ་ལ་གཉིས། དང་པོ་ལུས་མདོར་བསྟན་པ་ནི། གང་དག་གཞི་བདེན་གསུམ་དབྱེར་མེད་ཀྱི་ཡེ་ཤེས་རང་ལ་གནས་པའི་དོན་མཐོང་བར་འདོད་པ་ལ་དོན་བཅུ་གཅིག་གིས་སྟོན་ཏེ། གང་ཞེ་ན། དགོས་ཆེད་དང་། དུས་སྣོད་དང་། རྒྱུ་རྐྱེན་དང་། རྟོགས་ཐབས་དང་། རྣམ་གྲངས་དང་ངོ་བོ་དངོས་གཉིས་ཐུན་མོང་དུ་བསྟན་པ་དང་། སྤྱོད་པ་དང་། ཡོན་ཏན་དང་། དྲོད་དང་། རྟགས་དང་། རྟོགས་པའི་ཚད་དང་། མ་རྟོགས་པའི་སྐྱོན་ཏེ། དོན་དེ་དག་ཡན་ལག་རྒྱས་པར་བཤད་ཅིང་སྤྲོས་པའི་རྩ་བར་ལུས་མདོར་བསྟན་དུ་བཞག་གོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་དོན་བཅུ་གཅིག་གི། དང་པོ་དགོས་ཆེད་ལ་གཉིས། དང་པོ་ལྟ་བ་རྟོགས་དགོས་པར་བསྟན་པ་ནི། ཆོས་ཉིད་མཐའ་བྲལ་ལྷུན་གྲུབ་བསམ་གྱིས་མི་ཁྱབ་པའི་དོན་མ་མཐོང་བར། སྒོམ་པ་བསམ་མེད་ཙམ་གྱིས་རང་བཞིན་གཞིའི་དཀྱིལ་འཁོར་གྱི་དོན་ལ་འཇུག་པར་བྱེད་པ་དེས་ཆོས་ཉིད་ཀྱི་གནས་ལུགས་མི་ཤེས་པས་བླུན་པོ་ཡང་དག་པའི་སྣང་བ་མེད་པས་མུན་པ་ཐེ་ཚོམ་གྱི་བློ་མ་ངེས་པས་སྤྲུལ་པའི་བློ་ཅན་དེ། ཤེས་རབ་ཀྱི་སྤྱན་མེད་པས་ལོང་བའི་སེམས་ཅན་ཏེ། མི་སྣང་བའི་གྲོང་ཁྱེར་ཆེན་པོར་འཁོར་ཞིང་འགྲོ་བར་བྱེད་པ་སྟེ། གཉིས་པ་ཐོས་བསམ་གྱིས་ལྟ་བ་རྟོགས་དགོས་པར་བསྟན་པ་ནི། ལྟ་བ་མ་རྟོགས་པར་བསྒོམས་ཀྱང་སྐྱོན་ཆེ་བས། དེ་བས་ན་མ་རིག་པའི་ལིང་ཏོག་དང་འདྲ་བས་ཤེས་རབ་ཀྱི་མིག་ལྡོངས་པ་སྟེ། དོན་མ་རྟོགས་པའི་སློབ་བུ་ལ་གསང་སྔགས་རྡོ་རྗེ་ཐེག་པའི་སློབ་དཔོན་ནི་མིག་ནད་བསལ་བའི་ཐུར་མ་མཁན་དང་འདྲ་བ་དེ་ལ་སྒོ་གསུམ་གྱིས་མཉེས་པར་བྱས་ནས་དབང་ཐོབ་པར་སྔོན་དུ་བྱས་དེ་ནས་དང་པོར་གཞུང་ཐོས་པས་ཤེས་རབ་ཀྱི་སྤྱན་དབྱེ སྟེ། ཤེས་བྱའི་རང་བཞིན་དཀྱིལ་འཁོར་ལྟ་བའི་དོན་མཐོང་བར་བྱ་དགོས་སོ། །གཉིས་པ་དུས་དང་སྣོད་ལ་གཉིས། དང་པོ་མདོར་བསྟན་ནི། སྣོད་ལྔན་གདུལ་བྱ་དེ་ཡང་སྔར་ཐུན་མོང་ཐེག་པར་མ་སྦྱངས་པའི་རང་བཞིན་གྱི་རྣོན་པོ་སྣོད་དུ་གྱུར་པ་དང་ཐེག་པར་སྦྱངས་པ་ཡིས་སྣོད་དུ་གྱུར་པས་ན་དུས་དབང་རྣོན་ཉེ་བ་དང་། དབང་རྟུལ་དུས་རིང་བའི་ཕྱིར། སྤྱངས་པའི་རྣོན་པོ་རིམ་གྱིས་པ་དང་། རང་བཞིན་རྣོན་པོ་ཅིག་ཆར་བ་དེ་གཉིས་རེ་རེ་ལའང་རིམ་དང་ཅིག་ཆར་གཉིས་གཉིས་བཞི་ཆ་ཡིས་ཕྱེ་བས་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་གའི་ཐེག་པ་ལ་འཇུག་པར་བྱེད་དོ། །གཉིས་པ་རྒྱས་བཤད་ལ་གཉིས་ཏེ། དུས་རིང་བ་སྦྱངས་པའི་སྣོད་དུ་གྱུར་པ་དང་། དུས་ཉེ་བ་རང་བཞིན་གྱི་སྣོད་གྱུར་པའོ། །དང་པོ་ལ་གཉིས། དང་པོ་མདོར་བསྟན་ནི། དུས་ཀྱི་ཡུན་བསྐལ་པ་ཆེན་པོར་ཆེད་སྤྲུལ་སྐུའི་ཞིང་གི་སྟོང་གསུམ་གྱི་སྟོང་ཆེན་པོའི་རྡུལ་ཕྲ་རབ་ཀྱི་གྲངས་དེ་སྙེད་དུ། ཐེག་པ་སྣ་ཚོགས་ལ་ཤེས་རབ་གསུམ་གྱིས་བློ་ཤིན་ཏུ་སྦྱངས་པ་ལ་རབ་ཏུ་གནས་པའི། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ཤེས་པ་ནི་ཤེས་རབ་ཀྱི་མིག་དང་ལྡན་པས་མ་ཧཱ་འདིར་འཇུག་པའི་ཕྱིར། སྦྱངས་པའི་སྣོད་དུ་གྱུར་བདུས་རིང་བའང་ཐེག་པ་ཐ་དག་ལ་སྦྱངས་པའི་རིམ་གྱིས་དང་། དུས་མཐའི་གནས་སྐབས་ཀྱི་ཅིག་ཆར་འཇུག་པའོ། །གཉིས་པ་རྒྱས་བཤད་ལ་གཉིས་ཏེ། རིམ་གྱིས་པའི་རིམ་གྱིས་པ་དང་། རིམ་གྱིས་པའི་ཅིག་ཆར་བའོ། །དང་པོ་ལ་གཉིས། དང་པོ་སྦྱངས་པ་སྔོན་དུ་འགྲོ་བའི་ལུགས་ནི། མདོར་བསྟན་གྱི་སྔ་མ་དུས་རིང་བའི་རིམ་གྱིས་པ་ལའང་ཏན་ཏྲ་སྟེ་རྒྱུད་གསང་སྙིང་གི་གཞུང ལེའུ་ཐ་མ་ཉིད་ལས། ཐེག་འོག་གི་ས་དང་ལམ་རྣམས་གོང་འོག་གི་ཁྱད་པར་མ་འདྲེས་པར་རིམ་པར་བཀོད་པ་ཡང་། མཐར་ཐུག་གསང་བའི་སྙིང་པོར་བརྒྱུད་ནས་འགྲོ་བའི་ལམ་སྟེགས་ཡིན་པའོ། །ཁྱད་པར་བཀོད་པ་གང་ཞེན། ལྷ་མི་ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་བཞི་ཡིས་རང་རང་གི་གཞུང་བཞིན་མ་ནོར་བར་གང་ལས་ངེས་པར་འབྱུང་བར་བྱེད་ལ། གང་དུ་ངེས་པར་འབྱུང་ན། གསང་སྔགས་ཐེག་པ་གཅིག་གིས་མཐར་ཐུག་གི་འབྲས་བུར་གནས། དེ་ལྟར་ལམ་སྟེགས་ཉིད་དུ་ཕ་རོལ་ཕྱིན་བཅུ་སོགས་སྔོན་དུ་སྦྱངས་པ་རྫོགས་པར་བྱས་པའི་མཐར་མ་ཧཱ་ཡོ་ག་ལ་སྦྱོར་བར་བྱའོ། །གཉིས་པ་དེའི་དོན་མན་ངག་གིས་འཇུག་ཚུལ་ལ་གསུམ། དང་པོ་འཇུག་གཞི་སོ་སྐྱེའི་སེམས་བརྒྱད་སྐྱེ་ཚུལ་ནི། དེའི་ཕྱིར་རིགས་མ་ངེས་པ་ནི་མོས་སྐལ་ཡོད་ལ་རྟོགས་སྐལ་མེད་པའི་རིགས་ཐེག་པ་ཀུན་གྱི་སྒོ་དང་མཐུན་པར་འཇུག་ཅིང་སྤྱགས་པའི་རིགས་མཆོག་དེས་གཞི་ནས་སེམས་བསྐྱེད་ལུགས་ནི། ཤེས་པ་དྲུག་ལས། ལས་རྒྱུ་འབྲས་སོགས་གང་ཡང་མི་ཤེས་པའི་མུན་པའི་ཤེས་པ་ནས་གྲུབ་མཐར་བློ་མ་བསྒྱུར་བ་ཕལ་པ་དེའི་སེམས་སྐྱེ་ལུགས་དེ་ཉིད་ནི་རང་བཞིན་བདེ་གཤེགས་སྙིང་པོ་རང་ལ་གནས་པའི་རྒྱུ་ཡིས་འཁོར་བ་ལ་སྐྱོ་བ་བག་ཙམ་སྐྱེ་སྟེ་སྨྱུང་བར་གནས་པའམ་བདེ་བ་འདོད་མི་བདེ་སྤོང་བས་སྨྱུང་བར་གནས་ཞེས། དེ་ལྟར་འཇིག་རྟེན་ཕལ་པའི་སེམས་བརྒྱད་མཐར་ཕྱིན་ཅིང་གནས་པའི་ཚེ། ཟས་གཅིག་བྱེད་པ་ས་བོན། གཉན་འདུན་ལ་སྦྱིན་པ་གཏོང་བ་མྱུ་གུ། ཉེ་རིང་མེད་པར་གཏོང་བ་སྡོང་པོ། ལྷུག་པོར་གཏོང་བ་ཡལ་འདབ་བམ་ལོ་མ། བླ་མ་སོགས་ལ་ཕུལ་བ་མེ་ཏོག །ཡིད་དགའ་བ་དང་བཅས་སྦྱིན་པ་འབྲས་བུ། མངོན་མཐོའི་ཕྱིར་ཚུལ་ཁྲིམས་བསྲུང་བ་གསོས་སུ་གྱུར་པ། འཇིག་རྟེན་པའི་ལྷ་མཆོད་པ་སྟོབས་སུ་གྱུར་པ་སྟེ་བརྒྱད། དེ་ལ་དང་པོ་དད་པའི་སེམས། བར་གྱི་ལྔ་སྦྱིན་པའི་སེམས། ཐ་མ་གཉིས་ཚུལ་ཁྲིམས་ཀྱི་སེམས་སོ། །གཉིས་པ་འཇུག་པའི་རྒྱུ་རྐྱེན་སྤྱིར་ངོས་བཟུང་བ། སྤྱིའི་ཁམས་བདེ་བཤེགས་སྙིང་པོ་རང་བཞིན་གྱིས་གནས་པ་ཁྱད་མེད་པ་མཚུངས་པར་ལྡན་པའི་རྒྱུ་དང་། བླ་མ་དགེ་བའི་བཤེས་གཉེན་སྡུག་བསྔལ་ལས་སྐྱོབ་པའི་འགྲོ་བའི་མགོན་པོ་ལས་ལུང་གཉིས་ཐོས་ཏེ། དེ་གང་ཞེ་ན་གོང་མ་འདས་པའི་ཡོན་ཏན་མཐོང་བ་དང་འོག་མ་འཁོར་བའི་སྐྱོན་མཐོང་བ་དང་། དེ་ཡི་སྟོབས་ཀྱིས་འཁོར་བ་ལ་སྐྱོ་ཞིང་རྨོངས་པ་དང་ཡོན་ཏན་ལ་བྲོད་ཅིང་དང་བའི་སེམས་སྐྱེ་བ་དང་། རྒྱུ་གཉིས་པ་ལྷན་ཅིག་བྱེད་པའི་རྒྱུ་རུ་གསུངས་པ་ཡིན། རྐྱེན་བཞི་ནི་གོང་གི་བླ་མ་དེ་བདག་པོའི་རྐྱེན་གསང་སྔགས་ལ་སོགས་ཐེག་པ་དམིགས་པའི་རྐྱེན་སྐྱོན་ཡོན་མཐོང་བའི་སློབ་བུ་སྟེ་སྣོད་ལྡན་རྒྱུའི་རྐྱེན། དེ་གསུམ་འཛོམ་པའི་སྐད་ཅིག་ལ་སེམས་འཕེལ་བ་དེ་གཡོ་སེམས་དང་འབྲེལ་བ་དེ་མ་ཐག་པའི་རྐྱེན་ནོ། །གསུམ་པ་འཇུག་ཚུལ་ལ་གསུམ། དང་པོ་ལྷ་མིའི་ཐེག་པར་འཇུག་ཚུལ་དཔེ་བཅས། དེ་ལྟར་རྒྱུ་གཉིས་རྐྱེན་བཞི་སྟེ་དྲུག་ཚང་བ་ལས་རྩྭ་ལས་མེ་མཆེད་པ་བཞིན་སེམས་ཆེར་གཡོས་ཏེ། ངེས་འབྱུང་གི་ཐེག་པ་བཞི་ཡི་ཐོག་མར་ལྷ་མིའི་ཐེག་པ་ལས་སེམས་སྐྱེས་ནས་འཇུག་ཚུལ་ཏེ་དང་པོར་ཞོགས་ཞེས་བྱའོ། །གཉིས་པ་རྒྱུ་རྐྱེན་གྱིས་ཐེག་པ་ལ་རིམ་པར་འཇུག་ཚུལ། ལྷ་མིའི་ཐེག་པ་དེ་ནས་ཉན་རང་བྱང་སེམས་གྲི་ཡོག་གི་ཐེག་པ་རྣམས་རིམ་གྱིས་བགྲོད་པར་བྱས་ཏེ། ཇི་ལྟར་བགྲོད་ན་རྒྱུ་གཉིས་ནས་བཟུང་སྟེ་རྐྱེན་བཞིའི་སྟོབས་ཀྱིས་ཐེག་པ་འོག་ནས་གོང་དུ་འཕར་བར་བྱས་ཏེ། གསུམ་པ་ཡོ་ག་ནས་མ་ཧཱ་ལ་འཇུག་ཚུལ་ལ་གཉིས། དང་པོ་རྒྱུ་རྐྱེན་ནི། དེ་ཡང་རྣལ་འབྱོར་གྱི་རྒྱུད་ཡོ་གའི་ཐེག་པ་ལ་གནས་པ་ལ་མ་ཧཱའི་ཐེག་པ་འདི་སྟོན་པའི་མགོན་པོ་སྟེ་སློབ་དཔོན་ལ་ཡོ་ག་མན་ཆད་ཀྱི་སྐྱོན་དང་། མ་ཧཱའི་ཡོན་ཏན་གྱི་ལུང་གཉིས་ཐོས་པས་གོང་དུ་བསྟན་པ་དེ་ཇི་ལྟ་བ་བཞིན་དུ་རྒྱུ་གཉིས་དང་རྐྱེན་བཞིའི་སྒོ་ནས་འཇུག་པ་ཡིན། གཉིས་པ་སེམས་སྐྱེ་བའི་རིམ་པ་བཞིའི། དང་པོ་གཡོ་སེམས། བླ་མེད་མཆོག་གི་ཐེག་པ་མ་ཧཱ་ཡོ་ག་ལ་འཇུག་སྙམ་དུ་གཡོ་བའི་སེམས་སྐྱེ་ཞིང་འབྱུང་བར་འགྱུར་རོ། །གཉིས་པ་སྨོན་སེམས། གཡོ་སེམས་ཀྱི་གཞི་དེ་ཡིས་གོ་ཕྱེ་ནས་མ་ཧཱའི་དོན་ཁོང་དུ་ཆུད་ན་སྙམ་པའི་སྨོན་པས་ན་སྨོན་སེམས་སོ། །གསུམ་པ་འཇུག་སེམས་ལས་དང་བྱ་བས་ལྷག་པའི་དོན་མཚོན་པའི་གཟུགས་བསྙན་གྱི་དཀྱིལ་འཁོར་དུ་ཆོས་བཅོ་བརྒྱད་ཀྱིས་འཇུག་པར་བྱེད་དེ། བཞི་པ་གནས་པའི་སེམས་ལའང་གཉིས ། དང་པོ་འཇུག་ཆོས་ཀྱི་དམ་ཚིག་འབོག་ནས་དབང་བསྐུར་བ་ནི། བླ་མེད་མཆོག་གི་ཐེག་པ་མ་ཧཱའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཀྱང་སྐབས་དེ་རུ་འབོག་ཅིང་བྱིན་ནས། དགེ་བསྙེན་ནན་ཆགས་ཀྱི་རིགས་ངེས་པར་གྱུར་བའི་སློབ་བུ་ལ་ཕན་པའི་དབང་བཅུ། བདག་དོན་བྱེད་ནུས་པ་ལ་ཉན་བསྒོམ་དབང་གཉིས་ཀྱི་བྱིན་རླབས་ཙམ་སློབ་བུའི་རྒྱུད་ལ་བཞག །གཉིས་པ་ལྟ་བ་རྟོགས་ཐབས་ཀྱི་ཐོས་བསམ་ཉམས་སུ་ལེན་པ། དེ་ནས་ཤེས་རབ་རང་གི་སྤྱན་མཆོག་ལྟ་བ་འབྱེད་པའི་ཐབས་ཐོས་བསམ་ལ་བརྩོན་ནས། ལྟ་བ་རྟོགས་པའི་རྒྱུ་ཐོས་དང་བསམ་པ་ཡིས། རང་བཞིན་གྱི་དཀྱིལ་འཁོར་མཐོང་བར་བྱ་བའི་ཕྱིར། མ་ཧཱའི་གཞུང་ལས་ཐོས་པ་དང་བསམ་པའི་ཤེས་རབ་དམ་པ་དང་དུ་ལེན་པར་བྱེད་པ་ནི་གནས་པའི་སེམས་སོ། །གཉིས་པ་ནི་གང་ཟག་ཁ་ཅིག་ད་ལྟ་ཡན་ཆད་ཐུན་མོང་ཐེག་པ་ལ་སྦྱངས་པའི་དུས་ཀྱི་མཐའི་ཚེ་སྨད་མ་ཧཱ་ཱལ་ཅིག་ཆར་དུ་ཞུགས་པའོ། །དུས་ནམ་ཞུགས་ན་བསྐལ་པ་ཞིང་གི་རྡུལ་རྙེད་དང་མཉམ་པ་སྔོན་དུ་སོང་བས། ཐེག་པ་ཐུན་མོང་གི་གྲངས་དེ་སྙེད་དུ་སྦྱངས་པའི་མཐའ་གང་ལ་ཞུགས་ན་སྒྱུ་འཕྲུལ་དྲྭ་བའི་དོན་མ་ཧཱ་ལ་ཞུགས་པའོ། ། ཇི་ལྟར་ཞུགས་ན་སྔར་སྦྱངས་ནས་ལུས་རྟེན་འདི་ཡི་ཚེ་སྟོད་ལ་ངེས་པར་འབྱུང་བའི་ཐེག་པ་བཞི་ལ་རིམ་གྱིས་སྦྱངས་ལ་ཕྱི་རྒྱུད་སྡེ་གསུམ་པོ་ནས་ཅིག་ཆར་དུ་མ་ཧའི་དྲོད་སྐྱེས་ནས་འཇུག་པའམ་ཐེག་པ་འདིར་བགྲོད་པའོ། །གཉིས་པ་དུས་ཉེ་བ་ལའང་གཉིས། དང་པོ་མདོར་བསྟན་ནི། སྦྱངས་པ་ལས་གཞན་བའི་ལ་ལ་རང་བཞིན་གྱི་ཤེས་རབ་ཀྱི་དབང་པོ་རྣོན་པོ་དག །རྒྱུ་འབྲས་ཐེག་པ་ཆེན་པོ་དང་ཆུང་ངུ་གཉིས་གང་རུང་ལ་འཇུག་པ་སྟེ། སྔར་ལམ་སྟེགས་ཀྱི་ཐེག་པ་ལ་བློ་མ་སྦྱངས་པར་ཐེག་ཆེན་ལ་འཇུག་ནུས་ཏེ། རང་བཞིན་ཆོས་ཉིད་གྲུབ་པ་ཁམས་དྭངས་མི་དྭངས་སྣ་ཚོགས་ཡོད་པ། ཆོས་ཅན་རང་གི་ངོ་བོས་གྲུབ་པ་མོས་པ་སྣ་ཚོགས་ཡོད་པ། ཆོས་ཙམ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དབང་པོ་རྣོ་རྟུལ་སྣ་ཚོགས་ཡོད་པས་དེ་ལྟར་ཁམས་དྭངས་ཐེག་ཆེན་ལ་མོས་དབང་པོ་རྣོན་པོ་གསུམ་ཡོད་པའི་ཕྱིར་ན་རང་བཞིན་གྱིས་དབང་རྣོན་གྲུབ་སྟེ། དེ་ཡང་བློ་འཕང་མཐོ་བ་ནམ་མཁའ་ལྟ་བུ། མི་འགྱུར་བར་བརྟན་པ་རི་བོ་ལྟ་བུ། ཤེས་བྱ་ཀུན་ལ་མྱུར་བ་གློག་ལྟ་བུ། ཤེས་བྱའི་གཏིང་འབྱེད་པས་རྣོ་བ་རལ་གྲི་ལྟ་བུ། ཐམས་ཅད་ཤེས་པས་རྒྱ་ཆེ་བ་ས་གཞི་ལྟ་བུ། དགག་སྒྲུབ་དང་བྲལ་བར་གོ་བས་ཡངས་པ་བར་སྣང་ལྟ་བུ་དང་། མིང་འདོགས་དང་བྲལ་བར་གོ་བས་རྒྱ་མཚོ་ལྟར་ཟབ་པ་དང་བདུན་ལྡན་ཡོད་པ་དེ་ཐེག་ཆེན་ལ་འཇུག་པའི་རྒྱུ་ཡི་གང་ཟག་དེ་ཉིད་ཀྱང་བདག་རྐྱེན་དགེ་བའི་བཤེས་གཉེན་དང་། རྒྱུའི་རྐྱེན་སློབ་བུ་མཚན་ཉིད་བདུན་ལྡན་སློབ་བུ་དེ་ཡི་བློ་ཆེ་ཆུང་འབྱུང་བས་རིམ་པས་ཕྱེ་བས་ཅིག་ཆར་བའི་རིམ་གྱིས་པ་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་རྣམས་ལ། མ་ངེས་པར་འཇུག་པ་དང་ཅིག་ཆར་བའི་ཅིག་ཆར་དང་པོ་ནས་མ་ཧཱ་འདི་ཉིད་དུ་འཇུག་པའོ། །གཉིས་པ་རྒྱས་བཤད་ལ་གཉིས། ཅིག་ཅར་བའི་རིམ་གྱིས་པ་ཐེག་ཆེན་གང་མོས་སུ་འཇུག་པ་དང་། ཅིག་ཆར་བའི་ཅིག་ཆར་བ་གདོད་མ་ནས་མ་ཧཱར་འཇུག་པའོ། །དང་པོ་ལ་གཉིས། དང་པོ་འབྲེལ་ལྡན་ཐེག་ཆེན་མཇལ་པ་ནི། ཅིག་ཆར་རིམ་གྱིས་པ་རྒྱུའི་ཐེག་པ་ལ་ཞུགས་པ་དེ་དང་། འབྲས་བུའི་ཐེག་པ་ལ་ཞུགས་པ་དེའང་འབྲེལ་པ་བཞི་དང་ལྡན་ཚུལ་རང་གི་སེམས་ཉིད་ཁམས་དྭངས་བ་ནི་བརྟན་པའི་དངོས་གཞི་ཡིན་ཅིང་། དེ་འཆད་བྱེད་དགེ་བའི་བཤེས་གཉེན་རྣམས་དང་སེམས་ཉིད་ཁམས་དང་ངོ་བོས་བདག་ཉིད་གཅིག་པར་འབྲེལ་བ་དང་། དོན་དེ་དང་ལྡན་པ་ཤེས་བྱ་ཡིན་ལ་རང་བཞིན་གྱི་དབང་རྣོན་ནི་ཤེས་བྱེད་དེ་ཤེས་བྱ་ཤེས་བྱེད་གྱིས་འབྲེལ་པའོ། །རང་བཞིན་བདུན་ལྡན་འདི་སྣོད་དང་ལྡན་པ་བཅུད་དུ་ཐེག་པ་ཆེན་པོའི་ལུང་གཉིས་སྣོད་དང་བཅུད་དུ་འབྲེལ་བ་དང་། བླ་མ་འགྲོ་བའི་མགོན་པོ་དང་། སློབ་མ་དེ་ལ་ཐུགས་རྗེ་འཇུག་པར་བྱ་བའི་ལས་ཡོད། བླ་མ་ལ་ཐུགས་རྗེ་སྐྱེ་བར་བྱེད་པའི་ཐབས་ཡོད་པས་ལས་སྨོན་ཐུགས་རྗེས་འབྲེལ་བའོ། །འབྲེལ་བ་བཞི་དང་ལྡན་པ་དེ་ཡི་ཕྱིར་ཐེག་པ་མཆོག་གི་ལུང་དབུ་མ་དང་འབྲས་བུ་ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་རྣམས་དང་མཇལ་བར་བྱེད་པའི་ཕྱིར་འབྲེལ་པ་བཞི་ལྡན་ནོ། །གཉིས་པ་རྒྱུ་རྐྱེན་དང་ལྡན་པས་འཇུག་པ་ལ་གཉིས། དང་པོ་མ་ངེས་པར་འཇུག་པ་ནི། གོང་གི་རྒྱུ་གཉིས་རྐྱེན་བཞི་སྟེ་དྲུག་ལྡན་པས་རྒྱུ་དང་སྔགས་ཕྱི་པ་ལ་མ་ངེས་པར་འཇུག་པ་ནི། རང་གི་ཤེས་རབ་དབང་པོ་རྣོ་རྟུལ་གྱིས་རིམ་པ་ཇི་བཞིན་དུ་གང་ལ་མོས་པ་ཆེ་ཆུང་གི་དགེ་བའི་བཤེས་དང་འཕྲད་པའི་རྐྱེན་གྱིས། རྒྱུ་མཚན་ཉིད་ཐེག་པའམ་བྱ་བ་ཀྲི་ཡའམ་གཉིས་ཀ་ཨུ་པ་ཡའམ། རྣལ་འབྱོར་ཡོ་གའི་ཐེག་པར་སྦྱོར་བར་བྱེད་དོ། །གཉིས་པ་མ་ཧཱར་འཇུག་པ། དེ་ནས་གོང་དུ་བསྟན་པ་དེ་བཞིན་རྒྱུ་རྐྱེན་དྲུག་གིས་འདིར་མ་ཧཱ་ལ་འཇུག་པའང་། སྔོན་རིམ་གྱིས་པའི་སྐབས་བཞིན་དུ་མ་ཧཱ་ལ་གཡོ་བའི་སེམས། སྨོན་པ་དང་འཇུག་པའི་སེམས་ཀྱིས་མ་ཧཱ་ལ་སྦྱོར་ནས། མ་ཧཱའི་དོན་ཤེས་རབ་གསུམ་གྱིས་འདི་ཉིད་ལ་གནས་པའི་སེམས་ངེས་དོན་དེ་མཐར་ཕྱིན་པར་བྱེད་པ་ནི། ཅིག་ཆར་བའི་ཅིག་ཆར་བ་ལ་ལྟོས་པས་རིང་བའི་དུས་ཉིད་དོ། །གཉིས་པ་ཅིག་ཆར་བའི་ཅིག་ཆར་བ་ལ་གསུམ། དང་པོ་རིགས་མ་ངེས་པའི་ས་ནས་མ་ཧ་ལ་སེམས་སྐྱེ་ཚུལ་ནི། གོང་བསྟན་ལྟར་རིགས་མ་ངེས་པ་བཟང་ཤོས་ཀྱིས་ནས་ལས་དང་པོ་ཉིད་ནས་གོང་ལྟར་འབྲེལ་བ་བཞི་རྒྱུ་རྐྱེན་དྲུག་དང་ལྡན་པས་མ་བཅོས་པའི་དོན་རྣལ་མ་ལ་རྟོགས་པའི་བློ་འབྱོར་པས་མཆོག་གི་ཐེག་པ་མ་ཧཱ་ལ་སྦྱོར་བ་ནི། དཔེར་ན་མུན་པའི་སྣང་བ་སེལ་བ་ལ་ཉི་མའི་ཟེར་ཤར་བའི་ཚུལ་ལམ་རྩྭ་ལ་མེ་མཆེད་པ་ལྟར་དུ་གཡོ་བ། སྨོན་པ། འཇུག་པ་དང་། གནས་པ་དང་། མཐར་ཕྱིན་པའང་སྔོན་གོང་དུ་བསྟན་བཞིན་ཡིན་ཏེ། གཉིས་པ་སྣོད་ཀྱི་ཡོན་ཏན་དང་ལྡན་པས་ཐོས་པ་དོན་དུ་གཉེར་བ། མཚན་ཉིད་བདུན་དང་ལྡན་པ་ལ་ཁྱད་མེད་ཀྱང་། ཡང་གི་སྒྲས་ཏནྟྲ་སྟེ་རྒྱུད་གསང་བ་སྙིང་པོ་ཡི་གཞུང་གི་ལེའུ་གསུམ་པར་བཤད་པ་ལྟར་སྣོད་ལྡན་ངང་ཚུལ་བཟང་པོ་དགེ་སློང་གསར་བུའི་སྤྱོད་པ་ལྟ་བུ་དང་། རང་བཞིན་བཟང་བ་གསེར་ལྟ་བུ་སོགས་ཁོང་ནས་བློ་བརྟན་པ། ལུས་ལོངས་སྤྱོད་ཕངས་མེད་ཆོས་ཕྱིར་བཏང་ནུས་པ་ལ་སོགས་པ། སྣོད་ཀྱི་སྐྱོན་བཞི་ལས་ལོག་པའི་ཡོན་ཏན་དུ་མ་དང་ལྡན་པས་ཤེས་རབ་གསུམ་གྱི་བསླབ་པ་ལ་གནས་པའི་ཆོས་ཉིད་རང་བྱུང་གི་དཀྱིལ་འཁོར་ཆེན་པོ་རུ་འཇུག་པ་བཞི་ནི། གཞུང་ཐོས་པ་ལ་འཇུག་པ་མིག་བྱེ་བ་དང་འདྲ། དོན་རྟོགས་པས་འཇུག་པ་དཀྱིལ་འཁོར་མཐོང་བ་དང་འདྲ། གོམས་པར་བྱེད་པས་འཇུག་པ་དཀྱིལ་འཁོར་དུ་ཞུགས་པ་དང་འདྲ། འབྲས་བུ་ཐོབ་པས་འཇུག་པ་དབང་ཐོབ་པ་དང་འདྲ་བ་ཡི་ཡན་ལག་བཞིའི་ནི་དོན་མཆོག་ཏུ་གྱུར་པ་དང་པོ་ཐོས་པ་ཆེད་དུ་གཉེར་བར་བྱེད་པའོ། །གསུམ་པ་རྒྱུ་རྐྱེན་དྲུག་མེད་ནའང་ངང་གིས་ཐོས་པ་ལ་འཇུག་ཚུལ། གང་ཟག་རིམ་དང་ཅིག་ཆར་དེ་གཉིས་ཀྱི་ཐོས་པས་ལྟ་བ་འཚོལ་བའི་ཚེ། རྒྱུ་གཉིས་དང་རྐྱེན་གྱིས་ཞེས་རྐྱེན་བཞིས་དོན་ལ་མི་སྐྲག་པའི་བཟོད་པ་ཐོབ་པ་དང་། རྒྱུ་རྐྱེན་ལ་རག་མ་ལས་པའི་རང་བཞིན་ངང་གིས་དོན་ལ་བཟོད་པ་ཐོབ་པས། ལྟ་བ་རྟོགས་སུ་རེ་ཞིང་འབྲས་བུ་ཐོབ་པར་སྨོན་པའི་སེམས་ཀྱིས་གཞུང་ཉན་པའི་བརྩོན་འགྲུས་ལ་སྦྱོར་རོ། །གསུམ་པ་རྒྱུ་རྐྱེན་ཐུན་མོང་དུ་བསྟན་པ་ལ་གསུམ། དང་པོ་ཐོས་བསམ་ལྟ་བ་ཤེས་པའི་རྒྱུ་རུ་བསྟན་པ། སྣོད་ལྡན་གང་དག་ཐོས་པའི་སྒོ་ནས་མཉན་པ་དང་། ཡིད་ཀྱི་བསམ་པའི་ཤེས་རབ་ཀྱི་དོན་གཉིས་ཀ་ལ་དཔྱོད་པའི་ཚེ་དང་པོར་གཞུང་ཉན་ཅིང་རྣ་བས་ཐོས་པའི་ཚིག་བློ་ལ་འཛིན་པ་དང་དོན་ལ་བསམ་པ་དང་། དེ་ལྟར་བསམ་པའི་ཤེས་རབ་ཀྱི་ཚེ་ནའང་དོན་ལ་རྟོག་ཅིང་ཞིབ་ཏུ་དཔྱོད་པ། དེ་ལྟར་རྟོག་དཔྱོད་གཉིས་པོ་འདི་དག་ལྟ་བ་ཤེས་པའི་རྒྱུའོ། །གཉིས་པ་ལྷན་ཅིག་བྱེད་པའི་རྐྱེན། རྒྱུད་ལུང་མན་ངག་བཤད་པའི་མཁན་པོ་སྟེ་བླ་མ་དམ་པ་རྒྱལ་བའི་ལུང་དང་བླ་མ་དམ་པའི་མན་ངག་དང་བཅས་ངོ་སྤྲད་པ་དེ་ནི་ལྟ་བ་རྟོགས་པ་དང་ལྷན་ཅིག་ཏུ་བྱེད་པའི་རྐྱེན་དུ་འདོད་དོ། །གསུམ་པ་མཚུངས་ལྡན་གྱི་རྒྱུ། སློབ་བུའི་སེམས་ཀྱི་རང་བཞིན་ལ་མཐོ་བརྟན་མྱུར་རྣོ་རྒྱ་ཆེ་ཡངས་པ་ཟབ་པའི་མཚན་ཉིད་བདུན་དང་ཡེ་གདོད་མ་ནས་མཚུངས་པར་ལྡན་པ་དེ་ནི་ལྟ་བ་ཤེས་པའི་རྒྱུད་ལས་དགར་བས་གཅིག་ཤོས་རང་བཞིན་གྱི་དབང་རྣོན་ཏེ་མཚུངས་ལྡན་གྱི་རྒྱུ་རུ་ངེས་པ་ཡིན་ནོ། །བཞི་པ་ལྟ་བ་རྟོགས་པའི་ཐབས་ལ་གཉིས། དང་པོ་མདོར་བསྟན། དེ་ལྟར་རྒྱུ་རྐྱེན་དང་ལྡན་པས་ཤེས་རབ་ཀྱི་སྤྱན་གྱིས་ལྟ་བ་འཚོལ་བའི་ཚེ། ལྟ་བ་གཏན་ལ་ཕབ་པའི་ཚིགས་རྣམས་ཀྱིས་གཞལ་བྱ་གཞིག་ཅིང་རྨལ་བར་བྱས་ཏེ། དོན་ནོར་བའི་ལྟ་བ་ངན་པ་རྣམས་ཤེས་རབ་ཟབ་མོས་ཕྱོགས་རེའི་ལྟ་ངན་དམིགས་ངོས་བཟུང་ཞིང་བསལ་ནས། དོན་མ་ནོར་བ་མ་ཧཱ་ཡོ་གའི་གྲུབ་མཐའ་དམིགས་ཀྱིས་ཕྱེ་ནས་དང་དུ་བླང་ཞིང་གཏན་ལ་དབབ་པར་བྱའོ། །གཉིས་པ་རྒྱས་བཤད་ལ་གསུམ། གཏན་ཚིགས་ཀྱིས་གཏན་ལ་ཕབ་སྟེ་རྟོགས་པར་བྱ་བ། གོལ་སྒྲིབ་ཀྱི་གདར་ཤ་བཅད་དེ་དོན་གྱི་དམིགས་བཟུང་བ། དོན་མ་ནོར་བར་དམིགས་ནས་གྲུབ་མཐའ་བླང་བའོ། །དང་པོ་ལ་གཉིས། དང་པོ་མདོར་བསྟན། གཏན་ཚིགས་ཀྱིས་གཞལ་བའི་གཞི་དང་འཇལ་བྱེད་གཏན་ཚིགས་ཀྱིས་གཏན་ལ་དབབ་པ། དེས་གཏན་ལ་ཕེབས་པའི་གྲུབ་པའི་དོན་ལྟ་བ་དེ་གྲུབ་མཐའ་འོ། །དེ་ལྟར་རྣམ་པ་གསུམ་པོ་དེ་གོང་གི་མདོར་བསྟན་པ་ལ་གསུམ་ཡོད་པའི་སྔ་མའི་གཏན་ཚིགས་རྣམས་ཀྱི་གཞལ་བ་འདིར་ཡན་ལག་རྒྱས་བཤད་ཀྱི་གཞི་རུ་མདོར་བསྟན་དུ་བཞག་པའོ། །གཉིས་པ་རྒྱས་བཤད་ལ་བཞི། དང་པོ་སྔོན་བྱུང་དངོས་ལྔའི་གཏན་ཚིགས་དེ་ཁོ་ན་ཉིད་འཇལ་བྱེད་དང་བཅས་པ། གཞི་དོན་ཕྱིན་ཅི་མ་ལོག་པར་ཡང་དག་པར་རྫོགས་པའི་སངས་རྒྱས་རང་བྱུང་གི་སྟོན་པ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་མངོན་བྱང་རྡོ་རྗེའི་སྐུ་ལྔས་འདུལ་བའི་འཁོར་ལྷུན་གྲུབ་རིག་འཛིན་མཐར་ཕྱིན་པའམ་ིགས་ལྔ་ཡེ་ཤེས་སེམས་དཔའ་སེམས་མའི་ཚོགས་རྣམས་ལ། གསུང་ལྔ། སྐྱེ་མེད་དོན། དགོས་པ་བརྡའ། བརྗོད་པ་ཚིག །དབྱེར་མེད་རྡོ་རྗེ། རིག་པ་བྱིན་རླབས་ལྷུན་གྲུབ་ཏུ་བརྡའ་སྤྲད་ནས་བསྟན་པས་གཞལ་བྱ་སེམས་ཉིད་གསུང་ལྔ་ལྷུན་གྲུབ་དེ་ཁོ་ན་ཉིད་གཏན་ཚིགས་གསུང་ལྔ་ལྷུན་གྲུབ་ཀྱིས་གཏན་ལས་འབེབས་ཤིང་གསུང་ལྔ་ལྷུན་གྲུབ་དེ་ཉིད་དང་བློས་འཇལ་ཅིང་དོན་གོ་བར་བྱེད་པའོ། །གཉིས་པ་དངོས་ལྔ་དེ་ཉིད་ཚུལ་ཚིག་གི་གཞི་བྱས་ཚུལ། སྐུ་ལྔའི་སངས་རྒྱས་པ་དེ་ཉིད་ཀྱི་དོན་དངོས་ལྔ་ཡིན་ལ། དེ་དང་ཕྱོགས་མཚུངས་ཚུལ་ལྔ་དང་ཚིག་ལྔ་བརྗོད་པས་དངོས་ལྔའི་དོན་མཚོན་ཚུལ་ཚིག་གི་གཏན་ཚིགས་འབྱུང་བའི་གཞིའོ། །གསུམ་པ་དངོས་ལྔ་དེ་ཉིད་ཚུལ་ཚིག་གིས་གཏན་ལ་ཕབ་དགོས་པར་གདམས་པ། ཚུལ་ཚིག་དེ་ལས་དང་པོ་དོན་གཞལ་བྱའི་གཏན་ཚིགས་དངོས་ཀྱི་སྐུ་དེས་འཁོར་མཐར་ལམ་ལྷན་ཅིག་པ་ལ་གསུང་ལྔ་ཡིས་དོན་དངོས་སུ་བརྡའ་སྤྲོད་པའི་རྒྱལ་བ་དགོངས་བརྒྱུད་སྔོན་བྱུང་དུ་སངས་རྒྱས་པ། དེའི་རྗེས་སུ་མཐུན་པར་འཇུག་པའི་ཚུལ་ཚིག་གི་སྒོ་ནས་བསྟན་པ་ལའང་། དཔེར་ན་གསེར་ཡིན་མིན་བསྲེགས་ལྷད་ཡོད་མེད་བཅད་བཟང་ངན་བརྡར་བའི་གསེར་རྟོགས་པ་བཞིན་དུ་དངོས་ལྔས་གཞལ་བྱའི་དོན་ཚུལ་དང་ཚིག་གིས་ལེགས་པར་བརྟགས་ཏེ་གཏན་ལ་དབབ་པར་བྱའོ། །བཞི་པ་ཚུལ་ཚིག་གིས་གཏན་ལ་དབབ་ཚུལ་དངོས་ལ་གསུམ། གཞལ་བྱ། གཏན་ཚིགས། དེས་གཏན་ལ་ཕབ་པའི་གྲུབ་མཐའ་འོ། །དང་པོ་གཞལ་བྱ་བརྟག་གཞི་བསྟན་པ་ལ་གཉིས། གཞལ་བྱ་བརྟག་གཞི་ངོས་བཟུང་བ། རྩོད་པའི་སྐྱོན་སྤང་ངོ་། །དང་པོ་ལ་གསུམ། དང་པོ་བརྟག་པའི་གཞི་མ་བསྟན་པ། དངོས་ལྔའི་དོན་དེ་ཡང་ཚུལ་ཚིག་གིས་ཡོངས་སུ་བརྟག་ཅིང་དཔྱད་པར་བྱ་བའི་གཞི་ནི། མིག་གི་དབང་པོ་ལ་སོགས་དྲུག་གི་རྟེན་ལ། གཟུགས་ལ་སོགས་པ་དྲུག་ཡུལ་དུ་སྣང་བ་རྣམ་ཤེས་དྲུག་དང་བཅོ་བརྒྱད་འདི་ཀུན་ཆོས་ཅན། དེ་ལྟར་ཡུལ་དང་དབང་པོ་རྣམ་ཤེས་རྣམས་སེམས་ཉིད་རང་སྣང་མ་གཏོགས་དེ་རྣམས་རང་རྒྱུད་ཅན་དུ་གྲུབ་ནས་ཡོད་པ་ནི་མ་ཡིན་ཏེ་དམ་བཅའ། གཏན་ཚིགས་ཅིའི་ཕྱིར་ན་རྣལ་མ་དོན་གྱི་ཀུན་གཞིའི་རྣམ་པ་འགག་པ་མེད་པར་རང་འཆར་བའི་ཤེས་པ་རང་བྱུང་གི་ཡེ་ཤེས་དེ་ཉིད། ཕྱི་ནང་ཡུལ་དང་ཤེས་པའི་དངོས་པོ་སྣ་ཚོགས་སུ་མ་འགགས་པར་སྣང་བས་རང་སྣང་ཡིན་པའི་ཕྱིར། རང་སྣང་ངོ་མ་ཤེས་པས་འཁོར་བ་ལ་ངན་ཞེན་དང་། མྱང་འདས་ལ་དངོས་པོར་བཟང་ཞེན་གྱི་སྣང་བ་གཉིས་ལ་གཏན་ཚིགས་ཀྱིས་བརྟག་ཅིང་དཔྱད་པར་བྱའོ། །གཉིས་པ་དེ་ལས་གཞལ་ནས་བརྟག་དཔྱད་བྱེད་ལུགས། བརྟག་ལུགས་ལ་སྣོད་འཇིག་པའི་རྟེན་ལ་བཅུད་འཇིག་པ་བརྟེན་པས་འཇིག་རྟེན་འདི་ན་ཅི་ཡོད་པ་ཡི་དངོས་པོ་ཀ་བ་ལ་སོགས་མིང་དང་། དངོས་པོ་དང་དངོས་མེད་ཀྱི་མཚན་མར་འཛིན་པ་ཡི་ཡུལ་ཐ་དད་རྣམས། དེ་མ་ཡིན་ལ་དེར་འཛིན་གྱི་ལོག་རྟོག་དུག་ལྔ་ལ་སོགས་སོ་སོའི་རང་མཚན་ཞེ་སྔང་གི་སེམས་འཁྲུགས་པ། སྤྱིའི་མཚན་ཉིད་མི་རྟག །སྡུག་བསྔལ་སྟོང་བདག་མེད་མཚན་ཉིད་རྣམས། ཤེས་བྱ་ལ་ཇི་ལྟར་གནས་པ་ལྟར་བརྟག་ཅིང་དཔྱད་པར་བྱའོ། །གསུམ་པ་བརྟགས་དཔྱད་བྱས་པས་དོན་རིག་ཚུལ། འཁོར་བ་དང་འདས་པའི་དངོས་པོ་གཉིས་སུ་ཞེན་པའི་དངོས་པོ་དང་དུས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀུན། ད་ལྟའི་ཤེས་པ་སྐད་ཅིག་མ་གཅིག་ལ་གང་གི་དེ་ཀུན་རྫོགས་པའི་ཕྱིར་རོ། །སྐད་ཅིག་དེ་ཉིད་ཀྱིས་དངོས་པོའི་གནས་ལུགས་ཀུན་རང་སྣང་དུ་མཐོང་བས་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར་རིག་པ་བཞིན་ཤེས་བྱའི་ཆོས་ཀུན་ཀྱང་གོང་གི་དེ་ལྟར་དུ་ཤེས་ཤིང་ཆུད་པར་བྱའོ། །གཉིས་པ་རྩོད་པའི་སྐྱོན་སྤང་ཚུལ་ལ་གཉིས། དང་པོ་ཐེ་ཚོམ་གྱི་དོགས་པ་གཟུགས་པ། ཞེན་ཡུལ་ཀུན་བརྟགས་ཡུལ་དུ་བྱེད་པའི་ཞེན་བྱེད་ཀྱི་ཤེས་པ་དེ་ནི་ཤེས་རབ་གསུམ་གྱི་བར་མ་བསམ་བྱུང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ན་མེད་པར་འགྱུར། སྤྱིར་ཕྱིའི་ཡུལ་རྣམས་ཡོད་པ་མ་ཡིན་ཏེ་དཔེར་ན་ལུས་མེད་ན་གྲིབ་མ་མེད་པ་བཞིན། གཞལ་བྱའི་ཡུལ་མེད་པས་འཇིག་རྟེན་འདི་ན་ཅི་ཡོད་པ་རྣམས་གཞལ་དུ་མི་བཏུབ་བོ། །འོ་ན་ཞེན་བྱེད་ཀྱི་ཡིད་རང་ཉིད་ལ་གཞལ་ལོ་ཞེ་ན། སེམས་སྐད་ཅིག་མ་རང་གིས་རང་ལ་གཞལ་དུ་མི་བཏུབ་སྟེ། དཔེར་ན་མཛུབ་མོ་རང་གི་རྩེ་ལ་རང་གིས་མི་རེག་པ་བཞིན་དུ་སྟེ། ཡུལ་ཡུལ་ཅན་གཉིས་གཞལ་མི་རུང་བའི་དོགས་པ་སྐྱེ་བས་ན། གཉིས་པ་དོགས་པ་བསལ་བ། གཞན་བྱ་ཞེན་སྣང་རགས་བ་ཐོས་བསམ་གྱིས་དག་ཀྱང་། ཞེན་སྣང་ཕྲ་བའི་གཉེན་པོ་ལྟ་བ་ཇི་བཞིན་མ་རྟོགས་པ་དང་། བསྒོམ་བྱུང་ཤེས་རབ་རྒྱུད་ལ་སྐྱེས་པ་མེད་པས་ཞེན་པ་དག་པ་མིན་ཅིང་། བར་མའི་ཞེས་ཤེས་རབ་གསུམ་ལས་བསམ་བྱུང་གི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཞལ་བའི་ཡུལ་དུ་གྱུར་པའི་ཕྱིར། དེས་ན་གཞལ་བྱའི་ཡུལ་ཡོད་ཅེས་བྱ་བའི་ངེས་ཚིག་གམ་སྒྲ་དོན་འགྲུབ་བོ། །གཉིས་པ་གཏན་ཚིགས་ལ་གཉིས་ཏེ། དངོས་དང་ཚུལ་མཐུན་དུ་རྟོགས་ཚུལ་གྱི་གཏན་ཚིགས་དང་། དངོས་དང་ཚུལ་གྱི་དོན་ཚིག་ཏུ་ངོ་སྤྲད་པ་ཚིག་གི་གཏན་ཚིགས་སོ། །དང་པོ་བརྟགས་པའི་སྒོ་ནས་ཚུལ་མཐུན་དུ་རྟོགས་ལུགས་ལ་གཉིས། དང་པོ་བརྟག་ལུགས་ནི། གོང་དུ་བཤད་པ་དེ་ལྟར་དངོས་ལྔ་ཡིས་གཏན་ལ་ཕབ་དགོས་པས། འཁོར་འདས་ཀྱི་དངོས་པོ་དེ་དེ་ལ། འཁོར་འདས་ཀྱི་ཆོས་དེ་དེའི་རང་བཞིན་ནམ་རང་སྤྱིའི་མཚན་ཉིད་བརྟག་པར་བྱ་བའང་། གཉིས་པ་ཚུལ་མཐུན་རྟོགས་ཚུལ་དངོས་ལ་དྲུག །དང་པོ་ངོ་བོ་ཉིད་སྐུའི་གསུང་གི་ཚུལ་རང་གསལ་ངོ་བོ་ཉིད་ཀྱི་གཏན་ཚིགས་ནི། ཆོས་ཉིད་ཀྱི་དོན་རྟོགས་པ་དང་ལྡན་པའི་རྣལ་འབྱོར་པ་བློ་མཆོག་རྣམས་ནི་འཁོར་གྱི་ཚུལ་ཡིན་ལ། ཕྱི་ནང་གི་དངོས་པོ་སྣ་ཚོགས་སུ་སྣང་བ་འདི་སེམས་ཉིད་རང་སྣང་བས་གསང་སྔགས་ཀྱི་ངོ་བོ་དེ་སྟོན་པའི་ཚུལ་ལོ། །གསང་སྔགས་ཀྱི་ངོ་བོ་སྒྲོ་སྐུར་བྲལ་བས་ངེས་པའི་ལུང་ཡིན་པའི་ཕྱིར། དངོས་པོ་མཐོང་ཐོས་ཐམས་ཅད་ཀྱིས་ཆོས་ཚུར་ལ་སྟོན་པ་ནི། ཆོས་ཀྱི་འཁོར་ལོའི་ཚུལ། ཚིག་ཏུ་མ་བརྗོད་ཀྱང་བརྗོད་པ་དང་འདྲ་བར་ཆོས་ཉིད་ཀྱི་དོན་བརྡའ་སྤྲོད་པར་བྱེད་པས་ན་གོ་ཚུལ་ལོ། །དེ་དག་ནི་ངོ་བོ་ཉིད་ཀྱི་སྐུས་བཤད་པ་དང་མཚུངས་པའི་ཕྱིར། མ་འོངས་པའི་གང་ཟག་སྐལ་ལྡན་གྱི་དོན་དུ་ཆོས་ཉིད་གཏན་ལ་ཕེབ་པའི་གཏན་ཚིགས་ཏུ་ངེས་པའོ། །གཉིས་པ་ཆོས་སྐུའི་གསུང་གི་ཚུལ་སྐྱེ་མེད་དོན་གྱི། ཡང་ཆོས་སྐུའི་ཚུལ་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་དང་འདྲ་བའི་ཤེས་རབ་ཀྱི་མིག་དང་ལྡན་པ་ལ་ནི་འཁོར་གྱི་ཚུལ་ལོ། །རང་བཞིན་ངང་ངམ་ཤུགས་ཀྱིས་ཆོས་ཉིད་སྐྱེ་བ་མེད་པའི་དོན་རང་གི་རྒྱུད་ལ་ལྷུན་གྱིས་གྲུབ་པ་ནི་སྟོན་པའི་ཚུལ་ལོ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་མ་བཙལ་བར་རང་བཞིན་ངང་གིས་སྐྱེ་མེད་ཀྱི་དོན་སྣང་ཞིང་གོ་བར་བྱེད་པས་ན་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་ལོ། །སྐྱེ་མེད་ཀྱི་དོན་ཚིག་ཏུ་བརྗོད་པ་མེད་པ་དེ་ཉིད་བརྗོད་པ་དང་འདྲ་བར་གོ་བར་བྱེད་པ་ནི་གོ་ཚུལ་ལོ། །གསུམ་པ་ལོངས་སྐུའི་གསུང་གི་ཚུལ་དགོངས་པ་བརྡའི། བློ་དང་ལྡན་པའི་ལམ་པ་གང་ཟག་དག་ནི་འཁོར་གྱི་ཚུལ་ལོ། །ཁ་དོག་དང་དབྱིབས་ལ་སོགས་པའི་གཟུགས་ཀྱི་བརྡའ་དང་རྣལ་འབྱོར་པ་དགོངས་པའི་ཏིང་ངེ་འཛིན་གྱི་དོན་གྱིས་ཆོས་སྟོན་པ་ནི་སྟོན་པའི་ཚུལ་ལོ། །མིག་གིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ། དྲི་རོ་རེག་བྱ་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་རང་བཞིན་གྱིས་བརྡའ་སྤྲོད་དེ། དཀར་པོ་ཉེས་སྐྱོན་དང་བྲལ་བ་ལ་སོགས་པའོ། །དཔའ་བོའི་ཞེས་བླ་མས་གདམས་ངག་གནང་སྐབས་ཕྱག་ལ་སོགས་པའི་བརྡའ་སྣ་ཚོགས་དང་། བླ་མ་དགོངས་པ་མཉམ་བཞག་གིས་ངོ་སྤྲད་པ་དང་། སློབ་བུ་རང་གི་ཏིང་ངེ་འཛིན་བསྒོམ་པའི་སྟོབས་ཀྱིས་གོ་བརྡའ་སྤྲོད་པར་བྱེད་པ་ནི་ཆོས་འཁོར་གོ་ཚུལ་ལོ། །བཞི་པ་མངོན་བྱང་གསུང་གི་ཚུལ་རིག་པ་བྱིན་རླབས་ཀྱི། དཔེར་ན་ས་འོག་ན་གསེར་ཡོད་པའི་རླངས་པ་བར་སྣང་ལ་འོང་པ་དང་། མེ་ལོང་ལ་ཉི་མའི་འོད་ཕོག་དུས་ངད་རང་བཞིན་དུ་འབྱུང་བ་བཞིན་དུ། འཁོར་འདས་ཆོས་ཀུན་ཀྱང་རང་རིག་པའི་ཡེ་ཤེས་རང་སྣང་བའི་ཕྱིར་རང་བཞིན་ངང་གིས་རིག་པའི་དྲོད་འབྱུང་བ་ནི་སྟོན་པ་དང་འཁོར་རོ། །ཆེད་དུ་མ་བཙལ་བར་རང་བཞིན་ངང་གིས་བརྗོད་འདྲར་སྣང་སྟེ་ཆོས་འཁོར་དང་གོ་ཚུལ་ལོ། །ལྔ་པ་རྡོ་རྗེ་སྐུའི་གསུང་གི་ཚུལ་གྲགས་སྟོང་དབྱེར་མེད་ཀྱི། འཁོར་འདས་ཀྱི་ཆོས་ཀྱི་སྒྲ་སྐད་ཀུན་ཀྱང་གྲག་སྟོང་དབྱེར་མེད་བྲག་ཆའི་སྒྲ་ཡི་རང་བཞིན་དུ་གནས་པའི་ཕྱིར། སྒྲ་ཐམས་ཅད་གྲག་སྟོང་དབྱེར་མེད་དུ་གནས་པ་རྡོ་རྗེ་སྐུའི་གསུང་དང་ཚུལ་མཐུན་པ་ནི་སྟོན་པ་དང་འཁོར་རོ། །བློ་རབ་འགས་སྒྲ་ཐོས་པ་ཙམ་ཉིད་ཀྱིས་དུས་དེ་ཉིད་དུ་ཚིག་དོན་སོ་སོར་མ་བརྟགས་པར་སེམས་ཉིད་དབྱེར་མེད་ཀྱི་གོ་བརྡའ་འཇལ་བར་བྱེད་པ་ནི་ཆོས་འཁོར་དང་གོ་ཚུལ་ལོ། །དྲུག་པ་སྤྲུལ་སྐུའི་གསུང་གི་ཚུལ་བརྗོད་པ་ཚིག་གི་གཏན་ཚིགས། འགྲོ་བ་སོ་སོའི་སྐད་དུ་དོན་བརྡའ་སྤྲོད་པ་ལྟར་ཚིག་གི་གསུང་དབྱངས་ནི་འཇིག་རྟེན་མེས་པོ་ཚངས་པའི་ངག་གི་ལྟ་བུར་སྙན་པས་འཁོར་མོས་པས་སྤྱོད་པ་ཚོགས་སྦྱོར་ལ་ཚིག་གི་སྒོ་ནས་གྲོལ་བ་བཞིན་དུ་ངག་གེས་བརྗོད་པ་ཡིས། ཆོས་ཉིད་ཀྱི་དོན་བརྡའ་སྤྲོད་ནས་བུའི་རྒྱུད་ཡོངས་སུ་གྲོལ་བར་བྱེད་པ་ནི་སྟོན་འཁོར་ཆོས་གསུམ་ལྷུན་གྱིས་གྲུབ་པའི་ཚུལ་ལོ། །གཉིས་པ་ཚིག་གི་གཏན་ཚིགས་ལ་གསུམ་སྟེ། དང་པོ་ཚིག་གིས་མཚོན་པའི་དགོས་ཆེད་ནི། གང་ཟག་ལས་དང་པོའི་རིགས་ཀྱི་ཤེས་རྒྱུད་ལ་བློའི་བྱེ་བྲག་ཐ་དད་ཡོད་པའི་ཕྱིར། བློ་ཆེ་ན་ཚུལ་དྲུག་གང་མོས་ཀྱི་སྒོ་ནས་གྲོལ་བ་ཡོད་པ་གོང་དུ་བསྟན་མོད་ཀྱང་། གང་ཟག་ཤེས་རབ་དང་བློ་ཆེ་བ་དག །ཚུལ་ལྔའི་གཏན་ཚིགས་ཀྱི་སྒོ་ནས་གྲོལ་བ་ཡོད། བློ་ཆུང་བ་ཚིག་གི་གཏན་ཚིགས་བསྟན་པའི་ཕྱིར་ཐོས་དང་། བསམ་དང་། སྒོམ་པའི་ཤེས་རབ་གསུམ་གྱི་མཉམ་པར་སྦྱོར་ཐབས་ཀྱིས་འབྲས་བུ་རང་བྱུང་གི་ཡེ་ཤེས་དཀྱིལ་འཁོར་མངོན་དུ་གསལ་བས་འཁོར་འདས་ཀྱི་ཆོས་ཀུན་ལ་ངམ་ཞིང་ངོ་མཚར་བའི་འབྲས་བུ་འགྲུབ་བར་བྱེད་པའི་ཕྱིར། དོན་དམ་པར་ཆོས་ཉིད་ཅིར་ཡང་མི་དམིགས་པའི་ངང་ལས་ཀུན་རྫོབ་ཏུ་ཚིག་དང་ཡི་གེ་བློས་དམིགས་བར་སྣང་བ་ཡི་ཆོ་འཕྲུལ་ཡི་གེ་ངང་བརྗོད་པ་ཚིག་གིས་དོན་ཆོས་ཉིད་མཚོན་ཅིང་གོ་བར་བྱ་བའོ། །གཉིས་པ་དངོས་ཚུལ་ཚིག་གིས་རྗེས་སུ་མཚོན་པར་གདམས་པ། སྐུ་ལྔ་ལྷུན་གྲུབ་ལས་གསུང་ལྔ་དངོས་སུ་ཐོས་པ་དངོས་ལྔ་དེ་དང་ཚུལ་མཐུན་དུ་རྟོགས་པ་ཡང་ཚུལ་དང་། དངོས་ཚུལ་གཉིས་པོ་དེའི་རྗེས་སུ་མཐུན་པར་བློ་ཆུང་རྣམས་ཚིག་ལྔའི་གཏན་ཚིགས་ཀྱིས་མཚོན་ཅིང་གཏན་ལ་དབབ་པར་བྱའོ། །གསུམ་པ་ཚིག་གི་གཏན་ཚིགས་དངོས་དེ་ལ་གཉིས་ཏེ། རྒྱལ་བ་སྐུ་བདུན་གྱི་དགོངས་པ་ཚིག་ཏུ་ངོ་སྤྲད་ནས་གཏན་ལ་དབབ་ཚུལ་དང་། དེ་རྣམས་ཀྱི་དོན་མདོར་བསྡུས་ནས་གོ་ཚུལ་ལོ། །དང་པོ་ལ་གཉིས། དང་པོ་མདོར་བསྟན། ཡུལ་སེམས་ངོ་བོ་ཉིད་རང་སྣང་དུ་སྟོན་པ་ངོ་བོ་ཉིད་སྐུའི་གསུང་ཚིག །སྐྱེ་མེད་རང་སྣང་སྟོན་པ་ཆོས་སྐུའི་ཚིག །ལྡེམ་དགོངས་སམ་བརྡའ་ཡི་ཆོས་ཉིད་མཚོན་པ་ལོངས་སྐུའི་ཚིག་དང་། གང་ཟག་ལམ་ལ་བཀྲི་ཞིང་དྲང་བའི་ཐབས་སུ་སྟོན་པ་སྤྲུལ་སྐུའི་ཚིག །འདོད་པ་རང་རྐྱེན་དུ་སྟོན་པ་གསང་བ་སྐུའི་ཚིག་དང་། ཆོས་ཐམས་ཅད་དབྱེར་མེད་སྟོན་པ་རྡོ་རྗེའི་སྐུའི་ཚིག །ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་གསལ་བར་སྟོན་པ་མངོན་བྱང་ཚིག་གིས་དོན་མཚོན་ནོ། །གཉིས་པ་རྒྱས་བཤད་ལ་བདུན། དང་པོ་ངོ་བོ་ཉིད་ཀྱི་གསུང་མཚོན་པ་རང་གསལ་ངོ་བོ་ཉིད་ཀྱི་ཚིག་ནི། འཁོར་འདས་ཀྱི་ཆོ་ཐམས་ཅད་སེམས་ཉིད་གསང་སྔགས་ཀྱི་ངོ་བོའི་རང་བཞིན་མཚོན་པའི་ཕྱིར། དེ་ཡང་ཡོད་མེད་ལ་སོགས་པའི་མཐའ་དང་དེ་ལ་ལྟོས་པའི་དབུས་ཀྱང་གྲུབ་པ་མེད་དེ་གཉིས་སུ་མེད་པ་དེ་བཞིན་ཉིད་དུ་སྣང་སྟོང་དབྱེར་མེད་མཉམ་པ་ཉིད་ཀྱི་ངང་དུ་ཡེ་ནས་གནས་པ་ལ་དབྱེར་མེད་ཀྱིས་མཚོན་པའི་དགོས་པ་ཡེ་ཤེས་ཡིན་པས་ཡེ་ཤེས་ལྔ་སོགས་རྟོག་ཚོགས་ཡེ་ཤེས་སུ་རྟོགས་པར་འདོད་པའི་དོན་བྱ་བའི་ཕྱིར། མཚོན་ཚུལ་ཡེ་ཤེས་དེ་ཉིད་ཕྱོགས་བཞི་དང་དབུས་སུ་ཡང་གནས་པའི་སྒོ་ནས་ཡེ་ཤེས་ལྔར་རྟོགས་པར་བྱའོ། །དེ་བཞིན་ཁ་དོག་ལ་སོགས་འབྱུང་བ་འདོད་ན་ཉོན་མོངས་པའི་ཆོས་ཀུན་ལ་ཡེ་ཤེས་ཉིད་དེ་ལྟར་དུ་སྦྱོར་བར་ཤེས་པར་གྱིས་ཤིག །གཉིས་པ་ཆོས་སྐུའི་གསུང་མཚོན་བ་སྐྱེ་མེད་དོན་གྱི་ཚིག །སྤྲུལ་སྐུའི་གསུང་ལྟར་ཡི་གེ་འདུས་པའི་མིང་། དེ་འདུས་པའི་ཚིག་དང་དེ་ལས་བརྗོད་པའི་སྒྲའི་ཐ་སྙད་སྤངས་པའི་ཕྱིར་ཚིག་ཏུ་བརྗོད་པ་མེད་པའི་སྐྱེ་མེད་ཀྱི་ངང་དུ་གནས་པ་ནི་མཚོན་བྱའི་དོན་ནོ། །དེ་མཚོན་བྱེད་ཚིག་གི་གསུང་ཉིད་སྣང་ཡང་རང་བཞིན་ཕྱོགས་གཅིག་ཏུ་གྲུབ་པ་མེད་པར་མཚོན་པ་ཡི་ཆོས་རྣམས་མ་ལུས་ཐམས་ཅད་ཡེ་གདོད་མ་ནས་སྐྱེ་མེད་དུ་དག་པས་ཆོས་ཐམས་ཅད་རྣམ་པར་མི་རྟོག་པའི་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་ཟིན་པས་ན་དེ་ལ་བརྗོད་པའི་སྒྲ་དང་ཚིག་ལ་དོན་ཇི་ལྟ་བ་བཞིན་གནས་པ་མིན་ནོ། །གསུམ་པ་མངོན་བྱང་གི་སྐུའི་གསུང་མཚོན་པ་རིག་པ་བྱིན་རླབས་ཀྱི་གསུང་། བརྟག་བྱ་མྱ་ངན་ལས་འདས་པ་དང་མ་འདས་པ་འཁོར་བའི་ཆོས་ལྟར་སྣང་བ་ཐམས་ཅད་ཀུན་ལ། རྟོག་བྱེད་ཡང་དག་པར་མངོན་སུམ་དུ་རྟོགས་པའི་ཤེས་པས་རབ་ཏུ་བརྟགས་ན། དོན་རྟོགས་ཚུལ་ནི། འཁོར་འདས་ཆོས་རྣམས་རང་བཞིན་གཅིག་ཏུ་གྲུབ་པ་མེད་པ་ཆོས་དབྱིངས་ཡེ་ཤེས་སོ་དེ་ལས་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟར་ཅིར་ཡང་སྣང་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལྟར་སྣང་བདོ་བ་ཉིད་ན་མཉམ་པ་ཉིད་ཀྱི་དབྱིངས་ཉིད་ཡིན་ཏེ་མཉམ་ཉིད་ཡེ་ཤེས་སོ། །མཚོན་བྱེད་ཀྱི་ཚིག་གིས་གཉིས་མེད་ཀྱི་དོན་དེ་ལྟར་རྟོགས་པར་བྱེད་པའི་ཡེ་ཤེས་ནི་དུས་གསུམ་འཁོར་འདས་ཀྱི་ཆོས་ཀུན་ལ་ཡེ་ཤེས་དེས་དབང་བསྒྱུར་བས་ན་རང་དབང་ཅན་ནི་བྱ་གྲུབ་ཡེ་ཤེས་སོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་ཚིག་གི་སྒྲ་ཡིས་མཚོན་ནས་གསལ་བ་ལྟར་དོན་མ་འདྲེས་པར་སོ་སོར་རྟོག་པར་གནས་པ་ནི་སོར་རྟོག་ཡེ་ཤེས་སོ། །དེ་ལྟར་ཡེ་ཤེས་སུ་གནས་པ་འདི་ནི་རང་བྱུང་གི་ཡེ་ཤེས་ལྔ་ལྷུན་གྲུབ་གྱི་གསུང་མཆོག་ཡིན་ནོ། །བཞི་པ་རྡོ་རྗེའི་གསུང་མཚོན་པ་གྲག་སྟོང་དབྱེར་མེད་ཀྱི་ཚིག །འཁོར་འདས་སྣང་གྲག་གི་ཆོས་རྣམས་ཀྱི་ནང་ཚན་བློས་བསམ་གྱིས་མི་ཁྱབ་པ་སྟེ། སེམས་ཉིད་དུ་གཅིག་པས་མཐའ་དང་དབུས་གཉིས་མེད་པར་འགྲོ་འོང་བྲལ་བས་ཀུན་ལ་ཐམས་ཅད་ཏུ་ཁྱབ་ལ། དེ་ལྟར་ཁྱབ་པའི་དུས་ནའང་། ཁྱབ་བྱ་དང་ཁྱབ་བྱེད་གཉིས་མེད་དབྱེར་མི་ཕྱེད་པའི་རྡོ་རྗེའི་སྐུ་ཡི་གསུང་མཚོན་བྱ་དོན་གྱི་ངོ་བོའོ། །འབྱུང་བ་དང་སྐྱེ་འགྲོའི་སྒྲ་སྐད་མི་མཐུན་པ་སྣ་ཚོགས་པར་གྲག་པ་ཀུན་ཡང་། དོན་དམ་པར་དངོས་པོར་གྲུབ་པ་མེད་པ་ལས་ཀུན་རྫོབ་ཏུ་དངོས་པོའི་སྒྲ་སྣ་ཚོགས་མ་འགགས་པར་གྲག་སྟེ། དཔེ་ཇི་ལྟར་ན་པི་ཝཾ་དེ་ཉིད་སྐྱེས་བུའི་ལག་ཏུ་ཐོགས་ནས་བརྡུང་ན། སྒྲ་སྐད་ཀྱི་རྣམ་པ་ནི་སྣ་ཚོགས་པར་འབྱུང་བར་འགྱུར་ན་ཡང་སྒྲ་དེ་རྒྱུད་དང་ཁོག་པ་ལས་བྱུང་བའི་དངོས་པོ་གྲུབ་པ་མེད་དེ་གྲགས་སྟོང་གཉིས་མེད་དེ་བཞིན་ཉིད་དུ་སྟོན་པའོ། །ལྔ་པ་ལོངས་སྐུའི་གསུང་མཚོན་པ་ལྡེམ་དགོངས་མན་ངག་གི་ཚིག །འདི་ནི་དངོས་དོན་དཔེ་རུ་བླངས་པ་སྟེ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའི་འཁོར་དང་སྨིན་པ་རྒྱ་མཚོ་རྣམས་ལ་སྐུ་གོང་མ་དེ་བཞིན་ལོངས་སྐུས་ཀྱང་གསུང་མཆོག་སྤྲུལ་སྐུ་ལྟར་ཚིག་ཏུ་མི་སྨྲ་སྟེ། ཇི་ལྟར་སྟོན་ན་སྐུ་ཡི་སྒོ་ནས་ཆོས་རྣམས་འཁོར་གྱི་བློ་ལ་འཇལ་བར་སྟོན་ཏེ། དཔེར་ན་མེ་ལོང་ནང་དུ་གཟུགས་བརྙན་བཞིན་དུ་ལོངས་སྐུའི་སྐུ་ལ་བལྟས་པས་ཤེས་སྒྲིབ་སྣང་བ་དེ་རིག་གོ། །དྲུག་པ་སྤྲུལ་སྐུའི་གསུང་མཚོན་པ་དཀྲི་དྲང་བརྒྱུད་པའི་ཚིག །རྣམ་པར་དཀར་བའི་ཆོས་རྣམས་ལྷག་མ་མ་ལུས་པ་ཐམས་ཅད་ཀུན་སྟོན་པ་སྤྲུལ་སྐུས་མོས་སྤྱོད་གདུལ་བྱ་ལ་མིང་དང་བརྗོད་པའི་ཚིག་ཏུ་བཏགས་ནས་སྟོན་པའོ། །ཆོས་ཇི་སྙེད་པ་མང་བོའི་དོན་སྒྲ་དང་ཚིག་ཏུ་བརྗོད་ཀྱང་། གྲག་སྟོང་དབྱེར་མེད་རྡོ་རྗེའི་གསུང་ལ་ཐ་དད་དུ་སྤྲོས་པ་རྡུལ་ཙམ་མེད་པ་ནི་མཚོན་བྱའི་དོན་ནོ། །མཚོན་བྱེད་ཚིག་སྤྲོས་པ་མེད་བ་དེ་བཞིན་ཉིད་ལས་མ་གཡེས་པར་གསུང་སྣ་ཚོགས་སུ་སྣང་བ་ལ། གདུལ་བྱ་ཀུན་གྱི་བློ་ལ་ཆོས་ཉིད་ཀྱི་དོན་བརྡའ་འཇལ་ཞིང་གསལ་བར་བྱེད་པས་ཡེ་ཤེས་ཀྱི་གསུང་ཡིན་ལ། གསུང་དུས་སྒྲ་དང་མིང་དང་ཚིག་ཀུན་ལས་འདས་པའི་ཕྱིར། སྒྲ་སྨྲས་ཀྱང་ཉེས་པ་མེད་པའི་དཔེ་སྒྲ་ཐམས་ཅད་མཐའི་སྐྱོན་གྱིས་མ་གོས་པ་པདྨ་འདམ་གྱི་སྐྱོན་ཆགས་ཤིང་གོས་མེད་པ་ལྟ་བུའོ། །བདུན་པ་གསང་བའི་སྐུའི་གསུང་མཚོན་པ་འདོད་པ་རང་རྐྱེན་གྱི་ཚིག་ནི་འདོད་ཆགས་བདེ་བ་ཉིད་ལམ་དུ་སྟོན་པའོ། །དེ་ནི་ཡབ་ཡུམ་གྱི་དབང་པོ་ལ་བོ ལླ་ཀཀྐོ་ལ་རྣམ་པ་གཉིས་ཕྱག་རྒྱ་བཞིས་བསྲུབས་པ་ཡིས། ཡུམ་གྱི་མཁའ་ལ་ཡབ་ཡུམ་གྱི་ཐིག་ལེ་ཉི་ཟླ་བྱང་སེམས་གཉིས་དུས་གཅིག་ཏུ་འཛོམ་བའི་དུས་བདེ་སྟོང་གི་ཡེ་ཤེས་ཤར་བའམ་འཆར་བ་ནི། དཔེར་ན་མི་འཇིགས་པའི་སེང་གེས་གཅན་གཟན་གཞན་ཟིལ་གྱིས་གནོན་པའི་ཚུལ་དུ་ཆགས་རྟོག་ཟིལ་གྱིས་མནན་ཅིང་ལྷན་སྐྱེས་ཡེ་ཤེས་བདེ་བ་མཐོང་བར་བྱེད་པའི་རྒྱུ་མཚན་དེ་ཡི་ཕྱིར་ལྷན་སྐྱེས་ཡེ་ཤེས་ལ་གཏན་ཚིགས་སུ་འཇོག་པའི་རྒྱུ་མཚན་ནི། དོན་མཐོང་བར་བྱེད་པའི་ལས་ལ་ལས་ཞེས་ཚིག་ཏུ་བརྗོད་པའོ། །གཉིས་པ་མདོར་བསྡུས་ནས་གོ་ཚུལ་ལ་གཉིས། དང་པོ་མདོར་བསྟན་ནི། དེ་ལྟ་བུར་ཕྱེ་ན་ཚིག་བདུན་ཡོད་མོད་ཀྱང་དེ་བསྡུ་ན་འོག་ནས་འབྱུང་བའི་གོ་ཚུལ་གཉིས་ཏེ། སྐུ་བཞི་དང་རྗེས་སུ་མཐུན་པར་མི་དཔྱོད་པས་གོ་བ་དང་། སྤྲུལ་སྐུ་གཅིག་དང་རྗེས་སུ་མཐུན་པར་དཔྱོད་པས་གོ་བ་དང་། རྣམ་པ་གཉིས་ཀྱི་ཚུལ་གྱིས་དོན་རྟོག་ཤིང་མཐོང་བར་བྱེད་པ་དང་། ཤེས་རབ་ཀྱི་དབང་པོ་ཆེ་ཆུང་གཉིས་དང་མཐུན་པར་སྦྱར་བའོ། །གཉིས་པ་རྒྱས་བཤད་ལ་གཉིས། སྐུ་བཞི་དཔྱད་དུ་མེད་པའི་གོ་བ། སྤྲུལ་སྐུ་དཔྱད་དུ་ཡོད་པའི་གོ་བའི་གཏན་ཚིགས་སོ། །དང་པོ་ལ་ལྔ། དཔྱད་དུ་མེད་པའི་གོ་བའི་རྒྱུ་མཚན་དང་། རྟོག་དཔྱོད་ཀྱིས་གཏན་ལ་མི་ཕེབས་པར་བསྟན་པ། མ་དཔྱད་པར་གོ་བའི་དཔེ་དོན་དང་། གོ་བའི་དོན་གྱི་ངོ་བོ་བཅིངས་གྲོལ་དང་བྲལ་བར་བསྟན་པ། དེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གོ་བ་མཆོག་ཡིན་པར་ངེས་ཚིག་དང་བཅས་པའོ། །དང་པོ་ལ་གཉིས། དང་པོ། གཞལ་བྱ་ཆོས་ཀུན་སྙིང་པོ་བྱང་ཆུབ་ཡིན་པས་དཔྱད་དུ་མེད་པ་ནི། མདོར་བསྟན་ལ་གཉིས་ཡོད་པ་ལས་དེ་ལ་སྔ་མས་དཔྱད་དུ་མེད་པ་གོ་བར་བྱ་བའང་། འགྲོ་དྲུག་གི་སེམས་ཅན་མ་ལུས་པ་ཐམས་ཅད་ཀུན་ཡེ་གདོད་མ་ནས་བྱང་ཆུབ་སྙིང་པོར་གནས་པས། དེ་ཡི་ཕྱིར་ན་ཆོས་ཉིད་ལ་དཔྱད་པའི་བྱ་བའི་ཡུལ་དང་དཔྱོད་པར་བྱེད་པའི་མཁན་པོ་གཉིས་མེད་པས་ན། གཉིས་པ་དཔྱད་དུ་མེད་པའི་གོ་བའི་རྒྱུ་མཚན། སྐུ་བཞིའི་གསུང་ལྟར་སྐབས་འདིར་ཚིག་དང་ཡི་གེས་ཀྱང་མི་མཚོན་ཏེ། རྫོགས་པའི་སངས་རྒྱས་ཀྱིས་ཀྱང་འདི་ཁོ་ནའོ་ཞེས་རྙེད་པར་དཀའ་སྟེ། བདུད་བཞི་ལས་རྒྱལ་བའི་སྐུ་བཞིའི་སྲས་པོ་འཁོར་བཞི་ལ་བསྟན་པ་ཚིག་ཏུ་ཅང་མི་གསུང་། ཚིག་ཏུ་མ་གསུངས་པ་ཉིད་ཀྱང་དོན་རྒྱ་ཆེར་བརྡའ་འཇལ་ནས་བཤད་ཀྱང་། སྟོན་པས་ཚིག་ཏུ་བཤད་པ་དང་འཁོར་གྱིས་ཉན་པ་གཉིས་ཀ་མེད་དོ། །གཉིས་པ་རྟོག་དཔྱོད་ཀྱིས་གཏན་ལ་མི་ཕེབས་བར་བསྟན་པ། ཡིན་མིན་གྱི་དཔྱོད་པ་ཞིབ་ཏུ་ཞུགས་ན་རང་ལས་གཞན་དུ་རྣམ་རྟོག་རྩིང་ན་རྟོག་པའི་གཞི་སྣ་ཚོགས་སྐྱེེ་བ་ཡིན། དེ་ལྟར་རྟོག་པ་ཞུགས་ན་ཡུལ་དུ་དམིགས་པའི་རྟེན་ཡིན་ནོ། །ཡུལ་དུ་དམིགས་པ་ཞུགས་ན་བདག་ཏུ་འཛིན་པའི་གཟུངས་སུ་འགྱུར་རོ། །དེ་ལྟར་གཟུང་འཛིན་གྱི་མདུད་པས་ཟིན་པའི་ཕྱིར་ན་འཁོར་བ་ལས་གྲོལ་བར་མི་འགྱུར་ཏེ། གསུམ་པ་མ་དཔྱད་པར་གོ་བའི་དཔེ་དོན། རྟོག་དཔྱོད་གཉིས་ཀྱིས་མི་གྲོལ་བདེ་བས་གསེར་ལྟ་བ་ལ་གསེར་རང་སྟོན་དགོས་པ་བཞིན་དུ། ཆོས་ཀུན་རིག་པ་བདག་ཉིད་ཆེན་པོ་རང་སྣང་ཡིན་པའི་ཕྱིར་དེ་ལྟར་དཔྱད་པར་བྱ་བའི་ཡུལ་དཔྱོད་པར་བྱེད་པའི་ཤེས་རབ་གཉིས་མི་དམིགས་པས། ཚིག་ལ་རྟོག་པ་སྟེ་རྩིང་པ་དང་། དོན་ལ་དཔྱོད་པ་སྟེ་ཞིབ་པས་འདི་ལྟར་ཡིན་སྙམ་པའི་དམིགས་འཛིན་གྱི་སྒོ་ནས་ལྟ་བ་མི་འཚོལ་བར། རྒྱལ་བ་སྐུ་བདུན་གྱི་དགོངས་པ་དེ་ཚིག་ཏུ་བརྗོད་པ་ཉིད་ཀྱིས་རྒྱལ་བ་སྐུ་བདུན་དེ་ཉིད་ཀྱི་དོན་མཐོང་ཞིང་གོ་དགོས་སོ། །བཞི་པ་གོ་བའི་དོན་གྱི་ངོ་བོ་བཅིངས་གྲོལ་དང་བྲལ་བར་བསྟན་པ། འཆིང་བྱེད་ཀྱི་དགྲ་ལྟ་བུ་སུས་ཀྱང་མ་བཅིངས་ཤིང་བཅིང་བར་བྱེད་པའི་དངོས་པོ་ཞགས་པ་ལྟ་བུ་མེད་དེ། བཅིང་བར་བྱ་བ་ཡི་ཡུལ་དགྲ་བརྩོན་ལྟ་བུའང་ཡོད་པ་མ་ཡིན་ཏེ། དེ་ལྟར་བཅིངས་པ་འཁོར་བ་མེད་པས་རྣམ་པར་གྲོལ་བ་པོ་ཡང་མེད་པས་ན། འཁོར་བ་སྤངས་ནས་འདས་པར་རྒྱུད་གྲོལ་བར་ཡང་མི་འདོད་པས་བཅིངས་པ་དང་ངང་གིས་བྲལ་བ་ཡིན་ནོ། །ལྔ་པ་དེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གོ་བ་མཆོག་ཡིན་པའི་ངེས་ཚིག་བཅས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་འཁོར་འདས་ཀྱི་དངོས་པོ་གང་ལའང་གཞལ་བྱའི་ཡུལ་ནས་རྟོག་དཔྱོད་བྱས་པ་མེད་པས། འཁོར་འདས་ལ་སོགས་མ་བརྟགས་པར་སོ་སོར་སྣང་བ་ཡི་ཆོས་ཀུན་གྱི་དེ་ཁོ་ན་ཉིད་དོན་རྟོགས་པའི་ཕྱིར། དེ་ཉིད་སོ་སོར་རྟོག་པའི་ཤེས་རབ་ཀྱི་ནང་ནས་མཆོག་གམ་ཕུལ་དུ་ཕྱིན་པ་ཡིན་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་པ་མེད་པའི་སོ་སོར་སྣང་བ་ཀུན་རྟོག་པས། སོ་སོར་རྟོག་པའི་ཤེས་རབ་མཚོན་པའི་བླ་དགས་སམ་དཔྱད་དུ་མེད་པའི་གཏན་ཚིགས་སུ་བརྗོད་པ་ཡིན་ནོ། །གཉིས་པ་དཔྱད་དུ་ཡོད་པས་གོ་བའི་གཏན་ཚིགས་ལ་གསུམ། དང་པོ་མདོར་བསྟན། དཔྱད་དུ་མེད་པ་སོང་ནས་ཁ་ཅིག་ཕྱི་མས་དཔྱད་དུ་ཡོད་པས་གཏན་ཚིགས་ཀྱིས་རྒྱུད་གྲོལ་བའམ་དོན་གོ་བར་བྱེད་པའང་བརྟག་བྱ་གོང་དུ་གཞལ་བྱའི་སྐབས་སུ་བརྗོད་ཟིན་པའི་འཁོར་འདས་ཀྱི་དངོས་པོའི་ཚོགས་བློའི་སྤྱོད་ཡུལ་དུ་གྱུར་པ་རྣམས་ལ་རྟོག་དཔྱོད་རང་གི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྒྱུ་བྱས། འོག་གི་གཏན་ཚིགས་རྣམས་གྱིས་རྐྱེན་བྱས་ཏེ། གཏན་ལ་དབབ་པ་ལ་དོན་དང་མཐུན་པའི་གཏན་ཚིགས་ཀྱིས་གཏན་ལ་དབབ་པ་དང་དོན་དང་མི་མཐུན་པའི་གཏན་ཚིགས་ཀྱིས་གཏན་ལ་དབབ་པའོ། །གཉིས་པ་རྒྱས་བཤད་ལ་གཉིས། ཚིག་དོན་མི་མཐུན་པ་དང་། མཐུན་པའི་གཏན་ཚིགས་སོ། །དང་པོ་ལ་གཉིས། དང་པོ་དཔེ་ཉེ་བར་བསྟན་པ། མདོར་བསྟན་གྱི་ཕྱི་མ་དོན་དང་མི་མཐུན་གཏན་ཚིགས་ཀྱི་དཔེ་ཡང་དོན་མཚོན་པར་བྱེད་པ་ལྟར། དཔེ་མེ་ཆོས་ཅན་ཡོད་དེ། རྟགས་དུ་བ་འདུག་པའི་ཕྱིར། མི་མཐུན་པའི་དཔེ་ཆུ་རླངས་བཞིན་ནོ། །ཆུ་རླངས་ནས་བསྒྲུབ་བྱ་མེ་ལོག་པས། རྟགས་དུ་བ་ལྡོག་པ་ཡིན་ཏེ། དེ་ཀ་མི་མཐུན་པའི་དཔེའོ། །གཉིས་པ་དོན་རྒྱས་པ་ལ་བཞི་སྟེ། དང་པོ་གནས་ལུགས་མཚོན་པའི་ཡུལ་ལས་འདས་པར་བསྟན་པ། ཕྱི་ནང་འཁོར་འདས་ཀྱི་ཆོས་ཀུན་གྱི་ཆོས་ཉིད་ཕྱོགས་ཅིག་པའི་སྣང་སྟོང་རྟག་ཆད་ལ་སོགས་པའི་མཐའ་ལས་འདས་པ་ལ་སྣང་སྟོང་རྟག་ཆད་ལ་སོགས་པའི་མཐའི་རྣམ་པ་གང་ཡང་བཀག་ཅིང་དོར་བ་མེད་པས། དཔེ་འདི་ལྟར་དོན་འདིའོ་ཞེས་ཕྱོགས་གཅིག་ཏུ་བསྟན་དུ་མེད། དེ་རང་གི་ངོ་བོ་ཚིག་ཏུ་བསྟན་པ་དང་བློས་བརྟགས་པར་དཀའ་འོ། །གཉིས་པ་ཇི་ལྟར་མཚོན་པའི་དགོས་ཆེད། འོན་ཀྱང་ཞེས་མི་མཐུན་པ་མཐུན་པར་སྟོན་པའི་ཚིག་ཡིན་པ་དང་། མིན་པ་དང་། སྣང་སྟོང་སོགས་ཕྱོགས་རིས་སུ་འཛིན་བའི་ཞེན་པ་དགྲོལ་བའི་ཕྱིར། གསུམ་པ་གཏན་ཚིགས་ལ་གཉིས། དང་པོ་ཀུན་ཡིན་གང་མ་ཡིན་པའི་གཏན་ཚིགས་ལྷུན་གྲུབ་ཏུ་བསྟན་པ། དེ་ཡང་མདོར་བསྡུ་ན། མཉམ་པ་ཉིད་ལ་འཁོར་འདས་ཀྱི་ཆོས་ཉིད་ཇི་ལྟར་མིང་བཏགས་པ་ལྟར་གྲུབ། ཡིད་ཀྱིས་བསམ་པ་བཞིན་དུ་སྣང་ཞིང་རང་རིག་རྩལ་དུ་ཅིར་ཡང་འགྱུར་བས་འཁོར་འདས་ཕྱི་ནང་གི་དངོས་པོ་ཀུན་གྱི་ངོ་བོར་སྟོན་ཅིང་སྣང་ཞིང་། དོན་སེམས་ཉིད་དེ་མཚོན་ཅིང་ཕྱོགས་མེད་ཀུན་ཏུ་རང་སྣང་བས་ཅི་ཡང་ཡིན་པའི་ཕྱིར། དཔེར་ན་སེམས་ཀྱི་ཆོས་ཉིད་ལ་སྣང་སྟོང་ཕྱོགས་གཅིག་ཅི་ཡང་མ་གྲུབ་པས་མ་ཡིན་ནོ་ཞེས་བྱའོ། །གཏན་ཚིགས་དེ་ཡི་ཕྱིར་ཕྱོགས་གཅིག་གང་ཡང་མ་ཡིན་ཕྱོགས་མེད་ཀུན་ཡིན་པས་ན་ཅི་ཡང་ཡིན་ནོ་འཁོར་འདས་ཆོས་ཀུན་ལྷུན་གྱིས་གྲུབ་པའོ། །གཉིས་པ་མ་སྤངས་མི་ལྡན་གྱི་གཏན་ཚིགས་མཐའ་བྲལ་དུ་བསྟན་པ། རང་བྱུང་གི་ཡེ་ཤེས་སྣང་སྟོང་སོགས་མཐའ་ཀུན་གྱི་ཕྱོགས་དང་རིས་སུ་རྒྱ་མ་ཆད་པའི་ཕྱིར། སྣང་སྟོང་ཕྱོགས་དེའི་མཐའ་ཀུན་དང་བྲལ་ལ། ཕྱོགས་མེད་དུ་རང་སྣང་བས་མཐའ་ཀུན་གྱི་རང་བཞིན་ཡིན་པའི་ཕྱིར་མ་བྲལ་བའོ། །དེས་ན་སྣང་སྟོང་ལ་སོགས་པའི་མཐའ་གང་ཡང་མ་སྤངས་པས་ན་ཕྱོགས་གཅིག་གང་ཡང་མི་ལྡན་པས་སོ། །མཐའ་ཀུན་སེམས་ཉིད་དུ་རང་སྣང་བས་མ་བྲལ་བའི་ཕྱིར་དེ་བས་ན་ཕྱོགས་རེའི་མཐའ་ཐམས་ཅད་དང་བྲལ་ཞེས་བྱའོ། །བཞི་པ་གཏན་ཚིགས་ཀྱིས་གཏན་ལ་འབེབས་ཚུལ། དེ་ལྟར་སེམས་ཀྱི་ཆོས་ཉིད་ཀྱི་ངོ་བོས་ཞེས་ངེས་བཟུང་གི་སྒོ་ནས་གཏན་ལ་ཕེབས་པས་ན་གཏན་ཚིགས་རྒྱས་པར་འགྱུར་རོ། །གཉིས་པ་ཚིག་དོན་མཐུན་པའི་གཏན་ཚིགས་ལ་སྤྱི་ཕྱིར་འཇུག་བསྡུ་གསུམ། དང་པོ་སྤྱིར་བསྟན་པ་ནི། ཚིག་དོན་མི་མཐུན་པ་ལས་དགར་བས་ཅིག་ཤོས་སུ་གྱུར་པ་ཚིག་དོན་མཐུན་པར་སྟོན་པའི་ཚིག་གཏན་ཚིགས་ཡིན་ཡང་། བྱེ་བྲག་ཏུ་ཕྱེ་ན་གཏན་ཚིགས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། མདོར་བསྡུས་པས་གཏན་ཚིགས་ཀུན་ལ་ཁྱབ་པ་ནི་ལུང་མན་ངག་རིག་པ་ཚད་མ་གསུམ་ཡིན་ཏེ། ཚད་མ་གསུམ་པོ་དེ་དག་དང་ལྡན་པ་ཚིག་དོན་མཐུན་པའི་གཏན་ཚིགས་ཀྱི་རྣམ་གྲངས་སུ་བརྗོད་པ་བསམ་ཡས་པ་ཡོད་ནའང་། འདིར་དེ་དག་གི་ཆ་གཅིག་ཙམ་ཚིག་དུ་བརྗོད་པ་འོག་ནས་འབྱུང་བའི་འདི་ལྟ་བུ་ཡིན་མོད། གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ་གཉིས། ཚད་མ་བཀའ་གཞུང་དང་། སྒྲ་མཐུན་དོན་སྤགས་གཏན་ཚིགས་སོ། །དང་པོ་ལ་ལྔ། དང་པོ་དག་པ་བཞི་དང་གསུམ་གྱི་གཏན་ཚིགས། འཁོར་འདས་བདེན་གཉིས་རྒྱུ་འབྲས་ཀྱི་ཆོས་རྣམས་རང་བཞིན་ཡོང་གིས་རྣམ་པར་དག་པ་ཡི་དོན་ནི། རྣམ་པ་བཞིའི་ཚུལ་གྱིས་དོན་རྟོགས་ཤིང་མངོན་དུ་བྱེད་དོ། །ཞེས་པའང་། རྒྱས་པ་ལས། རྒྱུ་རྣམས་རབ་ཏུ་དག་པ་དང་། །འབྲས་བུ་ཡོངས་སུ་དག་གྱུར་ཏེ། །དོན་དམ་དམིགས་མེད་རང་བཞིན་དག །ཀུན་རྫོབ་སྒྱུ་མར་ཡེ་ནས་དག །ཅེས་པས། རྒྱུ་འབྱུང་བ་ལྔ་སེམས་སུ་དག་པ་དང་། འབྲས་བུ་དམ་རྫས་ལྔ་རིགས་ལྔར་དག་པ། དོན་དམ་དམིགས་མེད་དུ་དག་པ། ཀུན་རྫོབ་སྒྱུ་མར་དག་པའི་ཚུལ་ལོ། དག་པ་གསུམ་ནི། སྣོད་འབྱུང་བ་ལྔ་ཡུམ་ལྔར་དག་པ་དང་། བཅུད་ཕུང་པོ་ལྔ་རིགས་ལྔར་དག་པ་དང་། སེམས་ཀྱི་རྒྱུད་རྣམ་ཤེས་ཚོགས་བརྒྱད་ཀྱིས་བསྡུས་པ་རྣམས་ཡེ་ཤེས་ལྔར་དག་པ་ལ་དག་པ་ལྟར་རྟོགས་ཤིང་གཏན་ལ་ཕབ་པ་སྟེ། གཉིས་པ་མཉམ་པ་བཞིའི་གཏན་ཚིགས། ཐུན་མོང་གི་མཉམ་གཉིས་ནི་མདོ་སྡེ་དང་སྒོ་བསྟུན་པ་སྟེ། དོན་དམ་སྐྱེ་མེད་དུ་མཉམ། ཀུན་རྫོབ་སྒྱུ་མར་མཉམ། དེ་ལས་ལྷག་པའི་མཉམ་གཉིས་ནི། ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་མཉམ་པ་དང་། དོན་དམ་དཀོར་བདུན་དུ་མཉམ་པ་སྟེ། དེ་ལྟར་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱིས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྤྱོད་ཡུལ་ཡོངས་སུ་དག་པ་ནི་ཀུན་ཏུ་བཟང་པོའི་ཞིང་ཁམས་ཞེས་བྱའོ། །གསུམ་པ་རྟོགས་པ་བཞིའི་གཏན་ཚིགས་ལ། རིམ་གྱི་དང་ཅིག་ཆར་ལྟར་བཤད་པ་གཉིས་ལས། དང་པོ་ནི། འཁོར་འདས་ཀྱི་ཆོས་རྣམས་སུ་ཞེན་པ་གཞལ་བྱ། རྒྱུ་གཅིག་པ་གཏན་ཚིགས་དང་། དོན་དམ་སྐྱེ་མེད་དུ་རྟོགས་པས། དངོས་པོའི་མཚན་འཛིན་གྱི་ཞེན་པ་ལས་གྲོལ་བའོ། །གསུང་གི་ཡི་གེ་ཨ་སྐུའི་ཨོ། ཐུགས་ཀྱི་ༀ་སྟེ་ཡིག་འབྲུའི་ཚུལ་དུ་གཏན་ལ་ཕབ་པའི་གཏན་ཚིགས། ཀུན་རྫོབ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་རྟོགས་པ་གྲུབ། དེས་སྟོང་པ་ཕྱང་ཆད་དུ་འཛིན་པའི་ཞེན་པ་གྲོལ། རྟོགས་པ་སྔ་མ་གཉིས་སུ་ཞེན་པ་གཞལ་བྱ། ཕྱིན་གྱིས་བརླབས་པའི་གཏན་ཚིགས་དང་། བདེན་གཉིས་ཐ་དད་དུ་འཛིན་པའི་ཞེན་པ་གྲོལ་པའོ། །དབྱེར་མེད་དུ་རྟོགས་པ་ལ་ཞེན་པ་གཞལ་བྱ་མངོན་སུམ་པ་ཡི་གཏན་ཚིགས་ཀྱིས། བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དུ་བྱེད་པའི་ཞེན་པ་གྲོལ་བའོ། །གཉིས་པ་ཅིག་ཆར་དུ་བཤད་ན། འཁོར་བའི་ཆོས་ཐམས་ཅད་རྒྱུ་མ་རིག་པ་ལ་གཅིག་འདས་པའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་རྒྱུ་གཅིག །དེ་ལྟར་བདེན་པ་གཉིས་ཀ་རང་བྱུང་ཡེ་ཤེས་སུ་རྒྱུ་གཅིག་པ་ཡིན་ཏེ། རྒྱུ་གཅིག་པ་དེ་ཉིད་རང་སྣང་ལ་དོན་མ་སྐྱེས་མིང་འགག་མེད་དང་། རྟགས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དབྱེར་མེད་ཡིག་འབྲུ་གསུམ་པོའི་ཚུལ་དུ་མཚོན་པ། ཕུང་པོ་རྣམ་ཤེས་འབྱུང་བའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་བྱིན་གྱིས་བརླབས་པའི་དོན་དང་དབྱེར་མེད་དུ་རྟོགས་པ་ཡིན་ཏེ། དེ་ཉིད་བློའི་སྤྱོད་ཡུལ་དང་བྲལ་བ་རང་རིག་པས་མངོན་སུམ་དུ་རྟོགས་པ་ཡིན་ཏེ། དེ་ལྟར་གཏན་ཚིགས་ཀྱིས་རབ་ཏུ་རྟོགས་པ་རྣམ་པ་བཞི་ཡིས། ཕྱི་ནང་གི་ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བར་རྫོགས་ཤིང་རིག་པ་ལ་རང་དབང་བསྒྱུར་བས་ན་རྒྱལ་པོ་སྟེ། ཕྱི་རྒྱུད་མན་ཆད་ལས་ཁྱད་པར་འཕགས་པས་ན་འདི་བས་ཆེ་བའི་གྲུབ་མཐའ་གཞན་མེད་དོ། །བཞི་པ་དག་པ་གསུམ་དང་བདག་ཉིད་ཆེན་པོའི་གཏན་ཚིགས། ཆོས་ཀུན་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ལ་ཉིད་ཀྱིས་དབང་བསྒྱུར། རང་བྱུང་གི་ཡེ་ཤེས་ཉིད་ལ་ཉིད་ལོངས་སྤྱོད་པའི་ཕྱིར་བདག་ཉིད་ཆེན་པོའི་གཏན་ཚིགས་ཏེ། བདག་གི་ཕུང་པོ་ལྔ་དང་། གཞན་འབྱུང་བ་ཡུལ་ལྟར་དུ་སྣང་བ་ལྔ་དང་། རྟོག་པའི་རྒྱུན་ངར་འཛིན་པའི་རྣམ་ཤེས་ཚོགས་བརྒྱད་པོ་རྣམས། རིགས་ལྔ། ཡུམ་ལྔ། ཡེ་ཤེས་ལྔར་རྣམ་པར་དག །རང་རིག་མངོན་སུམ་པས་རྟོགས་པ་ནི་བླ་ན་མེད་པའི་གསང་སྔགས་རྡོ་རྗེ་ཐེག་པའི་མཆོག་མ་ཧཱ་ཡོ་གའི་ལྟ་བའོ། །ལྔ་པ་རང་བཞིན་བདེན་པ་དབྱེར་མེད་ཀྱི་གཏན་ཚིགས་ལ་གསུམ། དང་པོ་རང་བཞིན་སྣང་སྟོང་དབྱེར་མེད་དུ་བསྟན་པ་ནི། མྱ་ངན་འདས་པ་དང་མ་འདས་པའི་ཆོས་མ་ལུས་པ་ཐམས་ཅད་ཀུན། དོན་དམ་གསུམ་མངོན་དུ་བྱེད་པའི་ཡང་དག་པའི་ཤེས་པས་རབ་ཏུ་བརྟགས་ན། དོན་དམ་པར་སྤྱོད་ཡུལ་དང་བྲལ་བས་རང་བཞིན་མེད་པ་ལས་ཀུན་རྫོབ་ཏུ་ཡུལ་མེད་རང་གསལ་བར་ཅིར་ཡང་སྣང་བའི་ཕྱིར་རོ། །ཀུན་རྫོབ་ཏུ་ཇི་ལྟར་སྣང་བ་ཡི་དུས་ཉིད་ན་དོན་དམ་མཉམ་པ་ཉིད་ཀྱི་དབྱིངས་ཉིད་ལས་གཡོས་བ་མེད་པ་ཡིན་ནོ། །གཉིས་པ་འཁོར་འདས་ངོ་བོ་གཉིས་མེད་དུ་བསྟན་པ། དེ་བཞིན་གཤེགས་པའི་སྐུ་ཡེ་ཤེས་སྒྱུ་མར་དག་པའི་ངོ་ལ་སྣང་བ་མྱ་ངན་ལས་འདས་པ་དང་། དེ་མ་ཡིན་ལ་དེར་འཛིན་པའི་ལོག་རྟོག་སྒྱུ་མར་སྣང་བ་གཉིས་ཀ་སེམས་ཉིད་ཀྱི་ངོ་བོར་བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་དེ་རང་བཞིན་གྱིས་སྟོང་པ་ལ་མྱ་ངན་ལས་འདས་པའི་རིགས་དང་འཁོར་བའི་རྒྱུད་ཐ་དད་དུ་བརྟག་ཏུ་མེད་པའི་ཕྱིར། གསུམ་པ་རང་བཞིན་ཆོས་སྐུ་ལྷུན་གྲུབ་ཏུ་བསྟན་པ། དོན་དམ་འཁོར་འདས་ཞེས་སོ་སོའི་རིགས་ཐ་དང་དང་ཁ་དོག་དང་དབྱིབས་ཐ་དད་མེད་པ་ལས། ཀུན་རྫོབ་ཏུ་ཕྱི་ནང་སྣོད་བཅུད་དང་འདས་པའི་ཐེག་པ་མཐོ་དམན་ཐམས་ཅད་མ་འགགས་པར་སྣང་བའོ། །སྣང་བ་ཡི་དུས་ཉིད་ན་གྲུབ་པ་མེད་པ་དེ་ཉིད་ལ་ཆོས་ཀྱི་སྐུ་ཞེས་བྱའོ། །ཕྱོགས་མེད་ཅིར་ཡང་འགྱུར་ཞིང་ཡེ་ཤེས་རང་སྣང་དུ་ཅིར་སྣང་ཐམས་ཅད་གྲུབ་པ་སྟེ་ཕྱོགས་མེད་དུ་ལྷུན་གྱིས་གྲུབ་པའོ། །གཉིས་པ་སྒྲ་མཐུན་དོན་སྤགས་ལ་བཞི། དང་པོ་རང་སྤྱིའི་གཏན་ཚིགས་དེའི་གོ་དོན་ནི། དེ་ལ་ཉོན་མོངས་པ་རང་གི་མཚན་ཉིད་དང་། སྤྱིར་བསྟན་པ་ཡི་མཚན་ཉིད་གཉིས། ཁྱད་པར་སྤྱི་དང་རང་གི་མཚན་ཉིད་མ་ནོར་བར་དོན་རྟོགས་ན་ཉོན་མོངས་པ་ཉིད་རྣམ་པར་བྱང་བའི་མྱ་ངན་ལས་འདས་པའི་ལམ་དུ་འགྱུར་བའོ། །ཉོན་མོངས་ལམ་དུ་འགྱུར་བ་དེ་ཡི་ཕྱིར་ཁྱད་པར་རང་དང་སྤྱིའི་གཏན་ཚིགས་ཏེ། སྙིགས་མའི་གདུལ་བྱ་རྣམས་ལ་ཤིན་ཏུ་གཅེས་སོ། །གཉིས་པ་མཐའ་བྲལ་གྱི་གཏན་ཚིགས། སེམས་ཉིད་མཉམ་པ་ཉིད་ལ་ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་སྟེ་ངན་པ་དང་། དབུས་ཏེ་བཟང་པོ་མེད་ཅིང་གཅིག་དང་དུ་མར་བྲལ་ལ། གཅིག་དང་དུ་མར་གང་དུ་ཡང་གྲུབ་བ་མ་ཡིན་ཏེ་གཉིས་སུ་མེད་པའི་དེ་བཞིན་ཉིད་བདེན་པ་དབྱེར་མེད་པ་ཡི་ཚུལ་དེ་ལམ་པས་རྟོགས་པའི་ཕྱིར། ཕྱོགས་རེ་བའི་མཐའ་དང་དབུས་བྲལ་བའང་སྔར་རང་སྤྱི་བསྟན་པ་དེ་བཞིན་ནོ། །གསུམ་པ་རྣམ་པར་དབྱེ་བའི་གཏན་ཚིགས། འབྲས་བུའི་གཟུགས་ཀྱི་འབྱུང་གནས་ཡིན་པས་འབྱུང་བ་རགས་ཤིང་དབང་ཆེ་བས་ཆེན་པོ། ས་ཆུ་མེ་རླུང་ནམ་མཁའ་དང་ལྔ་རྣམས་ལ། རང་རྒྱུད་པར་འཛིན་པའི་རང་བཞིན་གྲུབ་པ་མེད་པར་གཏན་ཚིགས་ཀྱིས་གཞིག་བར་བྱ་བའི་དགོས་ཆེད་ཡོད་པའི་ཕྱིར། ས་ལ་སོགས་པ་གཅིག་ལའང་འབྱུང་བ་ལྔ། རེ་རེ་ལའང་འབྱུང་བ་ལྔ་ལྔར་སྣང་བའི་དབང་གིས་ཉི་ཤུ་རྩ་ལྔར་དབྱེ་བར་བྱ་ཞིང་། དེས་ན་སེམས་ཅན་གྱི་ལས་སྣང་ཕྱོགས་གཅིག་མ་གྲུབ་པ་མུཾ་གྱི་ཡི་གེས་མཚོན་པ་མཉམ་པ་ཉིད་ཀྱི་དབྱིངས་དང་གཉིས་སུ་མེད་པ་བསྟིམ་པར་བྱ། མུཾ་གྱིས་མཚོན་པའི་དབྱིངས་དེ་ཉིད་ངག་གི་སྨྲ་བ་དང་ཡིད་ཀྱིས་བསམ་བརྗོད་ཀྱི་ཡུལ་ལས་འདས་སོ། །བཞི་པ་མཚོན་པ་དཔེའི་གཏན་ཚིག་ལ་གསུམ་སྟེ། དང་པོ་དཔེ་དངོས། དཔེར་ན་ནམ་མཁའ་ལ་དབྱིབས་ཁ་དོག་སོགས་ངོས་བཟུང་དུ་མེད་དེ། དེ་དག་ཐམས་ཅད་དང་བྲལ་བ་ལྟར། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་ལ། ས་ཡི་ངོ་བོ་སྲ་ཞིང་བརྟན་པ་ས་ཐམས་ཅད་སྐྱེད་པའི་ལས་བྱེད་པ་ལྟར། དོན་སེམས་ཀྱི་ཆོས་ཉིད་རང་སྣང་དུ་བསྐྱེད་ཅིང་ཐམས་ཅད་ཀྱི་རྟེན་བྱེད་པ། ཆུ་ཕན་ཚུན་དུ་དྲང་བཏུབ་པས་མཉེན་ཞིང་། བྱེད་ལས་དྲི་མ་འཁྲུ་བ་དང་། སེམས་ཉིད་རྟོགས་པས་གཟུང་འཛིན་གྱི་དྲི་མ་འཁྲུ་བ་དང་། རླུང་གི་ངོ་བོ་ཁ་དོག་དབྱིབས་ཀྱི་ངོས་གཟུང་དུ་མེད་པ་ཡངས་ཤིང་གཡོ་བ་རླུང་ལྟར། སེམས་ཉིད་ངོས་བཟུང་མེད་པ་ཅིར་ཡང་འཆར་བར་ཤེས་པར་བྱ་བ་དང་། མེ་འོད་གསལ་ཞིང་བྱེད་ལས་བུད་ཤིང་མེ་ཡིས་ཐམས་ཅད་སྲེག་པ་ལྟར། སེམས་ཉིད་གསལ་ཞིང་ཉོན་མོངས་རྣམ་རྟོག་གི་མཚན་མ་སྲེག་པ་མེ་ལྟར་ཤེས་པར་བྱའོ། །འབྱུང་ལྔའི་དཔེ་དོན་ལྟར་སེམས་ཉིད་མཚོན་པ་དེ་བཞིན་ཕུང་པོ་ལའང་གཉིས། ངོ་བོས་མཚོན་པ། མཚན་ཉིད་མཚོན་པ། དང་པོ་ལ་ལྔ་སྟེ། གཟུགས་ཀྱིས་སྣང་སྟོང་དབྱེར་མེད་མཚོན་པ་དང་། ཚོང་བས་མྱོང་སྟོང་མཚོན་པ་དང་། འདུ་ཤེས་ཀྱིས་མཚན་མར་འཛིན་སྟོང་དབྱེར་མེད་དང་། འདུ་བྱེད་ཀྱིས་དྲན་རྟོག་དྲན་སྟོང་དབྱེར་མེད་མཚོན་པ་དང་། རྣམ་ཤེས་ཀྱིས་རིག་སྟོང་དབྱེར་མེད་མཚོན་པ་སྟེ། གཉིས་པ་ལའང་ལྔ། གཟུགས་ཕུང་འཇིག་པ་ལྟར་དོན་ཀྱང་ཕྱོགས་རིས་ཐམས་ཅད་ཕྱོགས་མེད་དུ་འཇིག་པ། ཚོར་བ་ཉམས་སུ་མྱོང་ལྟར་ཆོས་ཉིད་ཀྱང་མྱོང་བ་མེད་པའི་མྱོང་བ། འདུ་ཤེས་མཚན་མར་འཛིན་པ་ལྟར་ཆོས་ཉིད་མཚན་མ་མེད་པའི་མཚན་མར་འཛིན་པ། འདུ་བྱེད་སེམས་མངོན་པར་འདུ་བྱེད་པ་ལྟར་སེམས་ཀྱི་ཆོས་ཉིད་མངོན་དུ་བྱེད་པ། རྣམ་ཤེས་ཀྱིས་རྣམ་པར་རིག་པ་ལྟར་ཆོས་ཉིད་ངང་གིས་རང་རིག་པའོ། །སེམས་དབང་པོ་ལྔ་དང་འདྲ་སྟེ། མིག་གི་དབང་པོས་རང་རིག་རང་སྣང་གི་གཟུགས་འཛིན་མཐོང་བར་བྱེད། རྣ་དབང་གིས་རང་རིག་རང་སྣང་གི་སྒྲ་ཐོས་པ་དང་། སྣ་དབང་གིས་རང་རིག་རང་སྣང་གི་དྲི་ཚོར་བར་བྱེད་པ་དང་། ལྕེ་དབང་གིས་རང་རིག་རང་སྣང་གི་རོ་མྱོང་བར་བྱེད་པ་དང་། ལུས་དབང་གིས་རང་རིག་རང་སྣང་གི་རེག་པར་མཚོན་པ་སྟེ། དེ་རྣམས་མིང་ཙམ་ལས་སྣང་ལ་རང་རྒྱུད་པ་མེད་དོ། །ཡུལ་ལྔ་གཟུགས་སྒྲ་དྲི་རོ་རེག་སྣ་ཚོགས་སུ་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱའོ། །ཉོན་མོངས་འདོད་ཆགས་ཞེ་སྔང་གཏི་མུག་ང་རྒྱལ་ཕྲག་དོག་ལྔ་དང་། ཁ་དོག་དཀར་སེར་དམར་ལྗང་མཐིང་ག་ལྔ་དང་། ཕྱོགས་བཞི་དབུས་དང་ལྔ་ལ་སོགས་པ་ཐམས་ཅད་རང་སྣང་ཙམ་དུ་མཚོན་ཅིང་སོ་སོར་རྒྱས་པར་ཡང་བཤད་དུ་རུང་ངོ་། །གཉིས་པ་དཔེ་དོན་རྟོགས་པའི་འཐད་པ་ནི། དཔེ་དེ་རྣམས་ཀྱང་བསྒྲུབ་བྱའི་དོན་དང་སྒྲུབ་བྱེད་ཀྱི་གཏན་ཚིགས་གཉིས་ངོ་བོ་གཅིག་ཀྱང་མཚོན་ཚུལ་མ་འདྲེས་པས་གཏན་ཚིགས་དེ་ཡི་ཕྱིར་མཚོན་པ་དཔེའི་གཏན་ཚིགས་དེ་ཡིས་ཆོས་ཉིད་ཀྱི་དོན་ཕྱོགས་རེ་མཚོན་ཅིང་རྟོགས་པར་བྱེད་པའོ། །གསུམ་པ་གང་ནས་གཏན་ལ་ཕབ་ཀྱང་དོན་གཏན་ལ་ཕེབས་པ་ནི། ཚད་མ་བཀའ་གཞུང་གི་གཏན་ཚིགས་དང་། སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས་བརྗོད་པ་རྣམས་བསྒྲུབ་བྱ་གྲུབ་མཐའི་ངོ་བོ་གང་ཡིན་པ་ཤེས་པའི་དོན་གཏན་ལ་ཕེབ་པར་བྱེད་པ་ལ། དག་མཉམ་ལ་སོགས་ངེས་ཚིག་གི་སྒོ་ནས་གཏན་དབབ་དང་། བདག་ཉིད་ཆེན་པོ་ལ་སོགས་ངོ་བོའི་སྒོ་ནས་དང་། རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ལ་སོགས་པའི་ཁོངས་སུ་རང་བཞིན་དབྱེར་མེད་ཀྱི་གཏན་ཚིགས་དང་། དེ་ལྟར་གཏན་ཚིགས་ཀྱི་སྒོ་གང་ནས་གཏན་ལ་འབེབས་ཀྱང་གྲུབ་མཐའ་མཉམ་པ་ཉིད་ཀྱི་དོན་རྒྱས་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱའོ། །གསུམ་པ་མཇུག་བསྡུས་ཏེ་བསྟན་པ་ལ་གཉིས། དང་པོ་ལྟ་བ་ཤེས་པའི་དམ་ཚིག་དང་ལྡན་དགོས་པར་བསྟན་པ། ཕྱོགས་འཛིན་གྱི་ཞེན་པ་ཐམས་ཅད་གཏན་ཚིགས་ཀྱིས་འཇིག་པར་བྱེད་པ་སྟེ་དག་མཉམ་ལས་མི་འདའ་བའི་དམ་ཚིག་དང་། རྒྱུ་ཤེས་པའི་ལྟ་བ་རྟོགས་ཐབས་རྣམས་ལས་མི་འདའ་བའི་དམ་ཚིག་དང་ལྡན་པར་བྱའོ། །གཉིས་པ་དོན་ཚིག་དང་བྲལ་བར་གོ་བར་གདམས་པ། མཚོན་བྱའི་ཆོས་ཐམས་ཅད་ལྷག་མ་མ་ལུས་པ་ཀུན་གྱི་དོན་གོ་བར་འབྱུང་བའང་གང་ཞེ་ན། མཚོན་བྱེད་ལུང་མན་ངག་གི་ཚིག་གིས་དོན་མཚོན་པར་ནུས་པ་ལས་དོན་དེ་གཞན་དུ་གུད་ཅིག་ན་མེད་དོ། །ཚིག་གི་སྒྲ་དེ་ཉིད་དོན་གྱི་དངོས་པོའམ་ངོ་བོ་མིན་ཏེ། ཚིག་བློའི་ཡུལ་དུ་གྱུར་ཀྱང་དོན་བློའི་སྤྱོད་ཡུལ་མི་འགྱུར་རོ། །སྒྲ་དོན་ཐ་དད་ཅེ་ན་མཚོན་བྱའི་དོན་དེ་ཉིད་མཚོན་བྱེད་ཚིག་གི་སྒྲ་ལས། མཚོན་དགོས་པས་དེ་ལས་གཞན་དོན་གུད་ན་ཅི་ཡང་མེད་དོ། །དོན་གཏན་ལ་དབབ་ཚེ་བཏགས་པའི་མིང་། མཚོན་པའི་ཚིག །བརྗོད་པའི་སྒྲ་ཙམ་ལ་མི་བརྟེན་པར། རང་གི་བློ་ཡི་གཏིང་དུ་མཉམ་པ་ཉིད་ཐེ་ཚོམ་མེད་པར་གོ་ཞིང་རྟོགས་པར་བྱོས་ཞེས་སོ། །གསུམ་པ་གྲུབ་མཐའ་དང་འདི་སྔར་གྱི་མདོར་བསྟན་སྔ་མའི་ས་བཅད་གཉིས་པ་མདོར་བསྟན་ཕྱི་མའི་གསུམ་པར་བསྣན་པའི་བཞི་པ་ཡིན། མཆན། བཞི་པ་གོལ་སྒྲིབ་ཐུན་མོང་སྟོན་པ་ལ་གཉིས། དང་པོ་མདོར་བསྟན། གསུམ་པ་གྲུབ་མཐའ་དང་བཞི་པ་གོལ་སྒྲིབ་སྟོན་པའི་ལུས་རྣམས་བཞག་གི་དོན་བརྗོད་པར་བྱ་བ་ནི། གཉིས་པ་རྒྱས་པ་ལ་གཉིས། དང་པོ་རྟོགས་པའི་གྲུབ་མཐའ། གསང་སྔགས་ཐེག་པ་མཆོག་གྱུར་བླ་ན་མེད་པ་མ་ཧཱའི་གྲུབ་མཐའི་དོན་ནི། ཡོད་མེད་ཀྱི་མཚན་མ་བཟང་ངན་ཀུན་ཏུ་བློས་མི་བརྟག་པར་དབྱེར་མེད་ཆོས་ཉིད་མཉམ་པའི་ངང་དུ་ཤེས་བྱའི་ཆོས་ཐམས་ཅད་རོ་གཅིག་པར་ཤེས་ནས། འཁོར་འདས་ཆོས་ཀུན་ཀྱང་མཉམ་པ་ཉིད་ཡིན་པར་རྟོགས་པས། འཇིག་རྟེན་ལས་འདས་པའི་ལྟ་བའི་ཡོན་ཏན་དང་། འཇིག་རྟེན་པའི་ལྟ་བ་སྐྱོན་ཅན་ཏེ་སོ་སོའི་ལྟ་བ་མི་མཐུན་པར་ཐ་དད་པར་བརྗོད་ཅིང་ལྟ་བར་མི་བྱ། འོག་མའི་སྐྱོན་དགག་ཅིང་གོང་མའི་ཡོན་ཏན་བླང་བར་བྱ་བ་ཡང་མིན། གཉིས་པ་ནོར་བའི་ཤེས་རབ་ཀྱི་དམིགས་བསལ་བ་ལ་གཉིས། དང་པོ་གོལ་གཞི། སྤྱིར་ནི་གནས་ལུགས་དེ་མ་ཡིན་པའི་དེར་འཛིན་ལོག་རྟོག་གི་བློ་བསམ་ཡས་པ་འདི་རྣམས། ཡེ་གདོད་མ་ཉིད་ནས་གཞི་ལ་ཡོད་པ་མ་ཡིན་ཏེ། ཅི་ལས་བྱུང་ན་འགྲོ་བ་སོ་སོའི་གཟུང་འཛིན་གྱི་རྣམ་པར་རྟོག་པའི་བག་ཆགས་ཀྱི་ཕྱི་གཟུང་ཡུལ་ནང་འཛིན་གྱི་དྲ་བས་དོན་ལ་བསྒྲིབས་པར་གྱུར་ཏེ། སེམས་ཉིད་ལ་ཕྱོགས་རིས་ཅི་ཡང་མིན་པ་ལས་བློ་རྣམ་རྟོག་གིས་ཅིར་ཡང་སྣང་བ་ནི། བྱང་ཆུབ་བདེ་གཤེགས་སྙིང་པོའི་གཞི་དོན་ལས་རང་ངོ་མ་ཤེས་ནས་གོལ་བའོ། །གཉིས་པ་གོལ་པའི་ངོ་བོ་དངོས་ལ་གཉིས། འཇིག་རྟེན་པའི་ལྟ་བ་དང་། འདས་པའི་ཐེག་པར་གོལ་པའོ། །དང་པོ་ལ་གསུམ་སྟེ། སོ་སྐྱེས་དང་། མུ་སྟེགས་པའི་ལྟ་བར་གོལ་བ་དང་། ཞོར་ལ་ལ་བཟླ་བའོ། །དང་པོ་ལའང་གསུམ། དང་པོ་འཁྲུལ་པ་སྒྲུབ་བྱེད་འཐད་པ་ནི། འཁྲུལ་པའི་སྣང་བ་འདི་ཆོས་ཅན། བདེན་པར་གྲུབ་པ་མིན་ཏེ་གཟུང་འཛིན་གྱིས་མ་གྲོལ་བའི་ཕྱིར། ལས་ཉོན་གྱིས་བཅིངས་པ་དང་། སྐྱེ་རྒ་ན་འཆི་བཞིའི་དུས་ཀྱི་དགྲས་འཇོམས་པའི་ཕྱིར། མི་བདེན་ཅིང་བསླུས་པའི་ཕྱིར། དང་མི་རྟག་པར་འགྱུར་པའི་ཕྱིར་དང་། འཕགས་པའི་ལམ་ཐབས་ཤེས་རབ་བྲལ་བའི་ཕྱིར་དང་། ཐར་དཀའ་བ་འཁོར་བའི་བརྩོན་རང་ཆུད་པའི་ཕྱིར། སྡུག་བསྔལ་མྱོང་ཡང་གཉེན་པོས་མི་འཇིལ་ཏེ་རིགས་པ་གཏན་ཚིགས་དགུས་ཕྱིར་འཁྲུལ་བའོ། །དཔེ་གཅིག་ན་སྣང་། མཆན། དགུ་ཞེས་མང་ཚིག་ཀུན་ལ་སྦྱོར་ཕྱིར་ན་འཁྲུལ་ལོ། །གཉིས་པ་ལམ་རྒྱུད་ལྔར་གོལ་བ་སྦྱིར་བསྟན་པ། དེ་བས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་དོན་འགའ་ཙམ་ཡང་མ་རྟོགས་པས། ཉོན་མོངས་དུག་ལྔ་རང་རྒྱུད་བར་འཆོལ་ཉོག་སྤྱོད་བས་འགྲོ་བ་ལམ་རྒྱུད་ལྔར་འཁོར་བའོ། །གསུམ་པ་ཁམས་གསུམ་ལྷ་མིར་གོལ་བ་བྱེ་བྲག་ཏུ་བཤད་པ་ལ་གསུམ། དང་པོ་འདོད་ཁམས་ལྷ་མིར་གོལ་བ། མི་དགེ་བཅུ་སྤངས་ཏེ་དགེ་བཅུ་དག་ལ་གཙོ་བོར་དང་དུ་ལེན་ཅིང་། དགེ་བས་མཐོ་རིས་དང་མི་དགེ་བས་ངན་སོང་འགྲོ་ཞིང་དགེ་སྡིག་རྒྱུ་འབྲས་མི་མཉམ་པས། མི་དགེ་སྤངས་དགེ་བཅུ་བསྒྲུབས་པས་འདོད་ལྷ་དང་མི་ཡི་སྐྱེ་གནས་སུ་སྐྱེས་ཏེ། མཉམ་པ་ཉིད་ཀྱི་དོན་མ་རྟོགས་པས་འདོད་ཁམས་སུ་འཁོར་བའོ། །གཉིས་པ་གཟུགས་ཁམས་གོལ་བ། འཁོར་འདས་དབྱེར་མེད་མཉམ་པའི་དོན་ཉིད་མ་རྟོགས་ཤིང་གེ་བཅུའི་སྟེང་དུ་བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞི་དང་བསམ་གཏན་བཞི་ཡི་དང་པོ་ལ་རྟོག་དབྱོད་མེ་ལྟ་བུ། རྟོག་དཔྱོད་དང་བཅས། རྟོག་པ་མེད་པ་སྤྱོད་པ་ཙམ། ཚོར་བ་དགའ་བདེ། བཏང་སྙོམས་གཉིས་པར་དགའ་བདེ་ཆུ་ལྟ་བུ། གསུམ་པར་དབུགས་འབྱུང་རྡུབ་རླུང་ལྟ་བུ། བཞི་པ་ལ་སྐྱོན་བརྒྱད་དང་བྲལ་བའི་ཞི་གནས་དྭངས་ཆ་དང་། དེ་ལྟར་རིམ་པར་སོ་སོར་ཏིང་ངེ་འཛིན་བསྒོམས་པས་བདག་ཏུ་འཛིན་པ་དང་མ་བྲལ་ཅིང་། རང་རང་གི་གཟུགས་གསལ་ཐོག་གི་ཏིང་འཛིན་ཉམས་མྱོང་རྣམས་ཀུན་ལ་ངའམ་བདག་ཏུ་རྟོག་ཅིང་འཛིན་པ་བཅས་འདི་ནི་ཚངས་གནས་ལ་སོགས་གནས་རིམ་བཅུ་བདུན་དུ་རིམ་པར་སྐྱེ བ་སྟེ། གསུམ་པ་གཟུགས་མེད་དུ་གོལ་བ། འཁོར་འདས་མཉམ་པ་ཉིད་དང་གཟུགས་མེད་འཁོར་བའི་ཆོས་ཡིན་པར་མ་རྟོགས་ནས། ཚོར་འདུ་འདུ་བྱེད་རྣམ་ཤེས་ཏེ་མིང་བཞི་པའི་ཕུང་པོ་ཆ་ལ་བདག་མེད་པར་མ་ཤེས་ཏེ་ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཀྱི་བསམ་གཏན་བཞི་ལ་བློ་གནས་པར་གྱུར་ན་དེ་དག །སྲིད་པའི་རྩེ་མོའི་སྟེ་ཀུན་གཞི་རྟོག་མེད་བསྒོམས་པས་སྐྱེ་མཆེད་མུ་བཞིའི་ས་རུ་སྐྱེ་བའོ། །གཉིས་པ་མུ་སྟེགས་ལྟ་བར་གོལ་བ། མུ་སྟེགས་རྟག་ལྟ་བ་ནི་རང་བཞིན་རྟག་པར་འདོད་པ་གྲངས་ཅན་པ། རིག་པ་རྟག་པར་འདོད་པ་ཚངས་པ། བྱེད་པོ་རྟག་པར་འདོད་པ་དབང་ཕྱུག་དང་། ཁྱབ་འཇུག །རྡུལ་ཕྲན་རྟག་པར་འདོད་པ་བྱེ་བྲག་པ་དང་བཞི། ཆད་ལྟ་བ་ནི་ཚེ་སྔ་ཕྱི་ལས་རྒྱུ་འབྲས་མེད་པར་འདོད་པའོ། །རྟག་ཆད་གཉིས་ཀར་གང་ཟག་གི་བློ་ཞེན་པ་དེ་དག་ནི། ཆོས་ཐམས་ཅད་དོན་བཅུད་གྱི་སྙིང་པོ་གཞི་དོན་བྱང་ཆུབ་ཉིད་ལས་གོལ་བར་སངས་རྒྱས་ཀྱིས་གསུངས་སོ། །གསུམ་པ་ཞོར་ལ་ལ་བཟླ་བ། འདོད་ཁམས་གཅིག །གཟུགས་ཁམས་བཞི། གཟུགས་མེད་བཞི་སྟེ་ས་དགུ་པོ་དེའི་ཞེན་པ་དག་པའི་དོན་གཉིས་མེད་ཀྱི་ཡེ་ཤེས་ནི། ས་དགུའི་སྣང་བ་མ་སྤངས་པར་ཆོས་ཉིད་མཉམ་པ་ཉིད་ཀྱི་གནས་སུ་དག་པའམ་དང་དུ་བཅོམ་མོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པར་གོལ་བ་ལ་གཉིས། རྒྱུའི་ཐེག་པར་དང་། སྔགས་ཕྱི་པའི་ཐེག་པར་གོལ་པའོ། །དང་པོ་ལ་གསུམ། དང་པོ་ཉན་ཐོས་ཀྱི་ཐེག་པར་གོལ་བ། འཁོར་འདས་སམ་བདེན་བཞི་གཉིས་སུ་མེད་པའི་དོན་མ་རྟོགས་པའི་ཉན་ཐོས་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་འཁོར་བའི་འབྲས་བུ་སྡུག་བསྔལ། རྒྱུ་ཀུན་འབྱུང་། མྱང་འདས་འབྲས་བུ་འགོག་པ། རྒྱུ་ལམ་གྱི་བདེན་པ་དང་བཞིའི་དངོས་པོ་གྲུབ་པར་ཡོད་པར་ལྟ་ཞིང་། འཁོར་བའི་རྒྱུ་འབྲས་སྤོང་པ་དང། འདས་པའི་རྒྱུ་འབྲས་མི་སྤོང་པར་དང་ལེན་བྱེད་བར་གྱུར་པ་ན། དེ་ལྟ་བུ་འདི་ནི་བདེན་བཞི་ཉན་ཅིང་ཐོས་པའི་ཐོས་སྒྲོགས་པའི་ས་པ་ཞེས་པར་གོལ་བ་ཡིན་ནོ། །གཉིས་པ་རང་རྒྱལ་ཐེག་པར་གོལ་བ་ལ། དགེ་སྔིག་བཏང་སྙོམས་ལས་གསུམ་དང་ཉོན་མོངས་ལྔའི་རྟེན་འབྲེལ་གྱི་ཆོས་ཐམས་ཅད་ལ་གསང་སྔགས་ལྟར་ཆོས་ཉིད་མཉམ་པའི་དོན་ཆེན་པོ་ཉིད་དུ་མི་ཤེས་ཤིང་། ནང་རྟེན་འབྲེལ་བཅུ་གཉིས་ནི། མ་རིག་པ། འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད་དྲུག་རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ། །ཕྱིའི་རྒྱུ་འབྲས་བཅུ་གཉིས། རྒྱུ་དང་འབྲེལ་བ་དྲུག །སས་བརྟེན། ཆུས་བསྡུས། མེས་སྨིན། རླུང་གིས་གཡོ། ནམ་མཁས་གོ་འབྱེད། དུས་ཀྱིས་འགྱུར་བའོ། །འབྲས་བུ་དང་འབྲེལ་བ་དྲུག །ས་བོན། མྱུ་གུ། སྡོང་བུ། ཡལ་ག །མེ་ཏོག །དེ་ལས་འབྲས་བུའོ། །དེ་ལྟར་རྟེན་འབྲེལ་ལུགས་འབྱུང་ལྡོག་གཉིས་ཡོད་པར་འཛིན་པས་ན། དེ་ལྟ་བུའི་གང་ཟག་འདི་ནི་རང་སངས་རྒྱས་ཀྱི་ཐེག་པའི་ས་ལ་གོལ་བའོ། །གསུམ་པ་བྱང་ཆུབ་སེམས་དཔའི་ཐེག་པར་གོལ་བ་ལ་གཉིས། དང་པོ་བྱང་ཆུབ་སེམས་དཔའ་རང་གི་འདོད་གཞུང་། བདེན་གཉིས་དབྱེར་མེད་མཉམ་པའི་དོན་ཆོས་ཉིད་ལྟ་བས་ངོ་མི་ཤེས་ཤིང་། དེ་ཡང་ཀུན་རྫོབ། སོ་སྐྱེས་སྣང་བ་ལོག་པའི་ཀུན་རྫོབ། འཕགས་པའི་རྗེས་སྣང་ཡང་དག་ཀུན་རྫོབ་དང་གཉིས། དང་པོ་ལ། དོན་བྱེད་ནུས་ལྡན་ཡང་དག་དང་། དོན་བྱེད་མི་ནུས་ལོག་པའི་ཀུན་རྫོབ་བོ། དོན་དམ་པའི་བདེན་པ་ལའང་། བློ་རིགས་ཤེས་ཀྱིས་དོན་དམ་བརྟགས་པ། འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དང་གཉིས། དེ་ལྟར་བདེན་པ་གཉིས་ཐ་དད་དུ་འབྱེད་པར་བྱེད་པ་སྟེ། དེ་ཡང་དོན་དམ་ཕྲ་བ་ཆོས་ཀྱི་བདག་དང་། རགས་པ་གང་ཟག་གི་བདག་དང་གཉིས་ཀ་མེད་པར་འདོད་པས་ན། དེ་ལྟར་འདི་ནི་བྱང་ཆུབ་སེམས་དཔའི་ས་པ་ཞེས་བྱ་བར་གོལ་བ་ཡིན། གཉིས་པ་དེ་ལས་གསང་སྔགས་ཐབས་ཀྱི་ཐེག་པ་ཁྱད་པར་དུ་སྤགས་པ་དེ་ལ་གཉིས། བདེན་གཉིས་ཀྱི་ཁྱད་པར་སྤགས་ཚུལ་དང་། ལྟ་སྤྱོད་དབྱེར་མེད་ཀྱི་སྤགས་ཚུལ་ལོ། །དང་པོ་ལ་གཉིས། དང་པོ་བྱང་སེམས་ཀྱི་ཀུན་རྫོབ་ཀྱི་འདོད་གཞུང་། ཉན་རང་ལས་འཕགས་པའི་བླ་ན་མེད་པའི་ཐེག་པའི་ནང་ནས་ཐེག་ཆེན་བྱང་ཆུབ་སེམས་ནི། ཆོས་ཉིད་དོན་དམ་སྟོང་པའི་ངང་དུ་ནི་ཡོད་མེད་སོགས་སྔར་གྱི་ཆོས་ཐམས་ཅད་དབྱེར་མེད་དེ་ཀུན་རྫོབ་སྒྱུ་མ་ཙམ་དུ་སྣང་བ་ཐམས་ཅད་ལ། དོན་བྱེད་ནུས་པ་ཡང་དག་དང་དོན་བྱེད་མི་ནུས་པ་མ་དག་པའི་ཀུན་རྫོབ་གཉིས་ཀར་འཛིན་ནོ། །གཉིས་པ་སྔགས་ཀྱི་བདེན་གཉིས་སྤགས་ཚུལ། ཉོན་མོངས་པ་ཐབས་ཀྱིས་མི་འཆིང་བའི་གསང་སྔགས་ཐབས་མཁས་ཀྱི་ཐེག་པ་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་གའི་ལུགས་ནི། རྣམ་པར་བྱང་བ་མྱ་ངན་ལས་འདས་པ་དང་ཀུན་ནས་ཉོན་མོངས་ཤིང་སྡུག་བསྔལ་འཁོར་བའི་ཆོས་དག་དོན་དམ་དཀོར་བདུན་དང་། ཕུང་ཁམས་སྐྱེ་མཆེད་ཀུན་རྫོབ་ཏུ་ཡང་སྐྲ་དང་ཡེ་ཤེས་དབྱེར་མེད་པའི་བདག་ཉིད་དེ་བྱང་སེམས་མ་ཧཱ་ཡོ་ག་གཉིས་ལྟ་བ་མཐོ་དམན་གྱི་ཁྱད་དེ་ཙམ་མོ། །གཉིས་པ་ལྟ་སྤྱོད་དབྱེར་མེད་ཀྱི་སྤགས་ཚུལ་ལ་གཉིས། དང་པོ་མདོར་བསྟན་པ། ནང་པ་ཐབས་ཀྱིས་འཕགས་པ་གསང་སྔགས་ཀྱི་ལྟ་བ་དང་། ཡ་མི་བྲལ་བའི་སྤྱོད་པ་གཉིས་གཞན་ལས་ཁྱད་པར་གྱུར་པ་ཆེན་པོ་ནི། བླ་ན་མེད་པའི་ཐེག་པ་བྱང་སེམས་ལས་ཁྱད་པར་འཕགས་པ་ཡིན་ཏེ། ཇི་ལྟར་ན། གཉིས་པ་རྒྱས་པ་ལ་གསུམ། དང་པོ་ལྟ་བ་ཆོས་ཀུན་དབྱེར་མེད་མངོན་སུམ་དུ་རྟོགས་བའི་ཁྱད་པར། བྱང་སེམས་དབུ་མའི་དོན་དམ་སྟོང་པ་ཕྱོགས་གཅིག་པ་ཡིན་ལ། མ་ཧས་རྣམ་ཀུན་མཆོག་ལྡན་དོན་དམ་དུ་ནི་དཀོར་བདུན་གྱིས་འཕགས་པ་ཡིན་ལ། ཀུན་རྫོབ་ཙམ་དུ་ནི་མ་ཧཱས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྐུ་དང་ཡེ་ཤེས་སུ་མཉམ་ཞིང་འབྲས་བུ་ལུས་པ་མེད་པ་རྫོགས་པས་སྤགས་སོ། །དེ་ལྟར་དབྱེར་མེད་ཡང་དག་པའི་དོན་རྟོགས་པའི་སྐྱེས་བུ་མཆོག་གམ་དམ་པར་གྱུར་པ་ཡིས། ཤེས་བྱ་དོན་དམ་ཀུན་རྫོབ་གཉིས་ཚིག་ཐ་དད་ལ་དོན་ལ་དབྱེར་མེད་པར་ཕྱིན་ཅི་མ་ལོག་པར་ཡང་དག་པ་ཉིད་དུ་བློས་གཏེང་ཕྱིན་པར་རབ་ཏུ་རྟོགས་པས་བྱང་སེམས་བདེན་གཉིས་ལས་འཕགས་སོ། །གཉིས་པ་སྤྱོད་པ་མཉམ་ཉིད་ལས་མ་གཡོས་ཤིང་ཅིར་ཡང་སྟོན་པ། བདེན་པ་དབྱེར་མེད་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་བཞིན་སྤྱོད་པའི་བྱེ་བྲག་མ་འགགས་པའི་ཐབས་ཀྱིས་དོན་ལས་མི་འདའ་བའི་ཕྱག་རྒྱ་སྤང་བླང་ལས་འདས་པ་ཆེན་པོར་སྟོན་པས་སྤགས་སོ། །གསུམ་པ་ལྟ་སྤྱོད་གཉིས་མེད་དག་པ་ཆེན་པོར་བསྟན་པ་ལ་གཉིས། དང་པོ་ཐབས་ཤེས་གཉིས་མེད་རྣམ་དག་ཏུ་བསྟན་པ། སྤྱོད་པ་ཐབས་དང་ལྟ་བ་ཤེས་རབ་གཉིས་སུ་མེད་ཅིང་རྣམ་པར་དག་པས་ཐེག་པ་འོག་མ་ལས་སྤགས་སོ། །གཉིས་པ་དེ་ཉིད་གཉིས་མེད་རྣམ་དག་ཆེན་པོར་ལ་བཟླ་བ། ཕུང་ཁམས་སོགས་ཆོས་ཐམས་ཅད་རྣམ་པར་དག་ཅེས་བྱ་བ་དེ་ཡང་། སྣང་བའི་དངོས་པོ་སྤང་འགོག་སྦྱོང་བའི་ཐབས་ཀྱིས་བསལ་ནས་དག་པ་མ་ཡིན་ཏེ། སྣང་བདོ་བ་སྤྱོད་བདོ་བའི་དུས་ཉིད་ན་སྐུ་དང་ཡེ་ཤེས་སུ་རྣམ་པར་དག་པའོ། །རྒྱུ་མཚན་དེའི་ཕྱིར་ན་ཀུན་རྫོབ་ཀྱི་སྣང་བ་རྫུན་པ་ཁོ་ན་ཡང་མི་བལྟ་བ་སྟེ་སྣང་བ་མི་སྤར་ཕྱིར་སྤགས་པའོ། །གཉིས་པ་སྔགས་ཕྱི་པར་གོལ་བ་ལ་གཉིས། དང་པོ་ཀྲི་ཡར་གོལ་བ། འཁོར་འདས་གཉིས་མེད་མཉམ་པར་ལྷུན་གྲུབ་ཀྱི་དོན་མ་ཤེས་པས། དོན་དམ་དུ་སྐྱེ་འགག་དང་གཅིག་དུ་མ་མཐའ་བཞིའི་དྲི་མ་དག་པ་ཆོས་ཉིད་ཙམ་དེ་ཉིད། མེ་ལོང་། མཉམ་ཉིད། སོར་རྟོག་བྱ་གྲུབ་ཡེ་ཤེས་བཞི་རུ་ཤར་བའི་ཡོན་ཏན་ལ་ཀུན་རྫོབ་རིགས་གསུམ་ལྷ་ཡི་དཀྱིལ་འཁོར་དུ་སྣང་ཡང་། ཡེ་ཤེས་པ་ལ་དངོས་གྲུབ་རེས་འཇོག་བསྒོམ་པ་བྱེད་ཅིང་ལུས་ངག་གི་ཁྲུས་དང་གཙང་སྦྲའི་བྱ་བ་ལས་ཀྱི་སྒོ་ནས་འབྲས་བུ་གྲུབ་པར་འདོད་པ་ཀྲྀ་ཡའི་ས་སྟེ་དེར་གོལ་བའོ། །གཉིས་པ་ཡོ་གར་གོལ་བ། འཁོར་འདས་དབྱེར་མེད་ལྷུན་གྲུབ་མཉམ་པ་ཆེན་པོའི་དོན་མ་མཐོང་བས། འཁོར་འདས་ཆོས་ཀུན་སྐྱེ་འགག་མེད་པའི་རྣམ་དག་སྟེ། དེ་རྟོགས་པའི་ཡེ་ཤེས་ཀྱི་བྱིན་རླབས་ཀུན་རྫོབ་ལྷ་རྡོ་རྗེ་དབྱིངས་ཀྱི་ལྷ་སོ་བདུན་སོགས་སྤྲུལ་ཅིང་སྣང་བ་སྟེ། ལྷ་རྟོག་གམ་དཀར་གསུམ་སོགས་དམ་རྫས་ལ་བླང་དོར་བྱེད་ཅིང་དགོངས་པ་ཏིང་ངེ་འཛིན་གཙོར་སྟོན་པས་རྣལ་འབྱོར་ཏེ་ཡོ་གའི་ས་ལ་གོལ་བའོ། །ཆོས་རྣམས་ཀུན་གྱི་གཞི་མ་ལུས་པ་ཐམས་ཅད་ལ། ལྟ་བས་བྱ་ལམ་རྗེས་མེད་ལྟར་ནམ་མཁའ་ལ་རྒྱུན་དུ་གཅོད་བཞིན་གྱིས། ཉོན་མོངས་ཉིད་དམ་སྤྱོད་པས་འཛིན་ཆགས་མ་ལུས་ཐམས་ཅད་ཀུན། ཐོགས་པ་མེད་པ་མཁའ་ལ་རླུང་ཆེན་པོ་འཕྱོ་བ་བཞིན་དུ། བསྒོམ་བས་ཡིད་ཀྱི་རྟོག་ཚོགས་ཆགས་པ་མ་ལུས་པ། ཉམ་ང་མེད་པས་ཆུ་བོ་ལ་ཉ་ཆེན་འཕྱོ་བ་ལྟར། རྣལ་འབྱོར་པས་ལྟ་བ་སྒོམ་པ་སྤྱོད་པ་དེ་ལྟར་ལྟོས་ཞེས་པའོ། །གསུམ་པ་དོན་མ་ནོར་བར་དམིགས་ནས་གྲུབ་མཐའ་བླང་བ་ལ་གཉིས། དང་པོ་མདོར་བསྟན། གོང་དུ་བསྟན་པ་དེ་ལྟར་གཞལ་བྱ་འཁོར་འདས་ཀྱི་དངོས་པོ་གཏན་ཚིགས་ཀྱིས་བརྟགས་ཤིང་རྣལ་འབྱོར་པའི་ཤེས་རབ་ཀྱིས་དམིགས་ཕྱེ་སྟེ་བསལ་ནས། རང་གཞུང་མ་ནོར་བའི་དོན་གྱི་གྲུབ་མཐའ་དམིགས་ནས་བླང་བར་བྱ་བ་ནི་འདི་ལྟ་སྟེ། གཉིས་པར་རྒྱས་བཤད་ལ་བཞི་སྟེ། གསང་སྔགས་བླ་མེད་ཀྱི་གྲུབ་མཐའ་མཉམ་པ་ཉིད་ཀྱི་ངོ་བོ་དང་། ལྟ་བ་ཡོད་མེད་ཕྱོགས་རེར་འཛིན་པས་མཉམ་ཉིད་ལས་གོལ་ཚུལ་དཔེ་བཅས། ཡོད་མེད་སྒྲ་ཙམ་བརྟག་ཏུ་རུང་ཡང་དོན་ལ་ཡོད་མེད་ཀྱི་མཐའ་ལས་གྲོལ་ཚུལ། དེ་སྐྱེས་བུ་མཆོག་གི་སྤྱོད་ཡུལ་ཡིན་པས་རྟོགས་པར་གདམས་པའོ། །དང་པོ་ལ་གསུམ། དང་པོ་ལྟ་བ་རྟོགས་པའི་ངོ་བོ་ལ་འཁོར་འདས་ཀྱི་ལྟ་བ་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་མཉམ་ཚུལ་ལ། གོང་བསྟན་ལྟར་འདས་པའི་ཐེག་པ་མཐོན་པོ་གསང་སྔགས། མན་པ་ཐེག་དམན་ཐམས་ཅད་ཀྱི་ལྟ་བ་དང་། ཁམས་གསུམ་ས་དགུ། མུ་སྟེགས་རྟག་ཆད་གཉིས་ཏེ་འཇིག་རྟེན་པའི་ལྟ་བ་མ་ལུས་པ་ཐམས་ཅད་ཀུན། དོན་རང་བྱུང་གི་ཡེ་ཤེས་ཆེན་པོ་ནས། རྟོག་པའི་ངོ་བོར་རབ་ཏུ་བརྟགས་ན། དོན་དམ་པར་ལྟ་བ་དང་ཐེག་པ་རང་བཞིན་མེད་པ་ལས་ཀུན་རྫོབ་ཏུ་ལྟ་བ་དང་ཐེག་པ་ཅིར་ཡང་སྣང་ཞིང་སྒྲུབ་བོ། །ལྟ་བ་དང་ཐེག་པ་ཇི་ལྟར་སྣང་ཡང་། དེ་དག་གི་རང་བཞིན་ཆོས་ཉིད་མཉམ་པའི་དབྱིངས་ལས་ཉམས་ཤིང་གཡོས་པ་མེད་པས་ན་སྣང་སྟོང་མཉམ་པ་ཉིད་དོ། །གཉིས་པ་མཉམ་དུས་ལྟ་བ་ཕྱོགས་འཛིན་གྱི་རྟོག་པ་མེད་ཚུལ། འོ་ན་ཆོས་ཉིད་མཉམ་པའི་དོན་ཉིད་རང་བཞིན་ཇི་ལྟ་བུ་ཞེ་ན། དོན་སྐྱེ་བ་མེད་པར་མཉམ་པ་ཉིད་ཀྱི་རང་བཞིན་ཕྱོགས་གཅིག་ཏུ་གང་དུ་ཡང་གྲུབ་པ་མིན་དེ། ཕྱོགས་མེད་དུ་ཆོས་ཀུན་ཏུ་འཆར་བ་ཡིན་པ་ལ་མཉམ་པ་དེའི་ངོ་བོ་ཉིད་འདི་འདྲར་བསྟན་དུ་མེད་པའི་ཕྱིར ། དེ་ལ་མཉམ་པ་དང་མི་མཉམ་པའི་རྟོག་པ་གང་ཡང་མེད་དོ། །གསུམ་པ་དེ་གཞི་དོན་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན་པར་བསྟན་པ་དེ་ལ་གསུམ། དང་པོ་བྱང་ཆུབ་སེམས་ལ་འགྲོ་འོང་མེད་ཅིང་རང་རིག་པ་ཡིན་པར་བསྟན་པ་འཁོར་འདས་མཉམ་ཉིད་ཀྱི་དོན་བྱང་ཆུབ་ཀྱི་སེམས་ཡིན་ནོ་ཞེས་ཚིག་ཏུ་བརྗོད་པ་ཡི་དོན་ནི་ཅི་ལྟ་བུ་ཞེ་ན། དང་པོ་གང་ནས་ཀྱང་མ་འོངས་པས་སྐྱེ་བ་མེད་པ། མཐར་གར་ཡང་མི་འགྲོ་བས་འགག་པ་མེད་པ། ད་ལྟར་གང་ནའང་མི་གནས་ཏེ་ཡུལ་ཡུལ་ཅན་གྱི་རྟོག་པ་གང་ཡང་མེད་པས་རང་རིག་པ་ཁོ་ན་ཙམ་ཡིན་ཏེ། །དུས་གསུམ་གྱི་སངས་རྒྱས་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རང་རིག་པ་བྱང་ཆུབ་ཀྱི་སེམས་ལ་གནས་པའོ། །གཉིས་པ་དེ་དམིགས་སུ་མེད་ཚུལ། བྱང་ཆུབ་སེམས་རྣམས་རང་བཞིན་ཐམས་ཅད་ཀྱི་དོན་ནི། ངོས་བཟུང་བྲལ་བས་ཤིན་ཏུབློས་བརྟག་དཀའ་ཞིང་རྒྱ་མཚོ་ལྟར་གཏིང་ཟབ་པས། དངོས་པོའི་ཆོས་སུ་མ་དམིགས་པས་བྱང་། དངོས་མེད་ཀྱི་ཆོས་སུ་མི་དམིགས་པས་ཆུབ། ཐ་དད་ཀྱི་ཆོས་སུ་དམིགས་སུ་མེད་པ་ཡིན་ཏེ། གསུམ་པ་དབྱེར་མེད་བྱང་ཆུབ་སེམས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཡིན་པར་བསྟན་པ་ནི། སེམས་ཉིད་དེ་ནི་དོན་ཅི་ལྟ་བུ་ཞེ་ན། ཆོས་ཉིད་བྱང་ཆུབ་དེ་ཉིད་ནི་སེམས་ཉིད་རང་སྣང་བ་ཡིན་ནོ། །དེས་ན་སེམས་དང་བྱང་ཆུབ་གཉིས་སུ་དབྱེར་མེད་པས་ན། ཁམས་གསུམ་འཁོར་བའི་སེམས་ཅན་ལྷག་མ་མ་ལུས་པ་ཐམས་ཅད་དང་། དུས་གསུམ་གྱིས་བསྡུས་པའི་ཆོས་རྣམས་ཐམས་ཅད་སེམས་ཀྱི་རང་བཞ ིན་འབའ་ཞིག་ཡིན་ནོ། །གཉིས་པ་ནི། འཁོར་འདས་ཀྱི་ལྟ་བ་དངོས་པོར་ཡོད་པ་ལས་བཙལ་ན་མཉམ་ཉིད་ལ་སྒྲོ་བཏགས་པ་ཡིན་ཏེ། གང་ཞེ་ན། དགེ་སྡིག་གི་ལས་དངོས་པོར་འཛིན་ནས་འདོད་ཁམས་པས་སྒྲོ་བཏགས། མི་གཡོ་བའི་ལས་ཡོད་པར་འཛིན་ནས་བསྒོམས་པས་ཁམས་གོང་མ་གཉིས་ཀྱིས་སྒྲོ་བཏགས། རྟག་ཆད་ཡོད་པར་འཛིན་ནས་མུ་སྟེགས་པས་སྒྲོ་བཏགས། བདེན་བཞིའི་དངོས་པོ་ཡོད་པར་འཛིན་ནས་ཉན་ཐོས་ཀྱིས་སྒྲོ་བཏགས། རྟེན་འབྲེལ་རྒྱུ་འབྲས་ལུགས་འབྱུང་ལྡོག་ཡོད་པར་འཛིན་ནས་རང་རྒྱལ་གྱིས་སྒྲོ་བཏགས། བདེན་པ་གཉིས་ཐ་དད་དུ་འདོད་ནས་བྱང་སེམས་ཀྱིས་སྒྲོ་བཏགས། དོན་དམ་ཆོས་ཉིད་དང་ཀུན་རྫོབ་ལྷའི་དཀྱིལ་འཁོར་རེས་བསྒོམ་བྱེད་ནས་ཀྲི་ཡས་སྒྲོ་བཏགས། ཆོས་ཀུན་རྣམ་པར་དག་པའི་ཆ་ཡེ་ཤེས་ཀྱི་བྱིན་རླབས་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྤྲུལ་བར་འདོད་ནས་ཡོ་གས་སྒྲོ་བཏགས་པ་དང་བརྒྱད་དུ་ལྟུང་བར་འགྱུར་རོ། །ཕྱོགས་མེད་དུ་འཁོར་འདས་ཀྱི་ལྟ་བ་ཐམས་ཅད་མཉམ་པ་ཉིད་དུ་གཅིག་ཀྱང་རང་གི་ལྟ་བ་ལས་གཞན་པའི་ཆོས་བཙལ་ན། མཉམ་པ་ཉིད་ལ་སྐུར་བ་བཏབ་པ་ཡིན་ཏེ། གང་ཞེ་ན་དུག་ལྔ་རང་གཞན་གྱི་ལྟ་བ་མི་མཉམ་པས་རྒྱུད་ལྔའི་སེམས་ཅན་གྱིས་སྐུར་པ་བཏབ། དགེ་སྡིག་དང་གཞན་གྱི་ལྟ་བ་མི་མཉམ་པས་འདོད་ཁམས་པས༴ ཚད་མེད་བཞི་དང་བསམ་གཏན་བཞི་མི་མཉམ་པས་གཟུགས་ཁམས༴ སྐྱེ་མཆེད་མུ་བཞི་དང་མི་མཉམ་པས་གཟུགས་མེད༴ རྟག་ཆད་དང་མི་མཉམ་པས་མུ་སྟེགས་ཀྱིས༴ བདེན་བཞི་དང་མི་མཉམ་པས་ཉན་ཐོས་ཀྱིས༴ རྟེན་འབྲེལ་དང་མི་མཉམ་བས་རང་རྒྱལ་གྱིས༴ བདེན་གཉིས་དང་མི་མཉམ་པས་བྱང་སེམས་ཀྱིས༴ གཉིས་མེད་མཉམ་པར་མ་ཤེས་པས་ཀྲི་ཡས༔ ལྷུན་གྲུབ་མཉམ་པར་མ་ཤེས་པས་ཡོ་གས་སྐུར་བ་བཏབ་པ་དང་བཅུ་ཡི་གནས་སུ་ལྟུང་ངོ་། །ཡང་ན་ཆད་པར། འགོག་པ། འདུ་ཤེས་མེད་པ། ཅི་ཡང་མེད་པ། གང་ཟག་མེད་པ། གཟུང་བ་མེད་པ། གཟུང་འཛིན་ཐ་དད་མེད་པ། དོན་དམ་པར་རང་བཞིན་མེད་པ། སེམས་དག་པ་མཐའི་དྲི་མ་མེད་པ། སེམས་འོད་གསལ་མ་རིག་མེད་པ་༡༠སྣང་། དེ་ལྟར་ཡོད་པ་དང་མེད་པ་གཉིས་ལས་བཙལ་བར་བྱས་ན་སྒྲོ་སྐུར་གྱི་གྲངས་དེ་སྙེད་ཀྱི་སྐྱོན་གྱིས་མཉམ་པ་ཉིད་ཀྱི་དོན་མི་རྟོགས་ནས་ལུང་མ་བསྟན་དུ་ལུས་པར་འགྱུར་རོ། །ཡོད་མེད་གཉིས་ལས་བཙལ་ན་སྐྱོན་ཡོད་པ་དེ་ཡི་ཕྱིར་དཔེར་ན་ནམ་མཁའ་ཡོད་ཅེས་བྱ་བ་དང་མེད་ཅེས་བྱ་བར་གང་ཟག་བླུན་པོ་རྣམས་ནི་རྩོད་པ་བྱེད་པར་བྱེད་དོ། །གསུམ་པ་ལ་གཉིས། དང་པོ་དཔེ་ནི། དེ་ཡང་གང་ཟག་ནམ་མཁའི་མཚན་ཉིད་ལ་མཁས་པས་ནམ་མཁའི་རང་བཞིན་ཡོད་མེད་ཀྱི་མཐའ་ལས་གྲོལ་བ་ཡིན་ལ། ཀུན་གྱི་གོ་སྐབས་འབྱེད་པས་མེད་པར་ཁོ་ན་ཡང་མི་འཛིན། ཁ་དོག་དབྱིབས་སུ་མ་གྲུབ་པས་ཡོད་པ་ཁོ་ནར་ཡང་མི་འཛིན་ཏེ། ཡོད་མེད་གཉིས་ཀྱི་མཐའ་ཀུན་དང་བྲལ་བའོ། །གཉིས་པ་དོན་དེ་ལ་གཉིས། དང་པོ་མདོར་བསྟན། དེ་བཞིན་དུ་སེམས་ཉིད་རིག་རྩལ་འགག་མེད་དུ་ཅིར་ཡང་སྣང་བས་ཡོད་པ་ཀུན་གྱི་ངོ་བོ་དང་། སྣང་དུས་རང་རྒྱུད་ཅན་དུ་མ་གྲུབ་པས་མེད་པ་ཀུན་གྱི་ངོ་བོ་ཡིན་པས་གཉིས་སུ་མེད་དོ། །ཡོད་མེད་སོགས་སྒྲ་ཙམ་དུ་བརྗོད་དུ་རུང་མོད་ཀྱིས་དོན་སེམས་ཉིད་ཀྱི་ངོ་བོ་ལ་སྣང་སྟོང་ཕྱོགས་རེ་བ་འདི་ཁོ་ནའོ། །ཞེས་རྒྱལ་བས་ཀྱང་གཞན་ལ་བསྟན་ཅིང་རང་གིས་བརྟགས་པར་དཀའ་བ་དེ་ལ། ཡོད་ཅེས་བྱ་བ་དང་མེད་ཅེས་སོགས་བརྗོད་པ་ཅི་བྱར་ཡོད། ཐ་དད་མེད་ཅིང་མཉམ་པ་ཉིད་དོ། །གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་དགོས་ཆེད་ཀྱི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་མིང་གི་རྣམ་གྲངས་བསྟན་པ། འོ་ན་སེམས་ཉིད་ཅེས་ཚིག་ཏུ་མཚོན་པ་ལ་དགོས་པ་མེད་དམ་ཞེ་ན། སེམས་ཉིད་ཡེ་གདོད་མ་ཉིད་ནས་ཕྱོགས་ཞེན་དང་བྲལ་བས་སངས་ལ། ཡེ་ཤེས་ཕྱོགས་མེད་རྒྱས་པའི་ཕྱིར་སངས་རྒྱས་ཡིན་ལ། དེ་ལྟར་མིན་པར་འཛིན་པའི་ལྟ་བ་ངན་པའི་ཞེན་པ་བཟློག་པའི་ཕྱིར། གཉིས་སུ་མེད་པ་བཟང་ངན་སོགས་ཞེན་པ་ཟློག་ཕྱིར་མཉམ་པ་ཉིད་དང་། སེམས་ཅན་གྱི་ཞེན་པ་ཟློག་ཕྱིར་སངས་རྒྱས་དང་གཞན་དུ་འཛིན་པའི་ཞེན་པ་བཟློག་ཕྱིར་བདག་ཉིད་ཆེན་པོ་དང་། རྩོལ་སྒྲུབ་ཞེན་པ་ཟློག་ཕྱིར་ལྷུན་གྱིས་གྲུབ་པ་དང་། མུ་མཐར་འཛིན་པ་ཟློག་ཕྱིར་ཆོས་ཀྱི་དབྱིངས་སུ་དག་པ་དང་། ཉོན་མོངས་འཛིན་པ་ཟློག་ཕྱིར་བྱང་ཆུབ། ཆོས་ཅན་དུ་འཛིན་ཞེན་ཟློག་ཕྱིར་ཆོས་ཉིད་དང་། དངོས་འཛིན་ཟློག་ཕྱིར་སྟོང་པ་དང་། ཡིད་ཡུལ་དུ་འཛིན་པ་ཟློག་ཕྱིར་བསམ་པ་ལས་འདས་པ་དང་། བཅོས་པའི་འཛིན་པ་ཟློག་ཕྱིར་མ་བཅོས་དེ་བཞིན་ཉིད་དང་། རྒྱུ་རྐྱེན་དུ་འཛིན་པ་ཟློག་ཕྱིར་སྐྱེ་འགག་མེད་པ་དང་། ཕྱོགས་རེའི་མཐའ་འཛིན་ཟློག་ཕྱིར་མཐའ་བྲལ་དང་། འཁོར་བའི་འཛིན་པ་ཟློག་ཕྱིར་མྱ་ངན་ལས་འདས་པ་དང་། འཁྲུལ་རྟོག་གིས་བཅིང་བར་འཛིན་པ་ཟློག་ཕྱིར་རང་གྲོལ་བ་ལ་སོགས་སུ། དོན་སེམས་ཉིད་ཕྱོགས་མེད་ལས་རྒྱུ་མཚན་ཕྱོགས་རེ་ནས་གང་ཡང་མི་འགག་པར་གདུལ་བྱའི་ངོ་ལ་བླ་དྭགས་ཙམ་དུ་བརྗོད་པ་ཡིན་ནོ། །གཉིས་པ་དོན་ཚིག་ལ་མི་གནས་པར་ལ་བཟླ་བ་ནི། གཤིས་ཡེ་གདོད་མ་ནས་ཚིག་གི་དངོས་པོས་མཚོན་པའི་དོན་དེ་ཚིག་ལ་མི་གནས་པས་ཚིག་གི་ལམ་རྣམ་པར་ཆད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་སེམས་ཉིད་དེ་ནི་ཆོས་ཀུན་གྱི་རང་བཞིན་ཡིན་པ་ལ། ཐ་སྙད་དེ་དག་སྒྲ་རུ་བརྗོད་ཅིང་ཚིག་ཏུ་བསྙད་དུ་ཅི་ཡོད་དེ་མེད། འདི་ཞེས་གཞན་ལ་བསྟན་ཅིང་རང་བློས་བརྟག་པར་དཀའ་བར་རྒྱལ་བས་གསུངས་སོ། །བཞི་པ་ནི་སངས་རྒྱས་ལ་སྒྲིབ་གཉིས་གྱིས་མ་གོས་བས་མ་ཆགས་པ་སྟེ་མེ་ཏོག་པདྨ་ལ་འདམ་གྱིས་མ་གོས་པ་དང་འདྲ་བ་ཡི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན་རྒྱལ་བ་ཀུན་གྱི་སྤྱོད་ཡུལ་འབའ་ཞིག་ཡིན་ཏེ། གང་ཟག་ཀུན་དང་སྤྱོད་ཡུལ་ཐུན་མོང་དུ་གྱུར་པ་ནི་དོན་དེ་མ་ཡིན་པའི་ཕྱིར་སུ་ཡིས་རྟོགས་ནས་མཐར་ཐུག་གིས་དེ་དེ་བཞིན་གཤེགས་པའི་དགོངས་པའི་སྤྱོད་ཡུལ་དུ་གྱུར་ཏེ། ཏེ་ཞེས་ལྷག་མ་ཅན་གྱི་ཚིག་སྟེ་གཞན་སུས་ཀྱང་མི་རྟོགས་སམ་ཞེ་ན། གསང་སྔགས་ཀྱི་རིགས་ཅན་སྣོད་ལྡན་སྐྱེས་བུ་ཤེས་རབ་ཀྱི་བློ་རྩལ་དང་ལྡན་པ་དབང་རྣོན་རབ་ཀྱིས་རྟོགས་སོ། །རྒྱུ་མཚན་དེ་ཡི་ཕྱིར་སྐལ་ལྡན་བློ་རྩལ་ཅན་ལམ་པ་རྣམས་ཀྱིས་བརྩོན་ཅིག་པའོ། །ལྔ་པ་ངོ་བོ་དང་རྣམ་གྲངས་ཐུན་མོང་དུ་བསྟན་པ་ལ་གཉིས། དང་པོ་མདོར་བསྟན། རྒྱུ་ཤེས་པའི་མཚན་ཉིད་ལྟ་བའི་ངོ་བོ་དངོས་དང་མིང་གི་རྣམ་གྲངས་གྲགས་པ་དེ་ལྟ་བུའི་ངོ་བོ་ངོས་བཟུང་བའི་རིམ་པས་རྣམ་གྲངས་ཕྱེ་བ་ཡིན་ནོ། །གཉིས་པ་རྒྱས་བཤད་དེ་ལ་གཉིས། ལྟ་བའི་ངོ་བོའི་རྣམ་གྲངས་དང་། རིམ་པའི་དོན་གྲངས་སོ། །དང་པོ་ལ་གཉིས། དང་པོ་ངོ་བོ་དངོས། མདོར་བསྟན་གྱི་སྔ་མ་ལྟ་བུ་རྟོགས་ནུས་པ་ཁ་ཅིག་རང་རིག་མངོན་སུམ་ལ་རྣམ་ཤེས་ཚོགས་དྲུག་གམ་ཚོགས་བརྒྱད་ཉིད་ཡེ་ཤེས་སུ་གནས་འགྱུར་ཕྱིར། གྱུར་ཚུལ་ཤེས་རབ་ཀྱི་རྣམ་ཤེས་དྲུག་དབང་པོ་དྲུག་ཡུལ་དྲུག་དབྱེར་མེད་ཚུལ་དུ་ཡུལ་ཡུལ་ཅན་ནས་གནས་སུ་གྱུར་པར་བརྗོད་པ། བརྗོད་པའི་དོན་ངེས་པར་མ་ནོར་བར་མངོན་སུམ་དུ་མཐོང་བ་དེ་ཡང་། ཚོགས་བརྒྱད་ཡེ་ཤེས་ལྔ་རུ་རང་གསལ་བའི་ཕྱིར། རྣམ་ཤེས་ཚོགས་བརྒྱད་ཀྱི་ངོ་བོའང་ཡེ་ཤེས་ལྔ་དེ་ཉིད་ཡིན་ཏེ། གཉིས་པ་རྣམ་གྲངས་ལ་གཉིས། དང་པོ་ཚོགས་དྲུག་ལྟ་བའི་ངོ་བོའི་རྣམ་གྲངས་ལ་ལྔ་སྟེ། དང་པོ་སྒོ་ལྔ་ཡུལ་མེད་རང་གསལ་གྱི་ལྟ་བ། མིག་རྣ་བ་སྣ་ལྕེ་ལུས་ཀྱི་དབང་པོ་སྟེ་ལྔ་དང་། དམིགས་བྱ་གཟུགས་སྒྲ་དྲི་རོ་རེག་ལྔ། དམིགས་བྱེད་སྒོ་ལྔའི་རྣམ་ཤེས་ལྔ་སྟེ་བཅོ་ལྔ་རྣམས་རང་རིག་ཏུ་དབྱེར་མེད་པའི་ཕྱིར། གཏན་ཚིགས་དེ་བས་ན་སྒོ་ལྔ་ཡུལ་དང་ཡུལ་ཅན་མེད་པར་རང་རིག་པར་གསལ་བར་རྟོགས་པའོ། །གཉིས་པ་ཡིད་ཀྱི་ཤེས་པ་དབྱིངས་རིག་དབྱེར་མེད་ཀྱི་ལྟ་བ། ཤེས་བྱ་ཆོས་ཀྱི་དབྱིངས་དང་ཤེས་བྱེད་རིག་པ་གཉིས་སུ་མེད་པར་རྟོགས་པའི་དོན་ནོ། །དེ་ཉིད་བཅོས་སླད་བྲལ་ནས་དེ་བཞིན་ཉིད་དུ་དབྱེར་མེད་པས་རྡོ་རྗེའི་རིགས་ཞེས་བྱའོ། །གསུམ་པ་ཡིད་ཀྱི་དབང་པོ་གཟུང་འཛིན་གཉིས་མེད་རང་སྣང་གི་ལྟ་བ། ཕྱི་གཟུང་པའི་ཡུལ་གྱི་གསལ་ཆ་ལ་ནང་ཡིད་ཀྱི་འཛིན་པའི་རྣམ་པ་དང་བྲལ་བའི་རང་གི་མཚན་ཉིད་རང་གིས་རིག་པ་དེ་ཉིད་དམིགས་བྱ་དམིགས་བྱེད་མེད་པའི་ཚུལ་དུ་རང་གསལ་བས་དེར་སྣང་ངོ་། །བཞི་པ་ཡིད་ཀྱི་ཡུལ་ཆོས་ཀུན་ལྷུན་གྲུབ་ཕྱི་ནང་རྣམ་དག་མཉམ་ཉིད་ཆེན་པོའི་ལྟ་བ། སེམས་ཉིད་ཕྱོགས་རིས་མེད་པ་ཡངས་ཤིང་ཀུན་ལ་ཁྱབ་པས་རྒྱ་ཆེ་བ་འཁོར་འདས་ལྷུན་གྲུབ་ཏུ་གནས་པ་དེ་ནི་ཐམས་ཅད་ཀྱི་འབྱུང་གཞིར་སྣང་བ་དེ་བས། ཡིད་ཀྱི་ཡུལ་འདུས་བྱས་ཀྱི་ཕྱི་ནང་ཞེས་སྣོད་ཀྱི་འཇིག་རྟེན་བཅུད་ཀྱི་སེམས་ཅན་ཐམས་ཅད་ཡེ་ནས་རྣམ་པར་དག་པ་ཡིན་ཏེ། དེ་ལྟར་འདུས་མ་བྱས་སུ་དག་པའི་རང་རིག་མངོན་སུམ་རྟོགས་པ་དེ་ཉིད་ཀྱང་དབྱེར་མེད་མཉམ་པའི་དབྱིངས་ཉིད་ཡིན་ནོ། །དེ་རྟོགས་པའི་དོན་འདི་ནི་དབྱིངས་ཡེ་དབྱེར་མེད་རྡོ་རྗེ་སྟེ་བཟང་ངན་མེད་པར་མཉམ་པ་ཉིད་ཡིན་ནོ། །ལྔ་པ་བསྡུ་ན་ཤེས་ཡུལ་གཉིས་མེད་ཀྱི་ལྟ་བ། ནང་རྣམ་པར་ཤེས་པ་དང་། དེས་ལོངས་སྤྱོད་པའི་ཕྱིའི་ཡུལ་གྱི་བྱེ་བྲག་རྣམས་དབྱིངས་ཡེ་ངོ་བོར་གཉིས་སུ་མེད་པས། ཡུལ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མ་ལུས་པ་བྱང་ཆུབ་སེམས་སུ་རོ་གཅིག་པའི་ངང་དུ་རྫོགས་པར་རྟོགས་པའོ། །གཉིས་པ་ཚོགས་བརྒྱད་ལྟ་བའི་ངོ་བོའི་རྣམ་གྲངས་ལ་བརྒྱད། དང་པོ་གཟུགས་དང་གསལ་སྟོང་དབྱེར་མེད་ཡེ་ཤེས་རང་སྣང་དུ་བསྟན་པ་སྤྱན་གྱི་ལྟ་བ། ཆོས་ཀུན་མ་འདྲེས་ལ་རང་སྣང་དུ་ཡོངས་སུ་རྫོགས་པར་གསལ་སྟོང་གཉིས་མེད་ནི་དོན་ཤེས་བྱ་ཡུལ་གཟུགས་ཀྱི་ལྟ་བ་དང་། བལྟ་བར་བྱ་བའི་ཡུལ་དང་ལྟ་བ་ཤེས་པ་དང་གཉིས་སུ་བྱར་མེད་པས། ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་ཐམས་ཅད་གཉིས་མེད་རང་སྣང་དུ་མཐོང་ནས། ཡུལ་ཡུལ་ཅན་གང་དུའང་མ་མཐོང་བ་ནི་ཤེས་རབ་སྤྱན་གྱི་ལྟ་བ་སྟེ། ཡུལ་ཡུལ་ཅན་དུ་མཐོང་བའི་མཆོག་གོ། །གཉིས་པ་དོན་སྒྲ་དང་གྲག་སྟོང་དབྱེར་མེད་སྙན་གྱི་ལྟ་བ། ཆོས་ཉིད་ཁྱབ་བརྡལ་ཆེན་པོ་ཡུལ་མེད་རང་གསལ་བ་རང་བཞིན་གོ་བའི་དོན་ནི་ཤེས་བྱའི་ཡུལ་སྒྲ་ཡི་ལྟ་བ། ཐོས་པ་དེ་ཡང་བྱ་བ་དང་བྱེད་པ་གཉིས་མེད་པར་རང་སྣང་དུ་ཐོས་པའི་ཕུལ་དུ་བྱུང་བ་སྟེ་ཤེས་རབ་སྙན་གྱི་ལྟ་བའོ། །གསུམ་པ་དོན་དྲི་དང་ཚོར་སྟོང་དབྱེར་མེད་དེ་ཤངས་ཀྱི་ལྟ་པ། གཟུང་འཛིན་དྲི་མ་མེད་པས་དང་བས་ཤེས་རབ་ཀྱི་དབང་པོ་ཚིམ་པར་བྱེད་པའི་ཆོས་ཉིད་ཀྱི་དོན་ནི་ཤེས་བྱའི་ཡུལ་དྲི་ཡི་ལྟ་བ་དང་། དེ་ཡང་བསྣམ་བྱ་སྣོམ་བྱེད་མེད་པར་རང་ག་མ་གཉིས་མེད་རང་སྣང་དུ་ཚོར་བའི་ཤེས་རབ་ཤངས་ཀྱི་ལྟ་བའོ། །བཞི་པ་དོན་རོ་དང་མྱོང་སྟོང་དབྱེར་མེད་ལྕེའི་ལྟ་བ། ཆོས་ཉིད་ཀྱི་དོན་བཅུད་གཉིས་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བའི་དོན་ནི་ཤེས་བྱའི་ཡུལ་རོའི་ལྟ་བ་དང་། དེ་ཉིད་མྱོང་བའི་བྱ་བ་ཡི་ཡུལ་དང་། མྱོད་བར་བྱེད་པའི་སེམས་གཉིས་སུ་མེད་པ་ཉིད་དུ་མྱོང་བ་ནི་ཤེས་རབ་ལྗགས་ཀྱི་ལྟ་བའོ། །ལྔ་པ་རེག་བྱ་དང་རེག་སྟོང་དབྱེར་མེད་ལུས་ཀྱི་ལྟ་བ། དེ་ཙམ་ན་ཡང་དག་པའི་ཆོས་ཉིད་ཀྱི་དོན་ལ་རེག་པ་ཡི་དོན་ནི་ཤེས་བྱའི་ཡུལ་ལ་རེག་པའི་ལྟ་བ་དང་དེ་ཉིད་རེག་པ་ཀུན་གྱི་དངོས་གཞི་ཡིན་ཏེ། རེག་བྱ་རེག་བྱེད་དང་བྲལ་བ་ཤེས་རབ་ལུས་ཀྱི་ལྟ་བའོ། །དྲུག་པ་ཡིད་ཕྱོགས་མེད་ཡེ་ཤེས་རང་སྣང་དུ་ལྟ་བ། ཡུལ་ཆོས་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་སྣ་ཚོགས་པ་ཀུན་མཁྱེན་པ་ལ། ཡིད་རང་རིག་ཡེ་ཤེས་སུ་དབང་བསྒྱུར་བའི་རྒྱལ་པོ་ལྟར་རང་སྣང་ངོ་ཞེས་ཤེས་རབ་ཡིད་ཀྱི་ལྟ་བའོ། །བདུན་པ་ཉོན་ཡིད་བདག་མེད་རང་གསལ་བ། ཐམས་ཅད་རང་སྣང་ཡིན་པ་དེ་བས་ཀུན་གཞི་ལ་བདག་ཏུ་འཛིན་པའི་ཉོན་ཡིད་ཀྱང་རིག་པ་རང་གསལ་བ་ན། བདག་འཛིན་དང་བཅས་དུས་བདག་རང་རྒྱུད་པ་དང་བྲལ་བའི་ཉོན་ཡིད་བདག་མེད་པར་རྟོགས་པའི་ལྟ་བའོ། །བརྒྱད་པ་ཀུན་གཞི་ཡེ་ཤེས་རང་གསལ་ཐམས་ཅད་མཁྱེན་པའི་ལྟ་བ། ཕྱི་རོལ་གྱི་དོན་ཡུལ་དང་སེམས་ཅན་ཐམས་ཅད་ཀྱི་ཀུན་གཞི་རྟོག་མེད་ཀྱི་ངང་དུ་གསལ་བ། ཀུན་གཞི་རང་བྱུང་གི་ཡེ་ཤེས་ཐམས་ཅད་མཁྱེན་པའི་ལྟ་བའོ། །གཉིས་པ་རིམ་པའི་དོན་གྲངས་ལ་གསུམ། དང་པོ་མདོར་བསྟན་གོང་དུ་ངོ་བོའི་རྣམ་གྲངས་སོང་ནས་ཡང་ལྟ་བའི་རྣམ་གྲངས་དངོས་ནི། ལམ་གྱི་ལྟ་བ་མཐོ་དམན་གྱི་རིམ་པས། དོན་གྱི་རྣམ་གྲངས་རྒྱུད་དོན་མིང་གི་རྣམ་གྲངས་བརྗོད་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པ་ལའང་གཉིས། དོན་ལམ་གྱི་ལྟ་གྲངས་དང་། རྒྱུད་དོན་མིང་གི་ལྟ་གྲངས་སོ། །དང་པོ་ལ་གཉིས། དང་པོ་ལྟ་བ་གཏན་ཚིགས་ཀྱིས་གཏན་ལ་ཕེབས་པའི་འཕེལ་རིམ་གྱི་ལྟ་གྲངས། དོན་དམ་རང་བཞིན་མེད་པ་དང་ཀུན་རྫོབ་སྒྱུ་མའི་ཡེ་ཤེས་དང་དེ་གཉིས་མེད་དུ་མཐོང་ཞིང་རྟོགས་པ་དང་། སྤྱོད་ཡུལ་དང་བྲལ་བར་རང་རིག་པའི་མངོན་སུམ་དུ་བྱས་པ་བཞི་རིམ་པས། རྒྱུ་གཅིག་པ་དང་། ཡིག་འབྲུའི་ཚུལ་དང་། བྱིན་རླབས་དང་། མངོན་སུམ་དུ་རྟོགས་པ་བཞི་གོ་རིམ་དང་སྤྱར་བར་བྱའོ། །སྟོང་ཆེན། སྙིང་རྗེ། ཕྱག་རྒྱ་གཅིག་པ་དང་། སྤྲོས་པ་དང་རྣམ་བཞིའི་སྟེ་ཚོགས་ལམ་དང་། སྟོང་པ་ཉིད། མཚན་མ་མེད་པ། སྨོན་པ་མེད་པ། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་བཞི་དང་རིམ་པར་སྦྱར་བར་བྱའོ། །བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་པ་ཆེན་པོ་བཞི་དང་སྦྱོར་ལམ་སྦྱར་ཞིང་ཚོགས་ལམ་གྱི་གྲངས་རེ་རེའང་དབྱེ་ན། ཉམས་གཡོ་བ་དང་། ཐོབ་པ། གོམས་པ། བརྟན་པ། མཐར་ཕྱིན་པའི་ཉམས་ཀྱིས་རིམ་པར་འཕར་བ་རྣམས་དང་སྦྱར་རོ། །གཉིས་པ་ལམ་གྱི་ལྟ་གྲངས་དེ་ལ་གཉིས། དང་པོ་ལམ་གྱི་ལྟ་གྲངས་ངོས་བཟུང་བ། ཆོས་ཉིད་བདེན་པ་དབྱེར་མེད་མཉམ་པ་ཉིད་ཀྱི་ངང་ལས་མི་སྐྲག་པས་རང་རིག་མངོན་སུམ་དུ་སྒྲོ་འདོགས་བྲལ་བར་བྱས་པས། ཡིད་ཆེས་ངེས་པའི་གདེངས་རྙེད་པའི་ཤེས་རབ་སྟེ་རྒྱུ་ཤེས་པའི་ལྟ་བ་དང་། སྣང་བའི་རྣམ་པ་ཀུན་མ་སྤངས་བར་ལྡན་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོར་གྱུར་བ་དེ་མཐོང་ཞིང་གོ་བའི་ངང་ནས་གནས་པ་དེ་ཏིང་སྟོང་ཆེན་ལྟ་བ། ཡུལ་ཡུལ་ཅན་གཉིས་སུ་མེད་པར་རང་རིག་པའི་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་ཡེ་ཤེས་སྒྱུ་མའི་ངོ་བོ་ཤར་བ་འདི་ཀུན་སྣང་གི་ཏིང་ངེ་འཛིན་སྙིང་རྗེར་གཟིགས་པའི་ལྟ་བ་དང་། ཡི་དམ་ལྷའི་ཕྱག་རྒྱ་གཅིག་པའི་སྐུ་རུ་དབྱེར་མེད་རིག་པའི་མངོན་སུམ་དུ་གསལ་བ་འབྲས་བུ་ལྷར་བལྟ་བ་དང་། རྟོག་ཚོགས་ཐམས་ཅད་ལྷ་དུ་མའི་དཀྱིལ་འཁོར་དུ་གསལ་བའི་ཕྱག་རྒྱ་རྒྱས་སྤྲོས་ལྟ་བ་དང་། སྦྱོར་ལམ་བར་ཆད་མེད་པའི་ལམ་དུ་ཡོ་བྱད་ལྔ་ལ་རང་བཞིན་མེད་པར་སྤྱད་པས་ཚོགས་གཉིས་ཆེན་པོ་རྫོགས་པར་མཐོང་བ་སྦྱོར་ལམ་ཚོགས་སྒྲུབ་ལྟ་བ་དང་། ཚེ་ལ་དབང་བསྒྱུར་བ་མཐོང་ལམ་ཚེ་དབང་གི་ལྟ་བ་དང་། དགོངས་པ་མཉམ་པ་ཉིད་ཀྱི་དོན་ལས་མི་གཡོ་བ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་ལྟ་བ་དང་། ཡབ་ཡུམ་གྱི་དགའ་བ་སུམ་ཅུ་རྩ་གཉིས་དང་། ཡབ་ཀྱི་དགའ་བ་བཅུ་དྲུག་ལ་ཡེ་ཤེས་ལྔའི་རྩལ་དུ་ཀུན་མཁྱེན་པ་ལྷུན་གྲུབ་རིག་འཛིན་གྱི་ལྟ་བ་དང་དགུའོ། །གཉིས་པ་དེ་ཉིད་ཤེས་རབ་གསུམ་ལས་བྱུང་བར་བསྟན་པ། ལྟ་བའི་རྣམ་གྲངས་དེ་ཉིད་རྒྱུ་གང་ལས་བྱུང་ན། དང་པོ་གཞུང་ཟབ་མོ་ཐོས་པ་དང་། ཚིག་དེས་མཚོན་པའི་དོན་ལ་བསམ་བྱུང་སོ་སོར་རྟོག་པའི་ཤེས་རབ་ཀྱི་རྟོག་དཔྱོད་ཀྱིས་གོམས་པ་དང་། དེ་ཡང་ཚོགས་ལམ་གྱི་རྣལ་འབྱོར་བཞིའི་ཏིང་ངེ་འཛིན་དང་། སྦྱོར་ལམ་རིམ་པར་བསྒོམ་པའི་རྒྱུ་ལས་མཐོང་སྒོམ་མཐར་ལམ་གྱི་ལྟ་བ་སྐྱེ་བའོ། །དེ་ལྟ་བས་ན་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་གྱི་རྒྱུ་ལས་ལྟ་བ་སྐྱེས་པའི་ཕྱིར་ཤེས་རབ་གསུམ་ལ་འབོད་ཅིག་ཅེས་གདམས་པའོ། །གཉིས་པ་རྒྱུད་དོན་མིང་གི་ལྟ་གྲངས་ལ་གཉིས། དང་པོ་མདོར་བསྟན། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་རྒྱུད་དོན་དགུ་པོ་ལྟ་བའི་གཟུངས་ཀྱིས་ཟིན་པའི་ངོས་ནས་ལྟ་གྲངས་དགུར་བསྟན་པ་ནི། འདི་ལྟ་སྟེ། གཉིས་པ་རྒྱས་པར་བཤད་པ་དེ་ལ་དགུ། དང་པོ་མི་འདའ་བ་དམ་ཚིག་གི་ལྟ་བ། རྒྱུད་གཞུང་རྣམས་ལས་རྩ་བའི་དམ་ཚིག་དང་། ཡན་ལག་གི་དམ་ཚིག་ཅེས་བྱ་བ་བཤད་པ་དེ་ལའང་། གུད་དམ་ལོག་ན་ཡོད་པ་མ་ཡིན་ཏེ། ཁྱད་པར་དུ་ལམ་པ་རང་གི་ཆོས་ཉིད་ལྟ་བ་རྟོགས་པའི་ངང་ལས་མི་འདའ་བ་དེ་ཀ་དམ་ཚིག་ཡིན་ཏེ། སྒོ་གསུམ་གྱིས་སྒྲུབ་ཅིང་བསྲུང་བ་ལས་མི་འདའ་བས་སྡོམ་པ་སྟེ། དང་བླང་མི་སྤང་ལྔ་སྟེ་རྣམ་པ་བཅུ་དང་རྩ་བ་སྐུ་གསུང་ཐུགས་ཀྱི་སྡོམ་པ་གསུམ་དང་བཅུ་གསུམ། ཐུན་མོང་སྤྱིའི་དམ་ཚིག་ཡོ་ག་མན་ཆད་ཀྱི་བསྲུང་བྱ་མཐའ་ཡས་པ་རྣམས། ཆོས་ཉིད་ཐིག་ལེ་ཆེན་པོའི་ཞེས་མཉམ་པ་ཉིད་དུ་ལྟ་བ་རྟོགས་པའི་ངང་དུ་ཐམས་ཅད་འདུ་ཞིང་གསལ་བས་ན། སྒོ་གསུམ་གྱིས་ཇི་ལྟར་སྤྱད་ཀྱང་དམ་ཚིག་སྡོམ་པ་ལས་མི་འདའ་བའོ། །གཉིས་པ་བླང་དོར་མེད་པ་སྤྱོད་པ། རང་གཞན་གྱི་སྒོ་གསུམ་གྱི་སྤྱོད་པ་རང་གཞན་རྣམ་པ་གཉིས་པོ་ཡི་བྱེ་བྲག་ཇི་སྙེད་པ་ཡང་། །ཆོས་ཉིད་ཐིག་ལེ་ཆེན་པོའི་ངང་དུ་དབྱེར་མེད་པར་ངེས་པར་རྟོགས་པ། སྤྱད་བྱ་སྤྱོད་བྱེད་ཕྱོགས་གཅིག་པ་ཅི་ལའང་བློ་མི་གནས་པར་རང་གཞན་གྱི་དོན་ཀུན་ལ་མ་འགགས་པར་སྤྱོད་ཅིང་། དེ་ཀའི་དུས་ན་སྤྱོད་པར་བྱེད་པའི་མཁན་པོ་དང་། སྤྱད་པར་བྱ་བའི་ཡུལ་གཉིས་མེད་པར་ཐམས་ཅད་རིག་པ་རང་སྣང་དུ་མཐོང་བ་ནི། སྤྱོད་པའི་ལྟ་བའོ། །གསུམ་པ་རོལ་པ་ཕྲིན་ལས་ཀྱི། ཕྲིན་ལས་བྱ་བའི་ཡུལ་དང་བྱེད་པའི་མཁན་པོ་གཉིས་སུ་མེད་པའི་ཚུལ་གྱིས་སུ་ལས་རྣམས་ཀུན་ལ་ཐོགས་པ་མེད་པར་སྤྱོད་ཅིང་། ཞི་རྒྱས་དབང་དྲག་བཞི་ཡི་ལས་དང་། གཅིག་པུ་གཅིག་ལ་ཀུན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལྔ་ཡང་སེམས་ཉིད་སྤྲོས་བྲལ་ཐིག་ལེ་ཆེན་པོའི་ངང་དུ་གཉིས་སུ་མེད་པར་གསལ་བར་རྟོགས་པ་ནི་ཕྲིན་ལས་ཀྱི་ལྟ་བའོ། །བཞི་པ་གནས་སུ་སྟོབས་པ་མཆོད་པའི། མཆོད་པའི་ཡོ་བྱད་སྟེང་འོག་གི་རྒྱན་རིན་པོ་ཆེ་དང་དར་ཟབ་ཕྱི་ནང་གསང་བའི་ལོངས་སྤྱོད་མ་ལུས་པ་ཀུན་གཞན་ན་མེད་དེ། རང་རིག་པ་བྱང་ཆུབ་ཀྱི་སེམས་ཆེན་པོ་ཆོ་འཕྲུལ་ཆེན་པོའི་ཞེས་ལྟ་བ་རྟོགས་པའི་ངང་དུ་འདུས་པས། མཆོད་པ་གཞན་དུ་ཕུལ་བ་མེད་པར་འཁོར་གསུམ་ཡོངས་དག་གིས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་མཉེས་པ་སྟེ་མཆོད་པའི་ལྟ་བའོ། །ལྔ་པ་བཀོད་པ་དཀྱིལ་འཁོར། རྟེན་གཞལ་ཡས་ཁང་དང་བརྟེན་པ་ཞི་བའི་དཀྱིལ་འཁོར་དང་། འབར་བ་ཁྲོ་བོའི་ལྷ་ཚོགས་ཀྱི་ཕོ་ཉ་ནང་དུ་འདུ་བ་དང་ཕྱི་རོལ་དུ་འཕྲོ་བ་མང་པོ་དེ་ཡང་། ལོགས་ན་མེད་དེ་རང་རིག་བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིན་པས། གཏན་ཚིགས་དེ་ལྟ་བས། རང་བཞིན། གཟུགས་བརྙན། ལྷག་པ་གཟུགས་བརྙན། ཏིང་ངེ་འཛིན། ལྷག་པ་ཏིང་ངེ་འཛིན། བྱང་ཆུབ་སེམས་དང་། ཚོགས་ཀྱི་དཀྱིལ་འཁོར་དང་རྣམ་པ་བདུན་པོ་ཐམས་ཅད་ཀྱང་རིག་པ་རང་སྣང་ལྟ་བ་རྟོགས་པའི་ངང་དུ་འདུ་ཞིང་གསལ་བ་ནི་དཀྱིལ་འཁོར་གྱི་ལྟ་བའོ། །དྲུག་པ་རིམ་པ་དབང་། སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ་ཐམས་ཅད་ཀུན་གྱི་རང་བཞིན་ནམ་ངང་གིས་སེམས་ཉིད་རིག་པ་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར། ཕྱི་ནང་གསང་བའི་དབང་ལ། ཕན་པའི་དབང་བཅུ། ནུས་པའི་དབང་ལྔ། ཟབ་དབང་གསུམ་བཅས་ལོགས་ནས་མ་བཙལ་བར། རིག་པ་སེམས་ཉིད་ལ་ལྷུན་གྱིས་གྲུབ་ཅིང་རྫོགས་ཏེ། དེ་ལྟར་ཕན་ནུས་ཟབ་དབང་བཅོ་བརྒྱད་ཀྱང་རང་རིག་པའི་སེམས་ཀྱི་ཆོ་འཕྲུལ་དུ་རང་སྣང་བར་རྟོགས་པའི་དབང་གི་ལྟ་བའོ། །བདུན་པ་དོན་དུ་གཉེར་བ་སྒྲུབ་པའི། །དངོས་གྲུབ་འབྲས་བུ་རང་ལ་ཡོད་པ་ལ་ངོ་མཚར་ཞིང་ངོམ་པས་ཨེ་མ་ཧོ་རྒྱུ་རྐྱེན་གཉིས་ཀྱིས་མ་བསྒྲུབས་པར་རང་བཞིན་ལྷུན་གྱི་གྲུབ་པ་ཆེན་པོ་སྟེ། གྲུབ་པ་ཆེན་པོ་གང་ཞེ་ན་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡིན་ཏེ། དེ་བས་ན་ལམ་པས་དོན་དུ་གཉེར་བར་བྱ་བའི་སྒྲུབ་པའི་རྣམ་གྲངས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཀུན་ཀྱང་རང་རིག་པ་བྱང་ཆུབ་ཀྱི་སེམས་ཆེན་པོ་ལྟ་བ་རྟོགས་པའི་ངང་དུ་འདུ་ཞིང་གསལ་བ་ནི་སྒྲུབ་པའི་ལྟ་བའོ། །བརྒྱད་པ་ཉམས་སུ་ལེན་པ་ཏིང་ངེ་འཛིན། ཏིང་ངེ་འཛིན་གྱི་ངང་ལ་གནས་པ་ལྟ་བའི་བྱེ་བྲག་མཚན་བཅས་མཚན་མེད་ཀྱི་ཏིང་འཛིན་ཀུན་གཞན་ན་མིན་ཏེ་རང་རིག་པ་ཉིད་ལྷར་སྣང་བའི་ཕྱིར། མཚན་བཅས་རྣམས་ཆུ་ཡི་ཆུ་བུར་ལྟ་བུ་དང་། མཚན་མེད་ནམ་མཁའ་ལྟ་བུའི་རང་བཞིན་དུ་རྟོགས་པས། རང་རིག་པའི་ཡེ་ཤེས་ཉིད་དུ་འདུ་ཞིང་གསལ་བ་ལས་གཞན་དུ་བཙལ་ཞིང་བསྒོམ་པ་མིན་ནོ། །དེ་ནི་ཏིང་ངེ་འཛིན་གྱི་ལྟ་བའོ། །དགུ་པ་བཅིངས་གྲོལ་མེད་པ་སྔགས་དང་ཕྱག་རྒྱའི་ལྟ་བ། རྒྱུ་མ་ནོར་བ་རྩ་བའི། བསྐྱེད་པ་རྐྱེན་གྱི། བཟླས་པ་ལས་རིམ་གྱི་སྔགས་གསུམ་བརྗོད་པ་དང་། སྐུ་དང་། ཆོས། དམ་ཚིག ལས་ཀྱི་ཕྱག་རྒྱ་བཞི་འང་རང་གི་སེམས་ཉིད་རང་སྣང་ཡིན་པའི་ཕྱིར། སྔགས་གྲག་སྟོང་བྲག་ཆ་ལྟ་བུ་དང་། ཕྱག་རྒྱ་སྣང་སྟོང་ཆུ་ཟླ་དང་འདྲ་བར་སྣང་ལ་རང་བཞིན་མ་གྲུབ་པར་ཤེས་པའི་དུས་ན། ཕྱག་རྒྱ་འཆིང་གྲོལ་དང་སྔགས་བརྗོད་པའི་ལས་ཉིད་གང་ལྟར་ཡང་མྱ་ངན་ལས་འདས་པ་ནི། དེ་བས་ཕྱག་རྒྱ་བསྒོམ་བྱ་སྒོམ་བྱེད་དང་སྔགས་བཟླ་བྱ་ཟློ་བྱེད་གཉིས་སུ་མེད་པར་མཉམ་པ་ཉིད་ཀྱི་དོན་ལྟ་བ་རྟོགས་པའི་ངང་དུ་འདུ་ཞིང་གསལ་བ་ནི་སྔགས་དང་ཕྱག་རྒྱའི་ལྟ་བའོ། །གསུམ་པ་ལྟ་བ་ཀུན་འདིར་ཤེས་དགོས་པར་གདམས་པ། དེ་ལྟར་ལམ་གྱི་ལྟ་བ་དང་རྒྱུད་ཀྱི་ལྟ་བ་ཞེས་ལམ་དང་རྒྱུད་དོན་གྱི་གཙོ་བོར་མིང་ཚིག་ཏུ་ལྟ་བ་བརྗོད་མོད་ཀྱང་ངེས་པའི་དོན་དུ་ན་ཤེས་རབ་ཀྱི་མཆོག་ཆོས་ཀུན་ངོ་བོ་མཉམ་པ་ཉིད་དུ་རྟོགས་པར་བྱེད་པ་ནི་ལྟ་བ་ཞེས་བྱ་སྟེ། དེ་ནི་དཔེར་ན་ཚོང་བའི་དེད་དཔོན་རྒྱ་མཚོར་རིན་ཆེན་ལེན་པའི་ཐབས་ལ་མཁས་དགོས་པའི་དཔེ་ཇི་བཞིན་དུ། ཐོག་མར་གདོད་མ་རྒྱུ་ཤེས་བའི་ལྟ་བ་ནས་ཐ་མ་ལྷུན་གྲུབ་ཀྱི་འབྲས་བུ་མ་ཐོབ་བའི་བར་གྱི་སྐྱོན་ཡོན། བྱེ་བྲག་ཐམས་ཅད་ལྟ་བའི་སྐབས་འདིར་ཕྱིན་ཅི་མ་ལོག་པར་ཤེས་དགོས་པས་འདིར་གདམས་པའོ། །དྲུག་པ་སྤྱོད་པ་ལ་གཉིས། དང་པོ་མདོར་བསྟན། ཐོས་བསམ་གྱི་ཤེས་རབ་ཀྱིས་ལྟ་བ་རྟོགས་པའི་ཐབས་ལ་དོན་དུ་གཉེར་ཞིང་བློ་ཆུབ་ནས་རྟོགས་པའི་ཚེ། བདག་དོན་དང་གཞན་གྱི་དོན་ཕྱིར་དུ་སྒོ་གསུམ་གྱིས་སྤྱད་པར་བྱ་བ་སྤྱོད་པའི་བྱེ་བྲག་རྣམས་ནི་འདི་ལྟ་སྟེ། གཉིས་པ་རྒྱས་བཤད་ལ་གཉིས། བདག་དོན་དང་གཞན་དོན་སྤྱོད་པའོ། །དང་པོ་ལ་བཞི། དང་པོ་ཐོས་བསམ་ལ་བརྟེན་ནས་རྒྱུད་དོན་བཅུ་ལ་སྤྱོད་པ། རྒྱུ་ཤེས་པའི་ལྟ་བའི་གཞི་ལ་སྤྱོད་པ་ཀུན་ཀྱང་བདག་གཞན་དོན་དུ་སྤྱོད་ལ་དེ་ཡང་འདིར་ཐོས་བསམ་གཉིས་ཀྱི་སྒོ་ནས་བསླབ་པའི་གནས་བཅུ་འམ། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བཅུ་ལ་སྤྱོད་ཅིང་དོན་ཆེད་དུ་གཉེར་བར་བྱེད་པའོ། །གཉིས་པ་ལྟ་བ་རྟོགས་ཚབ་ཆེ་ཆུང་གི་དབྱེ་བས་སྤྱོད་པ་ལ་ཁྱད་པར་ཡོད་ཚུལ། རྒྱུ་ཤེས་པ་ལྟ་བའི་སྤྱོད་པ་འདི་ལ་ཡང་། ཁྱད་ཡོད་ཚུལ་གྱི་དཔེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མིང་ཙམ་འདྲ་ཡང་འདུལ་ཞིང་ས་ལ་ཁམས་རྒྱ་ཆེ་ཆུང་ཡོད་པ་བཞིན་དང་། ཐབས་ཀྱི་སྤྱོད་པ་ཉོན་མོངས་པ་ཐད་གཅོད་ནུས་མི་ནུས་ཀྱི་དཔེ། སྟོབས་ཆེན་གླང་པོ་ཙམ་དུ་འདྲ་ཡང་། རྩལ་ཆེ་ཆུང་སྒྱིད་དྲག་ཞན་ཡོད་པ་ལྟ་བུ་དང་། བདག་དོན་ཏིང་ངེ་འཛིན་གྱི་སྤྱོད་པ་ལ་སྟོབས་ཆེ་ཆུང་ཡོད་པའི་དཔེ། ལུང་པ་རྒྱ་ཆེ་ཆུང་གིས་ཕྱེ་བའི་ནས་མཁའ་ཡི་ཞིང་གི་ཡུལ་ཆེ་ཆུང་ཇི་ལྟ་བར་གཞི་ཤེས་པ་ལྟ་བའི་སྤྱོད་པར་གཅིག་ཀྱང་། གཞན་དོན་ལ་རྒྱ་ཆེ་ཆུང་། ཉོན་མོངས་པ་ཐང་གཅོད་ནུས་མི་ནུས། བདག་དོན་ཏིང་ངེ་འཛིན་སྟོབས་ཆེ་ཆུང་གི་སྟོབས་ཀྱིས་སྤྱོད་པ་ལ་ཁྱད་པར་ཡོད་པར་འགྱུར་རོ། །གསུམ་པ་ལྟ་བ་རྟོགས་པ་ངོ་བོའི་སྤྱོད་ཐབས་བསྟན་པ། ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཉིད་ཀྱི་དབྱིངས་སུ་རོ་གཅིག་པས། དེ་ལའང་བདག་ཏུ་འཛིན་པ་གང་ཟག་གི་ང་བདག་དང་། ཆོས་ཀྱི་བདག་རང་རྒྱུད་པར་མ་རྟོགས་པར་སྤྱོད་པ་དང་། དམ་རྫས་སོགས་ཆོས་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པ་ལ། དཀར་གསུམ་གཙང་བ་དང་དམ་ཡེ་ལྔ་སོགས་དམེ་བ་མི་གཙང་བའི་བློ་གཉིས་སུ་འཛིན་པར་མ་བྱེད་པར་གདམས་པའོ། །ཅིའི་ཕྱིར་ན། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་གཅིག་པ་ཡིན་པས་ན། གང་ལྟར་སྤྱད་ཀྱང་བག་ཆགས་ཀྱི་རྐྱེན་གྱིས་དྲི་མ་ངན་པའི་རྡུལ་གྱིས་ག་ལ་འགོ་སྟེ་མི་གོས་སོ། །དེ་སུས་སྤྱོད་ན། གང་ཟག་ཤེས་རབ་མཆོག་གྱུར་དག་གིས་ཚུལ་དེ་ལྟར་རྟོགས་ཤིང་སྤྱད་བྱའི་ཡུལ་གྱི་ཆོས་མ་ལུས་པ་ཀུན་སེམས་སུ་འདུས་ལ་སེམས་མཉམ་ཉིད་དབྱིངས་སུ་ཤེས་པར་བྱོས་ཞེས་གདམས་སོ། །བཞི་པ་སྤྱོད་པའི་དམ་ཚིག་དང་སློབ་རིམ་བསྟན་པ། གདམས་པའི་ཚུལ་དེ་བས་ན་རྒྱུ་ཤེས་པར་བྱ་བ་ཡི་ལྟ་བ་རྣམས་རྟོགས་ཐབས། ལྟ་བ་ལས་མི་འདའ་བས་དམ་ཚིག་དང་སྡོམ་པའི་ངོ་བོར་བྱེད་དེ། དགོས་པ་བདག་དང་གཞན་གྱི་དོན་བྱ་བའི་ཕྱིར་དུ་ལྟ་བ་ལ་གཙོར་བྱེད་ཀྱི། ལམ་གྱི་དང་པོའི་ལྟ་བ་ཤེས་འཇུག་དུས་སུ་སྡོམ་པ་དམ་ཚིག་ཀུན་ཀྱང་སློབ་ཅིང་སྤྱོད་པར་བྱེད་པའོ། །གཉིས་པ་གཞན་དོན་གྱི་སྤྱོད་པ་ལ་གསུམ། དང་པོ་རྟོགས་པས་རང་གྲོལ་ནས་ཐུགས་རྗེས་གཞན་གྲོལ་བ། ཆོས་ཀུན་མཉམ་ཉིད་ཤེས་པའི་ཤེས་རབ་ཆེན་པོའི་ལྟ་བའམ། མི་འཛིན་པའི་སྦྱིན་པས་རྟོག་པ་སྲེག་པའི་སྦྱིན་སྲེག་གིས། བསྲེག་བྱ་སྲིད་པ་ཁམས་གསུམ་གྱི་རྟོག་པ་བསྲེག་རྫས་ལྟ་བུ་སྲེག་པའི་མེ་ནི་ལྟ་བ་རྟོགས་པ་ཡིན་ཏེ། བསྲེགས་ཚུལ་ནི་ཡིད་ཀྱི་རྟོག་པ་རང་བྱུང་གི་ཡེ་ཤེས་རང་གསལ་བས་མེ་རུ་འབར་བ། རཾ་ནི་མེ་ཡི་ས་བོན་ཏེ། རྟོག་པ་ཡེ་ཤེས་ཀྱི་མེས་བདག་བསྒྲལ་ནས། དེ་ནས་ཐུགས་རྗེས་འགྲོ་དྲུག་གི་རྟོག་པ་ཀུན་ཀྱང་ཆོས་ཉིད་མི་དམིགས་པའི་ངང་དུ་བསྲེགས་པ་ནི་བསྒྲལ་ཞེས་བྱའོ། །གཉིས་པ་བདག་དོན་ལ་གཞན་དོན་རྫོགས་པ་ནི། གདོད་མ་རྒྱུ་ཤེས་ལྟ་བ་ནས་བཟུང་མཐར་འབྲས་བུ་མ་ཐོབ་བར་དུ་ལམ་དོན་གཉེར་གྱི་ཐོས་བསམ་གྱིས་སྤྲོས་པའི་སྒྲོ་འདོགས་གཅོད་ཅིང་། འབྲས་བུ་གྲུབ་པར་བྱེད་པའི་ལམ་བགྲོད་ནས། ལམ་དུ་འཇུག་པ་ཡི་དུས་དེར་ཡང་། བདག་དོན་དང་། གཞན་དོན་དང་། ཆོས་ཀྱི་དོན་ཏེ་དོན་གསུམ་གྱི་ཕྱིར་བྱང་ཆུབ་བསྒྲུབ་པར་དམ་བཅས་ཤིང་སེམས་བསྐྱེད་པས། དངོས་སུ་བདག་ཉིད་ཀྱིས་ལམ་བགྲོད་པའི་སྤྱོད་པ་ལ་ཡང་། གདུལ་བྱ་གཞན་གྱི་དོན་ཤུགས་ཀྱིས་རྫོགས་པ་ཡིན་ནོ། །གསུམ་པ་དེ་ཐེག་ཆུང་ལ་མི་འཚམས་པས་ཁྱད་པར་གྱི་སྤྱོད་པ་ཡིན་ཚུལ། དེ་བས་ན་བྱིས་པ་ཉན་རང་རང་དོན་བྱེད་པ་དང་འདི་གཉིས་མི་མཚུངས་ཏེ། ཐེག་ཆེན་ཀུན་གྱི་ལམ་སྐབས་ལས་བདག་དོན་ལ་གཞན་དོན་རྫོགས་པ་ཤེས་པར་བྱའོ། །བདུན་པ་ཕན་ཡོན་ལ་བཞི། དང་པོ་ལྟ་བ་རྟོགས་པའི་ཡོན་ཏན་འཁོར་བར་མི་ལྟུང་ཞིང་ཡོན་ཏན་ཚད་ལས་འདས་པ། ལམ་པ་གང་ཞིག་གིས་ཡོན་ཏན་གོང་བསྟན་འདི་འདྲར་ཐོས་བསམ་ལ་བརྟེན་ནས་རང་རིག་པའི་མངོན་སུམ་དུ་མཐོང་ཞིང་རྟོགས་པ་དེ་ནི། དངོས་གྲུབ་རྣམ་གཉིས་ལས་མཆོག་གི་དངོས་གྲུབ་ཀྱི་བཅུད་འདུས་པའི་སྙིང་པོ་ནི་ཡིན་ཏེ། དཔེར་ན་ཆུ་སྲིན་གྱི་གྲེ་བར་དངོས་པོ་ཚུད་པ་ཕྱིར་མི་གཏོང་པའི་ཕྱག་རྒྱ་ཇི་བཞིན་དུ། དང་པོ་ཆོས་ཉིད་ལྟ་བའི་དོན་རྟོགས་ན། མཐའ་འབྲས་བུམ་ཐོབ་པར་འཁོར་བར་མི་གཏོང་བ་དང་། དབང་པོའི་སྤྱོད་ཡུལ་ཀུན་ཏུ་ཡེ་ཤེས་འཆར་བས་ཡོན་ཏན་གྱི་ཚད་བློས་དཔག་ཏུ་མེད་དོ། །གཉིས་པ་ཅི་ལྟར་སྤྱད་ཀྱང་རྣམ་སྨིན་མེད་ཅིང་ཚོགས་གཉིས་རྫོགས་བ་ནི། ལྟ་བས་ཟིན་ན་ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་ལ་སྤྱོད་པའང་རྟོགས་པས་གྲོལ་བར་འགྱུར་བས་ཐུན་མོང་གི་ལམ་ཐེག་པ་ཆེ་ཆུང་གཉིས་སམ། སྔགས་ཕྱི་བ་དང་མཚན་ཉིད་གཉིས་ལ་སྤྱོད་པའང་གྲོལ་བ་དེ་བཞིན་ཡིན་པས་ན། རྒྱུ་དགེ་སྡིག་གི་འབྲས་བུ་རྣམ་སྨིན་ལ་མཐོ་རིས་བདེ་བ་དང་། ངན་སོང་གི་སྡུག་བསྔལ་གཉིས་མེད་དེ་སླར་ཅི་སྤྱོད་ཀྱང་བསོད་ནམས་ཀྱི་ཚོགས་ཆེན་གཉིས་རྫོགས་པར་འགྱུར་རོ། །གསུམ་པ་མཐའ་གསུམ་བྲལ་ཞིང་དོན་གསུམ་རྫོགས་པ། རྣལ་འབྱོར་པ་གང་གིས་གོང་གི་དོན་དེ་ལྟར་ལྟ་བ་མཉམ་པ་ཉིད་དབྱེར་མེད་རྟོགས་པར་གྱུར་པས། ཡོད་པར་སྒྲོ་འདོགས་དང་། མེད་པར་སྐུར་པ་འདེབས་པ་དང་། མཉམ་ཉིད་ལུང་མ་བསྟན་གྱི་མཐའ་དང་གསུམ་ལས་ཡོངས་སུ་གྲོལ་བ་སྟེ། ལམ་དུ་འཇུག་པའི་དང་། དེའི་དོན་འབྲས་བུ་རྣམས་མངོན་དུ་འབྱིན་ཅིང་འཐོབ་བར་བྱེད་དོ། །གཏན་ཚིགས་དེ་ལྟ་བས་ན་བདག་དོན་ཐོབ་པ་དང་གཞན་དོན་ནུས་པ་དང་། ཆོས་དང་མཐུན་པའི་ཆོས་དོན་ཏེ། དོན་གསུམ་རྫོགས་པར་འགྱུར་བའོ། །བཞི་པ་ཤེས་རབ་ཆེན་པོས་འཁོར་བར་མི་གཏོང་ཞིང་བདེ་བ་དང་ལྡན་པ་ནི་བློས་ཐུག་པ་མེད་པས་རྒྱ་ཆེ་ཞིང་། རྒྱ་མཚོ་ལྟར་གཏིང་ཟབ་པ། བར་སྣང་ལྟར་ཡངས་ཤིང་། གློག་ལྟར་ཤེས་རབ་མྱུར་བས། ཆོས་ཉིད་ཟབ་པའི་དོན་རྟོགས་ཤིང་ལྟ་བ་དེ་དང་མ་བྲལ་ན། ངན་སོང་དུ་མི་ལྡོག་སྡུག་བསྔལ་མེད་པས་བདེ་བ་དང་། །སེམས་ང་དང་བདག་ཏུ་འཛིན་པས་མེད་པས་བློ་གྲོས་བས་ཡངས་པའི་དོན་དང་ལྡན་པས་བདེ་བའོ། །བརྒྱད་པ་དྲོད་ལ་དབྱེ་བ་མེད་དེ། རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པས་ལྟ་བ་རྟོགས་པ་དེ་ལྷུར་ལེན་པར་བྱེད་ན་ཀུན་འདུས་ལྟར་རྨི་ལམ་དུ། ཆོས་ལ་དབང་ཐོབ་པའི་ལྟས་ནི། རིན་པོ་ཆེའི་གླིང་དུ་ཕྱིན་པ་དང་མེ་རྟོག་འབྲས་བུའི་ཆར་འབབ་པ་སོགས། བདེན་པ་མཐོང་བའི་རྨི་ལྟས་ནི། སྔར་མ་མཐོང་བའི་ཡུལ་ཁམས་ཆེན་པོ་མཐོང་བ་དང་། བྱང་ཆུབ་ཆེན་པོའི་མཆོད་རྟེན་ལ་འཛིན་ཅིང་ཐམས་ཅད་མཐོང་བ་སོགས་གཞན་ཡང་མཚན་མ་བཟང་པོ་མཐོང་ཞིང་། རྩ་བའི་དྲོད་ཆོས་ཉིད་རྟོགས་པ་ལས་ཕྱི་ནང་གསང་བའི་ཡན་ལག་གི་དྲོད་ཀུན་ཆེད་དུ་མ་བྱས་ཀྱང་། ལྟ་བ་རྟོགས་པར་བྱེད་པའི་ཤུགས་ཀྱིས་འབྱུང་བར་ཐེ་ཚོམ་མེད་དོ། །དགུ་པ་ལྟ་བ་རྟོགས་པའི་རྟགས་བསྟན་པ་ལ་དབྱེ་བ་མེད་དེ། ལྟ་བ་རྟོགས་པ་དེ་ལ་རྟགས་ཀྱི་མཚན་མ་མངོན་དུ་འབྱུང་བ་ནི། ཤེས་རབ་ཀྱི་སྟོབས་ཀྱིས་ལྟ་བ་རྟོགས་པའི་ངང་ལ་རིག་པ་ཀླུང་དུ་ཕེབས་པའི་དོན་དང་ལྡན་ལ། རྣལ་འབྱོར་བ་དེས་རང་ཚེ་འཕོ་ཞིང་སྤྱོད་ཡུལ་འགྱུར་བར་མཐོང་ཡང་སྐྱེ་འཆི་མེད་པའི་དོན་རྟོགས་པས་དེ་ལ་འཇིགས་པ་མེད་ཅིང་སྣང་སྲིད་ཆོས་སྐུར་ཤེས་པས་འཁྲུལ་པའི་ཁམས་ལ་སྐྱོ་བ་མེད་ལ། འབྲས་བུ་སངས་རྒྱས་གྲུབ་པའི་གནས་འོག་མིན་སོགས་ལ་སྐྱེ་བར་མི་སྨོན་ཏེ། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ལ་གཙང་སྨྲེ་མེད་པར་རོལ་ཅིང་ཆོས་ཉིད་ལ་མཉམ་པར་སྦྱོར་བ་དང་། ལུས་སེམས་ལ་སྡུག་བསྔལ་དྲག་པོ་དང་། ཉོན་མོངས་ཆགས་སྡང་སོགས་སྐྱེ་དུས་ལྟ་བ་ལས་མ་གཡོས་པས་བཟོད་པ་ཆེན་པོ་ཐོབ་སྟེ། དགེ་བའི་ལས་རླབས་པོ་ཆེ་རྣམས་དང་གཞན་དོན་གང་ལའང་། དཀའ་བས་ཁུར་དུ་མི་བལྟ་ཞིང་རྩོལ་མེད་གྲུབ་པའོ། །རྒྱུད་ཏནྟྲའི་ལུགས་རྣམས་དང་རང་གི་བྱ་སྤྱོད་འགལ་བ་མེད་པར་སྤྱོད་པས། སོ་སྐྱེ་ཐ་མལ་པའི་སྤྱོད་པ་བས་ཁྱད་པར་དུ་ལྷག་པར་འགྱུར་བ་དང་། སྒོ་གསུམ་གྱི་སྤྱོད་པ་རྒྱུན་གྱི་མ་འགགས་པར་སྤྱོད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་འགྱུར་རོ། །ལྟ་བ་རྟོགས་པའི་ཡོན་ཏན་རྣམས་མདོ་ཙམ་དུ་སྨོས་ཀྱི་ཐ་དད་སྤྲོས་ན་བརྗོད་ཀྱིས་མི་ལོང་པ་ཡོད་དོ། །བཅུ་པ་ཚད་ལ་གཉིས་ཏེ། དང་པོ་ཐོས་བས མ་གྱི་སྒོ་ནས་ཚུལ་མཐུན་དུ་རྟོགས་ཤིང་མཐར་ཕྱིན་པའི་ཚད། དཔེར་ན་རྒྱ་མཚོ་རྙོགས་མ་དྭངས་པའི་ནང་དུ་ཉི་ཟླ་གཟའ་སྐར་གྱི་གཟུགས་བརྙན་འཆར་བ་ལྟར། རང་རིག་པའི་ཆོས་ཉིད་མངོན་སུམ་དུ་གསལ་བར་མཐོང་བའི་ཚེ། ཆོས་ཉིད་དེ་མཚོན་བྱེད་ཀྱི་ངོ་བོ་གསུམ་དང་བྲལ་ཏེ་སྒྲ་ཚིག་ཙམ་ལ་བརྟེན་ནས་དོན་སྤྱི་ཡིད་ལ་བྱེད་པ་མིན་པར། མངོན་སུམ་བཞི་ལས་རང་རིག་པའི་མངོན་སུམ་དུ་དམིགས་པའི་ཡུལ་དང་བྲལ་བར། ཡུལ་མེད་རང་གསལ་དུ་མཐོང་བ་ལ་བལྟ་བྱ་ལྟ་བྱེད་ལྟ་བའི་ངོ་བོ་གསུམ་དང་བྲལ་ཏེ། གྲུབ་མཐའ་གཞན་གྱི་རྐྱེན་གྱིས་མི་བསྒུལ་བར། དོན་ངེས་པར་རང་རིག་པའི་གདེང་དུ་ཆུད་པར་གང་བྱས་པ་ནི། ཐོས་བསམ་ལ་བརྟེན་ནས་ཚུལ་མཐུན་དུ་རྟོགས་པའི་ལྟ་བ་མཐར་ཕྱིན་པའི་ཚད་དོ། །གཉིས་པ་ཚིག་ཏུ་གོ་ན་ངོ་བོ་གཅིག་ཀྱང་གསལ་དུ་འགྲོ་བའི་དཔེ་དང་བཅས་པ་འོན་ཀྱང་ཞེས་པ་མི་མཐུན་པ་མཐུན་པར་སྟོན་པའི་ཚིག་སྟེ། ཐོས་བསམ་ལ་བརྟེན་ནས་ལྟ་བ་རྟོགས་མ་ནུས་ཀྱང་རྟོགས་བྱ་ལྟ་བ་ཙམ་དུ་མཐུན་པའོ། །དེ་ཡང་ས་གོང་མ་གོང་མ་དང་ས་འོག་མ་འོག་མ་ཡི་རིམ་པ་བཞིན་དུ་ལྟ་བའི་ཁྱད་ཡོད་ཅེས་པའོ། །གང་གིས་ཁྱད་ཅེ་ན་གསལ་མི་གསལ་གྱི་ཁྱད་སྟོན་ཏེ། དཔེར་ན་མིག་གི་དབང་པོ་ཤིན་ཏུ་དང་བའི་སྤྱོད་ཡུལ་དུ་གཟུགས་མཐོང་བ་ལ། ཉེ་བ་གསལ་རིང་ན་མི་གསལ་དྲུང་ན་ཤིན་ཏུ་གསལ་བ་བཞིན་བསྒོམ་བྱུང་གི་སྟོབས་ལྟ་པ་རིམ་པར་འཕེལ་བས། དེ་ནས་རྒྱུ་ཤེས་པའི་ལྟ་བ་དང་རྐྱེན་འཇུག་པ་ཏིང་ངེ་འཛིན་གནས་སྐབས་ཀྱི་འབྲས་བུ་རེ་རེ་ལའང་། ལམ་དུས་ཀྱི་གོང་མ་རྒྱུ་དང་འོག་མ་འབྲས་བུར་འབྲེལ་ཡང་། ལྟ་བའི་དོན་ཉིད་ལམ་སྔ་མ་བས་ཕྱི་མ་གསལ་དུ་སོང་བའི་བྱེ་བྲག་ལམ་གྱི་རིམ་པར་ཇེ་གསལ་དུ་འགྲོ་བའོ། །ལྟ་བ་གསལ་མི་གསལ་ཡོད་པ་དེ་ཡིས་ཆས་ཕྱེ་བས་ལམ་གོང་འོག་གི་གནས་སྐབས་ཀྱི་ལྟ་བ་ལ ། དེ་བཞིན་ཉིད་ཀྱི་ལྟ་བ་ལ་སོགས་མིང་སོ་སོར་བརྗོད་ཀྱི། ལྟ་བ་རང་གི་དངོས་ན་ངོ་བོ་གཅིག་པ་སྟེ་སེམས་ཀྱི་གནས་ལུགས་ཡིན་པས་སོ། །བཅུ་གཅིག་པ་མ་རྟོགས་པའི་སྐྱོན་ལ་གསུམ། མ་རྟོགས་པའི་སྐྱོན་དངོས་དང་། རྟོགས་པའི་དོན་ལ་བརྩོན་པར་གྱིས་ཤིག་གདམས་པ། ཏིང་ངེ་འཛིན་རྣམས་དང་རྒྱུ་འབྲས་སུ་འབྲེལ་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། དང་པོ་བློ་ངན་གྱིས་མ་རྟོགས་པར་ལེ་ལོ་བྱས་པའི་སྐྱོན་གྱིས་ངན་སོང་དུ་ལྟུང་བ། གོང་གི་ལྟ་བའི་ཚད་ཀྱི་དོན་ལྟར་མ་རྟོགས་པར་ཤེས་རབ་མེད་པའི། ཤེས་རབ་དམན་པའི་བློ་ངན་ཚིག་གིས་ཆོས་ཐམས་ཅད་མཉམ་པར་བཤད་པའི་ལུང་ཁུངས་བཟང་པོ་རྣམས་ནས་ཕྱུང་སྟེ་བརྗོད་ནས། ལྟ་བ་མཉམ་པ་ཉིད་ཀྱི་དོན་མ་རྟོགས་པ་དམན་པའི་ལེ་ལོ་དང་། སྤྱོད་པ་རང་ག་མར་སྙོམ་ལས་བྱས་པས་ཚེ་འདིར་དགོས་པའི་དོན་མ་གྲུབ་པར་ཕྱི་མར་ངན་སོང་དུ་འགྲོ་བར་འགྱུར་རོ། །གཉིས་པ་ཚིག་གི་ལྟ་བས་འཚང་མི་རྒྱ་བས་ཚིག་དོན་ལྡན་པར་གདམས་པ། སེམས་ཀྱི་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་གཅིག་གཏིང་འབྱིན་པར་མ་རྟོགས་ན། ཁ་ཚིག་གི་སྒོ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་ཅེས་བརྗོད་པས་འབྲས་བུ་མངོན་པར་འཚང་མི་རྒྱའོ། །དོན་མ་རྟོགས་ན་སྐྱོན་ཡོད་པ་དེ་བས་ན་དོན་དང་ཚིག་ཏུ་འབྲེལ་ཅིང་ལྡན་པར་གྱིས་ལ་གོ་བར་བྱོས་ཤིག །འོ་ན་ལྟ་བ་མ་རྟོགས་པས་ལམ་ལ་འཇུག་པ་ལ་དགོས་པ་མེད་དོ་ཞེ་ན་མ་ཡིན་ཏེ། འོན་ཀྱང་ཚིག་དོན་འབྲེལ་བར་གྱུར་ནས་ཐེ་ཚོམ་མེད་པར་གོ་ན་དོན་གྱི་འབྲས་བུ་ཐམས་ཅད་འགྲུབ་པར་འགྱུར་རོ། །གསུམ་པ་ལྟ་བ་མེད་ན་ལམ་ཀུན་ཟག་ཅིང་འཆིང་བས་ལྟ་བ་རྟོགས་ཤིག་པར་གདམས་པ་དང་བཅས་པ་ནི། དཔེར་ན་སྤྱན་བཟང་སྟེ་ལོང་བ་ལམ་དུ་ཞུགས་ཀྱང་འགྲོ་སར་མི་ཕྱིན་པ་ཇི་ལྟ་བ་བཞིན་གྱི་ཕྱིར། ལྟ་བ་མ་རྟོགས་པར་ལམ་དུ་ཞུགས་ན་ལམ་ཀུན་འཁོར་བར་ཟག་ཅིང་འཆིང་བའི་རྒྱུ་རུ་འགྱུར་བས། བདག་གཞན་གྱི་འབྲས་བུ་ཐོབ་པའི་དོན་དུ་མི་འགྱུར་བའི་ཕྱིར་ན་སེམས་ངན་སོང་དུ་བརླག་པར་འགྱུར་བའི་སྐྱོན་ཡོད་དོ། །དེ་བས་ན་ལྟ་བའི་དོན་ལ་བརྩོན་ཞིང་འགྲུས་པར་གྱིས་ཤིག་ཅེས་གདམས་པའོ། །གཉིས་པ་རྟོགས་པའི་དོན་ལ་བརྩོན་འགྲུས་གྱིས་ཤིག་པར་གདམས་པ། གོང་དུ་ལྟ་བ་རྟོགས་པའི་ཚད་བསྟན་པ་དེ་ལྟར་རང་གསལ་གསུམ་བྲལ་གྱི་ཆོས་ཉིད་ལྟ་བའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བའི་གང་ཟག་རང་གང་དང་གཞན་གང་དག་གིས། འགྲེལ་པ་ཁ་གཅིག་གིས་དེ་ལྟར་ལྟ་བའི་དོན་མཐོང་བའི་མི་གང་ཞིག་གིས། ཞེས་སྣང་། མཆན། ལྟ་བའི་དོན་ལས་གཞན་དུ་མི་བསམ་པར་ལྟ་བའི་དོན་དེ་ཁོ་ན་ལ་བློ་འདྲིས་ཤིང་གོམས་པར་བྱའོ། །སྐྱེས་བུ་དམ་པ་འབྲས་བུ་མཆོག་གི་དངོས་གྲུབ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པས། ལྟ་བ་དེ་ལ་དུས་རྟག་ཏུ་བརྩོན་འགྲུས་ཀྱིས་དོན་གསལ་བར་གྱིས་ལ་སྒོམས་ཤིག་ཅེས་གདམས་པ་དང་། གསུམ་པ་ཏིང་ངེ་འཛིན་རྣམས་དང་རྒྱུ་འབྲས་སུ་འབྲེལ་ཚུལ་བསྟན་པ་ནི། དཔེར་ན་མགྲོན་པོ་རྣམས་ལམ་རྒྱུས་ཤེས་ནས་ལམ་དུ་འཇུག་པ་ཇི་ལྟ་བ་བཞིན་དུ་ལྟ་བ་རྟོགས་ནས་བསྒོམ་དགོས་པའི་ཕྱིར། རྒྱུ་ཤེས་པ་ལྟ་བ་དང་རྐྱེན་འཇུག་པ་ཏིང་ངེ་འཛིན་རྣམས་དང་སྔ་མ་རྒྱུ་དང་ཕྱི་མ་ནི་འབྲས་བུའི་ཚུལ་དུ་འབྲེལ་བའོ། །གསུམ་པ་ལེའུའི་མཚན། གཞི་གནས་ལུགས་དོན་དམ་ཀུན་རྫོབ་དབྱེར་མེད་པའི་ཡེ་ཤེས་ཡེ་ནས་རང་ལ་རང་ཆས་སུ་གནས་པའི་དོན་རང་རིག་པའི་མངོན་སུམ་དུ་མཐོང་བ་ལྟ་བ་སྟོན་པར་བྱེད་པའི་གཞུང་གི་ཚིག་དོན་རྣམས། མཚམས་དང་རིས་སུ་གཅོད་ཅིང་འཛིན་པར་བྱེད་པའི་དོན་གྱིས་ནི་ལེའུ་ཞེས་བྱ་སྟེ། དེའི་རྣམ་གྲངས་དགུ་ཡོད་པ་ལས། ཡས་བགྲངས་གཉིས་པའི་དོན་དུ་གདའ་འོ། །སྤྱི་དོན་གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་གསུམ། དང་པོ་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ། དེའང་ལེའུ་གོང་མར་ཆོས་ཀུན་སེམས་ཉིད་རིག་པ་བདག་ཉིད་ལྷུན་གྲུབ་ཀྱི་ངང་ཆེན་པོ་དེ་ལ་ལྟ་བ་རྟོགས་པས་མོས་ཞེས་ཐུན་མོང་མ་ཡིན་པ་རྟོགས་པ་འཇལ་བའི་སྒོ་ནས་ལེའུ་གསུམ་པའི་མཆོད་པར་བརྗོད་པའོ། །ལྟ་བ་རྟོགས་པ་དེ་ཡི་རྗེས་སུ་གོམས་པར་བྱེད་པའི་ལམ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་བཤད་པར་བྱའོ། །གཉིས་པ་དོན་རྒྱས་བཤད་ལ་གཉིས། དང་པོ་ལམ་གོང་འོག་གི་འབྲེལ་བ། དེ་ཡང་ལམ་གྲངས་སམ་དུས་ཀྱི་སྔ་མ་སྔ་མ་དེ་ཏིང་ལ་སོགས་གང་དང་གང་ཡིན་པ་དེ། ལམ་གྲངས་སམ་དུས་ཀྱི་ཕྱི་མ་ཕྱི་མའི་གཅིག་སྤྲོས་ལ་སོགས་གང་ཡིན་རེ་བསྐྱེད་པའི་ཐབས་དང་རྒྱུ་ཡིན་ལ། སྔ་མ་སྔ་མ་ཐབས་སམ་རྒྱུ་ཡིན་པ་དེ་བཞིན་དུ། ལམ་ཕྱི་མ་ཕྱི་མ་གཅིག་སྤྲོས་ལ་སོགས་གང་ཡིན་པ་དེ། ལམ་སྔ་མ་སྔ་མ་དེ་ཏིང་ལ་སོགས་པའི་ཐབས་ལས་བྱུང་བ་དེའི་འབྲས་བུ་ཡིན་ནོ། །གཉིས་པ་ལམ་གྱི་དམིགས་རྒྱས་བཤད་ལ་གཉིས། དང་པོ་མདོར་བསྟན་གོང་དུ་བསྟན་པ་དེ་ལྟར་ལམ་སྔ་ཕྱི་ལ་རྒྱུ་དང་འབྲས་བུའང་། ཐབས་དང་ཐབས་ལས་བྱུང་བའི་འབྲེལ་ལ་ཡོད་པའི་ལམ་པ་དེའང་། དཔེ་ན་སྲིད་པ་འཁོར་བའི་སྐྱེ་གནས་ཀྱི་འཁོར་ལོའི་རང་བཞིན་བརྫུས་སྐྱེས་མངལ་སྐྱེ་ལ་མྱུར་བུལ་ཡོད་པའི་ཚུལ་བཞིན་དུ་ཤེས་རབ་དབང་པོ་དང་། བརྩོན་འགྲུས་བཟང་བ་ཅིག་ཆར་བ་བརྫུས་སྐྱེས་དང་། ངན་པ་རིམ་གྱིས་པ་མངལ་སྐྱེས་ཀྱིས་ཕྱེ་བ་ལྟ་བུའི་རྣམ་པར་དབྱེ་བའི་ལུས་གཉིས་སུ་བསྟན་པར་བྱའོ། །གཉིས་པ་རྒྱས་བཤད་ལ་གཉིས། ཅིག་ཆར་བ་དང་། རིམ་གྱིས་པའོ། །དང་པོ་ལ་གསུམ། དང་པོ་ཅིག་ཆར་བའི་ཏིང་འཛིན་བསྒོམ་ཚུལ་ནི། ཅིག་ཆར་བ་ནི་སྲིད་པར་བརྫུས་ནས་སྐྱེ་བ་དེ་ལུས་རྫོགས་པར་སྨིན་པའི་ཚུལ་བཞིན་དུ། རིམ་གྱིས་པའི་ལྟ་སྒོམ་ལས་ལྷག་པར་བདེན་གསུམ་དབྱེར་མེད་རྟོགས་པའི་གདིངས་དང་ལྡན་བའི་སྐྱེས་བུ་དེ་ཡིས། དེ་ཏིང་ཀུན་སྣང་ཕྱག་རྒྱ་གཅིག་སྤྲོས་ཀྱི་བསྒོམ་པ་རྣམ་པ་བཞི་ལས། བཞི་པོ་ཟུང་འབྲེལ་གཉིས་མེད་དུ་ལྡན་པར། དུས་གདོད་མ་ན་ལྟ་བ་རྟོགས་མ་ཐག་ཉིད་ནས་བདེན་བཞི་ཅིག་ཆོད་དུ་གོམས་པར་བྱེད་པའོ། །ལྟ་བ་རང་བྱུང་མཐའ་དབུས་མེད་པའི་ཐིག་ལེ་ཆེན་པོའི་རང་བཞིན་དུ་གསལ་བ་དེ་ལ། རིམ་གྱིས་བསྒོམ་པ་སྟོང་ཆེན། ཡེ་ཤེས་སྒྱུ་མ། དབྱེར་མེད་རྒྱུའི་ཏིང་འཛིན་རྣམ་པ་གསུམ་ཀ་དུས་གཅིག་ལ་ཐ་དད་མེད་པར་གཉིས་མེད་ཐིག་ལེ་ཆེན་པོར་རྫོགས་ལ་དེ་ནི་བཅོས་སླད་མེད་པའི་དེ་བཞིན་ཉིད་ཀྱི་དོན་ནི་མཉམ་པའི་དབྱིངས་དང་། དེ་ནི་མ་འགགས་གསལ་བས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་གྱི་དང་། ཐིག་ལེ་ཆེན་པོ་དེ་ནི་སྐུ་དང་ཡེ་ཤེས་སུ་གསལ་བས་རྒྱུ་ཡི་ཏིང་འཛིན་ནོ། །རིམ་གྱིས་པའི་ཏིང་འཛིན་གསུམ་རིམ་པར་བསྒོམ་པ་རྣམས་འདིར་ཅིག་ཅར་དུས་གཅིག་ཏུ་ལྡན་པ་ཡིན་ནོ། །གཉིས་པ་ཚོགས་བརྒྱད་ཡེ་ཤེས་ལྔར་རྟོགས་ཤིང་བསྒོམ་པ་ལས་མི་འདའ་བར་བསྟན་པ། སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་ཉིད་ཡེ་ཤེས་ལྔར་གསལ་བ་རྟོགས་པས་ལྟ་བ་རྟོགས་པའི་དོན་དེ་ལ་བསྒོམ་པ་ཏིང་ངེ་འཛིན་གྱིས་རིག་པ་ལ་དབང་བསྒྱུར་ནས་བསྒོམ་པའི་དོན་ནི། ཚོགས་བརྒྱད་ཡེ་ཤེས་ལྔ་རུ་ངོ་བོ་ཡུལ་མེད་རང་གསལ་བ་ཉིད་ནི་རྣམ་པར་མི་རྟོག་པའི་ཐུགས་ཡེ་ཤེས་ལྔའི་ངོ་བོར་ལྷུན་གྱིས་གྲུབ་པ་ལས་མི་འདའ་བས་ཕྱག་རྒྱ་ཆེན་པོའོ། །གསུམ་པ་བྱེ་བྲག་ཕྱེ་སྟེ་བཤད་པའོ། །དེ་ལ་གཉིས། རབ་ཟག་མེད་ཀྱི་བདེན་པ་རྟོགས་ནས་སངས་རྒྱས་པར་བསྟན་པ་འབྲིང་ཟག་བཅས་ཀྱི་བདེན་པ་ཅིག་ཆར་དུ་རྟོགས་པའོ། །དང་པོ་ལ་གཉིས། མི་འདའ་བའི་དམ་ཚིག །དེ་དང་མཐུན་པར་སྤྱོད་པས་སངས་རྒྱས་ཚུལ་ལོ། །དང་པོ་ལ་གཉིས། དང་པོ་མཉམ་པ་ཉིད་ཀྱི་དོན་ལྟ་སྒོམ་ལས་མི་འདའ་བར་བསྟན་པ། གཞི་དོན་མཉམ་པ་ཉིད་ལ་ལྟ་བས་མཉམ་པར་རྟོགས་ནས་སྦྱོར་བ་ཡི། སྒོམ་པས་མཉམ་པའི་དོན་ལས་མི་འདའ་བའི་དམ་ཚིག་དེའི་དོན་ལ་མི་འདའ་བར་གནས་ན། གང་ཡང་མ་སྤངས་པར་འབྲས་བུ་མཉམ་རྫོགས་བདག་ཉིད་ཆེན་པོ་སངས་རྒྱས་ཀུན་ཏུ་བཟང་པོ་དང་དབྱེ་བ་མེད་པའི་ས་ཐོབ་པར་འགྱུར་བས་སོ། །མཉམ་ཉིད་དེ་ལས་འདས་ན་སངས་རྒྱས་ཐོབ་པ་མ་ཡིན་ནོ། །གཉིས་པ་སྤྱོད་པ་ལས་མི་འདའ་ཞིང་ཚོགས་གཉིས་རྫོགས་པར་བསྟན་པ། ཡང་ན་ཞེས་འདམ་ཀའི་ཚིག་ཡིན་ཏེ་བསྲུང་དུ་མེད་པ་སྤྱོད་པའི་དམ་ཚིག་འོག་ནས་འབྱུང་བ་འདི་ལྟ་བུ། ལྟ་སྒོམ་གྱི་ངང་ནས་ཇི་ལྟར་སྤྱད་ཀྱང་བདག་ཉིད་ཆེན་པོ་མཉམ་པ་ཉིད་ཀྱི་སྡོམ་པའི་དོན་ལས་མི་འདའ་བའི་སྟེང་། སྒོ་གསུམ་གྱི་བྱེད་སྤྱོད་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གཉིས་སུ་རྫོགས་པར་འགྱུར་རོ། །གཉིས་པ་སྤྱོད་པས་སངས་རྒྱས་ཚུལ་ལ་གཉིས། དང་པོ་སྤྱོད་ལམ་མཉམ་པ་ཉིད་ལས་མི་འདའ་བ། རྣལ་འབྱོང་པ་དེ་འགྲོ་འོང་གི་སྤྱོད་པ་དང་། འདུག་ཅིང་སྡོད་པ་དང་། ཉལ་ཞིང་གཉིད་ལོག་པ་དང་། ཟ་ཞིང་ལོངས་སྤྱོད་པའི་དུས་ན། ལྟ་སྒོམ་གྱི་དོན་ལས་མ་ཉམས་པ་མཉམ་པ་ཉིད་དེ་ཡི་དབྱིངས་སུ་གནས་པར་གང་གིས་སྤྱོད་ན། རྣལ་འབྱོར་པ་ཤེས་རབ་མཆོག་ཏུ་གྱུར་པ་ཅིག་ཆར་བ་དག་གིས་དུས་རྟག་ཏུ་དེ་ལྟར་སྤྱད་པར་བྱའོ། །གཉིས་པ་དེའི་ལྟ་སྤྱོད་ལྡན་པས་སངས་རྒྱས་པར་བསྟན་པ་ནི། དབྱིངས་ཉིད་མཉམ་པ་ཉིད་ཀྱི་དོན་གནས་པ་ལ་ནི་བློས་རྟོགས་པར་བྱས་ནས་དབྱིངས་དེ་ཉིད་ལ་སྤྱོད་པའི་ཕྱིར། དབྱིངས་གང་ལ་སྤྱོད་ན་སྐྱེ་བ་མེད་པའི་དབྱིངས་ཉིད་ལ་ལྷག་པའི་འབྲས་བུ་མཆོག་གི་འབྱུང་གནས་གཉིས་མེད་མཉམ་ཉིད་ལ་སྤྱོད་པས། གཉིས་མེད་མཉམ་པ་ཉིད་དེ་ཉིད་རང་ཡང་མི་གནས་པའི་མྱ་ངན་ལས་འདའ་སྟེ་སངས་རྒྱས་སོ། །གཉིས་པ་འབྲིང་ཟག་བཅས་ཀྱི་བདེན་མཐོང་ཅིག་ཆར་བ་ལ་ཆོས་གསུམ་སྟེ། དང་པོ་ལྟ་བ་ཡུལ་སེམས་དབྱེར་མེད་དུ་རྟོགས་པ། ལྟ་བ་རྟོགས་པའི་རང་རིག་གི་ཡེ་ཤེས་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུའི་གཏེར་ལྟར་དགོས་འདོད་འབྱུང་བ་ཡིན་ཏེ། དེ་ཆོས་ཐམས་ཅད་ལ་བལྟས་ན་ཡང་། མེ་ལོང་གི་གཟུགས་བརྙན་སྣང་ལ་རང་བཞིན་མེད་པ་ལྟར། ཕྱི་ནང་ཆོས་ཀུན་ལ་བལྟས་ཀྱང་གཟུགས་བརྙན་རང་རྒྱུད་པར་མི་སྣང་ངོ་། །གཉིས་པ་བཞག་ཐབས་ལ་གཉིས། རྟོགས་པའི་དོན་བསྒོམ་ཐབས། སྐྱོན་བཅོས་ཐབས་སོ། །དང་པོ་ལ་གསུམ། དང་པོ་རྟོགས་པའི་དོན་ལ་བཞག་པས་འབྲས་བུ་ཐོབ་ཚུལ། རང་གི་ཤེས་པའི་རྒྱུད་ཀྱི་ཆོས་ཉིད་ཅི་ཡིན་པ་རྣལ་འབྱོར་པ་གང་གིས་ཡེ་ཤེས་སུ་ངོ་ཤེས་ཤིང་། དེའི་ངང་ལ་བསྒོམ་བྱ་སྒོམ་བྱེད་གཉིས་སུ་འཛིན་པ་ལས་འཕགས་ཏེ་བློ་གྱེན་འདར་རྩོལ་མེད་དུ་འདུག་པར་བྱེད་པ་རྣལ་འབྱོར་བ་གང་ཞིག་ཆོས་ཉིད་རྟོགས་པའི་བློ་ལ་རྩོལ་མེད་དུ་ལོངས་སྤྱོད་པས་བྱང་ཆུབ་འཐོབ་བོ། །གཉིས་པ་དགོངས་པའི་ངོ་བོ། གདོད་ནས་རྣམ་པར་དག་པའི་ཆོས་ཉིད་འགྱུར་མེད་གཡུང་དྲུང་ལྟ་བུར་ཡེ་ནས་སངས་རྒྱས་པའི་དོན་ལ། ལྟ་བ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་གདོད་མ་ནས་བདེན་གསུམ་མཉམ་པ་ཉིད་དུ་ངོ་བོ་རྣམ་པར་དག་པ་རྟོགས་ནས་མངོན་དུ་གྱུར་ཅིང་། ཏིང་ངེ་འཛིན་ཡུལ་དུ་མི་རྟོག་པ་ཞི་གནས་དང་ས་ལེར་གནས་པ་ལྷག་མཐོང་དང་། དེ་གཉིས་ཟུང་འཇུག་ལ་ཡང་དག་པའི་རྟོགས་པ་ཞེས་མཛད་པའོ། །གསུམ་པ་ཡོན་ཏན་འབྱུང་ཚུལ། དེའི་ཉམས་འདི་འདྲར་བསྟན་དུ་མེད་པས་དྲོད་རྟགས་ཀྱི་ཡོན་ཏན་སྣ་ཚོགས་པ་འབྱུང་བ་ཡིན་པས། དེ་དང་ཆོས་ཀྱི་བདག་གཉིས་མེད་པའི་སེམས་ཉིད་སྣང་སྟོང་ཐ་དད་མེད་ཅིང་བདག་ཉིད་ཆེན་པོ་ལ་ཡོན་ཏན་ནམ་འབྲས་བུ་ཐམས་ཅད་ཟད་མེད་འབྱུང་བའི་གཏེར་ལྟ་བུའོ། །གཉིས་པ་སྐྱོན་བཅོས་ཐབས་ལ་གསུམ། དང་པོ་རྣམ་རྟོག་ཡེ་ཤེས་ཡིན་པས་གཉེན་པོ་མི་བསྟེན་པ། ཚོགས་དྲུག་མ་བཀག་པ་ལས་རྣམ་རྟོག་སྣ་ཚོག་རྒྱུ་ཞིང་འབྱུང་ཡང་འབྱུང་དུས་རང་བཞིན་མེད་པའི་ངོ་བོར་རྣམ་རྟོག་སྐྱེ་པའི་དུས་ཉིད་ངོ་ཤེས་ན་ཡེ་ཤེས་ཀྱི་རང་བཞིན་ཡིན་ཏེ། ཡུལ་སེམས་དབང་པོ་རྣམ་པ་གསུམ་དུ་མ་འགགས་པར་སྣང་ཞིང་སྣང་དུས་རང་རྒྱུད་པ་མེད་པས་རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད་ཡིན་པས། དེས་ན་རྣམ་པར་རྟོག་པའི་རྐྱེན་རང་ག་མ་མི་སྐྱེ་ཞིང་། དེ་ལས་གཞན་དུ་ཡེ་ཤེས་བྱ་བ་བཟང་པོ་ཞིག་བརྗོད་དུ་མེད་དེ་གཉིས་མེད་དུ་རང་གྲོལ་ལོ། །གཉིས་པ་བློ་ཐམས་ཅད་འཛིན་རྩོལ་མེད་པར་རང་བྱུང་རང་ཞི་བ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སེམས་ཉིད་ཀྱི་ངང་དུ་འདུ་བ་སྟེ། དེའི་ངོ་བོ་སེམས་ཞེས་བྱ་བ་ཕྱོགས་གཅིག་ཏུ་གདགས་སུ་མེད་དེ། དེ་ཉིད་བྱེད་པ་པོས་མ་བཅོས་འཁོར་འདས་ལྷུན་གྲུབ་ཏུ་གནས་པས་ཡེ་གདོད་མ་ནས་བྱང་ཆུབ་ཡིན་ཅིང་། དེ་ཉིད་མ་རྟོགས་པའི་འབྲས་བུ་ཐོབ་པར་བྱ་རྒྱུ་ཞིག་གཞན་ན་མེད་པས་ཡེ་གདོད་མ་ནས་བདེ་བར་གཤེགས་པ་ཡིན་ནོ། །དཔེར་ན་ཁ་ཏོག་སྔོན་པོ་ལ་ནམ་མཁའ་ཞེས་པར་རང་རྒྱུད་པས་བཟུང་བས་ན་དེ་ལ་སྤྲིན་གྱིས་ཁེབས་པར་འགྱུར་གྱིས། ནམ་མཁའ་ཡི་ངོ་བོ་གྲུབ་པ་མེད་པར་མཁས་པ་གང་གིས་ཤེས་པ་དེ་ལ་ནི། སྒྲིབ་བྱེད་ཀྱི་སྤྲིན་ཞིག་འབྱུང་ཞིང་སྤྲིན་དེས་ནམ་མཁའ་ཁེབས་པར་མི་སྲིད་པ་དེ་བཞིན་དུ། རྣལ་འབྱོར་པས་བསྒོམ་པའི་སེམས་ཀྱང་རང་གྲོལ་དུ་འགྲོ་བས་གོང་གི་དཔེ་དེ་ལྟར་བལྟ་བར་བྱའོ། །གསུམ་པ་བཅོས་བསླད་མེད་པར་བཞག་པས་འབྲས་བུ་རང་བྱུང་ཚུལ། རྟོགས་པའི་དོན་ལ་བློ་མ་བཅོས་རྩོལ་མེད་ལྷུན་གྲུབ་ཏུ་མཉམ་པ་ཇི་བཞིན་པའི་ངང་དུ་མཉམ་པར་བཞག་པ་དང་། རྒྱུ་འབྲས་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མཐར་ཐུག་གི་འབྲས་བུ་རང་སྣང་དུ་འབྱུང་བའོ། །གསུམ་པ་ཇི་བཞིན་མངོན་དུ་བྱས་པའི་འབྲས་བུ་སངས་རྒྱས་ཚུལ། གནས་ལུགས་དེ་བཞིན་ཉིད་ལ་ཏིང་ངེ་འཛིན་གྱི་གནས་བཅས་ཤིང་བསྒོམས་ན། ཡོན་ཏན་ནི་འཁོར་བར་བྱེད་པའི་རྒྱུ་ཉོན་མོངས་པ་དང་འབྲས་བུ་སྡུག་བསྔལ་རྣམས་མི་འབྱུང་སྟེ། དུས་རྟག་ཏུ་ཟག་མེད་བདེ་བ་ལ་གནས་ཤིང་། འབྲས་བུ་བདག་དོན་བྱང་ཆུབ་ཆེན་པོ་ཉིད་ཐོབ་ཅིང་། གཞན་དོན་ཐུན་མོང་ཐུན་མིན་གྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཀུན་དང་ལྡན་པའི་གཟུགས་སྐུ་གཉིས་སུ་སྣང་ནས་དོན་མཛད་དེ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ནོན་པའོ། །དེས་འབྲས་བུ་སྐུ་གཉིས་ཐོབ་པ་ཡིན་ནོ། །གཉིས་པ་རིམ་གྱིས་པ་ལ་གཉིས། དང་པོ་མདོར་བསྟན། དཔེར་ན་སྲིད་པ་བཅུད་ཀྱི་འགྲོ་བ་རིམ་པར་མངལ་ནས་སྨིན་པའི་ཚུལ་གྱིས། རྐྱེན་འཇུག་པའི་མཚན་ཉིད་ཏིང་འཛིན་བསྒོམ་པའི་ཡན་ལག་ལ། སྟོང་ཆེན་སོགས་ལམ་ལྔ་རུ་ལུས་རྣམ་པར་བཞག་ན། ལམ་པ་གང་དག་ཕྱི་ནང་གི་དངོས་པོའི་ཆོས་ཀུན་རང་གི་རིག་པ་བྱང་ཆུབ་ཡིན་པའི་ཕྱིར། རྟོག་པ་འགགས་ཏེ་ཤི་བ་ཡི་ཚེ་གཟུང་འཛིན་གྱི་རྟོག་པ་དང་བྲལ་བས་དོན་དམ་བདེན་པ་བསྒོམ་པ་སྟེ། སྟོང་པ་ཆེན་པོ་དང་འདྲ་བའི་དཔེར་བརྗོད་པའམ་སྦྱང་གཞི་འམ་བསླབ་བྱ་ཡིན་ནོ། །དེ་ནས་འདི་ཕྱི་གཉིས་ཀྱི་སྐྱེ་བ་བར་མ་སྟེ། དབང་པོ་ཀུན་ཚང་ཐོགས་མེད་དུ་འགྲོ་བས་ཀུན་རྫོབ་བདེན་པ་དང་། སྙིང་རྗེ་སྒྱུ་མ་དང་འདྲ་བའི་དཔེའམ་སྦྱང་གཞིའམ་བསླབ་བྱ་ཡིན་ནོ། །མངོན་བྱང་ལྔ་དང་མཚུངས་པར་མངལ་ནས་སྐྱེས་པའི་དུས་ལོ་བཅུ་གཉིས་མན་ཆད་གཞོན་ནུ་སྟེ་ཕྱག་རྒྱ་གཅིག་པ། ཉེར་ལྔ་ཁྱིམ་ཐབས་བཟུང་ཞིང་བུ་ཚ་དང་ལྡན་པ་ནི་ཕྱག་རྒྱ་སྤྲོས་པ། ཡོ་བྱད་སྣ་ཚོགས་བསྒྲུབ་པ་ཚོགས་སྒྲུབ་དང་འདྲ་སྟེ་རིམ་པ་གསུམ། གཅིག་སྤྲོས་ཚོགས་སྒྲུབ་གསུམ་བདེན་གཉིས་དབྱེར་མེད་དུ་བསྒོམ་པའི་ལམ་ཞེས་བརྗོད་དོ། །གཉིས་པ་རྒྱས་པ་ལ་གཉིས། ཚོགས་ལམ་རྣལ་འབྱོར་བཞི་དང་། སྦྱོར་ལམ་བར་ཆད་མེད་པར་ཚོགས་སྒྲུབ་པའོ། །དང་པོ་ལ་ལེའུ་བཞིས་སྟོན་ཏེ། དེ་ལ་ལེའུ་གསུམ་པ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ལ་གསུམ། དང་པོ་ལུས་མདོར་བསྟན། དེ་ལ་དང་པོ་དོན་དམ་སྟོང་པ་ཆེན་པོའི་ལམ་ལ་བརྟེན་པར་བྱེད་པའི་རྣལ་འབྱོར་པས་ཆོས་རྣམས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དུ་གོམས་པར་བྱ་བ་ཡི་ཐབས་བསྟན་པ་ལ་དོན་བཅོ་ལྔ་སྟེ། སྤྱི་དང་ཁྱད་པར་སྔོན་དུ་བྱ་བ་དང་གཅིག་བསྒོམས་པའི་དགོས་ཆེད་དང་གཉིས་རྟོན་ཡང་སྣང་མཆན་བསྒོམ་པ་བློ་ལ་བཞག་པའི་ཐབས་དང་གསུམ། བསྒོམ་པའི་ངོ་བོ་རྣམ་གྲངས་ངེས་ཚིག་དང་བཞི། ཏིང་འཛིན་གྱི་མི་མཐུན་པའི་སྐྱོན་ངོས་བཟུང་བ་དང་ལྔ། སྐྱོན་དེ་བཅོས་ཐབས་དང་དྲུག །བསྒོམ་པའི་ཉམས་ཀྱི་རིམ་པ་དང་བདུན། སྤྱོད་པ་དང་བརྒྱད། དམ་ཚིག་དང་དགུ། དྲོད་དང་བཅུ། རྟགས་དང་བཅུ་གཅིག་རྨིས་ལྟས་ཀྱི་མཚན་མ་དང་བཅུ་གཉིས། ཏིང་འཛིན་གྱི་ཡོན་ཏན་དང་བཅུ་གསུམ། འདའ་ཀ་མའི་མན་ངག་དང་བཅུ་བཞི། དེ་ཏིང་རང་གི་འབྲས་བུ་དང་བཅོ་ལྔ་ཡིས་སྟོང་པ་ཆེན་པོའི་རྣལ་འབྱོར་ཡོངས་སུ་རྫོགས་པར་འགྱུར་རོ། །གཉིས་པ་རྒྱས་བཤད་ལ་དོན་བཅོ་ལྔ་སྟེ། དེའི་དང་པོ་ལ་གཉིས། ཐུན་མོང་སྤྱིའི་སྔོན་འགྲོ་དང་། ཁྱད་པར་གྱི་སྔོན་དུ་བྱ་བའོ། །དང་པོ་ལ་བདུན། དང་པོ་སྔོན་དུ་དབང་ཐོབ་དགོས་པར་བསྟན་པ། གསང་སྔགས་ཀྱི་རིགས་ཅན་སྐྱེས་བུ་གང་ཞིག་དཔེར་ན་སེང་གེ་གཅིག་པུར་གནས་པ། འཇིགས་པ་དང་བྲལ། གཞན་ཟིལ་གྱིས་གནོན་པ་བཞིན་དུ་གྲོགས་ངན་སྤངས་ནས་གཅིག་པུར་རྒྱུ་བས་དེ་བཞིན་ཉིད་ཀྱི་ཏིང་འཛིན་ལ་འཇུག་པའི་སྔོན་དུ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་རི་མོར་ཕྱི་ནང་གསང་གསུམ་གྱི་དབང་རྣམས་རིམ་པ་བཞིན་དུ་རྫོགས་པར་མནོས་ཤིང་། གཉིས་པ་ལྷག་པའི་ཡོ་བྱད་ལྔ་རྫོགས་པར་བྱ་བ། རྒྱུད་ལུང་མན་ངག་གི་དོན་མ་ནོར་པར་སྟོན་པའི་རྡོ་རྗེ་སློབ་དཔོན། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །ཞེས་ཡོན་ཏན་བརྒྱད་ལྡན་དེ་ལྟ་བུ་ལ་སྒོ་གསུམ་གུས་པས་མཆོད་ཅིང་བརྩོན་འགྲུས་ཀྱིས་རང་རྒྱུད་ཡོངས་སུ་སྦྱངས་པའི་སྒོ་ནས་རྟོགས་པ་ཞེས་ལྟ་བ་དག་མཉམ་ཆེན་པོ་མངོན་སུམ་གསལ་བར་བྱས་ནས། རྩ་བ་ཡན་ལག་གི་དམ་ཚིག་དང་།༡ བསྒོམ་པ་ཏིང་ངེ་འཛིན།༢ སྤྱི་དང་རང་གི་མཚན་ཉིད་ཤེས་པའི་ཤེས་རབ་༣ལྟ་བའི་གདིང་དང་། བདེན་གཉིས་བྱང་ཆུབ་ཀྱི་སེམས་༤བསྐྱེད་པ་དང་། སྙིང་རྗེ་༥ཆེ་བ་དང་ལྔ་ནི། འཇིག་རྟེན་པའི་ཡོ་བྱད་ལས་ལྷག་པའི་ཡོ་བྱད་གོང་གི་ལྔ་རྒྱུད་ལ་རྫོགས་པར་བྱ། གསུམ་པ་ཡོ་བྱད་ལྔའི་ནང་ནས་ཁྱད་པར་གཞན་དོན་དུ་སེམས་བསྐྱེད་ནས་སྒོམ་པར་དམ་བཅའ་བ། གོང་གི་ཡོ་བྱད་ལྔ་རྫོགས་པ་དེ་ཡི་ནང་ནས་བུ་གཅིག་པ་ལ་མ་ཡི་བྱམས་སེམས་ལྡན་པས། ཁམས་གསུམ་འཁོར་བ་ན་གནས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཐར་བ་མྱང་འདས་ཀྱི་སར་འགོད་པར་དམ་བཅའ་བའོ། །བཞི་པ་ཚད་མེད་བཞི་སྔོན་དུ་སོང་བས་ས་བསླང་བ། སེམས་བསྐྱེད་མི་ཉམས་པའི་ཐབས་ལ་ཚངས་པ་ལ་སོགས་པའི་གནས་སུ་སྐྱེ་བར་བྱེད་པའི་ཚད་མེད་པ་བཞི་སྔོན་དུ་སོང་བས། རང་གི་ཡིད་དུ་འོང་ཞིང་ས་དགྲ་སོགས་སྐྱོན་མེད་པའི་ས་བཙལ་ནས་ས་བསླང་སྟེ་ས་ཆོག་བྱ། ལྔ་པ་གནས་ཁང་བརྩིགས་ཤིང་གདན་བཤམ་པ། གནས་ཁང་ཆེ་ཆུང་རན་ཅིང་འཚམས་པར་བྱས་ཏེ་ཞལ་བའི་བྱི་དོར་དང་ལྡན་པར་བྱས་ལ། རིན་པོ་ཆེ་དང་། སྨན་གླ་རྩི་སོགས་ཀྱིས་སའི་སྐྱོན་དང་ནད་དང་དུག་སྦྲུལ་སོགས་ཀྱི་གནོད་པ་བསྲུང་བར་བྱས་ནས། ཡུལ་པི་པར་ཏའི་རས་ཀྱི་སྟན་ནང་ཚངས་ཅན་དང་ལྡན་པར་བྱའོ། །དྲུག་པ་ཚོགས་བསག་ཅིང་འབྲེལ་ཐག་བཅད་པ། བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་བསལ་ཞིང་ལམ་གྱི་ཆ་རྐྱེན་ཚོགས་གཉིས་རྫོགས་པར་བྱ་ཕྱིར། ཚོགས་འཁོར་དང་སྦྱིན་སྲེག་བརྒྱ་རྩ་ལ་སོགས་བྱ་བ་དང་། མདོ་སྡེ་འབུམ་ལྔ། ཚ་ཚྭ། ཉེའུ་འདོན། ལམ་འཕྲང་བསལ། ཆུ་གཏོར་གཏོང་། བསྐོར་བ་ལ་སོགས་དགེ་བའི་དཔུང་ཚོགས་ལ་འབད་པར་བྱ། ཕྱི་ཉེ་དུའི་འབྲེལ་བ། ནང་སློབ་དཔོན་དང་མཆེད་ལྕམ་རྣམས་ཀྱི་བུ་ལོན་དང་འབྲེལ་ཆགས་པ་ཐམས་ཅད་ཀུན་ཏིང་ངེ་འཛིན་ལས་གཞན་པ་རྣམས་གེགས་ཡིན་པའི་ཕྱིར་དུར་རྐུན་གྱི་ཝ་སྔར་མ་ལྟ་བུའི་སེམས་ཀྱིས་གོང་གི་སྐྱོན་རྣམས་དོར་རོ། །བདུན་པ་ཆ་རྐྱེན་བསྡུ་ཞིང་གྲོགས་བཙལ་བ། ཁམས་གསོ་བའི་ཆ་རྐྱེན་སྨན་ཟས་རྣམས་དང་། ཏིང་ངེ་འཛིན་སྐྱེ་བའི་ཆ་རྐྱེན་བླ་མའི་གདམས་ངག་ཟབ་མོའི་དཔེ་ཆ་དང་། གྲོགས་ཉམས་ཅན་ལ་སོགས་འཁོར་བའི་ཆ་རྐྱེན་རྣམས་བསྡུས་ལ། ལམ་གྱི་བར་ཆད་བགེགས་དང་ནད་བསྲུང་བ་ཡི་ཆ་རྐྱེན་ནམ། ཆོ་ག་རྣམས་སྔོན་དུ་རྫོགས་པར་བྱས་ནས་ཕྱི་འདོད་པའི་ལོངས་སྤྱོད་ལྔའམ། གསང་བའི་ལོངས་སྤྱོད་རིག་མའང་མཚན་ཉིད་དང་ལྡན་པ་འདུ་བྱས་ལ། དགྲ་བགེགས་ནད་གསུམ་གྱི་འཚེ་བ་བཟློག་པའི་ཆ་རྐྱེན། གོ་མཚོན་ཕུར་པ་ཡུངས་དཀར་གུ་གུལ་ལ་སོགས་པའང་ཉེར་རྫོགས་སུ་བཞག་གོ། །གཉིས་པ་ཁྱད་པར་གྱི་སྔོན་དུ་བྱ་བ ། དེ་ལྟར་ཐུན་མོང་དུ་ཀུན་གྱི་སྤྱི་ཡི་སྔོན་དུ་འགྲོ་བ་རྣམས་རྫོགས་པར་བྱས་ནས ། ཁྱད་པར་དེ་ཏིང་འདི་ཉིད་ཀྱི་སྔོན་དུ་བྱ་བ་ནི་མཆོད་པ་འབུལ་བའི་རྟེན་དུ་དངོས་གྲུབ་ཉེ་བའི་ལྷ་ཡི་དམ་གྱི་ལྷའི་སྐུའི་གཟུགས་བརྙན་རབ་གནས་ཅན་རང་གི་མདུན་དུ་བཞུགས་སུ་གསོལ་བ་ལ། ཕྱག་འཚལ། སྐྱབས་འགྲོ། མཆོད་འབུལ། བཤགས་པ། ཡི་རངས། སེམས་བསྐྱེད། ལུས་དབུལ། བསྔོ་བའི་ཡན་ལག་བརྒྱད་པའི་ཚུལ་ཡོངས་སུ་བཟུང་ལ་དེ་ཚར་ནས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། སྟོང་པ་ཉིད་ཀྱི་བསམ་གཏན་བཞི་དང་། དེའི་ངང་ལས་སྙིང་རྗེ་ཆེན་པོའི་ཚད་མེད་བཞི་སྟེ་ཡན་ལག་བརྒྱད་དུ་བཞེད་དོ། །ཚོགས་ཤིང་རྣམས་འོད་དུ་ཞུ་ཡོངས་སུ་གྱུར་ཏེ་བདག་གི་སྤྱི་གཙུག་ཏུ་ཐིམ་པར་བྱས་པས་སྒྲིབ་ཀུན་དག ། རང་ཉིད་འོད་དུ་ཞུ་བའི་རྗེས་ལ་ཏིང་ངེ་འཛིན་ལ་འཇུག་པར་བྱའོ། །གཉིས་པ་དགོས་ཆེད་ལ་གཉིས། ལམ་རིམ་པར་བགྲོད་ནས་སངས་རྒྱས་པའི་དགོས་ཆེད་དང་། དེ་ཏིང་རང་ལ་འཇུག་པའི་དགོས་ཆེད་དོ། །དང་པོ་ལ་གཉིས། དང་པོ་ལུང་གི་འཐད་པ། རིགས་ལྔ་ཡབ་ཡུམ་དང་། ཡེ་ཤེས་ལྔར་དག་པ་རྣམ་པ་གསུམ་མ་ནོར་བར་རྟོགས་ཤིང་། ཏིང་ངེ་འཛིན་གྱིས་རང་རིག་པའི་རྒྱལ་པོ་ལ་དབང་བསྒྱུར་ནས་ཅིག་ཆར་དུ་གོམས་པའམ་བསྒོམ་པ་ཡིས། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཀྱི་མཆོག་ཆོས་སྐུ་འདི་ཉིད་རྙེད་པར་འགྱུར་བའོ། །གཉིས་པ་དེས་གྲུབ་པའི་དོན། གོང་གི་གཏན་ཚིགས་དེ་ཡི་ཕྱིར་ལྟ་བ་མཐོང་བའི་རྗེས་ལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་མོ། །དེ་ནི་སྙིང་རྗེ་ཆེན་པོ་ཀུན་སྣང་གི་ཏིང་ངེ་འཛིན་འབྱུང་བའི་གཞིའམ་རྒྱུ་རུ་བཞག་ཅེས་བྱ། ལམ་གོང་འོག་གི་གོ་རིམ་འབྱུང་བའང་སྔ་མའི་ཏིང་འཛིན་གྱིས་རྗེས་ལ་ཕྱི་མ་འབྱུང་བ་དེ་བཞིན་དུ་ངེས་སོ། །གཉིས་པ་ལ་གཉིས། དགོས་ཆེད་དངོས་དང་། ཏིང་འཛིན་འདི་མེད་པའི་སྐྱོན། དང་པོ་ལ་གཉིས། དང་པོ་མདོར་བསྟན། ལམ་པ་གང་དག་སྔགས་ཀྱི་སྐལ་བ་དང་ལྡན་ཡང་བློ་ཅུང་ཟད་དམན་པ་རིམ་གྱིས་པས། མི་མཐུན་པའི་ཕྱོགས་གཞན་སེལ་བའི་དགོས་ཆེད་ཡོད་པའི་ཕྱིར་དང་། མཐུན་པའི་ཕྱོགས་སྒྲུབ་བྱ་ཆོས་སྐུ་དོན་དུ་གཉེར་བའི་དགོས་ཆེད་གཉིས་ཡོད་པའི་ཕྱིར། གཉིས་པ་རྒྱས་པ་དེ་ལ་གཉིས། དང་པོ་གཞན་སེལ་བ། ཏིང་འཛིན་ལ་སྙོམས་པར་འཇུག་པར་བྱེད་པ་དེའང་དཀྱུས་ཀྱི་སྔ་མ་གཞན་སེལ་བའང་བདག་གཞན་གཉིས་ཀྱི་དོན་དུ་བསྒོམ་པ་ནི། བསལ་བྱ་ལྷན་སྐྱེས་ཀུན་བརྟགས་ཀྱི་མ་རིག་པས་ཕྱིན་ཅི་ལོག་ཏུ་འཁྲུལ་པའི་སྣང་བ་ཐར་དཀའ་བ་འདམ་རྫབ་འདྲ་བའི་དབྱིངས་སུ་ཆུད་པ། བསལ་ཕྱིར་ཡེ་ཤེས་ཀྱི་ཡུལ་དུ་གསལ་བས་སྒྲོན་མའི་འོད་དང་འདྲ་བའི་མདའ་ལྟ་བུ་ཏིང་ངེ་འཛིན་གྱིས་འཕངས་ནས། དེའི་ཡོན་ཏན་གྱིས་རང་རྒྱུད་ལ་ཡོད་པའི་གཏི་མུག་གི་མུན་པ་རྣམ་པར་བསལ་ཏེ། དོན་དམ་རང་བཞིན་གྱིས་འོད་གསལ་བའི་ཉོནམོངས་པའི་ཟུག་རྔུ་མེད་པས་བདེ་བའི་མཆོག་ཏུ་གྱུར་པ་དེ་ཉིད་སྣང་བར་བྱས་སོ། །དེ་ཡང་མདོར་བསྡུ་ན་སྒྲིབ་པའི་ཚོགས་རྣམས་ཏིང་འཛིན་བསྒོམས་པས་མུན་པ་ལ་སྒྲོན་མེ་བཏེགས་པས་གསལ་བའི་སྣང་བར་སོང་བའི་ཚུལ་ལོ། །གཉིས་པ་དོན་གཉེར་ལ་གཉིས། དང་པོ་ཆོས་ཉིད་དོན་དུ་གཉེར་བ། ཆོས་ཉིད་ཀྱི་དབྱིངས་ནམ་མཁའ་ལྟ་བུའི་ཐོག་ཏུ་ཕེབས་པས་དཀྱིལ་ཕྱོགས་སུ་ཐུག་བ་མེད་པས་ཡངས་པ་ལ། ཆོས་ཉིད་རྟོགས་པའི་བློ་ཤེས་རབ་ཀྱིས་དུས་མྱུར་བ་ཅིག་ཆོད་དུ་དོན་ཆོས་ཉིད་ལ་འགྲོ་བའང་། དོན་ལ་འགྲོ་བ་མེད་ཅིང་འོང་བ་མེད་དེ་མཐའ་གང་ལ་མི་གནས་པ་གནས་ལུགས་བྱང་ཆུབ་ཀྱི་སེམས་མཆོག་གཉིས་སུ་མ་སྐྱེས་པས་ཨ་ཟུག་རྔུ་མེད་པས་རབ་ཏུ་བདེ་བའོ། །གཉིས་པ་དངོས་གྲུབ་དོན་དུ་གཉེར་བའི་དགོས་ཆེད། དཔེར་ན་ཉི་མ་ཤར་དུས་མུན་པ་སྣང་བར་གྱུར་པ་དང་། དུག་ཧ་ལ་དུག་ནད་ལ་རྩིའི་མཆོག་གི་ཚུལ་བཞིན་དུ། རྟོག་པའི་ངོ་བོ་མ་སྤངས་པར་ཆོས་ཉིད་དུ་དབང་བསྒྱུར་བར་བྱེད་པའི་ཏིང་ངེ་འཛིན་ཡིན་ཏེ་ལམ་པ་ཀུན་གྱི་དོན་དུ་གཉེར་བ་ཡི་མཆོག་ཐུན་གང་དག་མ་ལུས་ཀུན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་འདི་ཡིས་ཐོབ་པའི་གྲོགས་བྱེད་པར་འགྱུར་རོ། །གཉིས་པ་ནི་གལ་ཏེ་དེ་ཏིང་སྟོང་པ་ཆེན་པོའི་རྣལ་འབྱོར་འདི་མེད་པས་སྐྱོན་ཅི་ཡོད་ཅེ་ན། དཔེར་ན་རྒྱ་མཚོའི་འཇིང་གི་ཕ་བོང་དེ་སྟེང་དུ་མི་ཐོན་ཞིང་དཀྱིལ་སྐམ་པོར་ཡོད་པ་ལྟར། ཡུན་བསྐལ་བར་དངོས་པོར་འཛིན་པའི་ལམ་ལ་འབད་ནས་འབྲས་བུ་བཙལ་བར་བྱས་ཀྱང་། གནས་ལུགས་དེ་བཞིན་ཉིད་ཀྱི་དོན་གྱི་རླན་མེད་ན་བླ་ན་མེད་པའི་བྱང་ཆུབ་སྙིང་པོ་ཡི་མྱུ་གུ་བསྐམས་པ་ཡིན་ཏེ་འབྲས་བུ་སངས་རྒྱས་མི་འབྱུང་ངོ་། །གསུམ་པ་བསྒོམ་པའི་ཐབས་ལ་གཉིས། དང་པོ་ལུས་ཀྱི་འདུག་ཐབས། དེ་ཏིང་བསྒོམ་པ་དེ་ཡི་ཕྱིར་ལྷག་མ་ཡི་ལུས་ཆ་སྙོམས་པའི་ཕྱིར། ལུས་བདེ་བ་དང་ལྡན་ཞིང་སེམས་ཐར་པ་ལ་བྲོད་པས་ལུས་ཆོས་བདུན་གྱི་ཚུལ་དུ་ལྡན་པར་བྱས་པ་ནི་རྗེ་བཙུན་རྣམ་པར་སྣང་མཛད་བཞིན་ནོ། །གཉིས་པ་སེམས་ཀྱི་བཞག་ཐབས་ལ་གཉིས། དང་པོ་མདོར་བསྟན། ལུས་སུ་འཛིན་པ་དང་རྩོལ་བའི་རྟོག་པ་མེད་པའི་སེམས་ཀྱིས་ཏིང་ངེ་འཛིན་ལ་འདུག་པར་བྱ་བ་དེ་ཡང་བློ་ཆུང་བ་བླ་མའི་གདམས་ངག་ལ་བརྟེན་ནས་མཉམ་པར་འཇོག །བློ་ཆེ་བ་རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་ལྟ་བ་རྟོགས་པའི་ངང་ལ་བློ་བཞག་པས་ཏིང་ངེ་འཛིན་ལ་གོམས་པར་བྱེད་པ་ཡིན་ཏེ། གཉིས་པ་རྒྱས་པ་དེ་ལ་གཉིས། དང་པོ་བློ་ཆུང་བ་གདམས་ངག་གི་སྟོབས་ཀྱིས་བཞག་པ། མདོར་བསྟན་གྱི་སྔོན་དུ་བརྗོད་པའི་གདམས་ངག་གི་སྟོབས་ཀྱིས་བཞག་པའི་སློབ་བུ་དེས་ཡུལ་འདུ་འཛིས་དབེན་པའི་སར། གསེར་གཡུ་ལ་སོགས་རིན་ཆེན་དང་ལྷབ་ལྷུབ་དར་ཟབ་དང་། བཟའ་བཏུང་ལ་སོགས་པའི་ལོངས་སྤྱོད་ཀྱིས་བླ་མ་དམ་པ་མཉེས་པར་བྱས་ནས་སློབ་བུ་དེ་སློབ་དཔོན་གྱི་པང་དུ་སྟེ་མདུན་དུ་དྲང་བོར་བཞག་ལ། མཁའ་འགྲོ་དང་རྣ་ཉན་ལ་སོགས་བགེགས་རྣམས་དྲག་སྔགས་ཀྱིས་བསྐྲད་ལ་རཏྣའི་སྦུབས་མཆུས་རྣ་བ་ལ་གཏད་དེ། གཞན་གྱིས་མ་ཐོས་པར་གདམས་ངག་ཞིབ་པར་ཤུབ་བུར་རྣ་བ་གཡོན་པར་བསྒྲག་ཅིང་སེམས་སུ་བསྟིམ། གདམས་ངག་དངོས་ནི་མཆོག་ཐུན་གྱི་དངོས་གྲུབ་དུས་མྱུར་དུ་ཚེ་འདི་ལ་འགྲུབ་པར་འདོད་ན། བསྒོམ་བྱ་སྒོམ་བྱེད་ཤིན་ཏུ་མི་དམིགས་པར་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་བསྒོམ་པར་བྱ། གཉིས་པ་བློ་ཆེ་བ་ཤེས་རབ་ཀྱི་སྟོབས་ཀྱིས་བསྒོམ་པ་དེ་ལ་གཉིས། དང་པོ་མདོར་བསྟན་པ། མདོར་བསྟན་གྱི་ཕྱི་མ་ཤེས་རབ་སྟོབས་ཀྱིས་བཞག་པ་ལའང་། རིག་པ་གསལ་སྟོང་གི་ཏིང་ངེ་འཛིན་སྤྱི་བླུགས་དང་སྔར་གྱི་ལྟ་བ་དྲན་པར་བྱས་ཤིང་མཐོང་པའི་རྗེས་སུ་གསལ་སྟོང་ངང་དུ་བཞག་པ་དང་གཉིས་སོ། །གཉིས་པ་རྒྱས་པ་ལ་གཉིས། རིག་པ་སྤྱི་བླུགས་དང་། ལྟ་བ་རྟོགས་རྗེས་སུ་བསྒོམ་པའོ། །དང་པོ་ལ་བཞི། དང་པོ་བདག་དང་བདག་གིར་མེད་པར་རིག་པ་སྤྱི་བླུགས་སུ་བསྒོམ་པ། བདག་ངར་འཛིན་པ་རྣམ་ཤེས་དང་བདག་གིས་མྱོང་བའི་ཕུང་པོ་དང་། གཞན་འབྱུང་བ་ཡུལ་དུ་སྣང་བ་རྣམས་ནི་བསྒོམ་བྱའི་ཡུལ་མི་དམིགས་གསུམ་ལས་ཤིན་ཏུ་བློས་མི་དམིགས་ཏེ་སྐྱེ་མེད་དབྱིངས་སུ་གྲོལ་བར་བསྒོམ་པ་དྲན་པ་ཙམ་ཡུལ་གྱིས་ཏིང་ངེ་འཛིན་གྱི་ངོ་བོ་ཡུལ་མེད་རང་གསལ་དུ་བསྒོམ་པའོ། །དེའི་རྒྱུ་མཚན་ནི་རྣལ་འབྱོར་པ་རང་གི་རིག་པ་ཆོས་ཉིད་གསལ་སྟོང་གི་ངང་ལ་གནས་པ་ཡི་དོན་ནི་དེ་བྱེད་པ་པོ་སུས་ཀྱང་མ་བྱས་ཞིང་རྒྱུ་རྐྱེན་མེད་པས་རང་བྱུང་བ་སྟེ། དེས་ཕྱི་ནང་གི་ཆོས་ཐམས་ཅད་སྐྱེས་མེད་དེ་བཞིན་ཉིད་ཀྱི་ངང་དུ་གསལ་བར་སྦྱོར་བ་ནི་བསྒོམ་བྱ་སྒོམ་བྱེད་གཉིས་སུ་འཛིན་པ་མེད་པས་སྐྱེ་མེད་དེ། སྐྱེ་མེད་ཆོས་དབྱིངས་ཀྱི་ངང་དུ་རིག་པའམ་ངོ་བོ་མ་གྲུབ་པས་ཆོས་ཐམས་ཅད་ཐིམ་སྟེ་ཡུལ་སེམས་གཉིས་མེད་དུ་གསལ་བའོ། །གཉིས་པར་རང་བྱུང་སྤྲོ་བསྡུ་མེད་པར་རིག་པ་སྤྱི་བླུགས་སུ་བསྒོམ་པ། རྒྱུ་རྐྱེན་མེད་པ་རང་བྱུང་གསལ་བས་ཡེ་ཤེས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱིས། ཤེས་བྱ་ཕྱི་ནང་གི་ཆོས་མ་ལུས་པ་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་གསལ་བས་སྡུད་ཅེས་བྱ། འོན་ཀྱང་སྡུད་པར་བྱེད་པ་དང་མི་སྡུད་པར་འཇོག་པ་གཉིས་ཀ་གྲུབ་པ་མིན་ཏེ། ཞེས་སམ་མེད་དེ། དེ་ཉིད་མ་ནོར་ཞིང་མི་བསླུ་བས་ན་ཡང་དག་པའི་དོན་མ་བཅོས་བའི་དེ་ཁོ་ན་ཉིད་རིག་པ་ཡུལ་མེད་དུ་རང་གསལ་བར་འདུག་པའོ། །གསུམ་པ་བསྒོམ་བྱ་སྒོམ་བྱེད་མེད་པ་རིག་པ་སྤྱི་བླུགས་སུ་བསྒོམ་པ། བསྒོམ་བར་བྱ་བའི་ཡུལ་ཆོས་ཉིད་དང་བསྒོམ་པར་བྱེད་པའི་མཁན་པོ་གཉིས་ཀ་དོན་དམ་པར་མ་སྐྱེས་པས་ན་པར་འདུག་ན། དོན་ཆོས་ཉིད་ཡིད་ཀྱི་ཡུལ་དུ་བསྒོམ་པར་བྱ་བའང་མེད་དེ། དེ་ལྟར་དོན་དམ་པར་བསྒོམ་པར་བྱ་བའི་ཡུལ་མེད་པས་ན། བསྒོམ་བྱའི་ཡུལ་གང་ལའང་བློའི་ཡུལ་དུ་མི་འཇུག་པ་སྟེ་གཉིས་སུ་མེད་པར་གསལ་བ་དེ་ཀ་ཏིང་འཛིན་ལ་ཞུགས་པའི་མཆོག་ཡིན་ཏེ། བཞག་ཏུ་མེད་པའི་བཞག་ཐབས་སོ། །བཞི་པ་བསམ་བྱ་བསམ་བྱེད་མེད་པར་རིག་པ་སྤྱི་བླུགས་སུ་བསྒོམ་པ། ཆོས་ཉིད་བློའི་ཡུལ་དུ་བསམ་པར་བྱ་རྒྱུ་ཅིར་མེད་པས་ཡང་བསམ་པར་མི་བྱ་སྟེ། འོ་ན་མི་བསམ་པ་ཉིད་བསམ་མོ་ཞེ་ན། ཆེད་དུ་བསམ་པ་དགག་པའི་ཕྱིར་མི་བསམ་པར་ཡང་། མི་བསམ་མོ། །དེ་ཉིད་ཡོང་ཡེར་བཅད་དུ་མེད་པས་བསམ་མི་བསམ་གྱི་ཡུལ་གང་ལ་བློ་རྣམ་པར་མི་སེམས་པ་ཡི་ཏིང་འཛིན་དེ་ནི་ཡུལ་མེད་རང་གསལ་བས་རང་རིག་མཉམ་པ་ཉིད་ཀྱི་ངང་དུ་གནས་པ་ཉིད་དོ། །གཉིས་པ་ལྟ་བ་རྟོགས་པའི་རྗེས་སུ་བསྒོམ་པ་ལ་གཉིས། རྟོགས་པའི་ལྟ་བ་དང་། སྒོམ་པའོ། །དང་པོ་ལ་གཉིས། དང་པོ་ཤེས་རབ་མཆོག་གིས་རྟོགས་པའི་ལྟ་བ་འདིར་གོ་བ་ལྷག་པ་དོན་དམ་པའི་བྱང་ཆུབ་སེམས་ཀྱི་དེ་བཞིན་ཉིད་ནི། དངོས་པོར་ཤིན་ཏུ་མི་དམིགས་ཤིང་བློ་ཡིས་བརྟག་པར་དཀའ་བ་དེ་ནི། བར་སྣང་ལྟར་ཡངས་ལས་གཞི་ལྟར་རྒྱ་ཆེ་རྒྱ་མཚོ་ལྟར་གཏིང་ཟབ་པས། དེའི་ཏིང་དེའི་སྔོན་དུ་ཤེས་རབ་དང་ལྡན་པས་གསང་སྔགས་ཟབ་པས་དེའི་དོན་ལྟ་བ་རྟོགས་པར་འགྱུར་ཏེ། རྟོག་དཔྱོད་ཀྱིས་ལྟ་བའི་དོན་དྲན་བར་བྱས་ཏེ་དེའི་རྗེས་སུ་ངང་མ་ཤོར་བའི་བསྒོམ་པར་བྱ་ཞེས་སོ། །གཉིས་པ་རང་གི་རྟོགས་པའི་ངོ་བོ་ལ་འགྲོ་འོང་དང་མཐའ་དབུས་མེད་པ། བྱང་ཆུབ་ཀྱི་སེམས་དེ་དང་པོར་གང་ནས་ཀྱང་མ་འོངས་མཐར་གར་ཡང་མི་འགྲོ་བས། དེས་ན་འགྲོ་བ་དང་འོང་བར་བྱ་བ་གཉིས་སུ་གྲུབ་པ་མིན་ནོ། །དོན་དེ་ཤིན་ཏུ་བློས་བརྟག་པར་དཀའ་ཞིང་ཡུལ་དུ་མི་དམིགས་པས་ན། སྤྲོས་པའི་མཐའ་དང་བྲལ་བས་དབུས་ཀྱང་འདི་ཞེས་བརྟག་ཏུ་མེད་དོ། །གཉིས་པ་སྒོམས་པ་ལ་གཉིས། དང་པོ་རྟོགས་པའི་དོན་ལ་གཉིས་སུ་མེད་པར་རང་སྣང་གི་སྒོམ་པ་ནི། འོ་ན་ཇི་ལྟར་ཡིན་ན་གཟུང་འཛིན་གཉིས་དང་བྲལ་བའི་རང་གི་རིག་པ་ཉིད་དམིགས་བྱ་དམིགས་བྱེད་མེད་པའི་ཚུལ་དུ་རང་གསལ་བས་དེར་སྣང་ངོ་། །བསྒོམ་བྱ་ཆོས་ཀྱི་དབྱིངས་དང་དབྱིངས་དེ་རྟོགས་བྱེད་ཀྱི་ཡེ་ཤེས་གཉིས་ཀྱང་གཞན་ན་ཡོད་པ་མིན་ཏེ། རང་གི་རིག་པ་གསལ་སྟོང་དེ་ཁོ་ན་ཙམ་དུ་ཟད་པས་ཡུལ་ཤེས་གཉིས་མེད་བསྟན་པའོ། །གཉིས་པ་བསྒོམ་ཐབས་དེ་ལ་གཉིས། དང་པོ་དམིགས་པས་གོལ་ལ་དམིགས་མེད་སངས་རྒྱས་ཡིན་པར་བསྟན་པ། བློ་ཆུང་བ་གང་ཞིག་གིས་བསྒོམ་བྱ་དམིགས་ནས་ཏིང་འཛིན་ལ་བློ་འཇུག་པ་ནི། དམིགས་པ་ཡོད་པ་དེ་སྲིད་དུ་འཇིག་རྟེན་རྒྱང་འཕེན་པ་དང་འདྲ་ལ། སྟོང་པ་ཡུལ་དུ་དམིགས་ནས་བློས་འཇུག་ཏུ་མེད་ཅིང་ཡུལ་མེད་རང་གསལ་བ་དེ་ནི་སངས་རྒྱས་ཀྱི་དགོངས་པ་ཡིན་པར་ནི། ཐུབ་པའི་དབང་པོ་ཉིད་དང་རྒྱལ་བ་ཀུན་གྱིས་གསུངས་པའོ། །གཉིས་པ་དམིགས་པས་དམིགས་མེད་མི་མཐོང་བ་དཔེ་དང་བཅས་པ། བློས་ངེས་པར་བསྒོམ་བྱ་ཆོས་ཉིད་ཅིག་བློ་ཡུལ་དུ་བསམ་ཞིང་དེ་ལ་ཡུལ་དུ་བྱས་ཤིང་དམིགས་སུ་ཡོད་པར་འདོད་ན། དཔེར་ན་ཕྲ་རབ་ཁབ་མིག་ཏུ་འཐེན་ཐག་སྐུད་པ་འཛུད་པ་ལྟ་བུས། དོན་ཆོས་ཉིད་དེ་བཞིན་ཉིད་དམིགས་སུ་མེད་པ་དེའི་དོན་མི་མཐོང་སྟེ། འཐེན་ཐག་སྐུད་པ་ཁབ་མིག་ཏུ་འཛུད་པས་ནམ་མཁའ་ཆེན་པོ་མི་མཐོང་བ་བཞིན་ནོ། །བཞི་པ་ངོ་བོ་ལ་གཉིས། དང་པོ་མདོར་བསྟན། སྟོང་པ་ཆེན་པོའི་རྣལ་འབྱོར་སྐྱེ་མེད་མཉམ་པ་དེ་བཞིན་ཉིད་ལ་ངོ་བོ་ཐ་དད་དུ་ངོས་བཟུང་བ་བཞི ན་དུ་རྣམ་གྲངས་ཀྱང་འཇུག་ཅིང་། ཞོར་ལ་ངེས་ཚིག་དང་རྣམ་པ་གསུམ་ངེས་པར་འབྱུང་བ་ཡིན། དེ་བས་ཀུན་སྣང་ལ་སོགས་ལམ་ཀུན་ལ་ངོ་བོ་ངེས་ཚིག་རྣམ་གྲངས་གསུམ་འབྱོར་བར་གྱིས་ཤིག །གཉིས་པ་རྒྱས་པ་དེ་ལ་གཉིས། དང་པོ་དེ་བཞིན་ཉིད་ཀྱི་དོན་གྱི་རྣམ་གྲངས་སྤྱིར་བསྟན་པ་ཉན་རང་ལ་ལྟོས་ན་ཆེན་པོ་གསང་སྔགས་ལ་ལྟོས་ན་དམན་པས་ན་དབུ་མ་པས་སྤྲོས་པའི་མཐའ་བརྒྱད་པོ་བཀག་ཅིང་བསལ་བའི་དོན། རྒྱུ་རྐྱེན་ལས་མ་སྐྱེས་ཤིང་། མ་བཅོས་པའི་དེ་བཞིན་ཉིད་མཐའ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དུ་འདོད་དོ། །སྔར་མ་སྟོང་པ་འཕྲལ་དུ་སྟོང་པ་མ་ཡིན་ཏེ། ཡེ་གདོད་མ་ནས་སྟོང་པ་ལ་སྟོང་པའི་ཐ་སྙད་ཙམ་ཡང་བྲལ་བས། སྐྱེ་འགག་རྟག་ཆད་འགྲོ་འོང་གཅིག་དང་དུ་མའི་སྤྲོས་པ་ཡི་མཐའ་བརྒྱད་དང་བྲལ་བར་འདོད་ལ་བྲལ་བ་ཙམ་འཛིན་པ་ཡང་མ་ཡིན་ནོ། །སྔགས་ཀྲྀ་ཡ་པ་གང་གིས་རང་གི་སེམས་ཉིད་དག་པ་མཐའ་བཞིའི་དྲི་མ་མེད་པའི་དེ་བཞིན་ཉིད་རྣམ་པར་དག་པ་ཆོས་ཉིད་འགྱུ་སྟོང་དུ་འདོད་པ་དང་། རྣལ་འབྱོར་ཡོ་ག་པས་ཆོས་དབྱིངས་མཉམ་པ་ཉིད་ལ་སྤྲོས་པའི་མཚན་མ་མེད་པའི་དེ་བཞིན་ཉིད་སྣང་སྟོང་དུ་འདོད་པ་དང་། མ་ཧཱ་ཡོ་གས་འཁོར་འདས་གཉིས་མེད་ལྷུན་གྲུབ་མཉམ་པ་ཆེན་པོའི་དེ་བཞིན་ཉིད་དོ། །གཉིས་པ་ཁྱད་པར་དུ་མ་ཧཱའི་དེ་བཞིན་ཉིད་རྒྱས་པར་བསྟན་པ་ལ་བཞི་སྟེ། དང་པོ་མ་ཧཱའི་དེ་བཞིན་ཉིད་སྤགས་ཚུལ། དེ་བཞིན་ཉིད་ཀྱི་རྣམ་གྲངས་བཞིའི་རིམ་པ་ཐ་མ་མ་ཧཱའི་དེ་བཞིན་ཉིད་ནི་བྱིན་བརླབས་ཅིར་ཡང་འཆར་དུ་རུང་བ་དང་། ཡོད་ཏན་མཐར་ཐུག་གི་འབྲས་བུ་ལྷུན་གྲུབ་ཐོབ་པ་དང་། །ངོ་བོ་དོན་དམ་དཀོར་བདུན་སྣང་སྟོང་གཉིས་སུ་མེད་པས་ན་ཀུན་གྱི་བླ་མར་གྱུར་པའོ། །གཉིས་པ་རྣམ་གྲངས་ལ་གཉིས་ཏེ། དང་པོ་རྣམ་གྲངས་མ་འདྲེས་པར་ཡོན་ཏན་གྱི་ཆ་ནས་མིང་གྲངས་བསྟན་པ། བླ་མར་གྱུར་པ་དེ་ལའང་གནས་སྐབས་ཀྱི་མིང་གི་རྣམས་གྲངས་སུ་ཕྱེས་ན། ཆོས་རྣམས་བཟང་ངན་སྤང་བླང་བྲལ་བ་མཉམ་ཉིད་དང་། ཆོས་ཀུན་ཡོན་ཏན་ལྷུན་གྲུབ་དང་། མཐའ་གང་ཡང་མ་གྲུབ་པས་མཐའ་བྲལ། མཚོན་པ་དང་བྲལ་བས་ཐ་སྙད་མེད། རྣམ་ཀུན་མཆོག་དང་ལྡན་པས་སྟོང་ཆེན། རྒྱུ་རྐྱེན་དང་བྲལ་བས་མ་སྐྱེས། གང་ཡང་འབྱུང་བ་མེད་པས་ཆོས་དབྱིངས་ལ་སོགས་ངོ་བོའི་ཡོན་ཏན་གྱི་བྱེ་བྲག་ཆ་རེ་ནས་མིང་རེ་བརྗོད་པར་ཟད་དོ། །གཉིས་པ་དེ་གང་ཡང་མི་འགལ་བར་གཏན་ཚིགས་ཏིང་ངེ་གསུམ་དང་ལྡན་པར་གནས་ཚུལ། དེ་ལྟར་མཉམ་ཉིད་ལ་སོགས་བདུན་པོ་དེ་རེ་རེའང་གནས་སྐབས་ཀྱི་དབྱེ་བས་གོང་བསྟན་ལྟར་ངོ་བོ་ཐུན་མོང་མ་ཡིན་པ་དང་། སྒྲའི་མིང་གི་དོན་མཚོན་པའི་ངེས་ཚིག་ཐུན་མོང་དུ་བརྗོད་པ་ཡང་། སྒྲུབ་པར་བྱེད་པའི་གཏན་ཚིགས་ཀྱི་ཡན་ལག་ཏུ་ལྡན་པ་ཡིན་ནམ་ཞེ་ན། ལུང་མན་ངག་རིགས་པ་རྣམ་པ་གསུམ་ཐམས་ཅད་ལ་ཕྲུགས་པར་སྦྱོར་བ་རྒྱུད་ལས་འབྱུང་བ་ཡིན་ཏེ། གསུམ་པ་བསྒོམ་གྱི་ངོ་བོ་ལ་གསུམ་སྟེ། དོན་དང་ཏིང་ངེ་འཛིན་གྱི་ངོ་བོ། དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་འབྲས་བུ། བསྒོམ་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས། དང་པོ་དོན་དང་ཏིང་ངེ་འཛིན་གྱི་ངོ་བོ་དངོས། ཐེག་པ་འོག་མ་ལས་ལྷག་པའི་མ་ཧཱའི་དེ་བཞིན་ཉིད་ཀྱི་དོན་མཆོག་གང་ཡིན་པ་དེ། འཁོར་འདས་ཀྱི་དངོས་པོ་རྣམས་སུ་སྣང་བའི་དུས་ཉིད་ན་སེམས་དངོས་པོ་རང་རྒྱུད་པར་གྲུབ་མེད་པས་ན། རྟོག་པའི་བློ་གང་དུའང་སྨྲ་བསམ་གྱི་ཡུལ་ལས་འདས་པའི་ཕྱིར། མ་བཅོས་པའི་དེ་བཞིན་ཉིད། མུ་མཐའ་མེད་པའི་དབྱིངས་དང་། སྒྲིབ་གཡོགས་དང་བྲལ་བར་གསལ་བས་ཡེ་ཤེས་དོན་དམ་སྟེ། གཉིས་པ་དེ་ཉིད་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བར་བསྟན་པ། དོན་དམ་མ་བཅོས་པའི་དེ་བཞིན་ཉིད་ཀྱི་རང་བཞིན་གསལ་བར་རྟོགས་པའི་མཐར་མི་གཡོ་བ་སྟེ། སྤྲོས་པའི་མཚན་མ་ཞི་གནས་མི་རྟོག་པའི་ངང་ལ་གནས་པ། རིག་པ་རང་གསལ་མངོན་སུམ་ལྷག་གིས་མཐོང་བས་ལྷག་མཐོང་། དེ་གཉིས་ཐ་དད་མེད་པས་ཟུང་དུ་འབྲེལ་བས་གསལ་བར་ཟུང་དུ་འབྲེལ་ལོ། །གཉིས་པ་ནི་དེ་ཙམ་ན་ཆོས་ཐམས་ཅད་རང་བཞིན་མེད་པས་ཤེས་རབ་མུ་མཐའ་མེད་པས་དབྱིངས་ཉིད་དུ་དབྱེར་མེད་པ་དེ་ལ། བསྒོམ་བྱ་ཆོས་ཀྱི་དབྱིངས་ལ་སྒོམ་བྱེད་བློའི་ཤེས་རབ་ཀྱིས་རྟོགས་པའི་དབྱིངས་དེ་གཉིས་ནི་ཐ་དད་མེད་པར་རྣམ་པར་སྦྱར་བའོ། །དེ་ལྟར་བློའི་ཤེས་རབ་དང་ཆོས་ཀྱི་དབྱིངས་ཉིད་ཐ་དད་མེད་པར་སྦྱོར་བ་ཡིས། བྱང་བ་སྟོང་པ་ཆུབ་པ་སྣང་བ་དབྱེར་མེད་པས་རྡོ་རྗེ་སྤྲོས་པ་མེད་པའི་ཐིག་ལེ་ཡིན་ནོ། །གསུམ་པ་ནི། བསྒོམ་པ་དེ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལྟ་བ་མཐོང་བའི་རྗེས་སུ་བསྒོམ་པ་དང་། མཉམ་གཞག་གི་ཡུལ་མི་དམིགས་བསྒོམ་པའི་ཏིང་འཛིན་གྱི་ངོ་བོ་ཤིན་ཏུའང་མི་དམིགས་པ་དང་། རྗེས་སུ་ཐོབ་པའི་ཤེས་པའང་མི་དམིགས་པའི་རིམ་པ་ཡིས། བསྒོམ་བྱའི་ཡུལ་དུ་མི་གནས་ཤིང་། བསྒོམ་པའི་ངོ་བོར་མི་རྟོག །རྗེས་བདག་གིས་བསྒོམ་སོ་སོའི་ང་རྒྱལ་གྱིས་རློམ་སེམས་མེད་པའོ། །བཞི་པ་ངེས་ཚིག་ལ་གཉིས་ཏེ། དང་པོ་བསྒོམ་པ་ཏིང་ངེ་འཛིན་གྱི་ངེས་ཚིག །སྟོང་པའི་ངང་ལས་རང་བཞིན་ངང་གིས་ཆོས་དང་གང་ཟག་གི་བདག་གཉིས་སུ་གྲུབ་པ་མེད་པས་ན། བསྒོམ་བྱ་ཡི་ཡུལ་དང་སྒོམ་བྱེད་ཀྱི་ཤེས་པ་གཉིས་ཀ་རང་བཞིན་མི་དམིགས་པའི་ཕྱིར། ནམ་མཁའ་ལྟར་བློའི་ཡུལ་གྱིས་བསྒོམ་བྱ་སྒོམ་བྱེད་ཀྱི་འདུ་བྱེད་ཀུན་དང་བྲལ་བ། བློ་གང་དུའང་བསམ་དུ་མེད་པའི་ངང་ལ་འདུག་པ་ཙམ་ལ་བསྒོམ་ཞེས་ཐ་སྙད་དུ་བརྗོད་པའོ། །གཉིས་པ་འདུ་འབྲལ་མེད་པར་བསྒོམ་པའི་ངེས་ཚིག །བསྒོམ་བྱ་སྒོམ་བྱེད་ཀྱི་འདུ་ཤེས་ཀྱིས་ཡུལ་སྣང་སྟོང་ལ་སོགས་པ་གང་དུའང་འཛིན་པ་མ་ཞུགས་ན། ཆོས་ཉིད་བསྒོམ་པའི་རོ་ལ་འདོད་ཅིང་ཆགས་པ་མེད་པས་རང་གི་བློ་དང་དོན་གཉིས་འདུ་འབྲལ་མེད་པའི་ཕྱིར་རོ། །ལྔ་པ་སྐྱོན་ལ་གཉིས་ཏེ། དང་པོ་མདོར་བསྟན། དེ་ལྟ་གདམས་ངག་གི་སྟོབས་དང་། དེ་ལྟར་ཤེས་རབ་ཀྱི་སྟོབས་ཀྱིས་མཉམ་པར་བཞག་པའི་ཚེ། ཏིང་ངེ་འཛིན་ལ་གནས་པའི་དུས་ཀྱི་སྐྱོན་དང་། རྗེས་སྤྱོད་ལམ་གྱིས་ཏིང་འཛིན་ལ་སྒྲིབ་པ་ཡི་སྐྱོན། ཁམས་ཀྱི་སྐྱོན་རྣམས་ནོར་བར་སྐྱོན་ངོས་ཟིན་ནས་བཅོས་ན་ཏིང་འཛིན་མི་འཕྲོག་པར་བྱ་བའི་ཕྱིར་སྐྱོན་གྱི་རྣམ་གྲངས་མདོ་ཙམ་ཞིག་བརྗོད་པར་བྱ་བ་ནི། གཉིས་པ་རྒྱས་པ་ལ་གསུམ། ཏིང་ངེ་འཛིན་ལ་གནས་པའི་དུས་ཀྱི་སྐྱོན། ཁམས་ཀྱི་སྐྱོན། སྤྱོད་ལམ་སྒོམ་ཆེན་གྱི་སྐྱོན་དྲུག་གོ། །དང་པོ་ལ་ལྔ། དང་པོ་ཐུན་མོང་དང་དོགས་ལོག་གི་སྐྱོན་བཅོ་བརྒྱད། ལས་དང་པོ་པས་བླ་མའི་གདམས་ངག་གི་དམིགས་པ་བརྗེད་པ་ནི། གཡོ་ཉམས་སེམས་བྱིང་བའི་སྐྱོན་གྱིས་མི་གསལ་བ་དེས་ཞི་ལྷག་ཟུང་འབྲེལ་སྤྱིར་སྒྲིབ་པ་དང་། བྱིང་བ་ནི་རང་བཞིན་གྱིས་བྱིང་བ་དང་། རྐྱེན་གྱིས་བྱིང་བ། ཆེད་དུ་བྱ་བས་བྱིང་བའོ། །དང་པོ་བད་ཀན་འདུ་བ་དང་། གཏི་མུག་ཤས་ཆེ་བ། གཉིས་པ་ལུས་ངལ་དུབ་ཀྱི་ལས་བྱས་པ། དྲོ་སར་སྡོད་པ། ཤ་ཆང་སོགས་ཀྱིས་སོ། གསུམ་པ་ལུས་སྙེས་མིག་བཙུམ་ཁང་པ་མུན་ནག་གོས་འཐུག་པ་སོགས་ཀྱིས་ལྷག་མཐོང་ལ་སྒྲིབ། རྒོད་པ་ནི་རང་བཞིན་དང་། རྐྱེན་གྱིས་དང་། ཆེད་དུ་བྱས་པས་སོ། །དང་པོ་རླུང་ཤས་ཆེ་བ་དང་འདོད་ཆགས་ཆེ་བ། ཏིང་འཛིན་ལ་བློ་གནས་སུ་མི་འདོད་ཡུལ་སྣ ཚོགས་ལ་འཕྲོ་བ། གཉིས་པར་བར་ཆད་འབྱུང་བ་ནི་རང་དབང་མེད་པར་འགལ་རྐྱེན་སྣ་ཚོགས་ཀྱིས་གཡེང་བ། འདུ་བྱེད་བསྟེན་པ་ནི། འདུ་འཛི་དང་ཚོང་སོགས། གསུམ་པ་དགོང་མོ་གོས་སྲབ་པ། སྣང་གཡེང་ཆེ་སར་སྡོད་པ། ལྟ་སྟངས་བསྟོད་པ་སོགས་ཀྱིས་ཞི་གནས་ལ་སྒྲིབ་སྟེ་དྲུག་གོ། །དེ་རྣམས་རྒྱུ་གང་ལས་བྱུང་ན་བློ་ཆེད་དུ་རྩོལ་བས་རྒོད་པ་དང་། གཉེན་པོས་ཆེད་དུ་མི་རྩོལ་བར་བྱེད་པ་ལས་བྱིང་བ་འབྱུང་བ་དང་། ཁམས་གསུམ་ས་དགུར་གོལ་དུ་དོགས་པ་དང་། རྟག་ཆད་དུ་ལོག་པ་ཡི་དོགས་བ་སྟེ་བཅུ་གཅིག་དང་། ཚོགས་ལམ་རྣལ་འབྱོར་བཞི་བོ་ཀུན་གྱི་ཐུན་མོང་གི་སྐྱོན་ནི། གོང་གི་བརྗེད་དང་བྱིང་རྒོད་དྲུག་དང་བདུན་ཏེ་རྣམ་གྲངས་བཅོ་བརྒྱད་དོ། །གཉིས་པ་གཡེང་བའི་སྐྱོན་དྲུག །གོང་གི་སྒྲིབ་པ་དེ་བཞིན་ཏིང་འཛིན་ལ་གཡེང་བ་ཡི་སྐྱོན་རྣམ་པ་དྲུག་སྟེ་གང་ཞེན་རང་བཞིན་ནམ་ངོ་བོས་༡གཡེང་བ་ནི་སྒོ་ལྔའི་རྣམ་པར་ཤེས་པ་སྣང་རྐྱང་ལ་སོགས་ལྔའི་ཐོག་ཏུ་ལུང་མ་བསྟན་སྡོད་པའོ། །ཕྱི་རོལ་འདོད་ཡོན་གྱི་ཡུལ་ལྔར་ཤེས་པ་འཕྲོ་བས་ཕྱི་རོལ་གྱི་གཡེང་བ་དང་། བྱིང་པ ། རྒོད་པ་མེད་པ་ཏིང་འཛིན་གྱིས་རོ་མྱོང་ནས་ཞེན་ན་ནང་༢གི་གཡེང་བ་ཡིན་ཏེ། དེས་ཞི་ལྷག་༣ཟུང་འབྲེལ་ལ་སྒྲིབ། གདུལ་བྱ་གཞན་དད་པར་བྱ་བའི་ཕྱིར་མཚན་བཅས་ཀྱི་དགེ་སྦྱོར་བྱེད་པ་ནི་མཚན་མ་༤ཡི་གཡེང་བའོ། །རང་གི་ཏིང་འཛིན་ལས་འཇིག་རྟེན་པའི་འགོག་པའི་སྙོམས་པར་འཇུག་པ་སོགས་གཞན་ནམ། ཐེག་པ་འོག་མ་གཞན་གྱི་གཞུང་དེ་ཡི་ལུགས་ཀྱིས་ཏིང་ངེ་འཛིན་ལ་སེམས་འཕྲོ་བ་ནི་ཡིད་ལ་༥ བྱེད་པའི་གཡེང་བའོ། །སྒོམ་པ་བཟང་པོ་ང་ལ་ཡོད་པའོ་སྙམ་པས་བདག་ཏུ་འཛིན་པའི་ཏིང་འཛིན་ལ་སྙོམས་པར་འཇུག་པ་ནི་སྙོམས་འཇུག་༦ གི་གཡེང་བའོ། །དེ་དྲུག་གི་དབང་དུ་སོང་བ། གནས་ངན་པ་འཁོར་བའི་སྐྱེ་བ་ལེན་པར་ཐེ་ཚོམ་མེད་དོ། །གསུམ་པ་བར་དུ་གཅོད་པའི་སྐྱོན་བཅུ། སྔར་གྱི་ཡུལ་ལ་མ་རྟོག་པའི་དྲན་པ་བྱུང་ནས་དེའི་རྗེས་སུ་རྟོག་པ་འབྲང་བ་སྟེ་ཉམས་གཡོ་ཐོབ་ལ་སྒྲིབ་པ་དང་གཅིག །སྐྱོན་ཆེད་དུ་འགོག་པ་ཟུང་འབྲེལ་ལ་སྒྲིབ་པ་དང་གཉིས། ཏིང་འཛིན་གྱི་ཉམས་མྱོང་འཐས་པ་བདག་ཏུ་ཐེར་ཟུག་པ་དང་གསུམ། བསྒོམ་མི་ཤེས་པར་དོན་མེད་ཕྱལ་པ་དང་བཞིས་ལྷག་མཐོང་ལ་སྒྲིབ། ཆེད་དུ་ལུས་ངག་ཡིད་གསུམ་འཆོས་ནས་ཆོས་ཉིད་ཅི་གསལ་དུ་ཡིད་ལ་བྱེད་པས་ཞི་གནས་ལ་སྒྲིབ་པ་དང་ལྔ། ཏིང་འཛིན་གྱི་རོ་ཉམས་སུ་མྱོང་བར་རེ་བ་དང་དྲུག །བདག་ཏུ་འདུ་ཤེས་པས་བསྒོམ་པ་ལ་གནས་ཤིང་ཡུལ་དུ་དམིགས་པས་ཟུང་འབྲེལ་ལ་སྒྲིབ་པ་དང་བདུན། ཤེས་པ་ནང་དུ་སྡུད་པས་ལྷག་མཐོང་ལ་སྒྲིབ་པ་དང་བརྒྱད། ཏིང་འཛིན་གྱི་དོན་ཅི་སྔ་མངོན་དུ་བྱེད་འདོད་པ་དང་དགུ། ཡོན་ཏན་འོང་བར་འདོད་པའི་རེ་བ་མང་བར་འདོད་པ་དང་བཅུ་སྟེ། དེ་གཉིས་ཀྱིས་ཞི་ལྷག་སྤྱིར་སྒྲིབ་པའོ། །བཞི་པ་རྟོགས་པའི་སྐྱོན། དེ་ཡང་སྒྲིབ་པ་ཡི་སྐྱོན་ལ་གཉིས། དང་པོ་རྩ་བ་ལྔ། རྟོག་པ་དང་༡། མཚན་མ་དང་༢ ། རྒྱལ་བ་དང་༣། ཚོར་བ་དང་༤། བྱུང་ཚོར་རོ༥། །དེ་ལ་རྟོག་པ་ནི། ཡོད་༡ མེད་དང་ཡིན་མིན་སོགས། འདུ་ཤེས་༢ཀྱིས་ཡུལ་མཚན་མར་འཛིན་པ། དེའི་རྗེས་༣སུ་དྲན་པའི་རྒྱུན་རིང་ཐུང་རྒྱུ་བ། ཉམས་༤སུ་མྱོང་བ། རྟོག་པའི་༥ འབྱུང་འཇུག་དུས་མྱུར་བུལ་བ་ལྟོས་པའོ། །གཉིས་པ་ཡན་ལག་བཅུ། རྩ་བ་ལྔ་པོ་དེ་དག་རེ་རེ་ལ་ཡང་ཡན་ལག་གཉིས་གཉིས་ཏེ་བཅུའོ། །དབྱེ་ན་རྟོགས་པ་ལ་རགས་ཕྲ། མཚན་མ་ཆེ་ཆུང་། རྒྱུ་བ་རིང་ཐུང་། ཚོར་བ་གསལ་མི་གསལ། བྱུང་ཚོར་མྱུར་བུལ་ལོ། །ལྔ་པ་དོགས་པས་དགུ་དང་ལོག་པ་རྟག་ཆད་ཀྱི་དམིགས་བྱེ་བྲག་ཏུ་བཤད་པའོ། །འཇིག་རྟེན་གསུམ་གྱི་དང་པོ་འོ་ཞེས་འདོད་ཁམས་ཀྱི་ལྷ་དྲུག །གཉིས་པ་བསམ་གཏན་བཞི། རྟོག་དཔྱོད་མེ། དགའ་བདེ་ཆུ། འབྱིན་འཇུག་རླུང་ངམ་བདེ་བའི་ངང་དུ་རྩེ་གཅིག་པའི་ས་པ། ཀུན་གཞིའི་ངང་ལ་སྙོམས་པར་འཇུག་པ་སྐྱེ་མཆེད་མུ་བཞིར་གོལ་བ་སྟེ། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་ཏེ་བཞིའོ། །དེ་ལྟར་ཁམས་གསུམ་ས་དགུ་སྟེ་དེ་དག་ཏུ་གོལ་བའོ། །ཐེར་ཟུག་པ་རྟག་པར་ལྟ་བ་དང་། སྔ་ཕྱིའི་མཐའ་ཆད་པར་ལྟ་བ་གཉིས་ནི་ཕྱིན་ཅི་ལོག་གི་ལྟ་བར་གོལ་བའོ། །གཉིས་པ་ཁམས་ཀྱི་སྐྱོན། སྒོ་གསུམ་གྱིས་འཇིག་རྟེན་གྱི་བྱ་བ་མང་པོ་བྱེད་ལ། ཏིང་ངེ་འཛིན་ལ་བློ་མི་འབྱུང་བའི་རྐྱེན་བྱས་ཤིང་། ཉམས་སུ་ལེན་པའང་ངང་ཐུང་བ། སེམས་འཁྲུག་པ་དང་། རྣ་བས་དུག་ཤད་ཀྱི་སྒྲ་ཐོས་པ་དང་། ཡུལ་ཁམས་དང་། གནས་ཁང་དང་། རང་གི་མགོ་བོ་འཁོར་ཞིང་རླུང་གི་སྔོ། མཁྲིས་པ་སེར། ཁྲག་དམར། བད་ཀན་སྐྱ་བ་ལ་སོགས་པའི་ཁ་དོག་མཐོང་བ་དང་། ནད་ཁམས་འཁྲུག་པ་ལས་གྱུར་པའི་སྐྱོན་གྱི་ཆ་ཡང་བརྟག་ཅིང་ཤེས་པར་བྱའོ། །གསུམ་པ་སྤྱོད་ལམ་སྒོམ་ཆེན་གྱི་སྐྱོན་དྲུག །རྣལ་འབྱོར་པ་དེ་ཡི་འགྲོ་བ་དང་། ཉལ་བ་དང་། འདུག་ཅིང་སྡོད་པ་དང་། ཟས་ནོར་ལ་ལོངས་སྤྱོད་པ་དང་། ལམ་དུ་འཇུག་པའི་ཚེ་ན་ཡང་། སྟོང་པ་ཆེན་བོའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་དང་བྲལ་བ་ནི། གནས་སུ་ཡེ་སྡོད་ཚེ་བྱ་ར་ཁྲ་ལྟ་བུའི་སྒོམ་པ། འགྲོ་བའི་སེམས་ཚོལ་དུར་རྐུན་ཝའི་སྒོམ་པ། སྒོམ་ཁང་དུ་གནས་ཚེ་ཉ་ལྟ་བུའི་སྒོམ་པ། ཉལ་བའི་ཚེ་འཐམ་ཡོར་གླང་གཉིད་ཀྱི་སྒོམ་པ་དང་། ཟས་ནོར་ལོངས་སྤྱོད་པ་བརྐམ་ཆགས་ཆེ་བ་ཚོང་བའི་སེམས་ཀྱི་བསྒོམ་པ། བྱ་བྱེད་མང་པོ་པ་སྤྲེའུ་ཡི་སྤྱོད་པ་རྣམས་སྒོམ་གྱི་སྐྱོན་ཡིན་ནོ། །དྲུག་པ་བཅོས་ཐབས་ལ་གསུམ། ཏིང་འཛིན་ལ་གནས་པའི་དུས་ཀྱི་སྐྱོན་བཅོས་ཐབས། ཁམས་ཀྱི་དང་། སྤྱོད་ལམ་གྱིའོ། །དང་པོ་ལ་གཉིས། དང་པོ་བློ་ཆེ་ཆུང་ངམ་ཉམས་ཀྱི་རིམ་པ་དང་སྦྱར་ཏེ་བཅོས་ཐབས་སོ་སོར་བསྟན་པ། གོང་གི་དེ་ལྟར་སྐྱོན་ངོ་ཤེས་པའི་རྣལ་འབྱོར་པས་སྐྱོན་དེ་དག་སྤོང་བར་བྱེད་བའི་གཉེན་པོ་ཆེད་དུ་སེམས་པ་དང་། མངོན་པར་འདུ་བྱེད་གྲངས་ཡན་ལག་བརྒྱད་བསྟེན་པ་ནི། དད་པ། འདུན་པ། བརྩོན་འགྲུས། ཤིན་ཏུ་སྦྱངས་པ། དྲན་པ། ཤེས་བཞིན། སེམས་གཟེང་བསྟོད་པ། བཏང་སྙོམས་སོ། །དེ་དག་ནི་བློ་ཆུང་བའམ། ཉམས་གཡོ་ཐོབ་ཀྱི་བཅོས་ཐབས་སོ། །སྐྱོན་གང་ཡིན་གང་ལས་བྱུང་སོ་སོར་ཅུང་ཟད་ཙམ་བལྟ་བར་བྱའམ། ཞེས་བློ་ཐ་མའི་བཅོས་སོ། །ཡང་ན་སྐྱོན་བྱུང་ཡང་སེམས་ཉིད་རང་བྱུང་རང་ཞིར་བྱ་བ་ནི། བློ་འབྲིང་ངམ། ཉམས་གོམས་བརྟན་གྱི་བཅོས་ཐབས་སོ། །གཉིས་པ་མཐར་ཕྱིན་པའི་དུས་སུ་དགག་སྒྲུབ་མེད་པའི་བཅོས་ཐབས། དཔེ་ཇི་ལྟར་ན་བྱིས་པ་བརྡའ་དོན་གཉིས་ཀ་ལ་བློ་ཤེད་མ་བྱེ་པ་དག །རྩེད་མོའི་བྱ་བྱེད་མང་པོ་ཡིས་སེམས་གཡེང་བར་གནས་པ་ལྟར། ལམ་པས་སྒོ་གསུམ་གྱི་བྱ་བྱེད་མང་པོས་སེམས་གཡེང་བ་དེ་ལྟ་བས་ན་བདག་མེད་པར་རྟོགས་པའི་ངང་ལ་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་གྱི་རང་དབང་དུ་བསྒྱུར་ནས། རྟོག་པའི་མཚན་མ་ཐམས་ཅད་སེམས་མཉམ་པའི་དབྱིངས་སུ་ཟིལ་གྱིས་མནན་པས། སྐྱོན་དགག་པ་དང་ཡོན་ཏན་སྒྲུབ་པ་མི་བྱ་བ་ག་ལ་ཡིན་ཏེ་མིན་ནོ། །བློ་རབ་བམ་ཉམས་མཐར་ཕྱིན་པའི་བཅོས་ཐབས་སོ། །གཉིས་པ་ཁམས་ཀྱི། ཅུང་ཟད་ཁམས་ལས་གྱུར་པའི་སྐྱོན་རྣམས་ཀྱི་ཆ་མཉམ་པས། བསྒོམ་བྱའི་དོན་མི་གསལ་བ་དང་། ཁ་དོག་མཐོང་བ་དང་། ཏིང་འཛིན་ལ་བློ་མི་འཇུག་པ་ལ་སོགས་ཁམས་ཀྱི་སྐྱོན་ངོས་ཟིན་པར་བྱས་ནས་ཁམས་འཁྲུགས་ན་སྤྱོད་ལམ་དུ་རང་རང་གང་དགའ་བ་བརྟེན་པ་དང་། ནད་ཁམས་ལ་མཐུན་པའི་ཟས་སྨན་དཔྱད་ཀྱི་ཆོ་གས་ཁམས་གསོ་བར་བྱའོ། །གསུམ་པ་སྤྱོད་ལམ་གྱི། སྤྱོད་ལམ་བཞིར་ཏིང་འཛིན་རྣལ་དུ་མ་འབྱོར་པས། དུས་སུ་ཤེས་བཞིན་གྱི་བྱ་ར་བའི་སོ་མཐས་ཆོད་ཅིང་ངོས་ཟིན་ནས་སྐྱོན་དེ་དག་དོར་བར་བྱ་ཞིང་ཏིང་འཛིན་ལ་དྲན་པ་མ་ཡེངས་པའི་ཐག་པས་སྡམས་པར་བྱས་ཏེ། སྤྱོད་ལམ་གྱི་དུས་དང་རྣམ་པ་ཀུན་ཏུ་ཏིང་འཛིན་གྱི་དོན་ལ་ཉམས་པར་མི་བྱའོ། །བདུན་པ་ཉམས་ལ་གསུམ། དང་པོ་མདོར་བསྟན། དེ་ལྟར་སྐྱོན་བཅོས་ཤིང་དོན་ལ་ནོགས་ཐུབ་ཅིང་བརྩོན་འགྲུས་ཀྱིས་ཡུན་རིང་བར་ཏིང་འཛིན་ལ་གནས་པའི་དུས་གདོད་མར་འཇུག་པ་ནས་མཐར་མ་ཕྱིན་བར་དུ་ཉམས་རིམ་པར་འཕེལ་བ་ཡང་། གཡོ་བའི་ཉམས་དང་། ཐོབ་པ། གོམས་པ། བརྟན་པ། མཐར་ཕྱིན་པའི་ཉམས་སྟེ་མུ་ལྔས་དེ་ཏིང་ཡོངས་སུ་རྫོགས་པར་འགྱུར་རོ། །གཉིས་པ་རྒྱས་པ་ལ་ལྔ། དང་པོ་གཡོ་བའི་ཉམས་ལ་བརྩོན་འགྲུས་བྱ་བ། རྣལ་འབྱོར་བ་གང་དག་དཔེར་ན་རི་གཟར་པོའི་ཆུར་འབབ་པ་དེ་དག་ཏུ་རྒྱུག་པ་ལྟར། མཉམ་བཞག་ལ་གནས་པའི་ཚེ། རྣམ་རྟོག་བྱུང་མ་ཐག །སྔར་ཀུན་བརྟགས་ཀྱི་འཁྲུལ་བ་ལ་གོམས་པའི་དཔེ་རྫ་མཁན་གྱིས་འཁོར་ལོ་བསྐོར་བ་མི་སྡོང་པ་ལྟར། ཏིང་འཛིན་གྱི་ཐོག་ཏུ་མི་སྡོད་པར་རྟོག་པའི་དབང་དུ་འགྲོ་བས་ཏིང་འཛིན་ལ་སྐྱོ་བར་བྱེད་པ་དེ་ཚེ་མགོ་ལ་མེ་འབར་བ་མྱུར་དུ་གསོད་པ་བཞིན་དུ་བརྩོན་འགྲུས་བསྐྱེད་ལ་ཏིང་འཛིན་འབད་དོ། །གཉིས་པ་ཐོབ་པའི་ཉམས་ལ་འབྱུང་འཇུག་བསྲིང་བ་ལ་གཉིས། དང་པོ་སྐྱོན་གྱི་རྒྱུ་བརྟགས་ཏེ་དོར་བ། གཉིས་པ་ཐོབ་པའི་ཉམས་ཀྱི་སྐབས་སུ་བར་འགའ་ཏིང་འཛིན་སྐྱོན་དབང་འཆོར་བར་འགའ་ཏིང་ངེ་འཛིན་ཐོབ་པ་ལ་ཁམས་དང་སྤྱོད་ལམ་སོགས་ཏིང་འཛིན་འཆོར་བའི་རྒྱུ་བརྟགས་ཏེ་ཁམས་གསོ་བ་དང་། སྤྱོད་ལམ་ལོག་པའི་སྐྱོན་དོར་བར་བྱའོ། །གཉིས་པ་འབྱུང་འཇུག་བསྲིང་བ། ཏིང་འཛིན་ཅུང་ཟད་ཡོད་ལ་རྟོག་པ་དེ་དག་སྔར་བས་ཉུང་བར་འབྱུང་བས། དེ་ཡི་ཚེ་ཏིང་འཛིན་ལ་དལ་བུས་འབྱུང་བ་དང་འཇུག་པར་བྱ་སྟེ་ཐུན་སྔར་པས་བསྲིང་བར་བྱའོ། །གསུམ་པ་གོམས་པའི་ཉམས་ལ་བཏང་སྙོམས་བྱ་བ། དེ་ལྟར་ཐོབ་པའི་ཉམས་དེ་གོམས་ནས་ཏིང་འཛིན་ལ་བྲོད་པས་བློས་ཆེད་དུ་བསྒོམ་པར་བྱ་བ་ལ་སོགས་པ་བྱུང་ན། དང་པོ་རྩོལ་བ་དང་བཅས་པའི་བཏང་སྙོམས་དང་པོ་དང་དུ་བླང་བར་བྱའོ། །བཞི་པ་བརྟན་པའི་ཉམས་ལ་མི་སུན་པར་བྱ་བ། དཔེར་ན་རི་བོ་རླུང་གིས་མི་འགུལ་བ་ལྟ་བུར་རྣམ་རྟོག་གིས་མི་འགུལ་བ་བརྟན་པ་ཐོབ་སྟེ། ཉིན་ཞག་གཅིག་ལ་ཐུན་གཅིག་ཏུ་བརྐྱང་ནས་ཉིན་མཚན་འབྲེལ་བར་བསྒོམ་ནུས་ན་ཡང་ཧ་ཅང་སེམས་སུན་པར་བསྒོམ་པར་མི་བྱའོ། །ལྔ་པ་མཐར་ཕྱིན་པའི་ཉམས་ལ་དགའ་བྲོད་མི་བྱ་བ། གཉེན་པོས་ཟིན་པའི་ཏིང་འཛིན་གྱི་རོ་མྱོང་བའི་ཞེན་པ་དོར་བས་རྩོལ་མེད་བློ་འདས་དེ་མཐར་ཕྱིན་པའོ། །མཐར་ཕྱིན་པའི་ཤུགས་ལས་སྣང་བ་བརྒྱད་མཐོང་བ་ལ་དགའ་བ་དང་བྲོད་མེད་པར་བྱའོ། །སྣང་བ་བརྒྱད་ནི། མེ་ལོང་སྐར་མདས་བརྒྱན་པ་དང་། སྣང་སྲིད་རྡུལ་ཕྲ་རབ་ཏུ་མཐོང་བ་དང་། ནམ་མཁའ་འོད་དུ་འབར་བ་དང་། ཀུན་དགའ་ར་བ་མཐོང་བ་དང་། སྐྱེད་མོས་ཚལ་མཐོང་བ་དང་། གླང་པོ་ཆེ་ལ་ཞོན་པ་དང་། གྲུར་ཞུགས་པ་དང་། སྟོད་གསུམ་ལག་མཐིལ་ལྟར་མཉམ་པར་མཐོང་བའོ། །གསུམ་པ་བརྩོན་པའི་ཡོན་ཏན་གྱི་སྒོ་ནས་མཇུག་བསྡུ་བ་ནི། ཏིང་ངེ་འཛིན་ལ་ཤིན་ཏུ་ངང་བསྲིངས་ནས་ཡུན་རིང་དུ་བརྩོན་པ་ཡིས་ཉམས་གོང་ནས་གོང་དུ་བོགས་ཆེན་པོ་སྐྱེ་ཞིང་འཕེལ་བར་འགྱུར་རོ། །བརྒྱད་པ་སྤྱོད་པ་ལ་གཉིས། དང་པོ་མདོར་བསྟན། སྟོང་ཆེན་བསྒོམ་པའི་རྣལ་འབྱོར་པས་བདག་གི་དོན་དང་གཞན་གྱི་དོན་བྱ་བའི་ཕྱིར་དུ་སྒོ་གསུམ་གྱི་བྱ་བ་ཡི་སྤྱོད་པ་ཀུན་ཇི་ལྟ་བུ་ཞེ་ན། གཉིས་པ་རྒྱས་པ་ལ་གཉིས། བདག་དོན་དང་། གཞན་དོན་ནོ། །དང་པོ་ལ་བཞི་སྟེ། དང་པོ་ཉམས་ལྔ་ཆར་མི་དམིགས་པའི་སྤྱོད་པ། དང་པོ་ཏིང་ངེ་འཛིན་གྱི་འགོ་སློབ་པའམ། ཉམས་དང་པོ་གཡོ་བའི་ཉམས་ནས་འགོ་བཟུང་ནས་ལྔ་པ་མཐར་ཕྱིན་པའི་ཉམས་ཀྱི་བར་ཐམས་ཅད་དུ། གཉིས་འཛིན་གྱི་རྣམ་པར་རྟོག་པ་མེད་པའི་ཚུལ་གྱིས་ནི། སྤྱད་བྱའི་ཡུལ་གང་ཡང་རུང་བ་ཐམས་ཅད་ཀུན་ལ་འཛིན་ཞེན་དང་། ཐོགས་ཆགས་མེད་པར་རོལ་པར་བྱའོ། །གཉིས་པ་ཏིང་ངེ་འཛིན་དང་མཐུན་པའི་སྤྱོད་པ། དེ་ཏིང་ཉམས་སུ་ལེན་པའི་ཚེ་ཆོས་སྤྱོད་བཅུ་ཡོད་པ་ལ་དགུ་དོར་བའི་གཅིག་ལ་ཆ་སྟེ་རྩེ་གཅིག་ཏིང་འཛིན་སྒོམ་པར་བྱེད་པ་དེ་ཡང་། ཆོས་སྤྱོད་བཅུ་ནི། ཀླུ་སྒྲུབ་ཀྱིས། ཡི་གེ་བྲི་མཆོད་སྦྱིན་པ་དང་། ཉན་དང་འཛིན་དང་ཀློག་པ་དང་། འཆད་དང་ཁ་འདོན་བྱེད་པ་དང་། དེ་སེམས་པ་དང་སྒོམ་པ་ནི། ཆོས་སྤྱོད་བཅུ་ཡི་བདག་ཉིད་དོ། །ཞེས་སོ། །འདིར་མཚན་མ་མེད་པ་མི་དམིགས་པར་བསྒོམ་པ་ནི་དེ་ཏིང་དང་མཐུན་པས་སྤྱོད་པ་ཞེས་བྱའོ། །གསུམ་པ་སྤྱོད་ལམ་བཞི་ལ་སྤྱོད་པ། ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་འགྲོ་བ་དང་འོང་བ་མེད་པ་ལས་སྤྱོད་ལམ་འགྲོ་བ་དང་འོང་བ་མ་འགགས་པར་སྣང་ལ། དེ་ལྟར་འགྲོ་འོང་གི་སྤྱད་པར་སྣང་བའི་དུས་དེ་ཉིད་ན་ཆོས་ཉིད་འགྲོ་འོང་མེད་པ་ལས་མི་འདའ་བར་སྤྱོད་པའོ། །ཆོས་ཉིད་ལ་གནས་བྱ་དང་གནས་བྱེད་ཀྱི་ཞེན་པ་མེད་པའི་ངང་ལས། སྤྱོད་ལམ་ཉལ་འདུག་ཐམས་ཅད་དུ་གནས་པ་ལྟར་མ་འགགས་པར་སྣང་ལ། དེ་ལྟར་ཉལ་འདུག་གནས་པ་ཡི་དུས་ཉིད་ན་གནས་པ་མེད་པ་ལས་མི་འདའ་འོ། །ཆོས་ཉིད་དེ་བཞིན་ཉིད་ལོངས་སྤྱོད་བྱ་སྤྱོད་བྱེད་མེད་པའི་ངང་ལས་བཟའ་བཏུང་སོགས་འདོད་ཡོན་ཐམས་ཅད་མ་འགགས་པར་ལོངས་སྤྱོད་ལ། དེ་ལྟར་ལོངས་སྤྱོད་པ་དེ་ཉིད་ན་ལོངས་སྤྱད་བྱ་སྤྱོད་བྱེད་མེད་པའི་ངང་ལས་མི་འདའ་བའི་ཏིང་ངེ་འཛིན་ལ་ཉམས་པ་མེད་པར་ལོངས་སྤྱོད་ཅིང་སྤྱད་བྱ་ལ་ཆགས་ཤིང་ཞེན་པར་མི་བྱའོ། །བཞི་པ་སྤྱོད་པའི་ཡོན་ཏན་ནི། དེ་ལྟར་སྤྱོད་ལམ་རྣམ་བཞིར་སྣང་བ་མི་འགོག་པ་བསོད་ནམས་དང་མི་འཛིན་པ་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་འབྲེལ་དུ་ལྡན་པར་སྤྱོད་པ། བདག་གི་དོན་གྱི་ཕྱིར་སྤྱོད་ལམ་ཀུན་ལ་ཡུལ་ཡུལ་ཅན་མི་དམིགས་པར་སྤྱོད་པས། འབྲས་བུ་སྟོང་པ་ཆེན་པོའི་རྣལ་འབྱོར་མྱུར་དུ་ཐོབ་པ་ལ་ཐེ་ཚོམ་མེད་དོ། །གཉིས་པ་གཞན་དོན་གྱི་སྤྱོད་པ་ལ་གཉིས་ཏེ། དང་པོ་སྤྱོད་ལམ་ཆོས་ཉིད་དུ་སློང་ཞིང་གཞན་དོན་རྫོགས་པ་དེ་ཡང་རྣལ་འབྱོར་པས་འགྲོ་ཞིང་འོང་བ་དང་། ཉལ་ཞིང་གཉིད་ལོག་པ་དང་། འདུག་ཅིང་སྡོད་པ་དང་། བཟའ་བཏུང་ལ་ལོངས་སྤྱོད་པའི་དུས་ཀྱི་ཚེ། དེ་ལྟར་བདག་དོན་གྱི་སྤྱོད་པས་ཅི་སྤྱད་ཆོས་ཉིད་དུ་ཁྱེར་ནས་སྤྱོད་པའི་བྱིན་རླབས་ལས་འགྲོ་བ་སྒྲོལ་བས་གཅིག་ཤོས་གཞན་དོན་ཡིན་ཏེ། དེའང་བདག་དོན་གང་ལྟར་ཉམས་སུ་བླང་ཡང་གཞན་གྱི་དོན་དུ་འགྱུར་བའི་ཕྱིར། དེའི་རྒྱུ་མཚན་ལམ་གྱི་སྔོན་དུ་སེམས་བསྐྱེད་དགོས་པས། བདག་དོན་དེ་ཏིང་བསྒོམ་པ་ལ་གཞན་དོན་རྫོགས་པའོ། །གཉིས་པ་ཐུགས་རྗེ་ཐབས་ཀྱི་སྤྱོད་པས་གཞན་དོན་བབ་དེ་ལ་གཉིས། དང་པོ་སྐབས་མིན་ཀྱང་གཞན་དོན་བྱ་བར་གསུང་པ། སྒྱུ་འཕྲུལ་དྲྭ་བའི་གཞུང་ལས་གྲགས་པའི་སྤྱོད་པ་ནི། སྤྱད་བྱ་དང་མི་སྤང་བ་འདོད་ཡོན་ལྔ། མི་འདོར་བ་ལྔ་རྣམས། རྟོགས་ཀྱང་དབང་མ་ཐོབ་པས། སྐྱེ་བོ་ཚོགས་སྦྱོར་བ་ཀུན་གྱིས་འཆོལ་ཉོག་ཏུ་སྤྱད་པར་གསུངས་པས། འདིར་དེ་དག་ལ་མོས་པའི་སྒོ་ནས་སློབ་པ་ལྟ་ཅི་སྨོས་སྦྱོར་སྒྲོལ་ལ་སོགས་པ་གདུལ་བྱའི་དོན་དུ་འགྱུར་བའི་རྐྱེན་མཐོང་ན། ལྔ་བཞིའི་སྨད་སྤྱོད་དེ་དག་ཀུན་རྒྱུ་ཤེས་པ་ལྟ་བ་སྟོང་ཆེན་བསྒོམ་གྱི་གཞི་མ་དེ་ཏིང་གི་སྐབས་ལ་སྤྱོད་པའོ། །གཉིས་པ་ཕྲིན་ལས་ལ་སོགས་གཞན་དོན་བྱ་བའི་ཐབས་ནི། རྒྱུ་ཤེས་པ་ལྟ་བ་དང་རྐྱེན་འཇུག་པ་ཏིང་འཛིན་མན་ཆད་ཀུན་གྱིས་ཀྱང་གདུལ་བྱ་གཞན་གྱི་དོན་འགྱུར་དུ་སྣང་ན། ཕྲིན་ལས་བཞི་སྤྱོད་ཅིང་མཆོག་ཐུན་དངོས་གྲུབ་སྒྲུབ་པ་དང་དབང་བསྐུར་བའི་ཚེ། ཕྱག་རྒྱ་གཅིག་པ་མན་ཆད་ཀྱི་ལམ་ཀུན་སྐད་ཅིག་ཙམ་གྱི་རྒྱུས་རྫོགས་པར་བསྒོམས་ནས་མཐར་ཞི་ཁྲོ་ཕྱག་རྒྱ་སྤྲོས་པའི་འཁོར་ལོ་གང་ཡིན་དངོས་སུ་བསྒོམ་པའི་སྤྱོད་ཡུལ་མིན་ཀྱང་། མོས་པ་ཙམ་གྱིས་བསྒོམ་བར་བྱ་ཞིང་། རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་འོག་མིན་ནས་སྙན་གསན་ཕབ། སྤྱན་དྲངས་བསྟིམ། བརྟན་བཞུགས་རྫོགས་ནས། ཕྱི་ནང་གསང་བའི་མཆོད་པ་འབུལ། བཟླས་བསྙེན་བྱས་ནས། ཕྲིན་ལས་སྒྲུབ་པའི་དབང་སོགས་གང་བྱེད་ནུས་པའི་གཟི་བྱིན་དང་ལྡན་པར་བྱས་ནས་གཞན་དོན་རྫོགས་པར་དེ་ཏིང་གི་སྐབས་སུ་འང་བྱེད་དོ། །དགུ་པ་དམ་ཚིག་ལ་གཉིས་ཏེ། ཁྱད་པར་དེ་ཏིང་རང་གི་དམ་ཚིག་དང་། ལམ་སྤྱིའི་དམ་ཚིག་ཇི་ལྟར་བསྲུང་ཚུལ་ལོ། །དང་པོ་ལ་གསུམ། བསྲུང་བྱ་དམ་ཚིག་གི་ངོ་བོ། སྲུང་ཐབས། མི་འདའ་བའི་ངེས་ཚིག་གོ། །དང་པོ་ལ་གཉིས། དང་པོ་དེ་ཏིང་འདིར་དམ་ཚིག་ཀུན་དང་ཁྱད་པར་ཏིང་འཛིན་ལྡན་དགོས་པ། དེ་ཏིང་སྟོང་ཆེན་ལ་གནས་པ་དེ་ཚེ་ལམ་གོང་མའི་དམ་ཚིག་དང་སྡོམ་པ་ཐམས་ཅད་ཀུན། མོས་པའི་སྒོ་ནས་སློབ་ཅིང་མི་གཏོང་བར་བསྲུང་མོད་ཀྱང་། ཁྱད་པར་ཏིང་ངེ་འཛིན་ལས་མི་འདའ་བའི་དམ་ཚིག་དང་ལྡན་པར་བྱའོ། །གཉིས་པ་ལྟ་བ་དམ་ཚིག་གི་ངོ་བོ་ཡིན་པས་ལྟ་བའི་དོན་འདིར་དགོས་པར་བསྟན་པ། སྤྱི་དང་ཁྱད་པར་རམ་རྩ་བའི་དམ་ཚིག་དང་ཡན་ལག་གི་དམ་ཚིག་ཅེས་བྱ་བ་དེ་ཡང་སེམས་ལས་ལོགས་ན་ཡོད་པ་མ་ཡིན་ཏེ། གང་ཞེ་ན་རང་གི་སེམས་ལྟ་བ་ཡི་རྟོགས་པའི་དོན་ལས་མི་འདའ་བའི་དམ་ཚིག་ཡིན་ཏེ། ལྟ་བས་ཟིན་ན་འཁོར་བ་ངན་སོང་དུ་མི་གཏོང་བའི་ཕྱིར་ཡང་ངམ་ཞེས་བྱ། བླ་མེད་བྱང་ཆུབ་ཀྱི་གཟུངས་སུ་གྱུར་པས་ཀྱང་ངམ་ཞེས་བྱ། ལྟ་བ་རྟོགས་པའི་དོན་སྔར་ནས་ལྡན་པ་དེ་ཡང་འདིར་དེ་ཏིང་གིས་གོམས་པར་བྱེད་པའོ། །གཉིས་པ་སྲུང་ཐབས། ལྟ་བ་དམ་ཚིག་གི་མཆོག་ཡིན་པ་དེ་བས་ན་རང་གི་སེམས་ཉིད་ལྟ་བས་རྫོགས་པར་བྱས་ཏེ། སྙོམ་ལས་སུ་གྱུར་པ་ལ་ལེ་ལོ་གཡེང་བ་ཡི་སྐྱོན་དྲུག་ལ་སོགས་པའི་སྐྱོན་རྣམས་ཡོངས་སུ་སྤངས་ལ། གང་ཟག་གི་ང་དང་ཆོས་ཀྱི་བདག་མེད་ཅིང་མཉམ་པའི་དོན་ལ་མི་འདའ་བའི་དམ་ཚིག་དང་ལྡན་པར་བསྲུང་བའོ། །གསུམ་པ་མི་འདའ་བའི་ངེས་ཚིག་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལས་དུས་ཐམས་ཅད་དུ་འདའ་བར་མི་བྱེད་དེ། དེ་བཞིན་ཉིད་ཀྱི་དོན་རྟོགས་པ་དང་གོམས་པའི་ཏིང་ངེ་འཛིན་དང་ལྡན་པ་དམ་པ་ཡིན་ཏེ། དེ་བཞིན་ཉིད་དེ་ལས་འདས་ན་རང་གི་བདེ་འབྲས་ཐམས་ཅད་འཚིག་པར་འགྱུར་ཏེ་འཁོར་བར་ལྷུང་ལ། དེ་ལས་མ་འདས་ན་རང་རྒྱུད་ཀྱི་ཉེས་སྐྱོན་ཐམས་ཅད་ཚིག་པར་གྱུར་པས་ན་དམ་ཚིག་ཅེས་སོ། །གཉིས་པ་ལམ་སྤྱིའི་དམ་ཚིག་ཇི་ལྟར་བསྲུང་ཚུལ་ལ་གཉིས་ཏེ། དང་པོ་ལམ་སྔ་མ་མཐར་ཕྱིན་དུས་གོང་མའི་དམ་ཚིག་ལྡན་ཀྱང་སྤྱོད་པ་མིན་པར་བསྟན་པ། དེ་ཡང་ལམ་སྔ་མ་སྔ་མར་ལྟ་བའི་སྐབས་སོགས་རང་རང་གི་དམ་ཚིག་རྫོགས་པར་བྱས་པས། ལམ་གོང་མ་གོང་མའི་རྒྱུད་ལ་ཡར་ལྡན་དུ་ཡོད་པས། སྔ་མ་ལྟ་བ་ལ་སྤྱོད་པའི་དེ་ཏིང་ཡོངས་སུ་འཕར་བའི་རྒྱུ་བྱས་ཀྱིས་དེ་ཏིང་སྐབས་སུ་ལྟ་བའི་དམ་ཚིག་ལ་མངོན་དུ་སྤྱོད་པ་མིན་ནོ། །དེ་བས་ལམ་གོང་མ་ལ་ན་འཕར་བས་ཐབས་འོག་མའི་སྤྱོད་པ་ཀུན་གོང་མ་ལ་མངོན་དུ་འགྲོ་བའི་རྒྱུ་རུ་སྤྱོད་པའོ། །གཉིས་པ་དེ་བས་ལམ་གོང་འོག་གི་དམ་ཚིག་དང་སྤྱོད་པ་ལ་ཁྱད་ཡོད་པར་དཔེས་བསྟན་པ། ཁྱད་ཡོད་པ་དེ་བས་ན་ལམ་སོ་སོའི་ལྟ་བ་རྟོགས་ཚབ་ཆེ་ཆུང་གི་གཞི་ཡིས་ཕྱེ་བ་ལས། བདག་དོན་ཏིང་འཛིན་དབང་བསྒྱུར་གྱི་སྤྱོད་པ་ལ་སོགས་པ་ཀུན་ལ་ཁྱད་ཡོད་བར་ནི་ལུང་པ་ཆེ་ཆུང་གིས་ནམ་མཁའ་ཡི་ཡུལ་ལ་རྒྱ་ཆེ་ཆུང་ཡོད་པ་དང་འདྲ་བར། གཞན་དོན་བྱིན་རླབས་ཀྱི་སྤྱོད་པའི་ཞིང་ཁམས་རྒྱ་ཆེ་ཆུང་ནི་མིའི་དབང་པོའི་གསེར་དངུལ་ཟངས་ལྕགས་ཀྱི་འཁོར་སྒྱུར་ལ་འདུལ་ཞིང་གིས་ཁམས་རྒྱ་ཆེ་ཆུང་ཡོད་པ་བཞིན། ནུས་བའི་སྟོབས་ཆེ་ཆུང་གི་ཁྱད་པར་ནི་སྟོབས་ལྡན་གླང་པོ་ཆེ་ཙམ་དུ་གཅིག་ཀྱང་རྩལ་ཆེ་ཆུང་དང་སྒྱིད་དྲག་གཞན་གྱིས་ཆུ་ལ་ཐང་གཅོད་དང་གཞོལ་གཅོད་བྱེད་པ་དང་འདྲ་བའོ། །བཅུ་པ་དྲོད་ལ་གཉིས། དང་པོ་མདོར་བསྟན། བཞག་ཐབས་གོང་བསྟན་དེ་ལྟར་བསྒོམ་བྱ་སྒོམ་བྱེད་དང་གཡེང་བ་དྲུག་ལ་སོགས་བྱ་བྱེད་མེད་པར་ཡུན་བསྲིངས་ནས་བསྒོམ་ན། ཕྱི་ལུས་དང་ནང་ངག་དང་གསང་བ་སེམས་ལ་མྱོང་བའི་དྲོད་གསུམ་འབྱུང་བ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པ་དེ་ལ་གསུམ། དང་པོ་དྲོད་གསུམ་སྤྱིར་བསྟན་པ། ཕྱི་ལུས་ལ་ན་ཚ་མེད་པ་སོགས་བཟོད་པ་ཕྲ་མོ་ཐོབ་པ་དང་། ནང་ངག་གི་རྒྱུ་འགྱུ་བའི་དབུགས་མི་ཚོར་ཏེ་བཏང་བཟུང་ལ་རང་དབང་ཐོབ་པ་དང་། གསང་བའི་དྲོད་དོན་ཆོས་ཉིད་ལ་སེམས་རྣལ་དུ་ཕེབས་པ་ནི། ཐེ་ཚོམ་མེད་ཅིང་ངེས་པར་ཕྱི་ནང་གསང་བའི་དྲོད་གསུམ་རང་གིས་ཉམས་སུ་མྱོང་བའོ། །གཉིས་པ་དེ་ལས་གཞན་པའི་ཕྱི་ནང་གི་དྲོད་འབྱུང་བར་བསྟན་པ། དྲོད་གསུམ་པོ་དེ་ལས་གཞན་དུ་དྲོད་འབྱུང་ཚུལ། ཕྱི་རོལ་གྱི་སྣང་བ་རྡུལ་ཕྲན་ཙམ་དུ་མཐོང་བ་དང་། ཟླ་བ་ཚེས་གཅིག་དང་། ཉ་གང་བ། པདྨ་དང་ཀུན་དའི་འོད་ལ་སོགས་པའི་མཚན་མ་མཐོང་བ་དང་། ནང་སེམས་ལ་སྣང་བའི་དྲོད་ནི། མ་བསྒོམས་པར་རིག་པ་རང་ཤུགས་ཀྱིས་ཆོས་ཉིད་ཀྱི་ཀློང་དུ་ཕེབས་པ་དང་། ཕྱི་འདོད་པའི་ཡུལ་འདོད་ཡོན་ལྔ་ལ་སེམས་མི་འཕྲོ་ཞིང་མི་འགྲོ་བ་དང་། འདི་ནས་འཆི་འཕོ་བ་དང་ཕྱི་མར་འགྱུར་ཞིང་སྐྱེ་བ་ལེན་པ་དག་ལ་ཉམ་མི་ང་བ་དང་། ཕྱི་ཟས་ནོར་དང་ནང་འཁྲིག་པའི་འདོད་ཆགས་ཀྱི་ཡུལ་ལ་སྔར་བས་ཞེན་པ་ཆུང་བ་དང་། དེ་ཡང་ཐ་མལ་པ་འམ་སྔ་མ་ལྟ་བའི་དུས་པས་དྲོད་ཁྱད་པར་དུ་སྤགས་པ་ཉམས་སུ་མྱོང་བས་འབྱུང་བ་དང་། གཞན་སེམས་ཅན་སྡུག་བསྔལ་སྙིང་རྗེའི་ཡུལ་མཐོང་བ་ཐུགས་རྗེས་རང་དབང་མེད་པར་སེམས་འཕྲོག་པ་དང་། འཇིག་རྟེན་གྱི་ཆོས་བརྒྱད་སྔར་བས་གྲངས་ཉུང་ལ་ངོ་བོའི་ཆ་ཕྲ་བས་ན་མཉམ་པར་སྙོམས་པ་ལ་སོགས་པའི་ཡོན་ཏན་ཕལ་ཆེར་འབྱུང་བའོ། །གསུམ་པ་དྲོད་ཉམས་ལྔ་ཀུན་ཏུ་འཁོར་བར་འབྱུང་ཚུལ། དེ་ལྟར་དྲོད་ཀྱི་རྣམ་པ་དེ་ཀུན་ཡང་ཉམས་དང་སྦྱར་ན་གཡོ་བའི་ཉམས་ཀྱི་སྐབས་སུ་རེས་ཡོད་རེས་མེད་ལ། ཐོབ་པའི་སྐབས་སུ་ཕལ་ཆེར་ཡོད་ལ། གོམས་བརྟན་གྱི་སྐབས་སུ་མི་འགྱུར་བར་ཡོད་པའི་གོ་རིམ་ཀྱིས། ཉམས་ཀུན་ཏུ་དྲོད་འཁོར་བར་འབྱུང་བ་ཡིན་ནོ། །བཅུ་གཅིག་པ་རྟགས་ལ་གཉིས། དང་པོ་དཔེ་དོན་གཉིས་ཀྱིས་དྲོད་རྟགས་སྤྱིར་བསྟན་པའི་དགོས་པ། བྲུ་ཤའི་སྐད་དུ་གུ་ལྗོ་བོད་སྐད་དུ་བྱིས་པ་སྟེ། དེ་ཡང་སྨིན་ཏེ་ནར་སོན་པ་ལོ་ཉེར་ལྔ་ཙམ་ལོན་པའི་རིགས་དེ་ལ་ཕ་མས་ཁྱེད་ལ་ཁྱིམ་ཐབས་ལེན་པའི་ལྟས་བསྟན་ན། བྱིས་པ་དེ་ཁྱིམ་ཐབས་ལ་དཔྲོད་པས་མདུན་བསུ་ཞིང་ཟང་ཟིང་གི་ནོར་མང་དག །དོན་དུ་གཉེར་བ་ལ་བརྩོན་པར་བྱེད་པའོ། །དཔེ་དེ་བཞིན་དུ་སྟོང་པ་ཆེན་པོའི་རྣལ་འབྱོར་བས་འབྲས་བུ་བྱང་ཆུབ་ཀྱི་བདེ་བ་ཆེན་པོ་འཚོལ་བ་རྣམས་ཀྱིས། དྲོད་དང་རྟགས་ཀྱི་ཡོན་ཏན་མངོན་དུ་མཐོང་བའི་འབྲས་བུ་ལ་བློ་བྲོད་པའི་ཚུལ་གྱིས། དྲོད་རྟགས་མཐོང་བ་དེས་ཤིན་ཏུ་ཐར་པའི་ལམ་ལ་བརྩོན་འགྲུས་བྱེད་པར་འགྱུར་བས། རྒྱུ་མཚན་དེ་ཡི་ཕྱིར་རྟགས་འདི་དག་དྲོད་ཀྱི་རྗེས་སུ་བསྟན་པར་བྱའོ། །གཉིས་པ་རྟགས་བྱེ་བྲག་ཏུ་བཤད་པ་དེ་ལ་གཉིས། དང་པོ་མདོར་བསྟན། དྲོད་སོང་ནས་ཕྱི་མ་རྟགས་ལའང་ལམ་གྱི་ལྟ་སྒོམ་གྱི་ནུས་པའི་སྟོབས་ཆེ་ཆུང་གི་ཆ་ལས་རྟགས། མངོན་ཤེས། རྫུ་འཕྲུལ་ལམ་ཆོ་འཕྲུལ་སྣང་བར་འགྱུར་རོ། །གཉིས་པ་རྒྱས་བཤད་ལ་གསུམ། རྟགས། མངོན་ཤེས། ཆོ་འཕྲུལ་ལོ། །དང་པོ་རྟགས་ལ་གཉིས། དང་པོ་མདོར་བསྟན། དེ་ལ་སྔ་མ་རྟགས་ལའང་ཕྱི་རྟགས་དང་ནང་རྟགས་གཉིས་ཏེ། གཉིས་པ་རྒྱས་བཤད་དེ་ལ་གཉིས། དང་པོ་ཕྱི་རྟགས་ནི། ཕྱི་རོལ་གྱི་ཡུལ་ཆུ་གཅིག་ལ་གཞན་ཟད་པས་ན་ཟད་པར་སྐྱེ་མཆེད་དེ་མེ་དང་། རླུང་། ས། ཆུ། ཁ་དོག་བཞི་སྟེ་བརྒྱད་སོགས་དངོས་སུ་མཐོང་བ་དང་། ཉི་ཟླ་དང་པདྨའི་འོད་དང་མདོག་སོགས་དང་། ཕྱག་མཚན་ལ་སོགས་པས་གང་བར་མཐོང་ངོ་། །གཉིས་པ་ནང་རྟགས་ནི། ནང་དུ་ལུས་ཀྱི་ན་ཚ་ལ་བཟོད་པ་ཐོབ་པ་དང་། ཏིང་ངེ་འཛིན་གྱི་བྱེ་བྲག་ཤེས་པ་དང་། ཉོན་མོངས་པའི་ཆུ་བོ་ལྔ་སྟེ་འཁོར་བའི་རྒྱུན་ལམ་ལ་མངོན་ཞེན་ཤས་ཆེ་བ་ཏིང་འཛིན་སྟོབས་ཀྱིས་བགས་ཀྱིས་བཅུད་དེ་ཤས་ཆུང་དུ་འགྲོ་བ་དང་། རྣམ་རྟོག་གིས་ཏིང་འཛིན་མི་འཕྲོག །སྲིན་པོ་མཐོང་ཡང་མྱོས་ཤིང་སྐྲག་པ་དང་། ལྷའི་བུ་མོ་མཐོང་ཡང་དགའ་ཞིང་བྲོད་བ་མེད་དོ། །ཆེད་དུ་མ་བྱས་ཀྱང་ཏིང་འཛིན་བསྒོམ་པའི་ཤུགས་ལས་སྣང་བ་ནི། གླང་ཆེན་ཞོན་པ། གྲུར་ཞུགས་པ། མེ་ལོང་སྐར་མདས་བརྒྱན་པ། ནམ་མཁའ་རྡུལ་གྱིས་གང་བ། ནམ་མཁའ་ལ་འོད་འབར་བ། ཀུན་དགའ་ར་བ་མཐོང་བ། ཟད་པར་སྐྱེ་མཆེད་མཐོང་བ། སྟོང་གསུམ་ལག་མཐིལ་ལྟར་མཉམ་པར་འབྱུང་བ་སྟེ། དེ་ལྟར་བརྒྱད་པོ་མཐོང་བའང་འབྱུང་ཞིང་། བཅོ་བརྒྱད་ཙམ་བདུད་ཀྱི་སྤྱོད་ཡུལ་འདིར་ཤུགས་ལ་ཆ་ཙམ་དུ་མཐོང་བ་ཡང་ལེའུ་དྲུག་པ་ལྟར་འབྱུང་ངོ་། །གཉིས་པ་མངོན་ཤེས་ལ་གཉིས། དང་པོ་མདོར་བསྟན། མངོན་སུམ་པར་རྟོགས་པ་ནི་རྟོག་བྲལ་ཡིན་ལ། ཤེས་པ་ནི་མ་འཁྲུལ་བ་སྟེ་དེ་ལ་རྣམ་པ་དྲུག་ནི། རྩ་རྒྱུད་ལེའུ་གསུམ་པ་ལས་བཤད་པ་དང་། འདི་ཉིད་ཀྱི་ཚེ་དབང་གི་སྐབས་ནས། གཞན་དུ་ལྷའི་རྣ་བ་དང་། སྤྱན་གྱི་མངོན་པར་ཤེས་པ། སྔོན་གནས་རྗེས་སུ་དྲན་པ། ཕ་རོལ་གྱི་སེམས་ཤེས་པ། འཆི་འཕོ་སྐྱེ་བ་མཁྱེན་པ། རྫུ་འཕྲུལ་ཤེས་པའམ་ཟག་ཟད་ཤེས་པ་ཞེས་སོ། །དེ་རྣམས་ཀྱང་ལམ་གྱི་གནས་སྐབས་ཀྱི་ཟག་པ་གསུམ་ཡོད་པ་ཚོགས་སྦྱོར་དང་། ཟག་གསུམ་མེད་པ་མཐོང་སྒོམ་ཡན་ཆད་ཀྱི་མངོན་ཤེས་སོ། །གཉིས་པ་རྒྱས་བཤད་ལ་གཉིས། ཟག་བཅས་མངོན་ཤེས་དང་། ཟག་མེད་མངོན་ཤེས་སོ། །དང་པོ་ལ་གཉིས། དང་པོ་མངོན་ཤེས་ཀྱི་མིང་ཟག་བཅས་ཟག་མེད་གཉིས་ལས་སྔོན་མ་ཟག་བཅས་མངོན་ཤེས་ལ། དེ་ཏིང་ཀུན་ཏིང་སྐབས་སུ་མདུན་དུ་འདུག་པའི་མི་ལ་དམིགས་ནས་བསྒོམས་པས་དེའི་སེམས་ཤེས་པ་དམིགས་པའི་མངོན་ཤེས་དང་། ཕྱག་རྒྱ་གཅིག་སྤྲོས་ཀྱི་སྐབས་སུ་མངོན་ཤེས་ཉི་ཤུ་རྩ་ལྔའི་གྲངས་ཡོངས་སུ་རྫོགས་པར་འབྱུང་བའི་མངོན་ཤེས་ཞེས་དང་། ཚོགས་སྒྲུབ་བར་ཆད་མེད་པའི་ལམ་པ་ཡིན་པས་དེའི་མངོན་ཤེས་སོ། །གཉིས་པ་མངོན་ཤེས་ཀྱི་ཡུལ་གྱི་ཚད། དེ་ཏིང་སྐབས་དྲུང་ན་འདུག་པའི་མི་ལ་དམིགས་པ་གཏད་ནས་འགའ་སྟེ་གཅིག་གཉིས་གསུམ་ཙམ་གྱི་སེམས་ཤེས་པ་དང་། ཀུན་ཏིང་སྐབས་མང་དུ་འཕེལ་བ་སྟེ་བཅུ་ཙམ་གྱི་སེམས་ཤེས་པ་དང་། ཕྱག་རྒྱ་གཅིག་པའི་སྐབས་དབང་པོ་ལྔ་རེ་རེས་ཡུལ་ལྔ་མཐོང་བས་མངོན་ཤེས་ཉི་ཤུ་རྩ་ལྔ་ཡི་གྲངས་རྫོགས་ཤིང་། སྤྲོས་བཅས་སྐབས་འབྲིང་གིས་ཡུལ་ཁམས་ཚུན་ཆད་མཐོང་ཞིང་། རབ་ཀྱིས་གླིང་བཞི་མཐོང་བ་དང་། བར་ཆད་མེད་པའི་འབྲིང་དང་རབ་ཀྱིས་གླིང་བཞིའི་གྲངས་གཉིས་གསུམ་དྲུག་ཚུན་ཆད་ལྷའི་མིག་གི་མཐོང་ཞིང་རྣ་བས་སྒྲ་ཐོས་པ་དང་། སྔོན་གནས་ཤེས་པ་སོགས་གཅིག་སྤྲོས་དང་བར་ཆད་མེད་པའི་ལམ་གྱི་བློའི་རིམ་པས་ཕྱེ་བ་ཡིན་ནོ། །གཉིས་པ་ཟག་མེད་མངོན་ཤེས་ལ་གཉིས། དང་པོ་རིག་འཛིན་གསུམ་གྱི་མངོན་ཤེས་ཀྱི་ཁྱད་པར། ཕྱི་མ་ཟག་མེད་མངོན་ཤེས་ལ་ཚེ་དབང་གིས་སྟོང་གསུམ་གྱི་སྟོང་ཆེན་པོ་བརྒྱ་ཚུན་ཆད་མངོན་ཤེས་ཀྱི་ཡུལ་དུ་གྱུར་བ་དང་། ས་དང་པོའི་མངོན་ཤེས་སྟོང་གསུམ་གྱི་སྟོང་ཆེན་པོ་བརྒྱ་ཡིན་པ་དང་སོགས་ཀྱི་སྒྲས་སྒོམ་ལམ་ས་དགུའི་མངོན་ཤེས་གྱི་ཡུལ་དུ་འགྱུར་ལུགས་ཡོད་པའི་ནང་ནས་སོགས་སྒྲས་ས་གཉིས་པ་ནས་བདུན་པའི་བར་སྡུད་ལ། ས་བརྒྱད་པ་ཕྱག་རྒྱ་ཆེན་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་བརྒྱ་དེ་གཅིག་ནས་གཉིས་སུ་བགྲང་བའི་སྟོང་ཕྲག་བཅུ་རྡུལ་སྙེད་དུ་བྱས་པའི་གྲངས་མེད་དང་མཉམ་པ་བརྒྱ་དེ་གཅིག་ནས་གཉིས་སུ་བགྲང་བའི་སྟོང་ཕྲག་བཅུའི་རྡུལ་བྱས་པ་དེ་རྙེད་དང་མཉམ་པ་སྟོང་གསུམ་མངོན་ཤེས་ཀྱི་ཡུལ་དུ་གྱུར་པའོ། །ལྷུན་གྲུབ་རིག་འཛིན་གྱི་མངོན་ཤེས་ནི། མཉམ་བཞག་ཏུ་རྒྱལ་བ་སངས་རྒྱས་དང་མཉམ་པས་འོ་ན་མཐར་ལམ་པ་སངས་རྒྱས་དང་ཁྱད་མེད་དམ་ཞེ་ན། བག་ལ་ཉལ་གྱི་དྲི་མ་ཡོད་མེད་ཀྱིས་ཕྱེ་བ་དེ་བས་ན། མཐར་ལམ་པ་དང་རྫོགས་པའི་སངས་རྒྱས་གཉིས་ལ་ཁྱད་པར་ཡོད་པ་ཡིན་ཏེ། གཉིས་པ་རྒྱུའི་སེམས་དཔའ་དང་ཁྱད་པར་ཡོད་མེད་ཕྱེ་བ། ཟག་མེད་མངོན་ཤེས་ཡུལ་དེ་ཙམ་ཡིན་པ་དེ་བས་ན་རྒྱུ་མཚན་ཉིད་ཐེག་པ་ཡི་བྱང་ཆུབ་སེམས་དཔའ་ས་དང་པོ་རབ་ཏུ་དགའ་བ་དང་། སྔགས་ཀྱི་མཐོང་ལམ་ཚེ་དབང་རིག་འཛིན་དང་མཉམ། རྒྱུའི་ས་བརྒྱད་པ་དང་། སྔགས་ཀྱི་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་སྐལ་བ་མཉམ་སྟེ། རྒྱུའི་ས་བཅུ་པ་དང་སྔགས་ཀྱི་ལྷུན་གྲུབ་རིག་འཛིན་གཉིས་མཉམ་པའི་ཕྱིར་ན། མཐོང་སྒོམ་མཐར་ལམ་གསུམ་དུ་བརྗོད་པའི་ཡོན་ཏན་གྱི་ཁྱད་ཡོད་ཚུལ་ནི་མི་འདྲ་སྟེ། རྒྱུ་ཤེས་པའི་ལྟ་བའི་ཁྱད་པར། དགོངས་པ་ཡི་ཏིང་འཛིན་གོམས་མ་གོམས་ཀྱི་ཁྱད་པར། གཞི་ལམ་ཆ་ཡིས་ཕྱེ་བས་རྒྱུ་ཡི་བྱང་སེམས་དང་། འབྲས་བུ་སྔགས་ཀྱི་རིག་འཛིན་གསུམ་ལ་ཁྱད་པར་ཡོད་པར་ངེས་སོ། །གསུམ་པ་ཆོ་འཕྲུལ་ནི། སྟོང་ཆེན་རྣལ་འབྱོར་འདི་བསྒོམ་པའི་ཚེ་རྫུ་འཕྲུལ་ཉི་ཤུ་ལ་སོགས་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། འགྲོ་བ་སོ་སོའི་སྐད་དུ་རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། ས་གཡོ་བ་དྲུག་བྱེད་པ་ཆོས་སྣང་བའི་ཆོ་འཕྲུལ། སྣོད་བཅུད་ཀུན་གྱིས་གསང་སྔགས་ཀྱི་སྒྲ་སྒྲོགས་པ་དི་རིང་ཀུན་བརྗོད་ཀྱི་ཆོ་འཕྲུལ་ཏེ་ཆོ་འཕྲུལ་བཞི་བོ་ཡང་ལམ་ལྟ་བ་ཅིག་ཆར་ལ་རྫོགས་པར་འབྱུང་བར་ཟད་ཀྱི། ལམ་རིམ་གྱིས་པས་དེ་ཏིང་འདི་བསྒོམ་པའི་ཚེ་ཆོ་འཕྲུལ་བཞི་འབྱུང་བའི་རྒྱུ་ཙམ་ཡིན་གྱི། འོ་ན་དངོས་སུ་འབྱུང་བ་མེད་དམ་ཞེ་ན། ཉམས་ལྔ་མཐར་ཕྱིན་པའི་སྐབས་སུ་ཆོ་འཕྲུལ་བཞི་ཡི་ཆ་གཅིག་ཙམ་འབྱུང་བ་ཡང་སྲིད་དོ། །བཅུ་གཉིས་པ་རྨི་ལམ་ལ་བཞི་ཏེ། དང་པོ་སྒྲིབ་པ་དག་ཅིང་བདེན་པ་མཐོང་བའི་རྨི་ལྟས། སྟོང་པ་ཆེན་པོའི་རྣལ་འབྱོར་དེ་ཏིང་ལ་བློ་གནས་པའི་རྨི་ལམ་ལ་ཡང་། སྒྲིབ་པ་དག་པའི་རྟགས་ལུས་གཅེར་བུར་ཕྱུང་བར་རྨི་ཞིང་ཁྲུས་བྱས་ནས་དྲི་མ་དག་པ། བདེན་པ མཐོང་བའི་ལྟས་སུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་མཐོང་བ་རྨིའོ། །གཉིས་པ་བྱིན་གྱིས་བརླབ་ཅིང་ལུང་བསྟན་འབྱུང་བའི་རྨི་ལྟས། དམ་པ་མཆོག་སངས་རྒྱས་དང་དམ་པ་རིག་འཛིན་བྱང་ཆུབ་སེམས་དཔའ་དེ་ཡིས། སངས་རྒྱས་རྣམས་ཀྱི་སྲས་དང་བྱང་སེམས་རིག་འཛིན་གྱི་སྤུན་དུ་དགོངས་ཤིང་བྱིན་གྱིས་རློབ་པའི་ཕྱིར་དང་། གཞན་ཡང་རྨི་ལམ་གྱི་མཚན་མར་རང་གི་བླ་མ་སྡུག་བསྔལ་སྐྱོབ་བའི་མགོན་པོ་མངོན་དུ་སྣང་བས་རང་ལ་དབང་བསྐུར་བ་དང་བྱིན་གྱིས་བརླབས་པ་དང་སོགས་སྒྲས་ལུང་བསྟན་པ་ཁྲི་ལ་འཇོག་པ་ཞིང་ཁམས་སྟོན་པ་སྟེ་བྱང་ཆུབ་ཀྱི་ལམ་དུ་འཛུད་པ་ཡི་རྟགས་ལྔ་བྱེད་ཅིང་། དེ་ལ་བར་ཆད་འབྱུང་མི་འབྱུང་དང་ལེགས་པའི་ཡོན་ཏན་དང་ཉེས་པའི་སྐྱོན་འབྱུང་མིན་གྱི་སྒོ་ནས་ལམ་ལ་བརྩོན་འགྲུས་གྱིས་ཞེས་ལུང་སྟོན་པ་རྨིས་སོ། །གསུམ་པ་དེ་ཉིད་བདུད་དང་བར་ཆད་དབྱེ་བ་བསྟན་པ། མཚན་ལྟས་དེ་ཡང་བདུད་བླ་མར་སྤྲུལ་པ་དང་། ལམ་རྟགས་གང་ཡིན་ཆ་དབྱེ་དགོས་ཏེ། བདུད་ཀྱིས་བྱིན་གྱིས་རློབ་པ་དང་ལུང་སྟོན་པ་ལྟར་སྣང་བ་ནས་བར་ཆད་འབྱུང་བས་ཉེས་པའི་བར་ཆད་བྱེད་པའི་ཆེད་དུ་བདུད་འབྱུང་བ་ཡོད་སྲིད་པའི་ཕྱིར་ན། བདུད་ཀྱི་བར་ཆད་དང་ལམ་གྱི་གྲུབ་རྟགས་ཀྱི་ཆ་གཉིས་ཏིང་འཛིན་དང་ཉམས་རྟོགས་བཟང་ངན་ལ་སོགས་བརྟག་པ་ཟག་བཅས་ལམ་གྱི་སྐབས་སུ་ཀུན་ཏུ་གཅེས་སོ། །བཞི་པ་དེའི་བར་ཆད་བསལ་ཕྱིར་བླ་མ་ལ་ཞུ་བ། བདུན་ཀྱི་བར་ཆད་དེ་དག་བསལ་བའི་ཕྱིར་རྨི་ལམ་དེ་དག་ཀུན་རང་གི་ཞུ་ས་བླ་མ་ཉིད་ལས་གཞན་དུ་དྲི་ཞིང་སྨྲ་བ་མིན་ནོ། །བཅུ་གསུམ་པ་ཕན་ཡོན་ལ་དྲུག་སྟེ། དང་པོ་དགེ་སྡིག་ལས་ཀྱིས་མི་གོས་པའི་ཕན་ཡོན། ཆོས་ཉིད་དེ་བཞིན་ཉིད་དུ་ལྟ་བས་མཐོང་ཞིང་ཏིང་འཛིན་གྱིས་གོམས་ན། རྒྱུ་དགེ་བའི་ལས་དང་མི་དགེ་བའི་ལས་གཉིས་སུ་འཛིན་པ་མེད་དེ། ལས་དགེ་སྡིག་གི་རྣམ་པར་རྟོག་པའི་མཚན་མ་རང་རྒྱུད་པར་ཡོང་ཡེར་མི་འཛིན་ཏེ། ཅིའི་ཕྱིར་ན། སེམས་ཉིད་རང་བཞིན་སྐྱེ་མེད་དུ་ཡེ་ནས་འོད་གསལ་བའི་ངང་ལ། ལས་དགེ་སྡིག་གི་རྣམ་སྨིན་གྱིས་གོས་པ་མེད་པས་ཤིན་ཏུ་བདེ་བའོ། །གཉིས་པ་བདེ་སྡུག་གཉིས་སུ་མེད་པར་གྲོལ་བའི། འབྲས་བུ་བདེ་བ་མཐོ་རིས་དང་མི་བདེ་བ་ངན་སོང་གཉིས་སུ་འཛིན་པ་མེད་པས། གཉིས་མེད་རང་བྱུང་གི་ཡེ་ཤེས་ལ་གཉིས་འཛིན་གྱི་ཆགས་པ་མེད་ཅིང་རྣམ་པར་དག་པས། བདེ་སྡུག་ཐམས་ཅད་དབྱེར་མེད་དེ་རང་རིག་པའི་ཡེ་ཤེས་ཡིན་པས། སེམས་ཉིད་ཕྱོགས་འཛིན་གྱི་དྲི་མས་མ་གོས་ཤིང་དང་བས་ཨ་སྐྱེ་བ་མེད་པའི་ངང་དུ་རྣམ་རྟོག་གི་ཟུག་རྔུ་མེད་པས་རབ་ཏུ་བདེ་བའོ། །གསུམ་པ་གཙང་སྨེ་གཉིས་སུ་མེད་པའི་འདོད་པའི་ལོངས་སྤྱོད་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལྡན་ཐམས་ཅད་ལ་གཙང་བ་དང་དམེ་བའི་བློ་གཉིས་སུ་མ་འཛིན་ཅིག །དེ་ཅིའི་ཕྱིར་ན། གཙང་དམེ་ཐམས་ཅད་ཆོས་ཉིད་སྤྲོས་བྲལ་དུ་རོ་གཅིག་པས་ན། སྤང་ལེན་གཉིས་སུ་འཛིན་པའི་ཟུག་རྔུ་མེད་པས་ཀྱང་ཤིན་ཏུ་བདེའོ། །བཞི་པ་འཁོར་བ་མ་སྤངས་རང་སར་གྲོལ་བའི། ཤེས་རབ་ཆེ་བ་༢ཅིག་ཆར་དང་ཆུང་༡བ་རིམ་གྱིས་པའི་ཏིང་འཛིན་གསལ་མི་གསལ་གྱིས། ལྟ་སྒོམ་སྤྱོད་པ་ལ་སོགས་པ་ཐམས་ཅད་མ་ནོར་བར་རྒྱུད་ལུང་མན་ངག་གི་གཞུང་ནས་འབྱུང་བའི་ལུགས་བཞིན་དུ་སྤྱད་ན། འཁོར་བ་མ་སྤངས་ཆོས་ཉིད་དུ་དག་པས་སྡུག་བསྔལ་དུ་འཛིན་པ་མེད་ཅིང་། འཁོར་འདས་གཉིས་སུ་མེད་པའི་དོན་རྟོགས་པ་དེའི་རྒྱུད་ཚིམ་པས་ཨ་རབ་ཏུ་བདེ་ཞེས་སོ། །ལྔ་པ་ཆོས་ཉིད་མངོན་སུམ་དུ་མཐོང་བའི། འཁོར་འདས་ཆོས་ཐམས་ཅད་མ་ལུས་པ་སེམས་ཉིད་དུ་གཅིག་པར་རྟོགས་པའི་ངང་དེ་ལ། ལྟ་བར་བྱེད་པའི་མཁན་པོ་དང་། བལྟ་བར་བྱ་བའི་ཡུལ་གཉིས་ཀ་མེད་པའི་རང་རིག་པའི་ཡེ་ཤེས་ཀྱི་སྒྲོན་མ་རྒྱུན་ཆད་མེད་པར་སྒྲེད་བས་ནི། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་གཉིས་མེད་རང་སྣང་དུ་མཐོང་བའོ། །དྲུག་པ་མ་བགྲོད་པར་ས་ནོན་པའི་ཕན་ཡོན། ཚེ་འདི་དང་ཕྱི་མ་ཕ་རོལ་དེ་བཞིན་ཉིད་ལ་གཉིས་སུ་མེད་པའི་ཕྱིར་འདི་ནས་འགྲོ་བ་དང་། ཕ་རོལ་དུ་འོང་བར་བྱ་བ་གྲུབ་པ་མིན་ཏེ། ལུས་ཀྱི་ཡན་ལག་བཞི་སྟོབས་ཆེན་པོས་བགྲོད་ཅིང་མ་མཆོངས་པར ། ཕྱོགས་བཅུའི་སྟོང་ཁམས་ཀྱི་རྟོག་པ་ཐམས་ཅད་སྟོང་པ་ཆེན་པོ་ཉིད་དུ་གསལ་བས། རྟོག་པ་རང་ལྡང་མི་ནུས་པས་ཐ་སྙད་དུ་མནན་ཞེས་སོ། །བཅུ་བཞི་པ་འདའ་ཀ་མ་ལ་གཉིས། དང་པོ་མཚན་མ་མེད་པའི་དེ་ཏིང་ལ་གནས་པ་འདི་ཡི་ཚེ་དབང་པོ་དྲུག་གི་སྐྱོད་ཡུལ་འགྱུར་ཞིང་འཆི་བར་མཐོང་ན། ངུ་སྐད་སོགས་ཕྱི་ནང་གི་གཡེང་བའི་མཚན་མ་ཀུན་བསལ་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ངང་ལ་རྩེ་གཅིག་ཏུ་འདུག་པར་བྱ་ཞིང་། དེ་ལྟ་བུའི་ཏིང་འཛིན་དེ་དྲན་པས་སྔར་གྱི་ལས་ངན་གྱི་བག་ཆགས་ཀྱི་རྒྱུན་བཅད་དེ་ཕྱི་མ་འདོད་ཁམས་ཀྱི་ལྷ་དང་མིའི་རིགས་ཁྱད་པར་ཅན་དུ་སྐྱེ་ནས་གསང་བའི་ཐེག་པ་ཆེན་པོ་ལ་སྦྱོར་བའོ། །གཉིས་པ་མཚན་བཅས་ཀྱི་མན་ངག་ནི། མཚན་མེད་ཀྱི་འཕོ་བ་ལས་དགར་བས་ཡང་ན་ཞེས་འདམ་ཀ་སྟེ། མཚན་བཅས་འཕོ་བ། སྙིང་གར་རིན་པོ་ཆེའི་གུར་ཕུབ་པ་ལྟ་བུ་གསང་བའི་གསེར་གྱི་སྒྲོམ་བུའི་ནང་སྙིང་གའི་དཀྱིལ་དུ་ཀུན་གཞི་འོད་ཕུང་ཁ་དོག་ལྔའི་ངོ་བོ་ཚོན་གང་བ་འོད་དང་ལྡན་པ་ཞིག་བསམ་པ་དང་། དེའི་སྟེང་དུ་ཉོན་ཡིད་ཟླ་བའི་དཀྱིལ་འཁོར་དུ་བསམ། དེའི་སྟེང་དུ་ཡིད་ཤེས་ཧཱུྃ་རིང་པོ་ཞིག་ཏུ་བསྒོམ་ཞིང་། དེ་གསུམ་བརྩེགས་པའི་ཏིང་འཛིན་ལ་དམིགས་པ་རྩེ་གཅིག་ཏུ་བརྟན་པ་ཐོབ་ནས། དབུགས་སམ་རླུང་གི་ཕར་འཕྲོ་ཚུར་འདུས་ཧཱུྃ་ཡིག་ལ་ཐིམ། དེ་ཟླ་བ་ལ་ཐིམ། དེ་འོད་ཕུང་ལ་ཐིམ། མཐར་འོད་ཕུང་དེ་ཉིད་ཕྱོགས་བཅུའི་སྟོང་ཁམས་ཐམས་ཅད་ལ་ཁྱབ་པར་བརྡལ་ཏེ་སྤྱོད་ཡུལ་ཐམས་ཅད་འོད་ཕུང་དུ་བསམ་ཞིང་སྟོང་པའི་ངང་ལ་འདུག་གོ། །བཅོ་ལྔ་པ་འབྲས་བུ་བསྟན་པ་ནི། དོན་སྣང་སྟོང་དབྱེར་མེད་སྟོང་ཆེན་གྱི་རྣལ་འབྱོར་ལ་གོམས་པའི་མཐའ་མ། ཏིང་འཛིན་དེ་མངོན་དུ་བྱས་པའི་འབྲས་བུ་དབུ་མ་ལས་ལྷག་པའི་ཆོས་སྐུར་སྦྱོར་རོ། །འབྲས་བུ་ཆོས་སྐུ་གསལ་སྟོང་དབྱེར་མེད་ཉིད་ལ་ལམ་དུ་བྱེད་པའི་ཕྱིར་ཡིན་ཏེ། དེ་བཞིན་ཉིད་དང་ཆོས་སྐུ་གཉིས་རྣམ་པ་མཆོག་ལྡན་གྱི་སྟོང་པ་ཆེན་པོར་ཕྱོགས་མཐུན་པ་ཡིན་པས་ན། འབྲས་བུ་ཆོས་སྐུ་ཐོབ་པར་བརྗོད་ཀྱིས་དེས་ན་འབྲས་བུ་དངོས་སུ་ཐོབ་པའི་རིགས་མ་ཡིན་ཏེ། རྒྱུ་འབྲས་ཆོས་མཐུན་སྦྱོར་བཙམ་ལ་དགོངས་པ་ཡིན་ནོ། །གསུམ་པ་ལེའུའི་མཚན་བསྟན་པ། རྣམ་པ་ཀུན་ལྡན་གྱི་སྟོང་པ་ཆེན་པོའི་དོན་རྣལ་མ་ལ་རང་རིག་པའི་བློ་འབྱོར་བའི་ཏིང་ངེ་འཛིན་བསྟན་པའི་གཞུང་གི་ཚིག་དོན་རྣམས་མཚམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་ཞེས་བྱ་སྟེ། ཡས་བགྲངས་གསུམ་པའི་དོན་དུ་གདའ་འོ།། །།ལེའུ་བཞི་པ་ཀུན་སྣང་གི་ཏིང་ངེ་འཛིན་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་ལ་གསུམ། དང་པོ་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ། དོན་དམ་གསལ་སྟོང་ཆོས་ཀྱི་སྐུ་ཡི་ངོ་བོ་དེ་ལ་ལྟ་བས་རྟོགས་ཤིང་ཏིང་འཛིན་གོམས་པས་ཕྱག་འཚལ་ཏེ། དེ་ལྟར་ཆོས་ཉིད་སྟོང་པ་ལ་གོམས་ཀྱང་། སྟོང་ཞེན་གྱི་དྲི་མ་བསལ་དགོས་པ་དང་། གདུལ་བྱ་སངས་རྒྱས་ལ་འགོད་ཕྱིར། སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེ་དང་གསུམ་ལས། འདིར་ཡུལ་བྲལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་སྟེ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་བཤད་པར་བྱའོ། །གཉིས་པ་གཞུང་དོན་ལ་གཉིས། དང་པོ་མདོར་བསྟན། དེ་ཏིང་སྟོང་ཆེན་དང་རྗེས་སུ་མཐུན་པའི་ཀུན་སྣང་གི་ལུས་མདོར་བསྟན་བཅོ་ལྔ་པོ་ཉིད་ཀྱི་ཡན་ལག་རྒྱས་བཤད་ཀྱི་སྒོ་ནས་ཤེས་པར་གྱིས་ཤིག་པའོ། །གཉིས་པ་རྒྱས་བཤད་ལ་དོན་བཅོ་ལྔ་སྟེ། སྔོན་དུ་བྱ་བ། དགོས་ཆེད། ཐབས། ངོ་བོ། མི་མཐུན་པའི་སྐྱོན། བཅོས་ཐབས། ཉམས། སྤྱོད་པ། དམ་ཚིག །དྲོད། རྟགས། རྨི་ལྟས། ཕན་ཡོན། འདའ་ཀ །འབྲས་བུ་སྟེ་བཅོ་ལྔའོ། །དང་པོ་སྔོན་དུ་འགྲོ་བ་ལ་དབྱེ་བ་མེད་དེ། སྙིང་རྗེ་སྒྱུ་མའི་སྔོན་དུ་སྟོང་པ་ཆེན་པོ་ལ་གོམས་པའི་རྣལ་འབྱོར་པས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཐུགས་རྗེས་རྗེས་སུ་གཟུང་བའི་ཕྱིར། ཚོགས་བསགས་པ་ཡན་ལག་བརྒྱད་པ་སྔོན་དེ་ཏིང་བཞིན་བྱས་ནས། དེའི་རྗེས་ལ་ངོ་བོ་ཡེ་ཤེས་རང་གསལ་རྣམ་པ་སྒྱུ་མས་ཁྱབ་པའི་སྙིང་རྗེ་ཆེན་པོའི་ཏིང་འཛིན་བསྒོམ་པར་བྱའོ། །གཉིས་པ་དགོས་ཆེད་ལ་གཉིས། དང་པོ་གཞན་སེལ། གང་ཟག་དང་ཆོས་བདག་གམ། སྙིང་རྗེ་སྐྱེད་བྱེད་ཀྱི་མཁན་པོ་བདག་དང་སྐྱེ་ཡུལ་གཞན་གཉིས་སུ་འཛིན་པའི་དྲི་མ་བསལ་བ་དང་། དེ་ཏིང་ལ་སྟོང་པའི་ཞེན་པས་འཆིང་བའི་དེའི་མདུད་པ་བཤིག་པ་ཡི་དགོས་པ་དང་། གཉིས་པ་དོན་གཉེར། སྙིང་རྗེ་ཆེན་པོའི་སྒོ་ནས་གདུལ་བྱ་རྣམས་ཐར་པའི་ས་ལ་དགོད་པའི་དགོས་ཆེད་ཡོད་པ་དང་། མཐར་ཕྱིན་པ་འབྲས་བུ་ཕྱག་རྒྱ་གཅིག་པ་ཐོབ་པའི་རྒྱུར་བྱ་ཞིང་དེའི་ཐབས་ལ་སྙིང་རྗེ་ཆེན་པོའི་རྣལ་འབྱོར་འདི་ཉིད་ནི་དོན་དུ་གཉེར་བ་ཡི་དགོས་ཆེད་དང་། སེམས་ཉིད་དོན་དམ་བདེན་པ་དེ་ཉིད་ཀྱི་ངང་ལ་ཀུན་རྫོབ་འགག་མེད་ཡེ་ཤེས་སྣང་བ་གཉིས་ཕྱོགས་དང་རིས་སུ་མི་གཏོང་བའི་དགོས་ཆེད་ཕྱིར། སྙིང་རྗེ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་འདི་ཡི་ལམ་ལ་བློ་རྩེ་གཅིག་ཏུ་གནས་པར་བྱས་ཏེ། སྙིང་རྗེ་ཆེན་པོའི་ཏིང་འཛིན་ལ་འཇུག་པའི་ཐུན་མཚམས་ནི་དེ་ཏིང་མཐར་ཕྱིན་པའི་དུས་ཀྱིས་བྱའོ། །གསུམ་པ་བཞག་ཐབས་ལ་གཉིས་ཏེ། སྙིང་རྗེ་ཆེན་པོའི་ཏིང་འཛིན་བསྒོམ་པའི་ཐབས་དང་། འོག་མའི་སྙིང་རྗེ་ལས་ཁྱད་པར་སྤགས་ཚུལ་ལོ། །དང་པོ་ལ་གཉིས། དང་པོ་མདོར་བསྟན་པ། སྙིང་རྗེ་བསྒོམ་པའི་རྣལ་འབྱོར་པ་གང་གིས་ཁམས་གསུམ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་སྒྱུ་མ་ལྟ་བུའི་ཡེ་ཤེས་སུ་གསལ་བའི་ངང་དུ་མིག་གིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་དང་། ལྕེས་རོ་མྱོང་བ་དང་། ལུས་ཀྱིས་རེག་བྱ་དང་། སྣས་དྲི་ཚོར་བ་རྣམས་ལ་རང་སྣང་འགག་མེད་དུ་སྦྱངས་པའི་ཐབས་ལའང་གཉིས་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་པའི་རྒྱུ་ཡིས་ཐོབ་པའམ། སྔ་མ་དེ་ཏིང་ལ་གོམས་པའི་རྗེས་ལས་ཡེ་ཤེས་སྒྱུ་མ་གསལ་བས་ན་ཐོབ་པའོ། །གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་བློ་ཆུང་བའི་ལྟ་བའམ་སོ་སོར་རྟོག་པའི་རྒྱུས་སྒོམ་པ། སྙིང་རྗེ་ཆེན་པོ་བསྒོམ་པའི་ལམ་པ་དེ་ཡིས་འཁོར་འདས་དུས་གསུམ་གྱིས་བསྡུས་པ་མ་ལུས་པའི་ཆོས་སོ་ཅོག་ཐམས་ཅད། རྟག་པ་ཐེར་ཟུག་པའི་སྙིང་པོ་རང་རྒྱུད་དུ་གྲུབ་ནས་ཡོད་པ་མ་ཡིན་ཏེ། འོ་ན་སྒྱུ་མ་ལྟར་རྟོགས་པ་ཅི་ཞེ་ན་དཔེ་དྲུག་གི་ཚུལ་ནི། སྣང་ལ་རང་རྒྱུད་བས་དབེན་པ་ལོག་རྟོག་སྒྱུ་མ་དང་། སྣང་ལ་ངོ་བོ་མེད་པས་མིག་ཡོར་ཏེ་རྟེན་འབྲེལ་སྒྱུ་མ་དང་། ཅིར་ཡང་མ་ངེས་པར་སྣང་བས་སྤྲུལ་པ་ཡང་དག་སྒྱུ་མ་དང་། སྣང་ལ་མ་གྲུབ་པས་སྨིག་རྒྱུ་སྟེ་ཐབས་སྒྱུ་མ་དང་། སྣང་ལམ་གྲུབ་པས་སྨིག་རྒྱུ་སྟེ་ཐབས་སྒྱུ་མ། སྣང་ལ་རང་བཞིན་མེད་པས་འཇའ་ཚོན་ཏེ་ཡེ་ཤེས་སྒྱུ་མ། གསལ་ལ་ངོ་བོ་སྟོང་པས་ཆུ་ཟླ་སྟེ་ཕྱག་རྒྱ་སྒྱུ་མའོ། །དེ་ནི་དཔེ་དྲུག་གིས་མཚོན་ཚུལ་ལོ། །སྙིང་རྗེ་སྐྱེད་བྱེད་ཀྱི་རྣལ་འབྱོར་པ་བདག་དང་སྐྱེ་བའི་ཡུལ་འགྲོ་བ་ཀུན་ཡེ་ཤེས་སྒྱུ་མར་ངོ་བོས་གཅིག་པ། དེ་ལྟར་མ་ཤེས་པའི་མཐའ་བསལ་བ་དང་། དེ་ཡང་རང་གི་བློས་ཀུན་ཏུ་བརྟགས་པས་བདག་དང་གཞན་ཐ་དད་པའི་ཕྱིར་གཉིས་སུ་སྣང་ངོ་། །དོན་ཡེ་ཤེས་སྒྱུ་མའི་ངོ་བོ་ལ་བདག་གཞན་གཅིག་པ་དང་། ཐ་དད་པ་གཉིས་སུ་མེད་པས་ན། དེ་ཡང་སྙིང་རྗེ་བྱ་བའི་ཡུལ་མེད། རྗེ་བྱ་རྗེ་བྱེད་ཀྱི་སྣང་བའི་འགོག་པ་ཡང་མེད་པར་རྟོགས་པའི་ལྟ་བ་མཐོང་བ་ཡི་རྗེས་སུ་བསྒོམ་པ་མ་ཤོར་ཙམ་དུ་བྱ་བའོ། །དེ་ལྟར་ལྟ་བ་དྲན་པའི་རྗེས་སུ་སྙིང་རྗེ་བསྒོམས་སམ། ཡང་ན་སེམས་ཅན་ལ་དམིགས་པའི་རྟོག་དཔྱོད་སྔོན་དུ་འགྲོ་བས་བྱ། གཉིས་པ་བློ་ཆེ་བ་དཔེ་དང་བཅས་ནས་དེ་ཏིང་ལ་གོམས་པའི་རྗེས་སུ་བསྒོམ་པ་དེ་ལ་གསུམ། དང་པོ་རྒྱུ་སྔ་མ་གཉིས་སམ་དེ་ཏིང་བརྟན་པའི་སྟེང་ནས་དྲན་པ་སྤྱི་བླུགས་སམ་ཡེ་ཤེས་སྒྱུ་མར་གསལ་བ་དཔེ་དང་བཅས། དེ་བས་ལྟ་བ་མཐོང་རྗེས་དང་རྟོག་དཔྱོད་སྔོན་འགྲོ་གཉིས་ལ་གོམས་ནས་དྲན་པ་སྤྱི་བླུགས་སམ། ཡང་ན་རྒྱུ་དེ་ཏིང་གོམས་པས་རྗེས་སུ་དྲན་པ་མ་བཅོས་པར་སྤྱི་བླུགས་སུ་རིག་པ་ཡེ་ཤེས་སྒྱུ་མར་གསལ་བའང་། བློས་སྔོན་དུ་ལྟ་བ་དྲན་པའམ་རྟོག་དཔྱོད་བཏང་བ་གང་ཡང་མེད་དེ། དཔེར་ན་ཤར་གྱི་ནམ་མཁས་ནུབ་ཀྱི་ནམ་མཁའ་ཡུལ་དུ་མི་བྱེད་པ་ཇི་བཞིན་དུའོ། །གཉིས་པ་གསལ་དུས་དམིགས་མེད་མཁའ་ལྟར་བསྒོམ་པ། རྣལ་འབྱོར་པ་རང་གི་ལུས་ངག་སེམས་དང་དེར་མ་ཟད་འཁོར་འདས་ཕྱི་ནང་གི་ཆོས་ཐམས་ཅད་དོན་དམ་པར་སེམས་ཉིད་ཡིན་པས་སོ། །གང་ནའང་མི་གནས་ཡུལ་རང་རྒྱུད་དུ་མི་དམིགས་པས། དཔེ་མིག་གི་ཡུལ་དུ་ཐོ་ཡོར་མིར་འཛིན་ཀྱང་མི་མ་གྲུབ་པའི་ཚུལ་དུ་སྦྱོར་བ་ཡི་ཚུལ་གྱིས་ནི། སེམས་ཉིད་ནམ་མཁའ་ལྟ་བུ་ལ་ནི་སྒོམ་པའི་བློས་རང་གསལ་ནམ་མཁའ་ལྟ་བུར་བསྒོམ་མོ། །གསུམ་པ་དེ་མ་འགགས་པ་ཐབས་ཀྱིས་བསྒོམས་པའི་ཡོན་ཏན་འབྲས་བུ་དང་བཅས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་སྒྱུ་མར་སྣང་བ་ཐབས་ཀྱི་མཚན་ཉིད་ཡིན་ཏེ་གཞིའི་ཐབས་དེ་ལ་འགག་མེད་དུ་རྟོགས་པའི་ཐབས་ཀྱིས་ནི་གཉིས་མེད་དུ་རྣམ་པར་སྦྱོར་བས། དེ་ཀ་བསྒོམས་པའི་ཐབས་ཆེན་པོ་གོམས་པའི་ཐབས་ལས་བྱུང་བ་ཡི་འབྲས་བུའམ་ཡོན་ཏན་གྱི་ཆེ་བ་དེ་ནི་རྟོག་པ་བྱང་བ་ཡེ་ཤེས་སྒྱུ་མར་ཆུབ། སྐྱེ་འཇིག་མེད་པས་རྡོ་རྗེ་ཡུལ་ཡུལ་ཅན་དུ་འཛིན་པ་ལས་འཕགས་པས་མཆོག་ཡིན་ནོ། །གཉིས་པ་ཁྱད་པར་ལ་གཉིས། དང་པོ་སྙིང་རྗེའི་ངོ་བོ་ལ་ཚད་མེད་བཞི་ཚང་བས་མངོན་པར་གདུང་བ་ཡོད་མེད་ཀྱི་ཁྱད་པར་ཤེས་བྱ་ཕྱི་ནང་གི་ཆོས་ཐམས་ཅད་དུ་ནི་རིག་པ་ཡེ་ཤེས་སྒྱུ་མ་རང་གསལ་བའི་ཕྱིར། ཡེ་ཤེས་སྒྱུ་མ་མ་ཡིན་པའི་ཆོས་འགའ་ཙམ་ཡང་ཡོད་པ་མིན་པས། རྒྱུའི་ཐེག་པར་སྙིང་རྗེ་མས་བུ་ལ་གདུང་བ་དང་འདྲ་བར་འགྲོ་བ་མ་སྒྲལ་བར་འདིར་ཡུལ་བྲལ་གཉིས་མེད་དུ་དུས་གཅིག་བསྒྲལ་བས། དགྲ་གསོད་པ་ལྟ་བུ་ནི་མ་ཡིན་པས་ཆེན་པོ་གཉིས་སུ་མེད་པའི་སྙིང་རྗེའི་རང་བཞིན་ཡིན་ཏེ། དེ་ལ་བདག་གཞན་གཉིས་སུ་མི་འབྱེད་པས་ཕན་པ་ངང་གིས་འདོགས་པའམ་རྫོགས་པའི་ཆ་ནས་བྱམས་པ་ཆེན་པོའོ། །གཉིས་མེད་ངང་ལ་འགྱོད་བྱའི་ཡུལ་མེད་པས་མི་འགྱོད་པའི་ཆ་ནས་དགའ་བའི་མཆོག་སྟེ་དགའ་བ་ཚད་མེད་པ། བདག་གཞན་གཉིས་འབྲལ་བ་མེད་པ་འགྲོ་ཀུན་ལ་སྙོམས་པའི་ཆ་ནས་བཏང་སྙོམས་ཚད་མེད་དོ། །འདི་ནི་ཡེ་ཤེས་རང་གསལ་ཚད་མེད་བཞི་ཚང་ཚུལ་བརྩིས་པའོ། །དེ་ལྟར་ཚངས་པར་སྐྱེས་པའི་རྒྱུ་ཚད་མེད་བཞི་སྙིང་རྗེ་བསྒོམ་པ་ལ་ཚང་སྟེ་ངོ་བོ་གཅིག་པར་དུས་གཅིག་ལ་རྫོགས་པའོ། །རྒྱུའི་ཐེག་པར་ཡུལ་ཡུལ་ཅན་གྱིས་མངོན་པར་ཞེན་པའི་གདུང་བ་གསང་སྔགས་ཀྱི་སྙིང་རྗེ་ཡེ་ཤེས་སྒྱུ་མ་བསྒོམ་པ་དེ་ལ་མེད་དོ། །གཉིས་པ་སྙིང་རྗེའི་ཡུལ་ལ་དམིགས་དགོས་མི་དགོས་ཀྱི་ཁྱད་པར། རྒྱུའི་ཐེག་པར་ལྟར་ཡུལ་ཡུལ་ཅན་གྱི་གདུང་བ་མེད་པ་དེ་ཡི་ཕྱིར། རྒྱུ་ཡི་ཐེག་པར་འཁོར་བའི་རྒྱུ་མ་རིག་པ། རྐྱེན་ལས་ཉོན། འབྲས་བུ་སྡུག་བསྔལ་བ་དང་། དུས་ཐོག་མ་མེད་པ་དང་། རང་བཞིན་དེ་མ་ཡིན་པ་ལ་དེར་འཛིན་པའི་འཁྲུལ་བ་དང་། འཁྲུལ་ཚུལ་རྟེན་འབྲེལ་བཅུ་གཉིས་སུ་དུས་རྒྱུན་གྱིས་འཁོར་བ་དང་། ཉེས་པ་ཡང་དག་པའི་དོན་ལས་ཉམས་པ་དང་། ངོ་བོ་འགྲོ་དྲུག་སྣོད་བཅུད་སྣ་ཚོགས་སུ་སྣང་བ་དང་། དཔེ་ཐར་དཀའ་བས་ན་བརྩོན་གྱི་ར་བ་ལྟ་བུ་སྟེ། འབྲས་བུ་དང་ངོ་བོ་གཅིག་ཏུ་བསྡུས་པས་བརྒྱད་དང་ལྡན་པའི་ཡུལ་སེམས་ཅན་རྣམས་ལ་དམིགས་ནས་ཚད་མེད་བཞི་སྐྱེ་བ་དང་། སྔགས་ཀྱི་སྙིང་རྗེ་ཆེན་པོ་དེ་ཡིས་སྐྱེ་བྱ་སྐྱེད་བྱེད་གཅིག་པར་ཤེས་བཞིན་པས་ཚད་མེད་བཞི་སྙིང་རྗེ་ཆེན་པོ་གཅིག་ལ་ཚང་བར་འབྱུང་བ་ནི། ཕ་རོལ་ཕྱིན་པས་ཚད་མེད་བཞི་ཐ་དད་དུ་སྐྱེ་བ་དང་། སྔགས་ཀྱི་ཚད་མེད་བཞི་ངོ་བོ་གཅིག་ཅིང་ཡུལ་ཡུལ་ཅན་གཉིས་སུ་མེད་པས་དེ་གཉིས་མཚུངས་པའམ་འདྲ་བ་མ་ཡིན་ནོ། །བཞི་པ་ངོ་བོ་ལ་གཉིས་ཏེ། དང་པོ་མདོར་བསྟན། སྙིང་རྗེ་སྒྱུ་མ་དེ་དག་རང་གི་ངོ་བོ་ཉིད་བསྟན་པའང་གང་ཞེ་ན། དོན་ངོ་བོ་ངོས་བཟུང་བའི་རྣམ་གྲངས་བཞིན་དུ་མིང་གི་གྲངས་ཀྱང་འཇུག་སྟེ། བསྒོམ་བྱ་དོན་གྱི་ངོ་བོ་དང་། སྒོམ་བྱེད་རྣལ་འབྱོར་ཏིང་འཛིན་གྱི་ངོ་བོ་ཞི་ལྷག་ཟུང་དུ་འབྲེལ་བ་ཡིས། བསྒོམ་བྱ་སྒོམ་བྱེད་གཉིས་སུ་ཕྱེ་བས་ན་ཟུང་གཅིག་ཡ་གཉིས་སུ་འགྱུར་ལ། ཞོར་ལ་སྒོམ་པའི་ངེས་ཚིག་དང་གསུམ་དུ་འབྱུང་ངོ་། །གཉིས་པ་རྒྱས་པ་དེ་ལ་གཉིས། ངོ་བོ་དང་རྣམ་གྲངས་ཐུན་མོང་དུ་བསྟན་པ་དང་། ངེས་ཚིག་གོ། །དང་པོ་ལ་གཉིས། བསྒོམ་བྱ་དོན་གྱི་ངོ་བོའི་རྣམ་གྲངས་དང་། སྒོམ་པ་ཏིང་ངེ་འཛིན་གྱི་ངོ་བོའོ། །དང་པོ་ལ་གཉིས། སྒྱུ་མའི་ངོ་བོ་དྲུག་གི་དམིགས་རྒྱས་པར་བཤད་པ་དང་། སྒྱུ་མ་དམིགས་མེད་རང་སྣང་དགོས་ཆེད་དང་བཅས་པའོ། །དང་པོ་ལ་དྲུག །དང་པོ་ལོག་རྟོག་སྒྱུ་མ་ནི། དང་པོ་མདོར་བསྟན་པ་ལ་གསུམ་ཡོད་པའི་ངོ་བོ་དེ་ལ་དྲུག་ཡོད་པ་ལས་དང་པོ། ཡུལ་ཅན་དེ་མ་ཡིན་པ་ལ་དེར་འཛིན་གྱི་ལོག་རྟོག་སྣང་དུས་མ་གྲུབ་པས་སྒྱུ་མ་དེའི་ངོ་བོ་ནི། ཆོས་བདག་ཚོགས་བརྒྱད་ཀྱི་ཕ་འཛིན་དང་། གང་ཟག་བདག་ཕུང་ལྔ་རགས་འཛིན་དང་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་རྣམས། ངོ་བོ་མེད་པ་ལས་ངོ་བོ་རང་རྒྱུད་པར་ཡོད་པ་དང་རྟག་པ་བདེན་པ་ལ་སོགས་བར་བརྟགས་པས་གཉིས་འཛིན་གྱི་རྣམ་པར་རྟོག་པ་བདེན་སྟོང་སྒྱུ་མའི་ཀླུང་འབའ་ཞིག་ཏུ་གྱུར་པས་ན་ལོག་རྟོག་ཅེས་བྱ། རྒྱུ་རྐྱེན་ལས་སྐྱེས་པ་ལྟར་སྣང་བ་འཁྲུལ་བའི་བློ་དང་འགྱུར་ནས་མི་བདེན་ཅིང་བསླུ་བས་སྒྱུ་མའི་ངེས་ཚིག་འགྲུབ་བོ། །གཉིས་པ་རྟེན་འབྲེལ་སྒྱུ་མ། ཀུན་རྫོབ་ཏུ་རྒྱུ་རྐྱེན་ལ་བརྟེན་ཅིང་འབྲས་བུ་དང་འབྲེལ་བར་འབྱུང་བ་ཡང་དཔེ་ཤིང་རྟ་ཡི་འཕང་ལོ་བཞིན་དུ་འཁོར་བ། དེ་རང་རྒྱུད་དུ་མ་གྲུབ་སྟེ་འཇིག་རྟེན་གྱི་རྣམ་པར་རྟོག་པའི་རྟེན་འབྲེལ་དུ་སྣང་བ་གཟུགས་བརྙན་དང་འདྲ་བའི་ཕྱིར། དཔེར་ན་སྒྱུ་མ་ཡི་རྟ་གླང་ལྟ་བུར་ལས་ཉོན་གྱི་རྒྱུ་རྐྱེན་འཚོགས་པ་ལས་སྐྱེས་ཤིང་། འཕྲལ་དུ་བདེན་པ་ལྟར་སྣང་ནས་སས་བརྟེན་ཆུས་སྡུད་པ་སོགས་ཀྱི་བྱ་བ་ཀུན་ཀྱང་དོན་བྱེད་ནུས་པ་ལྟར་ཡང་། འགྲོ་བ་ལོག་རྟོག་ཅན་རྣམས་ལ་རང་དང་མཐུན་པར་སྣང་བར་ཟད་ཀྱི། དོན་སྣང་ལ་རང་བཞིན་མེད་པས་གཟུགས་བརྙན་དང་འདྲ་བའི་ཕྱིར་བློ་རིག་ཤེས་ཀྱིས་བརྟགས་པས་རང་རྒྱུད་པར་གྲུབ་པ་མེད་དེ་དབེན་པས། གཏན་ཚིགས་དེ་ཕྱིར་ཕྱི་ནང་གི་ཆོས་ཐམས་ཅད་མི་བདེན་དེ་རྫུན་པ་སྒྱུ་མ་ཙམ་ཡིན་ཏེ། ཀུན་རྫོབ་ཏུ་མིང་ཙམ་དུ་སྣང་བ་ལས་དོན་དམ་པར་དངོས་པོ་རང་བྱུང་དུ་མེད་དེ། ཡང་དག་ཏུ་བདེན་གྲུབ་འདོད་པ་མ་ཡིན་ནོ། །གསུམ་པ་ཡང་དག་སྒྱུ་མ། ཡང་དག་པར་བདེན་པ་ཉིད་དུ་གྲགས་སོ་ཅོག་འཁོར་འདས་སམ། ཡུལ་ཤེས་གཉིས་སུ་སྣང་བའི་དུས་ཉིད་ན་གང་དུ་ཡང་མ་དམིགས་པས་གྲུབ་པ་མེད་པས། སེམས་ཉིད་རང་སྣང་བའི་ཕྱིར་འཁོར་འདས་ཀྱི་དངོས་པོ་ཅིར་སྣང་ཡང་རྒྱུ་རྐྱེན་མེད་པར་རིག་པ་རང་ཤར་བ་ཡིན་པས་འཁོར་འདས་ཐ་དད་པར་སྣང་བའི་དུས་ལ་ངོ་བོ་ཕྱོགས་གཅིག་པ་གང་ཡང་ངེས་པ་མེད་ཅིང་། མེད་བཞིན་རང་གི་བློས་ཕྱེ་བས་ཇི་ལྟར་བལྟས་པར་སྣང་བ་དང་སྣང་བཞིན་དུ་ཕྱོགས་གཅིག་པར་ཐེར་ཟུག་མ་ཡིན་པས་རྟག་མཐའ་དང་བྲལ། སྣང་ཆ་མ་འགགས་པས་ཆད་པའི་མཐའ་དང་བྲལ་བའོ། །བཞི་པ་ཐབས་སྒྱུ་མ། རྒྱལ་བའི་སྐུ་ཕྱག་རྒྱར་སྣང་བ་ཡང་རྒྱུ་རྐྱེན་གྱིས་མ་སྐྱེས་པར། རང་གི་རིག་པའི་ཡེ་ཤེས་ཉིད་ལྷའི་སྐུ་ཕྱག་རྒྱ་སྒྱུ་མར་ཤར་ནས་སྣང་བ་དང་། ཁམས་གསུམ་འཁོར་བའང་སྣང་ཙམ་ལས་རྒྱུ་རྐྱེན་ལས་མ་སྐྱེས་པར་ཡེ་ཤེས་སྒྱུ་མར་ཤར་བ་དེ་བཞིན་ཡིན་པས་ཆོས་ཐམས་ཅད་རྩལ་འགག་པ་མེད་པའི་ཐབས་ཆེན་པོ་རིག་པ་ཡེ་ཤེས་སྒྱུ་མ་ཉིད་ནི་འཁོར་འདས་ཀྱི་ཆོས་ཀུན་གྱི་ངོ་བོ་ཡིན་ནོ། །ལྔ་པ་ཡེ་ཤེས་སྒྱུ་མ། ཡེ་ནས་ཆོས་ཀུན་ཡེ་ཤེས་སྒྱུ་མར་གནས་པ་ལ་ནི་རྟོག་པའི་བློ་ཡེ་ཤེས་སྒྱུ་མར་ཤར་བས་རོལ་ཞིང་། དེ་ལྟར་ཡེ་ཤེས་ལ་ཡེ་ཤེས་རོལ་པ་ཉིད་ཀྱང་རང་རྒྱུད་པར་མ་གྲུབ་པས་གསོག་སྟེ་སྙིང་པོ་མེད་དོ། །དྲུག་པ་ཕྱག་རྒྱ་སྒྱུ་མ། རྒྱལ་བ་སྤྲུལ་སྐུ་མངོན་སུམ་དུ་བྱུང་ཞིང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པ་དང་། སྤྲུལ་སྐུ་དེ་དག་འབྱུང་བའི་བྱིན་རླབས་ཀྱི་སྟོན་པ་ལོངས་སྐུར་སྣང་བའི་ཡེ་ཤེས་སྒྱུ་མ་ལྟར་བ་དེ་བཞིན་ཏེ། ཤཱཀ་རྡོར་གྱིས། བྱིན་གྱིས་བརླབས་པ་དང་ཆོས་སྟོན་པ་ལའང་གོང་གི་དེ་བཞིན་ཏེ། ཞེས་གསུངས། མཆན། གཉིས་པ་སྒྱུ་མ་གཉིས་མེད་རང་སྣང་དུ་དགོས་ཆེད་དང་བཅས་པ། དེ་རྣམས་རྒྱུ་རྐྱེན་གཞན་ལ་རག་ལུས་མེད་པའི་ཕྱིར་ན། ཡེ་ཤེས་སྒྱུ་མ་ཡི་ངོ་བོར་གཉིས་མེད་འཇིག་པ་དང་བྲལ་བས་རྡོ་རྗེ་སྟེ་དེའི་ངོ་བོ་འགྱུར་བ་མེད་པས་བཙན་པོ་ཞེས། འདུས་བྱས་ལས་ཁྱད་པར་གྱུར་པས་མཆོག་ཁོ་ནའོ། །ཡིན་ཚུལ་ནི་དོན་དམ་པར་འདུས་མ་བྱས་ཀྱི་སེམས་ཉིད་དེ་ཀུན་རྫོབ་ཏུ་འདུས་བྱས་སུ་རང་སྣང་བས་འདུས་བྱས་ཤར་ནས་སྣང་བའང་དབྱེར་མེད་པས་རྡོ་རྗེ་ཉིད་ཡིན་པའི་ཕྱིར་དེ་གཉིས་ངོ་བོས་ཐ་དད་པ་མིན་ནོ། །འོ་ན་སྣང་སྟོང་རེས་མོས་སུ་བསྒོམ་པ་ཅི་ཡིན་ན། གདུལ་བྱ་བློ་དམན་པ་ལྟར་སྣང་བ་ལ་སྣང་སྟོང་ངམ་བདེན་གཉིས་རེས་མོས་སུ་གོམས་པར་བྱེད་པའི་ཐབས་ཙམ་དུ་བསྟན་པར་ཟད་ཀྱི། སྒྱུ་མའི་དངོས་པོ་དྲུག་དོན་ལ་བདེན་པ་དབྱེར་མེད་དུ་སྟོན་པ་ལ་བདུན། དང་པོ་སྒྱུ་མའི་དངོས་པོ་དྲུག །ལོག་རྟོག་སྒྱུ་མ། རྟེན་འབྲེལ་སྒྱུ་མ། ཡང་དག་སྒྱུ་མ། ཕྱག་རྒྱ་སྒྱུ་མ། ཐབས་སྒྱུ་མ། ཡེ་ཤེས་སྒྱུ་མའོ། །དེའང་འཁོར་བའི་ངན་ཞེན་གཅོད་པའི་སྒྱུ་མ་གསུམ། འདས་པའི་བཟང་ཞེན་བཅད་པའི་སྒྱུ་མ་གསུམ་ཡིན་ལ། ཞེས་དཀྱུས་ལ་གསལ་བས་རིམ་པར་འཛིན་ནོ། །གཉིས་པ་སྒོམ་གྱི་ཏིང་ངེ་འཛིན་གྱི་ངོ་བོ། འགྲོ་བ་སེམས་ཅན་ལ་ཤེས་པའི་སེམས་རྒྱུད་སྐད་ཅིག་མ་གཅིག་ལ། ཉོན་མོངས་དང་ཡེ་ཤེས་གཉིས་དུས་གཅིག་ཏུ་མི་ལྡན་ཏེ། དེ་ལྟར་ཤེས་པའི་རྒྱུད་གཅིག་པོ་ཉིད་དོན་དམ་པར་མ་སྐྱེས་ལ་ཀུན་རྫོབ་ཏུ་སྒྱུ་མ་ཅིང་ཡང་མ་འགགས་པར་འཆར་ཏེ། དེ་གཉིས་དབྱེར་མེད་པས། གཟུང་བའི་ཡུལ་དང་འཛིན་པའི་སེམས་གཉིས་དང་བྲལ་བའི་རང་རིག་པ་ཉིད། ཡེ་ཤེས་སྒྱུ་མར་ངོ་བོ་མི་གཡོ་བས་ཞི་གནས། ཐམས་ཅད་གསལ་བས་ལྷག་མཐོང་ཡིན་ཏེ། དཔེ་ཆུ་དང་ཞེས་རྙོག་པ་མེད་པ་དྭངས་བར་ཟླ་བ་ཡི་གཟུགས་བརྙན་སྣང་བ་ཇི་བཞིན་དུ། ཞི་ལྷག་ཐ་དད་མིན་ཏེ་མཚུངས་པར་གསལ་བ་ཡེ་ཤེས་སྒྱུ་མ་ཏིང་འཛིན་གྱི་ངོ་བོར་བརྗོད་དོ། །གཉིས་པ་ངེས་ཚིག་ནི། རང་གི་སེམས་ཉིད་ལས་མ་གཏོགས་པའི་འཁོར་འདས་ཀྱི་ཆོས་གཞན་མེད་པའི་ཕྱིར། བསྒོམ་བྱ་ཡེ་ཤེས་སྒྱུ་མ་ཡང་སེམས་ལས་གཞན་ན་མེད་དེ། ཡེ་ཤེས་སྒྱུ་མ་ཡི་སྣང་བའི་སེམས་ཉིད་དུ་ཞེན་པ་ཆགས་པ་དང་བྲལ་བ་དེ་ལ་ཐ་སྙད་ཀྱི་ཆ་གསུམ་དུ་བསྒོམ་ཞེས་བྱ་བའི་ངེས་ཚིག་གོ། །ལྔ་པ་མི་མཐུན་པའི་སྐྱོན་ལ་གཉིས། དང་པོ་མདོར་བསྟན། ཀུན་སྣང་གི་ཏིང་འཛིན་དང་མི་མཐུན་པའི་སྒྲིབ་པའི་སྐྱོན་གྱི་དམིགས་གཟུང་བ་ནི། སྐྱོན་སྐྱེད་པར་བྱེད་བའི་རྒྱུ་དང་། སྐྱོན་རང་གི་ངོ་བོ་དང་སྐྱོན་དབང་དུ་སོང་བའི་ཉེས་པ་བསྟན་པ་ནི་གསུམ་ཞེས་བྱའོ། །གཉིས་པ་རྒྱས་བཤད་ལ་གསུམ། དང་པོ་སྐྱོན་གྱི་རྒྱུ། སྙིང་རྗེ་སྒྱུ་མའི་ཏིང་འཛིན་ལ་མ་གོམས་པ་དང་། མི་དགོས་བཞིན་དུ་བརྩོན་འགྲུས་ཆེད་དུ་བྱེད་པས་གོམས་བརྟན་གྱི་སྐྱོན་འབྱུང་བར་བྱེད་དེ། དཔེར་ན་རྒྱུ་མེ་ཡོད་པ་དང་འབྲས་བུ་དུ་བའི་ཚུལ་བཞིན་དུ། རྒྱུ་བདག་ཏུ་འཛིན་པ་བསྒོམ་བྱ་སྒོམ་བྱེད་དམ་གང་ཟག་དང་ཆོས་བདག་རྣམ་པ་གཉིས་ཀྱིས་འབྲས་བུ་སྒྱུ་མའི་ཏིང་འཛིན་གསལ་དུ་མི་སྟེར་བའི་སྒྲིབ་པ་ཡི་སྐྱོན་རྣམས་རྒྱུད་ལ་འབྱུང་བར་བྱེད་དོ། །གཉིས་པ་ངོ་བོ་ལ་གཉིས། ཏིང་ངེ་འཛིན་ལ་གནས་དུས་ཀྱི་སྐྱོན་དང་། ཁམས་ཀྱི་སྐྱོན་ནོ། །དང་པོ་ལ་གཉིས། དང་པོ་སྤྱིའི་སྐྱོན་འབྲིང་དང་ཉུང་བར་བསྟན་པ། སྙིང་རྗེ་སྒྱུ་མའི་སྔོན་དུ་དེ་ཏིང་སྟོང་པ་ཆེན་པོ་ཇི་བཞིན་པ་ཉིད་ལ་བརྟན་པ་ཐོབ་མོད་ཀྱང་། རྒྱུ་ཏིང་དང་འབྲས་བུ་ཕྱག་རྒྱ་གཅིག་སྤྲོས་གཉིས་ཀྱི་མཚམས་སྦྱོར་བའི་སྙིང་རྗེ་སྒྱུ་མའི་སྐབས་འདིར་སྐྱོན་གཡུང་བ་ཙམ་མ་གཏོགས་པ་མི་འབྱུང་བ་མིན་པས། འོན་ཀྱང་དེ་ཏིང་སྐབས་སུ་བརྗོད་པའི་སྐྱོན་གྱི་བྱེ་བྲག་ཀུན་དེ་ཏིང་ལས་འདིར་ངོ་བོ་འབྲིང་པོ་དང་། གྲངས་བག་ཙམ་གྱིས་ཉུང་བར་འབྱུང་ངོ་། །ཐ་མལ་རྟོག་པ་རགས་པ་དང་མང་བའི་སྐྱོན་གྱི་རྐྱེན་རྣམས་སྤོང་བའི་འདུ་བྱེད་བརྒྱད་ཀྱིས་སྤངས་ཤིང་། དེ་ཏིང་ལ་སྔར་གོམས་པས་ཐ་མལ་གྱི་རྐྱེན་རགས་པ་སྔར་བས་དཀོན་ནོ། །གཉིས་པ་ཁྱད་པར་གྱི་སྐྱོན། འོན་ཀྱང་སྙིང་རྗེ་ཆེན་པོ་འདི་ཉིད་བསྒོམ་དུས་རྒོད་པའི་སྐྱོན་སེམས་ཡུལ་ལ་འཕྲོ་བ་དང་། བྱིང་བས་ནང་དུ་སྡུད་པ་དང་། ཡུལ་མ་ངེས་པའི་ས་ཕྱོགས་སུ་མཁར་ཁྱིམ་དང་བཅས་པ་མཐོང་ནས་སེམས་དེ་ཕྱོགས་ཤོར་བ་དང་། ས་ཆུ་མེ་རླུང་ལ་སོགས་ཟད་པར་གྱི་སྐྱེ་མཆེད་མཐོང་ནས་དེའི་རྗེས་སུ་སེམས་འབྲང་བ་དང་། ཁ་དོག་གཅིག་ཏུ་མ་ངེས་པའི་མདོག་སྣ་ཚོགས་མཐོང་བ་དང་། གཉིས་པ་ཁམས་ཀྱི་སྐྱོན། མེ་མཁྲིས་པ། ཆུ་ཁྲག །རླུང་དངོས། ས་བད་ཀན་ཏེ་འབྱུང་བ་བཞིའི་ཁམས་ཀྱི་ཆ་འཁྲུལ་བས། ཏིང་ངེ་འཛིན་དོན་མི་གསལ་བའམ། ཁ་དོག་གམ་མདོག་སྟེ། མཁྲིས་པ་ལྗང་གུའམ་སེར་པོ། ཁྲག་དམར་པོ། རླུང་སྔོ་སྐྱའམ་སྐྱ་བོ། བད་ཀན་སྨུག་པོ་ལ་སོགས་པའི་ནད་ཁམས་ཀྱིས་ཁ་དོག་མཐོང་ནས། ཁམས་འཁྲུགས་པའམ། རྟོག་པའི་སྐྱོན་རྣམས་གང་ཡིན་པ་བལྟ་བར་བྱའོ། །ས་གཡོས་པ་མཐོང་བའང་། འབྱུང་བ་དང་། བདུད་དང་། བྱང་སེམས་དང་། ཉམས་རྟགས་དང་། ཁམས་འཁྲུགས་པ་དེ་དག་གང་ཡིན་ཆ་དབྱེའོ། །གསུམ་པ་སྐྱོན་ཀྱི་ཉེས་པ་ནི། དཔེར་ན་ནམ་མཁའ་དྭང་བ་ལ་སྤྲིན་གྱིས་ཉི་མ་སྒྲིབ་པ་དང་། ལིང་ཏོག་གིས་མིག་སྒྲིབ་པ་དང་། མུན་པ་ཡིས་རྫས་མི་གསལ་བར་སྒྲིབ་པ་བཞིན་དུ། སྐྱོན་གྱི་རྣམ་པ་གང་ཡིན་པ་དེ་དག་རྒྱུད་གཞུང་ལས་གྲགས་པའི་ཐུན་མོང་དང་། ཁྱད་པར་གྱི་སྐྱོན་གྱི་བྱེ་བྲག་ཕྲ་བ་དང་རགས་པའི་ཆ་ཡིས་ཡེ་ཤེས་སྒྱུ་མའི་དོན་བློ་ལ་མི་གསལ་བ་དང་། ཉམས་སྐྱེ་བ་ལ་ཤིན་ཏུ་བུལ་བར་བྱེད་པའི་སྐྱོན་ཡོད་དོ། །དྲུག་པ་བཅོས་ཐབས་ལ་གཉིས། དང་པོ་ཉེ་བར་བསྟན་པ། སྔོན་དེ་ཏིང་སྐབ ས་བསྟན་པ་བཞིན་དུ་རྣམ་པར་རྟོག་པའི་ནད་ཀྱི་སྐྱོན་བཅོས་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་བཤད་ལ་གསུམ། ཉམས་སམ་བློ་དང་སྦྱར་བའི་བཅོས་ཐབས། ཁམས་སྐྱོན་བཅོས་ཐབས། ཏིང་འཛིན་ལ་གནས་དུས་ཀྱི་སྐྱོན་བཅོས་ཐབས་སོ། །དང་པོ་ལ་གསུམ། དང་པོ་བློ་རབ་ལ་རང་བྱུང་རང་ཤར་དུ་གྲོལ་བ། སྔོན་དུ་རང་གི་ཤེས་བཞིན་གྱི་བྱ་ར་བས་རྟོག་སྐྱོན་སོ་མཐས་ཆོད་དེ་སྐྱོན་ངོས་ཟིན་པར་བྱ་སྟེ། དེ་ལྟར་སྐྱོན་ངོས་ཟིན་པར་གྱུར་ན་རྐུན་པོ་བྱུང་པར་ཚོར་ན་བྲོས་པའི་ཚུལ་བཞིན་དུ། སྐྱོན་ཆེད་དུ་མ་བསལ་ཀྱང་སྐྱོན་གྱི་རང་བཞིན་ཆོས་ཉིད་ཡེ་ཤེས་སྒྱུ་མའི་ངང་དུ་དང་བར་འགྱུར་ཏེ། ཅིའི་ཕྱིར་ན་རྣམ་རྟོག་གི་སྐྱོན་གྱི་མཚན་མ་བཟང་ངན་ཕྲ་རགས་ཅི་དང་ཅི་སྐྱེས་ཀྱང་། སེམས་ཉིད་ཡེ་ཤེས་སྒྱུ་མ་ཉིད་དུ་རང་སྣང་བའི་ཕྱིར། དེ་ཏིང་གི་བདེ་བ་ལ་ཆགས་ཤིང་རྟོག་པའི་སྐྱོན་ལ་ཞེ་སྡང་པ་དང་། དྲོད་རྟགས་འབྱུང་དུ་རེ་བ་དང་། གོལ་དུ་དོགས་པའི་བློ་མི་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། སྐྱོན་གྱི་བྱེ་བྲག་ཐམས་ཅད་ཡེ་ཤེས་སྒྱུ་མ་ཉིད་རང་སྣང་བ་ལས་གཞན་དུ་གྲུབ་པ་མིན་པའི་ཕྱིར་རོ། །གཉིས་པ་ཐ་མལ་འཁྲུལ་པའི་ལོ་རྒྱུས་བྱས་ཏེ་སྙིང་རྗེ་བསྐྱེད་ནས་སྟོང་པ་དང་ཟུང་འཇུག་ཏུ་སྦྱངས་ནས་བཅོས་པ་ནི། གོང་གི་སྐྱོན་བཅོས་ཐབས་གཉིས་པོ་དེ་ལྟར་གྱི་དོན་དང་མ་ལྡན་པའི་རྣལ་འབྱོར་པ་བློ་ཆུང་བ་གང་དག་གིས། རྟོག་པའི་སྐྱོན་སྐྱེ་བ་ཚོར་ནས་རྟོག་པ་དེ་དག་གི་ལོ་རྒྱུས་དེ་ཉིད་དེ་དང་པོ་རྒྱུ་གང་ལས་བྱུང་། བར་དུ་ངོ་བོ་གང་ཡིན་ལ་སོགས་ཤེས་རབ་ཀྱིས་དཔྱད་པས་སྐྱོན་སྟོང་ཉིད་དུ་ཤར་ནས་ཞིའོ། །གསུམ་པ་འབྲིང་ལ་རྟོག་པའི་གནས་ཡུལ་བལྟ་སྟེ་སྙིང་རྗེ་སྐྱེ་ནས་སྟོང་པ་དང་ཟུང་འཇུག་ཏུ་སྦྱང་བ། ཡང་ན་གང་ནས་སྐྱེ་བའི་རྟོག་པའི་དབང་པོ་སྒོ་ལྔ་གནས། ཡུལ་གཟུགས་སོགས་དྲུག །གནས་དང་ཡུལ་བལྟ་བས། རང་བཞིན་མེད་པར་དེ་མཐོང་ན་སྐྱོན་མུན་པཙཡ་ལྟ་བུ་རྣམ་པར་དག་ཅིང་སངས་པར་འགྱུར་རོ། །གཉིས་པ་ཁམས་ཀྱི་བཅོས་ཐབས། རང་འདོད་པ་མིན་པའི་ཁ་དོག་ལྔ་མཐོང་བ་ན། འབྱུང་བ་འདུ་བ་བཞི་ཡི་གཉེན་པོས་ཞེས། སྨན་དཔྱད་ཀྱིས་གཞིལ་ཏེ་ནད་མེད་པར་བྱེད་པ་ལྟ་བུའོ། །གསུམ་པ་ལ་གཉིས། དང་པོ་རྒོད་པའི་སྐྱོན། སྔོན་དེ་ཏིང་བཞིན་སྔར་འདས་ཀྱི་རྗེས་སུ་འབྲང་བ་དང་ཕྱིས་མ་འོངས་པ་ཡིད་ལ་སྔོན་དུ་བྱེད་པ་དང་། ད་ལྟ་རང་བཞིན་གྱི་ཡུལ་གྱི་རྐྱེན་གྱིས་དགྱེས་ཤིང་འཕྲོ་རྒོད་སྐྱོན་བྱུང་བ་ཚོར་ན་འཁོར་བའི་ཐོག་མཐའི་ཉེས་པ་ལ་བསམ་སྟེ། འཁོར་བ་ལ་སྐྱོ་བ་བསྐྱེད་ལ་སྙིང་རྗེ་བསྐྱེད་ནས་རྒོད་པའི་སྐྱོན་རྣམས་དོར་ཏེ་ཏིང་འཛིན་ལ་དྲན་པའི་ཐག་པས་བཅིང་ངོ་། །གཉིས་པ་བྱིང་བའི་སྐྱོན་ནི་གང་ཞིག་བསྒོམ་པའི་ཚེ་ན་སེམས་ནང་དུ་ཐིམ་པས་ཏེ་བྱིང་རྨུགས་སུ་སོང་ན་ཁྲུས་བྱ་སྐོར་བ་བྱ་ཞིང་ལུས་བཅགས་ཁམས་བསང་ངོ་། །དྲོད་རྟགས་ལ་བྲོད་པས་དད་པ་སྐྱེད་ནས་ཏིང་འཛིན་ལ་འཇུག་ཅིང་སེམས་གཟིངས་བསྟོད་པར་བྱའོ། །བདུན་པ་ཉམས་ལ་གཉིས། དང་པོ་མདོར་བསྟན། གོང་དུ་བསྟན་པ་དེ་ལྟར་བློ་བཞག་ཐབས་ཀྱིས་བཞག །སྐྱོན་བཅོས་ཐབས་ཀྱིས་དེ་དང་དེ་ལྟར་བཅོས་ཤིང་བརྩོན་འགྲུས་ཀྱིས་བསྒོམ་པར་གྱུར་པའི་སྐབས་སུ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་ཉིད་ཀྱིས་ཉམས་གོང་ནས་གོང་དུ་འཕེལ་བའང་ལྔ་སྟེ་གང་ཞེ་ན་གཡོ་བ་དང་། ཐོབ་པ། གོམས་པ་དང་། བརྟན་པ། མཐར་ཕྱིན་པའི་ཉམས་ཀྱིས་འོག་ནས་གོང་དུ་འགྲོ་བ་བསྒོམ་བྱའི་དོན་གྱི་ངོ་བོ་ཡེ་ཤེས་སྒྱུ་མ་ལ་ཐ་དད་མེད་ཀྱང་། སྒོམ་བྱེད་ཀྱི་བློའི་སྒྲིབ་པ་རབ་རིབ་དག་མ་དག་གམ་ཚབ་ཆེ་ཆུང་གི་ཆས་ཉམས་རིམ་པ་ལྔར་བརྗོད་དོ། །གཉིས་པ་རྒྱས་པ་ལ་ལྔ། དང་པོ་གཡོ་བའི་ཉམས་ནི། ཏིང་འཛིན་རྩེ་གཅིག་མི་སྡོད་པར་འཕོ་ཞིང་ཡུལ་སོ་སོར་འགྱེས་པའི་རྒོད་པ་དང་། ནད་དུ་ཐིམ་པ་ཡིས་བྱིང་བའི་སྐྱོན་རྣམས་དཔེར་ན་རླུང་དྲག་པོས་དེད་པའི་ཆུ་ཡི་གཉེར་མ་དང་འདྲ་བར་དོན་ལ་བློ་གནས་པ་དེ། ཏིང་འཛིན་རྟོག་པ་འདྲེས་མར་ཅུང་ཟད་ཡོད་པ་ནི། ཉིན་ཞག་གཅིག་ལ་ཐུན་དྲུག་ཅུ་རྩ་བཞིར་ཕྱེ་བའི་ཐུན་གྱི་ཚད་གཅིག་གི་སུམ་གཉིས་རྟོག་པ་ཉི་ཚེ་བ་རྒྱུ་བ་དང་། སུམ་ཆར་རྟོག་པ་དང་ཆོས་ཉིད་འདྲེས་མར་ཡོད་པའོ། །གཉིས་པ་ཐོབ་པའི་ཉམས། ཉིན་ཞག་གཅིག་ལ་ཐུན་སོ་གཉིས་སུ་དགོས་པའི་ཐུན་གཅིག་གི་བཞི་ཆའམ་ལྔ་ཆར་རྟོག་པ་དེ་མེད་ཅིང་ཆོས་ཉིད་འབའ་ཞིག་རྒྱུ་ལ། བཞི་གསུམ་མམ་ལྔ་བཞི་ནི་རྟོག་པ་དང་ཆོས་ཉིད་འདྲས་མར་རྒྱུ་བས་ན་ཐོབ་པའི་ཉམས་སོ། །གསུམ་པ་གོམ་པའི་ཉམས། ཉིན་ཞག་གཅིག་ལ་བཅུ་དྲུག་ཏུ་བགོས་པའི་ཆ་གཅིག་ལ་ཐུན་རེ་བྱས་པའི་ཐུན་རྐྱང་ཙམ་དུ་རྟོག་པ་མེད་པར་བསྒོམ་ནུས་ཤིང་ཆོས་ཉིད་གསལ་བ་དང་ལྡན་པ་རྟོག་པའི་དབང་དུ་ཅུང་ཟད་ཙམ་འགྲོ་བ་ནི། དཔེར་ན་ཆུ་ཀླུང་དལ་བར་འབབ་པའི་ཆུ་འགྲོ་ཡང་འགྲོ་བར་མི་མངོན་པའི་ཚུལ་བཞིན་ནོ། །བཞི་པ་བརྟན་པའི་ཉམས། སྒོ་གཏན་པའི་རྫས་རྒྱང་འདན་བཅུག་ན་རླུང་གིས་མི་བསྒུལ་བ་ལྟར། ཞག་གཅིག་ལ་བརྒྱད་དུ་བགོས་པའི་ཐུན་རེར། རྣམ་པར་རྟོག་པའི་རླུང་གིས་ཏིང་འཛིན་མི་བསྒུལ་བར་རྩེ་གཅིག་ཏུ་གཞི་རིག་པ་སྒྱུ་མ་ལ་བརྟེན་པར་གནས་པའོ། །ལྔ་པ་མཐར་ཕྱིན་པའི་ཉམས། ཆོས་ཉིད་གསལ་བའི་ཚད། མིག་གིས་གཟུགས་ལ་བལྟ་བ་ལྟར་དབང་པོའི་མངོན་སུམ་དུ་ཕྱི་ནང་གི་སྣང་བ་གང་སྣང་ཐམས་ཅད་རང་བཞིན་མེད་པ་རིག་པ་རང་གསལ་བར་བྱས་པ་ཡི་དོན་ཡེ་ཤེས་སྒྱུ་མ་ལ་བསྐྱེད་འདོན་ཞིང་བོགས་དབྱུང་དུ་བྱར་མེད་པའི་ཕྱིར་ཉམས་ལྔའི་མཐའ་མ་མཐར་ཕྱིན་པའི་ཉམས་ཞེས་བྱའོ། །བརྒྱད་པ་སྤྱོད་པ་ལ་གཉིས། སྔོན་བྱུང་རྒྱལ་བའི་མཛད་སྤྱོད་སྤྱོད་པའི་གཞིར་བསྟན་པ་དང་། རྗེས་འཇུག་གི་ལམ་པ་རྣལ་འབྱོར་པའི་སྤྱོད་པའོ། །དང་པོ་ལ་གཉིས། དང་པོ་ལམ་ཟུང་འཇུག་ཏུ་བསྒོམ་པ་ས ངས་རྒྱས་ཀྱི་དགོངས་པར་ཤེས་པ། སྙིང་རྗེ་ཆེན་པོའི་རྣལ་འབྱོར་ཡེ་ཤེས་སྒྱུ་མ་སྒོམ་པ་པོས། སྲིད་གསུམ་འཁོར་བའི་ཆོས་ཐམས་ཅད་དོན་དམ་བྱང་ཆུབ་སེམས་སམ་ཡེ་ཤེས་སྒྱུ་མ་དང་འདྲ་བར་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བླ་མེད་བྱང་ཆུབ་ལ་མཁས་པས་ཤེས་པ་ལྟར་ཤེས་ནས་ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་འགྲོ་རྣམས་འཁོར་བ་ལས་སྒྲོལ་བའི་ཆེད་དུ་གཞན་དོན་གྱི་གོ་ཆ་བགོས་ཏེ། སྲིད་གསུམ་གྱི་འགྲོ་བ་སེམས་ཅན་རྣམས་ཡེ་ཤེས་སྒྱུ་མ་དང་འདྲ་བར་དེ་ལྟར་སྔ་མ་ནས་ཡིན་པར་ཤེས་པའོ། །གཉིས་པ་འབྲས་བུ་ཐམས་ཅད་མཁྱེན་པས་གདུལ་བྱ་ལ་གཟིགས་པ་ལྟར་ཤེས་པར་གདམས་པ། དུས་ཐམས་ཅད་དུ་འཁོར་འདས་ཆོས་རྣམས་རང་རིག་ཁོ་ན་ཡིན་པའི་ཕྱིར། དེ་མ་ཡིན་པར་དེར་འཛིན་ལོག་པར་རྟོག་པ་སྟེ་ཡེ་ཤེས་རང་ངོ་མ་ཤེས་ལྷན་སྐྱེས་དང་ཀུན་ཏུ་བརྟགས་པའི་མ་རིག་པ་སྟེ། དེ་ལས་ལོག་པ་ནི་རྣམ་པར་དག་ཅིང་རྒྱུད་དག་པའི་དེ་བཞིན་གཤེགས་པའོ། །འགྲོ་རྣམས་རང་རིག་ཡེ་ཤེས་མཉམ་པའི་དབྱིངས་ལས་མི་གཞན་ཕྱིར། མ་ཧཱའི་ལུགས་ལ་ཡུལ་ཡུལ་ཅན་གཉིས་སུ་མེད་པའི་ཕྱིར་ཐུགས་རྗེ་ཆེན་པོས་སངས་རྒྱས་ཀྱི་ཡེ་ཤེས་དང་། སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་དང་འཁོར་འདས་ངོ་བོ་གཅིག་པར་འབྲེལ་བས་ན་གཉིས་མེད་ཕྱིར། འགྲོ་དྲུག་གི་སྣང་བ་བདེན་མེད་ཅི་ལྟ་བ་བཞིན་དགོངས་པས་ཅི་ལྟ་བ་མཁྱེན་པའི་ཡེ་ཤེས། དུས་སྔ་ཕྱི་དང་གནས་མཐོ་དམན་སོགས་ལྷག་མ་མ་ལུས་པར་སྣང་བ་ཀུན། རྒྱལ་བའི་ཡེ་ཤེས་ཀྱིས་དགོས་པས། ཇི་སྙེད་མཁྱེན་པའི་ཡེ་ཤེས་ཁོ་ནའོ། །རྒྱལ་བ་དེའི་རྗེས་སུ་འཇུག་པའི་སྙིང་རྗེ་ཆེན་པོའི་རྣལ་འབྱོར་པས་སྤྱོད་པའང་ཆོས་ཉིད་དེ་བཞིན་ཤེས་པར་བྱའོ། །གཉིས་པ་རྗེས་འཇུག་གི་རྣལ་འབྱོར་པའི་སྤྱོད་པ་དེ་ལ་གཉིས། ཤེས་ཚུལ་དང་། སྤྱོད་ཚུལ་ལོ། །དང་པོ་ལ་གཉིས། དང་པོ་ཡེ་ཤེས་སྒྱུ་མར་ཤེས་པ་དངོས། དོན་དམ་ཆོས་ཉིད་དེ་བཞིན་ཉིད་སྐྱེ་བ་མེད་པའི་དབྱིངས་ཉིད་ཀུན་རྫོབ་ཏུ་ཆོས་ཀྱི་བྱེ་བྲག་རྣམ་པ་སྣ་ཚོགས་པ་མང་པོའི་རྣམ་གྲངས་སུ་མ་འགགས་པ་ནི་སྣང་བའི་ཐབས་སུ་སྣང་། ཐབས་མ་འགགས་པར་སྣང་བ་དེ་ཉིད་སྣང་བ་འགག་མེད་སྒྱུ་མ་སྣང་ལ་ངོ་བོ་མེད་པས་མིག་ཡོར་སྣང་ལ་བཟུང་དུ་མེད་པས་ཆུ་ཟླ་གསལ་ལ་སྟོང་པས་གཟུགས་བརྙན་བཞིན་དུ། ཐབས་སྣ་ཚོགས་སུ་སྣང་བ་དེ་ཉིད་རང་གི་རིག་པ་ཡེ་ཤེས་སྒྱུ་མའི་ངོ་བོར་སྣང་བས་གང་ལ་ཡང་ཆགས་པ་མེད་ཅིང་སྣ་ཚོགས་ཀུན་ཏུ་རང་སྣང་ངོ་། །གཉིས་པ་དེ་ལ་གནས་པའི་ཕན་ཡོན་ནི། དེ་ལྟར་སྒྱུ་མར་སྣང་བའི་ཐབས་དང་། རང་རྒྱུད་དུ་མི་འཛིན་པའི་ཤེས་རབ་དང་། དེ་གཉིས་དབྱེར་མེད་དུ་རྟོགས་པའི་གདངས་དང་ལྡན་པ་ཐེག་པ་མཆོག་གི་ཏིང་འཛིན་ལ་གནས་སུ་གྱུར་པས་ན། གཞན་གྱི་དོན་ཇི་ལྟར་སྤྱད་ཀྱང་བག་ཆགས་སུ་མི་འགྱུར་ལ། ཡོན་ཏན་ཟད་པ་མེད་ཅིང་བདག་གཞན་གྱི་དོན་གཉིས་ཀྱིས་ཚོགས་གཉིས་འགྲུབ་སྟེ་ལམ་ལ་སྒྲིབ་པར་མི་འགྱུར་ཞེས་པའམ་དོན་ལ་སྒྲིབ་པར་མི་འགྱུར་རོ། །རང་རྒྱུད་པར་མི་འཛིན་པའི་ཤེས་རབ་དང་། མ་འགགས་པའི་ཐབས་ཆེན་དེ་གཉིས་སུ་མེད་པའི་མཆོག་རྟོགས་པའི་ངང་ལ་ཡེ་ནས་གནས་བཞིན་དུ་འཛིན་མེད་དུ་སྤྱོད་པས་རོལ་པ་ཡིན་ཞེས་སྨོས་པའོ། །གཉིས་པ་སྤྱོད་ཚུལ་ལ་གཉིས། གཞན་གྱི་དོན་དང་། བདག་དོན་སྤྱོད་པའོ། །དང་པོ་ལ་གསུམ། ཚད་མེད་བཞིས་གཞན་དོན་བྱེད་པ་དང་། གོང་བཞིན་རྐྱེན་དང་འཕྲད་ན་ཕྲིན་ལས་ལ་སོགས་བྱེད་ཅིང་བདག་དོན་ལ་གཞན་དོན་རྫོགས་པ་དང་། དོན་བྱེད་ཡུལ་ལ་སོགས་པ་འོག་མ་ལས་ཁྱད་པར་སྤགས་ཚུལ་ལོ། །དང་པོ་ལ་བཞི། དང་པོ་ཆོས་ཀུན་བྱང་ཆུབ་སེམས་སུ་གཅིག་པའི་རྩལ་སྙིང་རྗེས་ཀུན་ལ་ཁྱབ་ཚུལ། ཡོངས་སུ་རྫོགས་པའི་དབང་དུ་བྱང་ཆུབ་སེམས་སུ་སངས་རྒྱས་དང་སེམས་ཅན་ངོ་བོ་ཉིད་ཀྱི་རྒྱ་གཅིག་པས་ན། ཚད་མེད་བཞིའི་རྩ་བ་གཉིས་སུ་མེད་པའི་སྙིང་རྗེ་ཆེན་པོ་ལས་འབྱུང་བའོ། །གཉིས་སུ་མེད་ན་སྙིང་རྗེ་ལ་ངེས་ཚིག་མེད་སྙམ་པ་ལ། སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པར་ཡེ་ཤེས་སྒྱུ་མར་གཅིག་ཏུ་རྟོགས་ན། གཉིས་མེད་དུ་རྟོགས་པའི་སྙིང་རྗེ་ཆེན་པོ་སྐྱེ་ཞེས་དེ་ལ་བྱའོ། །ཐམས་ཅད་ལ་ཁྱབ་བརྡལ་ཆེན་པོར་རྟོགས་པའི་བློ་ནི་ཕྱོགས་གཅིག་ཐུག་པ་མེད་པའི་ཕྱིར་ཆོས་ཀུན་ཏུ་ཤར་བས་ན་སྣང་ཞེས་བྱའོ། །གཉིས་པ་སྙིང་རྗེས་ཕན་འདོགས་ཤིང་སྐྱོབ་པའི་བྱམས་པ། ཀུན་རྫོབ་སྒྱུ་མའི་ཐབས་ཆེན་ཀུན་གྱིས་གདུལ་བྱའི་དོན་མཛད་པ་དེའི་ངོ་བོ་ཡེ་ཤེས་སྒྱུ་མ་ཡིན་ལ། དེ་ལ་བསྒྲིབ་པ་མེད་པས་འོད་གསལ་བ་གདུལ་བྱ་འདུལ་བྱེད་གཉིས་སུ་མི་ཕྱེད་པས་བྱམས་པ་ཚད་མེད་པའོ། །དེ་ལྟར་བྱམས་པ་ཆེན་པོས་གདུལ་བྱ་ཐམས་ཅད་དགྱེས་པར་མཛད་པ་དེ་ཉིད་འབྱུང་ཁུངས་སུ་གྱུར་པས་དབྱིངས་སྙིང་རྗེ་ཡེ་ཤེས་སྒྱུ་མ་བསྒོམ་པའི་དུས་མ་ཡིས་བུ་ལ་གདུང་བ་ལྟར་འགྲོ་དྲུག་སེམས་ཅན་ལྷག་མ་མ་ལུས་པ་ཐམས་ཅད་ལ། བྱམས་པ་དང་སྙིང་རྗེ་ཆེན་པོའི་ཐག་པ་དུས་རྒྱུན་མ་ཆད་པར། ཉོན་མོངས་པས་བཅིངས་པ་འཁོར་བའི་ལམ་ལས་བྱམས་པས་གྲོལ་བར་བྱེད་ཅིང་། གདུལ་བྱ་ལ་ཕན་འདོགས་པའི་བྱམས་པ་ཚད་མེད་པ་དག་གིས་གདུལ་བྱ་མཉེས་པར་གྱིས་ཤིག །གསུམ་པ་འགྲོ་བའི་དོན་ལ་མི་སྐྱོ་ཞིང་དགའ་བས་དགའ་བ། བྱམས་པའི་དོན་སྙིང་རྗེ་ལས་འབྱུང་བ་དེ་བཞིན་དུ་འཁོར་བའི་གནས་ལས་ཐར་དཀའ་བརྩོན་ར་དང་འདྲ་བར་ཆུད་པའི་སེམས་ཅན་ལ། སྙིང་རྗེ་ཆེན་པོ་ཞགས་པ་དང་འདྲ་བ་ཆེར་བརྐྱང་ནས། འཁོར་བ་ཉོན་མོངས་པ་འདམ་དང་འདྲ་བའི་ནང་ནས་ཐར་པའི་སྐམ་སར་འདྲེན་པར་བྱེད་པ་ལ། སྙིང་རྗེ་ཆེན་པོ་ཡེ་ཤེས་སྒྱུ་མའི་སྒོ་ནས་འགྲོ་དོན་འབྱུང་བ་ལ་སྐྱོ་བར་མ་བྱེད་ཅིག །སྙིང་རྗེ་འགྲོ་དོན་ལ་མི་སྐྱོ་བ་དེ་བཞིན་དུ་གདུལ་བྱའི་སྐྱེ་བོ་ཕལ་མོ་ཆེ་རྣམས་ལ། ལས་ངན་གྱི་སྒྲིབ་པས་རང་རྒྱུད་ལ་མི་གོས་ཤིང་སྐྱེ་བོ་སེམས་ཅན་ཐམས་ཅད་ཡེ་ཤེས་སྒྱུ་མར་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ནས་དགའ་བ་ཚད་མེད་པ་དག་ལ་འགྱོད་པ་མ་བྱེད་ཅིག །བཞི་པ་ཕྱོགས་རིས་མེད་པར་བཏང་སྙོམས་པའི་བཏང་སྙོམས་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གང་ཟག་གི་བདག་ང་དང་ཆོས་ཀྱི་བདག་མེད་པ་ལ་གཉིས་མེད་དུ་རྟོགས་པའི་ཐུགས་རྗེ་ཆེན་པོས་བདག་གཞན་ནམ་ཉེ་རིང་གཉིས་སུ་རྟོག་པའི་བློས་མི་འབྱེད་དེ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པུ་ལ་མས་བྱམས་པ་དང་འདྲ་བར་བྱམས་སྙིང་རྗེ་བློ་ཉེ་བར་བཞག་པར་བྱ་ཞིང་། དེ་ཡང་དུས་ཐམས་ཅད་དུ་སེམས་ཅན་ལ་ཕྱོགས་རིས་ཀྱི་དྲི་མ་མེད་པར་བཏང་སྙོམས་པར་བྱའོ། །གཉིས་པ་ནི་སྟོང་ཆེན་སྔོན་དུ་རྫོགས་པའི་དོན་བྱ་བའི་རྐྱེན་གདུལ་བྱ་དང་འཕྲད་ན་གཞན་དོན་གྱི་སྤྱོད་པ་བྱེད་པ་སྔོན་དེ་ཏིང་གི་སྐབས་སུ་བཞིན་གཞན་དོན་རྫོགས་པར་བྱ་སྟེ། དེ་དང་སྙིང་རྗེ་ཆེན་པོའི་རྣལ་འབྱོར་བསྒོམས་པས་བདག་ཉིད་ལ་གདུལ་བྱའི་དོན་དུ་སེམས་བསྐྱེད་པ་སོང་བས་ན་གཞན་གྱི་དོན་ཤུགས་ཀྱིས་རྫོགས་པར་བྱེད་པའོ། །གསུམ་པ་ལའང་རྒྱུའི་ཐེག་པའི་ཚད་མེད་བཞི་ལས། འཕགས་ཚུལ་ལ་ལྔ། དམིགས་པ་ཡུལ་གྱི་ཁྱད་པར། ངོ་བོའི། བྱེད་ལས་ཀྱི། ཕན་ཡོན་གྱི། ཕྱོགས་གཏད་ཡོད་མེད་ཀྱི་ཁྱད་པར་རོ། །དང་པོ་དམིགས་པ་ཡུལ་གྱི་ཁྱད་པར། ཚད་མེད་བཞིས་དོན་བྱ་བའི་དམིགས་པའི་ཡུལ་དུ་གྱུར་པ་ནི། རྒྱུའི་ཐེག་པས་སྔར་བཤད་པ་ལྟར། །དེ་ཕྱིར་རྒྱུ་རྐྱེན་འབྲས་བུ་དང་། །དུས་དང་རང་བཞིན་འཁྲུལ་པ་དང་། །ཚུལ་གྱིས་ཉམས་དང་ངོ་བོ་དང་། །བཙོན་ར་ལྟ་བུ་བརྒྱད་ལ་དམིགས། །ཞེས་བྱུང་བའི། འཁོར་བའི་རྒྱུ་རྐྱེན་གཉིས་གཅིག་དང་། ངོ་བོ་འབྲས་བུ་གཉིས་གཅིག་སྟེ། དེ་ལྟར་བདུན་ལ་དམིགས་ནས་ཐུགས་རྗེ་སྐྱེ་བའི་ཡུལ་རྒྱ་ཆུང་ལ། འབྲས་བུའི་ཐེག་པས་བདུན་པོ་དེའི་སྟེང་དུ། ངེས་འབྱུང་གི་ཐེག་པ་བཞི་ཀྲྀ་ཡོག་སྡེ་གསུམ་བསྣན་པས་བདུན་གཉིས་བཅུ་བཞིའི་གདུལ་བྱ་ལ་དམིགས་པའི་ཡུལ་རྒྱ་ཆེ་བས་འཕགས་པ་དང་། གཉིས་པ་ངོ་བོའི་ཁྱད་པར་ནི། ཐེག་པ་འོག་མའི་ཐུགས་རྗེ་སྐྱེ་བྱ་སྐྱེད་བྱེད་ཀྱི་ཆ་ནས་ཚད་མེད་བཞི་ངོ་བོ་ཐ་དད་དུ་འདོད་ལ། འབྲས་བུའི་ཐེག་པས་ཡུལ་བྲལ་གཉིས་མེད་ཀྱི་སྙིང་རྗེ་ཡེ་ཤེས་སྒྱུ་མའི་ངང་དུ་ཚད་མེད་བཞི་ལྷུན་གྱིས་གྲུབ་པས་སྤགས་པའོ། །གསུམ་པ་བྱེད་ལས་ཀྱི་ཁྱད་པར་ནི། རྒྱུའི་ཐེག་པར་སྙིང་རྗེ་རྩོལ་བཅས་ཀྱི་སྒོ་ནས་འགྲོ་དོན་བྱེད་ལ། མ་ཧཱའི་སྙིང་རྗེ་ཆེན་པོ་བདག་གཞན་གཉིས་མེད་ཀྱི་སྒོ་ནས་འགྲོ་དོན་བྱེད་པའོ། །ཡང་ན་རྒྱུའི་ཐེག་པའི་ཚད་མེད་བཞི་ནི་ཕྱོགས་རེའི་དོན་བྱེད་ལས་མི་ནུས་ལ། འདིར་འབྲས་བུའི་ཐེག་པའི་སྙིང་རྗེ་ཡེ་ཤེས་སྒྱུ་མ་གཅིག་པུ་ལ་ཚད་མེད་བཞི་ཚང་བའི་སྒོ་ནས་དོན་བྱེད་ནུས་པ་དང་། བཞི་པ་ཕན་ཡོན་གྱི་ཁྱད་པར་ནི། རྒྱུའི་ཐེག་པའི་ཚད་མེད་བཞིས་རང་གཞན་གྱི་དོན་བྱས་པའི་འབྲས་བུ་ལ་བཅུ་གཅིག་ཀུན་ཏུ་འོད་ཀྱི་སའི་སྐུ་གསུམ་འགྲུབ་ལ། འབྲས་བུའི་ཐེག་པའི་ཚད་མེད་བཞིས་དོན་བྱས་པའི་འབྲས་བུ་པདྨ་སྤྱན་ལ་སོགས་པའི་སྐུ་ལྔ་གྲུབ་པས་སྤགས་པའོ། །ལྔ་པ་ཕྱོགས་གཏད་ཡོད་མེད་ཀྱི་ཁྱད་པར། རྒྱུའི་ཐེག་པའི་ཚད་མེད་བཞིས་རང་མན་ཆད་ཀྱི་གདུལ་བྱ་ལ་མངོན་པར་གདུང་བའི་ཕྱོགས་གཏད་ཡོད་པ་ཡིན་ལ། འདིར་མ་ཧཱའི་ནི་ཡུལ་བྲལ་གཉིས་མེད་ཀྱི་ཚད་མེད་བཞིས་གདུལ་བྱ་ལ་ཕྱོགས་དང་རིས་མེད་དེ་ཀུན་ཏུ་དོན་བྱེད་པའོ། །ཁྱད་ལྔ་པོ་དེའི་ཕྱིར་ཐུན་མོང་གི་རྒྱུའི་ཐེག་པ་ཆེན་པོ་དག་གི་ཚད་མེད་བཞི་ལས་སྔགས་ཀྱི་མ་ཧཱ་ཡོ་གའི་ཚད་མེད་ཆེན་པོ་བཞི་ནི་ཀུན་གྱི་བླར་གྱུར་པ་ཡིན་ནོ། །གཉིས་པ་བདག་དོན་ལ་གཉིས་ཏེ། དང་པོ་སྤྱོད་ལམ་ཐམས་ཅད་དུ་ཡེ་ཤེས་སྒྱུ་མའི་ངང་ལས་མི་འདའ་བ། སྙིང་རྗེ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་པ་བདག་ཉིད་ཀྱི་དོན་བྱ་བའི་ཕྱིར་འདི་ལྟར་དུ་ཕྱི་ནང་གི་སྤྱོད་ཡུལ་གྱི་སྣང་བ་ཐམས་ཅད་ཀུན་ཡེ་ཤེས་སྒྱུ་མ་རང་སྣང་བ་རྟོགས་པའི་ཕྱིར་ན། ཕྱི་ཡུལ་དང་ནང་སེམས་གཉིས་སུ་འཛིན་པའི་སྒྲིབ་པ་མེད་པར་ཡེ་ཤེས་སུ་གསལ་བའི་ངང་དུ་ཤེས་པས། ཡེ་ཤེས་སྒྱུ་མའི་ཏིང་འཛིན་ལ་བློ་བརྟན་པའི་སྤྱོད་པ་ཤིན་ཏུ་བདེ་བའོ། །གཉིས་པ་འདོད་ཡོན་ལྔ་སོགས་ལ་སྤྱོད་པར་བསྟན་པ། འདོད་པའི་ལོངས་སྤྱོད་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང་ལྡན་པ་ཐམས་ཅད་ལ། གསང་སྔགས་ཕྱི་པ་ལྟར་དཀར་གསུམ་མངར་གསུམ་ལ་སོགས་པ་གཙང་བ་འམ་བཟང་བ་དང་། དམ་རྫས་ལྔ་ལ་སོགས་པ་མི་གཙང་ཞིང་དམེ་བའི་བློ་གཉིས་སུ་མ་འཛིན་ཏེ་འཛིན་པ་མེད་པའོ། །ཅིའི་ཕྱིར་ཞེ་ན། ལོངས་སྤྱོད་ཐམས་ཅད་རང་རིག་པའི་ཡེ་ཤེས་སྒྱུ་མར་རོ་གཅིག་ཅིང་ཐ་དད་མེད་པས་ན། བཟང་ངན་གཙང་དམེ་གཉིས་སུ་འཛིན་པ་མེད་པས་ཤིན་ཏུ་བདེ་བའོ། །རྒྱུ་མཚན་དེ་བས་ན་སྤྱད་པར་བྱ་བ་ཏན་གན་མ་བྱིན་ལེན་པ་རྫུན་ངག་འཁྱལ་སྟེ་ལྔ་དང་མི་སྤོང་བ་ཉོན་མོངས་ལྔ་དང་། དང་དུ་ལེན་པ་དམ་རྫས་ལྔ་དང་། འདོད་པའི་ཡོན་ཏན་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལ་སོགས་འཁོར་བའི་ཆོས་ཉི་ཤུ་པོ་ཐམས་ཅད་ཡེ་ཤེས་ལ་ཡེ་ཤེས་སྒྱུ་མར་རོལ་བར་སྤྱོད་དོ། །དགུ་པ་དམ་ཚིག་ལ་གཉིས། དང་པོ་སྔོན་བྱུང་རྒྱལ་བའི་མཛད་སྤྱོད་ངོས་བཟུང་བ། འཁོར་བའི་གཡུལ་དང་བདུད་ཀྱི་དཔུང་བཅོམ་པས་ཐུབ་པ་ཆེན་པོ་ལྷ་མིའི་སྟོན་པ་ཐུབ་པའི་དབང་བོའི་སྤྱོད་ཡུལ་ནི། ཆོས་ཀུན་དབང་ཐོབ་པས་ཇི་ལྟར་ཐུགས་ལ་དགོངས་ཤིང་དམིགས་པ་བཞིན་དུ་གྲུབ། འོ་ན་དམིགས་བྱ་དམིགས་བྱེད་དུ་སོང་ངོ་སྙམ་པ་ལ། དོན་དམ་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་རང་རྒྱུད་མེད་པར་ཡུལ་ཡུལ་ཅན་དམིགས་སུ་མེད་པས། ཀུན་རྫོབ་ཏུ་ཡེ་ཤེས་སྒྱུ་མ་ཉིད་ཅིར་ཡང་འཆར་ཞིང་གང་དུའང་གྲུབ་སྟེ་སྣ་ཚོགས་སུ་སྣང་བའོ། །གཉིས་པ་རྗེས་འཇུག་རྣལ་འབྱོར་པས་དེ་ལྟར་ཉམས་སུ་ལེན་ཚུལ་ལ་གཉིས། དང་པོ་ཁྱད་པར་གྱི་དམ་ཚིག་ཡེ་ཤེས་སྒྱུ་མའི་ངང་ལས་མི་འདའ་བ། རྟོག་པའི་ཆོས་ཉིད་ཟག་པ་མེད་པ་ཐག་པས་ཟབ་མོའི་དོན་ཡེ་ཤེས་སྒྱུ་མར་རྟོགས་ན། ཡེ་ཤེས་སྒྱུ་མའི་ངོ་བོར་དག་པར་མ་གྱུར་པའི་ཆོས་ནི་གང་ཡང་མེད་དོ། །ཡེ་ཤེས་སྒྱུ་མ་ཡེ་ནས་ཡིན་པ་ལ་བྱེད་པ་པོས་མ་བཅོས་པར། ཆོས་ཀུན་ཏུ་ཡེ་ཤེས་སྒྱུ་མར་རང་གསལ་བས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ཤེས་སྒྱུ་མར་རྣམ་པར་དག་པའོ། །ཐམས་ཅད་ཡེ་ཤེས་སྒྱུ་མ་ཡིན་པ་དེ་ཕྱིར་སྤྱོད་ལམ་བཞི་པོ་ལ་དུས་ཐམས་ཅད་ཀུན་ཏུ། སྒྱུ་མའི་ཡེ་ཤེས་རང་གསལ་ལས་འདའ་བར་མི་བྱའོ། །གཉིས་པ་ཐུན་མོང་གི་དམ་ཚིག་སྔ་མ་དང་མཐུན་པར་འཕེལ་བ། རྩ་བའི་དམ་ཚིག་དང་ཡན་ལག་གི་དམ་ཚིག་ཐམས་ཅད་ཀུན་སྔ་མ་དེ་ཏིང་བཞིན་དུ་སྔ་མ་བས་འདིར་ནུས་པའི་སྟོབས་ཆེར་འཕེལ་བའོ། །བཅུ་པ་དྲོད་ལ་དབྱེ་བ་མེད་དེ། གོང་བསྟན་དེ་ལྟར་ཡེ་ཤེས་སྒྱུ་མ་ཡི་དོན་ལྟ་བས་རྟོགས་ཤིང་ཏིང་འཛིན་གོམས་པས་ཉམས་སུ་མྱོང་བའི་དྲོད་འཁོར་བའི་ཆོས་སྡུག་བསྔལ་གྱི་ཕུང་པོ་འདི་ལ་བྱམས་སྙིང་རྗེ་ཚད་མེད་བཞི་དང་ལྡན་པའི་བྱང་ཆུབ་སེམས་ཀྱིས་རང་དབང་མེད་པར་སྙིང་རྗེ་སྐྱེ་བས་སེམས་འཕྲོག་པར་འགྱུར་ལ། སེམས་ཉིད་ཡེ་ཤེས་སྒྱུ་མ་མ་འཁྲུལ་བ་ངོ་མ་ཤེས་པས་བློ་འཁྲུལ་བར་སྣང་བ་ལ་འདི་ཅི་ཡིན་སྙམ་དུ་ཡ་མཚན་སྐྱེ་སྟེ། དོན་ལ་བལྟ་རྒྱུ་མེད་པར་ཏིང་འཛིན་སྒོམ་པར་བྱེད་པའམ། ལེ་ལོར་འདུག་པའང་དེ་བཞིན་ཡ་མཚན་སྐྱེ་སྟེ་སྙིང་རྗེ་སྐྱེས་སོ། །ཕྱི་ནང་གསང་བའི་དྲོད་རྣམ་པ་གསུམ་ལུས་ངག་ཡིད་གསུམ་ལ་འབྱུང་བའང་སྔ་མ་དེ་ཏིང་ལས་འདིར་ཆེར་འཕེལ་བར་སྣང་ངོ་། །བཅུ་གཅིག་པ་བརྟགས་ལ་གསུམ། དང་པོ་རྟགས་དངོས་ནི། དེ་ལྟར་སྙིང་རྗེ་སྒྱུ་མའི་ཉམས་ལྔ་རིམ་པ་གོང་ནས་གོང་དུ་འཕེལ་བའི་དོན་མཐའ་སྟེ་ཐ་མའི་རྟགས་ནི། ཏིང་འཛིན་ལས་སུ་རུང་བས་ལུས་ཤིང་བལ་གྱི་འདབ་མ་ལྟ་བུར་ཤིན་ཏུ་ཡང་བ་འཕུར་ཤེས་སྙམ་ཤེས་པ་དང་། ལུས་ཀྱི་ན་ཚ་ལ་སོགས་བཟོད་པ་ཕྲ་མོ་ཐོབ་པ་དེ་ཏིང་བས་འདིར་ཡུན་རིང་བ་དང་། འབྱུང་འདུས་ཕུང་པོ་ལ་ཁམས་བདེ་བ་དང་མི་བདེ་བ་གཉིས་མེད་པར་བདེ་བར་སྙོམས་པ་དང་། འདིར་དུས་སྐབས་ཕལ་ཆེར་རྟགས་དེ་ཚོ་ཡོད་ཅིང་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པ་འབྱུང་ངོ་། །འདིར་དེ་ཏིང་བས་ཆོས་བརྒྱད་གྲངས་མང་བ་དང་ངོ་བོ་ཕྲ་རགས་འབྲིང་པོ་ལ་ངོ་མཉམ་པ་འོང་བ་ཡིན། གཉིས་པ་ལམ་འོག་མ་བས་འདིར་འཕེལ་ཞིང་གསལ་བ་ནི། དེ་ལ་སོགས་པའི་དྲོད་རྟགས་གཞན་ཀུན་ཀྱང་ལམ་སྔ་མ་དེ་ཏིང་ལས་གྲངས་མང་དུ་འཕེལ་ཞིང་རྟགས་ཀྱི་ངོ་བོ་ཡང་གསལ་ལ། དུས་ཀྱང་ཡུན་རིང་དུ་འབྱུང་བའོ། །གསུམ་པ་མངོན་ཤེས་དང་ཏིང་འཛིན་འདི་ལ་བློ་བརྟན་དགོས་པར་གདམས་བ་ནི། རང་དང་ལྷན་ཅིག་ཏུ་དྲུང་ན་འདུག་པའི་གང་ཟག་ཕ་རོལ་པོ་དེ་ཡི་སེམས་ལ་དམིགས་གཏད་ཏིང་འཛིན་ལ་བཞག་པ་ཙམ་གྱིས། དེ་ཡི་སེམས་རྒྱུད་ཤེས་པའི་མངོན་པར་ཤེས་པ་དེའང་དེ་ཏིང་བས་འདིར་གྲངས་མང་དུ་འཕེལ་བ་དང་། ངོ་བོ་ཅུང་ཟད་གསལ་ཞིང་བརྟན་པ་དང་། དེ་ལས་གཞན་ཡང་སྔོན་གནས་རྗེས་དྲན་སོགས་དང་། མིག་གིས་གཟུགས་མཐོང་དང་། སྒྲ་ཤེས་པ་ལ་སོགས་པ་ཅུང་ཟད་ཙམ་འབྱུང་ངོ་། །གོམས་ན་ཡོན་ཏན་ཡོད་པ་དེ་བས་ན་སྙིང་རྗེ་ཆེན་པོའི་རྣལ་འབྱོར་གྱི་ཏིང་འཛིན་ལ་བློ་བརྟན་ཅིང་འགྲུས་པར་བྱའོ། །བཅུ་གཉིས་པ་རྨི་ལམ་ལ་དབྱེ་བ་མེད་དེ། ཡེ་ཤེས་སྒྱུ་མའི་ཏིང་འཛིན་ལ་གནས་པ་འདི་ཡི་ཚེ་དབང་པོ་སྒོ་དྲུག་གི་སྤྱོད་ཡུལ་གྱི་སྣང་བ་མ་ལུས་ཐམས་ཅད་ཀུན་དངོས་སུ་སྒྱུ་མ་སྣང་བ་ལྟ་ཅི་སྨོས་ཀྱི། གཉིད་ལོག་པའི་རྨི་ལམ་དུ་ཡང་སྤྱོད་ཡུལ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མར་མཐོང་བ་དང་། སེམས་ཅན་ཐམས་ཅད་སྙིང་རྗེའི་ཡུལ་གདུལ་བྱས་གང་བ་རྣམས་རིག་པ་ཡེ་ཤེས་སྒྱུ་མར་མཐོང་བ་དང་། རྨི་ལམ་དུ་བླ་མས་བྱིན་གྱིས་བརློབས་པ་དང་། དབང་བསྐུར་བ་དང་ལེགས་ཉེས་ཀྱི་ལུང་བསྟན་པ་སོགས་སྔར་བས་མང་བ་མཐོང་བ་དང་། བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་དང་མཚན་མ་ལྔ་མཐོང་བ་དང་། དེ་ལ་སོགས་ཤུགས་སྣང་བརྒྱད་དང་གཞན་ཡང་རྨི་ལམ་བཟང་པོ་བྱུང་ཡང་ཡེ་ཤེས་སྒྱུ་མའི་ངང་བློ་དགའ་ཞིང་ཆགས་པར་མི་བྱའོ། །བཅུ་གསུམ་པ་ཕན་ཡོན་ལ་གཉིས། དང་པོ་ཡོན་ཏན་ཚད་མེད་པར་བསྟན་པ། སྙིང་རྗེ་ཆེན་པོ་ཡི་རྣལ་འབྱོར་གྱི་ཏིང་འཛིན་ལ་གོམས་པར་བྱས་ནས། རྣལ་འབྱོར་པ་གསང་སྔགས་གཉིས་མེད་ཀྱི་དོན་ཆེན་པོ་ལྟ་བ་རྟོགས་པ་ཡིས་ཡོན་ཏན་ཡོད་པས། དུས་ཐོག་མ་དང་མཐའ་མ་མེད་པར་ཡེ་ཤེས་སྒྱུ་མའི་ཏིང་འཛིན་དེ་ལྟར་བསྒོམ་མོ། །དེ་བསྒོམས་པའི་ཡོན་ཏན་ཚད་མེད་པའི་དཔེ་ནམ་མཁའི་མཐའ་དང་མཉམ་པ་སྟེ་ཚད་བཟུང་མེད་ལ། རྣལ་འབྱོར་པའི་སྤྱོད་ཡུལ་ནི་རྫོགས་པའི་སངས་རྒྱས་ཉིད་དང་ཆ་མཐུན་པས་གཅིག་པའོ། །གཉིས་པ་ཚོགས་གཉིས་རྫོགས་ཤིང་ཕྱག་རྒྱ་གཅིག་པར་སྦྱོར་བ་ནི། ཆོས་ཀུན་ཡེ་ཤེས་སྒྱུ་མའི་ངོ་བོར་མ་འགགས་པར་སྤྱོད་པས་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་ལྡན་པ། སྒྱུ་མ་དེ་ཡང་རང་རྒྱུད་པ་མེད་པས་མིང་ཙམ་ལས་དེ་ལ་མ་ཆགས་ཏེ་རང་བཞིན་མེད་པར་ཤེས་པས་ཡེ་ཤེས་ཀྱི་ཚོགས་ཆེན་པོ་དང་ལྡན་ནོ། །དེ་ལྟར་སྙིང་རྗེ་ཆེན་པོའི་རྣལ་འབྱོར་འདི་ལ་གོམས་ན་རྣལ་འབྱོར་ཕྱི་མ་ཕྱག་རྒྱ་གཅིག་པ་རྩལ་བ་མེད་པར་འགྲུབ་སྟེ་གནས་སྐབས་ཉེ་སྦྱོར་གྱི་འབྲས་བུའོ། །བཅུ་བཞི་པ་འདའ་ཀ་མ་ལ་དབྱེ་བ་མེད་དེ། ལམ་མཐར་མ་ཕྱིན་དེ་ཉིད་བསྒོམ་འཕྲོ་ལ་འཆི་འཕོ་ན། སེམས་འཕོ་བའི་དཔེ་ཉི་མ་ལས་མ་གཡོས་བར་འོད་ཟེར་འབྱུང་བ་ལྟར། རིག་པ་ལས་མ་གཡོས་པར་མ་འོངས་པའི་སེམས་ཤར་བ་དང་། ལུས་འཕོ་བའི་དཔེ་ས་བོན་ལས་མ་གཡོས་པར་མྱུ་གུར་འགྱུར་བ་ལྟར་དང་། ངག་འཕོ་བའི་དཔེ་སྐྱུ་རུ་ར་ལས་མ་གཡོས་པ་སྐྱུར་མོའི་རོ་འབྱུང་བའམ། བྲག་ལས་མ་གཡོས་པར་བྲག་ཆའི་སྒྲ་འབྱུང་བ་བཞིན་དུ་ངག་ལས་མ་འཕོས་བར་མ་འོངས་པའི་ངག་ཏུ་འཕོ་ཞིང་འགྱུར་རོ། །དེ་ལྟར་ལུས་ངག་ཡིད་གསུམ་རིག་པ་སྒྱུ་མ་ལས་མ་གཡོས་པས་དེ་ལ་འཕོ་བ་མེད་བཞིན་དུ་ལམ་པའི་ངོ་ལ་མ་འོངས་པའི་སྣང་བར་འཕོ་ཞིང་ད་ལྟར་གྱི་སྣང་བ་འགྱུར་བས་འཆི་བ་ལྟར་སྣང་བའི་ཚེ། སྔར་ནས་ཡེ་ཤེས་སྒྱུ་མ་ཡུལ་རྐྱེན་གྱིས་མི་འཕྲོག་པར་བརྟན་པར་བྱས་པའི་ངང་ལས་འདས་ན་ཀུན་གཞི་ལ་ཚེ་སྔ་མ་ནས་ལས་ངན་ལ་སྤྱོད་པའི་བག་ཆགས་ཀྱི་རྒྱུན་ཐམས་ཅད་གཅོད་པར་འགྱུར་ཏེ། ལྷ་མིའི་ལུས་རྟེན་བཟང་པོ་ཐོབ་ནས་སྦྱངས་བའི་ལས་འཕྲོས་འབྲེལ་བས་གསང་སྔགས་མ་ཧཱའི་ལམ་འདི་དང་དུས་དང་གནས་སྐབས་སོགས་ཀྱིས་བཀོལ་བར་མི་འགྱུར་ཏེ་འཕྲད་ནས་གྲོལ་བར་འགྱུར་རོ། །བཅོ་ལྔ་པ་འབྲས་བུ་ལ་གསུམ། དང་པོ་གནས་སྐབས་ཀྱི་འབྲས་བུ་ཐོབ་པ། བློ་ཆེན་ཕྱི་མ་གཅིག་སྤྲོས་ཚོགས་སྒྲུབ་ནས་ཐོད་རྒལ་མཐར་ཆགས་ཀྱིས་རིག་འཛིན་ཐོབ་པའམ། བློ་ཆུང་ན་ལན་གྲངས་སྐྱེ་བ་གཞན་དག་ལ་གོང་ལྟར་ཐོད་རྒལ་མཐར་ཆགས་ཀྱིས་ཕྱིར་མི་ལྡོག་པར་ཚེ་ལ་དབང་སྒྱུར་བའི་རིགས་སུ་འབྲས་བུ་ངེས་པར་ཐོབ་པའམ། རྣམ་སྨིན་རིག་འཛིན་ཐོབ་པར་འགྱུར་རོ། །གཉིས་པ་གཞུང་བཞིན་བསྒྲུབས་པས་མཐར་ཆག་གི་འབྲས་བུ་ནི། སྙིང་རྗེ་སྒྱུ་མ་སྒོམ་པའི་ལམ་འདིར་གོང་མའི་ཆ་རྐྱེན་ཀུན་རྫོགས་པར་བསྒྲུབས་པས་ཐུན་མིན་གྱི་མཚན་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཀུན་དང་ལྡན་པའི་ལོངས་སྐུ་དབང་ཕྱུག་ཆེན་པོའི་སྐུའི་གནས་འོག་མིན་ཉིད་དུ་བརྒྱུད་ནས་མངོན་སུམ་དུ་འབྱུང་བའི་ལམ་ལ་ཐེ་ཚོམ་མེད་དོ། །གསུམ་པ་མ་རྟོགས་ལེ་ལོ་བྱས་པའི་སྐྱོན། ཡེ་ཤེས་སྒྱུ་མའི་དོན་མ་རྟོགས་པར་ཏིང་འཛིན་བསྒོམ་པ་ལ་ལེ་ལོ་དང་། སྤྱོད་པ་རང་ཁ་མ་སྙོམ་ལས་ཀྱི་ལེ་ལོ་བྱས་ན། ཚེ་འདིར་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་མ་འགྲུབ་པར་ཕྱི་མ་ངན་སོང་གསུམ་དུ་འགྲོ་བར་འགྱུར་རོ། །དེས་ན་བསྒོམ་ལ་བརྩོན་འགྲུས་ཀྱིས་ཞེས་ཤུགས་ལ་གདམས་པའོ། །གསུམ་པ་ལེའུའི་མཚན། ཡུལ་བྲལ་གཉིས་མེད་ཀྱི་སྙིང་རྗེ་ཆེན་པོ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་བསྟན་པའི་གཞུང་གི་ཚིག་དོན་རྣམས་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་སྟེ་ཡས་འགྲངས་བཞི་པའི་དོན་བསྟན་པའོ།། །།ལེའུ་ལྔ་པ་ཕྱག་རྒྱ་གཅིག་པ་ལ་གསུམ། དང་པོ་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ། སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མའི་ངང་དུ་གོམས་པའི་ཏིང་འཛིན་གྱིས་ཕྱག་བཙལ་ནས། དོན་ལུས་སྣང་སེམས་གསུམ་དབྱེར་མེད་ལ་སྦྱངས་ཐབས། རྟགས་ཞི་ཁྲོ་ཕྱག་རྒྱ་གཅིག་པའི་ལྷ་སྣང་སྟོང་དབྱེར་མེད་བསྒོམ་པའི་རྣལ་འབྱོར་བཤད་པར་བྱའོ། །གཉིས་པ་གཞུང་ལ་གཉིས། དང་པོ་ལུས་སྔ་མ་དང་མཐུན་པར་མདོར་བསྟན། སྙིང་རྗེ་སྒྱུ་མའི་རྣལ་འབྱོར་པས་ཕྱག་རྒྱ་གཅིག་པ་བསྒོམ་འདོད་པ་གང་དག་ཡིན་ཞེ་ན། ལུས་སྐུ་རྡོ་རྗེ། ངག་གསུང་རྡོ་རྗེ། ཡིད་ཐུགས་རྡོ་རྗེ་གསུམ་ལྡན་དུ་བསྒོམ་པའང་། སྔ་བར་འདས་པའི་དེ་ཏིང་སྐབས། སྔོན་དགོས་ཐབས་དང་ངོ་བོ་དང་། ཞེས་པ་སོགས་དོན་བཅོ་ལྔ་སྟོན་པའི་ལུས་ཀྱི་སྒོ་ནས་ཤེས་པར་གྱིས་ཤིག །གཉིས་པ་ཡན་ལག་རྒྱས་བཤད་ལ་དོན་བཅོ་ལྔ་སྟེ། སྔོན་དུ་བྱ་བ་དང་། བསྒོམས་པའི་དགོས་ཆེད། སྒོམ་ཐབས། བསྒོམ་པའི་ངོ་བོ། མི་མཐུན་པའི་སྐྱོན། བཅོས་ཐབས། བསྒོམ་པའི་ཉམས། སྤྱོད་པ། དམ་ཚིག །དྲོད། རྟགས། རྨིས་ལྟས། ཡོན་ཏན། འདའ་ཀའི་མན་ངག །འབྲས་བུའོ། །དང་པོ་སྔོན་དུ་བྱ་བ་ནི། ཚོགས་ལམ་རྣལ་འབྱོར་བཞི་དང་། སྦྱོར་ལམ་སྤྱི་ཡི་སྔོན་དུ་བྱ་བ་ལམ་མམ་ལས། དབང་ཐོབ་ཅིང་ལྷག་པའི་ཡོ་བྱད་ལྔ་དང་ལྡན་པར་བྱ་བ་ལ་སོགས་བདུན་དང་། སྔོན་དེ་ཏིང་སྐབས་བཤད་པ་བཞིན་རྫོགས་པར་བྱ་བ་ཡིས། ཁྱད་པར་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་འདི་ཉིད་ཀྱི་སྔོན་དུ་ཡེ་ཤེས་སྒྱུ་མ་མཐར་ཕྱིན་པ་མངོན་དུ་བྱ་ཞིང་། དམིགས་རྟེན་རྒྱལ་བའི་སྐུ་གསེར་དངུལ་སོགས་ཀྱི་ལུགས་སུ་བླུགས་པའམ། རྭ་ཤིང་ལ་འབུར་གཏོད། རས་ཤོག་ལ་བྲིས་པ། འཇིམ་པ་ལ་འདེང་སོ་བྱས་པ་ལ་སོགས་ཡི་དམ་གྱི་ལྷའི་མཚན་མའི་སྐུ་ཕྱག་རྒྱ་རབ་གནས་ཅན་མདུན་དུ་བཞག་པ་དེ་ལ་ཡན་ལག་བརྒྱད་པ་འབུལ་བ་སྔོན་སྟོང་ཆེན་བཞིན་དུ་བྱའོ། །གཉིས་པ་དགོས་ཆེད། འབྲས་བུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱ་བའི་ལམ་ཞི་ཁྲོའི་གང་རུང་གི་ཕྱག་རྒྱ་གཅིག་པ་འདི་བསྒོམ་དགོས་པ་དང་། ཕྱག་རྒྱ་སྤྲོས་པའི་རྒྱུ་རྒྱ་གཅིག་པ་འདི་ཡིས་ཐོབ་པར་བྱ་བའི་དགོས་ཆེད་ཡོད་པ་དང་། རྒྱུ་སྟོང་པར་ཞེན་པའི་རྟོག་པའམ་སྙིང་རྗེ་སྒྱུ་མར་ཞེན་པ་དེ་གཉིས་དག་ཅིང་དབྱེར་མེད་དུ་དབང་དུ་བྱ་བའི་ཕྱིར་རྒྱ་གཅིག་བསྒོམ་དགོས་པ་དང་། རྟོག་པའི་ཡན་ལག་ཕུང་ཁམས་སྐྱེ་མཆེད་ལ་སོགས་ལྷའི་དཀྱིལ་འཁོར་དུ་གནས་འགྱུར་བར་བྱ་ཞིང་། རྒྱ་གཅིག་བརྟན་པ་ཐོབ་ནས་གདུལ་བྱ་གཞན་དག་ཡོངས་སུ་སྨིན་པར་བྱ་བའི་དགོས་ཆེད་དང་། དེ་ལྟར་དགོས་ཆེད་ལྔ་ཡོད་པ་དེའི་ཕྱིར། ལྷའི་སྐུ་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ཤིན་ཏུ་གཅེས་སོ། །གསུམ་པ་བཞག་ཐབས་ལ་གཉིས། དང་པོ་མདོར་བསྟན། དེ་ཡང་རྒྱ་གཅིག་ལ་འཇུག་པའི་ཐབས་ལ་རྣམ་པ་གཉིས་ཏེ། ལྷ་བསྒོམ་པའི་སྔོན་དུ་རྣལ་འབྱོར་བའི་སེམས་ཀྱི་རྩལ་ཡི་གེ་ལ་སྦྱངས་པ་དང་། དེ་ནས་ཞི་ཁྲོའི་ལྷར་བསྐྱེད་ཅིང་སྒོམ་པའི་ཐབས་བསྟན་པའོ། །གཉིས་པ་རྒྱས་པ་དེ་ལ་གཉིས། ཡི་གེ་དང་། ལྷར་བསྐྱེད་པའོ། །སྔ་མ་ལ་གཉིས། དང་པོ་བསྒོམ་ཐབས་སྤྱིར་བསྟན་པ། མདོར་བསྟན་གྱི་སྔ་མ་ཡི་གེ་ལ་སེམས་སྦྱངས་པ་ལ་བློ་ཆུང་བ་གདམས་ངག་གི་སྟོབས་དང་། བློ་ཆེ་བ་ཤེས་རབ་ཀྱི་སྟོབས་ཀྱིས་ལྷ་བསྒོམ་པ་ལ་འཇུག་པའི་གཞི་བོ། རྩ་བ་རྒྱུའི་ཡི་གེ་ཨའམ་ཧཱུྃ་འདི་ཉིད་ཡིན་ཏེ། དེ་ལ་སེམས་འཛིན་པའམ། སེམས་སྦྱངས་པའམ། སེམས་འདུལ་བ་ཞེས་བྱའོ། །དེ་ལས་དང་པོ་ལ་ཤིན་ཏུ་གཅེས་སོ། །གཉིས་བ་རྒྱས་པ་དེ་ལ་གཉིས། དང་པོ་ཨ་ལ་སེམས་སྦྱོང་བ། སྙིང་གར་རིག་པ་ཉིད་ཨཿདཀར་པོ་སྟེ། གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པར་བསྒོམ་སྟེ། དེ་ཡང་རབ་ཏུ་བརྟན་པར་གྱུར་པའི་ཚད་མི་འགྱུར་བ་བཞི་དང་ལྡན་པ་སྟེ། མི་གཡོ་བ། མི་འགྱུར་བ། མངོན་པར་མི་འགྱུར་ཅིར་ཡང་བསྒྱུར་དུ་བཏུབ་པའོ། །དེ་ལྟར་རང་རིག་ཨ་གསལ་བ་སྐྱོན་ཀུན་བྲལ་བས་དཀར་བ་སྟེ་གསལ་ཚད་བཞི་དང་ལྡན་པ། སང་ངེ་། སལ་ལེ། ལྷང་ངེ་། ལྷག་གེ་བཞིའོ། །དེ་ཡང་ཨ་སྥ་ར་ཎ་ཕཊ། ཅེས་སྤྲོས་པས། གཞིའི་ཨ་དེ་ལས་ཤིན་ཏུ་ཕྲ་བའི་ཨ་དཔག་ཏུ་མེད་པ་རྣམས་སྤྲོ་བས་ཕྱོགས་བཅུ་ཐམས་ཅད་ཨས་གང་བར་གསལ་བར་གྱུར་ནས་སྃ་ཧ་ར་ཎ་ཧཱུྃ། ཞེས། བསྡུས་ཀྱང་གཞིའི་ཨ་དེ་འཕེལ་བ་དང་ཕྱོགས་བཅུའི་ཨ་དེ་འགྲིབ་པ་མེད་པར་ཏིང་འཛིན་བརྟན་པའི་ཚད་གསལ་བ་ཡུལ་རྐྱེན་གྱིས་མི་འཕྲོག་པའོ། །གཉིས་པ་ཧཱུྃ་ལ་སེམས་སྦྱངས་བ་ནི། བློ་ཆེན་ཨ་དེ་ལ་སེམས་སྦྱངས་ནས་ལྷ་བསྐྱེད་པའམ། ཡང་བློ་ཆུང་ན་ཨ་སྦྱངས་ནས་ཐུགས་ཡེ་ཤེས་ལྔ་མཚོན་པའི་ཡི་གེ་ཧཱུྃ་མཐིང་ནག་གསལ་བརྟན་ཚད་བརྒྱད་དང་ལྡན་པ་བསྒོམ། ཨ་ལ་སྦྱངས་པ་དེ་བཞིན་ཧཱུྃ་ལ་སྤྲོ་བསྡུ་ཡང་དང་ཡང་དུ་གོམས་འདྲིས་བྱས་ནས། ཡེ་ཤེས་ལྔའི་རང་བཞིན་སྣང་སྲིད་ཕྱི་ནང་སྣོད་བཅུད་ཐམས་ཅད་ཧཱུྃ་ཡེ་ཤེས་ལྔ་ལྡན་དུ་གསལ་བར་བསྡུ། རང་གི་ལུས་ཀྱི་ཡན་ལག་ལྔ་དང་སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་རང་རིག་པའི་ཡེ་ཤེས་ལྔ་ཡེ་ནས་ཡིན་པའི་ཕྱིར ། རྟགས་རང་སྣང་གི་ཡི་གེ་ཧཱུྃ་དུ་གསལ་བར་ཤིན་ཏུ་ཡང་བསྡུའོ། །ཧཱུྃ་གསལ་བའི་ཚད་ནི་ནྲྀ་སྟེ་མིའི་སྙིང་པོ་དེ་ཡི་མིག་གི་དབང་པོས་མངོན་སུམ་མཐོང་བ་བལྟར་ཡོད་པ་ལྟར། ཧཱུྃ་དེ་ལ་འདྲིས་ཤིང་གོམས་ནས་གསལ་བས་བདག་དང་གཞན་གྱི་དོན་བྱ་བའི་ཕྱིར་ཧཱུྃ་གྲངས་མེད་པར་སྤྲོ་བས་འཕགས་པ་མཆོད་ཅིང་སེམས་ཅན་གྱི་དོན་བྱ་བ་རྫོགས་ནས་སླར་གཞི་པོའི་ཧཱུྃ་དུ་བསྡུས་ཏེ། ཧཱུྃ་ཉིད་ཀྱང་འོད་ཞུ་སེམས་ཉིད་མི་དམིགས་པ་ཆོས་ཀྱི་དབྱིངས་སུ་གསལ་བར་བསྒོམ་མོ། །དེ་ལྟར་འདྲིས་ཤིང་གོམས་པར་བྱ་བ་སྟེ་ཤིན་ཏུ་གཅེས་སོ། །གཉིས་པ་ལྷར་བསྐྱེད་པ་ལ་བཞི། ལྷ་བསྒོམ་པའི་ཐབས་དང་། ཕྲིན་ལས་ཀྱི་རིམ་པ། བཟླས་པ་བྱ་བ། ཐུན་མཚམས་ཀྱི་ཏིང་ངེ་འཛིན་ནོ། །དང་པོ་ལ་གཉིས་ཏེ། དང་པོ་མདོར་བསྟན་ནི། མདོར་བསྟན་ཕྱི་མ་ལྟར་བསྐྱེད་པ་ལ། ཚངས་པ་ཡི་ཕྲུག་གུའི་ཆ་ལུགས་ཅན་གྱི་ཞི་བ་དང་། སྲིན་པོའི་ཕྲུག་གུའི་ཚུལ་ཅན་ཁྲོ་བོ་སྟེ། དེ་ལྟར་ཞི་ཁྲོའི་ལྷའི་ཏིང་འཛིན་རྫོགས་པར་བྱ་བས་ཞི་ཁྲོ་ཟུང་གཅིག་ཏུ་སྟོན་པར་འགྱུར་རོ། །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། ཞི་བ་སྒོམ་པ་དང་། ཁྲོ་བོ་བསྒོམ་པའོ། །དང་པོ་ལ་གཉིས། དང་པོ་སྤྱིར་གང་མོས་སུ་བསྒོམ་པ། དང་པོ་ཚངས་པའི་ཕྲུ་གུའི་ཆ་ལུགས་ཅན་ཞི་བའི་ལྷ་ཡོངས་སུ་རྫོགས་པ་བསྒོམ་པར་བྱ་བའང་། རིགས་ལྔ་གང་སྒྲུབ་ཀྱང་ས་བོན་ཡི་གེ་ཧཱུྃ་ཨོཾ་སཱ་ཨཾ་ཧཱ་ལྔ་པོ་སོ་སོ་ལས་བསྐྱེད་དེ ། འོན་བཟང་ངན་ཡོད་དམ་སྙམ་ན། དེ་ཡང་སྤྱིར་ནི་རིགས་ལྔ་གང་བསྒོམས་ཀྱང་། རྒྱལ་བ་གཅིག་ལ་བཟང་ངན་ཐ་དད་མེད་པས་ཀུན་ཏུ་འདྲ་ཞིང་མཉམ་ལ། འདིར་ཐུགས་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་སྐབས་ཡིན་པས་རྡོ་རྗེ་སེམས་དཔའ་བསྒོམ་པ་ཉིད་དུ་ཐམས་ཅད་འདུ་བ་སྟེ་རིགས་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །གཉིས་པ་བསྒོམ་ཐབས་ལ་གཉིས། བློ་ཆུང་རིམ་གྱིས། བློ་ཆེ་ཅིག་ཆར་དུ་བསྒོམ་པའོ། །དང་པོ་ལ་གཉིས། རྟེན་གཞལ་ཡས་ཁང་བསྒོམ་པ། བརྟེན་པ་ལྷ་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། དང་པོ་ཨ་ལ་སེམས་སྦྱངས་ཤིང་གདན་བསྒོམ་པ་ནི། དེ་ཉིད་སྒོམ་ཐབས་འོག་ནས་སྟོན་པ་འདི་ལྟར་ལྷའི་ཏིང་འཛིན་དེ་ཉིད་ལ་གོམས་པར་བྱ་བ། གཞལ་ཡས་ཁང་བསྐྱེད་ཅིང་ལྷ་བསྒོམ་པའི་སྔོན་དུ་དེ་ཏིང་ཅིར་ཡང་མ་དམིགས་པ་སྐྱེ་མེད་དང་། ཀུན་སྣང་སྙིང་རྗེ་བསྒོམ་པའི་ངང་ཉིད་ལས། རང་རིག་ཨ་དཀར་པོ་གསུང་ཡིག་འབྲུ་དག་གི་ཕྱག་རྒྱ་འོད་འབར་བ། ཁ་དོག་ཤིན་ཏུ་གསལ་ཞིང་འོད་ཟེར་འཚེར་བར་ཏིང་འཛིན་གསལ་བར་བསྒོམས་ལ་སྣོད་བཅུད་ཐམས་ཅད་དོན་བྱང་ཆུབ་སེམས། རྟགས་ཡེ་ཤེས་ཨ་ཛ་ནི་གྱུར་པར་བསྒོམ་མོ། །དོན་དེ་ཇི་བཞིན་པ་གཉིས་མེད་ཉིད་དུ་བློ་གོམས་ཤིང་འདྲིས་པར་གྱུར་ནས། མར་མེ་གཅིག་ལས་གཉིས་ཆད་ལྟ་བུའི། རྒྱུའི་ཡེ་གེ་ཨ་དཀར་པོ་དེ་ལས་ཨ་སྥ་ར་ཎ་ཕཊཿ ཅེས་མ་དམར་པོ་ཡི་དཀྱིལ་འཁོར་གྲངས་མེད་སྤྲོ་བ་ཡིས་ཕྱོགས་བཅུ་ཐམས་ཅད་ཨ་དང་མ་གཉིས་ཀྱིས་གང་བ་གསལ་བར་ཏིང་འཛིན་ལ་བློ་འབྱོར་བར་གྱུར་ནས། སཾ་ཧ་ར་ཎ་ཧཱུྃ་གིས་བསྡུས་ཏེ་འོད་དུ་ཞུ་བ་ལས་ཉི་ཟླ་ཉ་གང་བ་སྦྲེལ་མར་བསྒོམ། སཱུརླ་ཙནྶ་མཎྜལ་ཞེས། མ་ཉི་མ། ཨ་ཟླ་བའི་དཀྱིལ་འཁོར་བརྩིགས་མར་བསྒོམ། དེའི་འོག་ཏུ་ཧྲཱིཿདམར་པོ་གསལ་བ་འོད་ཞུས་པདྨ་འདམ་སྐྱོན་གྱིས་མ་གོས་པས་ཆགས་པ་མེད་པ་ཁ་དོག་སྣ་ཚོགས་ཤིག་བསྒོམ་མོ། །གཉིས་པ་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པ། དོན་ཡེ་ཤེས་ལྔ་རྟགས་བྷྲཱུྃ་ལས་རིན་ཆེན་འོད་སྣ་ལྔ་འབར་བའི་གདན་གྱི་འོད་ལས་ཞི་བའི་གཞལ་ཡས་ཁང་སྦྲ་གུར་ལྟ་བུར་བསྒོམ། ཉི་ཟླ་པདྨ་རིན་པོ་ཆེའི་གདན་དང་རིན་པོ་ཆེའི་གཞལ་ཡས་ཁང་བསྒོམ་ལ། ཟར་ཚགས་ལ་སོགས་རྒྱན་ཐམས་ཅད་བསྡུས་ཤིང་ཚང་བས་ངོ་བོ་ཚ་ཕྲ་བར་གསལ་བར་བསྒོམ་མོ། །གཉིས་པ་བརྟེན་པ་ལྷ་བསྒོམ་པ་ལ་གཉིས་ཏེ། རྩ་བའི་ལྷ་ཆོ་ག་ཡན་ལག་གསུམ་གྱིས་བསྒོམ་པ། ཡན་ལག་གི་ལྷ་དགུ་བསྒོམ་པའོ། །དང་པོ་ལ་གསུམ། དང་པོ་གསུང་ཡིག་འབྲུ་ནི་གཞལ་ཡས་ཁང་གི་ནང་གདན་དེ་ཡི་དཀྱིལ་དུ་གསུང་གི་ཡི་གེ་ཧཱུྃ་ཞིག་གནས་པར་བསྒོམ། དེ་ཉིད་ཁ་དོག་མཐིང་ག་འོད་འཚེར་ལ་གསལ་བ་ཡི་ཧཱུྃ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་རྣམ་པར་བསྒོམ། དེ་ལས་འོད་ཟེར་འཕྲོ་བ་ཡིས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། ས་ཧ་ར་ཎ་ཧཱུྃ་གིས་དབྱིངས་སུ་སླར་བསྡུས་ནས་འོད་དུ་ཞུ་བ་ལས། གཉིས་པ་ཐུགས་ཕྱག་མཚན། བཛྲ་ཞེས་པས་ཤིན་ཏུ་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་ཕྲ་བར་ནས་ཙམ་བསྒོམ། རྡོ་རྗེ་ལས་འོད་ཟེར་འཕྲོ་མཆོད་དོན་བྱས་ཏེ་ཁ་དོག་གསལ་ཞིང་འོད་ཟེར་འབར་བར་གྱུར་ནས་མཆོད་དོན་སླར་དབྱིངས་སུ་ཡང་ནི་རྡོ་རྗེ་ལ་བསྟིམ་པར་བྱའོ། །གསུམ་པ་སྐུ་ཕྱག་རྒྱ་ལ་གཉིས་ཏེ། དང་པོ་སྐུ་ཕྲ་བ། ༀ་བཛྲ་ས་ཏྭ་ཞེས་པས་རྡོ་རྗེ་དེ་ཉིད་འོད་དུ་ཞུ་བ་ལས་རྡོ་རྗེ་སེམས་དཔའི་སྐུར་གྱུར་ནས། སྐུ་དེ་ཡང་ཤིན་ཏུ་ཆ་ཕྲ་ཞིང་རྒྱན་ཆ་ལུགས་ཚང་ཞིང་འདུས་པར་བསྒོམ་མོ། །གཉིས་པ་ཡོངས་རྫོགས་ལ་གཉིས། དང་པོ་ཞལ་གཅིག་ཕྱག་གཉིས་པ། གོང་གི་དེ་བཞིན་སྐུ་ཕྲ་མོ་དེ་འཕྲོ་འདུས་པས་གཉིས་སུ་མེད་པར་གསལ་བར་གྱུར་ནས། ཧཱུྃ་བཛྲ་དྷྲིཀ །ཅེས་བས་སྐུ་རགས་པ་རང་ལུས་ཙམ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་གཡོན་དྲིལ་བུ་འོད་འབར་བ་བསྣམས་པ་ཚུལ་དགུ་དང་ལྡན་པར་བསྒོམ། གཉིས་པ་ཞལ་གསུམ་ཕྱག་དྲུག་བསྒོམ་པ། རྡོར་སེམས་བསྐྱེད་པ་དེ་བཞིན་ཉིད་དུ་གོམས་ཤིང་བརྟན་པར་གྱུར་པ་དང་། རྣམ་ཐར་གསུམ་དང་ལྡན་པའི་རྟགས་སུ་དབུ་གསུམ། ཡེ་ཤེས་དྲུག་དང་ལྡན་པའི་རྟགས་ཕྱག་དྲུག་པ་ཉིད་དུ་བསྒོམ་སྟེ། དེ་ཡང་གཡས་ཀྱི་དང་པོ་རྡོ་རྗེ། བར་མ་འཁོར་ལོ། གཡོན་ཐ་མ་རལ་གྲི་འོད་འབར་བ། གཡས་ཐ་མ་རིན་ཆེན། བར་མ་པདྨ། གཡོན་དང་པོ་དྲིལ་བུ་འོད་འབར་བའོ། །གཉིས་པ་ཡན་ལག་ལྷག་པའི་ལྷ་དགུ་བསྒོམས་ལྷ་དེའི་ཐུགས་ཀར། ཤིན་ཏུ་ཆ་ཕྲ་བའི་འོད་ཀྱི་གཞལ་ཡས་ཁང་པདྨ་ཉི་ཟླའི་གདན་དང་ལྡན་པ་དེར། ཙིཏྟའི་གནས་སུ་སྙིང་པོའི་ལྷ་གཅིག་ཡེ་ཤེས་སེམས་དཔའ་བསྒོམ། རྩ་ལྷའི་སྤྱི་བོ་མགྲིན་པ་ཙིཏྟའི་གནས་གསུམ་དུ་ཉི་ཟླ་པདྨ་གསུམ་གྱི་སྟེང་དུ་ༀ་ཨཱ༔ཧཱུྃ་གསུམ་ལས་བྱིན་རླབས་ལྷའི་སྐུ་གསུང་ཐུགས་སུ་རྡོ་རྗེ་གསུམ་བསྒོམ་པར་བྱའོ། །རྩ་བའི་ལྷའི་དབུ་ཡི་གནས་སྤྱི་བོ། འཚོགས་མ། རྣ་ལྟག་གཡས། ལྟག་ཁུང་། རྣ་ལྟག་གཡོན་དང་ལྔར་རིན་པོ་ཆེའི་ཁང་བུ་ལྔའི་ནང་དུ་ཧཱུྃ་ༀ་སྭཱ་ཨཾ་ཧཱ་སྟེ་ཡི་གེ་འབྲུ་ལྔ་བསམ་ལ་ཤུནྱ་ཏ་ལ་སོགས་ཀྱི་སྔགས་བརྗོད་པས་དོན་ཡེ་ཤེས་ལྔ་མཚོན་པའི་ཆུ་རྒྱུན་གྱིས་དབང་རྫོགས་པར་བསྐུར་བས་རྟགས་རིགས་ལྔས་དབུ་བརྒྱན་པར་བསམ་མོ། །གཉིས་པ་ཅིག་ཆར་བསྒོམ་པ་ལ་གཉིས། དང་པོ་ཅིག་ཆར་དུ་བསྒོམ་པ། རྣལ་འབྱོར་བ་བློ་ཡེ་ཤེས་རབ་ཆེ་བས་ཅིག་ཆར་དང་། ཆུང་བས་རིམ་གྱིས་བསྒོམ་པའི་ཁྱད་པར་ཡོད་པའི་བློས་ཕྱེ་བས། ཡང་བློ་ཆེ་ན་ཐོག་མར་སྐུ་ཕྱག་རྒྱ་ཆེན་པོ་རགས་པ་ཅིག་ཆར་དུ་བསྒོམ་སྟེ། དཔེར་ན་ཆུ་ལས་ཉ་ལྡང་བ་ཇི་ལྟ་བ་བཞིན་དུ། སྙིང་པོ་བརྗོད་པ་ཙམ་གྱིས་རྣལ་འབྱོར་པ་བདག་ཉིད་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཅིག་ཆར་དུ་བསྒོམ་སྟེ། དེ་ཡང་རྣམ་ཐར་གསུམ་མཚོན་ཞལ་གསུམ། ཡེ་ཤེས་དྲུག་ལྡན་པའི་ཕྱག་དྲུག་པ་དུས་རྟག་ཏུ་བསྒོམ། གཉིས་པ་གཞལ་ཡས་ཁང་དང་ལྷག་པའི་ལྷ་སྔ་མ་དང་མཐུན་པར་བསྟན་པ། གནས་དགུ་འོད་ཀྱི་གཞལ་ཡས་ཁང་དང་པདྨ་ཉི་ཟླའི་གདན་བསྒོམ་པ་ལ་སོགས་སྔ་མ་རིམ་གྱིས་པ་བཞིན་བསྒོམ། དེའི་གདན་སྟེང་དུ་ཡན་ལག་ལྷག་པའི་ལྷ་དགུ་བསྒོམ་པ་ཡང་རིམ་གྱིས་པའི་སྐབས་དེ་བཞིན་བསྒོམ་པ་ཡིན་ནོ། །ཏིང་འཛིན་དེ་ལ་ཤིན་ཏུ་འདྲིས་ཤིང་གོམས་པར་བྱའོ། །གཉིས་པ་ཁྲོ་བོ་བསྒོམ་པ་ལ་གཉིས། དང་པོ་སྒོམ་ཐབས་རིམ་དང་ཅིག་ཆར་ཞི་བ་དང་མཐུན་པར་བསྟན་པ། དཀྱུས་ཀྱི་ཕྱི་མ་རཀྴ་ཞེས་སྲིན་པོའི་ཆ་ལུགས་འཛིན་པ་ཁྲོ་བོ་རྒྱ་གཅིག་བསྒོམ་པའང་། ཆོ་ག་གསུམ་གྱིས་བསྐྱེད་པ་རིམ་གྱིས་པ་དང་། ཆུ་ལས་ཉ་ལྡང་ལྟར་ཅིག་ཆར་གཉིས་ལས་སྔོན་ཞི་བ་བཞིན་ཏེ། གཉིས་པ་ཁྱད་པར་ཞི་བ་ལས་ཁྲོ་བོར་བསྒྱུར་ཏེ་བསྒོམ་པ། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་གོ་ཆ་སྟེ་ཆོ་ག་གསུམ་དང་ཁ་དོག་མཐིང་ག་འཚེར་བ་དང་། ཐ་དད་པའི་གཞལ་ཡས་ཁང་ལ་སོགས་པ་ཡང་ཞི་བ་ལས་བསྒྱུར་ཏེ། དུར་ཁྲོད་ཀྱི་བཀོད་པ་སོགས་ཁྲོ་བོའི་གཞུང་ལྟར་བསྒོམ་པར་བྱའོ། །ཐུགས་ཀྱི་རིགས་བཛྲ་ཧེ་རུ་ཀ་ལས་གཞན་རིགས་བཞི་གང་རུང་ལ་མོས་པའང་། རིགས་བཞིའི་ཡིག་འབྲུ་རྣམས་ཁ་དོག་སྨུག་སེར་དམར་ལྗང་བཞི་ལ་སེམས་སྦྱང་ཏེ་ལྷ་བསྐྱེད་པ་ནི། གདན་དང་བཞུགས་གནས་དང་རྒྱན་སོགས་བཛྲ་ཧེ་རུ་ཀ་དང་གཅིག་གོ། །སྐུ་གསུང་ཐུགས་རྡོ་རྗེ་ཆོ་ག་རྣམ་པ་གསུམ་ཡང་རིགས་པ་བཞི་གང་ཡིན་གྱི་རིགས་སུ་བསྒྱུར་ཅིང་། དེ་ལ་སྐུ་ཕྱག་རྒྱ་རགས་པ་དང་ཡན་ལག་ལྷ་དགུ་ཞི་བ་ལྟར་ཁྲོ་བོར་གནས་བསྒྱུར་བ་གོང་གི་དེ་བཞིན་ནོ། །གཉིས་པ་ཕྲིན་ལས་ཀྱི་རིམ་པ། ཞི་ཁྲོ་གཉིས་ཀ་བློ་ཆུང་བ་ལ་རིམ་གྱིས་བསྒོམ་པ་ལ་བརྟན་པ་ཐོབ་པའམ། བློ་ཆེ་བས་ཅིག་ཆར་བསྒོམ་པའི་ཕྲིན་ལས་རིམ་པ་ནི། ཡན་ལག་བརྒྱད་པའི་མཐར་མཚམས་བཅད། བཤགས་པ་བྱ། དམ་བཅའ། བྱིན་ཕབ། ཧཱུྃ་ཞེས་འོད་དང་གཟི་བྱིན་རང་ལ་ཐིམ་པ་ལས་ཡི་དམ་གྱི་ལྷར་བསྐྱེད་ལ། ཕྱི་ནང་གི་མཆོད་པ་རྣམས་གཞུང་བཞིན་དུ་བྱིན་གྱིས་བརླབས་ནས། སྟོང་སྙིང་གཉིས་སྔོན་དུ་སོང་ནས། རང་ལྷའི་སྐུར་རིམ་དང་ཅིག་ཆར་དུ་བསྒོམས་ཏེ། ཡན་ལག་ལྷ་དགུ་ལྡན་པར་བསྐྱེད་པ་ཡན་ཆད་རྫོགས་ནས་སྙན་གསན་དབ བ། སྤྱན་དྲངས། བསྟིམ། བརྟན་པར་བྱས། ཕྱི་ནང་གསང་བས་མཆོད་ཅིང་བསྟོད་པ་བྱའོ། །གསུམ་པ་བཟླས་པ་བྱ་བ། གང་བསྒོམ་ལྷའི་སྔགས་ཀྱི་ཡན་ལག་མ་ཉམས་པར་སྔགས་བཟླས་པའང་བཟླས་པའི་སྐྱོན་བཅུ་སྤངས་ཏེ། བདག་དམ་ཚིག་སེམས་དཔའི། ལྷ་ཡེ་ཤེས་སེམས་དཔའ། བར་འཕྲོ་འདུ་སྟེ་རྣམ་པ་གསུམ་གྱིས་བཟླས་པ་ཡི་གྲངས་ཇི་བཞིན་དམ་བཅས་པ་བཞིན་རྫོགས་པར་བྱ་བའོ། །འོད་ཟེར་སྤྲོ་༡ བ་དང་བསྡུ་༣ བས་བདག་༤ དང་གཞན་༢དོན་རྫོགས་བར་དམིགས། ཕྱི་བསྙེན་པའི་དུས་བདག་དང་ཡེ་ཤེས་པ། ཐ་དད་གསལ་བའི་ངང་བཟླས་པ། ནང་སྒྲུབ་པའི་དུས་ཐ་དད་མེད་པར་གསལ་ཏེ་བཟླས་པ། གསང་བ་སྒྲུབ་པ་ཆེན་པོའི་དུས་དོ་ལའི་བཟླས་པ་རྣམས་གང་མོས་སུ་སྦྱང་། འདི་ལ་གསུམ་སྟེ། དང་པོ་གྲངས་སྤྱིར་བྱེ་བ་ས་ཡ་གསུངས་ཀྱང་འབྲུ་འབུམ། གཉིས་པ་དུས་ཅི་ཙམ་དམ་བཅའ་བ། གསུམ་པ་རྟགས་ཀྱི་མཚན་མ་མ་བྱུང་བར་སྙིང་པོ་བཟླས་པ་ཚད་དུ་ཕྱིན་པར་སྐྱོལ་བར་བྱའོ། །བཞི་པ་ཐུན་མཚམས་ཀྱི་ཏིང་འཛིན། བསྒོམ་བཟླས་ཀྱིས་ཁམས་དུབ་བར་གྱུར་ན་ཐབས་ལམ་གྱི་དབང་དུ་ལྟེ་བ་ལ་སོགས་པ་འཁོར་ལོ་བཞིའི་ཐིག་ལེ་ལ་བལྟས་པས་བདེ་བ་འབར་རམ་སྙིང་གར་དབུ་མའི་ནང་དྭངས་མ་ལྔ་འདུས་ཐིག་ལེའམ། ཡེ་ཤེས་སྙིང་པོའི་འོད་ཀྱི་ཐིག་ལེ་དཀར་པོ་སྲན་མ་ཙམ་དཀར་པོ་ལ་བལྟ་ཞིང་ནུབ་མོ་དེའི་ངང་ལ་ཉལ་བས་ཁམས་དུབ་པ་སང་ངོ་། །ནང་བར་ཀྱང་དེ་ཉིད་ངང་ལས་ལངས་ནས་གསུང་ཡིག་འབྲུ་ཧཱུྃ་སོགས་ཞི་ཁྲོ་གང་ཡིན་གྱི་ཆོ་ག་གསུམ་གྱིས་བསྒྱུར་ཏེ་སྐུ་རྒྱ་གཅིག་རྫོགས་པར་བསྒོམས་པས། སྔོན་བཞིན་མཆོད་བསྟོད་བཟླས་པ་སོགས་བརྩོན་པས་ལྷའི་རྣལ་འབྱོར་ལ་འདྲིས་ཤིང་གོམས་པར་བྱའོ། །བཞི་པ་ངོ་བོ་ལ་གསུམ། དང་པོ་སྒོམ་བྱེད་ཏིང་འཛིན་གྱི་ངོ་བོ་དམིགས་མེད་རང་སྣང་དུ་བསྟན་པ། རྟེན་ཞི་ཁྲོའི་གཞལ་ཡས་ཁང་དང་། བརྟེན་པ་ཞི་ཁྲོ་ལྷ་ཡི་དཀྱིལ་འཁོར་དུ་སྣང་བ་ཡང་། རང་རིག་སེམས་ཀྱི་ཆོ་འཕྲུལ་ཉིད་དཀྱིལ་འཁོར་དེར་རང་སྣང་བའི་ཕྱིར། བསྒོམ་བྱའི་ལྷ་ཡང་བློའི་ཡུལ་དུ་དམིགས་ནས་སྒོམ་དུ་མེད་དེ་རང་གི་རིག་པ་དེ་ཉིད་ལྷའི་སྐུ་གསུང་ཐུགས་ཕྲིན་ལས་ཀྱི་ཕྱག་རྒྱ་དང་བཞི་རྫོགས་པའི་ལྷའི་སྐུ་བསྒོམ་པ་དེེ་ཉིད་རིག་པ་རང་སྣང་བའོ། །གཉིས་པ་བསྒོམ་བྱ་དོན་གྱི་ངོ་བོ་ཡོན་ཏན་ལྷུན་གྱིས་གྲུབ་པའི་དཔེ་དོན། ཐུན་མོང་གི་རྒྱལ་བའི་ཡང་རྒྱལ་བ་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་སྐུ་རུ་གསལ་བ་གནས་སྐབས་ཀུན་ཏུ་ནོར་བུ་རིན་ཆེན་ལྟ་བུ་ཡིན་ཏེ། སྐུ་ལྔའི་ཡོན་ཏན་ལྷུན་གྲུབ་ཏུ་རྫོགས་པས་ཕན་གདགས་མི་གདགས་ཀྱི་རྣམ་པར་རྟོག་པའི་རྩོལ་བ་མེད་པར་གདུལ་བྱ་འཁོར་ལྔའི་རེ་བ་ཡིད་བཞིན་གྱིས་སྐོང་བའི་དུས་སུ་ཡོན་ཏན་མི་ཟད་པ་དང་མ་བྱས་པས་འཕེལ་བ་དང་། གདུལ་བྱའི་དོན་ལ་ཕར་འགྲོ་བ་དང་ཚུར་འོང་བ་དང་ཐུགས་རྗེ་ལ་ཉེ་རིང་གི་འདུ་ཤེས་གང་ཡང་མེད་པར་འགྲོ་བའི་དོན་མཛད་པ་བཞིན་རྗེས་འཇུག་གིས་ཀྱང་དེ་བཞིན་དུ་ཤེས་ནས་བསྒོམ་མོ། །གསུམ་པ་སྒོམ་པའི་ངེས་ཚིག །ལྷའི་སྐུ་ཕྱག་རྒྱ་ཆེན་པོ་དེ་བསྒོམ་པའི་ཚེ་ཡོད་པས་སྐྱོན་ལས་གྲོལ་བ་དང་། མ་བསྒོམས་པ་ཙམ་ན་མེད་པས་སྐྱོན་གྲོལ་ཏེ། གྲོལ་དང་མ་གྲོལ་བའི་འཛིན་པ་མེད་པ་དེ་ཐམས་ཅད་རིག་པ་བདག་ཉིད་ཆེན་པོ་ཡིན་ཕྱིར་དགོངས་པ་ལ་ཕྱོགས་རིས་མེད་ཅིང་སྤྱོད་པ་ལྷ་ལ་བླང་བྱ་དང་རྟོག་པ་ལ་དོར་བྱ་མེད་དེ། ལྷར་བསྒོམ་པ་ལ་བྱིང་བ་དང་རྒོད་པ་ཤས་ཆེ་བའི་སྐྱོན་མེད་པར་དེ་སྙོམས་པ་ཙམ་ལ་ཏིང་འཛིན་མཉམ་པ་ལ་བཞག་པའམ་བསྒོམ་ཞེས་བྱ་བའི་སྒྲ་དོན་ནམ་ངེས་ཚིག་ཏུ་བརྗོད་པའོ། །ལྔ་པ་མི་མཐུན་པའི་སྐྱོན་ལ་གཉིས། དང་པོ་ཐུན་མོང་གི་སྐྱོན་ཕྲ་བར་བསྟན་པ། ཏིང་འཛིན་ངོ་བོ་དང་མི་མཐུན་པའི་སྐྱོན་བྱེ་བྲག་རྣམས། རྒྱ་གཅིག་རྣལ་འབྱོར་ལ་གནས་པ་འདི་ཡི་ཚེ་སྐྱོན་རྣམས་དམིགས་ངོས་བཟུང་བ་ནི། དང་པོ་ཡི་གེ་ལ་སེམས་སྦྱང་བ་ནས་བཟུང་སྟེ་སྐུ་ཡོངས་སུ་རྫོགས་པ་བསྒོམ་པའི་བར་དམིགས་པ་བརྗེད་པ་དང་བྱིང་རྒོད་ལ་སོགས་པ་ཐུན་མོང་གི་སྐྱོན་ཀུན་ཏུ་འབྱུང་བ་འདིར་རགས་པ་མི་འབྱུང་སྟེ་ཕྲ་བ་ཙམ་འབྱུང་ལ། ཐ་མ་སྐྱོན་ཕྲ་བ་རྒྱ་གཅིག་པ་འདི་བསྒོམ་པའི་སྐབས་ལས་འབྱུང་བ་དེ་ཤེས་བཞིན་བྱ་ར་བའི་སོ་མཐའ་བཅུད་པ་གཅེས་སོ། །གཉིས་པ་ཁྱད་པར་གྱི་སྐྱོན་བཅུ་གཅིག་བསྟན་པ་ནི། ཕྱག་རྒྱ་གཅིག་པ་འདི་ཉིད་ཀྱི་ཁྱད་པར་གྱི་སྐྱོན་ལ་གཉིས་ལས། དང་པོ་ཡི་གེ་ལ་སེམས་སྦྱང་བའི་སྐྱོན་གསུམ། སྨིག་རྒྱུ་ལྟར་བློ་ཡུལ་དུ་ཨ་ཧཱུྃ་རབ་རིབ་ཙམ་ལས་མི་སྲུང་བ་དང་། ཡི་གེ་སྣང་ཡང་དུ་བའི་གསོབ་ཀྱི་རྫས་ལྟར་མི་གསལ་བ་མག་མོག་ཏུ་འདུག་པ། ཡི་གེ་གསལ་བ་འགྲིངས་ནས་འགྲོ་བ་གྲིབ་མ་ལྟ་བུའི་ནག་ནོག་གིས་ཆོད་པའོ། །གཉིས་པ་ལྷ་བསྒོམ་པའི་དུས་སུ་འགྱུར་བའི་སྐྱོན་བརྒྱད་ནི། ལྷ་རང་གི་ལུས་གང་གི་ཚད་དུ་དམིགས་གནས་བསྒོམ་པ་ལ་ཆེ་ཆུང་གི་ཚད་འགྱུར་༡བ་དང་། ཞི་ཁྲོའི་ཚུལ་དགུའམ། གར་དགུ་འམ། བཞེངས་བཞུགས་ཀྱི་ཚུལ་འགྱུར་༢ བ་དང་། གྲངས་མང་ཉུང་འགྱུར་༣བ་དང་། ཞི་ཁྲོའི་ཆ་ལུགས་རིན་པོ་ཆེའི་རྒྱན་དང་། དུར་ཁྲོད་འགྱུར་༤ བ་དང་། སྐུ་མདོག་དཀར་པོ་ལ་སོགས་འགྱུར་༥ བ་དང་། ཞི་བ་དང་། ཁྲོ་བོའི་དབྱིབས་འགྱུར་བ་དང་། ཁ་དོག་སྟེ་སྐུ་མདོག་འབའ་ཞིག་ལས་མི་སྣང་སྟེ་སྐུའི་དབྱིབས་མེད་པ་༧ དང་། དབུའི་གཙུག་ཏོར་ནས་རིམ་པར་ནུབ་ཅིང་མི་གསལ་བའོ། །དྲུག་པ་བཅོས་ཐབས་ལ་གསུམ། དང་པོ་སྐྱོན་བཅོས་ཐབས་སྤྱིར་བསྟན་པ། དེ་ལྟར་སྐྱོན་དབང་དུ་གྱུར་པ་ཤེས་བཞིན་བྱ་ར་བས་ཚོར་བར་བྱས་ཏེ། མཚན་མའི་འདུ་བྱེད་ཀྱི་རྣམ་རྟོག་གི་རླུང་གིས་སྐྱོན་བྱུང་བསམས་ནས་ཏིང་འཛིན་བསྐྱོད་པར་མི་བྱའོ། །གཉིས་པ་བྱེ་བྲག་ཏུ་ཁྱད་པར་གྱི་སྐྱོན་བཅོས་ཐབས། གོང་བསྟན་དེ་ལྟར་སྐྱོན་ངོས་ཟིན་པའི་རྣལ་འབྱོར་པས། སྐྱོན་དེ་དག་ཀུན་གྱི་བཅོས་ཐབས་ནི་འདི་ལྟ་སྟེ། འདིར་ཁྱད་པར་གྱི་སྐྱོན་ལའང་རབ་རིབ་མག་མོག་གྲིབ་མ་གསུམ་ལའང་སྙིང་རྗེ་འགྱུ་བ་སྒྱུ་མ་དང་སྟོང་པ་ལ་ཡེ་ཤེས་སྒྱུ་མའི་ངང་ལ་ཡུན་རིང་དུ་འདུག་ལ། དེ་གོམས་པའི་རྗེས་ལས་ཕྲ་བའི་ཡི་གེ་བསྒོམ་པ་ཐོབ་པ་ཡིན་ཏེ་ཡུན་མི་རིང་བར་ཐུན་ཚོད་མ་སུན་ཙམ་དུ་འདུག་ཅིང་བསྒོམ་པར་བྱའོ། །སྐྱོན་བརྒྱད་ཀྱི་སྔ་མ་དྲུག་ལ་སྐུ་རི་བོ་ལྟར་ཆེ་ཞིང་གདོས་བཅས། གཏོས་ཆར་ཡང་སྣང་། མཆན། རང་རྒྱུད་དུ་བསྒོམ་པར་བྱ་ཞིང་། བདུན་པ་ལ་ཁ་དོག་གསལ་ཀྱང་དབྱིབས་མེད་པ་ལ། ཁ་དོག་ལ་བརྟེན་ནས་སྐུའི་དབྱིབས་དང་གཉིས་བསྲེ་སྟེ་བསྒོམ་པར་བྱའོ། །བརྒྱད་པ་རིམ་པར་ནུབ་པའི་སྐྱོན་ལ་སྤྱི་ཡི་རྣམ་པ་གསལ་བ་མིན་ཀྱང་བྱེ་བྲག་ཞལ་ཕྱག་ཕྱག་སོར་སོགས་གང་གསལ་ལ་བློ་གནས་པར་བྱའོ། །གསུམ་པ་སྤྱོད་ལམ་གྱི་སྐྱོན་བཅོས་ཐབས་ནི། སྒོ་གསུམ་གྱི་བྱ་བར་འོས་པ་མིན་པ་ཏིང་འཛིན་དང་མི་མཐུན་པའི་ལས། ཡི་གེ་བྲི་མཆོད་སོགས་ཀུན་དོར་བར་བྱས་ཏེ། འགྲོ་ཉལ་འདུག་སྡོད་སྤྱོད་ལམ་བཞི་རྣལ་དུ་མ་འབྱོར་བའི་སྐྱོན་རྣམས་དོར་ཞིང་གཏང་བར་བྱ་བའོ། །བདུན་པ་ཉམས་ལ་གསུམ། དང་པོ་ཉམས་སྔ་མ་བཞིན་འཕེལ་བ། སྔོན་དེ་ཏིང་ཀུན་ཏིང་གཉིས་ལ་ཉམས་ལྔ་ཞུགས་ནས་བརྟན་མོད་ཀྱང་ཕྱག་རྒྱ་གཅིག་པའི་ཏིང་འཛིན་ལ། གོམས་པས་ཉམས་རིམ་ལྔ་གོང་ནས་གོང་དུ་འཕེལ་བའི་ཚུལ་བསྟན་བའང་ལམ་སྔ་མ། དེ་ཀུན་གཉིས་སུ་བསྟན་པ་བཞིན་ཤེས་པར་བྱའོ། །གཉིས་པ་ཉམས་ལྔ་མཚན་མ་དང་སྦྱར་ཏེ་བཤད་པ། གཡོ་ཉམས་དུས་སུ་སྨིག་རྒྱུ་དེ་ཆུ་མིན་ཀྱང་ཡོད་སྣང་ལྟར། ཡི་གེ་དང་ལྷ་མི་སྣང་ཡང་ཡིད་ཡུལ་དུ་ཡོད་པའོ། །ཐོབ་པའི་དུས་མེ་སྟག་ཆུང་ངུ་ཡིས་ལྕི་བ་སྐམ་པོ་ལ་མཆེད་དེ་དུ་བསྔོ་ལང་གིས་བྱུ ང་བ་དེ་མ་ཐག་མེད་པ་བཞིན་ཡི་གེ་དང་ལྷ་གསལ་མ་ཐག་མེད་པའོ། །གོམས་པའི་དུས་སྲིན་བུ་མེ་ཁྱེར་མཚན་མོ་འོད་ཡོད་པ་ཤིང་སོགས་འཕགས་སུ་མི་སྣང་བཞིན་སྔ་མ་བས་ལྷ་གསལ་བ་རྒྱུན་རིང་ནས་ཡང་མི་གསལ་ལོ། བརྟན་པའི་དུས་མར་མེ་རླུང་གིས་མ་བསྐྱོད་ལྟར། ཐུན་བར་དུ་ལྷ་གསལ་ལ་རྟོག་པ་མེད་པའོ། །མཐར་ཕྱིན་དུས་ནམ་མཁའ་དྭངས་པ་ལ་ཉི་མ་ཤར་བ་ལྟར། དུས་ཐུན་ནམ་ཉིན་མཚན་ཕྱེད་པར་རིག་པ་ལྷར་གསལ་བའོ། །དེ་ལྟར་ཉམས་ལྔ་མཚན་མའི་ཚུལ་དེ་དག་དང་སྦྱར་ཏེ་ཤེས་པར་བྱའོ། །གསུམ་པ་རྩོལ་བ་ཆེ་ཆུང་རང་གི་ཉམས་དང་སྦྱར་བ། རྩོལ་བ་དང་བཅས་པའི་བཏང་སྙོམས། རྩོལ་བ་མེད་པའི་ཉམས་པ་མཆན། དུས་ཕྱང་བའི་བཏང་སྙོམས་དང་གསུམ་གྱི་རིམ་པ་དང་། སེམས་སྤྲོ་བས་སྒོ་གསུམ་གྱིས་རྩོལ་བ་བྱེད་པ་སྟེ་མདོར་ན་དེ་དག་སྐབས་ཀྱིས་བླང་དོར་ཉམས་ལས་ཤེས་པར་བྱའོ། །བརྒྱད་པ་སྤྱོད་པ་ལ་གསུམ །བདག་དོན་གྱི་སྤྱོད་པ། གཞན་དོན༴ ཏིང་འཛིན་བརྟན་པའི་ཡོན་ཏན་ནོ། །དང་པོ་ལ་དྲུག་སྟེ། དང་པོ་སྤྱོད་ལམ་བཞི་ལ་ཞི་ཁྲོ་གང་ཡིན་གྱི་སྐབས་དང་སྦྱར་བ། རང་གི་སྤྱི་མགྲིན་སྙིང་ལྟེ་བཞིར་ཡིག་འབྲུ་ཧཱུྃ་བཞིས་ཁྲོ་བོ་བཞིར་བསྐྱེད་ལ་དུས་རྟག་ཏུ་མཚམས་བཅད་དེ་སྲུང་བ་བྱ། ཆོས་ཀུན་རང་བྱུང་ཡེ་ཤེས་ལ་རིག་པ་བདག་ཉིད་ཆེན་པོའི་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་བྱ་བ་ནི། ནང་གི་སྦྱིན་སྲེག་ཀྱང་ཟ་ཚོགས་གཏོང་ལུང་ལྟར་དང་དུ་བླང་བར་བྱ་ཞིང་། གཟུགས་སྒྲ་དྲི་རོ་རེག་ཆོས་སོགས་ཡུལ་དྲུག་སྤྲོས་པ་མེད་པའི་ཐིག་ལེའམ་འདོད་ཡོན་ལྷ་མོ་དྲུག་ཏུ་གསལ་བས་ལྷ་ལ་ལྷ་ཐིམ་པར་རོལ་ཞིང་། དབང་པོ་རྣམ་ཤེས་སེམས་དཔའ་བརྒྱད། ཡུལ་དང་དུས་ཕྱི་ནང་གི་སེམས་མ་སྟེ་ཡབ་ཡུམ་དུ་སྦྱོར་བར་ཤེས་པར་བྱ། དེ་ཡང་ཡི་དམ་གྱི་ལྷ་ཞི་ཁྲོ་རྒྱ་གཅིག་པ་གང་ཡིན་པའི་སྐབས་ཀྱིས་སེམས་དཔའ་སེམས་མ། ཀ་རི་དང་སིདྷ་ལ་སོགས་པར་བསྒྱུར་བར་བྱའོ། །གཉིས་པ་བདག་ཉིད་ཆེན་པོའི་ཡོན་ཏན། གོང་བསྟན་བཞིན་ཆོས་ཐམས་ཅད་རིག་པ་བདག་ཉིད་ཆེན་པོའི་ངང་དུ་སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པར་ཤེས་པས་རང་ལ་མཆོད་པ་འབུལ་བ་ཡིས། སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་རང་རིག་ཡེ་ཤེས་དང་ཐ་དད་མེད་པས་མཉེས་ཤིང་། རྟོ ག་ཚོགས་རང་རིག་གསལ་བས་སྲིད་པ་ཁམས་གསུམ་གྱི་སེམས་ཅན་རིགས་དྲུག་དང་དེ་དག་བསྐྱེད་པའི་ས་བོན་ཨ་ནྲྀ་སུ་ཏྲི་པྲེ་དུ༔ཐམས་ཅད་ལ་བྱང་ཆུབ་སེམས་ཀྱི་བདེ་བའི་རོ་དགའ་བ་ཆེན་པོས་ཁྱབ་ནས་ཚིམ་པར་འགྱུར་རོ། །གསུམ་པ་དུས་དང་གནས་སྐབས་ཐམས་ཅད་དུ་བསྒོམ་པའི་ཡོན་ཏན། རྣལ་འབྱོར་བ་ཕན་ཚུན་དུ་འགྲོ་བ་དང་། ཉལ་བ། འདུག་ཅིང་སྡོད་པ། ཟས་ལ་ལོངས་སྤྱོད་པའི་ཚེ་དང་། ཉོན་མོངས་ཆགས་སྡང་ལ་སོགས་དང་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ་འབྱུང་བའི་ཚེ་ན་ཡང་། གསང་བའི་ཐེག་པ་ཆེན་པོ་གསང་སྔགས་ཡི་དམ་གྱི་ལྷའི་སྐུ་ཕྱག་རྒྱ་བསྒོམ་པའི་ཏིང་འཛིན་མི་སྤང་ཞིང་མི་གཏོང་སྟེ། དུས་ཀུན་ལྷའི་ང་རྒྱལ་དང་མ་བྲལ་བ་སྔོན་བཞིན་དབང་པོ་ཡུལ་དུས་ཐམས་ཅད་ལྷ་ཡབ་ཡུམ་དུ་སྦྱོར་བས་མྱུར་དུ་འབྲས་བུ་ལྷའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །བཞི་པ་བྱ་བ་སྤང་བས་ཕྱོགས་གཅིག་པའི་སྤྱོད་པ། རྒྱུ་དེ་ཏིང་དང་འབྲས་བུ་རྒྱ་གཅིག་པ་དེ་གཉིས་མཚམས་སྦྱོར་བས་ཀུན་སྣང་དང་གསུམ་གྱི་བར་སྐབས་ཀུན་ཏུ་བསྒོམ་པ་ཁོ་ན་མིན་པ་ཆོས་སྤྱོད་དགུ་ཡི་སྤྲོས་པ་དོར་ཏེ། གཏན་དུ་དོར་བ་མིན་པས་རྒྱུད་ལ་ལྡན་ཡང་སྒོམ་པའི་སྐབས་དང་དུ་བླང་བར་བྱ་བ་མིན་ཏེ། དེ་ཅིའི་ཕྱིར་ན། གཡེང་བ་དྲུག་ལས་མཚན་མའི་གཡེང་བ་ཡིན་པའི་ཕྱིར་རོ། །ལྔ་པ་སྤྱོད་པ་དག་ཅིང་བརྩོན་པ་དང་ལྡན་པའི་ཡོན་ཏན། ལུས་ངག་ཡིད་ལྷའི་སྐུ་གསུང་ཐུགས་རྡོོ་རྗེ་གསུམ་དུ་བསྒོམ་པས་རང་ལས་དམན་ལ་ཕྱག་དང་སྐོར་བ་མི་བྱ། ཞི་ཁྲོའི་ཕྱག་རྒྱའི་ལྷ་ཡི་རྣལ་འབྱོར་ཏིང་འཛིན་སྤྱོད་ཅིང་ཉམས་སུ་ལེན་པ་ལ། ལྟ་བའི་དོན་དང་ལྡན་ཅིང་སྔགས་དང་ཕྱག་རྒྱ་མ་ཉམས་པར་སྤྱོད་ལམ་དག་པར་བྱས་ཏེ། བསྒོམ་བཟླས་ལ་བརྩོན་འགྲུས་ཤིན་ཏུ་ཆེར་བསྐྱེད་དེ་བསྒྲུབ་ན་དུས་མྱུར་བར་ཡི་དམ་ལྷ་འགྲུབ་པར་འགྱུར་རོ། །དྲུག་པ་ཚོགས་གཉིས་རྫོགས་པའི་ཡོན་ཏན། སྤྱོད་ལམ་ཐམས་ཅད་ལྷ་ཡིན་པ་ལ་ལྷ་གསལ་བའི་རོལ་བ་མ་འགགས་པར་བསོད་ནམས་ཀྱི་ཚོགས་ཏེ། དེ་ལ་སྤྱོད་བཞིན་ལ་རང་བཞིན་མེད་པར་ཤེས་པས་མ་ཆགས་པས་ཡེ་ཤེས་ཚོགས་དང་གཉིས་སུ་མེད་པར་རྫོགས་པའོ། །གཉིས་པ་གཞན་དོན་གྱི་སྤྱོད་པ། གདུལ་བྱ་གཞན་གྱི་དོན་བྱ་བའི་ཕྱིར་བཟླས་པའི་འོད་ཟེར་གྱི་འཕྲོ་འདུའི་རིམ་པས་བདག་གཞན་གྱི་དོན་རྫོགས་པར་བྱེད་དེ། ཕྱག་རྒྱ་སྤྲོས་བཅས་ཀྱིས་དོན་བྱ་བའི་ཡུལ་གྱི་རྐྱེན་དང་འཕྲད་པས་དེའང་མི་འདོར་ཏེ། རྒྱ་གཅིག་སྐབས་སྤྲོས་པ་བསྒོམ་པའི་དུས་མིན་ཡང་གདུལ་བྱ་གཞན་གྱི་དོན་དུ་དབང་བསྐུར་བ་ལ་སོགས་པ་བྱ་བའི་ཕྱིར་ཕྱག་རྒྱ་སྤྲོས་པའི་ཏིང་འཛིན་དེའང་འདི་ཉམས་སུ་ལེན་པར་བྱེད་ཅིང་བསྒོམ་པར་སྟོན། དེའི་ཕྱིར་གདུལ་བྱ་གང་དང་འདུལ་ཐབས་འཚམས་པར་བསྟན་པས་གཞན་གྱི་དོན་རྫོགས་པར་བྱེད་དོ། །གསུམ་པ་ཏིང་འཛིན་བརྟན་པའི་ཡོན་ཏན་ནི། དེ་ཡང་རྣལ་འབྱོར་པ་བདག་ཉིད་ཀྱི་དོན་སྒྲུབ་པའི་ཕྱིར། ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པ་རྣམས། རྒྱ་གཅིག་པ་འདི་ལ་བརྟན་པ་ཐོབ་ན་དངོས་གྲུབ་ལ་སྦྱོར་བས་གང་ཡང་ཐེ་ཚོམ་མེད་པར་འགྲུབ་པར་འགྱུར་རོ། །དགུ་པ་དམ་ཚིག་རྒྱ་གཅིག་འདི་ལ་གནས་པའི་ཚེ་ལམ་གྱི་གཞིི་འཛིན་པས་གཞི་དང་འདྲ་བའི་རྩ་བ་ཡན་ལག་གི་དམ་ཚིག་ཀུན་དང་ལྡན་མོད་ཀྱང་། ཁྱད་པར་དུ་གསུང་གི་དམ་ཚིག་གི་གཞི་ལ་སྔགས་ཕྱག་རྒྱ་རྒྱུན་མི་གཅད་པ་ལ་ལྷུར་བྱ་ཞིང་། ཡི་དམ་ལྷའི་སྐུའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་གསལ་བའི་ངང་ལས་སྤྱོད་ཡུལ་ཀུན་ཏུ། ཡང་ལྷ་དང་ལྷ་མོའི་དཀྱིལ་འཁོར་གསལ་བ་ལས་མི་འདའ་བར་བསྡམ་པར་བྱའོ། །བཅུ་པ་དྲོད། ཕྱི་ལུས་དང་། ནང་ངག་དང་། གསང་བ་སེམས་ཀྱི་དྲོད་གསུམ་པོ་ཡང་། འདིར་སྔར་བས་ཤིན་ཏུ་འཕེལ་ཏེ། ལམ་སྔ་མ་གཉིས་སུ་དྲོད་གཡོ་བ་དང་ཐོབ་པའི་ཚུལ་དང་། འདིར་སྔ་མ་པས་གོམས་པ་དང་བརྟན་པའི་ཆར་འཕེལ་བར་འགྱུར་ཏེ། ཇི་ལྟར་ཞེ་ན། ཕྱིའི་དྲོད་འདོད་པའི་ལོངས་སྤྱོད་ལ་ཞེན་པ་མེད་པ་སྔར་བས་ཆུང་བ་དང་། དབང་པོ་ཡུལ་དུས་སྣང་བ་ཀུན་ལྷའི་ཏིང་འཛིན་ལ་གོམས་པ་དང་། ནང་གི་དྲོད་དབུགས་ཕྱི་ནང་དུ་རྒྱུ་བ་ཆད་པ་དང་གསང་བའི་དྲོད་ཏིང་འཛིན་གྱི་ཐུན་མཚམས་དང་བྲལ་ཏེ། གོང་དུ་བསྟན་པའི་ཕྱི་ནང་གསང་བའི་དྲོད་ཀྱི་བྱེ་བྲག་མ་ལུས་པ་ཀུན་དང་གསལ་བརྟན་དུ་ལྡན་པར་འགྱུར་རོ། །བཅུ་གཅིག་པ་རྟགས་ལ་བཞི། དང་པོ་རྟགས་དངོས། རྒྱ་གཅིག་རྟགས་ཆེན་པོ་ནི་ཏིང་འཛིན་གོམས་ཤིང་། མཐར་ཕྱིན་པའི་ཚེ་སྨིག་རྒྱུ། དུ་བ། སྲིན་བུ་མེ་ཁྱེར། མར་མེ། ཉི་མ་ལྟ་བུའི་མཚན་མ་ལྔ་པོ་དེ་དངོས་སུ་མཐོང་བ་དང་། རླུང་གི་མཚན་མ་ལྔ། དུ་བ་ལྟ་བུའི་ལང་ལོང་དང་། སྨིག་རྒྱུ་ལྟ་བུ་གྱ་གྱུ། སྲིན་མེ་ལྟ་བུ་དམར་འཕྲོ་དང་། མར་མེ་ལྟ་བུ་དམར་སྐམ་གསལ། མཁའ་ལ་ཉི་ཤར་ལྟ་བུར་སྣང་། ཞེས་སོ། །ཡི་དམ་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་གསུང་ཡིག་འབྲུ། ཐུག་ཕྱག་མཚན། སྐུ་ཡོངས་རྫོགས་ཀྱི་སྐྱེ་མཆེད་དངོས་སུ་མཐོང་བ་རྣམས། ལྷ་གྲུབ་པའམ་རྟགས་སམ་མཚན་མ་ཡིན་ཏེ། འབྲས་བུ་གྲུབ་པ་ཡི་རྟགས་ཀྱི་ཐོག་མ་ཡིན་པས་དང་པོའི་རྟགས་ཞེས་བྱའོ། །གཉིས་པ་མངོན་ཤེས། དེ་ཏིང་ཀུན་ཏིང་གཉིས་པས་དམིགས་པ་རྒྱ་ཆེ་བའི་རྒྱ་གཅིག་པའི་མངོན་ཤེས་ཀྱང་། ཏིང་འཛིན་སྔ་མ་གཉིས་ལས་འདིར་གྲངས་ཉེར་ལྔ་སོགས་མང་བ་དང་། ཡུལ་རྒྱ་ཆེ་བ་དང་གཉིས་ཀྱིས་བླ་ན་མེད། གཞན་ཡང་སྒོ་ལྔའི་དབང་ཤེས་ཉི་ཤུ་རྩ་ལྔའི་མངོན་ཤེས་ཀྱང་། རྒྱ་གཅིག་སྐབས་འདིར་གཡོ་ཐོབ་ཙམ་དུ་འབྱུང་བར་ཐེ་ཚོམ་མེད་དོ། །གསུམ་པ་ཆོ་འཕྲུལ། ལུས་ཀྱི་རྟགས་རྫུ་འཕྲུལ་གྱི་ཆོ་འཕྲུལ། ངག་གི་རྟགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ། སེམས་ཀྱི་རྟགས་རྗེས་སུ་བསྟན་པའི་ཆོ་འཕྲུལ། སེམས་གྱི་མཐུའི་རྟགས་བྱིན་རླབས་རྣམས་ཀྱང་། ཆོ་འཕྲུལ་བཞི་ཡི་ཚུལ་དེ་རྣམས་ཀྱང་གཡོ་ཐོབ་ཙམ་དུ་འབྱུང་བར་བྱེད་དོ། །བཞི་པ་བརྟགས་སྔར་བས་གསལ་ཞིང་བརྟན་པར་འབྱུང་ཚུལ། དྲོད་རྟགས་དེ་དག་ལས་གཞན་ཡང་ཕྱི་ནང་གི་རྟགས་དང་། ཤུགས་སྣང་དང་། བདུན་ཀྱི་སྤྱོད་ཡུལ་ལ་སོགས་པ་ཀུན་སྔོན་དུ་སོང་བ་དེ་ཏིང་སྙིང་རྗེ་གཉིས་པས་རྒྱ་གཅིག་པའི་སྐབས་འདིར་ངོ་བོ་གསལ་ཞིང་བརྟན་པ་ཐོབ་པ་འབྱུང་སྟེ། ཏིང་འཛིན་གོང་མ་གཉིས་ཁ་ཕྲལ་ཏེ་བསྒོམ་པ་ཡིན་ལ་འདིར་རྒྱ་གཅིག་པའི་རྣལ་འབྱོར་བདེན་པ་དབྱེར་མེད་བསྒོམ་པ་དེ་ནི་ལྷག་པའི་ཏིང་འཛིན་གོམས་པའི་སྟོབས་ཀྱིས་ཐོབ་པ་ཡིན་ནོ། །བཅུ་གཉིས་པ་མཚན་མ་རྨི་ལམ་ལ་གཉིས། དང་པོ་ལེགས་ཉེས་གསལ་བརྟན་དུ་འབྱུང་བ། སྤྱོད་ལམ་བཞི་ལས་ཉལ་བ་གཉིད་ཀྱི་རྨི་ལམ་དུ་ལམ་སྒྲུབ་པ་ལེགས་པའི་ཡོན་ཏན་དང་ཉེས་པའི་སྐྱོན་འབྱུང་བའི་བྱེ་བྲག་ཀུན། ལམ་སྔ་མ་གཉིས་པས་འདིར་གསལ་བར་འབྱུང་ཞིང་སྔར་བས་ཀྱང་ཤིན་ཏུ་བརྟན་པ་འབྱུང་བའོ། །གཉིས་པ་གྲུབ་པའི་རྟགས་ཀྱི་རྨི་ལྟས་བཅུ་བཞི་འབྱུང་བ་ནི། ཞི་ཁྲོ་གང་ཡིན་གྱི་ལྷའི་བསམ་གཏན་ཏིང་འཛིན་སྔགས་ལ་འབད་པས་བཟླས་པ་བྱས་པ་ཡིས། སྒྲུབ་པ་པོས་ནི་གྲུབ་པའི་རྨི་ལྟས་བཅུ་བཞི་པོ་འདི་དག་ནི་རྟགས་སུ་མཐོང་བ་སྟེ། ཇི་ལྟར་མཐོང་ན། དང་པོ་ནི་བདག་ཉིད་རྫོགས་པའི་སངས་རྒྱས་ཀྱི་མཐུ་དང་མཚུངས་ཤིང་མཉམ་པར་མཐོང་བ་དང་། གཉིས་པ་ནི་རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དཔེས་བརྒྱན་པ་དང་། རྣལ་འབྱོར་པ་བདག་ཉིད་དང་ཐ་དད་མེད་པར་ནི་དུས་མྱུར་དུ་ཐོབ་པར་མཐོང་བའོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། བརྒྱ་བྱིན་ལ་སོགས་ཁམས་གསུམ་ན་གནས་པས། །རྣལ་འབྱོར་བདག་ལ་མཆོད་པ་བྱེད་པར་རྣལ་འབྱོར་པ་དེས་རང་གི་རྨི་ལམ་ན་མཐོང་ངོ་། །བཞི་པ་ནི། གཉིས་མེད་ཀྱི་ཡེ་ཤེས་ཆེན་པོ་འོད་དང་འདྲའི་གཟུགས་སྐུར་སྣང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིས་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་པོ་རྣམས་ཀྱིས་དུས་རྟག་ཏུ་བདག་ལ་མཆོད་པ་བྱེད་པར་མཐོང་བའོ། །ལྔ་པ་ནི། རྡོ་རྡོ་སེམས་དཔའི་གཟུགས་ཆེན་པོ་དང་། གྲགས་ཆེན་ཕྱག་ན་རྡོ་རྗེའི་གཟུགས་མཆོག་དག་ཏུ། གཉིད་ལོག་པའི་རྨི་ལམ་དག་ན་རྣལ་འབྱོར་པ་རང་གི་གཟུགས་ལྷ་དེ་དག་ཏུ་མཐོང་བའོ། །དྲུག་པ་ནི། གྲགས་ཆེན་ཕྱག་ན་རྡོ་རྗེ་གསང་བའི་དབང་པོ་དང་། བྱང་ཆུབ་སེམས་དཔའ་འཁོར་ལོ་བསྣམ་པ་ཅན་སྒྲིབ་བསལ་དང་སངས་རྒྱས་ཆེན་པོ་རྣམ་པར་སྣང་མཛད་ལ་སོགས་ཀྱིས་བདག་ལ་ཕྱག་འཚལ་བའི། རྨི་ལམ་འདི་དག་སྒྲུབ་པ་པོས་མཐོང་བར་གྱུར་པ་དེ་ལུས་ལྷའི་སྐུ། ངག་གསུང་། སེམས་ཐུགས་ཀྱི་ཏིང་འཛིན་བསྒོམ་པའི་མཐུ་ལས་སྐྱེས་པ་ཡིན་ནོ། །བདུན་པ་ནི། རིན་པོ་ཆེ་དང་དར་གྱི་རྒྱན་བཅུ་གསུམ་པའི་རྒྱན་རྣམས་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པར་བརྒྱན་པའི་ལྷ་ཡི་བུ་མོ་ཡིད་དུ་འོང་བ་དང་། མིའི་ཁྱེའུ་དང་བུ་མོ་ཡིད་འོང་དག་གིས་བདག་ལ་འདོད་ཡོན་ལྔའི་མཆོད་པ་བྱེད་པ་མཐོང་ན། རྟགས་དེ་ནི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་བའི་ལྟས་ཡིན་ནོ། །བརྒྱད་པ་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྣམས་ནི། རང་རང་གི་ཞིང་ན་གནས་པ་དག་བདག་གིས་ངེས་པར་མཐོང་བ་སྟེ། རྒྱལ་བ་དེས་བདག་ལ་ཐུགས་ནི་དགྱེས་པར་གྱུར་ནས་ཀྱང་། ཆོས་ཀྱི་མཛོད་པོ་ཏི་གླེགས་བམ་ལ་སོགས་ཡིད་དུ་འོང་བ་ཡི་གཏམ་ལ་སོགས་བདག་ལ་སྣང་བ་དང་། དགུ་པ་ནི། ཆོས་ཀྱི་འཁོར་ལོ་སྒྱུར་བའི་མཐུ་དང་སྤྲུལ་སྐུ་ཐུབ་པ་ལྟ་བུ་ལ་འཁོར་སེམས་ཅན་ཀུན་གྱིས་ཡོངས་སུ་བསྐོར་ནས་ཆོས་སྟོན་པ་མཐོང་བ་ནི་རྣལ་འབྱོར་པ་ལྷའི་བསམ་གཏན་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་ལ་དབྱེར་མི་ཕྱེད་པར་གནས་པའི། དམ་ཚིག་ལས་མི་འདའ་བའི་སྦྱོར་བས་མཐོང་བར་འགྱུར་རོ། །བཅུ་པ་ནི། ཉམས་དགའ་བའི་ས་ཕྱོགས་སྣ་ཚོགས་པ་ཀུན་དགའ་བའི་སྐྱེད་མོས་ཚལ་ལ་ལྷ་ཡི་བུ་མོ་ལ་སོགས་པས་བརྒྱན་པ་ན། བདག་ཉིད་ལ་སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་པར་མཐོང་བ་ནི། ཡི་དམ་ལྷའི་བསམ་གཏན་གྱི་ཏིང་འཛིན་ལས་མི་འདའ་བའི་དམ་ཚིག་ཅན་གྱིས་མཐོང་པའོ། །བཅུ་གཅིག་པ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་ཡིས། བདག་ལྷ་སྒོམ་པ་དེ་ལ་ནི་མངོན་སུམ་པར་དབང་བསྐུར་བ་མཐོང་བ་དང་། བཅུ་གཉིས་པ་ནི། རིག་འཛིན་གྱི་རྒྱལ་པོ་ཆེན་པོ་མཐར་ལམ་ལྷུན་གྲུབ་རིག་འཛིན་པ་དེ་ཡིས། བདག་ཉིད་ལ་མཆོད་པ་བྱེད་པར་རྣལ་འབྱོར་པ་དེས་མཐོང་ངོ་། །ལུས་ངག་ཡིད་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་བསྒོམ་པ་ལས་བྱུང་བའི་ཡོན་ཏན་སྣ་ཚོགས་པའི་རྨི་ལམ་གསལ་བས་སྐྱོན་གྱི་དྲི་མ་མེད་པ་ཡང་དག་དེ་མཐོང་ན། ཡི་དམ་ལྷའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་བསྒོམས་པ་ལས་སྐྱེས་པའི་འབྲས་བུ་བླ་ན་མེད་པ་ཡི་རྒྱལ་བ་ཉིད་འགྲུབ་པའོ། །བཅུ་གསུམ་པ་ནི། རིགས་ངན་པ་གདོལ་པ་དང་ཁྱི་ཡི་སྦྱོར་བ་བྱེད་པ་ལ་སོགས་པའི་ཁོང་ནས། ཕག་དང་སྟག་སོགས་གཅན་གཟན་གཞན་གྱི་སྦྱོར་བ་བྱེད་པ་རྣལ་འབྱོར་པ་རྡོ་རྗེ་འཛིན་པས་མཐོང་བར་གྱུར་ན་ནི། རིགས་ངན་པ་བལྟར་མཐོང་ཡང་བླང་དོར་མེད་པར་རྟོགས་པའི་བློ་དང་ལྡན་པ་རྡོ་རྗེ་སེམས་དཔའ་ཡི་ངོ་བོར། རང་གི་སེམས་ཀྱི་ངོ་བོ་ཡེ་ནས་གནས་པ་དེ་ནི་འབྲས་བུའི་རྡོ་རྗེ་སེམས་འགྲུབ་པར་འགྱུར་རོ། །བཅུ་བཞི་པ་ནི། གསུང་ཡི་གེ་དང་ཐུགས་དང་སྐུའི་ཕྱག་རྒྱ་རྣམ་གཉིས་ཀྱི་སྐྱེ་མཆེད་གསུམ་མཐོང་བར་འབྱུང་བའང་སེམས་ཀྱི་གནས་ལུགས་གོང་བཞིན་འགྲུབ་པ་དེ་བཞིན་ནོ། །བཅུ་གསུམ་པ་ཕན་ཡོན་ལ་གསུམ། ལྷ་བསྒོམས་པའི་ཕན་ཡོན་དང་། མ་བསྒོམས་པའི་སྐྱོན་གྱི་ངོས་ནས་བརྩོན་འགྲུས་གྱིས་ཤིག་གདམས་པ་དང་། ཞལ་མཐོང་བས་མོས་ཤིང་བསྒྲུབས་པའི་ཕན་ཡོན་ནོ། །དང་པོ་ལ་གསུམ། དང་པོ་ཚོགས་གཉིས་རྫོགས་པའི་ཡོན་ཏན། རྣལ་འབྱོར་པས་ཡི་དམ་ལྷ་ཡི་སྐུ་ནི་གསལ་ལ་མ་འགགས་པར་བསྒོམས་ན། རྒྱུ་བསོད་ནམས་ཀྱི་ཚོགས་ཆེན་པོ་རྫོགས་ཏེ་གཟུགས་སྐུ་ཐོབ་པར་འགྱུར་རོ། །ལྷ་དེ་ཉིད་ཆུ་ཟླའི་ཚུལ་དུ་སྣང་ལ་རང་བཞིན་མེད་པར་ཤེས་པར་གྱུར་ན། འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཆེན་པོ་རྫོགས་ཏེ་ཆོས་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་ཡོན་ཏན་ཆུང་ཡང་བསྒྲུབས་ན་འགྲུབ་པའི་ཡོན་ཏན་རྣལ་འབྱོར་པ་བདག་ཉིད་ཀྱི་སྒོ་གསུམ་ཡི་དམ་ལྷ་ཡི་སྐུ་གསུང་ཐུགས་དང་ཐ་དད་མེད་པར་མཉམ་པར་སྦྱོར་བས་ན། དེ་ལས་གཞན་པའི་རིག་པའི་གནས་ལྔ་ལ་སོགས་པའི་མཁས་པའི་ཡོན་ཏན་ཆུང་ཡང་འབྲས་བུ་ཡི་དམ་ལྷ་ནི་འགྲུབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དེ་ཡང་ཡེ་གདོད་མ་ནས་ལྷ་དང་བདག་གཉིས་ངོ་བོ་དབྱེར་མེད་པས་མཉམ་པ་ཉིད་དུ་སྦྱོར་བས་སོ། །ཡི་དམ་གྱི་ལྷ་ཉིད་ཡིན་པ་ཉིད་དུ་ནི་དུས་རྟག་ཏུ་བསྒོམ་པ་བྱའོ། །གསུམ་པ་ལྷ་གཅིག་བསྒོམས་པས་འབྲས་བུ་ཀུན་ཐོབ་པའི་ཡོན་ཏན། རྒྱལ་རྣམས་གཅིག་ཐ་དད་ལས་གྲོལ་ཕྱིར། བདེ་གཤེགས་ཀུན་དང་མཉམ་པར་སྦྱོར་བར་གྱུར་པས། དེའི་ཕྱིར་རྒྱལ་བའི་དཀྱིལ་འཁོར་ཀུན་དང་མཉམ་པར་སྦྱོར་བའི་འབྲས་བུ་ཐོབ་པར་འགྱུར་ཏེ། དེ་ནས་བདག་ཉིད་རྒྱལ་བའི་དཀྱིལ་འཁོར་ཀུན་དང་མཉམ་པར་སྦྱོར་བའི་ཕྱིར་མཐར་ཐུག་རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་ཡེ་ཤེས་ལྔ་ཡོངས་སུ་རྫོགས་ཤིང་གྲུབ་པར་འགྱུར་རོ། །གཉིས་པ་མ་བསྒོམས་པའི་སྐྱོན་གྱི་ངོས་ནས་བརྩོན་འགྲུས་གྱིས་ཤིག་པ་ལ་གཉིས་ཏེ། དང་པོ་ལྷ་མ་བསྒོམ་པའི་སྐྱོན། ཡི་དམ་ལྷ་ཡི་མཚན་ཉིད་ནི་གང་ཞེ་ན། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་ཡིན་པའི་ཕྱིར། ཡི་དམ་གྱི་ལྷ་སྤངས་ནས་གཞན་དགེ་བ་ཅི་སྤྱད་ཀྱང་འདོད་པའི་དོན་འབྲས་བུ་མེད་པར་འགྱུར་ཏེ། དཔེར་ན་སྨན་པས་བོར་པ འི་ནད་པ་བཞིན་ནོ། །གཉིས་པ་བརྩོན་འགྲུས་གྱིས་ཤིག་གདམས་པ་ལ་གསུམ། དང་པོ་བརྩོན་འགྲུས་གྱིས་ཤིག་གདམས་པ། རྩ་བ་དང་ཡན་ལག་དམ་ཚིག་བཞིན་དུ་བསྲུང་བ་དང་། སྐྱོན་བཅུ་སྤངས་ཏེ་སྔགས་བཟླས་པ་དང་། ཡི་དམ་གྱི་ལྷའི་སྐུ་ཕྱག་རྒྱ་རྒྱུན་མི་བཅད་པ། དམ་ཚིག་ལས་ཆོས་སྐུ་ཕྱག་རྒྱ་ཆེན་པོ་དང་བཞི། བསྒོམ་པ་རྣམས་ལ་སྒོ་གསུམ་གྱིས་བརྩོན་འགྲུས་ཆེ་བར་བྱ་ཞིང་བློ་བརྟན་པར་བྱས་ལ་གཟུང་ངོ་། །གལ་ཏེ་རྣལ་འབྱོར་པ་ལྷའི་བསྒོམ་བཟླས་ལ་བརྩོན་འགྲུས་ཆུང་བར་གྱུར་ན་སྐྱོན་ཅི་ཡོད་ཅེ་ན། འདོད་པའི་འབྲས་བུ་མི་འགྲུབ་ཅིང་སླར་རྡོ་རྗེ་དམྱལ་བ་ལ་སོགས་པར་ལྟུང་བས་ཉེན་ཤིན་ཏུ་ཡང་ཆེ་བར་གསུངས་སྟེ། གཉིས་པ་གལ་ཏེ་ནན་ཏན་མ་བྱས་པའི་སྐྱོན་གྱི་དཔེ་དོན་ནི། དཔེ་ཇི་ལྟར་ན། རལ་ཁ་འགྱིད་པའི་ཚེ་རལ་གྲིའི་སོ་ལ་བག་ཟོན་གྱིས་ནན་ཏན་དུ། ཡུ་བ་ནས་ལེགས་པར་མ་བཟུང་ན་སྐྱོན་ནི་རང་གི་ལག་པ་གཅོད་པར་འགྱུར་བ་དེ་བཞིན་དུ་ལྷ་བསྒོམ་སྔགས་བཟླ་བ་ལ་ནན་ཏན་མེད་པའི་གསང་སྔགས་པ་རྣམས་ཚེ་འདིར་ཕུང་བའམ་ཡང་ན་ཕྱི་མར་བསྒྲུབས་པའི་འབྲས་བུ་བླ་མེད་བྱང་ཆུབ་མེད་པར་འགྱུར་རོ། །གསུམ་པ་བརྩོན་འགྲུས་མེད་པའི་སྐྱོན། སྐྱོན་འདུག་པ་དེ་བས་ལྷའི་བསྒོམ་བཟླས་ལ་བར་ཆད་ཅིང་བརྩོན་འགྲུས་མེད་པར་གྱུར་ན་དཔེར་ན་ས་བོན་མེས་ཚིག་པ་བཏབ་པ་ལས། འབྲས་བུ་མྱུ་གུ་འབྱུང་བར་འདོད་པ་དང་འདྲ་སྟེ། ཚེ་འདི་ཆེད་དུ་གཉེར་ནས་བསྒྲུབས་པར་བྱས་པའི་འབྲས་བུ་མཆོག་ཐུན་དངོས་གྲུབ་གང་ཡང་མེད་པར་འགྱུར་ཞིང་། ཕྱི་མར་མི་ཁོམ་པའི་གནས་བརྒྱད་ལ་སོགས་པ་འཁོར་བར་ཁ་བརྒྱུད་པར་འགྱུར་རོ། །གསུམ་པ་ཞལ་མཐོང་བས་མོས་ཤིང་བསྒྲུབས་པའི་ཕན་ཡོན། གསང་སྔགས་མ་ཧཱ་ཡོ་གའི་རྣལ་འབྱོར་པ་གང་ཞིག་ཡི་དམ་ལྷའི་ཞལ་མཐོང་ཞིང་མོས་པ་བྱས་པ་ཡིས། དེ་ལ་བསྙེན་ཅིང་བཀུར་བ་དང་མཆོད་པ་བྱས་པའི་བསོད་ནམས་ཀྱིས། མི་དགེ་བ་བཅུ་དང་མཚམས་མེད་ལྔ་སྟེ་བཅོ་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པ་ལས་ངན་གྱི་སྒྲིབ་པ་ཐམས་ཅད་སྦྱངས་ཏེ་རྣམ་སྨིན་ནམ་ཚེ་དབང་རིག་འཛིན་གྱི་ས་ལ་སྦྱོར་བར་འགྱུར་རོ། །བཅུ་བཞི་པ་འདའ་ཀ་མ་ནི། རྒྱ་གཅིག་གང་ཟག་གིས་མི་རྟག་སྟེ་ཚེ་འཕོ་བའི་དུས་མཐོང་ན་ཡང་། ཡི་དམ་ལྷའི་སྐུའི་ཕྱག་རྒྱ་དང་མ་ཉམས་པར་ཏིང་འཛིན་གསལ་བར་ཡིད་ལ་བཟུང་སྟེ། སྔར་མི་དགེ་བའི་ལས་བསགས་པའི་ལས་ཀྱིས་ངན་སོང་ལ་སོགས་པའི་འཁོར་བར་མི་འཁོར་བར་རང་ཉིད་ཀྱིས་གང་འདོད་པའི་སངས་རྒྱས་ཀྱི་ཞིང་ཁྱད་པར་ཅན་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་ཡི་དམ་གྱི་སྐུར་བསམ་ལ། འོག་ནས་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟོབས་ཀྱིས་བཏེག་ལ། །ཨ་ཡཾ་སཾ་ཏི་ཛཿ ཨ་སྥ་ར་ཎ་ཕཊཿ ཅེས་བརྗོད་དེ། ཤར་མངོན་དགའ། ནུབ་བདེ་བ་ཅན་སོགས་གང་མོས་ཀྱི་གནས་སུ་བསྐུལ་བར་བྱའོ། །བཅོ་ལྔ་པ་འབྲས་བུ་ལ་གསུམ། དང་པོ་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་ལ་སྦྱོར་བ། མཐར་ཕྱིན་ཅིང་བློ་ཆེན་ཐོད་རྒལ་གྱི་དབང་དུ་རྣམ་པར་སྨིན་པའི་རིག་འཛིན་ཐོབ་པ་ལ་ཐེ་ཚོམ་མེད་དོ། །ཉམས་མཐར་མ་ཕྱིན་ཅིང་བློ་ཆུང་བས་འོན་ཏེ་རྣམ་སྨིན་དུ་ཚེ་འདིར་མ་གྱུར་ན་ཡང་། ཉམས་མཐོ་དམན་དང་། བློ་རྩལ་དང་བརྩོན་པ་ཆེ་ཆུང་གི་རིམ་པ་ཡིས། རྣམ་སྨིན་རིག་འཛིན་དེ་ཉིད་བར་དོའམ་ཕྱི་མའམ་སྐྱེ་བ་ལན་གྲངས་གཞན་བདུན་ཚུན་ཆད་ལ་ཐོབ་པར་འགྱུར་རོ། །ཉམས་མཐར་ཕྱིན་ཅིང་བློ་རྩལ་དང་བརྩོན་པ་རབ་ཡིན་ན་ཚེ་ལ་ཡང་དབང་བའི་རིག་འཛིན་འདི་ལ་མ་ཐོབ་ཀྱང་ཕྱི་མའམ། སྤྲོས་པ་དང་ཚོགས་སྒྲུབ་ནས་ཐོབ་བའམ། གཞན་སྐྱེ་བ་ལན་གྲངས་བདུན་ཚུན་ཆད་ལ་ཚེ་དབང་ཐོབ་པར་ངེས་སོ། །གཉིས་པ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པ། རྣལ་འབྱོར་པ་ཏིང་འཛིན་ལས་སུ་རུང་བ་རྣམས་ཀྱིས། ཡི་དམ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་རང་རིག་པས་མངོན་སུམ་དུ་གསལ་བར་རྫོགས་པར་འགྱུར་ཞིང་། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ་བའི་ཚད་ཡུལ་གྱིས་མི་འཕྲོག་པ་ལ་བརྟན་པ་ཐོབ་ནས་ཡིད་གཉིས་དང་ཐེ་ཚོམ་མེད་པར་བསྒྲུབ་པ་བྱས་ན། མཐར་ཐུག་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་ཆེན་པོ་འབར་བ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཉིད་འགྲུབ་པར་འགྱུར་རོ། །གསུམ་པ་མ་ཐོབ་ཀྱང་ངན་སོང་དང་ཐེག་དམན་དུ་ལྟུང་བར་མི་འགྱུར་བ། ཕྱག་རྒྱ་གཅིག་པ་འདི་ལྟར་བསྒོམས་ཤིང་བསྒྲུབས་པར་བྱས་ན། འབྲས་བུ་ཚེ་འདིར་དང་བར་དོར་མངོན་དུ་མ་བྱུང་ཡང་། ཚེ་རབས་སམ་སྐྱེ་བ་བརྒྱུད་པ་ཐམས་ཅད་དུ་ལྷ་དང་མི་ཡི་ལུས་རྣམ་དག་དབང་པོ་ཚང་ཞིང་གསལ་བ་སྟེ་མཚན་ཡོངས་སུ་རྫོགས་པ་ཐོབ་ནས་གཞན་གྱི་སྡུག་བསྔལ་སེལ་བ་དང་། བདེ་གཤེགས་སྤྲུལ་པའི་སྐུ་འཇིག་རྟེན་དུ་འབྱུང་བ་དང་། གནས་དང་དུས་ཀྱིས་མི་བཀོལ་ཞིང་འཕྲད་པ་དང་འཕྲད་ནས་ཀྱང་མཚན་ཉིད་ཀྱི་ཐེག་པ་དམན་པར་འཇུག་པར་མི་འགྱུར་ཏེ། ཐེག་མཆོག་གསང་སྔགས་བླ་མེད་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་གཟུངས་ལ་ཞུགས་པ་ཡིན་ནོ། །དེ་ལྟ་བུའི་ཡོན་ཏན་ཡོད་པ་དེ་བས་ན་རྒྱ་གཅིག་པའི་ལམ་འདི་ཉིད་དང་དུས་སྐབས་ཀུན་དུ་འབྲལ་བར་མི་བྱའོ། །གསུམ་པ་ལེའུའི་མཚན་དོན་བ དེན་པ་དབྱེར་མེད་རྟགས་ཡི་དམ་ལྷའི་སྐུ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་གྱི་བསྒོམ་བསྟོན་པར་བྱེད་པའི་གཞུང་གི་ཚིག་དོན་རྣམས་མཚམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་སྟེ། དེའི་རྣམ་གྲངས་དགུ་ཡོད་པ་ལས། ཡས་བགྲངས་པའི་ལྔ་པའི་དོན་དུ་གདའ་འོ།། །།ལེའུ་དྲུག་པ་སྤྲོས་བཅས་ཀྱི་རྣལ་འབྱོར་ལ་གསུམ་སྟེ། དང་པོ་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ། རང་གི་ཡི་དམ་གྱི་ལྷ་ཞི་ཁྲོ་རྒྱ་གཅིག་པ་ལ་ལྟ་བ་དང་ཏིང་འཛིན་གྱི་ཕྱག་དབྱེར་མེད་དུ་བཙལ་ཏེ། ལྷ་གཅིག་དུ་མར་སྤྲོས་པའི་ཚུལ་དུ་བསྒོམ་པའི་རྣལ་འབྱོར་ཏིང་འཛིན་གྱི་རིམ་པས་བཤད་པར་བྱ་བ་ནི། གཉིས་པ་གཞུང་དོན་ལ་གཉིས། དང་པོ་ལུས་སྔ་མ་དང་མཐུན་པར་མདོར་བསྟན་པ། ཕྱག་རྒྱ་སྤྲོས་བཅས་བསྒོམ་པའི་གཞིའོ་ལུས་མདོར་བསྟན་ཡང་སྔར་དེ་ཏིང་གི་སྐབས་སུ་དོན་བཅོ་ལྔ་བཤད་པ་དེ་ལྟ་བུར། འདིར་ཡང་དོན་བཅོ་ལྔ་བཞག་པ་ཡིས་དེ་རྣམ་པར་དགྲོལ་པའི་ཕྱིར་ཡན་ལག་རྒྱས་པར་བཤད་པར་བྱའོ། །གཉིས་པ་ཡན་ལག་རྒྱས་བཤད་ལ་བཅོ་ལྔ་སྟེ། སྔོན་དུ་བྱ་བ་དང་། བསྒོམས་པའི་དགོས་ཆེད། སྒོམ་པའི་ཐབས། བསྒོམ་པའི་ངོ་བོ། མི་མཐུན་པའི་སྐྱོན། སྐྱོན་བཅོས་པའི་ཐབས། བསྒོམ་པའི་ཉམས། སྤྱོད་པ། དམ་ཚིག །དྲོད། རྟགས། རྨི་ལྟས་ཀྱི་མཚན་མ། ཡོན་ཏན། འདའ་ཀ་མའི་མན་ངག ། འབྲས་བུའོ། །དང་པོ་སྔོན་དུ་བྱ་བ་ལ་གསུམ། དང་པོ་ལམ་སྔ་མ་ལ་གོམས་པས་རྟེན་བཞེངས་ཤིང་རབ་གནས་བྱ་བ། དེ་ཀུན་རྒྱ་གཅིག་གི་རྣལ་འབྱོར་དང་རྣམ་པ་གསུམ་ཕྱག་རྒྱ་སྤྲོས་པའི་སྔོན་དུ་རྫོགས་པར་བྱས་ནས། ས་དང་གསེར་དངུལ་རྭ་ཤིང་ལ་སོགས་པ་རྣམས་ལ་ལྷའི་སྐུའི་ཕྱག་རྒྱ་བྱས་ཏེ། རས། ཤོག་བུ། ཤིང་ལེབ། ཐང་ལ་རྡུལ་ཚོན་ཏེ་རི་མོའི་རྒྱུ་བཞི་འམ། རྭ་ཤིར་རུས་པ་ལ་འབུར་དུ་བསྐོས་པའམ། རིན་པོ་ཆེ་ལས་ལུགས་སུ་བླུགས་པ་དང་། འཇིམ་པ་ལས་འདེར་སོ་བྱས་པའི་དཀྱིལ་འཁོར་ནི། དེ་ལྟར་ལས་དང་བྱ་བའི་ལྷག་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་ནི་སྒྲུབ་པའི་ཁང་བུ་དངོས་སུ་བྱ་ཞིང་། དེ་ལ་རབ་གནས་བྱས་པས་ཡེ་ཤེས་པའི་བྱིན་རླབས་དང་ལྡན་པ་ཉེ་བར་བརྟེན་པར་བྱའོ། །གཉིས་པ་མཆོད་རྫས་བཤམས་ཤིང་ཆ་རྐྱེན་བསྡུ་བ། མ་ཧཱ་བ་ལིང་རྟ་གཏོར་མ་ཆེན་པོ་དང་། ཨ་མྲྀ་ཏ་བདུད་རྩི་དང་། དམར་ཆེན་རཀྟ་དང་། ཕྱི་ཡི་མཆོད་པ་རྣམ་ལྔ་དང་། ནང་གི་མཆོད་པ་གསུམ་པོ་རྣམས་དགྲམ། རོལ་མོའི་མཆོད་པ་ལ་སོགས་མཆོད་པའི་ཆ་རྐྱེན་རྣམས་དང་། གཞན་ཡང་མཆོད་པའི་ཡོ་བྱད་ཅི་ལྟར་བསྡུ་བར་འོས་པ་རྣམས་གཞུང་བཞིན་བསྡུ་བར་བྱའོ། །གསུམ་པ་སྔོན་འགྲོའི་ལས་ཀྱི་རིམ་པ་བསྟན་པ་ནི། དང་པོ་སྲུང་འཁོར་ཁྲོ་བོ་བཅུས་ཕྱོགས་མཚམས་བཅིངས། དེ་ནས་ཡན་ལག་བརྒྱད་པ་ནས་བཟུང་སྟེ། བཤགས་པ་དམ་བཅའ། བྱིན་དབབ་ཡན་ཆད་ཀྱི་རིམ་པ་རྫོགས་པར་བྱས་ནས། བདག་ཉིད་ལས་ཀྱི་ལྷ་བདུད་རྩི་འཁྱིལ་པའམ་ཡི་དམ་གང་ཡིན་གྱི་རྣལ་འབྱོར་དང་ལྡན་པའི་ཏིང་འཛིན་གྱིས་ཕྱི་ནང་གི་མཆོད་རྫས་རྣམས་ཚུལ་བཞིན་དུ་བྱིན་གྱིས་བརླབ་པར་བྱ། དེ་ཡང་ཐོག་མར་བདུད་རྩིའི་ཆུས་བསངས། བཛྲ་ཡཀྵས་བགེགས་བསྐྲད་དེ་མཆོད་པ་རྣམས་བྱིན་གྱིས་བརླབས་ལ་སྟན་ལ་འདུག་གོ། །གཉིས་པ་དགོས་ཆེད་ལ་གཉིས་ཏེ། དང་པོ་བདག་དོན་གྱི་དགོས་ཆེད་བཞི། ལྷའི་སྐུ་དུ་མར་གསལ་བར་བྱས་པས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་ཞིང་། ཕྱི་ནང་གི་སྤྱོད་ཡུལ་ཕུང་ཁམས་སྐྱེ་མཆེད་རྣམས་ལྷ་ཡི་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་པའི་དགོས་ཆེད་ཡོད་པ་དང་། འབྲས་བུ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་བརྒྱུད་ནས་མཐར་དབྱུང་བར་བྱ་བ་དང་། ཚོམ་བུ་ཚོགས་སྒྲུབ་ལ་སྤྲོས་པ་མཐར་ཕྱིན་པའི་དུས་ཀྱིས་བསྒྲུབ་དགོས་པའི་ཕྱིར་བསྒོམ་པའོ། །གཉིས་པ་གཞན་གྱི་དགོས་ཆེད་བརྒྱད། དབང་གི་ལས་དགྲ་བགེགས་དང་གཟུངས་མ་ལ་སོགས་དགུག་པ་དང་། དྲག་པོའི་ལས་དགྲ་བགེགས་གླིང་ཁམས་གཞན་དུ་བཏང་བ་དང་། དབང་གི་ལས་འབྱུང་པོའི་ཁ་བཅིངས་བ་དང་། གཞན་གྱིས་བྱད་དུ་བཅུག་པ་དགྲོལ་བ་དང་། རྒྱས་པའི་ལས་སྲིའུ་ལོ་ཏོག་ནད་པ་སོགས་གསོ་བ་དང་། དྲག་པོའི་ལས་དགྲ་བགེགས་བསད་པ་དང་། གཞན་གྱི་ཕྱོགས་ཕམ་པར་བྱ་བ་དང་། རྒྱས་པའི་ལས་བདག་གི་ཕྱོགས་རྒྱལ་བར་བྱ་བ་རྣམས་ཕྱག་རྒྱ་སྤྲོས་པའི་ཏིང་འཛིན་འདིས་འགྲུབ་པར་བྱེད་པའི་ཕྱིར་དང་། ལམ་པ་གང་དག་སྤྲོས་པའི་གདུལ་བྱ་ཇི་སྙེད་པ་ཐམས་ཅད་ཀྱང་། ཕྱག་རྒྱ་སྤྲོས་པ་བསྒོམ་པའི་ཕྲིན་ལས་ཀྱིས་ཡང་དག་པའི་ས་ལ་གདོན་པའི་ཕྱིར་རོ། །གསུམ་པ་སྒོམ་ཐབས་ལ་གསུམ། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམ་པ། དེ་ལ་མཆོད་ཅིང་ཕྲིན་ལས་ཀྱི་རིམ་པའོ། །དང་པོ་ལ་གཉིས། དང་པོ་མདོར་བསྟན། རྒྱ་གཅིག་རྣལ་འབྱོར་ལ་བརྟན་པ་ཐོབ་ནས། རྒྱ་སྤྲོས་པའི་རྣལ་འབྱོར་བསྒོམ་པའང་ཞི་ཁྲོ་རྣམ་པ་གཉིས་ཡོད་པ་སྟེ། གང་ཞེ་ན། རྒྱ་གཅིག་དང་རྗེས་སུ་མཐུན་པར་ཞི་བ་སྤྲོོས་བཅས་དང་། ཁྲོ་བོ་སྤྲོས་བཅས་གཉིས་སྟོན་ཏེ། ཞི་ཁྲོ་དེ་གཉིས་གང་རུང་རེ་རེ་ཡང་རིམ་དང་ཅིག་ཆར་གྱི་ཚུལ་གཉིས་ཀྱིས། གདུལ་བྱའི་བློ་ཆེ་ཆུང་གི་རིམ་པ་དང་ལྡན་པར་རིམ་ཅིག་ཆར་གང་འཚམས་སུ་བསྒོམ་པར་སྟོན་པ་ཡིན་ནོ། །གཉིས་པ་རྒྱས་པ་ལ་གཉིས། ཞི་བ་དང་། ཁྲོ་བོ་ལ་བསླབ་པའོ། །ཞི་བ་ལ་གཉིས། དང་པོ་མདོར་བསྟན། མདོར་བསྟན་གྱི་སྔ་མ་ཞི་ལ་སྤྲོས་པ་རང་ལའང་རིམ་གྱིས་དང་ཅིག་ཆར་བ་གཉིས་སོ། །གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་ཅིག་ཆར་བ། མདོར་བསྟན་ལ་གཉིས་སུ་ཕྱེ་བས་ཕྱི་མ་ཅིག་ཆར་རྒྱ་གཅིག་པ་བཞིན་དུ་སྤྲོས་པ་ལ་ཅིག་ཆར་དུ་འཇུག་པ་ནི། ནམ་མཁའི་ཉི་ཟླ་དང་གཟའ་སྐར་ཐམས་ཅད་དུས་གཅིག་ཏུ་ཆུ་དཀྱིལ་རྙོགས་མ་དྭང་བར་མ་འདྲེས་པར་གསལ་ཞིང་འཆར་བ་བཞིན་དུ། རྒྱ་སྤྲོས་ལྷའི་སྐུ་གསལ་བ་སྐད་ཅིག་མ་གཅིག་ལ་འོད་དུ་འབར་བར་བསྒོམ་པའང་། སྙིང་པོ་ཧཱུྃ་བཛྲ་དྷྲྀཀ་ལ་སོགས་པ་བརྗོད་པས་ཞི་བའི་འཁོར་ལོ་ལྷའི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་ཡོངས་རྫོགས་གསལ་བར་ཤར་བའོ། །གཉིས་པ་རིམ་གྱིས་པ་ལ་གཉིས། དང་པོ་ངོ་བོ་སྤྱིར་བསྟན་པ། རིམ་གྱིས་པ་དེ་མདོར་བསྟན་གྱི་སྔོན་དུ་བསྟན་པ་ནི་རྒྱ་གཅིག་པའི་རིམ་གྱིས་པ་བཞིན་དུ་འདིར་སྤྲོས་བཅས་ལ་རིམ་གྱིས་འཇུག་པ་ནི། སྣང་བ་ལྷ་ཡི་དཀྱིལ་འཁོར་དུ་ལྟ་བས་མཐོང་བ་དང་ལམ་སྔ་མའི་རྒྱ་གཅིག་རྣལ་འབྱོར་ལ་གོམས་པའི་སྟོབས་ཀྱིས་རྒྱ་སྤྲོས་ཏིང་འཛིན་ཐོབ་པས་དཔེར་ན་ཤེས་བྱ་གཅིག་ཤེས་ཀྱང་དུ་མ་ལ་སློབ་པའི་ཚུལ་དུ། རྒྱ་སྤྲོས་ལྷའི་དཀྱིལ་འཁོར་དུ་མ་ཤར་བ་དང་རྣལ་འབྱོར་པ་གཅིག་གིས་རིམ་པར་གསལ་བར་བྱེད་པའང་། གཉིས་པ་དབྱེ་བས་བྱེ་བྲག་ཏུ་བཤད་པ་དེ་ལ་གཉིས། དང་པོ་མདོར་བསྟན། ཁྲོ་བོར་མ་བསྒྱུར་བར་མ་བཅོས་རྣལ་མའི་ཞི་བའི་དཀྱིལ་འཁོར་ལ་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་པ་དང་། ཚོམ་བུ་སྤྲོས་པ་དང་། རྣམ་གྲངས་སྤྲོས་པ་དང་། ཞལ་ཕྱག་སྤྲོས་པ་ལ་བསླབ་པའོ། །གཉིས་པ་རྒྱས་པ་དེ་ལ་བཞི། དང་པོ་དཀྱིལ་འཁོར་སྤྲོས་པ་ལ་བསླབ་པ། དང་པོ་དཀྱིལ་འཁོར་སྤྲོས་པ་ལ་གསུམ། བསྡུས་པ་ལ་ལྷ་རིགས་ལྔ་ཡབ་ཡུམ་བཅུ་སྒོ་བ་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད། འབྲིང་པོ་ལ་བཞི་བཅུ་རྩ་གཉིས། རྒྱས་པའི་དཀྱིལ་འཁོར་ལ་ཕོ་བྲང་གི་ལྷ་ལྔ་བཅུ། སེམས་དཔའ་ཡབ་ཡུམ་བཅུ་དྲུག །ཀུན་བཟང་ཡབ་ཡུམ་གཉིས། ཐུབ་པ་དྲུག་སྒོ་པ་ཡབ་ཡུམ་བརྒྱད་དེ་བརྒྱད་ཅུ་རྩ་གཉིས་རྣམས་ལ་རིམ་པར་བསླབ་བོ། །གཉིས་པ་ཚོམ་བུ་སྤྲོས་པ་ལ་གསུམ། དང་པོ་ཚོམ་བུ་གཅིག་པ་ལ་བསླབ་པ། མདོར་བསྟན་གྱི་གཉིས་པ་ཚོམ་བུ་སྤྲོས་པ་ལ་གསུམ་ལས། དང་པོ་གཅིག་པ་ལ་བསླབ་པ་ནི། རྣལ་འབྱོར་པ་བདག་ཅག་གཙོ་བོ་མི་བསྐྱོད་པ་ཡབ་ཡུམ་གཉིས་སུ་བསལ་བར་གནས་པའི་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་ལྟེ་བ་མུ་ཁྱུད་གྲུ་ཆད་སྒོ་གཏོད་དུ་གསལ་བར་བསྒོམ་པར་བྱས་ཏེ་གདན་ལྔ་བརྩེགས་དང་ལྡན་པའི་དབུས་ཀྱི་ལྟེ་བ་ན་རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གནས་ལ། དེ་ལ་རྡོ་རྗེ་རིགས་ཀྱི་སེམས་དཔའ་ནི། ཤར་དུ་རྡོ་རྗེ་སེམ་དཔའ་དང་། རྡོ་རྗེ་སེམས་མ། ལྷོར་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་འབར་མ། ནུབ་ཏུ་རྡོ་རྗེ་ཆོས་དང་། རྡོ་རྗེ་སྡུད་པ། བྱང་དུ་རྡོ་རྗེ་ལས་དང་། རྡོ་རྗེ་བསྐྱོང་མ་སྟེ། དེ་ལྟར་ཡབ་ཡུམ་བརྒྱད་དང་། ཕྱོགས་བཞིའི་ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བས་ན་ལྷ་བཅོ་བརྒྱད་དོ། །གཉིས་པ་ཚོམ་བུ་གསུམ་པ། ཚོམ་བུ་གཅིག་པ་ལ་བློ་བརྟན་པ་ཐོབ་ནས། མདུན་དུ་སྐུའི་རྣམ་པར་སྣང་མཛད་ཡབ་ཡུམ་ལ། ཤར་དུ་རྡོར་སེམས། རྡོ་རྗེ་སྒེག་མོ། ལྷོར་རྡོ་རྗེ་རྒྱལ་པོ། རྡོ་རྗེ་བདུག་སྤོས་མ། ནུབ་ཏུ་རྡོ་རྗེ་ཆགས་པ། རྡོ་རྗེ་ལྕགས་ཀྱུ་མ། བྱང་དུ་རྡོ་རྗེ་ལེགས་པ། རྡོ་རྗེ་ཕྲེང་བ་མ་སྟེ་བཅུ། རྒྱབ་ཏུ་གསུང་གི་རིགས་སྣང་བ་མཐའ་ཡས་ཡབ་ཡུམ་ལ། ཤར་དུ་རྡོ་རྗེ་ཆོས་དང་། གིརྟི་མ། ལྷོར་རྡོ་རྗེ་རྣོན་པོ། མར་མེ་མ། ནུབ་ཏུ་རྡོ་རྗེ་རྒྱུ། ལྕགས་སྒྲོག་མ། བྱང་དུ་རྡོ་རྗེ་སྨྲ་བ། རྡོ་རྗེ་གསལ་བཀྲ་སྟེ་བཅུ་དང་། དབུས་སུ་ཐུགས་རྡོར་སེམས་ཡབ་ཡུམ་བཅུ་སྟེ་འཁོར་ལོའི་ཕོ་བྲང་དུ་ལྷ་སུམ་ཅུ། ཕྱོགས་མཚམས་ཀྱི་ཁྲོ་བོ་ཡབ་ཡུམ་བཅུ་དྲུག་སྟེ་ལྷ་ཞེ་དྲུག་རྫོགས་པར་བསྒོམས་པ་ལ་ཡི་གེ་ༀ་ཨཱཿཧཱུྃ་འབྲུ་གསུམ་སྐུ་གསུང་ཐུགས་ཀྱི་ལྷ་བསྐྱེད་པའི་བརྡའ་འོ། །ལྷ་གྲངས་ཉུང་ཏིང་འཛིན་བློ་སྟོབས་ཆུང་བའམ། མི་ཡི་ལུས་ངག་ཡིད་གསུམ་ཡོད་པའི་དབང་དུ་ཚོམ་བུ་གསུམ་པའི་ལྷ་ཞེ་དྲུག་གི་ཏིང་འཛིན་ལ་ཤིན་ཏུ་གོམས་ཤིང་འདྲིས་པར་བྱ་བ་གཅེས་པ་ཡིན་ནོ། །གསུམ་པ་ཚོམ་བུ་ལྔ་པ་ལ་བསླབ་པ། དེ་ལྟར་ཚོམ་བུ་གསུམ་པ་ལ་བློ་བརྟན་པ་ཐོབ་ནས། གཙོ་བོའི་ཞལ་ཤར་དུ་གཟིགས་པའི་གཡས་ལྷ་བརྩིབས་སྟེང་དུ་ཡོན་ཏན་རིགས་རིན་འབྱུང་ཡབ་ཡུམ་ལ། ཤར་དུ་རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་ཕྲེང་བ། ལྷོར་རྡོ་རྗེ་གཟི་བརྗིད། རྡོ་རྗེ་མེ་ཏོག །ནུབ་ཏུ་རྡོ་རྗེ་རྒྱལ་མཚན། རྡོ་རྗེ་ཞགས་བ། བྱང་དུ་རྡོ་རྗེ་གཞད་པ། རྡོ་རྗེ་བདེ་མ། སྟེ་ཡབ་ཡུམ་བཅུ་དང་། གཡོན་བྱང་གི་རྩིབས་ཉིད་དུ་ཕྲིན་ལས་ཀྱི་རིགས་དོན་གྲུབ་ཡབ་ཡུམ་ལ། ཤར་དུ་རྡོ་རྗེ་ལས་དང་། རྡོ་རྗེ་ཀ རྨ། ལྷོར་རྡོ་རྗེ་བསྲུང་བ། རྡོ་རྗེ་དྲི་ཆབ། ནུབ་ཏུ་རྡོ་རྗེ་གནོད་སྦྱིན། རྡོ་རྗེ་དྲིལ་བུ། བྱང་དུ་རྡོ་རྗེ་ཁུ་ཚུར། རྡོ་རྗེ་འབེབས་མ་ལྟེ་ཡབ་ཡུམ་བཅུ་དང་། དེ་ལྟར་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་དང་གཉིས་བཞག་པས་ཕོ་བྲང་གི་ལྷ་ལྔ་བཅུ་དང་། ཕྱོགས་མཚམས་སྟེང་འོག་གི་ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ་ལྷ་བདུན་ཅུའོ། །དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དོན་རྣལ་མ་ལ་བློ་འབྱོར་བའི་ལྷའི་དབང་དུ་ཚོམ་བུ་ལྔ་སྟེ། དེ་ལ་ཤིན་ཏུ་འདྲིས་ཤིང་གོམས་ནས་མཐར་ཕྱིན་པའི་དུས་ན་ཚོགས་སྒྲུབ་ལ་སྦྱོར་རོ། །གསུམ་པ་རྣམ་གྲངས་སྤྲོས་པ་ལ་གཉིས་ཏེ། དང་པོ་རྩ་བའི་རྣམ་གྲངས་སྤྲོས་པ། མདོར་བསྟན་གྱི་གསུམ་པ་རྣམ་གྲངས་སྤྲོས་པ་ནི། རྩ་བའི་རྣམ་གྲངས་ལྷ་གཙོ་བོ་ཐུགས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཉིད་དུ་གསལ་བའི་ཏིང་འཛིན་ལ་བརྟན་པ་ཐོབ་ནས། སྐུ་རྣམ་སྣང་གསུང་སྣང་མཐའ་གཙོ་བོར་བྱས་པའི་ཏིང་འཛིན་གསལ་བ། དེ་ལྟར་གསུམ་པོའི་ཏིང་འཛིན་འཚོར་བ་མེད་པར་བརྟན་པ་ཐོབ་པ་ནས། ཡོན་ཏན་རིན་འབྱུང་དང་། ཕྲིན་ལས་དོན་གྲུབ་སྟེ། རིགས་ལྔ་ཆར་རྫོགས་པར་བསྒོམ། དེ་ཡང་ཡབ་ཡུམ་ཟུང་དུ་འབྲེལ་བར་བསྒོམ་པ་ལ་བློ་བརྟན་པ་ཐོབ་པར་བྱས་ནས། རིགས་ལྔ་བོའི་དོན་རང་རང་གི་རིགས་སུ་སྤྲོས་པས་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་བྱེད་པ་པོས་མ་བཅོས་པར་རང་བཞིན་ངང་གིས་གནས་པ་ལ། དེ་ལྟར་རྟོགས་པའི་ཡེ་ཤེས་ཀྱི་ལྷག་པའི་དཀྱིལ་འཁོར་བསྒོམ་མོ། །གཉིས་པ་ཡན་ལག་ལ་གསུམ་སྟེ། སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་བསླབ་པ་དང་། ཉི་ཁྲི་བཞི་སྟོང་ལ་བསླབ་པ་དང་། བསམ་ཡས་ལྷུན་གྲུབ་ལ་བསླབ་པའོ། །དང་པོ་ལ་གཉིས། དང་པོ་བསླབ་པ་དངོས། ཡན་ལག་ཐབས་ཀྱི་ལྷ་བཞི་བཅུ་རྩ་གཉིས་རྩ་བའི་ལྷ་ཡབ་ཡུམ་གཉིས་ལ་ལྡན་པར་བསྒོམ་པ་ཡིན། དེ་ཡང་རྩ་ལྷ་མི་བསྐྱོད་པ་ཡབ་ཡུམ་ལ། ཡན་ལག་ལྷ་ཉེར་བཞི་ཡབ་ལ་བཀོད་དེ། ལག་གཡས་མི་བསྐྱོད་པ། སྤྱི་བོར་རྣམ་སྣང་། ལག་གཡོན་རིན་འབྱུང་། རྐང་གཡོན་སྣང་མཐའ། རྐང་གཡས་དོན་གྲུབ། མིག་རྩའི་ནང་ས་སྙིང་། རྣ་རྩའི་ནང་ནམ་སྙིང་། སྣ་རྩའི་ནང་སྤྱན་གཟིགས། ལྕེ་རྩའི་ནང་ཕྱག་རྡོར། མིག་རྩའི་ཕྱི་རུ་བྱམས་པ། རྣ་རྩའི་ཕྱི་སྒྲིབ་སེལ། སྣ་རྩའི་ཕྱི་ཀུན་བཟང་། ལྕེ་རྩའི་ཕྱི་འཇམ་དཔལ། ལག་གཡས་མཐིལ་གཤིན་རྗེ། གཡོན་སྟོབས་པོ་ཆེ། རྐང་གཡོན་མཐིལ་རྟ་མགྲིན། གཡས་བདུད་རྩི་འཁྱིལ་བ། བྲང་གི་རྒྱ་མདུད་ལྡིང་ཁང་ཀུན་ཏུ་བཟང་པོ། འཚོགས་མར་ལྷའི་ཐུབ་པ། སྟ་ཟུར་གཡས་ལྷ་མིན་ཐུབ་པ། སྙིང་གར་མིའི་ཐུབ་པ། ལྟེ་བར་བྱོལ་སོང་ཐུབ་པ། མགྲིན་པར་ཡི་དྭགས་ཐུབ་པ། གསང་གནས་དམྱལ་བའི་ཐུབ་པའོ། །དེ་ལྟར་རྩ་བའི་ལྷ་ཡབ་ལ་ཡབ་ཉི་ཤུ་རྩ་བཞི་བཀོད། རྩ་བའི་ལྷ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་ལ། ཡུམ་བཅོ་བརྒྱད་བཀོད་ཚུལ་ནི་ཡབ་དང་མཚུངས་སོ། །རྩ་ལྷ་མི་བསྐྱོད་པ་ཡབ་ཡུམ་གསལ་བས་དེར་ཡབ་ཡུམ་གཉིས་མ་བགྲངས་བས་གཞན་ལྷ་བཞི་བཅུ་པོ་དེ་ཉིད་ཀྱི་སྙིང་གར་ཕྲ་བ་ཤེས་རབ་ཀྱི་ལྷ་ཚོན་གང་རེ་རེ་དང་། འོག་གི་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ལ་ཡན་ལག་སྤྲོས་པའི་བདག་པོ་རིགས་ལྔས་དབུ་བརྒྱ་པ་སྟེ། དེ་ཡང་ཐབས་ལྷ་བཞི་བཅུ་རྩ་གཉིས་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་འཕྲོར་ཞེས་འཕྲོ་བར་འགྱུར་བ་ཡིན་ཏེ། མདོར་ན་ཐབས་དང་ཤེས་རབ་ལྷ་བརྒྱད་ཅུ། སྐུ་གསུང་ཐུགས་ཀྱི་ལྷ་བརྒྱ་ཉི་ཤུ། དབུ་རྒྱན་ཡེ་ཤེས་ཀྱི་ལྷ་སྟོང་སྟེ་སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་བསླབ་པ་ཞེས་བྱའོ། །འོ་ན་སྟོང་དང་ཉིས་བརྒྱ་ཡོད་ཅེ་ན། སྤར་ཁབ་ཏུ་རྩ་ལྷ་ཉིས་བརྒྱ་མི་བགྲང་དབུ་རྒྱན་ཡེ་ཤེས་ལྷ་སྟོང་ཁོ་ནར་བཞེད་དོ། །གཉིས་པ་དེ་ཇི་ལྟར་ལྡན་ཚུལ། དེ་ལྟར་རྩ་ལྷ་སྟངས་ཏེ་ཡབ་རྡོ་རྗེ་སེམས་དཔའ། དཔྱལ་ཏེ་ཡུམ་དབྱིངས་ཕྱུག་མ་གཉིས་ཀྱི་སྐུ་ཕྱག་རྒྱ་དང་། དེ་ལ་བཀོད་པའི་སངས་རྒྱས་སྟོང་གི་དཀྱིལ་འཁོར་ཡང་། སྐུ་རི་རབ་ཙམ་ལ་བཞུགས་གནས་ཀྱི་རྩའི་སྣོད་ཏིལ་འབྲུའི་ནང་དུ་ཤོང་བའི་ཚུལ་བཞིན་ཏུ། རྩ་ལྷ་མི་ཆེ་ཡན་ལག་ལྷ་མི་ཆུང་བར་ཐུན་མོང་དང་། ཁྱད་པར་གྱི་དཔེ་བྱད་བརྒྱད་ཅུ་དང་མཚན་བཟང་སོ་གཉིས་ཀྱི་རྒྱན་སྤྲས་པར་བཞུགས་པའོ། །གཉིས་པ་ཉི་ཁྲི་བཞི་སྟོང་ལ་བསླབ་པ། དེ་ལྟར་གཙོ་མཆོག་རྡོར་སེམས་ཡབ་ཡུམ་ལ་ལྷ་སྟོང་དང་ལྡན་པར་བྱས་ནས། ཆོས་བྱ་བ་མོ་དང་ཡིད་བྱེད་པ་པོ་ཀུན་བཟང་ཡབ་ཡུམ་ལ་སྟོང་། རྒྱལ་བ་རིགས་བཞི་ཡབ་ཡུམ་ལའང་སྟོང་ཚོ་རེ་རེ་བསྒོམ་པར་བྱ་ཞིང་། སེམས་དཔའ་ཡབ་ཡུམ་ཟུང་བརྒྱད། སྒོ་བ་ཡབ་ཡུམ་ཟུང་བཞི་སྟེ། དེ་ལྟར་ཡབ་ཡུམ་ཟུང་བཅུ་གཉིས་ལ་སྟོང་ཚོ་བཅུ་གཉིས་ཏེ། གོང་གི་དྲུག་བསྣན་པས་སྟོང་ཚོ་བཅོ་བརྒྱད། ཐུབ་པ་དྲུག་གི་ལྷའི་གནས་མལ་དུ་ལྷ་ཡབ་ཡུམ་འཁྲིལ་སྦྱོར་དུ་བཀོད་པས་སྟོང་ཚོ་དྲུག་གོ། །ཀུན་ཏུ་བཟང་མོ་མ་གཏོགས་སོ། །དེ་ལྟར་སྟོང་ཚོ་ཉི་ཤུ་རྩ་བཞི་པོ་རྣམས་ཀྱང་འོད་ཟེར་འཕྲོ་ཞིང་གཟི་བརྗིད་འབར་བར་བསྒོམ་པ་ནི། སངས་རྒྱས་ཉི་ཁྲི་བཞི་སྟོང་གི་དཀྱིལ་འཁོར་དུས་གཅིག་ཏུ་གསལ་བའོ། །གསུམ་པ་བསམ་ཡས་ལྷུན་གྲུབ་ལ་བསླབ་པ། ཕྱི་སྣོད་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ལྷའི་གཞལ་ཡས་ཁང་དུ་བསྒོམ་པ་ལ། ཉི་ཟླ་དང་གཟའ་སྐར་ཐམས་ཅད་གདན་དང་རྒྱུན་དུ་གསལ། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་བདེ་བར་གཤེགས་པ་དཀྱིལ་འཁོར་མ་ལུས་པར་བསྒོམ་པ་ནི། བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་འཛིན་ཉིད་ལ་སློབ་པའོ། །བཞི་པ་ཞལ་ཕྱག་སྤྲོས་པ་ལ་བསླབ་པ། མདོར་བསྟན་གྱི་བཞི་པ་ཞལ་ཕྱག་སྤྲོས་བཅས་ནི། དང་པོ་ཚོམ་བུ་གཅིག་པ་ལ་ཞལ་གསུམ་ཕྱག་དྲུག་ཏུ་བསྒོམ། དེ་ལ་ཏིང་འཛིན་བརྟན་པ་ཐོབ་ནས་ཚོམ་བུ་གསུམ་པ་ལའང་ཞལ་གསུམ་ཕྱག་དྲུག་བསྒོམ་པ་དེ་བཞིན་ཏེ། དེ་ལ་བརྟན་པ་ཐོབ་ནས་ཚོམ་བུ་ལྔ་པ་ཡང་ཞལ་གསུམ་ཕྱག་དྲུག་སྔ་མ་ལྟར་རྗེས་སུ་མཐུན་པར་གོམས་ནས། དེ་ལྟར་དཀྱིལ་འཁོར་དང་རྣམ་གྲངས་སྤྲོས་པའི་སྐབས་སུ་ལྷ་ཀུན་ལ་ཞལ་གསུམ་དང་ཕྱག་དྲུག་རྫོགས་པར་གསལ་བར་བསྒོམ་པའོ། །གཉིས་པ་ཁྲོ་བོ་ལ་གཉིས་ཏེ། དང་པོ་མདོར་བསྟན། གདུལ་བྱའི་དབང་གིས་ཞི་བ་ལས་ཁྲོ་བོར་བསྒྱུར་བའི་འཁོར་ལོའང་། དཀྱིལ་འཁོར། ཚོམ་བུ། རྣམ་གྲངས། ཞལ་ཕྱག་སྤྲོས་པ་དང་བཞི་ཡོད་པ་ཞི་བའི་སྐབས་དེ་བཞིན་དུ་ཡིན་ཏེ། གཉིས་པ་རྒྱས་པ་ལ་བཞི། དང་པོ་དཀྱིལ་འཁོར་སྤྲོས་པ་ལ་བསླབ་པ། དང་པོ་དཀྱིལ་འཁོར་སྤྲོས་པ་ལ་གསུམ་ལས། བསྡུས་པ་ལ་ལྷ་ལྔ་བཅུ་རྩ་བརྒྱད་དེ། རིགས་ལྔ་ཡབ་ཡུམ་བཅུ། གནས་མ་བརྒྱད། ཡུལ་མ་བརྒྱད། སྒོ་མ་བཞི་སྟེ་ཉི་ཤུ། དབང་མོ་ཉེར་བརྒྱད་དང་ལྔ་བཅུ་ང་བརྒྱད། དེ་བསྒོམ་ཞིང་གོམས་པར་གྱུར་ནས། འབྲིང་པོ་དེའི་སྟེང་ཁྲོ་བཅུ་བསྣན་པས་དྲུག་ཅུ་རྩ་བརྒྱད་ལ་གོམས་ནས། རྒྱས་པ་ཞི་བའི་སྐབས་དེ་བཞིན་ལྷ་བརྒྱ་རྩ་བརྒྱད་ཡོད་པ་ཡིན་ཏེ་འོག་གི་རྣམ་གྲངས་སྤྲོས་བཅས་ཀྱི་སྐབས་སུ་གསལ་ལོ། །གཉིས་པ་ཚོམ་བུ་ལ་གཉིས། དང་པོ་གཅིག་པ་དང་གསུམ་པ་ལ་བསླབ་པ། དང་པོ་ཚོམ་བུ་ལ་གསུམ་ལས། གཅིག་པ་ནི་དབུས་ཀྱི་ལྟེ་བ་ལ་ཐུགས་བཛྲ་ཧེ་རུ་ཀ་ཡབ་ཡུམ་གཞི་པོ་གཉིས་ཀྱིས་གཙོ་བྱས་པ་ལ་འཁོར་ཐུགས་ཀྱི་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་བསྒོམ་པ་ལ་བརྟེན་ནས། གསུམ་པ་ནི་མདུན་ཤར་གྱི་རྩིབས་སྟེང་དུ་སྐུ་བུདྡྷ་ཁྲག་འཐུང་ཡབ་ཡུམ་དང་། རྒྱབ་ནུབ་ཀྱི་རྩིབས་སྟེང་དུ་གསུང་པདྨ་ཁྲག་འཐུང་ཡབ་ཡུམ་གྱི་ཁྲོ་བོ་མདུན་རྒྱབ་ཏུ་གསལ་བར་བསྒོམ་པ་དེ་ལ་བརྟན་པ་ཐོབ་ནས་འཁོར་སྐུ་གསུང་གི་རིགས་ཆུང་ཁྲོ་བོ་ཡབ་ཡུམ་བརྒྱད་དང་བཅས་པར་བསྒོམ། གཉིས་པ་ལྔ་པ་ལ་བསླབ་པ། དེ་ལྟར་སྐུ་གསུང་ཐུགས་ཀྱི་ཁྲག་འཐུང་ཡབ་ཡུམ་ལ་ཤིན་ཏུ་བརྟན་པར་བྱས་ནས། གཡས་ལྷོའི་རྩིབས་སྟེང་དུ་ཡོན་ཏན་རཏྣ་ཁྲག་འཐུང་དང་། གཡོན་བྱང་གི་རྩིབས་སྟེང་དུ། ཕྲིན་ལས་ཀརྨ་ཁྲག་འཐུང་སྟེ་ཁྲོ་བོ་ཡབ་ཡུམ་རྣམས་ཏིང་འཛིན་གྱི་གསལ་བར་བསྒོམས་ནས་འཁོར་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་དང་བཅས་པ་ཚོམ་བུ་འཁོར་བོའི་ལྷ་ཚོགས་རྣམས་རྫོགས་པར་བསྒོམ་པ་ཉམས་རིམ་པ་བཞིན་ཏུ། ཚོམ་བུ་གཅིག་གསུམ་ལྔའི་ལྷ་གང་བསྒོམ་གསལ་བར་བྱས་པ་ལ་ཏིང་འཛིན་མ་སུན་པར་ཇེ་གསལ་དུ་གྱེན་དུ་འཕར་བར་བསྟན་པར་བྱའོ། །གསུམ་པ་རྣམ་གྲངས་སྤྲོས་པ་ལ་གཉིས། དང་པོ་རྩ་བའི་རྣམ་གྲངས་སྤྲོས་པ་ལ་བསླབ་པ། གསུམ་པ་རྣམ་གྲངས་སྤྲོས་པ་ལ་ཞི་བ་དང་རྗེས་སུ་མཐུན་པར་འཇིགས་བྱེད་ཁྲོ་བོའི་རྣམ་གྲངས་སྤྲོས་པ་དག་ཀྱང་། གཅིག་ནི་རྡོ་རྗེའི་རིགས་བཛྲ་ཧེ་རུ་ཀ་དང། གཉིས་པ་དེ་བཞིན་གཤེགས་པའི་རིགས་བུདྡྷ་དང་། གསུམ་པ་པདྨའི་རིགས་དང་། བཞི་པ་རིན་པོ་ཆེའི་རིགས་དང་། ལྔ་པ་ལས་ཀྱི་རིགས་ཀརྨ་ཧེ་རུ་ཀ་སྟེ་གཙོ་བོ་རིགས་ལྔ་ཡབ་ཡུམ་བཅུ་ཀའི་ཏིང་འཛིན་བསྒོམ་སྟེ་མཐར་ཕྱིན་ནས། དེ་ལྟར་རེ་རེ་ལའང་འཁོར་ལོའི་ལྟེ་བ་དང་རྩིབས་བཞིའི་ཆས་ཕྱེ་བས། རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་བརྒྱད་ཀྱིས་བསྐོར་བའི་ཕོ་བྲང་གི་ལྷ་ལྔ་བཅུའི་ཚོམ་བུ་ལ་གནས་མ་མ་མོ་བརྒྱད། ཡུལ་མ་ཕྲ་མེན་བརྒྱད་དང་། སྒོ་མ་བཞི་དང་། སླས་མ་དབང་མོ་ཉེར་བརྒྱད་དང་། ཧཱུྃ་ཆེན་ཁྲོ་བོ་བཅུ་སྟེ་བརྒྱ་རྩ་བརྒྱད་ཀྱི་ལྷ་གསལ་བའོ། །གཉིས་པ་ཡན་ལག་གི་རྣམ་གྲངས། གཙོ་བོ་བཛྲ་ཧེ་རུ་ཀ་ཡབ་ཡུམ་གཉིས་ལ་ཡན་ལག་གི་ལྷ་བཀོད་པ་ནི། རྩ་ལྷ་ཡབ་ཀྱི་ལག་གཡས་བཛྲ་ཁྲག་འཐུང་། གཡོན་རཏྣ། རྐང་པ་གཡོན་པདྨ། གཡས་ཀརྨ། དབུ་ན་བུདྡྷ་ཁྲག་འཐུང་བཀོད་ལ། མིག །རྣ་བ། སྣ། ལྕེའི་འདོམས་རྩིའི་ནང་དུ་ནང་གི་མ་མོ་བཞི། ཕྱི་ལ་ཕྱིའི་མ་མོ་བཞི། མཐིལ་བཞི་ལ་སྒོ་མ་བཞི། སྒལ་ཚིགས་ལ་དབང་མོ་ཉེར་བརྒྱད་བཀོད་དོ། །ཡུམ་གྱི་ཡན་ལག་ལྔ་ལ་ཡུམ་ལྔ། མིག །རྣ་བ། སྣ། ལྕེ་དང་བཞིའི་འདོམས་རྩའི་ནང་དུ་ཕྱོགས་ཀྱི་ཕྲ་མེན་བཞི། ཕྱི་ལ་མཚམས་ཀྱི་ཕྲ་མེན་བཞི་བཀོད་པའི་ཐབས་ཀྱི་ལྷ་ལྔ་བཅུ་རྩ་བརྒྱད་པོ་དེ་ལ་ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ་རེ་རེ། སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་སྟེ་ང་བརྒྱད་པ་ཆ་ལྔའི་གྲངས་ནི་ཉིས་བརྒྱ་དང་དགུ་བཅུའི་ལྷ་རྣམས་ཀྱི་ཡན་ལག་ཏུ་ལྡན་པ་དེ་རྣམས་ལ་དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ་སྟོང་དང་བཞི་བརྒྱ་ལྔ་བཅུ། དེ་ལྟར་ལུས་ལ་བཀོད་པའི་ལྔ་བཅུ་རྩ་བརྒྱད་ལ་བརྩིས་པས། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་ཡོད་དོ། །བཞི་པ་ཞལ་ཕྱག་ལ་གཉིས། དང་པོ་ཞལ་ཕྱག་སྤྲོས་པ་ལ་བསླབ་པ། དང་པོ་ཁྲོ་བོ་ཞལ་གཅིག་ཕྱག་གཉིས། དེ་ལ་བརྟན་པ་ཐོབ་ནས་ཞལ་གསུམ་ཕྱག་དྲུག་དང་། དེ་ལ་བརྟན་པ་ཐོབ་ནས་དབུ་དགུ་དང་ཕྱག་བཅོ་བརྒྱད་ལྷ་ཀུན་དང་ལྡན་པར་བསྒོམ་པ་དང་། དེ་ནས་དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་རྩ་གཉིས། དབུ་དགུ་བརྒྱ་ཕྱག་སྟོང་བརྒྱད་བརྒྱ་ནས་ཞབས་ཕྱག་གྲངས་མེད་པའི་བར་དུ་སློབ་པར་བྱེད་པའོ། །གཉིས་པ་དེ་ལམ་པ་གང་གི་སྤྱོད་ཡུལ་ཡིན་པ། ཞལ་ཕྱག་གི་རྣམ་གྲངས་དེ་དག་གང་ཟག་རིམ་གྱིས་པས་སློབ་པའི་ཐབས་སུ་བརྗོད་ཀྱི་དངོས་སུ་སྤྱོད་ཡུལ་ནི། ཚོགས་ལམ་རྒྱ་གཅིག་སྤྲོས་ལ་ཞལ་གསུམ་ཕྱག་དྲུག །སྦྱོར་ལམ་དུ་དབུ་དགུ་ཕྱག་བཅོ་བརྒྱད། མཐོང་ལམ་དུ་དབུ་ཉི་ཤུ་རྩ་གཅིག་ཕྱག་ཞེ་གཉིས་དང་། སྒོམ་ལམ་དུ་དབུ་དགུ་བརྒྱ་ཕྱག་སྟོང་བརྒྱད་བརྒྱ་དང་། ཞལ་ཕྱག་གྲངས་མེད་པར་བསྒོམ་པ་དེ་མཐར་ལམ་ལྷུན་གྲུབ་ཀྱི་སྤྱོད་ཡུལ་ཡིན་པ་ལྟར་རིམ་པར་ལྡན་པའོ། །གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམ་པ། གོང་བསྟན་བཞིན་དེ་ལྟར་རིམ་ཅིག་ཆར་གྱི་སྒོམ་ཐབས་གཉིས་དང་ལྡན་པའི་ཏིང་ངེ་འཛིན་གྱིས། དང་པོ་ལ་ཞུགས་པར་དུ་སློབ་ཐ་མ་མཐར་ཕྱིན་གྱི་བར་དུ་སྐབས་སུ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ། ཡེ་ཤེས་རང་བཞིན་གྱི་ཡུལ་འོག་མིན་ནས་སྙན་གསན་དབབ་སྤྱན་དྲངས་པར་བྱས་ཏེ་ཕྱག་རྒྱ་བཞིས་གཉིས་སུ་མེད་པར་གཞུག་ཅིང་སྐུ་གསུང་ཐུགས་བརྟན་པར་བཞུགས་པ་ལ་སོགས་པའི་ཆོ་ག་དང་ལྡན་པར་བྱས་ལ། གསུམ་པ་ཕྲིན་ལས་ཀྱི་རིམ་པ་ལ་གཉིས། དང་པོ་ཕྲིན་ལས་གཞུང་གི་རིམ་པ། དེ་ནས་ཕྱག་འཚལ་བ་ལ་སོགས་མཆོད་རྫས་དང་ཚིག་སྔགས་ཕྱག་རྒྱ་ཏིང་འཛིན་རྣམས་ཀྱིས་རིམ་པ་བཞིན་དུ་མཆོད་ལ། བསྟོད་པ་བྱ་ཞིང་སྨོན་ལམ་གདབ་པ་དང་ལྡན་ནས་བསྙེན་པ་ཛཔྲ་དང་ཚོགས་རྣམས་གཞུང་བཞིན་བྱའོ། །གཉིས་པ་ལྷག་མ་མཇུག་གི་རིམ་པ། ནང་ནུབ་ཐུན་མཚམས་ཀྱི་བར་སྐབས་སུ་ཞི་ཁྲོ་གང་ཡིན་གྱི་ལྷག་མའི་གནས་ལ་དབང་རྣམས་ཀྱི་རེ་བ་བསྐངས་ནས། རང་གིས་སྔོན་དམ་བཅས་པའི་དམ་ཚིག་བསྒྲགས་ལ་ཕྲིན་ལས་བཅོལ་ཞིང་། ཡ་ཧི་གཙྪས་ཞི་རྒྱས་དབང་དྲག་གི་ལས་ལ་དགྱེ་བརྟན་མ་བསྐྱོང་ངོ་། །དེ་ནས་འཁོར་ལོ་སྟེ་དཀྱིལ་འཁོར་བསྡུ་ཞིང་ལུས་བསྲུང་གོ་བགོ་སྤྱོད་ལམ་རྒྱུན་གྱི་ཏིང་འཛིན་ལ་གནས་པ་ཀུན་ཞི་ཁྲོ་གང་ཡིན་གྱི་མན་ངག་གི་བསྒོམ་ཁོག་གཞུང་བཞིན་དུ་བྱའོ། །བཞི་པ་ངོ་བོ་ལ་གསུམ། དང་པོ་ངོ་བོ་རང་སྣང་ཡུལ་མེད་ཞི་གནས་ལྷག་མཐོང་ཟུང་འབྲེལ་དུ། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པའི་རྟོག་ཚོགས་ཐམས་ཅད་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷར་སྣང་བ་ཡང་། དཔེ་རྒྱ་མཚོའི་ནང་དུ་གཟུགས་བརྙན་སྣང་བ་ཅི་བཞིན་དུ། སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཀུན་གྱི་དངོས་པོ་ཡང་རང་རིག་པ་ཞི་ཁྲོའི་ལྷར་གསལ་བ་རྣམས་གཅིག་དང་དུ་མ་ཡོངས་གྱི་མཐའ་དང་བྲལ་བས་མེད་དོ། །རིག་པ་ལྷར་གསལ་བ་ལ་ཡུལ་ཡུལ་ཅན་གང་དུའང་ཞེན་པ་མེད་པས་ལྷག་མཐོང་། དེའི་ངང་ལས་མི་གཡོ་བས་ཞི་གནས། ཟུང་འབྲེལ་བསྒོམ་བྱའི་རྣལ་འབྱོར་ཏིང་འཛིན་གྱི་ངོ་བོར་རྒྱལ་བས་བཀའ་རྒྱུད་ཀུན་ནས་གསུངས་སོ། །གཉིས་པ་རྣམ་གྲངས་སྤྲོས་པ། རྟོག་ཚོགས་རང་བཞིན་གྱིས་ལྷར་གནས་པ་སྤྲོས་པས་ཉམས་སུ་ལེན་པའི་རྣལ་འབྱོར་ཏིང་འཛིན་ཡང་ལྷ་དུ་མར་སྤྲོས། ལྷ་དེ་ཡང་གདུལ་བྱ་གདུག་པ་ཅན་འདུལ་བའི་ངོ་ལ་ཁྲོ་བོ་དང་། ཞི་བ་གཉིས་སུ་སྤྲོས་སོ། །དེ་རེ་རེ་ལའང་འཁོར་ལོ་དཀྱིལ་འཁོར་སྤྲོས་པ་དང་། ཕྱག་རྒྱ་རྣམ་གྲངས་སྤྲོས་པ་དང་། ཚོམ་བུ་སྤྲོས་པ་དང་། ཞལ་ཕྱག་སྤྲོས་པ་དང་། དེ་ལྟར་གཞི་ལམ་ཚུལ་ཀུན་ནས་སྤྲོས་པའི་ཕྱིར་ན་མངོན་དུ་བྱས་པའི་འབྲས་བུའང་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པ་སྟེ་དེའང་སྐུ་དང་ཡེ་ཤེས་དུ་མར་སྤྲོས་པའོ། །གསུམ་པ་ངེས་ཚིག་བསྟན་པ། དེ་ལྟར་སྤྲོས་པས་ཉམས་སུ་མྱོང་ཞིང་གསལ་བ་ནི་རྒྱ་སྤྲོས་རྣལ་འབྱོར་སྒྲ་དོན་ནམ་ངེས་ཚིག་འགྲུབ་པའོ། །ལྔ་པ་སྐྱོན་ལ་གསུམ་སྟེ། དང་པོ་ལེ་ལོ་ལ་ཞུགས་པ་དང་མཚན་མ་ལ་ཞེན་པའི་སྐྱོན། སྤྲོས་པའི་རྣལ་འབྱོར་ལ་གནས་པ་འདི་ཡི་ཚེ་སྙོམ་ལས་སུ་ལེ་ལོ་དང་། མི་དགེ་བའི་ལས་བྱ་བ་ངན་ཞེན་གྱི་ལེ་ལོ་རྣམ་པ་གཉིས་ཀྱི་སྐྱོན་དང་། སྨིག་རྒྱུ། དུ་བ། མེ་ཁྱེར། མར་མེ། ཉི་མ་སོགས་མཚན་མ་ལྔ་པོ་དངོས་སུ་འབྱུང་བ་མཐོང་ཞིང་དེ་ལ་ཡང་དག་ཏུ་འཛིན་ན་སྐྱོན་དུ་འགྱུར་བ་དང་། གཉིས་པ་བདུད་ཀྱི་སྤྱོད་ཡུལ་ལ་གཉིས། དང་པོ་ཉེ་བར་བསྟན་པ། རྒྱ་སྤྲོས་རྣལ་འབྱོར་པས་གྲུབ་རྟགས་ཀྱི་སྤྱོད་ཡུལ་ལ་དམ་པར་བཟུང་སྟེ་ཞེན་ན་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་དུ་མཐོང་བའོ། །དེའང་གང་ཞེ་ན། གཉིས་པ་རྒྱས་བཤད་ལ་གསུམ། དང་པོ་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་དངོས། དང་པོ་སྣང་བ་གཟུགས་ཀྱི་བདུད་ནི། སངས་རྒྱས་ཀྱི་སྤྲུལ་པ་གྲངས་མེད་འཇིག་རྟེན་དུ་འགྱེད་པ་མཐོང་བ་དང་གཅིག །གཉིས་པ་འདུ་འཛི་གཡེང་བའི་བདུད། བདག་གཞན་གྱི་ནང་ནས་དམ་པར་འདུག་པ་མཐོང་བའམ། ཡང་ན་སངས་རྒྱས་བྱང་སེམས་ཀྱིས་དམ་པར་འདུན་ཅིང་དམ་པར་མཐོང་བ་དང་། གསུམ་པ་གྲགས་པ་སྒྲ་ཡི་བདུད་སངས་རྒྱས་བྱང་སེམས་ཀྱིས་བདག་ལ་སྐྱེས་བུ་དམ་པར་སྨྲ་བ་དང་། བཞི་པ་བར་ཆད་གཡེང་བའི་བདུད། རྒྱལ་བས་གསུངས་པའི་བསྟན་པ་མདོ་སྔགས་ཀུན་གསལ་བར་མཐོང་ཞིང་ཐོས་པ་མེད་པར་འཆད་ནུས་པ་དང་། ལྔ་པ་མངོན་ཤེས་ལོག་པའི་བདུད། སྐད་ཅིག་གཅིག་ལ་དུས་གསུམ་གྱི་ཆོས་ཐམས་ཅད་གསལ་བར་ཤེས་ཤིང་མཐོང་བ་དང་། དྲུག་པ་སྐྱེ་གནས་ལ་ཞེན་པའི་བདུད། རྒྱུད་དྲུག་གི་ལམ་དང་གནས་ཀུན་མཐོང་བ་དང་། བདུན་པ་སྙིང་རྗེ་སྤྲུལ་པའི་བདུད། སེམས་ཅན་དེ་དག་ལ་སྙིང་རྗེའི་སེམས་རང་དབང་མེད་པ་ཤུགས་ཀྱིས་འབྱུང་བ་དང་། བརྒྱད་པ་སྣང་བ་འོད་ཀྱི་བདུད། ཕྱི་ནང་གི་སྣོད་བཅུད་ཀུན་ཀྱང་ཉིན་མཚན་མེད་པར་གསལ་བར་མཐོང་བ་དང་། དགུ་པ་རྫུ་འཕྲུལ་སྟོན་པ་སྤྱོད་པའི་བདུད། རི་བྲག་ལ་སོགས་ཅི་ལའང་བདག་གི་ལུས་ཐོགས་པ་མེད་པར་འགྲོ་བ་དང་། བཅུ་པ་ང་རྒྱལ་དྲེགས་པའི་བདུད། ནམ་མཁའ་ལ་ས་ལ་བྱེད་པ་བཞིན་དུ་འཕུར་ནས་འགྲོ་ཞིང་འདུག་ནུས་པ་དང་། བཅུ་གཅིག་པ་བྱིན་གྱིས་བརླབ་པའི་བདུད། རྒྱལ་བས་ཕྱག་བརྐྱངས་ནས་བདག་གི་མགོ་ལུས་བྱུགས་ཏེ་སངས་རྒྱས་པར་ལུང་སྟོན་པ་དང་། བཅུ་གཉིས་པ་བསླུ་བ་རྫུན་གྱི་བདུད། ལྷ་ཀླུ་ལ་སོགས་འགྲོ་བ་ཀུན་གྱི་སོ་སོའི་སྐད་དུ་བདག་གིས་ཆོས་སྨྲ་ཞིང་སྟོན་ནུས་པ་སྙམ་བྱེད་པ་དང་། བཅུ་གསུམ་པ་མཚན་མས་གཡེང་བའི་བདུད། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱིས་བདག་ལ་བཀུར་སྟི་དང་རིམ་གྲོའི་གནས་སུ་མཐོང་བ་དང་། བཅུ་བཞི་པ་རེ་དོགས་ཐེ་ཚོམ་བདུད། ཏིང་ངེ་འཛིན་གྱི་ཤུགས་ལ་སྟོང་གསུམ་ཐམས་ཅད་མཐོ་དམན་མེད་པར་ལག་མཐིལ་ལྟར་མཉམ་པར་བཀོད་པ་དང་། བཅོ་ལྔ་པ་ཆགས་བ་གེགས་བྱས་ཀྱི་བདུད། སྟོང་གསུམ་དེ་ཉིད་ཀྱི་རང་བཞིན་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་གསལ་བར་སྣང་བ་དང་། བཅུ་དྲུག་པ་དོན་དུ་མི་འགྱུར་བར་གོལ་བའི་བདུད། སེམས་ཏིང་འཛིན་ལས་སུ་རུང་བས་བདག་གཞན་གྱི་དོན་སྤྱོད་པ་ཅི་ལའང་ཐོགས་པ་མེད་པར་སྤྱོད་ནས་སོ་སྙམ་པ་དང་། བཅུ་བདུན་པ་ཆེ་བའི་ང་རྒྱལ་སྙམ་པའི་བདུད། དམ་པའི་ཆོས་སྟོན་པའི་དོན་ལ་རྟོགས་པ་དང་མོས་པར་གྱིས་ཤིག་ཅེས་སངས་རྒྱས་བྱང་སེམས་ཀྱིས་བདག་ལ་བཀའ་བསྒོ་བ་དང་། བཅོ་བརྒྱད་པ་བཀུར་སྟི་བར་ཆད་ཀྱི་བདུད། འཇིག་རྟེན་པའི་གཙོ་བོ་ལྷ་ཆེན་པོ་རྣམས་ཀྱིས་བདག་ལ་མཆོད་པ་འབྱུང་བ་དང་བཅོ་བརྒྱད་པོ་དེ་དག་རྣམས་སོ། །འདི་ཡན་ཆད་ནས་ཐོད་རྒལ་འོང་བ་དང་། བློ་རབ་འབྲིང་ཐ་མ་ལ་ངེས་པ་མེད་པས། རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་འོང་ངོ་། །གཉིས་པ་དེ་རང་བཞིན་མེད་པར་ཤེས་ན་གྲུབ་རྟགས། རྣལ་འབྱོར་པ་གང་གིས་སྤྱོད་ཡུལ་བཅོ་བརྒྱད་པོ་དེ་དག་མཐོང་བའི་དུས་ན། དེ་དག་ལ་རང་བཞིན་མེད་པར་རང་སྣང་གཉིས་མེད་དུ་རྟོགས་ན། ལམ་མ་ནོར་བར་དམ་པ་གྲུབ་པའི་རྟགས་ཡིན་ནོ། །གསུམ་པ་མི་ཤེས་དགའ་བྲོད་བྱེད་ན་བདུད་དུ་གྱུར་ཚུལ་བསྟན་པ། དེ་ལྟར་སེམས་ཀྱི་ཆོས་ཉིད་རང་སྣང་དུ་མི་ཤེས་པར་གྲུབ་རྟགས་དམ་པར་བཟུང་ནས་དགའ་བྲོད་རློམས་སེམས་བྱེད་པ་རྣམས་བདུད་ཀྱི་བར་ཆད་ཀྱི་ལས་སུ་གྱུར་པས་ན་བདུད་ཀྱི་སྤྱོད་ཡུལ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན་འཇིག་རྟེན་གྱི་ཁེ་དང་སྙན་གྲགས་ཐོབ་པར་འདོད་པས་སེམས་རང་དབང་མེད་པར་འཕྲོག་པ་དང་། གཞན་གྱིས་བདག་ལ་སྐྱེས་བུ་དམ་པར་བསྔགས་པ་བསྟོད་པའི་ཆེ་བ་ཐོབ་ནས་འདུ་འཛི་དང་ལོངས་སྤྱོད་ཀྱི་མཚན་མས་གཡེང་བ་དང་། འབྲས་བུ་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱི་གོལ་དུ་དོགས་པ་ཅུང་ཟད་ཡོད་པ་དང་། རྟགས་བྱུང་བང་ཙམ་དུའམ་ང་ཞེས་པས་སེམས་ཁེང ས་ཆེ་བས་ང་རྒྱལ་འཕེལ་ནས་གཡེང་ཤོར་བའོ། །གསུམ་པ་ཐུན་མོང་གི་སྐྱོན་ཕྲ་བ་བྱུང་ཚུལ། ཐུན་མོང་གི་སྐྱོན་ཐ་མལ་པ་ཡང་སྔར་བས་འདིར་གྲངས་ཉུང་བར་འབྱུང་ལ་ངོ་བོ་ཤིན་ཏུ་ཆ་ཕྲ་བ་སྟེ། དབུགས་ཀྱི་རྒྱུ་བའི་སྐད་ཅིག་གི་ནང་དུ་ཏིང་འཛིན་གཟུང་འཛིན་གྱི་དབང་དུ་སོང་མ་སོང་བྱེ་བྲག་རྣམས་ཤེས་པའོ། །དྲུག་པ་སྐྱོན་བཅོས་ཐབས་ལ་གསུམ་སྟེ། དང་པོ་ལེ་ལོའི་སྐྱོན་བཅོས་ཐབས། རྒྱུ་ཤེས་པའི་ལྟ་བ་དང་རྐྱེན་འཇུག་པའི་ཏིང་འཛིན་གཉིས་དབང་འབྱོར་བས། འགོ་ཉམས་ཐོབ་ཅིང་ལྟ་སྒོམ་ཟུང་དུ་འབྲེལ་བས་ཉམས་ལེན་ལ་བསྐྱེད་རིམ་བྱེར་མེད་པའམ་ཚོགས་ལམ་མཐར་ཕྱིན་པ་དང་། སྣང་སྟོང་དབྱེར་མེད་འབྲས་བུ་ལྷའི་དཀྱིལ་འཁོར་ལམ་དུ་ཤེས་ཤིང་ཏིང་འཛིན་ལ་བློ་བརྟན་པར་གྱུར་པ་ཡིས། ལེ་ལོ་གཉིས་པོའི་དབང་དུ་མི་གཏང་བར་འབྲས་བུ་ཐོབ་པའི་རྩོལ་བའི་བྱ་བ་མེད་ཅིང་། དོན་ཡལ་བར་དོར་བ་མེད་པའི་བརྩོན་འགྲུས་དང་དུ་བླང་བར་བྱའོ། །གཉིས་པ་མཚན་མའི་སྐྱོན་བཅོས་ཐབས་དཔེ་དང་བཅས་སྨིག་རྒྱུ་ལ་སོགས་ལྔ་མཚན་མ་ཅི་བྱུང་རང་རིག་པའི་ཆོ་འཕྲུལ་དུ་སྣང་བ་ཡིན་པས། དེ་དག་སེམས་ཉིད་ཡིན་པར་ཤེས་པའི་ཕྱིར་མཚན་མ་དེ་དག་མཐོང་བ་ལ་འབྲས་བུ་ཐོབ་ཏུ་རེ་བ་དང་། མ་ཐོབ་པའི་དོགས་པ་མེད་པར་ཤེས་པར་གྱིས་ཤིག །དཔེར་ན་ནམ་མཁའི་རང་བཞིན་དེ་ལ་ཉི་ཟླ་གཟའ་སྐར་དང་གློག་འགྱུ་བ་དང་། འཇའ་ཚོན་ཤར་བ་སྤྲིན་མང་པོ་ཕན་ཚུན་དུ་འཁྲུགས་པར་འགྱུར་ཡང་ནམ་མཁའི་རང་བཞིན་ནམ་དབྱིངས་དེ་ལ་གཞན་དུ་འགྱུར་ཞིང་ཉམས་པ་མེད་པའི་དཔེ་བཞིན་ནོ། །དོན་སེམས་ཉིད་མི་དམིགས་པ་ཆོས་ཀྱི་དབྱིས་ཉིད་གདུལ་བྱའི་བློ་ལ་བསམ་ཡས་པར་འདས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྨད་དུ་བྱུང་བ་ངོ་མཚར་བ་ཉེར་ལྔ་དང་། ཉམས་ཀྱི་མཚན་མ་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་ལ་སོགས་སྣ་ཚོགས་པ་རྣམ་འབྱོར་པའི་ཉམས་ལ་སྣང་བར་འགྱུར་ཡང་། ཆོས་ཉིད་དེ་བཞིན་ཉིད་ལ་ཉམས་ཤིང་འགྱུར་བ་མེད་པར་ཤེས་པར་བྱའོ། །གསུམ་པ་བདུད་ཀྱི་སྤྱོད་ཡུལ་གྱི་སྐྱོན་བཅོས་ཐབས། སྤྲོས་པའི་རྣལ་འབྱོར་པ་ཏིང་འཛིན་གྱི་སྟོབས་དང་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཡང་། གང་ཟག་དང་ཆོས་ཀྱི་བདག་གཉིས་མེད་པར་ཤེས་པས་ང་རྒྱལ་དང་རློམས་སེམས་མེད་དེ། བདུད་ཀྱི་སྤྱོད་ཡུལ་དུ་རྟགས་དང་མཚན་མ་ཡི་བྱེ་བྲག་གང་མཐོང་བ་དེ་ཡང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་རང་སྣང་བ་ཉིད་དུ་ལྟ་བས་ཤེས་ཤིང་ཏིང་འཛིན་གྱིས་རྒྱུད་ལ་སྦྱར་བས་རེ་དོགས་མི་བྱའོ། །བདུན་པ་ཉམས་ལ་གསུམ། དང་པོ་མདོར་བསྟན། རྟོག་པའི་སྣང་བ་ལྷའི་སྣང་བར་འབྱེད་པ་ཕྱག་རྒྱ་སྤྲོས་པའང་ཉམས་གོང་ནས་གོང་དུ་འཕེལ་བར་བྱེད་པའི་རིམ་པའང་། གོང་བསྟན་ལྟར་བསླབ་པའི་རིམ་པ་སྔ་མ་གོམས་ནས་ཕྱི་མ་སློབ་པ་ཇི་བཞིན་ཉམས་འཕེལ་ཏེ། རྒྱ་གཅིག་ཉམས་ལྔ་སྔོན་དུ་བརྟན་ཅིང་མཐར་ཕྱིན་མོད་ཀྱང་རྒྱ་སྤྲོས་པ་འདི་ལ་ད་གཟོད་སློབ་པ་ཡིན་པས། སྔར་སྣང་འབྱེད་སྤྲོས་པ་ལ་མ་གོམས་པའི་དབང་གིས་ཉམས་རྣམ་པ་ལྔ་འབྱུང་བའོ། །གཉིས་པ་རྒྱས་བཤད་ལ་ཉམས་ལྔ་རིམ་པ་སྐྱེ་ཚུལ། རིགས་སམ་ཚོམ་བུ་གསུམ་པ་དང་ལྔ་པའི་ལྷ་གསལ་བའི་ཚེ་རྟོག་པའི་དབང་དུ་ཅུང་ཟད་གཡོ་བས། ཏིང་འཛིན་ལ་རྟོག་པའི་བར་ཆད་འབྱུང་བ་དེ་ཉམས་ལྔའི་དང་པོ་གཡོ་བའི་ཉམས་ཡིན་པའོ། །ལྷ་དེ་གསལ་བའི་ཚད་ལ་ཉིན་ཞག་ཕྲུགས་གཅིག་ལ་ཐུན་གཅིག་གི་བཞིར་བགོས་པའི་ཆ་གཅིག་ཙམ་སྐྱོན་དབང་འགྱུར་ཞིང་ཆ་གསུམ་ཙམ་དུ་ལྷ་གསལ་ལ་རྟོག་པས་མི་གཡོ་བ་དེ་ནི་གཉིས་པ་ཐོབ་པའི་ཉམས་ཡིན་ཏེ། རྐྱེན་མེད་ན་རྟོག་པ་མེད་པར་ཐུན་རྐྱང་གཅིག་བསྒོམ་ནུས་པ་ནི་གསུམ་པ་གོམས་པའི་ཉམས་ཡིན་པའོ། །ཐུན་རྐྱང་གཅིག་བསྒོམ་ནུས་པ་དེ་ཉིད་རྟོག་པའི་རྐྱེན་དབང་དུ་མི་འགྲོ་ཞིང་ལྷར་གསལ་བ་དེ་ནི་བཞི་པ་བརྟན་པའི་ཉམས་ཡིན་པའོ། །དེ་ནས་ཉིན་ཞག་གམ་དུས་ཕྱེད་པར་ཏིང་འཛིན་ལ་གང་གནས་པ་དེ་ལ། ཤིན་ཏུ་ཡང་རྟོག་པའི་རྐྱེན་གྱིས་མི་འཕྲོག་པ་ནི་ཉམས་ལྔ་པ་སྟེ་མཐར་ཕྱིན་པའི་ཉམས་སོ། །གསུམ་པ་རྣམ་གྲངས་སྤྲོས་པ་ལ་སྦྱར་བས་བརྩད་པའི་སྐྱོན་སྤང་བ་ནི། སྟོང་དང་ཉི་ཁྲི་ལ་སོགས་པ་རྣམ་གྲངས་སྤྲོས་པ་ལ་ཉམས་ལྔ་པོ་དེ་དག་སྦྱར་ན་ཟག་མེད་མཐོང་བསྒོམ་མཐར་ལམ་གསུམ་གྱི་རིག་འཛིན་དུ་ཐལ་བར་འགྱུར་བའི་སྐྱོན་ཡོད་པ། དེ་བས་ན་རྩ་བའི་རྣམ་གྲངས་དང་ཞི་ཁྲོའི་ཚོམ་བུ་དང་དཀྱིལ་འཁོར་ལ་ཉམས་ལྔ་སྦྱར་བའི་ཚོད་ཟིན་པ་གཅེས་སོ། །བརྒྱད་པ་སྤྱོད་པ་ལ་གསུམ་སྟེ། ལྟ་དགོངས་ཆོས་ཉིད་ཀྱི་སྤྱོད་པ་དང་། རྨད་བྱུང་ཐབས་ཀྱི་སྤྱོད་པ། ཁྱད་པར་ཆོགས་ཀྱི་སྤྱོད་པའོ། །དང་པོ་ལ་གསུམ་སྟེ། དང་པོ་ལྟ་དགོངས་ཉམ་ང་མེད་པར་སྤྱོད་པ་དཔེ་དང་བཅས་པ། རྒྱ་སྤྲོས་པའི་རྣལ་འབྱོར་ཆེན་པོའི་ལྟ་བ་ལས་མི་འདའ་བའི་སྤྱོད་པའི་ཚུལ་ནི། འདོད་ཡོན་ལ་ཅི་ལྟར་སྤྱད་ཀྱང་ལྟ་བས་རང་བཞིན་མེད་པར་ཤེས་པས། དཔེར་ན་ནམ་མཁའ་ལ་བྱ་ཆེན་ཁྱུང་ལྡིང་བ་བཞིན་དུ་གཡང་མི་ཟ། ཆུ་ལ་རྐྱལ་ཆེན་འཕྱོ་བ་ཉ་མོ་བཞིན་ཉམ་ང་མེད། ནམ་མཁའ་ལ་རླུང་ཆེན་འཕྱོ་བ་ལ་ཐོགས་ཆགས་མེད་པ་བཞིན་ཏུ། རྒྱ་སྤྲོས་རྣལ་འབྱོར་པས་ལྟ་བ་ཡང་དཔེ་གསུམ་པོ་དེ་བཞིན་ལྟར། གཡང་མི་ཟ། ཉམ་མི་ང་། ཐོགས་པ་མེད་པར་བལྟ་ཞིང་སྤྱོད་པའོ། །གཉིས་པ་ལྟ་བའི་དོན་ལས་མི་འདའ་པས་ཅི་སྤྱོད་ཚོགས་གཉིས་རྫོགས་པར་སྦྱོད་པ། རྒྱ་སྤྲོས་པའི་རྣལ་འབྱོར་ཆེན་པོའི་སྒོ་གསུམ་གྱི་སྤྱོད་པ་ནི། ལྟ་བས་ཟིན་པའི་ཆོས་སྤྱད་བྱའི་ཡུལ་ཐམས་ཅད་ཀུན་ལ་སྤྱད་བྱ་སྤྱོད་བྱེད་དབྱེར་མེད་པར་སྤྱོད་པས། སྣང་བ་མ་འགགས་པ་བདེ་བའི་རོ་མཆོག་ཆེན་པོ་མྱོང་བར་འགྱུར་ཏེ། དེ་ལ་རྣལ་འབྱོར་པ་སུ་ཞིག་ཞེན་པ་དང་ཆགས་པར་མི་བྱེད་དོ། །སྤྱད་བྱའི་ཡུལ་མ་འགགས་པར་སྤྱོད་བཞིན་དུ་དེ་ལ་མ་ཆགས་ཤིང་མི་འཛིན་པས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་ཡིན ། སྤྱད་པས་བདེ་བ་ཡི་རོ་མཆོག་མྱོང་བ་ཉིད་མ་འགགས་པ་བསོད་ནམས་ཀྱི་ཚོགས་སུ་འགྱུར་བའོ། །དེ་ལྟར་ཚོགས་གཉིས་རྫོགས་པ་དེ་ལྟ་བུ་ཡི་ངང་འབའ་ཞིག་ཏུ་སྤྱད་བྱའི་ཡུལ་ཐམས་ཅད་ལ་སྤྱོད་པས། འདི་ནི་ཚོགས་གཉིས་ཅིག་ཆར་དུ་རྫོགས་པའི་སྤྱོད་པ་རླབས་ཆེན་ཡིན་ནོ། །གསུམ་པ་ལྟ་སྤྱོད་འབྲེལ་བར་གདམས་པ། ལྟ་བ་སྤྱོད་པ་ཡ་ཆར་མ་གྱུར་ཏེ་ལྟ་སྤྱོད་འབྲེལ་བར། སྔགས་འཆང་ལམ་པ་རྣམས་ཀྱིས་དུས་རྟག་ཏུ་སྤྱོད་པར་བྱའོ། །གཉིས་པ་རྨད་བྱུང་ཐབས་ཀྱི་སྤྱོད་པ། སྤྱད་བྱ་ལྔ། མི་སྤོང་ལྔ། དང་བླང་ལྔ། འདོད་ཡོན་ལྔ་སྟེ་ལྔ་ཚན་བཞི་པོ་ནི་ཐེག་པ་འོག་མས་སྤང་བར་བྱ་བ་དང་། སྨད་པར་བྱ་བའི་སྤྱོད་པ་མ་ལུས་བ་ཀུན། རྣལ་འབྱོར་པ་བདག་གི་དོན་རང་གཞན་གྱི་དོན་ཕྱིར་བཀག་པ་མེད་པར་འཇོལ་ཉོག་ཏུ་སྦྱད་དེ། ལྔ་བཞི་ལ་སོགས་གང་ཡང་མ་འགགས་པར་སྤྱོད་པར་བྱས་ལ་འཛིན་ཆགས་མེད་པས་མ་ཐོགས་ཤིང་། དབྱེར་མེད་དུ་སྤྱོད་པས་ཚོགས་གཉིས་སུ་འགྱུར་བ་སྟེ། པདྨ་འདམ་ནས་སྐྱེས་ཀྱང་འདམ་སྐྱོན་གྱིས་མ་གོས་བཞིན་དུ་གོང་གི་སྤྱོད་པ་ཉེས་པས་མ་གོས་པར་ཐབས་ལ་མཁས་པས་སྤྱོད་པའོ། །གསུམ་པ་ཁྱད་པར་ཚོགས་ཀྱི་སྤྱོད་པ་ལ་གསུམ། སྤྱོད་ཡུལ་ལྷའི་དཀྱིལ་འཁོར་དུ་སྤྱོད་པ། འདོད་ཡོན་སྣང་བ་ལྷར་བསྒོམ་ནས་སྤྱོད་པ། སྟོང་ཁམས་སྲིད་ཚད་ཀྱི་ཤེས་རབ་ཡུམ་དང་འདོད་ཡོན་རྣམས་ལ་རབ་འབྲིང་ཐ་མར་སྤྱོད་ཚུལ་ལོ། །དང་པོ་ལ་གཉིས། སྤྱོད་པའི་ཏིང་འཛིན། སྤྱོད་ཚུལ་ལོ། །དང་པོ་ལ་གཉིས་ཏེ། དང་པོ་སྤྱོད་བྱེད་ཡེ་ཤེས་སམ་ཡབ་ཏུ་བསྒོམ་པ། ཡན་ལག་ལྔ་དང་དབང་པོ་ལྔ་དང་རྣམ་ཤེས་ཚོགས་བརྒྱད་པོ་ཀུན་རང་རིག་རང་སྣང་བར་ཤེས་པས། དེ་དག་རྣམ་པ་རང་ག་མ་མིན་ཏེ། མཚན་མེད་ལྟར་ན་ༀ་གྱིས་མཚོན་ནས་ཡེ་ཤེས་ལྔའི་དོན་དུ་ལྟ་བས་ཤེས་པར་བྱ། མཚན་བཅས་ལྟར་ན་ཞི་བ་རྗོགས་པའི་ཡབ་ཀྱི་དཀྱིལ་འཁོར་ཉིད་དུ་བསྒོམ། ཞི་བ་ལ་དགར་བས་ཡང་ན་ཁྲོ་བོའི་དཀྱིལ་འཁོར་ཉིད་དུ་བསྒོམ་མོ། །གཉིས་པ་སྤྱད་བྱ་དབྱིངས་སམ་ཡུམ་དུ་བསྒོམ་པ། དེ་བཞིན་དུ་གཟུགས་དང་། སྒྲ། དྲི། རོ། རེག་བྱ་ལ་སོགས་པ་ཡུལ་གྱི་རྟོགས་པ་ཀུན། རྣམ་པ་རང་ག་མ་མིན་ཏེ་མཚན་མེད་ལྟར་ན་ཡི་གེ་མཱུཾ་དུ་མཚོན་པ་མཉམ་པ་ཉིད་ཀྱི་དབྱིངས་སུ་ཤེས་པར་བྱ། འདིར་མཚན་བཅས་ལྟ་ངན་ཞི་བ་ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ་ཞི་བ་ལ་དགར་བས་ཡང་ན་ཁྲོ་མོ་ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ་མོ། །གཉིས་པ་སྤྱོད་ཚུལ། མདོར་ན་སྤྱོད་ལམ་གྱི་ཡུལ་འདི་ལྟར་དུ་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་གསལ་བས་ལྷ་ལ་ལྷའམ། ཡེ་ཤེས་སམ། ཆོས་ཉིད་ལ་ཆོས་ཉིད་རོལ་བའོ། །གཉིས་པ་འདོད་ཡོན་ལ་སྤྱོད་ཐབས་ལ་གཉིས་ཏེ། དང་པོ་འདོད་ཡོན་སྣང་བ་ལྷར་ཤེས་ནས་བསྒོམ་པ་དངོས། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་འདོད་ཡོན་ལྔ་པོ་ཐམས་ཅད་དང་། གཞན་ཡང་རྫོགས་པ་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཀུན། འབྲས་བུ་དེ་བཞིན་གཤེགས་པའི་རང་བཞིན་རིགས་ལྔའི་དཀྱིལ་འཁོར་དང་། གཟུགས་མཛེས་པའི་ལྷ་མོ་ལ་སོགས་འདོད་ཡོན་གྱི་ལྷ་དང་ལྷ་མོར་བརྟག་གོ། །གཉིས་པ་འདོད་ཡོན་ལ་སྤྱོད་པའི་རྟོག་པ་ལྷར་དག་པའི་སྤྱོད་ཡུལ་ཐམས་ཅད་ཀུན་ཏུ་བཟང་པོར་དག་པ། རྟོག་པ་ཐམས་ཅད་སྤྱོད་ཡུལ་ལྷར་དག་པ་ཀུན་ཏུ་བཟང་པོ་ཡི་རང་བཞིན་དུ་ཞེས་པས། འདོད་པའི་ཡོན་ཏན་ལྔ་པོ་རྣམས་ཐམས་ཅད་ལ་ཐོགས་པ་དང་འཛིན་ཆགས་མེད་པར་མ་འགགས་པར་སྤྱོད་པར་བྱས་ཏེ། དེ་ཁོ་ནས་བསོད་ནམས་ཀྱི་ཚོགས་ཆེན་པོ་ཡན་པར་བརྟག་གོ། །ཡང་ན་དེར་མ་ཟད་འདོད་ཡོན་ལྔ་པོ་དེ་བཞིན་གཤེགས་པ་རིགས་ལྔར་ཡང་བརྟག་ཅིང་ཤེས་པར་བྱའོ། །གསུམ་པ་སྟོང་ཁམས་སྲིད་ཚད་ཀྱི་ཤེས་རབ་ཡུམ་དང་འདོད་ཡོན་ལ་སྤྱོད་ཚུལ། སྤྱོད་ཡུལ་འདི་ལས་གཞན་པ་ཡང་སྟོང་གསུམ་གྱི་ཁམས་ཐམས་ཅད་ན་གནས་པའི་ཤེས་རབ་དབྱིངས་མ་ཡུམ་དང་འདོད་ཡོན་ལྔ་པོ་ཐམས་ཅད་རྣམས་ལ། བཟང་ངན་རབ་འབྲིང་ཐ་མ་ཐམས་ཅད་ཀུན་ལ་བླང་དོར་མེད་པར་སྤྱད་དོ། །དགུ་པ་དམ་ཚིག་ལ་གཉིས། དམ་ཚིག་བསྲུང་བའི་ཐབས། ཟག་ལྡོག་ཡོད་པའི་ཕྱིར་མ་བསྲུངས་པའི་སྐྱོན་ནོ། །དང་པོ་ལ་གཉིས། བདག་དོན་གྱི་དང་། གཞན་དོན་དུ་གང་འཚམས་ལྟར་བསྲུང་བའོ། །དང་པོ་ལ་གཉིས། རིམ་དང་ཅིག་ཆར་བའི་ད མ་ཚིག་གོ། །དང་པོ་ལ་གཉིས། དང་པོ་མི་སྤང་ཞིང་དང་དུ་བླང་བའི་དམ་ཚིག་དང་དུ་བླང་བ་དམ་རྫས་ལྔ་དང་མི་སྤང་བ་ཉོན་མོངས་ལྔ་པོ་ཀུན་ཀྱང་། སྤྲོས་པའི་རྣལ་འབྱོར་པ་ཡིས་དུས་རྟག་ཏུ་སྤྱད་པར་བྱའོ། །སྤྱད་པ་དེ་ལ་ཆགས་ཤིང་ཞེན་པ་མེད་པར་གྱུར་པ་དང་། ཡོན་ཏན་གང་འབྱུང་ན་མཆོག་ཐུན་དངོས་གྲུབ་ངོ་མཚར་བ་ཡ་མཚན་ཆེན་པོ་འབྱུང་བ་ནི། རྩ་བའི་དམ་ཚིག་ལྔ་མདོ་ཙམ་དུ་བཤད་པ་རྒྱས་པའི་ང་གསུམ་པ་དང་། ལེ་ལག་གི་ཉེར་བདུན་པའི་ནང་ནས་འབྱུང་བའོ། །གཉིས་པ་སྤྱོད་ལམ་ཀུན་ལ་སྤྲོས་པའི་རྣལ་འབྱོར་ལས་མི་འདའ་བར་བསྲུང་བ། དབང་པོའི་སྤྱོད་ཡུལ་དུ་མཐོང་ཐོས་ཐམས་ཅད་ཀུན་དང་། འགྲོ་བ་དང་འདུག་པ་དང་ཉལ་བ་ལ་སོགས་པའི་ཚེ་ན། ཞི་ཁྲོའི་དཀྱིལ་འཁོར་གཉིས་བསྒོམ་པ་སྤྲོས་བཅས་ཀྱི་རྣལ་འབྱོར་ལས་མ་ཉམས་པར་ཏིང་འཛིན་དེ་ཡི་དབྱིངས་ན་གནས་པར་ལམ་པའི་ཤེས་རབ་ཀྱི་དབང་བོ་མཆོག་དང་ལྡན་པ་དག་གིས་དུས་རྟག་ཏུ་སྤྱོད་པར་བྱའོ། །གཉིས་པ་ཅིག་ཆར་བའི་དམ་ཚིག །རིམ་གྱིས་དམ་ཚིག་ལས་ཡང་ན་ཅིག་ཆར་བའི་དམ་ཚིག་འོག་ནས་འབྱུང་བ་འདི་ལྟ་བུ་རྟོགས་ན། ཐམས་ཅད་དབྱེར་མེད་སྤྱོད་པ་སྒོ་གསུམ་གྱིས་ཇི་ལྟར་སྤྱད་ཀྱང་རིག་འཛིན་སྔགས་ཀྱི་སྡོམ་པ་ལས་མི་འདའ་བ་ཡིན་ནོ། །ཇི་ལྟར་མི་འདའ་ཞེ་ན། ཆོས་ཐམས་ཅད་ལྷག་མ་མ་ལུས་པར་ལྷའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་རྟོགས་པ་ལ། འབྲས་བུ་བསྒྲུབ་ཅིང་དམ་ཚིག་བསྲུང་བར་བྱ་བ་མེད་དེ། དེ་བསྲུངས་པ་ལས་དགེ་བ་དང་། མ་བསྲུངས་པས་མི་དགེ་བའི་རྣམ་སྨིན་གཉིས་ཀ་དབྱེ་རུ་མེད་པ་རྨི་ལམ་ལྟར་རྟོགས་ཙ་ན། ཡེ་ནས་དབྱེར་མེད་དུ་སངས་རྒྱས་པ་དེ་ལ་དམ་ཚིག་བསྲུང་རྒྱུ་རྡུལ་ཕྲ་མོ་ཙམ་ཡང་མེད་དོ། །གཉིས་པ་གཞན་དོན་གང་ལྟར་འཚམས་པ་ཅིག་ཆར་བའི་བསྲུང་བ། གཞན་དོན་བྱ་བའི་ཕྱིར་རྒྱུད་ལས་གྲགས་པའི་རྩ་བ་ཡན་ལག་གི་བསྲུང་བྱ་ཡི་དམ་ཚིག་ཀུན། གདུལ་བྱ་གང་ལ་མོས་པ་ལྟར་བློ་དང་འཚམས་པར་འདའ་བར་མི་བྱེད་པར་སྲུངས་ཤིག་གཉིས་པ་ཟག་ལྡོག་ཡོད་པའི་ཕྱིར་མ་བསྲུངས་པའི་སྐྱོན། སྟོན་པ་རྡོ་རྗེ་སེམས་དཔའི་བཀས་བཤད་པའི་སྡོམ་པའི་རྩ་བ་ལྔ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་ཀུན་གཞུང་ནས་བཤད་པའི་ལྟ་སྤྱོད་དབྱེར་མེད་ཀྱི་དེ་བཞིན་ཉིད་དུ་ནི་མ་བསྲུངས་ན་སྐྱོན་ཇི་ལྟར་འབྱུང་ཞེ་ན། དབང་དུས་དམ་ཆུ་དེ་ཡཀྴ་་ཁྲོ་བོ་རྡོ་རྗེ་གནོད་སྤྱིན་ཚ་བ་མེ་ཡི་དབལ་ལྟ་བུ་ལྕགས་ཀྱི་སྡིག་པ་ཅན་གྱིས་ཁྱོད་ཀྱི་སྙིང་ལ་གནས་བཅས་ནས་སྙིང་རྩད་ནས་དྲངས་ཏེ་ཁྲག་འཐུང་ནས་དུས་མིན་ཚེ་ཐུང་ཕྱི་མ་ངན་སོང་གསུམ་དུ་སྐྱེ་བར་འགྱུར་ཞིང་། དེ་ཡི་སྡུག་བསྔལ་ཚ་གྲང་བཀྲེས་སྐོམ་གླེན་ལྐུགས་སོགས་བཟོད་པའི་གླགས་ནི་ཚད་བཟུང་དུ་མེད་དོ། །དམ་ཚིག་ཉམས་ན་ངན་སོང་ལྟུང་བ་དེ་ཡི་ཕྱིར། དེ་ཀུན་གཅིག་སྤྲོས་ཀྱི་ཚོགས་ལམ་བཞིར་འཁོར་བར་ལྡོག་ཅིང་ངན་སོང་དུ་ལྟུང་བའི་ཟག་པ་གསུམ་ཡོད་པར་བསྟན་པའོ། །བཅུ་པ་དྲོད་ནི། ཕྱིའི་དྲོད་ལུས་ཤིང་བལ་གྱི་འདབ་མ་ལྟ་བུར་ཤིན་ཏུ་ཡང་། ནང་གི་དྲོད་དབུགས་ཕྱི་ནང་གཉིས་ཀྱི་རྒྱུ་བ་ཡུན་རིང་དུ་བྲལ་བ་དང་། །གསང་བ་སེམས་ཀྱི་དྲོད་རྣལ་འབྱོར་པའི་ཏིང་འཛིན་མཁའ་ལ་གཟའ་སྐར་ཤར་བ་བཞིན་དུ། ཞི་ཁྲོའི་དཀྱིལ་འཁོར་མ་འདྲེས་པར་གསལ་བ་ལྷག་མཐོང་ཡིན་ལ། རྟོགས་པའི་མཐར་མི་གཡོ་བ་ཞི་གནས། བསྒོམ་བྱ་སྒོམ་བྱེད་ཀྱི་སྤྱོད་ཡུལ་དུ་ཞེན་པ་མེད་པར་ཞི་ལྷག་ཟུང་འཇུག་གསལ་བའོ། །དྲོད་གསུམ་དེའི་ཞར་ལས་འབྱུང་བའི་དྲོད་ཀུན་ཀྱང་ཚོགས་ལམ་ཆེན་པོ་འདིར་རྫོགས་པའི་ཕྱིར། འདི་ཙམ་ཞེས་གྲངས་ཀྱིས་བགྲང་བའི་ཆ་ལས་འདས་ཏེ་མང་བར་འབྱུང་བའོ། །བཅུ་གཅིག་པ་རྟགས་ལ་བཞི། དང་པོ་རྟགས་དངོས། སྤྲོས་པའི་ཏིང་འཛིན་ལས་སུ་རུང་བའི་རྟགས་རྣམས་ཀྱང་། སྔོན་རྒྱ་གཅིག་ལ་བྱུང་བར་བསྟན་པ་རྣམས་འདིར་དེ་རྣམས་ལས་སྟོབས་སུ་གྱུར་པས་འཕེལ་བ་དང་། ལུས་ཁམས་བདེ་མི་བདེ་སྙོམས་ཤིང་རང་གི་ལུས་བདེ་བས་གང་བ་ཤིན་ཏུ་རྒྱས་པ་དང་། ནང་འདུ་བ་རྣམ་བཞི་དང་བྲལ་བས་ན་ཚ་ལ་བཟོད་པ་ཐོབ་པ། སྔར་བས་ཚབ་ཆེ་བ་འབྱུང་ངོ་། །གཉིས་པ་མངོན་ཤེས། སྔོན་གནས་དྲན་པ་སོགས་མངོན་པར་ཤེས་པ་དྲུག་དང་། དབང་ཤེས་ཀྱང་སྒོ་རེ་རེས་ཀྱང་ཡུལ་ལྔ་ལྔ་གཅོད་པས་རྩ་ལྔའི་གྲངས་ཀྱི་མངོན་ཤེས་རྫོགས། སྤྲོས་པའི་བློའི་མངོན་ཤེས་རབ་འབྲིང་གི་ཆ་ཡིས་ཕྱེ་བས་ཡུལ་ཁམས་ཚུན་ཆད་དང་གླིང་གཅིག་ཙམ་ཚུན་ཆད་ཀྱི་ཡུལ་གསལ་བར་མཐོང་ཞིང་དེ་ཉིད་ཀྱི་གདུལ་བྱ་འདུལ་བར་བྱེད་དོ། །དེ་རྒྱུ་ཅི་ལས་བྱུང་ཞེ་ན། འཇུག་པའི་རྣམ་ཤེས་ཚོགས་དྲུག་རང་རྒྱུད་ཐ་དད་དུ་འཛིན་པའི་རྟོག་པ་དག་ཅིང་དྭངས་པའི་སྟོབས་ལས་གྱུར་པ་ཡིན་ནོ། །གསུམ་པ་ཆོ་འཕྲུལ། སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་བྱ་བ་ཉི་ཤུ་པོ་ཡང་རབ་འབྲིང་གི་ཆ་ཡིས་གཡོ་བ་དང་ཐོབ་པ་ཙམ་འབྱུང་བ་རུང་ངོ་། །དེ་ཡང་མདོའི་ལེའུ་བཅུ་དྲུག་པ་ལྟར། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། ལས་ཀྱི་ཆོས་འཕྲུལ་གཉིས་ལས་འདི་ནི་དང་པོའོ། །ལྷ་ཀླུ་གནོད་སྦྱིན་སོགས་འགྲོ་བ་ཐམས་ཅད་ལ་རང་རང་གི་སྐད་དུ་མཐུན་པར་ཆོས་སྟོན་ནུས་པ་རྗེས་སུ་བསྟན་པའི་ཆོ་འཕྲུལ། མངོན་ཤེས་ཀྱི་ཡུལ་ཚུན་ཆད་ས་གཡོས་འབྱུང་བ་ཆོས་སྣང་བའི་ཆོ་འཕྲུལ་སྟོན་པར་བྱེད་པ་དང་། བདག་གིས་སྔགས་བརྗོད་པ་ཀུན་ཡི་གེ་ཡི་སྒྲར་སྣང་ནས་གསང་སྔགས་བརྗོད་པར་བྱེད་པ་ཀུན་བརྗོད་པའི་ཆོ་འཕྲུལ་སྟོན་པའོ། །བཞི་པ་མཐོང་སྣང་ལ་རེ་དོགས་མི་བྱ་བ། དེ་ལྟར་ཆོ་འཕྲུལ་བཞི་འདི་དག་མཐོང་བ་དང་། བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་དང་། གླང་ཆེན་ཞོན་དང་གྲུར་ཞུགས་སོགས་ཤུགས་ལ་སྣང་བ་བརྒྱད་མཐོང་བའང་རེ་བ་དང་དོགས་པའི་རྟོག་པ་མེད་པར་བཞག་གོ། །བཅུ་གཉིས་པ་རྨི་ལམ་ལ་གཉིས། དང་པོ་རྨི་ལམ་སྔ་མ་དང་མཐུན་ཅིང་རྫོགས་པར་བསྟན་པ། སྤྲོས་པའི་སྐབས་འདིར་རྨི་ལམ་མཚན་མ་རྒྱ་གཅིག་པ་དང་ཆོས་མཐུན་པ་སྟེ་ངོ་བོ་གཅིག་པར་རྨི་ལྟས་བཅུ་བཞི་འབྱུང་བ་ཡིན་ནོ། །འོ་ན་ཁྱད་མེད་དམ་ཞེ་ན། ངོ་བོ་གསལ་བ་དང་། གཏན་པར་གྱུར་པས་ཁྱད་ཕྱེ་བའོ། །རྒྱུད་ཀུན་ལས་མཚན་མ་བཟང་པོའི་ལྟས་སུ་རྒྱལ་བས་ལུང་བསྟན་པ་ཀུན། ཚོགས་ལམ་ཆེན་པོ་སྤྲོས་པའི་སྐབས་འདིར་ཐམས་ཅད་རྫོགས་པར་འབྱུང་བ་ཡིན་ནོ། །གཉིས་པ་རྨིས་ལྟས་ཀུན་འབྱུང་བའི་གཏན་ཚིགས། དེ་དག་རྫོགས་པའི་རྒྱུ་མཚན་ནི་ཚོགས་སྒྲུབ་པའི་འབྲས་བུ་རིག་འཛིན་ཐོབ་པའི་རྨི་ལྟས་སྤྲོས་པའི་ལམ་འདི་ཉིད་དུ་འབྱུང་དགོས་ཏེ། མཐར་ཕྱིན་པའི་འབྲས་བུའི་མཚན་ཉིད་རིག་འཛིན་རྣམས་ཀྱི་དངོས་སམ་བརྒྱུད་པའི་རིགས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །མཐར་ཕྱིན་རིག་འཛིན་རྣམས་ཀྱི་མཚན་མ་རྨི་ལྟས་བཟང་པོ་ཐམས་ཅད་འབྱུང་བའི་ས་རྒྱ་སྤྲོས་འདི་ཡིན་ཏེ། དེར་མ་ཟད་བར་ཆད་མེད་པར་ཚོགས་སྒྲུབ་པའི་སྐབས་སུའང་མཚན་མ་རྨི་ལྟས་འདི་ཁོ་ན་འབྱུང་བ་གསལ་བརྟན་གྱི་ཁྱད་པར་ཡོད་པའོ། །བཅུ་གསུམ་པ་ཕན་ཡོན་བསྟན་པ་ལ་གསུམ། དང་པོ་རྟོག་ཚོགས་ལྷར་གསལ་བ། གཟུགས་སོགས་ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས་པ་རིགས་ལྔ། ས་སོགས་འབྱུང་བ་ལྔ་པོ་ཉིད་ནི་རིགས་ཀྱི་ཡུམ་ལྔ་དང་། མིག་སོགས་དབང་པོ་བཞི་དང་རྣམ་ཤེས་བཞི་ནི་ཕྱི་ནང་གི་བྱང་ཆུབ་སེམས་དཔའ་བརྒྱད། མིག་གི་ཡུལ་གཟུགས་སོགས་བཞི་དང་། འདས་པ་སོགས་དུས་བཞི་ནི་བྱང་ཆུབ་སེམས་མ་ཆེན་མོ་བརྒྱད་ཡིན་ནོ། །བདག་ཏུ་རྟོག་པ་རགས་པ་ལས་སྐྱེས་པའི་ལུས་ཀྱི་ཆོས་རྣམ་པ་བཞི་པོ་ཁྲོ་བོ་བཞི་ཡིན། རྟག་ཆད་བདག་མཚན་མུ་བཞི་ཁྲོ་མོ་བཞི། ཤུ གས་ལ་ཡིད་ཆོས་ཀུན་བཟང་ཡབ་ཡུམ། ཉོན་དྲུག་ཐུབ་དྲུག་ཡིན་པའོ། །གཉིས་པ་ལྷ་སེམས་ཉིད་རང་སྣང་དུ་རྟོགས་ནས་བསྒོམ་པ། རྟོག་ཚོགས་ལྷའི་དཀྱིལ་འཁོར་གསལ་བ་དེ་ཡང་སེམས་རང་གི་རིག་པ་ཉིད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་སྣང་བ་ཡིན་ཅེས་བྱའོ། །དེ་བཞིན་དུ་རྟོག་པ་ལྷར་མཉམ་པར་རྫོགས་པ་ལ་འབྲས་བུ་ཀུན་ལྷུན་གྱིས་གྲུབ་པའི་རྟགས་དེ་བཞིན་གཤེགས་པ་ལྔ་དང་དོན་ཡེ་ཤེས་ལྔ་ཉིད་རྒྱུ་རྐྱེན་མེད་པར་རང་བྱུང་ཆེན་པོའི་ངང་ལ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གསལ་བར་བསྒོམ་པའོ། །གསུམ་པ་བསྒོམས་པའི་ཡོན་ཏན་སྤྱོད་ཡུལ་དག་ཅིང་ཅིར་ཡང་འགྲུབ་པར་བསྟན་པ། བཟང་ངན་ནམ་གཟུང་འཛིན་གྱི་རྟོག་པ་གཉིད་དང་བྲལ་བའི་སྤྲོས་པའི་རྣལ་འབྱོར་པ་ཐབས་མཁས་པ་ཉིད་ཀྱིས། རྟོག་ཚོགས་ཐམས་ཅད་ཞི་ཁྲོའི་ལྷ་རུ་གསལ་བས་ལྷ་དེ་ཡང་དངོས་པོ་རང་རྒྱུད་པ་མེད་པར་བསྒོམས་ན། མིག་གི་གཟུགས་མཐོང་བ། རྣ་བས་སྒྲ་ཐོས་པ་ལ་སོགས་རང་རྒྱུད་པ་མེད་པའི་ཚུལ་གྱིས། རང་གི་རིག་པའི་ཡེ་ཤེས་ལྷར་གསལ་བར་བསྒོམ་པའི་དུས་ན། དོན་དམ་ལྷའི་རང་བཞིན་ཅིར་ཡང་གྲུབ་པ་མེད་པར་གསལ་བ་ལས་ཀུན་རྫོབ་ཇི་ལྟར་བསམ་པར་སྣང་བས་ཅིར་ཡང་འགྲུབ་པར་འགྱུར་རོ། །བཅུ་བཞི་པ་འདའ་ཀ་མ་ལ་གཉིས། །དང་པོ་འདའ་ཚུལ་ཡོན་ཏན་དང་བཅས་པ། སྤྲོས་པའི་རྣལ་འབྱོར་གང་ཞིག་འཆི་བའི་རྐྱེན་གྱིས་སྤྱོད་ཡུལ་འགྱུར་ཞིང་ཚེ་འཕོ་བའི་དུས་བྱུང་ན། རྒྱ་སྤྲོས་ཞི་ཁྲོའི་དཀྱིལ་འཁོར་ཚོམ་བུ་བསྒོམ་པ་གང་ཡིན་དྲན་པས་བཟུང་ནས་བསྒོམས་པ་ཡིས། རང་རྒྱུད་ཀྱི་ལས་ངན་པ་ངན་འགྲོའི་ལམ་གྱི་ཞེན་པའི་བློ་རྒྱུན་བཅད་ནས། སྲིད་པ་བར་མ་དོའ མ་ཚེ་ཕྱི་མར་བློ་ཆུང་རྣམ་སྨིན་དང་། ཆེ་ན་ཚེ་དབང་གཉིས་ལ་སྦྱོར་ཏེ་མཐོང་ལམ་གྱི་རིག་འཛིན་ཐོབ་པའོ། །གཉིས་པ་ནུས་པ་ཞན་ཅིང་བསྒོམ་པའི་སྐབས་མེད་ཀྱང་གནས་སྐབས་ཀྱི་འབྲས་བུ་འབྱུང་བར་བསྟན་པ། རྣལ་འབྱོར་པ་བློ་ཆུང་བ་གང་ཞིག་ཏིང་འཛིན་བརྩོན་འགྲུས་ཀྱི་ནུས་པ་ཞན་པས་འདའ་ཀ་མའི་ཏིང་འཛིན་བསྒོམ་པའི་སྐབས་མེད་པར་ཚེ་འཕོ་བར་གྱུར་ན་འང་། སྔར་གྱི་ཏིང་འཛིན་གྱིས་འཕེན་པའི་འབྲེལ་བ་སྤྲོས་བཅས་བསྒོམ་པའི་ས་བོན་རྒྱུད་ལ་ཡོད་པའི་རྐྱེན་གྱིས། ཚེ་རབས་སྐྱེ་བ་ཕྱི་མར་ཀུན་ཏུ་བདེ་འགྲོ་ལྷ་མིའི་གོ་འཕང་ཁྱད་པར་ཅན་ཐོབ་ནས་དཀོན་མཆོག་གསུམ་འབྱུང་བ་དང་། དུས་དང་གནས་ཀྱིས་མི་བཀོལ་བར་གསང་སྔགས་ཀྱི་ལམ་ལ་སྤྱོད་པས་འབྲས་བུ་རིག་འཛིན་ཐོབ་པའོ། །བཅོ་ལྔ་པ་འབྲས་བུ་ལ་གཉིས། དང་པོ་གནས་སྐབས་ཀྱི་འབྲས་བུ་ཐོབ་པ། རྣལ་འབྱོར་པ་གང་གིས་སྙོམ་ལས་ཀྱི་ལེ་ལོ་མེད་པར་བརྩོན་འགྲུས་ཆེར་བྱས་ན། ལམ་དུ་གྱུར་པའི་འབྲས་བུ་མཐོང་ལམ་གྱི་རིག་འཛིན་གཉིས་གང་རུང་ཞིག་ཐོབ་པར་གྱུར་པ་ཡང་། གང་གི་སྟོབས་ཀྱིས་ཐོབ་ཅེ་ན་ཆོས་ཉིད་རྟོགས་པའི་ལྟ་བ་དང་། རྩ་བ་ཡན་ལག་གི་དམ་ཚིག་མ་ཉམས་པར་བསྲུང་བ་དང་། རྐྱེན་སྨོན་ལམ་རྣམ་དག་བཏབ་པའི་མཐུ་དང་། སྒྲུབ་པའི་ཆ་རྐྱེན་གྱི་ཡན་ལག་ཆོ་ག་ལྔ། ཡོ་བྱད་ལྔ། སྔགས་ཀྱི་ཡན་ལག་ལྔ་རྫོགས་པས་བསྒྲུབས་ན་མཐོང་ལམ་རིག་འཛིན་ཐོབ་པར་འགྱུར་རོ། །གཉིས་པ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པ། ཞི་ཁྲོ་ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་པའི་ཏིང་འཛིན་ཡང་ནས་ཡང་དུ་རྒྱུན་ཆགས་པར་བསྒོམ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་ལོངས་སྤྱོད་ཀྱིས། མུན་པ་མ་སྤངས་པར་སྣང་བ་དང་དུག་མ་སྤངས་སྨན་དུ་འགྱུར་པའི་ཚུལ་ཇི་བཞིན་དུ། རྟོག་ཚོགས་མ་སྤངས་བར་འབྲས་བུ་སྐུ་དང་ཡེ་ཤེས་སུ་གསལ་བས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མཆོག་བརྙེས་པ་སྟེ་ཐོབ་པ་ནི་ཕྱོགས་མཐུན་གྱི་འབྲས་བུའོ། །ཉེ་སྦྱོར་ནི། བློ་ཆེན་རྣམ་སྨིན་དང་། བློ་ཆུང་ན་ཚོགས་སྒྲུབ་ཐོབ་པའོ། །གསུམ་པ་ལེའུའི་མཚན་བསྟན་པ། ཞི་ཁྲོའི་ལྷ་སྐུ་ཕྱག་རྒྱ་དུ་མར་སྤྲོས་ནས། བསྒོམ་པའི་རྣལ་འབྱོར་ཏིང་འཛིན་ལ་བསླབ་པའི་ཐབས་སྟོན་པར་བྱེད་པའི་གཞུང་གི་ཚིག་དོན་རྣམས། མཚམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་ཞེས་བྱ་སྟེ། དེའི་རྣམ་གྲངས་དགུ་ཡོད་པ་ལས། འདིར་ཡས་བསྒྲངས་དྲུག་པའི་དོན་དུ་གདའ་འོ།། །།སྤྱི་དོན་གཉིས་པ་བར་ཆད་མེད་པར་ཚོགས་སྒྲུབ་པ་ལ་གསུམ་སྟེ། དང་པོ་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ། ཞི་ཁྲོའི་དཀྱིལ་འཁོར་སྤྲོས་བཅས་གཉིས་ལ་རྟོགས་ཤིང་གོམས་པས་ཕྱག་བཙལ་ནས། ལམ་ཟག་བཅས་ཟག་མེད་ལ་སྦྱོར་བའི་གང་གིས་ཀྱང་བར་ཆད་མེད་པར་ཟག་མེད་མཐོང་ལམ་རིག་འཛིན་ལ་སྦྱོར་བར་བྱེད་པ་ཡི། ཚོགས་སྒྲུབ་པ་སྤྲོས་མཐར་ཕྱིན་པའི་དུས་ཀྱི་རྗེས་ཐོག་ཏུ་སྦྱོར་ལམ་ཚོམ་བུ་ཚོགས་སྒྲུབ་པ་བཤད་པར་བྱ། གཉིས་པ་གཞུང་དོན་ལ་གཉིས། དང་པོ་སྤྱིར་བསྙེན་སྒྲུབ་བཞི་ཚོགས་སྒྲུབ་ཀྱི་སྐབས་འདིར་ཤེས་པར་གདམས་པ། དེ་ལ་སྦྱོར་ལམ་བར་ཆད་མེད་པའི་ལམ་དུ་ཞི་ཁྲོའི་ཚོགས་སྒྲུབ་པར་བྱེད་པའང་། བསྙེན་པ་དང་ནི་ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་ནི་སྒྲུབ་པ་ཆེན་པོ་སྟེ། བསྙེན་སྒྲུབ་བཞི་པོའི་དོན་རྫོགས་པར་ཚོགས་སྒྲུབ་པའི་སྐབས་འདིར་ཤེས་པར་བྱའོ། །གཉིས་པ་བསྙེན་སྒྲུབ་བཞི་བྱེ་བྲག་ཏུ་བཤད་པ། དེ་ལ་གཉིས། དང་པོ་མདོར་བསྟན། བསྙེན་སྒྲུབ་བཞི་པོ་འདི་ཡང་ལམ་དུས་ཀྱི་བསྙེན་སྒྲུབ་དང་། གཙོ་བོར་སྒྲུབ་པའི་དང་། དེའི་ཆ་རྐྱེན་སྦྱོར་བ་ཡི་བསྙེན་སྒྲུབ་བཞིའོ། །གཉིས་པ་རྒྱས་པ་ལ་གསུམ། ལམ་རིམ་མཇུག་གི་བསྙེན་སྒྲུབ་བཞི་དང་། སྦྱོར་བའི་བསྙེན་སྒྲུབ་བཞི་འོག་མཆོད་པའི་སྐབས་སུ་ཁ་འཕང་བ་དང་། སྒྲུབ་པའི་བསྙེན་སྒྲུབ་བཞི་གཙོ་བོར་བསྟན་པའོ། །དང་པོ་ལ་བཞི། དང་པོ་བསྙེན་པ་ནི། དེ་ལྟར་བསྙེན་སྒྲུབ་བཞི་ཆ་གསུམ་ཡོད་པ་ཡི། དང་པོ་ལམ་གྱི་རིམ་པའི་བསྙེན་སྒྲུབ་བཞིའོ། །དེ་ལ་བཞི་ཡོད་པའི་དང་པོ་བསྙེན་པ་ནི། བྱང་བ་དོན་དམ་དང་ཆུབ་པ་ཀུན་རྫོབ་སེམས་དབྱེར་མེད་ཀྱི་དོན་རྟོགས་ཤིང་ཏིང་འཛིན་ལ་བརྩོན་འགྲུས་བྱེད་བ་སྟེ། གྲངས་དུས་རྟགས་ཀྱི་བསྙེན་པ་གསུམ་ཡོད་པའི་ནང་ནས་དམ་པ་ལས་ཆུད་མི་ཟ་བ་དང་། འགྲུབ་སླ་བ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་རྟོགས་ཤིང་ཏིང་འཛིན་ཆས་ཕྱེ་བས་དེ་ཏིང་བྱང་བ་ཀུན་ཏིང་སྙིང་རྗེ་ཆུབ་པ་གཉིས་གོམས་པ་མན་ཆད་བསྙེན་པར་བརྗོད་དོ། །གཉིས་པ་ཉེ་བསྙེན། དེ་ལ་བརྟེན་ནས་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་དུ་མར་གསལ་བ་སྟེ་བསྒོམ་པ་ནི་འོག་མ་བས་འབྲས་བུ་ལ་ཉེ་བའི་ཕྱིར་ཉེ་བའི་བསྙེན་པ་ཡིན་པས་ན་གཏན་ཚིགས་དེ་ཡི་ཕྱིར་ཟུང་འཇུག་རྒྱ་གཅིག་པ་དང་སྣང་བྱེད་རྒྱ་སྤྲོས་གཉིས་ཉེ་བའི་བསྙེན་པའོ། །གསུམ་པ་སྒྲུབ་པ། སྒྲུབ་པ་ཉིད་ནི་སྦྱོར་ལམ་བར་ཆད་མེད་པའི་ལམ་དུ་ཚོམ་བུ་ཚོགས་སྒྲུབ་པའོ། །བཞི་པ་སྒྲུབ་པ་ཆེན་པོ། བཟླས་པའི་གྲངས་དང་། ཞག་སུམ་ཅུ་ཕྲག་དྲུག་ལ་སོགས་ཀྱི་དུས་ཀྱི་ཚོགས་སྒྲུབ་པའི་མཐས་མཚན་མ་རྟགས་ཀྱི་བསྙེན་པ་རྫོགས་ནས་སྒྲུབ་པ་ཆེན་པོ་ནི་ནུབ་ཐ་མ་དངོས་གྲུབ་ལེན་པ། དེས་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་མཐོང་ལམ་དུ་རྣམ་སྨིན་ཚེ་དབང་གང་ཐོབ་ཀྱི་འབྲས་བུ་གྲུབ་པའོ། །གཉིས་པ་སྦྱོར་བའི་བསྙེན་སྒྲུབ་བཞི་ཁ་འཕང་བ། མདོར་བསྟན་གྱི་གསུམ་པ་སྦྱོར་བའི་བསྙེན་སྒྲུབ་བཞི་ནི་འོག་ཁྲོ་བོའི་གསང་བའི་མཆོད་པའི་སྐབས་སུ་རྒྱས་པར་ཤེས་པར་བྱའོ། །གསུམ་པ་སྒྲུབ་པའི་བསྙེན་སྒྲུབ་ལ་གསུམ་སྟེ། སྒྲུབ་པའི་ཐབས་དང་། སྒྲུབ་པའི་ཡོན་ཏན་དང་། བསྒྲུབས་པའི་འབྲས་བུའོ། །དང་པོ་ལ་གཉིས། དང་པོ་སྒྲུབ་ཐབས་སྤྱིར་བསྟན་པའི་ངོས་ནས་མདོར་བསྟན། མདོར་བསྟན་གྱི་གཉིས་པ་སྒྲུབ་པའི་བསྙེན་སྒྲུབ་བཞི་གཙོ་བོར་ཚོགས་སྒྲུབ་ཀྱི་སྐབས་འདིར་རྒྱས་པར་བསྟན་པ་ནི། སྒྲུབ་པའི་གཞི་དང་གཞུང་དག་གིས་ཚོགས་སྒྲུབ་པའི་ཐབས་རྫོགས་པར་འགྱུར་ཏེ། སྒྲུབ་པ་པོ། གནས། དུས། ཡོ་བྱད། སྒྲུབ་ཐབས་ཕུན་སུམ་ཚོགས་པ་ལྔ་ཡིས་སྒྲུབ་པའི་གཞི་བཟུང་ལ། བསྙེན་པ་དང་ཉེ་བསྙེན་སྒྲུབ་པ་དང་སྒྲུབ་ཆེན་བཞི་ཡིས་སྒྲུབ་པའི་གཞུང་བསྲང་བར་བྱ་བའང་། རྣལ་འབྱོར་པ་གང་དག་གཅིག་སྤྲོས་ཀྱི་སྐབས་ཞི་ཁྲོ་གང་ལ་མོས་པ་ཅི་བཞིན་དུ། འདིར་ཡང་ཞི་བ་དང་ཁྲོ་བོས་ཚོགས་བསྒྲུབ་པར་བྱའོ། །གཉིས་པ་རྒྱས་བཤད་ལ་གཉིས། ཞི་བ་དང་ཁྲོ་བོའི་ཚོགས་སྒྲུབ་པའོ། །དང་པོ་ལ་གཉིས། དང་པོ་མདོར་བསྟན། སྤྱིིར་ཞི་ཁྲོ་གཉིས་ཡོད་པ་དེ་ལ་ཡང་སྔ་མ་ཞི་བའི་སྒོ་ནས་ཚོགས་སྒྲུབ་ལ་གནས་ཕུན་སུམ་ཚོགས་པ་དང་གཅིག །དུས་ཕུན་སུམ་ཚོགས་པ་དང་གཉིས། ཡོ་བྱད་ཕུན་སུམ་ཚོགས་པ་དང་གསུམ། སྟོན་འཁོར་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་དང་བཞི། སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་དང་ལྔ་ཡིས། བསྙེན་གྲུབ་ཡན་ལག་བཞི་དང་སྦྱར་བས་ཞི་བའི་ཚོགས་སྒྲུབ་ཀྱི་གཞུང་རྫོགས་པར་ཤེས་པར་བྱའོ། །གཉིས་པ་རྒྱས་བཤད་ལ་གཉིས། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བའོ། །དང་པོ་ལ་ལྔ། སྒྲུབ་པ་པོ། གནས་དུས། ཡོ་བྱད། སྒྲུབ་ཐབས་སོ། །དང་པོ་ལ་གསུམ། དང་པོ་སྒྲུབ་པ་པོ་སྤྱིའི་མཚན་ཉིད། ཕུན་ཚོགས་ལྔ་ལྡན་པས་བསྒྲུབ་དགོས་པ་དེ་ལ་སྒྲུབ་པ་པོ་ཞི་བ་རྒྱ་སྤྲོས་པའི་ཏིང་འཛིན་མཐར་ཕྱིན་ནས། དེ་ཏིང་། ཀུན་སྣང་། རྒྱ་གཅིག །ཕྱག་མཚན། ཡིག་འབྲུ་སྟེ་ཆོ་ག་ལྔ་ནི་རྫོགས་པར་བྱས་ཤིང་། བྲོ་གར། གླུ་ཚིག་རྒྱན་དང་བགོ་བ། བཟའ་བཏུང་། ཨཱ་ལི་ཀཱ་ལིའི་ཡོ་བྱད་དང་ལྔ་ནི་ཚོགས་སྒྲུབ་སྔོན་དུ་རྫོགས་པར་ལྡན། སྔགས་ཡིད་སྐྱོབ་པ་དང་བྱིན་རླབས་སྤར་ཁབ་ལས་གསུངས། མཆན། ཀྱི་ཕྱིར་སྔགས་ཏེ་ལྷའོ། །དེ་ཡང་ཐུགས་ཀར་ཡེ་ཤེས་སེམས་དཔའ་དང་གཅིག །སྐུ་གསུང་ཐུགས་ཀྱི་ལྷ་དང་བཞི། དབུ་རྒྱན་ལྷ་སྟེ་ལྔ་སྔགས་ཀྱི་ཡན་ལག་ལྔ་རྫོགས་པའི་ཏིང་འཛིན་དང་། རྣལ་འབྱོར་པ་ཚོམ་བུ་ལྔ་པ་ལ་ཕོ་མོ་ལྔ་བཅུ། གསུམ་པ་ལ་ཞེ་དྲུག །གཅིག་པ་ལ་ཕོ་མོ་བཅོ་བརྒྱད། འཚོགས་པའི་དཀྱིལ་འཁོར་གྱིས་ཚོགས་བསྒྲུབ་ན། ཐེ་ཚོམ་མེད་པས་ན་ངེས་པར་འགྲུབ་སྟེ་གང་འགྲུབ་ན་སྒྲོ་སྐུར་མེད་བར་ལེགས་པའི་དགོས་པ་ཡོན་ཏན་ཀུན་གྱི་འབྱུང་གནས་མཐོང་ལམ་རྣམ་སྨིན་ཚེ་དབང་གཉིས་དང་མཐར་ཐུག་སྐུ་ལྔ་ལྷུན་གྱིས་འགྲུབ་པར་འགྱུར། གཉིས་པ་སྟོན་པ། སྒྱུ་འཕྲུལ་རྩ་བཤད་ཀྱི་དོན་སྟོན་པ་ཡི་བླ་མ་ནི། ལྟ་བའི་མཛོད་ཨ་ཏི། ཏིང་འཛིན་མཛོད་ཨ་ནུ། སྤྱོད་པའི་མཛོད་མ་ཧཱ་གསུམ་ལྡན་དང་། ཕྱི་ནང་གསང་བ་དེ་ཁོ་ནའི་དབང་བཞིའི་ཆུ་བོ་བཞི་རྫོགས་པ་དང་བཞི། ཕྱི་བར་ཆད་ཀྱི་དགྲ་བགེགས་བཟློག་པ། ནང་ཉོན་མོངས་ལམ་དུ་སློང་བ། གསང་བ་བདེ་སྡུག་རོ་སྙོམས་པ། སྙིང་རྗེ་ཕན་སེམས་ཀྱིས་སློབ་མ་རྗེས་འཛིན་གྱི་གཉེར་བཞི་དང་ལྡན་པ་ལྔ། རྒྱུད་སྡེ་ལ་མཁས་ཤིང་ལུང་དོན་ཁྲོལ་བ་དང་དྲུག །ཕྲིན་ལས་ཀྱི་ཆོ་ག་ཁྲིགས་ལ་མཁས་པ་དང་བདུན། བླ་མའི་མན་ངག་ཟབ་མོའི་ཉམས་མྱོང་དྲོད་འཆང་བ་དང་བརྒྱད་རྒྱུད་ལ་འཆང་བ་ཡི། རྣལ་འབྱོར་པ་ཟག་བཅས་སྤྲོས་པ་མཐར་ཕྱིན་པ་དང་ལྡན་ནས་ཟག་མེད་ལ་སྦྱོར་ནུས་པའི་སྟོན་པ་ཤིན་ཏུ་བསྟེན་པར་བྱའོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ། སྟོན་པ་རྡོ་རྗེ་སློབ་དཔོན་ལ་སྒོ་གསུམ་གྱིས་མཉེས་པ་གསུམ་གྱིས་མཆོད་ཅིང་དབང་རྫོགས་པ་ཐོབ་ནས་བརྩོན་འགྲུས་ཀྱིས་རྒྱུད་སྤྱངས་རྟོགས་པའི་ལྟ་བ་དེ་ཏིང་སོགས་གསལ་བ་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པ། རྩ་བ་རྐྱེན་དང་ལས་ཀྱི་སྔགས་གསུམ་དང་ཕྱག་རྒྱ་ལ་སོགས་བཞི་རྣམས་མ་ཉམས་པར་ཤེས་ཤིང་། བཟའ་བཏུང་སོགས་ཀྱི་ཡོ་བྱད་ལྔ་དང་ལྡན་པའི་འཁོར་གྱི་ཚོགས་ཀྱིས་འགྲུབ་བར་འགྱུར་ལ། དེ་རྣམས་དང་མི་ལྡན་ན་བསྒྲུབས་ཀྱང་དོན་མེད་ཅིང་བརླག་པར་འགྱུར་རོ། །གཉིས་པ་གནས་ལ་གཉིས། དང་པོ་གནས་བཙལ་ཞིང་བརྟགས་ནས་ས་ཆོག་བྱ་བ། དགྲ་བགེགས་ཀྱི་སྡེ་དཔུང་གི་བར་ཆད་ཆེན་པོས་མི་ཚུགས་པའི་གནས་བཙལ་བར་བྱས་ཤིང་། རྡོ་རྗེ་ལས་རིམ་ལས་འབྱུང་བ་ལྟར། ས་གཞི་དང་བར་སྣང་གི་མཚན་ཉིད་སོགས་བཀྲ་ཤིས་པ་དང་། མི་ཆོས་ཀྱི་གཙུག་ལག་དང་། ལྷ་ཆོས་ཀྱི་ལོ་རྒྱུས་རྣམ་པ་གཉིས་ཀ་བཀྲ་ཤིས་པར་ལྡན་པ་དང་། རང་གི་ཡིད་དུ་འོང་བའི་ས་ཕྱོགས་བཙལ་ཏེ་ལས་རིམ་ནས་བཤད་ལྟར་ས་ཡི་ཆོ་ག་རྒྱས་པར་བྱ་བའོ། །གཉིས་པ་དེ་རང་གནས་བརྩིགས་ཤིང་ཕྱུག་བསྲུང་དང་བརྒྱན་པ། གནས་རྙེད་ནས་ཚོམ་བུ་གཅིག་གསུམ་ལྔ་གང་བསྒྲུབ་ལྷའི་གྲངས་མང་ཉུང་བཞིན་དུ། གནས་ཁང་ཆེ་ཆུང་ཚད་རྐྱེན་སྒྲུབ་པ་པོ་མང་ཉུང་བཞིན་དུ་འཚམས་པར་བྱ། །དེའི་འཁོར་ཁང་ཕྱི་མར་གཡོས་བྱེད། ནང་མར་ཚོགས་སྒྲུབ། བར་མར་གསང་སྤྱོད་བྱ་སྟེ་རིམ་པ་གསུམ་དང་ལྡན་པའི་ཁང་པར་རིན་ཆེན་གསེར་དངུལ་སོགས་དང་། ཙནྡན་གླ་རྩི་ལ་སོགས་བྱུག་པས་བགེགས་བསྲུང་བ་དང་། རིན་ཆེན་སྣ་ཚོགས་ཀྱི་རྒྱན་མཛེས་པར་སྤྲས་པའི་སྒྲུབ་གནས་གཞལ་ཡས་ཁང་དང་། རང་ཉམས་དགའ་ཞིང་ཡིད་དུ་འོང་བར་བྱ་བ་ཤིན་ཏུ་གཅེས་སོ། །གསུམ་པ་དུས་ལ་གཉིས། དང་པོ། འབྱུང་བའི་རྟེན་འབྲེལ་གྱི་ནུས་པ། མཆན་ཡིན། སྒྲུབ་པ་ལ་འཇུག་པའི་དུས་ཀྱི་ཚེས་གྲངས་ནི་ཟླ་བ་ཡར་གྱི་ངོ་ཚེས་བརྒྱད་ལ་ལྷའི་ཚོགས་འདུས་པའི་དུས་ཡིན་པས་བརྩམ་པར་བྱ་སྟེ། ཤིན་ཏུ་ཡང་ཚེས་གྲངས་དེ་དང་སྐར་མ་རྒྱལ་དང་གཟའ་ཕུར་བུ་རྣམས་འཇོམ་པའི་དུས་ལ་འཇུག་ན་བླ་མེད་བྱང་ཆུབ་སྒྲུབ་པའི་སྤྱོད་པ་རླབས་པོ་ཆེ་ཆེར་སྤྱོད་པ་འདི་ནི་རང་བཞིན་གྱི་ནུས་པ་ཡོད་པས། གསང་སྔགས་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པའི་ཕྱིར་ཚེས་གྲངས་གཟའ་དང་སྐར་མ་བཀྲ་ཤིས་པ་སྟེ་བཟང་པོ་རྣམས་བླང་བར་བྱའོ། །གཉིས་པ་སྒྲུབ་པ་འགྲུབ་པའི་དུས། ལྷ་བསྒོམ་དམ་ཚིག་ལྡན་པས་ཞག་ནི་སུམ་ཅུ་ཕྲག་དྲུག་གམ་སྟེ་ཟླ་བ་དྲུག །རབ་འོག་གིས་ཟླ་བ་བཅུ་གཉིས་ཏེ་ལོ་གཅིག་འབྲིང་གིས་ཟླ་བ་བཅུ་བཞི་སྟེ་ལོ་གཅིག་དང་ཟླ་བ་གཉིས། ཐ་མས་ཟླ་བ་བཅུ་དྲུག་ལོ་གཅིག་དང་ཟླ་བ་བཞི་དག་གིས་ཚེ་ལ་དབང་སྒྱུར་པའི་རིག་འཛིན་རྣམས་ཀྱི་ནང་ནས་ལམ་མཆོག་ཚེ་དབང་འགྲུབ་པའི་ཕྱིར། སྦྱོར་ལམ་གྱི་རྣལ་འབྱོར་བའི་ཤེས་རབ་དང་བརྩོན་འགྲུས་ཆེ་ཆུང་གི་ཆས་ཕྱེ་བས་དུས་ཉེ་རིང་རིམ་པ་བཞིན་དུ་བསྒྲུབ་བོ། །བཞི་པ་ཡོ་བྱད་ལ་གཉིས། སྤྱིར་ཡོ་བྱད་ཚོགས་པར་བསོག་པ། གོས་རྒྱན་དང་བཟའ་བ་དང་བཏུང་བ་དང་གསང་བ་ཨཱ་ལི་ཀཱ་ལི་དང་། བྲོ་གར་གླུ་སོགས་སྒྲུབ་པ་བྱེད་པའི་དུས་ཀྱི་ཡོ་བྱད་ལྔ་རྣམས་དང་། དཀྱིལ་འཁོར་གྱི་རྒྱན་གྱི་ཡོ་བྱད་སྟེང་འོག་ལོག་གི་རྒྱན་རྣམས་དང་ཕྱི་ནང་གསང་བའི་མཆོད་པའི་རྫས་དང་། དངོས་གྲུབ་རྟེན་ཡོ་བྱད་ཐོད་སྐུ་མར་མེ་སོགས་དང་། དགྲ་བགེགས་དང་ནད་ཀྱི་བར་ཆད་རྐྱེན་ཟློག་གི་ཡོ་བྱད་གོ་མཚོན། གུ་གུལ། ཡུངས་ཀར། སྨན་དང་སྨན་པ་བཅས་རྣམས་བསྡུས་སོ། །གཉིས་པ་བྱེ་བྲག་ཏུ་ཡོ་བྱད་དག་པར་བསྡུ་ཞིང་འཚོ་བའི་ཡོ་བྱད་བྱིན་གྱིས་བརླབ་པ། ཡོ་བྱད་དེ་རྣམས་དམ་ཉམས། མཛེ་ཅན། སྨེ་ཤ་ཅན་སོགས་ཀྱི་ལག་ནས་མ་བྱུང་བ་དང་། ཕུད་མ་ཉམས་པར་རྣམ་པར་དག་པར་བསྡུས་པར་བྱས་ཏེ། དེ་ལ་ཚོ་གསུམ་དུ་བཅད་ལ་བྱིན་གྱིས་བརླབ་སྟེ། དང་པོ་ཏྲྃ་ལས་རིན་པོ་ཆེའི་མཆོད་སྡོང་འོད་འབར་བའི་རྩེ་མོ་ༀ་ཨཱ༔ཧཱུྃ་གསུམ་ལས་ཕྱི་ནང་གི་མཆོད་པའི་རྫས་སུ་བསམ། གཉིས་པར་ཉི་ཟླའི་སྟེང་དཔའ་བོ་འབྲུ་ལྔའི་འཕྲོ་འདུས་འདོད་ཡོན་གྱི་ལྷར་བརླབས་རྣལ་འབྱོར་པ་རྣམས་ཀྱིས་རོལ། ཐ་མར་ས་ལས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ཏེ་ལྷག་མགྲོན་མཆོད་པ་བྱའོ། །ལྔ་བ་སྒྲུབ་ཐབས་ཕུན་སུམ་ཚོགས་པ། སྒྲུབ་པའི་ཐབས་བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱར་བ་ཡིས་སྒྲུབ་གཞུང་བསྲང་། བར་ཆད་མེད་པའི་གནས་ཤིན་ཏུ་དབེན་པ་དང་། དགོས་པའི་ལོངས་སྤྱོད་བཟའ་བཏུང་སོགས་བསོགས་ཤིང་ཅི་བདེ་བར་ཡོ་བྱད་ལྔ་འཇོལ་ཉོག་ཏུ་སྤྱོད་རྒྱུ་དང་། དམ་ཚིག་མ་ཉམས་ལྟ་སྒོམ་བློ་དང་ནི་རབ་ཏུ་ལྡན་པའི་རྣལ་འབྱོར་ཕོ་མོའི་ཚོགས་པས། ཚོགས་སྒྲུབ་འཇུག་པའི་དང་པོ་ལ་ཚོམ་བུའི་ལྷ་གྲངས་གང་དུས་ཅི་ཙམ་བསྒྲུབ་པར་ཁས་བླངས་ཤིང་དམ་མནོས་པ་བཞིན་ཏུ་མཐར་ཕྱིན་པར་བྱའོ། །དེ་ལྟར་མ་གྲུབ་པར་དམ་བཅའ་དང་ལྡན་པས་རྣལ་འབྱོར་ཕོ་མོ་འདུས་ཏེ་བསྒྲུབ་པར་བྱའོ། །གཉིས་པ་བསྙེན་སྒྲུབ་བཞིས་གཞུང་བསྲང་བ་ལ་གཉིས། བསྲང་བ་དངོས་དང་། གྲོགས་ཡོ་བྱད་ལ་སྤྱད་ཐབས་སོ། །དང་པོ་ལ་བཞི། བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་ཆེན་དང་། ཞོར་ལ་ཞག་གྲངས་རྒྱུད་བཞིན་ཤེས་ནས་སྒྲུབ་པར་བསྟན་པའོ། །དང་པོ་ལ་གསུམ། དང་པོ་ལྷག་ཏིང་གི་དཀྱིལ་འཁོར་གསལ་ལམ་གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་ཞིང་རྒྱན་དང་རྫས་དགོད་པ། བསྒྲུབ་གཞི་སོང་ནས་ཡང་ན་ཞེས་རྒྱུད་ཀྱི་ཚིག་ཤུགས་སོ། །སྒྲུབ་པའི་དལ་དཔག་ཚད་དང་རྒྱང་གྲགས་སུ་གསལ་བས་སམ། ཚོམ་བུ་གསུམ་པོ་སོ་སོ་རང་རང་གི་བློ་དང་འཚམས་པའི་ལྷག་པ་གཟུགས་བརྙན་དལ། ལུས་གང་། དོ། གསུམ་དང་། ཁྲུ་བཅུ་དྲུག །ཉེར་ལྔ། ལ་སོགས་བྲི་བའོ། །དཀྱིལ་འཁོར་རྒྱན་དང་ཕྱི་ནང་གི་མཆོད་པ་སོགས་དལ་གྱི་མཐའ་འཁོར་བ་དགྲམ་པ་དང་། གཉིས་པ་ཕྱི་མཆོད་བྱ་ཞིང་མཚམས་བཅད་པ། དེ་ནས་གནས་ཀྱི་ཕྱི་རོལ་དུ་ཆ་གསུམ་གྱི་གཏོར་མས་མཆོད་པའི་ལས་རྣམས་རྫོགས་པར་བྱས་ཏེ། རྒྱལ་ཆེན་ཕྱོགས་སྐྱོང་གི་ཐོ་བཙུག་ནས་ཕྱི་མཚམས་བཅད་ཅིང་བསྲུང་། དམ་སྲི་མནན། སྒོ་བྱང་གདགས་ཤིང་མཚམས་རིམ་པ་བཞིན་དུ་བཅད་པར་བྱའོ། །གསུམ་པ་སྔོན་དུ་བྱ་བའི་ལས་རྣམས་རྫོགས་པར་བྱ་དགོས་པ། གྲངས་རྟགས་དུས་བྱ་བ་ལས་ཀྱི་བསྙེན་པ་བཞི་ལས་འདི་བྱ་བ་ལས་ཀྱི་བསྙེན་པ་བྱ་བའི་དོན་དུ་སྔོན་དུ་འགྲོ་བར་བྱ་བ་གོང་གི་དེ་རྣམས་རྫོགས་པའི་ལས་རྣམས་ཐོན་ཟིན་པར་བྱ་བ་ནི་བསྙེན་པའོ། །གཉིས་པ་ཉེ་བསྙེན་ལ་གཉིས། དང་པོ་སྔོན་འགྲོ་བྱ་བ། དེ་ནས་རྣལ་འབྱོར་པ་རྣམས་ནང་དུ་འདུས་པས་ཚུལ་ཕྱག་བྱ། ཁྲོ་བཅུས་ཕྱོགས་བཅིངས་ཤིང་མཚམས་བཅད། བཤག་པ། དམ་བཅའ། ཕྱིན་དབབ། ཕྱི་ནང་གི་མཆོད་རྫས་རྣམས་བྱིན་གྱིས་བརླབས་ནས། གཉིས་པ་དངོས་གཞི་ལ་གསུམ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་བསྟོད་སྨོན་ལམ་ཚོགས་མཆོད་ལྷག་མ་ཛཔ྄་བསྙེན་གྱི་ལས་རིམ། ཉེ་བསྙེན་གྱི་ཚད་དང་བྱེད་ལས་བསྟན་པའོ། །དང་པོ་ལ་གཉིས། རྩ་བའི་ལྷ་བསྒོམ་པ། ཡན་ལག་དབང་བསྐུར་བྱིན་རླབས་ཀྱི་ལྷ་བསྒོམ་པའོ། །དང་པོ་ལ་གཉིས། དང་པོ་མདོར་བསྟན། རྣལ་འབྱོར་པ་གཅིག་གིས་ལྷ་ཀུན་སྤྱིར་བསྒོམ་པའམ་ཡང་ན་རྣལ་འབྱོར་པ་ཡབ་ཡུམ་རེ་རེ་དང་ལྷ་ཡབ་ཡུམ་བྲང་སྤྲད་ནས་བསྒོམ་ཞིང་ཚོམ་བུའི་འཁོར་ལོ་གཅིག་གསུམ་ལྔ་རིམ་པ་བཞིན་དུ་བསྒོམ་པར་བྱ་བའོ། །གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་ཚོམ་བུ་གཅིག་གསུམ་ལྔ་མི་གྲངས་ལྷ་གྲངས་སྤྲད་ནས་བསྒོམ་ལུགས། རྣལ་འབྱོར་པ་ཐབས་ཡབ་དང་ཤེས་རབ་ཡུམ་གྱིས། ཡབ་རྣམས་ཀྱིས་དེ་བཞིན་གཤེགས་པ་རིགས་ཀྱི་ཡབ་ལྔ་དང་ཡུམ་རྣམས་ཀྱིས་རིགས་ཀྱི་ཡུམ་དུ་བསྒོམ། འཁོར་ཕོ་མོ་ཡབ་རྣམས་ཀྱིས་རིགས་ཆུང་གི་སེམས་དཔའ་ཡབ་རྣམས་དང་། ཡུམ་རྣམས་རང་རང་གི་རིགས་ཆུང་གི་སེམས་མ་རྣམས་ཡུམ་ཉིད་དུ་བསྒོམ། ལྷ་སོ་སོའི་རིགས་གང་ཡིན་པ་དང་ཕྱག་རྒྱ་དང་། ཏིང་འཛིན་རྣམས་མ་འདྲེས་པར་ཡང་དག་པར་སོ་སོར་གསལ་བར་བསྒོམ་མོ། །གཉིས་པ་གཅིག་གིས་ཀུན་བསྒོམ་བྱེད་ལུགས་དེ་ལ་གསུམ། དང་པོ་ཚོམ་བུ་གཅིག་པ། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་འདུས་ཚུལ་ནི་རིགས་ལྔར་འདུས་པ་ཡིན་ཏེ་དེ་ཡང་བསྡུ་ན་ཐུགས་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་ལུགས་ཀྱི་རིགས་ཀྱི་གཙོ་བོ་རྡོ་རྗེ་རིགས་སུ་འདུས་པ་ཡིན་ནོ། །ཅི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་བརྗོད་ཀྱིས་མི་ལངས་ཀྱང་། བསྡུ་ན་ཐུགས་ཡེ་ཤེས་ལྔར་འདུས་ཏེ། ཡེ་ཤེས་ལྔ་ཡང་ཐུགས་ཀྱི་མཆོག་སྟོང་ཉིད་ཡེ་ཤེས་ཁོ་ནར་འདུས་པའི་ཕྱིར་རོ། །རྡོར་སེམས་ཡབ་ཡུམ་རིགས་ཆུང་སེམས་དཔའ་ཡབ་ཡུམ་དང་བཅས་ཟུང་ལྔ་ཡ་བཅུ་ཁྲོ་བོའི་ཚོགས་སྒོ་བ་ཡབ་ཡུམ་དང་ལྡན་པ་ཡི་ཚོམ་བུ་གཅིག་པའི་ལྷ་ཡབ་ཡུམ་བཅོ་བརྒྱད་ཀྱི་ཚོགས་རྣམས་བསྒོམ་མོ། །གཉིས་པ་ཚོམ་བུ་གསུམ་པ། གཅིག་པའི་ལྷོ་བྱང་གཉིས་བཞག་པས། མདུན་ནམ་ཤར་ཕྱོགས་སུ་དེ་བཞིན་རིགས་ཀྱི་ཚོམ་བུ་ཡབ་ཡུམ་བཅུ་དང་། དབུས་སུ་རྡོ་རྗེའི་རིགས་ཚོམ་བུ་བཅུ། རྒྱབ་བམ་ནུབ་ཏུ་པདྨའི་རིགས་ཚོམ་བུ་བཅུ་སྟེ་དེ་ལྟར་སྐུ་གསུང་ཐུགས་ཀྱི་ཚོམ་བུ་ཆ་གསུམ་གྱི་མཐར། ཕྱོགས་མཚམས་བརྒྱད་དུ་ཁྲོ་བོ་ཡབ་ཡུམ་བཅུ་དྲུག་ཞལ་སྦྱོར་བའི་ཚོགས་དང་ལྡན་པ་ཡི། ཚོམ་བུ་གསུམ་པའི་ལྷ་ཞེ་དྲུག་གི་ཚོགས་རྣམས་བསྒོམ་མོ། །གསུམ་པ་ཚོམ་བུ་ལྔ་བསྒོམ་པ། གཙོ་བོ་ཡབ་ལྔ་དང་གཙོ་མོ་ཡུམ་ལྔ་ཡི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་ཞལ་སྦྱོར་བ་ཅན་དུ་བཞུགས་པ་ཡི་ཚུལ་ནི། འོག་གཞི་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་ལྔ་པོ་རེ་རེ་ལ་ཡང་། རྩིབས་ཆུང་བཞི་ལྟེ་བ་དང་བཅས་པ་རེ་རེ་སྟེ་ཕོ་བྲང་ཆ་ལྔ། དབུས་ཀྱི་འཁོར་ལོའི་ལྟེ་བ་ལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས། རྩིབས་བཞིར་རྡོ་རྗེའི་རིགས་ཀྱི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་རྣམས་ཀྱིས་བསྐོར་བ། རྡོ་རྗེ་རིགས་ཀྱི་ཚོམ་བུ་ལྟར་གསལ་བའི་རྣལ་འབྱོར་པ་ཡབ་ཡུམ་བཅུ་དང་། དེ་བཞིན་ཏུ་ཤར་ལྷོ་ནུབ་བྱང་བཞིར་རྣམ་སྣང་། རིན་འབྱུང་། སྣང་མཐའ། དོན་གྲུབ་ཡབ་ཡུམ་གྱིས་གཙོར་བྱས་པ་རྣམས་ལ། དེ་བཞིན་རིགས། རིན་ཆེན་རིགས། པདྨའི་རིགས། ལས་ཀྱི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་བརྒྱད་ཀྱིས་བསྐོར་བ་སྟེ། རིགས་བཞིའི་ཚོམ་བུ་ལ་ལྷ་བཞི་བཅུ། གོང་གི་དབུས་ཀྱི་ཚོམ་བུའི་ལྔ་བཅུ་སྟེ། དེ་ལྟར་ཚོམ་བུ་ལྔ་ཡི་ཚོམ་བུའི་ལྷ་ལྔ་བཅུ་རྣལ་འབྱོར་ཕོ་མོ་ལྔ་བཅུར་གསལ་བར་བསྒོམ་པ་བཀོད་ལ། ཚོམ་བུ་ཆ་ལྔ་པོ་དེའི་མཐར་ཕྱོགས་བཞི་མཚམས་བཞི། སྟེང་གི་ཆ་ཤར་སྟོད། འོག་གི་ཆ་ནུབ་སྨད་དུ། རྣལ་འབྱོར་ཡབ་ཡུམ་ཆ་བཅུ་ལ། ཁྲོ་བོ་ཡབ་བཅུ་དང་ཁྲོ་མོ་བཅུ་སྟེ། ལྷ་ཉི་ཤུ་གསལ་བར་བཀོད་པས་ལྷ་བདུན་ཅུ་དེ་དག་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་རྣམ་པར་གསལ་བར་བསྒོམ་མོ། །གཉིས་པ་ཡན་ལག་དབང་བསྐུར་བྱིན་རླབས་ཀྱི་ལྷ་བསྒོམ་པ། དེ་དག་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ལྷ་གསུམ་ཡེ་ཤེས་ལྔས་དབང་བསྐུར་བའི་རྟགས་རིགས་ལྔ་དང་ཐུགས་ཀར་ཡེ་ཤེས་སེམས་དཔའ་ལྡན་པར་བྱས་ནས། གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་བསྟོད་སྨོན་ལམ་ཚོགས་མཆོད་ལྷག་མ་ཛ་པྲ་བསྙེན་གྱི་ལས་རིམ། རང་བཞིན་ལྷུན་གྲུབ་འོག་མིན་གནས་ནས་སྙན་གསན་དབབ་པར་བྱས་ཏེ། སྤྱན་དྲངས་གཉིས་སུ་མེད་པར་གཞུག་ཅིང་བསྟན་པར་བཞུགས་གསོལ་བྱས་ལ་ཕྱག་འཚལ་ཕྱི་ནང་གསང་བའི་མཆོད་པ་རྣམས་རིམ་པར་མཆོད་པ་རྫོགས་ནས་གླུ་ཡེ་ཤེས་ཀྱིས་བསྟོད་དོ་སྨོན་ལམ་བཏབ་ལ་ཛ་པྲ་བསྙེན་པ་བྱ། དེ་ཚར་ནས་མཆོད་བསྟོད་བཤགས་པ་རིག་མེ་དོར་དངོས་གྲུབ་བསྐུལ་ཟིན་ནས་ཛ་པྲ་ཁང་བསྡུས་ཏེ། དེ་ནས་སྐལ་ལྡན་རྣལ་འབྱོར་པ་མིའི་ཚོགས་ཀྱིས་དགྱེས་ལྡན་ལྷའི་ཚོགས་ལ་འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ཚུལ་བཞིན་དུ་མཆོད་པའི་ཕྲིན་ལས་གཞུང་ལྟར་དུ་བྱ། དེ་ལྟར་བསྒྲུབས་པས་ནང་ནུབ་ཀྱི་བར་སྐབས་སུ་མཁའ་འགྲོ་སོ་གཉིས་སོགས་ལྷག་མགྲོན་ལ་ལྷག་མ་སྦྱིན་ཅིང་ཕྲིན་ལས་བཅོལ། སྒྲུབ་ལ་བར་ཆད་བྱེད་པའི་ཉུལ་ལེ་མ་ཡང་དུས་སུ་བཟློག་ཅིང་བསྙེན་པ་བྱའོ། །གསུམ་པ་ཉེ་བསྙེན་གྱི་ཚད་དང་བྱེད་ལས། དེ་ཡང་ཟླ་བ་ཕྱེད་ཀྱི་ཕྱེད་ཞག་བདུན་དུ་ཉེ་བའི་བསྙེན་པ་བྱ་སྟེ། བདག་མདུན་ལྷ་གསལ་བའི་བར་དུ་བཟླས་པའི་འོད་ཟེར་དཀར་པོ་འཕྲོ་བས་བདེ་བར་གཤེགས་པ་མཆོད་ལ། ཚུར་འདུས་བདག་གི་སྒྲིབ་པ་སྦྱངས་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱེད་པའོ། །གསུམ་པ་སྒྲུབ་པ། དེ་ནས་ཞག་བཅོ་ལྔ་ཡི་ནུབ་ཐ་མ་ཞག་གཅིག་མ་གཏོགས་པ་མར་ཕྱེད་ཞག་བདུན་དུ་སྒྲུབ་པ་བྱ་སྟེ། བཟླས་པའི་འོད་ཟེར་དམར་པོ་ཕར་འཕྲོས་པས་དངོས་གྲུབ་བསྩོལ་ཅིག་པར་བསྐུལ་ཚུར་འདུས་པས་དངོས་གྲུབ་ཐོབ་པར་བསྒོམ་ཏེ། དེ་གཉིས་བསྣོལ་མས་དོན་གཉིས་བསྒྲུབ་པར་བྱའོ། །བཞི་པ་སྒྲུབ་པ་ཆེན་པོ་དང་ཞོར་ལ་ཞག་གྲངས་རྒྱུད་བཞིན་ཤེས་ནས་སྒྲུབ་དགོས་པར་བསྟན་པ། དེ་ལྟར་སྒྲུབ་པའི་ཞག་གྲངས་ཟླ་བ་དྲུག་བཅུ་གཉིས་བཅུ་བཞི་བཅུ་དྲུག་གང་དང་གང་ཡིན་པར། བཟླས་གྲངས་ཚད་ནས་གྲུབ་པའི་རྟགས་འོད་ལ་སོགས་པ་རྣམས་བྱུང་ན ། ནུབ་ཐ་མ་ལ་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བཟླས་པའི་འོད་ཟེར་ཁ་དོག་མཐིང་ག་ཚུར་བདག་ལ་འདུས་ནས་བླང་བ་ནི་སྒྲུབ་པ་ཆེན་པོའོ། །དངོས་གྲུབ་ཡུམ་གྱི་མཁའ་ལས་བླང་པ་ནི་སྒྲུབ་པ་ཆེན་པོ་ཨཱ་ལི་ཉམས་སུ་ལེན་པའོ། །གོང་གི་དུས་ཟླ་ཕྱེད་ལ་སོགས་པ་དེ་བཞིན་དུ་བརྩིས་པས་ཆོག་གམ་ཞེ་ན་མི་ཆོག་སྟེ། བསྙེན་སྒྲུབ་ཀྱི་ཡུན་ལེའུ་དགུ་པ། མཆན། རྒྱུད་ཀྱི་ནང་ནས་གསུངས་པའི་ཞག་གྲངས་སུམ་ཅུ་ཕྲག་དྲུག་ལ་སོགས་པ་བཤད་པ་བཞིན་དུ་ཆ་བགོ་ལ་བསྒོམ་བཟླས་ལ་བར་ཆད་མེད་པར་ཚོམ་བུ་ཚོགས་བསྒྲུབ་པར་བྱའོ། །གཉིས་པ་སྒྲུབ་པའི་གྲོགས་ཡོ་བྱད་ལ་སྤྱོད་ཐབས་ལ་གསུམ་སྟེ། དང་པོ་ཡོ་བྱད་ལྔ་སྤྱད་ཐབས་མདོར་བསྟན། ཚོགས་སྒྲུབ་པའི་དུས་སུ་སྤྱིར་སྤྱོད་ལམ་དུ་ཡོ་བྱད་ལྔ་ལ་ལོངས་སྤྱོད་ཅིང་རོལ་ལ། གཉིས་པ་སྦྱོར་སྒྲོལ་གྱི་མཆོད་པ། དངོས་སུ་སྤྱོད་ལུགས་ཁྲོ་བོའི་སྐབས་སུ་བསྟན་པའོ། །བྱེ་བྲག་སྦྱོར་སྒྲོལ་གྱི་མཆོད་པ་རྣམ་པ་གཉིས་པོ་ཚོགས་སྒྲུབ་ཀྱི་སྐབས་སུ་གལ་ཆེ་བས་གཙོ་རུ་དགོས་པ་གང་ལྟར་ཡིན་པ་ཡི་ཚུལ་རྒྱས་བཤད་ནི། དཀྱུས་ཀྱི་ཕྱི་མ་གདུག་པ་འདུལ་བར་བྱེད་པ་ཁྲོ་བོའི་སྐབས་སུ་ཤེས་པར་བྱའོ། །གསུམ་པ་ཡོ་བྱད་ལྔ་ལ་སྦྱང་ཐབས་ཡོན་ཏན་དང་བཅས་པ་རྒྱས་པར་བཤད་པ་ལ་གཉིས། དང་པོ་མཚན་མེད་ཀྱི་ཏིང་ངེ་འཛིན་གྱི་རང་ནས་ཆོས་ཉིད་ལ་ཆོས་ཉིད་ཡེ་ཤེས་ལ་ཡེ་ཤེས་རོལ་པའི་ཚུལ་གྱིས་སྤྱད་ཐབས་ཞི་ཁྲོ་གཉིས་ཐུན་མོང་ནི། གོང་དུ་བསྟན་པའི་སྔ་མ་ཡོ་བྱད་ལྔ་ལ་སྤྱད་ཐབས་རྒྱས་པར་བཤད་ཅིང་གསལ་བར་བསྟན་པར་བྱ་བ་ནི་འདི་ལྟ་སྟེ། གོས་དང་རྒྱན་གྱི་ཡོ་བྱད་བཟའ་བ་དང་བཏུང་བ་དང་། གླུ་ཚིག་སྒྲ། བྲོ་གར་འདུ་འཕྲོའི་ཡོ་བྱད་རྣམས། རང་རིག་ཡེ་ཤེས་ཡི་གེ་ཧཱུྃ་གིས་མཚོན་ནས་ཡེ་ཤེས་ལྔའི་རང་བཞིན་དུ་ཤེས་པས་ཡོ་བྱད་རྣམས་ལ་མ་ཆགས་པའི་ཚུལ་གྱིས་རབ་ཏུ་སྤྱད་ན ། ངོ་མཚར་བ་འབྲས་བུའི་ཚོགས་ཆེན་གཉིས་འབྱུང་བའི་དཀྱིལ་འཁོར་ཐམས་ཅད་བདག་ཉིད་ཆེན་པོའི་མཆོད་པས་མཉེས་པའི་ཕྱིར་རོ། །གསང་བ་ཨཱ་ལི་ཀཱ་ལི་སོགས་པའི་ཡོ་བྱད་བཟའ་བཏུང་གོས་རྒྱན་བྲོ་གར་གླུ་ཚིག་སྟེ་ལྔ་པོ་རྣམས། རང་རིག་པའི་ཡེ་ཤེས་ཉིད་ཡིན་པའི་ཕྱིར་དོན་དམ་མ་སྐྱེས་པའི་ཆོས་ཉིད་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོར་གསལ་བས་མི་རྟོག་པ་ཆོས་ཉིད་ལ་ཆོས་ཉིད་ཐིམ་པས་ཀུན་རྫོབ་ཏུ་མ་འགགས་པའི་ཡེ་ཤེས་གཉིས་མེད་ཀྱི་རོལ་པར་བསྒོམ་ཞིང་སྤྱོད། ཞི་བ་ལས་གཅིག་ཤོས་ཁྲོ་བོའི་ཚོགས་བསྒྲུབ་པའི་ཡོ་བྱད་ལ་སྤྱོད་པའི་ཚེ་ནའང་མཚན་མ་མེད་པའི་སྤྱོད་ཐབས་ཏིང་ངེ་འཛིན་དེ་བཞིན་ནོ། །གཉིས་པ་མཚན་བཅས་ཀྱི་ཏིང་ངེ་འཛིན་གྱི་ངང་ནས་སྤྱད་ཐབས་དེ་ལ་གཉིས་ཏེ། ལྷ་བྱེ་བྲག་ཏུ་གསལ་བའི་ངང་ནས་ཡོ་བྱད་ལྔ་ལ་སྤྱད་ཐབས་བྱེ་བྲག་ཏུ་བཤད་པ་དང་། སྤྱིར་སྒྱུ་འཕྲུལ་དྲ་བའི་ཏིང་འཛིན་གསལ་བའི་ངང་ནས་ཡོ་བྱད་ལ་ལོངས་སྤྱོད་པའི་ཡོན་ཏན་བསྟན་པའོ། །དང་པོ་ལ་གཉིས། ཡོ་བྱད་བཞི་ལ་སྤྱད་ཐབས་དང་། དེའི་རྗེས་སུ་གསང་བའི་ཡོ་བྱད་ལ་སྤྱད་ཐབས་སོ། །དང་པོ་ལ་གསུམ། བསམ་ཡས་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་གསལ་བའི་ངང་ནས་ལུས་བསྒུལ་ཡན་ལག་བསིགས་པའི་ཡོན་ཏན་དང་། གཙོ་བོ་ལྷ་རང་རང་གི་ལུས་ལ་ལུས་ཀྱི་ཡན་ལག་དང་རྟོག་པའི་ཡན་ལག་གིས་ལྷ་གསལ་བའི་ངང་ནས་བྲོ་གླུ་གོས་རྒྱན་ལ་སྤྱད་པའི་ཡོན་ཏན་དང་། ཚོམ་བུ་རང་རང་གི་ལྷ་གསལ་བའི་ངང་ནས་བྲོ་གླུ་དང་བཟའ་བཏུང་ལ་སྤྱོད་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས། དང་པོ་ཏིང་ངེ་འཛིན་ནི། ཕྱོགས་བཅུ་མཐའ་ཡས་དུས་བཞིས་བསྡུས་པ་ཡི་སྣོད་བཅུད་འཇིག་རྟེན་གྱི་ཁམས་ཐམས་ཅད་རང་རིག་པའི་ངང་དུ་དབྱེར་མེད་པའི་མཎྜ་ལ་སྟེ་དཀྱིལ་འཁོར་གསལ། ཐབས་ཤེས་གཉིས་སུ་མེད་པའི་ཕྱིར་ཉི་ཟླ་ཤར་བའི་གདན་དང་བཅས་པའི་གཞལ་ཡས་ཁང་དེ་ལ་པདྨ་ལྟར་ཆགས་པ་མེད་པའི་གདན་བཏིང་ནས། རྒྱུ་ཡེ་ཤེས་རིན་ཆེན་ཡོན་ཏན་ཟད་པ་མེད་པར་འབྱུང་བའི་ཕོ་བྲང་གི་ལྷའི་གཞལ་ཡས་ཁང་དབུས་ཀྱི་ལྟེ་བ་སོགས་ས། དེ་ཡང་རྒྱ་ཆེ་ཆུང་གི་ཚད་བློས་དཔག་ཏུ་མེད་པ་ཡི་ཕྱིར་རོ། །ལྷའི་ངོ་བོར་རང་རིག་བྱང་ཆུབ་བདེ་བ་ཆེན་པོ་དང་ལྡན་པ་བཞུགས་པའི་གཞལ་ཡས་ཁང་གི་དཀྱིལ་འཁོར་ལ་ཡང་། ཐབས་ཤེས་གཉིས་མེད་བདེ་བ་ཆེན་པོ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ལྷ་དང་ལྷ་མོའི་དཀྱིལ་འཁོར་ཏེ། ཚོམ་བུ་གང་ཡིན་གྱི་ལྷ་ཏིང་འཛིན་གྱིས་རབ་ཏུ་བཀོད་ནས་འདོད་པ་ཅི་བྱེད་ན་ཡོ་བྱད་ལ་ལོངས་སྤྱོད་པའོ། །སྣོད་བཅུད་ཀྱི་རྟོག་པ་མ་ལུས་པ་ཐམས་ཅད་ལྷའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་དབྱིངས་སུ་བསྡུས་པར་བསྒོམས་ནས། གཉིས་པ་སྤྱོད་ལུགས་ཀྱི་ཡོན་ཏན། ལུས་བསྐྱོད་པ་དང་ཡན་ལག་བསྒུལ་ཅིང་བསིགས་ན། མིག་སོགས་དབང་པོ་ལྔ་ཡི་སྤྱོད་ཡུལ་ལྷ་རིགས་ལྔའི་དཀྱིལ་འཁོར་དུ་གསལ་བ་ཀུན་ཀྱང་། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ཉིད་དུ་ཡེ་ནས་ཡིན་པར་བཤད་དོ། །གཉིས་པ་ལུས་དང་ཡན་ལག་གི་ལྷ་གསལ་བའི་ངང་ནས་སྤྱོད་པ་ལ་གཉིས། ཏིང་ངེ་འཛིན་དང་། སྤྱོད་ཐབས་སོ། །དང་པོ་ལ་གཉིས། དང་པོ་གཞལ་ཡས་ཁང་དང་ལྷ་བསྒོམ་པ། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་པ་བསྒོམ་པའི་སྐབས་ན་མི་རེས་ལྷ་རེ་བསྒོམ་པའི་ལུས་ལ་ལུས་ཀྱི་ཡན་ལག་གི་ལྷ་བཀོད་ནས་བསྒོམ་པ་འབའ་ཞིག་གམ། གཅིག་གིས་ཀུན་བསྒོམ་ན་བྲོ་སོགས་བྱེད་པའི་ཚེ་ན་རང་ལྷར་གསལ་ལུས་ལ་ཡན་ལག་ལྷ་བསྒོམ་པ་ཡང་། བྷཱུྃ་ལས་གཞལ་ཡས་ཁང་དང་འོག་གཞི་ཙཀྲའི་དཀྱིལ་འཁོར་རྩིབས་བཞི་བའི་སྟེང་དུ། གདན་ཉི་ཟླ་གཉིས་ཟུང་དུ་འཕྲུགས་པའི་ཞེས་བརྩེགས་པའི་ས་གཞི་ལ། པདྨ་ཆགས་མེད་ཀྱི་གདན་བཏིང་ནས། གོང་གི་གདན་དེའི་སྟེང་དུ་རྣལ་འབྱོར་བ་ཐམས་ལྷ་ཡབ་དང་ཤེས་རབ་ལྷ་ཡུམ་གཉིས་གཅིག་ལ་གཅིག་ཆགས་པ་མེད་པའི་ཚུལ་དུ་བསྒོམ། གཉིས་པ་ཡན་ལག་གི་ལྷ་བསྒོམ་པ་དེ་ལ་གཉིས། དང་པོ་མདོར་བསྟན། ལུས་ཀྱི་ཡན་ལག་བཞི་མགོ་དང་དབང་པོ་ལྔ་བོ་ཐམས་ཅད་ཀུན། རང་རྒྱུད་པའི་རྣམ་པ་མིན་པའི་རང་བཞིན་ངང་འམ་ཡོངས་ཀྱི་ལྷ་རིགས་ལྔ་རྣམ་པར་དག་པ་ཡིན་པ་དང་། ཏིང་འཛིན་ཀྱང་དེ་བཞིན་གཤེགས་པ་རིགས་ལྔ་ཡི་དཀྱིལ་འཁོར་བསྒོམ་པའོ། །གཉིས་པ་རྒྱས་པ་ལ་གཉིས། དང་པོ་སྒོམ་ཐབས། ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པ་ལ་སུས་ཀྱང་མ་བཅོས་པར་ཡོངས་ཀྱིས་གྲུབ་པ་ལ་དེ་རང་རྒྱུང་དུ་གྲུབ་པ་མེད་དེ། དེ་ལྟར་གཞི་ཡིན་པ་བསྒོམ་པ་ལྷག་པའི་ཏིང་འཛིན་གྱི་རིགས་ལྔའི་དཀྱིལ་འཁོར་གྱིས་ལྷ་ཇི་ལྟར་བསྒོམ་ན། ཚོམ་བུའི་ལྷ་གསལ་བའི་དབུ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ལ་འཁོར་ལྷ་བཅུ་བསྒོམ། ཡན་ལག་བཞི་ལ་རིགས་བཞིའི་གཙོ་འཁོར་ལྷ་བཅུ་བཅུ་སྟེ་བཞི་བཅུ་བསྒོམ་པའོ། །དེ་ཡང་ལག་གཡས་རྡོ་རྗེ་རིགས་ཀྱི་ལྷ་བཅུ། གཡོན་རིན་ཆེན་རིགས། རྐང་གཡོན་པདྨ། གཡས་ལས་ཀྱི་རིགས། ལྷ་དེ་དག་ཁ་དོག་དང་དབྱིབས་དང་ཕྱག་རྒྱ་ཕྱག་མཚན་རྣམས་དང་། ཐབས་ཡབ་དང་ཤེས་རབ་ཡུམ་སྟེ་ཚོམ་བུ་ལྔ་བཅུ་གསལ་བར་བསྒོམས་ཏེ། གཉིས་པ་འཕྲོ་འདུ་བྱས་པའི་ཡོན་ཏན། ལྷ་དེ་དག་ལས་འོད་ཟེར་ཕྱོགས་བཅུར་སྤྲོ་ཞིང་དོན་གཉིས་བྱས་ཁྱད་པར་ངན་སོང་གསུམ་གྱི་སྒྲིབ་པ་སྦྱངས་ལ། སླར་རང་ལྷར་གསལ་བའི་ཡན་ལག་གི་གནས་སུ་བསྡུ་ཞིང་དཀྱིལ་འཁོར་རང་ལ་བསྟིམ་མོ། །འདས་པ་ཐེག་འོག་དང་མ་འདས་པ་འཁོར་བའི་སེམས་ཅན་ཐམས་ཅད་ཀུན། བདེ་བར་གཤེགས་པའི་ཞིང་ཁམས་ཁྱད་པར་ཅན་དུ་གསལ་བར་རྣམ་པར་སྦྱངས་དེ་སྦྱོར་བའོ། །གཉིས་པ་སྤྱོད་ཐབས་ཀྱི་ཡན་ལག་ལ་ལྔ་སྟེ། བསྐྱོད་པའི་ཡོན་ཏན་དང་བཅས་པ། བགོ་བ་དང་། རྒྱན་དང་། བྲོ་གར་གླུ་ཚིག་ཐུན་མོང་སྤྱད་ཐབས་དང་། མངོན་ཤེས་ཀྱི་སྤྱད་ཐབས་སོ། །དང་པོ་ལ་གཉིས། དང་པོ་སྤྱོད་པ། དེ་ལྟར་དུ་རྣལ་འབྱོར་པས་ལྷའི་དཀྱིལ་འཁོར་དུ་གསལ་བའི་ཡན་ལག་ཆེན་པོ་མགོ་བོ་ལ་སོགས་ལྔ་བསྐྱོད་ན། གཉིས་པ་ཡོན་ཏན། རིགས་ལྔའི་དཀྱིལ་འཁོར་མ་ལུས་པ་ཐུགས་རྗེས་གཞན་དོན་ལ་གཡོ་ནས་དོན་ཅི་མཛད་ན་འགྲོ་བ་ལྔ་ཡི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དུ་འཛུད་པར་མཛད་ཅིང་། དུས། སེམས་ཅན། ཚེ། ལས། ཉོན་མོངས་པའི་སྙིགས་མ་ལྔ་ཡང་སེམས་བདེ་བའི་ངང་དུ་རྣམ་པར་དག་གོ། །གཉིས་པ་བགོ་བ་གོས་ལ་གཉིས། དང་པོ་སྤྱོད་པ། རྒྱུ་བཟང་ལ་ཁ་དོག་མཛེས་ཤིང་བཟོ་ལེགས་པའི་དར་གྱི་ཆས་གོས་ལྔ་བགོས་ན་ཏིང་འཛིན་ཡེ་ཤེས་ལྔའི་འོད་ཟེར་སྣ་ཚོགས་འཕྲོ་བར་བསྒོམ་ན་ཡོན་ཏན་ནི་འོད་ཟེར་སྣ་ཚོགས་འཕྲོ་བར་འགྱུར་ཏེ། གཉིས་པ་ཡོན་ཏན། དེ་ནས་དུས་མཐར་ཐུག་པ་མེད་པའི་བར་དུ། སེམས་ཡེེ་ཤེས་ལྔ་རྟོགས་པ་ཡིས་རང་ལ་བརྒྱན་པར་འགྱུར་རོ། །གསུམ་པ་རྒྱན་ལ་གཉིས། དང་པོ་སྤྱོད་པ། རིན་པོ་ཆེའི་རྒྱན་བརྒྱད་ལ་སོགས་པའི་རྒྱན་མཆོག་མཛེས་པས་རྣལ་འབྱོར་པའི་ལུས་བརྒྱན་ནས་ལྷའི་ཏིང་འཛིན་གྱི་ཚོམ་བུའི་ལྷ་ཚོགས་འོད་འབར་ཞིང་གསལ་བར་བསྒོམ་སྟེ། དེ་ལ་ཕྱོགས་བཅུ་གང་བར་ལྷའི་དཀྱིལ་འཁོར་སྤྲོ་ཞིང་། སྤྲོས་དུས་རིག་པ་བདག་ཉིད་ཆེན་པོའི་ལྷ་ཡི་དཀྱིལ་འཁོར་དུ་གསལ་ལ། གཉིས་པ་ཡོན་ཏན། གསལ་དུས་སེམས་ཉིད་མི་དམིགས་པ་སྐྱེ་བ་མེད་པའི་དབྱིངས་ཀྱི་ངང་ནས་དཀྱིལ་འཁོར་མཆོད་ན། འདོད་ཡོན་ལྔ་རུ་གསལ་བ་མ་འགགས་པ་ཐབས་དང་རང་བཞིན་མེད་པའི་ཤེས་རབ་ཀྱི་ཚུལ་དུ་གནས་པ་སྤྱད་པས། བདེ་བ་མཆོག་གི་རོ་ཡང་མྱོང་ཞིང་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་དོ། །བདེ་བ་དེ་ལ་མ་ཆགས་ཤིང་འཛིན་པ་མེད་པའི་ཡེ་ཤེས་ཀྱི་ཚོགས་དང་ཚོགས་ཆེན་པོ་གཉིས་དང་ལྡན་པར་འགྱུར་རོ། །བཞི་པ་བྲོ་གར་གླུ་ཚིགས་ལ་གཉིས། ཐུན་མོང་དུ་སྤྱོད་པ་དང་། གར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། དང་པོ་སྤྱོད་པ། རྐང་པའི་བྲོ་སྟབས་ལག་པའི་གར་ཐབས་ཀྱི་ཕྱག་རྒྱ་དང་། ངག་གིས་སྙན་པའི་གླུ་དབྱངས་ལེན་པའི་ཚིག་དང་ཏིང་འཛིན་དང་ལྡན་པ་དག་གིས་སྒྲ་བསྒྲགས་ན། གཉིས་པ་ཡོན་ཏན་ནི། ཕྱོགས་བཅུའི་འགྲོ་དྲུག་གི་སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་མ་ལུས་པ་ཀུན ། སྐུ་ལྔ་ལྷུན་གྲུབ་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་སྐུ་རུ་མཐོང་པར་འགྱུར་ཞིང་། གསུང་ལྔ་ལྷུན་གྲུབ་དམ་པ་ཆོས་ཀྱི་དུང་ཆེན་པོའི་སྒྲ་ཡང་ཐོས་པར་འགྱུར་རོ། །ཉོན་ཤེས་ཀྱི་སྒྲིབ་པ་གཉིས་བྱང་ནས་བླ་མེད་བྱང་ཆུབ་འགྲུབ་པར་འགྱུར་རོ། །བྲོའི་སྒོ་ནས་བདེན་པ་མཐོང་བ་དང་གླུའི་སྒོ་ནས་སྙན་པ་དང་གྲགས་པ་ཐོབ་ཅིང་བསོད་ནམས་ཀྱི་ཚོགས་ཆེན་པོ་འགྲུབ་ལ་དེ་ལ་ཡང་མ་ཆགས་པར་མི་འཛིན་པས་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གཉིས་དང་ལྡན་པར་འགྱུར་རོ། །གཉིས་པ་གར་བྱེ་བྲག་བཤད་པ། རྣལ་འབྱོར་ཕོ་མོ་ལྷར་གསལ་བའི་ཐབས་ཡབ་དང་ཤེས་རབ་ཡུམ་ཐམས་ཅད་ཀུན་ལངས་ལ་གར་བྱ་བ་ནི། མི་གཅིག་གིས་ཀུན་བསྒོམ་ན་གར་བྱེད་དུས་འཁོར་བསྡུས་ལ་རང་གཙོ་བོར་གསལ། དབུས་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ། རྟོག་པ་ཟིལ་གྱིས་གནོན་པ་སེང་གེའི་སྟབས་ཆེན་པོས་མཆོང་བར་བྱའོ། །ལྔ་པ་མངོན་ཤེས་ལ་གཉིས། དང་པོ་སྤྱོད་པ་དངོས། མིག །རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་སྟེ་སྙིང་གའམ་ལྟེ་བ་ལྔ་ལ་རིགས་ལྔའི་ཡི་གེ་ལྔ་བསྒོམ་ཚུལ། མིག་ལ་ཨོཾ། རྣ་བ་ལ་ཧཱུྃ། སྣ་ལ་ཏྲཱྃ། ལྕེ་ལ་ཧྲཱིཿ ལུས་ལ་ཨཱཿསྟེ་དེ་རྣམས་གསལ་བའི་ཡི་གེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། ཚུར་འདུས་བདག་གི་ༀ་ལ་སོགས་པ་ལ་ཐིམ་པས་མིག་གིས་གཟུགས་ཉེ་རིང་མེད་པར་མཐོང་བ་ལ་སོགས་པའི་མངོན་ཤེས་ཉི་ཤུ་རྩ་ལྔ་རྫོགས་སོ། །གཉིས་པ་སྤྱོད་པའི་ཡོན་ཏན། དེས་འདོད་པའི་ཡོན་ཏན་གཟུགས་སོགས་ཡུལ་ལྔ་ལ་འཛིན་ཆགས་མེད་པར་རོལ་པས། ཡོན་ཏན་དེས་རྣལ་འབྱོར་བ་བདག་གི་དོན་དང་སེམས་ཅན་གཞན་གྱི་དོན་རྣམས་ཡོངས་སུ་རྫོགས་པར་བྱེད་པའོ། །གསུམ་པ་ཚོམ་བུ་རང་རང་གི་ལྷར་གསལ་བའི་ངང་ནས་སྤྱོད་ཐབས་ལ་གཉིས། དང་པོ་སྤྱོད་པའི་ཏིང་འཛིན། ཚོམ་བུ་གཅིག་གསུམ་ལྔ་གང་རུང་གི་ལྷར་གསལ་བའི་རྣལ་འབྱོར་པ་ཡབ་ཡུམ་རྣམས་ཀྱིས་ཕྱོགས་བཅུའི་རྒྱལ་བའི་ཡོན་ཏན་རྣམས་དང་། ཕན་ཚུན་གཅིག་ལ་གཅིག་འོད་ཟེར་ཕར་འཕྲོ་ཞིང་ཚུར་བདག་ལ་བསྟིམ་པར་བྱས་ཏེ། དེ་ལྟར་ཏིང་འཛིན་གྱི་དཀྱིལ་འཁོར་ཚོམ་བུ་གང་རུང་གི་ལྷ་འོད་འབར་བར་ཏིང་འཛིན་གསལ་བར་གྱུར་ནས་རྣལ་འབྱོར་པས་བདག་ཅག་ལྷར་གསལ་བ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་གཉིས་སུ་མེད་པར་བསྒོམ་མོ། །གཉིས་པ་སྤྱད་ཐབས་ལ་གཉིས། དང་པོ་བྲོ་གར་གླུ་ལ་སྤྱོད་པའི་ཐབས་ཡོན་ཏན་དང་བཅས་པ། ཤར་ལྷོ་ནུབ་བྱང་ཕྱོགས་ཏེ་རང་རང་གི་ཕྱོགས་སུ་རིམ་པ་བཞིན་དུ་ཁ་བལྟས་ཏེ། ཐུགས་རྡོ་རྗེའི་རིགས་དང་། སྐུ་དེ་བཞིན་གཤེགས་པ་གསུང་པདྨ་ཡོན་ཏན་རཏྣ་ལས་ཀྱི་དོན་གྲུབ་ཀྱི་གླུ་དང་། བྲོ་ཡི་ཚིག་རྒྱས་བ་རྒྱུད་ནས་འབྱུང་བ་ལྟར་བརྗོད་པ་དང་། དེའང་ཡེ་ཤེས་ལྔའི་རྒྱན་དུ་བྲོ་གླུ་བྱ་སྟེ། རིགས་ལྔའི་སྤྱི་ཡི་གླུ་ཚིག་བརྗོད་པ་དད་བྲོ་བྱ་བ་ནི། སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་དང་རྣམ་པ་ལྔ་སྟོབས་ལྔ་དང་གླུ་ལྔ་དང་ལྡན་པར་བྱ་བ་ལ། རང་རང་གི་ཏིང་འཛིན་གྱི་སྲོག་དང་ལྡན་པའི་རིགས་ལྔའི་བྲོ་གླུས་བདག་གཞན་གྱི་དོན་གཉིས་ཡོངས་སུ་རྫོགས་པར་འགྱུར་རོ། །གཉིས་པ་བཟའ་བཏུང་ལ་སྤྱད་ཐབས་དེ་ལ་གཉིས། དང་བོ་སྤྱོད་པ། བཟའ་བ་དང་བཅའ་བ་དང་མུར་བ་བཏུང་བའི་བྱེ་བྲག་རྣམས། སྣང་བ་མ་འགགས་ཐབས་དང་རང་བཞིན་མེད་པ་ཤེས་རབ་དེ་ཉིད་གཉིས་སུ་མེད་པའི་ངང་ལ་གནས་ཤིང་མཆོད་བྱ་མཆོད་བྱེད་ཐ་དད་མེད་པའི་བདག་ཉིད་ཆེན་པོའི་གནས་སུ་སྟོབ་པ་མཆོད་པ་ཕུལ་བ་ཡིས། གཉིས་པ་སྤྱོད་པའི་ཡོན་ཏན་ལ་གཉིས། དང་པོ་མཆོག་གི་དངོས་གྲུབ་དུ་གྱུར་པ། བདག་དང་སངས་རྒྱས་གཉིས་མེད་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ལ་མཉེས་པས་ཁྱབ་ཅིང་། བདག་དང་སྲིད་གསུམ་གྱི་སེམས་ཅན་མ་ལུས་པ་ཐམས་ཅད་ལ་དགའ་བ་དང་བདེ་བ་ཆེན་པོས་ཁྱབ་པར་འགྱུར་རོ། །གཉིས་པ་ཟས་བདུད་རྩི་མཆོག་ཏུ་བསྒྱུར་ཞིང་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་ཡོན་ཏན། ཟས་དུག་ཅན་ལ་ཡི་གེ་ཨཱཿབཀོད་དེ་འཇུ་འདུལ་བྱེད་པ་ཙམ་གྱིས་བདུད་རྩིར་འགྱུར་ཞིང་དེའི་ཡོན་ཏན་འབྱུང་བ་དང་། ཡོན་ཏན་ཟས་དེ་ཟོས་པས་རླུང་མཁྲིས་བད་ཀན་འདུ་བ་བཞི་པོ་རེ་རེ་ཡང་བརྒྱ་རྩ་གཅིག་སྟེ་བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་བདུད་རྩིའི་འོད་ཟེར་ལས་ལོངས་སྤྱོད་ཕུན་ཚོགས་འབྱུང་ཞིང་ངན་སོང་གི་ས་བོན་ཏྲི་བྲེ་དུཿརྣམས་སྦྱོང་བ་དང་། དེ་ལས་ཅི་ཡང་གཞན་བྱེ་མ་ལས་གསེར་དུ་འགྱུར་བ་ལ་སོགས་དངོས་པོ་ཕན་ཚུན་མི་མཐུན་པར་འགྱུར་བར་འགྲུབ་བོ། །གཉིས་པ་གསང་བ་ཨཱ་ལི་སྦྱོར་བའི་ཡོ་བྱད་ལ་སྤྱོད་པ་ལ་གཉིས། དང་པོ་ཡབ་ཡུམ་གྱི་མཁའ་གསང་བརླབས་ནས་བསྙེན་སྒྲུབ་བཞིའི་སྤྱད་ཐབས། དེ་ལྟར་ཡོ་བྱད་བཞི་དང་ལྡན་པའི་རྣལ་འབྱོར་པ་ཡིས་ཐབས་ཡབ་དང་ཤེས་རབ་ཡུམ་དུ་ལྡན་པར་གྱུར་ནས། ཕུང་ཁམས་སྐྱེ་མཆེད་ལྷ་དང་མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབ་ཅིང་འདོད་པའི་སྒྱུ་རྩལ་གྱིས་བདེ་བ་རྒྱས་པའི་ཆ་རྣམས་ཀྱང་རྫོགས་པར་བྱ་བ་སྟེ། བསྙེན་པ་དང་། ཉེ་བའི་བསྙེན་པ། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་གསང་བ་བཞི་ཡི་རིམ་པས། རྟོགས་པ་ཐམས་ཅད་བདེ་སྟོང་གཉིས་སུ་མེད་པའི་ཡུམ་གྱི་མཁའ་དབྱིངས་སུ་སྦྱོར་བའོ། །གཉིས་པ་ཡོན་ཏན་དེ་ལ་བཞི། དང་པོ་ཟབ་མོའི་དབང་གཉིས་རྫོགས་པའི་ཡོན་ཏན། ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པའི་གསང་བའི་མཁའ་དབྱིངས་ནས་ཉི་ཟླ་བྱང་ཆུབ་ཀྱི་སེམས་བདེ་བའི་ཡེ་ཤེས་སུ་འབར་བས། འོད་ཟེར་ལུས་ལ་འཕྲོ་ཞིང་བདེ་བ་འབར་བས་ལུས་ཀྱི་ཕྱོགས་བཅུར་རྩ་ཁམས་ཀྱི་རང་བཞིན་བདེ་བའི་ཡེ་ཤེས་སུ་གསལ་ཞིང་། ཟག་མེད་ཀྱི་བདེ་བས་ལུས་ལ་ཁྱབ་པས་ན་ཐབས་ཆེན་པོ་སྙིང་རྗེ་བས་ལྷག་པས་ན་ཐབས་ཀྱི་མཆོག་ཤེས་རབ་ཡེ་ཤེས་ཀྱི་དབང་དང་བདེ་བའི་མཆོག་ཤིན་ཏུ་བརྟན་པ་དང་ལྡན་པས་དབང་ཡང་རྫོགས་པའོ། །གཉིས་པ་གསང་བའི་ལྷ་མོ་བཅུ་གཉིས་རྫོགས་པར་རོལ་བའི་དུས་སུ་ལྷའི་དཀྱིལ་འཁོར་འཆར་བའི་ཡོན་ཏན་ཡབ་ཀྱི་གསང་བའི་རྡོ་རྗེ་དང་ཡུམ་གྱི་མཁའ་དྲིལ་བུ་གཉིས་སྦྱོར་བ་ལས་བྱུང་བའི་ཡང་དག་པའི་བདེ་བ་དང་ལྡན་པ་ལ། ཕྱག་རྒྱ་བཞི་ནི་གཡས་ཀྱིས་བཟུང་བ་ལྕགས་ཀྱུ་མ། གཡོན་གྱི་འཁྱུད་པ་ཞགས་པ་མ། སྟོད་སྨད་བསྡོམ་པ་ལྕགས་སྒྲོག་མ། བདེ་བ་བསྐྱོད་པ་དྲིལ་བུ་མ་དང་། ལྷ་མོ་བརྒྱད་ཡབ་ཡུམ་ཆས་ཀྱིས་སྒེག་པའམ་ཉི་ཟླ་དཀར་དམར་གྱིས་མཛེས་པ་ལཱ་སྱེ་མ། བདེ་བ་རྒྱུན་མི་འཆད་པ་མཱ་ལེ་མ། རྩ་ནས་ཧ་སིའི་སྒྲ་སྒྲོགས་པ་གིརྟི་མ། རྩ་མདུད་གྲོལ་བའམ་བསྐྱོད་པ་ནིརྟི་མ། བདེ་བའི་ངོས་ཚིམ་པ་དྷུཔྤེ་མ། བྱང་སེམས་འཕྲོ་བ་པུཥྤེ་མ། བདེ་སྟོང་གི་དོན་གསལ་བ་ཨཱ་ལོ་ཀེ། བདེ་བས་བསིལ་ཞིང་རོས་གང་བ་གནྡྷེ་མའོ། །དེ་ལྟར་གསང་བའི་ལྷ་མོ་བཅུ་གཉིས་རྫོགས་པར་ཡབ་ཡུམ་རོལ་བས་ཉི་ཟླ་བྱང་ཆུབ་སེམས་གཉིས་དུས་གཅིག་ཏུ་མཁའ་ལ་ལྡན་ནས། ཡབ་ཡུམ་ཐབས་ཤེས་གཉིས་མེད་དུ་ཉི་ཟླ་ཟུང་དུ་འབྲེལ་བར་གྱུར་ནས། རྟོག་ཚོགས་ཐམས་ཅད་བདེ་བར་གཤེགས་པའི་དཀྱིལ་འཁོར་དུ་གསལ་བས་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་འབྱུང་ཞེས་བྱའོ། །གསུམ་པ་ཐུན་མོང་གི་དངོས་གྲུབ་གྲུབ་པའི་ཡོན་ཏན། དེའི་དུས་སུ་ཡབ་ཡུམ་གྱི་ཐིག་ལེ་ཉི་ཟླ་སླར་བཟློག་ནས་རླུང་དང་འདྲེས་པས་སྐྱེ་འཇིག་མེད་པ་རྡོ་རྗེའི་གཟུགས་སུ་ཆགས་པས་ཐབས་ལས་གྱུར་པའི་ཚེ་དབང་ཐོབ་པའོ། །དེ་ལྟར་སྦྱོར་བའི་མཆོད་པ་ཆེན་པོ་དེས་ཐུན་མོང་གི་དངོས་གྲུབ་ཚེ་རིང་དང་མཁའ་ལ་བྱ་བཞིན་འགྲོ་བ་དང་ཁ་དོག་གསལ་ཞིང་འོད་ཟེར་འབར་བར་འགྱུར་རོ། །བཞི་པ་མཆོག་གི་དངོས་གྲུབ་འབྲས་བུ་འགྲུབ་པའི་ཡོན་ཏན་དེ་ལ་གཉིས། དང་པོ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་མཐོང་བ། སྒྱུ་མ་མཚོན་པ་ལྷ་ཡུམ་འཕྲུལ་པ་མཚོན་པ་ལྷ་ཡབ་སྟེ་ཕུང་ལྔ་སོགས་རྟོག་པ་ཐམས་ཅད་ལྷའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་སུ་སྣང་སྟེ། ཡབ་ཡུམ་འབྲེལ་བས་དྲྭ་བའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་ཤིང་གྲུབ་པས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་མངོན་སུམ་དུ་རྫོགས་པའི་འབྲས་བུ་ནི། གཅིག་དང་དུ་མ་དང་བྲལ་བའི་རྒྱལ་བའི་དཀྱིལ་འཁོར་ལྷག་མ་མ་ལུས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གཉིས་པ་ཡེ་ཤེས་བླ་མའི་ས་མཐོང་བ། སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ལ་བརྟན་པ་ཐོབ་པའི་ཚད་གསལ་བ་ཡུལ་རྐྱེན་གྱིས་མི་འཕྲོག་པའི་རྣལ་འབྱོར་བ་ཡིས་འབྲས་བུ་ཅི་ལྟར་ཐོབ་ན་ཕྱོགས་བཅུ་དང་དུས་བཞིར་ཡང་དག་པའི་སའམ་འགྲོ་བའི་དོན་ལ་གཤེགས་པ་ཡི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་དང་། ཁམས་གསུམ་འགྲོ་བ་སེམས་ཅན་རྣམས་ཀྱི་ཁམས་དང་བསམ་པ་ཐམས་ཅད་རང་རིག་པའི་མངོན་སུམ་དུ་གཉིས་མེད་གསལ་བར་འགྱུར་བ་ནི་ཡེ་ཤེས་བླ་མའི་ས་ཐོབ་པ་ཡིན་ནོ། །གཉིས་པ་སྤྱིར་སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་གསལ་བའི་ངང་ནས་ཡོ་བྱད་ལ་སྤྱོད་པའི་ཡོན་ཏན་བསྟན་པ། ཚོམ་བུའི་ལྷ་ཟུང་འབྲེལ་སྒྱུ་འཕྱུལ་དྲྭ་བས་ཞེས་རང་རིག་པའི་མངོན་སུམ་དུ་རྫོགས་པའི་དཀྱིལ་འཁོར་དང་རྣམ་གྲངས་སྤྲོས་པ་ལ་བརྟན་པ་ཐོབ་པའི་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་དང་ལྡན་པས་དེས་ཡོ་བྱད་ལྔ་དེ་ཡང་རྐང་པའི་བྲོ་སྟབས་དང་ལག་པའི་གར་སྟབས་སྣ་ཚོགས་ཀྱི་གླུ་ཚིག་དང་བཅས་པ་བླང་བའི་དུས་ན། སྤྲུལ་པའི་འདུ་འཕྲོ་དང་བཅས་པའི་དུས་ལྷའི་སྐུ་གསུང་ཐུགས་ལས་མི་འདའ་བའི་ཕྱག་རྒྱ་ཡིས། ཡོན་ཏན་ས་ལ་ཐོགས་མེད་འཛུལ་ཞིང་ཀླུའི་བུ་མོ་དབང་དུ་འདུས་ནས་ལོངས་སྤྱོད་པ། ལམ་ནམ་མཁའ་ལ་བྱ་བཞིན་འགྲོ་ཞིང་ལྷ་དང་གནོད་སྦྱིན་བུ་མོ་རྣམས་ལ་ལོངས་སྤྱོད་ཅིང་དབང་དུ་འདུ་བར་འགྱུར་བར་བྱེད་དོ། །ངག་གི་སྒོ་ནས་གླུ་ཚིག་དང་སྒྲ་ཡི་སྤྱོད་པའི་དུས་ལྷའི་སྐུ་གསུང་ཐུགས་དབྱེར་མེད་ཕྱག་རྒྱ་ཡིས་དེའི་ངང་ནས་ལྕེ་སྟེང་ཡི་གེ་ཧྲཱིཿབཀོད་དེ་ཡར་རྒྱལ་བ་བསྟོད་པ། མར་གདུལ་བྱ་ལ་ཆོས་ཀྱི་འཁོར་ལོ་སྟོན་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞི་བ་རིན་པོ་ཆེའི་རྒྱན། ཁྲོ་བོ་ལ་རུས་རྒྱན་དང་། ཞི་དྲག་གི་དར་དང་གླང་ཀོ་སོགས་བགོ་བའི་ཡོ་བྱད་ལ་སྤྱོད་དུས་ལྷའི་ཕྱག་རྒྱ་ཡི་ངང་ནས་སྤྱོད་པས། འབྲས་བུ་ནི་ལུས་ལ་གཟི་བྱིན་འོད་འབར་བའི་རྒྱལ་པོ་གཞན་གྱིས་ཟིལ་གྱིས་གནོན་ཐུབ་པ་མེད་པ་སེང་གེ་ལྟ་བུར་འགྲུབ་པར་འགྱུར། དམ་རྫས་ལྔ་སོགས་བཟའ་བ་དང་བཏུང་བའི་ལོངས་སྤྱོད་རྣམས་ལྷའི་ཕྱག་རྒྱ་ཡིས་མཆོད་པའི་འབྲས་བུ། ཡིད་བཞིན་ནོར་བུའི་འོད་ལྟ་བུ་སྐུ་གཟི་མདངས་ལྡན་པ་དང་ཟས་ཐམས་ཅད་བདུད་རྩིའི་བཅུད་འགྲོ་རྣམས་ཚིམ་པ་འགྲུབ་པར་འགྱུར་རོ། །བརྡ་ཚིག་ཏུ་བསྟན་པའི་ཨཱ་ལི་སྦྱོར་བའི་ཡོ་བྱད་དང་། ཀཱ་ལི་སྒྲོལ་པའི་ཡོ་བྱད་དམ་ཡང་ན་ཀཱ་ལི་ཡབ། ཨཱ་ལི་ཡུམ་གཉིས་ཀྱི་ཕུང་ཁམས་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་གསལ་བའི་ངང་སྙོམས་པར་ཞུགས་པ་ཡིས་འབྲས་བུ་ནི། ཕྲིན་ལས་བཞི་པོ་ཐམས་ཅད་དང་། མཆོག་ཐུན་དངོས་གྲུབ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །སྤྱི་དོན་གཉིས་པ་ཁྲོ་བོའི་ཚོགས་སྒྲུབ་པ་ལ་གཉིས། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་གཟུང་བ། བསྙེན་སྒྲུབ་བཞིས་གཞུང་བསྲང་བའོ། །དང་པོ་ལ་གཉིས། དང་པོ་མདོར་བསྟན་པ། གདུལ་བྱ་གདུག་པའི་ཚོགས་རྣམས་འདུལ་བ་ཁྲོ་བོའི་དཀྱིལ་འཁོར་བསྒྲུབ་པར་བྱ་བ་ལ། གནས་ཕུན་ཚོགས་པ་དང་། སྒྲུབ་བའི་ཟླ་གྲོགས་དང་། རྫས་ཡོ་བྱད་དང་། དུས་དང་། སྒྲུབ་ཐབས་ཕུན་ཚོགས་རྣམས་ནི། ཁྲོ་བོ་ཚོགས་སྒྲུབ་ཀྱི་མཆོག་ཏུ་དམིགས་པས་བསྒྲུབ་གཞི་བཞག་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པ་ལ་ལྔ་སྟེ། དང་པོ་གནས། དུར་ཁྲོད་དམ་རྩི་ཤིང་ནགས་ཚལ་ཆེན་པོ་ཡོད་པ་དང་། གྲོང་ལས་དཔག་ཚད་རྒྱང་གྲགས་ལས་རིང་བ་དགྲ་བགེགས་ནད་གསུམ་གྱི་བར་ཆད་ཀྱིས་དབེན་པའི་ས། རྔམ་གློག་དང་། རྡོ་རྗེ་ལས་རིམ་ལ་སོགས་པའི་གཞུང་ནས་བཤད་པ་དང་མཐུན་པ་ཡི་གནས་རྙེད་ནས་ནི། ས་ཆོག་བྱ་བ་ས་ཕྱོགས་དེ་ཡི་གནོད་པ་སྦྱིན་པའམ་གདོན་བགེགས་ལ་གླུད་གཏོར་སྦྱིན། ཁྲོ་བོའི་ཕུར་བས་བསྐྲད་ཅིང་ས་ལ་གཏེར་མནན། ས་གཞི་ཡེ་ཤེས་ཀྱི་རང་མདངས་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ་པ་ལ་སོགས་ས་གཞི་མཉམ་པ་སྟེ་ཆོ་ག་རྡོ་རྗེ་ལས་རིམ་ལྟར་རྒྱས་པར་བྱའོ། །གཉིས་པ་སྒྲུབ་པ་པོ་ལ་གཉིས། དང་པོ་སྤྱིར་ཏིང་འཛིན་མཐུ་མ་ཉམས་པས་བསྒྲུབ་པ། སྒྱུ་འཕྲུལ་དྲྭ་བ་སྟེ་ཁྲོ་བོ་ཡབ་ཡུམ་ཟུང་དུ་འབྲེལ་བས་མངོན་པར་རྫོགས་པར་སངས་རྒྱས་དཔལ་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ལྔ་བཅུ་རྩ་བརྒྱད་བསྒོམ་པ་སྤྲོས་པའི་སྐབས་སུ་བརྟན་པ་ཐོབ་པའི་སྟོབས་ཀྱིས་ཆོ་ག་ལྔ་དང་། སྔགས་ཀྱི་ཡན་ལག་ལྔ་དང་། ཡོ་བྱད་ལྔ་བཅས་བཅོ་ལྔ་ཚད་ཤིང་རྫོགས་པའི་ཁྲོ་བོ་མཐར་ཕྱིན་པ་ཡི། རྣལ་འབྱོར་ཕོ་མོ་བཅུ་དང་། སུམ་ཅུ་དང་། ལྔ་བཅུའམ། ཡང་ན་དོན་བརྒྱད། གོ་བརྒྱད། བརྒྱ་དང་བཅོ་བརྒྱད་སོགས་སྐལ་བ་མཉམ་པ་འདུས་པས་ཚོགས་བསྒྲུབ་ན་མཐོང་ལམ་གྱི་དངོས་གྲུབ་ངེས་པར་འགྲུབ་བར་འགྱུར་རོ། །གཉིས་པ་བྱེ་བྲག་ཏུ་སྟོན་འཁོར་མཚན་ཉིད་དང་ལྡན་པས་བསྒྲུབ་པ། དེ་ཡང་སྟོན་པ་རྡོ་རྗེ་རྒྱལ་པོ་མཛོད་བ རྒྱད་དང་ལྡན་པ་དབང་གི་ཆུ་བོ་རྫོགས་པ་ཅན་དང་། རྡོ་རྗེ་རྒྱལ་ཚབ་རྡོ་རྗེ་རྒྱལ་པོ་དང་ལྟ་སྒོམ་གྱི་ཡོན་ཏན་མཉམ་པར་མཚུངས་པ་དང་། ཀརྨ་ལས་མཁན་སྐད་ཀྱི་གདངས་ཆེ་ཞིང་སྙན་པ་ཕྲིན་ལས་ཀྱི་འགྲིགས་ཀྱི་རིམ་པ་མ་ནོར་བའི་འཕྲེང་བར་ལྡན་པ་སོགས་དང་། ལས་བཞིའི་ཞི་བའི་ཡུམ་ཤིང་ལྗོན་པ་ལྟར་སྐྱེད་བྱ་བཟང་ཞིང་རྒྱུད་ཞི་ཞིང་འཇམ་པ། རྒྱས་པ་ཤིང་ལྕུག་ཕྲན་ལྟ་བུ། དབང་གི་སྡོང་གཅིག །དྲག་པོའི་མེ་རེག་སྟེ་དེ་ལྟར་མཚན་ཉིད་རྫོགས་པའི་གཟུངས་མ་དང་། རྣལ་འབྱོར་དེ་དག་ཆགས་སྡང་མེད་པར་མིང་པོ་དང་སྲིང་མོའི་ཚུལ་ལྟ་བུའི་བརྩེ་གདུང་ཆེ་བར་ལྡན་པ། ཚོམ་བུ་ལྔ་བ་མན་ཆད་གཅིག་གིས་ཀུན་བསྒོམ་པའམ། ཡང་ན་མི་གྲངས་ལྷ་གྲངས་སྤྲད་ནས་ཕོ་མོ་ཟུང་འབྲེལ་དག་གིས་བསྒྲུབ་པར་བྱའོ། །གསུམ་པ་ཡོ་བྱད་ལ་གསུམ་སྟེ། ཡོ་བྱད་རྣམས་འཚོགས་པར་བསོགས་པ། དེ་ཇི་ལྟར་སྤྱད་ཐབས། དགོས་ཆེད་དོ། །དང་པོ་ལ་གཉིས། དང་པོ་སྒྲུབ་པ་རྫས་ཀྱི་ཡོ་བྱད། དཀར་རྩི་ཡབ་ཀྱི་བྱང་སེམས། དམར་རྩི་སྟེ་ཡུམ་གྱི་རཀྟ། དྲི་ཆེན། དྲི་ཆུ། ཤ་ཆེན། རྡོ་རྗེ་དུང་ཆེན་ཏེ་ཐོད་པ་རཀྟ་དམར་གྱིས་བཀང་བ་དང་། མི་རྐང་གི་དུང་དང་སྲོག་ཤིང་སྟེ་མིའི་སྒལ་ཚིགས་གསར་རྙིང་དང་། ལྷའི་རྟེན་ཁྲོ་བོའི་གཟུགས་བྲིས་སྐུ་དང་། ལུགས་ཆེན་ཏེ་ལུགས་སྐུ་དང་། དུང་མཆོག་སྟེ་ཐོད་སྐུ་དང་། དུར་ཁྲོད་ཀྱི་རྒྱན་བརྒྱད་དང་། དཔལ་གྱི་ཆས་བརྒྱད་དེ་བཅུ་དྲུག་ཚང་བ་དང་། སྒྲུབ་པ་པོ་རྣམས་འཚོ་བའི་ཡོ་བྱད་ཁ་ཟས་རྣམས་དང་། སྒྲུབ་པ་རྫས་ཀྱི་ཡོ་བྱད་རྡོ་རྗེ་དྲིལ་བུ། མར་མེ་སོགས་མཆོད་རྫས་ཐམས་ཅད་དང་། ཞིང་དུ་གྱུར་པ་ལ་གཉིས། བཀྲ་ཤིས་དག་པའི་ཞིང་སྐྱེ་བ་བདུན་པ་དང་། འདིར་ཐུགས་རྗེས་བསྒྲལ་བའི་ཞིང་བཅུ་ཏེ། མཆོག་ལས་གྱུར་པ་བདུན་དང་། མཆོག་ཕྲན་ངན་སོང་གསུམ་དང་། གཉིས་པ། བར་ཆད་རྐྱེན་ཟློག་གི་ཡོ་བྱད་ལ་གསུམ། བགེགས་ལ་ཡུངས་དཀར། ཕུར་བ་དང་ལྕེ་བོག་སྟེ་གུ་གུལ་ནག་པོ། ནང་ཟློག་སྨན་དང་སྨན་པར་བཅས་པ་དང་། དགྲ་ཟློག་རྡོ་རྗེ་གོ་ཆ་མཚོན་ཆ་མདའ་མདུང་རལ་གྲི་དང་བཅས་པ་དང་། ཚོགས་སྒྲུབ་ལ་དགོས་པ་ཇི་སྙེད་པ་ཡི་རྫས་རྣམས་ཀུན། གཉིས་པ་དེ་ཇི་ལྟར་སྤྱད་ན། རྣལ་འབྱོར་པ་རང་ཉིད་འཇིགས་བྱེད་དཔལ་ཆེན་པོའི་སྐུར་གསལ་བའི་ཏིང་འཛིན་དང་ལྡན་པས་ཐམས་ཅད་སེམས་སུ་ཤེས་པས། ཉམས་ང་བ་དང་བག་ཚ་བའི་འཇིགས་པ་མེད་པའི་སེམས་ཀྱིས་སྤྱད་པར་བྱའོ། །གསུམ་པ་དགོས་ཆེད། ཡོ་བྱད་དེ་རྣམས་བསྡུས་ཏེ་ཡོ་བྱད་ཚོགས་སུ་བྱ་ཞིང་བསྒྲུབ་པའི་ཕྱིར། རང་གིས་དངོས་གྲུབ་ཅི་འདོད་པའི་ཡོ་བྱད་གང་དགོས་པར་སྣང་བ་ཐམས་ཅད་བདག་གིས་ཚང་བར་དགོང་བར་བྱའོ། །བཞི་པ་དུས་ལ་གཉིས། དང་པོ་སྒྲུབ་པའི་དུས། སྒྲུབ་པའི་ཞག་གྲངས་ནི་བློ་ཐ་མས་སུམ་ཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་གམ། རབ་ཀྱིས་ཞག་དྲུག་ཅུ་སྟེ་ཟླ་བ་གཉིས་དང་། འབྲིང་གིས་ཞག་དགུ་བཅུ་རྩ་དྲུག་སྟེ་ཟླ་བ་གསུམ་དང་ཞག་དྲུག་གི་བར་དུ། འཇིགས་བྱེད་ཆེན་པོའི་ཁྲོ་ཚོགས་ཀྱི་དཀྱིལ་འཁོར་གསལ་བར་བསྒོམ་པར་བྱའོ། །གཉིས་པ་དུས་ལ་རེ་དོགས་མེད་པར་བསྒྲུབ་པ། སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བའི་དཀྱིལ་འཁོར་ལ། ལྟ་སྒོམ་གྱི་གདེངས་དང་བཅས་པའི་བསམ་པ་ཡིས་འབྲས་བུ་ཐོབ་ཏུ་རེ་བ་དང་མ་ཐོབ་པའི་དོགས་པ་མེད་པར་རབ་ཏུ་བརྩོན་འགྲུས་བསྐྱེད་ལ་བསྒྲུབ་བོ། །ལྔ་པ་སྒྲུབ་ཐབས་ཕུན་སུམ་ཚོགས་པ། རྒྱས་པའི་ལེའུ་དོན་བརྒྱད་པ་ལྟར་ཚོགས་སྒྲུབ་པའི་ངག་གླུ་ཚིག་སྒྲ་དང་ལུས་བྲོ་གར་འདུ་འཕྲོ་དང་ཕྱག་རྒྱ་དང་། ཤེས་རབ་ཐབས་སུ་སྦྱོར་ཤེས་པ་དང་། ཐབས་ཤེས་གཉིས་སུ་མེད་པར་རོལ་བའི་ཉི་ཟླ་བྱང་ཆུབ་སེམས་ཀྱི་བདེ་བས་བདག་གཞན་ལ་མཆོད་པ་དང་། སྒྲུབ་པའི་དུས་ཀྱི་ལུས་ངག་གི་བརྡ་ལ་སོགས་པའི་ཡོན་ཏན་ནི་ཇི་ལྟར་ཞེ་ན། འགྲུབ་ཐག་ཉེ་བ་དང་། མ་དང་མཁའ་འགྲོ་དགྱེས་པ། གཞན་ཟིལ་གྱིས་གནོན་པ་ཕལ་པའི་ཡིད་ཚོད་དུ་མི་འགྱུར་བ་སོགས་ཀྱི་དགོས་ཆེད་དུ་མ་ཡོད་དོ། །རྒྱས་པར་ཀུན་འདུས་ཀྱི་བརྡའི་ལེའུ་ལས་ཤེས་པར་བྱའོ། །བཟའ་བ་དང་བཅའ་བ་དང་བཏུང་བ་རྣམས་རོ་ཞིམ་པ་དང་། བགོ་བ་རེག་བྱ་འཇམ་པ་ལ་སོགས་འདོད་པའི་ལོངས་སྤྱོད་ལྔ་དང་ལྡན་པ་རྣམས། རྣལ་འབྱོར་པའི་ཏིང་ངེ་འཛིན་མཐུན་པ་ཐམས་ཅད་ཀྱིས་མདོར་ན་ཁྲོ་བོ་ཚོགས་སྒྲུབ་ཀྱི་ཚོམ་བུ་གཅིག་གསུམ་ལྔ་པོ་རྣམས་མངོན་སུམ་དུ་བསྒྲུབ་པར་བྱའོ། །གཉིས་པ་བསྙེན་སྒྲུབ་བཞིས་གཞུང་བསྲང་བ་ལ་གཉིས། དང་པོ། ལམ་སྤྱི་ཡི་བསྙེན་སྒྲུབ་སྔོན་ཞི་བའི་སྐབས་སུ་བཤད་པ་བཞིན་ཤེས་པར་བྱའོ། །གཉིས་པ་སྒྲུབ་བའི་བསྙེན་སྒྲུབ་ལ་གཉིས། བསྙེན་སྒྲུབ་བཞིས་གཞུང་བསྲང་བ་དངོས་དང་། སྒྲུབ་པའི་གྲོགས་ཡོ་བྱད་ལ་སྤྱད་ཐབས་སོ། །དང་པོ་ལ་གཉིས། དང་པོ་མདོར་བསྟན། ཁྲོ་བོ་ཚོགས་སྒྲུབ་པའི་ཐབས་ཀྱི་བསྙེན་པ་དང་། ཉེ་བའི་སྙེན་པ། སྒྲུབ་པ། གྲུབ་པ་ཆེན་པོ་བཞི་ནི་གང་ཞེ་ན། གཉིས་པ་བརྒྱད་བཤད་ལ་བཞི། བསྙེན་པ། ཉེ་བའི་བསྙེན་པ། སྒྲུབ་པ། སྒྲུབ་པ་ཆེན་པོའོ། །དང་པོ་ལ་བཞི་སྟེ། དང་པོ་ཏིང་འཛིན་ནམ་དལ་བརྩིག་ཅིང་བྲི་བ། དང་པོ་བསྙེན་པའི་དུས་ཀྱི་ཚེ་ན་གོང་དུ་བཤད་པའི་གནས་ཆེན་པོ་དབེན་པའི་ས་ཕྱོགས་དེར་དཀྱིལ་འཁོར་བཞེང་བའི་ཚད་ནི། སློབ་དཔོན་མཐར་ཉེ་བའི་ལམ་པས་རྒྱང་གྲགས་དང་དཔག་ཚད་ལ་སོགས་པ་མཆོག་གི་དཀྱིལ་འཁོར་བྱ་བ་དང་། བློ་ཆུང་བ་རྣམས་ཀྱིས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཚོམ་བུ་གཅིག་པ་ལུས་གང་ངམ། གསུམ་པ་ལ་ལུས་དོའམ། ལྔ་པ་ལ་ལུས་གསུམ་གྱི་ཚད། དཔོན་སློབ་གཉིས་ཀ་བློ་ཆེན་ལྷག་པའི་ཏིང་འཛིན་གྱི་གཟུགས་བརྙན་རང་གི་རིག་པས་དཔག་ཚད་རྒྱང་གྲགས་སུ་བསྒོམ་ཅི་ནུས་པར་ལྷའི་དཀྱིལ་འཁོར་གསལ་བ་བྱ་བ་དང་། བློ་ཆུང་ན་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཕྱག་རྒྱ་སྟེ་ཐུགས་ཕྱག་མཚན། གཟུགས་ཏེ་སྐུ་ཙཀ་ལི་དང་། སྙིང་པོ་སྟེ་གསུང་ཡིག་འབྲུ་དང་བཅས་པ་རྣམས་ཁ་དོག་ལྔ་ཡི་ཚོན་གྱིས་དཀྱིལ་འཁོར་བྲི་བར་བྱའོ། །གཉིས་པ་ཡོ་བྱད་བྱིན་གྱིས་བརླབ་པ། དེ་ནས་ཡོ་བྱད་རྣམས་སྔོན་ཞི་བའི་སྐབས་བཞིན་དུ་ཚོ་གསུམ་བཅད་ལ་བྱིན་གྱིས་བརླབས་ནས། གསུམ་པ་ཕྱི་མཆོད་བྱ་ཞིང་ཕྱི་མཚམས་བྱ་བ། ཕྱི་མཆོད་བྱ་བ་ནི་རང་ཉིད་རྡོ་རྗེ་སེམས་དཔའ་ལ་ལྷ་མོ་བཅུ་གཉིས་ཀྱིས་བསྐོར་བར་བསྒོམས་ལ། འཕགས་པ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་སྤྱན་དྲངས་ཤིང་མཆོད་ཅིང་ཕྱི་རོལ་བའི་ཆོས་སྐྱོང་ནི། ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི་ལ་གཏོར་མ་དང་པོས་མཉེས་པར་བྱ་བ་དང་། སྙིང་རྗེ་དང་ལན་ཆགས་ཀྱི་མགྲོན་གཉིས་པོ་ཡང་། གཏོར་མ་བར་བ་དང་། ཐ་མ་སྦྱིན་པས་ཤེས་པའི་རྒྱུད་ཚིམ་པར་བྱས་ལ། ཕྱོགས་སྐྱོང་རྒྱལ་ཆེན་ལ་བསྟན་པ་བསྲུང་བ་དང་། རིགས་དྲུག་འབྱུང་པོ་ལ་རང་གནས་སུ་དེངས་ཤིག་དང་། བགེགས་ལ་བར་ཆད་མ་བྱེད་ཅེས་བཀའ་བསྒོ་བར་བྱའོ། །བཞི་པ་སྲུང་འཁོར་གྱིས་མཚམས་བཅད་པ། དེ་ནས་ཕུར་མཚམས་བཅད་པ་ནི། འཇིགས་བྱེད་ཞེ་སྡང་རྡོ་རྗེའི་ཏིང་འཛིན་གྱི་དབང་དུ་བདག་རྣལ་འབྱོར་བཞུགས་ནས་ཧཱུྃ་ཀཱ་ར་དང་། ཏ་ཀི་ར་ཙ་ལ་སོགས་པ་རིམ་པར་བསྐུལ་ནས། སྙིང་པོ་བརྗོད་པ་ཙམ་གྱིས་ཁྲོ་བོ་བཅུ་དང་། ཁྲོ་མོ་བཅུ་འཁོར་དུ་བྱ་སྟེ། རང་རང་ལས་ཏ་ཀི་ར་ཙ་སྤྲོས་ཏེ་རང་རང་གིས་བསྐུལ་ནས་ཁྲོ་བཅུའི་གདན་པདྨ་ཉི་ཟླའི་སྟེང་དུ་ཕྱོགས་སྐྱོང་བཅུ་བཀུག་ལ་གཟིར་ཞིང་ཕུར་པ་སྐུ་སྟོད་ཁྲོ་བོ་སྨད་ཕུར་བུར་བསྒོམས་ནས། བདུད་རྩི་འཁྱིལ་བས་ཕུར་པ་རྣམས་རིམ་པར་གདབ་པར་བསྒོམ་ལ། དེ་ལ་ཡེ་ཤེས་ཁྲོ་བོ་ཡབ་ཡུམ་རྣམས་རང་བཞིན་གྱི་གནས་འོག་མིན་ནས་སྙན་གསན་དབབ་སྤྱན་དྲངས་བསྟིམ་ལ་མཆོད་པ་དང་བསྟོད་དེ། སྒྲུབ་ལ་བར་ཆད་བྱེད་པའི་བགེགས་ཐམས་ཅད་ཁྲོ་བོ་བཅུའི་ཏིང་འཛིན་མཆོག་གིས་བཟློག་པར་བྱའོ། །དེ་ལྟར་བསྙེན་སྒྲུབ་ཀུན་གྱི་ཐུན་མོང་དུ་མཚོན་ཆ་ལྔ་ཡི་བསྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །གཉིས་པ་ཉེ་བའི་བསྙེན་པ་ལ་གཉིས། དང་པོ་སྔོན་དུ་འགྲོ་བ། བསྙེན་པ་སོང་བ་དེ་ན ས་གཉིས་པ་ཉེ་བསྙེན་ལ། དལ་གྱི་རྒྱན་ཞིང་གི་བླ་རེ་དང་། རྒྱུ་མའི་ལྡ་ལྡི་ལ་སོགས་སྟེང་ལོགས་ཀྱི་རྒྱན་རྣམས་དང་། རྡོར་དྲིལ་ཐོད་སྐུ་སོགས་སྒྲུབ་པའི་རྫས་གང་ཡིན་དང་། ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་རྣམས་དགྲམ་པ་རྫོགས་ནས། ཕྱི་མཚམས་ནི་བདུད་རྩི་འཁྱིལ་བའི་ཏིང་འཛིན་དང་། མཚན་ཉིད་སྡེ་གསུམ་ལ་བཀའ་བསྒོ་ལོག་པའི་བགེགས་བསྲུང་། ནང་མཚམས་རྣམ་པར་རྒྱལ་བའི་སྤྱི་བོ་ནས་མི་གཡོ་བ་བསྐྱེད་པའི་ཏིང་འཛིན་གྱིས་ཕྱི་རྒྱུད་སྡེ་གསུམ་ལ་བཀའ་བསྒོ་ལོག་པའི་བགེགས་བསྲུང་། གསང་མཚམས་ཁྲོ་བོ་བཅུས་བསྲུང་བས་བསྐྱེད་རྫོགས་གསུམ་ལ་བཀའ་བསྒོ་ལོག་པའི་བགེགས་བསྲུང་བར་བྱ་སྟེ། སྔོན་དཔལ་ཆེན་པོས་ལས་ཀྱི་སྲིན་པོའི་རྒྱལ་པོ་མ་ཏཾ་ཀ་རུ་ཏྲ་མནན་པའི་ཚུལ་བཞིན་དུ་བགེགས་རྣམས་མནན་ཏེ། སྒྲུབ་པ་པོ་ངོ་ཤེས་པར་བྱ་བའི་ཕྱིར་རྟགས་གསུམ་དང་ལྡན་ཅེས། སྐྲ་མཚམས་ཞག་གི་ཟོ་རིས། དཔྲལ་མཚམས་ཐལ་ཆེན་ཚོམ་བུ། སྨིན་མཚམས་རཀྟའི་ཐིག་ལེ་གསུམ་གདབ་པར་བྱ། བརྗོད་མེད་ཀྱི་བཤགས་པས་སྒྲིབ་པ་སྦྱངས་དམ་བཅའ་ཡེ་ཤེས་ལྷའི་བྱིན་དབབ་པར་བྱ། དེ་ནས་རང་ལྷར་གསལ་བས་ཕྱི་ནང་གསང་བའི་མཆོད་རྫས་རྣམས་གཞུང་བཞིན་བྱིན་གྱིས་བརླབ་པར་བྱའོ། །གཉིས་པ་གཞུང་བཞིན་བྱ་བ་དེ་ལ་གསུམ། ཏིང་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་ཕྲིན་ལས་ཀྱི་རིམ་པ། བསྙེན་པ་བྱ་བའོ། །དང་པོ་ལ་གསུམ། ཚོམ་བུའི་ལྷ་བསྐྱེད་པ། རྒྱན་དང་ཆ་ལུགས་རྫོགས་པར་བསྒོམ་པ། ཡན་ལག་གི་ལྷས་དབང་བསྐུར་བྱིན་གྱིས་བརླབ་པའོ། །དང་པོ་ལ་གཉིས། དང་པོ་མདོར་བསྟན། སྔོན་འགྲོ་རྫོགས་པ་དེ་ནས་ཁྲོ་བོའི་ལྷའི་འཁོར་ལོ་སྟེ་ཚོམ་བུ་གཅིག་པའམ། ཚོམ་བུ་གསུམ་པ་དང་ཚོམ་བུ་ལྔ་རུ་བསྒོམ་པར་བྱ་བ་ནི། གཉིས་པ་རྒྱས་པ་དེ་ལ་གཉིས། དང་པོ་གཞལ་ཡས་ཁང་དུ་ལྷ་བསྒོམ་ཚུལ་སྤྱིར་བསྟན་པ། གནས་གཞལ་ཡས་ཁང་ནི་ཚོམ་བུ་གཅིག་པ་ལ་འོག་གཞི་འཁོར་ལོ་རྩིབས་བཞིའི་ལྟེ་བར་འཁོར་ལོ་རྩིབས་བཞི་དང་། གསུམ་པ་ལ་ལྟེ་བ་དང་ཤར་ནུབ་ཀྱི་རྩིབས་ལ་རྩིབས་བཞི་པ་གསུམ། ལྔ་བ་ལ་ལྟེ་བ་དང་རྩིབས་བཞི་བཅས་ལ་འཁོར་ལོ་རྩིབས་བཞི་པ་ལྔ་སྟེ། བར་ཁྱམས་སྒོ་གཉིས་རིམ་རྣམས་སུ་ལྷ་ཇི་ལྟར་བསྒོམ་ན་དཔལ་འཇིགས་བྱེད་ཆེན་པོ་ཁྲོ་བོའི་འཁོར་ལོ་རྩིབས་བཞི་དང་ལྡན་པའི་དབུས་ཀྱི་ལྟེ་བ་ལ་རིགས་ཀྱི་གཙོ་བོ་བཙུན་མོའི་ཚོགས་དང་རིགས་ཆུང་གི་ཁྲོ་བོའི་ཚོགས་དང་ལྡན་པར་བསྒོམ་པ་ནི། གཉིས་པ་ཚོམ་བུའི་ལྷ་སྒོམ་ཐབས་བྱེ་བྲག་ཏུ་བཤད་པ་དེ་ལ་གསུམ། དང་པོ་ཚོམ་བུ་གཅིག་པ། དེ་ཡང་ཞི་བ་ཤར་དང་དྲག་པོ་བྱང་དབང་ནུབ་དང་རྒྱས་པ་ལྷོའི་རྩིབས་ཆུང་བཞི་པོ་དེར་གདུལ་བྱ་འཇིགས་པར་བྱེད་པའི་ཚོགས་ཆེན་བུདྟ་དང་། ཀརྨ། པདྨ། རཏྣ་ཏེ་རུ་ཀ་བཞི་པོ་དེ་བཞུགས་པའི་ས་ཡིན་ལ། དེ་ཡི་དབུས་སུ་རྣལ་འབྱོར་པ་བདག་ཉིད་ཞི་བ་ལས་དྲག་པོར་བཅོས་པ་བཛྲ་ཧེ་རུ་ཀའི་ཚུལ་དུ། རང་གི་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་དཀྱིལ་གཙོ་བོ་ཡབ་ཡུམ་དང་འཁོར་རིགས་བཞི་ཡབ་ཡུམ་དུ་གསལ་བར་བསྒོམ་མོ། །དེ་ལྟར་རྡོ་རྗེ་རིགས་ཀྱི་དེ་བཞིན་རིགས་དང་། རྡོ་རྗེའི་རིགས་དང་། པདྨའི་རིགས་དང་། རིན་ཆེན་རིགས་དང་། རལ་གྲི་ལས་ཀྱི་རིགས་ཀྱི་ཚོམ་བུ་ཕོ་བྲང་གི་ལྷ་ཡབ་ཡུམ་བཅུ་བསྒོམ་མོ། །གཉིས་པ་ཚོམ་བུ་གསུམ་པ། ཚོམ་བུ་གཅིག་པ་ལས་གཞན་པའི་སྐུ་གསུང་ཐུགས་རྡོ་རྗེའི་ཚོམ་བུ་གསུམ་པ་ལ་མོས་པ་ཡིན་ན། མདུན་དུ་སྐུ་བྷུདྡྷའི་ཚོམ་བུ། རྒྱབ་ཏུ་གསུང་པདྨའི་ཚོམ་བུ། དབུས་སུ་ཐུགས་རྡོ་རྗེ་རིགས་ཀྱི་འཇིགས་བྱེད་ཁྲོ་བོ་ཚོམ་བུ་དེ་དག་རེ་རེ་ལ་ལྷ་བཅུ་བཅུ་སྟེ་ཕོ་བྲང་གི་ལྷ་སུམ་ཅུ་བསྐྱེད་དོ། །གསུམ་པ་ཚོམ་བུ་ལྔ་པའི་ལྷ་བསྐྱེད་ཅིང་བསྒོམ་པ། འཇིགས་བྱེད་ཁྲོ་བོའི་ཚོམ་བུ་ལྔ་པོ་དེ་ཉིད་ལ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་བསྒོམ་པ་ནི། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་རིགས་ལྔར་འདུས་པའི་ཕྱིར་ན་ཚོམ་བུ་ཆ་ལྔ་ཡི་རིགས་ལྔ་རེ་རེ་ལའང་རིགས་ཆུང་བཅས་པའི་ཡབ་ཡུམ་ཟུང་ཉི་ཤུ་རྩ་ལྔ་སྟེ་འཁོར་ལོ་ཆ་ལྔ་ལ་བཀོད་པ་ནི། མདུན་སྐུ་ཡི་རིགས་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་ལ། འཁོར་རིགས་ཆུང་ནི། བྱམས་པའི་སྙིང་པོ་ཡབ་ཡུམ། ཐུགས་རྗེའི་སྙིང་པོ་ཡབ་ཡུམ། ལོ་ཀའི་སྙིང་པོ་ཡབ་ཡུམ། བཏང་སྙོམས་ཡབ་ཡུམ་སྟེ་བཅུ། རྒྱབ་གསུང་གི་རིགས་པདྨ་ཧེ་རུ་ཀ་ཡབ་ཡུམ་གྱི་འཁོར། རྒྱལ་པར་བྱེད་པ། རོལ་བར་བྱེད་པ། སེམས་ཟ་བར་བྱེད་པ། འབྱུང་བར་བྱེད་པ་ཡབ་ཡུམ་སྟེ་ཚོམ་བུ་བཅུ་དང་། དབུས་ཐུགས་ཀྱི་རིགས་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་འཁོར། རྡོ་རྗེ་སྙིང་པོ། རིན་ཆེན་སྙིང་པོ། པདྨའི་སྙིང་པོ། ཀརྨ་སྙིང་པོ་ཡབ་ཡུམ་སྟེ་བཅུ། གཡས་ཡོན་ཏན་གྱི་རིགས་རཏྣ་ཧེ་རུ་ཀ་ཡབ་ཡུམ་གྱི་འཁོར། རྡོ་རྗེ་རོལ་བ། རྡོ་རྗེ་སྲིན་པོ། རྡོ་རྗེ་ལྷ་མིན། སྣ་ཚོགས་རྡོ་རྗེ་ཡབ་ཡུམ་སྟེ་བཅུ་དང་། གཡོན་ཕྲིན་ལས་ཀྱི་རིགས་ཀརྨ་ཧེ་རུ་ཀ་ཡབ་ཡུམ་གྱི་འཁོར། སྒྲོལ་བར་བྱེད་པ། མཐར་བྱེད་རོལ་པ། ཉམས་མྱོང་ཡབ་ཡུམ་དང་བཅུ་སྟེ་ཕོ་བྲང་ལྷ་ལྔ་བཅུ་ཡོངས་སུ་རྫོགས་པར་བསྒོམ་མོ། །འཁོར་ལ། མ་སྲིང་ཉི་ཤུ། དབང་མོ་ཉེར་བརྒྱད། ཁྲོ་བོ་ཡབ་ཡུམ་ཉི་ཤུ་བཅས། དོན་བརྒྱད་གོ་བརྒྱད། བརྒྱ་དང་བཅོ་བརྒྱད་ཡོད་དོ། །གཉིས་པ་རྒྱན་ཆ་ལུགས་རྫོགས་པར་བསྒོམ་པ། དེ་དག་ཀྱང་དུར་ཁྲོད་ཀྱི་རྒྱན་བརྒྱད། དཔལ་གྱི་ཆས་བརྒྱད་དང་། འབར་བའི་གར་དགུའི་ཆ་ལུགས་ལ་སོགས་པ་གདུལ་བྱ་གདུག་པ་ཅན་འཇིགས་པའི་ཁྲོ་བོའི་ཚོགས་ནི་རང་བཞིན་འོག་མིན་ན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་ཅི་བཞིན་པར། སྒྲུབ་པ་པོ་ཡབ་ཡུམ་ཟུང་གཅིག་གིས་ལྷ་ཡབ་ཡུམ་སྤྱིར་བསྒོམ་པའམ། ཡང་ན་རྣལ་འབྱོར་པ་རེ་རེ་ལྷ་རེ་རེ་རུ་བསྒོམ་པ་སྟེ། དེ་དག་ཀྱང་ཚམ་རྔམ་ཆེན་པོའི་རོལ་བ་ཁྲོ་བོའི་ཆ་ལུགས་སུ་གསལ་བར་བསྒོམ་པའོ། །གསུམ་པ་ཡན་ལག་གི་ལྷས་དབང་བསྐུར་བྱིན་གྱིས་བརླབ་པ། དེ་ནས་ལྷ་ཐམས་ཅད་ལ་ཡན་ལག་ལྷག་པའི་དཀྱིལ་འཁོར་དབུ་རྒྱན་ལྔ། སྐུ་གསུང་ཐུགས་གསུམ། ཡེ་ཤེས་སེམས་དཔའ་དང་དགུ་དགུར་ལྷ་རེ་རེ་ལྡན་པ་སྟེ། དེ་ལྟར་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ལྷ་གསུམ་དང་། ཡེ་ཤེས་ལྔས་དབང་བསྐུར་ཐོབ་པའི་རྟགས་སུ་དབུ་རྒྱན་རིགས་ཀྱི་ལྷ་ལྔ། ཐུགས་ཡེ་ཤེས་སེམས་དཔའ་སྟེ་ལྷ་དགུ་དང་ལྡན་པའི་བདག་ཉིད་དམ་ཚིག་གི་དཀྱིལ་འཁོར་བསྒོམ་པ་ལ། གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ལ་ལྔ་སྟེ། དང་པོ་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་པའི་ལས་རིམ་བསྟན་པ་དངོས། རང་བཞིན་ཡེ་ཤེས་པའི་དཀྱིལ་འཁོར་སྙན་གསན་དབབ། སྤྱན་དྲངས་ལ་ལྕགས་ཀྱུས་ཕྱག་རྒྱས་དགུག །ཞགས་པས་གཞུག །ལྕགས་སྒྲོག་གིས་བཅིང་བརྟན་པར་བཞུགས་སུ་གསོལ། དྲིལ་བུས་དགྱེས་པ་བསྐྱེད་ནས། ཕྱག་འཚལ་ནས་སྨན་མཆོད་ཡན་ཆད་ཀྱིས་རིམ་པ་བཞིན་མཆོད་པར་བྱའོ། །གཉིས་པ་བདུད་རྩི་དངོས་གྲུབ་བླང་བའི་སྔགས། ལྕེ་སྟོན་གྱི་འགྲེལ་བར། འབྲུའི་འདུག་ས་བསྒྱུར། དོན་གྱི་གོ་རིམ་བསྡེབས། ཁོང་ལ་ཡོད་པས་ཁ་བསྐངས་བའི་དགོངས་པ་ལྟར་བཤད་ན། ༀ་ཨཱཿ ཧཱུྃ། ༀ་སྐུའི་སྙིང་པོ་སུ་ར་ཏོ་བདེ་བ། མ་ཧཱ་ཆེན་པོ། པཉྩ་ལྔ། ཨ་མྲྀ་ཏ་བདུད་རྩི། ཤྲཱི་དཔལ། ཧེ་དགྱེས་པ། རུ་ཆགས་པ། ཀ་ཕྲིན་ལས་སམ་ཡང་ན་ཁྲག་འཐུང་། མནྟྲན་སྔགས། ཛྭ་ལ་འབར་བ། མ་ཧཱ་ཆེན་པོ། མཎྜལ་དཀྱིལ་འཁོར། ཀཱ་ཡ་སྐུ། ༀ་ༀ་ༀ་སྐུའི་སྐུ་གསུང་ཐུགས་གསུམ་མོ། །ཨཱྃ་གསུང་གི་སྙིང་པོ། སུ་ར་ཏོ་མན་ཆད་འགྲེས། ཝཱ་ཀ་གསུང་། ཨྃ་ཨྃ་ཨྃ་གསུང་གི་སྐུ་གསུང་ཐུགས་གསུམ་མོ། །ཧཱུྃ་ཐུགས་ཀྱི་སྙིང་པོ། སུ་ར་ཏོ་སོགས་འགྲེས། ཙིཏྟ་ཐུགས། ཧཱུྃ་ཧཱུྃ་ཧཱུྃ་ཐུགས་ཀྱི་སྐུ་གསུང་ཐུགས་གསུམ་མོ། །ལུང་གྲ་ཆད་ལ་ཉལ་བ་ཟུར་ལ་བསླང་བ་སྭཱ་དང་ཧཱ་གཉིས་ཡིན་ཏེ། སྭཱ་ཡོན་ཏན་གྱི་སྙིང་པོ། སུ་ར་ཏོ་སོགས་འགྲེས། གུ་ཎ་ཡོན་ཏན། སྭཱཾ་སྭཱཾ་སྭཱཾ་ཡོན་ཏན་གྱི་སྐུ་གསུང་ཐུགས་གསུམ་མོ། །ཧཱ་ཕྲིན་ལས་ཀྱི་སྙིང་པོ། སུ་ར་ཏོ་སོགས་འགྲེས། ཀརྨ་ལས། ཧཱཾ་ཧཱཾ་ཧཱཾ་ཕྲིན་ལས་ཀྱི་སྐུ་གསུང་ཐུགས་གསུམ་མོ། །བཛྲ་རྡོ་རྗེ་མ་ཧཱ་ཆེན་པོ་ཀ་པ་ལ་ཐོད་པ་ཁརྒ་སྙིང་པོ་དྷ་ན་སྦྱིན་པ་ཛྭ་ལ་འབར་བ་སིདྡྷི་དངོས་གྲུབ་སྟེ་བདེ་བ་བདུད་རྩི་ཆེན་པོ་ལྔ་དཔལ་འབར་བ་ཁྲག་འཐུང་ཆེན་པོ་སྔགས་ཀྱི་དཀྱིལ་འཁོར་རིགས་ལྔའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་སྩོལ་ཅིག་པའོ། །དེ་ནི་བདུད་རྩི་འབུལ་ཞིང་དངོས་གྲུབ་བླང་བའོ། །གསུམ་པ་རྣམ་ལྔའི་མཆོད་པ་མ་ཧཱ་ཆེན་པོ་ཤྲཱི་དཔལ་ཧེ་རུ་ཀ་ཁྲག་འཐུང་ཨ་མེ་མེ་ཏོག་དྷུ་མེ་བདུག །སྤོས་སིདྡྷོ་གྲུབ་པ་བྷ་ཝ་ཏུ་གྱུར་ཅིག །སཾ་ཧ་ར་ཎ་སྡུད་ཅིག །ཧཱུྃ་ཧཱུྃ་ཧཱུྃ་སྡུད་པ་སྟེ། དཔལ་ཁྲག་འཐུང་ཆེན་པོ་ལ་མེ་ཏོག་བདུག་སྤོས་ཀྱི་མཆོད་པས་དོན་གཉིས་གྲུབ་པར་གྱུར་ཅིག །དེ་ནས་ལྷ་མོ་རང་ལ་བསྡུ་བས་ཐུགས་བཛྲ་ཁྲག་འཐུང་གི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། དེ་ནི་གཏོར་མའི་སྟེང་གི་འདོད་ཡོན་གྱི་ལྷ་མོས་མཆོད་པའོ། །བཞི་པ་གསང་ནན་འབུལ་བ། མ་ཧཱ་ཆེན་པོ། ཡོ་ག་རྣལ་འབྱོར། ཨངྐྲ་ནང་བ། ས་མ་ཡ་དམ་ཚིག །རུ་ལུ་རུ་ལུ་ཧུབ་གསུམ་བཏུང་བ། ཨ་ལ་ལ་ངོ་མཚར། ཧོ་དགྱེས་པ། དེ་ནི་རྣལ་འབྱོར་ཆེན་པོ་ནང་གི་དམ་ཚིག་ལས་མི་འདའ་བའི་ཕྱིར་དམ་བླང་བ་ནི། གཏོར་མ་ཧུབ་གསུམ་བཏུང་བས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་མི་འདའ་བས་དངོས་གྲུབ་ངོ་མཚར་ཅན་ཐོབ་ནས་དགྱེས་པའོ། །ལྔ་པ་གཏོར་མ་འབུལ་ཞིང་མཆོད་སྟོད་བྱ་བ། ༀ་ཨཱ་ཧཱུྃ་སྐུ་གསུང་ཐུགས། སུ་ར་ཏོ་བདེ་བ། ཀ་མ་ལ་ཕྲེང་བ། མ་ཧཱ་ཆེན་པོ། སུ་ཁ་མཉེས་པ། མཱ་ལེ་ཕྲེང་བ། ཨ་ནུ་ཡིད། ས་དཔེ་གཅིག་ས་མན། མནྟ་དམ། ཛྭ་ལི་ནི་འབར་བ། དྷ་ན་སྦྱིན་པ། ཨ་ཝ་མཆོད་སྦྱིན། ཡོ་ག་རྣལ་འབྱོར། ཁཱ་ཧི་གསོལ་ཅིག །ཨ་ལ་ལ་ཧོ་མཉེས་པ་སྟེ། གཏོར་མ་བདུད་རྩི་བདེ་བའི་ཕྲེང་བ་རྒྱུན་ཆད་མེད་པར་འབུལ་བས། མཉེས་པ་ཆེན་པོའི་ཕྲེང་བ་རྒྱུན་ཆད་མེད་པ་འབྱུང་བའི་གནས་ཡི་དམ་འབར་བ་ཁྲག་འཐུང་ཚོགས་ཀྱི་གཙོ་བོ་ལ་མཆོད་ཅིང་འཁོར་རྣལ་འབྱོར་མ་ལ་སྦྱིན་པ་གསོལ་ཅིག་མཉེས་པར་གྱིས་ཤིག་པའོ། །དེ་ནས་སྦྱོར་སྒྲོལ་ལ་སོགས་པས་མཆོད་ནས་བསྟོད་པ་སྨོན་ལམ་ཡན་ཆད་རྫོགས་ནས། གསུམ་པ་བསྙེན་པ་ལ་གསུམ། དང་པོ། བསྙེན་པ་ཡི་ཏིང་འཛིན་ནི། བདག་དམ་ཚིག་སེམས་དཔའ་གསལ་བ་དང་། ལྷ་ཡེ་ཤེས་སེམས་དཔའི་ཛ་བྲ་ཁང་མདུན་དུ་ལྟགས་པ་སྟེ་མདའ་གང་ཙམ་གྱི་ནམ་མཁའ་ལ་གསལ་ཞིང་། བཟླས་པའི་འཕྲོ་འདུ་གསལ་བ་དང་། བར་ཏིང་འཛིན་སེམས་དཔའ་དང་། ལྷ་དང་བདག་འཕྲོ་འདུ་གསུམ་ལྡན་གྱི་སྒོ་ནས་བཟླས་པ་བྱ་བ་ནི། གཉིས་པ་སྔགས། ༀ་ནི་ཡེ་ཤེས་ལྔ་ལྡན་སྔགས་ཀྱི་མགོ་འདྲེན། བཛྲ་རྡོ་རྗེ་མ་ཧཱ་ཆེན་པོ་ཀྲོ་དྷ་ཁྲོ་བོ་ཤྲཱི་དཔལ་ཧེ་རུ་ཀ་ཁྲག་འཐུང་། བཛྲ་རྡོ་རྗེ་ཀྲོ་དྷཱི་ཁྲོ་མོ་ཤྭ་རི་དབྱིངས་ཕྱུག་མ་སརྦ་ཐམས་ཅད་དུཥྚ ན་སྔང་བ་ཧཱུྃ་སྡུད་ཅིག་ཕཊ་སྒྲོལ་ཅིག་པ་སྟེ། མིང་ནས་བོས་པའི་སྔགས་སོ། །རུ་ལུ་མ་ཧཱ་ས་མ་ཡ་ཧཱུྃ་ནི་ཐུགས་དམ་གནད་ནས་དབབ་པའི་སྔགས་སོ། །རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ནི་བསྙེན་སྔགས་སམ་ཆེ་ཡོན་གྱི་སྒོ་ནས་བསྟོད་པའི་སྔགས་སོ། །ལྕེ་སྟོན་གྱིས་བསྙེན་པའི་དུས་སུ་ༀ་བཛྲ། རྩ་བ་རུ་ལུ་གཉིས་སྣང་། མཆན། མ་ཧཱ་ཤྲཱི་ཧེ་རུ་ཀ །རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཉེ་བསྙེན་དུས། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །རུ་ལུ་རུ་ལུ་མ་ཧཱ་ས་མ་ཡ་ཧཱུྃ་ཕཊ། སྒྲུབ་པའི་དུས། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་ཏཱི་ཤྭ་རི་སརྦ་དུཥྚཾ་ཧཱུྃ་ཕཊཿ སྒྲུབ་པ་ཆེན་པོའི་དུས་ཐམས་ཅད་དྲིལ་ཏེ་བཟླ་གསུངས། གསུམ་པ་རིགས་གཞན་ལའང་བསྙེན་དུས་ཀྱི་དམིགས་པ་དེ་ལྟར་དུ་བྱ་བ། དེ་ལྟར་བཛྲ་ཧེ་ཀུར་ཀ་ལ་བཟླས་བསྙེན་སྐྱོལ་ནས་སོགས་ཁོང་ན་རིགས་ལྔ་གཞན་བཟླས་ཏེ་ཁྲོ་བཅུའི་སྔགས་བཅས་བསྙེན་པ་བྱ་བ་ནི་འོད་ཟེར་འཕྲོ་འདུ་ཡིས། ཞག་བདུན་གྱི་བར་སྒྲིབ་པ་སྦྱོང་བར་ཡེ་ཤེས་པའི་རྒྱུད་བསྐུལ་དང་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱེད་པའོ། །ཞེས་དང་། འགྲེལ་པ་ཁ་ཅིག་ལ། དེ་ཡང་ཡེ་ཤེས་ཀྱི་ལྷ་མདུན་གྱི་བར་སྣང་དུ་བཞུགས་པ་ལ། དམ་ཚིག་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་བྱུང་ནས། ཡེ་ཤེས་སེམས་དཔའི་ཐུགས་ཀར་འཕྲོས་ཐུགས་དམ་གྱི་རྒྱུད་བསྐུལ། ཚུར་འདུས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱེད་པར་བསམ་ཞིང་། འཕྲོ་འདུ་བསྣོལ་མར་བྱེད་པ་ནི་བསྙེན་པའི་དཀྱིལ་འཁོར་རྫོགས་པའོ། །དེ་ཉེ་བའི་བསྙེན་པའོ། །གསུམ་པ་སྒྲུབ་པ། ལྷ་བསྐྱེད་པ་དང་སྔགས་བཟླས་པ་ཉེ་བསྙེན་དེ་བཞིན་དུ་སྒྲུབ་པ་བྱ་བའི་དུས་སུ་ཡང་འོད་ཟེར་དམར་པོ་ཕར་འཕྲོས་ཚུར་འདུས་ཀྱིས་དངོས་གྲུབ་སྩོལ་ཅིག་པར་ཐུགས་རྒྱུད་བསྐུལ་བ་དང་། ཚུར་འདུས་པས་བདག་ལ་དངོས་གྲུབ་སྡུད་པར་བསམ་ཞིང་། སྔགས་བཟླས་པའི་སྐྱོན་བཅུ་རྒྱ་གཅིག་སྐབས་ལྟར་སྤངས་ཏེ་བསྒྲུབ་པར་བྱ་བ་ནི། དེ་ལྟར་སྒྲུབ་པ་བྱེད་པའི་དུས་སུ་དགོས་པར་ཤེས་པར་བྱའོ། །བཞི་པ་སྒྲུབ་པ་ཆེན་པོ་ལ་གསུམ། དང་པོ་སྒྲུབ་པ་བྱ་བ་དངོས། དེ་ཡང་ནུབ་ཐ་མའི་ཞག་གཅིག་དེ་ལ་སྒྲུབ་པའི་དངོས་གྲུབ་ཀྱི་རྫས་རྣམས་ཤིན་ཏུ་བསྟར་ཞིང་སྔགས་བཟླས་པའི་འོད་ཟེར་མཐིང་ག་ཕར་མི་འཕྲོ་བར་ཚུར་བསྡུ་བའི་དགོངས་པ་འབའ་ཞིག་བྱ་བ་ནི་སྒྲུབ་པ་ཆེན་པོའི་དངོས་གྲུབ་ལེན་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་སྤྱིར་ཛཔ྄་དགོངས་ཀྱི་ཏིང་འཛིན་བྱ་ཐབས། ཉེ་བསྙེན་དུས་སྡིག་སྒྲིབ་སྦྱང་ཞིང་ཉེས་སྐྱོན་དག་པའི་ཕྱིར་འོད་ཟེར་དང་ཡིག་འབྲུ་ཤེལ་གྱི་བུང་བ་ལྟ་བུ་ཁ་དོག་དཀར་པོ་བྱ་ཞེས་པ་དང་། སྒྲུབ་པའི་དུས་དངོས་གྲུབ་ལ་ཆགས་ཤིང་དབང་དུ་སྡུད་ཕྱིར། འོད་ཟེར་ཡིག་འབྲུ་རྣམས་བྱེ་རུའི་བུང་བ་ལྟར་ཁ་དོག་དམར་པོ་བྱ་བ་དང་། སྒྲུབ་པ་ཆེན་པོའི་དུས་དངོས་གྲུབ་གཞན་གྱི་དབང་དུ་མི་འགྱུར་བའི་རྟགས་སུ་འོད་ཟེར་མཐིང་གའི་བུང་བ་མང་པོ་དག་ལྟར་དམིགས། བསྙེན་སྒྲུབ་ཀྱི་རིམ་པ་བཞིན་དུ་ཉེ་བསྙེན་དང་། སྒྲུབ་པའི་དུས་བུང་བ་མེ་ཏོག་ལ་ཕར་འགྲོ་ཚུར་འོང་བྱེད་པ་ལྟར་དང་། སྒྲུབ་པ་ཆེན་པོའི་དུས་མཚོ་ལ་སེར་བ་ཆེན་པོ་འབབ་པ་བཞིན་འོད་ཟེར་ཚུར་བསྟིམ་པ་ཡིན་ནོ། །གསུམ་པ་རྟགས་བྱུང་ན་བར་ཆད་བརྟག་ཅིང་དངོས་གྲུབ་བླང་བ་ནི། ངན་རྟགས་འོད་དཀར་པོ་སྲོག་བདག །སྔོན་པོ་ཀླུ། དམར་པོ་བཙན། ནག་པོ་དམ་ལོག་གི་རྟགས། བཟང་པོའི་རྟགས། ཉམས་དགའ། སེམས་གསལ། བོགས་ཐོན་པ་དང་། དྲི་ཡང་ངན་པ་གླ་རྩི་གཞོབ་དྲི། བཟང་པོ་དྲི་ཞིམ་པ་ཉམས་དགའ་བ་དང་། སྒྲ་མི་སྙན་པ་ཡུན་ཐུང་བ་ངན་རྟགས། སྙན་ནས་ཡུན་རིང་བ་ལྷའི་རྟགས་དང་། གཟུགས་ཡིད་དུ་མི་འོང་བ་སྲིན་པོ་ལྟ་བུ་དང་། ལྷའི་གཟུགས་གསལ་ཞིང་ཉམས་དགའ་བ་བཟང་རྟགས་སོ། །ཕྱག་མཚན་དང་སྒྲུབ་རྫས་རྣམས་ནམ་མཁར་འཁོར་བ་དང་། མར་མེ་ཆེར་འབར་བ་དང་བཟའ་བཏུང་སྨན་རཀ་གཏོར་མ་རྣམས་འཁོལ་བ་སོགས་རྟགས་བྱུང་ན། བདུད་ཀྱི་བར་ཆད་དང་ལྷའི་འགྲུབ་རྟགས་ཀྱི་ཆ་རྣམས་གང་ཡིན་དཔལ་ཧེ་རུ་ཀའི་སྔགས་དང་ཕྱག་རྒྱའམ། ཐོད་པ་ཚར་གསུམ་གྱི་ཕྱག་རྒྱ་སྔགས་རང་གི་ཉམས་ཀྱིས་བརྟག་པར་བྱས་ཏེ། བདུད་ཡིན་ན་མེད་དུ་འགྲོ། གྲུབ་རྟགས་ལ་ཇེ་གསལ་འགྲོའོ། །གལ་ཏེ་བར་ཆད་ཡིན་ན་རྡོ་རྗེ་དྲག་པོའི་སྔགས་དང་ཕྱག་རྒྱ་ཏིང་འཛིན་རྫས་སོགས་ཀྱིས་བསྐྲད་དེ་བདག་ཉིད་ལྷར་གསལ་གོ་བགོ་ལུས་བསྲུངས་བྱས་ལ། སྒྲུབ་པའི་ཞག་གྲངས་ཚང་ཞིང་དངོས་གྲུབ་ཀྱི་རྟགས་བྱུང་ན། ཚོམ་བུའི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རང་གི་ལུས་ངག་ཡིད་གསུམ་གྱི་རྟོག་པའི་གནས་སུ་མཐུན་པ་ཉིད་དུ་སྦྱར་ཞིང་། མངོན་ཤེས་དབང་པོ་ལྔ། ལྷའི་དངོས་གྲུབ་སྙིང་ལ། རྫུ་འཕུལ་རྐང་པ་ལ་བསྟིམ་པ་སོགས་རྟོག་ཚོགས་ཀྱི་གནས་སུ་དངོས་གྲུབ་བསྟིམ་ཞིང་ཀཱ་ཡ་ཝཱཀྐ་ཙིཏྟ་མ་ཧཱ་ཏིཥྛ་བཛྲ་དང་། སེམས་ཅན་གྱི་དོན་གྱི་ཕྱིར་དངོས་གྲུབ་བརྟན་པར་བྱའོ། རྟགས་ལྡན་ནས་དངོས་གྲུབ་བླང་པ་དེས་ན་སྔོན་ཞི་བ་ཚོགས་སྒྲུབ་སྐབས་བཞིན་དུ། ཡི་གེ་འཁོར་ལོ། ཡེ་ཤེས་བླ་མ། ཡོ་བྱད་ལ་སྤྱད་པས་སོ་སོའི་ཡོ་ཏན་དང་རྣམ་པ་གསུམ་ཐོབ་པའམ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གསུམ་ཐོབ་པར་འགྱུར་ཞིང་། གཉིས་པ་སྒྲུབ་པའི་གྲོགས་ཡོ་བྱད་ལ་སྤྱད་ཐབས་ལ་གཉིས། སྦྱོར་སྒྲོལ་གཉིས་ལ་སྤྱོད་ཐབས་དང་། ཡོ་བྱད་བཞི་ལ་སྤྱོད་ཐབས་སོ། །དང་པོ་ལ་གསུམ། དང་པོ་བཤད་པར་དམ་བཅའ་བ། ལས་གཞུ ང་རྫོགས་ནས་ཞི་བར་ཁས་བླངས་པའི་གསང་བ་སྦྱོར་སྒྲོལ་གྱི་མཆོད་པ་རྒྱས་པར་བཤད་པར་བྱ་བ་འདི་ལྟ་སྟེ། གཉིས་པ་རྒྱས་བཤད་ལ་གཉིས། ཏ་ན་སྒྲོལ་བ། གྷ་ན་སྦྱོར་བའོ། །དང་པོ་ལ་བཞི། སྒྲོལ་བའི་དབྱེ་བ། བསྒྲལ་བས་མི་གོས་པའི་གཏན་ཚིགས། སྒྲོལ་བའི་ངེས་ཚིག །སྦྱོར་སྒྲོལ་དོན་ལ་ཐ་དད་མེད་པར་བསྟན་པའོ། །དང་པོ་ལ་ལྔ་སྟེ། དང་པོ་མངོན་དུ་ཕྱུང་བའི་སྒྲོལ་བ་ནི། དེ་ཡང་ཞིང་དུ་གྱུར་པ་ལ་གཉིས་ཏེ། བཀྲ་ཤིས་དག་པ་སྐྱེ་བ་བདུན་པ། ཐུགས་རྗེས་བཟུང་བ་ལ་བདུན་མཆོག་དང་། མཆོག་ཕྲན་ངན་སོང་གསུམ་སྟེ་བཅུ་པོ་དེ་རྣམས། དཀྱིལ་འཁོར་ལྷོར་གྲུ་གསུམ་བྲི་སྟེ་ཨེ་རྃ་གྱིས་དྲག་པོའི་དལ་བསྐྱེད་ལ། ཨ་དང་། མ་ལས་བྱུང་བའི་ཉི་ཟླའི་གདན་གྱི་སྟེང་དུ། བསྒྲལ་བའི་ཐབས་ལ་མཁས་པས་གན་རྐྱལ་གྱིས་སྙིང་གར་རྡོ་རྗེས་མནན་བཞག་གོ། །ལྷའི་ང་རྒྱལ་བདག་དཔལ་ཆེན་པོའི་ང་རྒྱལ། སྒྲོལ་གིང་ཏ་ཀི་ར་ཙ། གྲི་འཇམ་དཔལ་རྣོན་པོ། ལག་སོར་དཔའ་བོ་འབྲུ་ལྔ། བསྒྲལ་བྱ་རུ་ཏྲ་རང་རྒྱལ་དང་ལྔ། མཆན། ལྔས་ལག་གི་འདུ་བྱེད་ཀྱིས་བསྒྲལ་ལོ། །ཏིང་འཛིན་བསྒོམ་པ་བསྒྲལ་བྱའི་རྣམ་ཤེས་ཧཱུྃ་དཀར་པོ་དྲུག་ཏུ་གྱུར་པས། འཁོར་བར་སྐྱེ་བའི་ས་བོན་དྲུག་བག་ཆགས་བཅས་རྣམ་པར་དག །ཧཱུྃ་དེ་སྣ་བུག་གཡོན་ནས་ཞུགས་སྐུའི་དབྱིབས་བརྒྱུད་ཡུམ་གྱི་མཁའ་དབྱིངས་སུ་ཐིམ་པར་བསྒོམ། དེ་ནས་ཡུམ་མཁར་ཡིག་འབྲུ་དེ་ཐུགས་ཕྱག་རྒྱར་རྡོ་རྗེ་འོད་འབར་བ་གཅིག་ཏུ་གྱུར། རྡོ་རྗེ་དེ་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ་འོད་ཟེར་སྣ་ལྔ་འཕྲོ་བས་རབ་ཏུ་བརྗིད་པ་དང་ལྡན་པ། རྡོར་སེམས་སྤྱི་གཙུག་ཏུ་འཁོར་བ་ལས་རྣམ་པར་རྒྱལ་བ་མི་བསྐྱོད་པ་ཚོན་གང་བ་རིགས་བདག་བཅས་བསྒོམ། དེ་ལྟར་བསྒྲལ་བའི་ཤེས་པ་ཉིད་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ནས་དེ་ཡང་། ཨ་ལས་ཟླ་དཀྱིལ་དུ་བཞག་པ། ཡཾ་ལས་རླུང་གིས་བཏེག་ནས་ཨ་ཡཾ་སྥ་ར་ཎ་ཕཊཿ ཅེས་པས་འོག་མིན་དུ་འཕངས་ཏེ། འོག་མིན་གྱི་རྒྱལ་བ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་མཁའ་གསང་དུ་སོང་ནས་རྡོ་རྗེའི་རིགས་ཀྱི་སྲས་སུ་གྱུར། གསང་བ་བྱང་ཆུབ་སེམས་ཀྱི་དབང་ཡང་བསྐུར། ཧཱུྃ་བཛྲ་ངྷྲྀཀྲ་མུཾ་དཱ་དུ་ཤྭ་རཱི། ཞེས་བརྗོད་པས་རྡོར་སེམས་ཡབ་ཡུམ་གྱི་སྐུར་གྱུར། ཕཊ་ཛཿས་ཕྱིར་བརྟོན་པས་མཚན་དཔེ་རྫོགས་པའི་སྐུར་གྱུར་པར་བསྒོམ། གཉིས་པ་ཐབས་ཆེན་པོས་བསྒྲལ་བ། དེ་ཡང་སྔོན་བྱུང་དུས་སུ་སྐུ་གསུང་ཐུགས་ཤིན་ཏུ་ཁྲོས་པའི་ཁྲོ་བོ་དཔལ་ཆེན་པོ་རྡོ་རྗེ་སྲིན་པོ་ཡིས་ཐུགས་རྗེ་དང་བསྒྲལ་བའི་ཐབས་ཀྱི་སྒོ་ནས་ལྷ་ཆེན་རུ་ཏྲ་འཁོར་དང་བཅས་པ་བསྒྲལ་བ་ལྟར། རྗེས་འཇུག་གི་རྣལ་འབྱོར་པས་ཆོས་ཉིད་མངོན་སུམ་དུ་ལྟ་བས་རྟོགས་པའི་གདེང་ལྡན་གྱི་ཏིང་འཛིན་གྱིས་གོམས་ནས། སྦྱོར་ལམ་མཐར་ཕྱིན་པའི་དུས་སུ་བསྒྲལ་བྱ་སྒྲོལ་བྱེད་གཉིས་སུ་མེད་པར་ཐབས་ཀྱི་སྒོ་ནས་བསྒྲལ་ཞིང་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་བྱའོ། །གསུམ་པ་དབང་པོ་ཡུལ་དུས་ཀྱི། གང་གིས་བསྒྲལ་ན། སྦྱོར་ལམ་པའི་ཐུགས་རྗེ་ཆེན་པོའི་སྒོ་ནས་དགོངས་པའི་བྱིན་རླབས་ཀྱིས། གང་བསྒྲལ་ན་ཨ་ནྲྀ་སུ་ཏྲི་པྲེ་དུ་ཛ་ཞེས་ལམ་རྒྱུད་ལྔའི་སེམས་ཅན་མ་ལུས་པའི་རྣམ་ཤེས་ཀུན་བཀུག་ནས། གང་ལྟར་བསྒྲལ་ན། སེམས་ཅན་ཐམས་ཅད་ཀྱི་བདག་འཛིན་མ་ལུས་པ་ཆོས་ཉིད་གཉིས་སུ་མེད་པའི་ངང་དུ་བསྒྲལ་བར་བྱའོ། །བཞི་པ་རང་བཞིན་གྱི། བསྒྲལ་ཞིང་ནི་ཕྱི་ནང་སྣོད་བཅུད་ཀྱི་འཇིག་རྟེན་ཇི་སྙེད་ན་གནས་པའི་འགྲོ་དྲུག་གི་སེམས་ཅན་ཕྲ་རགས་མ་ལུས་པ་ཀུན། སྒྲོལ་མཁན་བདག་ཉིད་དག་མཉམ་ཆེན་པོ་ལྟ་བས་རྟོགས་པ་སྦྱོར་ལམ་པ་ཡི། བསྒྲལ་ཐབས། རང་བཞིན་མཉམ་ཉིད་ཀྱི་དབྱིངས་སུ་ཡང་ནི་རྟོགས་པས་བསྒྲལ་བར་བྱ་བའོ། །ལྔ་པ་ཏིང་ངེ་འཛིན་གྱིས་སྒྲོལ་བ། ཕྱི་ལྟར་དབུས་ཀྱི་རི་རབ་ཆེན་པོའི་ཕྱོགས་བཞིའི་གླིང་བཞི་གླིང་ཕྲན་བརྒྱད་ལ་གནས་པའི་སེམས་ཅན་བསྒྲལ་བྱ་མ་ལུས་པ་ཀུན། སྒྲོལ་བའི་མཁན་པོ་ཐུགས་རྗེ་ཆེན་པོའི་སྟོང་ཉིད་སྙིང་རྗེ་དང་ལྡན་པའི་སྦྱོར་ལམ་རྣལ་འབྱོར་པ་ཏིང་འཛིན་དང་ལྡན་པའི་བྱིན་རླབས་ཀྱིས། བསྒྲལ་ཐབས་ཏིང་འཛིན་རང་རིག་རྃ་དུ་གསལ་བའི་ཡེ་ཤེས་ཀྱི་མེ་ཆེན་པོ་འབར་བར་བསྒོམ་པར་བྱས་ཏེ། ཡེ་ཤེས་ཀྱི་མེ་དེས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་པའི་རྣམ་རྟོག་བག་ཆགས་མ་ལུས་པ་བསྲེག་པར་བྱའོ། །སེམས་ཅན་ཀུན་གྱི་སེམས་གཉིས་མེད་ཆོས་ཀྱི་དབྱིངས་སུ་ཡང་ནི་རང་གྲོལ་དུ་བསྟིམ་པ་སྟེ་རྟོགས་པར་བྱ། ཕྱི་ས་འོག །ས་བླ། ས་སྟེང་སྟེ་སྲིད་པ་ཁམས་གསུམ་མམ། ནང་ལུས་ངག་ཡིད་གསུམ་གྱི་མཚན་ལ་ཐམས་ཅད་བསྲེག་པའི་མེ་ཡིན་ནོ། །མེ་རང་རྒྱུད་པས་བསྲེགས་པ་ལྟར་མ་ཡིན་ཏེ། རྣལ་འབྱོར་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལྟ་དགོངས་ལས་སུ་རུང་བས་ཡེ་ཤེས་ཀྱི་མེ་རུ་རབ་ཏུ་འབར་ཏེ་བསྲེགས་པ་ཡིན་ནོ། །ཡེ་ཤེས་ཀྱི་མེ་བསྐྱེད་པའི་ས་བོན་ནི། རྃ་ཡིན་པའོ། །གཉིས་པ་བསྒྲལ་བས་མི་གོས་པའི་གཏན་ཚིགས་ལ་བཞི་སྟེ། དང་པོ་བདེན་པ་གཉིས་ཀྱི་ཚུལ་དུ་རྟོགས་པས་སྦྱོར་སྒྲོལ་གྱིས་མི་གོས་པ་ན་དེས་བདག་ལ་མི་སྒྲིབ། གཞན་ལ་སྡུག་བསྔལ་མི་བསྐྱེད་པས་ངོ་མཚར་ཞིང་ལས་ངན་སྤྱད་པས་གནས་ངན་པར་འགྲོ་བའི་རྒྱུ་ཞིང་བཅུ་ཐམས་ཅད་སྡུག་བསྔལ་ལས་ཐར་བར་བྱེད་པའི་ཐབས་འདི་ལས་ལྷག་པ་མེད་དོ། །གཞི་རང་བཞིན་གྱི་སྣང་བ་ཡེ་གདོད་མ་ནས་སྐྱེ་བ་མེད་པའི་རྒྱུ་ཤེས་པའི་ལྟ་བས་དེ་བཞིན་ཉིད་རྟོགས། རྐྱེན་འཇུག་པ་ཏིང་ངེ་འཛིན་གྱིས་ཉམས་སུ་བླངས་པས། ལུས་སྒྱུ་མར་སྣང་བ་འདི་ཡང་ཐོལ་མིར་འཛིན་པ་ལྟ ར་མིག་ཡོར་གྱི་ཚུལ་དུ་ཤེས་ནས། དངོས་གྲུབ་གཉིས་སྒྲུབ་པའི་དོན་དུ་སྦྱོར་བ་དང་སྒྲོལ་བའི་བྱ་བ་ཀུན་བྱས་ཀྱང་། རང་མཚན་ལྟར་བྱས་པའི་དྲི་མ་རྡུལ་ཕྲ་རབ་ཀྱི་ཆ་ཤས་ཙམ་ཡང་བྱས་པ་མེད་པས་ན། སྐྱོན་གྱིས་མི་གོས་བར་བསྟན་པའོ། །གཉིས་པ་ཕུང་པོ་ལ་རྣམ་པར་དབྱེ་བའི་གཏན་ཚིགས་ཀྱིས་སྒྲོལ་བས་མི་གོས་པ། ཚུལ་དེ་ལྟར་རྟོགས་ན་ཀུན་རྫོབ་ཏུ་སེམས་ཅན་བསྒྲལ་བ་ཡི་བྱ་བ་ཀུན་བྱས་ཀྱང་། དོན་དམ་ལྟར་ན་བསྒྲལ་བའི་དངོས་པོ་དེ་དག་མ་གྲུབ་པས་རང་རྒྱུད་པ་གང་ཡང་མེད་དོ། །སྤྱིར་ལོག་རྟོག་ངོ་བོར་སྣང་བའི་ཕུང་པོ་ལྔ་པོ་འདི་རིག་པས་བརྟགས་ཏེ་རང་བཞིན་མེད་པར་ཕྲ་རབ་ཏུ་གཞིག་པར་བྱ། བྱེ་བྲག་གཟུགས་ཕུང་སོགས་བཤིགས་ན་ཤ་རུས་ལ་སོགས་འབྱུང་བ་ཁམས་ལྔའི་བག་ལ་ཞལ། འོ་ན་བཀག་པའི་སྟོང་པའོ་ཞེ་ན། རིག་པས་མ་བཤིགས་ཙམ་ན་ཡང་ཤ་རུས་ལ་སོགས་འབྱུང་བ་ལྔ་ཡི་ངོ་བོ་ཡིན་པས་བསྒྲལ་རྒྱུ་མེད་དོ། །གསུམ་པ་རྣམ་ཤེས་ལ་དམིགས་སུ་མེད་པས་སྒྲོལ་བས་མི་གོས་པ། སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་རང་རྒྱུད་གཟུགས་སུ་གྲུབ་པ་མེད་པས་བསད་པར་བྱས་ན། དཔེར་ན་རྨི་ལམ་དུ་སྲོག་གཅོད་པར་སྣང་ཡང་དོན་ལ་མ་གྲུབ་པའི་ཚུལ་ཅི་བཞིན་དུ། འཁྲུལ་ངོར་སྲོག་གཅད་བྱ་གཅོད་བྱེད་དུ་གནས་པ་ཉིད་ན་ཡང་དག་པའི་དོན་ལ་དངོས་པོ་རང་རྒྱུད་པ་མེད་པའོ། །བཞི་པ་སེམས་ཀྱི་རང་བཞིན་ལ་སྒྲོལ་དུ་མེད་པ། ཀུན་གཞི་བྱང་ཆུབ་སེམས་ཀྱི་རང་བཞིན་སྤྲོས་དང་བྲལ་བའི་ཆོས་ཉིད་དེ་ལ་ནི། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དགྲར་ལངས་ཀྱང་། སངས་རྒྱས་ལ་སོགས་སུས་ཀྱང་ཟིན་ཅིང་སོད་པ་མེད་པའོ། །གསུམ་པ་སྒྲོལ་བའི་ངེས་ཚིག །འོ་ན་བསྒྲལ་རྒྱུ་མེད་ན་ཅི་བསྒྲལ་ཅེ་ན། རྣལ་འབྱོར་བའི་ཐུགས་རྗེས་གདུལ་བྱ་གང་བསྒྲལ་ན། བདག་འཛིན་ལ་སོགས་རྣམ་པར་རྟོག་པའི་མཚན་མར་ཞེན་པ་ཐམས་ཅད་ཀུན། ལོག་རྟོག་ཕྱིན་ཅི་ལོག་ཏུ་འཛིན་པ་ལས་བཟློག་པར་བྱས་ཏེ། བསྒྲལ་བའི་ལྟ་དགོངས་ཏིང་འཛིན་དང་། སྔགས་དང་ཕྱག་རྒྱ་རྣམས་ལ་བློ་ཤིན་ཏུ་གོམས་ཤིང་བརྟན་པར་གྱུར་པས་བསྒྲལ་བྱའི་ཤེས་པ་ལ་དབང་བསྐུར་ཏེ། འབྲས་བུ་བླ་མེད་བྱང་ཆུབ་ཀྱི་ཞིང་ལ་དགོད་པར་བྱ། ལོག་རྟོག་རྒྱུན་བཅད་བྱང་ཆུབ་ལ་བཀོད་པ་དེ་ཀ་ཙམ་ལ་ནི་འཁོར་བ་ལས་བསྒྲལ་བའི་དོན་གྱིས་བསྒྲལ་བ་ཞེས་བྱ་བར་ཐ་སྙད་དུ་གདགས་སོ། །བཞི་པ་སྦྱོར་སྒྲོལ་ཐ་དད་མེད་པར་བསྟན་པ། དེ་ཡང་གཉིས་འཛིན་གྱི་རྟོག་པ་བསྒྲལ་བ་ཡི་དུས་ཉིད་ན་ཆོས་ཉིད་གཉིས་མེད་དུ་སྦྱོར་བ་ཡང་ཚང་བ་ཡོད་དེ། ཇི་ལྟར་ཞེ་ན། བསྒྲལ་བྱའི་རྒྱུ་ཉོན་མོངས་དང་། འབྲས་བུ་སྡུག་བསྔལ་མ་ལུས་ཀུན་རྩད་ནས་བཅད་ནས། འབྲས་བུ་བླ་མེད་བྱང་ཆུབ་ཀྱི་གནས་སུ་བསྒྲལ་བས་ན། བསྒྲལ་བྱ་སྒྲོལ་བྱེད་གཉིས་སུ་མེད་པ་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་སྦྱོར་བ་ཡིན་ནོ། །གཉིས་པ་ག་ན་སྦྱོར་བ་ལ་ལྔ། མངོན་དུ་ཕྱུང་བའི་སྦྱོར་བ། རང་བཞིན་གྱི། དབང་པོ་ཡུལ་དུས་ཀྱི། ཏིང་ངེ་འཛིན་གྱི། ཐབས་ཆེན་པོའི་སྦྱོར་བའི་ཕན་ཡོན་གྱི་ངོས་ནས་འཇུག་བསྡུ་བའོ། །དང་པོ་ལ་བཞི། དང་པོ་གང་ལ་སྦྱོར་བའི་ཡུམ། དེ་ཡང་ཕྱི་ལྟར་ན་ལྷ་མོ་དངོས་དང་། ཀླུ་མོ་དངོས། རིག་ངན་མོ་སྟེ། དེ་ལ་དབྱེ་ན་བཞི། དང་པོ་ལོ་གྲངས་ཀྱི་དབྱེ་བ། ལོ་བཅུ་གཉིས་ལ་ལྷ་མོ། བཅུ་དྲུག་ཀླུ་མོ། ཉི་ཤུ་མ་རིགས་ངན་མོའོ། །གཉིས་པ་རྩ་ཡི་སྒོ་ནས་དབྱེ་བ། འདབ་མ་བརྒྱད་པ་ལྷ་མོ། འདབ་མ་བཞི་པ་ཀླུ་མོ། འདབ་མ་གཉིས་རིགས་ངན་མོའོ། །གསུམ་པ་བྱང་སེམས་སྒོ་ནས་དབྱེ་བ། ཉི་ཟླ་གཉིས་འཛག་པ་ལྷ་མོ། ཉི་མ་ཀླུ་མོ། གཉིས་ཀ་མི་འཛག་པ་རིགས་ངན་མའོ། །བཞི་པ་སྦྱོར་ཐབས་ཀྱི་སྒོ་ནས་དབྱེ་བ། བདག་གཞན་གཉིས་ཀྱི་བདེ་བ་བསྐྱེད་པ་ལྷ་མོ། གཞན་བདེ་བ་ཀླུ་མོ། བདག་བདེ་བ་ཙམ་རིགས་ངན་མའོ། །དེ་ལྷར་བཟང་ངན་དབྱེ་ནས་རིགས་བཟང་བརྟེན་ཅིང་རིགས་ངན་མི་བརྟེན་པའམ་ཡང་རྣལ་འབྱོར་པ་ནུས་པ་ཆེ་ན་བཟང་ངན་མི་དབྱེ་བར་བྱ་སྟེ། དངོས་སུ་ལྷ་ཀླུའི་བུ་མོ་བཀུག་པའི་ཕྱིར་རོ། །གཉིས་པ་ཅི་ལྟར་སྦྱོར་བའི་ཐབས་ལ་གཉིས། དང་པོ་མདོར་བསྟན། དང་པོ་ཡུམ་ལ་ཁྲུས་གསུམ་བྱ། རྒྱན་གསུམ་གདགས། ཆོས་གསུམ་བཤད་ནས་སྟ་གོན་དུ་བྱས་པ་ནི་བསྙེན་པའི་ཡན་ལག །མཁའ་གསང་བརླབས། སྦྱོར་བའི་བརྡས་བསྐུལ། ཡོ་བྱད་བཞི་དང་། འདོད་པའི་བསྟན་བཅོས་དྲུག་ཅུ་རྩ་བཞིས་ནི། བདེ་བ་རྒྱས་བར་བྱེད་པ་ཉེ་བའི་བསྙེན་པའོ། །ཕྱག་རྒྱ་བཞིས་རོལ་པ་ནི་སྒྲུབ་པ་དང་ནི། ཉི་ཟླ་རྡོ་རྗེའི་ལྕེས་བླང་བ་ནི་སྒྲུབ་པ་ཆེན་པོ་སྟེ། ནུབ་ཐ་མ་ལ་མཐོང་ལམ་གྱི་ཡེ་ཤེས་ཆེན་པོ་རྒྱུད་ལ་སྐྱེ་བར་བྱེད་པ། དངོས་གྲུབ་ཆེན་པོ་ཡུམ་གྱི་མཁའ་ལས་བླང་བའི་དབང་དུའོ། །གཉིས་པ་རྒྱས་བཤད་ལ་བཞི། དང་པོ་བསྙེན་པ། ཤེས་རབ་བམ་དབྱིངས་ཀྱི་ཆ་འཛིན་པའི་ཡུམ་གཟུངས་མ་མཚན་ཉིད་ལྡན་པ་ལ། དག་ཆལ། འོ་མ། དྲི་བཟང་གི་ཁྲུས་གསུམ་བཅས་བྱས་ལ། དར་དང་རིན་པོ་ཆེ་རུས་པའི་རྒྱན་གསུམ་གྱི་ཆས་སུ་ཞུགས། གཉིས་པ་ཉེ་བའི་བསྙེན་པ། དེ་ནས་ཡུམ་གྱི་ལུས་ལ་བདེ་གཤེགས་ཡུམ་གྱི་དཀྱིལ་འཁོར་ཀུན་བཀོད་དེ་ཕུང་ཁམས་ལྷར་བྱིན་བརླབས། མཁང་གསང་གཞལ་ཡས་ཁང་དུ་ཚོམ་བུའི་ལྷ་བཀོད། རྣལ་འབྱོར་པ་བདག་ཉིད་རིག་པ་རྡོ་རྗེ་སེམས་དཔའི་ལྷར་བསྒོམས་ནས། གསུམ་པ་སྒྲུབ་པ་ལ་གསུམ། དང་པོ་སྦྱོར་བ་དངོས། ཕྱག་རྒྱ་བཞིས་རོལ་བ་ནི། ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པར་ཟུང་འབྲེལ་དུ་ལྡན་པར་བྱ། གཉིས་པ་སྦྱོར་བའི་ཏིང་འཛིན། ཡབ་ཀྱི་གསང་བའི་རྡོ་རྗེ་དང་། ཡུམ་གྱི་དྲིལ་བུ་གཉིས་སུ་མེད་ཅིང་ལས་སུ་རུང་བ་དང་ལྡན་པ་བྱས་པར་གྱུར་ནས། ཡུམ་གྱི་མཁའ་གསང་པདྨའི་རྣམ་པ་འདབ་མ་བརྒྱད་པའི་དཀྱིལ་འཁོར་གཞལ་ཡས་ཁང་དུ་བསྐྱེད་པ་ཉིད་དུ། ཡབ་ཀྱི་གུ་ཧྱ་བཛྲ་གཞུག་ལ། དཔེ་གཅིག་ལ། བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། ཞེས་སྣང་། ཆད་འདྲ། ཡབ་ཀྱི་བྱང་ཆུབ་སེམས་ཐིག་ལེ་ཉིད་ཡུམ་གྱི་པདྨའི་གནས་སུ་སོན་པས་བདེ་བ་ཆེན་པོའི་ཐུགས་ཀྱི་དཀྱིལ་འཁོར་དུ་སྤྲོ་བར་བྱ་བ་ནི། གཡོ་ལྡང་བྱང་ཆུབ་ཀྱི་སེམས། འཇིག་འཇུག །གནས་པ། སྨོན་པ། མཐར་ཕྱིན་པའི་སེམས་དང་ལྔའི་རིམ་པ་བྱུང་བའི་དེ་བཟུང་བའི་ཐབས་ཀྱིས་ངོས་ཟིན་པ་ཡིས། ལུས་དང་མཁང་གསང་དུ་བཀོད་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ལ་བྱང་ཆུབ་ཀྱི་སེམས་དགྱེས་པ་ཆེན་པོ་བདེ་བའི་མཆོད་པ་ཕུལ་བས། བདག་དང་སངས་རྒྱས་སེམས་ཅན་ཐམས་ཅད་རང་རིག་པའི་ངོ་བོར་མཉམ་པའི་ཕྱིར། བདེ་བས་བདག་མཆོད་རྒྱལ་བ་མཉེས་པ་ནི་མཆོག་གི་མ་ཞེན་པའི་སྦྱིན་པ་ཡིན་པས་ན། གཉིས་མེད་བདེ་ཆེན་དུ་བསྟིམ་མོ། །གསུམ་པ་སྦྱོར་བའི་ཡོན་ཏན། ཕྱོགས་བཅུ་དང་དུས་བཞིའི་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་མཉེས་པ་དང་། རྣལ་འབྱོར་པའི་རིག་པ་དང་འགྲོ་དྲུག་གི་སེམས་ཅན་དབྱེར་མེད་པས་འགྲོ་བ་སེམས་ཅན་མང་པོས་ཀྱང་དགྱེས་པའི་བདེ་བ་མཉམ་དུ་ཐོབ་ནས། སླར་ཡང་ཡབ་ཡུམ་བདེ་སྟོང་གཉིས་སུ་མེད་པའི་མཁའ་དབྱིངས་སུ་སྒྲོལ་བས་ན་ཐིམ་ཞེས་པའོ། །དེ་ལྟར་ཐིམ་པར་གྱུར་ནས་ཡུམ་གྱི་མཁའ་དབྱིངས་ནས་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་འབར་བར་བསམ་མོ། །དེ་ཡང་བདེ་བར་གཤེགས་པ་ཐབས་ཡབ་དང་ཤེས་རབ་ཡུམ་གཉིས་མེད་དུ་རྫོགས་ཤིང་རིགས་ལྔ་ལྷུན་གྲུབ་ཀྱི་ཕྱག་རྒྱ་དྲུག་པ་ཀུན་ཏུ་བཟང་དང་། ཐུབ་པ་དྲུག་ཀྱང་ཡང་དག་པར་རྫོགས། དེ་ལྟར་སྣང་བ་མ་འགགས་པ་བསོད་ནམས་ཀྱི་ཚོགས་དང་། དེ་ལ་མ་ཆགས་པ་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་ཆེན་པོ་གཉིས་ཀྱང་རྫོགས་པར་འགྱུར་རོ། །བཞི་པ་སྒྲུབ་པ་ཆེན་པོ་ལ་གཉིས། དང་པོ་དངོས་གྲུབ་ཆེན་པོ་ཡུམ་གྱི་མཁའ་ལས་བླང་བ། དེ་ལྟར་བདེ་ཆེན་ཡེ་ཤེས་སྒྲུབ་པའི་ཐབས་ཡན་ལག་བཞིའི་སྒྲུབ་ཆེན་མཐར། དངོས་གྲུབ་བླང་བར་བྱ་སྟེ། གང་བླང་ན་ཡབ་ཡུམ་གཉིས་སུ་མེད་པར་རོལ་བ་ལས་བྱུང་བའི་ཐིག་ལེ་ཉི་ཟླ་གཉིས་འདྲེས་པའི་ཡོན་ཏན་ཐམས་ཅད་ཀྱི་བཅུད་འདུས་པའི་སྟིང་པོ་དེ། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཡེ་ཤེས་ལྔར་གསལ་བར་ཕྱེད་པའི་རྟེན་ཡིན་པས་ན་དེ་བླང་བར་བྱའོ། །སུས་བླང་ན་བར་ཆད་མེད་ལམ་པས། དུས་ནམ་བླང་ན་། ཚོགས་སྒྲུབ་ནུབ་ཐ་མའི་ཐོ་རངས་དུས། གང་ནས་བླང་ན། ཡུམ་གྱི་མཁའ་ནས། གང་གིས་བླང་ན། ཐིག་ལེ་འདྲེན་ཟློག་ལ་མཁས་པའི་ཡབ་ཀྱི་རྡོ་རྗེ་ལྕེ་ཡིས་བླང་སྟེ། གསང་བ་རྡོ་རྗེ་ཉིད་དོ། །ཡང་ན་ལྕེ་རྡོ་རྗེ་རྩེ་ལྔ་བསྒོམ་དེ་ཡིས་བླང་ངམ། ཚུལ་ཇི་ལྟར་བླང་ན་བུང་བས་མེ་ཏོག་འཇིབ་པའི་ཚུལ་དུ་བླང་ངོ་། །དགོས་ཆེད་ཅིའི་ཕྱིར་བླང་ན། དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་ཐོབ་པར་བྱ་ཕྱིར་བླང་ངོ་། །གཉིས་པ་དངོས་གྲུབ་བླངས་པའི་ཡོན་ཏན། དངོས་གྲུབ་གཉིས་ཏེ་གང་ཞེ་ན། མཁའ་ལ་བྱ་བཞིན་འགྲོ་ཞིང་ལྷའི་བུ་མོ་ལ་ལོངས་སྤྱོད། ཁ་དོག་གསལ་བ། འོད་ཟེར་གཟི་བརྗིད་འབར་བ། ཚེ་རིང་བ་ལ་སོགས་པའི་ཁོང་ནས་ས་ལ་བྱི་བ་བཞིན་འཛུལ་ནས་ཀླུའི་བུ་མོ་ལ་སྤྱོད་པ། གཞན་ཡང་མངོན་ཤེས་དང་རྫུ་འཕྲུལ་དུ་མ་ཐོབ་བོ། །མཆོག་གི་དངོས་གྲུབ་ནི་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལས་མ་གཡོས་བཞིན་དུ་དགོས་འདོད་ཆར་བཞིན་འབྱུང་བས་ན་སྤྲིན་གྱི་ཚོགས། རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཡང་ཐོབ་པར་འགྱུར། གསུམ་པ་དེ་ལྟར་སྦྱོར་བའི་ཡོན་ཏན། འགྲོ་དྲུག་གི་དུས་དང་གནས་ནས་ཐ་མལ་བའི་བདེ་བ་ལ་སྦྱོར་བའི་ཡོན་ཏན་དེ་དག་སྣང་ཞིང་ཡོད་པ་ཡིན་ཀྱང་ངོ་མ་ཤེས་ཐབས་ཀྱིས་མ་ཟིན་པ་ཡིན་ནོ། །སྦྱོར་བའི་མཆོད་པ་ཐབས་ཀྱིས་ཟིན་པའི་ཡེ་ཤེས་བདེ་བ་ཆེན་པོ་ཡབ་ཡུམ་མཉམ་པར་སྦྱོར་ཞིང་། རྟོག་པ་ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་དབྱིངས་སུ་སྦྱོར་བས་ན། དེའི་ཡོན་ཏན་གྱིས་ངན་འགྲོར་མི་ལྟུང་ཞིང་ཡང་དག་པའི་འབྲས་བུ་མཐོང་ལམ་འགྲུབ་པར་འགྱུར་རོ། །བཞི་པ་སྦྱོར་སྒྲོལ་གཉིས་དོན་ལ་ཐ་དད་མེད་པར་བསྟན་པ། སྦྱོར་བས་བདེ་ཆེན་ལྷན་སྐྱེས་ཡེ་ཤེས་ཀྱི་དོན་རྟོགས་པ་འདི་ནི་གཉིས་འཛིན་གྱི་རྟོག་པ་རྣམས་བསྒྲལ་བ་ཆེན་པོའམ་ངན་སོང་ལས་བསྒྲལ་བ་ཡང་ཡིན་ལ། ཆགས་རྟོག་བསྒྲལ་བ་ཉིད་ན་ཆོས་ཉིད་བྱང་ཆུབ་ལ་སྦྱོར་བ་ཡང་ཡིན་པས། དེ་ལྟར་སྦྱོར་བའི་དུས་ཉིད་ན་རྟོག་པ་རང་ཁ མ་མ་ལུས་བསྒྲལ་བའི་ཕྱིར་སྦྱོར་སྒྲོལ་གཉིས་ཐ་དད་མེད་པའོ། །གཉིས་པ་རང་བཞིན་གྱི་སྦྱོར་བ། གཞི་ཡེའམ་གདོད་མ་ནས་རྟོག་པ་རགས་པ་ཐམས་ཅད་ལྷ་ཡབ་དང་། ཕྲ་བ་ཐམས་ཅད་ཡུམ་ལྷ་མོ་ཡི་དཀྱིལ་འཁོར་དུ་གསལ་བར་གནས་པ་ཡང་དག་པའི་ས་ལ་སྦྱོར་བ་དང་། གསུམ་པ་དབང་པོ་ཡུལ་དུས། དབང་པོ་རྣམ་ཤེས་བརྒྱད་ལྷ་སེམས་དཔའ་ཡབ་བརྒྱད་དང་། ཡུལ་དུས་བརྒྱད་ལྷ་སེམས་མ་བརྒྱད་དུ་གསལ་བ་སྟེ། དེ་གཉིས་འཕྲད་པ་ནི་ལྷ་ཡབ་ཡུམ་གཉིས་མེད་དུ་སྦྱོར་བ་སྟེ་དབང་པོ་ཡུལ་དུས་ཀྱི་སྦྱོར་བའོ། །བཞི་པ་ཏིང་ངེ་འཛིན་གྱི། ཕུང་པོ་ལྔ་པོ་ཉིད་རིགས་ལྔའི་དེ་བཞིན་གཤེགས་པ་དང་ས་ལ་སོགས་པའི་འབྱུང་བ་ལྔ་ཉིད་རིགས་ཀྱི་ཡུམ་ལྔ་ཉིད་དུ་སྦྱོར་བ་དང་། དབང་པོ་བཞི་རྣམ་ཤེས་བཞི་སེམས་དཔའ་བརྒྱད། ཡུལ་བཞི་དུས་བཞི་ལྷ་མོ་སེམས་མ་བརྒྱད་ཉིད་དུ་སྦྱོར་བ་དང་། བདག་རྟོག་རྣམ་བཞི་ཁྲོ་བོ་བཞི་དང་། རྟག་ཆད་མུ་བཞི་ཁྲོ་མོ་བཞི་སྦྱོར་བ་དང་། ཡིད་ཆོས་གཉིས་ཀུནབཟང་ཡབ་ཡུམ། ཉོན་དྲུག་ཐུབ་དྲུག །དེ་ལས་གཞན་པ་ཁྲོ་མོའི་དཀྱིལ་འཁོར་ལ་སོགས་རྟོག་ཚོགས་ཐམས་ཅད་མ་ལུས་པར་འབྱུང་བ་ཀུན། ཆོས་ཉིད་མཉམ་པའི་དབྱིངས་དང་དེ་རྟོགས་པའི་རང་རིག་པའི་ཡེ་ཤེས་སུ་ལྷག་པའི་ཏིང་འཛིན་གྱིས་དཀྱིལ་འཁོར་དུ་མཉམ་པར་སྦྱོར་བའོ། །ལྔ་བ་ཐབས་ཆེན་པོ་སྦྱོར་བའི་ཕན་ཡོན་གྱིས་མཇུག་བསྡུ་པ། སྔོན་བྱུང་དུས་དཔལ་ཆེན་པོས་མ་ཆགས་ཐབས་ཀྱི་སྦྱོར་བས་སྲིན་མོ་སྐེམ་མ་དང་། དབང་མོ་རྣམས་ལ་རོལ་ཀྱང་ཉེས་པས་མ་གོས་པ་ལྟར། རྗེས་འཇུག་རྣལ་འབྱོར་པས་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་ཡི་དུས་ཉིད་ན་ཐབས་མཁས་བདེ་བའི་རོ་ལ་ཆགས་པ་རང་ག་མ་མེད་པའོ། །དེ་ལྟར་བདེ་བའི་རོ་ལ་མ་ཆགས་པ་ཡེ་ཤེས་སུ་ཤར་བ་ལ་ཕོ་མོ་གཉིས་སུ་སྣང་ནས་ཆགས་པར་རང་ག་མ་དང་ཚུལ་མཐུན་པར་ཆགས་པ་སྤྱོད་པའི་དུས་ཉིད་ན་ཆགས་པའི་རོ་ཉིད་ཡེ་ཤེས་སུ་གསལ་བས་ཆགས་པ་ཟིན་པ་དང་ཆགས་པའི་སྐྱོན་གྱིས་གོས་པ་མེད་པའི་དོན་འདི་ནི་ཚངས་པར་སྤྱོད་པའི་མཆོག་བདེ་བའི་ཡེ་ཤེས་ལ་དབང་སྒྱུར་བས་རྒྱལ་པོ་ཡིན་ཏེ། དེ་ནི་ཤིན་ཏུ་ཡང་དག་པའི་ཆགས་པ་ཆེན་པོ་སྤང་གཉེན་རོ་གཅིག་ཏུ་གྱུར་པས་དེ་བཞིན་གཤེགས་པའི་དགོངས་པའི་ངོ་བོ་ཉིད་ཡིན་ནོ། །གསུམ་པ་རང་ག་མར་སྤྱོད་པའི་སྐྱོན། སྦྱོར་སྒྲོལ་གཉིས། དོན་དམ་ཆོས་ཉིད་ཀྱི་ལྟ་བ་མ་རྟོགས་པ་ཡི་རྣལ་འབྱོར་པས། ཁ་འབྱམས་ཚིག་གི་ལྟ་བ་སྒྲའི་རྗེས་སུ་འབྲངས་ནས་སྦྱོར་སྒྲོལ་རང་གར་སྤྱད་པར་གྱུར་ན། སྦྱོར་བའི་རྣམ་སྨིན་འབྲས་བུས་ཡི་དྭགས་དང་། རོ་མྱགས་འདམ་གྱི་དམྱལ་བ་དང་། རྒྱུ་མཐུན་འབྲས་བུ་མངལ་གྱི་སྲིན་བུར་སྐྱེ་བར་བཤད། སྒྲོལ་བའི་རྣམ་སྨིན་འབྲས་བུ་ཡང་སོས་དམྱལ་བ་དང་། རྒྱུ་མཐུན་འབྲས་བུ་ལས་ཀྱི་སྲིན་པོའི་གནས་སུ་སྐྱེ་བར་བཤད་དོ། །གཉིས་པ་ཡོ་བྱད་བཞི་ལ་སྤྱོད་ཐབས་ལ་གཉིས། སྤྱོད་པའི་ཐབས་དངོས་དང་། སྤྱོད་པའི་ཡོན་ཏན་ནོ། །དང་པོ་ལ་བཞི་སྟེ། དང་པོ་སྤྱད་ཐབས་ཀུན་སྤྱིར་ཞི་བ་དང་མཐུན་པར་བསྟན་པ། སྦྱོར་ལམ་རྣལ་འབྱོར་པས་ཚོགས་སྒྲུབ་པའི་མཆོད་པ་བྱེད་པའམ། འགྲོ་ཉལ་འདུག་སྡོད་ལ་སོགས་སྤྱོད་ལམ་བཞི་པོ་ཐམས་ཅད་དུ། དུར་ཁྲོད་ཆས་བརྒྱད་ཀྱི་རྒྱན་རྣམས་བགོས་ཤིང་གདགས་པར་བྱས་ཏེ། བཟའ་དང་བཏུང་བའི་ཡོ་བྱད་རྣམས་ཞི་བ་ཚོགས་སྒྲུབ་ཀྱི་རྗེས་སུ་མཐུན་པར་མཚན་མེད་ཏིང་འཛིན་ལྡན་པར་ལོངས་སྤྱད་ཅིང་། རྐང་པའི་བྲོ་དང་ལག་པའི་གར་ངག་གི་གླུ་ཚིག་རྣམས་ཀྱང་མཚན་མེད་ཀྱི་ཏིང་འཛིན་གསལ་བ་དང་ལྡན་པར་བྱའོ། །གཉིས་པ་བྲོ་གར་སྤྱད་ཐབས་ལ་གཉིས། དང་པོ་ལྟ་བའི་ཕྱག་རྒྱ་ལྷ་གསལ་བའི་ངང་ལས་མི་འདའ་བ། དབང་པོ་དང་ཡུལ་དང་དུས་དང་རིག་པ་རྣམ་ཤེས་ཏེ་རྟོག་ཚོགས་དེ་རྣམས། དབང་པོ་དང་རྣམ་ཤེས་ནི་ཐབས་ཡབ་དང་། ཡུལ་དུས་ནི་ཤེས་རབ་ཡུམ་དུ་གསལ་བ་གཉིས་སུ་མེད་པར་ལྡན་པར་འགྱུར་ཞིང་། ཐབས་ཤེས་གཉིས་མེད་མཉམ་པའི་ངང་ཉིད་དུ་གནས་པ་དེ་ལྟ་བས་རྟོགས་ནས་ཏིང་འཛིན་གསལ་བར་གྱུར་ན། རྟོག་ཚོགས་ཐམས་ཅད་ལྷ་ཡབ་ཡུམ་ཟུང་འབྲེལ་ལས་མི་འདའ་བའི་གཉིས་མེད་བདེ་བ་ཆེན་པོའི་མཆོག་གི་ཕྱག་རྒྱ་ཡིན་ནོ། །གཉིས་པ་བྲོ་གར་གྱི་དུས་སུ་ལྷ་བསྒོམ་པའི་ཏིང་འཛིན་ཡོན་ཏན་དང་བཅས་པ་དེ་ལ་བཞི། དང་པོ་ཡན་ལག་ལྔ་ལ་རིགས་ལྔའི་ལྷ་བསྒོམ་ཞིང་བསྒུལ་བསྐྱོད་བྱས་པའི་ཏིང་ངེ་འཛིན་དང་ལྡན་པའི་ཡོན་ཏན་ནི། ཡབ་ཡུམ་རྣམས་ཀྱི་བསྐྱོད་ཆེན་དེ་ཡན་ལག་བཞི་མགོ་བོ་དང་ལྔ་ལ་བྷྲཱུྃ་ལས་འཁོར་ལོའི་གཞལ་ཡས་ཁང་རྩིབས་བཞི་རེ་རེ་བསྒོམས་པ་རྣམས་སུ། མགོ་བོར་བུདྡྷ་སོགས་རིགས་ཆུང་དང་ཁྲོ་བོ་ཡབ་སྟེ་ཉེར་ལྔ། ཁྲོ་མོ་ཡུལ་ཉེར་ལྔ་སྟེ་ལྔ་བཅུ་པོ་ཐམས་ཅད་ཀུན། ཏིང་འཛིན་གསལ་ཞིང་དེ་དག་ལ་འོད་ཟེར་མང་པོ་འཕྲོ་བར་བསྒོམས་ན། ལུས་བསྒུལ་བ་དང་ཡན་ལག་བསྐྱོད་པ་ཐམས་ཅད་ལྷ་ལས་མི་འདའ་བས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཡིན་ཏེ། གཉིས་པ་གོམས་པ་འདོར་དུས་ཏིང་འཛིན་དང་ལྡན་པའི་ཡོན་ཏན། དེ་ལྟར་ལྷར་གསལ་བའི་རྐང་གཡས་ཐབས་ཡབ་དང་། རྐང་གཡོན་ཤེས་རབ་ཡུམ་དུ་ལྡན་པའི་ཞབས་གཉིས་དུས་རྟག་ཏུ་རྡོ་རྗེ་རྩེ་ལྔ་པ་འོད་འབར་བར་གྱུར་པར་བསྒོམས་ནས། ཐབས་ཆེན་གོམ་པ་རེ་རེ་ས་ལ་བསྐྱོད་ཅིང་དོར་བར་བྱས་ན་ཡང་། དོན་ཆགས་པ་མེད་པའི་རྟགས་སུ་རྐང་རྗེས་ལ་མེ་ཏོག་པདྨ་ཆགས་པ་མེད་པའི་རྟགས་རེ་རེ་འབྱུང་བར་བསྒོམ། རྐང་པའི་རྡོ་རྗེ་དང་ས་གཞིའི་པདྨ་དེ་གཉིས་ཏིང་འཛིན་གསལ་བར་འབྱོར་ན། དེ་བར་དུ་གང་སོང་བའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །གསུམ་པ་ཡན་ལག་སོ་སོར་ལྷ་བསྒོམས་ནས་བསྐྱོད་པའི་ཏིང་འཛིན་ལྡན་པའི་ཡོན་ཏན། ཡན་ལག་ལྔ་རིགས་ལྔ་ཡེ་ནས་ཡིན་པ་རང་བཞིན་གྱི་དཀྱིལ་འཁོར་ཞི་བའི་ལྷ་རྣམས་ཀྱང་། དེ་རེས་འདིར་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ལྔ་བཅུ་ཡན་ལག་བཞི་མགོ་བོ་དང་ལྔ་ལ་བསྒོམ་པར་བྱ་སྟེ། དབུ་ཡི་གནས་སུ་དེ་བཞིན་རིགས་བྷུ དྡྷ་ཧེ་རུ་ཀ་རིགས་ཆུང་དང་བཅས་པའི་དཀྱིལ་འཁོར་གསལ་བ་དེ་ཉིད་བསྒུལ་ཞིང་བསྐྱོད་ན། སངས་རྒྱས་ཀྱི་དཀྱིལ་འཁོར་ཏེ་ཞིང་ཁམས་ཐམས་ཅད་ཐུགས་རྗེ་འགྲོ་བའི་དོན་ལ་གཡོ་བར་ནུས་པའོ། །ལག་གཡས་རྡོ་རྗེའི་རིགས་བཛྲ་ཧེ་རུ་ཀ །གཡོན་རིན་པོ་ཆེའི་རིགས་རཏྣ་ཧེ་རུ་ཀ་རིགས་ཆུང་བཅས་གསལ་བའི་ལག་གི་འདུ་བྱེད་བསྐྱོད་པར་བྱས་ན། རིག་འཛིན་གྱི་ཞིང་ཁམས་ཐམས་ཅད་ཏིང་འཛིན་གྱི་ནུས་མཐུ་སྐྱེས་ནས་རང་དོན་དུ་ས་འོག་ནས་གོང་དུ་འཕར་ཞིང་། གཞན་དོན་ཐུགས་རྗེ་འགྲོ་བའི་དོན་ལ་གཡོ་བར་ནུས་སོ། །རྐང་པ་གཡས་ལས་ཀྱི་རིགས་ཀརྨ་ཧེ་རུ་ཀ །གཡོན་པདྨ་ཧེ་རུ་ཀ་རིགས་ཆུང་བཅས་གསལ་བའི་རྐང་པའི་སྟབས་ཆེན་མནན་ཞིང་མཆོངས་ན། གཡོན་གྱིས་སེམས་ཅན་གྱི་སྡུག་བསྔལ་མི་བཟད་པ་དམྱལ་བ་ལ་སོགས་ཐམས་ཅད་ལས་གྲོལ་བ་དང་། གཡས་ཀྱིས་བར་དུ་གཅོད་པའི་བདུད་དང་ལོག་པར་འདྲེན་པ་ཐམས་ཅད་གནོན་པར་ནུས་པའོ། །བཞི་པ་ཡན་ལག་ཀུན་བསྐྱོད་ཅིང་ཏིང་འཛིན་དང་ལྡན་པའི་ཡོན་ཏན། སྤྱིར་ལུས་ཀྱི་ཡན་ལག་ཐམས་ཅད་དུས་གཅིག་བསྒུལ་ཞིང་བསིགས་ན། རྣལ་འབྱོར་པ་བདག་གི་བ་སྤུའི་བུ་ག་རེ་རེ་ནས། ཁྲོ་བོ་སྣ་ཚོགས་རྡུལ་ཕྲ་རབ་སྙེད་གྲངས་མེད་པར་སྤྲོ་བ། དེ་ཡི་ཡང་སྤྲུལ་པ་གྲངས་མེད་རྣམས་ཀྱིས། དོན་བྱ་བའི་གནས་ཕྱོགས་བཅུའི་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་དག་དང་མ་དག་པར་མ་རྣམས་ལ་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་དུ་དོན་བྱེད་མཁན་ཁྲོ་བོའི་གདུལ་བྱ་འདུལ་བའི་ཕྲིན་ལས་ཀྱི་སྒོ་ནས་དོན་འགྲོ་བའི་དོན་མཛད་པ་རྣམས་རྡུལ་ཕྲན་གྱི་གྲངས་སྙེད་དུ་སྣང་ནས་དོན་བྱེད་ཚུལ་ནི། དེ་དག་གི་ཐུགས་རྗེས་གདུལ་བྱ་རྣམས་འདུལ་ཞིང་སླར་རང་གི་བ་སྤུའི་བུ་གའམ་ཆོས་ཉིད་དབྱིངས་སུ་བསྟིམ་མོ། །གསུམ་པ་སྤྱད་ཐབས་ཀུན་ཞི་བ་ལས་ཁྲོ་བོར་བསྒྱུར་ཏེ་སྤྱད་ཐབས། ཁྲོ་བོ་ལ་ཁྱུ་མཆོག་མ་ཧེ་ལ་སོགས་པའི་བྲོ་སྟབས་དང་། ཡང་ན་རྐང་པའི་བྲོ་ལག་གི་གར་ངག་གི་གླུ་ཚིག་དང་མིག་གི་ལྟ་སྟངས་དང་། ཏིང་འཛིན་གྱིས་ཡོ་བྱད་ལྔ་ལ་སྤྱད་པའི་ཐབས་ཐམས་ཅད་ཀུན་སྔར་གྱི་ཞི་བའི་ཚོགས་སྒྲུབ་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་བསྟན་པ་ལས། འདིར་བྲོ་གར་རྩེད་འཇོ་ལ་སོགས་ཁྲོ་བོར་བསྒྱུར་བར་བྱའོ། །བཞི་པ་ལྷག་མ་ལ་སོགས་མཇུག་བསྡུ་བ་ནི། བར་སྐབས་སུ་ཚོགས་བྱ། དེ་ནས་དཔལ་ཆེན་པོའི་འཁོར་གྱི་ཕྲ་མེན་དབང་མོ་རྣམས་ལྷག་མས་ཚིམ་པར་བྱས་ཏེ། རྟ་གདོང་གི་ཕྱག་རྒྱས་དབང་དུ་བསྡུ་བ་དང་། སོ་སོར་མཆོད་པ དང་ལས་ལ་བཀའ་བསྒོ་བ་ལ་སོགས་པ་རྣམས་ལས་གཞུང་ལྟར་རྒྱས་པར་བྱས་ནས་ལས་ལ་བཀྱེ་ལ་བརྟན་མ་སྐྱོང་དལ་བསྡུ་སྟེ་སྤྱོད་ལམ་བཞིར་ལྷའི་ཏིང་འཛིན་དང་མི་འབྲལ་བར་སྤྱད་དོ། །ཚུལ་དེ་ལྟར་བསྒྲུབས་པས་འབྲས་བུ་མཐོང་ལམ་གྱི་རིག་འཛིན་འགྲུབ་བ་ན་ཐེ་ཚོམ་མེད་དོ། །གཉིས་པ་སྦྱོང་བའི་ཡོན་ཏན། ཚོགས་སྒྲུབ་རྣལ་འབྱོར་པ་ཐབས་ཡབ་དང་ཤེས་རབ་ཡུམ་ཐམས་ཅད་ཀྱིས་གོང་གི་ཏིང་འཛིན་གྱི་ཚུལ་དེ་ལྟ་བུ་ཡིས་ཡོ་བྱད་ལྔ་ལ་ལོངས་སྤྱོད་ན། སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་རྣམས་ཀྱང་མཉེས་པའི་མཆོད་པ་དང་། སྲིད་པ་ཁམས་གསུམ་གྱི་འགྲོ་བ་སེམས་ཅན་ཐམས་ཅད་ལ་འདོད་ཡོན་གྱི་འོད་ཟེར་འཕྲོས་པས་བདེ་བའི་རོ་དགའ་བ་ཆེན་པོས་ཁྱབ་པས་སྦྱིན་པར་འགྱུར་བའོ། །སྤྱི་དོན་གཉིས་པ་ཚོགས་སྒྲུབ་པའི་ཡོན་ཏན་ལ་གསུམ། དང་པོ་རྟགས་འཕེལ་བ་ལ་བརྟེན་པ། དྲོད་རྟགས་ཆེན་རྣམས་སྔོན་སྤྲོས་པའི་སྐབས་སུ་བསྟན་པ་བཞིན་དུ་འབྱུང་ཞིང་གོང་ལས་གྲངས་མང་དུ་འཕེལ་ཞིང་ངོ་བོ་གསལ་ལ་ཡུན་རིང་བརྟན་པ་འབྱུང་ངོ་། །གཉིས་པ་མངོན་ཤེས་བརྟན་པ། མངོན་ཤེས་ཀྱི་ཡུལ་ལ་གླིང་གྲངས་འཕེལ་བ་གླིང་བཞི་དྲུག་ཚུན་ཆད་ཀྱང་མཐོང་བ་དང་། མངོན་ཤེས་དྲུག་ཀྱང་གསལ་བརྟན་འབྱུང་ངོ་། །གསུམ་པ་རྨིས་ལྟས་ལུང་བསྟན་ཐོབ་པ། རྣ་བས་སྒྲ་སྙན་དུ་ཐོས་པ། གཉིད་ཀྱི་རྨི་ལམ་དག་ཏུ་ཡང་བདེ་བ་ཅན་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ན་གནས་པ་རྣམས་སུ་སྐྱེ་བར་ལུང་བསྟན་པ་དང་། ལྷ་མའི་སྐྱེ་བ་ཁྱད་པར་ཅན་གང་དག་འཛིན་པར་ལུང་བསྟན་པ་དང་། རིག་འཛིན་གྱི་ས་ཐོབ་པ་ལུང་སྟོན་འབྱུང་བ་རྣམས་ཡང་དག་རྟགས་སམ། བདུད་ཀྱི་བར་ཆད་ཡིན་བརྟག་པར་བྱ་བ་གཅེས་སོ། །སྤྱི་དོན་གསུམ་པ་ཚོགས་སྒྲུབ་པའི་འབྲས་བུ་རིག་འཛིན་ཐོབ་ཚུལ་ལ་གཉིས། བློ་ཆེ་བས་ལྷག་བཅས་ཚེ་དབང་ཐོབ་ཚུལ་དང་། བློ་ཆུང་བས་ལྷག་མེད་རྣམ་སྨིན་ཐོབ་ཚུལ་ལོ། །དང་པོ་ལ་གསུམ། སྒྲུབ་པ་མཐར་ཕྱིན་ཚེ་འདི་ལ་ཚེ་དབང་ཐོབ་པ། མཐར་མ་ཕྱིན་ཀྱང་ཕྱི་མ་ལ་ཐོབ་པ། ལན་གྲངས་གཞན་ལ་ཚེ་དབང་ཐོབ་པའོ། །དང་པོ་ལ་གཉིས། དང་པོ་ཚེ་དབང་ཐོབ་ནས་སངས་རྒྱས་ཚུལ། ཚོགས་སྒྲུབ་པའི་ཞག་གྲངས་སུམ་ཅུ་ཕྲག་དྲུག་གམ། བཅུ་གཉིས་སམ། བཅུའམ། བཅུ་དྲུག་ཚུན་ཆད་ཀྱིས། ནང་དུ་འབྱུང་བའི་ལུས་ཉིད་མ་སྤངས་པར་སྐྱེ་འཆི་མེད་པ་ཚེ་ལ་དབང་བའི་རིག་འཛིན་གྱི་ས་ནོན་ཏེ། དུས་དེར་རང་དོན་དུ་ལོ་སྟོང་དྲུག་བརྒྱ་ལ་སོགས་ཡུན་རིང་པོར་ཟག་མེད་མཐོང་ལམ་པའི་ཆོས་ཉིད་ཀྱི་བདེ་བ་ལ་ལོངས་སྤྱད་ནས། ལམ་མཐར་ཆགས་སམ་ཐོད་རྒལ་གང་རུང་གི་སྒོ་ནས་བླ་མེད་རྡོ་རྗེ་སེམས་དཔའི་མཚན་ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱི་ས་ཐོབ་སྟེ། ཐུན་མོང་དང་ཐུན་མིན་གྱི་དཔེ་བྱད་བརྒྱད་ཅུ་དང་། མཚན་བཟང་སོ་གཉིས་ཀྱིས་རྣམ་པར་བརྒྱན་ཅིང་ཟག་པ་མེད་པའི་མངོན་པར་ཤེས་པ་དྲུག་དང་ལྡན་ལ་ཅི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བའོ། །བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གཉིས་ཀྱང་མངོན་སུམ་དུ་རྫོགས་པར་རོལ་བའི་བདག་ཉིད་ཡང་དག་རྫོགས་པའི་སངས་རྒྱས་ལོངས་སྐུའི་ཞིང་ཁམས་ཀྱི་གདུལ་བྱ་ལ་རང་དབང་བསྒྱུར་ཞིང་། སྤྱོད་ཡུལ་མ་ལུས་པ་ཀུན་ཏུ་སྐུ་དང་ཡེ་ཤེས་ཀྱི་མཎྜལ་གསལ་བས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པ་ཡིན་པས་ན། བདེ་བར་གཤེགས་པའི་སྣང་བས་ཇི་ལྟར་དམིགས་ཤིང་དགོངས་པ་བཞིན་དུ་ལྷུན་གྱིས་གྲུབ་པར་འགྱུར་རོ། །གཉིས་པ་དེ་ཡང་ལས་དང་དུས་ལ་རག་ལུས་མེད་པར་ཚེ་གཅིག་ལ་སངས་རྒྱ་བ། གོང་གི་དེ་བས་ན་མཚན་ཉིད་པ་ལྟར་སྔར་བསགས་པའི་ལས་འཕྲོ་དང་། དུས་གྲངས་མེད་ལ་སོགས་པ་རག་ལུས་མེད་པ་སྟེ། ལས་དུས་ལ་རག་ལུས་པའི་སེམས་ཞུམ་པ་དེ་དོར་བར་བྱས་ནས་སྒོ་གསུམ་གྱིས་བརྩོན་འགྲུས་ཆེན་པོ་ཡི་སྒོ་ནས་ཟག་པ་མེད་པའི་དོན་མཐོང་ལམ་ལ་སྦྱོར་ནས་མཐོང་བའི་ཆོས་ཚེ་འདི་ལ་མྱ་ངན་ལས་འདས་པའོ། །གཉིས་པ་ཚེ་ཕྱི་མར་ཚེ་དབང་ཐོབ་པ་ལ་གཉིས། རྒྱས་པར་བཤད་པ་དང་། མཇུག་བསྡུས་ཏེ་ཐེ་ཚོམ་མེད་པར་ཐོབ་ཚུལ་ལོ། །རྒྱས་པ་ལ་གསུམ། དང་པོ་ཕྱི་མ་ལྷ་མི་ཁྱད་པར་ཅན་ཐོབ་ཅིང་ཐེག་མཆོག་མི་བརྗེད་པར་བསྟན་པ། ཚོགས་ལམ་གྱི་རྣལ་འབྱོར་ཏིང་འཛིན་བཞི་ལས་སུ་རུང་བའི་ལམ་པ་རྣམས་ཀྱིས་སྦྱོར་ལམ་ཚོགས་སྒྲུབ་པ་འདི་ལྟ་བུ་ཡི་ལས་ལ་འབད་པར་བྱས་ན། བློ་དང་བརྩོན་འགྲུས་ཞན་པས་འབྲས་བུ་མཐོང་ལམ་ཚེ་འདི་ལ་མངོན་དུ་མ་བྱུང་ཡང་། ཚེ་འདི་ལ་རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་བསྒོམ་པ་ལ་རང་དབང་ཐོབ་ནས། སངས་རྒྱས་སྤྲུལ་པའི་སྐུ་འཇིག་རྟེན་གྱི་ཁམས་སུ་གང་དུ་འབྱུང་བར་ཤེས་ནས་དེ་དང་སྐལ་བ་མཉམ་པར་ལྷ་མིའི་སྐྱེ་བ་ཅན་བླངས་ནས་འཇལ་བར་འགྱུར་རོ། །དེ་ཡང་གསང་སྔགས་ལ་སྦྱངས་པའི་ལས་འཕྲོ་དེ་དང་འབྲེལ་བའི་བྱིན་རླབས་ཀྱིས། གསང་སྔགས་འདི་ཉིད་དང་འཕྲད་ཅིང་ཐེག་པ་དམན་པ་ཉན་རང་ལ་སོགས་པ་ལ་འཇུག་ཅིང་སྤྱོད་པའི་སར་ཡང་མི་སྐྱེ་བའོ། །ཡོ་བྱད་ལྔ་ལ་སྤྱོད་པའི་བསོད་ནམས་དང་། ཐམས་ཅད་ཆོས་ཉིད་དུ་ཤེས་བས་ཡེ་ཤེས་ཀྱི་ཚོགས་ཆེན་གཉིས་དང་ལྡན་པའི་དཔུང་ཚོགས་ཀྱིས། སྐྱེ་བ་སྔ་མ་ཕན་ཆད་ཀྱི་རྒྱུ་ལས་ངན་གྱི་སྒྲིབ་པ་མ་རིག་པའི་མུན་པ་རྣམས་སྦྱངས་པའི་ཕྱིར། འབྲས་བུ་ངན་སོང་གསུམ་གྱི་ཡུལ་དུ་ཡོངས་སུ་མི་ལྟུང་ཞིང་། མཐོ་རིས་སུ་སྐྱེ་ན་ཡང་གནས་ངན་པ་དང་ལོངས་སྤྱོད་ཆུང་བ་དང་མི་བདེ་ཞིང་སྡུག་བསྔལ་བའི་གནས་ངན་སོང་གསུམ་སོགས་མི་ཁོམ་བརྒྱད་དུ་འགྲོ་ཞིང་སྐྱེ་བར་མི་འགྱུར། མི་བརྗེད་པའི་གཟུངས་མཆོག་དམ་པ་ལྟ་བ་རྟོགས་ཤིང་ཏིང་འཛིན་གོམས་པ་དང་ལྡན་པའི་ཕྱིར། སྐྱེ་བས་བར་ཆད་ཀྱང་གསང་སྔགས་རྡོ་རྗེའི་ཐེག་པ་མཆོག་གི་བརྗོད་བྱ་རྗོད་བྱེད་གང་ཡིན་བརྗེད་པར་མི་འགྱུར་བས། དེ་ལ་འཇུག་ཅིང་ཉམས་སུ་ལེན་ནུས་པའི་དྲན་པ་ཕུན་སུམ་ཚོགས་པ་ཐོབ་བར་འགྱུར་རོ། །དེ་ཡང་ཚེ་རིང་ཞིང་ནད་མེད་པ་དང་བདེ་ཞིང་འབྱོར་བ་ཕུན་སུམ་ཚོགས་པ་དང་ལྡན། གཉིས་པ་མཚན་དང་ལྡན་ཞིང་ཡོན་ཏན་རྫོགས་ཚུལ། ལྷ་དང་མིའི་སྐྱེ་གནས་ཀྱི་མཆོག་སྟོང་རིགས་ཐོབ་པའི་སའམ་གནས་སྐབས་དེར་ཡང་། ལུས་དང་བྱད་བཞིན་བཟང་ཞིང་མཛེས་ལ་ཡན་ལག་ལྷག་ཆད་མེད་པར་རྫོགས་པ་དང་། དབང་པོ་ལྔ་ཚང་ཞིང་ཉིང་ལག་ལ་ཆད་ལྷག་མེད་པ་སྟེ་གཟུགས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །སྐད་ཀྱི་གདངས་བཟང་ལ་སྙན་ཅིང་ཕུན་སུམ་ཚོགས་པ་ཚངས་དབྱངས་ལྟ་བུ་ལྡན་པས་འགྲོ་བའི་དོན་བྱེད་ནུས་པ་དང་བདག་གི་འབྱོར་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་ཀུན། ལོག་འཚོའི་སྒོ་ནས་སེམས་ཅན་གཞན་ལ་གནོད་པ་མེད་པར་ཡང་དག་པའི་འཚོ་བ་རྩོལ་མེད་དུ་འགྲུབ་པ་དང་། གཞན་གྱིས་མི་ཐུབ་པའི་ཚན་པོ་ཆེ་ཡི་མཐུ་སྟོབས་དང་ལྡན་པ་ཕྱག་ན་རྡོ་རྗེ་ལྟ་བུར་འགྱུར་ཞིང་དེ་ཡང་འགྲོ་བའི་དོན་དུ་འགྱུར་བའི་མཐུ་སྟོབས་ཕུན་ཚོགས་པ་ཡང་དག་པ་འགྲུབ་པར་འགྱུར་རོ། །དེ་ལྟར་སྟོབས་དང་ལྡན་ཡང་སེམས་ཅན་གཞན་ལ་གནོད་པ་ཡོང་མི་བྱེད་པའི་ཐོག་ནས་སེམས་ཅན་ལ་སྙིང་རྗེ་ཆེ་ཞིང་གསང་སྔགས་ཀྱི་དོན་རྟོགས་ནུས་པའི་ཤེས་རབ་དང་ལྡན་པར་འགྱུར། ཚོགས་སྒྲུབ་པའི་མཐུ་སྟོབས་ཆེ་ཞིང་ཡོ་བྱད་ལ་སྤྱོད་པའི་ཐབས་ལ་མཁས་པ་དང་ལྡན་པའི་རྣལ་འབྱོར་པས་བདག་དང་གདུལ་བྱ་གཞན་གྱི་དོན་རྫོགས་པར་བྱེད་ནུས་པའི་ཕྲིན་ལས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །གསུམ་པ་དེར་ཚེ་ལ་དབང་བའི་རིག་འཛིན་ཐོབ་ཚུལ། དབང་རབ་ལུས་རྟེན་དེར་ཟག་བཅས་ཀྱི་ལམ་རྣམས་མཐར་ཕྱིན་པའི་འབྲས་བུ་སྐྱེ་ཤི་མེད་པའི་ཚེ་ལ་དབང་བའི་རིག་འཛིན་ས་ཐོབ། སངས་རྒྱས་སྤྲུལ་སྐུའི་ཆེ་བའི་ཡོན་ཏན་དགོས་འདོད་འབྱུང་བའི་ནོར་བུ་རིན་པོ་ཆེ་ལྟ་བུ། བགོད་པའི་ཞིང་ཁམས་ཚད་གཞལ་བ་ལས་ཡས་པའི་ཁང་ཐམས་ཅད་ལ། དཔེར་ན་འདོད་ལྷ་རིགས་དྲུག་ཡོད་པའི་དྲུག་པ་གཞན་འཕྲུལ་དབང་བྱེད་ཀྱིས་རང་ལས་སྤྲུལ་ནས་ལོངས་སྤྱོད་པ་ཇི་ལྟ་བ། ཡོ་བྱད་ལྔ་ལ་དབང་བསྒྱུར་ཞིང་ལོངས་སྤྱོད་པའི་འབྲས་བུ་མཐོང་ལམ་གྱི་དངོས་གྲུབ་དམ་པ་ཐོབ་པར་འགྱུར་རོ། །གཉིས་པ་མཇུག་བསྡུས་ཏེ་ཐེ་ཚོམ་མེད་པར་ཐོབ་ཚུལ། འབྲིང་གིས་ཚེ་ཕྱི་མ་ལ་ཚེ་དབང་དུ་གྱུར་པ་དེ་ཡི་ཕྱིར། ཚེ་ལ་དབང་སྒྱུར་བའི་རིག་འཛིན་ཚེ་ཕྱི་མའི་དུས་དེ་ཉིད་དུ་སྦྱོར་བ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ངེས་པར་གདོན་མི་ཟ་བར་འགྱུར་རོ། །གསུམ་པ་ལན་གྲངས་གཞན་ལ་ཚེ་དབང་ཐོབ་པ། གོང་དུ་བསྟན་པའི་ཚུལ་དེ་ལྟར་སྦྱོར་ལམ་ཚོགས་སྒྲུབ་བ་ལ་སྒོ་གསུམ་བརྩོན་འགྲུས་རབ་དང་ལྡན་པས་ནི། དབང་པོ་བརྩོན་འགྲུས་རབ་ཀྱི་མཐོང་ལམ་ཚེ་འདི་ཉིད་ལ་ཐོབ་པ་དང་། འབྲིང་གིས་ཚེ་ཕྱི་མར་ཚེ་དབང་ཐོབ་པར་མ་གྱུར་ན་ཡང་། ཐ་མས་སྐྱེ་བ་བརྒྱུད་པའི་ལན་གྲངས་དེ་ལས་གཞན་དུའང་ཚེ་དབང་ཐོབ་སྟེ་སྐྱེ་བ་བདུན་ཉིད་ལས་མི་འདའ་བར་མཐོང་ལམ་མམ་ཚེ་དབང་རང་ལ་བཞི་ཡོད་པའི་ནང་ནས་རིག་འཛིན་རིགས་ཀྱི་དམ་པ་འགྲུབ་བར་འགྱུར་རོ། །གཉིས་པ་རྣམ་སྨིན་ཐོབ་ཚུལ་ལ་གཉིས། དང་པོ་སྒྲུབ་པ་མཐར་ཕྱིན་པས་ཚེ་དབང་མ་ཐོབ་ཀྱང་ཚེ་འདི་ལ་རྣམ་སྨིན་ཐོབ་པའི་དཔེ་དོན། དེ་ཡང་ཆོ་ག་ལྔ་དང་སྔགས་ཀྱི་ཡན་ལག་ལྔ་དང་། ཡོ་བྱད་ལྔ་པོ་དག་སྟེ་ལྔ་གསུམ་བཅོ་ལྔ་པོ་དེ་དག་སྦྱོར་ལམ་གྱིས་མངོན་སུམ་རྫོགས་པར་བྱས་ནས་དམ་ཚིག་མ་ཉམས་པ་དང་ལྡན་པའི་རྣལ་འབྱོར་པ་རྣམས་ངེས་པར་འཚོགས་ཏེ་ཚོགས་བསྒྲུབ་ཅིང་ཡོ་བྱད་ལྔ་ལ་སྤྱད་ན། འབྲས་བུ་ཚེ་དབང་ཚེ་འདི་ལ་མངོན་དུ་མ་བྱུང་ཡང་། བློ་ཆུང་བས་རྣམ་སྨིན་ཐོབ་སྟེ། དཔེར་ན་རྒྱལ་པོ་ཞིག་གིས་བྲན་མོ་ངན་པ་དང་བཤོས་པ་སྟེ་སྦྱོར་བས་ཀྱང་རྒྱལ་པོའི་སྲས་འབྱུང་བའི་ས་བོན་ནུར་ནུར་པོ་བྲན་མོའི་མངལ་དུ་ཆགས་པའི་བུ་དེ་ཡང་རྒྱལ་པོའི་རིགས་འཛིན་ཏེ། དེ་སྐྱེ་བ་མཐོང་མ་ཐག་ནས་རྒྱལ་བུ་དེ་དམངས་ཐམས་ཅད་ཀྱིས་བླར་ཏེ་བཀུར་བའི་འོས་སུ་འགྱུར་ཞིང་། རྒྱལ་སར་བཏོན་པའི་ཚེ་འཁོར་འབངས་ཀུན་ལ་དབང་བསྒྱུར་བའི་སྟོབས་དང་ལྡན་པ་དེ་ལ། འཇིག་རྟེན་པའི་ལྷ་རྣམས་ཀྱིས་ཀྱང་གསོལ་མཆོད་ལ་སོགས་རེ་བའི་མཐུའམ་བསམ་པ་སྐྱེས་པས། རྒྱལ་བུ་དེ་ལ་བསྲུང་བ་དང་། སྦེད་པ་དང་། མཆོད་པ་བྱེད་པ་ཡི་དཔེ་དེ་ལྟར་དུ། ཚོགས་སྒྲུབ་ཀྱི་རྣལ་འབྱོར་པ་ལྟ་བ་དང་ཏིང་འཛིན་གྱི་སྟོབས་དང་ལྡན་པ་རྣམ་སྨིན་རིག་འཛིན་དུ་གྱུར་པ་ན། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཅན་མ་མོ་མཁའ་འགྲོ་ལ་སོགས་ཆོས་སྐྱོང་སྲུང་མ་མང་མ་ལུས་སྣང་པོ་ཀུན་གྱིས་སེམས་ལྷར་སྨིན་པ་དེ་ཡི་དབང་གིས་སྤྱི་གཙུག་ཏུ་ཁུར་ཅིང་སྲུང་བར་བྱེད་ལ། རྣམ་སྨིན་གྱི་ལུས་ཀྱི་སྤྱོད་ཡུལ་དོར་ནས་ཤི་འཕོས་མ་ཐག་ཡི་དམ་ལྷའི་སྐུར་སྨིན་པ་དེ་དངོས་སུ་གསལ་བ་ཕྱག་རྒྱ་ཞེས་རྒྱ་ཆེན་རིག་འཛིན་དུ་ངེས་པར་རྫོགས་པར་འགྱུར་རོ། །གཉིས་པ་མཐར་མ་ཕྱིན་ཀྱང་ཕྱི་མ་ལ་ཐོབ་པར་གདམས་པ་དང་བཅས་པ། དབང་པོ་ཐ་མའི་ནང་ནས་བློ་ཆེ་བའི་གང་ཟག་ལ་ལ་གོང་དུ་བསྟན་པ་དེ་ལྟར་ཚེ་འདིར་རྣམ་སྨིན་དེ་ཉིད་ཐོབ་ངེས་ན་ཡང་། བློ་ཆུང་བ་ལ་ལ་དག་དེ་ལྟར་མ་གྱུར་པས་ཕྱི་མ་ལ་བསོད་ནམས་བསགས་པའི་ས་ལ་གནས་པར་འགྱུར་ཏེ། དེ་ཡང་ཚེ་རབས་སྐྱེ་བ་ཐམས་ཅད་ཀྱི་བར་དུ་བྲལ་བའི་འབྲས་བུ་ལས་ངན་པར་གྱུར་པ་མཚམས་མེད་པ་ལྔ་མི་དགེ་བ་བཅུ་ལྕི་བ་བཞི་ལོག་པ་བརྒྱད་ལ་སྤྱོད་པའི་ས་དང་གནས་ཀུན་ཏུ་ཚོགས་སྒྲུབ་ཀྱི་རྣལ་འབྱོར་པ་དེ་སྐྱེ་བར་མི་འགྱུར་ལ། ལྷ་མིའི་ཐེག་པ་ལ་སོགས་པ་ངེས་འབྱུང་གི་ཐེག་པ་བཞི་ལའང་འཇུག་ཅིང་སྤྱོད་པར་མི་འགྱུར། ཐོབ་པའི་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རིགས་མཆོག་འཛིན་པའི་བཤེས་གཉེན་དག་ཏུ་འགྱུར་ཏེ་སྐྱེ་བ་ཕྱི་མ་ལན་གྲངས་གཞན་ལ་རྣམ་སྨིན་རིག་འཛིན་ཐོབ་པར་བྱས་ནས་སྔོན་གོང་དུ་སྤྱོད་ཡུལ་དོར་ནས་ཕྱག་རྒྱ་ཆེན་པོ་ཐོབ་པར་བསྟན་པ་བཞིན་འགྱུར་ཏེེ། ཕྱི་མར་རྣམ་སྨིན་ཐོབ་ནས་རྒྱ་ཆེན་ལ་སྦྱོར་བ་འདི་ལ་ཐེ་ཚོམ་དང་སོམ་ཉི་ལྡན་པ་མིན་པས། ལས་འཕྲོ་སྐལ་བ་དང་ལྡན་པའི་རྣལ་འབྱོར་པ་ཀུན་གྱིས་དུས་རྟག་ཏུ་ཚོགས་སྒྲུབ་ལ་བརྩོན་འགྲུས་ཆེན་པོ་བསྐྱེད་པར་བྱོས་ཤིག །གསུམ་པ་ལེའུའི་མཚན། ངན་སོང་དུ་ལྡོག་པའི་བར་ཆད་མེད་པའམ། ལམ་གཞན་གྱི་བར་ཆད་མེད་པའི་སྦྱོར་ལམ་དུ་ཚོམ་བུ་ཚོགས་སྒྲུབ་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་མཐོང་ལམ་བསྒྲུབ་པའི་ཐབས་སྟོན་པར་བྱེད་པའི་གཞུང་གི་ཚིག་དོན་རྣམས་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་སྟེ། ཡས་བགྲངས་བདུན་པའི་དོན་དུ་གདའ་འོ།། །།སྤྱི་དོན་གསུམ་པ་གནས་སྐབས་ཀྱི་འབྲས་བུ་ཟག་མེད་ཀྱི་ལམ་ལ་གསུམ་སྟེ། དང་པོ་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ། ཐུན་མོང་གི་དངོས་གྲུབ་ལས་ཁྱད་པར་དུ་གྱུར་པ་ལྷག་པའི་སྟེ་མཆོག་གི་དངོས་གྲུབ་རིག་འཛིན་དེ་ཉིད་འགྲུབ་པར་འདོད་པ་ལའང་། བསྙེན་སྒྲུབ་བཞི་ཡིས་བསྒྲུབས་པའི་སྒོ་ནས་མོས་པར་བྱས་ནས། སྡུག་བསྔལ་གྱི་ཟུག་རྔུ་མེད་པས་བདེ་བ་ཆེན་པོ་རིག་འཛིན་གྱི་ས་ལ་གདུལ་བྱ་དགོད་པར་བྱ་བའི་ཕྱིར། ཟག་བཅས་ཚོགས་སྦྱོར་གཉིས་ཀྱི་ལམ་མཐར་ཕྱིན་པའི་གནས་སྐབས་ཀྱི་འབྲས་བུའི་མཚན་ཉིད་ཟག་མེད་མཐོང་སྒོམ་མཐར་གསུམ་གྱི་རིག་འཛིན་བཞི་པོ་བཤད་པར་བྱ་བ་ནི། གཉིས་པ་གཞུང་དོན་ལ་གསུམ། མཐོང་ལམ། སྒོམ་ལམ། མཐར་ལམ་མོ། །དང་པོ་ལ་གཉིས་ཏེ། དང་པོ་མདོར་བསྟན། རྒྱ་སྤྲོས་མཐར་ཕྱིན་ནས་ཟླ་བ་བཅུ་དྲུག་སོགས་རབ་འབྲིང་ཐ་མའི་དུས་ཀྱི་ཞི་ཁྲོའི་ཚོམ་བུ་ཚོགས་སྒྲུབ་པའི་སྦྱོར་ལམ་བར་ཆད་མེད་པའི་ལམ་པ་ནས། ཟག་བཅས་ཕུང་པོ་འདི་ཡི་ལྷག་མ་ཡི་ལུས་འབྲས་བུའི་ས་ལ་མེད་པ་རྣམ་སྨིན་དང་ཡོད་པ་ཚེ་ལ་དབང་བ་ཡི། མྱ་ངན་ལས་འདའ་བས་ཟག་བཅས་མཐར་ཕྱིན་ནས་ཟག་མེད་ལ་སྦྱོར་བ་ཡང་། ཐུན་མོང་ཐེག་པ་ཉན་ཐོས་ལ་ལྷག་བཅས་ལྷག་མེད་གཉིས་ཡོད་པ་ལྟ་བུར་རིག་འཛིན་གྱི་སྐབས་འདིར་ཡང་ལྷག་བཅས་ལྷག་མེད་གཉིས་ཟུང་གཅིག་ཏུ་སྟོན་པར་འགྱུར་རོ། །གཉིས་པ་རྒྱས་པ་དེ་ལ་གཉིས། ལྷག་མེད་རྣམ་པར་སྨིན་པའི་རིག་འཛིན་དང་། ལྷག་བཅས་ཚེ་ལ་དབང་བའི་རིག་འཛིན་ནོ། །དང་པོ་ལ་བརྒྱད། རྣམ་སྨིན་ཐོབ་པའི་རྒྱུ། ངོ་བོ། དགོངས་པ། མིང་གི་རྣམ་གྲངས། སྤྱོད་པ། དུས། ལམ་གོང་མ་ལ་སྦྱོར་ཚུལ་དང་། མངོན་ཤེས་སོ། །དང་པོ་ལ་གཉིས། དང་པོ་ཐོད་རྒལ་བ་གཅིག་སྤྲོས། དེ་ལྟར་གཉིས་ཡོད་པ་དེ་ལ་ཐོག་མ་ལྷག་མེད་དུ་སྦྱོར་བ་རྣམ་སྨིན་རིག་འཛིན་བཤད་པ་ནི། གང་ཞེ་ན། ཐོད་རྒལ་དབང་བཙན་དུ་རབ་རྒྱ་གཅིག་པ་དང་། འབྲིང་རྒྱ་སྤྲོས་ལྷ་དུ་མའི་རྣལ་འབྱོར་ཏིང་འཛིན་ལ་ཉམས་བརྟན་ཞིང་མཐར་ཕྱིན་བྱས་པ་ཉིད་ཀྱི་ས་ནས་རྣམ་སྨིན་ཐོབ་པའམ། གཉིས་པ་མཐར་ཆགས་ཚོགས་སྒྲུབ་ནས། མཐར་ཆགས་དབང་དུ་རྒྱ་སྤྲོས་བའི་རྣལ་འབྱོར་དེ་མཐར་ཕྱིན་པ་ཐོབ་ནས། སྦྱོར་ལམ་དུ་བློ་རབ་འབྲིང་ཐ་མའི་ཆས་ཟླ་དྲུག་གམ། བཅུ་གཉིས་སམ། བཅུ་བཞིའམ། བཅུ་དྲུག་གི་བར་དུ་བསྙེན་སྒྲུབ་བཞིས་ཚོགས་སྒྲུབ་པའི་ཚེ་རྣམ་སྨིན་རིག་འཛིན་ཐོབ་པ་ཡིན། ཚེ་དབང་ལྟ་བུར་སྐྱེ་ཤི་མེད་པ་རྡོ་རྗེའི་ལུས་སུ་སྨིན་ཅིང་གྲུབ་པར་མ་གྱུར་པར། ལྟ་བ་ཏིང་འཛིན་གོམས་པའི་སྟོབས་ཆུང་བ་དང་རྐྱེན་བརྩོན་འགྲུས་དང་སྨོན་ལམ་གྱི་མཐུ་ཞན་པའི་ཕྱིར་ན། སྔར་ནས་ལས་ཀྱི་ལུས་ལ་བདག་ཏུ་རྟོག་པའི་བག་ཆགས་ལས་གྲུབ་པ་རྣམ་པར་རྟོག་པའི་ལུས་དང་། འབྱུང་བཞི་འདུས་པ་ལས་གྲུབ་པ་འབྱུང་བའི་ལུས་དང་། འབྱུང་བ་རགས་པ་སྙིགས་མའི་ཆ་ལས་གྲུབ་པ་ལྷག་མའི་ལུས་དང་། སྔར་ལས་ཀྱིས་འཕེན་པ་ལས་གྲུབ་པའི་ལས་ཀྱི་ལུས་དེ་བཞག་ནས་འབྲས་བུ་རྡོ་རྗེ་འཆང་ཆེན་པོ་སངས་རྒྱས་ཀྱི་སར། རྒྱ་ཆེན་ལྷུན་གྲུབ་བརྒྱུད་ནས་རིག་པས་འགྲོ་བས་ན། ལྷག་མེད་མྱ་ངན་ལས་འདས་པ་ཞེས་བྱའོ། །གཉིས་པ་ངོ་བོ་ལ་གཉིས། དང་པོ་རྣམ་སྨིན་ཐོབ་པའི་ངོ་བོ་དཔེ་དོན། ཡིད་ཡི་དམ་ལྷ་ཡི་སྐུ་རྒྱ་ཆེན་རྣལ་འབྱོར་ཏིང་འཛིན་གསལ་ཞིང་རྫོགས་པར་སྨིན་ཀྱང་། ལྷག་མའི་ལུས་ཀྱི་རྣམ་པ་འཆིང་བའི་དྲྭ་བས་བསྒྲིབས་པར་གྱུར་པས། དཔེར་ན་ཀ་ལ་པིངྐ་སྟེ་བྱ་ཁྱུང་ཕྲུག་སྒོང་རྒྱ་དང་། མི་འཇིགས་སེང་ཕྲུག་མངལ་རྒྱ་དང་བྲལ་མ་ཐག་རྩལ་མ་དང་མཉམ་པ་བཞིན་དུ། ཐ་མལ་བའི་ལུས་རྒྱ་འདི་དང་བྲལ་ནས་ཡིད་ཡི་དམ་ལྷའི་སྐུ། ངོ་བོ་རྒྱ་ཆེན་རིག་འཛིན་ཉིད་དུ་སྣང་བར་བྱེད་པ་དེ་ལ་རྣམ་པར་སྨིན་པའི་རིག་འཛིན་ཞེས་བརྗོད་དོ། །གཉིས་པ་རྣམ་སྨིན་གྱི་ངེས་ཚིག་རྣལ་འབྱོར་པའི་ཡིད་ཀྱིས་ཡི་དམ་ལྷ་སྐུ་ཡི་གཟུགས་གསལ་བར་བཟུང་ཞིང་། ཐ་མལ་བའི་ལུས་ཀྱི་རྒྱ་མདུད་ཀྱིས་བསྡམས་པ་དེ་ནི་གྲོལ་བར་གྱུར་བ་དང་དེ་ནས། འབྲས་བུ་ཕྱག་རྒྱའི་རིག་འཛིན་ལྷའི་སྐུ་ཉིད་མངོན་སུམ་དུ་གསལ་བར་གྱུར་པའི་ཆོས་དང་ལྡན་ན། རྣམ་པར་སྨིན་པའི་རིག་འཛིན་ཞེས་དེ་ལ་བརྗོད་དོ། །གསུམ་པ་དགོངས་པ། རྒྱ་མིག་རྐོས་ཕོར་ནང་དུ་རྒྱ་ས་འདམ་པ་བཏབ་པས་ནང་དུ་གཟུགས་དོད་ཀྱང་རྒྱ་མིག་དང་མ་བྲལ་བར་དུ་མི་གསལ་བའི་དཔེ་ཇི་ལྟ་བུར། ཡི་དམ་ལྷར་སྨིན་པ་དེ་ལུས་རྒྱ་དང་བྲལ་མ་ཐག་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་ལ་མ་རག་པའི་ཆ་དང་ལྡན་པ། ཡིད་ལྷའི་སྐུ་གཟུགས་སུ་རྩལ་རྫོགས་པར་སྨིན་པའི་ཏིང་འཛིན་སྟོབས་ཆེན་དུ་གྱུར་པ་དེ་ཁོ་ན་རྣམ་སྨིན་རིག་འཛིན་ངོ་བོ་ཡིན་པའོ། །བཞི་པ་མིང་གི་རྣམ་གྲངས་ལ་གཉིས། དང་པོ་ཐོབ་པའི་མིང་གྲངས་གཉིས། དང་པོ་རྣམ་སྨིན་དེ་ཡང་ལྟ་དགོངས་བཟང་ངན་དང་སྤྱོད་པ་ཟབ་མི་ཟབ་པའི་ཁྱད་པར་གཉིས་ཡོད་དེ། དེ་ཡང་རྒྱ་གཅིག་སྤྲོས་ནས་ཐོབ་པའི་རྣམ་སྨིན་དེ་དགོངས་སྤྱོད་དམའ་ཞིང་། ཚོགས་སྒྲུབ་ནས་ཐོབ་པའི་རྣམ་སྨིན་དགོངས་སྤྱོད་བཟང་པར་འདོད། རྒྱུ་མཚན་དེས་གཅིག་སྤྲོས་ནས་ཐོབ་པ་དེ་དགོངས་སྤྱོད་རྒྱ་མཚོ་སྔ་མ་གཅིག་སྤྲོས་དང་རྒྱུད་མཐུན་ལ། ཚོགས་སྒྲུབ་ནས་ཐོབ་པ་ཕྱི་མ་ཚོགས་སྒྲུབ་དང་རྒྱུད་མཐུན་པས་དེ་ལྟར་དགོངས་སྤྱོད་རྣམས་སྟོབས་ཆེ་ཆུང་གི་ཆས་རྣམ་སྨིན་དུ་མིང་གྲགས་པ་ཡིན་ནོ། །གཉིས་པ་ཐོབ་བའི་ངོ་བོའི་མིང་གྲངས་གསུམ། ལྷག་མའི་ལུས་མེད་འབྱུང་བའི་ལུས་མེད་ལས་ཀྱི་ལུས་མེད་པར་དགོངས་པ་མྱ་ངན་ལས་འདས་པ་འབྲས་བུ་རྒྱ་ཆེན་རིག་འཛིན་དུའང་སྨིན་པའི་ཆས་བརྗོད་པའོ། །ལྔ་པ་སྤྱོད་པ་ལ་གཉིས། དང་པོ་བདག་དོན། རང་དོན་དུ་ཅི་སྤྱད་ཞི་ཁྲོའི་དཀྱིལ་འཁོར་དུ་གསལ་ཞིང་ལྷ་ལ་ལྷ་རོལ་པའི་ཚུལ་དུ་སྤྱོད་པས་མ་འགགས་པ་བསོད་ནམས་དང་། མ་དམིགས་པ་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་འཇུག་ཏུ་རྫོགས་པར་བྱེད་པ་དེ་ནི་རྣམ་སྨིན་གྱི་བདག་གི་དོན་དུ་སྤྱོད་པའོ། །གཉིས་པ་གཞན་དོན། ཡིད་ཡི་དམ་ལྷའི་སྐུར་སྨིན་པས་ཕྲིན་ལས་ཞི་རྒྱས་དབང་དྲག་བཞིས་གཞན་དོན་ཡོངས་སུ་རྫོགས་པར་བྱེད་པས། གདུལ་བྱ་ཡལ་བར་མི་འདོར་བར་ཡང་དག་བའི་ལམ་དོན་ལ་དགོངས་པ་ནི་གཞན་གྱི་དོན་དུ་སྤྱད་པའོ། །དྲུག་པ་དུས། ཕྱག་རྒྱ་གཅིག་སྤྲོས་ནས་རྣམ་སྨིན་ཐོབ་པ་དེ་དང་། ཚོགས་སྒྲུབ་ནས་ཐོབ་པ་དེའང་རབ་ཀྱིས་ཚེ་འདི་ལ་ཐོབ་པ་དང་། འབྲིང་གིས་བར་དོ་དང་ཕྱི་མ་ནས་ཐོབ་པ་དང་། ཐ་མས་ཀྱང་ལན་གྲངས་བརྒྱུད་པ་གཞན་བདུན་ཚུན་ཆོད་དུ་བློ་དང་བརྩོན་པ་རབ་འབྲིང་ཐ་མའི་ཚུལ་དག་གིས་རྣམ་སྨིན་ཐོབ་པར་འགྱུར་གྱིས། དེ་ནས་ཕྱག་ཆེན་ལ་སྦྱོར་ནས་མཐར་ཐུག་གི་འབྲས་བུ་ཐོབ་པ་ལ་མཚན་ཉིད་པ་ལྟར་བསྐལ་པ་གྲངས་མེད་པར་མི་འགྱང་སྟེ་ཅིའི་ཕྱིར་ཞེ་ན་དགོངས་པ་མཐོ་བ་དང་། ཚོགས་ཀྱི་སྤྱོད་པའི་བརྟུལ་ཞུགས་ལྡན་པ་དང་། སྒོ་གསུམ་བརྩོན་འགྲུས་བསྐྱེད་པ་རྣམས་གཙོ་བོར་བྱེད་པའི་ཕྱིར་རོ། །བདུན་པ་ལམ་གོང་མ་ལ་སྦྱོར་ཚུལ་ལ་གཉིས་ཏེ། དང་པོ་སྦྱོར་ཚུལ་དངོས། གང་རྣམ་སྨིན་རིག་འཛིན་དེ་ལུས་རྒྱ་དང་བྲལ་མ་ཐག་པ་རུ། བར་དོ་མེད་པའི་ངང་དུ་ཡི་དམ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ལ་སོགས་བ་བཞི་རྫོགས་པ་རྣམ་སྨིན་སྐུ་བདག་ཉིད་མངོན་དུ་གྱུར་པས། རྡོ་རྗེ་དང་། དེ་བཞིན་གཤེགས་པ། རཏྣ། པདྨ། ལས་ཀྱི་རིགས་དང་ལྔ་ལ་སོགས་པའི་རིགས་གང་ཡིན་པ་དེ་རིག་པས་འཛིན་པ་ལ། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་སྟེ་རྣམ་སྨིན་གྱི་གནས་སྐབས་ཀྱི་འབྲས་བུ་ཡིན་པས་སོ། །གཉིས་པ་ལམ་གྱི་དབྱེ་ས་དང་འདུ་ས་གཅིག་པར་བསྟན་པ། རྣམ་སྨིན་གྱི་འབྲས་བུ་ཕྱག་རྒྱ་ཆེན་པོ་ཡིན་པས་དེ་ཡི་ཕྱིར་ཕྱག་རྒྱ་ཆེན་པོ་ཐོབ་པ། རྒྱ་གཅིག་སྤྲོས་དང་སྦྱོར་ལམ་བར་ཆད་མེད་པའི་ཐོག་ནས་ལམ་མཆོག་རྣམ་སྨིན་ལ་དབྱེ་ས་གསུམ་ཡོད་ཀྱང་འདུ་ས་རྒྱ་ཆེན་དུ་གཅིག་པ་སྟེ་དཔེར་ན་ཝ་རྒྱུན་གྱི་དཀྱིལ་ཆུ་ལྟ་བུ་ཡིན་ནོ། །ཡང་ན་དེ་ཕྱིར་རྒྱ་ཆེན་དང་། སྦྱོར་ལམ་བར་ཆད་མེད་པ་གཉིས་ལམ་མཆོག་ཚེ་རྣམ་གཉིས་ཀྱི་རིགས་དབྱེ་ས་དང་འདུ་ས་གཅིག་ཡིན་ནོ། །བརྒྱད་པ་མངོན་ཤེས། སྦྱོར་ལམ་བར་ཆད་མེད་པའམ་ཕྱག་རྒྱ་གཅིག་སྤྲོས་ཀྱི་ཐོག་ནས་རྣམ་སྨིན་ཐོབ་པ་ཡི། མངོན་པར་ཤེས་པ། དེ་ཉིད་ཀྱི་མིང་ཅན་མངོན་ཤེས་ཡུལ་གྲངས་མི་འགྱུར་ཀྱང་འདིར་ཟག་མེད་ཐོབ་པའི་ནུས་པས་ཡུལ་གསལ་བ་ངེས་པ་ཉིད་དུ་ཁྱད་ཡོད་པར་གྱུར་པའང་ཡིན་ཏེ། རྒྱ་གཅིག་ནས་ཐོབ་པའི་རྣམ་སྨིན་གྱིས་དཔག་ཚད་དང་། སྤྲོས་པ་ནས་གླིང་བཞི་གཅིག་དང་། ཚོགས་སྒྲུབ་ནས་གླིང་ཁམས་གྲངས་གཉིས་ནས་དྲུག་གི་བར་དུ་མངོན་ཤེས་ཀྱི་ཡུལ་ལ་སྦྱོར་རོ། །གཉིས་པ་ལྷག་བཅས་ཚེ་དབང་ལ་གཉིས་ཏེ། དང་པོ་ཚེ་དབང་གི་ཁྱད་པར་སྤྱིར་བསྟན་པ། མདོར་བསྟན་གྱི་ཕྱི་མ་ལྷག་བཅས་ཚེ་དབང་ནི་རྒྱ་སྤྲོས་ཏིང་འཛིན་མཐར་ཕྱིན་པའི་དུས་ཀྱི་ཚོམ་བུ་ཚོགས་སྒྲུབ་པའི་རྣལ་འབྱོར་བས། ལྟ་དགོངས་ཏིང་འཛིན་གསལ་བ་དང་། ཚོགས་ཀྱི་སྤྱོད་པ་སྦྱོར་སྒྲོལ་དང་། སྒྲུབ་པ་ལ་བརྩོན་འགྲུས་བསྐྱེད་པ་ཆེན་པོ་དང་ལྡན་པའི་སྟོབས་ཀྱིས་སྦྱངས་པ་ལམ་མཆོག་ཡོངས་སུ་རྫོགས་པ་ཚེ་དབང་དང་། གསང་བའི་ཡོ་བྱད་ཨཱ་ལི་སྦྱོར་བ་ཐབས་ལམ་སྦྱངས་བ་ལས་བྱུང་བ་ཐབས་ཀྱི་ཚེ་དབང་དང་། སྟེང་འོག་གི་རླུང་སྟོབས་ལས་སྐྱེས་པའི་ཚེ་དབང་། གཞན་པའི་སྨན་དང་ཛ་གད་འབྲང་རྒྱས་ལ་སོགས་ཡོ་བྱད་ཀྱིས་གྲུབ་པའི་རྟགས་དང་ལྡན་པ་དང་། དངོས་གྲུབ་ལ་རོལ་ཅིང་ལོངས་སྤྱོད་པའི་ནུས་མཐུ་ལས་བྱུང་བ་བདུད་རྩི་སྨན་ལས་བྱུང་པའི་ཚེ་དབང་དང་། དེ་དག་རང་རང་གིས་ཐོབ་པར་བྱེད་པའི་ཐབས་ནི་སྨན་ཟ་བའི་ཐབས་དང་། ཐིག་ལེ་བཟུང་བའི། རླུང་བ སྒོམ་པའི། ཚོགས་སྒྲུབ་པའི་ཐབས་དང་། རྒྱུ་ཞེས་ར་མོ་ཤག་ལ་སོགས་པ་དང་། ཐིག་ལེ། རླུང་ཚོགས་སྒྲུབ་ཤེས་རབ་བཞི་ཡིས་ཕྱེ་བས་ཚེ་དབང་བཞི་སོ་སོར་ཐ་དད་བྱུང་ན་ཡང་། འདིར་ཚོགས་སྦྱོར་གྱི་ལམ་སྦྱངས་པའི་སྟོབས་ལས་སྐྱེས་པ་ཡི་ཚེ་དབང་ནི་གཞན་གསུམ་པོ་ལས་མཆོག་ཏུ་གྱུར་པ་ཡིན་ཏེ། ཟག་པ་མེད་པའི་རིག་འཛིན་ཡིན་པའི་ཕྱིར་རོ། །གཉིས་པ་ལམ་མཆོག་གི་ཚེ་དབང་བྱེ་བྲག་ཏུ་བཤད་པ་དེ་ལ་གཉིས། དང་པོ་མདོར་བསྟན། དེ་ཡང་རྒྱུ་དང་། དུས ། ངོ་བོ། རྣམ་གྲངས། དགོངས་པ། སྤྱོད་པ། མངོན་ཤེས། ལམ་གོང་མ་ལ་སྦྱོར་བའི་ཚུལ་སྟེ་བཞི་གཉིས་བརྒྱད་ཀྱིས་ཚེ་དབང་གི་ལུས་རྣམ་བཞག་མདོར་བསྟན་གྱི་རྣམ་གྲངས་རྒྱས་པར་རྫོགས་པར་བཤད་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པ་དེ་ལ་བརྒྱད་དེ། དང་པོ་ཚེ་དབང་ཐོབ་བའི་རྒྱུ་ལ་གཉིས། དང་པོ་དྲང་དོན་གྱི་རྒྱུ་ནི། ལམ་པ་གང་དག་འབྲས་བུ་འཐོབ་པར་བྱེད་པའི་ཐབས་དང་། འབྲས་བུ་ལ་མོས་པ་དྲང་པ་ཡི་དོན་ཙམ་དུ་ཚེ་དབང་ཐོབ་པའི་རྒྱུར་བྱ་བ་ནི་དྲང་དོན་གྱི་རྒྱུའོ། །གཉིས་པ་ངེས་དོན་གྱི་རྒྱུ་དེ་ལ་གཉིས། དང་པོ་སྤྱིར་བསྟན་པ། ངེས་པའི་དོན་དུ་ཟག་བཅས་ཀྱི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་རྣམ་པ་གསུམ་ལ་རིམ་གཅིག་ཏུ་གོམས་པར་བྱས་ནས་ཚེ་དབང་ཐོབ་པ་ལ། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས། དང་པོ་ཅིག་ཆར་བ། བདེན་པ་གཉིས་མེད་ཀྱི་ཏིང་འཛིན་གྱི་ལྟ་བས་ཆོས་ཉིད་མཉམ་པའི་དོན་མ་ནོར་བར་རྟོགས་ཏེ་དགག་སྒྲུབ་དང་བྲལ་བ་དུས་དང་གནས་སྐབས་ཀུན་ཏུ་ཆོས་ཉིད་མཐའ་བྲལ་ཡངས་པ་ཆེན་པོ་ཅིག་ཆར་དུ་བསྒོམ་པ་ཡིན་ལ། གཉིས་པ་རིམ་གྱིས་པ། ལམ་རིམ་གྱིས་པའི་དབང་དུ་རྒྱུ་ཤེས་པ་ལྟ་བ་དང་། རྐྱེན་འཇུག་པའི་ཏིང་འཛིན་ལ། དེ་ཀུན་རྒྱ་སྤྲོས་ཚོགས་གྲུབ་སྟེ། ལམ་ཚོགས་སྦྱོར་གྱི་རྣལ་འབྱོར་རྣམ་པ་ལྔ་པོ། ལྟ་བའི་སྐབས་ཐོས་བསམ་ཤེས་རབ་ཀྱིས་རྟོགས་བློ་དེ་གོམས་པས་ཆོ་གས་འགྲུབ་པའི་རྣལ་འབྱོར་བ་ནི། སྦྱོར་ལམ་དུ་ཟླ་བ་ཞག་གི་གྲངས་རྩ་རྒྱུད་གསང་སྙིང་ལེའུ་དགུ་པ་ནས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། ལ་སོགས་གསུངས་བཞིན་དུ་ཚོགས་སྒྲུབ་པར་བྱེད་པས་འབྲས་བུ་སྐྱེ་ཤི་མེད་པ་རྡོ་རྗེ་ལྟ་བུའི་ལུས་སུ་ཚེ་དབང་འགྲུབ་པར་ཐེ་ཚོམ་མེད་དེ། མིང་བཞིའི་ལུས་ནི། རྣམ་རྟོག་གི་ལུས། འབྱུང་བའི་ལུས། ལས་ཀྱི་ལུས། ལྷག་མའི་ལུས་ཉིད་མ་སྤངས་པར་སྐྱེ་ཤི་མེད་པ་རྡོ་རྗེའི་ལུས་སུ་གྱུར་ཚུལ་དེ་ནི་དེ་ལྟ་བུར་གྱུར་པའོ། །གཉིས་པ་དུས་ལ་གཉིས། དང་པོ་ཚེ་དབང་ཐོབ་པའི་དུས། བསྒྲུབ་ཅིང་འགྲུབ་པའི་ཞག་གྲངས་ནི་རབ་ཀྱིས་ཞག་སུམ་ཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་གམ། འབྲིང་གིས་ཟླ་བ་བཅུ་གཉིས་ཏེ་ལོ་གཅིག །ཟླ་བ་བཅུ་བཞི་སྟེ་ལོ་གཅིག་དང་ཟླ་བ་གཉིས་སམ། ཐ་མ་ཟླ་བ་བཅུ་དྲུག་སྟེ་ལོ་གཅིག་དང་ཟླ་བ་བཞི་པོ་དག་གིས། བློ་དང་བརྩོན་འགྲུས་རབ་འབྲིང་ཐ་མ་གཞུང་ནས་ཇི་ལྟར་བཤད་བ་བཞིན་དུ་ཉམས་སུ་བླངས་ནས་བསྒྲུབས་ན་ངེས་པར་མི་བསླུ་བར་ཚེ་ལ་རང་དབང་སྒྱུར་ཞིང་ལུས་མི་འདོར་བ་སྤྲུལ་སྐུའི་རིག་འཛིན་གྱི་དམ་པ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་ཉིད་འགྲུབ་པར་འགྱུར་རོ། །གཉིས་པ་ལམ་གོང་མ་ལ་སྦྱོར་ཏེ་སངས་རྒྱས་པའི་དུས། རྒྱུ་རྟོགས་པའི་ལམ་དང་། འབྲས་བུ་ལྷའི་སངས་རྒྱས་གཉིས་གཞི་ལ་གདོད་ནས་དབྱེར་མེད་པ་དུས་གཅིག་ཏུ་རྫོགས་པ་ཡི་དོན་དེ་ཉིད་རང་རིག་བྱང་ཆུབ་ཀྱི་སེམས་ཉིད་ལ་རང་དབང་ཐོབ་སྟེ་རྟོགས་ནས་མངོན་དུ་གྱུར་ཅིང་། དེའི་རང་དོན་གྱི་ཚེ་ཚད་འདི་ལོ་བརྒྱ་པའི་དབང་དུ་ལོ་བརྒྱ་ཕྲག་བཅུ་དང་། དྲུག་སྟེ་ལོ་སྟོང་དྲུག་བརྒྱ་གནས་པ་ཡི་བར་ལོ་བརྒྱ་རེ་བརྒྱ་རེ་ནས་ཇེ་གཞོན་ལ་བྱིས་པ་གཞོན་ནུ་ལོ་བརྒྱད་པ་ལོན་པ་དག་ཏུ་སྣུར་ཞིང་འཇིག་རྟེན་དུ་གནས་ནས། མཐར་ད་ལྟར་གྱི་ལུས་འདི་མ་བོར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་ཁྱེར་ནས་འགྲོ་བའི་དོན་ནུས་པ་དང་ལྡན་པའོ། །གསུམ་པ་ངོ་བོ་ལ་གསུམ། ལུས་དང་། ཡོན་ཏན། སྐུ་ཚེའི་ཚད་དོ། །དང་པོ་ལ་གཉིས། རྩ་བའི་ལུས་དང་། སྤྲུལ་པའི་ལུས་ཀྱི་ཆ་བྱད་དོ། །དང་པོ་ལ་བཞི་སྟེ། དང་པོ་རྒྱུ། གཞི་བདེན་པ་དབྱེར་མེད་ཀྱི་དོན་རྒྱུ་ཤེས་པའི་མཚན་ཉིད་ལྟ་བས་མཐོང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་འཛིན་ཚོགས་ལམ་རྣལ་འབྱོར་བཞི་མཐར་ཕྱིར་པའི་རྣལ་འབྱོར་པས། སྦྱོར་ལམ་དུ་ཞི་ཁྲོའི་ཚོགས་ཀྱི་ལོངས་སྤྱོད་ཡོ་བྱད་ལྔ། ཁྱད་པར་ཨཱ་ལི་སྤྱོད་ཅིང་ཚོགས་སྒྲུབ་པའི་དངོས་གྲུབ་ཁྱད་པར་ཅན་བླངས་པའི་སྟོབས་ཀྱིས། གཉིས་པ་ངོ་བོ། དེ་ཡང་ལུས་ཀྱི་ཟག་པ་ལུས་རང་དབང་མེད་པར་རྒས་རྒུད་དང་འདོར་ལེན་གྱི་སྡུག་བསྔལ། ཁམས་ཀྱི་ཟག་པ་གཤང་གཅི་དང་འདུ་བ་བཞིས་ཁམས་མི་བདེ་བ་དང་། སྐྱེ་གནས་ཀྱི་ཟག་པ་སྐྱེ་གནས་བཟང་ངན་ལ་རང་དབང་མེད་པར་འཇུག་པ་སོགས་ཏེ་ཟག་གསུམ་ཟད་ཅིང་མེད་པས། སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་གྲུབ་པར་གྱུར་པས་ཚེ་ལ་དབང་སྒྱུར་བ་ཡི་རིག་འཛིན་ཐོབ་པའོ། །གསུམ་པ་འབྲས་བུ། དེ་ཡང་མཐོང་བའི་ཆོས་ཚེ་འདི་ལ་མྱ་ངན་ལས་འདའ་བ་ཐོབ་པས། ལྷག་མའི་ལུས་འདི་ཉིད་མ་བོར་བར་འདི་དང་བཅས་བཞིན་དུ་མཐར་ཐུག་སངས་རྒྱས་ཀྱི་ས་ལ་འགྲོ་ནུས་པའོ། །བཞི་པ་ཡོན་ཏན། འཁོར་བའི་འཇིགས་པ་བརྒྱད་དང་ཉོན་མོངས་པ་ལྔ་པོ་ཀུན་དང་བྲལ་ཞིང་འོག་ནས་སྟོན་པའི་ཆོ་འཕྲུལ་བཞི་ཡང་རྫོགས་པའོ། །གཉིས་པ་སྤྲུལ་པའི་ལུས་ཀྱི་ཆ་བྱད། ཚེ་དབང་རིག་འཛིན་དེའི་ཆ་བྱད་ནི། ལྷ་དང་མིའི་རྒྱལ་པོའི་སྐྱེ་བ་འཛིན་ཏེ། འདོད་ལྷ་དྲུག་གི་རྒྱལ་པོ་དང་། མིའི་རྒྱལ་པོ་འཁོར་ལོས་སྒྱུར་བ་ལ་སོགས་པ་དང་། གཟུགས་ཁམས་ཀྱི་ལྷ་ཚངས་པ་ཡི་ཆ་ལུགས་སུ་གནས་པ་སྟེ། དེ་རྣམས་ཀྱི་སྐྱེ་བ་རྣམ་པར་དག་པ་རང་དབང་ཅན་དང་དབང་པོ་དང་ཡན་ལག་ལྷག་ཆད་མེད་པ་འཛིན་མོད་ཀྱིས། འོན་ཀྱང་ལྷ་མི་རྣམས་དང་ཁྱད་པར་ཡོད་དམ་མེད་ཅེ་ན་ཁྱད་ཡོད་ལ། དེ་དག་གི་ཁྱད་པར་ནི་ཟག་མེད་ཀྱི་ས་ལ་གནས་པ་དང་མི་གནས་པར་གྱུར་པའི་ཁྱད་པར་ཡོད་པ་ཡིན་བཞིན་དུ། ལྷ་མིའི་རྒྱལ་པོའི་ཆ་བྱད་དེ་ཉིད་ཀྱིས་གདུལ་བྱ་དེའི་རིགས་ཅན་ལ་བསྐྱེད་རྫོགས་གསུམ་གྱི་ཆོས་སྟོན་སྟེ་སྤྲུལ་པའི་སྐུའི་རྒྱལ་ཚབ་བྱེད་པའོ། །གཉིས་པ་ཡོན་ཏན་ལ་ལྔ། དང་པོ་བྲལ་བའི་ཡོན་ཏན། དཔེར་ན་འགྲོ་བ་གང་དག་དུག་སྦྲུལ་གྱིས་མི་འཇིགས་པ་ལ་རྩི་མ་ཀི་ཏཱ་འཆང་བ་ལྟར་དུ། ཚེ་ལ་དབང་སྒྱུར་བའི་རིག་འཛིན་དེ་ཡང་འཇིགས་པ་བྲལ་ཏེ། འཚོ་བ་མེད་ཀྱི་དོགས་པ། མི་བསྔགས་བའི། འཁོར་བའི་སྡུག་བསྔལ་གྱི། འཁོར་གྱི་དྲི་བའི་དང་། འཆི་བའི་འཇིགས་པ་ལྔ་དང་བྲལ་བའོ། །སོགས་ཁོང་དུ་འཇིགས་པ་བརྒྱད་དང་འཁོར་བའི་ཉེས་སྐྱོན་ཐམས་ཅད་དང་བྲལ་བའོ། །གཉིས་པ་ཐོབ་པའི་ཡོན་ཏན། མངོན་ཤེས་དྲུག་དང་། ཆོ་འཕྲུལ་བཞི་པོ་དག་གི་ཡན་ལག་ཉེར་ལྔ་དང་ཉི་ཤུ་ལ་སོགས་པ་ཀུན་གྱི་རྩལ་དང་གྲངས་ཡོངས་སུ་རྫོགས་ཤིང་། གསུམ་པ་སྐྱེ་བའི་ཡོན་ཏན། ཚེའམ་རིག་པ་དང་སྐྱེ་བ་ལ་རང་དབང་སྒྱུར་བའི་སྟོབས་ཀྱིས་ལྷ་མིའི་རྒྱལ་པོའི་སྐྱེ་བ་རྣམ་དག་ཁྱད་པར་ཅན་བླང་བ་ཡིས། བཞི་པ་འདུལ་ཞིང་གི་ཡོན་ཏན། གཞན་དོན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བརྒྱ་ཚུན་ཆད་ཀྱི་གདུལ་བྱ་འདུལ་བར་བྱེད་དོ། །ལྔ་པ་རྒྱུའི་ས་དང་པོ་དང་སྐལ་བ་མཉམ་པའི་ཡོན་ཏན། རྒྱུ་ཡི་ཐེག་པ་ཆེན་པོའི་ས་དང་པོ་རབ་ཏུ་དགའ་བ་དང་ཚེ་དབང་རིག་འཛིན་དང་སྐལ་བ་མཉམ་མོ། །གཉིས་པ་ཕྱག་ཆེན་བརྒྱད་པ། གསུམ་པ་ལྷུན་གྲུབ་བཅུ་པ་དང་མཉམ་པའོ། །གསུམ་པ་སྐུ་ཚེའི་ཚད་ལ་གཉིས། དང་པོ་བདག་དོན་ཚེ་ཚད། བདག་གི་དོན་གྱི་ཕྱིར་ཐོས་བསམ་ལ་སོགས་པའི་ལམ་དོན་དུ་གཉེར་བ་འབྲས་བུ་ཐོབ་པའི་དུས་ནི། ལོ་བརྒྱ་ཕྲག་བཅུ་དྲུག་སྟེ་ལོ་སྟོང་དྲུག་བརྒྱའི་ཚེ་ཡིས་རང་དོན་རྫོགས་ནས་འབྲས་བུ་ལ་སྦྱོར་བའོ། །གཉིས་པ་གཞན་དོན་གྱི་ཚེ་ཚད། གདུལ་བྱ་གཞན་གྱི་དོན་དུ་ཚེ་ལ་རང་དབང་ཐོབ་པ་ཡིན་པའི་ཕྱིར་ཚད་བཟུང་མེད་དེ། བཞུགས་པར་བཞེད་ན་བསྐལ་པ་གྲངས་མེད་པའི་བར་དུ་འཇིག་རྟེན་གྱི་ཁམས་སུ་གནས་པར་འགྱུར་ཡང་། བགྲེས་རྒུད་མི་མངའ་བའི་སྐུ་ནི་ཤིན་ཏུ་གཞོན་པ་ལོ་བརྒྱད་པའི་ཚུལ་དུ་སྣང་སྟེ། གདུལ་བྱ་རྟག་འཛིན་དང་ལེ་ལོ་ཅན་འདུལ་བའི་དུས་ཀྱི་སྤྲུལ་པའི་ལུས་འཆི་འཕོ་བ་དང་། མི་འདུལ་ན་འདུག་པར་ཡང་བྱེད་དོ། །བཞི་པ་རྣམ་གྲངས་ལ་གསུམ། རྣམ་གྲངས་དངོས་དང་། དེ་ལ་དངོས་སུ་ལུང་སྟོན་ཅིང་དབང་བསྐུར་འབྱུང་བ་ལུང་བལྟན་པ་དང་། གནས་དང་སྐྱེ་བ་དང་ཆ་བྱད་ཀྱང་གཞན་དོན་གྱི་སྐབས་ཀྱིས་མ་ངེས་པའོ། །དང་པོ་ལ་གཉིས། ངོ་བོའི་དང་མིང་གི་རྣམ་གྲངས་སོ། །དང་པོ་ལ་གཉིས། དང་པོ་ཚེ་དབང་རིག་འཛིན་སྤྱིར་བསྟན་པ་ནི། ངོ་བོ་ངེས་བཟུང་བ་བཞིན་དུ་རྣམ་གྲངས་ཀྱང་རྣམ་པར་འཇུག་སྟེ། ཉེ་ཤིང་དང་། ར་མོ་ཤག་དང་རྟག་ཏུ་ཕྱི་ནང་གི་བདུད་རྩི་ལྔ་ཡི་སྨན་གྱིས་བཅུད་ལེན་པའི་ཚེ་དབང་དང་། འོག་སྒོ་སྦྱོར་བའི་ཐབས་ལས་གྱུར་པའི་ཚེ་དབང་རིག་འཛིན་དང་། རྣལ་འབྱོར་རླུང་བཟུང་བ་ཚེ་རིང་བར་གྱུར་པ་སྒྲོལ་མ་རླུང་ལས་གྱུར་པའི་ཚེ་དབང་རིག་འཛིན་དང་། མ་ཧཱ་ཡོ་གའི་ཚོགས་སྦྱོར་གྱི་ལམ་མཆོག་ལྟ་སྒོམ་སྤྱོད་གསུམ་གྱི་རྩལ་ཡོངས་སུ་རྫོགས་པའི་ཚེ་ལ་དབང་སྒྱུར་བའི་རིག་འཛིན་དང་། དེ་ལྟར་ཚེ་དབང་ལ་རིམ་པ་བཞི་པོ་དེའི། དབང་བཅུ་ནི། ཚེ་ལ་དབང་བ། སྐྱེ་བ་ལ༴ ཡོ་བྱད་ལ༴ མོས་པ་ལ༴ རྫུ་འཕྲུལ་ལ༴ ཆོས་ལ༴ ཡེ་ཤེས་ལ༴ སེམས་ལ༴ ལས་ལ༴ སྨོན་ལམ་ལ་དབང་བ་སྟེ། དབང་བཅུ་ཡོད་པའི་དང་པོ་ཚེ་ལ་དབང་བ་ཙམ་དུ་འདྲ་མོད་ཀྱང་། དེ་དག་ལ་ཁྱད་ཡོད་དེ། གཉིས་པ་ལམ་མཆོག་རྫོགས་པའི་ཚེ་དབང་ཁྱད་པར་དུ་བསྟན་པ། ཚེ་དབང་བཞི་པོ་དེ་དག་ཉིད་ལ་ཁྱད་པར་དྲུག་ལས། དང་པོ་མཐུ་དང་བྱིན་རླབས་ལ་ཆེ་ཆུང་གི་ཁྱད་པར་ཡོད་དེ། གསུམ་པོ་བདག་དོན་ཀུན་འགྲོ་སྤང་མི་ནུས་ཤིང་། རྫུ་འཕྲུལ་ཉི་ཤུ་སོགས་འབྱིན་མི་ནུས་ལ། འདིས་ནུས་པ་དང་། གཉིས་པ་ཟག་པ་ཡོད་མེད་ཁྱད་པར། གསུམ་པོ་ལ་ཟག་པ་ཡོད་ལ། འདི་ལ་སྔ་མ་བཞིན་མི་ཟག་སྟེ་ཟག་མེད་ཀྱི་མཐོང་ལམ་བ་ཡིན་པའི་ཕྱིར་རོ། །གསུམ་པ་བསྐྱེད་པ་རྒྱུའི་ཁྱད་པར། གསུམ་པོའི་རྒྱུ་ནི་སྨན་ལ་སོགས་པ་ཡིན་ལ་འདིའི་རྒྱུ་ནི་ཚོགས་སྒྲུབ་ཀྱི་ཤེས་རབ་གསུམ་ཡིན་པ་དང་། བཞི་པ་ངོ་བོའི་ཁྱད་པར། གསུམ་པོ་འཇིག་རྟེན་པ་ཡིན་ལ། འདིའི་ངོ་བོ་ནི་ལམ་མཆོག་ཡོངས་སུ་རྫོགས་པས་འདས་པའོ། །དེ་ལྟར་འཁོར་འདས་དང་ཟག་བཅས་ཟག་མེད་རྣམ་པ་གཉིས་སུ་འགྱུར་པའོ། །ལྔ་བ་ལྟ་དགོངས་ཀྱི་ཁྱད་པར། གོང་དུ་བཤད་པའི་ཁྱད་ཡོད་པ་དེ་བས་ན། གསུམ་པོར་ཟག་མེད་ཀྱི་དགོངས་པ་མེད་ལ། འདི་ནི་ཟག་མེད་ཀྱི་ཆོས་ཉིད་རང་མཚན་གྱི་དགོངས་པ་ལ་མངའ་བརྙེས་པའོ། །དྲུག་པ་སྤྱོད་པའི་ཁྱད་པར། གསུམ་པོས་བདག་གཞན་གྱི་དོན་རྒྱ་ཆེན་པོ་སྤྱོད་མི་ནུས་ལ། འདིས་ནི་བདག་གཞན་གྱི་དོན་རླབས་པོ་ཆེར་སྤྱོད་ནུས་པ་དང་། སངས་རྒྱས་སྤྲུལ་སྐུའི་རྒྱལ་ཚབ་བྱེད་ནུས་པ། དེས་ན་དགོངས་པ་སྤྱོད་པ་ལ་ཁྱད་པར་ཡོད་པ་སྨོས་ཅི་དགོས་ཏེ། ལམ་མཆོག་འདི་ལས་གཞན་པ་སྨན་དང་། ཐབས་དང་། རླུང་ལས་གྲུབ་པས་ཚེ་དབང་ཐོབ་པ་དེ་གསུམ་ཡང་ཚེ་དབང་ཙམ་པོ་བ་ཡིན་པས། ལམ་མཆོག་ཡོངས་རྫོགས་ཀྱི་ཚེ་དབང་རིག་འཛིན་དང་འདྲ་བ་མིན་ནོ། །གཉིས་པ་མིང་གི་རྣམ་གྲངས་ལ་གསུམ། དང་པོ་མདོར་བསྟན། ལམ་མཆོག་གི་ཚེ་དབང་རང་ལའང་ཡོན་ཏན་གྱིས་མཚན་གྱི་རྣམ་གྲངས་མི་འདྲ་བའི་ཆས་བརྗོད་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་བཤད་ལ་བཞི། དང་པོ་མིང་བཞིའི་ལུས་དང་བཅས་ནས་མྱ་ངན་ལ་འདའ་བར་བསྟན་པ། ལྷག་མའི་ལུས་ཏེ་གཟུགས་ཀྱི་ཕུང་པོ་དང་། མིང་བཞིའི་ཕུང་པོར་བཅས་པ་ཡིས་བསྐལ་པ་གྲངས་མེད་ལ་སོགས་ཅི་ཙམ་གནས་པར་འདོད་པ་ལ་རང་དབང་ཐོབ་པའི་ཚེ་ལ་དབང་བའི་རིག་འཛིན་གྲུབ་པའི་ཕྱིར། ལྷག་མའི་ལུས་དང་། རྟོག་པའི་ལུས་དང་། འབྱུང་བའི་ལུས་དང་། ལུས་ཀྱི་ལུས་དང་བཅས་མ་སྤངས་མྱ་ངན་ལས་འདས་པས་ལྷག་བཅས་ཀྱི་མྱ་འདས་ཞེས་བྱའོ། །གཉིས་པ་ཟག་ལྡོག་མེད་པར་བསྟན་པ། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་གསུམ་པོ་ཀུན་ཟད་པའི་ཚེ་ལ་དབང་བའི་རིག་འཛིན་ཆེན་པོ་མཐོང་ལམ་པ་དེ། སྒོ་གསུམ་གྱི་སྤྱོད་པ་ཇི་ལྟར་སྤྱད་ཀྱང་འཁོར་བ་ལ་ལྡོག་པ་མེད་པའི་ལམ་པ་ཞེས་བྱའོ། །གསུམ་པ་དབུགས་དབྱུང་ནས་བདེན་པ་མཐོང་བར་བསྟན་པ། རིག་པ་ལ་རང་དབང་ཐོབ་པས་འཁོར་བའི་སྡུག་བསྔལ་གྱི་འཇིགས་པ་ལས་དབུགས་དབྱུང་བ་སྟེ། ངལ་བསོ་བའི་ཕྱིར་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཞེས་བྱ། ཚེ་དབང་གི་སྐབས་འདིར་ཟག་བཅས་ཟག་མེད་སངས་རྒྱས་ཀྱི་སའི་བདེན་པ་གསུམ་ལས་འདིར་བདེན་པ་བར་མ་ཟག་མེད་རང་གི་མཚན་ཉིད་མཐོང་བས་ཟག་མེད་མཐོང་ལམ་པ་བྱ། བཞི་པ་རིག་པ་འཛིན་པར་བསྟན་པ། ཆོས་རང་དང་སྤྱིའི་དོན་རྣམས་ལ་མཁས་པའི་ལྟ་བ་རྟོགས་ཤིང་ཏིང་འཛིན་གོམས་པས་སྤྱོད་པ་རིག་པ་ཡེ་ཤེས་དང་མི་འབྲལ་བར་འཛིན་པས་ན་རིག་འཛིན་ཞེས་ཀྱང་བྱ། རིག་འཛིན་དེའི་ཆ་ལུགས་ཀྱང་ལྷ་དང་མི་ལ་སོགས་པའི་ཆ་ལུགས་ཡིན་ལ། ཏིང་འཛིན་ཞི་ཁྲོ་གང་ཡིན་པའི་རྡོ་རྗེ་ཡི་རིགས་ལ་སོགས་པའི་རྒྱུད་འཛིན་པར་བྱེད་ཅིང་། མི་གཏོང་བའི་གཟུངས་དང་ལྡན་པ་ལས་རིག་འཛིན་གྱི་མིང་ཐོབ་པས་རིག་འཛིན་ཞེས་བྱའོ། །གསུམ་པ་དོན་བསྡུས་ཏེ་བསྟན་པ། དེ་ལ་སོགས་པ་མཐོང་ལམ་པའི་ཡོན་ཏན་གྱི་རྣམ་གྲངས་ཀྱིས་བཏགས་ན་མཚན་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་ངོ་། །གཉིས་པ་དེ་ལ་དངོས་སུ་ལུང་སྟོན་ཅིང་དབང་བསྐུར་འབྱུང་བར་ལུང་བསྟན་པ། ཚེ་དབང་འདི་ལ་རྫོགས་པའི་སངས་རྒྱས་ཀྱིས་དངོས་སུ་ས་ཁམས་ཏེ་ཞིང་ཁམས་འདི་དང་འདིར་རྒྱུག་ལ་སྒྲོ་འདོགས་ཆོད་ཅིག་ཅེས་པའི་ལུང་སྟོན་པ་དང་། གསང་མཚན་རྡོ་རྗེ་ཆྒཻ་མོ་ཞེས་རྡོ་རྗེའི་མིང་ནས་བོས་མིང་གི་དབང་བསྐུར་བར་འབྱུང་ངོ་། །གསུམ་པ་གནས་དང་སྐྱེ་བ་ཆ་བྱད་ཀྱང་གཞན་དོན་གྱི་སྐབས་ཀྱིས་མ་ངེས་པ། ལྟ་བས་མཐོང་ཞིང་ཏིང་འཛིན་གོམས་པའི་ནུས་མཐུ་དང་ལྡན་པས་སྤྱོད་ཡུལ་ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་དུ་རང་སྣང་བ་མ་གཏོགས་གཞན་མེད་པས་ཚེ་ལ་དབང་བའི་རིག་པ་འཛིན་པའི་གནས་དེ་ཡིན་ཏེ། དེ་ལྟར་ཐམས་ཅད་རིག་པ་རང་སྣང་བས་གནས་སུ་མ་གྱུར་པ་མེད་པས་བརྟེན་པའི་གནས་ལ་ཕྱོགས་གཅིག་ངེས་པ་མེད་ལ། སྐྱེ་བ་དང་ཆ་བྱད་ཀྱང་གདུལ་བྱིའི་དོན་བྱ་བའི་སྐབས་ཀྱིས་འགྱུར་ཞིང་མ་ངེས་སོ། །ལྔ་པ་དགོངས་པ་ལ་གསུམ། མི་དམིགས་པ་ཆོས་ཉིད་ཀྱི་དགོངས་པ་དང་། མ་འགགས་པ་ཕྱག་རྒྱའི་དགོངས་པ་དང་། དགོངས་པས་གནས་ནས་མཐར་འབྲས་བུ་ལ་སྦྱོར་ཚུལ་ལོ། །དང་པོ་ལ་གཉིས། དང་པོ་དགོངས་པ་མཐོང་བྱ་མཐོང་བྱེད་མེད་པར་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་སོགས་སྒོ་ལྔ་ཡུལ་མེད་རང་གསལ་བ་ནི། འཁོར་འདས་ཀྱི་ཆོས་རྣམས་རིག་པ་བདག་ཉིད་ཆེན་པོར་རང་སྣང་དུ་རྟོགས་པའི་ཕྱིར་ཡུལ་དུ་དམིགས་སུ་མེད་དོ། །གཏན་ཚིགས་དེའི་ཕྱིར་ན། ཆོས་ཅན་ཀུན་ཀྱང་ཡུལ་ཡུལ་ཅན་དུ་མི་མཐོང་ངོ་། །འོ་ན་དེའི་ཆོས་ཉིད་མཐོང་ངམ་ཞེ་ན། ཆོས་ཉིད་ཀྱང་ཡུལ་ཡུལ་ཅན་དུ་མི་མཐོང་བས་དེས་ན་སངས་རྒྱས་ཀྱི་ཐུགས་ཀྱང་ཡུལ་ཡུལ་ཅན་དུ་མི་མཐོང་ངོ་། །འོ་ན་འཁོར་བ་མཐོང་ངམ་ཞེ་ན། ཕྱི་སྣོད་འབྱུང་བ་དང་། ནང་བཅུད་འགྲོ་དྲུག་གི་སེམས་ཅན་ཀྱང་རང་གི་སེམས་ཉིད་རང་སྣང་བ་ལས་གཞན་དུ་མི་མཐོང་ངོ་། །དེས་ན་ཡུལ་མེད་རང་གསལ་གཉིས་མེད་དུ་གང་མཐོང་བ། དེས་ནི་མཐའ་བྲལ་ལྷུན་གྲུབ་ཡུལ་ཡུལ་ཅན་ཕྱོགས་རེའི་ཉེས་སྐྱོན་མེད་པས་ཡང་དག་པ་ཟག་མེད་ཆོས་ཉིད་ཀྱི་བདེན་པ་མཐོང་ཞེས་བྱ་བའོ། །གཏན་ཚིགས་དེ་བས་རྣ་བའི་སྒྲ་ཡུལ་ཡུལ་ཅན་གང་དུ་ཐོས་པ་མེད་པར་སྒྲ་གྲགས་སྟོང་ཟུང་འཇུག་རང་སྣང་དུ་ཐོས་པ་དང་། དེ་བཞིན་ལྕེས་རོ་མྱོང་། ལུས་ཀྱིས་རེག་བྱ། སྣས་དྲི། ཡིད་ཀྱིས་ཡུལ་རིག་པ་སོགས་ཡུལ་མེད་རང་སྣང་གཉིས་མེད་དུ་མཐོང་བས་ན་མཐོང་བའི་ལམ་མོ། །གཉིས་པ་དེའི་རྒྱུ་ལྟ་སྒོམ་གྱི་སྟོབས་ལས་བྱུང་ངས་ཟག་བཅས་ལས་ཁྱད་པར་གྱུར་པ། དེ་ལྟར་བདེན་པ་མཐོང་བའི་རྒྱུ་གང་ལས་བྱུང་ཞེ་ན་རྒྱུ་ཤེས་པ་ལྟ་བ་དང་། རྐྱེན་འཇུག་པ་ཏིང་འཛིན་བཞི་དང་བར་ཆད་མེད་པ་ཚོགས་སྒྲུབ་པ་ལས་སྐྱེས་པས། དེ་ཡི་ཕྱིར་བདེན་པ་དབྱེར་མེད་རང་རིག་མངོན་སུམ་དུ་རྟོགས་པའི་མཆོག་ཚེ་དབང་ནི། བདེན་པ་དབྱེར་མེད་ཀྱི་རིག་པ་རང་དབང་ཐོབ་ནས་སྔོན་ངོ་བོའི་སྐབས་སུ་བསྟན་པ་བཞིན་ཡིན་ཏེ། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་གསུམ་གྱིས་འཁོར་བར་ཟག་པ་ནི་ཚེ་དབང་རིག་འཛིན་འདི་ལ་མེད་དོ། །གཉིས་པ་མ་འགགས་པ་ཕྱག་རྒྱའི་དགོངས་པ། སྔོན་ཆད་ཚོགས་སྦྱོར་གཉིས་ཀྱི་ལམ་གྱི་སྤངས་བྱའི་རྩོལ་བ་དང་གཉེན་པོའི་རྩོལ་བའི་འདུ་བྱེད་རྣམས་ཀྱང་ཟག་མེད་ཀྱི་ཚེ་དབང་འདི་ལ་མེད་དེ། དེའི་རྒྱུ་མཚན་ནི་འདིར་མཉམ་རྗེས་འདྲེས་ཤིས་ཉོན་མོངས་མངོན་གྱུར་དག་པས་འབྲས་བུ་ཐོབ་ཏུ་རེ་བ་དང་། མ་ཐོབ་པའི་དོགས་པའི་འཛིན་ཆགས་དང་བྲལ་བས། བློ་ཆེ་ཆུང་གི་དབང་གིས་བློ་ཆུང་ན་ལྷ་སྟོང་ནས་ཉི་ཁྲི་བཞི་སྟོང་ལ་སོགས་རིམ་པར་བསྒོམ་པའམ། བློ་ཆེན་རིམ་པ་མེད་པར་ཅིག་ཆར་དུ་རྫོགས་པའི་ཚུལ་གྱིས། སྟོང་ནས་ཉི་ཁྲི་བཞི་སྟོང་ལ་སོགས་བསམ་ཡས་གྲངས་མང་ལྷའི་འཁོར་ལོ་རང་རིག་པར་གསལ་བར་རྫོགས་པའི་རྣལ་འབྱོར་ཏིང་འཛིན་ལ་གནས་ནས་ཞི་ཁྲོའི་དཀྱིལ་འཁོར་རྣམ་པ་གཉིས་ཀྱིས་རང་གཞན་གྱི་དོན་ཐམས་ཅད་སྒྲུབ་པར་མཛད་དོ། །གསུམ་པ་དགོངས་པ་ལ་གནས་ནས་མཐར་ཐུག་འབྲས་བུ་ལ་སྦྱོར་ཚུལ། དགོངས་པ་དེ་ཡི་མིང་ནི་ཚེ་ལ་དབང་སྒྱུར་བའི་རྣལ་འབྱོར་གྱི་ཏིང་འཛིན་ཞེས་བྱ་བ་ཡིན་ཏེ། རང་དོན་དུ་ལོ་བརྒྱ་ཕྲག་བཅུ་དྲུག་གི་ཆ་མ་རྫོགས་ཀྱི་དུས་ཀྱི་བར་དུ། རང་གི་ཤེས་རབ་གསུམ་གྱིས་ལམ་གོམས་པར་བྱས་ནས་མཐར་ཆགས་པ་ཕྱག་རྒྱ་ཆེན་པོ། ཐོད་རྒལ་བ་ལྷུན་གྲུབ་གཉིས་ཐོབ་པའི་ཐ་མ་སྐད་ཅིག་མ་གཅིག་གི་ཆ་ཡིས་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་ཤེས་སྒྲིབ་འཇོམས་པས་དཔའ་བོ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ལ་སྦྱོར་བའོ། །དྲུག་པ་སྤྱོད་པ་ལ་གཉིས། དང་པོ་བདག་དོན་གྱི་སྤྱོད་པ། ཚེ་དབང་རང་དང་རིགས་མཐུན་ཡང་བློ་ཆེ་ཞིང་དགོངས་པ་མཆོག་ཏུ་གྱུར་པའི་ཚེ་དབང་རྒན་པོ་རྣམས་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་སངས་རྒྱས་སྤྲུལ་པའི་སྐུ་རྣམས་ལས། གསང་སྔགས་ཟག་མེད་ཀྱི་དོན་ལ་ཐོས་པའི་ཤེས་རབ་ཀྱི་ཐོབ་པ་དང་། བསམ་པའི་ཤེས་རབ་ཀྱིས་དོན་རིག་པར་བྱས་ཤིང་རྟོགས་པ་དང་། བསྒོམ་པའི་ཤེས་རབ་ཀྱིས་དོན་རང་གི་རྒྱུད་ལ་སྦྱོར་བས། དཔེར་ན་དཀྱུས་སར་ཕྱིན་པའི་རྟ་ཅང་ཤེས་ཏེ་ཐོགས་མེད་དུ་འགྲོ་བ་བཞིན་དུ། ལྟ་བ་དེ་ཀུན་གྱི་སྔོན་དུ་འགྲོ་བ་ཡིན་པས་ལྟ་དེའི་དང་ཤེས་རབ་གསུམ་རྩལ་འདོན་པ་ནི་བདག་པོའི་དོན་གྱི་སྤྱོད་པའོ། །གཉིས་པ་གཞན་དོན་ཡོན་ཏན་དང་བཅས་པ་དེ་ལ་གཉིས། དང་པོ་མདོར་བསྟན་པ། རྫུ་འཕྲུལ་གྱི་ཆོ་འཕྲུལ། ཆོས་སྣང་བའི། རྗེས་སུ་བསྟན་པའི། ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་ཏེ་བཞི་པོ་དེ་དག་དང་། མངོན་པར་ཤེས་པ་དྲུག་ཀྱང་མངོན་པར་ཤེས་པས། ཚེ་ལ་དབང་སྒྱུར་བ་དེ་ཉིད་ཀྱི་མིང་དང་ལྡན་པ་ཡིས། ཚེ་ལ་དབང་བསྒྱུར་བས་རྩ་བའི་ལུས་སྐྱེ་འཇིག་མེད་པས་རྡོ་རྗེའི་སྐུའི་ངང་ལས་མ་གཡོས་བཞིན་གཞན་དོན་ཕྲིན་ལས་ཀྱིས་བྱ་བ་བྱེད་ཅིང་འགྲོ་དོན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་རྒྱས་པ་དེ་ལ་གསུམ། ཆོ་འཕྲུལ་བཞིས་གཞན་དོན་བྱ་བ་དང་། གཞན་དོན་མཛད་ནས་འབྲས་བུ་ལ་སྦྱོར་ཚུལ་དང་། རྨད་དུ་བྱུང་བའི་སྤྱོད་པས་གདུལ་བྱ་འདུལ་བར་བསྟན་པའོ། །དང་པོ་ལ་བཞི། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་དོན་མཛད་པ་དང་། རྗེས་སུ་བསྟན་པའི་དང་། ཆོས་སྣང་བའི་དང་། ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་གཞན་དོན་མཛད་པའོ། །དང་པོ་ལ་བཞ། དང་པོ་རྫུ་འཕྲུལ་ཉི་ཤུ་བསྟན་པ། ཆོ་འཕྲུལ་བཞི་ཡི་ཐོག་མར་སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་གདུལ་བྱ་གཞན་གྱི་དོན་སྤྱོད་པ་ནི། གང་ཞེ་ན། ལམ་ལྟ་སྒོམ་གྱི་ནུས་པའི་མཐུ་ཅན་དུ་གྱུར་པའི་སྐྱེ་བ་རང་དབང་ཅན་ཚེ་དབང་རིག་འཛིན་དེས། རྫུ་འཕྲུལ་ཉི་ཤུ་ལ་སྤྱོད་པའི་ཚུལ། ཅི་ལྟ་བུ་ནུས་ཤེ་ན། ལུས་ཤིང་བལ་ལྟར་ཡང་བས་ནམ་མཁའ་ལ་བྱ་བཞིན་འཕྱོ་བ་དང་། རིག་འཛིན་གྱི་གནས་ཐམས་ཅད་བགྲོད། ངག་གི་བདེན་པ་འགྲུབ་པས་ཆུ་བོའི་རྒྱུན་གྱེན་ལ་ལྡོག་པ་དང་། རླུང་ཞི་བར་གྱུར་ཅིག་བརྗོད་པས་མི་འགུལ་བ་དང་། རི་དང་བྲག་ལ་སོགས་པར་ཐོགས་པ་མེད་པར་འཛུལ་ནུས་པ་ཆུ་ལ་མི་བྱིང་བ་དང་། མེས་མི་ཚིག་པ་དང་། དུག་དང་མཚོན་གྱིས་འཇིགས་པར་མི་འགྱུར་ཏེ་མི་ཚུགས་པ་དང་། ལུས་འདི་མངོན་སུམ་དུ་མི་སྣང་བ་དང་། ལུས་གཅིག་ལ་མང་པོར་སྤྲུལ་པ་དང་། དེ་དག་ལས་གཞན་པ་ཡང་རང་ཉིད་ཀྱི་ཡོད་ལ་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་སྟེ་གང་ཞེ་ན། འཇིག་རྟེན་གྱི་ལྷ་མ་སྲིན་སྡེ་བརྒྱད་རྣམས་ལ་བདག་གིས་དབང་བསྒྱུར་བ་དང་། རང་གཞན་གྱི་ཚེ་དང་དུས་ལ་བསྲིང་བར་འདོད་ན་བསྲིང་བར་ནུས་ལ་བསྟུང་འདོད་ན་བསྟུང་ནུས་པ་དང་། སྟོང་གསུམ་གྱི་ཁམས་ཐམས་ཅད་ཡུངས་འབྲུར་ཤོང་བ་དང་། ཡུངས་འབྲུས་སྟོང་གསུམ་གྱི་སྟོང་ཆེན་པོས་གང་བ་དང་། བ་སྤུ་ཉག་གཅིག་གིས་སྟོང་གསུམ་དགང་བ་སྟོང་ཁམས་བ་སྤུའི་བུ་གར་བསྡུ་བའང་ཡུངས་འབྲུའི་དཔེ་དེ་བཞིན་ནོ། །སྲིད་པ་བསྲེག་པའི་བསྐལ་པ་ཡི་མེ་ཡང་གཞིལ་བར་ནུས་པ་དང་། རང་གི་ལུས་ལ་ཉི་མའི་དཀྱིལ་འཁོར་འབུམ་དུས་གཅིག་ལ་དགྱེ་ནུས་པ་དང་། ས་ཕྱོགས་སྐམ་པོའི་སར་ཆུ་དབྱུང་བ་དང་། བྱེ་མ་ལ་གསེར་དུ་འབྱུང་བ་དང་། སོལ་བ་ལ་ལྗོན་ཤིང་དུ་འབྱུང་བ་དང་། གཉིས་པ་འབྱུང་བ་ལྔ་སྟོབས་ཆེན་དུ་བྱ་བ། ནམ་མཁའ་ལ་རྡོ་རྗེའི་སྐས་པ་སྒོམས་པས་རྡོ་རྗེའི་བྲག་ལྟར་སྲ་བའི་སྐས་འབྱུང་བ་དང་། རྃ་ལས་ཡེ་ཤེས་ཀྱི་མེ་འབར་བར་བསྒོམས་ནས་ཐ་མལ་གྱི་མེ་ཡང་འཚིག་པར་འགྱུར་བ་དང་། ཁྃ་ལས་ཡེ་ཤེས་ཀྱི་ཆུ་རྒྱུན་འབབ་པའང་། དཔེ་གོང་གི་དེ་བཞིན་དུ་ཐ་མལ་གྱི་ཆུ་ཡང་དག་པ་ཡིན་ཏེ། ཡྃ་ལས་ཡེ་ཤེས་ཀྱི་རླུང་གིས་འཇིག་རྟེན་གྱི་ཁམས་འཐོར་བར་བསྒོམས་པས་གཏོང་བ་རླུང་གིས་བྱེད་པ་དང་། ཨེ་ལས་ཐམས་ཅད་སྟོང་པར་བསྒོམས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྟོང་ཞིང་སྟེང་ནས་འོག་ཏུ་ལྟུང་བ་དང་། འོག་ནས་སྟེང་དུ་འཕེན་པར་བྱ་བའང་འགྲུབ་བོ། །གསུམ་པ་ལས་ཁ་ཚར་བརྒྱད། ཏིང་འཛིན་གྱིས་དགྲ་བགེགས་དགུག་པ་དང་། གླིང་ཁམས་གཞན་དུ་གཏང་བ་དང་། དགྲ་བགེགས་ཀྱི་ཁ་བཅིང་བ། གཞན་གྱིས་བྱད་དུ་བཅུག་པ་དགྲོལ་བ་དང་། སྲིའུ་དང་ལོ་ཏོག་ནད་པ་གསོ་བ་དང་། དགྲ་བགེགས་གསད་པ་དང་། གཞན་གྱི་གཡུལ་འཕམ་པར་བྱ་བ་དང་། བདག་གི་གཡུལ་རྒྱལ་བར་བྱེད་པ་ལ་སོགས་པ་རྣམས་རང་གིས་ཇི་ལྟར་དམིགས་ཤིང་བས་པ་བཞིན་དུ་འགྲུབ་སྟེ། དེ་ཡང་ཏིང་འཛིན་ལས་སུ་རུང་བས་སོ། །བཞི་པ་གདུག་པ་ཅན་དབང་དུ་བསྡུ་བ་ལ་གཉིས། དང་པོ་དུད་འགྲོ་གདུག་པ་ཅན་དབང་དུ་བསྡུ་ན། སྦྲུལ་གདུག་པ་ཅན་དང་། སྟག་དོམ་ལ་སོགས་པའི་གཅན་གཟན་གདུག་པ་ཅན་རྣམས་ཀྱང་། ཁྱི་ལ་ཟན་བྱིན་པ་བཞིན་དུ་བདག་ཉིད་ཕྱི་ནས་རྗེས་སུ་འབྲང་བར་འགྱུར་རོ། །གཉིས་པ་བར་ཆད་གདུག་པ་ཅན་དབང་དུ་བསྡུ་བ། གཞན་ཡང་བར་དུ་གཅོད་པའི་བདུད་གནོད་སྦྱིན་དང་། ལྷ་སྲིན་ལུས་སེམས་གདུག་པ་ཅན་ལ་སོགས་པས། བདག་ལ་བར་ཆད་ཀྱིས་ཚུགས་པར་མི་འགྱུར། སླར་བྲན་གཡོག་བཞིན་དུ་བདག་གི་བཀའ་ཉན་པས་ཕྲིན་ལས་ཅིང་བཅོལ་ཐོགས་མེད་སྒྲུབ་པར་བྱེད་པར་འགྱུར་རོ། །གཉིས་པ་རྗེས་སུ་བྱེད་པ་ནི། ལྷ་མིའི་ལུས་འདི་མ་བོར་བར་ཚེ་ད བང་རིག་འཛིན་གྱིི་སར་གནས་ནས། དེའི་ཐུགས་རྗེ་སྤྲུལ་པའི་བྱིན་རླབས་ཀྱིས་སྤྲུལ་སྐུའི་རྒྱལ་ཚབ་མཛད་ནས། ལྷ་ཀླུ་ལ་སོགས་འགྲོ་བ་སོ་སོའི་སྐད་དང་མཐུན་པ་ཡིས་འགྲོ་བ་སོ་སོ་ཐར་པའི་ལམ་ཡང་དག་པ་སྟོན་ཏེ། དེའི་ཡོན་ཏན་ནི། ངན་སོང་གསུམ་པོའི་གནས་སྟོངས་ཤིང་མཐོ་རིས་ཀྱི་དགེ་བའི་ལས་ལ་བསྐུལ་བ་དང་། གདུལ་བྱ་དེ་ཉིད་ལམ་སྟེགས་ཀྱི་ཐེག་པ་ཆུང་ངུ་ཉན་རང་ལ་དགོད་ཅིང་། ཉན་རང་དེ་དག་ཉིད་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་ལ་དགོད་ཅིང་དེ་ནས་གསང་སྔགས་ཀྱི་ལམ་ལ་བཀོད་པར་མཛད་དོ། །སོ་སོའི་སྐྱེ་བོ་རྣམས་ཐར་པར་བསྐུལ་ཞིང་ཉན་རང་རྣམས་ཞི་བ་ཕྱོགས་གཅིག་པའི་མཐའ་ལ་ཞེན་པ་སློང་བར་བྱེད་པ་དང་། རབ་དགའ་ལ་སོགས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་ཡོད་པའི་ཤེས་བྱ་ཡི་སྒྲིབ་པ་རྣམས་རིམ་པར་སྦྱོང་བར་བྱེད་ཅིང་། བདེ་བར་གཤེགས་པ་ལོངས་སྐུ་དང་སྤྲུལ་སྐུའི་འཁོར་ས་ལ་གནས་པ་དང་མོས་པས་སྤྱོད་པ་རྣམས་ལའང་ཆོས་སྟོན་པར་མཛད་དོ། །གསུམ་པ་ཆོས་སྣང་བའོ། །སྟོང་གསུམ་གྱི་སྟོང་ཆེན་པོ་བརྒྱ་བརྒྱད་ཅུའི་ཞིང་ཚུན་ཆད་ཀྱང་མངོན་ཤེས་ཀྱི་ཡུལ་ཡིན་པས་འཇིག་རྟེན་དེ་རྣམས། ཕྱོགས་ཆ་དྲུག་ཏུ་གཡོ་བ་དང་། ཚབ་ཆེ་བས་རབ་ཏུ་གཡོ་བ་དང་། ཀུན་ཏུ་ཁྱབ་ཅིང་ཚབས་ཆེ་བས་ཤིན་ཏུ་གཡོ་བ་སོགས་ཆོས་སྣང་བའི་མཛད་པ་སྣང་བས། དེའི་ཡོན་ཏན་ནི་ཞིང་ངམ་དེ་ན་གནས་པའི་སེམས་ཅན་རྣམས་མི་རྟག་པ་རྒྱུད་ལ་སྐྱེ་ཞིང་ལམ་ལ་ཞུགས་པ་རྣམས་ཀྱི་ཕྱི་ལྟར་ས་གཡོས་པས། ནང་ལྟར་ཏིང་འཛིན་གྱི་ཉམས་གཡོས་ནས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པ་ས་ཡི་རིམ་པ་གོང་ནས་གོང་དུ་སྦྱོར་བར་བྱེད། བཞི་པ་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་གཞན་དོན་མཛད་པ། མཐོང་ལམ་ཚེ་ལ་དབང་བ་དེ་ཉིད་ཀྱིས་གསང་བ་སྔགས་ཀྱི་རང་སྒྲ་བསྒྲགས་པས་སྒྲ་སྐད་ཀུན་ཀྱང་ཡོན་ཏན་རྨད་དུ་བྱུང་བ་གསང་སྔགས་ཀྱི་སྒྲ་ཏི་རི་རིར་གྲགས་པས་དེའི་ཡོན་ཏན་ནི་ཕྱི་ནང་གི་བདུད་བཞི་ལ་སོགས་དང་བགེགས་རྣམས་འདུལ་ཞིང་། སེམས་ཅན་རྣམས་ཀྱི་རྒྱུད་ལ་ངན་སོང་གསུམ་གྱི་ལས་དང་ཉོན་མོངས་པ་རྣམས་སྤྱོད་ལ། འགྲོ་བ་དྲུག་གི་སེམས་ཅན་མ་ལུས་པའི་དོན་ཡང་བློ་དང་འཚམས་པ་བཞིན་དུ་བྱེད་དོ། །གཉིས་པ་གཞན་དོན་མཛད་ནས་འབྲས་བུ་ལ་སྦྱོར་ཚུལ། ཞི་རྒྱས་དབང་དྲག་སོགས་ཕྲིན་ལས་རྣམ་པ་བཞི་པོ་ཐམས་ཅད་ཀུན་བྱས་ནས། མཐར་ཐུག་གི་འབྲས་བུ་སྐྱེ་ཤི་དང་འཕོ་འགྱུར་མེད་པའི་གཡུང་དྲུང་ཆོས་ཀྱི་སྐུ་བརྒྱུད་ནས་ཐོབ་ལ། གདུལ་བྱའི་ངོར་མཚན་སོ་གཉིས་དང་། དཔེ་བྱད་བརྒྱད་ཅུ་པོ་ཀུན་གྱིས་བརྒྱན་པའི་གཟུགས་སྐུར་སྣང་ནས། ལམ་མཐར་ཕྱིན་པའི་འབྲས་བུ་ལམ་གྱི་རྩོལ་བ་བྱ་བ་མེད་པར་པདྨ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་མངོན་སུམ་འགྲུབ་བོ། །གསུམ་པ་རྨད་དུ་བྱུང་བའི་སྤྱོད་པས་གདུལ་བྱ་འདུལ་བར་བསྟན་པ། རྒྱས་པ་ལ་སོགས་ཀྱི་རྒྱུད་ལས་གསུངས་པ་མི་སྤང་བ་ལྔ། དང་བླང་ལྔ། སྤྱད་བྱ་ལྔ། འདོད་ཡོན་ལྔ་སྟེ་ཚན་བཞི་ཡི་སྤྱོད་པ་ལ་བྱེ་བྲག་བཅུ་ཚན་གཉིས་ཏེ་འཁོར་བའི་ཆོས་ཉི་ཤུ་ལ་སྤྱོད་པ་དང་ཕྲིན་ལས་ཞི་རྒྱས་དབང་དྲག་བཞི་པོ་རྣམས་ཀྱི་གཞན་དོན་ཕྱེད་པ་ནི། ཚེ་ལ་དབང་སྒྱུར་བ་ཡི་སྐབས་འདི་ཉིད་དུ་ཐོགས་པ་མེད་པར་འབྱུང་བས། སྔོན་ཆོ་འཕྲུལ་གྱི་སྐབས་སུ་བསྟན་པ་བཞིན་དུ། སྟོང་གསུམ་སྟོང་ཆེན་པོ་བརྒྱ་ཡི་ཡུལ་ཁྱོན་དེ་དག་གི་གདུལ་བྱ་མ་ལུས་པ་འདུལ་བར་བྱེད། བདུན་པ་མངོན་ཤེས་ལ་བཞི་སྟེ། དང་པོ་མངོན་ཤེས་འབྱུང་བའི་རྒྱུ་མིག་ལ་སོགས་པའི་སྐྱེ་མཆེད་བཅུ་གཉིས་པོ་ཡང་ངོ་བོ་རང་བྱུང་གི་ཡེ་ཤེས་རང་ཡིན་པའི་ཕྱིར་ན། སྐྱེ་མཆེད་བཅུ་གཉིས་པོ་དེ་ཉིད་ཅིར་ཡང་འཆར་བས་གཅིག་གི་མཐའ་དང་། རང་བྱུང་ཡེ་ཤེས་ལས་མ་གཡོས་པས་དུ་མའི་མཐའ་གཉིས་སུ་མེད་པར་རང་རིག་པའི་མངོན་སུམ་དུ་ལྟ་བས་རྟོགས་ཤིང་ཏིང་འཛིན་གྱིས་གོམས་པས། སྐྱེ་མཆེད་ཡུལ་དབང་གཉིས་མེད་དུ་མཐོང་ནས་ཚོགས་དྲུག་གི་ཡུལ་ཤེས་ཐ་དད་འཛིན་པའི་དྲི་མ་དྲུག་སྦྱངས་པའི་ཕྱིར་ན། གཉིས་པ་མངོན་ཤེས་ཉི་ཤུ་རྩ་ལྔ་རྫོགས་པར་བསྟན་པ། གོང་བསྟན་ལྟར་སྟོང་ཁམས་བརྒྱའི་ཡུལ་དེ་ཉིད་ཚུན་ཆད་ཀྱི་གཟུགས་དང་སྒྲ་དྲི་རོ་རེག་བྱ་རྣམས་དབང་པོ་ལྔ་རེ་རེ་ནས་ཡུལ་ལྔ་གཅོད་པའི་མངོན་པར་ཤེས་པའི་བྱེ་བྲག་ཉི་ཤུ་རྩ་ལྔར་ཤར་བས་སྒོ་ལྔ་གཅིག་གིས་ཡུལ་ལྔ་གཅོད་པར་བྱེད་པས། དབང་པོ་ལྔ་ཚང་བ་དང་མ་ཚང་བའི་འཇིགས་པའི་དོགས་པ་མེད་དོ། །གསུམ་པ་དྲུག་རྫོགས་པར་བསྟན་པ། མངོན་ཤེས་ཉེར་ལྔ་དེ་ལས་གཞན་དུ་སྟེ་ལྷ་ཡི་རྣ་བ་ཡི་མངོན་ཤེས་ཀྱིས་སྟོང་ཁམས་བརྒྱ་ཚུན་ཆད་ཀྱི་སྒྲ་ཆེ་ཆུང་ཉེ་རིང་མེད་པར་ཐོས་པ་དང་། ལྷའི་སྤྱན་གྱི་མངོན་པར་ཤེས་པ་ཡིས་གཟུགས་ཆེ་ཆུང་ཉེ་རིང་མེད་བར་མཐོང་བ་དང་། རང་གཞན་གྱི་སྔོན་ཚེ་རབས་ཀྱི་སྐྱེ་བའི་གནས་དང་སྐྱེ་བ་ཅི་བླངས་རྗེས་སུ་དྲན་པ་ཡི་མངོན་ཤེས་དང་། སེམས་ཅན་ཕ་རོལ་པོ་རྣམས་ཀྱི་སེམས་ཀྱི་རྟོག་པ་ཅི་རྒྱུ་བ་ཤེས་པའི་མངོན་ཤེས་དང་། འགྲོ་བ་གཞན་འདི་ཙམ་ནས་འཆི་འཕོ་བ་དང་སྐྱེ་བ་གང་དུ་ལེན་པ་རྣམས་མཁྱེན་པ་ཡི་མངོན་ཤེས་དང་། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་སྟེ་མི་མཐུན་པ་བརྒྱད་ལ་སོགས་སྟོན་པའམ། གོང་གི་སྤྱོད་ཡུལ་དེ་རྣམས་ལ་འཛིན་པ་མེད་པས་ན་ཟག་པ་ཟད་པའི་མངོན་ཤེས་དང་དྲུག་གོ། །བཞི་པ་མངོན་ཤེས་ཀྱི་ཡུལ་དང་མིང་གི་རྣམ་གྲངས། སྟོང་གསུམ་བརྒྱ་དེ་སྙེད་ཚུན་ཆད་ཀྱི་ཡུལ་དང་གདུལ་བྱའི་བྱེ་བྲག་རྣམས་མངོན་སུམ་དུ་ཤེས་པས། གདུལ་བྱ་མོས་པ་ཐ་དད་པ་གང་དང་གང་ཡང་རུང་བ་རྣམས་ལ་འདུལ་ཐབས་གང་ལ་གང་འཚམས་ཀྱིས་འདུལ་པར་མཛད་དོ། །མངོན་ཤེས་དེ་ཡི་མིང་གི་རྣམས་གྲངས་ནི། འཁོར་བར་མི་ལྡོག་པའི་མངོན་ཤེས་ཞེས་ཀྱང་བྱ་ཟག་པ་མེད་པའི་མངོན་ཤེས་ཀྱང་བྱ་བ་དང་། ཚེ་ལ་དབང་སྒྱུར་བའི་རིགས་ཀྱི་མངོན་ཤེས་ཞེས་ཀྱང་བྱ། དེ་ལྟར་མངོན་ཤེས་ཀྱི་མཚན་གྱི་རྣམ་གྲངས་ནི་ཡོན་ཏན་གྱི་ཆ་ལས་མངོན་ཤེས་ཀྱི་མིང་ཡང་བརྗོད་པའོ། །བརྒྱད་པ་ལམ་གོང་མ་ལ་སྦྱོར་ཚུལ་ལ་གཉིས། དང་པོ་མདོར་བསྟན། བདག་གམ་གཞན་དོན་བྱ་བའི་ཕྱིར་ཚེ་ལ་རང་དབང་ཅན་གྱི་རིག་འཛིན་དེས། རང་དོན་དུ་སྐུ་ཚེའི་ཚད་ལོ་སྟོང་དྲུག་བརྒྱ་ཉིད་དམ། གཞན་དོན་དུ་སྐལ་པ་གྲངས་མེད་ཅི་སྙེད་པར་འཇིག་རྟེན་དུ་བཞུགས་པའི་མཐར། རང་གི་སྒྲུབ་པའི་འབྲས་བུ་ལ་སྦྱོར་བའི་ཚུལ་ནི། སྔོན་ཟག་བཅས་རྒྱ་གཅིག་སྤྲོས་སྐབས་སུ་བློ་ཆེ་ཆུང་ཡོད་པ་བཞིན་འདིར་འབྲས་བུ་ལ་སྦྱོར་བ་ལ་མཐར་ཆགས་རིམ་གྱིས་སྦྱོར་བ་དང་། ཐོད་རྒལ་ཅིག་ཆར་དུ་སྦྱོར་ལུགས་གཉིས་འབྱུང་བའོ། །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། དང་པོ་རིམ་གྱིས་བགྲོད་པ་མཐར་ཆགས་པ། དེ་ཡང་མདོར་བསྟན་གྱི་སྔ་མ་མཐར་ཆགས་རིམ་གྱིས་སྦྱོར་ཚུལ། ཟག་མེད་མཐོང་བའི་ལམ་ཚེ་དབང་འདི་ཉིད་དུ། ཚེ་དབང་རང་གི་ཟག་མེད་ཀྱི་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ལ་བློ་གོམས་པར་བྱས་པས། མཐོང་སྤང་སྒྲིབ་པ་དག་པས་ཚེ་དབང་རང་གི་རྩ་བའི་ལུས་སྐྱེ་འཆི་མེད་པ་རྡོ་རྗེ་ལྟ་བུ་དེ་རྒྱལ་བའི་སྐུ་ཕྱག་རྒྱ་ཆེན་པོར་སྔོན་ལམ་དུས་ཀྱི་ཡི་དམ་ཞི་ཁྲོ་རིགས་ལྔ་གང་བསྒོམས་པ་མངོན་སུམ་དུ་གསལ་བར་གྱུར་པའི་ཕྱིར་ལྷ་སྐུའི་ཆ་ལུགས་འཛིན་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་སྟེ། དེར་བསྒོམ་ལམ་དེ་ཉིད་ཡོངས་སུ་གྱུར་ནས་བསྒོམ་སྤངས་ཀྱི་སྒྲིབ་པ་དག་སྟེ་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་ནས་སངས་རྒྱས་ཀྱི་ས་ལ་གཤེགས་པའོ། །གཉིས་པ་ཅིག་ཆར་དུ་བགྲོད་པ་ཐོད་རྒལ་བ། མདོར་བསྟན་གྱི་ཕྱི་མ་ཐོད་རྒལ་ལ་ཅིག་ཆར་དུ་སྦྱོར་བ་ནི། མཐོང་ལམ་གྱི་རིགས་མཆོག་ལམ་སྦྱངས་པའི་ཚེ་དབང་དེ་ཉིད་ནས། སྔོན་རིམ་གྱིས་པའི་སྐབས་བཞིན་དུ་རང་གི་ཐོས་བསམ་སྒོམ་པར་གོམས་པ་ཡེ་ཤེས་རབ་གསུམ་ལ་གོམས་པར་བྱས་པས་བསྒོམ་ལམ་ཕྱག་རྒྱ་ཆེན་པོ་དོར་ནས་མཐོང་བསྒོམ་གྱི་སྤང་བྱ་རྣམས་ཅིག་ཆར་དུ་དག་ནས་མཐར་ལམ་ལྷུན་གྲུབ་རིག་འཛིན་ལ་འགྲོ་བ་ཡིན་ཏེ། དེའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རྒྱུ་ལྟ་བས་ཆོས་ཉིད་རྟོགས་ཚབ་ཆེ་བ་དང་། རྐྱེན་དམ་ཚིག་གཙང་མར་བསྲུང་བ་དང་། སྨོན་ལམ་གྱི་ནུས་མཐུ་བཙན་པ་ཡང་ཡིན་པས། དེ་ནི་གནས་སྐབས་ཀྱི་ཅིག་ཆར་བའམ་ཐོད་རྒལ་བ་ཞེས་བྱའོ། །གཉིས་པ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་གཉིས། དང་པོ་ལུས་སྔ་མ་དང་མཐུན་པར་མདོར་བསྟན། ཟག་མེད་ཀྱི་ལམ་གསུམ་པོ་དེ་ཉིད་ཀྱི་བར་མ་བསྒོམ་ལམ་རྒྱ་ཆེན་པོའི་རིག་འཛིན་བཤད་པར་བྱ་བ་ལའང་སྔོན་གྱི་ཚེ་དབང་གི་ལུས་ཀྱི་མདོར་བསྟན་བཞིན་འདིར་ཡང་བཞི་གཉིས་བརྒྱད་ཀྱིས་ལུས་རྫོགས་པར་བྱ་བ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པར་བཤད་པ་དེ་ལ་བརྒྱད་དེ། དང་པོ་ཐོབ་པའི་རྒྱུ། ཚོགས་ལམ་རྒྱ་གཅིག་པའི་རྣལ་འབྱོར་དང་དུ་མ་སྤྲོས་པའི་རྣལ་འབྱོར་པས་རང་གི་འབྱུང་བཞི་འདུས་པའི་ལུས་ཀྱང་ངོ་བོ་སེམས་ཉིད་ཡིན་པའི་ཕྱིར་རྟོག་ཚོགས་ཐམས་ཅད་རང་བཞིན་གྱི་ལྷར་མངོན་སུམ་མཐོང་བའི་དོན་ལ་ཏིང་འཛིན་གོམས་པར་བྱས་ཤིང་སྤྱོད་པ་ཚོགས་གཉིས་བསགས་པའི་མཐར་སྦྱོར་ལམ་དུ་ཚོམ་བུ་ཚོགས་བསྒྲུབས་པས་མཐོང་ལམ་དུ་རྣམ་སྨིན་ཚེ་དབང་གཉིས་ཐོབ་ནས། ལྟ་བ་ཆེན་དུ་འཛིན་པའི་ཀུན་འགྲོའི་སྒྲིབ་པ་མཐོང་ལམ་པའི་རྒྱུད་ལ་ཡོད་པ་དག་པ་དེ་ཉིད་བསྒོམ་ལམ་རྒྱ་ཆེན་རིག་འཛིན་གྱི་ངོ་བོའི་རྒྱུ་ཡིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིག་འཛིན་གྱིས་ཕྱག་ཆེན་ལ་སྦྱོར་ཚུལ་གྱིས་ལུས་ལྷ་མིའི་ལུས་ལ་སེམས་ཕྱག་རྒྱ་ཆེན་པོར་སྨིན་པས་ཕྱིའི་ལུས་དོར་ནས་རྒྱ་ཆེན་གྲུབ་པར་འདོད་པ་ཡིན། ཚེ་རྒྱ་ལ་སྦྱོར་བ་ལ་དེ་ལྟར་དུ་འདོད་པ་མེད་དེ། དེ་ལྟར་བསྐྱེད་བྱ་སྐྱེད་བྱེད་ཀྱི་སྔ་ཕྱི་རྒྱུ་འབྲས་སུ་འདོད་པ་མིན་ཏེ། ལུས་སེམས་གཉིས་ཀ་ཕྱག་རྒྱ་ཆེན་པོར་སྨིན་པའོ། །གཉིས་པ་ཐོབ་པའི་དུས། རྒྱུ་འབྲས་དུས་སྔ་ཕྱི་རིམ་གྱིས་བསྒྲུབས་ནས་ཐོབ་པར་འདོད་པ་མིན་ཏེ་རྒྱུ་འབྲས་དབྱེར་མེད་ངོ་བོ་གཅིག་ཏུ་འདོད་ཕྱིར་ན། རྒྱུ་འབྲས་དབྱེར་མེད་ངོ་བོ་གཅིག་པས་དོན་དེ་ཉིད་ལམ་དུ་བྱས་པས་ཚེ་དབང་ཐོབ་ནས་ལྷག་མའི་ལུས་དང་བཅས་པས་ལོ་བརྒྱ་བརྒྱ་བསྣུར་ཞིང་བསྒྲུབས་པའི་མཐའ་ལ་ཚེ་དབང་དེས་ཕྱག་རྒྱ་ཆེན་པོ་དེ་ཉིད་དུ་གྱུར་པ་ཡིན་ལ། དེ་ཐོབ་ནས་ལམ་གོང་མ་ལ་སྦྱོར་བའི་དུས་ལ་ངེས་པ་ཚད་གཅིག་ཏུ་བཟུང་དུ་མེད་དོ། །གསུམ་པོ་ངོ་བོ་ལ་གཉིས། སེམས་ཕྱག་རྒྱ་ཆེན་པོ་ལོངས་སྐུའི་ངོ་བོར་སྣང་བ་དང་། ལུས་ཕྱག་རྒྱ་ཆེན་པོ་ལོངས་སྐུའི་ཆ་བྱད་དུ་སྣང་བའོ། །དང་པོ་ལ་གཉིས། དང་པོ་ངོ་བོར་སྣང་བ་དངོས། མཐོང་ལམ་པ་རང་ཉིད་སེམས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་གྱུར་པ་ཡིན་ཏེ། རྒྱ་གཅིག་སྤྲོས་པ་གཉིས་སུ་ལྷ་བསྒོམས་པས་མཐར་ཡིད་དམ་ཞི་ཁྲོ་གང་ཡིན་པ་དེ་ཉིད་ལ་མངོན་སུམ་དུ་གྱུར་པའི་སྐུ་ལ། ཐུན་མོང་དང་མཆོག་གི་མཚན་བཟང་སོ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན་པ་ལོངས་སྤྱོད་རྫོགས་སྐུ་དང་འདྲ་བས་ན་ལོངས་སྐུ་གཉིས་པ་ལྟ་བུ་བསྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནོ། གཉིས་པ་རིགས་ལྔ་སོ་སོའི་རིགས་འཛིན་པ། དེ་ཡང་བྱེ་བྲག་ཏུ་རྡོ་རྗེ་རིགས་ཀྱི་ཕྱག་ཆེན། དེ་བཞིན་དུ་འཁོར་ལོ་དེ་བཞིན་གཤེགས་པའི་རིགས་དང་། རིན་ཆེན་རིགས་དང་། པདྨའི་རིགས། རལ་གྲིའི་ཞེས་ལས་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། ཕྱག་མཚན་ལྔས་མཚོན་ནས་རིགས་ལྔ་གང་ཡིན་གྱི་སྐུ་ཕྱག་རྒྱ་ཆེན་པོའི་རིགས་དང་ཆ་བྱད་འཛིན་པར་གྱུར་པས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནོ། །གཉིས་པ་ལོངས་སྐུའི་ཆ་བྱད་དུ་སྣང་བ་ལ་གཉིས། དང་པོ་ཆ་ལུགས་སྣང་བ་དངོས། དེ་ཡང་རང་གི་ལུས་ཉིད་ཡེ་གདོད་མ་ནས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་གནས་པ་སྟེ། ལྟ་བ་རྟོགས། ཏིང་འཛིན་གྱིས་ཡང་ཡང་བསྒོམས་པས། ཡི་དམ་ལྷ་གང་ཡིན་དབང་པོས་མངོན་སུམ་དུ་གྱུར་པའི་ལྷའི་སྐུ་ལ། ཐུན་མོང་དང་མཆོག་གི་མཚན་དང་དཔེ་བྱད་དང་ཆོ་འཕྲུལ་བཞི་དང་མངོན་ཤེས་དྲུག་དང་ཉེར་ལྔ་རྫོགས། དེ་ཀ་ལ་ཕྱག་རྒྱ་ཆེན་པོའི་རིགས་ཀྱི་མཚན་དཔེ་ཆོ་འཕྲུལ་མངོན་ཤེས་ཞེས་སུ་གྲགས་སོ། །གཉིས་པ་ཡེ་ཤེས་སྐུའི་ཆ་ལུགས་འཛིན་ཅིང་ཚེ་དབང་ལས་ཁྱད་པར་དུ་གྱུར་པས་སྐུ་ཚེའི་ཚད་མེད་པ། ཡེ་ཤེས་སྒྱུ་མའི་སྐུ་ལོངས་སྐུ་ཡི་ཆ་ལུགས་ཅན། སྐྱེ་འཇིག་མེད་པ་འབྱུང་བ་རྡོ་རྗེའི་ལུས་བགྲེས་རྒུད་ཅན་ལས་ཀྱང་གྲོལ་ལོ། །ཡེ་ཤེས་ཀྱི་སྐུ་ཐོབ་པ་དེ་ཡི་ཕྱིར་རྒྱ་ཆེན་རིག་འཛིན་ལ། སྐུ་ཚེ་ཚད་བཟུང་དུ་མེད་དེ། ཚེ་དབང་ལྟར་ལོ་བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་འབྲས་བུ་མངོན་དུ་ཐོབ་པར་བྱ་བའི་རྩོལ་བ་དང་བྲལ་ནས་ཚེ་དབང་ལས་སྤགས་སོ། །བཞི་པ་རྣམ་གྲངས་ལ་གསུམ། དང་པོ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་རྣམ་གྲངས་སྤྱིར་བསྟན་པ། རྒྱ་ཆེན་རིག་འཛིན་དེ་ཉིད་ཀྱི་ནང་ལ་ཀྲི་ཡ་རིགས་གསུམ་གྱི་ཕྱག་རྒྱ་དང་། ཨུ་པ་ཡ་རིགས་བཞི་ཡི་ཕྱག་རྒྱ་དང་། ཡོ་ག་རིགས་ལྔའི་ཕྱག་རྒྱ་དང་། མ་ཧཱ་ཡོ་ག་མཆོག་གི་རིགས་ལྔའི་ཕྱག་རྒྱ་སྟེ་ལྷ་དེ་རྣམས་ཀྱི་རིགས་དང་ཆ་བྱད་འཛིན་པས་ན་རྒྱ་ཆེན་རིག་འཛིན་ཏེ། དེ་ཡང་རྣམ་གྲངས་སམ། རིགས་རྣམ་པ་བཞི་རུ་སྔོན་ཚེ་དབང་ལ་ཡང་། ངོ་བོ་སྨན་དང་ཐབས་རིག་འཛིན་སོགས་ཡོད་པ་བཞིན་དུ་འདིར་ཡང་བཟང་ངན་གྱི་ཁྱད་ཡོད་པར་འགྱུར་རོ། །གཉིས་པ་ཁྱད་པར་མ་ཧཱའི་ཕྱག་རྒྱ་ཆེན་པོའི་རྣམ་གྲངས། དེ་ལྟར་རྒྱ་ཆེན་ནང་ནས་མཆོག་ཏུ་གྱུར་པ་མ་ཧཱའི་ཕྱག་ཆེན་རིག་འཛིན་དེ་དག་གི་མིང་གི་རྣམ་གྲངས་ནི་གཉིས་པ་དང་། གསུམ་པ་ལ་ལྔ་འབྱུང་སྟེ། གང་ཞེ་ན། དགོངས་པ་མཉམ་པ་ཉིད་ཀྱི་ངང་ལས་མི་གཡོ་ཞིང་གནས་པས་མི་གཡོ་གྲུབ་པའི་རྣལ་འབྱོར་ཞེས་ཀྱང་བྱ། ཚེ་ལ་དབང་སྒྱུར་བའི་སྐབས་སུ་ལྟ་བ་ལ་ཆེད་འཛིན་ཀུན་འགྲོའི་རྩོལ་བའི་འདུ་བྱེད་དང་བྲལ་བས་མཐོང་ལམ་གྱི་འདུ་བྱེད་དང་བྲལ་བའི་ལམ་པ་ཞེས་ཀྱང་བྱ། མཐོང་ལམ་དུ་ཟག་པ་མེད་པ་ཆོས་ཉིད་རང་མཚན་མཐོང་བའི་རྒྱུན་ལ་གནས་པས་བསྒོམ་པའི་ལམ་པ་ཞེས་ཀྱང་བྱ། དགོངས་པ་ཆོས་ཉིད་ལས་མི་གཡོ་བ་གྲུབ་པའི་རྣལ་འབྱོར་ཞེས་ཀྱང་བྱ། རྒྱ་ཆེན་རིག་འཛིན་བྱ་བ་ཉིད་དུའང་བརྗོད་དེ་མིང་གི་རྣམ་གྲངས་ལྔའོ། །གསུམ་པ་ལུང་ཆེན་དངོས་སུ་འབྱུང་བས་བདུད་དང་ཆ་དབྱེ་མི་དགོས་པ། དེ་ལ་རྒྱལ་བར་འགྲོ་བར་ལུང་སྟོན་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་དངོས་སུ་འབྱུང་བས་ལུང་ཆེན་ཐོབ་པའི་རྣལ་འབྱོར་ཞེས་བྱ་སྟེ། དེ་ལ་བདུད་དང་ཆ་དབྱེ་ཞིང་བརྟག་པའི་བྱེ་བྲག་ཟག་མེད་ཀྱི་བསྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་འདི་ལ་མེད་དེ་མི་དགོས་སོ། །ལྔ་པ་དགོངས་པ། ལོངས་སྐུ་ཡེ་ཤེས་སྒྱུ་མའི་སྐུ་ཡི་ཆ་ལུགས་སུ་ཡོད་པའི་རྣལ་འབྱོར་པ་ཕྱག་ཆེན་རིག་འཛིན་པས། སངས་རྒྱས་སྐུ་གསུམ་གྱི་གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཤེས་རབ་ལྟ་བའི་སྤྱན་དང་། དགོངས་པའི་ཏིང་འཛིན་ཡོད་ཀྱང་། དེ་བས་དམན་ལ་རྒྱ་ཆེན་དེ་མར་ཚེ་དབང་དང་གཉིས་ལྟ་དགོངས་ཀྱི་རྒྱུད་ཟག་མེད་རང་མཚན་མཐོང་བར་མཐུན་པར་སྣང་མོད་ཀྱང་ཁྱད་ཡོད་དེ་གང་ཞེ་ན། ཚེ་དབང་དགོངས་པ་མི་གཡོ་བ་ཐོབ་པ་ཙམ་ཡིན་ལ། ཕྱག་ཆེན་མཉམ་པ་ཉིད་ལས་མི་གཡོ་བས་ཏིང་འཛིན་ཤིན་ཏུ་བརྟན་པས་རིག་པའི་ཀློང་དུ་བབ་པར་གནས་པ་སྟེ། ཉི་ཁྲི་བཞི་སྟོང་ལ་སོགས་གྲངས་ཅན་གྱི་ལྷའི་འཁོར་ལོ་མངོན་དུ་གསལ་བར་སྣང་བའོ། །བསྒོམ་མི་དགོས་པ་སངས་རྒྱས་ལོངས་སྐུ་དང་ཁྱད་མེད་སྙམ་ན་འོན་ཀྱང་ད་དུང་ལམ་པ་ཡིན་པས་བསྒོམ་ལམ་གྱི་རྣལ་འབྱོར། ཏིང་འཛིན་མཐར་ལམ་བར་མི་ཡེང་བའི་རྩོལ་བ་ཅན་ཡིན་པས་ཁྱད་པར་ཡོད་དོ། །དྲུག་པ་སྤྱོད་པ། རང་དོན་དུ་དགོངས་པ་མཉམ་པར་བཞག་པའི་ངང་ལས་མ་གཡོས་བཞིན་དུ་གཞན་དོན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་བརྒྱ་གཅིག་ནས་གཉིས་སུ་འབྲང་བའི་སྟོང་ཕྲག་བཅུ་ཡི་འཇིག་རྟེན་གྱི་ཁམས་རྣམས་རྡུལ་ཕྲན་དུ་གསིལ་བའི་གྲངས་དེ་སྙེད་དང་མཉམ་པའི་འཇིག་རྟེན་ཁམས་ཀྱི་གདུལ་བྱ་དང་སངས་རྒྱས་སྤྲུལ་པའི་ཞིང་གྲངས་ཀྱི་གནས་གཞན་དྲུག་ཅུ་ལས་འདས་པས་བགྲང་དུ་མེད་པས། གྲངས་མེད་བརྒྱ་གཅིག་ནས་གཉིས་སུ་བགྲངས་པའི་སྟོང་ཕྲག་བཅུ་ཡི་འཇིག་རྟེན་ཁམས་རྣམས་རྡུལ་དེ་སྙེད་དང་མཉམ་པའི་ཞིང་ཁམས་རྣམས་སུ། རྩ་བའི་ལུས་ལས་མ་གཡོས་པར་རྔོན་པ་དང་སྨད་འཚོང་མ་ལ་སོགས་པ་རིགས་བཟང་ངན་དང་། མཐོ་དམན་སྣ་ཚོགས་པར་སྤྲུལ་པའི་ལུས་གང་ལ་གང་འཚམས་ཀྱིས་འདུལ་བར་བྱེད་དོ། །ཕྲིན་ལས་སམ་ཆོ་འཕུལ་བཞི་དང་མངོན་ཤེས་དྲུག་ལ་སོགས་པས་འགྲོ་དོན་བྱེད་ལ་གོང་བསྟན་ལྟར་དེ་བཞིན་ནོ། །བདུན་པ་མངོན་ཤེས། མངོན་ཤེས་དྲུག་དང་། དབང་པོ་སྒོ་ལྔ་ཡི་མངོན་ཤེས་རེ་རེ་ལ་ཡན་ལག་ལྔ་ལྔ་སྟེ་ཉེར་ལྔ་དང་བཅས་པའི་ཚུལ་གྱིས་མངོན་པར་ཤེས་པའང་ཚེ་དབང་དང་འདྲ་མོད། ཚེ་རྒྱ་གཉིས་ཁྱད་ཡོད་དམ་ཞེ་ན་ཡོད་དེ། ཆོ་འཕྲུལ་བཞི་དང་། མངོན་ཤེས་དྲུག་སོགས་ཀུན། སྟོང་ཁམས་དང་། ཞིང་གྲངས་མེད་པ་སོགས་དེ་སྙེད་དུ་འདུལ་ཞིང་། ཡུལ་རྒྱ་ཆེ་ཆུང་གྱི་ཁྱད་པར་ཡོད་པ་དང་། ཟག་མེད་བསྒོམ་ལམ་དུ་མཐོང་ལམ་གྱི་དོན་རྫོགས་པ་དང་། གཞན་དོན་རྫོགས་པ་ལ་ནུས་མཐུ་ཆེ་ཆུང་གི་ཁྱད་དང་། ཚེ་རྒྱ་གཉིས་གདུལ་བྱ་ཡུལ་རྒྱ་ཆེ་ཆུང་གིས་སྤགས་པའོ། །བརྒྱད་པ་འབྲས་བུ་ལ་སྦྱོར་ཚུལ། ཕྱག་རྒྱ་ཆེན་པོ་རང་གི་དགོངས་པ་མི་གཡོ་བའི་དོན་ལྟ་བས་མཐོང་ཞིང་། ཏིང་འཛིན་གོམས་པར་བྱེད་པ་དང་། འབྲས་བུ་དོན་དུ་གཉེར་བའི་སྤྱོད་པ་དང་། དཀྱིལ་འཁོར་ནམ་མཁའ་ཁྱབ་སོགས་མན་ཆད་རིམ་པར་བསྒོམ་པའི་བརྩམ་པ་ཡིས། བསྒོམ་པའི་ལམ་མན་ཆད་ཀུན་རྫོགས་པའི་བྱིན་རླབས་དང་མཐུ་སྟོབས་ཀྱིས་མི་གཡོ་བའི་རྣལ་འབྱོར་བསྒོམ་ལམ་གྱི་ཏིང་འཛིན་གྱི་རྩོལ་བ་དང་བྲལ་ནས་མཐར་ལམ་དུ་ལྷ་བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་འཛིན་དབང་ཐོབ་པའི་དུས་སུ་བསྒོམ་ལམ་ལ་སྔར་ཡོད་པའི་མཉམ་གཞག་གི་ཐོག་ཏུ་ལྷན་ཅིག་ཏུ་གནས་པའི་ཚེ་ན། བསམ་ཡས་ལྷུན་གྲུབ་ཀྱི་དོན་མི་གསལ་བ་ནི་དྲི་མའམ་སྒྲིབ་པ་ཡིན་ཏེ། སྔར་བསྒོམས་པའི་འཛིན་པ་དག་ནས་ཆེད་དུ་བཙལ་བ་མེད་པར་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་པའོ། །གསུམ་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་གཉིས། དང་པོ་ལུས་སྔ་མ་དང་མཐུན་པར་མདོར་བསྟན་པ། ཐོད་རྒལ་བ་མཐོང་ལམ་ཚེ་དབང་དེ་དང་། མཐར་ཆགས་སྒོམ་ལམ་རྒྱ་ཆེན་དེས་མངོན་དུ་བྱས་པ་ཡི་འབྲས་བུ། རྩ་བའི་ལུས་ལ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཆ་བྱད་དམ་རིག་པ་འཛིན་པས། ལྷུན་གྲུབ་རིག་འཛིན་ཞེས་ཀྱང་བྱ་བ་དང་། རང་རྒྱུད་ལ་ལྷན་ཅིག་གནས་པའི་དྲི་མ་ཆ་ཕྲ་བ་དག་ནས། ཡེ་ཤེས་རྩལ་རྫོགས་པས་རང་རྒྱུད་དག་པའི་སངས་རྒྱས་ཞེས་བྱ་བ་ཡིན་ཏེ། དེ་ལ་ཡང་སྔོན་ཚེ་དབང་གི་སྐབས་སུ་བསྟན་པ་བཞིན་དུ་འདི་ལ་ཡང་བཞི་གཉིས་བརྒྱད་ཀྱི་ལུས་རྣམ་བཞག་དགོད་པར་བྱའོ། །གཉིས་པ་ཡན་ལག་རྒྱས་བཤད་ལ་བརྒྱད། དང་པོ་ཐོབ་པའི་རྒྱུ། ལམ་སྔ་མའི་ཕྱག་ཆེན་རིག་འཛིན་ལས་ལྟ་སྒོམ་ནུས་པའི་མཐུ་རྫོགས་པས་གོང་དུ་བཤད་པ་བཞིན་དུ་ལྷན་ཅིག་གནས་པའི་དྲི་མ་སྦྱངས་ནས། སངས་རྒྱས་ལོངས་སྐུའི་ཆ་བྱད་ཅན་གྱི་གཉིས་པ་ཕྱག་རྒྱ་ཆེན་པོའི་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་གྱིས། འབྲས་བུ་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་སུ་འབྱུང་བའི་རྒྱུ་ཡིན་ནོ། །གཉིས་པ་དུས། རྒྱ་ཆེན་མཐར་ཕྱིན་ནས་ལྷུན་གྲུབ་རིག་འཛིན་ཐོབ་པའི་གནས་སྐབས་དེར་སྔོན་རྒྱ་ཆེན་ཐོབ་པའི་སྐབས་སུ་བསྟན་པ་བཞིན་དུ་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་རྫོགས་པར་བྱེད་ལུགས་ནི། རྒྱལ་བ་ལོངས་སྤྱོད་རྫོགས་སྐུ་དྲུག་པ་ལས། མཐར་ཐུག་གསང་སྔགས་རྡོ་རྗེ་ཐེག་པའི་ལུང་ཡབ་ཀྱི་དགའ་བ་བཅུ་དྲུག །ཡུམ་གྱི་དགའ་བ་བཅུ་དྲུག །ཡབ་ཀྱི་དགའ་བ་བཅུ་དྲུག་ལ་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པ་ཐོས་ཤིང་བསམ་པ་རྟོགས་ཤིང་བསྒོམས་པས། རང་གི་དགོངས་པ་ཏིང་འཛིན་དང་རྫུ་འཕྲུལ་གྱི་སྦྱོང་བའི་ནུས་པ་མཐུ་ཅན་དུ་གྱུར་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མཐར་དབྱུང་བའི་དུས་ལ་བབས་ཏེ་སངས་རྒྱས་སོ། །དེའི་ཚད་ལ་བཟུང་དུ་མེད་དོ། །གསུམ་པ་ངོ་བོ་ལ་གསུམ། དང་པོ་སྐུ་ལྔ་ལྷུན་གྲུབ་ཀྱི་རིགས་འཛིན་ཅིང་སྒྲིབ་པ་སྦྱང་ཚུལ། དེ་ལྟར་ཀུན་འགྲོ་དང་ལྷན་ཅིག་གནས་པའི་རང་རྒྱུད་ཀྱི་དྲི་མ་དག་པའི་ཤེས་པ་དེ་ཉིད། སྐུ་ལྔ་ལྷུན་གྱིས་གྲུབ་པའི་རིགས་མི་གཏོང་ཞིང་འཛིན་པས་རྡོ་རྗེའི་འཛིན་པ་ཞེས་བྱ་སྟེ། དགོངས་པ་ལྷུན་གྲུབ་མཉམ་པ་ཉིད་ཀྱི་ངང་ལས་མི་གཡོ་ཞིང་། ཆོས་ཉིད་རྣམ་པར་མི་རྟོག་པ་ཉིད་དུ་མཉམ་པར་བཞག་ནས་བཞུགས་པ་སྟེ། དེའང་འདིའི་དོན་ནི་ལྷུན་གྲུབ་དེ་ལམ་ལ་སློབ་པའི་རྩོལ་བ་ནི་མེད་ཀྱི་འོན་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ངང་གིས་འབྱུང་བའི་མཐར་སྐད་ཅིག་གིས་བག་ལ་ཉལ་བ་བཅོམ་སྟེ། དགའ་བ་སོ་གཉིས་དང་ཡེ་ཤེས་བརྒྱད་ཅུ་ལ་ཡུན་སེ་གོལ་གདབ་ཙམ་དུ་སྒྲིབ་པའི་ཉོན་མོངས་བག་ལ་ཉལ་བ་སྟེ། སྣོད་ལ་རྩི་ཞེན་པའམ། ཉིན་པར་སྐར་མ་ལྟ་བུ་དེ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་འཇོམས་པར་བྱེད་ཅིང་། སངས་རྒྱས་ས་ལ་དུས་མཐའི་སྐད་ཅིག་མ་ཙམ་ལ་རག་ལས་ནས་སངས་རྒྱས་པ་ཡིན་པས་ན་རིག་འཛིན་དེ་ནི་ལམ་པ་རྣམས་ཀྱི་མཐའ་མ་ཡིན་པའོ། །གཉིས་པ་ཆ་ལུགས་དང་རྒྱལ་ཚབ་ཀྱི་ངེས་ཚིག་མཐར་ལམ་ལྷུན་གྲུབ་རིག་འཛིན་དེའི་སྐུའི་ཆ་བྱད་ལྷུན་གྱིས་གྲུབ་པའི་རྒྱལ་བ་དྲུག་པ་ཀུན་བཟང་རྡོ་རྗེ་འཆང་ཆེན་ཉིད་ཀྱི་ཆ་བྱད་དུ་གནས་པ་སྟེ། རིགས་སམ་སྐུ་ལྔ་པོ་གཅིག་ལ་དབྱེར་མེད་དུ་ལྷུན་གྱིས་གྲུབ་པའི་ཕྱིར་ན། རྒྱལ་བ་དྲུག་པའི་སྐུ་དེ་ཉིད་འདྲ་བས་ན། དྲུག་པ་དེ་ཉིད་ཀྱི་རྒྱལ་ཚབ་མཛད་ནས་འཁོར་ལ་ཆོས་སྟོན་པའོ། །སྐུ་ལྔ་ལྷུན་གྲུབ་ཀྱིས་དྲུག་པ་དེ་ཡི་རྒྱུད་མི་གཏོང་བས་ན་ལྷུན་གྲུབ་རིག་འཛིན་གྱི་མིང་དོན་དང་། ངེས་ཚིག་རྣམས་གྲུབ་པ་ཡིན་ནོ། །གསུམ་པ་ངོ་བོའི་མཛད་པ། ལྷུན་གྲུབ་རིག་འཛིན་ཉིད་ཀྱི་རྩ་བའི་ལུས་དེ་ལ་སྐྱེ་ཤི་འཕོ་འགྱུར་མི་མངའ་བའི་ཕྱིར། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཡིན་པས་དེ་ལྟ་ན་ཡང་གཞན་དོན་དུ་གདུལ་བྱ་ཡི་ངོ་ལ་ཉིད་ཀྱི་སྤྲུལ་པའི་ལུས་རྣམས་ནི་མྱ་ངན་ལས་འདས་པའི་ཚུལ་སྟོན་པར་བྱེད་དེ། དཔེར་ན་རྒྱལ་བུ་དོན་གྲུབ་ཀྱིས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་དོན་མཛད་པ་ལ་སོགས་པའི་ཚུལ་ཇི་ལྟ་བར་ལྷུན་གྲུབ་རིག་འཛིན་གྱི་སྟོན་པའོ། །བཞི་པ་རྣམ་གྲངས་ལ་གཉིས། དང་པོ་མདོར་བསྟན། བྱ་བའི་རྒྱུད་ཀྲྀ་ཡའི་ལྷུན་གྱིས་གྲུབ་པའི་རིག་འཛིན་དང་། རྣལ་འབྱོར་ཡོ་གའི་རྒྱུད་ཀྱི་ལྷུན་གྲུབ་རིག་འཛིན་དང་། རིག་འཛིན་རྣལ་འབྱོར་ཆེན་པོའི་གསང་སྔགས་ནང་པ་མ་ཧཱ་ཡོ་གའི་ལྷུན་གྲུབ་རིག་འཛིན་ནོ། །གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་མ་ཧཱའི་ལྷུན་གྱི་གྲུབ་པའི་རིག་འཛིན་གྱི་རྣམས་གྲངས། དེ་ལྟར་གྲངས་གསུམ་གྱི་ཐ་མ། མ་ཧཱའི་ལྷུན་གྲུབ་ཀྱི་མིང་གི་རྣམ་གྲངས་ལ་ལྔ་སྟེ། ལམ་ཟད་སར་སྐྱོལ་པས་མཐར་ཕྱིན་པའི་ལམ་པ་ཞེས་ཀྱང་བྱ། རང་གི་རྒྱུད་ལ་སྒྲིབ་པ་མངོན་གྱུར་མེད་པས་རྒྱུད་དག་པའི་སངས་རྒྱས་ཞེས་བྱ་བ་དང་། ལྷུན་གྲུབ་རིག་འཛིན་ཞེས་བྱ་བ་དེ་ཉིད་དང་ནི་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བས་སྦྱོར་ལམ་ཞེས་ཀྱང་བྱ། ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་ཀུན་ཏུ་བཟང་པོའི་རྒྱལ་ཚབ་ཅེས་བྱ་བའི་མིང་དོན་གྲུབ་བོ། །གཉིས་པ་སྔགས་ཕྱི་བའི་རྣམ་གྲངས། དཀྱུས་ཀྱི་སྔ་མ་སྔགས་ཕྱི་པ་ལ་ཀྲྀ་ཡའི་རིགས་གསུམ་ལྷུན་གྲུབ་དང་། ཡོ་གའི་སེམས་དཔའ་དང་པོ་བཞིའམ། རིགས་བཞི་ལྷུན་གྱིས་གྲུབ་པའི་རིགས་གསུམ་རྡོ་རྗེ་འཛིན་པ་དང་། ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆ་ལུགས་འཛིན་ཅིང་རང་རང་གི་སྟོན་པ་དེ་གཉིས་ཀྱི་རྒྱལ་ཚབ་དང་། དེ་གཉིས་ཀྱི་སྡུད་པ་པོ་ཡང་བྱེད་དོ། །ལྔ་པ་དགོངས་པ་ལ་གཉིས། དང་པོ་དགོངས་པ་དང་མཁྱེན་པ་སངས་རྒྱས་དང་མཉམ་ལ་ཤེས་སྒྲིབ་ཕྲ་མོས་ཕྱེ་བ། ཆོས་ཐམས་ཅད་ལྷའི་དཀྱིལ་འཁོར་གདུལ་བྱའི་བློས་བསམ་ཡས་ལྷུན་གྱིས་རྫོགས་ཤིང་གྲུབ་པའི་ཏིང་འཛིན་གསལ་བའི་ཕྱིར། ཇི་ལྟ་ཇི་སྙེད་ཐམས་ཅད་ལྟ་བ་མཉམ་བཞག་ལ་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་མཆོག་འཆང་བས། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ཡང་རྣལ་འབྱོར་གྱིས་མངོན་སུམ་དུ་གཟིགས་པའོ། །དེ་ནི་དགོངས་པ་ཆོས་ཉིད་མི་གཡོ་བ་ཡི་དོན་ལ་བློས་གང་དུ་ཡང་མི་རྟོག་པར་བསྒོམ་དགོས་པས་ན། མཉམ་རྗེས་ཀྱི་ཆ་ཕྲ་བ་ཡོད་པས་ད་དུང་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། དུས་ནམ་གྱི་ཚེ་རྒྱས་ན་དུས་མཐའ་ཡི་སྐད་ཅིག་མ་གཅིག་ལ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ཉིད་ཀྱིས་བག་ཉལ་གྱི་སྒྲིབ་པ་བཅོམ་ནས་སངས་རྒྱས་ཀྱི་ས་ལ་གཤེགས་པའོ། །གཉིས་པ་དགོངས་པའི་མིང་གི་རྣམ་གྲངས་བསྟན་པ། ལྟ་དགོངས་སྔར་བསྟན་ལྟར་ལ་དེས་ན་མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་དགོངས་སྤྱོད་རྒྱ་མཚོ་ལྟ་བུར་ཟབ་ཅིང་རླངས་ཆེ་བ་ཀུན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩལ་རྫོགས་པས་རྩོལ་བའི་བྱ་བ་མེད་པའང་། མཐར་ཕྱིན་པའི་ལམ་གྱིས་བྱ་བྱེད་ཀྱི་རྩོལ་བ་དང་བྲལ་བས་བྱ་བྲལ་ལྷུན་གྲུབ་ཀྱི་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་ཡི་མིང་གི་རྣམ་གྲངས་དེ་དག་ཀུན་ལོངས་སྤྱོད་ཡོན་ཏན་གྱི་ཆ་ལས་བརྗོད་པར་ཟད་ཀྱིས་དོན་ལ་ཐ་དད་མེད་པའོ། །དྲུག་པ་སྤྱོད་པ་ལ་གཉིས། དང་པོ་བདག་དོན་དུ་སྒྲིབ་པ་བཅོམ་ནས་སངས་རྒྱས་ཚུལ། མཐར་ལམ་བདག་ཉིད་ཀྱི་དོན་བྱ་བའི་ཕྱིར་སྐུ་ལྔ་ལྷུན་གྲུབ་དྲུག་པ་རྡོ་རྗེ་འཛིན་པ་ཆེན་པོ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ལ། ལམ་གྱི་སྤངས་རྟོགས་ཀྱི་བྱ་བ་མཐར་ཕྱིན་པའི་དུས་ཀྱི་མཐའ་སྐད་ཅིག་གིས་ཏོལ་སྐྱེས་ཏེ། སྐད་ཅིག་མའི་དུས་ཀྱི་ཐག་ལྟ་བས་བཅད་པ་ལ་སོགས་བསླབ་པའི་མཐའ་བཅུ་ཡོངས་སུ་རྫོགས་པར་བྱས་ནས། ལམ་མཐར་ཕྱིན་པའི་ཐ་མའི་ལྷུན་གྲུབ་ཀྱི་རྒྱུད་ལ་ཡོད་པའི་བག་ལ་ཉལ་གྱི་སྒྲིབ་པ་ཆ་ཕྲ་བ་དེ་དག་པ་དང་། མཉམ་པར་བཞག་མ་བཞག་ལས་འདས་ཏེ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་སངས་རྒྱས་པར་གྱུར་པ་ཡིན་ནོ། །གཉིས་པ་གཞན་དོན་ཐུགས་རྗེའི་མཛད་པ་ལ་གསུམ། སྐུའི་མཛད་པ་བསམ་གྱིས་མི་ཁྱབ་པ་དང་། ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་དང་། གསུང་གི་མཛད་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་ལོ། །དང་པོ་ལ་གཉིས། དང་པོ་ཉིད་ནི་བདག་དོན་ལྷུན་གྲུབ་ཐོབ་པ་དེ་ཚེ་དེ་ལ་བག་ལ་ཉལ་གྱི་སྒྲིབ་པ་ཆ་ཕྲ་མོ་ཙམ་ཡོད་ཀྱང་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་སར་བཞུགས་ནས་གཞན་དོན་དུ་སངས་རྒྱས་ཀྱི་འདུལ་བའི་ཞིང་ཁམས་ཀྱི་གྲངས་ཀྱི་མཐའ་ཐུག་པ་མེད་པ་དེ་དག་གི་གདུལ་བྱ་རྣམས་འདུལ་བའི་ཕྱིར་སངས་རྒྱས་སྤྲུལ་པའི་སྐུའི་མཛད་པ་བཅུ་གཉིས་ལྟར་དུའང་སྟོན་པར་མཛད་དེ་དོན་བྱ་བའི་ཡུལ་སྲིད་གསུམ་གྱི་འགྲོ་བ་རིགས་དྲུག་གི་འཇིག་རྟེན་བསམ་ཡས་རྣམས་སུ། ལྷུན་གྲུབ་རིག་འཛིན་དེའི་ཐུགས་རྗེ་འདུལ་བྱེད་ཀྱི་སྟོན་པ་སྤྲུལ་པ་བསམ་གྱིས་མི་ཁྱབ་པར་སྣང་ནས། གདུལ་བྱ་ལུགས་འབྱུང་ལ་བསམ་པའི་དོན་དང་མཐུན་པའི་མཛད་པ་འབའ་ཞིག་སྟོན་ལ། གདུལ་བྱ་ལུགས་ལྡོག་ལ་དྲག་པོའི་སྒོ་ནས་མི་མཐུན་པའི་གདུལ་ཐབས་ཀྱང་སྟོན་ཅིང་ཐུགས་རྗེའི་ཞགས་པ་ཡིས་འཁོར་བ་ཡི་ལས་རྒྱུན་གཅོད་པར་བྱེད་དོ། །གཉིས་པ་མཛད་པ་བཅུ་གཉིས་ཀྱིས་དོན་མཛད་པ། དུས་དང་གནས་སྐབས་ལ་ལར་དགའ་ལྡན་ལ་སོགས་གནས་ནས་འཕོ་བ་དང་། ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། ལྷུམས་ནས་སྐུ་བལྟམས་པ་དང་། རོལ་རྩེད་མཛད་པ་དང་། དུས་དང་གནས་སྐབས་ལ་ལར་མཆོད་རྟེན་རྣམ་དག་གི་དྲུང་སོགས་སུ་ཉིད་ལས་ཉིད་རབ་ཏུ་བྱུང་བ་དང་། ཆུ་བོ་ནེ་རཉྫ་ནར་དཀའ་ཐུབ་ལོ་དྲུག་སོགས་མཛད་པ་དང་། ལ་ལར་བཙུན་མོ་བརྒྱད་ཁྲི་བཞི་སྟོང་སོགས་ཁབ་ཏུ་བཞེས་པ་དང་། རྒྱལ་སྲིད་ལོ་ཉི་ཤུ་རྩ་དགུ་སོགས་སྐྱོང་བ་དང་། བྱང་ཆུབ་སྙིང་པོར་གཤེགས་པ་དང་། བདུད་འདུལ་བ། ཆོ་འཕྲུལ་ཆེན་པོ་བསྟན་པ། སངས་རྒྱས་པ་དང་། གདུལ་བྱ་ལ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་སྟོན་པ་དང་། གྲོང་ཁྱེར་རྩྭ་མཆོག་ཏུ་མྱ་ངན་ལས་འདས་པ་དང་། སྐུ་གདུང་ཆ་བརྒྱད་དུ་བགོས་པ་ལ་སོགས་སྟོན་པའོ། །གཉིས་པ་ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ། གནས་སྐབས་རེས་འགའ་ཞི་བས་འདུལ་བ་ལ་ཞི་བར་སྟོན་པ་དང་། རེས་འགའ་དྲག་པོས་འདུལ་བ་ལ་དྲག་པོ་ཁྲོ་བོས་འདུལ་བ་དང་། གདུལ་བྱ་གཡེམ་པ་འདོད་ཆགས་ཅན་ལ་གཡེམ་པར་སྟོན་པ། ཞེ་སྡང་ཅན་ལ་ཞེ་སྡང་གི་ཚུལ་དུ་སྟོན་པ། དྲེགས་པ་ང་རྒྱལ་ཅན་རྣམས་ལ་ང་རྒྱལ་རི་བོ་ལྟ་བུ་དང་། མུན་པ་སྟེ་གཏི་མུག་ཅན་ལ་གཏི་མུག་མུན་པ་ལྟར་འཐིབ་པ་དང་། ཕྲག་དོག་རླུང་ལྟར་འཚུབས་པ་ལ་ཡང་འདུལ་ཐབས་གཉེན་པོ་དེ་བཞིན་གདུལ་བྱ་དང་མཐུན་པས་འདུལ་བ། གདུལ་བྱ་དང་མི་མཐུན་པའི་གཉེན་པོའི་སྒོ་ནས་ཀྱང་འདུལ་བའི་ཐབས་སྣ་ཚོགས་མཛད་དོ། །རྒྱ་མཚོ་ལྟ་བུར་ཐབས་ཟབ་ཅིང་རྒྱ་ཆེ་བའི་སྤྱོད་པ་རླབས་པོ་ཆེ་དང་། མཛད་པའི་ཕྲིན་ལས་གོང་དུ་བསྟན་པ་དེ་བཞིན་དུ་མཐུན་པ་དང་མི་མཐུན་པ་སྣ་ཚོགས་པ་ཡི་སྒོ་ནས་འགྲོ་བ་འཁོར་བ་ལས་སྒྲོལ་བར་འགྱུར་རོ། །གསུམ་པ་གསུང་གི་མཛད་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ། ལྷ་གནས་གསུམ་དུ་སྔར་གསུངས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ཏནྟྲ་སྟེ་རྒྱུད་འཆད་པའི་སྟོན་པ་མཛད་པ་དང་། དེ་བཞིན་དུ་རྒྱུད་ཀྱི་དོན་རྣམས་ཀྱི་བསྡུ་བ་པོའང་མཛད་པ་དང་། དམན་པའི་ལུས་ངན་སོང་གསུམ་དང་བསོད་ནམས་དང་ལྡན་པ་ལྷ་མི་ལུས་ཁྱད་པར་ཅན་གྱི་གནས་སུ། ལྷ་ཀླུ་ལ་སོགས་རང་རང་དང་མཐུན་པ་སྣ་ཚོགས་པའི་ལུས་ཅན་དམ་པའི་རིགས་ཅན་ལྔ་ལ་སོགས་པ་རྣམས་ལ། གསང་སྔགས་ཀྱི་འཁོར་ལོ་བསྐོར་བའང་མཛད་དོ། །བདུན་པ་མངོན་ཤེས། མངོན་ཤེས་དྲུག་དང་ལྡན་པ་དང་། མཚན་བཟང་དང་དཔེ་བྱད་སོགས་རྒྱ་ཆེན་མན་ལས་འདིར་ཁྱད་པར་སྤགས་ཏེ། དྲུག་པ་རྡོ་རྗེ་འཆང་ཀུན་ཏུ་བཟང་པོའི་ཆ་བྱད་འཛིན་པའོ། །ཀུན་མཁྱེན་གྱི་ཡེ་ཤེས་མངའ་བའི་ཕྱིར་རྒྱལ་བ་དྲུག་པ་དང་མཚུངས་ཤིང་། མངོན་ཤེས་ཀྱི་ཡུལ་ཁྱོན་དང་གདུལ་བྱ་ཡང་གྲངས་ཚད་བཟུང་དུ་མེད་དེ་རྒྱལ་བ་དྲུག་པ་ཉིད་དང་གཅིག་གོ། །དེ་ཡང་ཇི་ལྟར་ན་གསལ་ལ་རྟོག་མེད་མཁྱེན་པས་ན་མེ་ལོང་ལྟ་བུའི་ཚུལ་དུ་ལྷུན་གྲུབ་རིག་འཛིན་ལ་མངའ་བའོ། །བརྒྱད་པ་འབྲས་བུ་སངས་རྒྱས་ལ་སྦྱོར་ཚུལ་ལ་གསུམ། དང་པོ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་ཤེས་བྱའི་སྒྲིབ་པ་དང་བདུད་བཅོམ་ནས་སངས་རྒྱས་ལ་སྦྱོར་ཚུལ། རང་རྒྱུད་ལ་སྤང་བྱ་མི་མཐུན་པའི་ཕྱོགས་ཀྱི་མཚན་མ་ཤེས་སྒྲིབ་བག་ལ་ཉལ་ཆ་ཕྲ་བ་དེ་གཞོམ་པའི་ཕྱིར་གཉེན་པོར་གྱུར་པ་འབིགས་ཤིང་འཇོམས་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། སྤང་བྱར་གྱུར་པ་ཤེས་བྱ་ལ་བདག་ཏུ་རྟོག་པའི་སྒྲིབ་པའམ་ཉོན་མོངས་མཚན་མ་ཆ་ཕྲ་བ་བག་ཉལ་དེ་ཀུན་རྩད་ནས་བཅོམ་ནས་མཐར་རྡོ་རྗེ་ལྟ་བུའི་ཏིང་འཛིན་མཉམ་པ་ཉིད་ཀྱི་དབྱིངས་སུ་ཐིམ་པར་བྱེད་དེ། བསྒོམ་བྱ་སྒོམ་བྱེད་ལས་འདས་སོ། །དེ་བས་བདག་ཏུ་འཛིན་པ་མེད་པར་རྟོགས་པ་རང་རིག་པའི་ཡེ་ཤེས་ཀྱིས། དངོས་པོ་སྣང་བ་དང་། དངོས་མེད་སྟོང་པར་འཛིན་པའི་བག་ཆགས་ཐམས་ཅད་བསྲེགས་ཏེ། ཕྱིའི་ཡུལ་ལ་རང་གི་མཚན་ཉིད་དང་སྤྱི་ཡི་མཚན་ཉིད་ཀྱིས་བསྡུས་པའི་ཆོས་རྣམས་དང་། ནང་གི་སེམས་ཀྱི་ཆ་ཕྲ་བ་རྟོག་པ་བག་ཉལ་བ་ཐམས་ཅད་ཀུན། ཕྱོགས་དེའི་དངོས་པོ་མེད་པར་རང་བྱུང་གི་ཡེ་ཤེས་མཉམ་པ་ཉིད་དུ་རྟོགས་པར་བྱས་པས། སངས་རྒྱས་ཀྱི་དགོངས་པ་ཕྱོགས་ཞེན་ཐམས་ཅད་འཇོམས་པའི་དཔའ་བོ་ཡིན་ལ་དེའི་སར་འགྲོ་བར་བྱེད་པས་ན་དཔའ་བར་འགྲོ་བའི་རྣལ་འབྱོར་དང་། མི་མཐུན་འཇོམས་པའི་རྡོ་རྗེ་སྟེ་ཡེ་ཤེས་མཐར་ཐུག་པས་རྩེ་མོ་མཆོག་གི་ཏིང་འཛིན་ཐོབ་པས། ཐེག་འོག་གི་འབྲས་བུ་དང་། འདིའི་ལམ་པ་མན་ཆད་ཀྱི་ཡིད་ཚོད་དུ་གྱུར་པ་ཡིན་པས་ཞེན་པའི་སྒྲིབ་པ་དང་། བདུད་བཞིའི་སྡེ་དང་བཅས་པ་རྣམས་ཚར་བཅད་ཅིང་གཏན་ནས་འཇོམས་པའི་དཔའ་བས་བདུད་བཞི་བཅོམ་པ་དེ་རྗེས་ལ་འབྲས་བུ་འགྲུབ་པ་ཡིན་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཎྜལ་སྟེ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའི་དགོངས་པ་བསམ་ཡས་ལྷུན་རྫོགས་ཤེས་བྱ་མ་ལུས་ཀུན་ཡུལ་མེད་རང་གསལ་མཁྱེན་པ་ལྟ་བའི་ངང་དུ་མཉམ་པར་འཇོག་གོ། །གཉིས་པ་དེའང་འབྲས་བུ་གཞན་ན་མེད་དེ་རང་ལ་གནས་པ་མངོན་དུ་གྱུར་ཚུལ་དེ་ལ་གསུམ། དང་པོ་འབྲས་བུ་རང་ལ་བྱུང་བ་མངོན་སུམ་དུ་སྣང་བའི་རྐྱེན། དེ་མཉམ་པར་བཞག་ནས་ཏིང་འཛིན་མཐར་ཕྱིན་རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ཕྱག་རྒྱ་མོ་ལ་བརྟེན་ནས་དབང་བསྒྱུར་བའི་མཐུ་དང་ཞིང་གི་འབྲེལ་མཚམས་སྦྱོར་བ་ཡིན་ཏེ། འབྲས་བུ་དོན་དུ་གཉེར་བའི་སྨོན་ལམ་རྣམ་པར་དག་པའི་མཐུས། གཉིས་པ་འབྲས་བུ་རང་ལས་གྱུར་པ་མངོན་དུ་སྣང་བ་དངོས་དེ་ལ་གཉིས། དང་པོ་སྤྱིར་བསྟན། འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལའང་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་ལམ་པའི་རིག་པ་ལ་རང་སྣང་དུ་ཐོན་པས་གཞན་གཅིག་ལ་ཡོད་པ་ཞིག་འདིར་འོང་ནས་ཐོབ་པ་མིན་ནོ། །གཉིས་པ་བྱེ་བྲག་རྒྱས་བཤད་ལ་གསུམ། དང་པོ་འབྲས་བུ་རང་གནས་མངོན་གྱུར། ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པས་སྐུ་ལྔ་དང་། བརྡའ་སྤྲོད་པའི་གསུང་ལྔ་དང་། དགོངས་པ་ཟབ་པའི་ཐུགས་ལྔ་དང་། དགོས་འདོད་འབྱུང་བའི་ཡོན་ཏན་ལྔ་དང་། དོན་མཛད་པའི་ཕྲིན་ལས་ལྔ་ལ་སོགས་པ་གཞན་ལ་ངོ་མཚར་ཞིང་རྨད་དུ་བྱུང་བ་དང་། འབྲས་བུའི་ཆོས་ཀུན་ཏུ་གྲགས་པ་ནི་གསལ་བ་སྟེ། རང་རིག་ལྟུན་གྲུབ་ལས་གཞན་ནས་ཡོད་པ་ཞིག་འདིར་བཀུག་ནས་འོང་བ་ནི་མ་ཡིན་ཏེ། སེམས་ཉིད་རྒྱུ་རྐྱེན་དང་བྲལ་བས་རང་བྱུང་གི་ཡེ་ཤེས་མཐའ་གང་དུ་ཡང་གནས་པ་མེད་པར་རང་སྣང་བ་ཡིན་ནོ། །གཉིས་པ་དེ་གཞན་ནས་འོང་བ་མ་ཡིན་པར་ལམ་གྱིས་རང་གནས་མངོན་དུ་བྱས་པར་བསྟན་པ། ཆོས་ཐམས་ཅད་རང་སྣང་བ་བདེ་བས་ན་ངོ་མཚར་རྨད་དུ་བྱུང་བ་སྐྱེ་མེད་ལས་སྐྱེ་བའི་ཆོ་འཕྲུལ་ཤར་བ་འབྲས་བུའི་ཆོས་ཉེར་ལྔ་པོ་ཐམས་ཅད། སེམས་ཉིད་ལས་མ་གཏོགས་པ་གཞན་ནས་ཡོད་པ་ཞིག་འདིར་བཀུག་ནས་གསར་དུ་འོང་བ་མ་ཡིན་ཏེ། ཐབས་སྣང་ལ་མ་འགགས་པ་བདེ་བའི་ཡེ་ཤེས་ལ་བློ་བརྟེན་པའི་ཤེས་རབ་རང་བཞིན་མེད་པ་དང་དབྱེར་མེད་པ་ཉིད་དུ་ཤར་བའི་འབྲས་བུ་སྐུ་དང་ཡེ་ཤེས་སྣ་ཚོགས་སྣང་བ་ནི། འབྲས་ཆོས་ཉེར་ལྔ་དེ་ལྟ་བུ་ཡི་ངང་དུ་རང་སྣང་བའོ། །གསུམ་པ་འཁོར་བ་མ་སྤངས་རང་སར་གྲོལ་ནས་སངས་རྒྱས་པར་བསྟན་པ། དེ་ཡང་དཔེར་ན་མུན་པ་ལས་སྣང་བར་འགྱུར་བའམ་སྦྲུལ་དུག་དེ་ཉིད་རྩི་མ་ཀི་ཏ་སྨན་དུ་འགྱུར་བ་ཇི་བཞིན་དུ་རྟོག་ཚོགས་མ་སྤངས་བར་དེ་ཉིད་སྐུ་དང་ཡེ་ཤེས་སུ་འགྱུར་བས། དེས་ན་ཁམས་གསུམ་འཁོར་བ་ཡི་ཞེན་སྣང་འདི་མ་སྤངས་བར་འབྲས་བུ་མྱང་འདས་སུ་རྣམ་པར་དག་པས། གསར་དུ་མྱ་ངན་ལས་མི་འདའ་སྟེ་ཡེ་གདོད་མ་ནས་འབྲས་བུ་འདས་པའི་སངས་རྒྱས་ཀྱི་ངོ་བོར་གནས་པ་ཡིན་ལ། དེ་བས་ན་འཁོར་བ་ནས་འདས་པའི་སར་འགྲོ་བ་དང་ས་དེ་ལ་གནས་པར་བྱ་བ་ཡི་རྟོག་པ་ཡོད་པ་མིན་ཏེ། རྟོག་པ་ཐམས་ཅད་རང་བཞིན་དབྱེར་མེད་སྐུ་དང་། ཡེ་ཤེས་ཀྱི་ཚོགས་སུ་གསལ་བའོ། །གསུམ་པ་འབྲས་བུ་ཐོབ་པའི་ཚེ་རིག་འཛིན་གྱི་ཐ་སྙད་དང་བྲལ་བར་བསྟན་པ་ནི། ལྷུན་གྲུབ་རིག་འཛིན་གྱི་མཉམ་གཞག་ལ་དགོངས་པ་མཉམ་པ་ཉིད་ཡོད་པ་དང་། མ་བཞག་ན་མི་མཉམ་པ་ཡིན་ནོ། །སངས་རྒྱས་ནི་མཉམ་པར་བཞག་པ་དང་མ་བཞག་པ་མེད་པར་མཉམ་པ་ཉིད་ལས་མ་གཡོས་པའོ། །ལྷུན་གྲུབ་རིག་འཛིན་གྱི་མཉམ་གཞག་ལ་གཞན་དོན་གྱི་བྱ་བ་ལྷུན་གྱིས་གྲུབ་པ་དང་། མ་བཞག་ན་གཞན་དོན་མི་བྱ་བ་དང་། སངས་རྒྱས་ཀྱིས་མཉམ་རྗེས་ཀྱི་བྱ་བ་མེད་པར་གཞན་དོན་ལྷུན་གྲུབ་ཏུ་བྱས་པ་དང་། ལྷུན་གྲུབ་རིག་འཛིན་གྱི་མཉམ་གཞག་ལ་འབྲས་བུའི་ཆེ་ཡོན་ཐམས་ཅད་ལྷུན་གྱིས་གྲུབ་པ་དང་། རྗེས་ཤེས་ལ་མ་གྲུབ་པ་དང་། སངས་རྒྱས་ཀྱི་མཉམ་རྗེས་མེད་པར་འབྲས་བུའི་ཆེ་ཡོན་ཐམས་ཅད་ལྷུན་གྱིས་གྲུབ་པའོ། །རྒྱུ་མཚན་གསུམ་པོ་དེ་ཡི་ཕྱིར་ན་འབྲས་བུ་སངས་རྒྱས་ཐོབ་པའི་ཚེན་རིག་འཛིན་གྱི་ཐ་སྙད་དང་བྲལ་བར་བསྟན་པའོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། ལམ་ལ་མཚན་ཉིད་གསུམ་ཡོད་པ་ལས་མཐར་ཕྱིན་པའི་ལམ་གནས་སྐབས་ཀྱི་འབྲས་བུའི་མཚན་ཉིད་རིག་འཛིན་རྣམས་ཀྱི་དོན་མ་ནོར་བར་བསྟན་པའི་གཞུང་གི་ཚིག་དོན་རྣམས་མཚམས་གཅོད་ཅིང་འཛིན་པས་ལེའུ་སྟེ། ཡས་བགྲངས་བརྒྱད་པའི་དོན་དུ་གདའ་འོ། །སྤྱི་དོན་གསུམ་པ་མངོན་དུ་བྱས་པས་འབྲས་བུ་སངས་རྒྱས་ཀྱི་དགོངས་པ་བསྟན་པ་ལ་གསུམ། དང་པོ་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ། རང་བཞིན་གཞི་ཇི་བཞིན་པའི་ཆོས་སྐུ་ཆེན་པོ་ཉིད་དུ་ཡེ་ནས་སངས་རྒྱས་པའི་དོན་ཇི་བཞིན་པ་ལམ་གྱིས་ན་མངོན་སུམ་དུ་སྟོབས་རྫོགས་པར་བྱས་པའི་སངས་རྒྱས། ལྷུན་གྲུབ་རྒྱལ་བ་རྡོ་རྗེ་འཛིན་པ་ཆེན་པོ་ཀུན་ཏུ་བཟང་པོ་ཉིད་ལ་མོས་ཤིང་གུས་པས་འདུད་པ་སྟེ། དོན་གྱི་རྟོགས་པ་འཇལ་བའི་ཕྱག་འཚལ་བའོ། །དཔེར་ན་སྲིད་པ་འཁོར་བར་སྐྱེ་བ་ལེན་ལུག་ལ་མངལ་སྐྱེས་རིམ་གྱིས་པ་དང་། བརྫུས་སྐྱེས་རྫོགས་ཚུལ་ཅིག་ཆར་དུ་སྨིན་པ་བཞིན་དུ། ལམ་རིམ་དང་ཅིག་ཆར་གཉིས་ཀྱིི་སྒོ་ནས་གཞི་དོན་ཇི་ལྟ་བ་བཞིན་དུ། མངོན་དུ་བྱས་པའི་འབྲས་བུའི་རྣམ་བཞག་གཅིག །ལམ་ལ་དོན་ཡོད་བྱ་བའི་ཕྱིར་མཐར་ཐུག་སངས་རྒྱས་ཀྱི་དགོངས་པ་བཤད་པར་བྱ་བའོ། །གཉིས་པ་གཞུང་ལ་གཉིས། དང་པོ་མདོར་བསྟན། སྤྱིར་ལམ་ལ་མཚན་ཉིད་གསུམ་ཡོད་པའི་ཐ་མའི་ནི། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་རིག་འཛིན་རྣམས་ཡིན་ལ། དེའི་ཐ་མ་མཐར་ཐུག་སངས་རྒྱས་ལུགས་ནི། འབྲས་བུ་རང་གི་ངོ་བོ་དང་། དགོངས་པའི་བཞུགས་ཚུལ་དང་། ཐེག་པ་གོང་འོག་གི་འབྲས་བུའི་ཁྱད་པར་བསྟན་པ་གསུམ་གྱིས་འབྲས་བུའི་ལུས་རྣམ་བཞག་གསུམ་གྱི་དོན་མངོན་སུམ་གྱི་ཚུལ་དུ་སྣང་བ་རྣམས་ནི། ཡན་ལག་རྒྱས་བཤད་ཀྱི་སྒོ་ནས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་དེ་ལ་གསུམ། རྒྱལ་བ་དྲུག་པའི་འབྲས་བུའི་ངོ་བོ་དང་། འབྲས་བུ་ཐོབ་ནས་དགོངས་པའི་བཞུགས་ཚུལ་དང་། འབྲས་བུའི་ཁྱད་པར་བསྟན་པའོ། །དང་པོ་ལ་གཉིས། དང་པོ་མདོར་བསྟན། དེ་ལྟར་ལུས་རྣམ་བཞག་ལ་དོན་གསུམ་ཡོད་པའི་དཀྱུས་ཀྱི་སྔ་མ་འབྲས་བུའི་ངོ་བོ་ལ་བརྗོད་པར་བྱ་བ་ནི། ཡོན་ཏན་གྱི་རྟེན་བྱེད་པའི་སྐུ་དང་། གོ་བར་བརྡ་སྤྲོད་པའི་གསུང་དང་། དགོངས་པ་ཟབ་པའི་ཐུགས་ཉིད་དང་། དགོས་འདོད་འབྱུང་བའི་ཡོན་ཏན་དང་། བྱ་བ་བྱེད་པའི་ཕྲིན་ལས་རྣམས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཏེ། དེ་ལྟར་ལྔ་པོ་དེ་རེ་རེ་ལ་ཡང་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་ཉིད་ཀྱི་ངོ་བོར་གནས་སོ། །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་དང་། མ་འདྲེས་རྣམ་གྲངས་སུ་སྣང་བའི་ངོ་བོའོ། །དང་པོ་ལ་གསུམ། དང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་ནི་མཚན་གྱི་རྣམ་གྲངས་ཀྱིས་འོག་མའི་སངས་རྒྱས་ལས་སྤགས་ཚུལ་ངོ་བོ་ཉིད་ལྷུན་གྱིས་གྲུབ་པའི་དཔེ་དོན་ནི། ཨེ་མ་ཧོ་ནི་ལྷུན་གྱིས་གྲུབ་པའི་འབྲས་བུ་ཁྱད་པར་ཅན་ཡེ་ནས་གནས་པ་མངོན་སུམ་དུ་གྱུར་པ་ལ་ངམ་པའོ། །དགོངས་པ་དེའི་ངོ་བོ་ཕྱོགས་རེའི་ཉེས་སྐྱོན་དང་བྲལ་ཞིང་ཡང་དག་པར་དབྱེར་མེད་དུ་མངོན་སུམ་དུ་རྫོགས་པའི་དོན་ལ་གཞི་དང་ལམ་གྱི་ཉེས་པ་གཉིས་དང་བྲལ་བས་སངས་ལ་ཡེ་ཤེས་མཐའ་དབུས་མེད་པར་གདལ་བས་རྒྱས་པ་སྟེ་ཐུན་མོང་གི་རྒྱལ་བ་ནི། སྐུ་གསེར་གྱིས་གཏམས་པ་ལ་སོགས་པ་ཕྱིའི་བདུད་ལས་རྒྱལ་བ་ཡིན་ལ། དེ་ལས་ལྷག་པ་འདིའི་རྒྱལ་བ་ནི་ཕུང་པོ་ལྔ་རིགས་ལྔར་ཤར་བ་ལ་སོགས་པ་ནང་གི་བདུད་བཞི་ལས་རྒྱལ་བའོ། །ཐུན་མོང་གི་ལྷ་རྒྱུ་ཡི་ཐེག་པས་ཇི་ལྟ་བ་དང་། ཕྱི་རྒྱུད་ཀྱིས་ཇི་སྙེད་པའི་བག་ལ་ཉལ་གྱི་སྒྲིབ་པ་རྣམ་པར་དག་པ་ཡིན་ལ། དེ་ལས་ལྷག་པ་འདིའི་ལྷ་ནི་མཉམ་པ་ཉིད་ཀྱི་ངང་ལ་བག་ཉལ་གྱི་སྒྲིབ་པ་རྣམ་པར་དག་པའོ། །འཁོར་བ་ལས་འཕགས་པའི་རྒྱུའི་ཐེག་པས་ཇི་ལྟ་ཇི་སྙེད་མཁྱེན་པ་ལས་ལྷག་པ་འདིའི་འཕགས་པ་དབྱེར་མེད་མཉམ་པ་ཉིད་ལ་སྤྱོད་ཡུལ་ཡོངས་སུ་དག་པས་ཀུན་ཏུ་བཟང་པོའོ། །ཐུན་མོང་གི་དེ་བཞིན་གཤེགས་པ་ནི་རྒྱུའི་ཐེག་པས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དང་། ཀྲྀ་ཡས་དག་པ་མཐའ་བཞི་དང་། ཡོ་གས་མཚན་མ་མེད་པའི་དེ་བཞིན་ཉིད་ལ་སོགས་པ་ནར་སོན་པས་གཤེགས་ལ། དེ་ལས་ལྷག་པ་འདིའི་དེ་བཞིན་གཤེགས་པ་ནི་གཉིས་མེད་ལྷུན་གྲུབ་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་ནར་སོན་ནས་གཤེགས་པའོ། །ཐུན་མོང་གི་བདེ་བར་གཤེགས་པ་ནི་རྒྱུའི་ཐེག་པས་ཉོན་མོངས་པ་ཆོས་ཉིད་དུ་སྦྱང་བ་དང་། ཕྱི་རྒྱུད་ཀྱིས་ལྷར་བསྒྱུར་ནས་ཟུག་རྔུ་ཞི་བས་བདེ་བར་གཤེགས་ལ། འདིར་དེ་ལས་ཀྱང་ལྷག་པ་བདེ་བར་གཤེགས་པ་ནི་ཉོན་མོངས་ཡེ་ཤེས་སུ་རང་དབང་བསྒྱུར་ནས་ཟུག་རྔུ་ཞི་བས་བདེ་བར་གཤེགས་པའོ། །དེ་མཐར་ཕྱིན་ནས་གཤེགས་པ་ནི་དཔེར་ན་རིན་ཆེན་ནོར་བུ་ལ་དགོས་འདོད་ལྷུན་གྱིས་གྲུབ་པ་བཞིན་དུ་བཞུགས་པའོ། །དེ་ཡང་དགོང་པ་ཚང་བ། རེ་བ་སྐོང་བ། ཟད་མི་ཤེས་པ། རྒྱུན་མི་འཆད་པ། རྟོག་པ་མེད་པ། བདེ་བ་ལ་དགོད་པའམ། ཡང་ན་ཡོན་ཏན་ལ་ཟད་འཕེལ་དང་། དགོངས་པ་ལ་འགྲོ་འོང་དང་། ཐུགས་རྗེ་ལ་ཉེ་རིང་མེད་པའི་ཆོས་དྲུག་དང་ལྡན་བ་ནོར་བུས་མཚོན་པའི་རྒྱལ་བ་དྲུག་པ་དེ་ནི། ཡོན་ཏན་མ་ལུས་པ་རྫོགས་པས་དགོས་པ་ཚང་བ། གདུལ་བྱའི་རེ་བ་སྐོང་བ། རྒྱུན་མི་འཆད་པ། ཟད་མི་ཤེས་པ། བདག་དང་གཞན་དུ་རྟོག་པ་མེད་པ། བདེ་བ་ལ་དགོད་པས། འབྲས་བུའི་ཆོས་ཉེར་ལྔར་མ་འདྲེས་པར་ཤར་བའི་ངོས་ནས་རིགས་དུ་མར་སྣང་བས་གཅིག་པའི་མཐའ་དང་བྲལ་ལ། ཡོངས་རྫོགས་ཀྱི་ངོས་ནས་རང་བྱུང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས་དུ་མའི་མཐའ་ཀུན་དང་བྲལ་ཞིང་དེས་ན་གཅིག་དུ་མ་གཉིས་ཀའི་བདག་ཉིད་ཡིན་པས་ལྡན་པའོ། །གཉིས་པ་རིགས་ལྷུན་གྲུབ་དེ་ཉིད་ཕྱོགས་མེད་དུ་ཤར་ཡང་རིགས་ཕྱོགས་གཅིག་ཏུ་ཆད་པ་མེད་པར་བསྟན་པ། རིགས་དྲུག་པ་དེ་ཉིད་དེའིི་རིགས་ཐམས་ཅད་ཀུན་གྱི་དངོས་གཞི་ཡིན་པས་ཕྱོགས་གཅིག་པའི་རིགས་དང་བྲལ་བ་ཡི་ཕྱིར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔར་ལྡན་པ་དེ་ཞིང་ཁམས་ཕྱོགས་དུས་ཀྱི་རྒྱལ་བ་ཀུན་གྱི་ངོ་བོ་ཉིད་ཡིན་པས། གདུལ་བྱ་རྣམས་ལ་རང་རང་ཅི་ལྟར་མོས་བཞིན་དུ། གང་མོས་དེ་བཞིན་དུ་དེའི་རིགས་དང་མཐུན་པར་སྐུ་ལྔ་ལ་སོགས་པར་སྣང་ལ། ཡང་དག་པའི་དོན་རང་བཞིན་ཉིད་ཀྱི་དབང་བཙན་དུ་བྱས་ན་རིགས་རང་རྒྱུད་པ་འདི་ཁོ་ནའོ་ཞེས་ཕྱོགས་གཅིག་ཏུ་གྲུབ་པ་མེད་དོ། །གསུམ་པ་ངོ་བོ་ལྷུན་གྲུབ་ཀྱི་ཡོན་ཏན་ཕྱོགས་རེ་ནས་མཚན་གྱི་རྣམ་གྲངས་སུ་དབྱེ་བ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་ཉིད་རེ་རེ་ལ་བྱེ་བྲག་ལྔ་ལྔ་ཉི་ཤུ་རྩ་ལྔར་ལྡན་ཞིང་སྣང་བ། རིགས་ཐམས་ཅད་ཀྱི་བདག་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་ཀུན་ཏུ་བཟང་པོ་ཞེས་པའི་མཚན་གྱི་རྣམ་གྲངས་གང་ཞེ་ན། མཚན་ཉིད་གསུམ་གྱི་ཐ་མ་འབྲས་བུ་བཞི་དེའི་ཐ་མ་དེས་མཐར་ཐུག་གི་འབྲས་བུའི་སྐབས་སུ་བག་ཉལ་གྱི་སྒྲིབ་པ་བཅོམ་པས་ཕྱོགས་ཞེན་ཐ་དག་ཕྲལ་བ་ཡི་ཕྱིར་སངས་ལ། རང་བྱུང་གི་ཡེ་ཤེས་ཀྱིས་འགྲོ་འོང་མེད་པར་ཤེས་བྱའི་ཆོས་ཀུན་ལ་ཁྱབ་པས་ན་རྒྱས་ཞེས་པའམ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་འགྲོ་འོང་མེད་པར་ཤེས་བྱ་ཀུན་ལ་ཁྱབ་པས་ན་རྒྱས་པའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཆོས་ཉིད་སྣང་སྟོང་གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ནི་མ་བཅོས་པར་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་དོ། །ཅི་བཞིན་པ་དེའི་ངང་ཉིད་དུ་དགོངས་པ་འགྲོ་འོང་མེད་པ་ནར་སོན་པར་གཤེགས་པས་ན་དེ་བཞིན་གཤེགས་པ་ཞེས་ཀྱང་བྱ། དེ་བཞིན་དུ་ཆོས་ཉིད་ལ་སྤྲོས་པའི་ཟུག་རྔུ་མེད་པས་བདེ་བ་ཆེན་པོའི་ངང་ཉིད་དུ། རྩོལ་རྟོག་གི་ཟུག་རྔུ་ཀུན་དང་བྲལ་ཏེ་བདག་གཞན་གྱི་དོན་གཉིས་ཡོངས་སུ་རྫོགས་པའི་ཕྱིར་ན་བདེ་བར་གཤེགས་ཞེས་བྱའོ། །དུས་གསུམ་གྱི་སངས་རྒྱས་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གཉིས་སུ་མེད་པར་སེམས་ཉིད་ལ་ནར་སོན་པས་འཁོར་འདས་ཐམས་ཅད་ལ་དབང་བསྒྱུར་བས་དབང་ཕྱུག་ཆེན་པོ་དྲུག་པ་ཉིད་ལོངས་སྤྱོད་ཆེན་པོའི་སྐུར་བཞུགས་པས་ན་དབང་ཕྱུག་ཆེན་པོ་ཞེས་བྱ། གསང་བའི་བདག་པོ་ཡེ་ཤེས་དང་ཡུལ་དབྱིངས་གཉིས་འདུ་འབྲལ་མེད་པའམ། གསང་བའི་དབང་པོ་རྡོ་རྗེ་དང་པདྨ་གཉིས་འདུ་འབྲལ་མེད་པར་ཁ་སྦྱོར་གྱིས་བདེ་བ་ལ་ལོངས་སྤྱོད་པས་གསང་བའི་སྐུ་ཞེས་ཀྱང་བྱ། འཁོར་འདས་ཀྱི་དངོས་པོ་གཉིས་ཀྱི་ལོངས་སྤྱོད་ལ་ནན་ཏར་མི་འཛིན་པས་བདེ་བ་ཆེན་པོར་ལོངས་སྤྱོད་པས་ན་ལོངས་སྤྱོད་ཅེས་སོ། །དེ་དག་ནི་དྲུག་པ་ཀུན་ཏུ་བཟང་པོའི་མཚན་གྱི་རྣམ་གྲངས་སོ། །གཉིས་པ་མ་འདྲེས་རྣམ་གྲངས་ཀྱི་ངོ་བོ་ལ་གཉིས་ཏེ། དང་པོ་ཉེ་བར་བསྟན་པ། རྒྱལ་བ་རིགས་དྲུག་པ་དེ་ཉིད་ཀྱི་ཡོན་ཏན་གྱི་ཆ་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་ཆ་རེ་རེ་ནས་ཕྱེ་སྟེ་ཉི་ཤུ་རྩ་ལྔ་བརྗོད་པ་ནི་གང་ཞེ་ན། གཉིས་པ་རྒྱས་བཤད་ལ་ལྔ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔའོ། །དང་པོ་ལ་གཉིས། ངོ་བོ་སྐུ་ལྔ་དང་། དེས་འདུལ་བའི་འཁོར་ལྔའོ། །དང་པོ་ལ་ལྔ། དང་པོ་ཆོས་སྐུ། འཇིག་རྟེན་ལས་འདས་པ་རྣམ་པར་བྱེད་པ་དང་། མ་འདས་པ་འཁོར་བའི་ཆོས་ཀུན། དུས་གསུམ་གྱིས་བསྡུས་པའི་ཆོས་ཅན་མ་ལུས་པ་ཀུན་ཆོས་ཉིད་དོན་དམ་པར་དབྱེར་མེད་དུ་གཅིག་པ་ཡི། རྒྱལ་བ་ཆོས་སྐུ་ཉིད་ཡིན་པའི་ཕྱིར་འཁོར་འདས་སྣ་ཚོགས་པའི་ཆོས་སུ་མ་འགགས་པར་ཀུན་རྫོབ་ཏུ་སྣང་བའི་དུས་ཉིད་ན། དོན་དམ་ལ་རང་བཞིན་ནམ་ངོ་བོ་རང་རྒྱུད་དུ་གྲུབ་པ་མེད་པའི་ཕྱིར་ན། སྣང་སྟོང་གཉིས་སུ་མེད་པའི་དོན་མངོན་དུ་བྱེད་པ་དེ་ཉིད་དྷརྨ་ནི་ཆོས་ཀཱ་ཡ་སྐུ་སྟེ་སྣང་སྟོང་གཉིས་སུ་མེད་པའི་ཆོས་སྐུར་གནས་སོ། །གཉིས་པ་མངོན་པར་བྱང་ཆུབ་པའི་སྐུ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་པར་མངོན་སུམ་དུ་སྣང་བས་མངོན་པར། དེ་ཉིད་ལ་ཕྱོགས་འཛིན་གྱི་ཞེན་པའི་མཐའ་ཀུན་དང་བྲལ་བས་བྱང་རང་རིག་པའི་ཡེ་ཤེས་སུ་ཀུན་ཆུབ་པའི་ཕྱིར་མངོན་པར་བྱང་ཆུབ་པ་སྟེ། རིག་པ་དེ་ཉིད་རྒྱུ་རྐྱེན་དང་བྱེད་པ་པོ་མེད་པར་རང་བྱུང་ཞིང་། སྒྲིབ་གཡོགས་མེད་པར་རང་གསལ་བས་ཡེ་ཤེས་ཆེན་པོ་ཉིད། སྐུ་བཞི་པོ་ཀུན་གྱི་གཞི་བྱེད་ཅིང་གདུལ་བྱ་ཇི་ལྟར་འདུལ་བ་ལྟར་སྣང་བའི་ཕྱིར་མངོན་པར་བྱང་ཆུབ་པའི་སྐུ་སྟེ་སྐུ་བཞི་པོ་ལས་མཆོག་ཏུ་གྱུར་པའོ། །གསུམ་པ་ལོངས་སྐུ། ཐ་མ་འདོད་པའི་ཁམས་ཀྱི་གནས་ཀྱི་མཐའ་མ་དམྱལ་བ་ནས་ཡར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ། དམྱལ་བ་ལ་སོགས་པ་ངན་སོང་གསུམ་གྱི་སྡུག་བསྔལ་ཀུན་དང་འདོད་ཁམས་ཀྱི་ལྷ་མིའི་འདོད་ཡོན་གྱི་བདེ་བ་དང་། གཟུགས་ཁམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་སྙོམས་འཇུག་བཞི་དང་། ཉན་ཐོས་འགོག་པའི་སྙོམས་འཇུག་དང་རང་རྒྱལ་ཞི་བ་ཕྱོགས་གཅིག་པའི་བདེ་བ་དང་། བྱང་སེམས་ཀྱི་བཏང་སྙོམས་ས་པ། གསང་སྔགས་ཀྱི་བདེ་ཆེན་དང་། སོགས་ཁོང་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡུལ་ཡུལ་ཅན་དུ་ཞེན་པ་མེད་པར་ཀུན་ལ་རོལ་བས་ལོངས་སྤྱོད་ཆེ་བ་སྟེ་ལོངས་སྤྱོད་རྫོགས་པའི་སྐུའོ། །བཞི་པ་སྤྲུལ་པའི་སྐུ། རླུང་གི་རྟ་བདུན་ལ་བརྟེན་པའི་ཉི་མ། རི་བོང་གཟུགས་བྲིས་པ་ཅན་ཟླ་བ་ཉིད་ལྷ་རྣམས་ཀྱི་གཞལ་ཡས་ཁང་ཡིན་པ་དེ་ལས་མ་གཡོན་བཞིན་དུ། ཆུ་དྭངས་པར་ཀུན་ཏུ་གཟུགས་བརྙན་ཐ་དད་པ་སྣང་བ་ལྟར་རྒྱལ་བ་དྲུག་པའི་སྐུའི་ངོ་བོའམ་དགོངས་པར་འགྲོ་འོང་མེད་པར་གདུལ་བྱ་འདུལ་བའི་ཐབས་ལ་ཕྱོགས་ཀུན་ཏུ་ཐུབ་པ་དྲུག་ལ་སོགས་པར་སྣང་ནས་དོན་མཛད་པ་ནི་སྤྲུལ་སྐུའི་མཆོག་ཏུ་གྱུར་པའོ། །ལྔ་པ་རྡོ་རྗེའི་སྐུ། དཔེ་ཇི་ལྟར་ན་འདུས་མ་བྱས་ཀྱི་ནམ་མཁའ་ལ་སྐྱེ་བ་དང་འཇིག་པ་མེད་པ་ལྟར། སྤྲུལ་སྐུ་འདུས་བྱས་མི་རྟག་པ་ཆོས་ཀུན་གྱི་དངོས་གཞིར་སྣང་ཡང་། ངོ་བོ་རང་ལ་འགྱུར་བ་མེད་པས་རྟག་པ་ཆེན་པོར་བཞུགས་པ་དེ་ཉིད་སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ་མཆོག་ཏུ་གྱུར་པ་དེ་ལ་སྐྱེ་འཇིག་མེད་པའོ། །དེ་ནི་གྲངས་ཀྱི་ལྔ་པ་དབྱེར་མེད་རྡོ་རྗེ་སྐུ་ཉིད་དུ་ལེ་ལག་ལ་སོགས་པའི་རྒྱུད་ཀུན་ལ་རབ་ཏུ་གྲགས་སོ། །གཉིས་པ་དེས་འདུལ་བའི་འཁོར་ལྔ། དེ་ལྟར་སྐུ་ལྔ་པོས་སོ་སོར་འདུལ་བའི་འཁོར་ལྔ་བསྟན་པ་ནི། ཆོས་སྐུའི་འཁོར་ཡེ་ཤེས་ལྔའི་གཟུགས་བརྙན་མཆོག་གི་འཁོར་རིགས་ལྔར་ཤར་བས་ཡེ་ཤེས་རྒྱ་མཚོའི་ཚོགས་ཞེས་བྱ་བ་དང་། ལོངས་སྐུའི་འཁོར་སྨིན་པ་རྒྱ་མཚོ་ནི། ཤེས་བྱ་ཐམས་ཅད་མཁྱེན་པ་ཡི་ཡེ་ཤེས་ལ་བསྒྲིབས་པར་གྱུར་པའི་སྒྲིབ་པ་མཐའ་མ་ཤེས་སྒྲིབ་ཆ་ཕྲ་བ་སྤོང་བའི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། བསྒོམ་ལམ་རྒྱ་ཆེན་རིག་འཛིན་རྣམས་སོ། །མངོན་པར་བྱང་ཆུབ་པའི་འཁོར། ཡོ་ག་འབྲས་བུའི་རྒྱལ་པོ་རིགས་ལྔ་དང་། ཨུ་པ་ཡི་རིགས་བཞི། ཀྲྀ་ཡའི་རིགས་གསུམ་དང་། ཕ་རོལ་ཏུ་ཕྱིན་པའི་ཀུན་ཏུ་འོད་ཀྱི་སངས་རྒྱས་ལ་སོགས་པའི་རྒྱུད་མས་སྦྱངས་པ་ཐེག་པ་འོག་མའི་སངས་རྒྱས་ཏེ་རྒྱལ་བ་རྒྱ་མཚོའི་ཚོགས་དང་། སྤྲུལ་སྐུའི་འཁོར་མོས་པ་རྒྱ་མཚོ་ནི། རྒྱུའི་མོས་པ་སྤྱོད་པའི་ས་ཚོགས་སྦྱོར་དང་རྒྱུའི་ས་དང་པོའང་ཚེ་ལ་དབང་སྒྱུར་བའི་རིག་འཛིན་ནོ། །མི་འགྱུར་རྡོ་རྗེའི་འཁོར་དབྱེར་མེད་རྡོ་རྗེ་ཚོགས་ཀྱི་ཞལ་མཐོང་ཞིང་གསུང་བརྡའ་འཇལ་བའི་ཕྱིར་ལྷུན་གྲུབ་རིག་འཛིན་ནི་རྡོ་རྗེའི་སྐུའི་འཁོར་གྱི་མིང་གྲུབ་བོ། །གཉིས་པ་གསུང་ལྔ་ལ་གཉིས། དང་པོ་གསུང་ལྔ་སོ་སོའི་འཁོར་དང་གསང་བདག་གིས་ལྷུན་གྲུབ་ཏུ་བརྡའ་མཇལ་ཚུལ་སྤྱིར་བསྟན་པ། འཁོར་ལྔ་པོ་དེ་དག་ལ་སྟོན་པ་སྐུ་ལྔ་པོ་དེ་ཡི་དགོངས་པ་གསུང་ལྔ་པོ་བཤད་པ་ནི། སྤྲུལ་སྐུས་ཚིག་ཏུ་བརྗོད་པས་གོ་བ་དང་སྐུ་བཞིས་ཚིག་ཏུ་མ་བརྗོད་ཀྱང་བརྗོད་པ་དང་འདྲ་བའི་ཕྱིར་དོན་གྱི་གསུང་དུ་ངེས་པས་ན། ཚིག་དང་ཡི་གེ་རུ་བརྗོད་པ་མེད་པར་དོན་གོ་ཞིང་བརྡའ་འཇལ་བར་བྱེད་པའང་། ཆོས་སྐུ། ལོངས་སྐུ། མངོན་བྱང་། རྡོ་རྗེ་སྐུ་དང་བཞི་ཡི་གསུང་ཡིན་ལ། སྤྲུལ་སྐུའི་གསུང་ཚིག་དང་ཡི་གེ་རུ་བརྗོད་པས་སྟོན་པ་སྟེ་དེ་ཡང་འགྲོ་དྲུག་གི་གནས་སུ་རྩ་བ་དྲུག་པོ་རེ་རེ་ལ་ཡང་། རིང་ཐུང་འབྲིང་གི་ཆས་དྲུག་དྲུག་གོ། །དེ་རེ་རེ་ལ་ཡན་ལག་བཅུ་བཅུ་སྟེ་དྲུག་ཅུ་པ་ཚན་པ་དྲུག་ལ་སུམ་བརྒྱ་དྲུག་ཅུས་དོན་གོ་ཞིང་བརྡའ་འཇལ་བར་བྱེད་པ་སྤྲུལ་སྐུའི་ཚིག་གི་གསུང་དང་ལྔ་པོ་ཉིད་ཀྱི་ཚུལ་གྱིས་དོན་གོ་བ་དེ་ཡང་། སྐུ་ལྔ་པོ་སོ་སོ་རང་རང་གི་འཁོར་ལྔ་པོ་དེ་དག་ཉིད་དང་། སྤྱིའི་འཁོར་སྡུད་པ་པོ་གསང་བདག་ཕྱག་ན་རྡོ་རྗེ་དེ་དག་གིས་གསུང་ལྔ་ལྷུན་གྲུབ་དུས་གཅིག་ཏུ་ཐོས་ནུས་པའི་སྙན་ཆ་ལྔ་དང་ལྡན་པའི་ཕྱིར་གསུང་ལྔ་ལྷུན་གྲུབ་ཐོབ་པས། སྡུད་པ་པོས་ཚིག་ཚོགས་དང་ཡི་གེ་བཀོད་པའི་ཚེ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཀུན་གྱི་མགོ་ལ། སྐུ་བཞིའི་གསུང་ལ་བཤད་ཅེས་པ་དང་། སྤྲུལ་སྐུའི་གསུང་ལ་ཐོས་ཞེས་གསུངས་སོ། །གཉིས་པ་གསུང་ལྔ་སོ་སོར་བཤད་པ་ལ་ལྔ། དང་པོ་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། ཆོས་སྐུའི་འཁོར་དང་སྐྱེ་མེད་ཀྱི་དོན་གཉིས་རང་བཞིན་བདག་ཉིད་གཅིག་པའི་འབྲེལ་བ་ཡོད་པ་དང་འཁོར་གྱི་སྒྲིབ་པ་དག་སྟེ་ཤེས་རབ་ཀྱི་དབང་པོ་དྭངས་པས། དཔེར་ན་རྒྱ་མཚོ་རྙོག་མ་དྭངས་པའི་ཆུ་ལ་ཉི་ཟླ་སྐར་གསུམ་གྱི་གཟུགས་བརྙན་འཆར་བ་བཞིན་དུ། ཆོས་ཐམས་ཅད་མ་སྐྱེས་ཤིང་སྐྱེ་བ་མེད་པར་བརྡའ་སྤྲོད་པས། ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་མཆོག་གིས། སྤྲུལ་སྐུའི་གསུང་ལྟར་ཚིག་ཏུ་སྨྲ་བརྗོད་མེད་པར་གོ་བར་བྱེད་པ་སྟེ། དེ་ཡང་ཆོས་སྐུའི་དགོངས་པ་སྐྱེ་མེད་དེ། འཁོར་ཡེ་ཤེས་རྒྱ་མཚོའི་བློ་ལ་སྣང་བར་མཛད་པའོ། །གཉིས་པ་མངོན་པར་བྱང་ཆུབ་པའི་གསུང་རིག་པ་བྱིན་རླབས་ཀྱི་གསུང་། རང་རིག་པའི་ཡེ་ཤེས་དེ་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་མིང་ལྔ་དང་ལྡན་པ། གོང་གི་ཆོས་སྐུའི་གསུང་དེ་བཞིན་དུ་རང་བཞིན་འབྲེལ་བའི་རིག་པ་བྱིན་རླབས་ཀྱི་གསུང་གིས་བརྗོད་པ་མེད་པར་བརྗོད་བྱའི་དོན་རང་བཞིན་གསང་བའི་སྙིང་པོའི་རྒྱུད་ཀྱི་དོན་རྣམས་ཀུན། དཔེར་ན་ཉི་མ་ཡི་དཀྱིལ་འཁོར་འོད་ཀྱིས་ཐམས་ཅད་གསལ་བར་བྱེད་པ་ལྟ་བུར། འཁོར་གྱི་བློ་ལ་དོན་གསལ་བར་སྣང་བའོ། །གསུམ་པ་ལོངས་སྐུ་དགོངས་པ་བརྡའི་གསུང་། དཔེར་ན་མེ་ལོང་ལྟ་བུར་སྐྱོན་སེལ་བར་བྱེད་པ་དང་། ལེགས་པར་བསྐྱོད་པ། གསལ་བར་བྱེད་པ། གཟུགས་བརྙན་སྣང་བར་བྱེད་པ། རྩོལ་བ་མེད་པ། འདུ་བྱེད་མེད་པ། ལྡན་པ་མ་ཡིན་པ། མི་ལྡན་པ་མ་ཡིན་པ་དང་ཆོས་བརྒྱད་ཀྱིས་མཚོན་པའི་དོན་དབང་ཕྱུག་ཆེན་པོའི་ལོངས་སྤྱོད་རྫོགས་པའི་སྐུ་དེ་འཁོར་སྨིན་པ་རྒྱ་མཚོའི་ཚོགས་ཀྱིས་མཐོང་བས་འཁོར་རྒྱུའི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་། འབྲས་བུ་གསང་སྔགས་ཀྱི་སེམས་དཔའ་རྣམས་དང་། འབྲས་བུ་གསང་སྔགས་ཀྱི་བྱང་ཆུབ་སེམས་དཔའ་ཆེའི་ཞེས་རིག་པ་འཛིན་ཆེན་པོའི་རྒྱུད་ལ་བརྡའི་སྒོ་ནས་གསང་སྔགས་རྡོ་རྗེའི་ཐེག་པའི་དོན་སྣང་བར་བྱེད་དོ། །བཞི་པ་སྤྲུལ་སྐུའི་གསུང་ཚངས་པ་དབྱངས་ཀྱི་ཚིག་ཏུ། འཁོར་བའི་སྡུག་བསྔལ་རྣམ་པར་གྲོལ་བ་མྱང་འདས་ཐར་པའི་གནས་སུ་འགྲོད་པ་ལམ་གྱི་ཆོས་དང་། ཀུན་ཉོན་འཁོར་བའི་ཆོས་སུ་སྣང་བའི་སྒྲ་སྐད་ཐམས་ཅད། སྤྲུལ་སྐུའི་གསུང་གི་དབྱངས་ལ་སོགས་པ་ལ་དྲུག་གི་ཆོས་སྟོན་པ་དེ་རྩ་བ་ཚངས་པའི་དབྱངས་ལ་སོགས་པ་དྲུག་ལ་རིགས་དྲུག་གི་ཡན་ལག་འདུ་ཤེས་བསྐྱེད་པ་ལ་སོགས་པ་བཅུ་བཅུ་སྟེ། སུམ་བརྒྱ་དྲུག་ཅུའི་ཚུལ་གྱིས་འཇིག་རྟེན་གྱི་མེས་པོ་ཚངས་པའི་ངག་ལྟར་སྙན་ཅིང་ཡིད་དུ་འོང་བའི་གསུང་གིས་གདུལ་བྱ་མོས་པ་ལ་སྤྱོད་པའི་ས་པ་ལས་འཕྲོ་དང་སྐལ་བ་ཅན་རྣམས་ལ། ཚིག་དང་སྒྲར་སྣང་བ་རང་རང་གི་ཤ་ཡི་རྣ་བས་དངོས་སུ་ཐོས་པའོ། །ལྔ་པ་རྡོ་རྗེའི་གསུང་གྲག་སྟོང་དབྱེར་མེད། གདུལ་བྱ་རྣམས་རང་རང་སོ་སོས་ཇི་ལྟར་དོན་གོ་བ་དང་། འདུལ་བར་སྣང་བའི་འཁོར་ལ་རྡོ་རྗེའི་གསུང་རྣམས། དཔེར་བྲག་གི་ངོས་ལ་སྒྲས་རྐྱེན་པའི། བྲག་ཆའི་སྒྲ་གྲག་ཀྱང་། བྲག་གིས་སྨྲ་བ་མེད་པ་ལྟར། དོན་གྲག་སྟོང་དབྱེར་མེད་རྡོ་རྗེའི་གསུང་། སྟོན་པས་གསུངས་པ་མེད་པར་འཁོར་ལ་སྣང་བས་ན། དབྱེར་མེད་ཀྱི་གསུང་དེ་ཡང་གཟུགས་མཐོང་བ་དང་། སྒྲ་ཐོས་པར་བྱེད་པའང་རྡོ་རྗེའི་གསུང་དེ་ཉིད་བརྡ་འཇལ་བའི་མཐུ་གཟུགས་སྣང་སྟོང་དང་། སྒྲ་གྲག་སྟོང་དུ་ཤར་བའོ། །གསུམ་པ་ཐུགས་ལ་ལྔ་སྟེ། དང་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་བདེ་བ་ཆེན་པོའི་ཐུགས། འཁོར་འདས་ཀྱི་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཕྱི་ནང་སྣོད་བཅུད་ལ་སོགས་བྱེ་བྲག་གི་དབྱེ་བ་ཡན་ལག་དང་བཅས་པའི་ཆོས་རྣམས། རང་རིག་པ་བྱང་ཆུབ་སེམས་ཀྱི་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་ན། སྣང་བ་མ་སྤངས་རྣམ་པ་ཀུན་ལྡན་གྱི་སྟོང་པ་ཆེན་པོའི་དོན་མངོན་དུ་བྱས་པའི་ཡེ་ཤེས་ཀྱིས། དངོས་པོར་སྣང་བའི་ཟུག་རྔུ་མ་སྤངས་པས་ལྡན་བཞིན་དུ་རང་རྒྱུད་དུ་མི་དམིགས་པས་བྲལ་བས་དོན་དེ་ཀ་བདེ་བ་ཆེན་པོ་མཆོག་གི་ཐུགས་ཞེས་བྱའོ། །དེ་ཡང་དཔེར་ན་ནམ་མཁའ་སྟོང་ཞིང་གོ་སྐབས་འབྱེད་པ་ལྟ་བུར་ཤེས་བྱའི་ཆོས་ཐམས་ཅད་ཡེ་ནས་སྒྲིབ་གཡོགས་མེད་པར་གསལ་ལ་ངོ་བོས་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །གཉིས་པ་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་མི་རྟོག །མཆོག་གི་དོན། ཆོས་རྣམས་སྤྱི་དང་རང་གི་མཚན་ཉིད་དབྱེར་མེད་པའི་ཆོས་རྣམས་ཀུན་ཡུལ་དང་ཡུལ་ཅན་དུ་རྟོག་པ་མེད་པར། དཔེར་ན་མེ་ལོང་དྭང་བར་བཞིན་གྱི་གཟུགས་བརྙན་ཇི་ལྟར་གསལ་བ་བཞིན་མངོན་སུམ་བཞི་པོ་ཀུན་གྱི་མཆོག་རང་རིག་པས་མངོན་སུམ་དུ་རྟོགས་པ་ཡིན་ཏེ། དེ་ཀ་ལ་རྣམ་པར་མི་རྟོག་པ་མཆོག་གི་ཐུགས་ཞེས་བྱའོ། །གསུམ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་མཉམ་པ་ཆེན་པོ་མཆོག་གི་ཐུགས། དཔེར་ན་འབྱུང་བ་ཆེན་པོ་ལྔ་གང་ལ་བཟང་ངན་དང་ཡོན་སྐྱོན་ཐམས་ཅད་མཉམ་པ་ལྟ་བུར། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཐ་དད་བཟང་ངན་གྱི་སྐྱོན་གང་ཡང་མི་འབྱེད་ཅིང་བླང་དོར་མེད་པར་མཉམ་པ་ཉིད་ཀྱིས་མཁྱེན་ཞིང་། དུས་ཐམས་ཅད་དུ་དགོངས་པ་ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་ལས་དགོངས་པ་མི་གཡོ་བ་དེ་ནི་མི་གཡོ་བའི་ཐུགས་སམ། མཉམ་པ་ཆེན་པོ་མཆོག་གི་ཐུགས་ཞེས་བྱའོ། །བཞི་པ་བྱ་བ་གྲུབ་པའི་ཡེ་ཤེས་འགྲོ་བ་སྒྲོལ་བ་ནི། སངས་རྒྱས་དང་སེམས་ཅན་གཉིས་སུ་མི་འབྱེད་པའི་ཐུགས་རྗེ་ཆེན་པོས་འདུལ་བྱེད་ཀྱི་སྟོན་པ་དང་། གདུལ་བྱ་གཉིས་ངོ་བོ་བདག་གཅིག་པར་འབྲེལ་པ་ཡོད་པ་དང་། སངས་རྒྱས་དེ་ཉིད་ཀྱི་ཐུགས་ནི་མཉམ་པ་ཉིད་ཀྱི་དབྱིངས་ལས་གདུལ་བྱ་རྣམས་མི་གཞན་པར་མཁྱེན་པའི་ཕྱིར་ལམ་པ་ལྟར་གདུལ་བྱའི་དོན་བྱ་བ་དང་བྱེད་པའི་རྩོལ་བ་མེད་པར་ཕྲིན་ལས་རྣམ་པ་བཞི་ཡིས། འགྲོ་བ་རྣམས་འཁོར་བ་ལས་སྒྲོལ་བར་བྱེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ནི། འགྲོ་བ་སྒྲོལ་བའི་ཐུགས་རྗེ་ཡིན་ནོ། །ལྔ་པ་སོ་སོར་རྟོག་པའི་ཡེ་ཤེས་མི་ཕྱེད་རྡོ་རྗེའི་ཐུགས། ཡུལ་ཆོས་ཉིད་སྤྲོས་བྲལ་དང་། ཆོས་ཅན་སེམས་ཀྱི་འཛིན་པ་ཐམས་ཅད་ཀུན། ཐ་དད་ཀྱི་འཛིན་པ་དང་བྲལ་བས། ཆོས་ཅན་རང་གི་མཚན་ཉིད་དང་། ཆོས་ཉིད་སྤྱིའི་མཚན་ཉིད་དང་། དབྱེར་མེད་དུས་གཅིག་ཏུ་རིགས་པ་ལ་གསལ་བའི་དཔེ་ནི། དཔེར་ན་ནམ་མཁའ་ལ་འཇའ་ཚོན་སྣང་བ་ལྟར་རང་སྤྱི་གང་ཡང་གསལ་སྟོང་དབྱེར་མེད་དུ་མ་འདྲེས་པར་གསལ་བ་དེ་ནི། གསལ་སྟོད་དབྱེར་མི་ཕྱེད་པ་རྡོ་རྗེའི་ཐུགས་མཆོག་གོ། །རྒྱས་པར་སྤྱི་མདོའི་ལེའུ་སུམ་ཅུ་སོ་བཞི་པར་བལྟ་བར་བྱའོ། །བཞི་པ་ཡོན་ཏན་ལ་ལྔ་སྟེ། དང་པོ་ཞིང་ཁམས་ཡོན་ཏན་ཅན། གནས་ཕྱོགས་བཅུ་དུས་བཞིས་བསྡུས་པའི་ཆོས་འདས་པ་མ་ལུས། ད་ལྟ་མི་ལུས། མ་འོངས་པ་ལུས་པ་མེད་པ་རྣམས། རང་རྒྱུད་དུ་གྲུབ་པ་མེད་པར་རིག་པ་རང་སྣང་བ་ཉིད་ཀྱི་ཕྱིར། སེམས་ཉིད་ཀྱི་ངོ་བོ་ཡིད་བཞིན་ནོར་བུ་ལྟར་ཇི་བསམ་ལྟར་སྣང་བའི་ཡོན་ཏན་མང་བ་ནི་སྤྲིན་ཕུང་ཙམ་གྱི་ཚོགས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་སྣང་བའོ། །གཉིས་པ་གཞལ་ཡས་ཁང་། འབྲས་བུ་ཆེ་བའི་ཡོན་ཏན་ཐམས་ཅད་འབད་པ་མེད་པར་ལྷུན་གྱིས་གྲུབ་ཅིང་རྫོགས་པའི་རིག་པ་རང་སྣང་བའི་རྟེན་གཞལ་ཡས་ཁང་གི་གནས་ཀྱི་ངོ་བོ་ཡིན་པ་དང་། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་གཉིས་དང་བྲལ་བའི་རང་རིག་པ་ཉིད་ལ་བརྟེན་པ་ལྷ་དང་། རྟེན་ཅན་གཞལ་ཡས་ཁང་དང་གཉིས་སུ་མེད་པར་དེ་ནི་སངས་རྒྱས་ཀུན་གྱི་བཞུགས་གནས་ཡིན་ཏེ་གནས་ཀྱི་རང་བཞིན་ནོ། །གསུམ་པ་རྒྱན་ཆ། འདོད་ཡོན་ལྔ་ལ་སོགས་པ་གང་ཡང་མ་སྤངས་པར་ལྷུན་གྱིས་རྫོགས་པའི་ཕྱིར། སྣ་ཚོགས་ཀྱི་སྣང་བ་མ་འགགས་པ་དེ་ནི། རང་བཞིན་གྱི་དཀྱིལ་འཁོར་ཆེན་པོའི་རྒྱན་ཡིན་ནོ། །བཞི་པ་འོད་ཟེར། སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ལྔ་པོ་ཉིད་ཀྱི་རང་བཞིན་ལ་སྒྲིབ་པ་གསུམ་གྱིས་མ་བསྒྲིབས་བར་འོད་གསལ་བའི་ཕྱིར། དཀར་པོ། སེར་པོ། དམར་པོ། སྔོན་པོ། བཙོད་ཁ། ཤེལ་ལམ་དངུལ་གྱི་མདོག་ལྟ་བུ་དྲུག་ཕྱོགས་བཅུ་འཕྲོ་བ་དྲུག་ཅུ་སྟེ། སྣ་ཚོགས་བའི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་སྣང་བས་ཁྱབ་ཅིང་རང་བཞིན་གསལ་བར་བྱེད་པའོ། །ལྔ་པ་གདན་ཁྲི་ཡོན་ཏན་ཅན། སྟོབས་བཅུ། མི་འཇིགས་པ་བཞི། རྫུ་འཕྲུལ་རྐང་པ་བཞི། དབང་བཅུ། ཕྲིན་ལས་བཞི་ལ་སོགས་པ་འབྲས་བུའི་ཆོས་ཀུན་ལྷུན་གྱིས་གྲུབ་ཅིང་རྫོགས་པའི་ཕྱིར། གདན་སེམས་ཅན་ལྔའི་བྱེ་བྲག་རང་སྣང་བའོ། །ལྔ་པ་ཕྲིན་ལས་ལ་གསུམ། དང་པོ་གདུལ་བྱ་ངོས་བཟུང་བ། གདུལ་བྱའི་འགྲོ་བ་མ་ལུས་པ་འདུལ་ཕྱིར་ཕྲིན་ལས་ཀྱི་བྱ་བ་ཐ་དད་པ་མང་པོར་སྣང་བ་བསྡུ་ན་བཞི་སྟེ། གདུལ་བྱ་མ་ཞི་བ་དང་། ཁྲོ་བ་དང་། མི་མོས་པ་དང་། ཚེ་བསོད་ནམས་ཉམས་པ་དང་། གཉིས་པ་འདུལ་ཐབས་ལས་བཞི་གང་འཚམས་སུ་དོན་མཛད་ཅིང་ལས་བཞི་རེ་རེའང་བྱེ་བྲག་ལྔ་ལྔར་ལྷུན་གྱིས་གྲུབ་པ་ནི། བཞི་ཡོད་པའི་ཕྱིར་འདུལ་ཐབས་ཞི་རྒྱས་དབང་དྲག་རྣམ་པ་བཞིའི་རོལ་བ་སྟེ་སྤྱོད་པ་རྣམས་གདུག་སེམས་ཞི་བ། མ་རུང་བ་བསྒྲལ་བ། མོས་ཤིང་དབང་དུ་བྱ་བ། ཚེ་དང་བསོད་ནམས་རྒྱས་པར་བྱའོ། །དེ་ལྟར་གང་ལ་གང་འཚམས་པ་ལྟར་སྣང་ནས་གདུལ་བྱ་རྣམས་འདུལ་བར་མཛད་དེ། ཕྲིན་ལས་རྣམ་པ་བཞི་ཡི་བྱེ་བྲག་ཐ་དད་པ་སྟེ། ཕྲིན་ལས་བཞི་པོ་རེ་རེ་ལའང་ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་ལྔ་སྟེ། དེ་ཡང་ཞི་བའི་ཞི་བ། ཞི་བའི་རྒྱས་པ། ཞི་བའི་དབང་། ཞི་བའི་དྲག་པོ། ཞི་བའི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལྔའོ། །དེའི་རིགས་གཞན་བཞི་ལ་འགྲེས་པས་ལྔ་ལྔའི་ཚུལ་གྱིས་གདུལ་བྱའི་ངོ་ལ་སྣང་ངོ་། །གསུམ་པ་འདུལ་བྱེད་རིགས་ལྔར་སྣང་བ་ཕྱོགས་ཆད་དུ་མེད་པར་བསྟན་པ། ཕྲིན་ལས་བཞི་པ་དེ་ལ་ཞི་བའི་ཕྲིན་ལས་དེ་པའི་རིགས་དང་། རྒྱས་པ་རིན་ཆེན་དང་། དབང་པདྨ་དང་། དྲག་པོ་རྡོ་རྗེའི་རིགས་ཏེ་རིགས་བཞི་ཡི་ཆ་འཛིན་པར་བྱེད་པ་དང་། ལྔ་པ་ལས་ཀྱི་རིགས་ལ་ཕྲིན་ལས་ལྔ་ཀ་ལྷུན་གྱིས་གྲུབ་པའོ། །དེ་ལྟར་རིགས་རྣམ་པ་བཞི་ཡིས་གདུལ་བྱ་འདུལ་བར་མཛད་པ་དེ་ཡང་། ཞི་རྒྱས་དབང་དྲག་གི་ཕྱོགས་ཀྱིས་གདུལ་བྱ་འདུལ་བར་བྱེད་པའི་ཆ་ནས་བརྗོད་པ་ཡིན་གྱིས་རིགས་ཕྱོགས་གཅིག་ཏུ་ཆད་པ་མ་ཡིན་ཏེ ། རིགས་ལྔ་རེ་རེས་ཀྱང་ཀུན་འདུལ་བའོ། །གཉིས་པ་འབྲས་བུ་ཐོབ་ནས་དགོངས་པའི་གཞུགས་ཚུལ་ལ་གཉིས་ཏེ། དང་པོ་མཐར་ལམ་པ་ལས་ཁྱད་པར་སྤགས་པའི་འབྲས་བུ་དྲུག་པ་ནི་ཐེག་འོག་གི་འབྲས་བུ་ལས་སྤགས་ཚུལ་སྤྱིར་བསྟན་པ། མཐར་ལམ་མན་ཆད་དེ་ལྟར་ལམ་གྱིས་རྒྱུད་སྦྱངས་པའི་མཐའ་མ་ལ། རྒྱལ་ཚབ་སྐྱེས་བུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐོབ་སྟེ་སངས་རྒྱས་ཙན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གདུལ་བྱའི་སྣང་ངོར་རིགས་ལྔ་པའི་ཆ་ཙམ་རེ་འཛིན་པར་བྱེད་ཀྱང་། རིགས་ལྔ་རྐྱང་བཀར་དེ་དག་ལས་གཅིག་ཤོས་ཏེ་སྐུ་ལྔ་ལྷུན་གྲུབ་ཀྱི་རྒྱལ་བ་དྲུག་པ་ནི། སངས་རྒྱས་ཀུན་གྱི་ངོ་བོ་ཡི་སྤྱི་གཟུགས་ཉིད་དུ་བཞུགས་པའོ། །འོ་ན་དུས་གསུམ་གྱི་སངས་རྒྱས་སུ་བཤད་པ་ཅི་ཞེ་ན། དེ་ཉིད་སྔ་མ་འདས་པའི་སངས་རྒྱས་དང་། ཕྱི་མ་མ་འོངས་པའི་སངས་རྒྱས་དང་། ད་ལྟ་བཞུགས་པའི་སངས་རྒྱས་སུ་གསུངས་པ་དེ་དག་གདུལ་བྱ་དྲང་བ་ཡི་དོན་ཆེད་ཙམ་དུ་སྨོས་པའོ། །ངེས་དོན་དུ་སངས་རྒྱས་སངས་རྒྱས་ཞེས་བརྗོད་པའི་རྒྱལ་བ་དྲུག་པའི་དགོངས་པའི་བཞུགས་ཚུལ་ནི་གཅིག་དང་ཐ་དད་ལས་གྲོལ་བས། ཚིག་ཏུ་སྨྲ་ཞིང་བློས་བསམ་པ་དང་ངག་གིས་བརྗོད་པའི་མཐའ་ལས་འདས་པར་བཞུགས་པའོ། །གཉིས་པ་རྒྱས་པར་བཤད་པ་དེ་ལ་གསུམ། གཞན་ལུགས་འདོད་པ་དགག་པ། རང་ལུགས་རྣམ་པར་བཞག་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། དང་པོ་མདོར་བསྟན། དེ་དོན་ཕྱོགས་གཅིག་ཙམ་བརྗོད་པར་བྱ་བ་གང་ཞེ་ན། གདུལ་བྱ་དྲང་པའི་དོན་དུ་སྔ་མ་དབུ་མ་དང་། ཕྱི་མ་ཕྱི་རྒྱུད་ཀྱི་སངས་རྒྱས་ཞེས་པའི་དོན་འདི་ལྟ་སྟེ། གཉིས་པ་རྒྱས་བཤད་ལ་གཉིས། དང་པོ་རྒྱུད་གཅིག་པར་འདོད་པ་དགག་པ། དབུ་མ་པས་དོན་དམ་གྱི་བདེན་པ་སྤྲོས་བྲལ་སྟོང་པ་གཅིག་པུ་མཐར་ཕྱིན་ནས་ཆོས་སྐུ་ཐོབ་པ་འབྲས་བུར་འདོད་ཀྱང་། དེ་ཉིད་མཐར་ཐུག་གི་འབྲས་བུ་མ་ཡིན་པའི་ཕྱིར་ན། དཔེར་ན་སྔ་མའི་ཆུ་ལ་ཕྱི་མའི་ཆུ་བླུགས་ཛ་གཅིག་ཏུ་ཐིམ་བ་ལྟར། དོན་དམ་དུས་གསུམ་སངས་རྒྱས་ཐམས་ཅད་སྟོང་པ་རྒྱུ་གཅིག་པ་ཁོ་ནར་གྲུབ་པ་མེད་པའོ། །གཉིས་པ་རྒྱུད་ཐ་དད་པར་འདོད་པ་དགག་པ། དབུ་མ་ལས་དགར་བའི་ཅིག་ཤོས་ཏེ། སེམས་ཙམ་དང་སྔགས་ཕྱི་རྒྱུད་ཀྱི་ཀུན་རྫོབ་བདེན་པ་མཐར་ཕྱིན་པའི་གཟུགས་སྐུ་གཅིག་པུར་འབྲས་བུར་འདོད་ན། དེ་ཉིད་ནི་མཐར་ཐུག་གི་འབྲས་བུ་མ་ཡིན་པར་བརྗོད་པས་ན། ཤིང་གི་མེ་དཔུང་བཞིན་དགོངས་པའི་རྒྱུད་ལ་སྦྱངས་པའི་ཡེ་ཤེས་སོ་སོ་ཐ་དད་ཀྱི་ཆ་དང་རིགས་སུ་གྲུབ་པ་མེད་དོ། །རིགས་ཐ་དད་ལས་གྲོལ་བ་ཡིན་ནོ། །གཉིས་པ་རང་ལུགས་ལ་གཉིས། དང་པོ་བདེན་པ་གཉིས་དབྱེར་མེད་ལ་དབང་བསྒྱུར་བ། འདིར་མ་ཧཱའི་གཞི་དོན་བདེན་པ་གཉིས་མེད་རྟོགས་པའི་དོན་ལ་རང་དབང་དུ་བསྒྱུར་བ་ན། བདག་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་གཉིས་ཀྱི་བྱ་བ་གཉིས་སུ་མེད་དེ། དེ་བས་བདེན་གཉིས་སོ་སོར་གྲུབ་པ་མེད་པའི་ཕྱིར། གཉིས་པ་དེ་མཐར་ཕྱིན་པའི་འབྲས་བུ་ཐོབ་ཚུལ། གཞི་གཉིས་མེད་ཀྱི་དོན་ཇི་བཞིན་པ་དེར་སོན་པ་སྟེ། མཐར་ཕྱིན་པའི་ཚུལ་ནི། སྣང་བ་ཀུན་རྫོབ། སྟོང་པ་དོན་དམ་གྱི་མཐའ་རྣམས་ཀྱི་ཕྱོགས་སུ་མ་སོང་བས་མཐའ་ཀུན་དང་བྲལ་ལ་གང་ཡང་མ་འགགས་པར་སྣང་བ་མཐའ་ཀུན་དང་ལྡན་པར། ཡེ་ཤེས་རང་གནས་ཉིད་ཞེན་པའི་མཐའ་ཀུན་དང་བྲལ་བར་རང་རིག་པའི་མངོན་སུམ་དུ་བྱས་པ་ལ་འབྲས་བུ་སངས་རྒྱས་ཀྱི་དགོངས་པ་ཞེན་པའི་མིང་དུ་བརྗོད་ཀྱིས་སངས་རྒྱས་ཀྱི་དགོངས་པའི་ངོ་བོ་ནི། གཅིག་དང་ཐ་དད་འདི་འདྲར་གནས་པ་ཡིན་ནོ། །ཞེས་སྨྲ་ཞིང་བརྗོད་པར་དཀའ་འོ། །གསུམ་པ་རྩོད་སྤང་ལ་གཉིས། དང་པོ་བདེན་གཉིས་ཐ་དད་ཀྱི་འབྲས་བུ་དྲང་དོན་དུ་བསྟན་པ་སེམས་ཙམ་དང་སྔགས་ཕྱི་རྒྱུད་ཀྱི་དུས་གསུམ་གྱི་སངས་རྒྱས་ཀྱི་ངོ་བོ་གཅིག་པ་ལ་སྦྱངས་པའི་ཡེ་ཤེས་ཀྱི་རྩལ་ཐ་དད་པས་རྒྱུད་གཅིག་ཏུ་འདྲེས་པ་མིན་ཏེ། དཔེར་ན་ཤིང་གི་མེ་དཔུང་གཅིག་ལ་ཤིང་སོ་སོའི་མེ་ཐ་དད་པ་ལྟར་དུ་བརྗོད་པ་ནི། ཐ་དད་ལ་མོས་པའི་གདུལ་བྱ་ཀུན་དྲང་བ་ཙམ་དུ་ཡིན་སྟེ་དེ་ཉིད་དོན་གྱི་སངས་རྒྱས་མིན་ནོ། །དབུ་མ་པས་དུས་གསུམ་སངས་རྒྱས་རྣམས་ཆུ་ལ་ཆུ་ཐིམ་པ་ལྟར་དུ་དགོངས་རྒྱུད་གཅིག་པར་འདོད་པའང་གོང་གི་དོན་དེ་དང་འདྲའོ། །གཉིས་པ་བདེན་གཉིས་ལྷུན་གྲུབ་ཀྱི་འབྲས་བུ་ངེས་དོན་དུ་བསྟན་པ། དེ་ལྟར་གཅིག་དང་ཐ་དད་འདོད་པ་ནི་དྲང་བའི་དོན་ཡིན་ལ། འོ་ན་ངེས་པའི་དོན་ཇི་ལྟར་ཡིན་ཞེ་ན། འདིར་བདེན་པ་གཉིས་སུ་མེད་པར་གནས་པའི་ཚུལ་གྱིས་གོང་གི་རྒྱུད་འདྲེས་མ་འདྲེས་ཕྱོགས་རེ་རེ་འདོད་པ་རྣམས་ལ་སྐྱོན་བརྗོད་པ་ཡིན་པས། སྐྱོན་དེ་དག་གམ་གཟུང་འཛིན་གཉིས་སུ་འཛིན་པ་ངང་གིས་དག་པའི་གཉིས་མེད་རང་བྱུང་ཡེ་ཤེས་དེ་ཉིད་དེ་བཞེན་གཤེགས་པ་སངས་རྒྱས་ཀུན་གྱི་བཞུགས་གནས་ཡིན་པར། ཏནྟྲ་སྟེ་རྒྱས་པའི་རྒྱུད་ཉིད་ལས་གྲགས་པ་དང་། གཉིས་འཛིན་གྱི་རྟོག་པའི་ཟུག་རྔུ་མེད་པས་བདེ་བར། དེའི་དོན་མངོན་སུམ་དུ་བྱས་པས་གཤེགས་པ་སྟེ། དེའང་མཐའ་གཉིས་གང་ལའང་མི་གནས་པར། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་སོ། །མཆན། མཉམ་པ་ཆེན་པོ་པ་ཡི་ངང་ཉིད་དུ་སྤྱོད་ཡུལ་དང་བྲལ་བས་བྱོན་ཞེས་རྒྱུད་ལེའུ་ལག་ལས་གསུངས་ཤིང་ཚིག་ཏུ་བརྗོད་པ་ཡང་། ཤེས་བྱའི་ཆོས་ཀུན་དོན་དམ་དང་ཀུན་རྫོབ་དབྱེར་མེད་མཉམ་པ་ཉིད་ཀྱི་བདེན་པ་གསུམ་པ་ཡིན་པའི་ཕྱིར་ཡང་དག་ངེས་པར་ན་རྒྱལ་བ་རྣམས་དགོངས་པ་མཉམ་པ་ཉིད་ཡིན་ཏེ་རྒྱུད་འདྲེས་ཏེ་གཅིག་པ་དང་། མ་འདྲེས་ཏེ་ཐ་དད་པའི་ཐ་སྙད་དང་བྲལ་བའི་ཚུལ་དུ་གནས་པའོ། །གསུམ་པ་འབྲས་བུའི་ཁྱད་པར་ལ་གསུམ། དང་པོ་མིང་གྲངས་ཀྱི་ཁྱད་པར་དུ་དབྱེ་ན་བསམ་ཡས་པ། གསང་བའི་ཐེག་པ་ཐུན་མོང་མིན་པའི་སྐུ་ལྔ་ལྷུན་གྱིས་གྲུབ་པའི་རྒྱལ་བ་དྲུག་པ་དེའི་མིང་གི་རྣམ་གྲངས་ནི། གོང་ལྟར་བདེ་བར་གཤེགས་པ་དང་། དེ་བཞིན་གཤེགས་པ་དང་། བཅོམ་ལྡན་འདས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དགྱེས་པ་ཆེན་པོ་ཞེས་བརྗོད་པ་ལ་སོགས་མིང་གི་རྣམ་གྲངས་མཐའ་ཡས་པ་ཞིག་ཡོད་ཀྱང་། གཉིས་པ་འདིར་བསྡུས་ཏེ་བསྟན་པ་ལ་གཉིས། དང་པོ། འདིར་ལུས་མདོར་བསྟན་ན། ངོ་བོ་ཚུལ་གྲངས་ཁྱད་པར་གསུམ་ཡོད་པའི་གྲངས་ཀྱིས་ཕྱེ་བས་ངོ་བོའི་ཁྱད་པར། ཚུལ་གྱི་ཁྱད་པར། མིང་གི་རྣམ་གྲངས་ཀྱི་ཁྱད་པར་ཙམ་ཞིག་བརྗོད་ན། འདིར་མདོ་རུ་བསྡུས་ཏེ་བརྗོད་པའི་ཐེག་པ་སོ་སོའི་འབྲས་བུའི་ཁྱད་པར་གྱི་དོན་ཁོང་དུ་ཆུབ་པར་གྱིས་ཞེས་གདམས་པའོ། །གཉིས་པ་རྒྱས་པ་དེ་ལ་གསུམ། དང་པོ་འབྲས་བུའི་ངོ་བོའི་ཁྱད་པར། མ་ཧཱའི་འབྲས་བུའི་ངོ་བོ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་དེ་རེ་རེ་ལའང་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔར་ལྷུན་གྱིས་གྲུབ་པའི་སངས་རྒྱས་དང་། འོག་མ་དབུ་མ་ཀྲྀ་ཡོག་གིས་རྒྱལ་བ་སྐུ་གསུམ་རྫོགས་པར་འདོད་པས་སོ་སོ་ཡི་གྲུབ་པའི་མཐའ་རང་ས་ཡི་སངས་རྒྱས་དང་མ་ཧཱའི་སངས་རྒྱས་གཉིས་ལ། གྲངས་རྫོགས་མ་རྫོགས་ཀྱི་ཁྱད་པར་དབུ་མ་པས་ཀུན་ཏུ་འོད་ཆོས་སྐུ་གཅིག་བུ་དང་། ཀྲྀ་ཡས་རིགས་གསུམ་དང་། ཡོ་གས་རིགས་ལྔ་དང་། མ་ཧཱས་ནི་ཉེར་ལྔ་ལྷུན་གྱིས་གྲུབ་པའོ། །ངོ་བོ་འདུས་མ་བྱས་མ་བྱས་ཀྱི་ཁྱད་པར་ནི་གཟུགས་སྐུ་སྟེ། དབུ་མ་པས་གཟུགས་སྐུ་གདུལ་བྱའི་ངོར་སྣང་ཙམ་དུ་འདོད་པ་དང་། ཀྲྀ་ཡས་རིགས་གསུམ་དང་། ཡོ་གས་རྣམ་སྣང་བརྒྱ་བྱིན་ལྷའི་བླ་མ་ཡང་སྐྱེ་འཇིག་ཡོད་པས་འདུས་བྱས་ཡིན། མ་ཧཱའི་དྲུག་པ་སྤྱི་གཟུགས་ཅན་ནི་འདུས་མ་བྱས་ཀྱི་གཟུགས་སྐུའོ། །བྱིན་རླབས་ལས་མངོན་དུ་སྣང་བ་དང་མི་སྣང་བའི་ཁྱད་པར་ནི། གསུམ་པོས་ནི་རང་ས་རང་སའི་འབྲས་བུའི་ས་ལས་མི་དྲོང་ལ། མ་ཧཱས་ནི་ཡི་གེ་འཁོར་ལོའི་སར་དྲོང་བར་སྣང་ངོ་། །དོན་བྱེད་རྒྱ་ཆེ་ཆུང་གི་ཁྱད་པར། དབུ་མས་ཉན་རང་མན་ཆད། ཀྲྀ་ཡས་དབུ་མ་མན་ཆད། ཡོ་གས་ཨུ་པ་མན་ཆད། མ་ཧཱས་ཡོ་ག་མན་ཆད་ལ་ལུགས་འབྱུང་ལྡོག་གི་སྒོ་ནས་དོན་བྱེད་པའོ། །དེ་ལྟར་ཁྱད་པར་བཞི་ལས་སྤགས་པའི་དོན་གྱིས་ན། འབྲས་བུ་རང་གི་ངོ་བོ་ཉིད་ཀྱིས་ཁྱད་པར་ཡོད་པ་གསལ་ལོ། །གཉིས་པ་འབྲས་བུ་ཐོབ་ནས་དགོངས་རྒྱུད་ཀྱི་བཞུགས་ཚུལ་གྱི་ཁྱད་པར། སངས་རྒྱས་དེ་དག་གི་དགོངས་པའི་བཞུགས་ཚུལ་ནི། དབུ་མ། ཀྲྀ་ཡ། ཡོ་ག་མ་ཧཱ་དང་རང་ས་བཞིའི་རྒྱལ་བ་ཀུན་ཏུ་འོད། རིགས་གསུམ་རྡོ་རྗེ་འཛིན་པ། སྟུག་པོ་བཀོད་པ། སྐུ་ལྔ་ལྷུན་གྲུབ་དང་བཞི་པོ་དེ་དག་གི་ཁྱད་པར་ནི། དབུ་མས་རྒྱུད་གཅིག་ཏུ་འདྲེས་པར་འདོད་པ་དང་། ཕྱི་རྒྱུད་ཀྱིས་དེ་ལས་གྲོལ་ཏེ་ཐ་དད་པར་སྨྲ་བ་རྣམས། མ་ཧཱའི་ས་འདིར་དྲང་བའི་ཐབས་ཙམ་དུ་བསྟན་པ་ཡིན་ལ་མ་ཧཱ་ནི་གོང་དུ་བཤད་པ་བཞིན་ཡིན་པའི་ཕྱིར། དེ་བས་ན་དགོངས་པ་རྒྱུད་ཀྱི་བཞུགས་ཚུལ་གྱི་ཁྱད་པར་ནི་བློས་བསམ་པའི་ཚད་ལས་འདས་པའོ། །གསུམ་པ་འབྲས་བུའི་མིང་གི་རྣམ་གྲངས་ཀྱི་ཁྱད་པར་ལ་བཞི་སྟེ། བདེ་གཤེགས་དེ་བཞིན་གཤེགས་པའི་ཁྱད་པར། རྒྱལ་བ་བཅོམ་ལྡན་འདས་ཀྱི་ཁྱད་པར་གཏན་ཚིགས་དང་བཅས་པ་དང་། དགྱེས་པ་ལོངས་སྤྱོད་ཀྱི་ཁྱད་པར་དང་། ཐེག་པ་གོང་འོག་གི་འབྲས་བུའི་ཁྱད་པར་རོ། །དང་པོ་ལ་གཉིས། ཐུན་མོང་གི་ཐེག་པའི་བདེ་གཤེགས་དེ་བཞིན་ཉིད་དུ་གཤེགས་པ་དང་། དེ་ལས་མ་ཧཱའི་བདེ་གཤེགས་དེ་བཞིན་ཉིད་དུ་གཤེགས་པས་སྤགས་པའོ། །དང་པོ་ལ་གསུམ། གྲོལ་ལམ་གྱི་བདེ་གཤེགས་དེ་བཞིན་ཉིད་དུ་གཤེགས་ཚུལ་དང་། ཐབས་ལམ་གྱི་ཁྱད་པར་དང་། ཤཱཀྱ་ཐུབ་པ་གཤེགས་ཚུལ་ལོ། །དང་པོ་ལ་གཉིས། དང་པོ་བྱང་ཆུབ་སེམས་པའི་གཤེགས་ཚུལ། འབྲས་བུའི་མིང་གི་རྣམ་གྲངས་ཀྱི་ཁྱད་པར་ནི་ཉན་རང་ལ་ལྟོས་ན་ཐེག་ཆེན། གསང་སྔགས་ལ་ལྟོས་ན་ལྟ་སྤྱོད་དམན་པ་བྱང་ཆུབ་སེམས་དཔའི་ཐེག་པ་བས་རྒྱུ་ཐུན་མོང་གི་ཚོགས་གཉིས་བསགས་པའི་སྟོབས་ཀྱིས་འབྲས་བུ་ཀུན་ཏུ་འོད་ཀྱིས་ས་ལ་བདེ་བར་གཤེགས་ཤིང་། དོན་དམ་པ་སྐྱེ་བ་མེད་པར་འབྲས་བུ་ཆོས་ཉིད་སྟོང་པ་དེ་བཞིན་ཉིད་ཀྱི་ངང་དུ་གཤེགས་པ་དེ་ཡང་། དུས་བསྐལ་པ་གྲངས་མེད་གསུམ་གྱི་དབང་དུ་ལམ་བགྲོད་པའི་ཕྱིར་དུ་དུས་དེར་སྔ་མ་བཞིན་དུ་ཐུན་མོང་གི་ཚོགས་གཉིས་བསགས་པ་ལ་བརྟེན་ནས་གནས་ལུགས་ཆོས་ཉིད་ཀྱི་དེ་བཞིན་ཉིད་ཀྱི་ངང་དུ་གཤེགས་པ་ཉིད་དང་། གཉིས་པ་བྱ་བའི་ལུགས་ཀྱི་གཤེགས་ཚུལ། གསང་སྔགས་ཕྱི་རྒྱུད་ཀྱི་ཐེག་པ་ལའང་། ཁྲུས་དང་གཙང་སྦྲའི་བྱ་བ་བྱེད་པ་ཀྲྀ་ཡའི་ལུགས་ཀྱིས་ཤེས་རབ་ལྟ་བ་རྟོགས་པ་དང་། འབྲས་བུ་འགྲུབ་པའི་ཡན་ལག་ཆོ་གའི་དཀྱིལ་འཁོར་བཅུ་གཅིག་གི་ལྷ་བསྒོམ་པའི་རྣལ་འབྱོར་ཏིང་འཛིན་གསལ་ཞིང་། སྔགས་བཟླས་པའི་གྲངས་རྫོགས་པར་བྱས་པས། དེ་ཡང་འབྲས་བུ་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པ་དེ་ལ་ལམ་དུ་བྱས་པས་དགོངས་པ་བདེ་བར་གཤེགས་པའམ། རིགས་གསུམ་རྡོ་རྗེ་འཛིན་པའི་སར་རང་སེམས་དག་པ་མཐའ་བཞིའི་དྲི་མ་དང་བྲལ་བའི་དེ་བཞིན་ཉིད་མངོན་དུ་གྱུར་པས་གཤེགས་པའོ། །གཉིས་པ་ཐབས་ལམ་གྱི་གཤེགས་ཚུལ་ལ་གཉིས། དང་པོ་མཚན་ཉིད་ལུགས་ཀྱི་གཤེགས་ཚུལ། གྲོལ་ལམ་དུ་གཤེགས་པ་ལས་དགར་བས་ཡང་ན་ཐབས་ལམ་དབང་གིས་གཤེགས་པ་ནི། དབང་གནས་གང་དུ་བསྐུར་ན། སྤྱིའི་གནས་རྒྱ་གར་གྱི་ཡུལ་བྱ་རྒོད་ཕུང་པོའི་རི་འདབས་ལོགས་ཀྱི་བྱེ་བྲག་ཏུ་བསོད་ནམས་དང་ལས་སྐལ་ལྡན་པའི་གནས་དགོན་ཕུག་བྱེ་མ་འདབས་སྣ་ཞེས་བྱ་བ་དེ་རུ་བསྐུར། གང་གིས་བསྐུར་ན། དགྲ་བཅོམ་སྟོང་དང་ལྔ་བརྒྱ་འདུས་ནས་བསྐུར། དབང་གང་བསྐུར་ན། དགེ་སློང་འདི་ནི་བཅོམ་ལྡན་འདས་ཀྱི་ཞལ་མཐོང་གི་འཁོར་ཏེ་ཞེས་བདེན་པའི་ཚིག་གིས་བསྐུར། གང་ལ་བསྐུར་ན་བྲམ་ཟེ་ལ་བཟའ་རྒན་མོའི་བུ་དགེ་སློང་ས་རི་ཞེས་བྱ་བ་ལ་བསྐུར། དགོས་ཆེད་ཅིའི་ཕྱིར་བསྐུར་ན། རྒྱལ་ཚབ་ཏུ་དབྱུང་བའི་ཕྱིར་བསྐུར། ཚིག་དང་ཡི་གེ་ལ་བརྟེན་ནས་དབང་བསྐུར་ཇི་བཞིན་ནམ། ཞེས་དགེ་སློང་ས་རི་ལ་དབང་བསྐུར་དགྲ་བཅོམ་ཐོབ་པ་ཅི་བཞིན་དུ། ད་ལྟ་ལམ་པ་ལ་ཡང་དབང་བསྐུར་པས་སངས་རྒྱས་སོ། །གཉིས་པ་ཀྲྀ་ཡའི་ལུགས་ཀྱི་གཤེགས་ཚུལ། གནས་གང་དུ་བསྐུར་ན། སྤྱིའི་གནས་ཝཱ་ར་ཎ་སིའི་བྱེ་བྲག་སྨེ་ཁྲོད་བརྩེགས་པ་མི་གཙང་བའི་དྲི་མ་མེད་ཅིང་བསིལ་ཁང་གི་ནང་དུ་བསྐུར། གང་ལ་བསྐུར་ན། དམ་པའི་རིགས་ཅན་ཞེས་ཀྲྀ་ཡའི་རྣལ་འབྱོར་སི་རཱུ་པྲ་ཏ་བ། བྲམ་ཟེ་ཁྱིམ་བདག །ཀུ་ཀུ་རཱ་ཙ་གསུམ་ལ་དབང་བསྐུར་ནས། གང་གིས་བསྐུར་ན། གཙང་མ་ཕྱག་ན་རྡོ་རྗེས་བསྐུར། རྫས་གང་ལ་བརྟེན་ནས་བསྐུར་ན། རྡོ་རྗེ་རྒྱ་གྲམ་ལ་སོགས་པ་ལྷའི་མངོན་རྟགས་བརྒྱད་དམ་དགུས་བསྐུར། དགོས་ཆེད་ཅིའི་ཕྱིར་བསྐུར་ན། རིགས་གསུམ་རྡོ་རྗེ་འཛིན་པའི་ས་ལ་དགོད་པའི་ཆེད་དུ་དབང་བསྐུར་ནས་འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པའི་ཚུལ་ཇི་བཞིན་དུ་རྗེས་འཇུག་རྣམས་ཀྱང་དེ་བཞིན་དུ་མཐུན་ནོ། །གསུམ་པ་ཤཱཀ་ཐུབ་གཤེགས་ཚུལ་ལ་གཉིས་ཏེ། དང་པོ་ཐེག་པ་གསུམ་གྱིས་འདོད་པའི་ཐུབ་པ་གཤེགས་ཚུལ། སྔོན་བྱུང་དུ་སངས་རྒྱས་ཐུབ་པའི་དབང་པོ་ཡང་། གོང་གི་ཐུན་མོང་གི་ལམ་གྱི་གཤེགས་ཚུལ་དེ་ཇི་ལྟ་བ་བཞིན་དུ་ཀུན་ཏུ་འོད། རྡོ་རྗེ་འཛིན་པ། རྡོ་རྗེ་འཆང་གི་ས་ལ་གཤེགས་པའམ། རྒྱུའི་ཐེག་པའི་བཀའ་དང་། བྱ་བ་ཀྲྀ་ཡའི་རྒྱུད་དང་། གཉིས་ཀ་སྤྱོད་པ་ཨུ་པ་ཡའི་རྒྱུད་ལ་སོགས་པར་རང་རང་སོ་སོའི་གཞུང་ལས་ཇི་ལྟར་གྲགས་པ་བཞིན་དུ་གཤེགས་པ་ཡིན་ནོ། །གཉིས་པ་ཡོ་གའི་གཞུང་ལྟར་གཤེགས་ཚུལ། རྣམ་འབྱོར་ཡོ་གའི་གཞུང་གི་དབང་གང་ལ་བསྐུར་ན། རྒྱལ་བུ་དོན་གྲུབ་དེ་ཉིད་ལ། གནས་གང་དུ་བསྐུར་ན། ཆུ་བོ་ནཻ་རཱ་ཉྫ་ནའི་འགྲམ་ལོགས་སུ་བསྐུར། དུས་ནམ་གྱི་ཚེ་བསྐུར་ན། ལོ་དྲུག་ཏུ། ཆུ་ཐིགས་པ་རེ་རེ། འབྲས་ཉག་མ་རེ་རེ་གསོལ་བའི་དཀའ་ཐུབ་ཀྱིས་དཀའ་བ་སྤྱོད་པའི་ཚེ་བསྐུར། གང་གིས་བསྐུར་ན། ཕྱོགས་བཅུའི་རྒྱལ་བ་སྤྲུལ་པ་སྐུའི་རྣམ་པ་དང་། ལོངས་སྤྱོད་རྫོགས་པའི་རིགས་ལྔའི་སྐུས་བསྐུར། རྫས་གང་ལ་བརྟེན་ནས་བསྐུར་ན། རིན་ཆེན་སྣ་བདུན་ལ་བརྟེན་ནས་བསྐུར། ཚུལ་ཇི་ལྟར་བསྐུར་ན། སྟོང་པ་ཉིད་དང་། གདན་པད་ཟླ་དང་། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་རྫོགས་དང་མངོན་པར་བྱང་ཆུབ་པ་དང་རྣམ་པ་ལྔའི་སྟོབས་ཀྱིས་དབང་བསྐུར་བས། དགོས་ཆད་ནི་འདི་ལྟར་དུ་སྣང་བ་འོག་མིན་སྟུག་པོ་བཀོད་པའི་གནས་ཉིད་དུ་རང་གཞན་གྱི་དོན་གྲུབ་དེ། དེའི་སྒྲ་དོན་གྲུབ་པའི་ཚུལ་ནི། སྤྲུལ་པའི་ལུས་ཀྱིས་དཀའ་ཐུབ་མཛད་པའི་ཁོག་པ་ནས། སེམས་ཉིད་ཡེ་ཤེས་ལྔར་རྟོགས་པའི་རང་གཟུགས་ལ་ལོངས་སྐུ་རྣམ་པར་སྣང་མཛད་ཀྱི་ལུགས་སུ་གཤེགས་ཏེ་སངས་རྒྱས་ནས། རི་རབ་ཀྱི་རྩེ་མོ་རིན་པོ་ཆེའི་ཁང་བཟང་བརྩེགས་པར་ཡོ་ག་དུམ་བུ་བཞི་པའི་ཆོས་ཀྱི་འཁོར་ལོས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྐོར་ནས་དོན་མཛད་པ། དེ་ཡང་མ་ཧཱ་ཱལ་ལྟོས་ན་འཁོར་གྱི་རྟོག་པའི་གཟུགས་སྐུ་ཡིན་ནོ། །གཉིས་པ་མ་ཧཱའི་དེ་བཞིན་ཉིད་གཤེགས་ལུགས་སྤགས་པ་ལ་གསུམ། དང་པོ་ཐབས་ལམ་དང་གྲོལ་ལམ་གཉིས་མེད་ཀྱི་སྒོ་ནས་གཤེགས་ལུགས་ཀྱི་སྤགས་པ་ནི། མ་ཧཱ་རང་གི་བདེ་གཤེགས་དེ་བཞིན་ཉིད་དུ་གཤེགས་ལུགས་གང་ཞེ་ན། ཐབས་ལམ་དང་ཤེས་རབ་གྲོལ་ལམ་གཉིས་མེད་མཉམ་པ་ཉིད་ཀྱི་དོན་ཉམས་སུ་བླངས་པའི་སྒོ་ནས་སྙིང་པོ་བྱང་ཆུབ་ཀྱིས་འགྲོ་འོང་གི་རྟོག་པ་མེད་པར་བདེ་བར་གཤེགས་ཏེ། གཞི་གནས་ལུགས་ཅི་བཞིན་པ་འཁོར་འདས་ལྷུན་གྲུབ་མཉམ་པ་ཉིད་ཀྱི་ངང་ནས་ནར་སོན་པ་ཡིས་གཤེགས་པ་སྟེ། འོག་མའི་བདེ་གཤེགས་དེ་བཞིན་གཤེགས་པ་བས་དགོངས་པའི་བཞུགས་ཚུལ་དང་ངོ་བོས་དང་རྣམ་གྲངས་ཀྱི་ཁྱད་པར་དང་གསུམ་གྱིས་ཆེ་བའོ། །གཉིས་པ་ཤཱཀ་ཐུབ་གཤེགས་ལུགས་སྤགས་སོ། །དེང་དབང་གང་དུ་བསྐུར་ན། ཆུ་བོ་ནཻ་རཱཉྫ་ནའི་འགྲམ་དུ། གང་ལ་བསྐུར་ན་རྒྱལ་བུ་དོན་གྲུབ་དཀའ་ཐུབ་ཀྱི་ལུས་ཅན་དེ་ལ། གང་གིས་བསྐུར་ན། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་དབྱར་གྱི་སྤྲིན་ཕུང་བཞིན་དུ་འདུས་པ་ཡི་ཆ་ལུགས་ནི། གསང་བའི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ཀྱིས་བསྐུར། དུས་ནམ་གྱི་ཚེ་ན་སྲོད་ལ་རྟོག་པ་ནུབ་པའི་ཚེ་གསང་དབང་དང་། ཐོ་རངས་ཡེ་ཤེས་སྐྱེ་བའི་དུས་ཉིད་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། རྫས་གང་ལ་བརྟེན་ནས་བསྐུར་ན། སྟོན་པ་ཡབ་ཡུམ་གྱི་ཉི་ཟླ་བྱང་སེམས་ལྕེ་ཐོག་ཏུ་བཞག་པ་ཁར་བཟའ་བའི་དབང་རྫས་བྱིན་ཏེ། གསང་དབང་བསྐུར་ཅིང་། རོལ་བའི་ཀ་བྱེད་པ། མཆན།ར་སྟེ་སྦྱོར་ཐབས་ཀྱི་བསྟན་ཆོས་བསྟན་ཏེ་སྦྱོར་དུ་བཅུག་པ་ཡིས། ཐིག་ལེ་ལུགས་སུ་སོང་བའི་ཡས་བབ་ཀྱི་དགའ་བ་བཞི་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཐིག་ལེ་དེ་ཉིད་ལུགས་སུ་ཟློག་པ་མས་བརྟན་གྱི་དགའ་བ་བཞི་ལ་ཤིན་ཏུ་བརྟན་པ་བདེ་བ་ཆེན་པོ་རྫོགས་པའི་དབང་ཐོབ་པས་གཞི་དོན་ཇི་ལྟ་བ་དེ་བཞིན་དུ་འབྲས་བུ་མངོན་དུ་གྱུར་པས་གཤེགས་ལ། རྗེས་འཇུག་རྣམས་ཀྱང་དེ་བཞིན་དུ་གཤེགས་པའོ། །གསུམ་པ་དེས་ནི་ཐེག་པ་འོག་མ་ལས་སྤགས་ཚུལ་གཏན་ཚིགས་དང་བཅས་པ། གཤེགས་ལུགས་ལ་ཁྱད་པར་ཡོད་པ་དེ་ཡི་ཕྱིར་ཐུན་མོང་གི་ཐེག་པ་བྱང་སེམས་ཀྲྀ་ཡོག་རྣམ་པ་གསུམ་དང་མ་ཧཱ་དང་བཞི་ལས། བྱང་བ་བཞི་ཡི་ཁྱད་པར་ནི། རྒྱུའི་ཐེག་པ་བཅུ་གཅིག་ཀུན་དུ་འོད་ཀྱི་ས་མངོན་དུ་བྱས་ཙམ་ན། རྣམ་པར་མི་རྟོག་པའི་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱ་ས་བཅུའི་སྒྲིབ་པ་ཐམས་ཅད་བྱང་བ། ཀྲྀ་ཡས་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱས་ཙ་ན། རིགས་གསུམ་སྟོབས་སུ་བྱས་པའི་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། ཉོན་ཤེས་ཀྱི་སྒྲིབ་པ་དང་། བཅུ་གཅིག་ཀུན་ཏུ་འོད་མན་ཆད་ཀྱི་སྒྲིབ་པ་བྱང་བ་དང་། ཡོ་གས་སྟུག་པོ་བཀོད་པའི་ས་མངོན་དུ་བྱས་ཙ་ན། མཚན་བཅས་དང་མཚན་མ་མེད་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་ཉོན་ཤེས་ཀྱི་སྒྲིབ་པ་དང་། ཨུ་པ་མན་ཆད་ཀྱི་ལྟ་སྒྲིབ་བྱང་བ་དང་། མ་ཧཱ་ཡོ་གས་པདྨ་སྤྱན་གྱི་ས་མངོན་དུ་བྱས་ཙམ་ན། དཔའ་བར་འགྲོ་བའི་ཏིང་འཛིན་ནམ། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། ཉོན་ཤེས་ཀྱི་སྒྲིབ་པ་དང་། ཡོ་ག་མན་ཆད་ཀྱི་ལྟ་སྒྲིབ་བྱང་བ་དང་། ཆུབ་པ་བཞི་ནི་རྒྱུའི་ཀུན་ཏུ་འོད་སྐུ་གསུམ་གྱི་ངོ་བོར་ཆུབ། ཀྲི་ཡ་རྡོ་རྗེ་འཛིན་པའི་ས་རིགས་གསུམ་གྱི་ངོ་བོར་ཆུབ། ཡོ་ག་རིགས་ལྔའི་ངོ་བོར་ཆུབ། མ་ཧཱ་ཡོ་ག་སྐུ་ལྔ་ཡེ་ཤེས་ལྔའི་ངོ་བོར་ཆུབ་པའོ། །བདེ་བར་གཤེགས་པ་བཞི་ནི། རྒྱུའི་ཐེག་པས་བཅུ་གཅིག་ཀུན་དུ་འོད་ཀྱི་ས་མངོན་དུ་བྱས་ཙ་ན། ས་བཅུ་པ་མན་ཆད་ཀྱི་ཉོན་མོངས་རྣམ་རྟོག་གི་ཟུག་རྔུ་མེད་པས་བདེ་བར། བདག་གཞན་གྱི་དོན་གྱི་ཕྱིར་གཤེགས་པ་དང་། ཀྲྀ་ཡས་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱས་ཙ་ན། ཀུན་ཏུ་འོད་མན་ཆད་ཀྱི་ཉོན་མོངས་རྣམ་རྟོག་ཟུག་རྔུ་མེད་པས་བདེ་བར། བདག་གཞན་གྱི་དོན་ཕྱིར་གཤེགས་པ། ཡོ་གས་སྟུག་པོ་བཀོད་པའི་ས་མངོན་དུ་བྱས་ཙ་ན། ཀྲྀ་ཡ་མན་ཆད་ཀྱི་ཉོན་མོངས་རྣམ་རྟོག་གི་ཟུག་རྔུ་མེད་པས་བདེ་བར། བདག་གཞན་གྱི་དོན་ཕྱིར་གཤེགས་པ་དང་། མ་ཧཱ་ཡོ་གས་པདྨ་སྤྱན་གྱིས་མངོན་དུ་བྱས་ཙ་ན། ཡོ་ག་མན་ཆད་ཀྱི་ཉོན་མོངས་དང་རྣམ་རྟོག་གི་ཟུག་རྔུ་མེད་པས་བདེ་བར། བདག་གཞན་གྱི་དོན་ཕྱིར་གཤེགས་པ། དེ་བཞིན་གཤེགས་པ་བཞིའི་ཁྱད་པར་ནི། དབུ་མས་དོན་དམ་པའི་བདེན་པ་སྟོང་ཞིང་སྤྲོས་པ་དང་བྲལ་བ་དེ་བཞིན་དུ། དེའི་དོན་ནར་སོན་པས་གཤེགས། ཀྲྀ་ཡས་སེམས་དག་པ་མཐའ་བཞི་དང་བྲལ་བ་དེ་བཞིན། ཡོ་གས་ཆོས་ཀྱི་དབྱིངས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དེ་བཞིན། མ་ཧཱ་ཡོ་གས་སྣང་བ་དང་སྟོང་པ་གཉིས་སུ་མེད་པས་དེ་བཞིན། དེ་དག་གི་དོན་ནར་སོན་པས་གཤེགས་པ་དང་བརྒྱད་དོ། །སྐུ་གསུམ་དང་། རིགས་གསུམ་དང་། རིགས་ལྔ་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཉེར་ལྔའི་གྲངས་རྫོགས་མ་རྫོགས་ཀྱི་ཁྱད་པར་དང་། འབྲས་བུའི་ངོ་བོ་གནས་སྐབས་དང་མཐར་ཐུག་གི་ཁྱད་པར། བྱིན་རླབས་དང་རྩལ་ལ་སོགས་པའི་ཡོན་ཏན་གྱིས་ཁྱད་པར་འཕགས་པའོ། །གཉིས་པ་རྒྱལ་བ་བཅོམ་ལྡན་འདས་ཀྱི་ཁྱད་པར་གཏན་ཚིགས་དང་བཅས་པ། དེས་ན་ཐེག་པ་སོ་སོའི་རྒྱལ་བ་དང་བཅོམ་ལྡན་འདས་ལ་ཡང་། ཐེག་པ་ཐུན་མོང་གི་དང་། མཆོག་མ་ཧཱའི་བཅོམ་ལྡན་འདས་དང་ལུགས་གཉིས་ནི་སྔ་མ་བཞིན་དུ་ཡོད་པ་ཡིན་ཏེ། དེ་དག་གི་དོན་རྒྱས་པར་བཤད་ན་ཐེག་པ་བཞི་སོ་སོའི་ལམ་ཐབས་དང་ཤེས་རབ་གྲོལ་ལམ་གཉིས་ཀྱིས་རྒྱུའི་ཐེག་པའི་ཀུན་ཏུ་འོད་ཀྱི་སྐབས་སུ་རྣམ་པར་མི་རྟོག་པ་སྟོབས་སུ་བྱས་པའི་རྡོ་རྗེ་ལྟ་བུའི་ཏིང་འཛིན་དང་། ཀྲྀ་ཡས་རིགས་གསུམ་སྟོབས་སུ་གྱུར་པ་དང་། ཡོ་གས་མཚན་བཅས་མཚན་མེད་ཀྱི་སྟོབས་དང་། མ་ཧཱ་ཡོ་གས་དབྱེར་མེད་སྟོབས་སུ་བྱས་པའི་རྡོ་རྗེ་ལྟ་བུའི་ཏིང་འཛིན་བཞི་རྒྱུད་ལ་བསྐྱེད་པས། ཉོན་མོངས་ཀྱི། ཕུང་པོའི། འཆི་བདག་གི། ལྷའི་བུའི་བདུད་དང་བཞི་ངེས་པར་བཅོམ་ཞིང་རང་རང་གི་འབྲས་བུའི་ཡོན་ཏན་དང་ལྡན་ཏེ། རང་རང་གི་སྡུག་བསྔལ་གྱི་མྱ་ངན་བཞི་ལས་འདས་ཤིང་ཡོད་མེད་རྟག་ཆད་ཀྱི་མཐའ་བཞི་ལས་འདས་པ་དང་། དེ་ལྟར་ཐེག་པ་གོང་འོག་མི་མཐུན་པ་ཐ་དད་པའི་ཕྱིར། རང་རང་གི་གཞུང་གི་རང་རང་གི་འབྲས་བུ་སངས་རྒྱས་ཐོབ་པ་དེ་ཡང་། ཐེག་པ་དེ་དག་རང་རང་གི་རྟོག་པའི་ལྟ་བ་དང་། རྗེས་མཐུན་གྱི་སྤྱོད་པ་དང་། ཉམས་ལེན་ཏིང་འཛིན་གྱི་ལམ་རྣམས་ལ་གོང་འོག་གི་རིམ་པའམ་ཁྱད་པར་ཡོད་པ་བཞིན་དུ། མཐར་ཐུག་གྲུབ་པའི་མཐའ་འབྲས་བུ་སངས་རྒྱས་རྣམས་ལ་ཡང་རིམ་པ་བཞིན་དུ་ཁྱད་པར་ཡོད་པ་སྟེ། དེའི་རྒྱུ་མཚན་ལྟ་བའི་མཐོ་དམན་གྱི་ཆས་འོག་མས་གོང་མའི་དོན་ལ་སྒྲིབ་པས་ན་ཁྱད་པར་ཕྱེ་བ་ཡིན་ནོ། །གསུམ་པ་དགྱེས་པ་ལོངས་སྤྱོད་ཀྱི་ཁྱད་པར། དེ་ལྟར་ཐེག་པ་སོ་སོའི་བཅོམ་ལྡན་འདས་ལ་ཁྱད་པར་ཡོད་པ་དེས་ན། དགྱེས་པ་ཆེན་པོ་ལ་ཡང་ཁྱད་པར་ཡོད་པ་ཡིན་ཏེ། དགྱེས་པའི་ལོངས་སྤྱོད་ཆེན་པོའི་ཁྱད་པར་ཀྱང་། མདོ་སྡེ་སྟེ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། བྱ་བ་ཀྲྀ་ཡ་དང་། རྣལ་འབྱོར་རྒྱུད་ཀྱི་ཡོ་ག་གཉིས་ཀྱི་རྒྱུད་གཞུང་སོ་སོ་ལས་ཇི་ལྟར་གྲགས་པ་བཞིན་དུ་ལོངས་སྤྱོད་པ་ཡིན་ལ། གོང་གི་མ་ཧཱའི་དགྱེས་པ་ཆེན་པོ་ནི་འོག་མའི་ཡིད་ཚོད་དུ་གྱུར་པ་མིན་ནོ། །བཞི་པ་འབྲས་བུའི་ཁྱད་པར་ལ་བཞི། དང་པོ་སངས་རྒྱས་པའི་ཁྱད་པར་བསྟན་པ་དངོས། སྔ་མའི་གཏན་ཚིགས་དེ་ཡི་ཕྱིར་ཐེག་པ་གོང་འོག་གི་དགྱེས་པའི་རིམ་པ་ཆེ་ཆུང་ཡོད་པས། ཐེག་པ་སོ་སོའི་རང་ས་ཡི་འབྲས་བུ་སངས་རྒྱས་རྣམས་ལ་ཁྱད་པར་གྱི་རིམ་པ་ཡོད་པའི་ཕྱིར་ན། མིང་གི་རྣམ་གྲངས་སམ་ཡོན་ཏན་གྱི་ཆ་ཤས་ཙམ་གྱིས་ཁྱད་པར་ཕྱེ་བ་མིན་ཏེ། ཐེག་པ་གོང་འོག་གི་འབྲས་བུ་ངོ་བོ་ཉིད་ཀྱིས་མི་འདྲ་བ་དེ་བས་ན། འོག་མའི་འབྲས་བུ་བས་མ་ཧཱའི་འབྲས་བུ་རྣམ་པར་འཕགས་པའོ། །གཉིས་པ་ཐུན་མོང་གི་ས་གསུམ་དྲང་དོན་དུ་བསྟན་པའི་དགོས་ཆེད། དེ་ཡང་ཐེག་པ་གོང་འོག་གི་འབྲས་བུ་བཤད་པ་ལ་དགོས་ཆེད་ཅི་ཡོད་ཅེ་ན། ཐེག་པ་འོག་མ་སོ་སོའི་ལམ་གྱི་རྩོལ་བས་ཤེས་རྒྱུད་ངལ་བ་རྣམས། འབྲས་བུ་ལ་བློ་བྲོད་པ་བསྐྱེད་པའི་ཕྱིར་བྱང་སེམས་ལ་ཀུན་ཏུ་འོད་ཀྱི་ས་དང་། ཀྲྀ་ཡ་ལ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་དང་། ཡོ་ག་ལ་སྟུག་པོ་བཀོད་པ་ཞེས་པར་བསྟན་པ་ཡིན་ལ། གསུམ་པ་མཐའ་ཐུག་གི་ས་གསུམ་ཡོན་ཏན་གྱི་ཆ་ལས་བཏགས་པ། ཐེག་པ་འོག་མའི་འབྲས་བུའི་མཐར་ཐུག་མ་ཧཱའི་འབྲས་བུའི་སུ་ནི་པདྨ་སྤྱན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་དང་། ཡེ་ཤེས་བླ་མའི་ས་དང་གསུམ་བཟང་ངན་དང་མཐོ་དམན་ཁྱད་པར་མེད་དེ། ཡོན་ཏན་གྱི་ཆ་ལས་བརྗོད་དོ། །བཞི་པ་གོང་འོག་གི་རིམ་པ་དཔེའི་སྒོ་ནས་བསྟན་པ། ཐེག་པ་ལ་ཁྱད་པར་ཡོད་པ་དེ་ཡི་ཕྱིར་ཐེག་པ་གོང་འོག་གི་སོ་སོའི་འབྲས་བུའི་ཁྱད་པར་སྐས་ཀྱི་གདང་བུ་ལྟ་བུར་མཐོ་དམན་ཡོད་པ་སྟེ། དེ་ཡང་གདུལ་བྱ་འདྲེན་པའི་ཐབས་ལ་མཁས་པ་ནང་པ་མ་ཧཱ་ཡོ་གའི་ཐེག་པ་འདི་ཡིས་མཐར་ཐུག་གི་འབྲས་བུ་དངོས་སུ་འཐོབ་པར་བྱེད་པ་འདི་ལ་དངོས་སུ་འཇུག་མ་ནུས་པ་རྣམས་ཐུན་མོང་མ་ཡིན་པའི་ཐེག་པ་ལས་གཞན་པ་ཡི་ཐུན་མོང་ལམ་སྟེགས་ཀྱི་ཐེག་པའི་ཐབས་ལ་བརྟེན་ནས་གང་མོས་སུ་འཇུག་བཅུག་ཅིང་། དེ་ནས་ཐེག་པ་འོག་མ་ནས་གོང་མ་ཉིད་དུ་འདུ་ཤེས་བསྒྱུར་ནས་མཐར་ཐུག་མ་ཧཱ་ཡོ་ག་འདི་ཡིས་འབྲས་བུ་འགྲུབ་བར་འགྱུར་ལ། ཐུན་མོང་གི་ཐེག་པ་རང་གི་ལམ་གྱི་ཐབས་སྣ་ཚོགས་ཀྱིས་ཐེག་པ་རང་ས་ཡི་འབྲས་བུ་ཐོབ་པ་ལས། ཐེག་འོག་ཐུན་མོང་དང་མཆོག་གི་ཐེག་པའི་འབྲས་བུ་གཉིས་ངོ་བོ་ཉིད་གཅིག་ཅིང་ཁྱད་པར་མེད་པར་སྨྲ་བ་ཡི་གང་ཟག་རྣམས་ནི། མ་ཧཱའ་ིདོན་མ་མཐོང་བའི་མུན་སྤྲུལ་གྱི་བློ་ཅན་ཡིན་པའོ། །ཐེག་པ་གོང་འོག་གི་འབྲས་བུ་ལ་ཁྱད་པར་ཡོད་པའི་རྒྱུ་མཚན་ནི། གསང་སྔགས་བླ་མེད་ཀྱི་གཞུང་ཟབ་མོ་ཐམས་ཅད་ནས་སྟོན་ལ། དེ་ཉིད་ཀྱི་དགོངས་པའི་བཅུད་ཕྱུང་པའི་མན་ངག་གི་བདག་པོ། རྒྱ་གར་གྱི་མཁས་གྲུབ་ཆེན་པོ་ཨིནྟྲ་བྷོ་དྷི། ཧཱུྃ་ཀཱ་ར། སངས་རྒྱས་གསང་བ། ཨོ་རྒྱན་པདྨ། བི་མ་མི་ཏྲ། སྒེག་པ་རྡོ་རྗེ་ལ་སོགས་པའི་རྒྱ་གཞུང་ཐམས་ཅད་ནས་གསུངས་ལ། བོད་ཀྱི་སོ་ཟུར་གནུབས་གསུམ། རོང་ཀློང་ཡབ་སྲས་ལ་སོགས་པས་དགོངས་པ་མཐུན་པར་གསུངས་སོ། །གསུམ་པ་ལེའུའི་མཚན་བསྟན་པ། མཚན་ཉིད་གསུམ་མམ་ལམ་ལྔའི་གཞིའི་དོན་ཇི་ལྟ་བ་མཐར་ཕྱིན་པའི་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་བཞག་བསྟན་པའི་གཞུང་དོན་མཚམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་ཚིག་དོན་གྱིས་ན་ལེའུ་ཞེས་བྱ་བ་སྟེ། དེའི་རྣམ་གྲངས་དགུ་ཡོད་པ་ལས། ཡས་བགྲངས་དགུ་པའི་དོན་དུ་གདའ་འོ།། །།སྤྱི་དོན་གསུམ་པ་འཇུག་གི་དོན་ལ་གསུམ། བརྩམས་པའི་དགེ་བ་འགྲོ་བ་ཡོངས་ལ་བསྔོ་བ། སྣོད་ངན་དང་མ་འཕྲད་པར་སྨོན་ལམ་བཏབ་པ། བརྩམས་པ་མཐར་ཕྱིན་པའི་རྒྱུ་མཚན་བསྟན་པའོ། །དང་པོ་ལ་གསུམ། དང་པོ་གང་ཕྱིར་བརྩམས་པ། འགྲོ་བ་ལམ་ལོག་པ་ནི་མུ་སྟེགས་ཡིན་ལ་དེའ ང་རྟག་ལྟ་བཞི། གྲངས་ཅན་པ། ཚངས་པའི་སྡེ་པ། དབང་ཕྱུག་པ། བྱེ་བྲག་པ་དང་བཞི། ཆད་ལྟ་རྒྱང་འཕེན་པ་དང་ལྔ་ཡིན། ལམ་སྟོར་བ་ལྷ་མི་གཉིས། ངན་སོང་གསུམ་སྟེ་ལྔ་དང་ལྔ་ཚན་གཉིས་པོའི་སེམས་ཅན་རྣམས། མཐོ་རིས་དང་། ཐར་པ། ཐམས་ཅད་མཁྱེན་པའི་ས་ལ་བཀྲི་བའི་དགོས་ཆེད་ཡོད་པའི་ཕྱིར། གཉིས་པ་གང་བརྩམས་པའི་ངོ་བོ་འཁོར་འདས་ཐ་དད་དུ་མི་གཉིས་ཏེ་གཉིས་སུ་མེད་པར་སྟོན་པའི། ཉེ་བ། བདེ་བ། རྫོགས་པའི་ལམ་མཆོག་རྣམ་པར་བཀོད་པ་འདི་ནི་སངས་རྒྱས་གསང་བ་བདག་གིས་བགྱིས་པའི། གསུམ་པ་དེ་ལྟར་བརྩམས་པའི་དགེ་བ། སྒོ་གསུམ་ངལ་བའི་དགེ་བའི་རྩ་བ་གང་ཡིན་པ་དེས་འགྲོ་བ་སེམས་ཅན་ཀུན་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སར་གྲོལ་བར་ཤོག་ཅིག་ཅེས་བསྔོ་བ་ཡིན་ནོ། །གཉིས་པ་སྣོད་ངན་དང་མ་འཕྲད་པར་སྨོན་ལམ་བཏབ་པ་ལ་གསུམ། དང་པོ་སྣོད་ངན་གྱི་མཚན་ཉིད། བླ་ན་མེད་པ་བྱང་ཆུབ་གཙོ་བོར་མི་གཉེར་བར་ཁ་ན་མ་ཐོ་བ་ཞོར་ཙམ་ལ་བྱེད་ཅིང་འཇིག་རྟེན་ཚེ་འདིའི་ཁེ་དང་གྲགས་པ་ཆེད་དུ་གཉེར་བ་དང་། གསང་སྔགས་ཀྱི་བཅུད་ཆེན་པོའི་མན་ངག་ལྟ་སྟོམ་གསང་མི་ཐུབ་ནས་སྣོད་མེད་རྣམས་ལ་འཛག་ཅིང་། མན་ངག་ཟབ་མོ་གཞན་ལ་གཞོགས་ངོམ་ཅན་གྱི་གང་ཟག་དང་། གཉིས་པ་སྣོད་ངན་གྱི་དཔེ། སྔོན་རྒྱལ་བུ་མུ་ཏིག་འབེབས་ཞེས་བྱ་བ་གད་མོ་བཞད་ཙ་ན། ཁ་ནས་མུ་ཏིག་མང་པོ་ཤ་ར་ར་སྐྱུགས་པ་ཞིག་ཡོད་པ། རྒྱལ་པོ་སྟོབས་བཟང་ཞེས་བྱ་བ་ཞིག་ཡོད་པས། མུ་ཏིག་འདོད་པའི་ཆེད་དུ་རྒྱལ་བུ་བོས་ནས་སྣང་གཡེལ་ཆེ་བ་ཞིག་ཏུ་བཞག་ནས་གད་མོ་བསྒུག་པས། རྒྱལ་པོ་དེའི་བཙུན་མོ་གཙུག་རྒྱལ་སྒེག་མོ་ཞེས་བྱ་བ་གཅིག་འཁོར་རྣམས་ཀྱིས་རིན་པོ་ཆེའི་ཁྲི་ལ་བཞག་སྟེ། རྒྱལ་པོས་རིན་པོ་ཆེའི་སོར་གདུབ་ཆུང་ངུ་བརྒྱབ་པ་དང་། འཁོར་རྣམས་ཀྱིས་མེ་ཏོག་ཕོག་ཙམ་ན་ཨ་ན་ན་ཟེར་ཞིང་ངུ་། བྲམ་ཟེ་ལྐོག་ནག་ཅེས་བྱ་བ་ཞིག་དང་དུས་བཏབ་བྱས་ཤིང་དུས་བཅག་པ་ལས་ཁོས་བེར་རྒས་བརྡུང་ཙ་ན། ཧེ་ཧེ་ཟེར་བ་ཞིག་མཐོང་བ་དང་། འཇག་སྐྱིལ་སྟེ་བྲམ་ཟེའི་དྲང་སྲོང་མེ་ལེན་སྤུར་སྐྱེལ་ཞེས་བྱ་བ། དེའི་མཆོད་གནས་ཤིག་འདུག་པ་དེས། ངས་མ་སྦྱིན་པ་ལེན་པ་སྤང་བ་ཡིན་ཟེར་ཞིང་གཞན་ལ་མེ་བསླང་ཙ་ན། ཆོས་གོས་ལ་རྡུལ་འབྱང་བ་བ སྐྱལ་དུ་འོང་། ཕགས་སུ་ནོར་ཐོབ་ཚད་རྐུ་བ་ཞིག་ཡོད་པས། མགར་བའི་ཁྱིམ་ན་གསེར་གྱི་སྒྲོམ་བུ་ཞིག་ཡོད་པ་མཐོང་ནས་མཁར་གསིལ་གྱི་གཤམ་དུ་གར་སྦྱིན་བསྐུས་ནས། མགར་བའི་ཁྱིམ་གྱི་གསེར་གྱི་སྒྲོམ་བུ་ལ་མཁར་གསིལ་མི་ཚོར་བར་བཙུགས་ཏེ། སྒ་སྒར་མེད་པར་གསེར་བརྐུས་པ་དང་། ནེ་བྱ་ལྟ་བུ་ནི། ནེ་ཚོ་ཁ་ན་གཤོག་པའི་སྒྲོ་བཅུག་ནས་ཆུ་འཐུང་ཞིང་འདུག་པ་མཐོང་བ་ལས། དེས་ཅི་བྱེད་བྱས་པས། ཆུ་ལ་སྲོག་ཆགས་འདུག་པ་ཤི་ཡིས་དོགས་པ་ཡིན་ཟེར། མི་མི་འདུག་ཚེ་ན་སྲོག་ཆགས་མཐོང་ཚད་བཏུ་ཞིང་ཟ་བ་མཐོང་། ལྐོག་གཡེམ་ནི། ཁྲོ་མོ་ཀུ་མ་རའི་ཨ་མ་ཡིན་ཏེ། མོ་ཁྱོ་ལ་མ་དགའ་ནས། ངས་སྐྱེས་པ་ཕོ་དང་རེག་པ་སྤངས་པ་ཡིན་ཟེར་ཞིང་། བུ་ལ་ནུ་མ་བླུད་ཙ་ན། གོས་ལ་བུག་པ་ཕུག་ནས་བླུག །ཕགས་སུ་སྐྱེས་པ་ཕོ་དང་འཁྲིག་པ་སྤྱོད་པ་ལོག་གཡེམ་གསོག་པ་མཐོང་ངོ་། །དེ་སོགས་ཀྱིས་དགོད་བྲོ་བ་མ་བྱུང་། ཡི་མུག་པ་ཞིག་བྱུང་གསུང་། ཇི་ལྟར་ཡི་མུག་གསུངས་པས། རྒྱལ་བུས་དེའི་དོན་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་མོ་མེ་ཏོག་འཐོར་བཤུམ་དང་། དྲང་སྲོང་མེ་ལེན་སྤུར་བསྐྱལ་དང་། ནེ་ཙོ་ཁ་ནས་གཤོག་ཐོགས་དང་། ཀུ་མ་ར་ཡི་ཨ་མ་སོགས། མི་དགེ་བཅུ་ལ་འཆོལ་ཉོག་སྤྱོད། མུ་ཏིག་འབེབས་ལས་མ་གཏོགས་པ། བདེན་པར་སྨྲ་བ་ངས་མ་མཐོང་། ཧ་ཧ་ང་ནི་དགོད་རེ་བྲོ། ཞེས་གསུངས་ཏེ་དགོད་པས། མུ་ཏིག་འཁྱོར་བ་གང་ཙམ་ལྷུར་གྱིས་བྱུང་སྐད་དོ། །གསུམ་པ་སྣོད་ངན་གྱི་དབྱེ་བ་བསྟན་པ་ནི། དེ་ལྟ་བུའི་གང་ཟག་གིས། དམ་ཚིག་དང་སྡོམ་པ་རྣམས་ཚུལ་འཆོས་ཙམ་དུ་བསྲུང་བར་བྱེད་ཅིང་ཡང་དག་པའི་དམ་ཚིག་ལ་མི་གནས་པ་དང་། གསང་བའི་གཞུང་ཟབ་མོའི་དོན་ཉམས་སུ་བླང་བ་ལ་ཤེས་རབ་གསུམ་གྱིས་བསྲན་མི་ཚུགས་ཤིང་བརྩོན་འགྲུས་ཆུང་བ་དང་། གཞུང་དང་མན་ངག་སྣ་མང་དུ་གྲུབ་ཅིང་དོན་དུ་གཉེར་བར་བྱེད་པ་ལ་དེ་དག་གང་ལ་ཡང་ཡིད་ཆེས་པར་དཀའ་བ་དང་། བླ་མ་རྡོ་རྗེ་སློབ་དཔོན་ཉིད་སྤྱི་བོས་གུས་པར་མི་ལེན་ཅིང་བཀུར་སྟི་ཆུང་བ་དང་། བླ་མ་དང་མཆེད་ལྕ མ་ལ་ཞེ་ནས་སྐུར་པ་འདེབས་ཤིང་། རྣལ་འབྱོར་པ་དང་སེམས་ཅན་ཡོངས་ལའང་སྐུར་པ་འདེབས་ཤིང་གནོད་པར་བྱེད་པའི་གང་ཟག་དེ་ལྟ་བུ་སྣོད་མིན་པ་རྣམས་དང་། མན་ངག་ཟབ་མོ་འདི་དང་མ་འཕྲད་པར་གྱུར་ཅིག །ཅེས་གསུངས་པ་ཡིན་ནོ། །གསུམ་པ་བརྩམས་པ་མཐར་ཕྱིན་པའི་རྒྱུ་མཚན་བསྟན་པ་ནི། ཆོས་འདི་བསྒྱུར་བ་སྤྱིའི་གནས་ནི་མང་ཡུལ། བྱེ་བྲག་ཏུ་ཁྲི་བབས་ཞེས་བྱ་བའི་གནས་སུ། ཞུ་ཆེན་གྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་སྟེ་ཡེ་ཤེས་གཞོན་ནུ་ཞེས་བྱ་བས་བསྒྱུར་བའི་དོན་འདི། སྤྱིར་གཞི་ལམ་འབྲས་གསུམ། བྱེ་བྲག་ཏུ་བརྗོད་བྱའི་གཙོ་བོ་ནི། ལམ་རྒྱས་པར་སྟོན་པས་ལམ་རྣམ་པར་བཀོད་པ་ཞེས་བྱ་བ། མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་སངས་རྒྱས་གསང་བས་མཛད་པ་ཚེགས་ཆུང་ལ་དོན་ཆེ་བའི་མན་ངག །རྫོགས་སོ་ཞེས་པས་ཚིག་དོན་མ་ལུས་པའི་ཐ་ཚིག་གམ། གནས་སྐབས་རེ་ཞིག་བཤད་དུ་མ་མཆིས་ནས་རྫོགས་སོ། །རིགས་ཀུན་སྤྱི་དཔལ་རྡོ་རྗེ་འཛིན་པ་དང་། །མཁས་གྲུབ་ཆེན་པོ་སངས་རྒྱས་གསང་བ་ནས། །རིང་བརྒྱུད་ཟམ་མ་ཆད་པའི་བཀའ་ལུང་ཐོབ། །འདི་ཙམ་མ་ཡིན་ཚེ་རབས་དུ་མ་རུ། །གསང་ཆེན་ཆོས་ལ་བཟང་འབྲེལ་བག་ཆགས་བཞག །རིག་འཛིན་སྨོན་ལམ་གཏད་རྒྱའི་མཐུ་བྱིན་གྱིས། ཁམས་དབུས་མཁས་གྲུབ་དུ་མའི་འགྲེལ་པ་དང་། །མཆན་དང་བསྡུས་དོན་སྤྱི་བཤད་བཅུ་ཕྲག་བརྒལ། །འཇལ་བའི་སྐལ་པ་བཟང་པོས་ལམ་འདི་ལ། །འབྲུ་འབྲེལ་ཉུང་བསྡུས་བཀོད་འདིར་སྡང་ཞེན་གྱིས། །མཐོང་མ་ཐག་ཏུ་སྔ་རྒོལ་མ་བཞག་པར། །ཚིག་དོན་དཔྱོད་དང་ལས་སྐལ་ལྡན་རྣམས་ཀྱི། །དམ་པའི་གསུང་ལས་རང་བཟོས་དབེན་སྙམ་ཡང་། །ཁོ་བོ་སྐྱེས་སྤྱངས་ཤེས་རབ་བློ་དམན་པས། །གཞུང་དང་ཚིག་དོན་མཐུན་མིན་རང་སྐྱོན་ངེས། །སྙིང་ནས་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ། །ཡེ་ནས་སྣོད་བཅུད་དག་མཉམ་རང་བཞིན་གྱི། །གསང་ཆེན་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་མཆོག །འབྲས་ཆོས་མངོན་གྱུར་མཁའ་ཁྱབ་སེམས་ཅན་ཀུན། །གདོད་མའི་མགོན་པོའི་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་པའང་སྒྱུ་འཕྲུལ་སྟོང་ཕྲག་བརྒྱ་པའི་བཅུད་བསྡུས་ལམ་མཆོག་འདི་ལ། སྔར་ནས་རང་འདྲའི་བློ་དམན་གྱིས་གོ་བདེ་བའི་ཚིག་འགྲེལ་ཞིག་བྲི་བདུན་ཡོད་པས། ཉེ་ཆར་མཁས་བཙུན་བཟང་པོའི་ཡོན་ཏན་མཆོག་མངའ་མཁན་ལས་རབ་རྡོ་རྗེའི་ཡང་སྲིད། པདྨ་ཀུན་གྲོལ་བཟང་པོས་ལེགས་པའི་རྟེན་འབྲེལ་བཟང་པོའི་གནང་སྐྱེས་བཅས་ནན་བསྐུལ་མཛད་པ་དང་། གཞན་དམ་པ་དུ་མས་བསྐུལ་ངོར་རང་གིས་ཆོས་ལ་འབྲེལ་པ་ཙམ་ཞོག་ཕྱིར་བཀྲ་ཤིས་ཁྲོམ་གྱི་ལྗོངས་ཡུལ་གྱི་དགེ་བཅུ་ཚང་ཞིང་ཟབ་གསང་སྙིང་པོའི་བསྟན་པ་འཕེལ་བའི་གླིང་ནས། ༧༠རྡོ་རྗེ་སྙིང་པོ་རྩལ་ལམ་༧རིག་འཛིན་འགྱུར་མེད་རྡོ་རྗེས་པས་བསྐལ་པ་ལྕགས་སྟག་ལོའི་སྦོ་ཟླའི་ཚེས་ཉེར་བཞི་ནས་དབུ་བཟུང་། དབྱར་ར་བ་ནག་ཟླའི་ཚེས་བཅུའི་དུས་ཆེན་ལ་རྫོགས་པར་གྲུབ་པར་བགྱིས་པས་བསྟན་འགྲོར་སྨན་པའི་རྒྱུར་གྱུར་ཅིག །ༀ་སྭཱ་སྟི། སངས་རྒྱས་གསང་བའི་ལམ་རིམ་འབྲུ་འབྲེལ་གྱི། །ཡི་གེ་ཕྱི་མོ་སྤར་དུ་བསྐྲུན་པ་པོ། །རང་སློག་དགེ་སློང་བསྟན་འཛིན་བཀྲ་ཤིས་ཀྱིས། །ཞོ་བདུན་གོར་མོ་བརྒྱ་སོགས་ཞལ་ཐེབ་བྱས། །ཡི་གེ་མཐུན་སྦྱོར་དཀོན་མཆོག་འོད་ཟེར་བགྱིས། །དགེ་དེས་འབྲེལ་ཐོགས་སེམས་ཅན་ཐམས་ཅད་ཀུན། །གདོད་མའི་མགོན་པོའི་གོ་འཕང་ཐོབ་པ་དང་། །ཟབ་ཆོས་འདི་ཡང་མི་ནུབ་དར་རྒྱས་ཤོག །ཅེས་པའང་རིག་འཛིན་འགྱུར་མེད་རྡོ་རྗེ་པས་སྨྲས་བ་དགེའོ།། །།