Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དོན་བརྒྱད་པ།


   
   
   
སྒྱུ་འཕྲུལ་མན་ངག་ལམ་གྱི་རིམ་པའི་འགྲེལ་བཤད་རིན་པོ་ཆེ། ཀཿཐོག་ནམ་མཁའ་དཔལ།


 
previousསྒྱུ་འཕྲུལ་མན་ངག་ལམ་གྱི་རིམ་པའི་འགྲེལ་བཤད་རིན་པོ་ཆེ། ཀཿཐོག་ནམ་མཁའ་དཔལ།no next

སྒྱུ་འཕྲུལ་མན་ངག་ལམ་གྱི་རིམ་པའི་འགྲེལ་བཤད་རིན་པོ་ཆེ། ཀཿཐོག་ནམ་མཁའ་དཔལ།

༄༅ ། །མཱ ཡཱ ཨུ བ དི ཤ པ ནྤ སྶ྄ཡ྅྅྅ ཀྲ མ སྱ བྲྀ ཏྟི བྷཱ ཥི ཏཾ མ ཧ ར ཏྣ སྱ ཛ ལཾ ཀེ ཏ ཀ ན མ བི ཧ ར ཏི སྨ། སདྷུ པཱ ཤྱ ཧོ། །
སྒྱུ་འཕྲུལ་མན་ངག་ལམ་གྱི་རིམ་པའི་འགྲེལ་བཤད་རིན་པོ་ཆེའི་ཆུ་དྭངས་ཞེས་བྱ་བ་བཞུགས་སོ། །
བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །བདག་དོན་དགོངས་པའི་ངང་ལས་མ་གཡོས་ཀྱང་། །གཞན་དོན་གཟུགས་སྐུ་གདུལ་བྱའི་ངོར་སྣང་ཞིང་། །མ་འདྲེས་ཡོངས་རྫོགས་དབྱེར་མེད་རྡོ་རྗེའི་སྐུ། །རྒྱུད་དང་དཀྱིལ་འཁོར་གཙོ་བོ་ཉིད་ལ་འདུད། །འཕགས་མཆོག་ཀུན་གྱི་གསང་བའི་མཛོད་འཛིན་ཅིང་། །ཟབ་དོན་དབྱེར་མེད་རང་སྣང་མངོན་བྱས་པས། །མཁྱེན་བརྩེ་ནུས་ལྡན་འགྲོ་བའི་མགོན་དང་གཉེན། །འདྲེན་པ་མཚུངས་མེད་དྲིན་ཆེན་རྣམས་ལ་འདུད། །སྒྱུ་འཕྲུལ་མན་ངག་གཞི་ལས་འབྲས་བུའི་དོན། །འགྲེལ་བཤད་བདག་གིས་བརྩམ་པར་མི་འོས་ཀྱང་། །དོན་བྱས་བཤེས་གཉེན་རྣམས་ཀྱིས་བསྐུལ་ཕྱིར་དུ། །བླ་མས་གསུངས་བཞིན་རིན་ཆེན་ཆུ་དྭངས་བྲི། །རྒྱ་གར་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བའི་མན་ངག་ལམ་གྱི་རིམ་པ་འདི་ཉིད་བཤད་པའི་དབང་དུ་བྱས་ན་གསུམ་སྟེ། འཆད་ཉན་ཇི་ལྟར་བྱ་བའི་ཚུལ་དང་། གང་འཆད་པར་བྱེད་པ་དམ་ཆོས་ཀྱི་རྣམ་བཞག་དང་། འཆད་ཉན་མཐར་ཕྱིན་པའི་རྒྱུ་མཚན་ནོ། །དང་པོ་ལ་གཉིས་ཏེ། གང་ལ་ཉན་པའི་བཤེས་གཉེན་གྱི་རང་བཞིན་དང་། གང་གིས་ཉན་པ་གང་ཟག་གི་རང་བཞིན་ནོ། །དང་པོ་ལ་གསུམ་སྟེ། སློབ་དཔོན་དེའི་མཚན་ཉིད། དེས་ཆོས་བཤད་ཚུལ། དེ་ལྟར་བཤད་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས་ལས། མཚན་ཉིད་དང་མི་ལྡན་པ་ནི། ཐོས་པ་ཆུང་ལ་ང་རྒྱལ་ཆེ་བའི་སློབ་དཔོན་དང་། ཐུགས་རྗེ་ཆུང་ལ་གདུག་རྩུབ་ཆེ་བའི་སློབ་དཔོན་དང་། གདམས་པ་ཆུང་ལ་འདོད་པ་ཆེ་བའི་སློབ་དཔོན་དང་གསུམ་སྤངས་ཏེ། གཅན་འཕྲང་ལས། ལོག་པར་སྤྱོད་པའི་རྣལ་འབྱོར་ནི། །ལོག་ལྟའི་སྤྱི་བརྟོལ་ཁྲོ་གཏུམས་ཆེ། །སྡིག་སྤྱོད་དོན་དང་མི་ལྡན་ཡང་། །བདག་འདི་ངེས་པ་ཁོ་ན་ཞེས། །བབ་ཚོལ་སྙན་བརྒྱུད་བསླུ་བྱེད་བསླད། །ཅེས་སོ། །གཉིས་པ་བཟང་པོའི་མཚན་ཉིད་ནི། ཐོས་པ་དང་གདམས་ངག་ཏུ་ལྡན་པའི་བླ་མ་དང་། རྟོགས་པ་དང་ཉམས་མྱོང་དུ་ལྡན་པའི་བླ་མ་དང་། ཐུགས་རྗེ་དང་བྱིན་རླབས་སུ་ལྡན་པའི་བླ་མ་སྟེ་གསུམ་བསྟན་ནོ། །ཁྱད་པར་གསང་སྔགས་ཀྱི་སློབ་དཔོན་ནི། ཆོས་ཀུན་མཉམ་པ་ཉིད་ཀྱི་གནས་ལུགས་རྟོགས་ཤིང་གོམས་པས་སྤྱོད་པ་དང་འབྲེལ་ལ། བརྒྱུད་པའི་ཟམ་མ་ཆད་པ། དབང་བཞིའི་ཆུ་བོ་མ་ནུབ་པ། བྱིན་རླབས་ཉམས་རྟོགས་ཀྱི་མདངས་མ་ཡལ་བ། སྙན་བརྒྱུད་གདམས་ངག་གི་གནད་མ་འཆུག་པ། སྙིང་རྗེ་ཕན་སེམས་ཀྱིས་སློབ་མ་འཛིན་པའི་གཉེར་དང་ལྡན་པ། གསང་སྔགས་ཀྱི་རྒྱུད་གཞུང་ཕྲིན་ལས་ཆོག་ཁྲིགས་ཐ་དག་ལ་མཁས་པ་དང་ལྡན་པ་སྟེ། འདི་ཉིད་ཀྱི་ལེའུ་བདུན་པ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །ཞེས་པ་དང་། མདོ་ལས། བླ་མེད་སྙིང་པོས་སྨིན་པའི་རྐྱེན། །བློ་གྲོས་ཆེན་པོ་དྲི་བའི་ཡུལ། །ལམ་སྟོན་ས་མཁན་བཤེས་གཉེན་མགོན། །མུན་སེལ་སྒྲོན་མ་རིན་པོ་ཆེ། །མཐོང་མིག་དབང་པོ་ཡོད་པ་རྣམས། །ཆུ་བོ་རབ་མེད་སྒྲོལ་བའི་གྲུ། །འཇིགས་པའི་རྫོང་ཆེན་བརྟེན་པའི་མཁར། །འཁོར་བ་གཅོང་འབྱིན་སྨན་པའི་མཆོག །མཚོ་གླིང་རིན་ཆེན་ལེན་བྱེད་པའི། །དེད་དཔོན་དམ་པའི་བླ་མ་ལ། །སྔོན་དུ་ངེས་པར་ཤེས་པར་བྱ། །ཞེས་སོ། །གཉིས་པ་འཆང་ཚུལ་ལ་གཉིས་ལས། གཞན་སེལ་ནི། ཤེས་ལོ་དང་མཁས་ལོའི་སྒོ་ནས་མི་འཆད། ཁེ་གྲགས་དང་བསྙེན་བཀུར་གྱི་སྒོ་ནས་མི་འཆད། རྒྱས་འདེབས་དང་ཟིལ་གནོན་གྱི་སྒོ་ནས་མི་བཤད་དོ། །གཉིས་པ་དོན་གཉེར་ལ་གསུམ་སྟེ། མཁས་པའི་ཤེས་རབ་དང་ལྡན་པས་གདུལ་བྱའི་ཐེ་ཚོམ་གཅོད་ཅིང་ཡིད་ཆེས་པའོ། །བརྩེ་བའི་ཐུགས་རྗེ་དང་ལྡན་པས་གདུལ་བྱ་རྗེས་སུ་བཟུང་བ་དང་། སྦྱོར་བའི་བཟོད་པ་དང་ལྡན་པས་ངལ་དུབ་མེད་པའོ། །དང་པོ་ལ་གསུམ་ལས། བཤད་བྱ་ལ་མཁས་པ་ནི། སྤྱིར་ཤེས་བྱ་རབ་འབྱེད་ལ་མཁས་ན་ལེགས་མོད་ཀྱི། འོན་ཀྱང་རང་གི་རྒྱུད་གཞུང་ལས་བླངས་ལ་མཁས་ཤིང་དོན་ཁོང་དུ་ཆུད་ཅིང་ཐེ་ཚོམ་ཆོད་པའོ། །གཉིས་པ་འཆད་བྱེད་ལ་མཁས་པ་ནི། གང་ནས་བཤད་ཀྱང་འབྲེལ། ཅི་ཙམ་བཤད་ཀྱང་རན། ཇི་ལྟར་བཤད་ཀྱང་འཐད་པ་གསུམ་པོས་ངག་འབྲེལ་ཅིང་རང་གིས་བརྗོད་བདེ། གཞན་གྱིས་གོ་སླ། གཉིས་ཀའི་རྣ་བར་སྙན་ཅིང་ཡིད་ཆགས་པའོ། །གསུམ་པ་ཀུན་སྤྱོད་ལ་མཁས་པ་ནི། ཚུལ་འཆོས་མ་ཡིན་པར་རང་གི་སྒོམ་གསུམ་ཆོས་དང་མཐུན་པའི་སྒོ་ནས་གདུལ་བྱ་དྭངས་བ་འདྲེན་ཅིང་དད་པའི་གནས་སུ་གྱུར་པའོ། །གཞན་གྱི་ཀུན་སྤྱོད་ལ་མཁས་པ་ནི། གདུལ་བྱ་དབང་པོ་རྣོ་རྟུལ་དང་རྗེས་སུ་མཐུན་པའི་ཆོས་བསྟན་པ་ལ་མཁས་ཤིང་བཤད་པའོ། །གཞན་ཡང་སེམས་ཅན་གྱི་དོན་བྱ་བའི་ཕྱིར་བཤད་ཀྱི། རང་གི་ཆེ་བ་འདོད་པའི་ཕྱིར་མ་ཡིན། སྙིང་རྗེ་ཆེན་པོས་བསྟན་གྱི། ང་རྒྱལ་གྱི། ཕྱིར་མ་ཡིན། འཁོར་བ་རྒྱུན་གཅོད་པའི་ཕྱིར་བསྟན་གྱི། ཉོན་མོངས་པ་སྤེལ་བའི་ཕྱིར་མ་ཡིན་ནོ། །གསུམ་པ་གསང་སྔགས་ཀྱི་དོན་རྟོགས་ནས་གཞན་ལ་བཤད་པའི་ཕན་ཡོན་ནི། མདོ་ལས། རྟོགས་ནས་སྨྲ་བར་གང་བྱེད་པའི། །ཡོན་ཏན་སྤྱི་གཙུག་དཔག་མེད་ཉིད་དུ་འགྱུར། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ནས་སྔོན་འབྱུང་བས། །དྲང་སྲོང་རྣལ་འབྱོར་ཀ་ཡས་ནི། །དྲང་སྲོང་རྣལ་འབྱོར་མང་སྡེ་ལ། །ཐེག་ཆེན་གསང་བའི་བསྔགས་པ་བརྗོད། །དེ་རྣམས་ངེས་པར་བཀོད་པ་ལས། །མང་པོས་རིགས་ཆེན་འཛིན་པ་ཐོབ། །གང་དེར་བསྔགས་པས་བརྗོད་བྱེད་པས། །གསང་བདག་ཆོས་ཀྱི་རྒྱལ་པོར་འགྱུར། །དེས་ན་ཐེག་ཆེན་གསང་བ་འདི། །ཀུན་ནས་བསྔགས་པས་བརྗོད་པར་གྱིས། །དེས་ནི་ང་ཡི་དགོངས་པ་ཐོབ། །ཅེས་སོ། །གཉིས་པ་གང་གིས་ཉན་པ་གང་ཟག་གི་རང་བཞིན་ལ་གསུམ་སྟེ། སློབ་མ་དེའི་མཚན་ཉིད། དེས་ཆོས་ཉན་ཚུལ། ཉན་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས་ལས། ངན་པའི་མཚན་ཉིད་ནི། ཤེས་རབ་ཆུང་ལ་ཉོན་མོངས་པ་ཆེ་བའི་སློབ་མ་དང་། དད་པ་ཆུང་ལ་སེར་སྣ་ཆེ་བའི་སློབ་མ་དང་། བརྩོན་འགྲུས་ཆུང་ལ་འདོད་པ་ཆེ་བའི་སློབ་མ་དེ་གསུམ་སྤངས་ཏེ་ཡེ་ཤེས་གཏིང་རྫོགས་ལས། ཡང་དག་དོན་གྱི་ལྟ་བ་གསང་བ་འདི། །གདམས་ངག་ཕྱིན་ཅི་ལོག་དང་ལྟ་བ་དམན། །ཐོས་པ་ཆུང་ལ། བློ་བརྟུལ་ཤེས་རབ་མེད། ནོར་འཕོང་ཁ་རལ་ལ་སོགས་སྣོད་མིན་ལ། འདི་བསྟན་གཉིས་ཀ་བསྲེགས་ཕྱིར་རབ་ཏུ་གསང་། ཞེས་སོ། །གཉིས་པ་བཟང་པོའི་མཚན་ཉིད་ནི། དད་པ་དང་ཤེས་རབ་ཏུ་ལྡན་པ་དང་། མོས་གུས་དང་གཏོང་ཕོད་དང་ལྡན་པ་དང་། ངང་རྒྱུད་བརྩོན་འགྲུས་སུ་ལྡན་པའི་སློབ་མ་བསྟེན་པ་ཡིན་ཏེ། ཀློང་གསལ་ཉི་མའི་རྒྱུད་ལས། དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །རྒྱུད་དུལ་སྡིག་འཛེམ་དབང་པོ་རྣོ། །གསང་ཐུབ་ཉམས་ལེན་བརྟུལ་ཞུགས་སྤྱོད། །སྐྱོ་ཤས་སྡུག་སྲན་སྙིང་རུས་ཆེ། །དེ་ནི་གསངས་སྔགས་གསང་བའི་སྣོད། །ཅེས་སོ། །གཉིས་པ་ཉན་པའི་ཚུལ་ལ་གཉིས་ལས། སྤངས་བྱ་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ཡིད་བསྡུ་བ། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་སོ། །གཞན་ཡང་ཁེ་དང་གྲགས་པའི་སྒོ་ནས་མི་ཉན། ངོ་བསྲུང་དང་ཚུལ་འཆོས་ཀྱི་སྒོ་ནས་མི་ཉན། རང་དང་གཞན་ཁྱད་ལྟའི་སྒོ་ནས་མི་ཉན་ནོ། །གཉིས་པ་བླང་བྱ་ནི། གཞི་དད་པ་བརྟན་པོར་བཏུད། མོས་གུས་ཆེན་པོས་ཉན། རྣ་བའི་དབང་པོས་ཐོས། རིག་པའི་རྒྱུད་ལ་འགྲིམ། སེམས་ཀྱི་པདྨོ་ཕྱེ། སྙིང་གི་བུམ་པར་བསོག །དོན་གྱི་སྦྲང་རྩི་མྱོང་དགོས་པར་གསུངས་ཏེ། སྡོང་པོ་བཀོད་པའི་མདོ་ལས། བདག་ཉིད་ལ་ནད་པའི་འདུ་ཤེས་དང་། དགེ་བའི་བཤེས་གཉེན་ལ་སྨན་པའི་འདུ་ཤེས་དང་། ཆོས་ལ་སྨན་གྱི་འདུ་ཤེས་དང་། ནན་ཏན་རྗེས་སུ་བསྒྲུབ་པ་ལ་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །གཞན་ཡང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་འདོད་པ་ལ་དམ་པའི་ཆོས་མིན་པ་ཅིས་ཀྱང་མི་ཕན་པས་དེའི་ཕྱིར་ཉན། ཆོས་དེ་སྟོན་པའི་བླ་མ་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་དང་འདྲ་བ་ཡིན་པས་དེའི་ཕྱིར་ལ་ཉན། དེའི་ཞལ་ནས་གསུངས་པའི་ཆོས་དེ་ནི་ཤི་གསོའི་སྨན་བས་ཀྱང་གཅེས་པ་དེའི་ཕྱིར་ཀྱང་ཉན་ནོ། །གསུམ་པ་དེ་ལྟར་ཉན་པའི་ཕན་ཡོན་ནི། བྱམས་པ་སེང་གེའི་སྒྲས་ཞུས་པའི་མདོ་ལས། བསྟན་འཆོས་བསྟན་པའི་དུས་བསྟན་ཕྱིར། །རྔའམ་གཎྜིའི་སྒྲ་བརྡུངས་པས། །ཐོས་པའང་བྱང་ཆུབ་འཐོབ་འགྱུར་ན། །ཉན་ཕྱིར་ཀློག་པ་སྨོས་ཅི་དགོས། །ཞེས་པ་དང་། ཁྱད་པར་གསང་སྔགས་ཐོས་པའི་ཕན་ཡོན་ནི། གཅན་འཕྲང་ལས། དཔེར་ན་གྱི་ལིང་སྒྲོག་བཀྲོལ་ལྟར། །རྣམ་གྲོལ་ཐོས་བསམ་སྒོ་མོ་ཡིས། །ཤེས་རྒྱུད་ཀུན་གྲོལ་ཐོགས་མེད་འགྲོ། །ཞེས་སོ། །གཉིས་པ་གང་འཆད་པར་བྱེད་པ་དམ་ཆོས་ཀྱི་རྣམ་བཞག་ལ་གསུམ་སྟེ། གང་ཟག་འཇུག་ངོ་ཤེས་པར་བྱ་བའི་ཕྱིར་དམ་པའི་ཆོས་ངོས་བཟུང་བ་དང་། དེ་ཉིད་ཀྱི་དོན་མ་ནོར་བར་ཤེས་པར་བྱ་བའི་ཕྱིར་བཤད་པའི་ཐབས་བསྟན་པ་དང་། བཤད་བྱ་གཞུང་དོན་དངོས་ཀྱི་སྐབས་དང་གསུམ་མོ། །དང་པོ་ཆོས་ངོས་བཟུང་བ་ནི། སྤྱིར་འཁོར་འདས་གཉིས་ལས་འདས་པའི་ཆོས། དེ་ལ་ཐེག་པ་ཆེ་ཆུང་གཉིས་ལས་ཆེན་པོ། ཐེག་ཆེན་ལ་མདོ་སྔགས་གཉིས་ལས་སྔགས། སྔགས་ལ་ཕྱི་ནང་གཉིས་ལས་ནང་པ། དེ་ལ་མ་ཧཱ་ཨ་ནུ་ཨ་ཏི་གསུམ་ལས་མ་ཧཱ། དེ་ལ་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད་གསུམ་ལས་འདིར་གཉིས་མེད་ཀྱི་རྒྱུད། དེ་ལ་རྒྱུད་དང་མན་ངག་གཉིས་ལས་འདིར་མན་ངག །མན་ངག་ལ། རྒྱུད་ཀྱི་དོན་མངོན་པར་རྟོགས་པ་དང་། བསླབ་ཅིང་ཉམས་སུ་བླང་བའི་མན་ངག་གཉིས་ལས་འདིར་ཐ་མ། དེ་ལ་གཙོ་བོ་དང་ཆ་རྐྱེན་གཉིས་ལས་འདི་ནི་ལམ་གྱི་ངོ་བོ་ཏིང་ངེ་འཛིན་གཙོ་ཆེ་བའི་མན་ངག་གོ། །གཉིས་པ་བཤད་པའི་ཐབས་ནི། འདི་ཉིད་རྒྱུད་ལ་བརྟེན་པའི་མན་ངག་ཡིན་པས། རྩིས་མགོ་ལྔས་འཆད་པར་བྱ་སྟེ། ལུང་མཆོག་བླ་མ་ལས། ཐོས་ཆུང་གསར་བུ་ཡིད་ཆོས་བསྐྱེད་པའི་ཕྱིར། །མན་ངག་སྤྱི་དོན་རྩིས་མགོ་ཀླད་ནས་གཞོམ། །ཞེས་པས། རྩིས་མགོ་ལྔ་ནི། སྡེ་སྣོད་སྤྱི་ཆིངས་ལས། དགོངས་པ་ཁྲོལ་བའི་སློབ་དཔོན་དང་། །མཚན་ལྔ་ལྡན་པའི་དམ་ཆོས་དང་། །ཐེག་པ་སྡེ་སྣོད་འབྱུང་བའི་ཁུང་། །ཉེ་བར་ཚིག་གི་བཏུས་གནས་དང་། །དོན་དུ་འགྱུར་བའི་དགོས་པ་རྣམས། །བསྟན་བཅོས་ཀུན་གྱི་རྩིས་མགོ་ཡིན། །ཞེས་གསུངས་པའི་དོན་ལྔ་ལས། དང་པོ་ཁུང་བཙུན་ཞིང་ཡིད་ཆེས་པར་བྱ་བའི་ཕྱིར་སློབ་དཔོན་གང་གིས་མཛད་པ་ནི། རྩོམ་པ་པོ་ཚད་རབ་འབྲིང་ཐ་མ་གསུམ་དང་ལྡན་པའི་མཁས་པ་གྲུབ་པ་ཐོབ་པའི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་མཛད་པ་ཡིན་ཏེ། རྫོགས་ཆེན་རྒྱན་ལས། ཆོས་ཉིད་མངོན་སུམ་རྟོགས་པ་རབ། །བླ་མ་ཡི་དམ་མཁའ་འགྲོ་ཡི། །ལུང་ཆེན་ཐོབ་པ་འབྲིང་པོ་ཡིན། །ལ་ཤན་བཀའ་ལུང་ཚིག་ལ་མཁས། །བྱེ་བྲག་ཕྱེད་པ་ཐ་མ་ཡིན། །ཞེས་སོ། །གཉིས་པ་བཀའ་དང་མི་འགལ་ཞིང་རྒྱུད་གང་ནས་བཏུས་པ་ནི། འདི་ཉིད་ལས། སྟོང་ཕྲག་བརྒྱ་པའི་རྒྱུད་དག་ལས། །ཞེས་གསུངས་པས། ཐུགས་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པའི་རྒྱུད་ལས་བཏུས་སོ། །གསུམ་པ་ཐེག་པའི་རང་གཞུང་ཚུགས་པར་བྱ་བའི་ཕྱིར་ཕྱོགས་གར་གཏོགས་པ་ནི་མ་ཧཱ་ཡོ་གའི་ཐེག་པར་གཏོགས་སོ། །བཞི་པ་བསྟན་པ་ལ་མཚན་ངེས་ཤིང་དོན་གྱི་མདོ་ཙམ་ཞིག་རྟོགས་པར་བྱ་བའི་ཕྱིར་མཚན་ནི། སྤྱིར་མཚན་གྱི་འདོགས་ལུགས་ལ་ལྔ་ལས། འདི་ཉིད་ལས། ལམ་མཆོག་ཅེས་དང་། ལམ་རྣམ་པར་བཀོད་པ་ཞེས་པས། དོན་རང་གི་ངོ་བོ་ལ་མཚན་བཏགས་པའོ། །ལྔ་པ་བརྩམ་པ་ལ་དོན་ཡོད་པར་བྱ་བའི་ཕྱིར་གང་ཟག་གང་གི་དོན་དུ་མཛད་པ་ནི། འདི་ཉིད་ལས། དམ་པའི་རིགས་ཅན་དྲ་མ་དང་། །དེ་རྗེས་མ་འོངས་སྐལ་ལྡན་ཕྱིར། །ཞེས་གསུངས་པས། སློབ་དཔོན་ཉིད་ཀྱི་དངོས་འཁོར་དང་མ་འོངས་པའི་གང་ཟག་ལས་འཕྲོ་སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་དུ་མཛད་པའོ། ༈ །གསུམ་པ་བཤད་བྱ་གཞུང་དོན་དངོས་ཀྱི་སྐབས་ལ་གསུམ་སྟེ། མན་ངག་རྩོམ་པ་ལ་འཇུག་པའི་ཡན་ལག་ཀླད་ཀྱི་དོན་དང་། ཆོས་ཀུན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་གཞུང་གི་དོན་དང་། མན་ངག་བརྩམ་པ་མཐར་ཕྱིན་པ་མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་བར་ཆད་བསལ་ཞིང་ཚོགས་རྫོགས་པར་བྱ་བའི་ཕྱིར་ཕྱག་བྱ་བ་དང་། དྲང་། མོས་ཞེས་པ་བཤད་པའི་གཞིར་བཞག་ནས། དེའི་ཁྱད་པར་གྱི་ཆོས་ལ་ལྔ་སྟེ། གང་ལ་མོས། གང་གིས། ཚུལ་ཇི་ལྟར་དུ། དགོས་ཆེད་ཅིའི་ཕྱིར། བརྒལ་ལན་ནོ། །དང་པོ་གང་ལ་མོས་ན། སཾ་ཀྲྀ་ཏའི་སྐད་ལ་ཤྲྀ། བོད་སྐད་དུ་དཔལ། དེ་ལ་དཔེ་དང་དོན་གཉིས་ལས། དཔེ་ནི་འཇིག་རྟེན་ན་མི་ནོར་ཕུན་སུམ་ཚོགས་པ་ལ་དཔལ་ཟེར་བ་བཞིན་དུ། དོན་ལ་ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་འཇུག་སྟེ། དེ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སོ། །དང་པོ་ནི་ཐེག་འོག་གིས་དྲངས་པའི་འབྲས་བུ་ཐོབ་པ་ནི་རྟོགས་པ་བདག་གི་དཔལ་ཡིན་ལ། དེས་གདུལ་བྱའི་དོན་མཛད་པ་ནི་ཐུགས་རྗེ་གཞན་གྱི་དཔལ་ལོ། །གཉིས་པ་དེ་ལ་ཁྱད་པར་གྱི་དཔལ་ལ་གསུམ་ལས། དང་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་ནི། གཞི་རང་བྱུང་གི་ཡེ་ཤེས་ལ་འབྲས་བུ་ཆེ་ཡོན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ་ཉི་ཤུ་རྩ་ལྔ་ལྷུན་གྱིས་གྲུབ་པ་སྟེ། ཡུངས་དཀར་ལ་མར་ནག་ལྷུན་གྱིས་གྲུབ་པ་བཞིན་ནོ། །གཉིས་པ་རྟོགས་པ་བདག་གི་དཔལ་ནི། དོན་དེ་ཉིད་རྟོགས་ཤིང་གོམས་པས་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་གྱུར་པ་སྟེ། ཉི་མ་ནམ་མཁའི་མཐོངས་སུ་ཤར་བ་ལྟ་བུའོ། །གསུམ་པ་ཐུགས་རྗེ་ཆེན་པོ་ཞར་ལས་བྱུང་བའི་དཔལ་ནི། དེ་ལྟར་བདག་དོན་དུ་འབྲས་བུ་ཐོབ་ཙམ་ན། གཞན་གདུལ་བྱ་ཐམས་ཅད་ལ་མཛད་པ་ཕྲིན་ལས་ངང་ངམ་ཤུགས་ཀྱིས་འབྱུང་བ་སྟེ། ཉི་མའི་འོད་ཟེར། དྲོ་འཇམ་རྩོལ་མེད་ཀྱིས་གཞན་གྱི་མུན་པ་དང་འཁྱག་པ་ཤུགས་ཀྱིས་ཞུ་བ་བཞིན་ནོ། །དེ་ལྟར་དཔལ་གསུམ་པོ་ངོ་བོ་ཉིད་ཀྱིས་ལྡན་པ་སྟེ། ལས་རིམ་ལས། རང་བཞིན་མངོན་བྱས་མ་ལུས་རེ་བ་སྐོང་། །ཞེས་སོ། །རིན་པོ་ཆེ་རྡོ་རྗེ་ཕ་ལམ་གྱིས་གཟི་མཆོང་གི་དངོས་པོ་ཐམས་ཅད་ཕར་ལ་འཇོམས་ཤིང་ཚུར་གང་གིས་ཀྱང་མི་ཚུགས་པ་ལྟ་བུ་དོན་རང་བྱུང་གི་ཡེ་ཤེས་དེས། ལྟ་བ་ངན་པ་དང་གཞི་དང་ལམ་གྱི་ཉེས་པ་ཐམས་ཅད་འཇོམས་ཤིང་ཚུར་ལ་གང་གིས་ནོད་པས་མི་ཚུགས་པ་ནི་ཕྲིན་ལས་གཞན་འཇོམས་པའི་རྡོ་རྗེ་སྟེ། རྒྱས་པ་ལས། འཇོམས་ཤིང་ཅིས་ཀྱང་མི་ཚུགས་པས། །རང་བྱུང་ཆེན་པོ་ལྷ་ཡི་ལྷ། །དེ་ལྟར་རྟོགས་པའི་རིག་པ་ལ། །བཛྲ་ཞེས་སུ་བཏགས་པ་ཡིན། །ཞེས་གསུངས་སོ། །ཉེས་སྐྱོན་དང་བྲལ་བ་དེས་ན། ཐུགས་རང་བྱུང་གི་ཡེ་ཤེས་ཀྱི་རང་སྣང་ལ་འདུས་མ་བྱས་ཀྱི་གཟུགས་སྐུ་ནི་ངོ་བོ་འདུས་མ་བྱས་པའི་རྡོ་རྗེ་སྟེ། རིམ་གསུམ་ལས། རྒྱུ་རྐྱེན་བྲལ་བའི་སྐད་ཅིག་མ། །རང་བྱུང་ཉིད་དུ་བྱུང་བའོ། །ཞེས་སོ། །དེ་ཉིད་ལས་འབྲས་བུ་ཆེ་བའི་ཡོན་ཏན་རྣམས་གཞན་ནས་མ་བཙལ་བར་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའམ་ཉེར་ལྔ་རྫོགས་པ་ནི་ཡོན་ཏན་རྩོལ་བ་མེད་པའི་རྡོ་རྗེ་སྟེ། ཐུག་ཐིག་ལས། སྐུ་དང་གསུང་ཐུགས་ཡོན་ཏན་ལས། །རྒྱན་གྱི་འཁོར་ལོ་ཉི་ཤུ་ལྔ། །ཞེས་སོ། །དེ་ཉིད་རྒྱུ་རྐྱེན་དང་བྲལ་ཏེ་གཉེན་པོ་གང་གིས་མི་ཤིགས་པ་ནི་མཚན་ཉིད་སྐྱེ་འཇིག་དང་བྲལ་བའི་རྡོ་རྗེ་སྟེ། ཀུན་བྱེད་ལས། རྡོ་རྗེ་ཞེས་ནི་བྱ་བ་ལས། །སྙིང་པོའི་རང་བཞིན་དེ་ལ་ནི། །སྐྱེ་འཇིག་མེད་པའི་མཚན་ཉིད་དེ། །རྡོ་རྗེ་ཞེས་ནི་བརྗོད་པ་ཡིན། །ཞེས་སོ། །དེ་ཡང་རྟོགས་བྱ་མཉམ་པའི་དབྱིངས་དེ་ཉིད་དང་རྟོགས་བྱེད་རིག་པའི་ཡེ་ཤེས། གཉིས་འདུ་བ་དང་འབྲལ་བ་མེད་པ་ནི་རང་བཞིན་དབྱེར་མི་ཕྱེད་པའི་རྡོ་རྗེ་སྟེ། སྒྱུ་འཕྲུལ་མེ་ལོང་ལས། ཆོས་རྣམས་མ་ལུས་གཉིས་མེད་པས། །རང་རིག་བྱང་ཆུབ་སེམས་ཉིད་དེ། །ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་སོ། །དེ་ལྟར་རྒྱུ་མཚན་ལྔ་ཡིས་རྡོ་རྗེ་གྲུབ་བོ། །དོན་དེ་ཉིད་སྣང་སྟོང་གཉིས་སུ་མེད་པའི་ཕྱིར་སེམས་ཞེས་བྱ། བྱེད་པ་པོ་མེད་པར་ངང་ངམ་ཤུགས་ཀྱིས་རང་གསལ་བའི་ཕྱིར་སེམས། ཡོད་མེད་རྟག་ཆད་ལ་སོགས་གཞན་དུ་མི་གཡོ་བའི་ཕྱིར་ན་སེམས། ཡུལ་ཡུལ་ཅན་དུ་མི་སེམས་པ་སྟེ། དེ་དག་མཐར་ཐུག་རྒྱལ་བའི་དགོངས་པ་ཡིན་པའི་ཕྱིར་ལམ་བ་དང་ཐེག་འོག་གི་སེམས་ལས་ཁྱད་པར་དུ་གྱུར་པས་སེམས་ཆེན་པོ་ཞེས་བྱ་སྟེ། ལས་རིམ་ལས། རང་རིག་ཀུན་གསལ་བདག་ཕྱིར་རྣམ་རྟོག་བྲལ། །ཞེས་སོ། །རྒྱལ་བ་རྣམས་ཀྱི་སྐུ་གསུངས་ཐུགས་ཀྱི་མཛད་པའི་ཕྲིན་ལས་ཞི་རྒྱས་དབང་དྲག་བཞིས་བདུད་བཞི་བཅོམ་པ་སྟེ། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་གནས་ཀྱང་དེ་ངོ་བོ་མ་ཤེས་པས་ཉོན་མོངས་པའི་བདུད་བྱུང་ལ། ཉོན་མོངས་པ་ཡེ་ཤེས་སུ་གསལ་ཙམ་ན་ཉོན་མོངས་པའི་བདུད་རང་བཞིན་གྱིས་བཅོམ་པ་ནི་ཞི་བའི་ཕྲིན་ལས་སོ། །ཕུང་པོ་ལྔ་རིགས་ལྔར་ངོ་མ་ཤེས་པས་ཕུང་པོའི་བདུད་བྱུང་ལ། དེ་ཉིད་རིགས་ལྔར་གསལ་བར་རྟོགས་པས་ཕུང་པོའི་བདུད་བཅོམ་པ་ནི་རྒྱས་པའི་ཕྲིན་ལས་སོ། །སེམས་ཉིད་སྐྱེ་འཆི་གཉིས་མེད་ལས་གཉིས་སུ་བཟུང་བས་འཆི་བདག་གི་བདུད་བྱུང་ལ། སྐྱེ་ཤི་གཉིས་མེད་དུ་མངོན་དུ་བྱས་ཙམ་ན་འཆི་བདག་གི་བདུད་བཅོམ་པ་ནི་དབང་གི་ཕྲིན་ལས་སོ། །དོན་ལྷ་རྟོགས་གཉིས་མེད་ལས་གཉིས་སུ་བཟུང་བས་ལྷའི་བུའི་བདུད་བྱུང་ལ། ལྷ་རྟོགས་གཉིས་མེད་མངོན་དུ་བྱས་ཙམ་ན་ལྷའི་བུའི་བདུད་བཅོམ་པ་ནི་དྲག་པོའི་འཕྲིན་ལས་ཡིན་ཏེ། རྒྱས་པ་ལས། བདུད་སྡེ་ཚར་གཅོད་ཅེས་བྱའི་དམ་ཚིག་ནི། ཉོན་མོངས་པ་ཉིད་རྣམ་པར་དག །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །སྐྱེ་འཆི་མེད་པའི་གཡུང་དྲུང་གནས། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་སྟེ། །ཞེས་སོ། །དེ་ལྟར་བདུད་བཞི་བཅོམ་ཞིང་ཚུར་ལ་གནོད་པས་མི་ཚུགས་པས་དཔའ་བོ་ཞེས་བྱའོ། །ལྷའི་ལྷ་ཞེས་པ་ཡུལ་ལྷ་ལ་སོགས་པ་ཕན་གནོད་བྱེད་པའི་ལྷ་དང་། ལྷ་མགོན་ལ་སོགས་པ་བཏགས་པ་མིང་གི་ལྷ་དང་། ཁམས་གསུམ་གྱི་ལྷ་ཉེར་བདུན་ལ་སོགས་པ་སྐྱེ་བས་ཐོབ་པའི་ལྷ་དང་། ཐེག་པ་འོག་མའི་ས་ལམ་སྦྱོང་བ་མཐར་ཕྱིན་ནས་རང་སའི་འབྲས་བུ་ཐོབ་པ་ནི་རྣམ་པར་དག་པའི་ལྷ་སྟེ། དེ་རྣམས་ལས་ཁྱད་པར་དུ་གྱུར་པའི་ལྷ་ནི་རྡོ་རྗེ་སེམས་དཔའ་སྟེ་དེ་ལ་ཕྱག་འཚལ་བའོ། །གཉིས་པ་གང་གིས་མོས་ན། སློབ་དཔོན་སངས་རྒྱས་གསང་བ་རང་ཉིད་ཀྱིས་འཚལ་བའོ། །གསུམ་པ་ཚུལ་ཇི་ལྟར་མོས་ན། ཕྱག་འཚལ་བྱེད་ཀྱི་མཁན་པོ་སངས་རྒྱས་གསང་བའི་དགོངས་པ་དང་། འཚལ་བྱའི་ཡུལ་རྡོ་རྗེ་སེམས་དཔའི་ཐུགས་གཉིས་སུ་མེད་པར་མཇལ་བ་ནི་མོས་པ་སྟེ། པཉྩ་དྲ་མ་ལས། ཇི་ལྟར་ཆུ་ལ་ཆུ་བླུགས་སམ། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་ངང་གི་ཡེ་ཤེས་གང་། །ལེགས་མཐོང་གང་ཡིན་འདིར་ཕྱག་འཚལ། །ཞེས་པ། ནི་ལྟ་བ་རྟོགས་པའི་ཕྱག་གོ། །སྒོམ་པ་གོམས་པའི་ཕྱག་ནི། ཇི་སྐད་དུ། གང་ཞིག་རྟོག་ནས་འཇུག་པ་ཡི། །འཇུག་པ་གང་ཡིན་འདིར་ཕྱག་འཚལ། །ཞེས་སོ། །སྤྱོད་པ་ཡ་རབ་ཀྱི་ཕྱག་ནི། ཡོ་ག་ལས། ལུས་ཀྱི་ཕྱག་འཚལ་ཡན་ལག་ས་ལ་གཏུག །ངག་གི་ཕྱག་འཚལ་བསྟོད་དེ་ངག་སང་སང་། །ཡིད་ཀྱི་ཕྱག་འཚལ་དགའ་དང་ཡིད་བྲིང་བྲིང་། །སྒོ་གསུམ་དང་བའི་སྒོ་ནས་ཕྱག་འཚལ་ལོ། །ཞེས་སོ། །བཞི་པ་དགོས་ཆེད་ཅིའི་ཕྱིར་མོས་ན་གཉིས་ཏེ། སྔོན་འབྱུང་གི་དགོས་ཆེད་དང་། རྗེས་འཇུག་གིས་ཡི་གེ་རིས་སུ་བཀོད་པའི་དགོས་ཆེད་དོ། །དང་པོ་ལ་བཞི་སྟེ། སྟོན་པ་ལ་དབང་མི་ཟ་ཞིང་རྟོགས་ནས་བརྩམ་དུ་གནང་བའི་བརྡར་བསྟན་པ་དང་། ཆོས་ཉིད་མཉམ་པ་ཉིད་ལ་ཁུང་མི་དབྱུང་ཞིང་ཆོས་ཀྱི་གྲུ་ཚུལ་མི་ཉམས་པ་དང་། ཚོགས་གཉིས་རྫོགས་ཤིང་། སྒྲིབ་གཉིས་བྱང་བས་བར་ཆད་ཀྱི་རྐྱེན་གེགས་ཉེ་བར་ཞི་བ་དང་། བརྩམ་པ་མཐར་བྱུང་བའི་དགོས་ཆེད་ཡོད་དེ། གཉིས་པ་ལ་གཉིས་ཏེ། བདག་ཉིད་ཡ་རབ་ཏུ་ཤེས་པའི་དགོས་ཆེད་དང་། ཉན་བཤད་མཐར་ཕྱིན་པའི་དགོས་ཆེད་ཡོད་དེ། ལྔ་པ་བརྒལ་ལན་ནི། ཕྱག་འཚལ་བའི་ཡུལ་རྒྱལ་བ་རིགས་ལྔ་ལ་ཁྱད་པར་ཡོད་དམ་མེད། ཡོད་ན་སངས་རྒྱས་བཟང་ངན་ཅན་དུ་འགྱུར། མེད་ན་རྡོ་རྗེ་སེམས་དཔའ་ལ་སྒོས་སུ་ཕྱག་འཚལ་བ་འགལ་ལོ་ཞེ་ན། ལན་ནི་སངས་རྒྱས་རིག་ལྔའི་དགོངས་པ་ལ་མཐོ་དམན་དང་བཟང་ངན་མེད་ཀྱང་། གདུལ་བྱའི་མོས་པའི་དབང་གིས་འདིར་ཐུགས་སྒྱུ་འཕྲུལ་དྲྭ་བའི་སྐབས་སུ་འཆད་པའི་སྐྱེས་བུ་དང་། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་ཡིན་པའི་ཕྱིར་ན་ཕྱག་འཚལ་བ་སྟེ། རྒྱས་པ་ལས། རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་ལྷ་དང་ལྷ་མོ་འཁོར། །ཞེས་པ་དང་། དཀྱིལ་འཁོར་གཙོ་བོ་སྐྱེས་བུ་མཆོག །ཅེས་པ་དང་། རྡོ་རྗེ་སེམས་དཔས་བཀའ་བཤད་པའི། །ཞེས་པ་དང་། མི་བསྐྱོད་རྒྱལ་པོ་མདུན་ན་གནས། །ཞེས་སོ། །སློབ་དཔོན་ཉིད་ཀྱི་ཐུགས་དམ་གྱི་གཙོ་བོ་ཡིན་པའི་ཕྱིར་ན་རྡོ་རྗེ་སེམས་དཔའ་ཁོ་ན་ལ་ཕྱག་འཚལ་བ་ཡིན་ཏེ། སྤྱན་འབྱེད་ལས། དམ་པའི་ལྷ་ཕྱིར་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གཉིས་པ་ལོ་རྒྱུས་ལ་བརྟེན་ཏེ་བཤད་པར་དམ་བཅའ་བའོ། །དེ་ལ་གཉིས་ཏེ། ཁུང་བཙུན་ཞིང་ཡིད་ཆེས་པར་བྱ་བའི་ཕྱིར་ལོ་རྒྱུས་དང་། བརྩམ་པ་མི་འགྱུར་བར་བྱ་བའི་ཕྱིན་བཤད་པར་དེ་བཅའ་བའོ། །དང་པོ་ལ་གསུམ་སྟེ། བགྲང་། སྤྱིར་གསང་བདག་གིས་དམ་པའི་རིགས་ཅན་ལྔ་ལ་གསང་སྔགས་གསུངས་པའི་ལོ་རྒྱུས་དང་། དྲང་། ཆོས་རྒྱུད་དྲི་མ་མེད་པ་འདི་དང་པོ་ཇི་ལྟར་བྱུང་བའི་ཚུལ་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། རྒྱལ་བ་རིག་འཛིན་གང་ཟག་གསུམ། །དགོངས་རིག་རྣ་བར་བརྒྱུད་པ་སྟེ། །གང་ལ་ཐུག་གི་བར་དུའོ། །ཞེས་གསུངས་པས་རྒྱལ་བ་དགོངས་པས་བརྒྱུད་པ་ནི། རྒྱལ་བ་ཀུན་ཏུ་བཟང་པོས་རྒྱལ་ཚབ་རིགས་ལྔ་ལ་བརྒྱུད། རིགས་ལྔས་ལྷན་ཅིག་པའི་འཁོར་རིགས་གསུམ་མགོན་པོ་ལ་བརྒྱུད་པའོ། །རིག་འཛིན་རིག་པས་བརྒྱུད་པ་ནི། མི་མ་ཡིན་ལ་བརྒྱུད་པ་དང་། མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པའོ། །དང་པོ་ཐུབ་པའི་དབང་པོ་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་འཇམ་དཔལ་གཞོན་ནུ་མཛེས་པའི་སྐུ་དང་ལྡན་པ་དེས་ལྷ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པའི་ཆོས་བསྟན་ཏེ། ལྷ་གྲགས་ལྡན་ཕྱོགས་སྐྱོང་ལ་བཤད། དེས་རིན་ཆེན་འོད་འབར་ལ། དེས་སྐྱེ་དགུའི་བདག་པོ་ཚངས་པ་ལ། དེས་ཚངས་པ་ཀུན་གྲོལ་ལ། དེས་ཚངས་པ་གཙུག་ཕུད་འཛིན་ལ། དེས་དབང་པོ་བརྒྱ་བྱིན་ལ། དེས་ལྷའི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ། དེ་ལྟར་གྱུར་པའི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་རིག་འཛིན་ཅིང་རྒྱལ་བ་རྣམས་ཀྱི་གདུང་འཚོབ་པར་གྱུར་ཏོ། །སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པ་དེས་ཀླུ་དུག་ཅན་རྣམས་ཀྱི་ལུས་དང་བསམ་པ་མཐུན་པར། ཀླུ་རྒྱལ་གྷྲིརྞ་ནག་པོ་ལ་བཤད། དེས་ཀླུ་མོ་ཁ་འདུལ་མ་ལ། དེས་ཀླུ་ཡིད་འོང་དགའ་བ་ལ། དེས་ཀླུ་འཇོག་པོ་ལ། དེས་ཀླུའི་ཚོམ་བུ་འབུམ་སྡེ་ལ། དེ་ལྟར་ཀླུ་རྣམས་གོང་བཞིན་གྱུར་ཏོ། །ཕྱག་ན་རྡོ་རྗེ་འཇིགས་ཚུལ་བསྡིགས་པའི་སྐུ་དང་ལྡན་པ་དེས། གནོད་སྦྱིན་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར། གནོད་སྦྱིན་གྲགས་ལྡན་མཆོག་སྐྱོང་ལ་བཤད། དེས་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ། དེས་གནོད་སྦྱིན་ལག་ན་རྡོ་རྗེ་ལ། དེས་གནོད་སྦྱིན་སྐར་མདའ་གདོང་ལ། དེས་གནོད་སྦྱིན་ཚོམ་བུ་འབུམ་སྡེ་ལ། དེ་ལྟར་གནོད་སྦྱིན་རྣམས་ཀྱང་གོང་ལྟར་གྱུར་ཏོ། ༢ །མི་དང་མི་མ་ཡིན་པ་གཉིས་ཀ་ལ་གསང་བའི་བདག་པོས་ཆོས་བཤད་ཚུལ་ནི། གཤེགས་ཞེས་པས་གཞིར་བྱས་ཏེ། དེའི་ཁྱད་པར་ལ་ལྔ་ལས། གང་གཤེགས་ན་སྟོན་པ་གསང་བའི་བདག་པོ་སྟེ། དེ་ཡང་གནོད་སྦྱིན་རྣམས་གསང་ཚིག་དང་བཅས་ནས་སྐྱེ་ཤི་དེ་རྣམས་འདུལ་བའི་དེད་དཔོན་དུ་གྱུར་པས་གནོད་སྦྱིན་གསང་བའི་བདག་པོ་དང་། དམ་པའི་མཛོད་གསུམ་ཐོབ་པར་དཀའ་བ། མ་ལུས་པ་ཐོབ་པས་ལམ་རྒྱུད་ལྔ་འཕགས་པར་སྣང་བས་གསང་བའི་བདག་པོ་དང་། རྒྱལ་བའི་སྐུ་གསུང་ཐུགས་ཐོབ་པར་དཀའ་བ། མ་ལུས་པ་ཐོབ་པས་ཐུགས་རྒྱུད་ཡེ་ཤེས་སུ་སྣང་བས་གསང་བའི་བདག་པོ་དང་། གསང་སྔགས་བསྟན་བརྟག་དཀའ་བ་རྣམས་འཆད་པའི་སྐྱེས་བུར་དབང་ཐོབ་པས། སྡུད་པ་པོ་གསང་བའི་བདག་པོ་དང་། དེ་རྣམས་དོན་གྱི་ངོ་བོ་གཅིག་ཀྱང་འདིར་སྡུད་པ་པོ་གསང་བའི་བདག་པོ་སྟེ། རྒྱ་མཚོ་ལས། འཁོར་གྱི་ནང་ནས་སྐལ་ལྡན་མཆོག །འདུལ་བའི་དུས་བབ་གསང་བའི་བདག །ཕྱག་རྒྱ་རྡོ་རྗེས་བསྡུ་བ་མཛད། །ཅེས་པ་དང་། རྡོ་རྗེ་ལས། དཔག་མེད་རྒྱལ་བས་དབང་བསྐུར་བས། །གསང་བའི་བདག་པོ་སྔགས་ཀྱི་མཛོད། །ཅེས་གསུངས་པས་སྟོན་པ་དེ་མངོན་སུམ་དུ་གཤེགས་སོ། །གནས་གང་དུ་གཤེགས་ན། དྲག་ཤུལ་ཅན་རི་བོ་ཆོས་འཛིན་གྱི་སྒྲུབ་གནས་མ་ལ་ཡ་སྟེ། དགོངས་འདུས་ལེའུ་ལྔ་པ་ལས། མི་ཡི་གནས་ཀྱི་འཇིག་རྟེན་ཁམས། གླིང་བཞི་པ་ལས་འཛམ་གླིང་གི། དྲག་ཤུལ་ཅན་ཞེས་བྱ་བའི་རི། གནོད་སྦྱིན་འདུ་བའི་ས་ཡིན་ཏེ། ཆོས་འཛིན་རིགས་ཀྱི་སྒྲུབ་གནས་སུ། ཞེས་པ་དང་། རྒྱུད་བདེ་མཆོག་རྡོ་རྗེའི་ལྕགས་འགྲེལ་ལས། ཟ་ཧོར་ཡུལ་གྱི་ཉེ་འཁོར་ན། །མཐུ་སྟོབས་ཞབས་བཅག་མ་ལ་ཡ། །གནམ་ལྕགས་འབར་བའི་རྩེ་དག་ལ། །ཞེས་པ་དང་། ཡང་དེ་ཉིད་ཀྱི་ལེའུ་ལྔ་པ་ལས། དྲག་ཤུལ་ཅན་ཞེས་བྱ་བའི་རི། །དགོན་པ་ཆེན་པོའི་གནས་འདི་ནི། །ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱིས། །ཐེག་ཆེན་གསང་སྔགས་འབྱུང་བའི་གནས། །ཐོག་མ་ཐ་མའི་དུས་མེད་པར། །དམ་པ་རྣམས་ཀྱིས་བསྔགས་པ་ཡིན། །ཞེས་སོ། །གཤེགས་ནས་བསྟན་པ་ཅི་གསུངས་ན། ལུང་དང་རྒྱུད་ཀྱི་ཆོས་རྣམས་སོ། །འཁོར་གང་གི་དོན་དུ་གཤེགས་ན། ལྷ་བརྒྱ་བྱིན་ཏེ་བློ་གྲོས་མཐའ་ཡས་དང་། ཀླུ་འཇོག་པོ་སྟེ། བློ་གྲོས་རྒྱ་མཚོ་དང་། གནོད་སྦྱིན་སྐར་མདའ་གདོང་སྟེ། བློ་གྲོས་དང་སེལ་དང་། སྲིན་པོ་ལང་ཀ་མགྲིན་བཅུ་སྟེ། བློ་གྲོས་ཐབས་ལྡན་དང་། མི་ལས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་སྟེ། བློ་གྲོས་རབ་ཞིའོ། །དེ་ལྟར་དམ་པའི་རིགས་ཅན་ལྔ་ནི། གང་ཟག་ཟག་མེད་ཀྱི་བདེན་པ་རྟོགས་དམ་ཆོས་ཀྱི་སྐལ་བ་དང་ལྡན་པའི་རིག་པ་འཛིན་པ་འདུས་པ་རྣམས་ཀྱི་དོན་ལ་གཤེགས་པའོ། །དུས་ནམ་གཤེགས་ན། སངས་རྒྱས་ཐུབ་པའི་དབང་པོ་མྱ་ངན་ལས་འདས་ཁར་གསང་སྔགས་ཇི་ལྟར་འབྱུང་བའི་ལུང་བསྟན་པའི་དུས་ཏེ། མདོའི་ཞེ་གསུམ་པ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཇམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །མི་ལས་སྐལ་ལྡན་རིགས་ཅན་དེ། །རྒྱལ་པོ་ཛཿཞེས་བྱ་བ་ལ། །སྔོན་གྱི་ལྟས་རྣམས་སྣང་བར་འགྱུར། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལང་ཀའི་བདག་པོ་ལ་སོགས་ལ། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་གསུངས་པས། སངས་རྒྱས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་དུས་སུ། དམ་པའི་རིགས་ཅན་ལྔ་མ་ལ་ཡའི་རྩེར་ལྷགས་ནས། ཕྱོགས་བཅུའི་སངས་རྒྱས་ལ་གདུང་ཚིག་ཉི་ཤུ་རྩ་གསུམ་གྱིས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས་གསན་ནས་ཐམས་ཅད་ལྕང་ལོ་ཅན་དུ་འདུས་ཏེ་གསང་བདག་ལ་བཀའ་བསྒོ་བ་མཛད་དེ། ཀྱེ་གསང་བའི་བདག་པོ་ལགས། སྔོན་གྱི་གོ་ཆ་ཡལ་ལམ་ཅི། །འཇིག་རྟེན་སྡུག་བསྔལ་མི་ཤེས་སམ། །སྙིང་རྗེས་ས་ལས་ལངས་ནས་ནི། །འཇིག་རྟེན་གདུང་བ་བསལ་བར་རིགས། །གསང་བདག་གིས། ཐོག་མ་ཐ་མ་མེད་པ་ནས། །བསྐུལ་བའི་དུས་ནི་ནམ་བྱུང་བར། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་ཞལ་གྱི་བཞེས་ནས་དམ་པའི་རིགས་ཅན་ལྔ་ལ་རྒྱུད་དང་ལུང་གི་ཆོས་རྣམས་གསུངས་སོ། །ཁྱད་པར་རྒྱལ་པོ་ཛཿལ་གསང་སྔགས་བབས་ཤིང་གྲུབ་པའི་ལོ་རྒྱུས་དང་། དྲང་། གང་ཟག་སྙན་བརྒྱུད་ནི། ཟ་ཧོར་གྱི་ཡུལ་ཨ་པརྟ་མུརྟའི་རྒྱལ་པོ་ཨུ་ཏ་ཛྙཱ་ན་ཞེས་བྱ་བའི་རྒྱལ་བུ་ཛཿཞེས་བྱ་བ་གསང་སྔགས་ཀྱི་རིགས་ཅན་དེ་ལ། མ་ལ་ཡར་གསང་བདག་གིས་དམ་པའི་རིགས་ཅན་ལྔ་ལ་གསང་སྔགས་གསུངས་པའི་བྱིན་རླབས་རྒྱལ་བུ་ཛཿལ་རྨི་ལྟས་སུ་ཤར་བ་ནི་འདི་ལྟ་སྟེ། རི་དེའི་ཤར་ལྷོར་ངོས་ཀྱི་ལོག་ལ་ཀྲི་ཡཾ་ཨ་སུ་ར་ཏ་ཞེས་བྱ་བའི་བྲག་ཕུག་ཐོག་སོ་རིམ་གསུམ་དང་ལྡན་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པའི་གནས་སུ་རྒྱལ་བུ་ཛས་གསང་སྔགས་ཕྱི་རྒྱུད་ལ། བསྒྲུབ་པ་མཛད་ཅིང་བཞུགས་པའི་དུས་སུ། རྨི་ལྟས་བདུན་ལས་དང་པོ་ནི། ཕྱག་ན་རྡོ་རྗེ་མདུན་གྱི་ནམ་མཁའ་ལ་བྱོན་ཏེ། སྐུའི་གནས་ནས་འོད་ཟེར་སྤྲོས་པས། གདུལ་བྱ་རྣམས་ཀྱི་རྟོག་སྒྲིབ་སྦྱངས། གསུང་གི་གནས་ནས་བསྟན་པ་དང་ཐེག་པའི་སྒྲ་བསྒྲགས་པས། གདུལ་བྱ་རྣམས་ཀྱིས་གོ་བར་གྱུར། ཐུགས་ཀྱི་གནས་ནས་རྡོ་རྗེ་འོད་འབར་བ་བྱུང་ནས་རྒྱལ་པོའི་ཐུགས་ཀར་ཐིམ། སྤྱི་བོའི་གཙུག་ནས་ཉི་མ་བྱུང་བས་རྒྱལ་པོའི་སྤྱི་གཙུག་ཏུ་ཐིམ་པ་རྨི་བ་སྟེ། ལུང་བསྟན་རྡོ་རྗེ་ལས། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །ཞེས་སོ། །རྨི་ལྟས་དེ་ནི་བག་ཆགས་སྒྲིབ་པ་ཐམས་ཅད་བྱང་བའི་ལྟས་སོ། །གཉིས་པ་ནི། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཉི་མ་དང་ཟླ་བ་ལ་བཅིབས་ནས་ཕྱག་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བསྣམས་ནས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་རྨིས་ཏེ། དེ་ཉིད་ལས། ཆོས་ཀྱི་བསྒྲོ་བ་མཛད་པ་དང་། །ཞེས་སོ། །དེ་ནི་ཆོས་ལ་དབང་ཐོབ་པའི་ལྟས་སོ། །གསུམ་པ་ནི། ནམ་མཁའ་ལ་སྤྲིན་གསེར་གྱི་མདོག་ཅན་ཆགས། སྣང་སྲིད་གསལ་བའི་གློག་འགྱུ། ཆོ་འཕྲུལ་གྱི་འབྲུག་སྒྲ་དམ་པ་ཆོས་ཀྱི་སྒྲ་འུར་ཏིར་ཏིར་སྒྲོག་པ་རྨིས་ཏེ། དེ་ཡང་། ཆོས་སྒྲ་ཆེན་པོ་སྒྲོགས་པ་དང་། །ཞེས་སོ། །དེ་ནི་ཐུགས་རྗེས་འགྲོ་བ་ལ་ཆོས་ཀྱི་ཆར་ཆེན་པོ་འབེབ་པའི་ལྟས་སོ། །བཞི་པ་ནི། ནམ་མཁའི་སྤྲིན་གསེབ་ནས་བདུད་རྩིའི་ཆུ་རྒྱུན་བབ་སྟེ་ས་ཕྱོགས་ཐམས་ཅད་ཆག་ཆག་གདབ། གདུལ་བྱ་ཐམས་ཅད་ཀྱི་རྟོག་སྒྲིབ་སྦྱངས་ནས། ཀུན་ཀྱང་རྡོ་རྗེ་རྣལ་འབྱོར་ཞེས་གསང་སྔགས་ཀྱི་སྒྲ་དི་རི་རི་གྲགས་པ་རྨིས་ཏེ། དེ་ཡང་། བདུད་རྩིའི་ཆར་དུ་བབ་པ་དང་། །ཞེས་སོ། །དེ་ནི་འགྲོ་བ་ཀུན་གྱིས་གསང་སྔགས་ཀྱི་དོན་རྟོགས་པའི་ལྟས་སོ། །ལྔ་པ་ནི། ནམ་མཁའི་སྤྲིན་གསེབ་ནས་རིན་པོ་ཆེའི་སྒྲོམ་གྱི་ནང་ནས་རིན་པོ་ཆེ་མཐིང་གི་ཤོག་བུ་ལ་གསེར་གྱིས་རྒྱ་རང་མནན་དུ་བྲིས་པའི་པོ་ཏི་དང་གླེགས་བམ་སྐར་མདའ་ས་ལ་བབས་པ་ཙམ་དུ་ལྷུང་བ་རྨིས་ཏེ། དེ་ཡང་། རིན་ཆེན་ཆར་དུ་བབས་པ་དང་། །ཞེས་སོ། །དེ་ནི་གླེགས་བམ་བབས་པའམ་ཆོས་ཀྱི་རྒྱལ་པོར་དབང་སྐུར་པའི་ལྟས་སོ། །དྲུག་པ་ནི། པོ་ཏི་གླེགས་བམ་དེ་རྣམས་ལ། རིག་འཛིན་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལ་ལས་ནི་མཆོད་པ་འབུལ། ལ་ལས་ནི་བསྐོར་བ་བྱེད། ལ་ལས་ནི་བསྟོད་པ་བྱེད་པའི་སྒྲ་སྒྲོགས་པ་རྨིས་ཏེ། དེ་ཡང་པཱུ་རྩ་ཆེན་པོ་བྱས་པ་དང་། ཞེས་སོ། །དེ་ནི་གསང་སྔགས་ཀྱི་ཆེ་བ་བཏོན་པའི་ལྟས་སོ། །བདུན་པ་ནི། ནམ་མཁའི་མཐོང་ནས་གཟུགས་སུ་མ་གྲུབ་པའི་ལུང་བསྟན་པའི་སྒྲ། ལས་དང་སྐལ་བར་རབ་ལྡན་ནས། །བསོད་ནམས་ཆེན་པོའི་དྲ་མ་ཁྱོད། །སྤྲུལ་པས་ཇི་ལྟར་ལུང་བསྟན་ཞིང་། །རྒྱལ་བ་འབྱུང་བར་ལུང་བསྟན་པའི། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་སྒྲོགས་པར་བྱའོ། །ཞེས་གསུངས་ཏེ། དེ་ཡང་སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་སོ། །ལྟས་དེ་ནི་གསང་བ་དམ་པ་རྒྱ་ཆེར་སྒྲོག་པའི་ལྟས་པའི་ལྟས་སོ། །དེར་རྒྱལ་པོ་མནལ་སད་དེ་མཁར་གྱི་ཡང་ཐོགས་སུ་སྐུ་འཆགས་སུ་བྱོན་པས། གསང་བདག་ཕྱག་ན་རྡོ་རྗེའི་སྐུ་རིན་པོ་ཆེ་སྨུག་པོ་ལས་གྲུབ་པ་གྲུ་གང་བ་གཅིག་བཞུགས་ཀྱིན་གདའ། དེ་ལ་ཕྱག་གསུམ་འཚལ། བསྐོར་བ་ལན་གསུམ་བྱས། ཞབས་སྤྱི་བོའི་གཙུག་ཏུ་བླངས་ཏེ། ཨེ་མ་ངོ་མཚར་མཆོག་གི་སྐུ། །འདྲེན་པ་མཆོག་གི་དཔལ་ལགས་གང་། །མོས་པའི་ཡིད་ཀྱི་ལྷ་མཆོག་ཁྱོད། །སྔོན་ཚེ་གོང་ནས་བསྒྲུབས་པ་ཡི། །ལས་ཀྱི་འབྲེལ་བའི་ལྷ་མཆོག་ཁྱོད། །བསྐལ་པ་བརྒྱར་ཡང་མི་གཏོང་ངོ་། །གསུངས་ཏེ་ཡིད་དམ་གྱི་ལྷར་བཟུང་ནས་ཟླ་བ་བདུན་དུ་བསྒྲུབ་པ་མཛད་པས། པོ་ཏི་དང་གླེགས་བམ། རྣམས་མངོན་སུམ་དུ་བབ་ཅིང་། དེ་ཡང་གསུང་གི་བྱིན་རླབས་དཔེ་ཆར་སྣང་བ་ཡིན་ནོ། །རྒྱལ་པོའི་ལས་སྨོན་དང་། སངས་རྒྱས་ཀྱི་ཐུགས་རྗེའི་ཕྲིན་ལས་གཉིས་འབྲེལ་བའི་སྟོབས་ཀྱིས་སྣང་བའི་གླེགས་བམ་རྣམས་ལ་མངོན་སུམ་དུ་ཤེས་རབ་ཀྱིས་བརྟག་པས། དེའི་ནང་ནས་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་བསྒྲུབ་པའི་ལེའུ་མདུན་དུ་མངོན་སུམ་དུ་རྟོགས་ཏེ། ཐུགས་ཀྱི་སྒྲུབ་པ་དེ་ཉིད་ཀྱི་སྒོ་ནས་ཟླ་བ་བདུན་དུ་བསྒྲུབ་པས་རྡོ་རྗེ་སེམས་དཔའ་དེ་ཉིད་དངོས་སུ་གྲུབ་ནས། མདུན་གྱི་ནམ་མཁའ་ལ་བྱོན་ཏེ། ཞལ་བསྟན་ནས་རིགས་ཀྱི་བུ་དངོས་གྲུབ་ཅི་འདོད་གསུངས་པ་ལ། གླེགས་བམ་འདི་དག་རྟོགས་པར་འཚལ་ལོ། །ཞེས་ཞུས་པས། རིགས་ཀྱི་བུ་རང་གི་ཕུང་པོ་སྦྱོངས་ཤིག་མ་འོངས་པའི་དུས་ན་གསང་བའི་བདག་པོས་ལུང་བསྟན་པར་འགྱུར་རོ་ཞེས་གསུངས་ནས་མི་སྣང་བར་གཤེགས་སོ། །ཡང་ཟླ་བ་བདུན་དུ་གསང་བདག་བསྒྲུབ་པས་འགྲུབ་སྟེ། གསང་བདག་དངོས་སུ་བྱོན་ཏེ་རྡོ་རྗེ་ལན་གསུམ་བསོར་ནས། རྣམ་བཀོད་ལས། སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང་། །དགེ་བས་བསྐུར་ན་སྡིག་པ་མེད་ཅེས་གསུངས་པས་དོན་གྱི་དབང་ཐོབ་ནས་ཟག་མེད་ཀྱི་རིག་འཛིན་གྲུབ་བོ། །ཚིག་གི་བསྟན་པ་ལི་ཙ་བྱི་ལ་ཞུས་ཤིག་པར་ལུང་བསྟན་ཏོ། །སྔར་ལུང་བསྟན་ཏེ་སྨོན་པའི་ལྷ་ཕྱག་ན་རྡོ་རྗེ་ཡང་ཟླ་བ་བདུན་གྱི་རྗེས་དེ་རུ་ཞལ་མངོན་སུམ་དུ་མཇལ་ཏེ། སྔར་རྒྱལ་བས་ལུང་བསྟན་པའི་དངོས་གྲུབ་དམ་པ་དུས། དེ་ནས་ཐོབ་ཅིང་། དེ་ལྟར་དོན་དམ་རྟོགས་པའི་བཅུད་ཀྱི་དམ་པ་དེ་ནས་རིག་པའི་ཡེ་ཤེས་ཉིད་རྒྱས་ཏེ། གླེགས་བམ་ཐམས་ཅད་ཤེས་པར་འདོད་པའི་བསམ་པའང་དུས་དེ་རུ་འགྲུབ་སྟེ། བསྟན་པ་ཐ་དག་གི་དོན་ཇི་བཞིན་ཁོང་དུ་ཆུད་པར་གྱུར་ཏོ། །གསུམ་པ་རིམ་པར་ཚོགས་བསྒྲུབ་ཅིང་། གྲུབ་པའི་ལོ་རྒྱུས་དང་། དྲང་། རྒྱལ་པོ་གླེགས་བམ་ཀྱི་དོན་རྟོགས་ཤིང་གྲུབ་པའི་རྗེས་ཐོག་དེ་ནས་འཛམ་བུའི་གླིང་ནི་གང་ལ་འབྲས་བུ་མངར་པོ་དག་ཡོད་པའི་ཤིང་འཛམ་བུ། ཞེས་བྱ་བར་གྲུབ་སྟེ། དེའི་ཕྱིར་འཛམ་བུའི་གླིང་ཞེས་བྱ་བར་གྲགས་སོ། །ཡང་དབྱིག་གཉེན་གྱི་མཛོད་འགྲེལ་ལས། དེའི་འབྲས་བུའི་དབང་གིས་འཛམ་གླིང་ཞེས་བྱ་བ་གྲགས་སོ། །རྒྱ་གར་གྱི་ཡུལ་དབུས་སུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པས་རྡོ་རྗེ་ལྟ་བུས་ཏིང་ངེ་འཛིན་བསྒོམས་པའི་གདན་སྟེང་ཞེས་བྱ་སྟེ། དེ་ཉིད་ལས། དེའི་དབུས་སུ་གསེར་གྱི་ས་གཞི་ལ། །གང་དུ་བྱང་ཆུབ་སེམས་དཔའ་བཞུགས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་པར་མཛད་པས་རྡོ་རྗེའི་གདན་མངོན་པར་གྲུབ་སྟེ། དེའི་ལུས་སེམས་ས་ཕྱོགས་གཞན་གྱིས་བཟོད་པར་མི་ནུས་སོ། །ཞེས་གསུངས་སོ། །དེ་ལྟར་རྡོ་རྗེ་གདན་སྟེང་གི་ཤར་གྱི་ཕྱོོགས་སུ་ཟ་ཧོར་གྱི་ཡུལ་ཡོད་ལ། དེའི་བྱང་ཤར་ན་མ་ལ་ཡ་ཡོད་ལ། དེའི་ཤར་ལྷོ་མཚམས་ཀྱི་ངོས་ལ་ཨ་སུ་རའི་བྲག་ཕུག་ཡོད་དེ། གནས་དེ་ནི་སངས་རྒྱས་ཀུན་གྱི་ཞབས་ཀྱིས་བཅགས་ཤིང་རིག་འཛིན་རྣམས་ཀྱིས་གྲུབ་པའི་ཕོ་བྲང་གཞན་ལས་ཁྱད་པར་དུ་གྱུར་པས་དམ་པ་དེའི་སྒོ་ཟླ་གམ་ལ་ངོ་མཚར་གྱི་རི་མོ་རང་བྱུང་བ་ཕུག་རིན་ཆེན་ཟུར་བརྒྱད་དམ། སྣ་བདུན་ལ་ཉི་ཟླའི་རི་མོ་རང་བྱུང་བ་ནང་དུ་བཀྲ་ཤིས་པའི་རྫས་བརྒྱད་ལ་སོགས་པ་ངོ་མཚར་ཅན་མང་པོ་རང་བྱུང་བ། སྔར་གྲུབ་པ་ཐོབ་པའི་གནས་མཆོག་དམ་པ་གསང་སྔགས་བསྒྲུབ་པའི་ཁང་བུ་སྟེ། ལྕགས་འགྲེལ་ལས། རྩེ་ན་རྩལ་གྱི་རྒྱལ་པོ་གནས། །ངོས་ན་བྲག་དཀར་ཁྱིའུ་ཚུགས་པ། །སེང་གེ་གནམ་དུ་མཆོང་འདྲས་བརྒྱན། །རྩི་སྨན་ཙ་ར་ཚང་བར་འཁྲུངས། །འདུ་བའི་ནད་ཀྱིས་ཡང་མི་ཚུག །སྤྱི་བོར་ཀ་ལན་ཏ་ཀ་ཡི། །མི་གཉིས་གཅིག་པུར་གནས་པའི་སྒྲ། །མཛོད་ལྡན་དེ་ཡིས་ཚངས་བཅས་ཤིང་། །སྐལ་ལྡན་རྣམས་ཀྱི་བགྲོད་པར་སླ། །སྐལ་མེད་རྣམས་ཀྱིས་ཡང་མི་ཐར། །ཞེས་གསུངས་པས། གནས་དེ་རུ་སྒྲུབ་པ་པོ་ནི། དགེ་སློང་ཀུ་ཀུ་ར་ཙ ས་སྒྲུབ་དཔོན་བྱས་པས་འཁོར་ཚོམ་བུ་འབུམ་དང་། རྒྱལ་པོ་ཨིནྡྲ་བྷུ་ཏིས་ཚོམ་བུ་ཁྲི་དང་། སིང་ཧ་ར་ཙས་ཚོམ་བུ་སྟོང་དང་། ཨུ་པ་ར་ཛས་ཚོམ་བུ་བརྒྱ་དང་། སྲས་མོ་གོ་མས་ཚོམ་བུ་ལྔ་བཅུ་དང་བཅས་པ་ལ་སོགས་པའི་ཁོང་རོ་ལང་བདེ་བ་དང་། ཧཱུྃ་ཀ་ར་ལ་སོགས་སྡུད་དོ། །འོ་ན་ཞི་ཁྲོའི་ཚོམ་བུ་གཅིག་གསུམ་ལྔ་པའི་ལྷ་གྲངས་དང་མི་གྲངས་སྤྲད་ནས་བསྒྲུབ་པ་དང་འགལ་ཞེ་ན། དང་པོར་རང་དོན་དུ་ཞི་ཁྲོའི་ཚོམ་བུ་གང་ཡིན་གྱི་ལྷ་གྲངས་མི་གྲངས་སྤྲད་ནས་བསྒྲུབ་པས་ཟག་མེད་རིག་འཛིན་གྱི་སར་གཤེགས་པ་ཡིན་ལ། ཕྱིས་གཞན་གྱི་དོན་དུ་སྒྲུབ་དཔོན་ཡང་ཡང་བྱས་པའི་བྱིན་རླབས་དེས་འཁོར་ཚོམ་བུ་འབུམ་དང་ཁྲི་ལ་སོགས་པ་རྣམས་ཀྱང་ཚེ་གཅིག་ལ་སངས་རྒྱས་ཀྱི་ས་ལ་གཤེགས་པ། ཡིན་པས་འགལ་བ་མེད་དོ། །ཚུལ་ཇི་ལྟར་དུ་བསྒྲུབ་ན། སྒྱུར་འཕྲུལ་དྲ་བ་སྟེ་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བའི་ཞི་ཁྲོའི་དཀྱིལ་འཁོར་དུ་དབང་མཆོག་བཅོ་བརྒྱད་ལ་སོགས་པ་རྣམས་རྫོགས་པར་ཐོབ་ནས། ཐོས་བསམ་གྱིས་ཟག་བཅས་ཀྱི་ལྟ་སྒོམ་མཐར་ཕྱིན་ནས་སྦྱོར་ལམ་དུ་ཞི་ཁྲོའི་ཚོམ་བུ་ཚོགས་དཀྱིལ་འཁོར་གཅིག་གསུམ་ལྔ་པ་གང་རུང་མངོན་སུམ་དུ་བསྒྲུབས་ཏེ། དེ་ལྟར་བསྒྲུབས་པས་གནས་སྐབས་ཀྱི་འབྲས་བུ་ཟག་མེད་ཀྱི་རིག་འཛིན་དང་། མཐར་ཐུག་གི་འབྲས་བུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སངས་རྒྱས་ཀྱི་སར་མངོན་སུམ་དུ་ཚེ་གཅིག་ལུས་གཅིག་ལ་གཤེགས་ནས་སངས་རྒྱས་པའོ། །གཉིས་པ་བརྩམ་པ་མི་འགྱུར་བར་བྱ་བའི་ཕྱིར་བཤད་པར་དམ་བཅའ་བ་དང་། དྲང་། འདི་ལ་ཡང་དགོས་པའི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་དང་གསུམ་མོ། །དང་པོ་ནི། དམ་བཅའ་ཉམས་ན་སྐྱེས་བུ་དམ་པར་མི་འགྱུར་བ། དེས་ན་བརྩམས་པ་མྱུར་དུ་རྫོགས་པ་དང་། མགོ་འོག་ཏུ་ལུས་ཚུད་པ་དང་། བརྩོན་འགྲུས་ཀྱིས་བསྐུལ་མར། འགྱུར་བའི་དགོས་པ་ཡོད་པའོ། །འགྲེལ་བ་ཚིག་གསལ་ལས། གཞན་དོན་བརྩམ་པ་ཅན་རྣམས་སྲོག་ཕྱིར་ཡང་། །རང་གི་ནུས་པ་ལྷོད་པར་མི་བྱ་སྟེ། །སྐྱེས་བུ་དམ་པས་ཁུར་ལྕི་ཁུར་བ་དག །ཉམས་ངའི་ལམ་དུ་ནམ་ཡང་འདོར་མི་བྱ། །ཞེས་སོ། །གཉིས་པ་བསྡུས་པའི་དོན་ལ་བདུན་ཏེ། གང་གིས་བསྟན། གང་གི་དོན་དུ་བསྟན། གང་ནས་བསྡུས་ཏེ་བསྟན། གང་བསྟན། ཚུལ་ཇི་ལྟར་དུ་བསྟན། དུས་གང་གི་ཚེ་བསྟན། དགོས་ཆེད་ཅིའི་ཕྱིར་བསྟན་པའོ། །གསུམ་པ་ཚིག་གི་དོན་ནི། གང་གིས་བསྟན་ན། སངས་རྒྱས་ཐུབ་པའི་དབང་པོ་འདས་ནས་གསང་བའི་བདག་པོས་དམ་པའི་རིགས་ཅན་ལྔ་ལ་བཤད་པས། དང་པོ་ཁུང་བཙུན། དེ་ནས་ཀུ་ཀུ་ར་ཙ་ལ་སོགས་པས་ཚོམ་བུ་ཚོགས་བསྒྲུབ་སྟེ་རིག་འཛིན་ཐོབ་པས་བར་དུ་གྲོགས་བཟང་དེའི་དོན་ཉམས་སུ་བླངས་ནས་འཁོར་བའི་སྡུག་བསྔལ། དགྲོལ་བས་ཐ་མར་སྐྱབས་ཆེ་ལ་སོགས་པའི་རྒྱུ་མཚན་གསུམ་དང་། ཡོན་ཏན་མཐའ་ཡས་འདུག་པ་དེ་ལྟ་བུའི་ཕྱིར་བདག་ལྟ་བུ་ལ། སྤང་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་མེད་ཀྱང་། སངས་རྒྱས་གསང་བའི་མཚན་ཐོབ་པ་ངས་བསྟན་པར་བྱའོ་ཞེས་ཁེངས་བསྐྱུང་བའི་ཚུལ་ལོ། །གང་གིས་དོན་དུ་བསྟན་ན། དམ་པ་ནི་གསུམ་ལས། ཤེས་བྱ་དམ་པ་དངོས་པོའི་གནས་ལུགས་གཉིས་མེད་སྤྱོད་ཡུལ་དང་བྲལ་བའོ། །ཤེས་བྱེད་དམ་པ་ནི། དེའི་དོན་ཕྱིན་ཅི་མ་ལོག་པར་གོ་རྟོགས་ནུས་པའི་ཤེས་རབ་སྟེ་གདུལ་བྱའི་སྣང་བའོ། །ཤེས་པ་དམ་པ་ནི། ཅི་ལྟ་བ་བཞིན་ནར་སོན་པ་སྟེ། དེ་རྗོགས་པའི་སངས་རྒྱས་སོ། །དེ་ལྟར་གསུམ་ལས། འདི་ནི་ཤེས་བྱེད་དམ་པའོ། །འི་ནི་འབྲེལ་བ་སྟོན་པའི་སྒྲའོ། །དམ་པ་གསང་སྔགས་ཀྱི་རིགས་ཅན་ཏེ། དེའི་ནང་ནས་དྲ་མ་ནི་རྣལ་འབྱོར་ཆེན་པོ་ཉིད་ཀྱི་རིགས་ཅན་ཏེ། སློབ་དཔོན་ཉིད་ཀྱིས་དངོས་འཁོར་རྒྱ་གར་ན་སྒེག་པའི་རྡོ་རྗེ་ལ་སོགས་པ་དང་། བོད་ལ་བྲན་ཀ་མུ་ཏི་དང་། སྦས་མཉྫུ་ཤྲྀ་ལ་སོགས་པའོ། །དངོས་འཁོར་དེ་དག་གི་རྗེས་སུ་འཇུག་པའི་མ་འོངས་པའི་གང་ཟག་གསང་སྔགས་ཀྱི་ལས་འཕྲོ་སྐལ་བ་དང་ལྡན་པ་གསང་བ་སྒྱུ་འཕྲུལ་ལ་མོས་པ་རྣམས་ཀྱི་དོན་གྱི་ཕྱིར་བསྟན་པར་བྱའོ། །གང་ནས་བཏུས་ཏེ་བསྟན་ན། སྒྱུ་འཕྲུལ་དྲ་བའི་ལེའུ་སྟོང་ཕྲག་བརྒྱ་པའི་རྒྱུད་ཆེན་པོ་དག་ལས་བཏུས་དེ་བསྟན་པའོ། །གང་བསྟན་ན། རྩ་རྒྱུད་ལས། འདས་དང་ད་ལྟར་འབྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །བསྙེན་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །ཞེས་པས། སྔར་འདས་པའི་རྒྱལ་བ་དང་ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་གཤེགས་ཤུལ་དུ་གྱུར་ཅིང་འབྱུང་དང་མ་འོངས་ཐམས་ཅད་ཀུན་འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར་ཞེས་པས། མ་འོངས་པའི་རྣལ་འབྱོར་ཀུན་གྱི་ལམ་དུ་གྱུར་པ་སྟེ། ལམ་དེ་ཡང་ཐེག་པ་འོག་མའི་ལམ་ལས་ཁྱད་པར་གསུམ་གྱིས་འཕགས་པས་ན། མཆོག་ཅེས་བྱ་སྟེ། གསུམ་གང་ཞེ་ན། བསྐལ་པ་གྲངས་མེད་གསུམ་དུ་བསྒྲུབ་མི་དགོས་ཏེ། ཚེ་གཅིག་གིས་འབྲས་བུ་ཐོབ་པའི་ཉེ་བའི་ཕྱིར་དང་། སྤྱོད་པའི་སྒོ་ཡངས་ཤིང་ངང་གིས་རྩོལ་བ་དང་བྲལ་བས་བདེ་བའི་ཕྱིར་དང་། འོག་མའི་ལམ་འདིའི་སྔོན་དུ་སོང་བས་རྫོགས་པའི་ཕྱིར་མཆོག་ཅེས་བྱའོ། །དེ་ཡང་ཐབས་ཞགས་ལས། ལམ་གྱི་ནང་ནས་ཉེ་ལམ་བདེ་རྫོགས་པའི། །ཐབས་ཀྱི་ནང་ནས་མ་ནོར་དམ་པ་ནི། །ཞེས་སོ། །འདི་ཞེས་པ་ཉེ་བར་མངོན་སུམ་དུ་མཚོན་པའི་ཚིག་སྟེ། གསང་སྔགས་ཀྱི་སྙིང་པོ་གཞི་ལམ་འབྲས་བུ་དང་བཅས་པའི་ཆོས་འདིར་བསྟན་པར་བྱའོ། །ཚུལ་ཇི་ལྟར་དུ་བསྟན་ན། འདིར་ཉམས་སུ་ལེན་བདེ་བར་བྱ་བའི་དོན་དུ། རྒྱུད་སྡེ་དག་ནས་འཐོར་བ་ཕྱོགས་གཅིག་ཏུ་བསྡུས་ལ་འཁྲུགས་པ་གོ་རིམ་དུ་བསྡེབ་ཅིང་མང་བ་ཉུང་ངུར་བསྡུས་ནས་ཟབ་པའི་དོན་རྒྱས་པར་བཀྲོལ་ཏེ་བསྟན་པའོ། །དུས་གང་གི་ཚེ་བསྟན་ན། སྙིགས་མ་ནི། སྤར་ཁབ་ལས། དུས་དང་། སེམས་ཅན་དང་། ཚེ་དང་། ལས་དང་། ཉོན་མོངས་པ་རྣམས་ཐ་མའི་ཕྱིར་སྙིགས་མའོ། །ཞེས་པས། དེའི་ཚེ་ཉོན་མོངས་པ་རྒྱུད་དྲག་སྟེ། གཉེན་པོས་སྤང་སྤྱོད་ལ་སོགས་དུས་ཀྱིས་མི་ཐུལ་བའི་ཚེ་གསང་སྔགས་ཀྱི་ལམ་གྱི་ཁྱད་པར་ཅན་འདི་བསྟན་པར་བྱ། ཞེས་པའོ། །དགོས་ཆེད་ཅིའི་ཕྱིར་བསྟན་ན། སྙིགས་མ་ལྔ་ཡི་དུས་དེར་གསང་སྔགས་ཀྱི་ཉེ་ལམ་ཉོན་མོངས་པ་དབང་དུ་བྱེད་པའི་ཐབས་ཀྱིས་གདུལ་བྱ་འདུལ་བའི་དགོས་ཆེད་ཡོད་པའི་ཕྱིར་བསྟན་པར་བྱའོ། ༧ །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། བརྒྱུད་པའི་མན་ངག་མེད་ན་རང་ཉམས་ཀྱིས་མི་རྟོགས་པས་རྒྱུད་པའི་མན་ངག་དང་ལྡན་པའི་བླ་མ་བསྟེན་དགོས་པར་བསྟན་པ་དང་། མན་ངག་མི་ཉམས་པར་བྱ་བའི་ཕྱིར་སྣོད་བརྟག་ཅིང་སྦྱིན་མི་སྦྱིན་གྱི་དམིགས་བསྟན་པ་དང་། སྣོད་ལྡན་ལ་སྦྱིན་པའི་མན་ངག་རང་གི་ངོ་བོ་བསྟན་པའོ། །དང་པོ་ལ་གཉིས་ཏེ། བགྲངས། དེས་ན་རང་ཉམས་ཀྱིས་མིང་རྟོགས་པས་གཞན་སེལ་གྱི་དཔེ་དོན་བསྟན་པ་དང་དྲང་། སྤྱན་བཟང་ཞེས་པ་ལོང་བ་ལ་བྱ་སྟེ། སཾ་ཀྲི་ཏའི་སྐད་དུ། ཨུ་ལུ་ཏྲི་ཤ་ཀ །བོད་སྐད་དུ། མིག་ལོང་བ། རྐང་པ་ཞ་བ་འདུ་ཤེས་ཆུང་བ་གསུམ་གྱི་སྒྲ་འཇུག་གོ། །དེ་གར་ཡང་འགྲོ་བའི་ནུས་མཐུ་མེད་པའི་མིག་བུ་སྟེ། ལམ་མཁན་ལོང་ཁྲིད་དང་བྲལ་བའི་དབང་གིས་འགྲོ་ཉམས་མེད་དེ་ལམ་སྟོར་བས་གོམས་པས་བགྲོད་ཅིང་རང་གི་འདོད་པའི་གནས་སུ་ཕྱིན་པར་མི་ནུས་པ་བཞིན་དུ། དོན་རག་ཆོད་ཙམ་གྱིས་བློ་ཙིང་པོ་ཤེས་རབ་གསུམ་གྱིས་རྒྱུད་མ་སྦྱངས་ཤིང་མ་དུལ་བས་དམུ་རྒོད། བླ་མའི་མན་ངག་ལ་མ་བརྟེན་པར་རང་བཟོའི་ཉམས་ཀྱིས་རང་བཞིན་གསང་བའི་སྙིང་པོའི་དོན་རྟོགས་ཤིང་འབྲས་བུ་མཐར་ཕྱིན་པར་མི་འགྱུར་ཏེ། དཔེར་ན་བུལ་ཤིང་སྟེ་ཐང་ཤིང་སྨུག་པོ་ལ་གནས་སྐབས་ཀྱི་མེ་ཏོག་དང་མཐར་ཐུག་གི་འབྲས་བུ་ཤིང་ཐོག་གཉིས་ཀ་མི་འབྱུང་བ་བཞིན་དུ། རང་ཉམས་ཀྱིས་བསྒྲོད་པས་གནས་སྐབས་ཀྱི་འབྲས་བུ་དང་མཐར་ཐུག་གི་འབྲས་བུ་གཉིས་ཀ་འབྱུང་བར་མི་འགྱུར་རོ། །གཉིས་པ་བརྒྱུད་པའི་མན་ངག་དང་ལྡན་པའི་བླ་མ་བསྟེན་དགོས་པའི་དོན་གཉེར་དེ་ལ་གཉིས་ཏེ། བགྲང་། དང་པོ་བླ་མ་བཀུར་བའི་ཐབས་དང་། དྲང་། རང་ཉམས་ཀྱིས་མི་རྟོགས་པའི་སྐྱོན་འདུག་པ་དེ་བས་ན་བླ་མ་རྡོ་རྗེ་སློབ་དཔོན་ལ་བསྙེན་བཀུར་དམ་པ་ལ་ལུང་རྣམས་ནས་བྱུང་བ་བཞིན་དུ་བཀུར་བར་བྱ་སྟེ། དེ་ལ་བསྐུར་ཚུལ་ལུང་ལ་གསུམ་སྟེ། གསང་བ་འདུས་པ་ལས། བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་བླ་མ་སངས་རྒྱས་དང་མཉམ་པར་བལྟས་ཏེ་བཀུར་བ་དང་། བླ་མ་ལྔ་བཅུ་པ་ལས། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བལྟའོ། །ཞེས་བླ་མ་དང་སངས་རྒྱས་ཐ་དད་མེད་པར་བལྟ་སྟེ་བཀུར་བ་དང་། དགོངས་འདུས་ལས། བསྐལ་པ་འབུམ་གྱི་སངས་རྒྱས་བས། །བླ་མ་གཉན་པར་ཤེས་པར་བྱ། །ཞེས་གསུངས་པས། སངས་རྒྱས་བས་བླ་མ་གཉན་པ་སྟེ་ལྷག་པར་བལྟས་ཏེ་བསྐུར་བའོ། །སློབ་དཔོན་གྱིས་སློབ་བུའི་སྣོད་བརྟག་པར་བྱ་བའི་ཕྱིར་དུ་སྤྱོ་བ་བྱས་པ་དང་། མཚང་འབྲུ་བ་དང་ཞེ་གཅོད་པའི་ཚིག་རྩུབ་ཅི་བྱུང་ཡང་བཟོད་པར་བྱས་ཏེ་ཅིའི་ཕྱིར་བཟོད་ཞེ་ན། ཆོས་ཀྱི་ཕྱིར་འཇིག་རྟེན་མཐོང་བའི་ཚེ་འདིའི་སྡུག་བསྔལ་གྱིས་ལུས་སེམས་ལ་གདུང་བ་ཅི་བྱུང་ཡང་ཁུར་དུ་མི་བལྟ་སྟེ་བླ་མས་མན་ངག་ནང་ནས་སྡུག་བསྔལ་དེ་ཀུན་ཡུལ་གྱི་དོན་སྲིད་དུ་བདེ་བ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་བཟོད་པར་བྱའོ། །གཉིས་པ་བཀུར་བའི་ཡོན་ཏན་ལ་གཉིས་ཏེ། བགྲང་། དང་པོ་བླ་མ་བཀུར་བའི་ཡོན་ཏན་གྱིས་གདམས་ངག་གནང་བ་དང་། དྲང་། སྒོ་གསུམ་གྱིས་དཀའ་བས། བླ་མ་བསྟེན་ཅིང་ཁུར་ན། བླ་མ་རྡོ་རྗེ་རྒྱལ་པོ་དེས། ང་ལ་ཆོས་ཟབ་མོ་འདི་ལྟ་བུ་ཡོད་དོ་ཞེས་པ་ལ་སོགས་པ་གསུངས་པས། བླ་མའི་དགོངས་ཉམས་ཀྱི་མན་ངག་སྦྱིན་པའི་བཀའི་གནང་བ་ཐོབ་པར་འགྱུར་ཏེ། གནང་བ་ཐོབ་པ་དེའི་ཚེ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་གསང་བ་སྙིང་པོའི་ལེའུ་དགུ་པའི་གཞུང་གི་ནང་ནས་ཇི་བཞིན་བཤད་པའི་ཡོན་འབུལ་ཏེ། དེ་ཡང་། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་གསུངས་པ་བཞིན་ཕུལ་ནས་ཞུས་ན། བླ་མ་དེའི་ཐུགས་ཀྱི་མན་ངག་ཉིད་ཁུ་ཟབ་མོ་རྣམས་སློབ་བུ་དེ་ལ་མཉེས་བཞིན་དུ་སྟེར་བར་འགྱུར་རོ། །གཉིས་པ་གདམས་ངག །གནང་བའི་ཡོན་ཏན་གྱིས་སངས་རྒྱས་ཐོབ་པའོ། །དྲང་། མན་ངག་ཐོབ་པའི་གང་ཟག་དེ་ཡིས་དཔེར་ན་བཞོན་པ་བཟང་པོ། རྟ་དང་གླང་པོ་ཆེ་སྟེ་ཆོས་གསུམ་དང་ལྡན་པའོ། །གང་ཞེ་ན་མགྱོགས་པ། བདེ་བ། བརྟན་པའི་ཡོན་ཏན་ཅན་གཉིས་ཞོན་ནས་འགྲོ་བའི་མི་དེ་རང་གར་འདོད་པའི་གནས་སུ་མྱུར་དུ་ཕྱིན་པར་བྱེད་པ་བཞིན་དུ། དོན་གསང་བའི་མན་ངག་རྫུ་འཕྲུལ་རྟ་དང་འདྲ་བ་སྟོབས་གླང་པོ་ཆེ་དང་འདྲ་བའི་ཆོས་གསུམ་དང་ལྡན་ཏེ། གང་ཞེ་ན། ཚེ་གཅིག་གིས་འབྲས་བུ་ཐོབ་པས་འགྱོགས་ཅིང་མྱུར་བ་དང་། ཉོན་མོངས་པ་ལམ་དུ་བྱེད་པས་བདེ་བ་དང་། གོལ་སའི་དབང་དུ་མི་འགྱུར་བས་བརྟན་པ་སྟེ། དེ་ལྟ་བུའི་མན་ངག་ལ་བརྟེན་ནས་བཞོན་པ་བཟང་པོ་ཞོན་ནས་འགྲོ་བའི་གང་ཟག་འབྲས་བུའི་སར་ཕྱིན་པར་བྱེད་པ་སྟེ། དེ་ཡང་ལམ་བགྲོད་ནས་འབྲས་བུ་ཐོབ་ཚུལ་ལ་མཚན་ཉིད་གསུམ་སྟེ་འདི་ཉིད་ཀྱི་ལེའུ་གཉིས་པ་ལྟར། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་མཐོང་བ། གསུམ་པ་ནས་བདུན་པའི་བར་ལྟར་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱིས་ཚོགས་ལམ་དང་སྦྱོར་ལམ་བགྲོད་ནས། ལེའུ་བརྒྱད་པ་ལྟར་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ནི། གང་ཟག་ཐ་དད་ཀྱི་དབང་གིས་རིག་འཛིན་བཞི་བགྲོད་ནས། ལེའུ་དགུ་པ་ལྟར་མཐར་ཐུག་གི་འབྲས་བུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྙིང་པོའི་གནས་སུ་ཕྱིན་པར་བྱེད་པའོ། །གཉིས་པ་སྣོད་བརྟག་པ་ལ་གསུམ་སྟེ། བགྲང་། དང་པོ་སྣོད་བརྟག་པ་དངོས་དང་། དྲང་། གོང་ལྟར་འབྲས་བུ་ཐོབ་པའི་ཡོན་ཏན་ཡོད་པ་དེ་བས་ན་རྡོ་རྗེ་སློབ་དཔོན་གྱིས་གཞན་སློབ་མ་འཛིན་པའི་གྲངས་གཉེར་གཅིག་གམ་བཞི་དང་ལྡན་པ་སྟེ། གཅིག་ནི་སློབ་བུ་མི་ཆོས་ཀྱི་བྱ་བ་སྤང་དུ་བཅུག་ནས་ལྷ་ཆོས་ཀྱི་ལམ་ལ་འཛུད་པའོ། །བཞི་ནི་ཕྱིའི་བར་ཆད་ཕྱིར་བཟློག་པ་དང་། ནང་གི་ཉོན་མོངས་ལམ་དུ་བསླངས་བ་དང་། བདེ་བ་དང་སྡུག་བསྔལ་རོ་སྙོམ་པ་དང་། ཤེས་རབ་དང་ཕན་སེམས་ཀྱིས་སློབ་བུ་རྗེས་སུ་འཛིན་པའི་སྒོ་ནས་སྣོད་བརྟག་པ་དགོས་ཏེ། སློབ་བུ་སྣོད་དང་ལྡན་མི་ལྡན་རྒྱང་ནས་བརྟག་པ་ནི་རིགས་བཟང་ངན་དང་། ཤེས་རབ་ཆེ་ཆུང་དང་དད་པ་ཆེ་ཆུང་གི་ལོ་རྒྱུས་རྣམས་ཞིབ་པར་དྲིས་ཏེ་བརྟག་པར་བྱ་བ་དང་། དྲུང་དུ་བརྟག་པ་ནི། ལུས་ངག་གི་བྱ་སྤྱོད། བརྩོན་འགྲུས་དྲག་ཞན། དམ་པའི་ཆོས་ཀྱི་སྣོད་དུ་རུང་ངམ་མི་རུང་ཞིབ་པར་བརྟགས་པར་བྱའོ། །གཞན་ཡང་ཀུན་འདུས་དང་། རྔམ་གློག་ལྟར་བྱིས་པ་གཙང་མའི་སེམས་ལ་པྲ་ཕབ་ནས་བརྟག་པ་དང་། མཁའ་འགྲོ་མ་ལ་གཏོར་མ་བྱིན་པས་དེ་ཡིས་གསང་སྔགས་སྟོན་རུང་མི་རུང་གི་ལྟས་རྨི་ལམ་དུ་སྟོན་ཅིག་ཅེས་བརྟག་པ་དང་། སྔར་བཞིན་སྤྱོ་བ་སྣ་ཚོགས་བྱས་པའི་སྒོ་ནས་བརྟག་པའོ། །དེ་ལྟར་བརྟག་ཐབས་ལྔ་དང་། གཞན་ཡང་ཐབས་སྣ་ཚོགས་ཀྱི་སྒོ་ནས་སློབ་བུ་དེ་སྣོད་དུ་རུང་མི་རུང་ཅི་ནས་ཀྱང་བརྟགས་ཏེ་དཔྱད་པར་བྱའོ། །གཉིས་པ་སྣོད་ལྡན་ལ་མན་ངག་སྦྱིན་པ་དང་། དྲང་། དེ་ལྟར་སློབ་བུའི་སྣོད་བརྟགས་པས་བཟང་བའི་མཚན་ཉིད་དང་ལྡན་ན། ཕྱིར་མི་ལྡོག་པའི་རིགས་ངེས་པ་སྟེ། དེ་ལ་གསུམ་ལས། དང་པོ་གསང་སྔགས་ཀྱི་དོན་ལ་མི་སྐྲག་པ་ནི་རང་བཞིན་གྱི་རིགས་ངེས་པའོ། །དཀྱིལ་འཁོར་དུ་ཞུགས་ནས་དབང་ཞུ་ཞིང་དམ་ཚིག་བསླབ་བྱ་ལ་ནན་ཏན་དུ་བྱེད་པ་ནི་བསླབ་བྱ་ལ་རིགས་ངེས་པའོ། །ལྟ་བ་རྟོགས་པ་ནི་དོན་མཐོང་བའི་རིགས་ངེས་པ་སྟེ། དེ་ལྟར་གསང་སྔགས་ཀྱི་ཐེག་པ་འདི་ལས་གཞན་དུ་བློ་མི་ལྡོག་ཅིང་བརྟན་པར་བྱ་བའི་ཕྱིར་དབང་སྐུར་དེ་དམ་འབོག་པར་བྱས་ནས་སྣོད། བརྟས་ཤིང་རྒྱུད་སྨིན་པ་ཡིས། སང་ཀྲི་ཏའི་སྐད་དུ་ཤི་ཤ །བོད་སྐད་དུ་སློབ་བུ་སྟེ། སྣོད་དང་ལྡན་པ་གང་ཡིན་པ་དེའི་ལག་ཏུ་མན་ངག་ཟབ་མོ་རྣམས་གཏད་པར་བྱའོ། །གསུམ་པ་སྣོད་ངན་ལ་མི་སྦྱིན་པའོ། །དེ་ལ་གཉིས་ཏེ། བགྲང་། དང་པོ་སྣོད་ངན་ལ་མན་ངག་མི་སྦྱིན་ཅིང་འཚམས་པར་དོན་བྱ་བ་དང་། དྲང་། དེ་ལྟར་སྣོད་བརྟགས་པས་ངན་པའི་སྐྱོན་གྱིས་མཚན་ལྟས་མཐོང་བའམ་མངོན་སུམ་དུ་ཤེས་པར། སྣོད་ངན་དེའི་མཚན་ཉིད་ནི། ཚེ་འདིའི་འདོད་པ་ཕྲ་མོ་བསྒྲུབ་པའི་རྒྱུར་ཆོས་བྱེད་པ་དང་། ཟས་ནོར་རྙེད་པའི་ཁེང་དང་འཇིག་རྟེན་གྱི་སྙན་གྲགས་ལ་སོགས་པ་ཆེ་བ་ཐོབ་པའི་རྒྱུ་རུ་ཆོས་བྱེད་ཅིང་རང་འདོད་ཆེ་བའོ། །གཞན་ཡང་སྣོད་ངན་པའི་སྐྱོན་བཞི་ནི། མན་ངག་གི་བཅུད་ཆེན་པོ་བརྗེད་ནས་མི་ཐུབ་པར་འཛག་པ་ནི་སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་དང་། རང་གི་ཤེས་ལོང་མེད་པར་གཞན་ལ་སྟོན་པས་གསང་མི་ཐུབ་པ་ནི་འབོ་བ་སྟེ་གཞོག་རལ་གྱི་སྐྱོན་དང་། གསང་སྔགས་ཟབ་མོ་བསྟན་ཀྱང་མི་གོ་བ་ནི། མི་ཆགས་པ་སྟེ་ཁ་སྦུབ་ཀྱི་སྐྱོན་དང་། གྲུབ་མཐའ་མི་གཅིག་པའི་གཞུང་གཞན་དང་འདྲེས་པ་ནི་མ་རུང་བར་བྱེད་པ་སྟེ། དུག་ཅན་ལྟ་བུའི་སྐྱོན་དང་བཞིའོ། །ཡང་གཞི་དད་པ་མེད་པ་ཁ་སྦུབ། གྲོགས་བརྩོན་འགྲུས་མེད་པ་ཞབས་རྡོལ། བརྩེ་གདུང་གི་དམ་ཚིག་མེད་པ་གཞོག་རལ། དོན་དཔྱོད་བྱེད་ཀྱི་ཤེས་རབ་མེད་པ་དུག་ཅན་གྱི་སྐྱོན་དང་བཞིའོ། །ཡང་བདེ་གཤེགས་རྔོད་ཕུ་བའི་ཞལ་ནས། སྣོད་ཁ་སྦུབ་ནི་བྲག་ཕུག་ཁ་བྱང་བལྟས་སུ་ཉི་མ་མི་འཆར་བ་ལྟ་བུ་སྟེ། འགའ་ཞིག་ལ་ཆོས་བསྟན་ཀྱང་མི་གོ། །མཚོན་ཀྱང་མི་རྟོགས་པའོ། །གཞོག་རལ་ནི། ཆོས་ལ་གོ་བ་བག་ཙམ་སྐྱེས་ཀྱང་རང་གིས་དེ་ལ་མཆོག་ཏུ་བཟུང་དྲག་ནས་ཕྱིས་སྐྱེད་མི་ཐོན་པའོ། །ཞབས་རྡོལ་ནི་གོ་བའི་མན་ངག་སྣོད་མིན་ལ་སྟོན་ཅིང་གསང་མི་ཐུབ་པའོ། །དུག་ཅན་ནི་ཉོན་མོངས་པ་ཤས་ཆེ་བས་ཚུལ་འཆོས་དང་ཆགས་སྡང་འདྲེས་པའམ་བྱེ་བྲག་མ་ཕྱེད་པར་བསྲེས་མ་རྣམས་ཡིན་གསུངས་སོ། །ཡང་སློབ་དཔོན་ཤྲཱི་སེང་ཧས། ཆུ་ཤིང་ལྟ་བུའི་སློབ་མ་ནི། །གཏིང་ནས་དད་འདུན་མོས་བྲལ་བས། །རྐྱེན་གྱིས་དབང་མེད་འཇུག་ཚུལ་ཅན། །སྙིང་པོ་མེད་པ་ཁ་སྦུབ་ཡིན། །མེ་ཏོག་དཀར་པོ་ལྟ་བུ་ནི། །དད་ལྡན་ནན་ཏན་རྩོལ་བྲལ་བས། །ཡལ་འགྱུར་རྩ་བ་རིན་ཆེན་རྡོལ། །ཙན་དན་ལྟ་བུ་དད་བརྩོན་ཅན། །བརྩེ་གདུང་བྲལ་བ་གཞོག་རལ་ཡིན། །ག་བུར་ལྟ་བུར་མ་ངེས་པས། །རྐྱེན་དང་གང་འཕྲད་ཕྱོགས་འདྲེས་པས། །བྱེ་བྲག་མ་བྱེད་དུག་ཅན་ཡིན། །ཞེས་གསུངས་སོ། །ཟང་ཟིང་དངོས་པོ་ཟས་ནོར་རྣམས་ཀྱི་མཐའ་ངན་པ་སྟེ། རྗེ་སྒྲོ་ཕུག་པའི་གསུངས་ལས། བྱ་བ་བྱས་པ་ཁྲབ་ཧྲལ། ཟག་པ་ཟད་པ་ཟངས་རྒོག །ཁུར་བོར་བ་རྟ་རྒན་ལ་སོགས་པ་རྣམས་བླ་མ་དང་དཀོན་མཆོག་གི་ཕྱོགས་ལ་གཏོང་ཞིང་། དབུས་ཏེ་གང་གཅེས་པ་རྣམས་རང་གིས་འཆིང་ནས་མི་གཏོང་བ་དང་། གང་ཟག་སེམས་ཀྱི་གཡོ་སྒྱུ་ཅན་ནི་དངོས་ལ་ངོ་། །དགའ་ཆེ་ལ་ལྟག་པ་སྤྲད་པ་དང་ལྐོག་ཏུ་བསྐུར་བ་བཏབ་པ་དང་། བླ་མའི་དྲུང་དུ་ཚུལ་འཆོས་པ་ལྟར་བྱེད་ཅིང་ལྐོག་ནས་རང་དགའ་སྟེ་ཆོས་མིན་གྱི་སྤྱོད་པ་བྱེད་པ་དང་། ཁ་སྙིང་སོ་སོར་ཕྱེ་བས་ངག་ལ་རིགས་ངེས་ཏེ་ཚིག་བཟང་པོ་བརྗོད། བསམ་པ་ལ་མི་ངེས་ཏེ་ངན་པ་བསམ་པ་དང་། བུད་མེད་ཡིན་ན་སེམས་འདོད་ཆགས་ཀྱི་དབང་དུ་སོང་སྟེ་འདོད་པ་ལ་གཉེན་པོ་དང་ངོ་ཚ་མེད་པས་ཕྱལ་བ་པ་དང་། སྐྱེས་པ་དང་མུན་པའི་ཁྲོད་དང་མི་མེད་པའི་ལྐོག་ཏུ་གང་འཕྲད་པར་འདོད་ཆགས་སྤྱོད་པ་ལ་སྙེགས་པ་སྟེ། སྐྱོན་དེ་ནི་སྐྱེས་པ་ལ་ཡང་ཡོད་པས། དེ་ལྟ་བུའི་གང་ཟག་ཕོ་མོ་གང་ཡིན་ཀྱང་ཏནྟྲ་སྟེ་རྒྱུད་སྡེ་རྣམས་ཀྱིས་སྣོད་ལྡན་དུ་མ་བསྔགས་པ་ཡིན་ལ་དེ་དག་དང་ཡུན་བསྐལ་པར་ལུས་པར་གྲིབ་མ་བཞིན་དུ་འཁོར་བར་འགྱུར་ཡང་ཐུགས་ཀྱི་བདེ་བ་སྟེ་མན་ངག་ཟབ་མོའི་དོན་ནི་དེ་ལ་སྤྲོ་བར་མི་བྱའོ། །འོ་ན་སེམས་བསྐྱེད་དང་འགལ་ལམ་ཞེ་ན་མ་ཡིན་ཏེ། ཁོ་རང་གི་བློ་དང་འཚམས་པར་དྲང་དོན་དུ་ལྷའི་སྐུ། བསྒོམ་ཐབས་ཙམ་བསྟན་པ་དང་། གཅན་འཕྲང་དང་འདྲ་བའི་དགེ་སྡིག་གི་སྐྱོན་ཡོན་ལ་སོགས་ཐུན་མོང་གི་དམ་ཚིག་བསྲུང་ཐབས་ཙམ་སྦྱིན་ནོ། །གཉིས་པ་བྱིན་པའི་ཉེས་དམིགས་སོ། །དྲང་། བློ་དང་འཚམས་པར་དོན་བྱེད་པ་དེ་ལྟ་བུ་མིན་པར་སྣོད་ངན་དེ་ལ་ཟབ་མོའི་ཆོས་བཤད་ན་དཔེར་ན་བེའུ་གཉིས་སྐེ་སྦྲེལ་ནས་རིལ་བཏང་ན་ཅིག་གཡང་དུ་ལྷུང་བའི་ཞོར་ལ་གཅིག་དེ་ཡང་གཡང་དུ་ལྷུང་བར་འགྱུར་བ་བཞིན་དུ་དཔོན་སློབ་གཉིས་ཀ་ངན་སོང་དུ་ལྟུང་བར་འགྱུར་རོ། །དེ་ལྟར་ལྟུང་བའི་སློབ་དཔོན་ངན་པའི་མཚན་ཉིད་ནི། ཟས་ནོར་ལ་སོགས་པ་འདོད་པ་ཆེ་བའི་ཁེ་གྲགས་ཀྱི་སེམས་ཀྱིས་བློ་ཕྲག་དོག་སྟེ། རྙེད་བསྐུར་ལ་བལྟ་ཞིང་། ལྷ་ཆོས་གཙོ་བོ་མི་བྱེད་པར་མི་ཆོས་ཀྱི་གཅམ་ཕྱར་ཆེ་བར་གྱུར་པས་སྣོད་ཀྱི་སྐྱོན་མ་བརྟགས་པར་སྣོད་ངན་ལ་མན་ངག་ཟབ་མོའི་ཆོས་སྤྲོས་ཤིང་བྱིན་ན། རྒྱ་གར་ཡུལ་ན་བསིལ་བ་ཚལ་གྱི་དུར་ཁྲོད་དང་། སིང་ག་ལའི་ཡུལ་ན་སྐུ་ལ་རྫོགས་པའི་དང་། ཁ་ཆེའི་ཡུལ་ན་ཧེ་ཆེན་བདལ་བའི་དང་། མ་ལ་ཡ་ན་གནས་གསང་ཆེན་རོལ་པའི་དང་། བལ་པོའི་ཡུལ་ན་ལྷུན་གྲུབ་བརྩེགས་པའི་དང་། ཨུ་རྒྱན་ཡུལ་ན་པདྨ་བརྩེགས་པའི་དང་། ཟ་ཧོར་ཡུལ་ན་ལང་ཀ་བརྩེགས་པའི་དང་། ལི་ཡི་ཡུལ་ན་འཇིག་རྟེན་བརྩེགས་པའི་དུར་ཁྲོད་ཀྱི་གླིང་བརྒྱད་ཀྱི་མཁའ་འགྲོ་མ་སྲིན་མོ་གིང་ཐོད་འཛིན་པ་མ་དང་། མདའ་འཕེལ་མ་དང་། འཛིན་བྱེད་མ་དང་བེ་ཏ་མ་དང་། ནག་ཁྲོས་འདྲེན་མ་དང་། རབ་འཇིགས་མ་དང་། སྲོག་གཅོད་མ་དང་། བསྙོ་བྱེད་མ་རྣམས་དུར་ཁྲོད་དུ་འདུ་བ་བཞིན་དུ། ལེགས་ཉེས་ཀྱི་སྟོངས་འཛིན་པའི་མཁའ་འགྲོ་ཆོས་སྐྱོང་རྣམས། ངན་པའི་མཚན་ཉིད་ཅན་གྱི་དཔོན་སློབ་གྱི་སྟེང་དུ་འདུས་པར་གྱུར་ནས། དེ་དག་གིས་ཤ་ཟ་བ་དང་ཁྲག་འཐུང་ནས་སྲོག་ལ་བཀའ་ཆད་འབེབས་ཤིང་ཚེ་འདིར་ཚེ་ཐུང་བར་བྱེད་ལ་ཕྱི་མ་ངན་སོང་དུ་ལྟུང་བར་འགྱུར་བའི་སྐྱོན་ཆེན་པོ་ཡོད་པ་དེའི་ཕྱིར། སྣོད་ཀྱི་སྐྱོན་ཡོན་བརྟགས་ནས་སྣོད་དང་མི་ལྡན་པ་ལ་གདམས་ངག་ཟབ་མོ་མི་སྦྱིན་པ་ནི་ཤིན་ཏུ་གལ་ཆེའོ། །གསུམ་པ་སྣོད་ལྡན་ལ་སྦྱིན་པའི་མན་ངག་རང་གི་ངོ་བོ། ལ་གཉིས་ཏེ། བགྲང་། དང་པོ་ལུས་མདོར་བསྟན་པ་དང་། དྲང་། གོང་དུ་བསྟན་པ་དེ་ལྟར་སྣོད་ཀྱི་སྐྱོན་ཡོན་བརྟག་པས་བཟང་པོ་ནི། གསང་སྔགས་ཀྱི་ལས་འཕྲོ་སྐལ་བ་དང་ལྡན་པ་རྣམས་ལ་བསྟན་པའི་ཕྱིར་དུ་ལུས་རྣམ་བཞག་མདོར་བསྟན་གྱི་དོན་ནི། བརྗོད་བྱ་དོན་གྱི་རྣམ་གྲངས་སུ་ཕྱེ་ན་བཅུ་གཉིས། རྗོད་བྱེད་ཚིག་གི་གཞུང་རབ་བྱེད་ལེའུ་དགུ། དེ་དག་བསྡུས་ན་གཞི་ལམ་འབྲས་བུ་གསུམ་དུ་སྟོན་པར་བྱེད་པ་ལས། དང་པོ་ནི། བདེན་གསུམ་དབྱེར་མེད་ཀྱི་རང་བཞིན་བཅོས་སླད་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་ནི། ལམ་དང་འབྲས་བུ་ཐམས་ཅད་ཀྱི་དངོས་གཞི་ཡེ་ནས་རང་ལ་གནས་པ་ནི་གཞིའི་དོན་ཏེ། དེ་སྟོན་པར་བྱེད་པའི་ལེའུ་དང་པོ་དང་གཉིས་པ་ལམ་ལ་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་དང་། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་དོ། །དང་པོ་ནི། དངོས་གཞིའི་དོན་དེ་ལྟར་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ཅིང་ཕྱིན་ཅི་མ་ལོག་པར་མཐོང་བ་ནི་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་སྟེ་ལེའུ་གཉིས་པས་རྒྱས་པར་སྟོན་ཏོ། །གཉིས་པ་ནི། སྒོམ་བྱ་ལྟ་བའི་དོན་དེ་ལྟར་བསྒམ་བྱེད་ཀྱི་བློ་འཇུག་པའི་ཏིང་ངེ་འཛིན་ལ་རིམ་དང་ཅིག་ཆར་གཉིས་ལས། དང་པོ་ཅིག་ཆར་བ་ནི་ལེའུ་གསུམ་པའི་སྟོད་ཀྱིས་སྟོན་ལ་གཉིས་པ་རིམ་གྱིས་པ་ནི་རྣལ་འབྱོར་བཞི་ཞེས་པ་ནི། སྟོང་པ་ཆེན་པོའི་རྣལ་འབྱོར་ནི་ལེའུ་གསུམ་པའི་སྨད་ཀྱིས་སྟོན། སྙིང་རྗེ་ཆེན་པོའི་རྣལ་འབྱོར་ནི་ལེའུ་བཞི་པས་སྟོན། ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ནི་ལེའུ་ལྔ་པས་སྟོན། སྤྲོས་པའི་རྣལ་འབྱོར་ནི་དྲུག་པས་སྟོན། དེ་བཞིན་ནི་ཚོགས་ལམ་མོ། །ལམ་ཟག་བཅས་མེད་ཀྱི་བར་གང་གིས་ཆད་པ་མེད་པར་ཚོམ་བུ་ཚོགས་སྒྲུབ་སྟེ། སྦྱོར་ལམ་མོ། །དེ་ནི་ལེའུ་བདུན་པས་སྟོན། དེ་ལྔ་ནི་སྐྱེན་འཇུག་པའི་མཚན་ཉིད་དོ། །གསུམ་པ་འབྲས་བུ་ལ་མཐོང་ལམ། བསྒོམ་ལམ་མཐར་ལམ་གསུམ་ལས། དང་པོ་ལ་བློ་ཆུང་བ་ནི་ལུས་ལྷ་མིའི་རྣམ་པ་ལ་ཡིད་ཡི་དམ་ལྷའི་སྐུར་སྨིན་པའི་རིག་འཛིན་དང་། བློ་ཆེ་བ་ནི་དོན་ལུས་སྣང་སེམས་གསུམ་ལ་རྟག་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་ནོ། །གཉིས་པ་ནི། ཡེ་ཤེས་སྒྱུར་མའི་སྐུར་ཕྱག་རྒྱ་ཆེན་པོ་ལོངས་སྐུའི་ཆ་བྱད་ཅན་ནོ། །གསུམ་པ་ནི། སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཆ་ལུགས་ཅན་ནོ། །དེ་གསུམ་ནི་ཟག་མེད་ཀྱི་ལམ་སྟེ་ལེའུ་བརྒྱད་པས་སྟོན་ཏེ། གསུམ་པ་ནི་ལམ་དེས་གཞི་དོན་ཅི་ལྟ་བ་བཞིན་མངོན་དུ་བྱས་པ་ནི་མཐར་ཐུག་གི་འབྲས་བུ་སྟེ་ལེའུ་དགུ་པས་སྟོན་ཏོ། །དེ་ལྟར་རྣམ་གྲངས་བཅུ་གཉིས་དང་། དགུ་དང་གསུམ་པོ་རྣམས་ཀྱིས་གོ་རིམ་རིམ་པ་ལྟར་བརྗོད་པར་བྱའོ། །དེ་ལྟར་གཞི་ལམ་འབྲས་བུ་གསུམ་གྱི་གོ་དོན་ལ། ཀུན་ཁྱབ་ལུང་༡རིག་༢པ་མན་༣ངག་གསུམ་ལས། ལུང་ནི། རྩ་རྒྱུད་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལས། །ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་པ་དང་། རྡོ་རྗེ་མེ་ལོང་ལས། གཞི་དང་ལམ་དང་ངོ་བོ་ཡི། །ངེས་པ་རྣམ་པ་གསུམ་དུ་བཞག །ཅེས་གསུངས་སོ། །གཉིས་པ་མན་ངག་ནི། ཉམས་སྒྲོན་ལས། གཞི་ཉིད་ངོ་བོའི་གནས་ལུགས་དང་། །དོན་དུ་གཉེར་བའི་ལམ་ཉིད་དང་། །མངོན་གྱུར་འབྲས་བུའི་ལུས་བཞག་གོ། །ཅེས་གསུངས་སོ། །གསུམ་པ་རིག་པ་ལ། ཉེ་སྟོན་ཆོས་ཀྱི་སེང་གེ་ན་རེ། ཡེ་ནས་གནས་པ་གཞི། འཇུག་པར་བྱེད་པ་ལམ་སྨིན་པ་མངོན་དུ་གྱུར་པ་འབྲས་བུ་སྟེ། འདི་ཉིད་ལས། འཇུག་ནས་འབྱིན་པས་ཕྱེ་བ་ཡིན། ཞེས་གསུངས་སོ། །གཙང་པ་བྱི་སྟེན་གྱིས། གྲུབ་པ་བགྲོད་དང་འཇུག་པ་དང་། ཞེས་པས། འབྱུང་ཁུང་དུ་གྱུར་པས་གཞི། བགྲོད་པར་བྱེད་པས་ལམ། མཐར་ཕྱིན་པས་འབྲས་བུའོ། །ཞེས་གསུངས་པ་ལ། རྩང་པ་འོད་འབར་གྱིས། ཡེ་ནས་གནས་ཤིང་འབྱུང་ཁུང་དུ་གྱུར་པས་གཞི་སྟེ། འདི་ཉིད་ལས། རང་བཞིན་ཡེ་ཤེས་རང་གནས་དང་། །ཞེས་སོ། །འཇུག་ཅིང་བགྲོད་པར་བྱེད་པས་ལམ་སྟེ། དེར་མཐོང་དེར་འཇུག་ནས་ལྷུན་གྲུབ་ལམ་ཞེས་པའོ། །སྨོན་ཅིང་མཐར་ཕྱིན་པས་འབྲས་བུ་སྟེ། མངོན་བྱས་ཞེས་པ་དང་། མཐར་ཕྱིན་འབྲས་བུའི་མཚན་ཉིད་བཤད། ཅེས་སོ། །ཡང་ཁ་གཅིག་ན་རེ། ལམ་གྱིས་གཏན་ལ་དབབ་བྱར་གནས་པ་གཞི། གཞི་ཤེས་ཤིང་འབྲས་བུ་འགྲུབ་པར་བྱེད་པ་ལམ། གྲུབ་པ་མཐར་ཕྱིན་པ་འབྲས་བུར་བཞེད་ལ། ཡང་ལམ་འབྲས་ཀྱི་གཞིར་གྱུར་པ་གཅིག་གཞི། གཞི་འབྲས་ཀྱི་ལམ་དུ་གྱུར་པ་གཅིག་ལམ། གཞི་ལམ་གཉིས་ཀྱི་འབྲས་བུར་གྱུར་པ་གཅིག་འབྲས་བུའོ། །ཞེས་གསུངས་སོ། །བླ་མ་ལྕེ་སྟོན་བསྒྲུབ་པ་འབུམ་གྱིས་གསུང་གིས་འཁོར་འདས་གཉིས་ཀྱི་གདགས་གཞིར་གནས་བས་ན་གཞི་ཡིན་ཏེ། སྤར་ཁབ་ལས། གཞི་ནི་གདགས་གཞིར་གྱུར་པའི་ཕྱིར། །ཞེས་སོ། །གཞི་ཤེས་ཤིང་འབྲས་བུ་འགྲུབ་པར་བྱེད་པ་ལ་ལམ་སྟེ། དེ་ཡང་དེ་དག་ཤེས་པ་དང་འགྲུབ་པར་བྱེད་པ་ལ་བཏགས་པ་སྟེ། ཞེས་སོ། །ཉེས་པ་གཉིས་ཟད་ནས་སྐྱེད་དུ་བྱར་མེད་པ་ནི་མཐར་ཐུག་གི་འབྲས་བུ་སྟེ། གཞི་དང་ལམ་གྱི་ཉེས་པ་གཉིས་ཟད་པ་གང་ཡིན་པ་དེ་ནི་འབྲས་བུ་སྟེ། ཞེས་གསུངས་སོ། །དེ་ལྟར་གཞི་ལམ་འབྲས་གསུམ་གཅིག་གམ་ཐ་དད། གཅིག་ན་གཞི་ལམ་འབྲས་གསུམ་དུ་ཕྱེ་བ་དང་འགལ། ཐ་དད་ན་དེ་གསུམ་ལ་འབྲེལ་བ་མེད་པར་འགྱུར་རོ་ཞེ་ན། དོན་ངོ་བོ་གཅིག་ཡིན་ལ། བྱེད་ལས་ཀྱིས་ལྡོག་པ་ཐ་དད་དེ། གཞི་ནི་ཡེ་ནས་གནས་ཀྱང་མངོན་དུ་མ་གྱུར་པའི་ཆའོ། །ལམ་ནི་དེ་ཉིད་རྟོགས་ཤིང་ཉམས་སུ་ལེན་པའི་ཆའོ། །འབྲས་བུ་ནི་མཐར་ཕྱིན་ཅིང་མངོན་དུ་གྱུར་པའོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། གཞི་ཡེ་ཤེས་རང་ལ་གནས་པ་དང་། ལམ་རང་གནས་རྟོགས་ཤིང་གོམས་པར་བྱ་བའི་ཐབས་དང་། འབྲས་བུ་རང་གནས་མངོན་དུ་གྱུར་པ་སངས་རྒྱས་ཀྱི་དགོངས་པའོ། །ལེའུ་དང་པོ་གཞི་ཡེ་ཤེས་རང་ལ་གནས་པ་ལ་གསུམ་སྟེ། བགྲང་། དང་པོ་ཉེ་བར་བསྟན་པ་དང་། དྲང་། གོང་དུ་བཤད་པ་དེ་ལ་དང་པོ་གཞི་ཡེ་ཤེས་རང་ལ་གནས་པ་དེ་ཉིད་ཡན་ལག་རྒྱས་པར་སྤྲོས་པའི་སྒོ་ནས། གཞི་དོན་དེ་ཉིད་སྐལ་ལྡན་དེ་ཡིས་རྒྱས་པར་ཤེས་པར་བྱ་བ་ནི་འདི་ལྟ་སྟེ། གཉིས་པ་གཞུང་རྒྱས་པར་བཤད་པ་ལ་གསུམ་སྟེ། རང་བཞིན་ཡེ་ཤེས་རང་ལ་གནས་པ་དང་། དེ་མ་རྟོགས་ཏེ་འཁྲུལ་ཚུལ་དང་། འཁྲུལ་ཡང་ལམ་དང་འབྲས་བུ་གཞན་ན་མེད་པར་རང་ལ་གནས་པའོ། །དང་པོ་ལ་གཉིས་ཏེ། རང་ལུགས་གཞི་ཆོས་ཀུན་སེམས་ཉིད་རང་སྣང་ལ་འཁོར་འདས་གཉིས་སུ་མེད་པར་བསྟན་པ་དང་། གཞན་ལུགས་གཞི་འཁོར་འདས་ཐ་དད་དུ་འདོད་པ་ལ་སྐྱོན་བརྗོད་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་གཞི་འཁོར་འདས་ལྷུན་གྲུབ་ཡིན་པར་ཁས་བླང་པ་དང་། དྲང་། དེ་ཡང་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཉིད་ཀྱི་རང་བཞིན་གྱི་ཆོས་ཉིད་འདི་ཁོ་ན་ཡེ་ནས་དེ་བཞིན་གཤེགས་པ་སངས་རྒྱས་བཞི་བཅུ་རྩ་ལྔའི་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་དུ་གནས་པ་ཞེས་དམ་བཅའ། གཉིས་པ་དེ་ཉིད་ཀྱི་གཏན་ཚིགས་རྒྱས་པར་བཤད་པའོ། །དྲང་། དེའི་རྒྱུ་མཚན་འཁོར་བ་སེམས་ཡིན་པའི་ཕྱིར། དེ་སྒྲུབ་བྱེད་ལ་གསུམ་ལས། ལུང་ནི། རྒྱས་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མ་ཡིན། །ཞེས་སོ། །མན་ངག་ནི། རིམ་གསུམ་ལས། ཐམས་ཅད་ངོ་བོ་སེམས་ཡིན་ཏེ། གསེར་གྱི་དཔེ་བཞིན་གཉིས་སུ་མེད། ཅེས་སོ། །རིག་པ་ནི། སྒྲོ་ཕུག་པས། སྣང་བ་སེམས་ཡིན་ཏེ། སེམས་ལ་སྣང་བའི་ཕྱིར། ཉམས་སྒྲོན་ལས། སེམས་ལ་སྣང་བ་སེམས་ཡིན་ཕྱིར། །སེམས་ལས་མ་གཏོགས་ཆོས་གཞན་མེད། །ཅེས་སོ། །ཉེ་སྟོན་གྱིས་སྣང་བ་སེམས་ཡིན་ཏེ། རང་རིག་པ་ཉིད་ཐམས་ཅད་དུ་སྣང་བའི་ཕྱིར། སྤར་ཁབ་ལས། རང་རིག་པ་ཐམས་ཅད་དུ་རྩལ་མ་འགགས་པ་ནི་རང་བཞིན་གྱིས་སྣང་བ་སྟེ། ཞེས་སོ། །དེ་བས་ན་ཐམས་ཅད་སེམས་ཉིད་རིག་པ་རང་གི་ངོ་བོ་ལ་རགས་པ་གང་ཟག་གི་བདག་དང་ཕྲ་བ་ཆོས་ཀྱི་བདག་གཉིས་གྲུབ་པ་མེད་པས་སོ། །བདག་མེད་ཡིན་ན་དེའི་ཕྱིར་དེ་བཞིན་གཤེགས་པའང་བསམ་ཡས་པའོ། །འོ་ན་གཞི་མྱ་ངན་ལས་འདས་པའི་མཐར་ལྷུང་ངོ་ཞེ་ན། འཁོར་བའི་སྣོད་བཅུད་ཀྱི་རང་བཞིན་རང་རྒྱུད་ཅན་དུ་མི་དམིགས་ཏེ། དེ་ཉིད་རིག་པ་རང་སྣང་གི་ཡེ་ཤེས་ཀྱི་སྣང་བ་ཡིན་པའི་ཕྱིར་དེ་ལས་གཞན་དུ་མྱ་ངན་ལས་འདས་པ་ཞེས་བྱ་བ་གཅིག་ལོག་ན་ཡོད་པ་མ་ཡིན་ཏེ་འཁོར་འདས་དབྱེར་མེད་པའོ། །ལ་ཤན་ལས། འཁོར་བ་ཀ་དག་རིན་ཆེན་གླིང་། །མྱ་ངན་འདས་ཟླས་བརྗོད་མེད་པ། །ཞེས་སོ། །གཉིས་པ་འཁོར་འདས་ཐ་དད་ལ། སྐྱོན་བརྗོད་པ་ལ་གཉིས་ཏེ། བགྲང་། དང་པོ་འཁོར་འདས་རང་བཞིན་ཐ་དད་པའི་སྐྱོན་དང་། དྲང་། འཁོར་འདས་དབྱེར་མེད་ཡིན་པ་དེ་ལྟར་འཁོར་འདས་གཉིས་ཀྱི་རིགས་ཐ་དད་དང་རྒྱུད་ཐ་དད་དུ་གྲུབ་པ་མེད་པས་གནས་ལུགས་བྱང་བ་སྟོང་པ་ཆུབ་པ་སྣང་བ་མཆོག་དབྱེར་མེད་ཆོས་སྐུ་ཆེན་པོ་དག་གི་ངོ་བོ་ཉིད་ཡིན་པ་དེ་ལ། འཁོར་འདས་སོ་སོའི་རང་བཞིན་གྱི་སྣང་སྟོང་ཐ་དད་དུ་ངེས་པ་ཡིན་ནོ་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པའི་ཐབས་ལམ་ཐོས་བསམ་བསྒོམ་གསུམ་གྱིས་འཁོར་བ་མྱང་འདས་སུ་བཅོས་སུ་མེད་དོ། །གཉིས་པ་ངོ་བོ་ཐ་དད་པའི་སྐྱོན་དཔེ་དང་བཅས་པའོ། །དྲང་། ཕྱིན་ཅི་མ་ལོག་པར་རྟོགས་པ་ཡང་དག་པའི་ས་ལ་གཤེགས་པའི་འདས་པ་དང་ལོག་པར་རྟོགས་པའི་འཁོར་བ་གཉིས། མཚན་ཉིད་པ་ལྟར་ཡེ་ནས་འཁོར་འདས་གཉིས་ཀྱི་ངོ་བོའི་བདེ་སྡུག་ཐ་དད་ཉིད་དུ་གནས་པར། གྱུར་ན། འཁོར་བ་དེ་ལ་ལམ་གྱིས་བཅོས་ཤིང་མྱང་འདས་སུ་བསྒྱུར་དུ་མེད་དེ། དཔེར་ན་ནོར་བུ་མཆིང་བུ་ལ་ཕྱག་དང་མཆོད་པ་བྱས་ཀྱང་ནོར་བུ་རིན་ཆེན་གྱིས་ཡོན་ཏན་མི་འབྱུང་བ་བཞིན་དུ་ཐ་དད་ན། འཁོར་བ་ལས་འདས་པ་འབྱུང་བར་མི་རིགས་ཏེ་ཐ་དད་པའི་ཕྱིར་རོ། །གཉིས་པ་དེ་མ་རྟོགས་ཏེ་འཁྲུལ་ཚུལ་དང་། དྲང་། འཁོར་འདས་ཐ་དད་ན་སྐྱོན་ཡོད་པ། དེ་བས་ན་དབྱེར་མེད་ཡིན་པ་དེ་ལྟའང་འཁྲུལ་ཚུལ་འོག་ནས་འབྱུང་བ་འདི་བཞིན་དུ་འཁྲུལ་བས། དེ་ལ་དགུ་སྟེ། འཁྲུལ་བའི་རྒྱུ་དང་། རྐྱེན་དང་། ཚུལ་དང་། དཔེ་དང་། ངེས་ཚིག་དང་། ངོ་བོ་དང་། ཉེས་པ་དང་། དུས་དང་། ལ་བཟླ་བ་བསྟན་པའོ། །དང་པོ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པས་ངོ་མ་ཤེས། ཀུན་ཏུ་བརྟག་པའི་མ་རིག་པས་ལོག་པར་རྟོག་པའི་གཟུང་འཛིན་ཞགས་པ་དང་འདྲ་བས་འཁོར་བར་འཆིང་བའི་རྒྱུས་འཁོར་བའི་ངོ་བོ་བསྐྱེད་པའོ། །གཉིས་པ་ནི། དགེ་མི་དགེ་མི་གཡོ་བའི་ལས་གསུམ་དང་ཉོན་མོངས་པ་དུག་ལྔ་སྟེ་བརྒྱད་ཀྱི་རྐྱེན་གྱིས་འཁོར་བའི་ཁྱད་པར་བསྐྱེད་པའོ། །གསུམ་པ་ནི། ཕྱིའི་རྟེན་འབྲེལ་བཅུ་གཉིས་ནི་རྒྱུ་དང་འབྲེལ་བ་དྲུག །འབྲས་བུ་དང་འབྲེལ་བ་དྲུག་གི་ཚུལ་དུ་འཁོར། ནང་གི་རྟེན་འབྲེལ་བཅུ་གཉིས་ནི། མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ། མིང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་སྟེ། དེ་ལྟར་བཅུ་གཉིས་ལུས་ཅན་རྣམས་ལ་དངོས་དང་། ལུས་མེད་རྣམས་ལ་བག་ཆགས་ཀྱི་ཚུལ་དུ་འཁོར་ཏེ་འཁོར་ཚུལ་ལོ། །བཞི་པ་ནི། ཤིང་རྟའི་འཁོར་ལོ་དང་འདྲའོ། །ལྔ་པ་ནི། ཁམས་གསུམ་གྱི་གནས་སུ་ཡང་ཡང་བསྐྱར་བས་འཁོར་བ་ཞེས་བྱའོ། །དྲུག་པ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་གྱིས་འདོད་པ་ཐ་དད་པར་སྣང་བའི་འགྲོ་བ་རྣམས་སོ། །བདུན་པ་ནི། བདེ་བ་འདོད་པའི་ཞེན་པ་དང་། སྡུག་བསྔལ་གྱིས་དོགས་པའི་གདུང་བས་ཉམ་ཐག་ཅིང་འཕགས་པའི་ལམ་དང་བྲལ་བའོ། །བརྒྱད་པ་ནི། འཁོར་བ་རྩོམ་པའི་དུས་ཐོག་མ་མེད་པ་ནས་དུས་བཞི་ཀུན་ཏུ་ཡང་དག་པའི་དོན་ལས་ཉམས་པའོ། །དེ་ཡང་ཐོག་མ་ཐ་མ་མེད་པ་ནས། ཡང་དག་དོན་མ་རྟོགས་པས་ཉམས། ཞེས་སོ། །དགུ་པ་ནི། དེ་ལྟར་འཁོར་བར་འཁྲུལ་དུས་རང་བཞིན་སེམས་ཉིད་སྐུ་དང་ཡེ་ཤེས་ལས་གཞན་དུ་འགྱུར་ཞིང་ཉམས་པ་མེད་པར་ལ་བཟླ་བའོ། །འདིའི་སྐབས་སུ་འཁྲུལ་གཞི་ཡོད་མེད་ཀྱི་བརྟག་པ་ལ་གཉིས་ཏེ། གཞན་ལུགས་དགག་པ་དང་རང་ལུགས་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། འཁྲུལ་གཞི་ཡོད་པ་དང་། མེད་པ་དང་། གཉིས་མེད་ཕྱོགས་གཅིག་ལས་འཁྲུལ་བར་འདོད་པ་དགག་པའོ། །དང་པོ་ནི། གཞི་ལ་འཁྲུལ་གཞི་མ་རིག་པ་རང་རྒྱུད་ཅན་དུ་ཡོད་པ་ལས་འཁྲུལ་ལོ་ཞེ་ན། མི་འཐད་དེ། ཐུགས་ཐིག་ལས་སྒྲོས་འདོག་དབང་བསྒྱུར་གང་ཟག་རྣམས། སེམས་ཉིད་དམིགས་སུ་མེད་པ་ལས། དངོས་པོ་རང་རྒྱུད་གཞིར་སྨྲ་བའི། དེ་ཡི་རྒྱུད་རྟག་པར་ལྷུང་། ཞེས་གསུངས་པས། གཞིའི་ངོ་བོ་འཁྲུལ་གཞི་མ་རིག་པ་རང་རྒྱུད་དུ་གནས་པར་ཐལ་བ་དང་། གཞི་འཁོར་བའི་མཐའ་ལྷུང་བ་དང་། ལམ་ཐོས་བསམ་སྒོམ་གསུམ་གྱིས་མི་སེལ་བར་ཐལ་བ་དང་། གཞི་འཁོར་འདས་ཐ་དད་དུ་ཐལ་བ་དང་། ཐེག་དམན་ཉན་རང་གི་གྲུབ་མཐར་གོལ་བ་དང་། མུ་སྟེགས་རྟག་པར་ལྷུང་བར་ལ་སོགས་པའི་སྐྱོན་དུ་མ་ཡོད་དེ། ཡེ་ནས་འཁྲུལ་གཞི་རང་རྒྱུད་དུ་འདོད་པའི་ཕྱིར་རོ། །གཉིས་པ་ནི་འཁྲུལ་གཞི་རང་སྣང་མེད་པ་ལས་འཁྲུལ་ལོ་ཞེ་ན་མི་རིགས་ཏེ་ཐུགས་ཐིག་ལས། བསྐུལ་བ་པོ་ནི་ལྷུན་གྲུབ་ལ། །དེ་དང་མི་མཐུན་སོ་སོར་རྟོག །དེ་ལ་དེ་ནི་མི་སྲིད་བཞིན། །གཞི་ལ་ཡེ་ནས་མེད་ཅེས་སྨྲ། །ཞེན་བློའི་ངོས་ལ་མེད་དོ་ཞེས། །བསྐུར་བ་གང་ཡིན་ཆད་ལྟ་བ། །དེ་དང་དེ་གཉིས་ཐ་དད་ཅིང་། །མི་སྲིད་ཀུན་འབྱུང་ཐོག་མའང་འབྱུང་། །ཞེས་གསུངས་པས། གཞི་ལ་མ་རིག་པ་རང་སྣང་དུ་མེད་པར་ཐལ་བ་དང་། གཞི་སྟོང་པའི་མཐར་ལྷུང་བས་དབུ་མ་དང་ཁྱད་མེད་དུ་ཐལ་བ་དང་། སྣང་སྟོང་སྔ་ཕྱི་ཅན་དུ་ཐལ་བ་དང་། མུ་སྟེགས་ཆད་ལྟ་ལྟུང་བ་ལ་སོགས་པའི་སྐྱོན་དུ་མ་ཡོད་དེ་གཞི་རང་སྣང་མེད་པར་འདོད་པའི་ཕྱིར་རོ། །གསུམ་པ་ནི། བཏགས་པའི་སྣང་སྟོང་གཉིས་མེད་ཕྱོགས་གཅིག་ལས་འཁྲུལ་ལོ་ཞེ་ན་མི་རིགས་ཏེ། དེ་ཉིད་ལས། ལ་ལ་ལྡོག་པའི་གཉིས་མེད་ལས། །སྣང་སྨྲའང་ལྷན་ཅིག་མེད་པའི་ངང་། །བརྟེན་པ་མི་དགོས་གཞིར་མི་བཏུབ། །རྒྱུ་རྐྱེན་སྤང་བས་རིག་པ་མིན། །ཞེས་གསུངས་པས། གཞི་དག་པའི་སྣང་བ་ཕྱོག་གཅིག་ཏུ་ཐལ་བའི་སྐྱོན་དང་། གཞི་སྣང་ལ་འཁོར་བའི་ཆོས་རང་སྣང་དུ་མེད་པར་ཐལ་བ་དང་། གཞི་འཁོར་འདས་དབྱེར་མེད་མ་ཡིན་པར་ཐལ་བ་དང་། སྔ་ཕྱི་རྒྱུད་དང་ཁྱད་མེད་དུ་ཐལ་བ་དང་། མུ་རྟུག་ཁས་མི་ལེན་བཞིན་དུ་གོལ་བ་ལ་སོགས་པའི་སྐྱོན་དུ་མ་ཡོད་དེ། གཞི་གཉིས་མེད་ཕྱོགས་གཅིག་འདོད་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། གཞི་སྣང་ཡེ་ཤེས་སྒྲོན་མའི་ངོ་བོ་འཁོར་འདས་དབྱེར་མེད་མཉམ་པ་ཉིད་ཀྱི་དོན་ངོ་མ་ཤེས་པ་ལ་འཁྲུལ་སྣང་བྱུང་བར་འདོད་དེ། དེ་ཉིད་ལས། དོན་ཉིད་ཡོད་མེད་རིག་མེད་ལས། །དེ་ཡི་རྒྱུ་རྐྱེན་རང་བཞིན་ལས། །སྨན་གྱིས་ཕན་གནོད་ཅི་བཞིན་དུ། །ཐམས་ཅད་མ་ལུས་རྒྱུ་གཅིག་ལས། །མི་མཐུན་ཁྱད་པར་སོ་སོར་སྣང་། །ཞེས་པ་དང་། དྲུག་གིས་འགྲོ་བ་ཐམས་ཅད་ཀྱིས། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཅི་ལྟར་བསམ་པར་སྣང་བ་ལས། །འཁྲུལ་གཞིས་ཡོད་མེད་སྒྲོ་སྐུར་བྲལ། །ཞེས་གསུངས་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱ་མཚོར་གཟུགས་བརྙན་ལྟར། རིག་རྩལ་འགགས་མེད་དུ་རང་སྣང་བས་འཁྲུལ་གཞི་ཡོད་ཅེས་ཐ་སྙད་དུ་འདོགས་སོ། །དེའི་དུས་སུ་ཐམས་ཅད་རིག་པ་བདག་ཉིད་ཆེན་པོ་གཅིག་གོ་ངོ་བོར་མ་གཡོས་པ་ཡིན་ཏེ། འཁོར་འདས་བཟང་ངན་སྔ་ཕྱི་ཐ་དད་ཀྱི་རང་བཞིན་ཕྱོགས་གཅིག་ཏུ་མ་གྲུབ་པས་འཁྲུལ་གཞི་མེད་ཅེས་ཐ་སྙད་དུ་འདོགས་སོ། །དེ་ལྟར་ཡོད་མེད་གཉིས་ལ་ཚིག་ཡི་གེའི་རིས་སུ་སྔ་ཕྱི་ཡོད་ཀྱང་དུས་ལ་སྔ་ཕྱི་མེད། ངོ་བོ་ལ་བཟང་ངན་མེད། དོན་ལ་ཐ་དད་མེད་པར་རིག་པ་བདག་ཉིད་ཆེན་པོ་ལ་འཁོར་འདས་ཕྱོགས་མེད་ལྷུན་གྱིས་གྲུབ་ཅིང་དབྱེར་མེད་པའི་ཕྱིར་རོ། །ཡང་འཁོར་བ་ལ་ཐོག་མཐའ་ཡོད་མེད་ལ་གཉིས་ཏེ། འདོད་པ་དགོད་པ་དང་། རྩོད་པ་སྤོང་བའོ། །དང་པོ་ལ་གཉིས་ཏེ། ཁམས་གསུམ་སྤྱི་བཙན་དུ་ཐོག་མཐའ་མེད་པ་དང་། གང་ཟག་སྒོས་བཙན་དུ་ཐོག་མ་མེད་པ་ལ་ཐ་མ་ཡོད་པར་བསྟན་པའོ། །དང་པོ་ལ་གཉིས་ལས། སྤྱིར་ཐོག་མ་མེད་པར་བསྟན་པ་ནི། དང་པོ་དུས་འདི་ཙམ་ནས་གནས་ལུགས་ལ། འཁོར་བ་ཞེས་བྱ་བ་མི་ཤེས་པ་སྟེ། རྒྱས་པ་ལས། ཐོག་མ་མེད་ནས་སེམས་ཡན་བཏང་། །ཕྱིན་ཅི་ལོག་ལ་འཆོལ་ཉོག་སྤྱོད། །གཟུང་འཛིན་དོན་ལ་ཤིན་ཏུ་ཆགས། །དེས་ནི་འཁོར་བར་རྟག་ཏུ་འཁྱམས། །ཞེས་སོ། །གཉིས་པ་བྱེ་བྲག་ཏུ་མཐའ་མ་མེད་པར་རིག་ཆད་དུ་གྱུར་ཚུལ་ནི། སེམས་ཅན་ཕལ་མོ་ཆེ་ཆོས་ཅན། འཁོར་བ་ལ་མཐའ་མེད་དེ། བྱང་སེམས་སྐྱེ་དཀའ་བ་དང་། སྣང་ལོག་སྤྱི་ནས་འདྲངས་ཀྱང་མི་དྲངས་བ་དང་། སེམས་ཅན་གྲངས་ཚད་ལས་འདས་པའི་ཕྱིར་རོ། །དེ་ཡང་དཀོན་མཆོག་བརྩེགས་པ་ལས། བསྐལ་པ་བྱེ་བ་བསམ་ཡས་སུ། །ང་ཡི་ཆོས་འདི་གནས་གྱུར་ལ། །ཉིན་རེ་བཞིན་དུ་དུས་གསུམ་དུ། །ཁམས་གསུམ་སེམས་ཅན་ཇི་སྙེད་པ། །སངས་རྒྱས་ས་ལ་དགོད་བྱས་ཀྱང་། །སེམས་ཅན་ཁམས་ལ་བྲི་བ་མེད། །ཅེས་པ་དང་། ཐུག་ཐིག་ལས། སེམས་ཅན་གྲངས་དང་ཚད་འདས་པས། །ཉི་ཟེར་རྡུལ་བཞིན་འཕེལ་འགྲིབ་མེད། །ཅེས་སོ། །གཉིས་པ་གང་ཟག་སྒོས་བཙན་ལ་ཐོག་མ་མེད་པ་ཐ་མ་ཡོད་པ་ནི། གང་ཟག་སྒོས་བཙན་ཆོས་ཅན། ལམ་ཉམས་སུ་བླངས་བ་ལ་མཐའ་མ་ཡོད་དེ། བདེ་གཤེགས་སྙིང་པོའི་ཁམས་དང་རང་ཆས་ཆ་ཡོད་པ་དང་། རིགས་སད་དེ་དད་མོས་རྒྱུད་ལ་སྐྱེས་པ་དང་། ཐབས་དང་གང་ཟག་གིས་ལམ་ཉམས་སུ་བླངས་པས་མཐར་སངས་རྒྱས་ཏེ། རང་གི་འཁོར་བ་དོང་ནས་སྤྲུགས་པའི་ཕྱིར། རྒྱལ་བ་དོན་གྲུབ་བཞིན་ནོ། །དེ་ཡང་། ནམ་མཁའ་མཐའ་མེད་ལས། ཐོག་མཐའ་མེད་ཀྱང་རྟོགས་ན་ཡོད། །ཅེས་པ་དང་། རྩ་རྒྱུད་ལས། ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་རྩོད་པ་སྤོང་བ་ལ་གཉིས་ལས། དང་པོ་སྒོས་སྐྱོན་སྤྱི་ལ་བརྒལ་བ་ནི། སེམས་ཅན་སྤྱི་ཕལ་མོ་ཆེ་ཆོས་ཅན། འཁོར་བ་ལ་ཐ་མ་བྱུང་བར་ཐལ། སྒོས་བཙན་ལ་མཐའ་ཡོད་པས། སྣོན་པ་མེད་ལ་འགྲིབ་པ་ཡོད་པའི་ཕྱིར་ཞེ་ན། ལན་ལ་དཔེ་དོན་གཉིས་ལས། དང་པོ། དོན་ནི་སེམས་ཅན་གཅིག་སངས་རྒྱས། གཉིས་སངས་རྒྱས་ཏེ་འགྲིབ་པ་ཡོད་ལ་བསྣན་པ་མེད་ཀྱང་། སེམས་ཅན་ལ་གྲངས་ཚད་མེད་པས་དོང་མི་སྤྲུག་ན་ཅི་ཏོ་སྟེ་ཁྱབ་པ་མ་གྲུབ་བོ། །གཉིས་པ་དཔེ་ནི། འབྱུང་ཆེན་ལྟོས་ཀྱི་ནམ་མཁའ་ཆོས་ཅན། ཁྱུང་ཆེན་གཅིག་ཤར་དུ་ཕུར་ནས་བཏང་ན་ཤར་གྱི་ནམ་མཁའི་མཐའ་རྙེད་པར་ཐལ། ཁྱུང་འདབས་རྩལ་ཆེ་བས་འབྲོས་པའི་འདོད་པ་ཡོད་པའི་ཕྱིར། ཞེས་མཚུངས་སོ། །དེ་ཡང་སྡུད་པ་ལས། ནམ་མཁའི་ཁམས་ཀྱི་རང་བཞིན་ཕ་མཐའ་ཡས། །སེམས་ཅན་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་ཡས། །ཞེས་སོ། །གཉིས་པ་སྤྱི་སྐྱོན་སྒོས་ལ་བརྒལ་བ་ནི། གང་ཟག་སྒོས་བཙན་ཆོས་ཅན། ཉམས་སུ་བླང་བས་ཀྱང་གྲོལ་ཐར་མི་འབྱུང་བར་ཐལ། ཁྱབ་བྱེད་སྤྱི་ལ་མཐའ་མེད་པའི་ཕྱིར་ཞེ་ན། ལན་ལ་དཔེ་དོན་གཉིས་ལས། དང་པོ་དོན་ནི། སྤྱི་ལ་མེད་ཀྱང་ཉམས་སུ་བླང་བ་ལ་གྲོལ་ཐར་འབྱུང་ན་ཅི་ཏོ་སྟེ་ཁྱབ་པ་མ་གྲུབ་བོ། །གཉིས་པ་དཔེ་ནི། དེ་ལྟར་ན་བུ་གའི་ནམ་མཁའ་ཆོས་ཅན། མཐའ་མེད་པར་ཐལ། ཁྱབ་བྱེད་འབྱུང་ཆེན་ལྟོས་ཀྱི་ནམ་མཁའ་ལ་མཐའ་མེད་པའི་ཕྱིར་རོ། །ཞེས་མཚུངས་སོ། །གསུམ་པ་འཁྲུལ་ཡང་ལམ་དང་འབྲས་བུ་གཞན་ན་མེད་དེ་རང་ལ་གནས་པ་ལ་གཉིས་ཏེ། བགྲང་། དང་པོ་དཔེ་དང་སྦྱར་ཏེ་མདོར་བསྟན་པ་དང་། དྲང་། འཁྲུལ་ཚུལ་དེ་ལྟར་འཁྲུལ་ན་ཡང་དཔེར་ན་རྒྱལ་པོའི་ཕྲུ་གུས་རང་ངོ་མ་ཤེས་པས་འབངས་སུ་འཁྱམས་ཀྱང་། རྒྱལ་པོའི་རིགས་དང་ཤ་ཁྲག་ལ་འགྱུར་བ་མེད་པ་དེ་བཞིན་དུ་འཁྲུལ་ཀྱང་སངས་རྒྱས་ཀྱི་རིགས་ལས་གཞན་དུ་འགྱུར་བ་མེད་པས་ཤུལ་ཏེ་ལམ་དང་བསྒྲུབ་བྱའི་དོན་དེ་འབྲས་བུ་རང་ལ་གནས་ཏེ་གཞན་ན་ཡོད་པ་མིན་པའི་ཕྱིར། དཔེར་ན་ལྷ་འཕྲུལ་དགའི་ལོངས་སྤྱོད་རང་ལ་འཕྲུལ་ནས་ལོངས་སྤྱོད་པའི་ཚུལ་དེ་བཞིན་དུ་ལམ་དང་འབྲས་བུ་གཉིས་གཞན་ལས་འབྱུང་བ་མིན་ཏེ་རང་ལ་གནས་པའི་འཁོར་འདས་དབྱེར་མེད་ཀྱི་དོན་ཏོ། །དེ་ཡང་དོན་དམ་ཀུན་རྫོབ་དབྱེར་མེད་རྣམ་པ་གསུམ་གྱི་གནས་ཚུལ་གྱི་ལུས་རྣམ་པར་བཞག་པ་ནི་འདི་ལྟ་སྟེ། གཉིས་པ་དོན་རྒྱས་པར་བཤད་པ་དེ་ལ་གསུམ་སྟེ། ཀུན་རྫོབ་ལུས་དངོས་པོའི་གནས་ལུགས་ལ་ལམ་དང་འབྲས་བུ་གཞན་ན་མེད་དེ། རང་ལ་གནས་པ་དང་། དོན་དམ་སེམས་དངོས་པོའི་གནས་ལུགས་ལ་ལམ་དང་འབྲས་བུ་གཞན་ན་མེད་དེ་རང་ལ་གནས་པ་དང་དབྱེར་མེད་ཀྱི་གནས་ལུགས་ལ་ལམ་དང་འབྲས་བུ་གཞན་ན་མེད་དེ་རང་ལ་གནས་པའོ། །དང་པོ་ལ་གཉིས་ཏེ། ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་དོན་རང་ལ་གནས་པ་དང་། འབྲས་བུ་རང་ལ་གནས་པའོ། །དང་པོ་ལ་གཉིས་ཏེ། ཡི་གེ་རང་ལ་གནས་པ་དང་། གླེང་གཞི་དང་རྒྱུད་དོན་རང་ལ་གནས་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་བརྗོད་བྱ་དོན་གྱི་ཡི་གེ་རང་ལ་གནས་པ་དང་། དྲང་། སྙིང་གར་ཡེ་ཤེས་སྙིང་པོའི་ཐིག་ལེ་བམ་གྱི་དབྱིབས་ཅན་ལ་རིགས་ལྔའི་ས་བོན་ཡིག་འབྲུ་ལྔ་སྡེ་ༀ་ཨཱཿཧཱུྃ་སྭཱ་ཧཱ་ལྔར་གནས་པ་དེའི་བདེ་བའི་རྩལ་ཡེ་ཤེས་ལྔ་དང་། རིགས་ལྔའི་སྐུ་ཅི་ཡང་མ་འགགས་པར་སྣང་བའི་ཕྱིར་ཐབས་ཆེན་པོ་ཞེས་བྱའོ། །དེ་གང་ལ་གནས་ན། འགྲོ་བ་རིགས་དྲུག་པོ་ཀུན་ལ་རང་བཞིན་ངམ་ངམ་ཤུགས་ཀྱིས་གནས་པའོ། །དེ་ཡང་ཐལ་བ་ལས། ཙིཏྟ་ཁམས་ལྔའི་ཤི་ར་ལ། །རྡོ་རྗེ་རྒྱལ་བ་རིན་ཆེན་ཆོས། །ཤེས་རབ་རིགས་ལྡན་བཅུད་ཀྱི་གཟུགས། །ངེས་པར་འཛིན་པ་གསང་བའི་སྔགས། །ཞེས་སོ། །གཉིས་པ་བརྗོད་བྱེད་ཚིག་གི་ཡི་གེ་རང་ལ་གནས་པའོ། །དྲང་། ལུས་གནས་རྩའི་དཀྱིལ་འཁོར་སྤྱི་བོ་བདེ་ཆེན། མགྲིན་པ་ལོངས་སྤྱོད། སྙིང་ག་ཆོས། ལྟེ་བ་སྤྲུལ་པའི་འཁོར་ལོ་དང་བཞི་རང་ལ་གནས་པ་དང་། རྩ་འཁོར་དེ་དག་གི་གཡས་ན་རོལ་མ། གཡོན་ན་རྐྱང་མ། དབུས་ན་ཀུན་འདར་མ་གསུམ་གྱིས་འཁོར་ལོ་བཞི་ལ་སྲོག་ཤིང་གི་ཚུལ་དུ་རིམ་པར་གནས་སོ། །དེ་ལྟར་འཁོར་ལོ་བཞིའི་རྩའི་གནས་ན་ཡི་གེ་ཇི་ལྟར་གནས་ན། དེ་ཡང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབས་སུམ་ཅུ་སོ་གཉིས་གདུགས་ཕུབ་པའི་ཚུལ་དུ་གནས་པའི་དབུས་ན་ཐིག་ལེ་ཧཾ་ཡིག་མགོ་ཐུར་དུ་བསྟན་པ་ཡོད་ལ། རྩ་འདབས་ལ་ཀ་ལི་སྒྲ་ཡིག་སོ་གཉིས་གནས་སོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་བཅུ་དྲུག་བུམ་པ་དྲ་བར་བཅུག་པའི་ཚུལ་དུ་གནས་པའི་དབུས་སུ་ཨཾ་དམར་པོ་གནས་ལ། རྩ་འདབས་ལ་ཨ་ལི་དབྱངས་ཡིག་བཅུ་དྲུག་གནས་སོ། །སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྩ་འདབས་པདྨ་འདབ་བརྒྱད་ལྟར་གནས་པའི་དབུས་ན་ཧཱུཾ་གནས་ལ། རྩ་འདབས་བརྒྱད་པ་སྡེ་ཚན་བརྒྱད་ཀྱི་ཐོག་མའི་ཡི་གེ་བརྒྱད་གནས་སོ། །ལྟེ་བ་སྤྲུལ་པའི་འཁོར་ལོ། རྩ་འདབ་དྲུག་ཅུ་རྩ་བཞི་གྲུ་གུ་བཏིང་བ་ལྟར་གནས་པའི་དབུས་ན་ཨ་ཐུང་ཤད་ཀྱི་རྣམ་པ་དང་། རྩ་འདབས་ལ་སྒྲ་ཡིག་སོ་གཉིས་དང་དབྱངས་ཡིག་བཅུ་དྲུག་གཡས་བསྐོར་དང་གཡོན་བསྐོར་དུ་ལྡན་པར་གནས་སོ། །དེ་ཡང་ཐལ་བ་ལས། རང་སྣང་སྐུ་ཡི་འཁོར་ལོ་ལ། །རང་བཞིན་གསུང་གི་དཀྱིལ་འཁོར་རྣམས། །གཡས་དང་གཡོན་དུ་དབྱེ་བ་ཡིས། །སྡེ་ཚན་བརྒྱད་དང་ཕྱེ་བ་དང་། །ཞེས་སོ། །གཉིས་པ་གླེང་གཞི་རྒྱུད་དོན་རང་ལ་གནས་པ་ལ་གཉིས་ཏེ། བགྲང་། དང་པོ་ཐབས་ལམ་གྱི་གླེང་གཞི་རང་ལ་གནས་པ་ངེས་ཚིག་དང་བཅས་པ་དང་། དྲང་། དེ་ལ་གཉིས་ཏེ། དང་པོ་འོག་སྒོའི་གླེང་གཞི་ནི་ཨེ་ནི་གནས་ཕུན་སུམ་ཚོགས་པ་སྟེ། ཡུམ་གྱི་མཁའ་ཆོས་འབྱུང་གྲུ་གསུམ་པའོ། །བཾ་ནི་སྟོན་པ་ཕུན་སུམ་ཚོགས་པ་སྟེ། ཡབ་ཀྱི་གསང་བའི་རྡོ་རྗེའི་རྩེའི་ཐིག་ལེ་བཾ་གྱི་དབྱིབས་སུ་ཡོད་པ་དེས་བདེ་བ་གསལ་བར་བྱེད་པའོ། །མ་ནི་འཁོར་ཕུན་སུམ་ཚོགས་པ་སྟེ། མ་ནུ་ན་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་རྟོག་ཚོགས་ཐམས་ཅད་དོ། །ཡ་ནི་བསྟན་པ་ཕུན་སུམ་ཚོགས་པ་སྟེ། ལྷན་ཅིག་སྐྱེས་པའི་བདེ་བ་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ཉིད་དོ། །དེ་ལྟར་གླེང་གཞི་ཕུན་སུམ་ཚོགས་པ་དེ་ཡུམ་གྱི་མཁའ་གསང་ལ་ལྡན་པ་སྟེ། དེ་དག་ཀྱང་ཐལ་བ་ལས། འདིར་ཞེས་ཉེ་བར་མཚོན་པ་ནི། ཨེ་སོགས་རྣམ་བཞིའི་དབྱིངས་ཅན་གནས། སྐད་ཅེས་གསལ་བྱེད་ལས་མིང་ཅན། བཾ་དབྱིབས་ཐིག་ལེ་བཅས་སྟོན་པ། མ་ཏ་མ་ནུ་སྡོམ་བྱེད་ཡིན། ལས་ཅན་རྣམ་ཤེས་དེ་དག་ལ། གསལ་བར་གོ་བས་བཤད་པར་འདོད། ས་སྒྲ་དོན་དམ་ངེས་པའི་རྒྱུད། ཡ་ནི་ཐེག་ཆེན་འདི་ཡིན་ནོ། །དུས་ནི་བསམ་གྱིས་མི་ཁྱབ་དུས། ན་མ་དེ་མིང་ཞེས་བྱའོ། །ཞེས་གསུངས་སོ། །གཉིས་པ་སྟེང་སྒོའི་གླེང་གཞི་ནི། གསང་བའི་རླུང་གིས་སྒྲོམ་བུ་སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབས་བརྒྱད་ཀྱི་དབྱིབས་ཅན་ནི་གནས་ཕུན་སུམ་ཚོགས་པ་སྟེ། དེ་ན་ཡོད་པའི་ཡེ་ཤེས་སྙིང་པོ་སྲོག་མི་ཤིགས་པའི་ཐིག་ལེ་བཾ་དབྱིབས་ཅན་ནི་སྟོན་པ། རྩ་བཞི་ལ་གནས་པའི་རྣམ་ཤེས་བཞི་ནི་འཁོར། དོན་དམ་འོད་གསལ་གྱི་ཡེ་ཤེས་ནི་བསྟན་པ་ཕུན་སུམ་ཚོགས་པའོ། །དེ་ཡང་། རྒྱ་མཚོ་ལས། དྷརྨ་ཙཀྲ་ཆོས་ཀྱི་དབྱིངས། །འོག་གཞི་ཨེ་སོགས་དབྱིབས་སུ་གནས། །མི་ཤིག་ཐིག་ལེ་བཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་ཅན། །མ་ནུ་རྣམ་ཤེས་ཡིད་སོགས་བཞི། །ཡེ་ཤེས་མྱོང་བ་སྡུད་པར་བྱེད། །ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པས། །པ་ར་མཱརྠ་དོན་ཟབ་མོ། །བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་གསུངས་སོ། །དེ་ལྟར་གླེང་གཞི་རང་གནས་གཉིས་པོ་དེ་ཡི་ལམ་པའི་སྣང་ངོ་ལ་ཏནྟྲ་སྟེ་རྒྱུད་ཀྱི་དོན་བདེ་སྟོང་གི་ཡེ་ཤེས་མངོན་སུམ་འབྱིན་པར་བྱེད་པས་ན་གླེང་གཞི་ཞེས་བྱའོ། །གཉིས་པ་རྒྱུད་དོན་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་རང་ལ་གནས་པའོ། །དེ་ལ་གཉིས་ཏེ། གྲོལ་ལམ་རང་ལ་གནས་པ་དང་། །ཐབས་ལམ་རང་ལ་གནས་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་གཙོ་བོ་རང་ལ་གནས་པ་དང་། དྲང་། གླེང་གཞི་དེ་ཡིས་སྟོན་པར་བྱེད་པའི་རྒྱུད་དོན་ལམ་གྱི་གཙོ་བོ་ཏིང་ངེ་འཛིན་ནི་སྙིང་ག་ཆོས་ཀྱི་འཁོར་ལོའི་གནས་དེ་ན་གཡས་ཆོས་ཉིད་ཀྱི་རྩ་དེ་ཏིང་དང་། མདུན་ཡེ་ཤེས་ཀྱི་རྩ་ཀུན་ཏིང་དང་། གཡོན་ཡོན་ཏན་གྱི་རྩ་ཕྱག་རྒྱ་གཅིག་པ་དང་། གཉིས་ཀྱི་རྒྱབ་ལས་ཉིད་ལ་དངོས་པོ་རང་རྒྱུད་ཀྱི་རྩ་ཕྱག་རྒྱ་སྤྲོས་པ་དང་། དེ་ཡང་རྩ་བཞི་ན་མ་རྟོགས་སེམས་ཅན་གྱི་དུས་སུ་རླུང་སེམས་རྒྱུ་བས་རྣམ་ཤེས་བཞི་དང་། རྟོགས་པའི་དུས་སུ་ཚོགས་ལམ་རྣལ་འབྱོར་བཞིའི་ལམ་གྱི་རིམ་པ་རང་བཞིན་གྱིས་གནས་སོ། །གཉིས་པ་ཆ་རྐྱེན་རང་ལ་གནས་པ་ལ་བདུན་ཏེ། ཕྲིན་ལས་རང་ལ་གནས་པ་དང་། བསྙེན་སྒྲུབ་བཞི་རང་ལ༴ དཀྱིར་འཁོར་རང་ལ༴ དབང་རང་ལ༴ མཆོད་པ་རང་ལ༴ དམ་ཚིག་རང་༴ སྤྱོད་པ་རང་ལ་གནས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ལས་བཞི་གནས་ཚུལ་དངོས་དང་། སྦྱིན་སྲེག་རང་ལ་གནས་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ལས་བཞི་ནང་ལྟར་གནས་ཚུལ་དང་། གསང་བ་ལྟར་གནས་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་བྱེ་བྲག་སྙིང་ག་ཆོས་ཀྱི་འཁོར་ལོ་ལ་ལས་བཞི་གནས་ཚུལ་དང་། དྲང་། སྙིང་ག་ཆོས་ཀྱི་འཁོར་ལོའི་ཐེག་ལེའི་སྣོད་ནི་རྩ་བཞི་སྟེ་རྩ་དེ་རྣམས་ཀྱི་འོད་ཁ་དོག་བཞི་དབྱིབས་ཀྱང་བཞི་སྟེ། དེ་དག་ཕྲིན་ལས་བཞིར་གནས་ཏེ། དེ་ཡང་གཡས་ཆོས་ཉིད་ཀྱི་རྩ་ཁ་དོག་དཀར་པོ་དབྱིབས་ཟླུམ་པོར་གནས་པ་ནི་ཞི་བའི་ཕྲིན་ལས། མདུན་ཡེ་ཤེས་ཀྱི་རྩ་དོག་སེར་པོར་དབྱིབས་གྲུ་བཞིར་གནས་པ་རྒྱས་པའི་ཕྲིན་ལས། གཡོན་ཡོན་ཏན་གྱི་རྩ་ཁ་དོག་དམར་པོ་དབྱིབས་ཟླ་གམ་དུ་གནས་པ་དབང་གི་ཕྲིན་ལས། རྒྱབ་རང་རྒྱུད་ཀྱི་རྩ་དམར་ནག་དབྱིབས་གྲུ་གསུམ་དུ་གནས་པ་དྲག་པོའི་ཕྲིན་ལས་སོ། །གཉིས་པ་སྤྱིར་རྩ་འཁོར་ལོ་བཞི་ལ་ལས་བཞི་གནས་ཚུལ་ལོ། །དྲང་། སྤྱི་བོ་ལ་སོགས་གནས་བཞིའི་འབྱུང་བ་བཞི་ལ་ཕྲིན་ལས་བཞི་སྟེ། དེའང་སྤྱི་བོ་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྒྱས་པའི་གནས། མགྲིན་པར་རླུང་གི་དཀྱིལ་འཁོར་ཟླ་གམ་དུད་ཀ་དབང་། སྙིང་ག་མེའི་དཀྱིལ་འཁོར་གྲུ་གསུམ་དམར་ནག་དྲག་པོ། ལྟེ་བ་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་ཞི་བའི་གནས་སོ། །ཡང་ན་གནས། སྙིང་ག །ལྟེ་བ། སུམ་མདོ། སྒྲོམ་མདོ་བཞི་ན་ཡོད་པའི་འབྱུང་བ་ཆུ་ས་མེ་རླུང་བཞི་ཡང་ཕྲིན་ལས་བཞིའི་ངོ་བོ་ཡིན་ཏེ། ཆུ་ཞི་བའི་ཕྲིན་ལས། ས་རྒྱས། མེ་དབང་༴ རླུང་དྲག་པོའི་ཕྲིན་ལས་ཡིན་ནོ། །གཉིས་པ་གསང་བ་ལྟར་གནས་ཚུལ་ལོ། དྲང་། ཡུམ་གྱི་གསང་བའི་མཁའ་ལ་ཕྲིན་ལས་བཞི་རང་བཞིན་གྱིས་ཡེ་ནས་ལྡན་པར་གནས་ཏེ། དེ་ཡང་ཕྱི་འཁྱམས་གྲུ་གསུམ་དྲག་པོ། བར་ཁྱམས་གྲུ་བཞི་རྒྱས་པ། སྐྱེ་གནས་ལ་ཟླ་གམ་དབང་། དབྱིངས་ཕྱུག་གི་སྣ་རྩེར་རྩ་སྣ་ཚོགས་འདུས་པ་ཟླུམ་པོ་ཞི་བའི་ཕྲིན་ལས་གནས་སོ། །གཉིས་པ་སྦྱིན་སྲེག་རང་ལ་གནས་ཚུལ་ལོ། །དྲང༴ དེ་ཡང་སུམ་དོར་རཾ་ལས་མེ། སྒྲོམ་མདོར་ཡཾ་ལས་རླུང་དེས་བསྐྱེད་པ་ལས་མེ་འབར། གཡས་ཀྱི་རྩ་རོ་མ་ནི་དགང་གཟར། གཡོན་གྱི་རྐྱང་མ་ནི་བླུག་གཟར། དབུས་ཀྱི་ཀུན་རྟར་མ་ནི་མེ་ལྷ། ཡེ་ཤེས་སྙིང་པོ་ནི་བསྲེག་ལྷ། ཉོན་མོངས་པ་ལ་སོགས་པའི་རྣམ་པར་རྟོག་པའི་ཚོགས་ནི་བསྲེག་རྫས་ཏེ། དེ་ལྟར་སྦྱིན་བསྲེག་ཡང་རང་བཞིན་གྱིས་ཡེ་ནས་རང་ལ་ལྡན་པར་གནས་པའོ། །གཉིས་པ་བསྙེན་སྒྲུབ་བཞི་རང་ལ་གནས་པ་དང་། དྲང་། དེ་ཡང་གཡས་ཆོས་ཉིད་ཀྱི་རྩ་ཐིག་ལེས་གང་བ་དེ་བཞིན་ཉིད་ཀྱི་ངོ་བོ་སྟེ་བསྙེན་པ། མདུན་ཡེ་ཤེས་ཀྱི་རྩ་ཐིག་ལེས་གང་བ་ཀུན་སྣང་གི་ཏིང་ངེ་འཛིན་གྱི་ངོ་བོ་སྟེ་ཉེ་བསྙེན། གཡོན་ཡོན་ཏན་གྱི་རྩ་ཐིག་ལེས་གང་བ་ནི་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་གྱི་ངོ་བོ་སྟེ་བསྒྲུབ་པ། རྒྱབ་རང་རྒྱུད་ཀྱི་རྩ་ཐིག་ལེས་གང་བ་སྤྲོས་པའི་ཏིང་ངེ་འཛིན་གྱི་ངོ་བོ་སྟེ་བསྒྲུབ་པ་ཆེན་པོའོ། །དེ་ལ་བསྙེན་པ་རྫོགས་ཚུལ་ནི། རྩ་གནས་ཐིག་ལེས་གང་བ་བསྙེན་པ། དེ་ཡང་རང་བཞིན་གྱིས་བདེ་བ་འབྱུང་བ་ཉེ་བསྙེན། དེ་ལྟར་ངོས་ཟིན་ནས་ཉམས་སུ་བླངས་པ་བསྒྲུབ་པ། བདེ་བ་རྒྱས་ཏེ་མངོན་སུམ་དུ་གྱུར་ནས་ཉམས་སུ་མྱོང་བ་ནི་སྒྲུབ་པ་ཆེན་པོའོ། །དེ་ལྟར་བསྙེན་སྒྲུབ་བཞི་ཡང་རང་བཞིན་གྱིས་ཡེ་ནས་རང་ལ་ལྡན་པར་གནས་པའོ། །གསུམ་པ་དཀྱིལ་འཁོར་རང་ལ་གནས་པ་དང་། དྲང་། རྩ་བའི་རྩ་བཞི་དེ་ལ་ཕྱེ་ན་ཆོས་ཉིད། ཡོན་ཏན་གྱི་རྩ་ལ་གསུམ་གསུམ་སྟེ་དྲུག །ཡེ་ཤེས་དང་རང་རྒྱུད་ཀྱི་རྩ་ལ་མ་ཕྱེས་པས་གཉིས་ཏེ་ཡན་ལག་བརྒྱད་དོ། །ཤི་ར་ན་རྩ་མཎྜལ་ནི་དཀྱིལ་འཁོར་ཏེ། ཡེ་ཤེས་སྙིང་པོ་དཀྱིལ་ཏེ་དབུས་ན་གནས་ཤིང་རྩ་བརྒྱད་པོ་འཁོར་དུ་གནས་པའི་ཕྱིར་དལ་ཡང་རང་བཞིན་གྱིས་ཡེ་ནས་རང་ལ་ལྡན་པར་གནས་པའོ། །བཞི་པ་དབང་རང་ལ་གནས་པ་དང་། དྲང་༴ གནས་པ་རྩ་དང་བརྟེན་པ་ཐིག་ལེ་ལས་ཕྱི་ཕན་པའི་དབང་བཅུ་དང་། ནང་ནུས་པའི་དབང་ལྔ་དང་གསང་བ་ཟབ་མོའི་དབང་གསུམ་སྟེ། དབང་བཅོ་བརྒྱད་རྣམས་རང་བཞིན་གྱིས་ཡེ་ནས་རང་ལ་ལྡན་པར་གནས་པའོ། །དེ་ཡང་། དང་པོ་ཕན་པའི་དབང་བཅུས་མཚུངས་ལྡན་རྣམས། རང་གི་རྒྱུད་ལ་ཡེ་ནས་གནས་པ་ནི། རྣམ་ཤེས་ཚོགས་བརྒྱད་ཡེ་ནས་ཡེ་ཤེས་ལྔར། ཡེ་ནས་རང་ལ་གནས་པས་དབུ་རྒྱན་ནོ། །རོ་རྐྱང་གཡས་གཡོན་འཕྱོ་བ་ཅོད་པཎ་དང་། ཀུན་དྷར་ནང་ན་ཐིག་ལེ་སུམ་ཅུ་རྣམས། ཕྲེང་བ་བསྒྲིག་འདྲའི་ཚུལ་དུ་གནས་པ་ཕྲེང་བ་སྟེ། རྩ་ཡི་དྲ་བས་ལུས་ཀུན་ཁྱབ་པ་གོ་ཆའོ། །ཐབས་ཤེས་གསང་བའི་དབང་པོ་རྒྱལ་མཚན་དང་། རྟོག་ཚོགས་ལྷར་གནས་ཕྱག་རྒྱ་ཡིན་པ་སྟེ། བདེ་ཆེན་རྩ་འདབ་སུམ་ཅུ་རྩ་གཉིས་གདུགས། རྩ་གནས་ཐིག་ལེས་གང་བ་བུམ་པར་བཤད། འདོད་ཡོན་མ་སྤངས་སེམས་སུ་སྤྱོད་པའམ། ལྕེ་ལ་རོ་འབབ་མ་ནུས་ཡོད་པ་བཟའ་བཏུང་དང་། ཁམས་ལྔའི་བཅུད་ལྔ་ཡིག་འབྲུ་ལྔར་གནས་པ། སྙིང་པོ་ལྔ་སྟེ་རང་ལ་གནས་པའོ། །གཉིས་པ་ནུས་པའི་དབང་ལྔ་གནས་པ་ནི། རྣ་བའི་འདོམ་རྩར་རེག་ཤེས་ཐིག་ལེའི་སྒྲ། ཉན་པར་ནུས་པའི་ཉན་དབང་རང་ལ་གནས། སྙིང་ལ་དྲན་རིག་སྣ་ཚོགས་འགྱུ་གནས་པས། རེག་ཤེས་ཐིག་ལེས་གནས་པ་བསྒོམ་པའི་དབང་། ལག་གཉིས་འདམ་རྩར་བྱ་བྱེད་ནུས་པ་ཡི། རེག་ཤེས་ཐིག་ལེ ས་གནས་པ་ཕྲིན་ལས་ཏེ། ལྕེ་ཡིས་ཐིག་ལེས་བརྗོད་བྱའི་སྒྲ་ཚིག་རྣམས། གསལ་བར་བསྟན་ནུས་འཆད་པའི་དབང་ཡིན་ཏེ། ཡན་ལག་ལྔ་ལ་ལས་རྣམས་བྱེད་ནུས་པའི། །རེག་ཤེས་ཐིག་ལེས་གནས་པ་རྡོ་རྗེ་རྒྱལ། རབ་འབྱམས་བཀའ་ཡི་དབང་ཉིད་ལྡན་པའོ། །གསུམ་པ་ཟབ་མོའི་དབང་གསུམ་ལྡན་པ་ནི། དོན་དམ་སྐྱེ་བ་མེད་པ་གསང་བའི་དབང་། ཀུན་རྫོབ་སྒྱུ་མ་ཤེས་རབ་ཡེ་ཤེས་ཏེ། ཟུང་འཇུག་བདེན་པ་དབྱེར་མེད་བདེ་ཆེན་དབང་། དེ་ལྟར་ཕྱི་ནང་གསང་གསུམ་དབང་མཆོག་གིས་མཚུངས་ལྡན་དེ་དག་རང་ལ་མི་གནས་ན། དབང་རྣམས་བསྐུར་ཡང་ཐོབ་པར་མི་འགྱུར་བས། དེ་ཕྱིར་དབང་གི་མཚུངས་ལྡན་རང་ལ་གནས་ཞེས་པའོ། །ལྔ་པ་མཆོད་པ་རང་ལ་གནས་པ་དང་། དྲང་། ནང་གི་ལྷ་མོ་ལ་གསང་བར་བཞག་པ་ནི། བསྐྱེད་སྔགས་ལ་སྦྱོར་སྔགས་ཞུགས་པས་སམ་བདེ་བ་བསྐྱེད་པའི་སྦྱོར་བ་ཞུགས་པས་གསང་བའི་ལྷ་མོ་ཏེ། དེ་ཡང་གསང་བའི་ལྷ་མོ་བཞི་ནི། རྩ་གནས་ན་ཐིག་ལེའི་ཆོས་ཀྱིས་སྒེག་པ་ལཱ་སྱ་མ། ཐིག་ལེ་རྒྱུན་མི་ཆད་པ་མཱ་ལྱ་མ། ཧ་དང་སིའི་སྒྲ་སྒྲོགས་པ་ནི་གིརྟི་མ། བདེ་བས་མཉེས་པར་བྱེད་པ་ནི་ར་ཏི་མའོ། །ནང་གི་ལྷ་མོ་བཞི་ནི། བདེ་བས་ཚིམས་པར་བྱེད་པ་དྷུ་པེ་མ། བདེ་བ་འཐོར་བར་བྱེད་པ་པུཥྤེ་མ། བདེ་བ་གསལ་བར་བྱེད་པ་ཨཱ་ལོ་ཀེ་མ། བདེ་བར་འབྱམས་པར་བྱེད་པ་གྷནྡྷཻ་མའོ། །འདོད་ཡོན་གྱི་ལྷ་མོ་ལྔ་ནི་ཡབ་ཡུམ་ཕན་ཚུན་ཉི་ཟླའི་ཐིག་ལེས་སྒེག་ཅིང་མཛེས་པ་གཟུགས་ཀྱི་ལྷ་མོ། བསྐྱོད་པ་ཧ་དང་སིའི་སྒྲ་སྒྲགས་པ་ནི་སྒྲའི་ལྷ་མོ། བདེ་བས་ཚིམ་པར་བྱེད་པའི་དྲིའི་ལྷ་མོ། །བདེ་བ་མྱོང་བ་རོའི་ལྷ་མོ། གསང་བའི་རྣམ་ཤེས་དང་ཡུལ་དང་དབང་པོ་རེག་པ་ནི་རེག་བྱའི་ལྷ་མོའོ། །དང་ནི་འབྱེད་པའི་ཚིག་གོ། །ལོང་ཀའི་རྩ་ན་དྲི་ཆེན། ལྟེ་བའི་ཙ་ན་ཤ་ཆེན། རོ་མ་ན་རཀྟ། རྐྱང་མ་ན་དྲི་ཆུ། ཀུན་དྷརྨ་ན་བྱང་སེམས་ཏེ། དམ་རྫས་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་ཡེ་ནས་ལྡན་པ་ནི་མཆོད་པ་རང་ལ་གནས་པ་སྟེ། ཕྱི་རོལ་ན་ཡོད་པ་མ་ཡིན་ནོ། །ཞེས་པའི་ཐ་ཚིག་གོ། །དྲུག་པ་དམ་ཚིག་ལ་གནས་པ་དང་། དྲང་། གོང་དུ་བསྟན་པ་དེ་དག་རང་ལ་རང་ཆས་སུ་གནས་པ་ལས་མི་འདའ་བས་ན་དམ་ཚིག །ལུས་ངག་ཡིད་གསུམ་ལ་རང་བཞིན་གྱིས་ཡེ་ནས་ལྡན་པར་གནས་པའི་ཕྱིར་ས་མ་ཡ་སྟེ་དམ་ཚིག་ཅེས་བྱའོ། །བདུན་པ་སྤྱོད་པ་རང་ལ་གནས་པར་བསྟན་པའོ། །དྲང་། རང་བཞིན་གྱི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་འདུ་བྱེད་ཀྱི་སྤྱོད་པ་ནི་གསུམ་སྟེ། ཕྱི་ལྟར་ན་ལུས་ངག་ཡིད་གསུམ་གྱི་སྤྱོད་པས་དངོས་སུ་སྤྱོད་པའོ། །ནང་ལྟར་ན་རྩ་ཁ་དོག་དབྱིབས་སུ་ཡོད་པ་ནི་ལུས། རྩའི་ནང་དུ་ཐིག་ལེ་ཡི་གེའི་དབྱིབས་སུ་ཡོད་པ་ནི་ངག །དེ་ལ་གནས་པའི་ཚོགས་བརྒྱད་ཀྱི་རྟོགས་པ་བདེ་བའི་རང་བཞིན་དུ་ཡོད་པ་ནི་ཡིད་དོ། །གསང་བའི་ལུགས་ལྟར་ན། གསང་བའི་ཡུལ་པདྨ་ལུས་གསང་བའི་དབང་པོ་ངག་གསང་བའི་རྣམ་ཤེས་ཡིད་དོ། །ཡང་ན་ཕྱི་ལུས་ཀྱི་སྤྱོད་པ་ནང་ངག་གི་སྤྱོད་པ། གསང་བ་ཡིད་ཀྱི་སྤྱོད་པའོ། །དེ་ལྟར་ཕྱི་ནང་གསང་གསུམ་དུ་ལུས་ངག་ཡིད་གསུམ་གྱི་འདུ་བྱེད་ཀྱིས་སྤྱོད་པ་ཐམས་ཅད་རྒྱལ་བའི་མཛད་པ་དང་སྤྱོད་པ་ཉིད་དུ་རང་བཞིན་ངང་གིས་ཡེ་ནས་རང་ལ་ལྡན་པར་གནས་པའོ། །གཉིས་པ་ཐབས་ལམ་རང་ལ་གནས་པའོ། དྲང་། བདེ་བ་ལ་ཞེན་ཅིང་ཆགས་པ་རང་ཁ་མས་ཁམས་གསུམ་འཁོར་བ་འགྲུབ་པའི་རྒྱུ་ཡིན་ཀྱང་། ཅིག་ཤོས་ཏེ་བདེ་བའི་ཐབས་བདེ་བ་ལྟ་བའི་རྩིས་ཀྱིས་ཟིན་ན། རང་བཞིན་ནམ་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ལམ་པའི་བློ་ལ་འགྲུབ་པར་བྱེད་པའོ། །གཉིས་པ་འབྲས་བུ་རང་ལ་གནས་པ་ལ་གཉིས་ཏེ། བགྲང་། དང་པོ་ལུང་རིག་གི་སྒོ་ནས་རྟོག་ཚོགས་འབྲས་བུ་ལྷའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཡིན་པར་ཁས་བླང་བ་དང་། དྲང་། ལྔ་ཕུང་གི་ཡེ་ཤེས་ལ་སྐྱེ་འཇིག་མེད་པའི་ཕྱིར། ཕུང་པོ་ལྔ་དང་། རིགས་ལྔའི་རང་བཞིན་དབྱེར་མི་ཕྱེད་པའི་ཕྱིར་རྡོ་རྗེ། ཕུང་པོའི་མཚན་ཉིད་ནི་དུ་མ་འདུས་པ་ཡིན་ལ། དེ་ལྟར་ཕུང་པོ་ལྔའི་ཡན་ལག་རྟོག་པའི་རི་བོ་བརྒྱད་ཅུ་དང་བཅས་པ་ཀུན་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔ་ལྷུན་གྱིས་གྲུབ་པའི་རིགས་ལྔར་གསལ་བ་ལ་གྲགས་ཞེས་སོ། །སོགས་སྒྲས་སྐྱེ་མཆེད་ཁམས་རྣམས་སོ། །དངོས་པོ་ཀུན་ལ་ཆགས་པའི་རྟེན་འབྱུང་བ་ལྔ་དང་ནང་གི་རྟེན་ཚུལ་བཟུང་བ་ཕུང་པོ་གཉིས་ཀྱི་བྱེད་ལས་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ངོ་བོ་ལྷ་དང་ལྷ་མོའི་རང་བཞིན་དུ་གནས་པས་འབྲས་བུར་གནས་ཞེས་བྱའོ། །དེ་ཡང་རྒྱས་པ་ལས། རང་བཞིན་ཕྱག་རྒྱ་ཆེན་པོ་ནི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རིགས་ལྔ་བདེ་གཤེགས་ཡབ་ཡུམ་གྱི། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་སོ། །གཉིས་པ་དཔེའི་སྒོ་ནས་གཏན་ཚིགས་རྒྱས་པར་བཤད་པའོ། །དྲང་། འདི་ལ་འབྲུ་ཡི་འདུག་ས་བསྒྱུར་དོན་གྱིས་གོ་རིམ་སྡེབ་ན་རྒྱུ་རྐྱེན་རྟེན་འབྲེལ་འདུས་ནས་སྣང་ལ་རང་བཞིན་མེད་པ་སྒྱུ་མའི་དཔེས་མཚོན་པ། ཡུལ་དུ་རྣམ་པ་དུ་མ་སྤུངས་པས་ན་ཕུང་པོ་ལྔ་དང་། བྱེད་པ་པོ་མེད་པ་ལས་རང་གི་མཚན་ཉིད་འཛིན་པས་ན་ཁམས་བཅོ་བརྒྱད་དང་། ཡུལ་དང་དབང་པོ་འདུས་ནས་རྣམ་ཤེས་སྐྱེ་བའི་སྒོ་འབྱེད་པས་ན་སྐྱེ་མཆེད་བཅུ་གཉིས་རྣམས་རྒྱུ་རྐྱེན་གྱིས་རང་རྒྱུད་པར་གྲུབ་པ་མེད་པ་ནི། ལོག་རྟོག་སྒྱུ་མ་སྟེ་གཞི་རིག་རྩལ་འགགས་མེད་ཀྱི་སྣང་བར་གནས་པའོ། །སྣང་ལ་གཟུང་དུ་མེད་པ་ཆུ་ཟླ་ཡི་དཔེས་མཚོན་པ་གང་གི་ཕུང་ཁམས་སྐྱེ་མཆེད་རྣམས། ལས་ཀྱི་ཕྱག་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། སྐུ་ཕྱག་རྒྱ་ཆེན་པོ་དང་བཞི་པོ་རྫོགས་པ་ལྷའི་དཀྱིལ་འཁོར་སོ་སོར་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་ལ་རྟོག་པ་མེད་པ་ནི་ཕྱག་རྒྱ་སྒྱུ་མ་སྟེ། གཞི་སྣང་ཡེ་ཤེས་སྒྲོན་མེའི་ངོ་བོར་གནས་པའོ། །དེ་ལྟར་འཁོར་འདས་འགྲོ་འོང་མེད་པ་ལ་ཅིར་ཡང་སྣང་བ་སྤྲུལ་པ་ལྟ་བུའི་དཔེས་མཚོན་པ་བཞིན་དུ། དེ་ལྟར་གཞི་གནས་ལུགས་ཀྱི་ངོ་བོར་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་རྩལ་འགགས་མེད་དུ་ཡེ་ཤེས་རང་སྣང་དུ་གཅིག་གི་ངོ་བོ་གཅིག་ལ་གོ་མི་འགགས་པས། ཅིར་ཡང་ཤར་བས་སྣ་ཚོགས་སུ་འགྱུར་ཞིང་ཅིར་ཡང་རང་སྣང་བས་ལྷུན་གྱིས་གྲུབ་པའོ། །དེ་ལ་ལྷག་པ་ཀུན་རྫོབ་ཀྱི་ངེས་ཚིག་ནི། གང་ལྷག་ན་སྔགས་ཀྱི་ཀུན་རྫོབ་དེ་ལྷག །གང་ལས་ལྷག་ན། ཐེག་འོག་གི་ཀུན་རྫོབ་ལས་ལྷག །ཚུལ་ཇི་ལྟར་དུ་ལྷག་ན། ཀུན་རྫོབ་ཀྱི་ངོ་བོ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འདོད་པས། འཁྲུལ་པ་རང་ཁ་མར་འདོད་པ་ལས་ལྷག །བྱིན་རླབས་ཆོ་འཕྲུལ་ཅིར་ཡང་སྣང་བས། སྣང་བ་རང་ཀ་མ་ལས་ལྷག །ཡོན་ཏན་མཚན་ཉིད་འདུས་མ་བྱས་པས། འདུས་བྱས་སྐྱེ་འཇིག་ཅན་ལས་ལྷག །གཞི་རང་བྱུང་ཡེ་ཤེས་ཀྱི་ངོ་བོར་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པ་ལས། འགགས་མེད་ཅིར་ཡང་སྣང་བས་ཀུན་རྫོབ་དེ་ཉིད་ཡེ་ཤེས་ཀྱི་སྣང་བར་ངེས་པས་ངོ་བོ་འགྱུར་བ་མེད་པར་བདེན་པ་སྟེ། སངས་རྒྱས་མཉམ་སྦྱོར་ལས། ཕྱི་ནང་སྣོད་བཅུད་བསྡུས་པའི་ཆོས། །གཟུགས་སུ་སྣང་བ་སྐུ་ཡིན་ཏེ། །ཆུ་ཟླ་ལྟ་བུ་བཟུང་དུ་མེད། །ཅེས་གསུངས་སོ། གཉིས་པ་དོན་དམ་པ། སེམས་དངོས་པོའི་གནས་ལུགས་ལ་ལམ་དང་འབྲས་བུའི་ཆོས་གནས་ཚུལ་ལ་གཉིས་ཏེ། བགྲང་། དང་པོ་ལམ་དང་འབྲས་བུ་ལ་སོགས་འཁོར་འདས་ཀྱི་ཆོས་ཀུན་རིགས་རྒྱུད་ཐ་དད་མེད་པར་སེམས་ཡིན་པར་ཁས་བླང་བ་དང་། དྲང་། གྲངས་ཀྱི་བར་མ་དོན་དམ་གྱི་བདེན་པ་ལ་མྱ་ངན་ལས་འདས་པའི་ལམ་གྱི་ཆོས་དང་ཡེ་ཤེས་ཀྱིས་བསྡུས་པའི་འབྲས་བུའི་ཆོས་རྣམས་ལྷུན་གྱིས་གྲུབ་པའོ། །དེ་ལྟར་ལྷུན་གྱིས་གྲུབ་པའི་ལམ་དང་འབྲས་བུ་གང་གིས་ཀྱང་རིགས་ཐ་དད་དུ་རྟགས་པའམ། ཐེག་ཟུག་ཏུ་ཡོད་པ་མིན་པར་ཞེས་དམ་བཅའ། གཏན་ཚིགས་ནི། སེམས་ཡིན་པའི་ཕྱིར། འོ་ན་འཁོར་བ་སེམས་མ་ཡིན་ནམ་སྙམ་ན་ཡིན་ཏེ། ལམ་དང་འབྲས་བུའི་སེམས་ཡིན་པ་དེ་བཞིན་དུ་འཁོར་བའི་ཆོས་ཀུན་ཀྱང་ལམ་འབྲས་སེམས་ཡིན་པ་དེ་དེ་དང་འདྲའོ། །གཉིས་པ་དེ་ཉིད་ཀྱི་གཏན་ཚིགས་རྒྱས་པར་བཤད་པ་དེ་ལ་དྲུག་སྟེ། བགྲང་། དང་པོ་སེམས་ཉིད་འདུས་མ་བྱས་ལ་ཡུལ་སེམས་དབྱེར་མེད་དང་དཀོར་བདུན་ལྷུན་གྱིས་གྲུབ་ཚུལ་དང་། དྲང་། དེ་ལ་འཁོར་བའི་ཆོས་སུ་སྣང་བ་གཟུགས་ཀྱི་སྒོ་ནས་དབྱིབས་དང་ཁ་དོག་གཉིས་དང་། ཕོ་མོ་མ་ནིང་གི་མཚན་མ་གསུམ་པོ་ཡོད་པ་དང་། མཚན་མ་མེད་པ་སྒོ་ང་ལྟ་བུ་དང་། ཁམས་གསུམ་གྱི་གནས་མཐོ་དམན་དང་རིགས་ནང་ཚན་མི་འདྲ་བའི་སྡེ་ཆ་ཡོད་པ་མིན་ཏེ་མེད་བཞིན་དུ་སྣང་ལ། དེ་རྣམས་ཡོངས་སུ་རྫོགས་ཏེ། དེ་ལྟར་ཡུལ་སེམས་གཉིས་སུ་འཛིན་པའི་ཡུལ་དང་བྲལ་བཞིན་དུ་གསལ་སྟོང་གཉིས་མེད་དེ་ཉིད་དང་ལྡན་པའི་ཚུལ་ནི། བསྒྲུབ་བྱའི་དོན་གྱི་མཆོག་ཏུ་གྱུར་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སྟེ་ཡེ་ཤེས་ལྔ་ནི་འབྲས་བུ་གསང་སྔགས་ཟུང་འཇུག་གི་དོན་དམ་དང་། དེ་ཉིད་སྒྲིབ་གཡོགས་མེད་པར་གསལ་བས་ཡེ་ཤེས་དོན་དམ་དང་། རྟོགས་བྱ་མཉམ་པ་ཉིད་ཀྱི་དབྱིངས་ནི་རང་བཞིན་དོན་དམ་སྟེ། དེ་ལྟར་བྱེ་བྲག་ཏུ་ཕྱེ་ན་བདུན་དང་། བསྡུ་ན་གསུམ་གྱི་ཕྱིར་ལྷག་པ་དོན་དམ་ཡིན་ལ། གཉིས་པ་དེ་ལ་དཀོར་བདུན་ངོ་བོ་ཉིད་ཀྱི་རྒྱུར་བསྟན་པ་དང་། དྲང་། དཔེར་ན་གསལ་བའི་ཆ་ནས་དཔག་བསམ་གྱི་ཤིང་དང་། རྟོག་པ་མེད་པའི་ཆ་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་དགོས་འདོད་ལྷུན་གྲུབ་ཏུ་འབྱུང་བ་ལྟར། དོན་དམ་དེ་ཉིད་ལ་དཀོར་བདུན་གྱི་ཆོས་ཀུན་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་ནས་གནས་པའོ། །གསུམ་པ་དེ་ཉིད་རྣམས་ཀུན་མཆོག་ལྡན་གྱི་ཆོས་སྐུ་ཡིན་པར་བསྟན་པ་དང་། དྲང་། སྣོད་འཇིག་པ་ལ་བཅུད་འཇིག་པ་བརྟེན་པའི་ཕྱིར་བརྟན་པ་ཕྱི་སྣོད་ཀྱི་འཇིག་རྟེན། གཡོ་བ་ནང་བཅུད་ཀྱི་སེམས་ཅན་ཏེ་འཁོར་བའི་ཆོས་དང་། མྱ་ངན་ལས་འདས་པའི་ཆོས་ལ་སོགས་པ་ཐམས་ཅད་སྣང་བའི་དུས་ཉིད་ནས། ངོ་བོ་རང་རྒྱུད་ཅན་དུ་གྲུབ་པར་མེད་པ་དེ་ཉིད་རྣམ་ཀུན་མཆོག་ལྡན་གྱི་ཆོས་སྐུ་ཆེན་པོ་ཡིན་པ་དེ་སུས་ཀྱང་མ་བཅོས་པར་རང་བཞིན་ངང་ངམ་ཤུགས་ཀྱིས་དེ་ལྟར་དུ་ལྷུན་གྱིས་གྲུབ་པར་གནས་པའོ། །བཞི་པ་དེ་ཉིད་ལམ་དང་འབྲས་བུའི་ངོ་བོ་ཡིན་པར་བསྟན་པ་དང་། དྲང་། ལྷག་པའི་ཆོས་སྐུ་དེ་ལས་གཞན་པའི་འབྲས་བུ་བཟང་པོ་གཅིག་གུད་ནས་ཐོབ་པར་བྱ་བ་མེད་ཅིང་། འཁོར་བའི་ཆོས་ཀུན་ཀྱང་དོན་དམ་ཆོས་སྐུར་སྨིན་ཟིན་ཡིན་པས། ལམ་གྱིས་བསྒྲོད་པའི་རྩོལ་བ་མེད་དེ། འབྲས་བུ་ལྷག་པའི་ཆོས་སྐུ་དེ་ཀ་ཉིད་བསྒྲུབ་བྱ་ལམ་གྱི་ངོ་བོ་ཉིད་ཡིན་ཏེ། འོ་ན་གཞི་ལམ་འབྲས་གསུམ་དུ་ཇི་ལྟར་དབྱེ་ཞེ་ན། དེ་ཉིད་ལ་འཇུག་ཅིང་བསྒྲོད་པའི་ཆ་ནས་ལམ། དེ་ཉིད་གནས་པའི་ཆ་ནས་གཞི་དེ་མངོན་དུ་འབྱིན་པའི་ཆ་ནས་འབྲས་བུ་དང་གསུམ་དུ་མཚོན་ཚུལ་མ་འདྲེས་པར་ཕྱེ་བ་ཡིན་ནོ། །ལྔ་པ་གཞི་དོན་དེས་ཆོས་ཀུན་ལ་ཁྱབ་ཅིང་རྒྱུ་ཡིན་པར་བསྟན་པ་དང་། དྲང་། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་འཁོར་འདས་ཀྱི་ཆོས་ལྷག་མ་ལུས་པ་ཐམས་ཅད་ལ་སེམས་ཉིད་རྒྱུ་རྐྱེན་ལས་མ་བསྐྱེད་པས་རང་བྱུང་གི་ཡེ་ཤེས་ཆེན་པོ་དེས་དུས་དང་གནས་སྐབས་ཀུན་ཏུ་ཁྱབ་པར་གནས་པའོ། །ཁྱབ་བྱེད་རང་བྱུང་གི་ཡེ་ཤེས་དེ་ཉིད་དངོས་པོ་ཕྱོགས་གཅིག་ཏུ་གྲུབ་པ་མེད་པར་ཕྱོགས་མེད་དུ་ཡེ་ཤེས་དེ་ཉིད་འཁོར་འདས་ཀྱི་ཆོས་ཀུན་གྱི་ངོ་བོ་ཉིད་ཀྱི་རྒྱུ་རུ་མི་འདའ་བའི་ཕྱག་རྒྱ་ཡིན་པའི་ཕྱིར། གོང་གི་དཔེ་གཉིས་པོ་དཔེ་ལྟ་བུ་སེམས་ཉིད་དེའི་ངང་དུ་རང་སྣང་བས་ངེས་པའོ། །དྲུག་པ་གནས་ལུགས་དེ་བཞིན་ཉིད་རྒྱུ་རྐྱེན་དང་། བྲལ་བར་བསྟན་པའོ། །དྲང་། གཞི་དོན་དེ་ཉིད་མ་བཅོས་པའི་དེ་བཞིན་ཉིད་དེ་ཐམས་ཅད་ཀྱི་འབྱུང་གཞིར་གྱུར་པས་དབྱིངས་སྒྲིབ་གཡོགས་མེད་པར་གསལ་བའི་ཡེ་ཤེས་ཏེ། དེ་ཉིད་མ་འགགས་པར་གཞི་གནས་ཐབས། ལམ་སྒོམ་ཐབས། འབྲས་བུ་ཐོབ་ཐབས་ཀྱི་དོན་ལ་མི་འདའ་བས་ཕྱག་རྒྱ་ཀུན་གྱི་ངོ་བོ་ཉིད་ཀྱི་རྒྱུ་རུ་ལྷུན་གྱིས་གྲུབ་པས་ན། དེ་ལ་བསྐྱེད་བྱ་བསྐྱེད་བྱེད་ཀྱི་རྒྱུ་གཉིས་རྐྱེན་བཞི་ལ་སོགས་པའི་མིང་གྲངས་མེད་པའི་ངོ་བོ་ཉིད་ཀྱི་རྒྱུ་ཉིད་དང་། དེ་ཡང་སྤྱིར་རྒྱུ་འབྲས་ལ་དབྱེ་བ་མང་སྟེ། བསྐྱེད་བྱ་བསྐྱེད་བྱེད་ཀྱི་རྒྱུ་འབྲས་ནི། རྒྱུ་ལ་འབྲས་བུའི་ངོ་བོ་མ་གྲུབ་ལ། དེ་བསྐྱེད་པའི་ནུས་པ་ཙམ་གནས་པ་ཏེ། མེ་དང་དུ་བ་ལྟ་བུའམ། ཕ་མ་དང་བུ་ཚ་ལྟ་བུའོ། །རྣམ་པར་བཞག་འཇོག་གི་རྒྱུ་འབྲས་ནི་གཏན་ཚིགས་བློ་ཡུལ་དུ་གྱུར་པ་ལ་བརྟེན་ནས། གྲུབ་མཐའ་བློ་ཡུལ་དུ་མ་གྱུར་པ་བསྒྲུབ་པ་སྟེ། བྱས་པའི་རྟགས་ཀྱིས་མི་རྟག་པ་བསྒྲུབ་པ་ཤིང་ལེབ་གཉིས་རྩེ་སྤྲད་པས་གཉིས་ཀ་མི་འགྱེལ་བ་ལྟ་བུའམ། རེས་རྒྱུ་རེས་འབྲས་བུ་སྟེ་ནས་ལྟ་བུའོ། །གསལ་བྱ་གསལ་བྱེད་ཀྱི་རྒྱུ་འབྲས་ནི། གཉེན་པོས་སྤང་བྱ་སྤང་བ་སྟེ། སྒྲོན་མེ་དང་མུན་ཁུང་གི་རྫས་ལྟ་བུའོ། །འདིར་ངོ་བོ་ཉིད་ཀྱི་རྒྱུ་འབྲས་སམ། ཡོངས་སུ་རྫོགས་པའི་རྒྱུ་འབྲས་ནི། ལྷག་པ་དོན་དམ་ལ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ངོ་བོ་ཉིད་དུ་གནས་ཤིང་ཡོངས་སུ་རྫོགས་པ་ཡིད་བཞིན་ནོར་བུའི་དབྱིབས་ཁ་དོག་ལྟར་ཞེས་ཀྱང་བརྗོད་དོ། །དེ་ཡང་གཡུ་ཐང་ལས། ཀུན་རྫོབ་མི་མཉམ་དོན་དམ་མཉམ། །དེ་སྐད་སྨྲ་བའི་དམུས་ལོང་དག །ཁྲེ་འབྲུ་ཐུ་བས་ས་གཞི་ཆེ། །མ་མཐོང་ཚུལ་དང་མཚུངས་པའོ། །ཞེས་པས། ལྷག་པ་དོན་དམ་གྱི་ངེས་ཚིག་ནི། གང་ལྷག་ན་གསང་སྔགས་ཀྱི་དོན་དམ་གྱི་བདེན་པ་དེ་ལྷག །གང་ལས་ལྷག་ན་ཐེག་འོག་གི་དོན་དམ་ལས་ལྷག །ཚུལ་ཇི་ལྟར་ལྷག་ན། ངོ་བོ་ཟུང་འཇུག་གི་ཡེ་ཤེས་སུ་འདོད་པས་དངོས་པོ་སྟོང་རྐྱང་ལས་ལྷག་བྱིན་རླབས་སྣང་བ་ལ་སྟོང་པས་རྒྱས་ཐེབས། སྟོང་པ་ལ་སྣང་བས་རྒྱས་ཐེབ་པ་དེ་རྒྱ་ཆད་ཕྱོགས་ལྷུང་ཅན་ལས་ལྷག་མཚན་ཉིད་མཐའ་བྲལ་སྣང་རིག་ཕྱོགས་མེད་དུ་འཆར་བ་དེ། སྣང་རིག་གང་ཡང་མི་འཆར་བ་ལས་ལྷག་པའོ། །དེ་ལྟར་ཤེས་བྱའི་དོན་ཀུན་གྱི་མཆོག་ཏུ་གྱུར་ཞིང་ཤེས་རབ་དམ་པའི་ཡུལ་ཡིན་པས་དོན་དམ་པ། དེས་མི་བསླུ་བར་ངེས་པས་བདེན་པའོ། །གསུམ་པ་དབྱེར་མེད་ཀྱི་བདེན་པ་རང་ལ་གནས་པ་ལ་གཉིས་ཏེ། བགྲང་། དང་པོ་བདེན་གཉིས་ཐ་དད་ཀྱི་ཞེན་པ་དགྲོལ་བའི་ཕྱིར་བདེན་པ་དབྱེར་མེད་དུ་ཁས་བླང་བ་དང་། དྲང་། གྲངས་ཀྱི་གསུམ་པ་ལུས་སྣང་སེམས་གསུམ་དབྱེར་མེད་ཀྱི་དོན་ནི་ཀུན་རྫོབ་དོན་དམ་སྣང་སྟོང་ཐ་དད་ཀྱི་དངོས་པོར་ཞེན་པ་དགྲོལ་བའི་ཕྱིར། རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་སྐུ་ཡེ་ཤེས་དང་། ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་རྣམས་ཆོས་ཅན། གཏན་ཚིགས་གཞི་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོར་ཡེ་གདོད་མ་ནས་འཁོར་འདས་གཉིས་ཀྱི་རིགས་ཐ་དད་དང་རྒྱུད་ཐ་དད་དུ་བརྟག་ཅིང་རང་རྒྱུད་གྲུབ་པ་མིན་པར་ཞེས་དམ་བཅའ་འོ། །གཉིས་པ་དེ་ཉིད་ཀྱི་དོན་གཏན་ཚིགས་རྒྱས་པར་བཤད་པ་ལ་ལྔ་སྟེ། བགྲང་། དང་པོ་ཚོགས་དྲུག་གི་ཡུལ་དང་དབྱེར་མེད་པར་བསྟན་པ་དང་། དྲང་། ཀུན་རྫོབ་ཏུ་དབང་པོ་དྲུག་སོ་སོའི་ཡུལ་མིག་གིས་གཟུགས་སྡུག་མི་སྡུག་སྒྲ་སྙན་མི་སྙན། དྲི་ཞིམ་མི་ཞིམ། རོ་བྲོ་མི་བྲོ། རེག་བྱ་འཇམ་རྩུབ་དང་། ཡིད་ཀྱི་ཡུལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་སམ། ལམ་དང་འབྲས་བུའི་ཆོས་ཀྱི་བྱེ་བྲག་འཁོར་འདས་ཀྱི་ཐ་སྙད་མིང་འདོག་ཚད་སྣ་ཚོགས་སུ་བརྟག་པ་ཀུན། དཔེར་ན་འཇའ་ཚོན་སྣ་ལྔ་མ་འདྲེས་པར་སྣང་ཡང་ནམ་མཁའ་སྟོང་པའི་ངང་དུ་གཅིག་པ་ལྟར། གཞི་སྣང་གི་ཡེ་ཤེས་ལ་འཁོར་འདས་ཚོགས་དྲུག་གི་བྱེ་བྲག་མ་འདྲེས་པར་སྣང་དུས་རང་བྱུང་ཡེ་ཤེས་ལ། ཡོངས་སུ་རྫོགས་པར་གཅིག་པའོ། །གཉིས་པ་དེ་བས་འདུས་བྱས་དང་འདུས་མ་བྱས་དབྱེར་མེད་པར་བསྟན་པའོ། །དྲང་། འདས་པའི་དོན་དམ་འདུས་མ་བྱས་པ་ཉིད་འཁོར་བ་ཀུན་རྫོབ་འདུས་བྱས་པ་ལྟར་སྣང་ཡང་། འཁོར་བའི་ཀུན་རྫོབ་འདུས་བྱས་ལྟར་སྣང་བའི་དུས་ཉིད་ནའང་དོན་དམ་འདུས་མ་བྱས་དང་དབྱེར་མེད་པའི་ཕྱིར་རྡོ་རྗེ་ཉིད་ཅེས་བྱའོ། །གསུམ་པ་ཡེ་ནས་དབྱེར་མེད་ཡིན་ཀྱང་བདེན་པ་གཉིས་མེད་དུ་བརྗོད་པའི་དགོས་ཆེད་དང་། དྲང་། རང་བཞིན་བདེན་པ་དབྱེར་མེད་ཀྱི་དོན་དེ་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒོམ་པོས་མ་མཛད། འགྲོ་བ་སེམས་ཅན་གྱི་ཤེས་པ་སྒྲིམ་པོས་མ་བཅོས་པར་རང་བཞིན་ངང་ངམ་ཤུགས་ཀྱིས་བདེན་པ་དབྱེར་མེད་དུ་ཡེ་ནས་གནས་པ་སྟེ། བརྒལ་ལན་ལས། གཉིས་མེད་ལྷུན་གྲུབ་བདེ་ཆེན་སངས་རྒྱས་ཏེ། །སྔར་འདས་སངས་རྒྱས་སྒོམ་པོས་འདི་མ་མཛད། །སླད་ཀྱི་སེམས་ཅན་སྒྲིན་པོས་འདི་མ་བསྒྱུར། །མ་མཛད་མ་སྒྱུར་བྱང་ཆུབ་སྙིང་པོའི་དོན། །ཞེས་སོ། །འོ་ན་ཡེ་ནས་དབྱེར་མེད་ཡིན་ན་བཤད་པའི་དགོས་ཆེད་ནི། དེ་ལྟར་གཉིས་མེད་མིན་པར་ཐ་དད་དུ་འཛིན་པའི་ཞེན་པ་དགྲོལ་བའི་དགོས་ཆེད་ཡོད་པའི་ཕྱིར་དབྱེར་མེད་བསྟན་པ་ལས་མ་གཏོགས་པའི་བདེན་གཉིས་ཚིག་གི་ཐ་སྙད་ཙམ་མིན་པ་དོན་གྱི་ངོ་བོ་ལ་བདེན་པ་གཉིས་ཐ་དད་པར་འདོད་པ་ནི་བསམ་པའི་བློ་དང་བརྗོད་པའི་ཚིག་ལས་འདས་པའོ། །བཞི་པ་ཡུལ་ཤེས་རྒྱུ་འབྲས་ཕྱི་ནང་གཉིས་མེད་ཡེ་ཤེས་རང་སྣང་དུ་བསྟན་པ་དང་། དྲང་། ཕྱི་ཡུལ་དང་ནང་ཤེས་པ་གཉིས་སུ་སྣང་བ་དེ་ཡང་། རྒྱུ་རྐྱེན་མེད་པས་རང་བྱུང་སྒྲིབ་གཡོག་གསལ་བའི་ཡེ་ཤེས་སུ་སྣང་བར་ཟུད་དོ། །རྒྱུ་དང་འབྲས་བུ་གཉིས་སུ་སྣང་ཡང་དོན་གྱི་ངོ་བོ་ལ་རྒྱུ་འབྲས་གཉིས་སུ་མེད་པར་རང་བྱུང་ཡེ་ཤེས་སུ་དབྱེར་མེད་པའོ། །ཕྱི་སྣོད་ངང་ནང་བཅུད་གཉིས་སུ་གསལ་བའང་རང་བྱུང་ཡེ་ཤེས་དེ་ཉིད་ཀྱི་ངང་དུ་རྫོགས་པའོ། །ལྔ་པ་དེ་ཉིད་ལམ་དང་འབྲས་བུའི་ངོ་བོ་ཉིད་ཡིན་པར་བསྟན་པའོ། །དྲང་། གོང་དུ་བསྟན་པ་དེ་ལྟར་གཉིས་སུ་མེད་པའི་སེམས་ཉིད་རིག་པ་རང་བྱུང་གི་ཡེ་ཤེས་ཡེ་གདོང་མ་ནས་རང་ལ་རང་ཆས་སུ་གནས་པ་དེ། འཇུག་ཅིང་བསྒྲོད་པའི་ལམ་དང་། སྨིན་ཅིང་གྲུབ་པའི་འབྲས་བུ་ཀུན་གྱི་དངོས་གཞི་ཡིན་པས། གཞི་དང་ལམ་གཉིས་ཐབས་ཐབས་བྱུང་དུ་འབྲེལ་ལ། གཞི་དང་འབྲས་བུ་གཉིས་ངོ་བོ་བདག་ཉིད་ཆེན་པོར་འབྲེལ་བ་ཡོད་པའི་ཕྱིར་དེས་ན་འབྲས་བུ་མངོན་དུ་བྱེད་པ་ཡང་གཞན་ན་མེད་དེ་གཞི་རང་ལས་བྱུང་བར་ཟད་དོ། །དེ་ཡང་ལྷག་པ་དབྱེར་མེད་ཀྱི་བདེན་པའི་ངེས་ཚིག་ནི། གང་ལྷག་ན་སྔགས་ཀྱི་དབྱེར་མེད་ཆེན་པོའི་ངེས་ཚིག་དེ་ལྷག །གང་ལས་ལྷག་ན་ཐེག་འོག་གི་སྟོང་ཐོག་གི་དབྱེར་མེ་ལས་ལྷག །ཚུལ་ཇི་ལྟར་དུ་ལྷག་ན། ངོ་བོ་འཁོར་འདས་དབྱེར་མེད་དེ་འོག་མའི་གཅིག་ལས་གཉིས་མེད་པའི་གཉིས་མེད་དམ། གཉིས་ཀ་དབྱེ་རུ་མེད་པའི་དབྱེར་མེད་ལས་ལྷག །བྱིན་རླབས་དབྱེར་མེད་ལྷུན་གྲུབ་ཏེ་གཅིག་ལས་གཅིག་ལྡོག་པ་ལས་ལྷག །མཚན་ཉིད་མཐའ་བྲལ་ཆེན་པོ་སྟེ་འཁོར་འདས་ཀྱི་བདེན་གཉིས་ཐ་དད་དུ་འདོད་པ་ལས་ལྷག་གོ། །འདིར་ཀ་དག་ལྷུན་གྲུབ་ཀྱི་གོ་དོན་བསྡུས་པ་ཙམ་ཞིག་ངོས་བཟུང་ན། རིག་པ་བདག་ཉིད་ཆེན་པོའི་ངོ་བོ་ལ་འཁོར་འདས་ཀྱི་ཕྱོགས་ཞེན་སྤྱི་བྱེ་བྲག་གི་རང་བཞིན་ཕྱོགས་གཅིག་ཏུ་མ་གྲུབ་པའི་ཕྱིར་ན། ཀ་དག་སྐྱོན་མེད་དམ་ཆེན་པོའོ། །དཔེར་ན་ནམ་མཁའ་བཞིན་ནོ། །དེ་ལས་མ་གཡོས་བཞིན་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རིན་པོ་ཆེའི་གླིང་བཞིན་དུ་རིག་རྩལ་འགགས་མེད་དུ་འབྲས་བུའི་ཆེ་ཡོན་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར་ན། ལྷུན་གྲུབ་སྐྱོན་མེད་དམ་ལྷུན་གྲུབ་ཆེན་པོའོ། །བྱེད་ལས་དགོས་ཆེད་ཀྱི་ཆ་ནས་ཐ་དད་ལྟར་སྣང་ནའང་། དོན་ལ་ཀ་དག་ལྷུན་གྲུབ་རྒྱ་མཚོར་གཟུགས་བརྙན་ལྟར་མ་འདྲེས་ལ་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོའོ། །གསལ་བཀྲ་ལས། ཉི་མའི་དཀྱིལ་ན་རྨུན་མེད་ལྟར། །ཡེ་ཤེས་རང་སྣང་མ་གཏོགས་པར། །ཉོན་མོངས་འཁོར་བ་ངང་གིས་མེད། །ཅེས་སོ། །རྒྱས་པ་ནི་གཞན་དུ་ཤེས་སོ། །གསུམ་པ་ལེའུའི་མཚན་བསྟན་པའོ། །དྲང་། ལྷག་པའི་དོན་དམ་དང་། ཀུན་རྫོབ་དང་། དབྱེར་མེད་ཀྱི་ཡེ་ཤེས་རྣམས་རང་ལ། ལྷུན་གྲུབ་ཏུ་གནས་པ་དེ་གསལ་བར་སྟོན་པར་བྱེད་པའི་གཞུང་གི་ཚིག་དོན་རྣམས་འཚམས་དང་རིས་སུ་གཅོད་ཅིང་འཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་ཞེས་བྱ་སྟེ། དེའི་རྣམ་གྲངས་དགུ་ཡོད་པ་ལས་ཡས་བགྲང་དང་པོའི་དོན་དུ་གདའོ། ༈ །སྤྱི་དོན་གཉིས་པ་ལམ་རང་གནས་རྟོགས་ཤིང་གོམས་པར་བྱེད་པ་ལ་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་བསྟན་པ་དང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་དང་། གནས་སྐབས་ཀྱི་འབྲས་བུ་ཟག་མེད་ཀྱི་རིག་འཛིན་བསྟན་པའོ། །དེ་ལ་དང་པོ་ལེའུ་གཉིས་པ་ལྟ་བ་བསྟན་པ་ལ་གསུམ་སྟེ། ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང་། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ནི། དྲང་། དེ་ཡང་གཞི་རང་བྱུང་གི་ཡེ་ཤེས་ལ་དོན་དམ་ཀུན་རྫོབ་དབྱེར་མེད་ཡེ་ནས་མ་བཙལ་བར་ལྷུན་གྲུབ་ཏུ་གནས་པའི་ངང་ལ་ལྟ་བ་རྟོགས་པ་འཇལ་བའི་ཚུལ་དུ་ཕྱག་འཚལ་ནས་ཞེས་པས་ཚིག་འོག་མ་དང་འགྲེལ་སྦྱོར། ལམ་ཀུན་གྱི་སྔོན་དུ་ལྟ་བ་འགྲོ་བས་དང་པོ་ཞེས་བྱ་སྟེ། ཇི་སྐད་དུ། ལྟ་བ་རྟོགས་པ་ལམ་གྱི་ཐོག་མ་ཡིན། །ཞེས་སོ། །འོ་ན་ཤེས་རབ་སྤྱན་འབྱེད་ལས། དམན་ལ་རྒྱ་གསུམ་གོམས་པའི་ས། །བརྟེན་ནས་བརྟག་དཔྱད་ཀླུང་ཞུགས་མཐོང་། །ཞེས་སྒོམ་པ་སྔོན་དུ་བཤད་པ་དང་འགལ་ལམ་ཞེ་ན་མི་འགལ་ཏེ། བློ་ཆུང་དྲང་དོན་གྱི་དབང་དུ་བསྒོམས་ཐབས་ལ་བརྟེན་ནས་མཐར་ལྟ་བ་རྟོགས་དགོས་པ་ཡིན་ལ་འདིར་བློ་ཆེ་བས་ངེས་ལམ་ཐོས་བསམ་ལ་བརྟེན་ནས་ལྟ་བ་རྟོགས་པ་སྔོན་དུ་འགྲོ་བས་བསྒོམ་པ་ཡིན་པས་འགལ་བ་མེད་དོ། །དེའང་ཀློང་ལས། མ་རྟོགས་སྒོམས་པ་ལོང་བ་འདྲ། །ཞེས་པ་དང་། ཀུན་བཟང་ཆེ་བ་རང་ལ་གནས་པའི་རྒྱུད་ལས་ཀྱང་། སྒོམས་པ་བས་ཀྱང་རྟོགས་པ་གཅེས། ཞེས་པ་དང་། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ཀུན། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་སོ། །དེའང་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ནི་ལམ་གྱི་མཆོག་སྟེ་ཉེ་བ་བདེ་བ་རྫོགས་པ་ཡིན་པས། དེའི་དོན་བཤད་པར་བྱ་བ་ལ་ཐོས་བསམ་སྒོམ་གསུམ་བྱེད་དགོས་པ་ཡིན་ཏེ། དེ་ཡང་གསལ་སྒྲོན་ལས། དང་པོ་ཐོས་པའི་ཤེས་རབ་ཀྱིས། །ཕྱི་ནང་ཆོས་ལ་སྒྲོ་འདོགས་ཆོད། །བར་དུ་བསམ་པའི་ཤེས་རབ་ཀྱིས། །དེ་དོན་རྒྱུད་ལ་གོམས་པར་བྱེད། །ཐ་མ་བསྒོམ་པའི་ཤེས་རབ་ཀྱིས། །བདག་ཏུ་འཛིན་པའི་ཉོན་མོངས་ཞི། །ཞེས་གསུངས་པས། ཐོས་བསམ་སྒོམ་གསུམ་གྱིས་སྔ་ཕྱིའི་གོ་རིམ་ངེས་སོ། །གཉིས་པ་ལེའུའི་གཞུང་ལ་གཉིས་ཏེ། བགྲང་། དང་པོ་ལུས་མདོར་བསྟན་པ་དང་། དྲང་། ལས་འཕྲོ་སྐལ་བར་ལྡན་པ་གང་དག་གཞི་བདེན་གསུམ་དབྱེར་མེད་ཀྱི་ཡེ་ཤེས་རང་ལ་གནས་པའི་དོན་དེ་མཐོང་བར་འདོད་པ་ལ། དོན་བཅུ་བཞི་སྒོ་ནས་བསྟན་ཀྱང་། རྗེ་སྒྲོ་ཕུག་པའི་བཞེད་ཀྱིས་དོན་བཅུ་གཅིག་གིས་སྟོན་ཏེ། གང་ཞེ་ན། དགོས་ཆེད་དང་། དུས་སྣོད་དང་། རྒྱུ་རྐྱེན་དང་། རྟོགས་ཐབས་དང་། རྣམ་གྲངས་དང་ངོ་བོ་དངོས་གཉིས་ཐུན་མོང་དུ་བསྟན་པ་དང་། སྤྱོད་པ་དང་། ཡོན་ཏན་དང་། དྲོད་དང་། རྟགས་དང་། རྟོགས་པའི་ཚད་དང་། སྐྱོན་ནོ། །དེའང་བསྡུ་ན་གསུམ་སྟེ། དགོས་ཆེད་དང་། ཡོན་ཏན་དང་། དྲོད་རྟགས་དང་། སྐྱོན་དང་ལྔ་ནི་དགོས་ཆེད་དོ། །དུས་སྣོད་དང་། རྒྱུ་རྐྱེན་དང་། ཐབས་དང་། སྤྱོད་པ་དང་བཞི་ནི་རྟོགས་ཐབས་སོ། །ངོ་བོ་རྣམ་གྲངས་དང་། ཚད་དང་གཉིས་ནི་ངོ་བོའོ། །གོང་གིས་དོན་དེ་དག་ཡན་ལག་རྒྱས་པར་བཤད་ཅིང་སྤྲོས་པའི་རྩ་བར། ལུས་མདོར་བསྟན་དུ་བཞག་གོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་བཅུ་གཅིག་སྟེ། ལྟ་བའི་དགོས་ཆེད་དང་། ལྟ་བ་རྟོགས་པའི་དུས་སྣོད་དང་། ལྟ་བ་རྟོགས་པར་བྱེད་པའི་རྒྱུ་རྐྱེན་དང་། ལྟ་བ་རྟོགས་པར་བྱེད་པའི་ཐབས་དང་། ལྟ་བའི་ངོ་བོ་རྣམས་གྲངས་དང་། སྤྱོད་པ་དང་། རྟོགས་པའི་ཡོན་ཏན་དང་། དྲོད་དང་། རྟགས་དང་། ཚད་དང་། མ་རྟོགས་པའི་སྐྱོན་ནོ། །དང་པོ་དགོས་ཆེད་ལ་གཉིས་ཏེ། བགྲང་། དང་པོ་གཞན་སེལ་ལྟ་བ་མེད་ན་ལམ་མི་རྙེད་པས་ལྟ་བ་རྟོགས་དགོས་པར་བསྟན་པ་དང་། དྲང་། ཆོས་ཉིད་མཐའ་བྲལ་ལྷུན་གྲུབ་བསམ་གྱིས་མི་ཁྱབ་པའི་ལྟ་བའི་དོན་མ་མཐོང་བར་སྒོམ་པ་བསམ་མེད་ཙམ་གྱིས་རང་བཞིན་གཞིའི་དཀྱིལ་འཁོར་གྱི་དོན་ལ་འཇུག་པར་བྱེད་འདོད་ཀྱང་། དེ་ནི་ཆོས་ཉིད་ཀྱི་དོན་མི་ཤེས་པས་བླུན་པོ། ཡང་དག་པའི་སྣང་བ་མེད་པར་མུན་པ་ཐེ་ཚོམ་གྱི་བློ་མ་ངེས་པས་སྤྲུལ་པའི་བློ་ཅན་དེས་ཤེས་རབ་ཀྱི་སྤྱན་མེད་པས་ལོང་བའི་སེམས་ཅན་ཏེ། མི་སྣང་བའི་གྲོང་ཁྱེར་ཆེན་པོར་འཁོར་ཞིང་འགྲོ་བར་བྱེད་པ་སྟེ། ཀློང་གསལ་ལས། མ་རྟོགས་བསྒོམ་པ་ལོང་བ་འདྲ། །ཞེས་པ་དང་། ལྟ་བ་མེད་པའི་བསྒོམ་པ་དེ། །ལོ་བས་ས་མཐའ་བསྐོར་བ་འདྲ། །ཞེས་སོ། །གཉིས་པ་དོན་གཉེར་ཐོས་བསམ་གྱི་ལྟ་བ་རྟོགས་དགོས་པར་བསྟན་པའོ། །དྲང་། ལྟ་བ་མ་རྟོགས་བར་བསྒོམས་ཀྱང་སྐྱོན་འདུག་པ་དེ་བས་ན་མ་རིག་པ་ལིང་ཏོག་དང་འདྲ་བས་ཤེས་རབ་ཀྱི་མིག་ལྡོང་པ་སྟེ། ཡང་དག་པའི་དོན་མ་མཐོང་བའི་སློབ་བུ་དེས་གསང་སྔགས་རྡོ་རྗེ་ཐེག་པའི་སློབ་དཔོན་ནི་མིག་ནང་བསལ་བའི་ཐུར་མ་མཁན་དང་འདྲ་བ་དེ་སྒོ་གསུམ་གྱིས་མཉེས་པར་བྱས་ནས་དབང་ཐོབ་པ་སྔོན་དུ་བྱས་ཏེ། དེ་ཡང་དང་པོར་གཞུང་ཐོས་པའི་ཤེས་རབ་ཀྱིས་སྤྱན་འབྲས་ཕྱེ་སྟེ། ཤེས་བྱ་རང་བཞིན་གྱི་དཀྱིལ་འཁོར་ལྟ་བའི་དོན་མཐོང་བར་བྱ་དགོས་སོ། །གཉིས་པ་དུས་སྣོད་ཐུན་མོང་དུ་བསྟན་པ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། གོང་དུ་བཤད་པའི་སྣོད་དང་ལྡན་པའི་གདུལ་བྱ་དེ་ཡང་སྔར་ཐུན་མོང་གི་ཐེག་པ་ལ་སྦྱངས་བའི་རང་བཞིན་གྱི་རྣོན་པོ་སྣོད་དུ་གྱུར་པ་ལྟ་བ་རྟོགས་པའི་དུས་ཉེ་བ་དང་། སྔར་ཐུན་མོང་ལམ་སྟེགས་ཀྱི་ཐེག་པ་ལ་སྦྱངས་པའི་རྣོན་པོ་སྣོད་དུ་གྱུར་པ་ལྟ་བ་རྟོགས་པའི་དུས་རིང་བའི་ཕྱིར་ན། སྦྱངས་པའི་རྣོན་པོ་རིམ་གྱིས་པ་དང་། རང་བཞིན་གྱི་རྣོན་པོ་ཅིག་ཆར་བ་སྟེ་དེ་གཉིས་པོ་རེ་རེ་ལ་ཡང་རིམ་དང་ཅིག་ཆར་གཉིས་གཉིས་ཏེ་བཞི་ཆ་ཡིས་ཕྱེ་བས་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་གའི་ཐེག་པར་འཇུག་པར་བྱེད་དོ། །དེ་ཡང་དུས་ནི་ཉེ་རིང་། སྣོད་ནི་བློའི་གོ་འབྱེད་ཡིན་ལ། དེ་གཉིས་ཐུན་མོང་དུ་འགྲོ་ཚུལ་ནི། རང་བཞིན་གྱི་སྣོད་དུ་འགྱུར་ན་དུས་ཉེ། སྦྱོངས་པའི་སྣོད་དུ་གྱུར་ན་དུས་རིང་བའི་ཕྱིར་རོ། །དེ་དག་གི་གོ་དོན་ལ། རང་བཞིན་གྱི་སྣོད་དུ་གྱུར་པ་ནི། སྐྱེ་བ་སྔ་མ་ཕན་ཆད་ཐུན་མོང་གི་ཐེག་པ་ལ་མ་སྦྱང་བར། ཚེ་འདིའི་སྟོད་ལ་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་བཞི་གང་རུང་ཅིག་ལ་སྦྱོངས་ནས། ཚེ་སྨད་ལ་མ་ཧཱ་ལ་འཇུག་པའམ། མ་སྦྱངས་པར་དང་པོ་ནས་མ་ཧཱ་ལ་འཇུག་པ་ནི། རང་བཞིན་གྱི་དབང་པོ་རྣོན་པོ་དང་། སྦྱངས་པའི་སྣོད་དུ་གྱུར་པ་ནི། སྐྱེ་བ་སྔ་མ་ཕན་ཆད་ཐུན་མོང་གི་ཐེག་པ་ལ་སྦྱངས་ཤིང་ཚེ་འདིར་མ་ཧཱ་ལ་འཇུག་པའམ་ཚེ་འདིའི་སྟོད་ལ་ངེས་འབྱུང་གི་ཐེག་པ་བཞི་ལ་སྦྱངས་ནས། ཕྱི་རྒྱུད་སྡེ་གསུམ་དོར་ཏེ་ཚེ་སྨད་མ་ཧཱ་ལ་འཇུག་པ་ནི། སྦྱངས་པའི་དབང་པོ་རྣོན་པོའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། དུས་རིང་བ་སྦྱོངས་བའི་སྣོད་དུ་གྱུར་པ་དང་། དུས་ཉེར་བ་རང་བཞིན་གྱི་སྣོད་དུ་གྱུར་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། དུས་སམ་ཡུན་བསྐལ་པ་ཆེན་པོ་མང་ཉུང་གི་ཚད་ནི། སྤྲུལ་སྐུའི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་རྡུལ་ཕྲ་རབ་ཀྱི་གྲངས་དེ་སྙེད་དུ། ཐེག་པ་སྣ་ཚོགས་ལ་ཤེས་རབ་གསུམ་གྱི་བློ་ཤིན་ཏུ་སྦྱངས་པ་ལས་རབ་ཏུ་གནས་པར་གྱུར་པ་ཡིས། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ཤེས་པ་ནི་ཤེས་རབ་ཀྱི་མིག་གོ། །དེ་དང་ལྡན་པས་མ་ཧཱའི་ཐེག་མཆོག་འདིར་འཇུག་པ་ཕྱིར། སྦྱངས་པའི་སྣོད་དུ་གྱུར་པ་དུས་རིང་བ་ལའང་། ཐེག་པ་ཐ་དག་ལ་སྦྱངས་པའི་རིམ་གྱིས་འཇུག་པ་དང་། དུས་མཐའི་སྒོ་ནས་གནས་སྐབས་ཀྱིས་ཅིག་ཆར་འཇུག་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། རིམ་གྱིས་པའི་རིམ་གྱིས་པ་དང་། རིམ་གྱིས་པའི་ཅིག་ཆར་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་སྦྱངས་པ་སྔོན་དུ་འགྲོ་བར་ལུང་གིས་གསལ་བར་བསྟན་པ་དང་། དྲང་། མདོར་བསྟན་གྱིས་སྔ་མ་དུས་རིང་བའི་རིམ་གྱིས་པ་ལའང་ཏནྟྲ་སྟེ་རྒྱུད་གསང་སྙིང་གི་གཞུང་ཉིད་ལས་ཐེག་འོག་གི་ས་དང་ལམ་རྣམས་གང་འོག་གི་ཁྱད་པར་མ་འདྲེས་པར་རིམ་པར་བཀོད་པ་ཡང་མཐར་ཐུག་རང་བཞིན་གསང་བའི་སྙིང་པོར་འགྲོ་བའི་ལམ་སྟེགས་ཡིན་པའོ། །ཁྱད་པར་བཀོད་པ་གང་ཞེ་ན། ལྷ་མི་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པ་བཞི་ཡི་རང་རང་གི་གཞུང་བཞིན་མ་ནོར་བར་བསྒྲུབས་པས་གང་ལས་ངེས་པར་འབྱུང་ན། ལྷ་མོ་ངན་སོང་དང་། ཉན་རང་གིས་འཁོར་བ་དང་། བྱང་སེམས་ཀྱིས་མཐའ་གཉིས་ལས་ངེས་པར་འབྱུང་བར་བྱེད་ལ། གང་དུ་ངེས་པར་འབྱུང་ན། གསང་སྔགས་ཀྱི་ཐེག་པ་གཅིག་ཏུ་ངེས་པར་འབྱུང་བས་ཐེག་པ་དེ་དག་གི་འབྲས་བུར་གནས་ཞེས་བྱའོ། །དེ་ལྟར་ལམ་སྟེགས་ཀྱི་ཐེག་པ་གསང་སྔགས་ཀྱི་ཐེག་པའི་སྔོན་དུ་སྦྱངས་པ་རྫོགས་པར་བྱས་པའི་མཐར་གསང་སྔགས་ཀྱི་ཐེག་མཆོག་མ་ཧཱ་ཡོ་ག་ལ་སྦྱོར་བར་བྱའོ། །གཉིས་པ་དེའི་དོན་མན་ངག་གིས་འཇུག་ཚུལ་བསྟན་པ་འདི་ལ་གསུམ་སྟེ། བགྲང་། དང་པོ་འཇུག་པའི་གཞི་སོ་སོའི་སྐྱེ་བོའི་ས་ནས་སེམས་བརྒྱད་སྐྱེ་ཚུལ་དང་། དྲང་། ལུང་ནས་སྦྱངས་དགོངས་པར་བཤད་པ་དེ་ཡི་ཕྱིར་རིགས་མ་ངེས་པ་ནི། དྲི་ངས་པ་ན་རེ། རྟོགས་སྐལ་མེད་ལ་མོས་སྐལ་ཙམ་ཡོད་པ་ཡིན་གསུངས་ཏེ། སྤྱན་འགྲེལ་ལས། གང་དུ་ཡང་རིགས་མ་ངེས་པར་བཤད་པ་སྟེ། དེ་ལ་བཟང་ཤོས་དང་། ངན་ཤོས་སོ། །ངན་ཤོས་ནི་འཇུག་པ་ལོག་ལྟ་གཅིག་ཏུ་འཇུག་པ་ལ། ལོག་རྟ་གང་དུ་འཇུག་མ་ངེས་པས་རིགས་མ་ངེས་པ་སྟེ། རྒྱས་པ་ལས། ཡང་ན་ངེས་མེད་འདི་ཞེས་བསྟན་དུ་མེད། ཅེས་སོ། །བཟང་ཤོས་ལ་གཉིས་ཏེ། ཐེག་པ་ཀུན་གྱི་སྒོ་དང་མཐུན་པར་འཇུག་ཅིང་། སྦྱངས་པའི་རིགས་མ་ངེས་པ་དང་། རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོའི་སྒོ་དང་མཐུན་པར་འཇུག་པའི་རིགས་མ་ངེས་པ་ཤིན་ཏུ་བཟང་ཤོས་དང་གཉིས་ལས། འདིར་བཟང་ཤོས་སྔ་མ་སྟེ། རྒྱས་པ་ལས། ཡང་ན་མཐུན་བྱས་ཀུན་ལ་འཇལ་བར་འཇུག །ཅེས་པ་དང་། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། མ་ངེས་སྤྱི་ཡི་དབྱེ་བ་སྟེ། །ཞེས་གསུངས་པས། འདིར་ཐེག་པ་ཀུན་གྱི་སྒོ་དང་མཐུན་པར་འཇུག་ཅིང་སྤྱངས་པའི་རིགས་མཆོག་དེས་གཞི་ནས་སེམས་བསྐྱེད་ལུགས་ནི། ཤེས་པ་དྲུག་ལས། ལས་རྒྱུ་འབྲས་ལ་སོགས་པ་གང་ཡང་མི་ཤེས་པའི་མུན་པའི་ཤེས་པ་ནས་ཕལ་པའི་སེམས་སྐྱེ་ལུགས་དེ་ཉིད་ནི། རང་བཞིན་བདེ་གཤེགས་སྙིང་པོའི་ཁམས་དང་ཆ་རང་ལ་གནས་པའི་རྒྱུ་ཡིས་བསྙུང་བར་གནས་པ་ལ་སོགས་པའི་སེམས་བརྒྱད་ནི། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་ཕྱུག་དང་མཚུངས་པ་རྣམས་ལ། བརྒྱ་ལམ་ན་རེས་འགའ་ཞིག་ཆོས་ཀྱི་འདུ་ཤེས་འབྱུང་བ་ནི་འདི་ལྟ་སྟེ། བསྙུང་བར་གནས་པ་ལ་སྨྱུང་བ་གནས་པ་ཞེས་བྱ། དེས་དེ་ཙམ་ཅིག་སེམས་པ་ལ་བྱ་སྟེ་མགུ་བར་བསྐྱེད་ནས་ཕྱི་ཕྱིར་ཞིང་དེ་ཉིད་ལ་གོམས་པར་བྱེད་དེ། གསང་བའི་བདག་པོ། དེ་ནི་དགེ་བའི་ལས་སྐྱེ་བའི་ས་བོན་ལྟ་བུ་སྟེ་སེམས་དང་པོའོ། །རྒྱུ་དེ་ཉིད་ཀྱི་མཚན་མ་དང་བཅས་པའི་ཉི་མ་དེ་དང་དེ་དག་ལ། ཕ་མ་དང་བུ་མོ་དང་མཛའ་བཤེས་དང་ཉེ་དུ་དེ་དག་ལ་སྦྱིན་པར་བྱེད་དེ། དེ་ནི་མྱུ་གུ་ལྟ་བུ་སྟེ་གཉིས་པའོ། །གཞན་ཡང་སྦྱིན་པ་དེ་ཉིད་མི་ཤེས་པ་དག་ལ་སྦྱིན་པར་བྱེད་དེ། འདི་ནི་སྡོང་བུ་ལྟ་བུ་སྟེ་གསུམ་པའོ། །གཞན་ཡང་སྦྱིན་པ་དེ་ཉིད་ཀྱི་སྣོད་དུ་རུང་བ་ཡོངས་སུ་ཚོལ་ཞིང་སྦྱིན་པར་བྱེད་དེ། འདི་ནི་ལོ་མ་ལྟ་བུ་སྟེ་བཞི་པའོ། །གཞན་ཡང་སྦྱིན་པ་དེ་ཉིད་བླ་མའམ་རོལ་མོ་པ་དག་ལ་དགའ་བཞིན་དུ་སྦྱིན་པར་བྱེད་དེ་འདི་ནི་མེ་ཏོག་ལྟ་བུ་སྟེ་ལྔ་པའོ། །གཞན་ཡང་སྦྱིན་པ་དེ་ཉིད་ཡིད་དགའ་བ་དག་ལ་སྦྱིན་པར་བྱེད་དེ། འདི་ནི་འབྲས་བུ་ལྟ་བུ་སྟེ་དྲུག་པའོ། །གསང་བའི་བདག་པོ། གཞན་ཡང་མཐོང་རིས་སུ་སྐྱེ་བར་བྱེད་པའི་ཕྱིར་ཚུལ་ཁྲིམས་བསྲུང་བ་སྟེ། འདི་ནི་གསོས་སུ་གྱུར་པ་ལྟ་བུ་སྟེ་བདུན་པའོ། །གསང་བའི་བདག་པོ། གཞན་ཡང་སེམས་དེ་ལྟ་བུ་ཉིད་ཀྱིས་འཁོར་བར་རྒྱུ་བ་ན་དགེ་བའི་བཤེས་གཉེན་ལ་ལ་ཞིག་ལས་ཚིག་འདི་སྐད་ཐོས་ཏེ། ལྷ་འདི་དག་ནི་ལྷ་ཆེན་ཏེ། །ཐམས་ཅད་ལ་ནི་བདེ་བ་སྟེར། །དེ་ལ་ཁྱེད་ཀྱིས་གུས་མཆོད་དེ། །ཐམས་ཅད་འབྱོར་བ་ཉིད་དུ་འགྱུར། །དེ་དག་ཀྱང་ནི་འདི་ལྟ་སྟེ། །དབང་ཕྱུག་དང་ནི་ཚངས་པ་དང་། །དེ་བཞིན་ཁྱབ་འཇུག་བདེ་བྱེད་དང་། །དྲག་པོ་སྐེམས་བྱེད་དེ་བཞིན་དུ། །ཉི་མ་ཟླ་བ་ཆུ་ལྷ་ཉིད། །ལུས་ངན་ནོར་སྦྱིན་བརྒྱ་བྱིན་ཉིད། །མིག་མི་བཟང་དང་སྣ་ཚོགས་འབྱུང་། །གཤིན་རྗེ་དུས་མཚམས་མྱ་ངན་འདའ། །འཇིག་རྟེན་གཙོ་ཞེས་བྱ་བ་དང་། །མེ་དང་རྣམ་པར་འདུད་པའི་བུ། །དེ་བཞིན་ལྷ་མོ་དཀའ་ཐུབ་བཟློག །པདྨ་དང་ནི་འཇོག་པོ་ཀླུ། །ནོར་ལྡན་དང་ནི་དུས་ཞེས་བྱ། །ཀར་ཀོ་ཌ་ཏ་པདྨ་ཆེ། །རིག་ལྡན་དང་ནི་ལྡེང་ཀ་མ། །རྟག་ཏུ་མཐའ་ཡས་ཐོག་མའི་ལྷ། །དེ་བཞིན་ལྷ་དང་དྲང་སྲོང་མཆོད། །རིག་བྱེད་རིག་བྱེད་སྐྱེས་བུ་ཡིན། །མཁས་པས་མཆོད་པར་གྱིས་ཤིག་ཅེས། །དེ་ལ་དེ་འདྲའི་ཚིག་ཐོས་ནས། །ཡིད་ནི་ཡང་དག་དགའ་གྱུར་ཏེ། །དེ་ཚེ་རབ་ཏུ་གུས་ལྡན་པས། །དེ་དག་ལ་ནི་ནན་ཏན་བྱེད། །གསང་བའི་བདག་པོ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་འཁོར་བ་ན་ཀུན་ཏུ་འཁྱམས་པ་རྣམས་ཀྱི་དབུགས་འབྱིན་པའི་མཆོག་ཡིན་ཏེ་འདི་ནི་སྟོབས་སུ་གྱུར་པ་སྟེ། སེམས་བརྒྱད་པར་རྒྱལ་བ་རྣམས་ཀྱིས་བཤད་དོ། །ཞེས་གསུངས་ཏེ། དེ་ནི་འཇིག་རྟེན་གྱི་བདེ་ལེགས་ཐོབ་པའི་ཆེད་དུ་ལྷ་མཆོད་པའོ། །དེ་ལ་དང་པོ་ནི་དད་པའི་སེམས། བར་གྱི་ལྔ་ནི་སྦྱིན་པའི་སེམས། ཐ་མ་གཉིས་ནི་ཚུལ་ཁྲིམས་ཀྱི་སེམས་སོ། །དེ་ལྟར་འཇིག་རྟེན་ཕལ་པའི་སེམས་བརྒྱད་མཐར་ཕྱིན་ཅིང་གནས་པའི་ཚེ་ངེས་འབྱུང་བཞིའི་དང་པོ་ལ་འཇུག་སྟེ་འོག་ཏུ་སྟོན་ནོ། །གཉིས་པ་འཇུག་པའི་རྒྱུ་རྐྱེན་སྤྱིར་ངོས་བཟུང་བ་དང་། དྲང་། སྤྱིའི་ཁམས་བདེ་གཤེགས་སྙིང་པོའི་རང་བཞིན་གྱིས་གནས་པ་ཁྱད་མེད་ཀྱང་བྱེ་བྲག་ཐེག་པ་རང་རང་གི་ཁམས་དྭངས་མི་དྭངས་སུ་གནས་པ་ནི་མཚུངས་པར་ལྡན་པའི་རྒྱུད་དང་། བླ་མ་དགེ་བའི་བཤེས་གཉེན་འཁོར་བའི་སྡུག་བསྔལ་སྐྱོབས་པའི་འགྲོ་བའི་མགོན་པོ་ལས་ལུང་གཉིས་ཐོས་ཏེ་གང་ཞེ་ན་གོང་མའི་ཡོན་ཏན་བཤད་ཅིང་མཐོང་བ་དང་། འོག་མའི་སྐྱོན་བཤད་ཅིང་མཐོང་བ་དང་། དེ་ཡི་སྟོབས་ཀྱིས་འཁོར་བ་ལ་སྐྱོ་ཞིང་རྨོངས་པ་དང་། ཡོན་ཏན་ལ་བྲོད་ཅིང་དྭངས་པའི་སེམས་སྐྱེ་བ་ནི། རྒྱུ་གཉིས་པ། ལྷན་ཅིག་བྱེད་པའི་རྒྱུ་རུ་གསུངས་པ་ཡིན་ནོ། །རྐྱེན་བཞི་ནི་གང་གི་བླ་མ་དེ་བདག་པོའི་རྐྱེན། གསང་སྔགས་ལ་སོགས་པ་ཐེག་པ་ནི་དམིགས་པའི་རྐྱེན། སྐྱོན་ཡོན་མཐོང་བའི་སློབ་བུ་དེ་རྒྱུའི་རྐྱེན། དེ་གསུམ་འཛམས་པའི་སྐད་ཅིག་ལ་སེམས་འཕེལ་བ་སྟེ་གཡོ་སེམས་དང་འབྲེལ་བ་ནི་དེ་མ་ཐག་པའི་རྐྱེན་ནོ། །གསུམ་པ་འཇུག་པའི་ཚུལ་དེ་ལ་གསུམ་སྟེ། བགྲང་། དང་པོ་རྒྱུ་རྐྱེན་ཚོགས་ནས་ལྷག་མིའི་ཐེག་པ་ལ་འཇུག་ཚུལ་དཔེ་དང་བཅས་པ་དང་། དྲང་། དེ་ལྟར་རྒྱུ་གཉིས་རྐྱེན་བཞི་དང་དྲུག་ལྷན་ཅིག་ཏུ་འཚོགས་པ་ལས། རྩྭ་ལས་མེ་མཆེད་པ་བཞིན་དུ་སེམས་ཆེར་འཕེལ་ཞིང་གཡོས་ཏེ། ངེས་འབྱུང་གི་ཐེག་པ་བཞིའི་ཐོག་མ་ལྷ་མིའི་ཐེག་པ་ལ་སེམས་སྐྱེས་ནས་འཇུག་ཚུལ་ཏེ་དང་པོར་ཞོག་ཅེས་བྱའོ། །གཉིས་པ་དེ་ནས་རྒྱུ་རྐྱེན་གྱིས་ཐེག་པ་ལ་རིམ་པར་འཇུག་ཚུལ་དང་། དྲང་། ལྷ་མིའི་ཐེག་པ་དེ་ནས་ཉན་རང་བྱང་སེམས་ཀྲི་ཡོག་གི་ཐེག་པ་རྣམས་ལ་རིམ་གྱིས་བསྒྲོད་པར་བྱ་སྟེ། ཚུལ་ཇི་ལྟར་དུ་བགྲོད་ན་རྒྱུ་གཉིས་ནས་བཟུང་རྐྱེན་བཞིའི་སྟོབས་ཀྱིས་ཐེག་པ་འོག་མ་ནས་གོང་དུ་འཕར་བ་ཡིན་ཏེ། གསུམ་པ་ཡོ་ག་ནས་མ་ཧཱ་ལ་འཇུག་ཚུལ་དེ་ལ་གཉིས་ཏེ། བགྲང་། དང་པོ་རྒྱུ་རྐྱེན་དང་། དྲང་། དེ་ཡང་རྣལ་འབྱོར་གྱི་རྒྱུད་ཡོ་གའི་ཐེག་པ་ལ་གནས་པ་ལ་མ་ཧཱ་ཡོ་གའི་ཐེག་པ་འདི་སྟོན་པའི་མགོན་པོ་སྟེ། བླ་མ་རྡོ་རྗེ་སློབ་དཔོན་ལ་ཡོ་ག་མན་ཆད་ཀྱི་སྐྱོན་དང་། མ་ཧཱ་ཡོ་གའི་ཡོན་ཏན་གྱི་ལུང་གཉིས་ཐོས་པས་གོང་དུ་བསྟན་པ་དེ་ཅི་ལྟར་བ་བཞིན་དུ་རྒྱུ་གཉིས་དང་རྐྱེན་བཞིའི་སྒོ་ནས་འཇུག་པ་ཡིན་ཏེ། གཉིས་པ་སེམས་སྐྱེ་བའི་རིམ་པ་དེ་ལ་བཞི་སྟེ། བགྲང་། དང་པོ་གཡོ་བའི་སེམས་དང་། དྲང་། བླ་ན་མེད་པ་མཆོག་གི་ཐེག་པ་མ་ཧཱ་ཡོ་ག་ལ་འཇུག་སྙམ་དུ་གཡོ་བའི་སེམས་སྐྱེ་ཞིང་འབྱུང་བར་འགྱུར་རོ། །གཉིས་པ་སྨོན་པའི་སེམས་དང་། དྲང་། གཡོ་བའི་སེམས་ཀྱིས། གཞི་དེའི་གོ་ཕྱེ་ནས་གསང་སྔགས་མ་ཧཱ་ཡོ་གའི་དོན་ཅི་ནས་ཀྱང་ཁུང་དུ་ཆུད་ན་ཅི་མ་རུང་སྙམ་དུ་སྨོན་པ་བྱེད་པ་ནི་སྨོན་སེམས་སོ། །གསུམ་པ་འཇུག་པའི་སེམས་དང་། དྲང་། ལས་དང་བྱ་བས་ལྷག་པའི་དོན་མཚན་པའི་གཟུག་བརྙན་གྱི་དཀྱིལ་འཁོར་དུ་ཆོས་བཅོ་བརྒྱད་ཀྱིས་འཇུག་པར་བྱེད་པ་སྟེ་འཇུག་སེམས་སོ། །བཞི་པ་གནས་པའི་སེམས་དེ་ལ་གཉིས་ཏེ། བགྲང་། དང་པོ་འཇུག་ཆོས་ཀྱི་དམ་ཚིག་འབོག་ནས་དབང་བསྐུར་བ་དང་། དྲང་། བླ་མེད་མཆོག་གི་ཐེག་པ་མ་ཧཱ་ཡོ་གའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཀྱང་སྐབས་དེ་རུ་འབོག་ཅིང་སྦྱིན་པར་བྱས་ཏེ། དགེ་བསྙེན་ནན་ཆགས་ཀྱི་རིགས་ངེས་པར། གྱུར་པའི་སློབ་བུ་ལ་ཕན་པའི་དབང་བཅུ་དང་། བདག་དོན་བྱེད་ནུས་པ་ལ་ཉན་པ་དང་བསྒོམ་པའི་དབང་གཉིས་ཀྱི་བྱིན་རླབས་ཙམ་སློབ་བུའི་རྒྱུད་ལ་བཞག་པར་བྱའོ། །གཉིས་པ་ལྟ་བ་རྟོགས་ཐབས་ཀྱི་ཐོས་བསམ་ཉམས་སུ་ལེན་པའོ། །དྲང་། དེ་ནས་ཤེས་རབ་རང་གི་སྤྱན་མཆོག་ལྟ་བ་འབྱེད་པའི་ཐབས་ཐོས་བསམ་ལ་བརྩོན་ནས། ལྟ་བ་རྟོག་པའི་རྒྱུ་ཐོས་བསམ་གཉིས་པོའི་རང་བཞིན་དཀྱིལ་འཁོར་མཐོང་བར་བྱ་བའི་ཕྱིར། གསང་སྔགས་མ་ཧཱ་ཡོ་གའི་གཞུང་ལས་ཐོས་པའི་ཤེས་རབ་དང་བསམ་པའི་ཤེས་རབ་དམ་པ་དང་དུ་ལེན་པར་བྱེད་པ་ནི་གནས་པའི་སེམས་སོ། །གཉིས་པ་རིམ་གྱིས་པའི་ཅིག་ཅར་བའོ། །དྲང་། དེ་ཡང་ཅིག་ཆར་བའི་དབྱེ་བ་ནི་དྲུག་སྟེ། དུས་མཐའི་ཅིག་ཆར་བ་དང་། རང་བཞིན་གྱི༴ གཞི་གནས་ཀྱི༴ གནས་སྐབས་ཀྱི༴ བྱ་རྫོགས་ཀྱི༴ མན་ངག་གི་ཅིག་ཆར་བའོ། །སྔ་མ་ནི་ངེས་འབྱུང་གི་ཐེག་པ་ལ་སྦྱངས་ནས་ཀྲི་ཡོག་སྡེ་གསུམ་བོར་ཏེ་མ་ཧཱ་ལ་ཅིག་ཆར་དུ་འཇུག་པའོ། །གཉིས་པ་ནི་རང་བཞིན་གྱི་དབང་པོ་རྣོན་པོ་རྟོགས་གྲོལ་དུས་མཉམ་པའོ། །གསུམ་པ་ནི་སྔར་ཐེག་པ་གང་ལའང་མ་སྦྱངས་པར་སོ་སོའི་སྐྱེ་བོ་ནས་ཐེག་པ་མཆོག་ལ་འཇུག་གོ། །བཞི་པ་ནི་ཐོད་རྒལ་བས་གནས་སྐབས་སུ་ལམ་བོར་ལ་ཅིག་ཆར་དུ་བགྲོད་དོ། །ལྔ་པ་ནི་ལམ་མཐར་ཕྱིན་ཏེ་སངས་རྒྱས་ཀྱི་ས་ལ་སྐད་ཅིག་གིས་འགྲོའོ། །དྲུག་པ་ནི་སྙན་རྒྱུད་ཞལ་གྱི་མན་ངག་གིས་རང་སྣང་མངོན་སུམ་དུ་ངོ་སྤྲད་པའོ། །འདིར་སྔ་མ་བཤད་དེ། དེ་ལ་ཞུག་ཅེས་པ་བཤད་པའི་གཞིར་དྲང་། དེའི་ཁྱད་པར་གྱི་ཆོས་ལ་ལྔ་སྟེ། གང་ཞུགས་ན་རིམ་གྱིས་པའི་རིམ་གྱིས་པ་ལ་དགར་ནས། ཁ་ཅིག་ད་ལྟ་ཡན་ཆད་ཐུན་མོང་ཐེག་པ་ལ་སྦྱངས་པའི་དུས་ཀྱི་མཐའ་འདིའི་ཚེ་སྨད་དུ་མ་ཧཱ་ལ་ཅིག་ཆར་དུ་ཞུགས་པའོ། །དུས་ནམ་ཞུགས་ན་བསྐལ་པ་སྤྲུལ་སྐུའི་ཞིང་གི་རྡུལ་སྙེད་དང་མཉམ་པའི་སྔོན་དུ་སོང་བས། ཐེག་པ་གང་ལ་སྦྱངས་ནས་ཞུགས་ན་ཐུན་མོང་ངེས་འབྱུང་གི་ཐེག་པ་དུས་དེ་ཉིད་དུ་སྦྱངས་པའི་མཐའ་མ་གང་ལ་ཞུགས་ན་སྒྱུ་འཕྲུལ་དྲྭ་བའི་དོན་མ་ཧཱ་ལ་ཞུགས་པས། ཚུལ་ཇི་ལྟར་དུ་ཞུགས་ན་སྔར་སྦྱངས་ནས་ཚེ་འདིའི་སྟོད་ལ་ངེས་པར་འབྱུང་བའི་ཐེག་པ་བཞི་ལ་རིམ་གྱིས་སྦྱངས་ལ་ཕྱི་རྒྱུད་སྡེ་གསུམ་བོར་ནས་ཅིག་ཆར་དུ་མ་ཧཱའི་དྲོད་སྐྱེས་ནས་འཇུག་པའོ། །གཉིས་པ་དུས་ཉེ་བ་རང་བཞིན་གྱི་སྣོད་དུ་གྱུར་པ་ལ་གཉིས་ཏེ། བགྲང་། དང་པོ་དབང་རྣོན་ཐེག་ཆེན་དུ་འཇུག་པའི་འཐད་པ་ངོས་བཟུང་བའི་སྒོ་ནས་མདོར་བསྟན་པ་དང་། དྲང་། སྦྱངས་པ་ལས་གཞན་པའི་ལ་ལ་རང་བཞིན་གྱི་ཤེས་རབ་ཀྱིས་དབང་པོ་རྣོན་པོ་དག །རྒྱུ་འབྲས་ཀྱི་ཐེག་པ་ཆེ་ཆུང་གཉིས་གང་རུང་ལ་འཇུག་པ་ཡིན་ཏེ། སྔར་ལམ་སྟེགས་ཀྱི་ཐེགས་པ་ལ་བློ་མ་སྦྱང་བར་ཐེག་ཆེན་ལ་འཇུག་ནུས་པ་ཡིན་ཏེ་དེའི་རྒྱུ་མཚན་ནི། རང་བཞིན་ཆོས་ཉིད་ཀྱིས་གྲུབ་པ་ཁམས་དྭངས་མི་དྭངས་སྣ་ཚོགས་ཡོད་པ་དང་། ཆོས་ཅན་རང་གི་ངོ་བོས་གྲུབ་པ་མོས་པ་སྣ་ཚོགས་ཡོད་པ་དང་། ཆོས་ཙམ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དབང་པོ་རྣོ་རྟུལ་སྣ་ཚོགས་ཡོད་པས། འདིར་ཆོས་ཉིད་རང་བཞིན་གྱིས་གྲུབ་པ་ཁམས་དང་། ཆོས་ཅན་རང་གི་ངོ་བོས་གྲུབ་པ་ཐེག་ཆེན་ལ་མོས། ཆོས་ཙམ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དབང་པོ་རྣོན་པོ་དང་གསུམ་ཡོད་པའི་ཕྱིར་རང་བཞིན་གྱིས་དབང་རྣོན་འགྲུབ་སྟེ། དེ་ཡང་བློ་འཕང་མཐོ་བ་ནམ་མཁའ་ལྟ་བུ་དང་། མི་འགྱུར་བ་བརྟན་པ་རི་བོ་ལྟ་བུ་དང་། ཤེས་བྱ་ཀུན་ལ་མྱུར་བ་གློག་ལྟ་བུ་དང་། ཤེས་བྱའི་གཏེང་འབྱིན་པས་རྣོ་བ་རལ་གྲི་ལྟ་བུ་དང་། ཐམས་ཅད་ཤེས་པས་རྒྱ་ཆེ་བས་གཞི་ལྟ་བུ་དང་། དགགས་སྒྲུབ་དང་བྲལ་བར་གོ་བས་ཡང་པ་བར་སྣང་ལྟ་བུ་དང་། མིང་འདོགས་དང་བྲལ་བར་གོ་བས་རྒྱ་མཚོ་ལྟར་ཟབ་པ་དང་བདུན་ལྡན་ཡོད་པ་དེ་ཐེག་ཆེན་ལ་འཇུག་པའི་རྒྱུའི་གང་ཟག་དེ་ཉིད་ཀྱང་བདག་རྐྱེན་དགེ་བའི་བཤེས་བཉེན་དང་། རྒྱུའི་རྐྱེན་སློབ་བུ་མཚན་ཉིད་བདུན་ལྡན་དེའང་བློ་ཆེ་ཆུང་བྱུང་བས། རིམ་པས་ཕྱེ་བས་ཅིག་ཆར་བའི་རིམ་གྱིས་པ་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་རྣམས་ལ། མ་ངེས་པར་འཇུག་པ་དང་ཅིག་ཆར་བའི་ཅིག་ཆར་བ་དང་པོ་ནས་མ་ཧཱ་འདི་ཉིད་དུ་འཇུག་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཅིག་ཆར་བའི་རིམ་གྱིས་པ་ཐེག་ཆེན་གང་མོས་སུ་འཇུག་པ་དང་། ཅིག་ཆར་བའི་ཅིག་ཆར་བ་གདོད་མ་ནས་མ་ཧཱ་ལ་འཇུག་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་འབྲེལ་པ་དང་ལྡན་པས་ཐེག་ཆེན་དང་མཇལ་བ་དང་། དྲང་། ཅིག་ཆར་བའི་རིམ་གྱིས་པ་རྒྱུའི་ཐེག་པ་ལ་ཞུགས་པ་དེ་དང་། འབྲས་བུའི་ཐེག་པ་ལ་ཞུགས་པ་དེའང་འབྲེལ་བ་བཞི་དང་ལྡན་ཚུལ་ནི། རང་གི་སེམས་ཉིད་ཁམས་དངས་བ་ནི་བསྟན་པའི་དངོས་གཞི་ཡིན་ཅིང་དེ་འཆང་བྱེད་ཀྱི་དགེ་བའི་བཤེས་གཉེན་རྣམས་དང་སེམས། ཉིད་ཁམས་དང་ངོ་བོའི་བདག་ཉིད་གཅིག་པར་འབྲེལ་བ་དང་། གོང་གི་དོན་དེ་དང་ལྡན་པ་ཤེས་བྱ་ཡིན་ལ་རང་བཞིན་གྱི་དབང་པོ་རྣོན་པོ་ནི་ཤེས་བྱེད་དེ་ཤེས་བྱ་ཤེས་བྱེད་ཀྱིས་འབྲེལ་བའོ། །རང་བཞིན་བདུན་ལྡན་ནི་སྣོད་བཅུད་དུ་སྣང་བའི་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོའི་ལུང་གཉིས་སྣོད་དང་བཅུད་དུ་འབྲེལ་བ་དང་། བླ་མ་འགྲོ་བའི་མགོན་པོ་དང་གང་ཟག་དབང་རྣོན་གཉིས་ནི་གང་ཟག་དེ་ལ་ཐུགས་རྗེ་འཇུག་པར་བྱ་བའི་ལས་ཡོད། བླ་མ་ལ་ཐུགས་རྗེ་སྐྱེ་བར་བྱེད་པའི་ཐབས་ཡོད་པས་ལས་སྨོན་ཐུགས་རྗེས་འབྲེལ་བའོ། །འབྲེལ་བ་བཞི་དང་ལྡན་པ་དེའི་ཕྱིར། ཐེག་པ་མཆོག་གི་ལུང་དབུ་མ་དང་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་རྣམས་དང་མཇལ་བར་བྱེད་པའི་ཕྱིར་འབྲེལ་བ་བཞི་དང་ལྡན་པས་མཇལ་ཞེས་སྨོས་པའོ། །གཉིས་པ་རྒྱུ་རྐྱེན་དང་ལྡན་པས་འཇུག་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་རྒྱུའི་ཐེག་པའམ། སྔགས་ཕྱི་རྒྱུད་གང་རུང་དུ་མ་ངེས་པར་འཇུག་པ་དང་། དྲང་། གང་གི་རྒྱུ་གཉིས་རྐྱེན་བཞི་སྟེ་དྲུག་དང་ལྡན་པས་རྒྱུའི་ཐེག་པ་ཆེན་པོ་དང་སྔགས་ཕྱི་པ་ལ་མ་ངེས་པར་འཇུག་པའི་ཚུལ་ནི། རང་གི་ཤེས་རབ་ཀྱི་དབང་པོ་རྣོ་རྟུལ་གྱི་རིམ་པ་ཇི་བཞིན་དུ་རང་རྒྱུ་འབྲས་ཀྱི་ཐེག་པ་གང་ལ་མོས་མི་མོས་ཀྱི་བྱེ་བྲག་གམ། བཤེས་གཉེན་གང་འཕྲད་ཀྱི་རྐྱེན་གྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པའམ། བྱ་བའི་ཐེག་པའམ་གཉིས་ཀ་སྟེ་སྤྱོད་པའམ། རྣལ་འབྱོར་གྱི་ཐེག་པ་དང་གང་མོས་ལ་སྦྱོར་བར་བྱེད་དོ། །རྒྱས་པ་ལས། ཐེག་པ་གང་ལ་ཡང་འཇུག་པར་མ་ངེས་ཏེ། ཞེས་སོ། །གཉིས་པ་དེ་ནས་མ་ཧཱ་ལ་འཇུག་ཚུལ་ལོ། །དྲང་། རྒྱུ་འབྲས་ཀྱི་ཐེག་ཆེན་གང་རུང་ཞིག་ལ་ཞུགས་པ་དེ་ནས་གོང་དུ་བསྟན་པ་དེ་བཞིན་དུ་རྒྱུ་རྐྱེན་དྲུག་གི་སྒོ་ནས་འདིར་མ་ཧཱ་ལ་འཇུག་པའང་། སྔོན་རིམ་གྱིས་པའི་སྐབས་བཞིན་དུ་མ་ཧཱ་ལ་གཡོ་བའི་སེམས་དང་། སྨོན་པའི་སེམས་དང་། འཇུག་པའི་སེམས་ཀྱིས་མ་ཧཱ་ལ་སྦྱོར་ནས། མ་ཧཱའི་དོན་ལ་ཤེས་རབ་རྣམ་གསུམ་གྱི་གནས་པའི་སེམས་དང་། དོན་དེ་ཉིད་མཐར་ཕྱིན་པར་བྱེད་པ་ནི། ཅིག་ཆར་བའི་ཅིག་ཆར་བ་ལ་སྟོས་པའི་རིང་པའི་དུས་ཉིད་དོ། །གཉིས་པ་ཅིག་ཆར་བའི་ཅིག་ཆར་བ་ལ་གསུམ་སྟེ། བགྲང་། དང་པོ་རིགས་མ་ངེས་པའི་ས་ནས་འབྲེལ་པ་རྒྱུ་རྐྱེན་དང་ལྡན་པས་མ་ཧཱ་ལ་སེམས་སྐྱེ་ཚུལ་དང་། དྲང་། གོང་དུ་བསྟན་པའི་རིགས་མ་ངེས་པ་བཟང་ཤོས་ཀྱི་ས་ལས་དང་པོ་ཉིད་ནས་གོང་ལྟར་འབྲེལ་བ་བཞི་རྒྱུ་རྐྱེན་དྲུག་དང་ལྡན་པས་སེམས་ཉིད་བདེན་པ་དབྱེར་མེད་བཅོས་བསླད་དང་བྲལ་བའི་དོན་རྣལ་མ་ལ། དེ་ཇི་ལྟ་བ་བཞིན་རྟོགས་པའི་བློ་འབྱོར་བས་ན་རྣལ་འབྱོར་དེ། ཐེག་འོག་ལས་མཆོག་ཏུ་གྱུར་པ། མ་ཧཱ་ལ་སྦྱོར་བ་ནི། དཔེར་ན་མུན་པ་ལ་ཉི་མའི་ཟེར་ཤར་བའི་ཚུལ་ལམ། རྩ་ལ་མེ་མཆེད་པ་ལྟར་དུ་གཡོ་བ་དང་། སྨོན་པ་དང་འཇུག་པ་དང་། གནས་པ་དང་། མཐར་ཕྱིན་པའང་སྔོན་གོང་དུ་བསྟན་པ་བཞིན་ཡིན་ཏེ། གཉིས་པ་སྣོད་ཀྱི་ཡོན་ཏན་དང་ལྡན་པས་ཐོས་པ་དོན་དུ་གཉེར་བ་དང་། དྲང་། འོ་ན་འཇུག་ཚུལ་ཁྱད་མེད་དམ་ཞེ་ན་མ་ཡིན་ཏེ། མཚན་ཉིད་བདུན་དང་ལྡན་པ་ལ་ཁྱད་མེད་ཀྱང་། འང་གི་སྒྲས་ཏཏྟྲ་སྟེ་རྒྱུད་གསང་བའི་སྙིང་པོའི་གཞུང་། ཉིད་ལས། ངང་ཆུ་བོ་ཆེན་པོའི་གཞུང་ལྟར་རིང་བ་སྟེ་ཅིས་ཀྱང་མི་འཁྲུགས་པ་དང་། ཚུལ་ཤེས་པ་སྟེ་དགེ་སློང་གསར་བུའི་སྤྱོད་པ་ལྟ་བུ་དང་། རང་བཞིན་བཟང་བ་སྟེ་གསེར་བཙོ་མ་ལྟ་བུ་དང་། སོགས་ཁོང་ནས། བློ་རི་བོ་ལྟ་བུར་མི་འགྱུར་བར་བརྟན་པ་དང་། ལུས་དང་ལོངས་སྤྱོད་ཕངས་པ་མེད་པར་ཆོས་ཕྱིན་བཏང་ནུས་པ་ལ་སོགས་པའོ། །སྣོད་ཀྱི་སྐྱོན་བཞི་ལས་ལོགས་པའི་ཡོན་ཏན་དུ་མ་དང་ལྡན་པས། ཤེས་རབ་གསུམ་གྱི་བསླབ་པ་ལ་གནས་པའི་ཆོས་ཉིད་རང་བྱུང་གི་དཀྱིལ་འཁོར་ཆེན་པོ་རུ། འཇུག་པ་བཞི་ནི་གཞུང་ཐོས་པས་འཇུག་པ་མིག་ཕྱེ་བ་དང་འདྲ། དོན་རྟོགས་པས་འཇུག་པ་དཀྱིལ་འཁོར་མཐོང་བ་དང་འདྲ། གོམ་པར་བྱེད་པས་འཇུག་པ། དཀྱིར་འཁོར་དུ་ཞུགས་པ་དང་འདྲ། འབྲས་བུ་ཐོབ་པས་འདུག་པ་དང་དབང་ཐོབ་པ་དང་འདྲ་བའི་ཡན་ལག་བཞིའི་ནང་ནས་མཆོག་ཏུ་གྱུར་པ་དང་པོ་གཞུང་ཐོས་པའི་ཤེས་རབ་ཀྱིས་དོན་ཆེད་དུ་གཉེར་བར་བྱའོ། །གསུམ་པ་རྒྱུ་རྐྱེན་དྲུག་ཚོགས་ནས་སམ་ལྷན་ཅིག་བྱེད་པའི་རྒྱུ་མ་དགོས་པར་རང་བཞིན་ངང་གིས་ཐོས་པ་ལ་འཇུག་ཚུལ་ལོ། །དྲང་། སྣོད་དང་ལྡན་པའི་གང་ཟག་རང་བཞིན་གྱིས་རིམ་དང་ཅིག་ཆར་དེ་གཉིས་ཀྱི་ཐོས་པའི་ཤེས་རབ་ཀྱིས་ལྟ་བ་ཚོལ་བའི་ཚེ། གང་ལྟར་རྒྱུ་གཉིས་རྐྱེན་བཞི་དང་དྲུག་གི་སྒོ་ནས་དོན་ལ་མི་སྐྲག་པའི་བཟོད་པ་ཐོབ་སྟེ། རེ་སྨོན་སེམས་ཀྱིས་ཉན་བཙོན་ལ་སྦྱོར་བ་དང་། ལྷན་ཅིག་བྱེད་པའི་རྒྱུ་ལ་རག་མ་ལུས་པར་རང་བཞིན་ངང་གིས་བཟོད་པ་ཐོབ་པས། ལྟ་བ་རྟོགས་སུ་རེ་ཞིང་འབྲས་བུ་ཐོབ་པར་སྨོན་པའི་སེམས་ཀྱིས་གཞུང་ཉན་པའི་བརྩོན་འགྲུས་ལ་སྦྱར་རོ། །གོང་དུ་བཤད་པའི་རང་བཞིན་གྱི་དབང་རྣོན་དང་། སྦྱངས་པའི་དབང་རྣོན་གཉིས་ཀྱི་སྒྲུབ་བྱེད་ནི། བྱམས་སྲས་འགྲེལ་པར། དབང་པོ་རྣོ་རྟུལ་གཉིས་པོ་འདི་རྒྱུ་འབྲས་ཀྱི་གཞུང་ལས་བཤད་ཀྱང་། ཕལ་ཆེར་སྦྱང་རྣོན་ལས་རང་རྣོ་ཁས་ལེན་པ་ཉུང་བས། འདིར་ནི་རང་བཞིན་གྱི་དབང་པོ་རྣོན་པོ་སྒྲུབ་བྱེད་ཅིག་དགོད་ན་གསུམ་ལས། དང་པོ་སྔོན་བྱུང་ལོ་རྒྱུས་ཀྱི་རང་བཞིན་གྱི་རྣོན་པོ་འཐད་པར་སྒྲུབ་པ་ནི། དོན་གསལ་ལས། རུ་ཡང་དག་བདེན་པ་དང་། མཆོག་གི་སྡེ་པ་དང་། ཆོས་སྐྱོང་བྱ་བ་གསུམ་གྱིས་གདུལ་བྱའི་དབང་པོ་ལ་བསྒྲོ་བ་མཛད་པ་ལས། རུ་ཡང་དག་བདེན་པ་ན་རེ། རང་བཞིན་གྱི་རྣོ་བ་གཙོ་ཆེ་སྟེ། དེ་ལ་འཐད་པ་མཐུན་པའི་དཔེ་ཞིག་ཀྱང་ཡོད། རང་རྣོ་མིན་པར་སྦྱང་རྣོ་ཁོ་ན་ཡིན་ན་གནོད་བྱེད་ཀྱི་སྐྱོན། ཅིག་ཀྱང་ཡོད་དེ། དང་པོ་ནི། སྨྱུག་མའི་རྩ་བ་དང་། བ་གླང་གི་ལྕི་བ་དང་། ཨུཏྤལ་རང་གི་ས་བོན་ལས་ཨུད་པ་ལ་སྐྱེ་བ་ནི། དེ་དག་ལ་དེ་སྐྱེ་བའི་ནུས་པ་རང་བཞིན་གྱིས་ཡོད་པས་སྐྱེ་བ་ཡིན་གྱི་སྦྱངས་པས་མ་ཡིན་པ་བཞིན་ནོ། །གཉིས་པ་གནོད་བྱེད་ནི། བག་ཆགས་རང་བཞིན་གྱིས་མེད་དེ་སྦྱངས་བ་ཁོ་ན་ཡིན་ན། ཟག་མེད་ཀྱི་མཐོང་ལམ་གཏན་ནས་མི་སྐྱེ་བར་ཐལ། སྦྱང་བའི་ལུགས་ཀྱིས་བག་ཆགས་འཇོག་དགོས་པ་ལ། ཟག་བཅས་ཀྱི་སྐབས་སུ་ཟག་མེད་ཀྱི་མཐོང་ལམ་སྐྱེ་མ་མྱོང་བས་བག་ཆགས་མེད་པའི་ཕྱིར་རོ། །འདོད་ན་བག་ཆགས་མ་བཞག་པར་མཐོང་ལམ་སྐྱེ་བས་བསལ་ལོ། །མཆོག་གི་སྡེ་པ་ན་རེ། སྦྱང་བས་རྣོ་བ་ཁོ་ན་གཙོ་ཆེ་ཡི། རང་བཞིན་གྱིས་རྣོ་བ་མི་འཐད་དེ། དང་པོ་ལ་འཐད་པའི་དཔེ་ཞིག་ཀྱང་ཡོད་ལ། གཉིས་པ་གནོད་བྱེད་ཀྱི་སྐྱོན་ཡོད་དེ། དང་པོ་ནི་དཔེར་ན་ཞིང་ལ་འབྲུ་དངོས་སུ་གྲུབ་པ་མེད་ཀྱང་ས་བོན་དང་ཆུ་ལུད་ཀྱི་རྐྱེན་གྱིས་འབྲུ་སྣ་ཚོགས་སྐྱེ་བ་བཞིན་ནོ། །གཉིས་པ་སྐྱོན་ནི། རང་བཞིན་གྱི་རྣོ་རྟུལ་ལ་སོགས་པའི་བག་ཆགས་ཡོད་ན་དེ་ཚོད་དུ་ངས་སྦྱིན་པ་མ་བཏང་བས་ཕྱུག་པོ་དང་། ཚུལ་ཁྲིམས་མ་བསྲུང་བས་ལྷ་མིའི་གོ་འཕང་དང་། བཟོད་པ་མ་བསྒོམས་པའི་གཟུགས་བྱད་བཟང་པོ་ཡོད་བྱ་བས་ཅི་འགོག །རྒྱུ་ལ་མ་འབད་པའི་དགེ་བ་འོང་བ་མེད་ཟེར་ན། སྦྱངས་པ་ལ་མ་ལྟོས་པར་རང་བཞིན་གྱིས་རྣོ་བའང་འོང་བ་མེད་ཅེས་ཟེར་རོ། །རུ་ཆོས་སྐྱོང་ན་རེ་ཁྱེད་གཉིས་ཀ་ལ་མཐུན་པའི་དཔེ་རེའང་འདུག །གནོད་བྱེད་ཀྱི་སྐྱོན་རེ་ཡང་འདུག་པས་གཉིས་ཀ་ལྟར་ཤེས་པར་བྱའོ། །ཟེར་ནས་གཉིས་ཀ་ལྟར་འདོད་དོ། །དེ་ཡང་བག་ཆགས་རང་བཞིན་གྱིས་ཀྱང་གནས། བསགས་ནས་ཀྱང་འཇོག་པས་གཉིས་ཀ་ལྟར་ཡིན་པས་གོང་གི། སྐྱོན་གཉིས་ཀ་ལས་གྲོལ་བར་འདོད་དོ ། །དོན་གསང་མཁན་པོས་ནི། དེ་རྣམས་ལས་རང་བཞིན་གྱིས་རྣོ་བར་བླང་བར་བྱའོ། །ཞེས་རང་རྣོ་གཙོ་ཆེ་བར་བཤད་དོ། །གཉིས་པ་སྒྲུབ་བྱེད་ལ་གསུམ་ལས། དང་པོ་ལུང་ནི། མདོ་དགོངས་པ་ངེས་འགྲེལ་ལས། སེམས་ཅན་རྣམས་ཀྱི་ཤེས་པའི་རྒྱུད་ལ་རྣོ་རྟུལ་རང་བཞིན་གྱིས་མེད་པ་ནི་མ་ཡིན་ནོ། །ཞེས་པ་དང་། དགོངས་འདུས་ལས། རྡོ་རྗེ་སེམས་དཔའི་ཞིང་ཁམས་ན་འཁོད་པའི་སེམས་ཅན་ཆེན་པོ་དེ་དག་ནི་སེམས་ཀྱི་རང་བཞིན་སྣ་ཚོགས་པའི་ཕྱིར་བློ་ཤིན་ཏུ་ཟབ་བ་དང་། མི་ཟབ་པ་དང་ཡངས་པ་དང་། དོགས་པ་དང་། བརྟན་པ་དང་། འགྱུར་བ་དང་། རྣོ་བ་དང་། རྟུལ་བ་དང་། མྱུར་བ་དང་། བུལ་བ་ཤ་སྟག་པས་གསང་སྔགས་ངོ་བོ་ཉིད་ཀྱི་གཏམ་རིམ་གྱིས་པ་དང་ཅིག་ཅར་ཐོས་ནས་དེ་ངག་གང་ལ་ཡང་མི་སྐྲག་མི་དངང་གི་དགའ་ཞིང་མགུ་བ་དང་། རངས་སར་འགྱུར་བའི་ཕྱིར་སྣ་ཚོགས་སུ་སྣང་ངོ་། །ཞེས་པ་དང་། ཀུན་བྱེད་ལས། ལྷ་མི་སེམས་ཅན་དབང་པོ་མི་མཐུན་ཏེ ། ལ་ལ་སྦྱོངས་པའི་དབང་པོ་འ ཕྲོ་ཅན་དང་། ལ་ལ་ཡེ་ནས་དབང་པོ་གཅིག་ཆོད་ཡོད། ཅེས་པ་དང་། ཡེ་ཤེས་རྫོགས་པའི་རྒྱུད་ལས། རིགས་དྲུག་དབང་པོ་གཅིག་ཆོད་དམ། ཁ་ཅིག་སྦྱངས་པའི་འཕྲོ་ཅན་ནོ། །ཞེས་པ་དང་། ཕྱག་རྒྱ་ཆེན་པོ་ལས། སེམས་ཅན་དང་པོའི་ལས་ཅན་ལ། ཅིག་ཆར་བར་ནི་བསྟན་པར་བྱ་དེ་ནས་སྦྱངས་པའི་འཕྲོ་ཅན་ལ། རིམ་གྱིས་པ་ནི་བསྟན་པར་བྱ། ཞེས་སོ། །གཉིས་པ་མན་ངག་ནི། ཁ་ཅིག་ཐོག་མ་ནས་དེ་རིག །ཁ་ཅིག་སྦྱངས་པ་ལས་གྱུར་པའོ། །ཞེས་པ་དང་། ཐུགས་ཐིག་ལས། རང་བཞིན་ལས་ཀྱིས་ཕྱེ་བ་ཡིས། །ཞེས་སོ། །གསུམ་པ་རིག་པ་ལ་གསུམ་སྟེ། རང་རྣོ་སྒྲུབ་བྱེད་ཀྱི་རིགས་པ་དགོད་པ་དང་། མེད་ན་སྐྱོན་དུ་འགྱུར་བས་རིགས་པས་ཡོད་པར་བསྒྲུབ་པ་དང་། གཞན་གྱིས་རྩོད་པ་སྤངས་པའོ། །དང་པོ་ལ་གསུམ་སྟེ། གོང་མ་རྣམས་ཀྱི་གསུང་གི་མདོ་སྔགས་ཐུན་མོང་གི་རིགས་པ་དང་། ཁྱད་པར་སྔགས་ཀྱི་རིགས་པ་དང་། གཡལ་གྱི་བཞེད་པའོ། །དང་པོ་ནི། གང་ཟག་གི་ཤེས་རྒྱུད་ཆོས་ཅན། ལ་ལ་རང་བཞིན་གྱིས་དབང་པོ་རྣོ་བ་ཡོད་དེ། བག་ཆགས་མཐའ་ཡས་རང་བཞིན་གྱིས་གནས་པའི་ཕྱིར། འབྲས་བུའི་ཤིང་ལྕུག་བཞིན་ནོ། །གཏན་ཚིགས་མ་གྲུབ་ཅེ་ན་འོ་ན་ཁྱེད་ཀྱིས་བག་ཆགས་ཕྱོགས་གཅིག་པར་ཁས་ལེན་ནམ། ལེན་ན་ང་གང་དུ་སྐྱེ་བའི་བག་ཆགས་འདུག །ལྷ་སྐྱེ་བའི་བག་ཆགས་འདུག་ཅེ་ན། དེ་ཚོད་དུ་ངས་མིར་སྐྱེ་བའི་བག་ཆགས་ཡོད་བྱའོ། །ད་ཡོད་དེ་ཅིའི་ཕྱིར་ཞེ་ན། འདིར་ཡང་ཅིའི་ཕྱིར། དགེ་བཅུ་སྤྱོད་ཅིང་མི་དགེ་བ་བཅུ་སྤང་བའི་ཕྱིར་ཞེ་ན། འདིར་ཡང་དགེ་བཅུ་ཤས་འགའ་སྤྱོད་ཅིང་མི་དགེ་བཤས་འགའ་སྤང་བའི་ཕྱིར་རོ། །གཉིས་ཀའི་ཁྱབ་པ་ནི་ལུང་མན་ངག་གིས་འགྲུབ་སྟེ། དགེ་བཅུ་སྤྱོད་ཅིང་མི་དགེ་སྤང་བྱེད་པ། །ཞེས་པ་དང་། ཡང་དགེ་བཅུ་དག་ལ་གཙོར་ལེན་ཅིང་། ཞེས་པ་ལ་སོགས་པས་འགྲུབ་བོ། །བག་ཆགས་མཐའ་ཡས་ཡོད་ཀྱང་རང་བཞིན་གྱི་མེད་ན་ཅི་སྟོ། བག་ཆགས་བསགས་པའི་སྟོབས་ལས་བྱུང་བའི་ཕྱིར་ཞེ་ན། གང་ཟག་གི་ཤེས་རྒྱུད་ཆོས་ཅན། ཀུན་ལ་བག་ཆགས་སྣ་ཚོགས་རང་བཞིན་གྱིས་ཡོད་དེ། ཀུན་བཞི་དང་བག་ཆགས་སྔ་ཕྱི་ཐ་དད་མེད་པའི་ཕྱིར། གསེར་དང་གཡའ་བཞིན་ནོ། །གཏན་ཚིགས་མ་གྲུབ་ཞེ་ན། འོ་ན་ཀུན་གཞི་དང་བག་ཆགས་གང་སྔ། ཀུན་གཞི་སྔ་ན་སྐྱོན་གཉིས་ཏེ། ཀུན་གཞིའི་ངེས་ཚིག་མེད་པ་དང་། འཁོར་བ་ལ་ཐོག་མ་ཡོད་པར་འགྱུར་བའོ། །དང་པོ་ནི། བག་ཆགས་བསག་པ་ཁོ་ནར་འདོད་ན། ཀུན་གཞི་དང་བག་ཆགས་སྔ་ཕྱི་ཅན་དུ་འགྱུར་བས་བག་ཆགས་མེད་པའི་ཀུན་གཞི་གཏེར་སྟོང་ལྟ་བུ་དེ་ལ་ཀུན་གཞིའི་ངེས་ཚིག་མེད་དོ། །གཞན་ཡང་སེམས་དང་བག་ཆགས་གཅིག་མིན་ཐ་དད་མ་ཡིན་བརྟག་པར་རབ་ཏུ་དཀའ། ཞེས་པ་ལ་སོགས་པ་དང་འགལ་ལོ། །གཉིས་འཁོར་བ་ལ་ཐོག་མ་ཡོད་པར་འགྱུར་བ་ནི། དང་པོ་ཀུན་གཞི་སྟོང་པ་ལ། ཕྱིས་བག་ཆགས་གཞན་ནས་འོང་ན། དེ་ཀ་འཁོར་བའི་ཐོག་མར་འགྱུར་ཏེ། ཀུན་གཞི་ལ་མེད་པར་ཕྱིས་འབྱུང་བའི་ཕྱིར་རོ། །འདོད་ན་གཞུང་དང་འགལ་ལོ། །བག་ཆགས་སྔ་ན་བག་ཆགས་གང་ལ་གསོགས་ཏེ་བསགས་གཞི་ཀུན་གཞི་མེད་པའི་ཕྱིར་རོ། །དེ་བས་ན་མདོ་སྡེ་ལས། ལྷན་ཅིག་སྐྱེས་པའི་བག་ཆགས་དང་། །ཞེས་པས། གློ་བུར་དུ་བསགས་པའི་བག་ཆགས་མ་ཡིན་པར་ཆོས་ཉིད་ཀྱིས་གྲུབ་པའི་བག་ཆགས་བྱ་བ་ཞིག་རང་བཞིན་གྱི་གནས་དགོས་སོ། །དེ་མེད་ན་སངས་རྒྱས་པའི་བག་ཆགས་ཀྱང་མེད་པས་བདེ་གཤེགས་སྙིང་པོར་ཡང་མི་འགྱུར་རོ། །བག་ཆགས་མཐའ་ཡས་རང་བཞིན་གྱིས་གནས་ཀྱང་རང་རྣོ་མེད་ན་ཅི་སྟོ་ཏེ་ཁྱབ་པ་མ་གྲུབ་ཞེ་ན། བག་ཆགས་དང་མཐའ་ཡས་ཡོད་ན་རང་རྣོ་ཡང་ཡོད་དེ་མཐའ་ཡས་ཀྱི་ཁོང་དུ་རང་རྣོ་ཡང་འདུ་བའི་ཕྱིར་རོ། །ཡང་གཏན་ཚིགས་ཁྱབ་པ་ལུང་གིས་གྲུབ་སྟེ། སེམས་འདི་ལས་རྣམ་ཤེས་མཐའ་ཡས་གནས་འགྱུར་བག་ཆགས་མཐའ་མེད་ངེས་པ་མེད། བག་ཆགས་རྟས་ཤིང་སང་པར་བྱེད་པའི་རྐྱེན་ཡང་ནམ་པ་སྣ་ཚོགས་ཏེ། ཞེས་སོ། །གཉིས་པ་སྔགས་ཁྱད་པར་ཅན་གྱི་རིགས་པ་ནི། གང་ཟག་གི་ཤེས་རྒྱུད་ཆོས་ཅན། ལ་ལ་རང་བཞིན་གྱི་དབང་པོ་རྣོན་པོ་ཡོད་དེ། སེམས་ཀྱི་རང་བཞིན་སྣ་ཚོགས་པའི་ཕྱིར། དཔེར་ན་ལྕགས་རིག་འགའ་ཞིག་བཞིན་ནོ། །གཏན་ཚིགས་མ་གྲུབ་ཞེ་ན། འོ་ན། ཁྱོད་སེམས་ཀྱི་རང་བཞིན་སྣ་ཚོགས་ཕྱོགས་གཅིག་པར་ཁས་ལེན་ན་ངའི་སེམས་ཀྱི་རང་བཞིན་གང་དུ་ངེས། འདོད་ཆགས་དང་བཅས་པར་ངེས་སོ་ཞེ་ན། དེ་ཚོད་དུ་ངས་ཞེ་སྡང་དང་བཅས་པར་ངེས་བྱ་ཡི། ཅིའི་ཕྱིར་ཞེ་ན། འདིར་ཡང་ཅིའི་ཕྱིར་ལྷག་པ་ཞེན་ཅིང་ཆགས་པའི་ཕྱིར་ཞེ་ན། ཀུན་ནས་མནར་སེམས་པའི་ཕྱིར་རོ། །སེམས་ཀྱི་རང་བཞིན་སྣ་ཚོགས་ཀྱང་རང་རྣོ་མེད་ན་ཅི་སྟོང་ཞེ་ན། སྣ་ཚོགས་པའི་ཁོངས་སུ་རང་རྣོ་ཡང་འདུ་སྟེ། མི་འདུ་ན་སྣ་ཚོགས་མ་ཡིན་པར་འགྱུར་རོ། །འདོད་ན་སེམས་ཀྱང་རང་བཞིན་སྣ་ཚོགས་པའི་ཕྱིར་ཞེས་པས་བསལ་ལོ། །གསུམ་པ་གཡལ་གྱི་བཞེད་ནི། གང་ཟག་གྱི་ཤེས་རྒྱུད་ཆོས་ཅན། ལ་ལ་རང་བཞིན་གྱིས་དབང་པོ་རྣོ་བ་ཡང་ཡོད་དེ། གདོད་མ་ནས་ཐེག་པ་ཆེན་པོ་ལ་འཇུག་ནུས་པའི་གང་ཟག་ཡོད་པའི་ཕྱིར་དང་། བློའི་མཚན་ཉིད་བདུན་དང་ལྡན་པའི་གང་ཟག་ཡོད་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་ཅེ་ན། ལུང་རིགས་ཀྱིས་གྲུབ་སྟེ། ལ་ལ་དབང་པོ་རྣོ་བ་དག་ཅེས་པ་ལྔས་རིམ་པ་བཞིན་དུ་གསལ་ལོ། །བྱེ་བྲག་ཏུ་གཉིས་པ་མ་སྦྱང་བར་གྲུབ་པ་གསུམ་གྱི་གཏན་ཚིགས་ནི། གང་ཟག་གི་ཤེས་རྒྱུད་ཆོས་ཅན། ལ་ལ་རང་བཞིན་རྣོ་བ་དག་ཡོད་དེ། ཆོས་ཅན་རང་གི་རང་བཞིན་གྱིས་གྲུབ་པའི་ཕྱིར་གསེར་གྱི་སེར་པོ་བཞིན་ནོ། །ཆོས་ཉིད་རང་གི་ངོ་བོས་གྲུབ་པའི་ཕྱིར། ལྕགས་ཟེའུ་སྨུག་པོ་བཞིན་ནོ། །རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། མེའི་ཚ་བ་བཞིན་ནོ། །དེས་ན་དེ་དག་རྒྱུ་རྐྱེན་གྱིས་བསྐྱེད་པ་མེད་པར་རང་བཞིན་གྱིས་གྲུབ་པ་བཞིན་དུ་བློ་རིགས་འགའ་ཞིག་གྲུབ་པ་རང་གི་རང་རྣོ་གྲུབ་པའོ། །རྟགས་དེའི་ཁྱབ་པ་དཔེ་སྟེང་དུ་གྲུབ་བོ། །འདི་ཉིད་ལ་སྦྱངས་རྣོ་དང་རྣམ་ཐར་མ་འདྲེས་པ་གསུམ་ཡོད་དེ་སྐྱེ་བ་སྔ་གོང་དུ་སྦྱོངས་མི་སྲིད་པ་དང་། འདི་ལ་ཐེག་ཆུང་ལ་འཇུག་མི་སྲིད་པ་དང་། བློའི་མཚན་ཉིད་བདུན་དང་ལྡན་པའོ། །དེ་ཡང་མ་སྦྱངས་གྲུབ་པ་གསུམ་ཕྱིར་གྱིས། ཞེས་པ་དང་། ཐེག་པ་ཆེན་པོ་གཉིས་འཇུག་སྟེ། །ཞེས་པ་དང་། མཐོ་བརྟན་མྱུར་རྣོ་རྒྱ་ཆེ་ཡང་། །ཟབ་ཡོད་རྒྱུ་ཡི་གང་ཟག་དེ། །ཞེས་པ་རིམ་པ་བཞིན་དུ་གསལ་ཏེ། སྦྱངས་རྣོ་ལ་ཟུར་ཟ་བའི་ཚིག་ཡིན་སྐད། གཉིས་པ་མེད་ན་སྐྱོན་དུ་འགྱུར་བས་རིགས་པས་བསྒྲུབ་པ་ནི། གོང་གི་གཞུང་རྣམས་དང་འགལ་བ་དང་། གཞན་ཡང་འཇིག་རྟེན་གཞག་པ་ན་སྣོད་མེ་བདུན་ཆུ་གཅིག་གིས་འཇིག་པའི་དུས་སུ་བཅུད་ཀྱི་སེམས་ཅན་རྣམས་ལ་བསམ་གཏན་གྱི་ཏིང་ངེ་འཛིན་སྐྱེ་ནས་ཁམས་གོང་མར་སྐྱེ་བ་དང་འགལ་ལོ། །རིགས་པ་ནི། རང་བཞིན་གྱིས་མ་གྲུབ་པར་སྦྱངས་པས་རྣོ་བ་ཁོ་ན་ཡིན་ན། འཇིག་རྟེན་ཕལ་པའི་སེམས་བརྒྱད་གཏན་ནས་མི་སྐྱེ་བར་ཐལ་བ་དང་། སྦྱངས་པ་མཉམ་པོ་ལ་རྒྱུད་ཐ་དད་ལ་རྣོ་རྟུལ་མི་འབྱུང་བར་ཐལ་བ་དང་། རྒྱུད་ལ་ཡང་རྣོ་རྟུལ་གཉིས་མི་འབྱུང་བར་ཐལ་བ་དང་། འཁོར་བ་ལ་ཐོག་མ་ཡོད་པར་ཐལ་ལོ། །དང་པོ་ནི། རང་བཞིན་གྱི་དབང་པོ་རྣོན་པོ་མེད་ན་འཇིག་རྟེན་ཕལ་པའི་སེམས་བརྒྱད་གཏན་ནས་མི་སྐྱེ་བར་ཐལ། གཞི་ལ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། །འདོད་ཐོག་ན། མདོ་སྡེ་ལས། སེམས་བརྒྱད་ཀྱི་སྐྱེ་ཚུལ་གསུངས་པ་དང་། འདི་ཉིད་ལས། རང་བཞིན་རྒྱུ་ཡིས་བསྙུང་བར་གནས། །ཕལ་པའི་སེམས་བརྒྱད་མཐར་གནས་ཚེ། །ཞེས་རང་བཞིན་ངང་གིས་སྐྱེ་བར་བཤད་པས་གསལ་ལོ། །རང་རྣོ་མེད་ཀྱང་ཕལ་པའི་སེམས་བརྒྱད་སྐྱེ་ན་ཅི་སྟེ་ཞེ་ན། འོ་ན། སེམས་བརྒྱད་རང་བཞིན་གྱིས་སྐྱེའམ། སྦྱངས་པའི་སྟོབས་ལ་ལྟོས་ནས་སྐྱེ། དང་པོ་ལྟར་ན་སེམས་བརྒྱད་རང་བཞིན་གྱིས་སྐྱེ་བར་གྲུབ་པས་རང་རྣོ་ཡང་གྲུབ་པར་མཚུངས་སོ། །གཉིས་པ་ལྟར་ན། རང་བཞིན་རྒྱུ་ཡི་བསྙུང་བར་གནས། །ཞེས་པས་གནོད་དོ། །ཡང་རྒྱུ་སེམས་བརྒྱད་སྔ་མ་སྔ་མས་སྐྱེའོ་ཞེ་ན། འོ་ན། ཐུག་མེ་དུ་ཐལ། འདོད་ན་སྦྱངས་པ་ཅིག་འདུག་སྟེ་རྣོ་བ་མེད་དོ་གསུངས་ཏེ། ནང་གི་སྔོན་མ་གང་ལས་བྱུང་བརྟག་གོ། །གཉིས་པ་ནི། གང་ཟག་ལས་དང་པོ་གཉིས་སྦྱང་བ་མཉམ་པོ་ལ་བློ་རྣོ་རྟུལ་མི་འོང་བར་ཐལ། རང་བཞིན་གྱིས་རྣོ་རྟུལ་མེད་པའི་ཕྱིར་རོ། །འདོད་ན་བསལ་ཏེ་འདི་ཉིད་ལས་སྔ་མའང་། །ཞེས་པ་དང་། ཁ་གཅིག་དུས་མཐའ་ཅིག་ཆར་བ། །ཅེས་པས་སྦྱངས་པ་མཉམ་པོ་ལ་ཡང་རྣོ་རྟུལ་ཡོད་པར་བཤད་པ་དང་། ཆོས་སྤྱིའི་གཞུང་ལྟར་ནའང་། ཚོགས་ལམ་མན་ཆད་སྦྱང་པ་ཁྱད་མེད་པར་མཉམ་པ་ལ། སྦྱོར་ལམ་དུ་རང་གི་འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་བསྒོམ་དུ་བཅུག་པ་ལས། གཅིག་གིས་རྟེན་འབྲེལ་ལུག་བཟློག་གི་སྒོ་ནས་འཁོར་བའི་རྒྱུ་མ་རིག་པར་ཤེས་ནས་རང་རྒྱལ་དུ་འགྱུར་ལ། གཅིག་གིས་རུས་པ་ལ་བརྟེན་པ་དཀའ་ལས་མ་ཤེས་ཏེ་ཉན་ཐོས་སུ་ལུས་པས་རྣོ་རྟུལ་འབྱུང་བ་གྲུབ་བོ། །དེ་སྐྱེ་བ་སྔ་མའི་སྦྱོངས་པ་ལ་ཁྱད་པར་ཡོད་དམ་ཅི་ཆ་ཞེ་ན། དེས་མི་ཕན་དེ་ཅི་ཆ་ཡོད་རིག་པ་མིན་པའི་ཕྱིར་སྦྱངས་པ་ལ་ཁྱད་པར་མེད་དམ་ཡང་ཅི་ཆ་ཡོད་ཁྱབ་བརྟགས་མ་ངེས། ཞེས་གསུངས་སོ། །གསུམ་པ་ནི། གང་ཟག་གཅིག་གི་ཤེས་རྒྱུད་ལ་རྣོ་རྟུལ་གཉིས་སུ་མི་འཆར་བར་ཐལ། རང་བཞིན་རྣོ་བ་མ་གྲུབ་པའི་ཕྱིར་གཏན་ཚིགས་ཁས་བླང་གིས་གྲུབ། ཁྱབ་པ་དངོས་པོ་ལ་གནས་སོ། །འདོད་ན་རང་གི་ཤེས་རྒྱུད་ལ་སྦྱངས་པ་ཁྱད་མེད་ཀྱང་ཁམས་ཀྱི་རྐྱེན་གྱིས་རེས་རྣོ་རེས་རྟུལ་བར་མྱོང་བས་གསལ་ལོ། །ཐ་མ་ནི། འཁོར་བ་ལ་ཐོག་མ་ཡོད་པར་ཐལ། འཁོར་བའི་བག་ཆགས་རང་བཞིན་གྱིས་མེད་དེ་གསར་སྐྱེས་ཡིན་པའི་ཕྱིར་རོ། །གཏན་ཚིགས་ཁས་བླང་གིས་གྲུབ་ལ། ཁྱབ་པ་དངོས་པོ་ལ་གནས་ཏེ། གློ་བུར་དུ་བསགས་པ་ལ་ཐོག་མཐའ་དང་བཅས་པས་ཁྱབ་པ་ཡིན་ནོ། །གསུམ་པ་གཞན་གྱི་རྩོད་པ་ལ་གཉིས་ཏེ། རྩོད་པ་དང་སྤང་བའོ། །དང་པོ་ལ་གསུམ་སྟེ། གཞི་བཟང་ངན་དུ་ཐལ་བ་དང་། ལམ་ལ་མ་འབད་པའི་རྒྱུད་དག་པའི་སངས་རྒྱས་དང་། མཚམས་མེད་ལ་སོགས་མ་སྤྱད་པའི་དམྱལ་བ་ཡོད་པར་ཐལ་བ་དང་། མུ་སྟེགས་བདག་ལྟ་བའི་གྲུབ་མཐའ་བདེན་པར་ཐལ་ལོ། །དང་པོ་ནི། གཞི་ཆོས་ཉིད་བཟང་ངན་ཅན་དུ་ཐལ། རྣོ་རྟུལ་གཉིས་ཀྱི་གཞི་ཆོས་ཉིད་ཡིན་པ་དེ་གཉིས་ལ་བཟང་ངན་དུ་འདུག་པའི་ཕྱིར་རོ། །གཉིས་པ་ནི། རྐྱེན་ལ་མ་ལྟོས་པའི་རྒྱུད་དག་པ་དང་དམྱལ་བ་ཡོད་པར་ཐལ། རྒྱུ་རྐྱེན་ལ་མ་ལྟོས་པའི་རྣོ་རྟུལ་འདུག་པའི་ཕྱིར་རོ། །གསུམ་པ་ནི། མུ་སྟེགས་པའི་སྐྱེ་བུ་ཤེས་རིག་གི་བདག་ཐེར་ཟུག་གི་དངོས་པོ་འདོད་པ་དེ་ཡང་བདེན་པར་ཐལ་ལོ། །རང་བཞིན་གྱི་རྣོ་རྟུལ་ཡོད་པ་དང་མཚུངས་པའི་ཕྱིར་རོ། །གཉིས་པ་སྤང་བ་ནི། དང་པོའི་སྐྱོན་མེད་དེ་རྐྱེན་གྱིས་རྣོ་རྟུལ་བཟང་ངན་ཐ་དད་ལྟར་དུ་སྣང་ཡང་གཞི་མ་སེམས་ཉིད་དབང་བཙན་པར་བྱས་ནས་སེམས་ཉིད་དུ་དབྱེར་མེད་པའི་ཕྱིར་རོ། །དཔེར་ན་སྐུ་དང་ཟོམ་ཟངས་ཀྱི་རྐྱེན་གྱིས་བཟང་ངན་ཐ་དད་ལྟར་སྣང་ཡང་གཞི་མ་གསེར་དུ་བཟང་ངན་མཉམ་པ་བཞིན་ནོ། །དེ་ཡང་ངོ་བོ་ཐམས་ཅད་སེམས་ཡིན་ཏེ། །གསེར་གྱི་དཔེ་དང་གཉིས་སུ་མེད། །ཅེས་པས་སོ། །དེ་མེད་ན་རང་རྣོ་གྲུབ་པ་མེད་པས་འགལ་ལོ་གསུངས་ཏེ་མི་འགལ་ལོ། །ཡང་ན་གཞི་བཟང་ངན་ཅན་དུ་སྣང་བ་ཐལ་ཟེར་རམ། གྲུབ་པར་ཐལ་ཟེར་དང་པོ་འདོད་ཐོག །གཉིས་པ་གཏན་ཚིགས་མེད་དོ། །ཡོད་དེ་བཟང་ངན་ཅན་དུ་སྣང་བའི་ཕྱིར་རོ་ཞེ་ན། སྣང་ཡང་བཟང་ངན་གྲུབ་པ་མེད་ན་ཅི་སྟོ་ཁྱབ་པ་མེད་དོ། །དེ་ཡང་བང་མཛོད་ལས། སྣང་ཚུལ་ཅིར་ཡང་སྣང་བ་ལ། །ཡིན་ཚུལ་ངེས་པ་མེད་པ་ཡིན། །ཞེས་སོ། །དེ་བས་ན་དེ་སྐད་ཟེར་བ་ནི་འཁྲུལ་སྣང་གི་ཞེན་བློ་ཚད་མར་བྱས་ནས་གཤིས་ལ་སྐྱོན་འཕེན་པ་ཡིན་པས། དེ་གཉིས་ལས་ཁྱད་ཆེ་བའི་འཁོར་འདས་དང་མ་རིག་ཡེ་ཤེས་ཀྱང་བཟང་ངན་མེད་པར་རོ་གཅིག་པར་བཤད་པའི་གསང་སྔགས་ཀྱི་རྒྱུད་གཞུང་ཟབ་མོའི་དོན་ལ་རྟོག་ཤིག །གཉིས་པ་ནི། རྒྱུད་དག་པ་དང་དམྱལ་བར་སྣང་བ་དེ་ལམ་དང་ལས་ཀྱི་རྐྱེན་ལ་ལྟོས་སམ་མི་ལྟོས། ལྟོས་ན་དེ་གཉིས་ཡོད་པ་འདོད་ཐོག་སྟེ། རྒྱུད་གཞུང་ཐ་དག་ནས་རྟོགས་མ་རྟོགས་ཀྱི་འཁོར་འདས་བྱུང་བར་བཤད་པའི་ཕྱིར་རོ། །མི་ལྟོས་ན་རྒྱུ་མཚན་མི་མཚུགས་ཏེ། འདི་ནི་རང་བཞིན་གྱི་རྣོ་རྟུལ་གྲུབ་ཀྱང་རྣོ་རྟུལ་ཏུ་སྣང་བ་རྐྱེན་ལ་ལྟོས་པས་སོ། །དཔེར་ན་ཟེའུ་སྨུག་པོ་བཞིན་ནོ། །རུ་གཡལ་ནི། ལམ་མ་སྒྱངས་པའི་རྒྱུད་དག་ནི་འགལ་ལ། རང་བཞིན་གྱི་རྣོ་བ་ནི་མི་འགལ་བར་བསྒྲུབས་ཟིན་པ་དང་། ལྕགས་རྡོ་ལ་སོགས་པ་ལ་ཡང་རྣོ་རྟུལ་དུ་མ་ཡེ་ནས་གྲུབ་པས་བསལ་ལོ། །འདི་མེད་ན་ཡེ་ཇི་བཞིན་པའི་སངས་རྒྱས་ཀྱང་མི་འཐད་དོ་གསུངས། གསུམ་པ་ནི། རྟག་པ་འགྱུར་མེད་དུ་འདོད་པ་དང་། འདིར་བཞི་ལས་གྲུབ་པ་ཙམ་དུ་འདོད་ཀྱི་རྟགས་པར་མི་འདོད་པས་མི་མཚུངས་སོ། །དཔེར་ན་མེ་ལ་ཚ་བ་རང་བཞིན་གྱིས་གྲུབ་ཀྱང་མི་རྟག་གི། ལྕགས་ལ་རྣོ་རྟུལ་རང་བཞིན་གྱིས་གྲུབ་ཀྱང་མི་རྟག་པ་བཞིན་ནོ། །གསུམ་པ་དེ་གང་ལ་ལྡན་དཔྱད་པ་ལ་བཞི་ལས། དང་པོ་རྣོ་རྟུལ་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ལ་ཡོད་དམ། བརྟག་གཞི་ལ་ཡོད། གནས་ལུགས་ལ་ཡོད་ན་ལུང་དང་འགལ་བའི་སྐྱོན་འབྱུང་སྟེ། ཆོས་གཅིག་གང་ཞེ་ན། བྱང་ཆུབ་སྙིང་པོ་ཉིད་དོ། །ཞེས་པ་དང་། མན་ངག་དང་འགལ་ཏེ། སེམས་ཅན་རྣམས་ཀྱིས་སེམས་རྒྱུད་ལ། །གཞི་ནས་རྣོ་རྟུལ་ཡོད་དམ་མེད། །སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད། །བདེ་གཤེགས་སྙིང་པོ་གཅིག་པས་ན། །སྦྱོར་རྣོ་ཆེ་ཆུང་ཁྱད་པར་ལས། །གཞི་ནས་རང་རྒྱུད་རྣོ་རྟུལ་མེད། །གལ་ལྟེ་རང་རྒྱུད་རྣོ་རྟུལ་ན། །དེ་བཞིན་ཉིད་དུ་གཅིག་མི་རུང་། །ཞེས་སོ། །རིག་པ་ནི། གཞི་གཟུང་འཛིན་ཅན་དུ་འགྱུར། ཅིའི་ཕྱིར་ཞེ་ན། གཞི་ལ་རྣོ་རྟུལ་གཉིས་འདུག་པའི་ཕྱིར་རོ་ཞེ་ན། ལྷ་རྗེ་གཙང་པ་ན་རེ། འཁྲུལ་པ་བརྟག་བཞི་ལ་རྣོ་རྟུལ་གཉིས་འབྱུང་ལ། གནས་ལུགས་ལ་རྣོ་རྟུལ་གཉིས་མེད་དོ་ཞེའོ། །ལྷ་རྗེ་ཉེའུ་ན་རེ། གནས་ལུགས་ལ་མེད་པར་བརྟག་གཞི་ལ་འབྱུང་ན། རྒྱུ་མེད་ཀྱི་འབྲས་བུར་འབྱུང་བར་འགྱུར་བས། གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ལའང་རྒྱུ་གཅིག་ཙམ་ཞིག་ཡོད་ཞེའོ། །ལྷ་རྗེ་གནུབ་ན་རེ། དོན་དམ་ལ་སྟོང་པར་ཡོད། ཀུན་རྫོབ་ལ་སྣང་བར་ཡོད་དབྱེར་མེད་ལ་རྣོ་རྟུལ་གཉིས་དབྱེར་མེད་ཡོད་ཅེའོ། །གཉིས་པ་རྣོན་པོ་རྟུལ་པོ་གང་ཟག་གཅིག་གི་ཤེས་པའི་རྒྱུད་ལ་འཚོགས་སུ་བརྟུལ་བམ་མི་བཏུབ། མི་བཏུབ་ན་ཆོས་ཐམས་ཅད་གཉིས་མེད་དུ་ལྷུན་གྱིས་གྲུབ་པ་མིན་པར་ཐལ། འཚོགས་སུ་མི་བཏུབ་པའི་ཕྱིར། འདོད་ན་ཡོད་མེད་རྟག་ཆད་བྱ་བརྩོལ་ལ་སོགས་པ་ཀུན་ནས་ལྷུན་གྱིས་གྲུབ་པར་ཡེ་ནས་གནས་པའོ། །ཞེས་པས་བསལ་ལོ། །བཏུབ་ན་རྣོན་པོ་ཡིན་ཕན་ཆད་རྟུལ་པོ་མིན་ལ་རྟུལ་པོ་ཡིན་ཕན་ཆད་རྣོན་པོ་མིན་པས་འགལ་ལོ་ཞེ་ན། རྣོ་རྟུལ་གཉིས་པོ་དེ་ངོ་བོ་ལ་ལྟོས་ནས་འཚོགས་སུ་མི་བཏུབ་སྟེ། རྣོན་པོ་ཡིན་ཕན་ཆད་རྟུལ་པོ་མིན་ལ་རྟུལ་པོ་ཡིན་ཕན་ཆད་རྣོན་པོ་མིན་པའི་ཕྱིར་རོ། །རྐྱེན་ལ་ལྟོས་ནས་འཚོགས་སུ་བརྟུབ་སྟེ་རྣོན་པོ་རང་ཡང་ཁམས་མ་བདེ་བའི་རྐྱེན་གྱིས་རྟུལ་པོར་འགྱུར་བའི་ཕྱིར་རོ། །གསུམ་པ་རང་བཞིན་གྱི་དབང་པོ་རྣོན་པོ་དང་། སྦྱངས་པའི་དབང་པོ་རྣོན་པོ་གང་ཟག་ཅིག་གི་ཤེས་པའི་རྒྱུད་ལ་འཚོགས་སུ་བཏུབ་བམ་མི་བཏུབ། མི་བཏུབ་ན་ཆོས་ཉིད་གཉིས་མེད་དུ་ལྷུན་གྱིས་གྲུབ་པ་མ་ཡིན་པར་འགྱུར། བཏུབ་ན་རང་བཞིན་ཡིན་ཕན་ཆད་སྦྱངས་པ་མིན། སྦྱངས་པ་ཡིན་ཕན་ཆད་རང་བཞིན་མིན་པས་འགལ་ལོ་ཞེ་ན། དེ་གཉིས་དུས་གཅིག་ལ་ལྟོས་ནས་འཚོགས་སུ་མི་བཏུབ་སྟེ། རང་བཞིན་ཡིན་ན་སྦྱངས་པ་མིན་ལ། སྦྱངས་པ་ཡིན་ན་རང་བཞིན་མིན་པའི་ཕྱིར་རོ། །ཐ་དད་ལ་ལྟོས་ནས་འཚོགས་སུ་བཏུབ་སྟེ། རང་བཞིན་གྱི་དབང་པོ་རྣོན་པོ་རང་ཡང་སྦྱངས་ཤིང་ཇེ་རྣོན་དུ་འགྱུར་བའི་ཕྱིར་རོ། །བཞི་བ་རང་བཞིན་གྱི་དབང་པོ་རྣོན་པོ་དེ་འགྲོ་བ་ལྷ་མི་ལྟ་བུ་ཞིག་ལ་ལྡན་ནམ་མི་ལྡན། མི་ལྡན་ན་འགྲོ་བ་གཞན་བ་གླང་ལྟ་བུ་ལ་ལྡན་པར་ཐལ་འདོད་ན་རྨོངས་པར་བཤད་པས་བསལ། ལྡན་ན་སྦྱངས་རྣོན་དུ་ཐལ། དགེ་བཅུ་ལ་སྦྱོངས་བར་བཤད་པའི་ཕྱིར་རོ། །འདོད་ན་རང་རྣོན་འདོད་པ་བུད་དོ། །ཞེ་ན། རང་བཞིན་གྱི་བག་ཆགས་ཀྱིས་ལྷ་མིར་སྐྱེ་བའི་དབང་པོ་མཆོག་ལ་ལྡན་པའོ། །ཞེས་གསུངས་སོ། །གང་དུ་བཤད་པ་དེ་རྣམས་ཀྱི་དོན་ཧྲིལ་གྱིས་དྲིལ་ནས་ངེས་པར་གོ་བྱའི་དོན་ནི། འདི་ལྟར་ཏེ། གཞི་དོན་རང་བྱུང་གི་ཡེ་ཤེས་བདེན་གསུམ་དབྱེར་མེད་ཀྱི་རང་བཞིན་ལ། གཞི་སྣང་ཡེ་ཤེས་སྒྲོན་མ་རིག་རྩལ་འགགས་མེད་ཀྱི་སྣང་བའི་དབང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་ཡོངས་རྫོགས་པ། གཅིག་དུ་མའི་མཐའ་དང་བྲལ་བ་སྣང་ལ་རང་བཞིན་མེད་པ་རྒྱ་མཚོའི་གཟུགས་བརྙན་ལྟར་དུ། ཁམས་དང་དབང་པོ་རྣོ་རྟུལ་ལ་སོགས་པའི་བྱེ་བྲག་ཐམས་ཅད་རང་རྒྱུད་ཅན་དུ་བཟང་ངན་ཐ་དད་གང་ཡང་གྲུབ་པ་མེད་པར། བྱང་ཆུབ་སེམས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་ཅིང་མཉམ་པ་ཉིད་དུ་གནས་པ་ཡིན་ནོ། །དགོངས་འདུས་ལས། མ་འདྲེས་པ་ལ་སོ་སོར་སྣང་། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །ཅེས་པ་དང་། རྒྱས་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཞག །ཅེས་གསུང་བས། དེ་ཉིད་ཀྱི་དོན་མ་ཤེས་པའི་འཛིན་སྟངས་ཕྲག་རགས་འཐུག་སྲབ་ཀྱི་ཁྱད་པར་ལས། ཁམས་དང་དབང་པོ་རྣོ་རྟུལ་གྱི་བྱེ་བྲག་སྣ་ཚོགས་བར་སྣང་སྟེ་གཡུལ་ཐང་ལས་རང་བཞིན་གཅིག་ཏུ་མ་ངེས་པས། རྫས་སྣ་རྣམས་པ་གཅིག་ལ་ཡང་། །ལོག་མཐོང་དྲུག་དང་ཡང་དག་དགུ། །ཅིར་ཡང་འཆར་བའི་ངོ་བོ་ཉིད། །ཅེས་སོ། །ཞིབ་ཏུ་དགོངས་གཞི་དགོས་ཆེད་ཀྱི་གོ་དོན་རྣམས་བླ་མའི་ཞལ་ལས་ཤེས་སོ། །གསུམ་པ་རྒྱུ་རྐྱེན་ཐུན་མོང་དུ་བསྟན་པ་ལ་གསུམ་སྟེ། བགྲང་། དང་པོ་ཐོས་བསམ་ལྟ་བ་ཤེས་པའི་རྒྱུ་རུ་བསྟན་པ་དང་། དྲང་། སྣོད་ལྡན་གང་དག་ཐོས་པའི་སྒོ་ནས་གཞང་མཉམ་པ་དང་། ཡིད་ཀྱི་བསམ་པའི་ཤེས་རབ་ཀྱིས་ཚི་ག དོན་གཉིས་ཀ་ལ་དཔྱོད་པའི་ཚེ། དེ་ལྟར་གཞུང་མཉན་ཅིང་རྣ་བའི་ཐོས་པའི་ཤེས་རབ་ཀྱིས་ཚིག་བློ་ལ་འཛིན་པ་དང་། ཟིན་པའི་ཚིག་གིས་དོན་ལ་ཡིད་ཀྱིས་བསམ་པ་དང་བསམ་པའི་ཤེས་རབ་ཀྱིས་ཚེ་གཅིག་ནའང་དོན་ཆེ་ལོང་གི་རྣམ་པ་ལ་རྟོོག་པ་སྟེ་རྩིང་བ་དང་། དོན་ལ་ཞིབ་ཏུ་དཔྱོད་པ་སྟེ་ཞིབ་པའོ། །དེ་ལྟར་རྟོག་དཔྱོད་གཉིས་པོའདི་དག་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་གཏན་ལ་ཕབ་ཅིང་རྟོགས་པའོ། །གཉིས་པ་ལྷན་ཅིག་བྱེད་པའི་རྐྱེན་དང་། དྲང་། རྒྱུད་ལུང་མན་ངག་གི་དོན་གྲོལ་པར་བྱེད་པའི་མཁན་པོ་སྟེ་བླ་མ་དམ་པ། རྒྱལ་བའི་ལུང་དང་། བླ་མ་དམ་པའི་མན་ངག་བཅས་ནས་ངོ་སྤྲོད་པ་དེ་ནི་ལྟ་བ་རྟོགས་པ་དང་ལྷན་ཅིག་ཏུ་བྱེད་པའི་རྐྱེན་དུ་འདོད་དོ། །གསུམ་པ་མཚུངས་ལྡན་གྱི་རྒྱུའོ། །དྲང་། དེ་ལྟར་མན་ངག་ཟབ་མོས་ངོ་སྲོད་དུ་བཏུབ་པའི་རྒྱུ་མཚན་ནི། སློབ་བུའི་སེམས་ཀྱི་རང་བཞིན་ལ་མཐོ་བརྟན་མྱུར་རྣོ་རྒྱ་ཆེ་ཡངས་པ་ཟབ་པའི་མཚན་ཉིད་བདུན་དང་ཡེ་གདོད་མ་ནས་མཚུངས་པར་ལྡན་པ་དེ་ནི། ལྟ་བ་ཤེས་པའི་རྒྱུད་ལས་དགར་བས་གཅིག་ཤོས་ཏེ་མཚུངས་ལྡན་གྱི་རྒྱུ་རུ་ངེས་པ་ཡིན་ནོ། །བཞི་པ་ལྟ་བ་རྟོགས་པའི་ཐབས་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། དེ་ལྟར་རྒྱུ་རྐྱེན་དང་ལྡན་པའི་ཤེས་རབ་ཀྱིས་སྤྱན་གྱིས་ལྟ་བ་འཚོལ་བའི་ཚེ། ལྟ་བ་གཏན་ལ་ཕབ་པའི་གཏན་ཚིགས་རྣམས་ཀྱིས་གཞལ་བྱ་གཞིག་ཅིང་རྨལ་བར་བྱས་ཏེ་གཏན་ལ་དབབས་པ་དང་། དོན་ནོར་བའི་ལྟ་བ་ངན་པ་རྣམས་རང་རང་གི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཐེག་འོག་ཕྱོགས་རེའི་ལྟ་ངན་གྱི་དམིགས་ངོས་བཟུང་ཞིང་བསལ་ནས་གོལ་སྒྲིབ་ཀྱི་གདར་ཤ་བཅད་དེ་གཏན་ལ་དབབ་པ་དང་། གནས་ལུགས་མ་ནོར་པའི་དོན་མ་ཧཱ་ཡོ་ག་འདི་ཉིད་ཀྱི་གྲུབ་མཐའ་དམིགས་ཀྱིས་ཕྱེ་ནས་དང་དུ་བླང་ཞིང་གཏན་ལ་དབབ་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་དེ་ལ་གསུམ་སྟེ་གཏན་ཚིགས་ཀྱིས་གཏན་ལ་ཕབ་སྟེ་རྟོགས་པར་བྱ་བ་དང་། གོལ་སྒྲིབ་ཀྱི་གདར་ཤ་བཅད་དེ་དོན་གྱི་དམིགས་བཟུང་བ་དང་། དོན་མ་ནོར་བར་དམིགས་ནས་གྲུབ་མཐའ་བླང་བའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། གཏན་ཚིགས་ཀྱིས་བརྟག་ཅིང་གཞལ་བར་བྱ་བའི་གཞི་དང་། གཞལ་བྱེད་གཏན་ཚིགས་ཀྱིས་གཏན་ལ་དབབ་པ་དང་། ངེས་གཏན་ལ་ཕེབས་པའི་གྲུབ་པའི་དོན་ལྟ་བ་དེ་གྲུབ་མཐའོ། །དེ་ལྟར་རྣམ་པ་གསུམ་པོ་དེ་གོང་གི་མདོར་བསྟན་ལ་གསུམ་ཡོད་པའི་སྔ་མ་གཏན་ཚིགས་རྣམས་ཀྱིས་རྨལ་བར་བྱ་བའི་ཡན་ལག་རྒྱས་པར་བཤད་པ་འབྱུང་བའི་གཞི་རུ་ལུས་མདོར་བསྟན་དུ་བཞག་པའོ། །གཉིས་པ་རྒྱས་པར་བཤད་པ་དེ་ལ་བཞི་སྟེ། བགྲང་། དང་པོ་སྔོན་བྱུང་དངོས་ལྔའི་གཞལ་བྱ་གཏན་ཚིགས་གྲུབ་མཐའ་དེ་ཁོ་ན་ཉིད་འཇལ་བྱེད་དང་བཅས་པ་དང་། དྲང་། གཞི་དོན་ཕྱིན་ཅི་མ་ལོག་པར་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲིབ་པ་སངས་ཤིང་ཡེ་ཤེས་རྒྱས་པའི་རང་བྱུང་གི་སྟོན་པ ལ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་མངོན་བྱང་རྡོ་རྗེའི་སྐུ་དང་ལྔ་ལྷུན་གྱིས་གྲུབ་པའི་དྲུག་པ་སྤྱིའི་གཟུགས་ཅན་དེས་འདུལ་བའི་འཁོར་ལྷུན་གྲུབ་རིག་འཛིན་མཐར་ཕྱིན་པ་རྣམས་ལ་བསྟན་པ་དྲུག་པའི་དོན་གྱི་གསུངས་དང་། དགོངས་པ་བརྡའི་དང་། བརྗོད་པ་ཚིག་གི་དང་། དབྱེར་མེད་རྡོ་རྗེའི་དང་། རིག་པ་བྱིན་རླབས་ཀྱི་གསུང་དང་ལྔ་པོ་ལྷུན་གྲུབ་ཏུ་བརྡའ་སྤྲད་ནས་བསྟན་པའི་དུས་སུ་གཞལ་བྱ་སེམས་ཉིད་གསུང་ལྔ་ལྷུན་གྲུབ་དེ་ཁོ་ན་ཉིད་ཀྱི་དོན་གཏན་ཚིགས་ཀྱིས་གསུང་ལྔ་ལྷུན་གྲུབ་ཀྱི་དོན་དེ་ཉིད་གཏན་ལ་འབེབས་ཤིང་བརྡ་འཕྲོད་དེ། གཏན་ལ་འབེབ་པའི་གྲུབ་མཐའ་ཡང་གསུང་ལྔ་ལྷུན་གྲུབ་དེ་ཉིད་དང་འཇལ་བར་བྱེད་ཅིང་རྫོགས་པའོ། །དེས་ན་གསང་སྔགས་བླ་མེད་ཀྱི་ལུགས་ལ། སངས་རྒྱས་དངོས་ནི་རིགས་ལྔ་ལྷུན་གྱིས་གྲུབ་པའི་རྒྱལ་བ་སྤྱིའི་གཟུགས་ཅན་དེས། འཁོར་དངོས་ནི་ལྷན་ཅིག་པའི་འཁོར་མཐར་ལམ་པ་དང་། ཐེག་འོག་གྱི་རྒྱལ་བ་རྒྱ་མཚོ་ལ། གསུང་དངོས་ནི་བསྟན་པ་གསུང་ལྔ་ལྷུན་གྲུབ་ཏུ་བརྡའ་སྤྲོད་ཅིང་སངས་རྒྱས་པའི་དུས་ལ་བྱའོ། །དེ་ཡང་ཐུགས་ཐིག་ལས། སྐུ་ཡིས་ཕྱེ་བའི་འཁོར་རྣམས་ལ། །སོ་སོར་བསྟན་པའི་དུས་སྣང་ཡང་། །ལྷན་ཅིག་པ་ལ་དུས་གཅིག་སྣང་། །ཞེས་པ་དང་། གསུང་ལྔའི་ཚུལ་གྱིས་དུས་གཅིག་སྣང་། །ཞེས་པ་དང་། ལམ་ཆུང་ལས། ཐུན་མོངས་མཐར་བྱས་པའི་ཚེ། །ཡང་དག་སྐུ་གསུང་ཐུགས་བཅོ་ལྔས། །བྱིན་རླབས་འཚམས་པར་མོས་སྣང་བས། །འཁོར་ལོ་ས་ལ་འགྱུར་བར་ངེས། །ཐ་མའི་ཚེ་ན་གསུང་ལྔ་ཡིས། །དངོས་སྟོན་སྔོན་བྱུང་ལམ་ཞེས་བྱ། །ཞེས་སོ། །དེ་དང་མཐུན་པར་སྤར་ཁབ་ལེའུ་དྲུག་པ་ལས་དེ་བཞིན་དུ་གསུངས་སོ། །གཉིས་པ་དངོས་ལྔ་དེ་ཉིད་རྗེས་སུ་འཇུག་ཚུལ་ཚིག་གི་གཞིའམ་ཁུང་བྱས་ཚུལ་དང་། དྲང་། བདེན་མཐོང་ཆེན་པོ་སངས་རྒྱས་ཀྱི་ས་དེ་ཉིད་ཀྱི་དོན་དངོས་ལྔ་ཡིན་ལ། དངོས་ལྔ་དེ་ཉིད་ཕྱོགས་རེའི་ཚུལ་དང་མཐུན་པར་རྟོགས་ཚུལ་གྱི་གཏན་ཚིགས་དང་། དངོས་དང་ཚུལ་གྱི་དོན་ཚིག་གིས་བརྗོད་པས་ངོ་སྤྲོད་པ་ནི་ཚིག་གིས་གཏན་ཚིགས་རྣམས་དངོས་ལྔའི་གཏན་ཚིགས་ཀྱིས་མཚོན་ནས་རྗེས་སུ་འཇུག་ཚུལ་ཚིག་གི་གཏན་ཚིགས་ཀྱི་འབྱུང་བའི་གཞིའོ། །གསུམ་པ་དངོས་ལྔ་དེ་ཉིད་རྗེས་སུ་འཇུག་ཚུལ་ཚིག་གི་སྒོ་ནས་གཏན་ལ་ཕབ་དགོས་པར་གདམས་པ་དང་། དྲང་། མཐར་ལམ་ལྷན་ཅིག་པའི་འཁོར་དེ་ལ་སྔོན་བྱུང་གི་བསྟན་པ་གསུང་ལྔ་ལྷུན་གྲུབ་ཀྱིས་དོན་གཞལ་བྱ་གཏན་ཚིགས་གྲུབ་མཐའི་དོན་རྣམས་དངོས་ཀྱི་སྐུ་དེས། འཁོར་༢དངོས་༡དེ་ལ། གསུང་ལྔ་ལྷུན་གྲུབ་དེ་ཡིས་དོན་དངོས་སུ་བརྡ་སྤྲོད་པའི་རྒྱལ་བ་དགོངས་བརྒྱུད་སྔོན་བྱུང་དུ་སངས་རྒྱས་པ། དེའི་རྗེས་སུ་མཐུན་པར་འཇུག་པའི་ཚུལ་སྒོ་ཚིག་གི་སྒོ་ནས་དངོས་ལྔའི་དོན་གཏན་ལ་ཕབ་ནས་བསྟན་པ་ལའང་དཔེར་ན་གསེར་ཡིན་མིན་བསྲེག །ལྷད་ཡོད་མེད་བཅད། གཡའ་ཡོད་མེད་བརྡར་བའི་ས་གསེར་ལ་གསེར་དུ་རྟོགས་པ་བཞིན་དུ། དངོས་ལྔའི་དོན་དེ་ཉིད་རྗེས་སུ་འཇུག་ཚུལ་ཚིག་གི་སྒོ་ནས་ལེགས་པར་བརྟགས་ཏེ་གཏན་ལ་དབབ་པར་བྱའོ། །བཞི་པ་ཚུལ་ཚིག་གི་སྒོ་ནས་གཏན་ལ་ཕབ་ཚུལ་དངོས་དེ་ལ་གསུམ་སྟེ། གཞལ་བྱ་དང་གཏན་ཚིགས་དང་། དེས་གཏན་ལ་ཕབ་པའི་གྲུབ་མཐའོ། །དང་པོ་གཞལ་བྱ་བརྟག་བཞི་བསྟན་པ་ལ་གཉིས་ཏེ། གཞལ་བྱ་བརྟན་གཞི་ངོས་བཟུང་བ་དང་། དེ་ལ་རྩོད་པའི་སྐྱོན་སྤྱང་བའོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་བརྟག་པའི་གཞི་མ་བསྟན་པ་དང་། དྲང་། སྔོན་བྱུང་དངོས་ལྔའི་དོན་དེ་ཡང་རྗེས་འཇུག་ཚུལ་ཚིག་གིས་གཏན་ཚིགས་རྣམས་ཀྱིས་ཡོངས་སུ་བརྟག་ཅིང་དཔྱད་པར་བྱ་བའི་གཞི་ནི། དེ་ལ་ལུས་ལ་མིག་གི་དབང་པོ་ལ་སོགས་པའི་དབང་པོ་དྲུག་གི་རྟེན་ལ། གཟུགས་ལ་སོགས་པའི་ཡུལ་དྲུག་ཏུ་མིག་གིས་གཟུགས་སྣང་ལ་སོགས་པའི་རྣམ་ཤེས་དྲུག་དང་བཅོ་བརྒྱད་པོ་འདི་ཀུན་ཆོས་ཅན། དེ་ལྟར་ཡུལ་དང་དབང་པོ་རྣམ་ཤེས་རྣམས་སེམས་ཉིད་རང་སྣང་མ་གཏོགས་པ་དེ་རྣམས་རང་རྒྱུད་ཅན་དུ་གྲུབ་ནས་ཡོད་པ་ནི་མ་ཡིན་ཏེ་ཞེས་དམ་བཅའ་གཏན་ཚིགས་ཅི་ཕྱིར་ན་རྣལ་མ་དོན་གྱི་ཀུན་གཞིའི་རྣམ་པར་འགགས་པ་མེད་པར་རང་འཆར་བའི་ཤེས་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་ཕྱི་ནང་ཡུལ་དང་ཤེས་པའི་དངོས་པོ་སྣ་ཚོགས་སུ་མ་འགགས་པར་རང་སྣང་བ་ཡིན་པའི་ཕྱིར་རང་སྣང་དེ་ཉིད་ངོ་མ་ཤེས་པ་ལས་འཁོར་བ་ངན་ཞེན་གྱི་སྣང་བ་དང་། མྱ་ངན་ལས་འདས་པའི་དངོས་པོ་བཟང་ཞེན་གྱི་སྣང་བ་དང་གཉིས་ལ་གཏན་ཚིགས་ཀྱིས་བརྟག་ཅིང་དཔྱོད་པར་བྱའོ། །དེ་ཡང་འཁོར་བ་ནི་སྣོད་འབྱུང་བ་ཡུལ་དང་བཅས་པ་ཕྱིའི་སྣང་བ་དང་། ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ནང་གི་སྣང་བའོ། །འདས་པ་ནི་ཐོག་པ་མཐོ་དམན་སྣ་ཚོགས་སུ་སྣང་བའོ། །དེ་ཡང་འདས་པ་ལ་ཞེན་པས་བརྟག་པ་སྤྱིའི་མཚན་ཉིད་ལ་གཞལ་ལམ། འདས་པར་སྣང་བ་རང་གི་མཚན་ཉིད་ལ་གཞལ། དང་པོ་ལ་གཞལ་ཏེ་ཞེ་ན། རང་གི་སེམས་ལ་འདས་པར་འཛིན་པའི་ཞེན་བློ་ལ་གཞལ་ལམ་སྙམ་ན། འདས་པར་འཛིན་པའི་ཞེན་པ་ནི་བློས་བཀོད་པ་ཡིན་ལ། ཞེན་པ་འཁོར་བའི་ཆོས་ཡིན་པས། དེ་གཞལ་བས་འདས་པར་གཞལ་བར་མི་རིགས་ཏེ། རྣམ་བཀོད་ལས། བློ་ལ་མྱ་ངན་འདས་ཞེན་པ། །དེ་ཉིད་འདས་པར་རུང་མ་ཡིན། །ཞེས་སོ། །གཉིས་པ་རང་གི་མཚན་ཉིད་ལ་གཞལ་ན། དོན་དེ་ལས་དང་པོ་བའི་བློའི་སྤྱོད་ཡུལ་དུ་མ་གྱུར་ཅིག །ཤིན་ཏུ་ལྐོག་ཏུ་གྱུར་བ་སྟེ། རྨིག་གི་རྣམ་པར་ཤེས་པས་སྒྲ་ཐོས་མི་མྱོང་ལ། གལ་ཏེ་མྱོང་ན་འདས་པར་གཞལ་བ་ཧ་ཅང་ཐལ་དྲག་པར་འགྱུར་བའི་ཕྱིར། གཞལ་དུ་མི་བཏུབ་བོ། །དེ་ཉིད་ལས། འདས་པའི་སྤྱོད་ཡུལ་མ་གྱུར་ཕྱིར། །བརྟག་པའི་ཡུལ་དུ་ཅི་ལྟར་རིགས། །གལ་ཏེ་འདས་པའི་སྣང་བ་ལ། །གཞལ་ན་དང་པོ་ལྐོག་ཏུ་འགྱུར། །ཞེས་སོ། །གཉིས་པ་འཁོར་བ་ལ་གཞལ་ནའང་། འཁོར་བར་སྣང་བ་རང་གི་མཚན་ཉིད་ལ་གཞལ་ལམ། ཞེན་པས་བརྟག་པ་སྤྱིའི་མཚན་ཉིད་ལ་གཞལ། དང་པོ་ལྟར་ན་དེའི་ངོ་བོ་རིག་པ་རང་སྣང་ཡིན་པས་སོ་སྐྱེའི་ཡུལ་མ་ཡིན་ཏེ། གལ་ལྟེ་བརྟགས་ན་གྲུབ་མཐའ་ཡིན་པའི་ཕྱིར་གཞལ་བར་མི་རིགས་སོ། །དེ་ཉིད་ལས། སྣང་བ་རང་གི་མཚན་ཉིད་ནི། །གཞལ་བྱ་མིན་ཏེ་རིག་སྣང་ཕྱིར། །གཞལ་བར་རིགས་མིན་སྐྱེ་བོ་ཡིས། །ཡུལ་མིན་གྲུབ་པའི་མཐའ་ལྟར་སྣང་། །ཞེས་སོ། །གཉིས་པ་སྤྱིའི་མཚན་ཉིད་ལ་གཞལ་ན། ཕྱིའི་ཡུལ་ལ་གཞལ་ལམ། ནང་ཤེས་པ་ལ་གཞལ། དང་པོ་ལྟར་ན། ཡུལ་འཁྲུལ་བ་དང་། ཡུལ་ཅན་བློ་འཁྲུལ་བ་གྲུབ་པ་དུས་མཉམ་སྟེ། འདས་པའི་ཕྱིར་གཞལ་བར་མི་རུང་སྟེ། དེ་ཉིད་ལས། བརྟག་པ་གང་ལ་དཔྱོད་ཞེ་ན། །བརྟག་དཔྱད་གཞི་རུ་རིགས་མ་ཡིན། །ཞེས་སོ། །གཉིས་པ་ཤེས་པ་ལ་གཞལ་ན། ཤེས་པ་སྐད་ཅིག་རྐྱང་འགྲོས་ཡིན་པས། སྐད་ཅིག་སྔ་མ་དེ་ནི་འདས་པས་གཞལ་དུ་མི་བཏུབ་སྟེ། ཁྱིམ་བྱ་ཤི་བས་སྐད་འབྱིན་མི་ནུས་པ་བཞིན་ནོ། །ཕྱི་མ་ནི་མ་སྐྱེས་པའི་ཕྱིར་གཞལ་བར་མི་རུང་སྟེ། སང་ཕོད་ཀྱི་སྟོན་ཐོག་གིས་ད་ལོའི་ས་བོན་མིའགྲུབ་པ་བཞིན་ནོ། །དེ་ཉིད་ལས། འོན་ཏེ་རང་ལ་ནང་དུ་ཡང་། །ལྟ་སྟེ་དཔྱོད་གཞི་དེ་ཉིད་ཞི། །ལོག་རྟོག་སྤྲོས་པས་སྐད་ཅིག་ལས། །སྔ་མ་འགགས་ཏེ་ཕྱི་མ་འབྱུང་། །དེ་ལ་བརྟེན་པས་བརྟགས་མི་རིགས། །ཞེས་སོ། །ད་ལྟར་གྱི་སྐད་ཅིག་ནི་རང་བཞིན་གཅིག་ཏུ་མི་གནས་ཏེ། མི་བརྟན་པས་ཡིད་སོ་སོར་རྟོག་པའི་ཤེས་རབ་ཏུ་གནས་གྱུར་ཙམ་ན། ཞེན་པ་འགགས་པས་ཡུལ་མེད་པའི་ཕྱིར་རོ། །དཔེར་ན་གློག་འགྱུར་བའི་གཞི་ལ་མུན་པ་མེད་པ་སྟེ། དེ་ཉིད་ལས། ད་ལྟར་སྐད་ཅིག་མི་བརྟན་པ། །སོ་སོར་རྟོག་པ་གནས་གྱུར་ན། །ཞེན་འགག་རང་ལ་བརྟག་མི་རིགས། །ཞེས་སོ། །འོ་ན་གང་ལ་གཞལ་ཞེ་ན། ལམ་པའི་བློ་ལ་འཁོར་བ་ངན་པའི་དངོས་པོར་སྣང་བ་དང་། འདས་པ་བཟང་པོར་ཞེན་པའི་སྣང་བ་གཉིས་ལ་བརྟག་ཅིང་གཞལ་བར་བྱ་སྟེ། དཔེར་ན་རྒྱལ་བུ་འབངས་སུ་འཁྱམས་པའི་ཚེ། སྣང་ཚུལ་འབངས་ལ་བརྟེན་ནས། ཡིན་ཚུལ་རྒྱལ་བུར་རྟོགས་པ་བཞིན་ཡིན་ཏེ། ཡང་དེ་ཉིད་ལས། ངེས་པར་བཞག་པའི་གཞལ་བྱ་ནི། །འཁོར་དང་མྱ་ངན་འདས་པ་ཡི། །རང་གི་མཚན་ཉིད་མི་འདོད་དེ། །དེ་ལྟར་ནང་ནས་ཞེན་པ་ཡི། །ཕྱིར་རོལ་མེད་ལས་ཡོད་ལྟར་སྣང་། །ཞེན་དང་ལྟ་བ་གཉིས་ལ་བརྟེན། །ཞེས་སོ། །གཉིས་པ་དེ་ལས་གཞན་ནས་བརྟག་དཔྱད་བྱེད་ལུགས་དང་། དྲང་། བརྟག་ལུགས་ལ་སྣོད་འཇིག་པ་ལ་བཅུད་འཇིག་པ་བརྟན་པས་འཇིག་རྟེན་འདི་ན་ཅི་ཡོད་པའི་དངོས་པོ་ཀ་བ་ལ་སོགས་མིང་ཐ་དད་པ་དང་། དངོས་པོ་དངོས་མེད་ཀྱི་མཚན་མར་འཛིན་པའི་ཡུལ་ཐ་དད་རྣམས་དང་། དེ་མ་ཡིན་ལ་དེར་འཛིན་གྱི་ལོག་རྟོག་དུག་ལྔ་ལ་སོགས་པ་སོ་སོའི་རང་གི་མཚན་ཉིད་ཞེ་སྡང་སེམས་འཁྲུག་པ་ལ་སོགས་པ་དང་། སྤྱིའི་མཚན་ཉིད་མི་རྟག །སྡུག་བསྔལ། སྟོང་པ། བདག་མེད་ལ་སོགས་པ་རང་སྤྱིའི་མཚན་ཉིད་རྣམས། ཤེས་བྱ་ལ་ཅི་ལྟར་གནས་པ་ལྟར་བརྟག་ཅིང་དཔྱད་པར་བྱའོ། །གསུམ་པ་བརྟག་དཔྱད་བྱས་པས་དོན་རིག་ཚུལ་ལོ། །དྲང་། འཁོར་བ་དང་འདས་པའི་དངོས་པོ་གཉིས་སུ་ཞེན་པའི་དངོས་པོ་དང་དུས་གསུམ་གྱིས་བསྡུས་པའི་ཆོས་སུ་གཏོགས་པ་ཐམས་ཅད་ཀུན་ད་ལྟར་གྱི་ཤེས་པ་སྐད་ཅིག་མ་གཅིག་ལ་གོང་གི་དེ་ཀུན་རྫོགས་པའི་ཕྱིར། དེ་ཡང་རྒྱས་པ་ལས། མ་བཅོས་ལྷུན་གྱིས་སྐད་ཅིག་མ། །དེ་ཡིས་མ་ཟིན་གང་ཡང་མེད། །ཅེས་པ་འདས་པའི་ཆོས་ཀུན་རྫོགས་པ་དང་། ཡང་། ལོག་རྟོག་རྒྱན་གྱི་སྐད་ཅིག་མ། །དེ་ཡིས་མ་བྱས་གང་ཡང་མེད། །ཅེས་པ་འཁོར་བའི་ཆོས་ཀུན་རྫོགས་ཏེ། སྐད་ཅིག་དེ་ཉིད་ཀྱི་དངོས་པོའི་གནས་ལུགས་ཀུན་རང་སྣང་དུ་མཐོང་བས་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར་རིག་པ་བཞིན་དུ་ཤེས་བྱ་སྲིད་ཚད་ཀྱི་ཆོས་ཀུན་ཀྱང་གོང་གི་དེ་ལྟར་དུ་ཤེས་ཤིང་ཆུང་བར་བྱའོ། །དེ་ཡང་རྒྱ་མདུད་འགྲེལ་ལས། དུས་གསུམ་འདས་འཁོར་ཞེན་བག་ཆགས། །སྐད་ཅིག་གཅིག་ལ་ཀུན་རྫོགས་ཕྱིར། །དེ་ཤེས་གྲོལ་བས་རྣམ་ཀུན་མཁྱེན། །དེ་ལྟར་གཟུང་འཛིན་མ་གྲུབ་ཕྱིར། །འདས་དང་མ་འོངས་དེ་དང་འདྲ། །ཞེས་པ་དང་། ཡུམ་ལས། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་སོ། །གཉིས་པ་རྩོད་པའི་སྐྱོན་སྤང་ཚུལ་ལ་གཉིས་ཏེ། བགྲང་། དང་པོ་ཐེ་ཚོམ་གྱི་དོགས་པ་གཟུགས་བ་དང་། དྲང་། གཞལ་ཚུལ་དེ་ལྟར་དུ་གཞལ་ན། ཞེན་ཡུལ་ཀུན་བརྟགས་ཡུལ་དུ་བྱེད་པའི་ཞེན་བྱེད་ཀྱི་ཡིད་ཀུན་བརྟག་ཀྱི་ཤེས་པ་དེ་ནི་ཤེས་རབ་གསུམ་གྱི་བར་མ་བསམ་བྱུང་གི་སོ་སོར་རྟོག་པའི་ཤེས་རབ་ཏུ་གནས་འགྱུར་བའི་སྐབས་སུ་ཕྱིའི་ཡུལ་རྣམས་ཡོད་པ་མ་ཡིན་ཏེ། དཔེར་ན་ལུས་མེད་ན་གྲིབ་མ་མི་འབྱུང་བ་བཞིན་དུ་གཞལ་བྱ་ཡུལ་མེད་པས་འཇིག་རྟེན་འདི་ན་ཅི་ཡོད་པ་རྣམས་གཞལ་དུ་མི་བཏུབ་བོ། །འོ་ན་ཞོན་བྱེད་ཀྱི་ཡིད་རང་ཉིད་ལ་གཞལ་ལོ་ཞེ་ན། སེམས་སྐད་ཅིག་མ་རང་གིས་རང་ལ་གཞལ་དུ་མི་བཏུབ་སྟེ། དཔེར་ན་མཛུབ་མོ་རང་གི་རྩེ་ལ་རང་གིས་མི་རེག་པ་བཞིན་དུ་སྟེ། དེ་ཡང་ལང་གཤེགས་ལས། ཇི་ལྟར་རལ་གྲི་རང་གི་སོ། །ཇི་ལྟར་མཛུབ་མོ་རང་གི་རྩེ། །མི་ཆོད་པ་དང་མི་རེག་པ། །དེ་བཞིན་སེམས་ཀྱི་སེམས་མི་མཐོང་། །ཞེས་གསུངས་པས། ཡུལ་དང་ཡུལ་ཅན་གཉིས་ཀ་ལ་གཞལ་དུ་མི་རུང་བའི་དོགས་པ་སྐྱེས་པའི་སྐྱོན་ཟུག་ན། གཉིས་པ་དོགས་པ་བསལ་བའོ། །དྲང་། གཞལ་བྱ་ཞེན་སྣང་རགས་པ་ཐོས་བསམ་གྱིས་དག་ཀྱང་། ཞེན་སྣང་ཕྲ་བའི་གཉེན་པོ་ལྟ་བ་རང་མཚན་དུ་རྟོགས་པའམ། སྒོམ་བྱུང་གི་ཤེས་རབ་རྒྱུད་ལ་སྐྱེས་པ་མེད་པས་ཞེན་པ་དག་པ་མིན་ཅིང་ཞེན་སྣང་ཕྲ་བ་དེ་ཉིད། ཤེས་རབ་གསུམ་གྱི་བར་མ་བསམ་བྱུང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་གཞལ་བའི་ཡུལ་དུ་གྱུར་པའི་ཕྱིར། དེས་ན་གཞལ་བྱའི་ཡུལ་ཡོད་ཅེས་བྱ་བའི་ངེས་ཚིག་གམ་སྒྲ་དོན་འགྲུབ་བོ། །དེ་ལ་ཉེ་སྟོན་ན་རེ། བསམ་བྱུང་གི་རྟོག་དཔྱོད་བྱེད་པའི་ཚེ། བསམ་བྱའི་ཡུལ་ལ་སེམས་བྱེད་ཀྱིས་གཞལ། རེ་ཞིག་པར་གནས་སུ་འགྱུར་ཡང་། གཏན་དུ་བ་གནས་སུ་མ་གྱུར་པས་དེ་ལ་གཞལ་གསུངས་སོ། །ཡང་། བསམ་བྱུང་གི་གཏན་ཚིགས་དང་། ཡུལ་ཀུན་བརྟག་གཉིས། ཡུལ་དང་། ངོ་བོ་དང་། དུས་གཅིག་གམ་མི་གཅིག །མི་གཅིག་ན་བསལ་བྱ་དང་སེལ་བྱེད་དུ་མི་འཐད་དེ། ཕྱི་ནང་གི་སྣང་མུན་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་གྱི་སྡུག་བསྔལ་དང་མི་ཤེས་པ་མི་སེལ་བ་སྟེ། མ་འཚོགས་པའི་ཕྱིར། ཉིན་གུང་གི་ཉི་འོད་དང་། ནམ་གུང་གི་མུན་པ་བཞིན་ནོ། །གཅིག་ན་ཡུལ་དེ་གྲུབ་ན་བསལ་བྱ་འཁྲུལ་བ་དང་། མ་གྲུབ་ན་དེ་ལ་དཔྱོད་པའི་སེལ་བྱེད་བསམ་བྱུང་འཁྲུལ་བར་འགྱུར་རོ། །ངོ་བོ་གཅིག་ན་རལ་གྲི་རང་གིས་རང་མི་ཆོད་པ་ལྟར་སེལ་བྱེད་དུ་མི་འགྱུར་ལ་དུས་གཅིག་ན། རྟོག་པ་གཉིས་ཅིག་ཆར་འཇུག་པར་འགྱུར་བས་སོ། །ངེས་པར་རང་ལུགས་ནི། ཞེན་ཡུལ་གཅིག་ལ་ཞེན་སྣང་ཐ་དད་པ་དང་། བློའི་རྒྱུན་གཅིག་ལ་འཛིན་སྟངས་ཀྱི་རྟོག་པ་བྱེ་བ་དང་། དུས་འཕྲད་ནས་སེལ་བ་མེད་ཀྱང་བློ་རྒྱུན་གཅིག་ལ། དང་པོ་སྒྲོ་འདོགས་སྐྱེས་ནས། ཕྱིས་བསམ་བྱུང་ལས་བྱུང་བའི་ལྟ་བ་ངེས་པར་སྒྲོ་འདོག་གི་རྒྱུན་སྐྱེ་བར་མི་ནུས་པ་ཉིད་ལ་ཀུན་བརྟགས་ཀྱི་ཞེན་པ་བསལ་ཞིང་ཐ་སྙད་དུ་འདོག་པ་ལྟེ། ལྕེ་སྟོན་བསྒྲུབ་པ་འབུམ་གྱིས་གསུངས་སོ། །ཡང་། གཞལ་བྱ་ཞེན་སྣང་། གཞལ་བྱེད་གཏན་ཚིགས་ཀྱིས་གཞལ་ཙམ་ན། སྐད་ཅིག་མའི་སྔ་ལོགས་ཞེན་སྣང་དུ་ཡོད་པ་ལ། ཕྱི་ལོག་སོ་སོར་རྟོགས་པར་གནས་གྱུར་ནས་གཞལ་ཞིང་དཔྱོད་གསུངས། གཙང་པ་བྱིས་སྟོན་གྱིས། དགོངས་པ་དགོད་སྤང་དུ་བཞི་སྟེ། གཏན་ལ་མི་ཕེབས་པའི་དོགས་པ་དགོང་ཅིང་སྤང་བ་དང་། དགོས་ཆེད་མེད་པའི་དོག་པ་དགོད་ཅིང་སྤང་བ་དང་། གཞལ་གྱིས་མི་ལང་བའི་དོག་པ་དགོད་ཅི་སྤང་བ་དང་། གཞལ་བྱའི་ཡུལ་མེད་པའི་དོག་པ་དགོད་ཅིང་སྤང་བ་དང་བཞི་ལས། དང་པོ་ནི། ལུང་གྲ་ཆད་ལ་ཉལ་བ་ཟུར་ལ་བསླང་བ་འཆད་པ་པོའི་གཉེར་ཡིན་པས། ལེན་དཀྱུས་ནས་འདུག་ན་བརྒལ་བ་ཁུང་ནས་འབྱུང་བར་བཤད། བརྒལ་བ་དཀྱུས་ནས་འདུག་ན་ལེན་ཁོང་ནས་ཕྱུང་ལ་བཤད་དེ། དཔེར་ན་རྒྱ་གར་བའི་མི་གཅིག་བོད་དུ་འོང་ན། སྐོམ་ནས་ཆུ་འདོད་པ་ལ། ཆ་བྲམ་བླངས་པས་མི་ཕན་པ་རྟོགས་པ་ལྟར། ཆོས་ཉིད་ཀྱི་དོན་རྟོགས་པར་འདོད་པ་ལ། འཁོར་འདས་ཀྱི་ཞེན་སྣང་གཏན་ལ་ཕབས་པས་མི་ཕན་པར་རྟོགས་པ་ལ། ལེན་དཀྱུས་ཀྱི་འཁོར་འདས་ཀྱིས་གཞལ་བྱར་བསྟན་པས་གདབ་སྟེ། གཞན་དག་ལས། གྲང་བ་ཆུ་ཡི་བདག་ཉིད་དག །དྲོད་ཀྱི་རྐྱེན་དང་བྲལ་བ་ཡི། །ཆ་བྲམ་རྡོ་རྫོགས་ལྟ་བུར་སྣང་། །དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། །རྣམ་པ་འགྱུར་ནས་གཟུགས་སུ་སྣང་། །ཞེས་འབྱུང་བས། ཆུ་དེ་གྲང་རེག་དང་འཕྲད་པས་ཆ་བྲམ་སྣང་བ་དེ། ཚ་རེག་དང་འཕྲད་པས་ཆུར་འགྲོ་བ་ལྟར། ཀུན་གཞིའི་བག་ཆགས་ཀྱིས་འཁོར་འདས་སུ་སྣང་བ་དེ་གཏན་ལ་ཕབ་པས་ཀུན་གཞིའི་ཆོས་ཉིད་རྟོགས་སོ། །གཉིས་པ་ནི། ཆུ་བྲམ་བླང་བ་བས་ཆུར་ལེན་པ་སླ་བ་ལྟར། གཏན་ལ་ཕེབས་ཀྱང་ཆོས་ཉིད་གཏན་ལ་ཕེབས་པ་སླ་བས། ཞེན་སྣང་ཕེབ་པ་རང་དགོས་མེད་དུ་དོགས་པ་ལ། ལན་ནི། རང་སྤྱི་གཞལ་བྱར་བསྟན་པས་ལན་གདབ་སྟེ། ཆབ་བྲམ་ཆུར་སོང་བས་དེ་ཆུ་མིན་དུ་དོག་པ་སེལ་བ་ལྟར། ལོག་རྟོག་ཆོས་ཉིད་མ་ཡིན་པའི་རྟོག་པ་སེལ་ལོ། །གསུམ་པ་ཆབ་བྲམ་ཐམས་ཅད་བཞུ་བས་མི་ལང་བ་ལྟར། དགོས་པ་འདུག་ཀྱང་གཞལ་གྱིས་མི་ལང་བ་ལྟར་དགོས་པ་ལ། ལན་ནི། སྐད་ཅིག་མར་གཞལ་བྱར་བསྟན་པས་གདབ་སྟེ། ཆ་བྲམ་ཁུ་ཚུར་ཙམ་ཞིག་བཞུ་བས། ཀུན་དེ་ལྟར་རྟོགས་པ་ལྟར་རོ། །བཞི་པ་ནི། གཞལ་དུ་ལང་ཡང་གཞལ་བྱའི་ཡུལ་མེད་པས་མི་བརྟུབ་པར་དོགས་པ་ལ། བརྒལ་ལེན་གཉིས་ཀ་དཀྱུས་སུ་བྱུང་སྟེ་སྔར་བཤད་པ་བཞིན་ནོ། །གཉིས་པ་གཏན་ཚིགས་ལ་གཉིས་ཏེ། དངོས་དང་ཚུལ་མཐུན་དུ་རྟོགས་པ་ཚུལ་གྱི་གཏན་ཚིགས་དང་། དངོས་དང་ཚུལ་གྱི་དོན་ཚིག་ཏུ་ངོ་སྤྲོད་པ་ཚིག་གི་གཏན་ཚིགས་སོ། །དང་པོ་བརྟག་པའི་སྒོ་ནས་ཚུལ་མཐུན་དུ་རྟོགས་ལུགས་ལ་གཉིས་ཏེ། བགྲང་། དང་པོ་བརྟག་ལུགས་དང་། དྲང་། གོང་དུ་བཤད་པ་དེ་ལྟར་དངོས་ལྔའི་དོན་དེ་ཉིད་ཚུལ་དྲུག་གི་སྒོ་ནས་གཏན་ལ་ཕབ་ཅིང་རྟོགས་དགོས་པ་ཡིན་ཏེ། དེ་ཡང་འཁོར་འདས་ཀྱི་དངོས་པོ་དེ་དེ་ལ། འཁོར་འདས་ཀྱི་ཆོས་དེ་དེའི་རང་བཞིན་ནམ་རང་སྤྱིའི་མཚན་ཉིད་ཇི་ལྟར་གནས་པ་བརྟག་པར་བྱ་བ་ལ་བརྟེན་ནས་ཚུལ་མཐུན་དུ་རྟོགས་ལུགས་ནི་འདི་ལྟ་སྟེ། གཉིས་པ་ཚུལ་མཐུན་རྟོགས་ཚུལ་དངོས་དེ་ལ་དྲུག་སྟེ། བགྲང་། དང་པོ་ངོ་བོ་ཉིད་ཀྱི་སྐུའི་གསུང་གི་ཚུལ་རང་གསལ་ངོ་བོ་ཉིད་ཀྱི་གཏན་ཚིགས་དང་། དྲང་། ཆོས་ཉིད་ཀྱི་དོན་རྟོགས་པ་དང་ལྡན་པའི་རྣལ་འབྱོར་པ་བློ་མཆོག་རྣམས་ནི་འཁོར་གྱི་ཚུལ་ཡིན་ལ། ཕྱི་ནང་གི་དངོས་པོ་སྣ་ཚོགས་སུ་སྣང་བ་འདི་སེམས་ཉིད་རང་སྣང་བས་གསང་སྔགས་ཀྱི་ངོ་བོ་དེ་སྟོན་པའི་ཚུལ་ལོ། །དེ་ལྟར་གསང་སྔགས་ཀྱི་ངོ་བོ་དེ་ནི་སྒྲོག་སྐུར་དང་བྲལ་བས་ངེས་པའི་ལུང་ཡིན་པའི་ཕྱིར། དངོས་པོ་མཐོང་ཐོས་ཐམས་ཅད་ཀྱི་ཆོས་ཚུལ་ལ་སྟོན་པ་ནི། ཆོས་ཀྱི་འཁོར་ལོའི་ཚུལ་ལོ། །ཚིག་ཏུ་མ་བརྗོད་ཀྱང་བརྗོད་པ་དང་འདྲ་བར་ཆོས་ཉིད་ཀྱི་དོན་བརྡ་སྤྲོད་པར་བྱེད་པས་ན་གོ་ཚུལ་ལོ། །དེ་དག་ནི་ངོ་བོ་ཉིད་ཀྱི་སྐུའི་བཤད་པ་དང་ཚུལ་མཐུན་པའི་ཕྱིར་མ་འོངས་པའི་གང་ཟག་བློ་ཆེ་བ་རྣམས་ཀྱི་དོན་དུ་ཆོས་ཉིད་གཏན་ལ་ཕེབ་པའི་གཏན་ཚིགས་སུ་ངེས་པའོ། །གཉིས་པ་ཆོས་སྐུའི་གསུང་གི་ཚུལ་སྐྱེ་མེད་དོན་གྱི་དང་། དྲང་། ཡང་། ཆོས་སྐུའི་ཚུལ་ནི་ས་ལ་གནས་པའི། བྱང་ཆུབ་སེམས་དཔའ་དེ་དང་འདྲ་བའི་ཤེས་རབ་ཀྱི་མིག་དང་ལྡན་པ་ནི་འཁོར་གྱི་ཚུལ་ལོ། །རང་བཞིན་ངང་ངམ་ཤུགས་ཀྱིས་ཆོས་ཉིད་སྐྱེ་བ་མེད་པའི་དོན་རང་གི་རྒྱུད་ལ་ལྷུན་གྱིས་གྲུབ་པ་ནི་སྟོན་པའི་ཚུལ་ལོ། །སོ་སོར་རྟོགས་པའི་ཤེས་རབ་ཀྱིས་མ་བརྩལ་བར་རང་བཞིན་ངང་གིས་སྐྱེ་མེད་ཀྱི་དོན་ལ་སྣང་ཞིང་གོ་བར་བྱེད་པ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་ལོ། །སྐྱེ་མེད་ཀྱི་དོན་ཚིག་ཏུ་བརྗོད་པ་མེད་པ་དེ་ཉིད་བརྗོད་པ་དང་འདྲ་བར་སྐྱེ་མེད་གོ་བར་བྱེད་པ་ནི་གོ་ཚུལ་ལོ། །གསུམ་པ་ལོངས་སྐུས་གསུང་གི་ཚུལ་དགོངས་པ་བརྡའི་དང་། དྲང་། བློ་དང་ལྡན་པའི་ལམ་པ་གང་དག་ནི་འཁོར་གྱི་ཚུལ་ལོ། །ཁ་དོག་དང་དབྱིབས་ལ་སོགས་པའི་གཟུགས་ཀྱིས་བརྟ་དང་རྣལ་འབྱོར་པ་དགོངས་པ་ཏིང་ངེ་འཛིན་གྱི་བརྡ་དོན་གྱིས་ཆོས་སྟོན་པ་ནི་སྟོན་པའི་ཚུལ་ལོ། །མིག་གིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་དང་། དྲི་རོ་རེག་བྱ་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་རང་བཞིན་ཚུལ་གྱི་བརྡ་སྤྲོད་དེ། དཀར་པོ་ཉེས་སྐྱོན་དང་བྲལ་བ་ལ་སོགས་པའོ། །དཔའ་བོ་བླ་མས་དབང་དང་གདམས་ངག་གནང་བའི་དུས་སུ་ཕྱག་བརྐྱང་བསྐུམ་ལ་སོགས་པ་ལུས་ངག་གི་བརྡ་སྣ་ཚོགས་བྱས་པ་དང་། བླ་མའི་དགོངས་པ་མཉམ་པར་བཞག་པའི་བརྡ་ཡིས་ངོ་སྤྲོད་པ་དང་། སློབ་བུ་རང་གིས་ཏིང་ངེ་འཛིན་བསྒོམ་པའི་སྟོབས་ཀྱིས་གོ་བརྡ་སྤྲོད་པར་བྱེད་པ་ནི་ཆོས་འཁོར་དང་གོ་ཚུལ་ལོ། །བཞི་པ་མངོན་པར་བྱང་ཆུབ་པའི་སྐུའི་གསུང་གི་ཚུལ་རིག་པ་བྱིན་རླབས་ཀྱི་དང་། དྲང་། དཔེར་ན་ས་འོག་ན་གསེར་ཡོད་པའི་རླང་བ་བར་སྣང་ལ་རང་བཞིན་གྱིས་འོད་འོང་བ་དང་། མེ་ལོང་ཉི་མ་ལ་བཞག་པའི་ཚེ་དང་རང་བཞིན་གྱིས་འབྱུང་བ་བཞིན་དུ་འཁོར་འདས་ཀྱི་ཆོས་ཀུན་ཀྱང་རང་རིག་པའི་ཡེ་ཤེས་རང་སྣང་བའི་ཕྱིར་རང་བཞིན་ངང་གིས། རིག་པའི་དྲོད་འབྱུང་བ་ནི་སྟོན་པ་དང་འཁོར་རོ། །ཆེད་དུ་མ་བཙལ་བར་རང་བཞིན་ངང་གིས་བརྗོད་པ་དང་འདྲ་བར་དོན་སྣང་སྟེ་བརྡ་སྤྲོད་པ་ནི་ཆོས་འཁོར་དང་གོ་ཚུལ་ལོ། །ལྔ་པ་རྡོ་རྗེའི་སྐུའི་གསུང་གི་ཚུལ་གྲགས་སྟོང་དབྱེར་མེད་ཀྱི་དང་། དྲང་། འཁོར་འདས་ཀྱི་ཆོས་ཀྱི་སྒྲ་སྐད་ཀུན་ཀྱང་གྲགས་སྟོང་དབྱེར་མེད་བྲག་ཅའི་སྒྲ་བཞིན་དུ་གནས་པའི་ཕྱིར། སྒྲ་སྐད་ཐམས་ཅད་གྲགས་སྟོང་དབྱེར་མེད་དུ་རང་བཞིན་གྱིས་གནས་པ་དེ་ཀ་རྡོ་རྗེའི་སྐུའི་གསུངས་དང་ཚུལ་མཐུན་པ་ནི་སྟོན་པ་དང་འཁོར་རོ། །གདུལ་བྱ་བློ་རབ་འགའ་ཞིག་གིས་སྒྲ་ཐོས་པ་ཙམ་ཉིད་ཀྱི་དུས་དེ་ཉིད་དུ་ཚིག་དོན་སོ་སོར་མ་བརྟག་པར་སེམས་ཉིད་དབྱེར་མེད་ཀྱི་དོན་གོ་བརྡ་མཇལ་བར་བྱེད་པ་ནི་ཆོས་འཁོར་དང་གོ་ཚུལ་ལོ། །དྲུག་པ་སྤྲུལ་སྐུའི་གསུང་གི་ཚུལ་བརྗོད་པ་ཚིག་གི་གཏན་ཚིགས་སོ། །དྲང་། སྤྲུལ་སྐུའི་ཚིག་གི་གསུངས་དབྱངས་ནི་འཇིག་རྟེན་གྱི་མེས་པོ་ཚངས་པའི་ངག་གིས་འགྲོ་བ་སོ་སོའི་སྐད་དུ་དོན་བརྡ་སྤྲོད་པ་ལྟར། སྤྲུལ་སྐུའང་དེ་ལྟ་བུའི་གསུངས་ཀྱིས་མོས་པར་སྤྱོད་པའི་ས་པ་ཚོགས་སྦྱོར་བ་ལ་ཚིག་གི་སྒོ་ནས་དགྲོལ་བ་བཞིན་དུ་རྗེས་འཇུག་ཏུ་བླ་མས་ཚིག་ཏུ་ངོ་སྤྲོད་བརྗོད་པ་ཡིས། དོན་བརྡ་སྤྲོད་ནས་ཡོངས་སུ་དགྲོལ་བར་བྱེད་པ་ནི་སྟོན་འཁོར་ཆོས་གསུམ་ལྷུན་གྱིས་གྲུབ་ཚུལ་ལོ། །འོ་ན་གསང་བའི་སྐུའི་ཚུལ་མ་བྱུང་ཞེ་ན། ཤེས་རབ་ཀྱི་དབང་པོ་ཡང་རབ་ཀྱིས་ཐོས་བསམ་གྱི་ཐོག་ནས་ལྟ་བ་ཅིག་ཆར་དུ་རྟོགས་པ་ཡིན་པས། རྟོགས་ཐབས་ལ་ཐབས་ལམ་བསྒོམ་ཅིང་སྤྱོད་མི་དགོས་པར་བཤད་པས་སོ། །གསུམ་པ་ཚིག་གི་གཏན་ཚིགས་ལ་གསུམ་སྟེ། བགྲང་། དང་པོ་ཚིག་གིས་མཚོན་པའི་དགོས་ཆེད་དང་། དྲང་། སྤྱིར་གང་ཟག་ལས་དང་པོ་བའི་ཤེས་རྒྱུད་ལ་བློའི་བྱེ་བྲག་ཐ་དད་ཡོད་པའི་ཕྱིར། བློ་ཆེ་ན་ཐོས་བསམ་ལ་བརྟེན་ནས་ཚུལ་དྲུག་གང་མོས་ཀྱི་སྒོ་ནས་གྲོལ་བ་ཡོད་པ་གོང་དུ་བསྟན་མོད་ཀྱང་བློ་ཆུང་བ་རྣམས་དེས་མི་གྲོལ་བར་ཚིག་གི་གཏན་ཚིགས་བསྟན་པའི་ཕྱིར། ཐོས་པའི་ཤེས་རབ་དང་། བསམ་པའི་ཤེས་རབ་དང་། སྒོམ་པའི་ཤེས་རབ་གསུམ་གྱིས་གནས་ལུགས་ཀྱི་དོན་ལ་བློ་མཉམ་པར་སྦྱོར་བའི་ཐབས་ཀྱིས་འབྲས་བུས་རང་བྱུང་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་གསལ་བས་འཁོར་འདས་ཀྱི་ཆོས་ཀུན་ལ་ངམ་ཞིང་ངོ་མཚར་བའི་འབྲས་བུ་འགྲུབ་པར་བྱེད་པའི་ཕྱིར། དོན་དམ་ཆོས་ཉིད་ཅིར་ཡང་མི་དམིགས་པའི་ངང་ལས་ཀུན་རྫོབ་ཏུ་ཚིག་དང་ཡི་གེར་བློས་དམིགས་པའི་ཆོ་འཕྲུལ་བརྗོད་པ་ཚིག་གི་སྒོ་ནས་དོན་ཆོས་ཉིད་མཚོན་ཅིང་གོ་ནུས་པར་བྱའོ། །གཉིས་པ་དངོས་དང་ཚུལ་གྱི་རྗེས་སུ་ཚིག་གིས་མཚོན་པར་གདམས་པ་དང་། དྲང་། སྐུ་ལྔ་ལྷུན་གྲུབ་ལས་གསུང་ལྔ་དངོས་སུ་ཐོས་པ་དངོས་ལྔ་དང་དེ་དང་ཚུལ་མཐུན་དུ་རྟོགས་པ་ཡང་ཚུལ་དང་། དངོས་ཚུལ་གཉིས་པོ་དེའི་རྗེས་སུ་མཐུན་པར་གདུལ་བྱ་བློ་ཆུང་བ་རྣམས་ཚིག་ལྔའི་གཏན་ཚིགས་ཀྱིས་མཚོན་ཅིང་གཏན་ལ་དབབ་པར་བྱའོ། །གསུམ་པ་ཚིག་གི་གཏན་ཚིགས་དངོས་དེ་ལ་གཉིས་ཏེ། རྒྱལ་བ་སྐུ་བདུན་གྱི་དགོངས་པ་ཚིག་ཏུ་ངོ་སྤྲོད་ནས་གཏན་ལ་དབབ་ཚུལ་དང་། དེ་རྣམས་ཀྱི་དོན་མདོར་བསྡུས་ནས་གོ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། ཡུལ་སེམས་ངོ་བོ་ཉིད་རང་སྣང་དུ་སྟོན་པ་ངོ་བོ་ཉིད་ཀྱི་སྐུའི་གསུང་གི་ཚིག་དང་། སྐྱེ་མེད་རང་སྣང་དུ་སྟོན་པ་ཆོས་སྐུའི་ཚིག་དང་། ལྡེམ་དགོངས་སམ་བརྡ་ཡིས་ཆོས་ཉིད་མཚོན་པ་ལོངས་སྐུའི་ཚིག་དང་། གང་ཟག་དག་ལམ་ལ་དཀྲི་ཞིང་དྲང་བའི་ཐབས་སུ་བརྒྱུད་ཚིག་ཏུ་སྟོན་པ་སྤྲུལ་སྐུའི་ཚིག་དང་། འདོད་པ་རང་རྐྱེན་དུ་སྟོན་པ་གསང་བ་སྐུའི་ཚིག་དང་། ཆོས་ཐམས་ཅད་དབྱེར་མེད་སྟོན་པ་རྡོ་རྗེའི་སྐུའི་ཚིགས་དང་། ཆོས་ཐམས་ཅད་རང་རིག་མངོན་གསལ་དུ་སྟོན་པ་མངོན་པར་བྱང་ཆུབ་པའི་སྐུའི་ཚིག་གིས་དོན་མཚོན་པའོ། །གཉིས་པ་རྒྱས་པར་བཤད་པ་དེ་ལ་བདུན་ཏེ། བགྲང་། དང་པོ་ངོ་བོ་ཉིད་ཀྱི་གསུང་མཚོན་པ་རང་གསལ་ངོ་བོ་ཉིད་ཀྱི་ཚིག་དང་། དྲང་། འཁོར་འདས་ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཉིད་གསང་སྔགས་ཀྱི་ངོ་བོ་ཉིད་རང་མཚོན་པའི་ཕྱིར། དེ་ཡང་ཡོད་མེད་ལ་སོགས་པའི་མཐའ་དང་དེ་ལ་ལྟོས་པའི་དབུས་ཀྱང་གྲུབ་པ་མེད་དེ། གཉིས་སུ་མེད་པའི་དེ་བཞིན་ཉིད་དུ་སྣང་སྟོང་དབྱེར་མེད་མཉམ་པ་ཉིད་ཀྱི་ངང་དུ་གནས་པ་ལ་དབྱེར་མེད་ཀྱི་ཡེ་ཤེས་ཡིན་ཀྱང་། ཡེ་ཤེས་ལྔ་རུ་དབྱེ་བ་ནི་རྟོག་ཚོགས་ཡེ་ཤེས་སུ་རྟོགས་པར་འདོད་པའི་དོན་བྱ་བའི་ཕྱིར། གཉིས་མེད་ཀྱི་ཡེ་ཤེས་ཉིད་ཕྱོགས་བཞི་དང་དབུས་སུ་གནས་པའི་སྒོ་ནས་ཡེ་ཤེས་ལྔར་རྟོགས་པར་བྱའོ། །དེ་བཞིན་དུ་ཁ་དོག་ལ་སོགས་པའི་ཆོས་ཀུན་ལ་སེམས་ཉིད་ཡེ་ཤེས་རང་སྣང་གི་ངོ་བོས་ཆོས་སྟོན་པས་དེ་ལྟར་སྦྱོར་བར་ཤེས་པར་གྱིས་ཤིག །ཞེས་གདམས་པའོ། །གཉིས་པ་ཆོས་སྐུའི་གསུང་མཚོན་པ་སྐྱེ་མེད་དོན་གྱི་ཚིག་དང་། དྲང་། སྤྲུལ་པའི་གསུང་ལྟར་ཡི་གེ་འདུས་པའི་མིང་དང་། དེ་འདུས་པའི་ཚིག་དང་དེ་ལས་བརྗོད་པའི་སྒྲའི་ཐ་སྙད་སྤངས་པའི་ཕྱིར་ཚིག་ཏུ་བརྗོད་པ་མེད་པའི་སྐྱེ་མེད་ཀྱི་ངང་དུ་གནས་པ་ནི་མཚོན་བྱའི་དོན་ནོ། །དེ་མཚོན་བྱེད་ཚིག་གི་གསུང་ཉིད་རང་བཞིན་ཕྱོགས་གཅིག་ཏུ་གྲུབ་པ་མེད་པར་མཚོན་པའི་ཆོས་རྣམས་མ་ལུས་པ་ཐམས་ཅད་ཡེ་གདོད་མ་ནས་སྐྱེ་མེད་དུ་དག་པས། ཆོས་ཐམས་ཅད་རྣམ་པར་མི་རྟོག་པའི་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་ཟིན་པས་ན། བརྗོད་པའི་སྒྲ་དང་མཚོན་པའི་ཚིག་ལ་དོན་ཇི་ལྟ་བ་བཞིན་གནས་པ་མིན་ནོ། །གསུམ་པ་མངོན་བྱང་གི་སྐུའི་གསུང་མཚོན་པ་རིག་པ་བྱིན་རླབས་ཀྱི་གསུང་དང་། དྲང་། བརྟག་བྱ་མྱ་ངན་ལས་འདས་པ་དང་མ་འདས་པ་འཁོར་བའི་ཆོས་ལྟར་སྣང་བ་ཐམས་ཅད་ཀུན། བརྟག་བྱེད་ཡང་དག་པར་མངོན་སུམ་དུ་རྟོགས་པའི་ཤེས་པས་རབ་ཏུ་བརྟགས་ན། རྟོགས་ཚུལ་ནི། དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་སྤྱོད་ཡུལ་དང་བྲལ་བས། རང་བཞིན་ཕྱོགས་གཅིག་ཏུ་གྲུབ་པ་མེད་པ་ནི་ཆོས་དབྱིངས་ཡེ་ཤེས་སོ། །དེ་ལ་ཕྱོགས་མེད་དུ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ཅིར་ཡང་སྣང་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལྟར་སྣང་བདོ་བའི་དུས་དེ་ཉིད་ན་མཉམ་པ་ཉིད་ཀྱི་དབྱིངས་ཉིད་ཡིན་ཏེ་མཉམ་ཉིད་ཡེ་ཤེས་སོ། །མཚོན་བྱེད་ཀྱི་ཚིག་གིས་གཉིས་མེད་ཀྱི་དོན་དེ་ལྟར་རྟོགས་པར་བྱེད་པའི་ཡེ་ཤེས་ནི་དུས་གསུམ་འཁོར་འདས་ཀྱི་ཆོས་ཀུན་ལ་ཡེ་ཤེས་དེས་དབང་བསྒྱུར་བས་ན་རང་དབང་ཅན་ནི་བྱ་བ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་ཚིག་གི་སྒྲས་མཚོན་ནས་གསལ་བ་ལྟར་དོན་མ་འདྲེས་པར་སོ་སོར་རྟོག་པར་གནས་པ་ནི་སོར་རྟོགས་ཡེ་ཤེས་སོ། །དེ་ལྟར་ཡེ་ཤེས་སུ་གནས་པ་འདི་ནི་རང་བྱུང་གི་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་གསུང་མཆོག་ཡིན་ནོ། །བཞི་པ་རྡོ་རྗེའི་གསུང་མཚོན་པ་གྲགས་སྟོང་དབྱེར་མེད་ཀྱི་ཚིག་དང་། དྲང་། འཁོར་འདས་སྣང་གྲགས་ཀྱི་ཆོས་རྣམས་ཀྱི་ནང་ཚན་བློས་བསམ་གྱིས་མི་ཁྱབ་སྟེ། སྣང་བ་སྣ་ཚོགས་སེམས་ཉིད་དུ་གཅིག་པའི་ཕྱིར་མཐའ་དང་དབུས་གཉིས་སུ་མེད་པའི་འགྲོ་འོང་མེད་པར་འཁོར་འདས་ཀུན་ལ་ཐམས་ཅད་དུ་ཁྱབ་ལ། དེ་ལྟར་ཁྱབ་པའི་དུས་ནའང་ཁྱབ་བྱ་དང་ཁྱབ་བྱེད་གཉིས་ཐ་དད་མེད་དེ། དབྱེར་མི་ཕྱེད་པའི་རྡོ་རྗེའི་སྐུས་གསུང་ནི་མཚོན་བྱ་དོན་གྱི་ངོ་བོའོ། །འབྱུང་བ་དང་སྐྱེ་འགྲོའི་སྒྲ་སྐད་མི་མཐུན་པ་སྣ་ཚོགས་གྲག་པ་ཡང་། སྒྲ་ཉིད་ངོ་བོ་སྣང་སྟོང་སྟེ། དོན་དམ་པར་དངོས་པོར་གྲུབ་པ་མེད་པ་ལས་ཀུན་རྫོབ་ཏུ་དངོས་པོའི་སྒྲ་སྣ་ཚོགས་སུ་མ་འགགས་པར་གྲགས་པ་སྟེ། དཔེ་ཇི་ལྟར་ཞེ་ན་པི་ཝཾ་དེ་ཉིད་སྐྱེས་བུའི་ལག་ཏུ་ཐོགས་ནས་བརྡུངས་ན། སྒྲ་སྐད་ཀྱི་རྣམ་པ་ནི་མི་མཐུན་པའི་བྱེ་བྲག་སྣ་ཚོགས་པར་འབྱུང་བར་འགྱུར་ཡང་། སྒྲ་དེ་རྒྱུད་དང་ཁོག་པ་ལས་བྱུང་བའི་དངོས་པོ་གྲུབ་པ་མེད་དེ་གྲགས་སྟོང་གཉིས་མེད་དེ་བཞིན་ཉིད་དུ་སྟོན་པའོ། །ལྔ་པ་ལོངས་སྐུའི་གསུང་མཚོན་པ་ལྡེམ་དགོངས་མན་ངག་གི་ཚིག་དང་། དྲང་། འདི་ནི་དངོས་དོན་དཔེ་རུ་བླང་པ་སྟེ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་སྨིན་པ་རྒྱ་མཚོའི་འཁོར་རྣམས་ལ། སྐུ་གོང་མ་དེ་བཞིན་དུ་འདིར་ལོངས་སྐུ་ཡང་གསུང་མཆོག །སྤྲུལ་སྐུ་ལྟར་ཚིག་ཏུ་མི་སྨྲ་སྟེ། འོ་ན་དེས་ཆོས་ཇི་ལྟར་སྟོན་ཞེ་ན། སྐུའི་སྒོ་ནས་ཆོས་རྣམས་འཁོར་གྱི་བློ་ལ་འཇལ་བར་སྟོན་ཏེ། དཔེར་ན་མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བས། བྱད་ཀྱི་དྲི་མ་རིག་པ་བཞིན་དུ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བལྟས་པས་འཁོར་རང་ལ་ཤེས་སྒྲིབ་སྣང་བ་དེ་རིག་གོ། །དྲུག་པ་སྤྲུལ་སྐུའི་གསུང་མཚོན་པ་བཀྲི་དྲང་བརྒྱུད་པའི་ཚིག་དང་། དྲང་། དེ་ཡང་གདུལ་བྱ་དག་ལམ་ལ་བཀྲི་ཤིང་དྲང་བའི་དོན་དུ་དོན་གཞན་ལ་དགོངས་ནས་ཚེག་གཞན་དུ་སྟོན་པ་ཡིན་ནོ། །དེ་ཉིད་འཆད་པ་ནི། རྣམ་པར་དཀར་བའི་ཆོས་རྣམས་ལྷག་མ་མ་ལུས་པ་ཐམས་ཅད་ཀུན། སྟོན་པ་སྤྲུལ་སྐུའི་གསུང་མོས་པ་སྤྱོད་པའི་གདུལ་བྱ་ལ་བཏགས་པའི་མིང་དང་བརྗོད་པའི་ཚིག་ཏུ་བརྟག་ནས་བཀྲི་དྲང་བརྒྱུད་པའི་ཚིག་སྟོན་པའོ། །ཆོས་ཇི་སྙེད་པ་མང་པོའི་དོན་སྒྲ་དང་ཚིག་ཏུ་བརྗོད་ཀྱང་། གྲགས་སྟོང་དབྱེར་མེད་རྡོ་རྗེའི་གསུང་ལ་ཐ་དད་དུ་སྤྲོས་པ་རྡུལ་ཙམ་ཡང་མེད་པ་ནི་མཚོན་བྱའི་དོན་ནོ། །མཚོན་པར་བྱེད་པའི་ཚིག་སྤྲོས་པ་མེད་པ་དེ་བཞིན་ཉིད་ལས་མ་གཡོས་པར་གསུང་སྣ་ཚོགས་སུ་སྣང་ལ། གདུལ་བྱ་ཀུན་གྱི་བློ་ལ་ཆོས་ཉིད་ཀྱི་དོན་བརྡ་འཇལ་ཞིང་གསལ་བར་བྱེད་པས་ཡེ་ཤེས་ཀྱི་གསུང་ཡིན་ལ་གསུང་དུས་སྒྲ་དང་མིང་ཚིག་ཀུན་ལས་འདས་པའི་ཕྱིར། སྒྲ་སྨྲས་ཀྱང་ཉེས་པ་མེད་པའི་དཔེ་ནི་སྒྲ་ཐམས་ཅད་མཐའི་སྐྱོན་གྱིས་མ་གོས་པ་པདྨ་འདམ་སྐྱོན་གྱིས་ཆགས་ཤིང་གོས་པ་མེད་པ་ལྟ་བུའོ། །བདུན་པ་གསང་བའི་སྐུའི་གསུང་མཚོན་པ་འདོད་པ་རང་རྐྱེན་གྱི་ཚིག་གོ། །དྲང་། དེ་ཡང་འདོད་པ་རང་རྐྱེན་གྱི་ཚིག་ནི་འདོད་ཆགས་ཅན་བདེ་བ་ཉིད་ལམ་དུ་སྟོན་པའི་ཚིག་ལ་བྱའོ། །དེ་ནི་ཡབ་ཡུམ་གྱི་དབང་པོ་བོལ་ལ་ཀ་ཀོ་ལ་རྣམ་པ་གཉིས་ཕྱག་རྒྱ་བཞིས་བསྲུབས་པ་ཡིས་ཡུམ་གྱི་མཁའ་ལ་ཡབ་ཡུམ་གྱི་ཐིག་ལེ་ཉི་ཟླ་བྱང་སེམས་གཉིས་དུས་གཅིག་ཏུ་འཛོམ་པའི་དུས་ལ་བདེ་སྟོང་གི་ཡེ་ཤེས་ཤར་བ་ནི། དཔེར་ན་མི་འཇིགས་པའི་སེང་གེས་གཅན་གཟན་གཞན་རྣམས་ཟིལ་གྱིས་གནོན་པའི་ཚུལ་དུ་ཆགས་རྟོག་ཟིལ་གྱིས་མནན་ཅིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདེ་བ་མཐོང་བར་བྱེད་པའི་རྒྱུ་མཚན་དེའི་ཕྱིར་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་གཏན་ཚིགས་སུ་འཇོག་པའི་རྒྱུ་མཚན་ནི། རྟོག་པ་ཟིལ་གྱིས་གནོན་པ་དང་། དོན་མཐོང་བར་བྱེད་པའི་ལས་ལ་གཏན་ཚིགས་སུ་བརྗོད་པའོ། །དེ་ལྟར་སྐུ་ལྔའམ་བདུན་གྱི་ཚིག་ཏུ་གསུང་བ་མི་འཐད་དེ། སྤྲུལ་སྐུ་མིན་པས་ཚིག་ཏུ་མ་གསུང་པའི་ཕྱིར་རོ་ཞེ་ན། སྐུ་བདུན་པོས་དངོས་སུ་མ་གསུངས་ཀྱང་ཚིག་བདུན་པོ་འདི་སྐུ་བདུན་ཀུན་གྱི་དགོངས་པའི་དོན་མཚོན་པ་དང་ཆོས་མཐུན་པས་སྐུ་བདུན་གྱི་ཚིག་ཏུ་བཤད་པ་ཡིན་གྱིས། སྐུ་བདུན་གྱིས་དངོས་སུ་གསུངས་པའི་ཚིག་ཏུ་མི་འདོད་དོ་ཅེའོ། འོན་ཀྱང་སྐུ་བདུན་གྱིས་ཚིག་ཏུ་མ་གསུངས་ཀྱང་སྤྲུལ་སྐུས་སྐུ་དྲུག་གི་གསུངས་ཚིག་ཏུ་གསུངས་པས། སྡུད་པ་པོས་ཡི་གེར་བཀོད་པ་ནི་ཚིག་གི་གསུང་ཡིན་ནོ་གསུངས་སོ། །གཉིས་པ་མདོར་བསྡུས་ནས་གོ་ཚུལ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། དེ་ལྟར་ཕྱེ་ན་ཚིག་བདུན་ཡོད་མོད་ཀྱང་བསྡུ་ན་འོག་ནས་འབྱུང་བའི་གོ་ཚུལ་གཉིས་ཏེ། སྐུ་བཞི་དང་རྗེས་སུ་མཐུན་པར་མི་དཔྱོད་པས་གོ་བ་དང་། སྤྲུལ་སྐུ་གཅིག་དང་རྗེས་སུ་མཐུན་པར་དཔྱོད་པའི་གོ་བ་དང་། རྣམ་པ་གཉིས་ཀྱི་ཚུལ་གྱིས་དོན་ལ་དཔྱོད་པར་བྱེད་པའང་། ཤེས་རབ་ཀྱི་དབང་པོ་ཆེ་ཆུང་གཉིས་དང་མཐུན་པར་སྦྱར་བའོ། །འདི་ལ་རུ་གཡལ་གྱིས། གནས་ལུགས་འཁོར་འདས་དབྱེར་མེད་ལ་རང་བཞིན་གྱི་དབང་པོ་རྣོན་པོས་གཉིས་མེད་དུ་གཏན་ལ་ཕབ་པ་དང་། གཞལ་བྱ་འཁོར་འདས་གཉིས་ལ་སྦྱོངས་པའི་རྣོན་པོས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕེབས་པའོ། །རུ་གཙང་པས་ནི། ཚིག་གིས་དོན་གཅིག་སྟོན་ཙམ་ན་ཅར་ཕོག་ཏུ་སྟོན་པ་དཔྱད་དུ་མེད་པའི་གོ་བ་དང་། བརྒྱུད་ནས་སྟོན་པ་དཔྱད་དུ་ཡོད་པའི་གཏན་ཚིགས་སོ། །གཉིས་པ་རྒྱས་པར་བཤད་པ། དེ་ལ་གཉིས་ཏེ། སྐུ་བཞི་དང་རྗེས་སུ་མཐུན་པར་དཔྱད་དུ་མེད་བའི་གོ་བ་དང་། སྤྲུལ་སྐུ་དང་རྗེས་སུ་མཐུན་པར་དཔྱད་པས་གོ་བའི་གཏན་ཚིགས་སོ། །དང་པོ་ལ་ལྔ་སྟེ། དཔྱད་དུ་མེད་པའི་གོ་བའི་རྒྱུ་མཚན་དང་། རྟོགས་དཔྱོད་ཀྱི་གཏན་ལ་མི་ཕེབ་པར་བསྟན་པ་དང་། མ་དཔྱད་པར་གོ་བའི་དཔེ་དོན་དང་གོ་བའི་དོན་གྱི་ངོ་བོ་ལ་བཅིང་གྲོལ་དང་བྲལ་བར་བསྟན་པ་དང་། དེ་སོ་སོར་རྟོགས་པའི་ཤེས་རབ་ཀྱི་གོ་བ་མཆོག་ཡིན་པར་བསྟན་པ་ངེས་ཚིག་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་གཞལ་བྱ་ཆོས་ཀུན་སྙིང་པོ་བྱང་ཆུབ་ཡིན་པས་དཔྱད་དུ་མེད་པ་དང་། དྲང་། མདོར་བསྟན་ལ་གཉིས་ཡོད་པས་དེ་ལ་སྔ་མ་དཔྱད་དུ་མེད་པས་གོ་བར་བྱ་བའང། འགྲོ་དྲུག་གི་སེམས་ཅན་མ་ལུས་པ་ཐམས་ཅད་ཀུན་ཡེ་གདོང་མ་ནས་བྱང་ཆུབ་སྙིང་པོའི་ངོ་བོར་གནས་པ་ལ། །དེའི་ཕྱིར་ཆོས་ཉིད་ལ་དཔྱད་པར་བྱ་བའི་ཡུལ་དང་། དཔྱོད་པར་བྱེད་པའི་མཁན་པོ་གཉིས་མེད་པས་ན། གཉིས་པ་དཔྱད་དུ་མེད་པའི་གོ་བའི་རྒྱུ་མཚན་ཁུང་དང་བཅས་པའོ། །དྲང་། སྐུ་བཞིའི་གསུང་ལྟར་སྐབས་འདིར་ཚིག་དང་ཡི་གེས་ཀྱང་མི་མཚོན་ཏེ། ཅིའི་ཕྱིར་ཞེ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ཆོས་ཉིད་འདི་ཁོ་ནའོ་ཞེས་ཚིག་དང་ཡི་གེས་བསྟན་པར་དཀའ་སྟེ། བསྟན་དུ་མེད་པའོ། །རྒྱལ་བ་སྐུ་བཞིའི་སྲས་པོ་འཁོར་བཞི་ལ་བསྟན་པ་ཚིག་ཏུ་ཅང་མི་གསུང་པ་དང་ཚིག་ཏུ་མ་གསུང་པ་ཉིད་ཀྱང་དོན་རྒྱ་ཆེར་བརྡ་མཇལ་ནས་བཤད་ཀྱང་། སྟོན་པས་ཚིག་ཏུ་འཆད་པ་དང་འཁོར་གྱི་ཉན་པ་གཉིས་ཀ་མེད་དོ། །གཉིས་པ་རྟོག་དཔྱོད་ཀྱིས་གཏན་ལ་མི་ཕེབས་པར་བསྟན་པ་དང་། དྲང་། ཡིན་མིན་གྱི་དཔྱོད་པ་ཞུགས་ན་རང་ལས་གཞན་དུ་རྟོག་པའི་གཞི། དེ་ལྟར་རྟོག་པ་ཞུགས་ན་ཡུལ་དུ་དམིགས་པའི་རྟེན་ཡིན་ནོ། །ཡུལ་དུ་དམིགས་པ་ཞུགས་ན་བདག་ཏུ་འཛིན་པའི་གཟུངས་དུས་འགྱུར་རོ། །དེ་ལྟར་གཟུང་འཛིན་གྱི་མདུད་པས་ཟིན་པའི་ཕྱིར་ན་འཁོར་བ་ལས་གྲོལ་བར་མི་འགྱུར་ཏེ། མི་གྲོལ་བའི་སྐྱོན་ཡོད་དོ་འོ་ན་གོང་དུ་བསམ་པའི་ཚེ་ན་རྟོག་དཔྱོད་པ། གཉིས་པོ་འདི་དག་ཤེས་པའི་རྒྱུ། ཞེས་རྟོག་དཔྱོད་ལྟ་བའི་རྒྱུར་བཤད་པ་དང་། འདིར་སྐྱོན་དུ་བརྗོད་པ་གཉིས་འགལ་ལམ་ཞེ་ན་མ་ཡིན་ཏེ། འདིར་ནི་ཤེས་བྱའི་གཤིས་ཀྱི་དབང་བཙན་དུ་བློ་ཡང་རབ་མཆོག་ཏུ་གྱུར་པ་འགའ་ཞིག་གིས་དོན་ལྷངས་ཀྱི་གོ་བའི་གོ་བའི་ངོས་ནས་བཞག་པ་ཡིན་ལ། གོང་མ་ནི་བློ་ཆུང་བ་ལས་དང་པོ་པས་ཐོས་བསམ་གྱི་ལྟ་བ་ལ་ཚོལ་བའི་སྒོ་ནས་བཞག་པའམ། རྟོག་དཔྱོད་ལ་ཕྲ་རགས་སམ། ཡུན་རིང་ཐུང་ཡོད་པས་སྐྱོན་མེད་དོ་གསུང་། གསུམ་པ་མ་དཔྱད་པར་གོ་བའི་དཔེ་དོན་དང་། དྲང་། རྟོག་དཔྱོད་གཉིས་ཀྱིས་མི་གྲོལ་བ་དེ་བས་ན་དཔེར་ན་གསེར་བལྟ་བ་ལ་གསེར་རང་སྟོན་དགོས་པ་བཞིན་དུ། ཆོས་ཀུན་རིག་པ་བདག་ཉིད་ཆེན་པོ་རང་ཡིན་པའི་ཕྱིར་དེ་ལྟར་དཔྱད་པར་བྱ་བའི་ཡུལ་དང་དཔྱོད་པར་བྱེད་པའི་ཤེས་པ་གཉིས་མི་དམིགས་པས། ཚིག་ལ་རྟོག་པ་སྟེ་རྩིང་བ་དང་། དོན་ལ་དཔྱོད་པ་སྟེ་ཞིབ་པས་འདི་ལྟར་ཡིན་སྙམས་པའི་དམིགས་འཛིན་གྱི་སྒོ་ནས་ལྟ་བ་མི་ཚོལ་བར། རྒྱལ་བ་སྐུ་བདུན་གྱི་དགོངས་པ་དེ་ཚིག་ཏུ་བརྗོད་པ་ཉིད་ཀྱི་རྒྱལ་བ་སྟེ་སྐུ་བདུན་དེ་ཉིད་ཀྱི་དོན་མཐོང་ཞིག་གོ་དགོས་སོ། །བཞི་པ་གོ་བའི་དོན་གྱི་ངོ་བོ་བཅིང་གྲོལ་དང་བྲལ་བར་བསྟན་པའོ། །དྲང་། འཆིང་བྱེད་ཀྱི་མཁན་པོ་དགྲ་ལྟ་བུ་སུས་ཀྱང་མ་བཅིངས་ཤིང་། བཅིང་བར་བྱེད་པའི་དངོས་པོ་ཞགས་པ་ལྟ་བུ་མེད་དེ། བཅིང་བར་བྱ་བའི་ཡུལ་དགྲ་བཙོན་ལྟ་བུའང་ཡོད་པ་མ་ཡིན་ཏེ། དེ་ལྟར་བཅིངས་པ་ལྟར་སྣང་བའི་དུས་ན་བདག་འཛིན་དང་། སེམས་ཅན་དང་སྡུག་བསྔལ་གྱི་དངོས་པོ་རྣམས་སེམས་ཉིད་རང་བཞིན་གནས་ལུགས་ཀྱི་གཤིས་ལ་མ་གྲུབ་པས་བཅིང་པ་མེད་པའི་ཕྱིར། རྣམ་པར་གྲོལ་བ་པོ་ཡང་མེད་པས་ན། འཁོར་བ་སྤངས་ནས་འདས་པའི་སར་རྒྱུད་གྲོལ་ཡང་མི་འདོད་པས་བཅིངས་པ་དང་ངང་གིས་བྲལ་བ་ཡིན་ནོ། །དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། བཅིང་བྱ་བཅིང་བྱེད་བཅིང་བ་པོས། །བདག་འཛིན་སེམས་ཅན་སྡུག་བསྡལ་དངོས། །ཐམས་ཅད་སེམས་ཀྱི་ངོ་བོའི་ཕྱིར། །བདག་འཛིན་ཞེས་བྱའི་མིང་ཡང་མེད། །དེས་ན་གཉིས་པོ་མེད་པས་ན། །གྲོལ་བར་མི་འདོད་བཅིང་དང་བྲལ། །ཞེས་གསུངས་སོ། །ལྔ་པ་དེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གོ་བ་མཆོག་ཡིན་པའི་ངེས་ཚིག་དང་བཅས་པའོ། །དྲང་། སོ་སོར་རྟོག་པའི་ཤེས་རབ་ཀྱིས་འཁོར་འདས་ཀྱི་དངོས་པོ་གང་ལ་ཡང་གཞལ་བྱའི་ཡུལ་དུ་བྱས་ནས་རྟོག་དཔྱོད་བྱས་པ་མེད་པས། འཁོར་འདས་ལ་སོགས་པའི་སོ་སོར་སྣང་བའི་ཆོས་ཀུན་གྱི་དེ་ཁོ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར། སོ་སོར་རྟོག་པའི་ཤེས་རབ་ཀྱི་ནང་ནས་མཆོག་གམ་ཕུལ་དུ་ཕྱིན་པ་ཡིན་ཏེ། སོ་སོར་རྟོགས་པའི་ཤེས་རབ་ཀྱི་ཕྱིར་མིང་བཏགས་པ་མེད་པའི་སོ་སོར་སྣང་བ་ཀུན་རྟོག་པས། སོ་སོར་རྟོག་པའི་ཤེས་རབ་མཚོན་པའི་བླ་དྭགས་གམས། དཔྱད་དུ་མེད་པར་གོ་བའི་གཏན་ཚིགས་སུ་བརྗོད་པ་ཡིན་ནོ། །འདིར་དཔྱད་དུ་མེད་པའི་གཏན་ཚིག་རྩོད་སྤོང་ལ་གཉིས་ཏེ། ལྷ་རྗེ་ཆེན་པོའི་བཞེད་དང་། གཡལ་གྱི་བཞེད་དོ། །དང་པོ་ལ་གཉིས་ཏེ། རྩོད་པ་དང་། སྤང་བའོ། །རྩོད་པ་ལ་གཉིས་ཏེ། སྐྱེ་བོ་རྣམས་འབད་མེད་དུ་གྲོལ་བར་ཐལ་བའི་རྩོད་སྤང་དང་། སོ་སོར་རྟོག་པའི་ངེས་ཚིག་ཉམས་པའི་རྩོད་སྤང་ངོ་། །དང་པོ་ནི། མ་དཔྱད་ཀྱང་གོ་ན་སྐྱེ་བོ་ཐ་མལ་པས་ཆོས་ཉིད་གོ་བར་འགྱུར། མ་དཔྱད་ཀྱང་གོ་བའི་ཕྱིར་རོ། །ཞེས་ཟེར་རོ། །ཐ་མ་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱི་ངེས་ཚིག་མི་འགྲུབ་སྟེ། དེ་ནི་བརྟག་ཅིང་དཔྱད་ནས་གོ་བ་ལ་ཟེར་བ་ཡིན་པ་ལ། འདིར་མ་དཔྱད་པར་གོ་བས་སོ་ཞེ་ན། སྤང་བ་ནི། དང་པོའི་སྐྱོན་མི་འོང་སྟེ། སུས་ཀྱང་མ་བཅིངས་བཅིང་མེད་དེ། །ཞེས་ཚིག་བཞིས་གནས་ལུགས་ཀྱི་དོན་དེ་བཅིང་གྲོལ་དང་བྲལ་བ་ཡིན་པ་ལ། སོ་སྐྱེ་བ་རྣམས་ཀྱིས་དེའི་དོན་མི་གོ་ཞིང་འཁྲུལ་བའི་བག་ཆགས་དང་བཅས་པས། སྐྱེ་བོས་ཆོས་ཉིད་མི་མཐོང་ལ། འདིར་བཅིང་གྲོལ་གཉིས་མེད་ཀྱི་དོན་གོ་ཞིང་འཁྲུལ་བའི་བག་ཆགས་དང་གྲལ་བས་མ་དཔྱད་པར་གོ་བ་ནི་སྐལ་ལྡན་རང་རྣོ་ཡིན་ཀྱང་གཏན་ཚིགས་ཀྱི་རྐྱེན་དང་འཕྲད་པས་གྲོལ་བར་འདོད་པའོ། །ཐ་མའི་སྐྱོན་ཀྱང་མི་འོང་སྟེ། སོ་སོར་གང་ལ་རྟོགས་མེད་པས། ཞེས་པ་ལྔས་འཁོར་འདས་སམ་རང་སྤྱི་ལྟ་བུ་གང་ལ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡུལ་དུ་བྱས་ནས་རྟོག་ཅིང་དཔྱོད་པ་མེད་དེ། མ་བརྟག་པར་འཁོར་འདས་དང་རང་སྤྱི་ལ་སོགས་པར་སོ་སོར་སྣང་བའི་ཆོས་ཀུན་གྱི་དེ་ཁོ་ན་ཉིད་རྟོགས་ཤིང་ཁོང་དུ་ཆུད་པའི་ཕྱིར། དཔྱད་དུ་ཡོད་པའི་སོ་སོར་རྟོག །པ་ལས་མཆོག་ཏུ་གྱུར་པ་ཡིན་ཏེ། དངོས་པོ་ལ་བརྟགས་ཤིང་དཔྱད་པ་མེད་པར་རྟོག་པའི་བླ་དྭགས་ཡིན་ནོ། །གཉིས་པ་རུ་གཡལ་གྱི་བཞེད་པ་ལ་གསུམ་སྟེ། སྔར་དཔྱད་མ་དཔྱད་ཀྱི་རྩོད་སྤོང་དང་། རྐྱེན་ལ་ལྟོས་མི་ལྟོས་དང་། གཞལ་བྱ་དང་ལྡན་མི་ལྡན་གྱི་རྩོད་སྤོང་ངོ་། །དང་པོ་ནི། དཔྱད་དུ་མེད་པ་དེ་སྔར་དཔྱད་ནས་དཔྱད་དུ་མེད་པ་ཡིན་ནམ། སྔར་མ་དཔྱད་ཀྱང་དཔྱད་དུ་མེད་པ་ཡིན། དང་པོ་ལྟར་ན་རང་བཞིན་གྱི་རྣོན་པོའི་གཏན་ཚིགས་མ་ཡིན་པར་ཐལ་ཏེ་སྔར་དཔྱད་ཟིན་པའི་ཕྱིར་རོ། །མ་དཔྱད་ཀྱང་དཔྱད་དུ་མེད་པ་ཡིན་ན་གཏན་ཚིགས་སུ་མི་འཐད་དེ། གཞལ་བྱ་གཏན་ལ་ཕེབ་པའི་ལས་དང་བྱེད་པ་མེད་པའི་ཕྱིར་རོ། །ཞེ་ན། སྔར་མ་དཔྱད་ཀྱང་སྐྱེ་བ་འདི་ཉིད་ལ་དཔྱད་པས་གཏན་ཚིགས་སུ་འཐད་དོ། །འདི་ཉིད་ལ་དཔྱོད་ན་དཔྱད་དུ་ཡོད་པའི་གོ་བ་དང་ཁྱད་མེད་དུ་འགྱུར་རོ་ཞེ་ན། དཔྱོད་པ་ཙམ་དུ་ཁྱད་མེད་ཀྱང་གཞལ་བྱ་དང་གཏན་ཚིགས་ལ་ཁྱད་མེད་པར་བསྟན་ཟིན་པ་དང་། སྐྱེ་བ་སྔ་མ་ཕན་ཆད་ལ་དཔྱད་མི་སྲིད་པ་དང་། འདི་ལ་ཡང་ཐེག་ཆུང་གི་དོན་ལ་མི་དཔྱོད་པའི་ཕྱིར་ཁྱད་པར་དུ་མ་ཡོང་ངོ་། །མདོར་ན་དཔྱད་དུ་མེད་བྱ་བ་དེ་དཔྱད་པ་ཚེགས་ཆུང་བ་ལ་བརྟགས་ཀྱིས་ཡེ་མེད་མིན་ཏེ། ལྷ་མོ་སྐེད་མེད་མ་དང་། བུ་མོ་ལྟོ་མེད་མ་ལྟ་བུའོ། །མགོ་བསྒྲེ་ན། རང་བཞིན་གྱིས་རྣོན་པོ་དེ་སྔར་ཐེག་པ་ལ་སྦྱངས་ནས་རྣོ་བ་ཡིན་ནམ། མ་སྦྱངས་བར་རྣོ་བ་ཡིན། དང་པོ་ལྟར་ན་སྦྱངས་པའི་རྣོན་པོར་ཐལ། གཉིས་པ་ལྟར་ན། རྣོ་བ་ཉིད་མི་འཐད་གསུངས་ཏེ། དབང་པོ་གཉིས་དང་གཏན་ཚིགས་འདི་ལྷ་སྦྱིན་དང་སྟ་རེ་ལྟ་བུས་གནས་ལུགས་ཀྱི་ཤིང་གཅོད་པ་ལྟ་བུ་སྟེ། ཐུན་མོང་མ་ཡིན་ཀྱང་རང་བཞིན་གྱི་དབང་པོ་རྣོན་པོ་ནི་རང་བཞིན་གཞི་ནས་རྣོ་བ་ཡིན་ལ། དཔྱད་དུ་མེད་པ་ནི་ཡེ་མེད་མིན་ཏེ་དཔྱོད་ཡུན་ཐུང་བའམ། གཉིས་མེད་དུ་འབེབས་པ་ལ་བརྗོད་པས་མགོ་བསྒྲེ་མི་མཚུངས་སོ་གསུང་། རྩོད་སྤོང་གཉིས་པ་ནི། དཔྱོད་པ་མེད་པའི་གཏན་ཚིགས་འདི་ཚིག་དང་ཡི་གེའི་རྐྱེན་ལ་ལྟོས་སམ་མི་ལྟོས། ལྟོས་ན། ཚིག་དང་ཡི་གེས་མི་མཚོན་ཏེ། ཞེས་པ་གཉིས་དང་འགལ་ལ། མི་ལྟོས་ན། དེ་བརྗོད་ཉིད་ཀྱིས་དེ་ཉིད་མཐོང་། ཞེས་པ་དང་འགལ་ཞིང་། གཞན་ཡང་དོན་གཏན་ལ་མི་ཕེབ་པར་ཐལ་བ་དང་། དེར་མ་ཟད་དེ་དོན་དེ་ཡང་། ཐ་སྙད་ལ་བརྟེན་དགོས་པར་བཤད་པས་འགལ་ལོ་ཞེ་ན། བརྗོད་པ་ཙམ་མམ་མཚོན་པ་ཙམ་གྱིས་རྐྱེན་ལ་ལྟོས། ཞེས་བྱའོ། །འོ་ན་སྐྱོན་སྔ་མ་འོང་ཞེ་ན། དེ་དོན་སེམས་ཀྱི་ངོ་བོ་ཇི་ལྟ་བ་བཞིན་དུ་སུས་ཀྱང་ཚིག་དང་ཡི་གེ་ལ་སོགས་པས་མཚོན་དུ་མེད་པས་དེ་སྐད་ཅེས་བརྗོད་དུ་ཟད་ཀྱིས། མིང་ཙམ་འདི་ཞེས་བསྟན་པར་ནི། རྡོ་རྗེ་སེམས་དཔས་མཚོན་དུ་མེད། ཅེས་པ་དང་། ཡེ་ནས་ཚིག་དངོས་ཚིག་ལམ་ཆད། སེམས་ཉིད་དེ་ཀུན་རང་བཞིན་ལ། དེ་དག་སྒྲ་བརྗོད་བསྙད་ཅི་ཡོད། བརྟན་བརྟག་དཀའ་བར་རྒྱལ་བས་གསུངས། ཞེས་སོ་འོན་ཀྱང་གདུལ་བྱ་ལ་བརྗོད་དུ་མེད་པའི་ཚིག་གིས་མཚོན་དགོས་ཏེ། ཚིག་དང་ཡི་གེས་མི་མཚོན་ཏེ། ཞེས་བརྗོད་པ་དེ་ཀ་ཉིད་ཚིག་དང་ཡི་གེར་སོང་བ་ཡིན་པས་སོ། །དཔེར་ན་མིང་མེད་ཀྱི་མིང་གིས་ཞེན་པ་ཡིན་ཀྱང་དེ་ཉིད་ཀས་མིང་མཚོན་ནུས་པ་བཞིན་ནོ། །དེ་ཡང་ཀུན་བྱེད་ལས། སྐྱེ་མེད་མཚོན་མེད་འགགས་མེད་དེ། །ཅེས་བརྗོད་པ་དང་། སྒྲོ་སྐུར་བྲལ་བའི་བརྗོད་མེད་དེ་རིག་བྱེད་ཅེས་པ་དང་། མདོ་བཅུ་ལས། མཚོན་དུ་མེད་པའི་དོན་དེ་ཡང་། །མ་མཚོན་གོ་བར་མི་འགྱུར་བས། །མཚོན་དུ་མེད་པའི་དོན་ཚིག་གིས། །མཚོན་ཏེ་མཚོན་མེད་གོ་བར་བྱ། །ཞེས་པ་དང་། རྣམ་བཀོད་ལས། དེ་ལ་ཅི་བཞིན་དེ་དབབ་པ། །ཇི་བཞིན་བརྗོད་པའི་ཚིག་རྣམས་ཀྱིས། །དཀར་པོས་དཀར་པོ་མཚོན་པ་བཞིན་བསམ་བརྗོད་འདས་པས་དེ་ཉིད་མཚོན། ཞེས་པས་བསལ་ལོ། །རྩོད་སྤང་གསུམ་པ་ནི། དཔྱད་དུ་མེད་པའི་གཏན་ཚིགས་འདི་གཞལ་བྱ་དང་ལྡན་ནམ་མི་ལྡན། དང་པོ་ལྟར་ན་དཔྱད་དུ་ཡོད་པ་དང་ཁྱད་མེད་དུ་ཐལ། གཉིས་པ་ལྟར་ན། ཀུན་བརྟགས་ཏུ་ཐལ་ཏེ། མེད་པ་མ་གཞལ་བའི་ཕྱིར་རོ། །ཞེ་ན། ལན་ནི། བླ་མ་གོང་མའི་གསུངས་དང་། རུ་གཡལ་གྱིའོ། དང་པོ་ནི་གཞལ་བྱ་དང་ལྡན་ཀྱང་། གཞལ་ཚུལ་ལ་གོ་བ་མྱུར་བུལ་གྱི་ཁྱད་ཡོད་དེ། དཔེར་ན་བསམ་ཡས་ལྟ་བུ་ལ་བལྟ་བའི་ཚེ་ཞ་བོ་དང་མགྱོགས་པ་༢ ཚིག་ལ་ཁྱད་མེད་དེ་བགྲོད་ཚུལ་མྱུར་བུར་ལ་ཁྱད་ཡོད་པ་བཞིན་ནོ། །གསུངས་སོ། །གཉིས་པ་རུ་གཡལ་ནི། གཞལ་བྱ་དང་ལྡན་ཡང་གཏན་ཚིགས་གཉིས་པོ་འདི་གཞལ་བྱ་ཐ་དད་དེ། དཔྱད་དུ་མེད་པའི་གཞལ་བྱ་ནི་གནས་ལུགས་དེ་ཁོ་ན་ཉིད་དོ། །དཔྱད་དུ་ཡོད་པའི་གཞལ་བྱ་ནི་འཁོར་འདས་གཉིས་སོ། །གཞལ་ཚུལ་ལ་ཡང་རིམ་གྱིས་གཞལ་བ་དང་། གཅིག་ཆོད་དུ་གཞལ་བའི་ཁྱད་ཡོད་དོ་གསུངས་སོ། །གཉིས་པ་དཔྱད་པས་གོ་བའི་གཏན་ཚིགས་ལ་གསུམ་སྟེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། དཔྱད་དུ་མེད་པ་སོང་ནས་ཁ་གཅིག་ཕྱི་མ་སྟེ་དཔྱད་དུ་ཡོད་པས་གཏན་ཚིགས་ཀྱིས་རྒྱུད་གྲོལ་བར་བྱེད་པའང་། བརྟག་བྱ་གོང་དུ་གཞལ་བྱའི་སྐབས་སུ་བརྗོད་ཟིན་པའི་འཁོར་འདས་ཀྱི་དངོས་པོ་བློའི་སྤྱོད་ཡུལ་དུ་གྱུར་པ་རྣམས་ལ་རྟོག་དཔྱོད་རང་གི་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་རྒྱུ་བྱས། འོག་གི་ལུང་མན་ངག་གིས་གཏན་ཚིགས་རྣམས་ཀྱིས་རྐྱེན་བྱས་ཏེ། གཏན་ལ་དབབ་པ་ལ་དོན་དང་མཐུན་པའི་གཏན་ཚིགས་ཀྱིས་སྒྲ་ཇི་བཞིན་པར་གཏན་ལ་དབབ་པ་དང་། དོན་མི་མཐུན་པའི་གཏན་ཚིགས་སྒྲ་ཇི་བཞིན་མ་ཡིན་པའི་གཏན་ལ་དབབ་པ་གཉིས་ཡིན་ནོ། །འདི་ལ་ཉེ་སྟོང་ཆོས་ཀྱི་སེང་གེ་ན་རེ། སྒྲ་དོན་མཐུན་པའི་གཏན་ཚིགས་དང་། སྒྲ་དོན་མི་མཐུན་པའི་གཏན་ཚིགས་གཉིས་ཡིན་གསུངས། གཙང་པས་ནི། བསྒྲུབ་བྱའི་དོན་དང་། བསྒྲུབ་བྱེད་ཀྱི་གཏན་ཚིགས་མཐུན་པའི་གཏན་གཉིས་ལ་བཞེད་དོ། །འོ་ན་སྒྲ་དོན་མི་མཐུན་པ་གཅིག་གིས་གཏན་ལ་འབེབས་སོ། །ཞེ་ན། ཕེབ་སྟེ་མཚན་ཉིད་ལུགས་ཀྱི་འགལ་བའི་གཏན་ཚིགས། མ་ངེས་པའི་གཏན་ཚིགས། མ་གྲུབ་པའི་གཏན་ཚིགས་གསུམ་སྐྱོན་དུ་ཆེ་ཡང་། གསང་སྔགས་ཀྱི་ལུགས་ཀྱིས་འགལ་བས་ཀྱང་གཏན་ལ་ཕེབ་སྟེ། དགའ་རབ་རྡོ་རྗེས། སྟོང་སྟེ་ཅིའི་ཕྱིར་སྣང་བར་འདུག་པའི་ཕྱིར། སྣང་སྟེ་ཅིའི་ཕྱིར་སྟོང་པར་འདུག་པའི་ཕྱིར། ཞེས་སོ། །ཅི་སྟེ་བཅུ་དྲུག་གི་གཏན་ཚིགས། འཇམ་དཔལ་བཤེས་གཉེན་ལ་བཀོད་པ་ལྟ་བུའོ། །མ་ངེས་པས་ཀྱང་ཕེབ་སྟེ། སྣང་བ་ཡིན། སྟོང་པ་ཡིན། སྣང་བ་ཡང་མ་ཡིན། སྟོང་པ་ཡང་མ་ཡིན། ཞེས་སོགས་ལྟ་བུའོ། །མ་གྲུབ་པས་ཀྱང་ཕེབ་སྟེ། ནམ་མཁའ་ཆེ་ལས། མཆོག་ཏུ་གསང་བའི་ཆོས་ཉིད་འདི། །རྣ་དབང་གཞན་ལས་ཐོས་མི་འགྱུར། །དེ་བཞིན་ལྕེ་ཡི་དབང་པོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །ཅེས་པ་ལྟ་བུའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཚིག་དོན་མི་མཐུན་པའི་གཏན་ཚིགས་དང་། ཚིག་དོན་མཐུན་པའི་གཏན་ཚིགས་སོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་དཔེ་ཉེ་བར་བསྟན་པ་དང་། དྲང་། མདོར་བསྟན་གྱི་ཕྱི་མ་དོན་དང་མི་མཐུན་པའི་གཏན་ཚིགས་ཀྱི་དཔེ་ཡང་དོན་མཚོན་པར་བྱེད་པ་ལྟར། དེ་ཡང་དཔེ་ནི་མེ་ཆོས་ཅན་མེ་ཡོད་དེ། རྟགས་དུ་བ་འདུག་པའི་ཕྱིར། མི་མཐུན་པའི་དཔེ་ཆུ་རླང་བཞིན་ནོ། །ཆུ་རླང་ནས་སྒྲུབ་བྱ་མེ་ལོག་པས་རྟགས་དུ་བ་ཡང་ལྡོག་པ་ཡིན་ཏེ། དེ་ཀ་མི་མཐུན་པའི་དཔེའོ། །དེ་དག་གོ་བྱེད་དུ་ཇི་ལྟར་འགྲོ་ཞེ་ན། རྟགས་དུ་བ་གར་ཡོད་པ་ན་བསྒྲུབ་བྱ་མེ་ཡོད་པར་ཤུགས་ལ་བསྟན་ཏེ་རྟོགས་པས། རྗེས་འགྲོ་ཡིན་ཏེ། ཡང་དཔེ་གོ་བྱེད་དུ་འགྲོ་བས་མི་མཐུན་པའི་དཔེས་དོན་མཚོན་པའོ། །གཉིས་པ་དོན་རྒྱས་པ་དེ་ལ་བཞི་སྟེ། བགྲང་། དང་པོ་གནས་ལུགས་མཚོན་པའི་ཡུལ་ལས་འདས་པར་བསྟན་པར་དཀའ་བ་དང་། དྲང་། ཕྱི་ནང་འཁོར་འདས་ཀྱི་ཆོས་ཀུན་སྣང་སྟོང་རྟག་ཆད་ལ་སོགས་པའི་མཐའ་ཐམས་ཅད་ལས་འདས་པ་ལ། སྣང་སྟོང་རྟག་ཆད་ལ་སོགས་པའི་མཐའ་རྣམས་གང་ཡང་དབུ་མ་བཀག་ཅིང་དོར་བ་མེད་པས་ན། དཔེ་འདི་ལྟར་དོན་འདིའོ་ཞེས་ཕྱོགས་གཅིག་ཏུ་བསྟན་དུ་མེད་པའོ། །དེ་རང་གི་ངོ་བོ་ཚིག་ཏུ་བསྟན་པ་དང་བློས་བརྟག་པར་དཀའ་བའོ། །དོན་དེ་ཡང་ཆོས་ཉིད་ཕྱོགས་གཅིག་ཏུ་གྲུབ་ན་ཕྱོགས་ཐམས་ཅད་དུ་འཆར་དུ་མི་བཏུབ་པ་ལས། ཅིར་ཡང་མ་གྲུབ་པས་ཅིར་ཡང་འཆར་བ་ཁོ་ན་སྟེ། ཕྱོགས་གཅིག་པ་ཐམས་ཅད་དང་བྲལ་བས། དེའི་དབྱིངས་ལས་ཕྱོགས་ཐམས་ཅད་དུ་མ་འགགས་པར་ཤར་བའོ། །དེ་ཡང་དཔེར་ན། འབྱུང་ཆེན་ལྟོས་ཀྱི་ནམ་མཁའ་ལ་དབྱིབས་ཁ་དོག་ཐམས་ཅད་དང་བྲལ་བས། རྐྱེན་གྱིས་གཞའ་ཚོན་སྤྲིན་རླང་པ་ལ་སོགས་པའི་དབྱིབས་དང་ཁ་དོག་གང་ཡང་འཆར་བ་བཞིན་ནོ། །དེའི་ཕྱིར་སྣང་རུང་གང་ཡང་མ་སྤངས་ལ། རང་རྒྱུད་པ་ངང་གིས་བྲལ་བའོ། །གཉིས་པ་ཇི་ལྟར་མཚོན་པའི་དགོས་ཆེད། དྲང་། འོན་ཀྱང་ཞེས་པ་མི་མཐུན་པ་མཐུན་པར་སྟོན་པའི་ཚིག་སྟེ། ཡིན་པ་དང་། མིན་པ་དང་། སྣང་བ་དང་། སྟོང་པ་ལ་སོགས་ཕྱོགས་དང་རིས་སུ་འཛིན་པའི་ཞེན་པ་དགྲོལ་བའི་ཕྱིར། མིན་པ་དང་། ཡིན་པ་དང་། སྟོང་པ་དང་། སྣང་བར་བསྟན་པ་སྟེ། བང་མཛོད་ལས། ང་ཡི་བཀའ་ནི་དགོངས་པ་ཅན། །ཡོད་མཐའ་དགྲོལ་ཕྱིར་མེད་ཅེས་བསྟན། །མེད་མཐའ་དགྲོལ་ཕྱིར་ཡོད་ཅེས་བསྟན། །གཉིས་ཀ་དགྲོལ་ཕྱིར་གཉིས་མེད་སྟོན། །གཉིས་མེད་དགྲོལ་ཕྱིར་རང་གྲོལ་བསྟན། །ཞེས་སོ། །དེ་ལྟར་དོན་དང་མི་མཐུན་པའི་གཏན་ཚིགས་ཀྱི་གཏན་ལ་དབབ་པ་འདི་ལ་གསུམ་དུའང་རུང་སྟེ། དང་པོ་དོན་མཐའ་བྲལ་ལ་གཏན་ཚིགས་ཀྱི་མཐའ་མི་སྤངས་བ་ནི། ཞེན་པའི་སྣང་བ་ཆོས་ཅན། ཡིན་ཚུལ་ནས་ཕྱོགས་གཅིག་པའི་མཐའ་ལས། འདས་པ་ཡིན་ཏེ། མཐའ་གང་ཡང་མི་དོར་བའི་ཕྱིར། དཔེར་ན་ནམ་མཁའ་བཞིན་ནོ། །གཉིས་པ་དོན་ཅི་ཡང་མ་ཡིན་པ་ལ་གཏན་ཚིགས་ཅི་ཡང་མ་ཡིན་པར་བསྟན་པ་ནི། དངོས་པོར་སྣང་ཙམ་ཆོས་ཅན། ཡིན་ཚུལ་ནས་ཅི་ཡང་མ་ཡིན་ཏེ། སྣང་ཚུལ་ཅིར་ཡང་སྣང་བའི་ཕྱིར། དཔེར་ན་ག་བུར་བཞིན་ནོ། །གསུམ་པ་དོན་མཐའ་གང་ཡང་མི་སྤང་བ་ལ་གཏན་ཚིགས་མཐའ་བྲལ་དུ་བསྟན་པ་ནི། དངོས་པོར་སྣང་ཙམ་ཆོས་ཅན་ཡིན་ཚུལ་ནས་མཐའི་ཕྱོགས་གང་དུའང་མ་ལྷུང་བ་ཡིན་ཏེ། སྣང་ཚུལ་ནས་མཐའ་གང་ཡང་མ་སྤངས་པའི་ཕྱིར། དཔེར་ན་འབྱུང་བ་ཆེན་པོ་ནམ་མཁའི་དབྱིངས་སུ་འཇའ་ཚོན་ལ་སོགས་པ་སྣང་བ་བཞིན་ནོ། །འདི་དག་ཚིག་གི་མི་མཐུན་པ་ལྟར་སྣང་ཡང་། དོན་མཐུན་པས་དོན་ཅར་ཕོག་ཏུ་ཚིག་ཏུ་གོ་བའོ། །གསུམ་པ་གཏན་ཚིགས་ལ་གཉིས་ཏེ། བགྲང་། དང་པོ་ཀུན་ཡིན་གང་མ་ཡིན་གྱི་གཏན་ཚིགས་ལྷུན་གྲུབ་ཏུ་བསྟན་པ་དང་། དྲང་། དེ་ཡང་མདོར་བསྡུ་ན། སེམས་ཉིད་མཉམ་པ་ཉིད་ཀྱི་ངང་ལ་འཁོར་འདས་ཀྱི་ཆོས་ཉིད་ཇི་ལྟར་མིང་བཏགས་པ་ལྟར་གྲུབ་ཡིད་ཀྱིས་བསམ་པ་བཞིན་དུ་སྣང་ཞིང་རང་རིག་པའི་རྩལ་དུ་ཅིར་ཡང་འགྱུར་བས་འཁོར་འདས་ཕྱི་ནང་གི་དངོས་པོ་ཀུན་གྱི་ངོ་བོར་སྟོན་ཅིང་། དོན་སེམས་ཉིད་དེ་དཔེས་མཚོན་ཅིང་ཕྱོགས་མེད་ཀུན་ཏུ་རང་སྣང་བས་ཅིར་ཡང་ཡིན་པའི་ཕྱིར། དཔེར་ན་སེམས་ཀྱི་ཆོས་ཉིད་ལ་སྣང་སྟོང་ཕྱོགས་གཅིག་ཅི་ཡང་མ་གྲུབ་པས་མ་ཡིན་ནོ་ཞེས་བྱའོ། །གཏན་ཚིགས་དེའི་ཕྱིར་ན་ཕྱོགས་གཅིག་གང་ཡང་མ་ཡིན་ཕྱོགས་མེད་དུ་ཀུན་ཡིན་པས་ན་ཅི་ཡང་ཡིན་ནོ། །དེས་ན་སེམས་ཉིད་ཕྱོགས་བྲལ་མཉམ་པ་ཉིད་ཀྱི་ངང་དུ་འཁོར་འདས་ཀྱིས་ཆོས་ཀུན་ལྷུན་གྱིས་གྲུབ་པའོ། །གཉིས་པ་མ་སྤང་མི་ལྡན་གྱི་གཏན་ཚིགས་མཐའ་བྲལ་དུ་བསྟན་པའོ། །དྲང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་ནི་སྣང་སྟོང་ལ་སོགས་པའི་མཐའ་ཀུན་གྱི་ཕྱོགས་དང་རིས་སུ་རྒྱ་མ་ཆད་པའི་ཕྱིར་སྣང་སྟོང་ཕྱོགས་རེའི་མཐའ་ཀུན་དང་བྲལ་ལ། ཕྱོགས་མེད་དུ་རང་སྣང་བས་མཐའ་ཀུན་གྱི་རང་བཞིན་ཡིན་པའི་ཕྱིར་མ་བྲལ་བའོ། །དེས་ན་སྣང་སྟོང་ལ་སོགས་པའི་མཐའ་གང་ཡང་མ་སྤངས་པས་ན་ཕྱོགས་གཅིག་གང་ཡང་མི་ལྡན་པས་སོ། །མཐའ་ཀུན་སེམས་ཉིད་དུ་རང་སྣང་བས་མ་བྲལ་བའི་ཕྱིར་དེ་བས་ན་ཕྱོགས་རེའི་མཐའ་ཐམས་ཅད་དང་བྲལ་ཞེས་བྱའོ། །བཞི་པ་གཏན་ཚིགས་ཀྱིས་གཏན་ལ་འབེབ་ཚུལ་ལོ། །དྲང་། དེ་ལྟར་སེམས་ཀྱི་ཆོས་ཉིད་ངོ་བོ་ངོས་བཟུང་བའི་སྒོ་ནས་གཏན་ལ་ཕེབས་པས་ན་གཏན་ཚིགས་རྒྱས་པར་འགྱུར་བའོ། །དེ་ཡང་མཐའ་གང་ཡང་མ་སྤང་བ་ལ་གང་གི་ཕྱོགས་སུ་མ་ལྷུང་བས་མི་ལྡན་ཏེ། སྣང་སྟོང་། གཅིག་དུ་མ། རྟག་ཆད། ཡོད་མེད་ལ་སོགས་པ་སྤྲོས་པའི་མཐའ་གང་ཡང་མ་སྤང་བས་མ་བྲལ་བའོ། །བྲལ་བ་ན་སྣང་བའི་མཐའ་དང་བྲལ་ཏེ། ཅིའི་ངོ་བོར་ཡང་མ་གྲུབ་པའི་ཕྱིར། སྟོང་པའི་མཐའ་དང་བྲལ་ཏེ། ཅིར་ཡང་སྣང་བའི་ཕྱིར། གཅིག་གི་མཐའ་དང་བྲལ་ཏེ། མ་འགགས་སྣ་ཚོགས་དུ་མར་སྣང་བའི་ཕྱིར་དུ་མའི་མཐའ་དང་བྲལ་ཏེ། རིག་པ་བྱང་ཆུབ་ཀྱི་སེམས་ཉིད་ཆོས་ཉིད་ཉག་གཅིག་གི་ངོ་བོ་ལས་མ་གཡོས་པའི་ཕྱིར། རྟག་པའི་མཐའ་དང་བྲལ་ཏེ། ཅིར་ཡང་འགྱུར་བའི་ཕྱིར་ཆད་པའི་མཐའ་དང་བྲལ་ཏེ། མི་འགྱུར་ཞིག་གཉེན་པོ་མེད་པའི་ཕྱིར། འགྲོ་བའི་མཐའ་དང་བྲལ་ཏེ། གང་ཡང་གཡོ་བ་མེད་པའི་ཕྱིར་འོང་བའི་མཐའ་དང་བྲལ་ཏེ་གང་ཡང་སོང་བ་མེད་པའི་ཕྱིར་རོ། །གཏན་ལ་དབབ་པའི་དོན་རང་གི་ངོ་བོ་འདི་ཁོ་ནའོ་ཞེས་ཕྱོགས་གཅིག་པར་བསྟན་པར་དཀའོ། །གཉིས་པ་ཚིག་དོན་མཐུན་པའི་གཏན་ཚིགས་ལ་གསུམ་སྟེ། བགྲང་། དང་པོ་སྤྱིར་བསྟན་པ་དང་། དྲང་། ཚིག་དོན་མི་མཐུན་པ་ལས་དགར་བས་ཅིག་ཤེས་སུ་གྱུར་པ་ཚིག་དོན་མཐུན་པར་བསྟན་པའི་གཏན་ཚིགས་ལ་ཡང་། བྱེ་བྲག་ཏུ་ཕྱེ་ན་གཏན་ཚིགས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། མདོར་བསྡུས་པས་གཏན་ཚིགས་ཀུན་ལ་ཁྱབ་པ་ནི་ལུང་མན་ངག་རིག་པ་ཚད་མ་གསུམ་ཡིན་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། ལུང་དང་མན་ངག་རིག་པ་ཡི། །ཚད་མ་དག་གིས་གང་གཞལ་བ། །གཞལ་བྱེད་དེ་ཡང་ཚད་མར་གྱུར། །ཞེས་གསུངས་པས། གཞི་འབྲས་བདག་ཉིད་གཅིག་པའི་དོན་མངོན་སུམ་དུ་གྱུར་པའི་གསུང་ནི་ལུང་ཚད་མ་ཡིན་ལ། དེ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་ཉམས་སུ་ལེན་པ་དེ་བླ་མ་དམ་པའི་ཞལ་ནས་ཚིགས་སུ་ཕྱུང་བ་རྣམས་ནི་མན་ངག་ཚད་མའོ། །དོན་དེ་གཉིས་ལ་སྒྲོ་འདོགས་ཆོད་པ་ནི་རིག་པ་ཚད་མ་ཡིན་ཏེ་དེ་ལ་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མའོ། །མངོན་སུམ་ལ་བཞི་སྟེ། དབང་པོའི་མངོན་སུམ་དང་ཡིད་ཀྱི་དང་རང་རིག་དང་རྣལ་འབྱོར་མངོན་སུམ་མོ། །དེ་ཡང་ཆོས་ཉིད་རྟོག་བྱེད་ནི་རིག་པ་ཚད་མ་ཡིན་ལ། ལུང་མན་ངག་གཉིས་ནི་དེའི་རྐྱེན་ཡིན་ནོ། །དེ་ལྟར་ཆོས་ཉིད་རྟོགས་པར་བྱེད་པ་ལ་དེ་གསུམ་འཚོགས་དགོས་པས་ཀུན་ཁྱབ་ཅེས་བྱའོ། །ཚད་མ་གསུམ་པོ་དེ་དག་དང་ལྡན་པ་ཚིག་དོན་མཐུན་པའི་གཏན་ཚིགས་ཀྱི་རྣམ་གྲངས་སུ་བརྗོད་པ་བསམ་ཡས་པ་ཡོད་ནའང་། འདིར་དེ་དག་གི་ཆ་གཅིག་ཙམ་ཚིགས་སུ་བརྗོད་པ་འོག་ནས་འབྱུང་བའི་ཚུལ་འདི་ལྟ་བུ་སྟེ། ཤེས་རབ་སྤྱན་འབྱེད་ལས། གཏན་ཚིགས་རྒྱས་པར་ལུས་བཞག་ན། ཚད་མ་བཀའ་གཞུང་གཏན་ཚིགས་དང་། སྒྲ་མཐུན་དོན་དཔག་གཏན་ཚིགས་དང་། གཞལ་བྱ་བདག་ཉིད་ཆེ་སོགས་བལྟ། ཞེས་པའི་དོན་ནི། གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ་གཉིས་ཏེ། ཚང་མ་བཀའ་གཞུང་གི་གཏན་ཚིགས་དང་། སྒྲ་མཐུན་དོན་དཔག་གི་གཏན་ཚིགས་སོ། །དང་པོ་ལྔ་སྟེ། བགྲང་། དང་པོ་དག་པ་བཞི་དང་གསུམ་གྱི་གཏན་ཚིགས་དང་། དྲང་། འཁོར་འདས་བདེན་གཉིས་རྒྱུ་འབྲས་ཀྱི་ཆོས་རྣམས་རང་བཞིན་ཡོངས་ཀྱི་རྣམ་པར་དག་པའི་དོན་ནི། རྣམ་པ་བཞི་སྟེ། གང་ཞེ་ན། རྒྱས་པ་ལས། རྒྱུ་རྣམས་རབ་ཏུ་དག་པ་དང་། །འབྲས་བུ་ཡོངས་སུ་དག་གྱུར་ཏེ། །དོན་དམ་དམིགས་མེད་རང་བཞིན་དག །ཀུན་རྫོབ་སྒྱུ་མར་ཡེ་ནས་དག །ཅེས་གསུངས་པས། རྒྱུ་འབྱུང་བ་ལྔ་སེམས་སུ་དག་པ་དང་། འབྲས་བུ་དམ་རྫས་ལྔ་རིགས་ལྔར་དག་པ་དང་། དོན་དམ་དམིགས་མེད་དུ་དག་པ་དང་། ཀུན་རྫོབ་སྒྱུ་མར་དག་པའི་ཚུལ་གྱིས་དོན་རྟོགས་ཤིང་མངོན་དུ་བྱེད་དོ། །དེ་ཡང་རྒྱུ་འབྱུང་བ་ལྔ་སེམས་སུ་དག་པ་ནི། རྒྱས་པ་ལས། རྒྱུ་ཡི་མཚན་ཉིད་དག་པ་ནི། །ཕྱི་རོལ་ཆེན་པོ་རྣམ་ལྔ་སྟེ། །སེམས་ཉིད་གཟུང་འཛིན་གཉིས་སྣང་བའི། །གཟུང་བའི་ཡུལ་ཉིད་འབྱུང་བ་ཆེ། །རྒྱུ་ཉིད་རང་གི་སེམས་ཡིན་པས། །འབྱུང་བ་ཆེན་པོ་རྒྱུ་ནས་དག །ཅེས་སོ། །གཉིས་པ་འབྲས་བུ་དམ་རྫས་ལྔ་རིགས་ལྔར་དག་པ་ནི། དེ་ཉིད་ལས། འབྲས་བུ་ཡོངས་སུ་དག་པ་ནི། །སེམས་ཅན་ཀུན་གྱི་ནུས་པ་སྟེ། །རྡོ་རྗེ་བྱང་ཆུབ་སེམས་ཡིན་ལ། །ཤ་ནི་པདྨ་རཀྟ་ཡིན། །དྲི་ཆེན་དྲི་ཆུ་གུར་གུམ་ཆུ། །སོ་སོའི་ལུས་ལ་གནས་པ་དག །ཅེས་སོ། །གསུམ་པ་དོན་དམ་དམིགས་མེད་དུ་དག་པ་ནི། དེ་ཉིད་ལས། དོན་དམ་དམིགས་མེད་དག་པ་ནི། །ཕྱི་ནང་ཆོས་རྣམས་ཐམས་ཅད་ཀྱང་། །རང་གི་ངོ་བོ་མ་ཡིན་ཏེ། །སྐྱེ་འགགས་མེད་པར་ཡེ་ནས་དག །ཅེས་སོ། །བཞི་པ་ཀུན་རྫོབ་སྒྱུ་མར་དག་པ་ནི། དེ་ཉིད་ལས། ཀུན་རྫོབ་སྒྱུ་མར་དག་པ་ནི། །སྒྱུ་མའི་རང་བཞིན་ཐམས་ཅད་སྣང་། །ཆུ་ཟླའི་ཚུལ་དུ་མི་དམིགས་ནས། །མི་དམིགས་པ་ཉིད་སྣ་ཚོགས་སྣང་། །དེ་བཞིན་བདེ་གཤེགས་ཡེ་ནས་མཉམ། །ཞེས་སོ། །དག་པ་གསུམ་ནི། རྒྱས་པ་ལས། ཆེན་པོར་ཡུམ་ལྔར་དག་པ་དང་། །ཕུང་པོར་སེམས་ཕྱིར་རིགས་ལྔར་དག །ཚོགས་བརྒྱད་ཡེ་ཤེས་ལྔར་དག་པས། །སྣོད་བཅུད་ཀུན་གྱི་ཀུན་བརྟག་བྲལ། །ཞེས་པས། སྣོད་འབྱུང་བ་ལྔ་ཡུམ་ལྔར་དག་པ་དང་། བཅུད་ཕུང་པོ་ལྔ་རིགས་ལྔར་དག་པ་དང་། སེམས་ཀྱི་རྒྱུད་རྣམ་ཤེས་ཚོགས་བརྒྱད་ཀྱིས་བསྡུས་པ་རྣམས་ཡེ་ཤེས་ལྔར་དག་པ་ལ་དག་པ་ལྟ་བ་རྟོགས་ཤིང་གཏན་ལ་ཕབ་པ་སྟེ། རྔམས་གློག་ལས། སྣོད་དང་བཅུད་དང་རྒྱུད་རྣམས་ཀུན། །དག་པས་དག་པ་གསུམ་ཡིན་ཏེ། །ཡུམ་གྱི་དབྱིངས་དང་ཡབ་ཀྱི་མཁའ། །ཡེ་ཤེས་ལྔ་ཡི་རང་བཞིན་དུ། །སྣོད་བཅུད་རྒྱུད་རྣམས་དག་པའི་ཕྱིར། །དག་པ་གསུམ་དུ་རྒྱལ་བས་གསུངས། །ཞེས་སོ། །འོ་ན་དག་པ་གསུམ་གྱིས་ཆོག་པ་ལ་བཞི་ཅི་ལ་དགོས་ཞེ་ན། གདུལ་བྱ་རྨོངས་པ་རྣམས་གསུམ་དག་པར་འཛིན་པ་ལ་བཞི་མ་དག་པར་འཛིན་པའི་ཞེན་པ་བཟློག་པའི་ཕྱིར་བརྗོད་ཀྱི་ངོ་བོ་གཅིག་གོ། །དེ་ཡང་རྣམ་བཀོད་ལས། གསུམ་དང་བཞི་བརྗོད་དགོས་ཆེད་ནི། རྨོངས་པ་གསུམ་གྱིས་དག་མ་དག །འཛིན་པའི་ལྟ་ངན་བཟློག་པའི་ཕྱིར། །རྣམ་གྲངས་བརྗོད་ཀྱིས་ངོ་བོ་གཅིག་ཅེས་སོ། །ཡང་དེ་ལྟར་ན་གསུམ་བཞི་དག་གིས་ལྔ་མ་དག་པའི་ཞེན་པ་བཟློག་པའི་ཕྱིར་ལྔ་དག་པ་ཡང་དགོས་སོ་ཞེ་ན་མི་དགོས་ཏེ། དག་པ་གསུམ་གྱི་སྣོད་བཅུད་རྒྱུད་གསུམ་གྱི་འཁོར་བ་དག་ཀྱང་འདས་པ་མ་དག་པ་ལས་བཞིས་འཁོར་འདས་གཉིས་ཀ་དག་ཙམ་ན་དག་པར་བྱ་བའི་རྒྱུ་གཞན་མེད་པའི་ཕྱིར་རོ། །ཡང་དག་པ་གསུམ་གྱིས་ཡེ་ཤེས་ཀ་དག་ཏུ་གཏན་ལ་ཕབ་ནས་འཁོར་བའི་ངན་ཞེན་བཅད་ལ་དག་པ་བཞིས་དབྱིངས་ཀ་དག་གཏན་ལ་ཕབ་ནས་འདས་པའི་བཟང་ཞེན་བཅད་ནས། དེ་ལས་ལྷག་པའི་དག་པ་གཞན་མི་དགོས་སོ། གཉིས་པ་མཉམ་པ་བཞིའི་གཏན་ཚིགས་དང་། དྲང་། ཐུན་མོང་གི་མཉམ་གཉིས་ནི་མདོ་སྡེ་པ་དང་སྒོ་བསྟུན་པ་སྟེ། དོན་དམ་སྐྱེ་མེད་དུ་མཉམ་པ་དང་། ཀུན་རྫོབ་སྒྱུ་མར་མཉམ་པའོ། །ཐེག་འོག་གི་བདེན་གཉིས་དེ་ལས་ལྷག་པའི་མཉམ་གཉིས་ནི། ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་མཉམ་པ་དང་། དོན་དམ་དཀོར་བདུན་དུ་མཉམ་པ་སྟེ། དེ་ལྟར་ལྷག་པའི་བདེན་གཉིས་ཀྱིས་དོན་དབྱེར་མེད་ཀྱི་རང་བཞིན་ལ་གཞལ་བྱ་འཁོར་འདས་ཀྱི་དངོས་པོ་ཐམས་ཅད་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྤྱོད་ཡུལ་ཡོངས་སུ་དག་པ་ནི་ཀུན་ཏུ་བཟང་པོ་སྟེ་ངོ་བོ་ཉིད་ཀྱི་སྐུའི་ཞིང་ཁམས་ཞེས་བྱའོ། །དེ་ཉིད་ལས། དོན་དམ་དུ་ནི་དཀོར་བདུན་དང་། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཞེས་སོ། །འོ་ན། མཉམ་པ་བཞིའི་གཏན་ཚིགས་ལ་བདེན་གཉིས་ཀྱི་ཚིག་མཐུན་པར་འབྱུང་བས། སྒྲ་མཐུན་དོན་དཔག་ཏུ་ཐལ་ཞེ་ན། མ་ཡིན་ཏེ། ཚད་མའི་བཀའ་ལས་དག་མཉམ་གྲངས། །ཞེས་གསུངས་པས། ཐེག་འོག་གི་བདེན་གཉིས་གྲུབ་མཐར་མི་འདོད་ལ། འདིར་བདེན་གཉིས་དབྱེར་མེད་གྲུབ་མཐའ་སྒྲུབ་བྱེད་ཀྱི་གཏན་ཚིགས་སུ་འདོད་དོ། །ཡང་དག་པ་དང་མཉམ་པ་ལ་ཁྱད་ཅི་ཡོད་ཞེ་ན། དེ་གཉིས་ངོ་བོ་གཅིག་ལ་དགོས་ཆེད་མ་འདྲེས་ཏེ། བདག་གཞན་མ་དག་པའི་འཛིན་ཞེན་དགྲོལ་བའི་ཕྱིར་དག་པའི་གཏན་ཚིག་བསྟན་ལ། བཟང་ངན་ཆེ་ཆུང་གི་འཛིན་ཞེན་གྲོལ་བའི་ཕྱིར་མཉམ་པའི་གཏན་ཚིགས་བསྟན་ཏེ། ཚུལ་གྱིས་དག་མཉམ་སོ་སོར་བསྟན། །ཞེས་སོ། །གསུམ་པ་རྟོག་པ་བཞིའི་གཏན་ཚིགས་དང་། དྲང་། འདི་ལ་རིམ་གྱིས་པ་ལྟར་དུ་བཤད་པ་དང་། ཅིག་ཆར་བ་ལྟར་དུ་བཤད་པ་གཉིས་ལས། དང་པོ་ནི། འཁོར་འདས་ཀྱི་ཆོས་རྣམས་སུ་ཞེན་པ་གཞལ་བྱ། རྒྱུ་གཅིག་པར་གཏན་ཚིགས་དང་། དོན་དམ་སྐྱེ་མེད་དུ་རྟོགས་པ་གྲུབ་མཐའ་སྟེ། དེས་དངོས་པོ་མཚན་མར་འཛིན་པའི་ཞེན་པ་དགྲོལ་བའོ། །དེ་ཡང་རྣམ་བཀོད་ལས། ཀུན་དངོས་རིག་པ་ཅི་སྣང་ཕྱིར། །ངོ་བོ་ཉིད་ཀྱི་རྒྱུ་རུ་གཅིག །ཅེས་སོ། །སྐྱེ་མེད་དུ་ཞེན་པ་གཞལ་བྱ་དང་། གསུང་གི་ཡི་གེ་ཨཱཿསྐུའི་ཡི་གེ་ཨོ། ཐུགས་ཀྱི་ཡི་གེ་ལ་ༀ་སྟེ་ཡིག་འབྲུའི་ཚུལ་དུ་གཏན་ལ་ཕབ་པ་གཏན་ཚིགས། ཀུན་རྫོབ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་རྟོགས་པ་གྲུབ་མཐའ་སྟེ། དེས་སྟོང་པ་ཕྱང་ཆད་དུ་འཛིན་པའི་ཞེན་པ་དགྲོལ་བའོ། །དེ་ཡང་རྣམ་བཀོད་ལས། ཡིག་འབྲུའི་ཚུལ་ནི་ཨ་ཨོ་ༀ། །འབྲུ་གསུམ་སྒྲ་དབྱིབས་ཀྱིས་མཚོན་ནས། །སྐུ་གསུང་ཐུགས་ཀྱི་འབྲས་བུར་རྟོགས། །ཞེས་སོ། །རྟོགས་པ་སྔ་མ་གཉིས་སུ་ཞེན་པ་གཞལ་བྱ། བྱིན་གྱིས་རླབས་ཀྱིས་གཏན་ལ་དབབ་པ་གཏན་ཚིགས་དང་། བདེན་པ་དབྱེར་མེད་དུ་རྟོགས་པ་གྲུབ་མཐའ་སྟེ། དེས་བདེན་གཉིས་ཐ་དད་དུ་འཛིན་པའི་ཞེན་པ་དགྲོལ་བའོ། །དེ་ཉིད་ལས། ལྷག་པའི་དོན་དམ་ཀུན་རྫོབ་གཉིས། །རྟོགས་པ་ལྟ་བའི་བྱིན་རླབས་ཀྱིས། །བ་ར་ན་སེའི་རས་ཚོས་ལྟར། །རྟོགས་པའི་བྱིན་རླབས་ཟུང་འཇུག་པ། །བྱིན་རླབས་ཕྱིར་ན་སྒྲ་འཇུག་སྟེ། །ཞེས་སོ། །དབྱེར་མེད་དུ་རྟོགས་པ་ལ་ཞེན་པ་གཞལ་བྱ་དང་། མངོན་སུམ་པར་གཏན་ལ་ཕབ་པ་གཏན་ཚིགས་དང་། དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་རྟོགས་པ་གྲུབ་མཐའ་སྟེ། དེ་ལྟར་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དུ་བྱེད་པའི་ཞེན་པ་དགྲོལ་བའོ། །དེ་ཉིད་ལས། དེ་ལྟར་ཚུལ་གསུམ་བརྗོད་པ་ཡི། །མཐོང་བ་གང་ཡིན་ཤེས་རབ་སྤྱན། །དེ་ཡང་མངོན་སུམ་ཞེན་པ་སྟེ། །སྒྲ་ཚིག་རྟེན་བྲལ་ཞེན་ཙམ་མིན། །ཡུལ་མིན་རང་རིག་བདེན་དབྱེར་མེད། །བློས་གཏིང་གོ་བ་མངོན་སུམ་ཡུལ། །མིང་ཚིག་སྒྲ་ལ་མི་བརྟན་པར། །བློ་ཡི་གཏིང་དུ་གོ་བར་བྱོས། །ཞེས་སོ། །གཉིས་པ་ཅིག་ཅར་དུ་བཤད་ན། འཁོར་བའི་ཆོས་ཐམས་ཅད་རྒྱུ་མ་རིག་པ་ལ་གཅིག །འདས་པའི་ཆོས་ཐམས་ཅད་སྐུ་ཡེ་ཤེས་སུ་རྒྱུ་གཅིག །དེ་གཉིས་ཀ་དོན་དམ་ཀུན་རྫོབ་བདེན་པ་གཉིས་ཀ་རང་བྱུང་ཡེ་ཤེས་སུ་རྒྱུ་གཅིག་པ་ཡིན་ཏེ། རྒྱས་པ་ལས། གཉིས་མེད་དོན་གཅིག་ཡིན་པར་བཤད། །ཅེས་པ་དང་། རྒྱ་མཚོ་ལས། དོན་དམ་ཀུན་རྫོབ་དབྱེར་མེད་དང་། །ཆོས་ཉིད་དབྱིངས་སུ་ཚུལ་གཅིག་པས། །མ་ལུས་རང་སྣང་ཆོས་ཐམས་ཅད། །མ་ལུས་བྱང་ཆུབ་སེམས་སུ་རྟོགས། །ཞེས་སོ། །རྒྱུ་གཅིག་པ་དེ་ཉིད་ཀྱི་རང་སྣང་ལ། དོན་མ་སྐྱེས་མི་འགགས་དབྱེར་མེད་ངང་། རྟགས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དེ་ལྟར་དོན་རྟགས་དབྱེར་མེད་ཅིང་ལྷུན་གྱིས་གྲུབ་པའི་དོན་ཡི་གེ་འབྲུ་གསུམ་གྱི་ཚུལ་དུ་མཚོན་པ་སྟེ། དེ་ཉིད་ལས། སྐུ་གསུང་ཐུགས་སུ་སྣང་བ་ཡི་མ་ལུས་གསུང་གི་རྒྱན་དུ་རྟོགས། ཐམས་ཅད་གསུང་གི་ཡི་གེ་སྟེ། ཐབས་དང་ལྡན་པར་རྒྱས་གདབ་བོ། །ཞེས་སོ། །དེ་ལྟར་རྒྱུ་གཅིག་ཡིག་འབྲུ་གཉིས་ཀྱི་ངང་དུ་ཕུང་པོ་རྣམ་ཤེས་འབྱུང་བའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་བྱིན་རླབས་པའི་དོན་དང་དབྱེར་མེད་དུ་རྟོགས་པ་ཡིན་ཏེ། དེ་ཉིད་ལས། དེ་གཉིས་དབྱེར་མེད་བྱིན་རླབས་ལས། །དེ་ཉིད་དེ་ཡི་བྱིན་རླབས་ཏེ། །གཉིས་མེད་ཚུལ་གྱིས་རང་སྣང་བ། །བྱིན་རླབས་ངོ་མཚར་བསམ་མི་ཁྱབ། །ཅེས་སོ། །དེ་ཉིད་བློའི་སྤྱོད་ཡུལ་དང་བྲལ་བ་རང་རིག་པས་མངོན་སུམ་དུ་རྟོགས་པ་ཡིན་ཏེ། དེ་ཉིད་ལས། རང་སྣང་རང་བྱུང་ཆོས་འདི་དག །གཉིས་མེད་རང་རིག་མ་སྐྱེས་པར། །གསལ་བར་མངོན་སུམ་ཐེ་ཚོམ་མེད། །རྟོགས་པ་ཀུན་གྱི་མཆོད་ཏུ་བཤད། །ཅེས་གསུངས་སོ། །འོ་ན་མངོན་སུམ་གྱི་སྐབས་སུ་གཏན་ཚིགས་དང་གྲུབ་མཐའ་དམིགས་འདྲེས་སོ་ཞེ་ན། མ་འདྲེས་ཏེ། མེ་ཆུའི་དཔེ་བཞིན་དུ་ཞོར་སེལ་ཞོར་འགྲུབ་ཡིན་ཏེ། བདེན་པ་དབྱེར་མེད་ཀྱི་དོན་ལ་སྒྲོ་འདོགས་བཅད་པར་བྱེད་པའི་ཆ་ནས་གཏན་ཚིགས། སྒྲོ་འདོགས་ཆོད་པ་སྟེ་དེ་བློ་འདས་སུ་ཤར་བའི་ཆ་ནས་གྲུབ་མཐའ་སྟེ། རྣམ་བཀོད་ལས། དེས་ན་དོན་དང་གཏན་ཚིགས་ཀྱང་། །ངོ་བོ་གཅིག་ལ་ཐབས་ཀྱིས་ཕྱེ། །དཔེར་ན་མེ་དང་ཚ་ཕྱིར་རམ། །ཆུ་དང་རླན་ཕྱིར་ཇི་བཞིན་ནོ། །ཞེས་སོ། །དེ་ལྟར་གོང་དུ་བཤད་པའི་གཏན་ཚིགས་རབ་ཏུ་རྟོགས་པ་རྣམ་པ་བཞི་ཡིས། གྲུབ་མཐའ་གཞལ་བྱ་ཕྱི་ནང་གི་ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་ཤིང་རིག་པ་ལ་རང་དབང་བསྒྱུར་བས་ན་རྒྱལ་པོ་སྟེ། ཕྱི་རྒྱུད་མན་ཆད་ལས་ཁྱད་པར་དུ་གྱུར་པས་ན་འདི་བས་ཆེ་བའི་གྲུབ་མཐའ་གཞན་མེད་པའོ། །འོ་ན་གཅིག་ཆར་བའི་རྟོགས་པ་བཞིའི་སྐབས་ལ་གང་ཟག་གཅིག་གིས་རྒྱུ་གཅིག་པའི་སྐབས་སུ་བདེན་གསུམ་སྒྲོ་འདོག་ཆོད་ན། ཕྱི་མ་གསུམ་དགོས་སམ་མི་དགོས་དགོས་ན་བདེན་གསུམ་མིན་པའི་ཆོས་ཡོད་པར་ཐལ་བའམ། སྒྲོ་འདོགས་མ་ཆོད་པར་ཐལ། མི་དགོས་ན། ཕྱི་མ་གསུམ་དོན་མེད་དུ་ཐལ་ཞེ་ན། དང་པོ་རྒྱུ་གཅིག་དུས་སུ། དེའི་ངོ་བོ་ལ་བྱེད་ལས་དགོས་ཆེད་ཀྱི་ཆ་ནས་རྟོག་པ་བཞི་མ་འདྲེས་པར་ཕྱེ་བ་ཡིན་ཏེ། ཚིག་ཡི་གེ་ལ་སྔ་ཕྱི་ཡོད་ཀྱང་དོན་དབྱེར་མེད་ཀྱི་ངོ་བོ་ལ་ཡོངས་སུ་རྫོགས་པ་ངེས་ན། མ་འདྲེས་ལ་ཡོངས་སུ་རྫོགས་པས་འགལ་བ་མེད་དོ། །བཞི་པ་དག་པ་གསུམ་ཁྱད་པར་དུ་བཤད་པའི་བདག་ཉིད་ཆེན་པོའི་གཏན་ཚིགས་དང་། དྲང་། ཆོས་ཀུན་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ལ་ཉིད་ཀྱིས་དབང་བསྒྱུར། རང་བྱུང་གི་ཡེ་ཤེས་ཉིད་ལ་ཉིད་ལོངས་སྤྱོད་པའི་ཕྱིར་བདག་ཉིད་ཆེན་པོའི་གཏན་ཚིགས་ཏེ། བདག་གི་མྱོང་བའི་ཕུང་པོ་ལྔ་དང་། གཞན་འབྱུང་བ་ཡུལ་ལྟར་དུ་སྣང་བ་ལྔ་དང་། རྟོག་པའི་རྒྱུན་ངར་འཛིན་པའི་རྣམ་པར་ཤེས་པ་ཚོགས་བརྒྱད་པོ་རྣམས་ཕུང་པོ་ལྔ་རིགས་ཀྱི་ཡབ་ལྔ་དང་། འབྱུང་བ་ལྔ་རིགས་ཀྱི་ཡུམ་ལྔ་དང་། རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔར་རྣམ་པར་དག་སྟེ། གཉིས་མེད་ལྷུན་གྲུབ་དུ་གསལ་ཞིང་རང་རིག་པས་མངོན་སུམ་དུ་རྟོགས་པ་ནི། བླ་ན་མེད་པའི་གསང་སྔགས་རྡོ་རྗེའི་ཐེག་པའི་མཆོག་མ་ཧཱ་ཡོ་གའི་ལྟ་བའོ། །དེ་ལྟར་བདག་གཞན་གཉིས་སྣང་བཀག་པའི་བདག་གཅིག་པུ་པར་འགྱུར་བས། ཕྱི་རོལ་པ་དང་ཁྱད་མེད་དུ་འགྱུར་རོ་ཞེ་ན་མི་འགྱུར་ཏེ་བདག་གཞན་ཐ་དད་གཉིས་འཛིན་གྱི་ལྟ་བ་བཟློག་པའི་ཕྱིར། བདག་གཞན་ཕྱི་ནང་ཐམས་ཅད་རིག་པ་བདག་ཉིད་ཆེན་པོའི་ངང་དུ་རྫོགས་པ་ཞེས་དགོས་ཆེད་ཀྱི་སྒོ་ནས་བརྗོད་པར་ཟད་ཀྱི། དོན་དུ་ན་བདག་ཉིད་ཆེན་པོ་ཙམ་དུ་ཡང་འཛིན་པ་མེད་པས་མུ་སྟེགས་རྟགས་ལྟ་དང་ཁྱད་མེད་དུ་མི་འགྱུར་རོ། །རྣམ་བཀོད་ལས། ཐམས་ཅད་རིག་ཕྱིར་བདག་བརྗོད་ཀྱི། །སྣང་བཀག་རྣམ་པའི་གཅིག་མ་ཡིན། །གང་ཟག་མོས་དང་བརྟག་པའང་དག །རང་རྒྱུད་སྤྱོད་ཡུལ་འབྲེལ་བའི་བདག །རྒྱུ་འབྲས་ཡུལ་ལྟ་བཟློག་ཕྱིར་ལ། །བདག་ཉིད་ཆེན་པོ་འདི་འདྲར་མེད། །ཅེས་པ་དང་། ལ་ཤན་ལས། བདག་ལ་གཞན་པ་མི་སྣང་ཞིང་། །བདག་ཀྱང་འདི་འདྲར་མི་དམིགས་པ། །ཞེས་པ་དང་། སྤྱི་གཅོད་ལས། ང་ལ་ང་ཞེས་བསྟན་པས་ང་མ་གྲུབ། །ང་ཉིད་དངོས་སུ་མི་སྣང་ཕྱོགས་དང་བྲལ། །ཞེས་པ་དང་། གཡུ་ཐང་ལས། བསྒྲུབ་བྱ་ལྷུན་རྫོགས་ཟླ་མེད་པས། །ང་ཞེས་མིང་དུ་སྙག་པར་ཟད། །དོན་དུ་ང་ལ་འདི་འདྲ་མེད། །དངོས་ཀྱིས་བསྟན་པར་ནུས་པ་མིན། །ཞེས་སོ། །ལྔ་པ་རང་བཞིན་བདེན་པ་དབྱེར་མེད་ཀྱི་གཏན་ཚིགས་ལ་གསུམ་སྟེ། བགྲང་། དང་པོ་རང་བཞིན་སྣང་སྟོང་དབྱེར་མེད་དུ་བསྟན་པ་དང་། དྲང་། མྱ་ངན་ལས་འདས་པ་དང་མ་འདས་པ་འཁོར་བའི་ཆོས་མ་ལུས་པ་ཐམས་ཅད་ཀུན། དོན་དམ་གསུམ་མངོན་དུ་བྱེད་པའི་ཡང་དག་པའི་ཤེས་པས་རབ་ཏུ་བརྟགས་ན། དོན་དམ་པར་སྤྱོད་ཡུལ་དང་བྲལ་བས་རང་བཞིན་མེད་པ་ལས། ཀུན་རྫོབ་ཏུ་ཡུལ་མེད་རང་གསལ་བར་ཅིར་ཡང་སྣང་བའི་ཕྱིར་རོ། །དེ་ལྟར་ཀུན་རྫོབ་ཏུ་ཇི་ལྟར་སྣང་བའི་དུས་ཉིད་ན་དོན་དམ་མཉམ་པ་ཉིད་ཀྱི་དབྱིངས་ཉིད་ལས་གཡོས་པ་མེད་པ་ཡིན་ནོ། །གཉིས་པ་འཁོར་འདས་ངོ་བོ་གཉིས་མེད་དུ་བསྟན་པ་དང་། དྲང་། དེ་བཞིན་གཤེགས་པའི་སྐུ་ཡེ་ཤེས་སྒྱུ་མ་ལྟ་བུར་དག་པའི་ངོ་ལ་སྣང་བ་མྱ་ངན་ལས་འདས་པ་དང་། དེ་མ་ཡིན་ལ་དེར་འཛིན་པའི་ལོག་རྟོག་སྒྱུ་མ་ལྟ་བུ་མ་དག་པའི་ངོ་ལ་སྣང་བ་འཁོར་བའི་སེམས་ཅན་གཉིས་ཀ་སེམས་ཉིད་ཀྱི་ངོ་བོར་བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་པའི་ཕྱིར་ཏེ། རང་བཞིན་གྱིས་སྟོང་པ་ལ་མྱ་ངན་ལས་འདས་པའི་རིགས་དང་འཁོར་བའི་རྒྱུད་ཐ་དད་དུ་བརྟག་ཏུ་མེད་པའི་ཕྱིར། གསུམ་པ་རང་བཞིན་ཆོས་སྐུ་ལྷུན་གྲུབ་ཏུ་བསྟན་པའོ། །དྲང་། དོན་དམ་འཁོར་འདས་སོ་སོའི་རིགས་ཐ་དད་དང་ཁ་དོག་དང་དབྱིབས་ཐ་དད་ཕྱོགས་གཅིག་ཅིར་ཡང་གྲུབ་པ་མེད་པ་ལས། ཀུན་རྫོབ་ཏུ་འཁོར་བའི་ཕྱི་ནང་སྣོད་བཅུད་དང་། འདས་པའི་ཐེག་པ་མཐོ་དམན་ཐམས་ཅད་དུ་མ་འགགས་པར་སྣང་བའོ། །དེ་ལྟར་ཀུན་རྫོབ་ཏུ་མ་འགགས་པར་སྣང་བའི་དུས་ཉིད་ན་དོན་དམ་པར་ངོ་བོ་གྲུབ་པ་མེད་པ་དེ་ཉིད་ལ་ཆོས་ཀྱི་སྐུ་ཞེས་བྱའོ། །དེས་ན་ཆོས་སྐུ་བདེན་པ་དབྱེར་མེད་དེ་ལ་ཕྱོགས་གཅིག་པའི་མཐའ་ལས་གྲོལ་བ་སྟེ། ཕྱོགས་མེད་དུ་ཅིར་ཡང་འགྱུར་ཞིང་ཡེ་ཤེས་རང་སྣང་དུ་ཅིར་ཡང་འགྲུབ་པ་སྟེ་ཕྱོགས་མེད་དུ་ལྷུན་གྱིས་གྲུབ་པའོ། །འོ་ན་གོང་དུ་དག་མཉམ་གྱི་གཏན་ཚིགས་དང་། འདིར་རང་བཞིན་དབྱེར་མེད་གྱི་གཏན་ཚིགས་དང་། གསུམ་ཀ་ལ་བདེན་པ་དབྱེར་མེད་བཤད་པ་འདུག་པའི་ཕྱིར། ཁྱད་མེད་དོ་ཞེ་ན། དེ་གསུམ་ངོ་བོ་གཅིག་ལ་དགོས་ཆེད་དམ་མཚོན་ཚུལ་མ་འདྲེས་ཏེ། དག་མ་དག་གི་ཞེན་པ་དགྲོལ་བའི་ངོས་ནས་དག་པ་དང་། བདག་གཞན་བཟང་ངན་གྱི་ཞེན་པ་དགྲོལ་བའི་ཕྱིར་མཉམ་པ་དང་། ཐ་དད་དུ་འཛིན་པའི་ཞེན་པ་དགྲོལ་བའི་ངོས་ནས་རང་བཞིན་དབྱེར་མེད་ཀྱི་གཏན་ཚིགས་བསྟན་པའོ། །དེ་ཡང་རྣམ་བཀོད་ལས། གཞན་བྲལ་རིག་སྣང་བཟང་ངན་མེད། །བརྟག་པའི་དྲི་བྲལ་མ་འདྲེས་གསལ། །དོན་ཚུལ་སོ་སོར་མཚོན་ཚིག་ཕྱེ། །དངོས་གཅིག་ཚུལ་སྒྲས་ཐ་དད་ཀྱང་། །དོན་དུ་སྨྲ་བསམ་བྲལ་བར་གཅིག །ཅེས་སོ། །གཉིས་པ་སྒྲ་མཐུན་དོན་དཔག་ལ་བཞི་སྟེ། བགྲང་། དང་པོ་རང་སྤྱིའི་གཏན་ཚིགས་དང་། དྲང་། དང་པོ་རང་སྤྱིའི་གོ་དོན་ནི་མཚན་གཞི་དུ་མ་ལ་མཚན་ཉིད་གཅིག་གིས་ཁྱབ་པ་སྤྱིའི་མཚན་ཉིད་དང་། མཚན་གཞི་ཆོས་ཅན་དུ་མ་ལ་མཚན་ཉིད་མི་འདྲ་བ་རེ་རེ་སོ་སོར་ངེས་པ་རང་གི་མཚན་ཉིད་དོ། །དེ་ལ་ཉོན་མོངས་པ་རང་གི་མཚན་ཉིད་དང་། སྤྱིར་བསྟན་པའི་མཚན་ཉིད་ལ་གཉིས་ཏེ། ནོར་བ་དང་། མ་ནོར་བའོ། །དང་པོ་ནི་ཐུན་མོང་གི་རང་སྤྱིའི་ཡིན་ཏེ། དེ་ཡང་སྤྱིའི་མཚན་ཉིད་ནི། མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་དེ། རྣམ་དཀོད་ལས། སྤྱི་ཡི་མཚན་ཉིད་བརྗོད་པ་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །ཅེས་སོ། །རང་གི་མཚན་ཉིད་ནི། ཞེ་སྡང་ནི་ཀུན་ནས་མནར་སེམས་ཤིང་འཁྲུགས་པ། འདོད་ཆགས་ནི་ཡུལ་སོ་སོར་མ་འདྲེས་ལ་ཞེན་ཅིང་ཆགས་པ། གཏི་མུག་ནི་ཀུན་ནས་རྨོངས་པ་ང་རྒྱལ་ནི་བདག་ལྟ་ལ་བརྟེན་ཅིང་སེམས་ཁེངས་པ། ཕྲག་དོག་ནི་བློའི་འཕྲག་ཏུ་གཞན་གྱི་ཡོན་ཏན་མི་ཤོང་བའོ། །ལུང་ནི་རྒྱས་པ་ལས། རྒྱས་པར་གསུང་ནའང་བསྡུས་པ་མདོ་ལས། ཞེ་སྡང་མ་འདྲེས་མནར་སེམས་པ། །འདོད་ཆགས་མ་འདྲེས་ཀུན་ཏུ་ཞེན། །གཏི་མུག་མ་འདྲེས་ཀུན་ཏུ་རྨོངས། །ང་རྒྱལ་མ་འདྲེས་རི་བོ་ཆེ། །ཕྲག་དོག་མ་འདྲེས་ཀུན་ཏུ་འཁྲུག །ཅེས་སོ། །གཉིས་པ་མ་ནོར་བ་ནི། ཁྱད་པར་རང་སྤྱི་ཡིན་ཏེ། དེ་ལ་སྤྱིའི་མཚན་ཉིད་ནི། རང་བྱུང་གི་ཡེ་ཤེས་རྣམ་ཀུན་མཆོག་ལྡན་གྱི་ཡོངས་རྫོགས་ཡིན་ལ། དེ་ལ་རང་གི་མཚན་ཉིད་ནི། དུག་ལྔ་རང་རིག་ཡེ་ཤེས་ལྔར་མ་འདྲེས་པར་གསལ་བ་སྟེ། རྡོ་རྗེ་ལས། འཁོར་དང་མྱ་ངན་འདས་པ་ཡི། །རྩ་བ་ཆགས་སྡང་ལྔ་ཉིད་དེ། །གཞི་རྩ་མ་བཅོས་སྐད་ཅིག་མ། །དེ་ཉིད་རང་སྤྱིར་གང་ཡིན་པ། །རྟོགས་པས་སྤྱི་དང་རང་མཚན་ཤེས། །ཞེས་པ་དང་། ལ་ལ་རང་རིག་ཐབས་ཆེན་དུ། །མ་འགགས་སྣང་བས་རང་མཚན་ཏེ། །ཞེས་སོ། །དེ་ལྟར་མཚན་ཉིད་གཉིས་ལས། ཁྱད་པར་སྤྱི་དང་རང་གི་མཚན་ཉིད་མ་ནོར་བར་དོན་རྟོགས་ན་ཉོན་མོངས་པ་ཉིད་རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ལམ་དུ་འགྱུར་བའོ། །ཉོན་མོངས་པ་ལམ་དུ་འགྱུར་བ་དེའི་ཕྱིར་ཁྱད་པར་རང་སྤྱིའི་གཏན་ཚིགས་ཏེ། སྙིགས་མའི་གདུལ་བྱ་རྣམས་ལ་ཤིན་ཏུ་གཅེས་སོ་ཞེས་གདམས་པའོ། །དེས་ན་ཐུན་མོང་གི་རང་དང་སྤྱི་གཉིས་ཐ་དད་དུ་འབྱེད་པ་དང་། འདིར་རང་སྤྱི་དབྱེར་མེད་དུ་སྟོན་ཅིང་མ་འདྲེས་ལ་ཡོངས་སུ་རྫོགས་པས་དོན་དཔག་པ་སྟེ། རྩེ་ལྡེ་གཉིས་ཀྱིས་མིང་གཅིག་པ་བཞིན་ནོ། །དེ་ལྟར་ན་བདེན་གཉིས་ལམ་དུ་བྱེད་པར་འདུག་པས། ཉོན་མོངས་ལམ་དུ་བྱེད་པ་མེད་པས་དབུ་མ་དང་ཁྱད་མེད་དུ་འགྱུར་རོ་ཞེ་ན་མི་འགྱུར་ཏེ། དབུ་མ་པས། ཉོན་མོངས་རང་གི་མཚན་ཉིད་སྟོང་ཉིད་དུ་སྦྱོངས་ཤིང་སྤྱིའི་མཚན་ཉིད་ལྟར་བར་འདོད་པ་དང་། བསྒོམ་པས་ཀྱང་རང་མཚན་སྤང་ཞིང་སྤྱིའི་མཚན་ཉིད་བསྒོམ་པར་འདོད་པ་སྟེ། རྣམ་བཀོད་ལས། ཁ་ཅིག་རང་གི་མཚན་ཉིད་དུ། །ཞེན་པ་སྣང་བ་ལྟ་བུ་ལ། །ས་སྲ་ཆུ་ཤེར་ལ་སོགས་དང་། །ཉོན་མོངས་རང་གི་མཚན་ཉིད་ལྔ། །སྙིང་རྗེ་སྐྱོབ་པ་གདུང་བ་དང་། །བྱམས་པ་མི་མཇེད་ཕན་འདོག་སོགས། །མྱ་ངན་འདས་ལམ་གྱུར་པ་ཡི། །རང་གི་མཚན་ཉིད་སོ་སོར་འདོད། །ཞེན་པ་དེ་ཉིད་མི་རྟག་བསྔལ། །སྟོང་བདག་མེད་པས་སྤྱི་རུ་འདོད། །ཅེས་སོ། །རང་ལུགས་ནི། སྤང་བྱ་ལོག་པའི་དུག་ལྔ་དང་། གཉེན་པོ་ཡང་དག་པའི་དུག་ལྔ་སྟེ་ཡེ་ཤེས་ལྔ་ནི། སྤང་གཉེན་རོ་གཅིག་པའི་ཚུལ་དུ་སྐད་ཅིག་ལ་ཤར་གྲོལ་དུ་རྟོགས་པ་སྟེ། གསལ་བཀྲ་ལས། ཉི་མའི་དཀྱིལ་ན་མུན་མེད་ལྟར། །ཡེ་ཤེས་རང་སྣང་མ་གཏོགས་པར། །ཉོན་མོངས་འཁོར་བ་ངང་གིས་མེད། །ཅེས་སོ། །ཉོན་མོངས་ལམ་དུ་བྱེད་ཚུལ་རྒྱས་པར་ནི། རྩ་རྒྱུད་ཀྱི་ལེའུ་བཅུ་དགུ་པའི་གཞུང་འགྲེལ་དུ་ལྟ་བར་བྱའོ། །གཉིས་པ་མཐའ་བྲལ་གྱི་གཏན་ཚིག་དང་། དྲང་། སེམས་ཉིད་མཉམ་པ་ཉིད་ལ་ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་སྟེ་ངན་པ་དང་། དབུས་ཏེ་བཟང་པོ་ཞིག་མེད་ཅིང་གཅིག་དང་དུ་མར་བྲལ་བས། གཅིག་དང་དུ་མར་གང་དུའང་གྲུབ་པ་མིན་ཏེ་འཁོར་འདས་གཉིས་སུ་མེད་པའི་དེ་བཞིན་ཉིད་བདེན་པ་དབྱེར་མེད་པའི་ཚུལ་དེ་ལམ་པས་རྟོགས་ན་རྣམ་པར་བྱ་བའི་ལམ་དུ་གྱུར་པའི་ཕྱིར། ཕྱོགས་རེ་བའི་མཐའ་དང་། དབུས་མ་སྤངས་ལ་བྲལ་བས་མཐའ་བྲལ་གྱི་གཏན་ཚིགས་དེའང་ཤིན་ཏུ་གཅེས་པར་གདམས་པ་ནི། སྔར་རང་སྤྱིར་བསྟན་པ་དེ་བཞིན་ནོ། །དེའང་ཐེག་འོག་གི་སྟོང་པའི་ངོ་བོ་ལ་མཐའ་བཞིའམ་བརྒྱད་མ་གྲུབ་པས་མཐའ་བྲལ་དུ་འདོད་ལ། འདིར་མུ་བཞི་མཐའ་བརྒྱད་མ་སྤངས་པའི་མཐའ་བྲལ་ཆེན་པོ་མ་འདྲེས་ཡོངས་རྫོགས་སུ་འདོད་དེ། དེ་ཡང་། ལྷག་གསུམ་དང་ནི་བཞི་བྲལ་ལུགས་ཁྱད་པར་ཅན་གྱི་དེ་ཉིད་མཐོང་། ཞེས་པ་དང་། གསང་སྙིང་ལས། གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །ཅེས་སོ། །དེ་ལྟར་ཚིག་དོན་མི་མཐུན་པའི་གཏན་ཚིགས་དང་ཁྱད་མེད་དུ་ཐལ། མཐའ་མ་སྤངས་ལ་བྲལ་བའི་ཕྱིར། །དོན་ལ་ཁྱད་མེད་ཀྱང་། འདིར་ཚིག་དོན་མཐུན་པའི་ངོས་ནས་མཐའ་བྲལ་ཡིན་ལ། གོང་དུ་ཚིག་དོན་མི་མཐུན་པའི་ངོས་ནས་མཐའ་བྲལ་ཡིན་པ་སྔར་འབྲུ་མནན་གྱི་སྐབས་སུ་བཤད་པ་བཞིན་ནོ། །གསུམ་པ་རྣམ་པར་དབྱེ་བའི་གཏན་ཚིགས་དང་། དྲང་། འབྲུའི་གཟུགས་ཀྱི་འབྱུང་གནས་ཡིན་པས་འབྱུང་བ་རགས་ཅིང་དབང་ཆེ་བས་ཆེན་པོ། ས་ཆུ་མེ་རླུང་ནམ་མཁའ་དང་ལྔ་རྣམས་ལ། རང་རྒྱུད་པར་འཛིན་པའི་རང་བཞིན་གྲུབ་པ་མེད་པར་གཏན་ཚིགས་ཀྱིས་གཞིག་པར་བྱའི་དགོས་ཆེད་ཡོད་པའི་ཕྱིར། ས་ལ་སོགས་པ་གཅིག་ལའང་སེམས་ཅན་ལས་སྣང་དབང་གིས་རིགས་མཐུན་མི་མཐུན་གྱི་ཁྱད་པར་གྱི་སྣང་ངོ་ལ། འབྱུང་བ་ལྔ་རེ་རེ་ལའང་འབྱུང་བ་ལྔ་ལྔར་སྣང་བའི་དབང་གིས་འབྱུང་བ་ཉི་ཤུ་རྩ་ལྔར་དབྱེ་བར་བྱ་ཞིང་སྣང་དུ་རུང་བས། དེས་ན་སེམས་ཅན་གྱི་ལས་སྣང་ཕྱོགས་གཅིག་མ་གྲུབ་པས་ཡི་གེ་མུཾ་གྱིས་མཚོན་ནས་མཉམ་པ་ཉིད་ཀྱི་དབྱིངས་དང་གཉིས་སུ་མེད་པར་ཐིམ་པར་བྱ། མུཾ་གྱིས་མཚོན་པའི་དབྱིངས་དེ་ཉིད་ངག་གིས་སྨྲ་བ་དང་བརྗོད་པའི་མཐའ་ལས་འདས་པ་དང་། ཡིད་ཀྱིས་བསམ་དཔྱོད་ཀྱི་མཐའ་ལས་འདས་པའོ། །རྣམ་བཀོད་ལས། རྣམ་པར་དབྱེ་བའང་ཕུང་པོ་དང་། །འབྱུང་བ་ལ་སོགས་དངོས་ཀུན་ལ། །གདོས་སྣང་རེ་རེའང་བྱེ་བྲག་གིས། །གཙེས་པས་རིལ་པོར་ཞེན་གྲོལ་ནས། །གཅིག་ཀྱང་ཀུན་དངོས་དེ་རེད་མེད། །རང་རིག་ལྷུན་གྲུབ་བདག་ཉིད་དབྱིངས། །ཞེས་སོ། །ཡང་ན། རྫོགས་ཆེན་མུ་ཏིག་ཕྲེང་བའི་རྒྱུད་ལས། ནམ་མཁའ་ལ་ནི་ཁྱབ་སྟོང་པས། །ནམ་མཁའ་ཉིད་ནི་དངོས་པོར་གྲོལ། །རླུང་ནི་གཟུགས་ཡུལ་མི་སྣང་བའི། །དངོས་པོ་སྡུད་པའི་ལས་སུ་གྲོལ། །མེ་ནི་སྨིན་བྱེད་བྱིན་ཟ་བས། །བསྐྱེད་ཅིང་དངས་སྙིགས་འབྱེད་པ་གྲོལ། །ས་ནི་སྤྱོད་བྱེད་འདེགས་པས་ནི། །དངོས་མེད་མཐའ་བྲལ་སྟོང་པར་གྲོལ། །ཆུ་ནི་སྡུད་བྱེད་བརླན་པས་ན། །སྲེག་བྱེད་སྨིན་པའི་ལས་སུ་གྲོལ། །ནམ་མཁའི་རླུང་ནི་དངོས་པོ་ལ། །ནམ་མཁའི་མེས་ནི་སྡུད་པར་བྱེད། །ནམ་མཁའི་ཆུས་ནི་སྲེག་བྱེད་པའོ། །ནམ་མཁའི་སས་ནི་གོ་སྐབས་འབྱེད། །ནམ་མཁའི་ནམ་མཁའ་སྣང་བའོ། །རླུང་གི་རླུང་ནི་བརྟན་པའོ། །རླུང་གི་ནམ་མཁའ་མེ་དང་ཆེ། །རླུང་གི་ཆུ་ནི་མྱུར་མགྱོགས་ཆེ། །རླུང་གི་མེ་ནི་ཕན་སྡུད་ཆེ། །རླུང་གི་ས་ནི་གཟུགས་བརྙན་གསལ། །ཆུ་ཡི་ཆུ་ནི་སྒྲ་སྙན་ཡིན། །ཆུ་ཡི་ནམ་མཁའ་ཐོག་པ་མེད། །ཆུ་ཡི་རླུང་ནི་ཆད་མེད་རྒྱུན། །ཆུ་ཡིས་མེ་ནི་སྡུས་པར་བྱེད། །ཆུ་ཡིས་ས་ནི་ཁྱབ་པར་བྱེད། །མེ་ཡིས་མེ་ནི་སྐྱེད་པར་བྱེད། །མེ་ཡིས་ནམ་མཁའ་དངོས་པོར་བསྲེག །མེ་ཡིས་རླུང་ནི་འབར་བར་བྱེད། །མེ་ཡིས་ཆུ་ནི་བརླག་པར་བྱེད། །མེ་ཡིས་ས་ནི་འཛིན་པའོ། །ས་ཡིས་སས་ནི་འགྲོ་བ་ཁྱབ། །ས་ཡི་ནམ་མཁའ་ཐོག་པ་མེད། །ས་ཡི་རླུང་ནི་གང་སྟོང་བྱེད། །ས་ཡིས་ཆུས་ནི་དངོས་པོ་སྐྱེད། །ས་ཡིས་མེས་ནི་སྐོམ་པའོ། །ངེས་པ་མེད་པའི་འབྱུང་བ་ཡིན། །ངེས་པར་སྣང་བས་སེམས་ཉིད་གྲོལ། །ཞེས་སོ། །སྒྲ་མཐུན་ལ་དོན་དཔག་ཚུལ་ནི། ཐེག་འོག་གིས་སེམས་ཅན་གྱིས་ལས་སྣང་འབྱུང་བ་ལྔ་ཕྱེ་ནས་དེ་ཉིད་མ་གྲུབ་པར་སྟོང་པར་འདོད་ལ། འདིར་ལས་སྣང་འབྱུང་ལྔ་ཕྱོགས་རེར་མ་གྲུབ་བཞིན་དུ། དངས་མ་ཡེ་ཤེས་ཀྱི་འབྱུང་བ་ལྔར་གཅིག་དུ་མར་ཕྱོགས་མེད་དུ་སྣང་བ་དང་སྟོང་པ་དབྱེར་མེད་པར་འདོད་པས་དཔགས་སོ། །བརྒལ་ལེན་ཀྱང་དོན་དེ་བཞིན་དུ་ཤེས་པར་བྱའོ། །བཞི་པ་མཚོན་པ་དཔེའི་གཏན་ཚིགས་ལ་གསུམ་སྟེ། བགྲང་། དང་པོ་དཔེ་དངོས་དང་། དྲང་། དཔེར་ན་ནམ་མཁའ་ལ་དབྱིབས་ཁ་དོག་མཐའ་དབུས་ཕྱོགས་རིས་སོགས་གང་གིས་ངོས་བཟུང་དུ་མེད་དེ། དེ་དག་ཐམས་ཅད་དང་བྲལ་བ་ལྟར། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དོན་ཕྱོགས་གཅིག་པ་གང་དུ་ཡང་གཟུང་དུ་མེད་པའོ། །སའི་ངོ་བོ་སྲ་ཞིང་བརྟན་པས་ཐམས་ཅད་སྐྱེད་པའི་ལས་བྱེད་པ་ལྟར། དོན་སེམས་ཀྱི་ཆོས་ཉིད་རང་སྣང་དུ་བསྐྱེད་ཅིང་ཐམས་ཅད་ཀྱི་རྟེན་བྱེད་པ་དང་། ཆུ་བོ་ཕན་ཚུན་དྲང་དུ་བཏུབ་པས་མཉེན་ཞིང་། བྱེད་ལས་དྲི་མ་འཁྲུལ་བ་ལྟར།ཀ སེམས་ཉིད་ངོས་བཟུང་མེད་པ་ཅིར་ཡང་འཆར་བར་ཤེས་པར་བྱ་བ་དང་། མེ་འོད་གསལ་ཞིང་བྱེད་ལས་བུད་ཤིང་བསྲེག་པ་ལྟར། སེམས་ཉིད་གསལ་ཞིང་ཉོན་མོངས་རྣམ་རྟོག་གི་མཚན་མ་བསྲེག་པར་ཤེས་པར་བྱའོ། །ཁ་སེམས་ཉིད་ཅིར་ཡང་བསྒྱུར་དུ་བཏུབ་པས་མཉེན་ཞིང་དེའི་དོན་རྟོགས་ན་ཉོན་མོངས་དང་གཟུགས་འཛིན་གྱི་དྲི་མ་འཁྲུལ་བ་དང་། རླུང་གི་ངོ་བོ་ཁ་དོག་དབྱིབས་ཀྱི་ངོས་བཟུང་དུ་མེད་པ་ལས་ཡངས་ཤིང་གཡོ་བ་ལྟར།ག དེ་ཡང་རྣམ་བཀོད་ལས། ནམ་མཁའ་བཟུང་དུ་མེད་པ་ལྟར། །སྣང་སྲིད་ཐམས་ཅད་དེ་དང་འདྲ། །ཆོས་རྣམས་ཐམས་ཅད་སེམས་ཉིད་དེ། །སེམས་ནི་ནམ་མཁའི་རང་བཞིན་ནོ། །ཇི་ལྟར་ས་གཞི་ཆེན་མོ་ལ། །སེམས་ཀྱི་ཟིན་དང་མ་ཟིན་པའི། །སྐྱེ་འགྲོ་མ་ལུས་ཐམས་ཅད་འབྱུང་། །ཐམས་ཅད་ཀུན་གྱི་གནས་བརྟེན་ཏེ། །སངས་རྒྱས་བྱང་སེམས་ཀུན་ཀྱང་གནས། །ཐེག་པ་མཐོ་དམན་ཐམས་ཅད་སྣང་། །ཐམས་ཅད་ཐེག་ཆེན་དབྱིངས་སུ་འདུས། །མེས་ནི་ཐམས་ཅད་ཀུན་བསྲེག་ལྟར། །རྟོག་ཚོགས་ཡེ་ཤེས་ངང་དུ་བསྲེག །ཆུ་ཡིས་སྡུད་ཅིང་འཁྲུལ་བ་ལྟར། །དེ་བཞིན་དེ་ལྟར་རིག་པར་གྱིས། །ཆོས་རྣམས་ཡེ་ནས་རླུང་དང་འདྲ། །དེ་ལ་བཟུང་དུ་མེད་པ་ལྟར། །ཀུན་ལ་དེ་ལྟར་འབྱོར་བར་གྱིས། །ཞེས་སོ། །འབྱུང་བ་ལྔའི་དཔེ་དོན་སེམས་ཉིད་མཚོན་པ་དེ་བཞིན་དུ་ཕུང་པོ་ལའང་གཉིས་ཏེ་ངོ་བོས་མཚོན་པ་དང་། མཚན་ཉིད་ཀྱིས་མཚོན་པའོ། །དང་པོ་ལ་ལྔ་སྟེ། གཟུགས་ཀྱིས་སྣང་སྟོང་དབྱེར་མེད་མཚོན་པ་དང་། ཚོར་བས་མྱོང་སྟོང་མཚོན་པ་དང་། འདུ་ཤེས་ཀྱིས་མཚན་མར་འཛིན་སྟོང་དབྱེར་མེད་དང་། འདུ་བྱེད་ཀྱིས་དྲན་རྟོག་དྲན་སྟོང་དབྱེར་མེད་མཚོན་པ་དང་། རྣམ་ཤེས་ཀྱིས་རིག་སྟོང་དབྱེར་མེད་དུ་མཚོན་ཏེ། དེ་ཉིད་ལས། དེ་བཞིན་གཟུགས་དང་ཚོར་བ་དང་། །མཚན་འདུ་ཤེས་འཛིན་འདུ་བྱེད་རྣམ་ལྔ་ཡིས། །མཚན་ཉིད་རང་རིག་ཉིད་སྣང་ཕྱིར། །སྣང་སྟོང་གཟུགས་དབྱེར་མེད་ཚོར་སྟོང་གྲགས། །མཚན་འདུ་ཤེས་འཛིན་ཡོད་མེད་བྱ་དབྱེར་མེད་བྱེད་མེད། །དྲན་རྣམ་ཤེས་སྟོང་དབྱེར་མེད་རང་སྣང་ཕྱིར། །ཕུང་པོ་བཞི་པོ་ཡེ་ཤེས་སུ། །གཅིག་པས་རྣམ་ཤེས་རང་བྱུང་ཆེ། །ཞེས་སོ། །གཉིས་པ་ལའང་ལྔ་སྟེ། གཟུགས་ཀྱི་ཕུང་པོ་འཇིག་པ་ལྟར། །དོན་ཀྱང་ཕྱོགས་རིས་ཐམས་ཅད་ཆོས་ཉིད་ཕྱོགས་མེད་དུ་འཇིག་པ་དང་། ཚོར་བ་ཉམས་སུ་མྱོང་བ་ལྟར། ཆོས་ཉིད་ཀྱང་མྱོང་བ་མེད་པའི་མྱོང་བ་དང་། འདུ་ཤེས་མཚན་མར་འཛིན་པ་ལྟར། ཆོས་ཉིད་མཚན་མ་མེད་པའི་མཚན་མར་འཛིན་པ་དང་། འདུ་བྱེད་སེམས་མངོན་པར་འདུ་བྱེད་པ་ལྟར། སེམས་ཀྱི་ཆོས་ཉིད་མངོན་དུ་བྱེད་པ་དང་། རྣམ་པར་ཤེས་པས་ནི་རྣམ་པར་རིག་པ་ལྟར་ཆོས་ཉིད་ངང་གིས་རང་རིག་པའོ། །སེམས་དབང་པོ་ལྔ་དང་འདྲ་སྟེ། མིག་གི་དབང་པོས་རང་རིག་རང་སྣང་གི་གཟུགས་འཛིན་མཐོང་བར་བྱེད་པ་མཚོན་པ་དང་། རྣ་དབང་གིས་རང་རིག་རང་སྣང་གི་སྒྲ་ཐོས་པར་བྱེད་པ་དང་། སྣ་དབང་གིས་རང་རིག་རང་སྣང་གི་དྲི་ཚོར་བར་བྱེད་པ་དང་། ལྕེ་དབང་གིས་རང་རིག་རང་སྣང་གི་རོ་མྱོང་བར་བྱེད་པ་དང་། ལུས་དབང་གིས་རང་རིག་རང་སྣང་གི་རེག་པར་བྱེད་པ་མཚོན་པ་སྟེ། དེ་ཉིད་ལས། གཟུགས་སྣང་སྣང་སྟོང་རང་རིག་ཡེ་ཤེས་དབྱེར་མེད་གཟུགས། །སྒྲ་བརྗོད་གྲགས་སྟོང་དབྱེར་མེད་རིག་པ་རང་སྣང་སྒྲ། །དྲི་ཞིམ་ཆོས་ཀྱི་དྲི་ཡིན་ཏེ། །རོ་བྲོ་དེ་བཞིན་ཉིད་ཀྱི་རོ། །རེག་བྱ་རང་བྱུང་ཡེ་ཤེས་རེག །ལོག་རྟོག་ཡུལ་ལྔ་མིང་ཙམ་དུ། །སྣང་ལ་རང་རྒྱུད་མེད་པའི་ཕྱིར། །རང་རིག་རང་སྣང་སྤྱོད་ཡུལ་མེད། ཀུན་ལ་དེ་དོན་ལ་ལྟར་འབྱོར་བར་གྱིས། །ཞེས་སོ། །སེམས་ཡུལ་ལྔ་དང་འདྲ་སྟེ། གཟུགས་སྣང་སྟོང་དབྱེར་མེད་པས། སེམས་ཉིད་ཆོས་ཐམས་ཅད་སྣང་ལ་རང་བཞིན་དབྱེར་མེད་པར་མཚོན་ཏེ། དེ་ཉིད་ལས། མ་བཅོས་ཡེ་ནས་དེ་ལྟར་གནས། །ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། །སྣང་བ་ཉིད་ན་འཇའ་ཚོན་བཞིན། །རང་བཞིན་མེད་པར་ཀུན་ཏུ་སྣང་། །དེ་ཉིད་ཆོས་སྐུ་ཡིན་པར་བཤད། །ཅེས་སོ། སྒྲ་ནི་དངོས་པོ་མེད་ལ་སྣ་ཚོགས་སུ་གྲགས་ཤིང་ངོ་བོ་སྟོང་པ་མཚོན་ནས། ཆོས་ཐམས་ཅད་སྣང་གྲགས་གཉིས་སུ་མེད་པར་ཤེས་པར་བྱ་སྟེ། དེ་ཉིད་ལ། སྒྲ་རྣམས་ཅི་སྙེད་བརྗོད་པ་དང་། །དངོས་པོ་མེད་ལ་དངོས་པོའི་སྒྲ། །བརྗོད་དང་སྒྲ་ཡི་དངོས་པོ་མིན། །ཆོས་རྣམས་སྒྲ་ལྟར་ཤེས་པར་གྱིས། །ཞེས་སོ། དྲི་ནི་དངོས་པོ་མེད་ལ་སྣར་བསུང་པ་མཚོན་ནས། ཆོས་ཐམས་ཅད་སྐྱེ་མེད་དུ་དྲི་ཐ་དད་དུ་འཕྲོ་བར་ཤེས་པར་བྱ་སྟེ། དེ་ཉིད་ལས། བསྣམ་བྱའི་དྲི་ཡི་དངོས་པོ་ཡང་། །ཡོད་པ་མ་ཡིན་ཀུན་ཏུ་བསུང་། །ཆོས་རྣམས་ཐམས་ཅད་དྲི་དང་ལྡན། །དངོས་མེད་སྣ་ཚོགས་དྲི་དང་ལྡན། །དངོས་པོ་སྣ་ཚོགས་འབྱུང་ཞིང་འཕྲོ། །ཐེ་ཚོམ་མེད་པའི་ཤེས་རབ་ཀྱིས། །ཆོས་ཀུན་དེ་ལྟར་ཤེས་པར་གྱིས། །ཞེས་སོ། །རོ་ནི་ཡུལ་དང་དབང་པོ་འཚོགས་པས་དངོས་པོ་མེད་བཞིན་མྱོང་བ་ལྟར། ཆོས་རྣམས་སྐྱེ་མེད་ཀྱི་རོར་ཤེས་པར་བྱ་སྟེ། དེ་ཉིད་ལས། ཡུལ་དང་དབང་ཤེས་དངོས་མེད་པར། །འཚོག་པའི་རོ་ཡིས་དངོས་གྲུབ་ལྟར། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཞི་རྩ་མེད་ལས་ཐམས་ཅད་འབྱུང་། །ཞེས་སོ། །རེག་བྱ་ནི་ཕུང་པོ་བཞི་རྣམ་ཤེས་ཀྱིས་དབང་བསྒྱུར་ནས། རེག་བྱ་སྣ་ཚོགས་མྱོང་བ་ལྟར། །རིག་པས་དབང་བསྒྱུར་ནས། སྣ་ཚོགས་སུ་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱ་སྟེ། དེ་ཉིད་ལས། ཕུང་བཞི་ཤེས་པས་དབང་བསྒྱུར་ནས། །རེག་བྱ་སྣ་ཚོགས་མྱོང་བ་ལྟར། །ཆོས་ཀུན་རིག་པས་དབང་བསྒྱུར་ནས། །སྣ་ཚོགས་སྣང་ལ་དངོས་པོ་མེད། །ཅེས་སོ། །སེམས་ཉོན་མོངས་པ་ལྔ་དང་འདྲ་སྟེ། འདོད་ཆགས་ཡུལ་དང་བྲལ་མི་ཕོད་པ་ཆགས་པས་མཚོན་ནས། ཤེས་བྱེད་རིག་པའི་ཡེ་ཤེས་ཤེས་བྱ་ཆོས་ཀྱི་དབྱིངས་དང་འདུ་འབྲལ་མེད་པར་ཡང་དག་པའི་འདོད་ཆགས་སུ་རྟོགས་དགོས་པར་མཚོན་པ་དང་། ཞེ་སྡང་ཡུལ་ལ་མནར་སེམས་པ་ལྟར་སེམས་ཉིད་སྐྱེ་མེད་རྟོགས་པ་མཚན་མ་སྣ་ཚོགས་ལ་སྡང་བའམ། གང་ལའང་རྟོག་པ་མེད་པར་ཡང་དག་པའི་ཞེ་སྡང་དུ་རྟོགས་དགོས་པ་དང་། གཏི་མུག་རྨོངས་པས་བྱེ་བྲག་མི་ཕྱེད་པ་ལྟར། ཆོས་ཉིད་བདེན་པ་དབྱེར་མེད་མཐའ་དབུས་ཐ་དད་མེད་པར་ཡང་དག་པའི་གཏི་མུག་དང་། ང་རྒྱལ་གྱིས་ཁེངས་ཤིང་འགྱིང་བ་ལྟར། ཡེ་ཤེས་ཀྱིས་གང་ཞིང་རྒྱས་པའམ། ཆོས་ཉིད་ཀྱིས་མངོན་པར་མཐོ་བའམ། ཉོན་མོངས་པ་ཟིལ་གྱིས་མནོན་པས་ཡང་དག་པའི་ང་རྒྱལ་དང་། ཕྲག་དོག་གིས་གཞན་གྱི་ཡོན་ཏན་བློ་ལ་མི་ཤོང་སྟེ། དེ་དག་པར་མཚོན་ནས་ལྟ་སྤྱོད་དམན་པའམ། གཉིས་འཛིན་གྱི་རྟོག་པ་རང་རྒྱུད་པ་ཆོས་ཉིད་ཕྱོགས་མེད་ཀྱི་དགོངས་པར་མི་ཚུད་པར་ཡང་དག་པའི་ཕྲག་དོག་ཏུ་མཚོན་པར་ཤེས་པར་བྱའོ། །རྣམ་བཀོད་ལས། ཡང་ན་ཐབས་ཆེན་ཐེག་པའི་ཕྱིར། །དངོས་པོས་དངོས་པོ་བཅོམ་པར་རྟོགས། །ཉོན་མོངས་དུག་ལྔས་དུག་ལྔ་གྲོལ། །དུག་ལྔ་རྒྱུ་རྐྱེན་ངོ་བོས་དག །རང་བྱུང་ཡེ་ཤེས་རང་སྣང་ཕྱིར། །དེ་ལྟར་སུས་དྲན་ཉིད་ཀྱིས་གྲོལ། །ཞེས་སོ། །སེམས་ཁ་དོག་ལྔས་མཚོན་ནས་སེམས་ཉིད་ཡེ་ཤེས་ལྔའི་ངོ་བོར་ཤེས་པར་བྱ་བ་དང་། རང་གི་ངོ་བོས་མཚོན་པའོ། །དང་པོ་ནི། དཀར་པོས་མེ་ལོང་ལྟ་བུའི་དང་། སེར་པོས་མཉམ་པ་ཉིད་དང་། དམར་པོས་སོ་སོར་རྟོག་པ་དང་། ལྗང་གུས་བྱ་བ་གྲུབ་པ་དང་། མཐིང་གས་སྟོང་པ་ཉིད་ཀྱི་ཡེ་ཤེས་མཚོན་པར་ཤེས་པར་བྱའོ། །རྣམ་བཀོད་ལས། མ་མཐོང་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་སེར་དང་དམར་བ་དང་། །ལྗང་གུ་ལ་སོགས་ནག་པོར་བསྟན། །ཞེས་སོ། །གཉིས་པ་ནི། དཀར་པོའི་སེམས་ཉིད་ཉེས་སྐྱོན་དག་པ་དང་། དམར་པོར་ཆགས་པ་མེད་པ་དང་། སེར་པོས་ཡོན་ཏན་རྒྱས་པ་དང་། ལྗང་གུས་དོན་ཀུན་རྫོགས་པ་དང་། ནག་པོས་མི་འགྱུར་བ་མཚོན་པ་སྟེ། དེ་ཉིད་ལས། བྱང་ཆུབ་སེམས་ཉིད་དག་པའི་ཕྱིར། །ཤིན་ཏུ་མདོག་ནི་དཀར་བ་དང་། །དེ་རྟོགས་བྱ་ཕྱིར་དཀར་པོའི་མདོག །ཆགས་དང་ཆགས་པར་བྱ་བ་མེད། །ཆགས་མེད་རྟོགས་ཕྱིར་དམར་པོའོ། །ཟད་འཕེལ་མེད་པ་རྟོགས་བྱའི་ཕྱིར། །མདོག་ནི་གསེར་གྱི་མདོག་ཏུ་བསྟན། །ཕྲིན་ལས་ཀུན་རྟོགས་བྱ་བའི་ཕྱིར། །ལྗང་གུའི་མདོག་ཏུ་བསྟན་པ་ཡིན། །བསྒྱུར་དུ་མེད་པ་རྟོགས་བྱའི་ཕྱིར། །ཁ་དོག་ནག་པོར་བསྟན་པ་ཡིན། །དེ་བཞིན་ཀུན་ལ་ཤེས་པར་བྱ། །ཞེས་སོ། །ལ་སོགས་པའི་སོགས་ཁུང་དུ་ཕྱོགས་དང་དབྱིབས་བསྡུས་ཏེ། དང་པོ་ཕྱོགས་ལ། ཕྱོགས་དབུས་ཡེ་ཤེས་ལྔར་མཚོན་ཚུལ་དང་། རང་གིས་ངོ་བོས་མཚོན་ཚུལ་ལོ། །དང་པོ་ནི། ཕྱོགས་དབུས་ཀྱི་ཆོས་ཐམས་ཅད་གསལ་ལ་མི་རྟོག་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། བཟང་ངན་མེད་པས་མཉམ་པ་ཉིད་དང་། མ་འདྲེས་པར་སོ་སོར་རྟོག་པ་དང་། བྱ་རྩོལ་མེད་པས་བྱ་བ་གྲུབ་པ་དང་། ཕྱོགས་དབུས་ཐམས་ཅད་ཡོད་མེད་ཀྱི་མཐའ་དང་བྲལ་བས་ཆོས་དབྱིངས་ཡེ་ཤེས་སུ་མཚོན་པ་སྟེ། རྣམ་བཀོད་ལས། མཐའ་དང་དབུས་མེད་དེ་བཞིན་ཉིད། །དབྱེར་མེད་ངང་དུ་གནས་པ་ལ། །ཡེ་ཤེས་རྟོགས་པའི་དོན་བྱའི་ཕྱིར། །ཕྱོགས་དང་དབུས་སུ་གནས་པར་བྱོས། །ཞེས་སོ། །གཉིས་པ་ནི། ཤར་ཕྱོགས་ཀྱི་ཉོན་མོངས་པ་དང་། མ་རིག་མུན་པ་བསལ་ནས་ཡེ་ཤེས་ཤར་བ་མཚོན་པ་དང་། ནུབ་ཕྱོགས་ཀྱིས་ཉོན་མོངས་པའམ། མ་རིག་པ་རྒྱུ་འབྲས་དང་། བཅས་པ་གཉིས་མེད་ཀྱི་དབྱིངས་སུ་ནུབ་པར་མཚོན་པ་དང་། བྱང་གིས་བདག་འཛིན་དང་སྡུག་བསྔལ་ལ་སོགས་པ་བྱང་བར་མཚོན་པ་དང་། ལྷོ་ཕྱོགས་ཀྱིས་གོང་གི་ཡོན་ཏན་དེ་རྣམས་རྫོགས་པར་མཚོན་པ་དང་། དབུས་ཕྱོགས་ཀྱིས་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་འདུས་ཤིང་དེ་ཉིད་མཐའ་གང་ལའང་མི་གནས་པར་མཚོན་པ་སྟེ། རྒྱས་པ་ལས། དེ་ལྟར་མ་ལུས་ཐམས་ཅད་ལ། །ཐུགས་རྗེ་ཤར་དང་སྒྲིབ་པ་ནུས། །རྣམ་རྟོག་མཚན་ཉིད་བྱང་གྱུར་པའི། །དེ་ཉིད་ཡོན་ཏན་རྫོགས་པར་རྫོགས། །ཅེས་པ་དང་། རྣམ་བཀོད་ལས། ཉོན་མོངས་བསལ་བས་ཡེ་ཤེས་གསལ། །དེ་ཕྱིར་ཤར་གྱི་མཚོན་པ་ཡིན། །ཉོན་མོངས་མ་རིག་རྒྱུ་འབྲས་ནུབ། །རང་བྱུང་ཡེ་ཤེས་བདག་ཉིད་དང་། །སྡུག་བསྔལ་གདོད་ནས་རང་དག་པས། །དོན་རྟོགས་བྱ་ཕྱིར་བྱེད་དུ་བརྗོད། །དེ་ལྟར་རང་རིག་ཤར་ནུབ་བྱང་། །ཡོན་ཏན་རྫོགས་པ་མཚོན་ཕྱིར་ལྷོ། །དེ་ལྟར་ཆོས་ཀུན་མ་ལུས་ཀུན། །དེ་བཞིན་ཉིད་ཀྱི་དབྱིངས་སུ་འདུས། །ཞེས་སོ། །གཉིས་པ་དབྱིབས་ནི། ཆོས་ཉིད་སྤྲོས་པ་དང་བྲལ་བར་མཚོན་པ་ཟླུམ་པོ། མཐའ་དབུས་མེད་པར་ཁྱབ་པ་མཚོན་བྱེད་གྲུ་བཞི། མཐའ་རྣམས་དབང་དུ་སྡུས་པས་ན་ཟླ་གམ། སྐུ་གསུངས་ཐུགས་སུ་རང་སྣང་བ་མཚོན་པས་ན་གྲུ་གསུམ་སྟེ། བང་མཛོད་ལས། ཟླུམ་ཞིང་རྣམ་པར་མ་འཕྲོས་པས། །བྱང་ཆུབ་སེམས་ནི་ཟླུམ་པོ་ཡིན། །ནམ་མཁའི་མཐའ་ལྟར་ཀུན་ལ་ཁྱབ། །བྱང་ཆུབ་སེམས་ནི་གྲུ་བཞི་ཡིན། །ཆོས་རྣམས་མ་ལུས་དབང་དུ་འདུས། །བྱང་ཆུབ་སེམས་ནི་ཟླ་གམ་ཡིན། །སྐུ་གསུང་ཐུགས་ཀྱི་བདག་ཉིད་པས། །བྱང་ཆུབ་སེམས་ནི་ཟུར་གསུམ་ཡིན། །ཞེས་སོ། །དེ་བཞིན་དུ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་སོ་ཅོག་གི་ཆོས་ཉིད་ཐམས་ཅད་རང་སྣང་དུ་མཚོན་པར་ཤེས་པར་བྱ་སྟེ། དེ་བཞིན་ཀུན་ལ་ཤེས་པར་བྱོས། །ཞེས་གསུངས་སོ། །གཉིས་པ་དཔེ་རྟོགས་པའི་འཐད་པའོ། །དྲང་། དཔེ་དེ་རྣམས་ཀྱང་བསྒྲུབ་བྱའི་དོན་དང་སྒྲུབ་བྱེད་ཀྱིས་གཏན་ཚིགས་གཉིས་པོ་ངོ་བོ་གཅིག་ཀྱང་མཚོན་ཚུལ་མ་འདྲེས་པས། གཏན་ཚིགས་དེའི་ཕྱིར་མཚོན་པ་དཔེའི་གཏན་ཚིགས་དེ་ཡི་ཆོས་ཉིད་ཀྱི་དོན་ཕྱོགས་རེ་མཚོན་ཅིང་རྟོགས་པར་བྱེད་པའོ། །དེ་ནི་ཐེག་པ་འོག་མ་བས་དཔེ་དོན་ཐ་དད་དུ་འདོད་ལ། འདིར་དཔེ་དོན་དབྱེར་མེད་དུ་འདོད་པས་དཔག་གོ། །དེ་ཡང་བརྒལ་ལེན་ལ་སྤྱི་དང་། བྱེ་བྲག་གཉིས་སོ། །དང་པོ་ནི། ངོ་བོ་ཉིད་དང་། ལོངས་སྐུའི་ཚུལ་དང་། དཔེའི་གཏན་ཚིགས་ལ་ཁྱད་པར་མེད་པར་ཐལ། གཉིས་ཀ་སྣང་སྲིད་མཐོང་ཐོས་ཀྱིས་མཚོན་པའི་ཕྱིར་རོ་ཞེ་ན། ཁྱད་ཡོད་དེ། ཚུལ་གཉིས་ནི། ཚིག་ཏུ་བརྗོད་པ་ལ་མ་བརྟེན་པར་ཆོས་ཉིད་ཀྱི་རང་བརྡ་མཇལ་བ་ཡིན་ལ། འདི་ནི་དཔེ་བཤད་པ་ལ་བརྟེན་ནས། དཔེས་མཚོན་ཅིང་དོན་གཏན་ལ་ཕབ་པ་ཡིན་པས་མི་མཚུངས་སོ། །གཉིས་པ་བྱེ་བྲག་ལ་བརྒལ་ལེན་གཉིས་ལས། དང་པོ་བརྒལ་བ་ནི། ནམ་མཁའ་བཟུང་དུ་མེད་པ་ལྟར། །ཞེས་པ་དང་། བཟུང་མེད་རླུང་། ཞེས་ནམ་མཁའ་དང་རླུང་གཉིས་ལ་ངོས་བཟུང་མེད་པར་མཚོན་པར་བཤད་པས་བལྡབ་པའམ། ཁྱད་མེད་དུ་ཐལ་ཞེ་ན། ལན་ལ་གཉིས་ཏེ། དང་པོ་ནི། མཚོན་བྱ་དོན་ལ་ཁྱད་པར་མེད་ཀྱང་། མཚོན་བྱེད་ཀྱི་དཔེ་ལ་ཁྱད་པར་བྱུང་བ་སྟེ། ནམ་མཁའ་ངོས་བཟུང་མེད་པ་ནི་ཆོས་ཐམས་ཅད་ལ་ཁྱབ་པས་སྤྱི་དང་། རླུང་གི་ངོས་བཟུང་མེད་པ་ནི་བྱེ་བྲག་གོ། །གཉིས་པ་ནི། ནམ་མཁའ་ནི་ཐོགས་པར་བྱེད་པའི་རེག་བྱ་ཙམ་དང་བྲལ་བས་ངོས་བཟུང་མེད་པ་ཡིན་ལ། རླུང་གིས་ཐོག་པར་བྱེད་པའི་རེག་བྱ་དང་མ་བྲལ་བས་ངོས་བཟུང་མེད་པའོ། །གསུམ་པ་གང་ནས་གཏན་ལ་ཕབ་ཀྱང་དོན་གཏན་ལ་ཕེབ་པའོ། །དྲང་། ཚད་མ་བཀའ་གཞུང་གི་གཏན་ཚིགས་དང་། སྒྲ་མཐུན་དོན་དཔག་གིས་གཏན་ཚིགས་བརྗོད་པ་རྣམས་བསྒྲུབ་བྱ་གྲུབ་མཐའི་ངོ་བོ་གང་ཡིན་པར་ཤེས་པར་བྱེད་པའི་དོན་གཏན་ལ་ཕེབ་པར་བྱེད་པ་ལ་དག་མཉམ་ལ་སོགས་ངེས་ཚིག་གི་སྒོ་ནས་གཏན་ལ་ཕབ་པ་དང་། བདག་ཉིད་ཆེན་པོ་ལ་སོགས་ངོ་བོའི་སྒོ་ནས་དང་། རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་དང་། ལ་སོགས་པའི་ཁོངས་སུ་རང་བཞིན་དབྱེར་མེད་ཀྱི་གཏན་ཚིགས་དང་། དེ་ལྟར་གཏན་ཚིགས་གི་སྒོ་གང་ནས་གཏན་ལ་འབེབས་ཀྱང་གྲུབ་མཐའ་མཉམ་པ་ཉིད་ཀྱི་དོན་རྒྱས་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱའོ། །གསུམ་པ་མཇུག་བསྡུས་ཏེ་བསྟན་པ་ལ་གཉིས་ཏེ། བགྲང་། དང་པོ་ལྟ་བ་ཤེས་པའི་དམ་ཚིག་དང་ལྡན་དགོས་པར་བསྟན་པ་དང་། དྲང་། ལྟ་བའི་ངོ་བོ་མཐོང་བའི་དུས་སུ་ཕྱོགས་འཛིན་གྱི་ཞེན་པ་ཐམས་ཅད་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་འཇིགས་པར་བྱེད་པ་སྟེ་ཕྱོགས་མེད་རང་སྣང་གི་དོན་ལས་མི་འདའ་བའི་དམ་ཚིག་དང་། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་གཏན་ལ་ཕབ་པའི་དུས་སུ་རྟོགས་ཐབས་རྣམས་ལས་མི་འདའ་བའི་དམ་ཚིག་དང་ལྡན་པར་བྱོས། གཉིས་པ་དོན་ཚིག་དང་བྲལ་བར་གོར་བར་གྱིས་ཤིག་པར་གདམས་པའོ། །དྲང་། སྤྱིར་མཚོན་བྱའི་ཆོས་ལྷག་མ་མ་ལུས་པ་ཐམས་ཅད་ཀྱི་དོན་གོ་བར་འབྱུང་བའང་གང་ཞེ་ན། མཚོན་བྱེད་ལུང་མན་ངག་གི་ཚིག་གིས་དོན་མཚོན་པར་ནུས་པ་ལས་དོན་དེ་གཞན་དུ་གུད་ཅིག་ནའང་མེད་ལ། འོ་ན་ཚིག་དོན་གཅིག་གམ་ཞེ་ན། ཚིག་གི་སྒྲ་དེ་ཉིད་ཀྱང་དངོས་དོན་གྱི་དངོས་པོའི་ངོ་བོ་མིན་ཏེ། ཚིག་བློའི་སྤྱོད་ཡུལ་དུ་གྱུར་ཅིང་དོན་བློའི་སྤྱོད་ཡུལ་དུ་མ་གྱུར་པས་སོ། །འོ་ན་སྒྲ་དོན་ཐ་དད་དམ་ཞེ་ན་ཐོག་མའི་དབང་བཙན་དུ་མཚོན་བྱའི་དོན་དེ་ཉིད་མཚོན་བྱེད་ཚིག་གི་སྒྲས་མཚོན་དགོས་པ་དེ་ལས་གཞན་དོན་གུད་གཅིག་ན་མེད་དོ། །གནས་སྐབས་དབང་བཙན་དུ་མཚོན་པའི་ཚིག་ལ་བརྟེན་ནས་དོན་གཏན་ལ་ཕབ་པའི་ཚེ་ན། བཏགས་པའི་མིང་དང་། མཚོན་པའི་ཚིག་དང་། བརྗོད་པའི་སྒྲ་ཙམ་ལ་མི་བརྟེན་པར། རང་གི་བློའི་གཏིང་དུ་དོན་མཉམ་པ་ཉིད་ཇི་ལྟ་བ་བཞིན་ཡིད་ཆེས་པར་གོ་ཞིང་རྟོགས་པར་བྱོས་ཤིག་པར་གདམས་པའོ། །གསུམ་པ་གྲུབ་མཐའ་དང་བཞི་པ་གོལ་སྒྲིབ་ཐུན་མོང་དུ་སྟོན་པ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། གསུམ་པ་གྲུབ་མཐའ་དང་། བཞི་པ་གོལ་སྒྲིབ་ཐུན་མོང་དུ་སྟོན་པའི་ལུས་རྣམ་བཞག་གི་དོན་བརྗོད་པར་བྱ་བ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་རྟོགས་པའི་གྲུབ་མཐའ་དང་། དྲང་། གསང་སྔགས་ཀྱི་ཐེག་པ་ནི་གཞན་ལས་མཆོག་ཏུ་གྱུར་ཅིང་བླ་ན་མེད་པ་མ་ཧིའི་གྲུབ་མཐའི་དོན་ནི། འཁོར་འདས་ཕྱོགས་རིས་མཚན་མ་བཟང་ངན་ཀུན་ཏུ་བློ་གྲོས་མི་རྟོག་པར་དབྱེར་མེད་མཉམ་པ་ཆེན་པོའི་ངང་དུ་ཤེས་བྱའི་ཆོས་ཐམས་ཅད་རོ་གཅིག་པར་ཤེས་ནས། འཁོར་འདས་ཀྱི་ཆོས་ཀུན་ཀྱང་མཉམ་པ་ཉིད་ཡིན་པར་རྟོགས་པས། འཇིག་རྟེན་ལས་འདས་པའི་ལྟ་བའི་ཡོན་ཏན་དང་། འཇིག་རྟེན་པའི་ལྟ་བའི་སྐྱོན་ཏེ། སོ་སོའི་ལྟ་བ་མི་མཐུན་པ་ཐ་དད་པར་བརྗོད་ཅིང་ལྟ་བར་མི་བྱ་ཞིང་། འཇིག་རྟེན་པའི་ལྟ་བ་ལ་སོགས་འོག་མའི་སྐྱོན་དགག་ཅིང་འདས་པའི་ལྟ་བ་ལ་སོགས་གོང་མའི་ཡོན་ཏན་དང་དུ་བླང་བར་བྱ་བའང་མེད་དོ། །ཆོས་ཉིད་མཉམ་པ་ཉིད་དུ་རྟོགས་པར་བྱའོ། །གཉིས་པ་ནོར་བའི་ཤེས་རབ་ཀྱི་དམིགས་བསལ་བ་ལ་གཉིས་ཏེ། བགྲང་། དང་པོ་གོལ་གཞི་དང་། དྲང་། སྤྱིར་ནི་གནས་ལུགས་དེ་མ་ཡིན་པ་ལ་དེར་འཛིན་པའི་ལོག་རྟོག་གི་སྣང་བ་མི་མཐུན་པའི་བློ་བསམ་ཡས་པ་འདི་རྣམས། ཡེ་འམ་གདོད་མ་ཉིད་ནས་གཞིའི་གནས་ལུགས་ལ་རང་རྒྱུད་ཅན་དུ་གྲུབ་ནས་ཡོད་པ་མ་ཡིན་ཏེ། འོ་ན་འཁྲུལ་པ་ཅི་ལ་བྱུང་ཟེར་ན། འགྲོ་བ་སོ་སོའི་གཟུང་འཛིན་གྱི་རྣམ་པར་རྟོག་པའི་བག་ཆགས་ཀྱིས། ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་རྣམ་རྟོག་མང་ལ་འབྲེལ་བ་དྲ་བ་དང་འདྲ་བས་དོན་ལ་སྒྲིབ་པར་གྱུར་ཏེ། སེམས་ཉིད་ལ་ཕྱོགས་རིས་ཅི་ཡང་གྲུབ་པ་མེད་པ་ལས་ཀུན་རྫོབ་ཏུ་ལོག་རྟོག་འཁྲུལ་བའི་ངོ་བོ་ལ་ཅིར་ཡང་སྣང་བ་ནི། བྱང་བ་སྟོང་པ་ཆུབ་པ་སྣང་བ་བདེ་གཤེགས་སྙིང་པོའི་གཞི་དོན་ལས་རང་ངོ་མ་ཤེས་ནས་གོལ་བ་ཞེས་བྱའོ། །གཉིས་པ་གོལ་བའི་ངོ་བོ་དངོས་ལ་གཉིས་ཏེ། འཇིག་རྟེན་པའི་ལྟ་བར་གོལ་བ་དང་། འདས་པའི་ཐེག་པར་གོལ་བའོ། །དང་པོ་ལ་གསུམ་སྟེ། སོ་སོའི་སྐྱེ་བར་གོལ་བ་དང་། མུ་སྟེགས་པའི་ལྟ་བར་གོལ་བ་དང་། ཞོར་ལ་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་འཁྲུལ་པ་སྒྲུབ་བྱེད་འཐད་པ་དང་། དྲང་། འཁྲུལ་པའི་སྣང་བ་འདི་ཆོས་ཅན། བདེན་པར་གྲུབ་པ་མིན་ཏེ་ཞེས་དམ་བཅའ། བདག་ཏུ་འཛིན་པའི་གཟུང་འཛིན་མ་གྲོལ་བའི་ཕྱིར་དང་། ཉོན་མོངས་པ་རང་རྒྱུད་པས་བཅིངས་པའི་ཕྱིར་དང་། སྐྱེ་རྒ་ན་འཆི་བཞིའི་དུས་ཀྱི་དགྲས་འཇོམས་པའི་ཕྱིར་དང་མི་བདེན་ཅིང་བསླུ་བའི་ཕྱིར་དང་། མི་རྟག་ཅིང་འགྱུར་བའི་ཕྱིར་དང་། འཕགས་པའི་ལམ་ཐབས་ཤེས་རབ་དང་བྲལ་བའི་ཕྱིར་དང་། དེས་ཐར་ལམ་བསྟན་དགོས་པའི་ཕྱིར་དང་། ཐར་དཀའ་བ་བརྩོན་རར་ཚུད་པའི་ཕྱིར་དང་། སྡུག་བསྔལ་མྱོང་ཡང་གཉེན་པོས་མི་འཇིལ་ཏེ་དག་དཀའ་བ་དང་གཏན་ཚིག་དགུས་ཕྱིར་འཁྲུལ་ལོ། །གཉིས་པའམ་རྒྱུད་ལྔར་གོལ་བ་སྤྱིར་བསྟན་པ་དང་། དྲང་། རྒྱུ་མཚན་དགུས་འཁྲུལ་བ་དེ་བས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་དོན་ཕྱོགས་འགའ་ཙམ་ཡང་མ་རྟོགས་པར། ཉོན་མོངས་པ་དུག་ལྔ་རང་རྒྱུད་པར་འཆོལ་ཉོག་ཏུ་སྤྱོད་པས་འགྲོ་བ་ལམ་རྒྱུད་ལྔར་འཁོར་བའོ། །གསུམ་པ་ཁམས་གསུམ་ལྷ་མིར་གོལ་བ་བྱེ་བྲག་ཏུ་བཤད་པ་དེ་ལ་གསུམ་སྟེ། བགྲང་། དང་པོ་འདོད་ཁམས་སུ་ལྷ་མིར་གོལ་བ་དང་། དྲང་། མི་དགེ་བཅུ་ནི། མ་བྱིན་ལེན་དང་སྲོག་གཅོད་གཡེམ། །ཚིག་གི་ངག་འཁྱལ་ཕྲ་མ་རྫུན། །བརྣབ་སེམས་གནོད་སེམས་ལོག་པར་ལྟ། །དགེ་བཅུའི་བར་དུ་གཅོད་པ་སྟེ། །ཡང་དག་དོན་གྱི་དགྲ་ཞེས་བཤད། །ཅེས་གསུངས་པས་དེ་དག་སྤངས་ཏེ་དགེ་བ་བཅུ་པོ་དག་ལ་གཙོ་བོར། ལྟས་ངན་དང་དུ་ལེན་ཅིང་། དགེ་བས་མཐོ་རིས་དང་མི་དགེ་བས་ངན་སོང་དུ་འགྲོ་བས་དགེ་སྡིག་རྒྱུ་འབྲས་མི་མཉམ་པ་དེ་བས་ན། མི་དགེ་སྤང་ཞིང་དགེ་བཅུ་བསྒྲུབ་པས་འདོད་ཁམས་ཀྱི་ལྷ་དང་མིའི་སྐྱེ་གནས་སུ་སྐྱེ་སྟེ། མཉམ་པ་ཉིད་ཀྱི་དོན་མ་རྟོགས་པས་འདོད་ཁམས་སུ་འཁོར་བའོ། །དེ་ལྟར་དགེ་བཅུའི་འབྲས་བུ་ལ་ལྷ་མི་བས་མི་ཐོབ་ན། གླང་ཆེན་རབ་འབོག་གི་རྒྱུད་ལས། སྲོག་གཅོད་སྐྱོན་སྤང་ཚེ་ལ་དབང་མཛད་པ། ཁྲོ་ཆེན་ཧཱུྃ་ཀཱ་ར་ལ་སོགས་ཁྲོ་བཅུ་ཐོབ་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། བདག་མེད་རྟོགས་པ་ལྟ་བའི་རྩིས་ཀྱིས་ཟིན་མ་ཟིན་གྱིས་ཁྱད་པར་ཡིན་པས་མི་འགལ་གསུངས་སོ། །གཉིས་པ་གཟུགས་ཁམས་གོལ་བ་དང་། དྲང་། འཁོར་འདས་དབྱེར་མེད་མཉམ་པ་ཆེན་པོའི་དོན་ཉིད་མ་རྟོགས་ཤིང་། དགེ་བཅུའི་སྟེང་དུ་བྱམས་སྙིང་རྗེ་དགའ་བ་བཏང་སྙོམ་སྟེ་ཚད་མེད་པ་བཞི་དང་བསམ་གཏན་དང་པོ་ལ་མཉམ་གཞག་དགའ་བདེ་བསྒོམ་ཐབས་ལ་རྟོགས་དཔྱོད་མེ་ལྟ་བུ་དང་། གཉིས་པ་ལ་དགའ་བདེ་ཆུ་ལྟ་བུ་དང་། གསུམ་པ་ལ་དབུགས་འབྱུང་རྔུབ་རླུང་ལྟ་བུ་དང་། བཞི་པ་ལ་སྐྱོན་བརྒྱད་དང་བྲལ་བའི་གསལ་ཐོབ་གི་ཞི་གནས་དྭངས་ཆ་དང་། དེ་ལྟར་རིམ་པ་བཞིན་དུ་རང་རང་གི་ཏིང་ངེ་འཛིན་ལ་སོ་སོར་བསྒོམ་པས་བདག་ཏུ་འཛིན་པ་དང་མ་བྲལ་ཞིང་། རང་རང་གི་གཟུགས་གསལ་ཐོག་གི་ཏིང་ངེ་འཛིན་ཉམས་མྱོང་རྣམས་ཀུན་ལ། ངའམ་བདག་ཏུ་རྟོག་ཅིང་འཛིན་པ་དང་བཅས་པ་འདི་ནི་ཚངས་གནས་ལ་སོགས་པ་བསམ་གཏན་བཞིའི་སྐྱེ་བའི་གནས་རིས་བཅུ་བདུན་དུ་རིམ་པར་སྐྱེ་བ་སྟེ། དེ་ལ་བསམ་གཏན་དང་པོ་ལ་ཚངས་རིས་ཚངས་པ་མདུན་ན་འདོན། ཚངས་ཆེན་གསུམ། གཉིས་པ་ན་འོད་ཆུང་ཚད་མེད་འོད་འོད་གསལ་བ་དང་གསུམ་མོ། །གསུམ་པ་ན་དགེ་ཆུང་ཚད་མེད་དགེ་དགེ་རྒྱས་དང་གསུམ། བཞི་པ་ན་སོ་སོའི་སྐྱེ་བོའི་གནས་གསུམ། །འཕགས་པའི་གནས་གཞན་ལྔའོ། །དང་པོ་ནི། སྤྲིན་མེད་འོད། བསོད་ནམས་སྐྱེས། འབྲས་བུ་ཆེ་བའོ། །གཉིས་པ་ནི། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་བ། འོད་མིན་ནོ། །གསུམ་པ་གཟུགས་མེད་དུ་གོལ་བའོ། །དྲང་། འཁོར་འདས་མཉམ་པ་ཉིད་དང་གཟུགས་མེད་འཁོར་བའི་ཆོས་ཡིན་པར་མ་རྟོགས་ནས། གཞན་ཚོར་བ། འདུ་ཤེས། འདུ་བྱེད་རྣམ་པར་ཤེས་པ་སྟེ་མིང་བཞིའི་ཕུང་པོ་ལ་བདག་མེད་པར་མ་ཤེས་ཏེ། ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་ཡིན་སྙམ་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད། རྣམ་ཤེས་མཐའ་ཡས་དང་། ཅིར་ཡང་མེད་པའི་དང་། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཀྱི་བསམ་གཏན་ཉིད་སྟོང་པ་བཞི་ནི། རིག་ཐོག་གི་སྙོམས་འཇུག་གི་ཏིང་ངེ་འཛིན་ལ་བློ་གནས་པར་གྱུར་པ་དེ་དག །མཐོ་སྲིད་པའི་རྩེ་མོ་སྟེ་ཀུན་གཞི་རྟོག་མེད་ཀྱི་བསྒོམ་པས་སྐྱེ་མཆེད་མུ་བཞིའི་ས་རུ་སྐྱེ་བའོ། །གཉིས་པ་མུ་སྟེགས་ལྟ་བར་གོལ་བ་དང་། དྲང་། མུ་སྟེགས་རྟག་ལྟ་བ་ནི་ཆུབ་པ་སྣང་བའི་ཕྱོགས་སུ་གོལ་ཏེ། དེ་ལ་བཞི་སྟེ། རང་བཞིན་རྟག་པར་འདོད་པ་གྲགས་ཅན་པ་དང་། རིག་པ་རྟག་པར་འདོད་པ་ཚངས་པའི་དང་། བྱེད་པ་པོ་རྟག་པར་འདོད་པ་དབང་ཕྱུག་དང་ཁྱབ་འཇུག །རྡུལ་ཕྲན་རྟག་པར་འདོད་པ་བྱེ་བྲག་པའོ། །ཆད་ལྟ་བ་ནི་བྱང་བ་སྟོང་པའི་ཕྱོགས་སུ་གོལ་བ་ཡིན་པས། དེ་ལ་བཞི་སྟེ། ཚེ་སྔ་ཕྱི་མེད་པ་དང་། ལས་རྒྱུ་འབྲས་མེད་པ་དང་། མ་མཐོང་བའི་འགྲོ་བ་མེད་པ་དང་། ཐམས་ཅད་མཁྱེན་པའི་སངས་རྒྱས་མེད་པར་འདོད་པའོ། །དེ་ལྟར་རྟག་ཆད་གཉིས་ཀར་གང་ཟག་གང་གི་བློ་ཞེན་པ་དེ་དག་ནི། ཆོས་ཉིད་ཀྱི་དོན་བཅུད་ཀྱི་སྙིང་པོ་གཞི་དོན་བྱང་ཆུབ་ཉིད་ལས་གོལ་བར་སངས་རྒྱས་ཀྱིས་གསུངས་སོ། །གསུམ་པ་ཞོར་ལ་ལ་བཟླ་བའོ། །དྲང་། ཁམས་གསུམ་གྱི་ས་ནི་འདོད་ཁམས་ས་གཅིག །གཟུགས་ཁམས་ཀྱི་བསམ་གཏན་བཞིས་བཞི། གཟུགས་མེད་སྐྱེ་མཆེད་མུ་བཞིས་བཞི་དང་དགུ་པོ་དེའི་ཞེན་པ་དག་པའི་གཉིས་མེད་ཀྱི་ཡེ་ཤེས་ནི། ས་དགུའི་སྣང་བ་མ་སྤང་བར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་དུ་གསལ་བའམ་དག་པས་བཅོམ་ཞེས་བྱའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པར་གོལ་བ་ལ་གཉིས་ཏེ། རྒྱུའི་ཐེག་པར་གོལ་བ་དང་། སྔགས་ཕྱི་པར་གོལ་བའོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་ཉན་ཐོས་ཀྱི་ཐེག་པར་གོལ་བ་དང་། དྲང་། བདེན་བཞི་གཉིས་སུ་མེད་པའི་དོན་མ་རྟོགས་པའི་ཉན་ཐོས་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་འཁོར་བའི་འབྲས་བུ་སྡུག་བསྔལ་དང་། རྒྱུ་ཀུན་འབྱུང་དང་། མྱང་འདས་ཀྱི་འབྲས་བུ་འགོག་པ། རྒྱུ་ལམ་གྱི་བདེན་པ་དང་བཞིའི་དངོས་པོ་གྲུབ་པར་ཡོད་པར་བལྟ་ཤིང་། འཁོར་བའི་རྒྱུ་འབྲས་སྤང་བར་བྱེད་པ་དང་། འདས་པའི་རྒྱུ་འབྲས་མི་སྤང་བར་དང་དུ་ལེན་པར་བྱེད་པར་འགྱུར་བས་ན། དེ་ལྟ་བུ་འདི་ནི་བདེན་བཞི་ཉན་ཅིང་ཐོས་པའི་དོན་གཞན་ལ་སྒྲོག་པར་བྱེད་པས་ན། ཐོས་སྒྲོགས་ཉན་ཐོས་ཀྱི་ཐེག་པའི་ས་པ་ཞེས་བྱ་བར་གོལ་བ་ཡིན་ནོ། །དེ་ཡང་ཤེས་བྱ་བདེན་པ་བཞི་གཏན་ལ་འབེབ་པར་བྱེད་པ་ལ་ཤེས་བྱེད་སྐད་ཅིག་བཅུ་དྲུག་སྟེ། དང་པོ་སྡུག་བསྔལ་གྱིས་བཞི་ནི། མི་རྟག །སྡུག་བསྔལ། སྟོང་པ། བདག་མེད་པའོ། །དེ་ཡང་རྫོགས་ཆེན། ལམ་གྱི་ཀློང་ལས། རྐྱེན་གྱིས་སྐྱེ་ཞིང་རང་དབང་མེད། མི་རྟག །གསུམ་མམ་བརྒྱད་ཀྱིས་གནོད་པར་སྡུག་བསྔལ་ལོ། །བདག་གི་ལྟ་བའི་མི་མཐུན་ཕྱོགས་སྟོང་པ། ལྔ་ཕུང་བདག་ཏུ་བལྟར་མེད་སྟོང་པ་ཉིད། ཅེས་སོ། །གཉིས་པ་ཀུན་འབྱུང་གི་བཞི་ནི། རྒྱུ་ཀུན་འབྱུང་རྐྱེན་གྱི་རྣམ་པ་རབ་ཏུ་སྐྱེ་བའོ། །དེ་ཉིད་ལས། དེ་རྒྱུ་ལས་ཉོན་ཕུང་པོའི་ས་བོན་ལྟར། །དེ་ལས་རྒྱུ་དྲུག་ཁམས་གསུམ་འབྱུང་བའོ། །བག་ཆགས་བརྟས་ཤིང་རྣམ་པར་སྨིན་བྱེད་རྐྱེན། །རྒྱུ་རྐྱེན་འབྲེལ་ནས་ཁམས་གསུམ་རབ་ཏུ་སྐྱེས། །ཞེས་སོ། །གསུམ་པ་འགོག་པའི་བཞི་ནི། འགོག་པ། ཞི་བ་གྱ་ནོམ་པ། ངེས་པར་འབྱུང་བའོ། །དེ་ཉིད་ལས། རྒྱུ་རྐྱེན་བྲལ་བས་ཕུང་ཁམས་འཇིག་ཕྱིར་འགོག །སྡུག་བསྔལ་མེད་པས་གསུམ་མི་འབྱུང་ཞིབ་གནས། ཕྱིས་ཀྱང་ཁམས་གསུམ་སྡུག་བསྔལ་བྲལ་གྱ་ནོམ། བདེ་བར་ཕྱིན་ཏེ་སྐྱོན་ལས་ངེས་པར་འབྱུང་། །ཞེས་སོ། །བཞི་པ་ལམ་གྱི་བཞི་ནི། ལམ། རིག་པ། སྒྲུབ་པ། ངེས་པར་འབྱིན་པའོ། །དེ་ཉིད་ལས། འཕགས་པའི་སར་ཞུགས་མྱ་ངན་འདས་འཕྲོ་ལམ། །འཁྲུལ་བའི་གཉེན་པོ་ཚད་མར་གྱུར་ཕྱིར་རིགས། །ཕྱིན་ཅི་ལོག་སྤང་ཡང་དག་ཐོབ་ཕྱིར་སྒྲུབ། །འཁོར་བར་མི་སྐྱེ་འདས་ལ་ངེས་པར་འབྱིན། །ཞེས་སོ། །གཉིས་པ་རང་སངས་རྒྱས་ཀྱི་ཐེག་པར་གོལ་བ་དང་། དྲང་། ལས་གསུམ་དང་ཉོན་མོངས་པ་ལྔས་རྟེན་འབྲེལ་གྱི་ཆོས་ཐམས་ཅད་ལ། གསང་སྔགས་ལྟར་མཉམ་པ་ཆེན་པོའི་དོན་ཉིད་དུ་ངོ་མི་ཤེས་ཤིང་། ནང་རྟེན་ཅིང་འབྲེལ་བ་བཅུ་གཉིས་ནི། མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ། མིང་གཟུགས། སྐྱེ་མཆེད་དྲུག རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ། །ཕྱིའི་རྒྱུ་འབྲས་བཅུ་གཉིས་ལས། རྒྱུ་དང་འབྲེལ་བ་དྲུག་ནི། སས་བརྟེན། ཆུས་བསྡུས། མེས་སྨིན། རླུང་གིས་གཡོས། ནམ་མཁས་གོ་འབྱེད། དུས་ཀྱིས་འགྱུར་བའོ། །འབྲས་བུ་དང་འབྲེལ་བ་དྲུག་ནི། ས་བོན། མྱུ་གུ། སྡོང་བུ། ཡལ་ག །མེ་ཏོག །དེ་ལ་འབྲས་བུའོ། །དེ་ལྟར་ཕྱི་ནང་གི་རྟེན་འབྲེལ་ལུགས་འབྱུང་ལྡོག་གཉིས་ཡོད་པར་འཛིན་ཅིང་། དེ་ཡང་ལུགས་འབྱུང་དགགས་བྱ་དང་། ལུགས་ལྡོག་བསྒྲུབ་བྱར་བྱེད་ན། དེ་ལྟ་བུའི་གང་ཟག་འདི་ནི་རང་སངས་རྒྱས་ཀྱི་ཐེག་པའི་ས་ཞེས་བྱ་བར་གོལ་བ་ཡིན་ནོ། །གསུམ་པ་བྱང་ཆུབ་སེམས་དཔའི་ཐེག་པར་གོལ་བ་དེ་ལ་གཉིས་ཏེ། བགྲང་། དང་པོ་བྱང་ཆུབ་སེམས་དཔའ་རང་གི་འདོད་གཞུང་དང་། དྲང་། བདེན་གཉིས་དབྱེར་མེད་མཉམ་པའི་དོན་ཉིད་བལྟ་བས་མི་ཤེས་ཤིང་། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ལ། སོ་སོའི་སྐྱེ་བོའི་སྣང་བ་ལོག་པའི་ཀུན་རྫོབ་དང་། འཕགས་པའི་རྗེས་ཐོབ་སྒྱུ་མར་སྣང་བ་ཡང་དག་པའི་ཀུན་རྫོབ་དང་གཉིས་སོ། །དང་པོ་ལ་གཉིས་ཏེ། དབང་པོར་སྣང་ཞིང་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ་དང་། སྣང་ཞིང་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་བོ། །དོན་དམ་པའི་བདེན་པ་ལའང་གཉིས་ཏེ། བློ་རིགས་ཤེས་ཀྱིས་དོན་དམ་བཏགས་པ་དང་། འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་མཚན་ཉིད་པ་དང་། དེ་ལྟར་བདེན་པ་གཉིས་ཐ་དད་དུ་འབྱེད་པར་བྱེད་པ་སྟེ། དེ་ཡང་དོན་དམ་ལ་ཕྲ་བ་ཆོས་ཀྱི་བདག་དང་། རག་པ་གང་ཟག་གི་བདག་དང་གཉིས་ཀ་མེད་པར་འདོད་པས་ན། དེ་ལྟ་བུའི་གང་ཟག་འདི་ནི་བྱང་ཆུབ་སེམས་དཔའི་ས་པ་ཞེས་བྱ་བར་གོལ་བ་ཡིན་ནོ། །གཉིས་པ་དེ་ལས་གསང་སྔགས་ཐབས་ཀྱི་ཐེག་པ་ཁྱད་པར་དུ་དཔག་པ་དེ་ལ་གཉིས་ཏེ། བདེན་གཉིས་ཀྱི་ཁྱད་པར་དཔགས་ཚུལ་དང་། ལྟ་སྤྱོད་དབྱེར་མེད་ཀྱི་དཔག་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་བྱང་སེམས་ཀྱི་ཀུན་རྫོབ་ཀྱི་འདོད་གཞུང་དང་། དྲང་། ཐེག་དམན་ཉན་རང་ལས་འཕགས་པའི་བླ་ན་མེད་པའི་ཐེག་པ་ཆེན་པོའི་ནང་ནས་བྱང་ཆུབ་སེམས་དཔའ་ནི། ཆོས་ཉིད་དོན་དམ་སྐྱེ་མེད་སྟོང་པའི་ངང་དུ་ནི་ཡོད་མེད་ལ་སོགས་པའི་ཆོས་ཐམས་ཅད་དབྱེ་རུ་མེད་པས་དབྱེར་མེད་དེ་ཀུན་རྫོབ་རྒྱུ་ཙམ་དུ་སྣང་བ་ཐམས་ཅད་ལ། དངོས་པོར་སྣང་ཞིང་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ་དང་། སྣང་ཡང་དོན་བྱེད་མི་ནུས་པ་སྟེ་མ་དག་པ་ལོག་པའི་ཀུན་རྫོབ་གཉིས་ཀར་འཛིན་ནོ། །གཉིས་པ་གསང་སྔགས་ཀྱི་བདེན་གཉིས་ཀྱི་འདོད་གཞུང་གི་དཔག་ཚུལ་ལོ། །དྲང་། ཉོན་མོངས་པ་ལ་སྤྱད་པ་ལྟར་སྣང་ཡང་ལྟ་སྒོམ་གྱི་སྟོབས་ཀྱིས་མི་འཆིང་བའི་གསང་སྔགས་ཐབས་མཁས་ཀྱི་ཐེག་པ་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་གའི་ལུགས་ནི། རྣམ་པར་བྱང་བ་མྱ་ངན་ལས་འདས་པ་དང་། ཀུན་ནས་ཉོན་མོངས་ཞིང་སྡུག་བསྔལ་འཁོར་བའི་ཆོས་དག། དོན་དམ་པར་དཀོར་བདུན་དུ་དབྱེར་མེད་ཡིན་པ་ལྟ་ཅི་སྨོས། ཕུང་ཁམས་སྐྱེ་མཆེད་ཀུན་རྫོབ་ཀྱི་ཆོས་རྣམས་རིག་པ་ཡེ་ཤེས་སྒྱུ་མ་ཉིད་དུ་ཡང་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འདོད་པས་དབྱེར་མེད་པ་ཡིན་ཏེ། དེ་ལྟར་ན་བྱང་སེམས་དང་མ་ཧཱ་ཡོ་ག་གཉིས་ལྟ་བ་མཐོ་ད མན་གྱི་ཁྱད་པར་ནི་དེ་ཙམ་མོ། །དེའི་ཕྱིར་གསང་སྔགས་ཐབས་ཀྱི་ཐེག་པ་ཁྱད་པར་དུ་དཔག་པའོ། །གཉིས་པ་ལྟ་སྤྱོད་དབྱེར་མེད་ཀྱིས་དཔགས་ཚུལ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་དྲང་། ནང་པ་ཐབས་ཀྱི་ཐེག་པ་གསང་སྔགས་ཀྱི་ལྟ་བ་དང་། དེ་དང་ཡ་མི་བྲལ་བའི་སྤྱོད་པ་གཉིས་གཞན་ལས་ཁྱད་པར་དུ་གྱུར་པས་ཆེན་པོ་ནི། བླ་ན་མེད་པའི་ཐེག་པ་བྱང་སེམས་ཀྱི་ལྟ་སྤྱོད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཇི་ལྟར་འཕགས་ཞེ་ན་འདི་ལྟ་སྟེ། གཉིས་པ་རྒྱས་པ་དེ་ལ་གསུམ་སྟེ། བགྲང་། དང་པོ་ལྟ་བ་ཆོས་ཀུན་དབྱེར་མེད་མངོན་སུམ་དུ་རྟོགས་པའི་ཁྱད་པར་དང་། དྲང་། བྱང་སེམས་དབུ་མའི་དོན་དམ་སྟོང་པ་ཕྱོགས་གཅིག་པ་ཡིན་པ་ལ། འདིར་མ་ཧཱ་ཡོ་གའི་དོན་དམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོའི་ངང་དུ་ནི་འཕགས་པའི་དཀོར་བདུན་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དབྱིངས་ཡེ་ཤེས་གཉིས་ཏེ་བདུན་ལྷུན་གྱིས་གྲུབ་པས་འཕགས་པ་ཡིན་ནོ། །བྱང་སེམས་དབུ་མའི་ཀུན་རྫོབ་ནི་དག་མ་དག་དང་འཁྲུལ་མ་འཁྲུལ་དུ་འཛིན་ལ། འདིར་མ་ཧཱའི་ཀུན་རྫོབ་ཙམ་དུ་ནི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ངང་དུ་བཟང་ངན་མེད་པར་མཉམ་ཞིང་རྫོགས་པར་འདོད་པས་དཔགས་སོ། །ཆོས་ཐམས་ཅད་བདེན་པ་དབྱེར་མེད་ཡང་དག་པའི་དོན་རྟོགས་པའི་སྐྱེས་བུ་མཆོག་གམ་དམ་པར་གྱུར་པ་ཡིས། དེ་ལྟར་དོན་དམ་ཀུན་རྫོབ་དེ་གཉིས་ཚིག་ལ་ཐ་དད་ཀྱང་དོན་ལ་དབྱེར་མེད་པར་ཕྱིར་ཅི་མ་ལོག་པར་ཡང་དག་པ་ཉིད་དུ་བློས་གཏིང་ཕྱིན་པར་རབ་ཏུ་རྟོགས་པས། བྱང་སེམས་ཀྱི་བདེན་གཉིས་ཐ་དད་དུ་འདོད་པ་ལས་དཔགས་པའོ། །གཉིས་པ་སྤྱོད་པ་མཉམ་པ་ཉིད་ལས་མ་གཡོས་ཤིང་ཅིར་ཡང་སྟོན་པ་དང་། དྲང་། དེ་ལྟར་བདེན་པ་དབྱེར་མེད་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་བཞིན་དུ་སྤྱོད་པའི་བྱེ་བྲག་མི་འགག་པའི་ཐབས་ཀྱིས་དོན་ལས་མི་འདའ་བའི་ཕྱག་རྒྱ། སྤྱོད་པ་སྤང་བླང་དགག་སྒྲུབ་ཅན་ལས་ཁྱད་པར་དུ་གྱུར་པས་ཆེན་པོར་སྟོན་པས་དཔགས་སོ། །གསུམ་པ་ལྟ་སྤྱོད་གཉིས་མེད་རྣམ་དག་ཆེན་པོར་བསྟན་པ་ལ་གཉིས་ཏེ། བགྲང་། དང་པོ་ངོ་བོ་ཐབས་ཤེས་གཉིས་མེད་རྣམ་དག་ཏུ་བསྟན་པ་དང་། དྲང་། སྤྱོད་པ་ཐབས་དང་ལྟ་བ་ཤེས་རབ་གཉིས་སུ་མེད་ཅིང་རྣམ་པར་དག་པས་བྱང་སེམས་ཀྱི་ལྟ་སྤྱོད་ཐ་དད་ལས་དཔགས་སོ། །གཉིས་པ་དེ་ཉིད་གཉིས་མེད་རྣམ་དག་ཆེན་པོར་ལ་བཟླ་བའོ། །དྲང་། ཀུན་རྫོབ་ཏུ་ཕུང་པོ་འབྱུང་བ་རྣམ་ཤེས་ཐམས་ཅད་རྣམ་པར་དག་ཅེས་བྱ་བ་དེ་ཡང་། ཐེག་འོག་ལྟར་ཀུན་རྫོབ་ཀྱི་དངོས་པོ་སྤང་འགེག་སྦྱངས་པའི་ཐབས་ཀྱིས་བསལ་ནས་དག་པ་མ་ཡིན་ཏེ། འོ་ན་ཇི་ལྟར་ཞེ་ན། ཀུན་རྫོབ་སྣང་བ་རྡོ་བ་དང་། སྤྱོད་པ་རྡོ་བའི་དུས་ཉིད་ན་སྐུ་དང་ཡེ་ཤེས་སུ་རྣམ་པར་དག་པའོ། །རྒྱུ་མཚན་དེའི་ཕྱིར་ན་ཀུན་རྫོབ་ཀྱི་སྣང་བ་རྫུན་པ་ཁོ་ན་ཡང་མི་བལྟ་བ་སྟེ་སྣང་བ་མི་སྤང་བའི་ཕྱིར་དཔགས་པའོ། །གཉིས་པ་སྔགས་ཕྱི་པར་གོལ་བ་ལ་གཉིས་ཏེ། བགྲང་། དང་པོ་ཀྲི་ཡར་གོལ་བ་དང་། དྲང་། འཁོར་འདས་གཉིས་མེད་མཉམ་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དོན་མ་ཤེས་པས། དོན་དམ་དུ་སྐྱེ་འགག་གཅིག་དང་དུ་མའི་མཐའ་བཞིའི་དྲི་མ་དག་པ་ཆོས་ཉིད་ཙམ་དེ་ཉིད། མེ་ལོང། མཉམ་ཉིད། སོར་རྟོག །བྱ་གྲུབ་ཡེ་ཤེས་བཞིར་ཤར་བའི་ཡོན་ཏན་ལ་ཀུན་རྫོབ་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་སྣང་ཡང་། ཉམས་སུ་བླངས་དུས་ལྷ་ཡེ་ཤེས་སེམས་དཔའ་ལ་དངོས་གྲུབ་རེ་བའི་ཚུལ་གྱིས་མདུན་གྱི་ནམ་མཁར་བསྒོམ་པའམ། བདེན་གཉིས་རེས་སྒོམ་བྱེད་ཅིང་ཁྲུས་དང་གཙང་སྦྲའི་བྱ་བ་ལས་ཀྱི་སྒོ་ནས་འབྲས་བུ་གྲུབ་པར་འདོད་པ་ཀྲི་ཡའི་ས་སྟེ་དེར་གོལ་བའོ། །གཉིས་པ་ཡོ་གར་གོལ་བའོ། །དྲང་། འཁོར་འདས་དབྱེར་མེད་ལྷུན་གྲུབ་མཉམ་པ་ཆེན་པོའི་དོན་མ་མཐོང་ཞིང་མ་རྟོགས་པས། འཁོར་འདས་ཀྱི་ཆོས་ཀུན་དོན་དམ་སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་ངང་དུ་རྣམ་པར་དག་སྟེ། དེ་རྟོག་པའི་ཡེ་ཤེས་ཀྱི་བྱིན་རླབས་ཀུན་རྫོབ་ཏུ་རིགས་ལྔ་ལ་སོགས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་སོ་བདུན་ལ་སོགས་པར་སྤྲུལ་ཅིང་སྣང་བས། ལྷ་རྟོག་གམ་དཀར་གསུམ་ལ་སོགས་དམ་རྫས་ལ་བླང་དོར་བྱེད་ཅིང་དགོངས་པ་ཏིང་ངེ་འཛིན་གཙོ་ཆེར་སྟོན་པས་རྣལ་འབྱོར་ཏེ། ཡོ་གའི་སར་གོལ་བའོ། །གསུམ་པ་དོན་མ་ནོར་བར་དམིགས་ནས་གྲུབ་མཐའ་བླངས་པ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། གོང་དུ་བསྟན་པ་དེ་ལྟར་གཞལ་བྱ་འཁོར་འདས་ཀྱི་དངོས་པོ་གཏན་ཚིག་གིས་བརྟག་ཅིང་རྣལ་འབྱོར་པའི་ཤེས་རབ་ཀྱིས་མིག་ཕྱེས་ཏེ་བསལ་ནས། རང་གཞུང་མ་ནོར་བའི་དོན་གྱི་གྲུབ་མཐའ་དམིགས་ནས་བླངས་བར་བྱ་བ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། གསང་སྔགས་བླ་མེད་ཀྱི་གྲུབ་མཐའ་གཉམས་པ་ཉིད་ངོ་བོ་དང་། ལྟ་བ་ཡོད་མེད་ཕྱོགས་རེར་འཛིན་པས་མཉམ་པ་ཉིད་ལས་གོལ་ཚུལ་དཔེ་དང་བཅས་པ་དང་། ཡོད་མེད་སྒྲ་ཙམ་དུ་བརྟག་ཏུ་རུང་ཡང་། དོན་ལ་ཡོད་མེད་ཀྱི་མཐའ་ལས་གྲོལ་ཚུལ་དང་། དེ་སྐྱེས་བུ་མཆོག་གི་སྤྱོད་ཡུལ་ཡིན་པས་རྟོགས་པར་གདམས་པའོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་ལྟ་བ་རྟོགས་པའི་ངོ་བོ་ལ་འཁོར་འདས་ཀྱི་ལྟ་བ་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་མཉམ་ཚུལ་དང་། དྲང་། གོང་དུ་བསྟན་པའི་འདས་པའི་ཐེག་པ་མཐོན་པོ་གསང་སྔགས་པ་དང་། དམན་པ་ཐེག་དམན་ཐམས་ཅད་ཀྱི་ལྟ་བ་དང་། ཁམས་གསུམ་ས་དགུ་དང་། མུ་སྟེགས་རྟག་ཆད་གཉིས་ཏེ་འཇིག་རྟེན་པའི་ལྟ་བ་མ་ལུས་པ་ཐམས་ཅད་ཀུན། དོན་རང་བྱུང་གི་ཡེཤེས་ཆེན་པོ་རྟོགས་པའི་ངོ་བོར་རབ་ཏུ་བརྟག་ན། དོན་དམ་པར་ལྟ་བ་དང་ཐེག་པ་དེ་དག་རང་བཞིན་ཅིར་ཡང་གྲུབ་པ་མེད་པ་ལས་ཀུན་རྫོབ་ཏུ་ལྟ་བ་དང་ཐེག་པ་དེ་དག་ཅིར་ཡང་སྣང་ཞིང་གྲུབ་པའོ། །དེ་ལྟར་ལྟ་བ་དང་ཐེག་པའི་རིམ་པ་ཇི་ལྟར་སྣང་ཡང་། དེ་དག་གི་རང་བཞིན་ཆོས་ཉིད་མཉམ་པ་ཉིད་ཀྱིས་དབྱིངས་ལས་ཉམས་ཤིང་གཡོས་པ་མེད་པས་ན་སྣང་སྟོང་མཉམ་པ་ཉིད་དོ། །གཉིས་པ་མཉམ་དུས་ལྟ་བ་ཕྱོགས་འཛིན་གྱི་རྟོག་པ་མེད་ཚུལ་དང་། དྲང་། འོ་ན་ཆོས་ཉིད་མཉམ་པ་ཉིད་བྱ་བའི་དོན་ཉིད་རང་ཇི་ལྟ་བུ་ཞེ་ན། མཉམ་པ་ཉིད་ཀྱི་རང་བཞིན་ཕྱོགས་གཅིག་ཏུ་གང་དུ་ཡང་ངོས་བཟུང་དུ་མེད་དེ། ཕྱོགས་མེད་དུ་ཆོས་ཀུན་ཏུ་འཆར་བ་ཡིན་ལ་མཉམ་པ་དེའི་ངོ་བོ་སྣང་སྟོང་ཕྱོགས་རེར་འདི་འདྲར་བསྟན་དུ་མེད་པའི་ཕྱིར། དེ་ལ་མཉམ་པ་དང་མི་མཉམ་པ་ཉིད་དུ་འཛིན་པའི་རྟོག་པ་གང་ཡང་མེད་དོ། །གསུམ་པ་དེ་བཞིན་དོན་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན་པར་བསྟན་པ་དེ་ལ་གསུམ་སྟེ། བགྲང་། དང་པོ་བྱང་ཆུབ་སེམས་ལ་འགྲོ་འོང་མེད་ཅིང་རང་རིག་པ་ཡིན་པར་བསྟན་པ་དང་། དྲང་། འཁོར་འདས་མཉམ་པ་ཉིད་ཀྱི་དོན་བྱང་ཆུབ་ཀྱི་སེམས་ཡིན་ནོ་ཞེས་ཚིག་ཏུ་བརྗོད་པའི་དོན་ནི་ཅི་ལྟ་བུ་ཞེ་ན། དང་པོ་གང་ནས་ཀྱང་མ་འོངས་པས་སྐྱེ་བ་མེད་པ། ཐ་མ་གར་ཡང་མི་འགྲོ་བས་འགགས་པ་མེད་པ་སྟེ། ད་ལྟར་གང་ནའང་མི་གནས་ཏེ་ཡུལ་ཡུལ་ཅན་གྱི་རྟོགས་པ་གང་ཡང་མེད་པས་རང་རིག་པ་ཁོ་ན་ཙམ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རང་རིག་པ་བྱང་ཆུབ་ཀྱི་སེམས་ལ་གནས་པའོ། །གཉིས་པ་དེ་དམིགས་སུ་མེད་ཚུལ་དང་། དྲང་། བྱང་ཆུབ་སེམས་རྣམས་ཐམས་ཅད་ཀྱིས་དོན་ནི་སྣང་སྟོང་ལ་སོགས་པ་ཕྱོགས་རེ་བ་ངོས་བཟུང་དང་བྲལ་བས་ཉི་མའི་སྙིང་པོ་ལྟར་ཤིན་ཏུ་བློས་བརྟག་པར་དཀའ་ཞིང་རྒྱ་མཚོ་ལྟར་གཏིང་ཟབ་པས། དངོས་པོའི་ཆོས་སུ་མ་དམིགས་པས་བྱང་། དངོས་མེད་ཀྱི་ཆོས་སུ་མི་དམིགས་པས་ཆུབ། ཐ་དད་ཀྱི་ཆོས་སུ་དམིགས་བུ་མེད་པ་ཡིན་ཏེ། གསུམ་པ་དབྱེར་མེད་བྱང་ཆུབ་སེམས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཡིན་པར་བསྟན་པའོ། །དྲང་། སེམས་ཉིད་དེ་ནི་དོན་ཅི་ལྟ་བུ་ཞེ་ན། བྱང་ཆུབ་དེ་ཉིད་ནི་སེམས་ཉིད་རང་སྣང་བ་ཡིན་ནོ། །དེས་ན་སེམས་དང་བྱང་ཆུབ་གཉིས་སུ་མེད་ཅིང་དབྱེར་མེད་པས་ན། ཁམས་གསུམ་འཁོར་བའི་སེམས་ཅན་ལྷག་གམ་མ་ལུས་པ་ཐམས་ཅད་དང་། དུས་གསུམ་གྱིས་བསྡུས་པའི་ཆོས་རྣམས་ཐམས་ཅད་སེམས་ཆོས་ཉིད་བྱང་ཆུབ་སེམས་འབའ་ཞིག་ཡིན་ནོ། །གཉིས་པ་ལྟ་བ་ཡོད་མེད་ཕྱོགས་རེར་འཛིན་པས་མཉམ་པ་ཉིད་ལས་གོལ་ཚུལ་དཔེ་དང་བཅས་པ་དང་། དྲང་། འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་པ་ལ་འཁོར་འདས་ཀྱི་ལྟ་བ་ཕྱོགས་རེའི་དངོས་པོར་ཡོད་པ་ལས་བཙལ་ན་མཉམ་པ་ཉིད་ལ་སྒྲོ་བཏགས་པ་ཡིན་ཏེ། གང་ཞེ་ན། དགེ་སྡིག་གི་ལས་དངོས་པོ་ཡོད་པར་འཛིན་ནས་འདོད་ཁམས་པས་སྒྲོ་བཏགས། མི་གཡོ་བའི་ལས་ཡོད་པར་འཛིན་ནས་སྒོམ་པས་ཁམས་གོང་མ་གཉིས་ཀྱིས་སྒྲོ་བཏགས། རྟག་ཆད་ཡོད་པར་འཛིན་ནས་མུ་སྟེགས་པས་སྒྲོ་བཏགས། བདེན་བཞིའི་དངོས་པོར་ཡོད་པར་འཛིན་ནས་ཉན་ཐོས་ཀྱིས་སྒྲོ་བཏགས། རྟེན་འབྲེལ་རྒྱུ་འབྲས་ལུག་འབྱུང་ལྡོག་ཡོད་པར་འཛིན་ནས་རང་རྒྱལ་གྱིས་སྒྲོ་བཏགས། བདེན་པ་གཉིས་ཐ་དད་དུ་འདོད་ནས་བྱང་སེམས་ཀྱིས་སྒྲོ་བཏགས། དོན་དམ་ཆོས་ཉིད་དང་ཀུན་རྫོབ་ལྷའི་དཀྱིལ་འཁོར་རེས་བསྒོམ་བྱེད་ནས་ཀྲི་ཡས་སྒྲོ་བཏགས། ཆོས་ཀུན་རྣམ་པར་དག་པའི་ཡེ་ཤེས་ཀྱི་བྱིན་རླབས་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སྤྲུལ་པར་འདོད་ན་ཡོ་གའི་སྒྲོ་བཏགས་པ་དང་བརྒྱད་དུ་ལྟུང་བར་འགྱུར་རོ། །ཕྱོགས་མེད་དུ་འཁོར་འདས་ཀྱི་ལྟ་བ་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་དུ་གཅིག་ཀྱང་རང་གི་ལྟ་བ་ལས་གཞན་པའི་ཕྱོགས་ཐམས་ཅད་མེད་པ་ལས་བཙལ་ན་མཉམ་པ་ཉིད་ལ་སྐུར་པ་བཏབ་པ་ཡིན་ཏེ། གང་ཞེ་ན། དུག་ལྔ་རང་གཞན་གི་ལྟ་བ་མི་མཉམ་པའི་རྒྱུད་ལྔའི་སེམས་ཅན་གྱིས་བསྐུར་བ་བཏབ། དགེ་སྡིག་དང་གཞན་གྱི་ལྟ་བ་མི་མཉམས་པས་འདོད་ཁམས་ཀྱིས་ཚད་མེད་དང་བསམ་གཏ ན་དང་མི་མཉམ་པས་གཟུགས་ཁམས་ཀྱིས། སྐྱེ་མཆེད་བཞི་དང་མི་མཉམ་པས་གཟུགས་མེད་ཀྱིས། རྟག་ཆད་དང་མི་མཉམ་པས་མུ་སྟེགས་ཀྱིས༴ བདེན་བཞི་དང་མི་མཉམ་པས་ཉན་ཐོས་ཀྱིས༴ རྟེན་འབྲེལ་དང་མི་མཉམ་པས། རང་རྒྱལ་གྱིས༴ བདེན་གཉིས་དང་མི་མཉམ་པས་བྱང་སེམས་ཀྱི༴ གཉིས་མེད་མཉམ་པར་མ་ཤེས་པས་ཀྲི་ཡས༴ ལྷུན་གྲུབ་མཉམ་པར་མ་ཤེས་པར་ཡོ་གས་སྐུར་པ་བཏབ་པ་དང་བཅུའི་གནས་སུ་ལྟུང་ངོ་། །དེ་ལྟར་ཡོད་པ་དང་མེད་པ་གཉིས་ལས་བཙལ་བར་བྱས་ན། སྒྲོ་སྐུར་ཀྱི་གྲངས་དེ་སྙེད་ཀྱི་སྐྱོན་གྱིས་མཉམ་པ་ཉིད་ཀྱི་དོན་མི་རྟོགས་ནས་ལུང་མ་བསྟན་དུ་ལུས་པར་འགྱུར་རོ། །ཡོད་མེད་གཉིས་ལས་བཙལ་ན་སྐྱོན་ཡོད་པ་དེའི་ཕྱིར་དཔེར་ན་ནམ་མཁའ་ཡོད་ཅེས་བྱ་བ་དང་མེད་ཅེས་བྱ་བར་གང་ཟག་བླུན་པོ་རྣམས་ནི་རྩོད་པར་འགྱུར་རོ། །ཡང་ན་སྒྲོ་སྐུར་ལུང་མ་བསྟན་གྱི་སྐྱོན་གསུམ་ལས། དང་པོ། སྒྲོ་བཏགས་བརྒྱད་ནི། སེམས་ཉིད་དེ་ཡུལ་དུ་གྲུབ་པ་མེད་པ་ལས་དངོས་པོ་རང་ག་མར་སྒྲོ་འདོག་པ་སྐྱེ་བོ་དང་གཅིག །སེམས་ཉིད་སྟོང་པ་ལ་རིལ་པོར་སྒྲོ་འདོག་པ་མུ་སྟེགས་རྟག་པ་དང་གཉིས། སེམས་གཟུང་འཛིན་དང་བྲལ་བ་ལ་རྡུལ་དང་སྐད་ཅིག་གི་རྫས་རིག་ཏུ་སྒྲོ་འདོག་པ་ཉན་ཐོས་པ་དང་གསུམ། སྐད་ཅིག་གཅིག་གི་རྟེན་འབྲེལ་གྱི་རྫས་སུ་སྒྲོ་འདོག་པ་རང་རྒྱལ་དང་བཞི། རང་རིག་ཡེ་ཤེས་སྐད་ཅིག་མར་སྒྲོ་འདོག་པ་སེམས་ཙམ་དང་ལྔ། ཀུན་རྫོབ་སྒྱུ་མའམ་མ་སྐྱེས་སྟོང་པར་སྒྲོ་འདོག་པ་དབུ་མ་དང་དྲུག་རྣམ་དག་གི་ཡོན་ཏན་རིགས་སུ་རྗེ་འབངས་སུ་སྒྲོ་འདོག་པ་ཀྲི་ཡ་དང་བདུན། མ་སྐྱེས་དེ་བཞིན་ཉིད་དམ་བྱིན་རླབས་སྒྲོ་འདོག་པ་ཡོ་ག་ད ང་བརྒྱད་དོ། །གཉིས་པ་སྐུར་བཏབ་བཅུ་ནི། མ་ནོར་བའི་དོན་ལ་བསྐུར་བ་སྐྱེ་བོ་དང་གཅིག །བདག་མེད་པ་ལ་བསྐུར་བ་མུ་སྟེགས་བདག་ཏུ་ལྟ་བ་དང་གཉིས། ངེས་པར་བསྐུར་བ་ཉན་ཐོས་དང་གསུམ། ཕྱི་ནང་མ་སྤྱོད་ཡུལ་མེད་པ་ལ་བསྐུར་བ་རང་རྒྱལ་དང་བཞི། མཚན་ཉིད་ལ་བསྐུར་བ་སེམས་ཙམ་པ་དང་ལྔ། རང་བཞིན་ལ་བསྐུར་བ་རྣལ་འབྱོར་སྤྱོད་པའི་དབུ་མ་དང་དྲུག །ངོ་བོ་ཉིད་ལ་བསྐུར་བ་མདོ་སྡེ་སྤྱོད་པའི་དབུ་མ་བ་དང་བདུན། བླང་དོར་མེད་པ་ལ་བསྐུར་བ་དབུ་མ་གཞུང་ཕྱི་མོ་བ་དང་བརྒྱད། བདག་ཉིད་ཆེན་པོ་ལ་བསྐུར་བ་ཀྲི་ཡ་དང་དགུ། ལྷུན་གྱིས་གྲུབ་པ་ལ་བསྐུར་བ་ཡོ་ག་དང་བཅུའོ། །དེ་ཡང་མན་ངག་རིམ་པའི་ཕྲེང་བ་ལས། དང་པོ་ནི། སོ་སོའི་སྐྱེ་བོ་བསྐུར་བ་ཅན། །དངོས་པོ་ཡང་དག་འཛིན་བྱེད་པ། །མ་ནོར་དོན་ལ་བསྐུར་བ་ཡིན། །སྲིད་པའི་འཁོར་ལོ་བཅུ་གཉིས་རྒྱུད་གྲངས། །གཉིས་པ་ནི། བདག་མེད་དོན་ལ་སྐུར་བྱེད་ཅིང་། །བདེན་པ་གཉིས་ལ་བསྐུར་བྱེད་པ། །རྟག་ཆད་ལྟ་བས་གྲོལ་འདོད་པ། །དྲུག་གིས་ལྟ་བ་བདུན་གྱིས་བསླུས། །གསུམ་པ་ནི། བྱང་ཆུབ་སེམས་ལ་བསྐུར་བ་ནི། །སྡེ་པ་བཅོ་བརྒྱད་ནོར་ལྟ་བས། །ཡུལ་སེམས་ཕྱེ་སྟེ་སྤང་དྲགས་པ། །ཐར་པ་ཆེན་པོའི་གེགས་སུ་ཆེ། །བཞི་པ་ནི། རང་བྱུང་ཡེ་ཤེས་མ་རྟོགས་པས། །ནང་ཡོད་ཕྱི་རོལ་སྟོང་བྱེད་ཅིང་། །བདེན་པ་གཉིས་ལ་བསྐུར་བྱེད་པས། །ཙཀྲ་བཅུ་གཉིས་ལུགས་འབྱུང་བས། །རྒྱུ་འབྲས་གཉིས་མེད་བསྐུར་བ་བཏབ། །ལྔ་པ་ནི། གང་དག་དམ་པའི་ཡེ་ཤེས་ཉིད། །སྐད་ཅིག་འདོད་པས་དེ་ཀུན་རྫོབ། །འདོད་པས་མཚན་ཉིད་བསྐུར་པ་བཏབ། དྲུག་པ་ནི། རང་བཞིན་སངས་རྒྱས་མ་མཐོང་བས། །འཁྲུལ་སྣང་ཀུན་རྫོབ་དམ་པར་བརྟག །གང་འདོད་རང་བཞིན་བསྐུར་འདེབས་པས། །སྤྱན་བཟང་ལམ་དུ་བཙུད་དང་མཚུངས། །བདུད་པ་ནི། སྐྱེ་མེད་ཡེ་ཤེས་མཐོང་བ་མེད། །ཀུན་རྫོབ་རྫུན་པ་ཙམ་ལྟ་བས། །རྫུན་ཕྱིར་སྣང་བ་ཡོད་མ་ཡིན། །དམ་པ་སྤྲོས་བྲལ་དེ་མི་འདོད། །ཡེ་ནས་ངོ་བོ་ཉིད་ལ་བསྐུར། །བརྒྱད་པ་ནི། བསོད་ནམས་རྒྱུ་ལ་རག་ལུས་ཕྱིར། །ཅི་ཡང་རྟོག་མེད་སེམས་ཉིད་ལས། །དེ་ཕྱིར་བསོད་ནམས་བྱིན་རླབས་རྣམས། །མི་སྣང་དེ་བཞིན་ཉིད་ལ་བསྐུར། །བླང་དོར་མེད་པ་བསྐུར་འདེབས་པས། །དེ་དོན་ནམ་ཡང་མཐོང་བ་མིན། །དགུ་པ་ནི། ཀུན་གཞི་ཡེ་ཤེས་མ་རྟོགས་ཏེ། །ཡེ་ཤེས་གཞི་མཐོང་སྤྲོས་བྲལ་བས། །མཐོང་ན་བྱ་རྩོལ་ཡོད་མ་ཡིན། །བདག་ཉིད་ཆེན་པོ་དག་ལ་བསྐུར། །བཅུ་པ་ནི། ལྔ་པོ་མངོན་པར་བྱང་ཆུབ་པས། །སྣང་སྟོང་རེས་སློབ་གྲོགས་བལྟའོ། །རྣལ་འབྱོར་རྩོལ་བྱ་བསྒྲུབ་འདོད་པས། །ལྷུན་གྱིས་གྲུབ་པའི་དོན་ལ་བསྐུར། །གང་གི་དེ་ལྟར་གནས་བཞིན་དུ། །དེ་མི་འདོད་པས་ཕྱོགས་ཁྱེར་ནས། །ཕྱོགས་བྲལ་མི་འདོད་དེ་འདོད་པས། །བསྐུར་པའི་བསྐུར་པ་མཐའ་མར་ལྟུང་། །ཞེས་སོ། །གསུམ་པ་ལུང་མ་བསྟན་ནི། མུན་པའི་ཤེས་པ་ལུང་དུ་མ་བསྟན་པ་སོ་སོའི་སྐྱེ་བོ་དང་། ལོག་སྲེད་ལུང་དུ་མ་བསྟན་པ་རྟག་པ་དང་། ཆད་པ་ལུང་དུ་མ་བསྟན་པ་ཆད་པ་དང་། རྫས་རིགས་ཀྱིས་ལུང་དུ་མ་བསྟན་པ་ཉོན་མོངས་དང་། ཡུལ་སྟོང་གི་ལུང་དུ་མ་བསྟན་པ་རང་རྒྱལ་དང་། སྐད་ཅིག་གི་ལུང་དུ་མ་བསྟན་པ་སེམས་ཙམ་པ་དད། རྣལ་འབྱོར་ལུང་དུ་མ་བསྟན་པ་དབུ་མ་སྤྱི་དང་། རྣལ་འབྱོར་ལུང་དུ་མ་བསྟན་པ་བྱེ་བྲག་རྣལ་འབྱོར་སྤྱོད་པ་དང་། བྱ་བའི་ལུང་དུ་མ་བསྟན་པ་ཀྲི་ཡ་དང་། བརྒྱུད་པའི་ལུང་དུ་མ་བསྟན་པ་ཡོ་གའོ། །དེ་ཡང་དེ་ཉིད་ལས། དངོས་པོ་སྒྲོ་འདོག་ཡང་དག་བསྐུར་བྱེད་པས། །སྐྱེ་བོས་སྒྲོ་སྐུར་གདོད་ནས་བྲལ། །དེ་ཕྱིར་ལུང་དུ་མ་བསྟན་པ། །དང་པོའི་ཆ་ཤས་འདི་ལ་མེད། །བདག་རིལ་གཉིས་བྲལ་འདུ་ཤེས་འདས། །རྟག་པའི་སྒྲོ་སྐུར་མེད་པའི་ཕྱིར། །ལུང་དུ་མ་བསྟན་གཉིས་པ་ཡིན། །དུས་གསུམ་མཉམ་པ་ཉིད་མཐོང་ནས། །སྐྱེ་འཇིག་བྲལ་ཕྱིར་ཆད་པ་ཡིན། །ལུང་དུ་མ་བསྟན་གང་ཡང་མེད། །ཡུལ་སེམས་གཉིས་སུ་མི་ལྟ་བས། །རྫས་རིགས་ལུང་དུ་མ་བསྟན་མེད། །རྒྱུ་འབྲས་གཉིས་སུ་མེད་པའི་ཕྱིར། །ཡུལ་སྟོང་ལུང་དུ་མ་བསྟན་མིན། །རང་བཞིན་ཡེ་ནས་སངས་རྒྱས་ཏེ། །ཡེ་ཤེས་རྒྱུ་མཚན་བྲལ་བའི་ཕྱིར། །སྐད་ཅིག་ལུང་དུ་མ་བསྟན་མེད། །ཀུན་རྫོབ་དོན་དམ་གཉིས་མེད་པས། །རྣམ་པར་ལུང་དུ་མ་བསྟན་མེད། །སེམས་ཀྱི་ཆོས་ཉིད་མ་ཤེས་པས། །སྣང་སྟོང་ལུང་དུ་མ་བསྟན་མེད། །བདག་ཉིད་ཆེན་པོ་རྟོགས་པའི་ཕྱིར། །བྱ་བའི་ལུང་དུ་མ་བསྟན་མེད། །སྣང་སྟོང་དུས་གཅིག་རྫོགས་པའི་ཕྱིར། །བརྒྱུད་པའི་ལུང་དུ་མ་བསྟན་མེད། །ཅེས་སོ། །འོ་ན་དོན་མ་གྱུར་པ་གྲུབ་མཐའི་སྐབས་སུ་སྒྲོ་སྐུར་ལུང་མ་བསྟན་གྱི་སྐྱོན་གསུམ་བྱུང་བ་འདི་ནོར་བསལ་དུ་འདུག་པས་སྐབས་འཆོལ་བའི་སྐྱོན་དང་གཅིག་འདི་བཙལ་ཐབས་སུ་བྱས་ན་སྔ་མ་རྟོགས་ཐབས་གཏན་ཚིག་རྣམས་དང་བལྡབ་སྐྱོན་དུ་འགྱུར་བ་དང་གཉིས། གཏན་ཚིག་དང་གོལ་སྒྲིབ་གདར་ཤ་བཅད་པ་གཉིས་དོན་མེད་པའི་སྐྱོན་དང་གསུམ་དུ་འགྱུར་རོ། །ཞེ་ན། དེའི་སྐྱོན་མེད་དེ། དང་པོ་ནི། ལོག་ལྟའམ། གོལ་ས་བཅད་པས་རང་གཞུང་ཤུགས་ལ་རྟོགས་པར་འགྱུར་བའི་དགོས་ཆེད་དོ། །གཉིས་པ་ནི་བལྡབ་སྐྱོན་མེད་དེ། ངོ་བོ་མི་འདྲ་བས་སོ། །གསུམ་པ་ནི་སྔ་མ་གཉིས་ལ་དོན་ཡོད་དེ། སྔ་མ་གཉིས་ལ་བརྟེན་ནས་མཐའ་གཉིས། ཆོད་པར་འགྱུར་བའི་དགོས་ཆེད་ཡོད་དོ། །གསུམ་པ་ཡོད་མེད་སྒྲ་ཙམ་བརྟག་ཏུ་རུང་ཡང་དོན་ལ་དོན་ཡོད་མེད་ལས་གྲོལ་ཚུལ་ལ་གཉིས་ཏེ། བགྲང་། དང་པོ་དཔེ་དང་། དྲང་། དེ་ཡང་གང་ཟག་ནམ་མཁའི་མཚན་ཉིད་ལ་མཁས་པ་རྣམས་ཀྱིས་ནམ་མཁའི་རང་བཞིན་ཡོད་མེད་ལ་སོགས་པའི་མཐའ་ལས་གྲོལ་བ་ཡིན་ལ། ཀུན་གྱི་གོ་སྐབས་འབྱེད་པས་མེད་པར་ཁོ་ན་ཡང་མི་འཛིན་ལ། ཁ་དོག་དབྱིབས་སུ་མ་གྲུབ་པས་ཡོད་པ་ཁོ་ནར་ཡང་མི་འཛིན་ཏེ། ཡོད་མེད་གཉིས་ཀྱི་མཐའ་ཀུན་དང་བྲལ་བའོ། །གཉིས་པ་དོན་དེ་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། དེ་བཞིན་དུ་སེམས་ཉིད་རིག་རྩལ་འགག་མེད་དུ་ཅིར་ཡང་སྣང་བས་ཡོད་པ་ཀུན་གྱི་ངོ་བོ། སྣང་དུས་རང་རྒྱུད་ཅན་དུ་མ་གྲུབ་པས་མེད་པ་ཀུན་གྱི་ངོ་བོ་ཡིན་པས། ཡོད་མེད་གཉིས་ཐ་དད་མེད་དེ་གཉིས་སུ་མེད་པའོ། །སྣང་སྟོང་ཕྱོགས་རེའི་ཞེན་པ་དགྲོལ་བའི་ཕྱིར་དུ་ཡོད་མེད་ལ་སོགས་པ་སྒྲ་ཙམ་དུ་བརྗོད་དུ་རུང་མོད་ཀྱིས། དོན་སེམས་ཉིད་ཀྱི་ངོ་བོ་ལ་སྣང་སྟོང་ཕྱོགས་རེ་བ་འདི་ཁོ་ནའོ་ཞེས་རྒྱལ་བས་ཀྱང་། གཞན་ལ་བསྟན་ཅིང་རང་གིས་བརྟག་པར་དཀའ་བ་དེ་ལ། ཡོད་ཅེས་བྱ་བ་དང་མེད་ཅེས་བྱ་བ་ལ་སོགས་པ་བརྗོད་པ་ཅི་བྱར་ཡོད་དེ། ཐ་དད་མེད་ཅིང་ཡོད་མེད་མཉམ་པ་ཉིད་དོ། །གཉིས་པ་རྒྱས་པར་བཤད་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་དགོས་ཆེན་གྱི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་མིང་གི་རྣམ་གྲངས་བསྟན་པ་དང་། དྲང་། འོ་ན་སེམས་ཉིད་ཅེས་ཚིག་ཏུ་མཚོན་པ་ལ་དགོས་པ་མེད་དམ་ཞེ་ན། སེམས་ཉིད་ཡེ་གདོད་མ་ཉིད་ནས་ཕྱོགས་ཞེན་དང་བྲལ་བས་སངས་ལ། ཡེ་ཤེས་ཕྱོགས་མེད་དུ་རྒྱས་པའི་ཕྱིར་སངས་རྒྱས་སུ་གནས་པ་ཡིན་ལ། དེ་ལྟར་མིན་པར་འཛིན་པའི་ལྟ་བ་ངན་པའི་ཞེན་པ་བཟློག་པའི་དགོས་ཆེད་ཡོང་བའི་ཕྱིར་སངས་རྒྱས་ཞེས་བླ་དྭགས་ཙམ་དུ་བརྗོད་པ་དང་། གཉིས་འཛིན་གྱི་ཞེན་པ་བཟློག་པའི་ཕྱིར་གཉིས་མེད་དང་། བཟང་ངན་དང་ཐ་དད་ཀྱི་ཞེན་པ་བཟློག་པའི་ཕྱིར་མཉམ་པ་ཉིད་དང་། སེམས་ཅན་གྱི་ཞེན་པ་བཟློག་པའི་ཕྱིར་སངས་རྒྱས་དང་། གཞན་དུ་འཛིན་པའི་ཞེན་པ་བཟློག་པའི་ཕྱིར་བདག་ཉིད་ཆེན་པོ་དང་། རྩོལ་སྒྲུབ་ཀྱི་ཞེན་པ་བཟློག་པའི་ཕྱིར་མ་བཙལ་ལྷུན་གྱིས་གྲུབ་པ་དང་། མུ་མཐར་འཛིན་པ་བཟློག་ཕྱིར་མུ་མཐའ་མེད་པ་ཆོས་ཀྱི་དབྱིངས་སུ་དག་པ་དང་། ཀུན་ནས་ཉོན་མོངས་པ་འཛིན་པ་བཟློག་ཕྱིར་བྱང་ཆུབ་དང་། ཆོས་ཅན་དུ་འཛིན་པའི་ཞེན་པ་བཟློག་ཕྱིར་ཆོས་ཉིད་དང་། དངོས་འཛིན་བཟློག་ཕྱིར་སྟོང་པ་དང་། ཡིད་ཡུལ་དུ་འཛིན་པ་བཟློག་ཕྱིར་བསམ་པ་ལས་འདས་པ་དང་། བཅོས་པའི་འཛིན་པ་བཟློག་ཕྱིར་མ་བཅོས་དེ་བཞིན་ཉིད་དང་། རྒྱུ་རྐྱེན་དུ་འཛིན་པ་བཟློག་ཕྱིར་སྐྱེ་འགག་མེད་པ་དང་། ཕྱོགས་རེའི་མཐའ་འཛིན་བཟློག་ཕྱིར་མཐའ་བྲལ་དང་། འཁོར་བའི་འཛིན་པ་བཟློག་ཕྱིར་མྱ་ངན་ལས་འདས་པ་དང་། འཁྲུལ་རྟོག་གིས་བཅིང་བར་འཛིན་པ་བཟློག་ཕྱིར་རང་གྲོལ་བ་ལ་སོགས་སུ། དོན་སེམས་ཉིད་ཕྱོགས་མེད་ལས་རྒྱུ་མཚན་ཕྱོགས་རེ་ནས་གང་ཡང་མི་འགག་པར་གདུལ་བྱའི་ངོ་ལ་བླ་དྭགས་ཙམ་དུ་བརྗོད་པ་ཡིན་ནོ། །གཉིས་པ་དོན་ཚིག་ལ་མི་གནས་པར་ལ་བཟླ་བའོ། །དྲང་། གཤིས་ཡེ་གདོང་མ་ནས་ཚིག་གི་དངོས་པོ ས་མཚོན་པའི་དོན་དམ་ཚིག་ལ་མི་གནས་པས་ཚིག་ལམ་ཆད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་སེམས་ཉིད་དེ་ནི་གོང་གི་ཐ་སྙད་བླ་དྭགས་སུ་དུ་བཏགས་པ་ཀུན་གྱི་རང་བཞིན་ཡིན་པ་ལ། ཐ་སྙད་དེ་དག་སྒྲ་རུ་བརྗོད་ཅིང་ཚིག་ཏུ་བསྙད་དུ་ཅི་ཡོད་དེ་མེད་ལ། དོན་ཕྱོགས་གཅིག་འདི་ཁོ་ནའོ་ཞེས་གཞན་ལ་བསྟན་ཅིང་རང་གིས་བློས་བརྟགས་དཀའ་བ་རྒྱལ་བས་གསུངས་སོ། །བཞི་པ་དེ་སྐྱེས་བུ་མཆོག་གི་སྤྱོད་ཡུལ་ཡིན་པས་རྟོགས་གཅིག་པར་གདམས་པའོ། །དྲང་། འོ་ན་སེམས་ཉིད་དེ་དེ་སུས་ཀྱང་རྟོགས་པར་མི་འགྱུར་རམ་ཞེ་ན། རྫོགས་པའི་སངས་ལ་གཟུང་འཛིན་གྱི་སྐྱོན་གྱིས་མ་གོས་པས་ན། མ་ཆགས་པ་སྟེ་དཔེར་ན་མེ་ཏོག་པདྨ་འདམ་ནས་སྐྱེས་ཀྱང་། འདམ་གྱིས་མ་གོས་པ་དང་། འདྲ་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན་རྒྱལ་བ་ཀུན་གྱི་སྤྱོད་ཡུལ་འབའ་ཞིག་ཡིན་ཏེ། གདུལ་བྱ་ལམ་པ་མན་ཆད་ལ་ཀུན་དང་སྤྱོད་ཡུལ་ཐུན་མོང་དུ་གྱུར་པ་དོན་དེ་མ་ཡིན་པའི་ཕྱིར། དེ་ནི་བདེན་མཐོང་ཆེན་པོའི་འབྲས་བུའི་ས་པ་མངོན་སུམ་དུ་བྱས་པ་དེ་བཞིན་གཤེགས་པ་ཁོ་ནིའི་སྤྱོད་ཡུལ་དུ་གྱུར་པའོ། །ཏེ་ཞེས་པ་ལྷག་མ་ཅན་གྱི་ཚིག་སྟེ། འོ་ན་གཞན་ལམ་པ་སུས་ཀྱང་མི་རྟོགས་སམ་ཞེ་ན། རྟོགས་པར་བསྟན་ཏེ། གསང་སྔགས་ཀྱི་རིགས་དང་ལྡན་པའི་སྐྱེས་བུ་ཤེས་རབ་ཅན་གྱི་བློ་མཆོག་རྩལ་དང་ལྡན་པ་རང་བཞིན་གྱིས་དབང་རྣོན་ནམ། སྤྱང་པོའི་དབང་པོ་རྣོན་པོ་རབ་ཏུ་གྱུར་པའི་ཟག་མེད་ཀྱི་རིག་འཛིན་དང་ཟག་བཅས་ཀྱི་གང་ཟག་རྣམས་ཀྱིས་རྟོགས་སོ། །རྒྱུ་མཚན་དེའི་ཕྱིར་སྐལ་ལྡན་བློ་རྩལ་ཅན་ལམ་པ་བ་རྣམས་ཀྱིས། བརྩོན་འགྲུས་གྱིས་ཤིག་པར་གདམས་པའོ། །ལྔ་པ་ངོ་བོ་དང་རྣམ་གྲངས་ཐུན་མོང་དུ་བསྟན་པ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། རྒྱུ་ཤེས་པའི་མཚན་ཉིད་ལྟ་བའི་ངོ་བོ་དངོས་དང་མིང་གྲངས་དང་དོན་གྱི་རྣམ་གྲངས་དང་དོན་གྱི་རྣམ་གྲངས་བསྟན་པ་ལ། ལྟ་བའི་ངོ་བོ་ངོས་བཟུང་བའི་རིམ་པས་རྣམ་གྲངས་རྣམ་པར་ཕྱེ་བ་ཡིན་ནོ། །གཉིས་པ་རྒྱས་བཤད་དེ་ལ་གཉིས་ཏེ། ལྟ་བ་ངོ་བོའི་རྣམ་གྲངས་དང་། རིམ་པའི་དོན་གྲངས་སོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་ངོ་བོ་དངོས་དང་། དྲང་། མདོར་བསྟན་གྱིས་སྔ་མ་ལྟ་བའི་ངོ་བོ་རྟོགས་ནུས་པ་ཁ་ཅིག་རང་རིག་པའི་མངོན་སུམ་ལ་རྣམ་ཤེས་ཚོགས་དྲུག་གམ་ཚོགས་བརྒྱད་ཉིད་ཡེ་ཤེས་གནས་སུ་གྱུར་པའི་ཕྱིར། གྱུར་ཚུལ་ནི་ཤེས་རབ་ཀྱི་རྣམ་ཤེས་དྲུག་དབང་པོ་དྲུག་ཡུལ་དྲུག་དབྱེར་མེད་ཀྱི་ཚུལ་དུ་གནས་སུ་གྱུར་པར་བརྗོད་པ་ལྟ་བའི་ངོ་བོར་བརྗོད་པའི་དོན་ནི་ངེས་པར་མ་ནོར་བར་རང་རིག་པས་མངོན་སུམ་དུ་མཐོང་བ་དེ་ཡང་། ཚོགས་དྲུག་ཡེ་ཤེས་ལྔ་རུ་གསལ་བའི་ཕྱིར། རྣམ་ཤེས་ཚོགས་བརྒྱད་ཀྱི་ངོ་བོ་འོང་ཡེ་ཤེས་ལྔ་དེ་ཉིད་ཡིན་ཏེ། དེ་ཡང་མ་འདྲེས་པར་རྐྱང་བཀའ་དུ་ངོ་སྤྲད་པ་དང་། ཡོངས་རྫོགས་ལྷུན་གྲུབ་ཏུ་ངོ་སྤྲད་པའོ། །དང་པོ་ནི། རྣལ་མ་དོན་གྱི་ཀུན་གཞི་ཆོས་དབྱིངས་ཡེ་ཤེས་སུ་རྟོགས་པ་དང་། སྦྱོར་བ་འདུན་པའི་ཀུན་གཞི་མེ་ལོང་ཡེ་ཤེས་སུ་དང་། ཉོན་ཡིད་མཉམ་པ་ཡིད་ཀྱི་ཡེ་ཤེས་སུ་དང་། ཡིད་སོ་སོར་རྟོག་པའི་ཡེ་ཤེས་དང་། སྒོ་ལྔ་བྱ་བ་གྲུབ་པའི་ཡེ་ཤེས་སུ་རྟོགས་པའོ། །གཉིས་པ་ནི། རྣམ་ཤེས་ཚོགས་བརྒྱད་རང་བཞིན་མེད་པ་བློ་འདས་སུ་རྟོགས་པ་ཆོས་དབྱིངས་ཡེ་ཤེས་དང་། དེ་ཉིད་ཀྱི་ངོ་བོ་ལ་ཚོགས་བརྒྱད་ཡུལ་དང་བཅས་པ་གསལ་ལ་འཛིན་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། དེ་ལྟར་གསལ་སྟོང་སྔ་ཕྱི་ཐ་དད་ཆེ་ཆུང་བཟང་ངན་མེད་པ་མཉམ་ཉིད་ཡེ་ཤེས་དང་། དེའི་ངང་དུ་མ་འདྲེས་པ་ཅིར་ཡང་རང་སྣང་བའི་སོ་སོར་རྟོག་པའི་ཡེ་ཤེས་དང་། དེ་ཉིད་ལ་བདག་གཞན་གྱི་བྱ་བཙལ་མེད་པར་ལྷུན་གྱིས་གྲུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སུ་རྟོགས་པའོ། །དེ་ཡང་རྣམ་བཀོད་ལས། དེ་ཉིད་ཡེ་ཤེས་ལྔ་རྫོགས་ཏེ། །སྟོང་པའི་ཡེ་ཤེས་དངོས་པོ་མེད། །མེ་ལོང་ཡེ་ཤེས་རྟོག་པ་མེད། །མཉམ་ཉིད་ཡེ་ཤེས་ཆེ་ཆུང་མེད། །སོ་སོར་རྟོག་པ་མ་འདྲེས་གསལ། །བྱ་བ་ནན་ཏན་མཐར་ཕྱིན་པའོ། །ཞེས་སོ། །གཉིས་པ་རྣམ་གྲངས་དེ་ལ་གཉིས་ཏེ། ཚོགས་དྲུག་ལྟ་བའི་ངོ་བོའི་རྣམ་གྲངས་དང་། ཚོགས་བརྒྱད་ལྟ་བའི་ངོ་བོའི་རྣམ་གྲངས་དངོས་པོ། དང་པོ་ལ་ལྔ་སྟེ། བགྲང་། དང་པོ་སྒོ་ལྔ་ཡུལ་མེད་རང་གསལ་གྱི་ལྟ་བ་དང་། དྲང་། མིག་གི་དབང་པོ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་སྟེ་ལྔ་དང་། དམིགས་བྱ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང་། དམིགས་བྱེད་མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པ་སྟེ། དེ་ལྟར་ལྔ་གསུམ་བཅོ་ལྔ་པ་རྣམས་རང་རིག་ཏུ་དབྱེར་མེད་པར་རྟོགས་པའི་ཕྱིར་རང་སྣང་བ་ཡིན་ཏེ། གཏན་ཚིག་དེ་བས་ན་སྒོ་ལྔ་ཡུལ་དང་ཡུལ་ཅན་མེད་པར་རང་རིག་པར་གསལ་བར་རྟོགས་པའོ། །གཉིས་པ་ཡིད་ཀྱི་ཤེས་པ་དབྱིངས་རིགས་དབྱེར་མེད་ཀྱི་ལྟ་བ་དང་། དྲང་། ཤེས་བྱ་ཆོས་ཀྱི་དབྱིངས་དང་ཤེས་བྱེད་རིག་པ་ཡིད་བྱེད་པ་པོ་གཉིས་རང་བྱུང་ཡེ་ཤེས་ཀྱི་ངང་དུ་གཉིས་སུ་མེད་པར་རྟོགས་པའི་དོན། དེ་ཉིད་བཅོས་བསླད་དང་བྲལ་བས་དེ་བཞིན་ཉིད་དུ་དབྱེར་མེད་པས་ན་རྡོ་རྗེའི་རིགས་ཞེས་བྱའོ། །གསུམ་པ་ཡིད་ཀྱི་དབང་པོ་གཟུང་འཛིན་གཉིས་མེད་རང་སྣང་གི་ལྟ་བ་དང་། དྲང་། ཕྱི་གཟུང་བའི་ཡུལ་གྱིས་གསལ་ཆ་ལ་ནང་ཡིད་ཀྱི་དབང་པོ་ཤུགས་འཛིན་གྱི་ཡུལ་ཡུལ་ཅན་དང་བྲལ་བའི་རང་གི་མཚན་ཉིད་རང་གི་རིག་པ་དེ་ཉིད་དམིགས་བྱ་དམིག་བྱེད་མེད་པའི་ཚུལ་དུ་རང་སྣང་བར་རྟོགས་པའོ། །བཞི་པ་ཡིད་ཀྱི་ཡུལ་ཆོས་ཀུན་ལྷུན་གྲུབ་ཕྱི་ནང་རྣམ་དག་མཉམ་ཉིད་ཆེན་པོའི་ལྟ་བ་དང་། དྲང་། ཀུན་གཞིའི་སེམས་ཉིད་ནི་ཕྱོགས་རིས་མེད་པས་ཡངས་ཤིང་ཀུན་ལ་ཁྱབ་པས་རྒྱ་ཆེ་འཁོར་འདས་ལྷུན་གྲུབ་ཏུ་གནས་པ་དེ་ནི་ཐམས་ཅད་ཀྱི་འབྱུང་གཞིར་སྣང་བ་དེ་བས། ཡིད་ཀྱི་ཡུལ་འདུས་བྱས་ཀྱི་ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཡེ་ནས་ཆོས་ཉིད་འདུས་མ་བྱས་ཀྱི་ངོ་བོར་རྣམ་པར་དག་པ་ཡིན་ཏེ། དེ་ལྟར་འདུས་མ་བྱས་སུ་དག་པའི་དོན་རང་རིག་པའི་མངོན་སུམ་དུ་རྟོགས་པ་དེ་ཉིད་ཀྱང་འདུས་བྱས་དང་དབྱེར་མེད་པས་སྣང་སྟོང་མཉམ་པའི་དབྱིངས་ཉིད་ཡིན་ནོ། །དེ་རྟོགས་པའི་དོན་འདི་ནི་དབྱིངས་ཡེ་ཤེས་དབྱེར་མེད་པས། རྡོ་རྗེ་བཟང་ངན་མེད་པས་ན་མཉམ་པ་ཉིད་དུ་ཡིན་ནོ། །ལྔ་པ་བསྡུ་ན་ཤེས་ཡུལ་གཉིས་མེད་ཀྱི་ལྟ་བའོ། །དྲང་། ནང་རྣམ་པར་ཤེས་པ་དང་། དེས་ལོངས་སྤྱོད་པའི་ཕྱིའི་ཡུལ་གྱི་བྱེ་བྲག་རྣམས་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོར་གཉིས་སུ་མེད་པ་དེས་ན། ཡུལ་ཤེས་ཀྱིས་བསྡུས་པའི་ཆོས་ལྷག་མ་མ་ལུས་པ་ཐམས་ཅད་བྱང་ཆུབ་སེམས་སུ་རོ་གཅིག་པའི་ངང་དུ་རྫོགས་པར་རྟོགས་པའོ། །གཉིས་པ་ཚོགས་བརྒྱད་ལྟ་བའི་ངོ་བོའི་རྣམ་གྲངས་ལ་བརྒྱད་དེ། བགྲང་། དང་པོ་དོན་གཟུགས་དང་གསལ་སྟོང་དབྱེར་མེད་ཡེ་ཤེས་རང་སྣང་དུ་བསྟན་པ་སྤྱན་གྱི་ལྟ་བ་དང་། དྲང་། ཆོས་ཀུན་མ་འདྲེས་ལ་རང་སྣང་དུ་ཡོངས་སུ་རྫོགས་པར་གསལ་སྟོང་གཉིས་མེད་ནི་དོན་ཤེས་བྱ་ཡུལ་གཟུགས་ཀྱི་ལྟ་བ་དང་། བལྟ་བར་བྱ་བའི་ཡུལ་དང་ལྟ་བ་ཤེས་པ་དང་གཉིས་སུ་བྱར་མེད་པར། ཕྱོགས་བཅུས་རྒྱལ་བའི་ཞིང་ཁམས་ཐམས་ཅད་གཉིས་མེད་རང་སྣང་དུ་མཐོང་བས། ཡུལ་ཡུལ་ཅན་གང་དུ་ཡང་མ་མཐོང་བ་ནི་ཤེས་རབ་སྤྱན་གྱི་ལྟ་བ་སྟེ། ཡུལ་ཡུལ་ཅན་དུ་མཐོང་བའི་མཆོག་གོ། །གཉིས་པ་དོན་སྒྲ་དང་གྲགས་སྟོང་དབྱེར་མེད་སྙན་གྱི་ལྟ་བ་དང་། དྲང་། ཆོས་ཉིད་ཁྱབ་བརྡལ་ཆེན་པོར་ཡུལ་མེད་རང་གསལ་བ་རང་བཞིན་གོ་བའི་དོན་ནི་ཤེས་བྱའི་ཡུལ་སྒྲ་ཡི་ལྟ་བ་དང་། དེ་ཡང་ཐོས་པར་བྱ་བ་དང་ཐོས་པར་བྱེད་པ་གཉིས་མེད་པར་རང་སྣང་དུ་ཐོས་པས་ཐོས་པའི་ཕུལ་དུ་བྱུང་བ་སྟེ་ཤེས་རབ་སྙན་གྱི་ལྟ་བའོ། །གསུམ་པ་དོན་དྲི་དང་ཚོར་སྟོང་དབྱེར་མེད་ཤངས་ཀྱི་ལྟ་བ་དང་། དྲང་། གཟུང་འཛིན་གྱི་དྲི་མ་མེད་པས་དྭངས་བས་ཤེས་རབ་ཀྱི་དབང་པོ་ཚིམ་པར་བྱེད་པའི་ཆོས་ཉིད་ཀྱི་དོན་ནི་ཤེས་བྱའི་དྲིའི་ལྟ་བ་དང་། དེ་ཡང་སྣོམས་བྱ་སྣོམས་བྱེད་མེད་པར་གཉིས་མེད་རང་སྣང་དུ་ཚོར་བའི་ཤེས་རབ་ཤངས་ཀྱི་ལྟ་བའོ། །བཞི་པ་དོན་རོ་དང་མྱོང་སྟོང་དབྱེར་མེད་ལྕེའི་ལྟ་བ་དང་། དྲང་། ཆོས་ཉིད་ཀྱི་དོན་བཅུད་གཉིས་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བའི་དོན་ནི་ཤེས་བྱའི་ཡུལ་རོའི་ལྟ་བ་དང་། དེ་ཉིད་མྱོང་བར་བྱ་བའི་ཡུལ་དང་། མྱང་བར་བྱེད་པའི་སེམས་གཉིས་སུ་མེད་པར་མྱོང་བ་ནི་ཤེས་རབ་ལྗགས་ཀྱི་ལྟ་བའོ། །ལྔ་པ་དོན་རེག་བྱ་དང་རེག་སྟོང་དབྱེར་མེད་ལུས་ཀྱི་ལྟ་བ་དང་། དྲང་། དེ་ཙམ་ན་ཡང་དག་པའི་ཆོས་ཉིད་ཀྱི་དོན་ལ་རེག་པའི་དོན་ནི་ཤེས་བྱའི་ཡུལ་ལ་རེག་པའི་ལྟ་བ་དང་དེ་ཉིད་རེག་པ་ཀུན་གྱི་དངོས་གཞི་ཡིན་ཏེ། རེག་བྱ་རེག་བྱེད་དང་བྲལ་བ་ཤེས་རབ་ལུས་ཀྱི་ལྟ་བའོ། །དྲུག་པ་ཡིད་ཕྱོགས་མེད་ཡེ་ཤེས་རང་སྣང་དུ་ལྟ་བ་དང་། དྲང་། ཡུལ་ཆོས་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་སྣ་ཚོགས་པ་ཀུན་མཁྱེན་པ་ལ། ཡིད་རང་རིག་ཡེ་ཤེས་སུ་རང་དབང་བསྒྱུར་བས་རྒྱལ་པོར་རང་སྣང་བ་ནི་ཤེས་རབ་ཡིད་ཀྱི་ལྟ་བའོ། །བདུན་པ་ཉོན་ཡིད་བདག་མེད་རང་གསལ་དུ་དང་། དྲང་། ཐམས་ཅད་རང་སྣང་ཡིན་པ་དེ་བས་ན་བདག་ཏུ་འཛིན་པའི་ཉོན་ཉིད་ཀྱང་རིག་པ་རང་གསལ་བས་ན། བདག་འཛིན་དང་བཅས་དུས་བདག་དང་བྲལ་བའི་ཉོན་ཡིད་བདག་མེད་པར་རྟོགས་པའི་ལྟ་བའོ། །བརྒྱད་པ་ཀུན་གཞི་ཡེ་ཤེས་རང་གསལ་ཐམས་ཅད་མཁྱེན་པའི་ལྟ་བའོ། །དྲང་། ཕྱི་རོལ་གྱི་དོན་ཡུལ་དང་ནང་སེམས་ཅན་ཐམས་ཅད་ཀྱི་ཀུན་གཞི་རྟོག་མེད་ཀྱི་ངང་དུ་གསལ་བས་ཀུན་གཞི་རང་བྱུང་གི་ཡེ་ཤེས་ཐམས་ཅད་མཁྱེན་པའི་ལྟ་བའོ། །འོ་ན་གྲུབ་མཐའ་དང་ལྟ་བའི་ངོ་བོ་ལ་ཁྱད་ཡོད་དམ་མེད། མེད་ན་སོ་སོར་བཤད་པ་དང་འགལ་ཞིང་བལྡབ་སྐྱོན་གྱུར་ལ། ཡོད་ན་གང་ཡིན་ཞེ་ན། དེ་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་ཡོད་དེ། གྲུབ་མཐའ་ནི་ཁྱབ་ཆེ་བ་ཡིན་ཏེ། རང་གི་གྲུབ་པའི་དོན་མཐའ་བྲལ་སྤྱིའི་ཚུལ་དུ་མཐོང་བ་ལ། གཞན་གྱི་ཕྱོགས་རེའི་གནོད་པ་དང་བྲལ་བ་ཡིན་ནོ། །ལྟ་བའི་ངོ་བོ་ནི། ཚོགས་དྲུག་གམ་ཚོགས་བརྒྱད་རང་སྣང་དུ་རྟོགས་པ་ཁོ་ན་ལ་འཇུག་པས་ཁྱབ་ཆུང་པ་ཡིན་ནོ། །དེ་ཡང་རྟོགས་བྱ་དོན་གྱི་ངོ་བོ་ནི་བྱང་སེམས་མཐའ་བྲལ། རྟགས་བྱེད་བློའི་ངོ་བོ་ནི་སྒྲོ་འདོག་ཆོད་པའི་ཤེས་རབ་རྟོགས་པ་རང་གི་ངོ་བོ་ནི་དེ་མ་ཡིན་ལ་དེར་འཛིན་གྱི་སྒྲོ་འདོག་ཆོད་པས་བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། དེ་ལྟར་གསུམ་གྱི་ངོ་བོ་ཐམས་ཅད་འདུས་པ་ལ་འཇུག་པའི་ཕྱིར་རོ། །གཉིས་པ་རིམ་པའི་དོན་གྲངས་ལ་གསུམ་སྟེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། གྲང་དུ་ངོ་བོའི་རྣམ་གྲངས་སོང་ནས་ཡང་ལྟ་བའི་རྣམ་གྲངས་དངོས་ནི། ལམ་གྱི་ལྟ་བ་མཐོ་དམན་གྱི་རིམ་པའི་དོན་གྱི་རྣམ་གྲངས་དང་། རྒྱུད་དོན་མིང་གི་རྣམ་གྲངས་རྣམས་བརྗོད་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པར་བཤད་ལ་གཉིས་ཏེ། དོན་ལམ་གྱི་ལྟ་གྲངས་དང་། རྒྱུད་དོན་མིང་གི་ལྟ་གྲངས་སོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་ལྟ་བ་གཏན་ཚིག་གིས་གཏན་ལ་ཕེབ་པའི་འཕེལ་རིམ་གྱི་ལྟ་གྲངས་དང་། དྲང་། དོན་དམ་རང་བཞིན་མེད་པ་དང་། ཀུན་རྫོབ་སྒྱུ་མའི་ཡེ་ཤེས་དང་། དེ་གཉིས་མེད་དུ་མཐོང་ཞིང་རྟོགས་པ་དང་། སྤྱོད་ཡུལ་དང་བྲལ་བར་རང་རིག་པའི་མངོན་སུམ་དུ་བྱས་པ་དང་བཞིའི་རིམ་པས། རྒྱུ་གཅིག་པ་དང་། ཡིག་འབྲུའི་ཚུལ་དང་བྱིན་རླབས་དང་མངོན་སུམ་དུ་རྟོགས་པ་སྟེ་རྟོགས་པ་བཞིའི་གོ་རིམ་དང་སྦྱོར་བར་བྱའོ། །དེ་ཏིང་སྟོང་ཆེན་དང་། ཀུན་ཏིང་སྙིང་རྗེ་དང་། ཕྱག་རྒྱ་གཅིག་པ་དང་། སྤྲོས་པ་རྣམ་པ་བཞི་སྟེ་ཚོགས་ལམ་རྣལ་འབྱོར་བཞི་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་བཞི་དང་རིམ་པར་སྦྱར་བར་བྱའོ། །བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། བསྒྲུབ་པ་དང་། བསྒྲུབ་པ་ཆེན་པོ་བཞི་དང་སྦྱོར་ཞིང་ཚོགས་ལམ་གྱི་གྲངས་རེ་རེའང་དབྱེ་ན། ཉམས་གཡོ་བ་དང་། ཐོབ་པ་དང་། གོམ་པ་དང་། བརྟན་པ་དང་། མཐར་ཕྱིན་པའི་ཉམས་ཀྱིས་རིམ་གྱིས་པར་འཕར་བ་རྣམས་དང་སྦྱོར་བར་བྱའོ། །གཉིས་པ། ལམ་གྱི་ལྟ་གྲངས་དེ་ལ་གཉིས་ཏེ། བགྲང་། དང་པོ་ལམ་གྱི་ལྟ་གྲངས་ངོས་བཟུང་བ་དང་། དྲང་། ཆོས་ཉིད་བདེན་པ་དབྱེར་མེད་མཉམ་པ་ཉིད་ཀྱི་ངང་ལ་མི་སྐྲག་པའི་བཟོད་པ་ཐོབ་པ། ཆོས་ཉིད་བདེན་པ་དབྱེར་མེད་ཀྱི་དོན། རང་རིག་པའི་མངོན་སུམ་དུ་སྒྲོ་འདོག་དང་བྲལ་བར་བྱས་པས། ཡིད་ཆེས་ངེས་པའི་གདེངས་རྙེད་པའི་ཤེས་རབ་སྟེ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་སྣང་བའི་རྣམ་པ་ཀུན་མ་སྤངས་པར་ལྡན་པ་རྣམ་པ་མཆོག་ལྡན་གྱི་སྟོང་པ་ཆེན་པོར་གྱུར་བ་དེ་མཐོང་ཞིང་གོ་བའི་ངང་ལ་གནས་དེ་ཏིང་སྟོང་པ་ཆེན་པོའི་ལྟ་བ་དང་། ཡུལ་ཡུལ་ཅན་གཉིས་སུ་མེད་པར་རང་རིག་པའི་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་ཡེ་ཤེས་སྒྱུ་མའི་ངོ་བོར་ཤར་བ་འདི་ཀུན་སྣང་གྱི་ཏིང་ངེ་འཛིན་སྙིང་རྗེ་ཆེན་པོའི་ལྟ་བ་དང་། འདི་ལ་བརྩེགས་སྡེབ་གཅིག་བྱ་སྟེ། འབྲས་བུ་ཡི་དམ་གྱི་ལྷའི་སྐུ་གཅིག་སྣང་སྟོང་གཉིས་མེད་དུ་གསལ་བ་ཕྱག་རྒྱ་གཅིག་པའི་ལྟ་བ་དང་། རྟོག་ཚོགས་ཐམས་ཅད་ལྷ་དུ་མའི་དཀྱིལ་འཁོར་དུ་གསལ་བར་རྟོགས་པ་ཕྱག་རྒྱ་སྤྲོས་པའི་ལྟ་བ་དང་། སྦྱོར་ལམ་བར་ཆད་མེད་པའི་ལམ་དུ་ཡོ་བྱད་ལྔ་སྣང་ལ་རང་བཞིན་མེད་པར་སྤྱད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་གཉིས་རྫོགས་པར་མཐོང་བ་སྦྱོར་ལམ་ཚོགས་སྒྲུབ་པའི་ལྟ་བ་དང་། དོན་ལ་ལུས་སྣང་སེམས་གསུམ་ཟུང་འཇུག་མངོན་སུམ་དུ་བྱས་ཤིང་རྟགས་ལ་ཚེ་ལ་རང་དབང་བསྒྱུར་བ་མཐོང་ལམ་ཚེ་དབང་གི་ལྟ་བ་དང་། དགོངས་པ་མཉམ་པ་ཉིད་ཀྱི་དོན་ལས་མི་གཡོ་བ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་ལྟ་བ་དང་། ཡབ་ཡུམ་གྱི་དཀའ་བ་སུམ་ཅུ་རྩ་གཉིས་དང་། ཡབ་ཀྱི་དགའ་བ་བཅུ་དྲུག་ལ་ཡེ་ཤེས་ལྔའི་རྩལ་དུ་ཀུན་མཁྱེན་པ་ལྷུན་གྲུབ་རིག་འཛིན་གྱི་ལྟ་བ་དང་དགུའོ། །གཉིས་པ་དེ་ཉིད་ཤེས་རབ་གསུམ་ལས་བྱུང་བར་བསྟན་པའོ། །དྲང་། ལྟ་བའི་རྣམ་གྲངས་དེ་རྣམས་རྒྱུ་གང་ལས་བྱུང་ཞེ་ན་དང་པོ་གཞུང་ཟབ་མོ་ཐོས་པ་དང་། ཚིག་དེས་མཚོན་པའི་དོན་ལ་བསམ་བྱུང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྟོག །དཔྱོད་བྱས་པ་དང་། དེ་ནས་བསྒོམ་པའི་ཤེས་རབ་དང་། དེ་ཡང་ཚིགས་ལམ་གྱི་རྣལ་འབྱོར་བཞིའི་ཏིང་ངེ་འཛིན་དང་། སྦྱོར་ལམ་རིམ་པར་བསྒོམ་པའི་རྒྱུད་ལས་མཐོང་ལམ་དེ་ལས་སྒོམ་ལམ། དེ་ལས་མཐར་ལམ་གྱི་ལྟ་བ་སྐྱེས་པའོ། །དེ་ལྟ་བས་ན་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་གྱི་རྒྱུ་ལས་ལྟ་བ་སྐྱེས་པའི་ཕྱིར་ཤེས་རབ་གསུམ་ལ་བརྩོན་པས་འབོད་གཅིག་པར་གདམས་པའོ། །གཉིས་པ་རྒྱུད་དོན་མིང་གི་ལྟ་གྲངས་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་རྒྱུད་དོན་དགུ་པོ་ལྟ་བའི་གཟུངས་ཀྱིས་ཟིན་པའི་ངོས་ནས་ལྷ་གྲངས་དགུར་བསྟན་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པར་བཤད་པ་དེ་ལ་དགུ་སྟེ། བགྲང་། དང་པོ་མི་འདའ་བ་དམ་ཚིག་གི་ལྟ་བ་དང་། དྲང་། རྒྱུད་གཞུང་རྣམས་ལས་རྩ་བའི་དམ་ཚིག་དང་། ཡན་ལག་གི་དམ་ཚིག་ཅེས་བྱ་བ་བཤད་པ་དེ་ལའང་གུད་དམ་ལོག་ན་ཡོད་པ་མ་ཡིན་ཏེ། ཁྱད་པར་དུ་ལམ་པ་རང་གི་ཆོས་ཉིད་ལྟ་བ་རྟོགས་པའི་ངང་ལས་མི་འདའ་བ་དེ་ཀ་དམ་ཚིག་ཡིན་ཏེ། དེ་ཡང་སྒོ་གསུམ་གྱིས་བསྒྲུབ་ཅིང་བསྲུང་བ་ལས་མི་འདའ་བས་སྡོམ་པ་སྟེ། དེ་ལ་ཡན་ལག་གིས་དམ་ཚིག་དང་དུ་བླང་བ་ལྔ་དང་། མི་སྤང་བ་ལྔ་སྟེ་རྣམ་པ་བཅུ་དང་། རྩ་བ་སྐུ་གསུང་ཐུགས་ཀྱི་སྡོམ་པ་གསུམ་དང་བཅུ་གསུམ་མམ། ཡང་ན་རྩ་བའི་དམ་ཚིག་ལ་བྱང་ཆུབ་སེམས་དང་། སློབ་དཔོན་མཆེད་གསུང་གི་ཐུགས་ཀྱི་དམ་ཚིག་དང་ལྔ་། ཡན་ལག་གི་དམ་ཚིག་ལ་སྤྱད་པ་ལྔ། མི་སྤང་བ་ལྔ། དང་དུ་བླང་བ་ལྔ་། སྒྲུབ་པར་བྱ་བ་ལྔ་། ཤེས་པར་བྱ་བ་སྔ་སྟེ་སུམ་ཅུ་དང་། ཐུན་མོང་སྤྱིའི་དམ་ཚིག་ཡོ་ག་མན་ཆད་ཀྱི་བསྲུང་བྱ་མཐའ་ཡས་པ་རྣམས། ཆོས་ཉིད་ཐིག་ལེ་ཆེན་པོ་མཉམ་པ་ཉིད་ཀྱི་ལྟ་བ་རྟོགས་པའི་ངང་དུ་བསྲུང་བྱ་ཐམས་ཅད་འདུ་ཞིང་གསལ་བས་ན། སྒོ་གསུམ་གྱི་སྤྱོད་པ་ཇི་ལྟར་སྤྱད་ཀྱང་དམ་ཚིག་སྡོམ་པ་ལས་མི་འདའ་བའོ། །གཉིས་པ་བླང་དོར་མེད་པ་སྤྱོད་པའི་དང་། དྲང་། ལམ་པ་ཀུན་གྱི་སྒོ་གསུམ་གྱི་བྱ་བར་གྱུར་པའི་སྤྱོད་པ་བདག་གཞན་རྣམ་པ་གཉིས་པོའི་བྱེ་བྲག་ཇི་སྙེད་པ་ཡང་ཆོས་ཉིད་ཐིག་ལེ་ཆེན་པོ་དབྱེར་མེད་པའི་ངང་དུ་ངེས་བར་རྟོགས་པ། སྤྱོད་བྱ་སྤྱོད་བྱེད་ཕྱོགས་གཅིག་པ་ཅི་ལའང་བློ་མི་གནས་པར་བདག་གཞན་གྱི་དོན་ཀུན་ལ་མ་འགག་པར་སྤྱོད་ཅིང་། དེ་ཀའི་དུས་ན་སྤྱོད་པར་བྱེད་པའི་མཁན་པོ་དང་། སྤྱད་པར་བྱ་བའི་ཡུལ་གཉིས་མེད་པར་ཐམས་ཅད་རིག་པ་རང་སྣང་དུ་མཐོང་བ་ནི་སྤྱོད་པའི་ལྟ་བའོ། །གསུམ་པ་རོལ་བ་ཕྲིན་ལས་ཀྱི་དང་། དྲང་། ཕྲིན་ལས་བྱ་བའི་ཡུལ་དང་བྱེད་པའི་མཁན་པོ་གཉིས་སུ་མེད་པའི་ཚུལ་གྱིས་སུ་ལས་རྣམས་ཀུན་ལ་ཐོག་པ་མེད་པར་སྤྱོད་ཅིང་། ཞི་རྒྱས་དབང་དྲག་རྣམས་པ་བཞིའི་ལས་དང་། གཅིག་པུ་གཅིག་ལ་ཀུན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་ལྔ་ཡང་། སེམས་ཉིད་སྤྲོས་བྲལ་ཐིག་ལེ་གཉིས་སུ་མེད་པའི་ངང་དུ་གསལ་བར་རྟོགས་པ་ནི་ཕྲིན་ལས་ཀྱི་ལྟ་བའོ། །བཞི་པ་གནས་སུ་སྟོབས་པ་མཆོད་པའི་དང་། དྲང་། མཆོད་པའི་ཡོ་བྱད་སྟེང་འོག་དང་ལོག་གི་རྒྱན་རིན་པོ་ཆེ་དར་ཟབ་ལ་སོགས་པ་དང། ཕྱི་ནང་གསང་བའི་ལོངས་སྤྱོད་འདོད་པའི་ཡོན་ཏན་ལྔའི་དངོས་པོ་མ་ལུས་པ་ཀུན་གཞན་ན་མེད་དེ། རང་རིག་པ་བྱང་ཆུབ་ཀྱི་སེམས་ཆེན་པོ་ཆོ་འཕྲུལ་ཆེན་པོ་ལྟ་བ་རྟོགས་པའི་ངང་དུ་འདུས་པས། མཆོད་པ་གཞན་དུ་ཕུལ་བ་མེད་པར་ཕུལ་བས་གནས་སུ་སྟོབས་པས། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་མཉེས་པ་སྟེ་མཆོད་པའི་ལྟ་བའོ། །ལྔ་པ་བཀོད་པ་དཀྱིལ་འཁོར་གྱི་ངང་། དྲང་། རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་ཞི་བའི་དཀྱིལ་འཁོར་དང་འབར་བ་ཁྲོ་བོའི་ལྷ་ཚོགས་ཀྱི་ཕོ་ཉ་ནང་དུ་འདུ་བ་དང་ཕྱི་རོལ་དུ་འཕྲོ་བ་མང་པོ་དེ་ཡང་། ལོག་ན་སྣང་བ་མ་ཡིན་ཏེ། རང་རིག་བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིན་པས། གཏན་ཚིག་དེ་ལྟར་བས་ན། རང་བཞིན། གཟུགས་བརྙན། ལྷག་པ་གཟུགས་བརྙན། ཏིང་ངེ་འཛིན། ལྷག་པ་ཏིང་ངེ་འཛིན། བྱང་ཆུབ་སེམས་དང་། ཚོགས་ཀྱི་དཀྱིལ་འཁོར་དང་རྣམ་པ་བདུན་པོ་ཐམས་ཅད་ཀྱང་རིག་པ་རང་སྣང་ལྟ་བ་རྟོགས་པའི་ངང་དུ་འདུ་ཞིང་གསལ་བ་ནི་དཀྱིལ་འཁོར་གྱི་ལྟ་བའོ། །དྲུག་པ་རིམ་པ་དབང་གི་དང་། དྲང་། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་མ་ལུས་པ་ཐམས་ཅད་ཀུན་གྱི་རང་བཞིན་ནམ། ངང་གིས་སེམས་ཉིད་རིག་པ་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར། ཕྱི་ནང་གསང་བའི་དབང་ལ། ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ་། གསང་བ་ཟབ་མོའི་དབང་གསུམ་ལོག་ནས་མ་བཙལ་བར་རང་རིག་པའི་སེམས་ཉིད་ལ་ལྷུན་གྱིས་གྲུབ་ཅིང་རྫོགས་ཏེ། དེ་ལྟར་ཕན་ནུས་ཟབ་གསུམ་གྱི་དབང་བཅོ་བརྒྱད་ཀྱང་རང་རིག་བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་དུ་རང་སྣང་བར་རྟོགས་པ་ནི་དབང་གི་ལྟ་བའོ། །བདུན་པ་དོན་དུ་གཉེན་བ་སྒྲུབ་པའི་དང་། དྲང་། དངོས་གྲུབ་ཀྱི་འབྲས་བུ་རང་ལ་ཡོད་པ་ལ་ངོ་མཚར་ཞིང་ངོམས་པས་ཨེ་མ་ཧོ། རྒྱུ་རྐྱེན་གཉིས་ཀྱིས་མ་བསྒྲུབ་པར་རང་བཞིན་ལྷུན་གྱིས་གྲུབ་པས་གྲུབ་པ་ཆེན་པོ་སྟེ། གྲུབ་པ་ཆེན་པོ་གང་ཞེ་ན། རང་བྱུང་གི་ཡེ་ཤེས་ཆེན་པོ་ཡིན་ཏེ། དེ་བས་ན་ལམ་པས་དོན་དུ་གཉེར་བར་བྱ་བའི་བསྒྲུབ་པའི་རྣམ་གྲངས་ཐུན་མོང་དང་མཆོག་གི་དངོས་གྲུབ་མ་ལུས་པ་ཀུན་ཀྱང་རང་རིག་པ་བྱང་ཆུབ་ཀྱི་སེམས་ཆེན་པོ་ལྟ་བ་རྟོགས་པའི་ངང་དུ་འདུ་ཞིང་གསལ་བ་ནི་བསྒྲུབ་པའི་ལྟ་བའོ། །བརྒྱད་པ་ཉམས་སུ་ལེན་པ་ཏིང་ངེ་འཛིན་གྱི་དང་། དྲང་། ཏིང་ངེ་འཛིན་གྱི་ངང་ལ་གནས་པ་ལྟར་བའི་བྱེ་བྲག་མཚན་བཅས་མཚན་མེད་ཀྱི་ཏིང་ངེ་འཛིན་ཀུན་གཞན་མ་མིན་ཏེ་རང་རིག་པ་ཉིད་ལྷར་སྣང་བའི་ཕྱིར། མཚན་བཅས་རྣམས་ཆུ་ཡི་ཆུ་བུར་ལྟ་བུ་དང་། མཚན་མེད་ནི་ནམ་མཁའ་ལྟ་བུ་མཚན་མའི་མཐའ་དང་བྲལ་བའི་རང་བཞིན་དུ་རྟོགས་པས་རང་རིག་པའི་ཡེ་ཤེས་ཉིད་དུ་འདུ་ཞིང་གསལ་བ་ལས་གཞན་དུ་བཙལ་ཞིང་བསྒོམ་པ་མིན་ནོ། །དེ་ནི་ཏིང་ངེ་འཛིན་གྱི་ལྟ་བའོ། །དགུ་པ་བཅིང་གྲོལ་མེད་པ་སྔགས་དང་ཕྱག་རྒྱའི་ལྟ་བ་བསྟན་པའོ། །དྲང་། རྒྱུ་མ་ནོར་བ་རྩ་བའི་བསྐྱེད་པ་རྐྱེན་གྱི། བཟླས་པ་ལས་རིམ་གྱི་སྔགས་གསུམ་བརྗོད་པ་དང་། སྐུ་དང་། ཆོས་དང་། དམ་ཚིག་དང་། ལས་ཀྱི་ཕྱག་རྒྱ་བཞིའང་རང་གི་སེམས་ཉིིད་རང་སྣང་ཡིན་པའི་ཕྱིར། སྔགས་གྲགས་སྟོང་བྲག་ཅ་ལྟ་བུ་དང་ཕྱག་རྒྱ་སྣང་སྟོང་ཆུ་ཟླ་དང་འདྲ་བར་སྣང་ལ་མ་གྲུབ་པར་ལྟ་བས་ཤེས་པའི་དུས་ན། ཕྱག་རྒྱ་བཅིང་གྲོལ་དང་སྔགས་བརྗོད་པའི་ལས་ཉིད་གང་ལྟར་སྣང་ཡང་མྱ་ངན་ལས་འདས་པ་ཏེ། དེ་བས་ན་ཕྱག་རྒྱ་བསྒོམ་བྱ་བསྒོམ་བྱེད་དང་། སྔགས་བཟླ་བྱ་བཟླ་བྱེད་གཉིས་སུ་མེད་པར་མཉམ་པ་ཉིད་ཀྱི་དོན་ལྟ་བ་རྟོགས་པའི་ངང་དུ་འདུ་ཞིང་གསལ་བ་ནི། སྔགས་དང་ཕྱག་རྒྱའི་ལྟ་བའོ། །གསུམ་པ་ལྟ་བ་ཀུན་འདིར་ཤེས་དགོས་པར་གདམས་པའོ། །དྲང་། དེ་ལྟར་ལམ་གྱི་ལྟ་བ་དང་རྒྱུད་ཀྱི་ལྟ་བ་ཞེས་ལམ་དང་རྒྱུད་དོན་གྱི་གཙོ་བོར་ལྟ་བ་བརྗོད་མེད་ཀྱང་ངེས་པའི་དོན་དུ་ན་ཤེས་རབ་ཀྱིས་ཆོས་ཀུན་ངོ་བོ་མཉམ་པ་ཉིད་དུ་རྟོགས་པར་བྱེད་པ་ནི་ལྟ་བ་ཞེས་བྱ་སྟེ། དེ་ནི་དཔེར་ན་ཚོང་པའི་དེད་དཔོན་གྱིས་རྒྱ་མཚོར་ནོར་བུ་རིན་ཆེན་ལེན་པའི་ཐབས་ལ་མཁས་དགོས་པའི་དཔེ་ཇི་བཞིན་དུ། གདོད་མ་རྒྱུ་ཤེས་པ་ལྟ་བ་ནས་ཐ་མ་འབྲས་བུ་ཐོབ་པའི་བར་གྱི་སྐྱོན་ཡོན་གྱི་བྱེ་བྲག་ཐམས་ཅད་ལྟ་བའི་སྐབས་འདིར་ཕྱིན་ཅི་མ་ལོག་པར་ཤེས་དགོས་པས་འདིར་ཤེས་པར་གདམས་པའོ། །དྲུག་པ་སྤྱོད་པ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན། དྲང་། ཐོས་བསམ་གྱིས་སོ་སོར་རྟོག་པའི་ཤེས་རབ་ཀྱི་ལྟ་བ་རྟོགས་པའི་ཐབས་ལ་དོན་དུ་གཉེར་ཞིང་བློ་ཆུབ་ནས་རྟོགས་པའི་ཚེ། བདག་དོན་དང་གཞན་གྱི་དོན་ཕྱིར་དུ་སྒོ་གསུམ་གྱིས་སྤྱད་པར་བྱ་བ་སྤྱོད་པའི་བྱེ་བྲག་རྣམས་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པར་བཤད་པ་དེ་ལ་གཉིས་ཏེ། བདག་དོན་གྱི་སྤྱོད་པ་དང་། གཞན་དོན་གྱི་སྤྱོད་པའོ། །དང་པོ་ལ་བཞི་སྟེ། བགྲང་། དང་པོ་ཐོས་བསམ་ལ་བརྟེན་ནས་རྒྱུད་དོན་བཅུ་ལ་སྤྱོད་པ་དང་། དྲང་། རྒྱུ་ཤེས་པ་ལྟ་བ་རྟོགས་ཐབས་ལ་འཇུག་པའི་གཞིའི་སྐབས་སུ་ལས་བདག་གཞན་དོན་ཀུན་ཀྱང་སྤྱོད་ལ། དེ་ཡང་འདིར་ཐོས་བསམ་གཉིས་ཀྱི་སྒོ་ནས་བསླབ་པའི་མཐའ་བཅུའམ། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བཅུ་ལ་སྤྱོད་ཅིང་དོན་ཆེད་དུ་གཉེར་བར་བྱེད་པས་སོ། །གཉིས་པ་ལྟ་བ་རྟོགས་ཚབ་ཆེ་ཆུང་གིས་དབྱེ་བས་སྤྱོད་པ་ལ་ཁྱད་པར་ཡོད་ཚུལ་དང་། དྲང་། རྒྱུ་ཤེས་པ་ལྟ་བའི་སྤྱོད་པ་འདི་ལ་ཡང་། གཞན་དོན་དབང་བསྒྱུར་གྱི་སྤྱོད་པའི་ཁྱད་ཡོད་ཚུལ་གྱི་དཔེ་ནི། འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཙམ་ལ་འདྲ་ཡང་། འདུལ་ཞིང་གིས་ཁམས་ལ་རྒྱ་ཆེ་ཆུང་ཡོད་པ་བཞིན་དང་། ཐབས་ཀྱི་སྤྱོད་པས་ཉོན་མོངས་པ་ཐད་གཅོས་ནུས་མི་ནུས་ཀྱི་དཔེ་ནི། སྟོབས་ཆེན་གླང་པོ་ཆེ་ཙམ་དུ་འདྲ་ཡང་། རྩལ་ཆེ་ཆུང་དང་སྒྱིད་དྲག་ཞན་ཡོད་པ་ལྟ་བུ་དང་། བདག་དོན་ཏིང་ངེ་འཛིན་གྱི་སྤྱོད་པ་ལ་སྟོབས་ཆེ་ཆུང་ཡོད་པའི་དཔེ་ནི། དཔེར་ན་ལུང་པའི་རྒྱ་ཆེ་ཆུང་གི་ཕྱེ་བས་ནམ་མཁའི་ཞིང་གི་ཡུལ་ཆེ་ཆུང་ཡོད་པ་ཇི་ལྟ་བར། གཞི་ཤེས་པ་ལྟ་བའི་སྤྱོད་པར་གཅིག་ཀྱང་གཞན་དོན་ལ་རྒྱ་ཆེ་ཆུང་དང་། ཉོན་མོངས་པ་ཐད་གཅོད་ནུས་མི་ནུས་དང་བདག་དོན་ཏིང་ངེ་འཛིན་སྟོབས་ཆེ་ཆུང་གི་སྟོབས་ཀྱིས་སྤྱོད་པ་ལ་ཁྱད་པར་ཡོད་པར་འགྱུར་རོ། །གསུམ་པ་ལྟ་བ་རྟོགས་པ་ངོ་བོའི་སྤྱོད་ཐབས་བསྟན་པ་དང་། དྲང་། ཆོས་ཐམས་ཅད་ཡེ་གདོང་མ་ནས་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་རོ་གཅིག་པས་དེ་ལའང་བདག་ཏུ་འཛིན་པ་གང་ཟག་གི་ང་བདག་དང་། ཆོས་ཀྱི་བདག་རང་རྒྱུད་པར་མ་རྟོགས་པར་སྤྱོད་པ་དང་། དམ་རྫས་ལ་སོགས་ཆོས་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པ་ལ་དཀར་གསུམ་ལ་སོགས་གཙང་བ་དང་། དམ་རྫས་ལྔ་ལ་སོགས་པ་སྨེ་བ་མི་གཙང་བའི་བློ་གཉིས་སུ་འཛིན་པར་མ་བྱེད་པར་གདམས་པའོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོར་གཅིག་པ་ཡིན་པས་ན། གང་ལྟར་སྤྱད་ཀྱང་བག་ཆགས་ཀྱི་རྐྱེན་གྱིས་དྲི་མ་ངན་པའི་རྡུལ་གྱིས་ག་ལ་འགོ་སྟེ་མི་གོས་པས་དེ་སུས་སྤྱོད་ཅེ་ན། གང་ཟག་ཤེས་རབ་མཆོག་གིས་ཚུལ་དེ་ལྟར་རྟོགས་ཤིང་སྤྱོད་བྱའི་ཡུལ་གྱི་ཆོས་མ་ལུས་པ་ཀུན་སེམས་སུ་འདུས་ལ་སེམས་མཉམ་པ་ཉིད་ཀྱི་དབྱིངས་སུ་ཤེས་པར་བྱོས་ཤིག་པར་གདམས་པའོ། །བཞི་པ་སྤྱོད་པའི་དམ་ཚིག་དང་སློབ་རིམ་བསྟན་པའོ། །དྲང་། ཤེས་པར་བྱོས་ཤིག་པར་གདམས་པ་དེ་བས་ན་རྒྱུ་ཤེས་པར་བྱ་བའི་ལྟ་བ་རྟོགས་ཐབས་དང་། ལྟ་བའི་ངོ་བོ་རྣམས་ལས་མི་འདའ་བས་དམ་ཚིག་དང་སྡོམ་པའི་ངོ་བོར་བྱེད་དེ། དགོས་པ་བདག་དང་གཞན་གྱི་དོན་བྱ་བའི་ཕྱིར་དུ་ལྟ་བ་གཙོ་བོར་བྱེད་ཀྱིས། དེ་ཡང་ལམ་གྱི་དང་པོ་རྒྱུ་ཤེས་པ་ལྟ་བ་ལ་འཇུག་པའི་དུས་སུ་སྡོམ་པ་གསུམ་པོ་ཀུན་ཀྱང་སློབ་ཅིང་སྤྱོད་པར་བྱེད་པའོ། །གཉིས་པ་གཞན་དོན་གྱི་སྤྱོད་པ་ལ་གསུམ་སྟེ། བགྲང་། དང་པོ་ཤེས་རབ་ཆེན་པོའི་སྤྱོད་པས་རྟོགས་པས་རང་གྲོལ་ནས་ཐུགས་རྗེས་གཞན་དགྲོལ་ཚུལ་དང་། དྲང་། ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ཤེས་པའི་ཤེས་རབ་ཆེན་པོའི་ལྟ་བའམ། སྦྱིན་བསྲེག་གིས་གང་ལ་ཞེན་པ་མེད་པར་སྦྱིན་ཅིང་། བསྲེག་རྫས་ནི་སྲིད་པ་གསུམ་གྱི་རྟོག་པ་བསྲེག་པའི་མེ་ནི་ལྟ་བ་རྟོགས་པ་ཡིན་ཏེ། བསྲེག་ཚུལ་ནི་ཡིད་ཀྱི་རྟོག་པ་རང་བྱུང་གི་ཡེ་ཤེས་རང་གསལ་བས་མེ་རུ་འབར་ལ། རཾ་ནི་མེ་ཡི་ས་བོན་ཏེ། རྟོག་པ་ཡེ་ཤེས་ཀྱི་མེས་བདག་བསྒྲལ་ནས། དེ་ནས་ཐུགས་རྗེས་འགྲོ་དྲུག་གི་རྟོགས་པ་ཀུན་ཀྱང་ཆོས་ཉིད་མི་དམིགས་པའི་ངང་དུ་བསྲེགས་པ་ནི་བསྒྲལ་ཞེས་བྱའོ། །གཉིས་པ་བདག་དོན་ལ་གཞན་དོན་རྫོགས་པ་དང་། དྲང་། གདོད་མ་ནས་རྒྱུ་ཤེས་པ་ལྟ་བ་ནས་བཟུང་སྟེ་མཐར་འབྲས་བུ་མ་ཐོབ་བར་དུ་ལམ་དོན་གཉེར་གྱི་ཐོས་བསམ་གྱི་སྤྲོས་པ་གཅོད་ཅིང་། འབྲས་བུ་གྲུབ་པར་བྱེད་པའི་ལམ་བགྲོད་པ་དང་། ལམ་དུ་འཇུག་པའི་དུས་དེར་ཡང་། བདག་དོན་དང་གཞན་དོན་དང་། ཆོས་ཀྱི་དོན་ཏེ་དོན་གསུམ་གྱི་ཕྱིར་བྱང་ཆུབ་བསྒྲུབ་པར་དམ་བཅའ་ཞིང་སེམས་བསྐྱེད་པ་དེ་བས་ན་རྣལ་འབྱོར་པ་བདག་ཉིད་ཀྱི་ལམ་བསྒྲོད་པའི་སྤྱོད་པ་ལ་ཡང་། གདུལ་བྱ་གཞན་གྱི་དོན་ཤུགས་ཀྱིས་རྫོགས་པ་ཡིན་ནོ། །གསུམ་པ་དེ་ཐེག་ཆུང་ལ་མི་འཚམས་པས་ཁྱད་པར་གྱི་སྤྱོད་པ་ཡིན་ཚུལ་ལོ། །དྲང་། དེ་བས་ན་བྱིས་སྦ་ཉན་རང་རང་དོན་བྱེད་པ་དང་འདི་གཉིས་མི་མཚུངས་ཏེ། ཐེག་ཆེན་ཀུན་གྱི་ལམ་སྐབས་ལས་བདག་དོན་ལ་གཞན་དོན་རྫོགས་པར་ཤེས་པར་བྱའོ། །བདུན་པ་ཕན་ཡོན་ལ་བཞི་སྟེ། བགྲང་། དང་པོ་ལྟ་་བ་རྟོགས་པའི་ཡོན་ཏན་འཁོར་བར་མི་ལྟུང་ཞིང་ཡོན་ཏན་ཚད་ལས་འདས་པ་དང་། དྲང་། ལམ་པ་གང་ཞིག་གིས་ཡོན་ཏན་གོང་དུ་བསྟན་པ་འདི་འདྲར་ཐོས་བསམ་ལ་བརྟེན་ནས། རང་རིག་པའི་མངོན་སུམ་དུ་མཐོང་ཞིང་རྟོགས་པ་དེ་ནི། དངོས་གྲུབ་རྣམ་གཉིས་ལས་མཆོག་གི་དངོས་གྲུབ་ཀྱི་བཅུད་འདུས་པའི་སྙིང་པོ་ཡིན་ཏེ། དཔེར་ན་ཆུ་སྲིན་གྱི་གྲེ་བར་དངོས་པོ་གང་ཚུད་པ་ཕྱིར་མི་གཏོང་བའི་ཕྱག་རྒྱ་ཅི་བཞིན་དུ་དང་པོ་ཆོས་ཉིད་ལྟ་བའི་དོན་རྟོགས་ན། མཐར་འབྲས་བུ་མ་ཐོབ་ཀྱི་བར་དུ་ལྟ་བ་དེ་དང་མ་བྲལ་ན་འཁོར་བར་མི་གཏོང་བ་དང་། གཞན་ཡང་དབང་པོའི་སྤྱོད་ཡུལ་ཀུན་ཏུ་ཡེ་ཤེས་སུ་འཆར་བས་ཡོན་ཏན་གྱི་ཚད་བློས་དཔག་ཏུ་མེད་དོ། །གཉིས་པ་ཅི་ལྟར་སྤྱད་ཀྱང་རྣམ་སྨིན་མེད་ཅིང་ཚོགས་གཉིས་རྫོགས་པ་དང་། དྲང་། ལྟ་བ་ཟིན་ན་ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་ལ་སྤྱོད་པའང་རྟོགས་པས་གྲོལ་བར་འགྱུར་བས་ཐུན་མོང་གི་ལམ་རྒྱུའི་ཐེག་པ་ཆེ་ཆུང་གཉིས་སམ། ཡང་ན་སྔགས་ཕྱི་པ་དང་མཚན་ཉིད་གཉིས་ལ་སྤྱོད་པའང་གྲོལ་བ་དེ་བཞིན་ཡིན་པས་ན། རྒྱུ་དགེ་སྡིག་གི་འབྲས་བུ་རྣམ་སྨིན་ལ་མཐོ་རིས་ཀྱི་བདེ་བ་དང་། ངན་སོང་གི་སྡུག་བསྔལ་གཉིས་མེད་དེ། སླར་སྤྱོད་ལམ་ཅི་སྤྱོད་ཀྱང་། མི་འཛིན་པའི་ཡེ་ཤེས་དང་མ་འགག་པའི་བསོད་ནམས་ཀྱི་ཚོགས་ཆེན་གཉིས་རྫོགས་པར་འགྱུར་རོ། །གསུམ་པ་མཐའ་གསུམ་བྲལ་ཞིང་དོན་གསུམ་རྫོགས་པ་དང་། དྲང་། རྣལ་འབྱོར་པ་གང་གིས་གོང་གི་དོན་དེ་ལྟར་ལྟ་བ་མཉམ་པ་ཉིད་དབྱེར་མེད་རྟོགས་པར་གྱུར་པ་དེ་ནི། ཡོད་པར་སྒྲོ་འདོག་པ་དང་། མེད་པ་སྐུར་བ་འདེབས་པ་དང་། མཉམ་པ་ཉིད་ལུང་མ་བསྟན་གྱི་མཐའ་དང་གསུམ་ལས་ཡོངས་སུ་གྲོལ་བ་སྟེ། ལམ་དུ་འཇུག་པའི་དང་། དེའི་དོན་འབྲས་བུ་རྣམས་མངོན་སུམ་དུ་འབྱིན་ཅིང་ཐོབ་པར་བྱེད་དེ། གཏན་ཚིག་དེ་ལྟར་བས་ན་བདག་དོན་ཐོབ་པ་དང་། གཞན་དོན་ནུས་པ་དང་། ཆོས་དང་མཐུན་པའི་ཆོས་དོན་ཏེ། དོན་གསུམ་རྫོགས་པར་འགྱུར་བའོ། །བཞི་པ་ཤེས་རབ་ཆེན་པོས་འཁོར་བར་མི་གཏོང་ཞིང་བདེ་བ་དང་ལྡན་པའོ། །དྲང་། དེ་ལྟར་ལྟ་བ་རྟོགས་པའི་གང་ཟག་དེའི་བློས་གཞི་ལྟར་ཐུག་པ་མེད་པས་རྒྱ་ཆེ་ཞིང་། རྒྱ་མཚོ་ལྟར་གཏིང་ཟབ་པ། བར་སྣང་ལྟར་ཡངས་ཤིང་གློག་ལྟར་ཤེས་རབ་མྱུར་བས། ཆོས་ཉིད་ཟབ་མོའི་དོན་རྟོགས་ཤིང་། ལྟ་བ་དེ་དང་མ་བྲལ་ན། འཁོར་བ་ངན་སོང་དུ་མི་ལྡོག་སྡུག་བསྔལ་མེད་པས་བདེ་བ་དང་། སེམས་ང་དང་བདག་ཏུ་འཛིན་པ་མེད་པས་བློ་གྲོལ་བས་ཡངས་པའི་དོན་དང་ལྡན་པས་བདེ་བའོ། །བརྒྱད་པ་དྲོད་ལ་དབྱེ་བ་མེད་དོ། །དྲང་། རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པས་ལྟ་བ་རྟོགས་པར་བྱེད་པ་ལྷུར་ལེན་པར་བྱེད་ན། ཀུན་འདུས་ལྟར་རྨི་ལམ་དུ་ཆོས་ལ་དབང་ཐོབ་པའི་ལྟས་ནི། རིན་པོ་ཆེའི་ས་གླིང་དུ་ཕྱིན་པ་དང་མེ་ཏོག་དང་འབྲས་བུའི་ཆར་བབ་པ་དང་། རིན་པོ་ཆེའི་གླེགས་བམ་དང་། གསེར་གྱི་འཁོར་ལོ་ལ་སོགས་པ་ལག་ཏུ་གཏད་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དུང་དང་རྔ་བོ་ཆེའི་སྒྲ་ལ་སོགས་པས་སྟོང་གསུམ་གང་བར་སྒྲགས་པ་དང་། ཉི་ཟླ་ལག་ཏུ་ཐོགས་ནས་འཇིག་རྟེན་གྱི་མུན་པ་བསེལ་བ་ལ་སོགས་པའོ། །བདེན་པ་མཐོང་བའི་རྨི་ལྟས་ནི། སྔར་མ་མཐོང་བའི་ཡུལ་ཁམས་ཆེན་པོ་མཐོང་བ་དང་། བྱང་ཆུབ་ཆེན་པོའི་མཆོད་རྟེན་ལ་འཛེགས་ཤིང་ཐམས་ཅད་མཐོང་བ་དང་། རི་བོའི་རྩེ་ནས་ཕྱོགས་ཐམས་ཅད་དུ་བལྟས་ཤིང་མཐོང་བ་དང་། ནམ་མཁའི་ཁམས་ཀུན་མཐོང་བ་དང་། རང་ལས་འོད་བྱུང་ནས་སྣང་སྲིད་ཐམས་ཅད་གསལ་བ་ལ་སོགས་པའོ། །གཞན་ཡང་རྨི་ལྟས་ཀྱི་མཚན་མ་བཟང་པོ་མཐོང་ཞིང་འབྱུང་བ་ནི། གཞན་ཡང་སྒྲིབ་པ་དག་པ་ལ་སོགས་པ་འབྱུང་བར་གསུང་སྟེ་སྒྲེན་མོར་བུད་ནས་ལུས་ཀྱི་དྲི་མ་ཐམས་ཅད་དག་པ་དང་། ཆུ་བོ་ཆེ་ལ་རྐྱལ་ཞིང་ཁྲུས་བྱེད་པ་དང་། རྣག་ཁྲག་ནང་ཁྲོལ་ལ་སོགས་པ་ཐམས་ཅད་ཕྱིར་ལ་སངས་ཀྱིས་ཐོན་པ་དང་། ལུས་མེས་བསྲེག་སྟེ་མི་སྣང་བར་བྱས་པ་ལ་སོགས་པའོ། །ལུས་ངག་ཡིད་གསུམ་གྱི་རྩ་བའི་དྲོད་དེ་ལས་གཞན་པ་ཡན་ལག་གི་དྲོད་ཀུན། ལྟ་བ་རྟོགས་པར་བྱེད་པའི་ཤུགས་ཀྱིས་འབྱུང་བར་ཐེ་ཚོམ་མེད་དོ། །དམིགས་ངོས་བཟུང་ནི་འོག་དེ་བཞིན་ཉིད་དང་མཐུན་ནོ། །དགུ་པ་ལྟ་བ་རྟོགས་པའི་རྟགས་བསྟན་པ་ལ་དབྱེ་བ་མེད་དོ། །དྲང་། ལྟ་བ་རྟོགས་པ་དེ་ལས་རྟགས་ཀྱི་མཚན་མ་མངོན་དུ་འབྱུང་བ་ནི། ཤེས་རབ་ཀྱི་སྟོབས་ཀྱིས་ལྟ་བ་རྟོགས་པའི་ངང་ལ་རིག་པ་ཀློང་དུ་ཕེབས་པའི་དོན་དང་ལྡན་པས། རྣལ་འབྱོར་བ་དེས་རང་ཚེ་འཕོ་ཞིང་སྤྱོད་ཡུལ་འགྱུར་བར་མཐོང་ཡང་། སྐྱེ་འཆི་མེད་པའི་དོན་རྟོགས་པས་དེ་ལ་འཇིགས་པ་མེད་ཅིང་། སྣང་སྲིད་ཆོས་སྐུར་ཤེས་པས་འཁྲུལ་བའི་ཁམས་ལ་སྐྱོ་བ་མེད་པ་དང་། འབྲས་བུ་སངས་རྒྱས་གྲུབ་པའི་གནས་འོག་མིན་དགའ་ལྡན་ལ་སོགས་ལ་སྐྱེ་བའི་སྨོན་པ་མེད་དེ། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ལ་གཙང་སྨེ་མེད་པར་རོལ་ཅིང་ཆོས་ཉིད་དང་མཉམ་པར་སྦྱོར་བ་དང་། ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་དྲག་པོ་དང་། ཉོན་མོངས་པ་ཆགས་སྡང་ལ་སོགས་སྐྱེ་དུས་ལྟ་བ་ལས་མ་གཡོས་པས་བཟོད་པ་ཆེན་པོ་ཐོབ་སྟེ། དགེ་བའི་ལས་རླབ་པོ་ཆེ་རྣམས་དང་གཞན་དོན་གང་ལའང་དཀའ་བས་ཁུར་དུ་མི་བལྟ་ཞིང་རྩོལ་མེད་དུ་གྲུབ་པའོ། །ཏནྟྲ་རྒྱུད་སྡེའི་ལུང་རྣམས་དང་རང་གི་བྱ་སྤྱོད་འགལ་བ་མེད་པར་སྤྱོད་པས། སོ་སོར་སྐྱེ་བོ་ཐ་མལ་པའི་སྤྱོད་པ་རང་ག་མ་རྣམས་ལས་ཁྱད་པར་དུ་ལྷག་པར་འགྱུར་བ་དང་། སྒོ་གསུམ་གྱི་སྤྱོད་པ་ལ་རྒྱུན་གྱི་མ་འགགས་པར་སྤྱོད་པས་བསོད་ནམས་དང་། དེ་ལས་མི་གཞན་པའི་ཡེ་ཤེས་ཏེ་གྲོགས་གཉིས་ཟུང་འཇུག་ཏུ་རྫོགས་པར་འགྱུར་རོ། །ལྟ་བ་རྟོགས་པའི་ཡོན་ཏན་རྣམས་མདོ་ཙམ་དུ་སྨོས་ཀྱིས་ཐ་དད་དུ་རྒྱས་པར་སྤྲོས་ན་ཡོན་ཏན་བརྗོད་ཀྱིས་མི་ལང་བ་ཡོད་དོ། །བཅུ་པ་ཚད་ལ་གཉིས་ཏེ། བགྲང་། དང་པོ་ཐོས་བསམ་གྱི་སྒོ་ནས་ཚུལ་མཐུན་དུ་རྟོགས་ཤིང་མཐར་ཕྱིན་པའི་ཚད་དང་། དྲང་། དཔེར་ན་རྒྱ་མཚོ་རྙོགས་མ་དངས་པའི་ནང་དུ་ཉི་ཟླ་གཟའ་སྐར་གྱི་གཟུགས་བརྙན་འཆར་བ་ལྟར། རང་རིག་པའི་ཆོས་ཉིད་མངོན་སུམ་དུ་གསལ་བར་མཐོང་བའི་ཚེ། ཆོས་ཉིད་དེ་མཚོན་བྱེད་ཀྱི་སྒྲ་ཚིག་ཙམ་ལ་བརྟེན་ནས་དོན་སྤྱི་ཡིད་ལ་བྱེད་པ་མིན་པར། མངོན་སུམ་བཞི་ལས་རང་རིག་པའི་མངོན་སུམ་དུ་དམིགས་པའི་ཡུལ་དང་བྲལ་བར། ཡུལ་མེད་རང་གསལ་དུ་མཐོང་བ་ལ་བལྟ་བྱ་བལྟ་བྱེད་ལྟ་བའི་ངོ་བོ་གསུམ་དང་བྲལ་ཏེ། གྲུབ་མཐའ་གཞན་གྱི་རྐྱེན་གྱིས་མི་བསྒུལ་བར། དོན་ངེས་པར་རང་རིག་པའི་གདེངས་སུ་ཆུད་པར་གང་བྱས་པ་ནི། ཐོས་བསམ་ལ་བརྟེན་ནས་ཚུལ་མཐུན་དུ་རྟོགས་པའི་ལྟ་བ་མཐར་ཕྱིན་པའི་ཚད་དོ། །དེ་ལྟར་ཟག་བཅས་སུ་ཆོས་ཉིད་རང་མཚན་མཐོང་བའོ། །གལ་ཏེ་མ་མཐོང་ཟེར་ན། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་གྱུར་པ་ཡིན། །ཞེས་པ་དང་། སྐབས་འགྲེལ་ལས། གསུམ་པ་བདེན་གཉིས་རང་མཚན་དུ། །མགོ་མཐོང་གཉིས་མེད་བཟོད་མ་ཐོབ། །ཅེས་པ་དང་འགལ་ལ། མཐོང་ན་ནི། ཟག་མེད་བདེན་མཐོང་དང་ཁྱད་མེད་དུ་འགྱུར་བ་དང་། ཉོན་མོངས་མངོན་གྱུར་གྱིས་སྒྲིབ་པ་རག་པ་དེ་ཆོས་ཉིད་མཐོང་བའི་སྒྲིབ་བྱེད་མ་ཡིན་པར་འགྱུར་རོ་ཞེ་ན། ཉེ་སྟོན་ཆོས་ཀྱི་སེང་གེ་ནི། གོང་འོག་གསལ་མི་གསལ་དང་། རྩང་པ་བྱིས་སྟོན་ནི། གནས་པ་ཡུན་རིང་ཐུང་དུ་བཞེད་དོ། །འདི་ལ་ཟུར་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྗེ་ཆེན་པོ་བྱམས་པ་སེངྒེ་ནི། སྐབས་འགྲེལ་ལྟར་ཟག་བཅས་སུ་ཆོས་ཉིད་རང་མཚན་མགོ་ཙམ་མཐོང་བ་ལ་སྔར་གྱི་ཉེས་པས་གནོད་པ་ནི་མ་ཡིན་ཏེ། གསལ་མི་གསལ་ཡོད་པས་གོང་འོག་ཁྱད་མེད་དུ་མི་འགྱུར་ཞིང་། ཉོན་སྒྲིབ་ཤིན་ཏུ་རགས་པ་ཐོས་བསམ་གྱིས་དག་ལ། དེས་དག་མ་ནུས་པའི་ཉོན་མོངས་པ་ནི། ཆོས་ཉིད་གསལ་བ་སྟོབས་རྫོགས་སུ་གྱུར་པའི་སྒྲིབ་བྱེད་ཡིན་ཀྱང་། མགོ་མཐོང་ཙམ་གྱིས་མ་ཡིན་པའི་ཕྱིར་རོ། །མི་གསལ་བས་མ་མཐོང་བ་ཡང་མ་ཡིན་ཏེ། རྒྱང་རིང་པོའི་མི་མཐོང་བ་ལ། དྲུང་གི་མི་ལྟར་མ་གསལ་བས་དང་མཚན་མ་མཐོང་ན། རྣམ་ངེས་ལས། དོན་གང་ཉེ་བ་དང་མི་ཉེ་བ་ལས། །ཤེས་པ་ཐ་དད་པར་སྣང་བ་ནི་རང་གི་མཚན་ཉིད་དོ། །ཞེས་པ་དང་འགལ་བའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ཚིག་ཏུ་གོ་ན་ངོ་བོ་གཅིག་ཀྱང་གསལ་དུ་འགྲོ་བའི་རིམ་པ་དཔེ་དང་བཅས་པ་དང་། དྲང་། འོན་ཀྱང་ཞེས་པ་མི་མཐུན་པ་མཐུན་པར་སྟོན་པའི་ཚིག་སྟེ། ཐོས་བསམ་ལ་བརྟེན་ནས་ལྟ་བ་རྟོགས་མ་ནུས་ཀྱང་རྟོགས་བྱ་ལྟ་བ་ཙམ་དུ་མཐུན་པའོ། །དེ་ཡངས་གོང་མ་གོང་མ་དང་། ས་འོག་མ་འོག་མའི་རིམ་པ་བཞིན་དུ་ལྟ་བའི་ཁྱད་ཡོད་ཅེས་པའོ། །གང་གིས་ཁྱད་ཡོད་ཞེ་ན། གསལ་ལ་མི་གསལ་གྱིས་ཁྱད་སྟོན་པ་སྟེ། དཔེར་ན་མིག་གི་དབང་པོ་ཤིན་ཏུ་དངས་མའི་སྤྱོད་ཡུལ་དུ་གཟུགས་མཐོང་བ་ལ། ཉེ་ན་གསལ་རིང་ན་མི་གསལ་དྲུང་ན་ཤིན་ཏུ་གསལ་བ་བཞིན་བསྒོམ་བྱུང་གི་སྟོབས་ལྟ་བ་རིམ་པར་འཕེལ་བས། དེ་བས་རྒྱུ་ཤེས་པའི་ལྟ་བ་དང་རྐྱེན་འཇུག་པ་ཏིང་ངེ་འཛིན་གནས་སྐབས་ཀྱི་འབྲས་བུ་རྣམས་རེ་རེ་ལའང་ལམ་དུས་ཀྱི་གོང་མ་རྒྱུ་དང་། འོག་མ་འབྲས་བུ་འབྲེལ་བ་ཡང་། ལྟ་བའི་དོན་ཉིད་ལམ་སྔ་མ་བས་ཕྱི་མ་གསལ་དུ་སོང་བའི་བྱེ་བྲག་གོམས་མ་གོམས་ཀྱི་རིམ་པ་ནས་རིམ་པས། ཇེ་གསལ་ཇེ་གསལ་གྱིས་སྟོབས་ཆེར་འགྲོ་བའོ། །ལྟ་བ་གསལ་མི་གསལ་ཡོད་པ་དེ་ཡིས་ཆས་ཕྱེ་བས་ལམ་གོང་འོག་གི་གནས་སྐབས་ཀྱི་ལྟ་བ་ལ། དེ་བཞིན་ཉིད་ཀྱི་ལྟ་བ་ལ་སོགས་པའི་མིང་སོ་སོར་ཐ་དད་དུ་བརྗོད་ཀྱིས། ལྟ་བ་རང་རིག་དངོས་པོའམ་ངོ་བོ་གཅིག་པ་སྟེ། སེམས་ཀྱི་གནས་ལུགས་ཡིན་པས་སོ། །བཅུ་གཅིག་པ་མ་རྟོགས་པའི་སྐྱོན་ལ་གསུམ་སྟེ། མ་རྟོགས་པའི་སྐྱོན་དངོས་དང་། རྟོགས་པའི་དོན་ལ་བརྩོན་འགྲུས་གྱིས་ཤིག་པར་གདམས་པ་དང་། ཏིང་ངེ་འཛིན་རྣམས་དང་རྒྱུ་འབྲས་སུ་འབྲེལ་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་བློ་ངན་གྱིས་མ་རྟོགས་པར་ལེ་ལོ་བྱས་པའི་སྐྱོན་གྱིས་ངན་སོང་དུ་ལྟུང་བ་དང་། དྲང་། གོང་གི་ལྟ་བའི་ཚད་ཀྱིས་དོན་ལྟར་མ་རྟོགས་པར་ཤེས་རབ་མེད་པའི་བློ་ངན་ཚིག་གིས་ཆོས་ཐམས་ཅད་མཉམ་པར་བཤད་པའི་ལུང་ཁུང་བཟང་པོ་རྣམས་ནས་ཕྱུངས་ཏེ་བརྗོད་ནས། ལྟ་བ་མཉམ་པ་ཉིད་ཀྱི་དོན་མ་རྟོགས་པ་དམན་པའི་ལེ་ལོ་དང་། སྤྱོད་པ་རང་ག་མར་སྙོམས་ལས་བྱས་པས་ཚེ་འདི་རུ་དགོས་པའི་དོན་མ་འགྲུབ་པར་ཕྱི་མར་ངན་སོང་དུ་འགྲོ་བར་འགྱུར་རོ། །གཉིས་པ་ཚིག་གི་ལྟ་བས་འཚང་མི་རྒྱ་བས་ཚིག་དོན་ལྡན་པར་གདམས་པ་དང་། དྲང་། སེམས་ཀྱི་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་གཅིག་གཏིང་འབྱིན་པར་མ་རྟོགས་ན་ཁ་ཚིག་ཙམ་གྱིས་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་ཞེས་བརྗོད་པས། འབྲས་བུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དོན་མ་རྟོགས་ན་སྐྱོན་ཡོད་པ་དེ་བས་ན་དོན་དང་ཚིག་ཏུ་འབྲེལ་ཅིང་ལྡན་པར་གྱིས་ལ་གོ་བར་གྱིས་ཤིག །འོ་ན་ལྟ་བ་མ་རྟོགས་ནས་ལམ་ལ་འཇུག་པ་ལ་དགོས་པ་མེད་དོ་ཅེ་ན་མ་ཡིན་ཏེ། འོན་ཀྱང་ཚིག་དོན་འབྲེལ་བར་གྱུར་ནས་ཐེ་ཚོམ་མེད་པར་གོ་ན་འདོད་པའི་དོན་གྱི་འབྲས་བུ་ཐམས་ཅད་ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར་རོ། །གསུམ་པ་ལྟ་བ་མེད་ན་ལམ་ཀུན་ཟག་ཅིང་འཆིང་བས་ལྟ་བ་རྟོགས་ཤིག་པར་གདམས་པ་དང་བཅས་པའོ། །དྲང་། དཔེར་ན་སྤྱན་བཟང་སྟེ་ལོང་བ་ལམ་དུ་ཞུགས་ཀྱང་འགྲོ་སར་མི་ཕྱིན་པ་ཅི་ལྟ་བ་བཞིན་གྱི་ཕྱིར། ལྟ་བ་མ་རྟོགས་པར་ལམ་དུ་ཞུགས་ན་ལམ་ཀུན་འཁོར་བར་ཟག་ཅིང་འཆིང་བའི་རྒྱུ་རུ་འགྱུར་བས། བདག་གཞན་གྱི་འབྲས་བུ་ཐོབ་པའི་དོན་དུ་མི་འགྱུར་པའི་ཕྱིར་ན་སེམས་ངན་སོང་དུ་བརླག་པར་འགྱུར་བའི་སྐྱོན་ཡོད་དོ། །དེ་བས་ན་ལྟ་བའི་དོན་ལ་བརྩོན་ཞིང་འགྲུབ་པར་གྱིས་ཤིག་ཅེས་གདམས་པའོ། །གཉིས་པ་རྟོགས་པའི་དོན་ལ་བརྩོན་འགྲུས་གྱིས་ཤིག་པར་གདམས་པ་དང་། དྲང་། གོང་དུ་ལྟ་བ་རྟོགས་པའི་ཚད་བསྟན་པ་དེ་ལྟར་རང་གསལ་གསུམ་བྲལ་གྱི་ཆོས་ཉིད་ལྟ་བའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བའི་རྟེན་གྱི་གང་ཟག་གང་ཞིག་གིས། ལྟ་བའི་དོན་ལས་གཞན་དུ་མི་བསམ་པར་ལྟ་བའི་དོན་དེ་ཁོ་ན་ལ་བློ་འདྲིས་ཤིང་གོམས་པར་བྱའོ། །སྐྱེས་བུ་དམ་པ་འབྲས་བུ་མཆོག་གི་དངོས་གྲུབ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པས། ལྟ་བ་དེ་ལ་དུས་རྟག་ཏུ་བརྩོན་འགྲུས་ཀྱིས་དོན་གསལ་བར་གྱིས་ལ་སྒོམས་ཤིག་ཅེས་གདམས་པ་དང་། གསུམ་པ་ཏིང་ངེ་འཛིན་རྣམས་དང་རྒྱུ་འབྲས་སུ་འབྲེལ་ཚུལ་བསྟན་པའོ། །དྲང་། དཔེར་ན་མགྲོན་པོ་རྣམས་ལམ་རྒྱུས་ཤེས་ནས་ལམ་དུ་འཇུག་པ་ཇི་བཞིན་དུ་ལྟ་བ་རྟོགས་ནས་བསྒོམ་དགོས་པའི་ཕྱིར། རྒྱུ་ཤེས་པ་ལྟ་བ་དང་རྐྱེན་འཇུག་པའི་ཏིང་ངེ་འཛིན་རྣམས་དང་སྔ་མ་ནི་རྒྱུ་དང་ཕྱི་མ་ནི་འབྲས་བུའི་ཚུལ་དུ་འབྲེལ་བའོ། །གསུམ་པ་ལེའུའི་མཚན་བསྟན་པའོ། །དྲང་། གཞི་གནས་ལུགས་དོན་དམ་ཀུན་རྫོབ་དབྱེར་མེད་པའི་ཡེ་ཤེས་ཡེ་ནས་རང་ལ་རང་ཆས་སུ་གནས་པའི་དོན་རང་རིག་པའི་མངོན་སུམ་དུ་མཐོང་བ་ལྟ་བ་སྟོན་པར་བྱེད་པའི་གཞུང་གི་ཚིག་དོན་རྣམས། མཚམས་དང་རིས་སུ་གཅོད་ཅིང་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་ཞེས་བྱ་སྟེ། དེའི་རྣམ་གྲངས་དགུ་ཡོད་པ་ལས། ཡས་བགྲང་གཉིས་པའི་དོན་དུ་གདའོ། ༈ །སྤྱི་དོན་གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་གཉིས་ཏེ། བགྲང་། དང་པོ་ཕྱག་འཚལ་ཞིང་བཤད་པ་དམ་བཅའ་བ་དང་། དྲང་། དེའང་ལེའུ་གོང་མར་ཆོས་ཀུན་སེམས་ཉིད་རིག་པ་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པའི་དང་ཆེན་པོ་དེ་ལ་ལྟ་བ་རྟོགས་པས་མོས་ཞེན་ཐུན་མོང་མ་ཡིན་པ་རྟོགས་པའི་མཇལ་བའི་སྒོ་ནས་མཆོད་པར་བརྗོད་པའོ། །ལྟ་བ་རྟོགས་པ་དེའི་རྗེས་སུ་གོམས་པར་བྱེད་པའི་ལམ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་བཤད་པར་བྱའོ། །གཉིས་པ་དོན་རྒྱས་པར་བཤད་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་ལམ་གོང་འོག་གི་འབྲེལ་བ་དང་། དྲང་། དེ་ཡང་ལམ་གྲངས་སམ་དུས་ཀྱི་སྔ་མ་སྔ་མ་དེ་ཏིང་ཀུན་ཏིང་ལ་སོགས་གང་དང་གང་ཡིན་པ་དེ། ལམ་གྲངས་སམ་དུས་ཀྱི་ཕྱི་མ་ཕྱི་མའི་གཅིག་སྤྲོས་ལ་སོགས་གང་ཡིན་ཏེ་བསྐྱེད་པའི་ཐབས་དང་རྒྱུ་ཡིན་ལ། སྔ་མ་སྔ་མ་ཐབས་སམ་རྒྱུ་ཡིན་པ་དེ་བཞིན་དུ། ལམ་ཕྱི་མ་ཕྱི་མ་གཅིག་སྤྲོས་ལ་སོགས་གང་ཡིན་པ་དེ། ལམ་སྔ་མ་སྔ་མ་དེ་ཏིང་ལ་སོགས་པའི་ཐབས་ལས་བྱུང་བ་དེའི་འབྲས་བུ་ཡིན་ནོ། །དེ་ཡང་སྤྱིར་རྒྱུ་འབྲས་རྣམ་གྲངས་ཀྱི་རྣམ་དབྱེ་རྣམས་ལེའུ་གོང་མའི་འགྲེལ་པ་དང་གཞན་དུ་ཤེས་ལ། འདིར་ས་བོན་དང་མྱུ་གུ་ལྟར་བསྐྱེད་བྱེད་དམ། ཕན་གདག་བྱ་གདག་བྱེད་ཀྱི་རྒྱུ་འབྲས་སུ་ཤེས་པར་བྱའོ། །གཉིས་པ་ལམ་གྱི་དམིགས་རྒྱས་པར་བཤད་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། གོང་དུ་བསྟན་པ་དེ་ལྟར་ལམ་སྔ་ཕྱི་ལ་རྒྱུ་དང་འབྲས་བུའང་། ཐབས་དང་ཐབས་ལས་བྱུང་བའི་འབྲེལ་བ་ཡོད་པའི་ལམ་པ་དེའང་། དཔེར་ན་སྲིད་པ་འཁོར་བའི་སྐྱེ་གནས་ཀྱི་འཁོར་ལོ་ལ་བརྫུས་ཏེ་སྐྱེས་པ་དང་། མངལ་སྐྱེས་ལ་མྱུར་བུལ་ཡོད་པའི་ཚུལ་བཞིན་དུ་ཤེས་རབ་ཀྱི་དབང་པོ་དང་། དོན་དུ་གཉེར་བའི་བརྩོན་འགྲུས་བཟང་བ་སྲིད་པ་བརྫུས་ནས་སྐྱེ་བ་དང་། ངན་པ་སྲིད་པ་རིམ་པར་སྐྱེ་བའི་ཚུལ་གྱིས་ཕྱེ་བས་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་འདི་ལའང་། རྣམ་པར་དབྱེ་བ་ཅིག་ཆར་བ་དང་། རིམ་གྱིས་པའི་ལུས་གཉིས་སུ་བསྟན་པར་བྱའོ། །འདིར་གླན་ཆུ་བར་གྱི་ཤཱཀྱ་བཟང་པོས་འདི་བཞེད་ཀྱི་ལམ་རིམ་གྱི་དབུ་ཞབས་ཀྱི་ངག་དོན་དྲིལ་ན་དོན་བརྒྱད་དེ་ཤེས་རབ་ཆེ་ཆུང་ངམ་བདེ་བ་ལམ་དུ་ཁྱེར་མི་ཁྱེར་གྱི་སྒོ་ནས་ཐབས་ལམ་དང་གྲོལ་ལམ་གཉིས། བློ་ཆེ་ཆུང་གི་སྒོ་ནས་རིམ་དང་ཅིག་ཆར་གཉིས། རིམ་པ་འདོར་མི་འདོར་གྱི་སྒོ་ནས་མཐར་ཆགས་དང་ཐོད་རྒལ་གཉིས། རང་སྟོབས་དང་གཞན་སྟོབས་ཀྱི་སྒོ་ནས་གདམས་ངག་དང་ཤེས་རབ་ཀྱི་སྟོབས་གཉིས། དངོས་ཡུལ་དང་མོས་ཡུལ་གྱི་སྒོ་ནས་རྫོགས་སློབ་དང་སྨིན་སློབ་གཉིས། སྐྱེ་བ་ལེན་མི་ལེན་གྱི་སྒོ་ནས་ཟག་པ་ཡོད་མེད་གཉིས། སྤྱོད་པ་དུས་ཚོད་ཀྱི་སྒོ་ནས་ལྡོག་པ་ཡོད་མེད་གཉིས། མྱ་ངན་ལས་འདའ་ཚུལ་གྱི་སྒོ་ནས་ལྷག་མ་ཡོད་མེད་གཉིས་སོ། །དང་པོ་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། གཞི་དང་སྐབས་ནས་སྐྱེ་འགྱུར་བ། །གྲོལ་ལམ་ཐབས་སུ་རྣམ་པར་བཤད། །ཅེས་པ་དང་། རིམ་གསུམ་ལས། དབུ་མ་རྣམ་པ་གཉིས་ཡིན་ཏེ། །གྲོལ་ལམ་ཐབས་སུ་རྣམ་པར་བཤད། །ཅེས་པ་དང་། འདི་ཉིད་ལས་ཐབས་དང་ཤེས་རབ་ལམ་ཉིད་ཀྱིས། ཞེས་གསུངས་པས། དེ་ལ་དོན་གསུམ་ལས། དང་པོ་གོ་བ་ནི། ཡོད་པ་གྲོལ་ལམ་ཡོད་ཀྱང་། ཐབས་དང་གདམས་ངག་གཙོར་བྱས་ཏེ། སྤྱོད་པ་ཐབས་ཀྱི་གདམས་ངག་དང་ལྡན་པས། བདེ་བ་ལ་སྤྱོད་ཀྱང་མི་འཆིང་ཞིང་གྲོལ་བ་ཐབས་ལམ་དང་། ཡོད་པ་ཐབས་དང་གདམས་ངག་ཡོད་ཀྱང་། ཤེས་རབ་གསུམ་གཙོ་བོར་བྱས་ནས་སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི་དོན་ཐོས་བསམ་སྒོམ་གསུམ་གྱིས་རྒྱུད་གྲོལ་བར་བྱེད་པས་གྲོལ་ལམ་ཞེས་སོ། །གཉིས་པོ་འགོ་འབྲེལ་ལམ། ཐ་དད་ཅེ་ན། རྗེ་སྒྲོ་ཕུག་པ་རྗེས་འབྲང་དང་བཅས་པས་འགོ་འབྲེལ་ལམ་དུ་བཞེད་དོ། །འོ་ན་ཐབས་ལམ་དང་གྲོལ་ལམ་སོ་སོས་འཚང་རྒྱ་བར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་རང་གི་ལམ་གྱི་ཆེ་བ་བརྗོད་པ་ཡིན་གྱི། འགོ་འབྲེལ་ཡིན་གསུངས་སོ། །འབྲེལ་པ་གང་དུ་འབྲེལ་ཞེ་ན་གཉིས་ཏེ། ཤུགས་འབྲེལ་དང་། དངོས་འབྲེལ་ལོ། །དང་པོ་ནི། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ནས་ཡར་འབྲེལ་ལོ། །གཉིས་པ་ནི། ཚོགས་སྒྲུབ་ཀྱི་འཁོར་ཁང་དང་པོར་སྦྱོར་སྒྲོལ་གྱི་མཆོད་པ་འབུལ་བ་དེ་ཐབས་ལམ་དེ་ལ་ཤེས་རབ་ཀྱི་རྩིས་མ་ཟིན་ན་ཆགས་སྡང་རང་རྒྱུད་དུ་འགྲོ་བས་ཤེས་རབ་ཀྱི་རྩིས་ཟིན་པ་དེ་གྲོལ་ལམ་ཡིན་གསུངས་སོ། །གསུམ་པ་སྔོན་དུ་གང་འགྲོ་ཞེ་ན། སྔ་རབས་པའི་ལུགས་ཀྱི་ཐོས་བསམ་ལ་འཇུག་པའི་སྔོན་དུ་ཐབས་ལམ་འགྲོ་སྟེ། ཐབས་ལམ་དབང་ཡིན་པས་དེ་མ་བསྐུར་བར་ཐོས་བསམ་བྱར་མི་རུང་བར་གསུངས་པ་དང་། གཞུང་འདི་ཉིད་ཀྱི་དགོངས་པ་ལྟར་ན། ཐོག་མར་གཡོ་སྨོན་གྱི་སེམས་སྔོན་དུ་སོང་ནས་འཇུག་པའི་སེམས་བསྐྱེད་དེ། དེ་ནས་ཐབས་ལམ་ཕན་ནུས་ཀྱི་དབང་བསྐུར་ནས་ཐོས་བསམ་ལ་གནས་པར་བྱེད་པར་བཤད་དོ། །དེ་ཡང་ཐབས་ལམ་གཙོ་བོར་བྱས་ནས་གྲོལ་ལམ་ཆ་རྐྱེན་དུ་བྱས་པ་དང་། གྲོལ་ལམ་གཙོ་བོར་བྱས་ནས་ཐབས་ལམ་ཆ་རྐྱེན་དུ་བཏོང་བ་ལས། འདི་ནི་ཐ་མར་འདོད་དོ། །དེ་ཡང་ཐུགས་ཐིག་ལས། ལམ་གྱི་ཤེས་རབ་སྔོན་འགྲོ་བ། །ཐབས་ལ་དེ་ཉིད་རིམ་པར་བསླབ། །ཅེས་སོ། །གཉིས་པ་རིམ་དང་ཅིར་ཆར་ནི། བདེན་པ་བཞི་ཅིག་ཆར་དུ་རྟོགས་ཤིང་སྒོམ་པ་དང་། བདེན་བཞི་རིམ་གྱིས་ཉམས་སུ་ལེན་པ་གཉིས་ནི་དེ་མ་ཐག་འོག་ཏུ་བཤད་པ་ལྟར་ཤེས་པར་བྱའོ། །གསུམ་པ་ནི། ལམ་བོར་རུང་དུ་ཡོད་པ་ཐོད་རྒལ་དང་། མཐར་ཆགས་སུ་བསྒྲོད་པ་རིམ་གྱིས་པས་གཉིས་ནི། ལེའུ་ལྔ་པའི་སྐབས་ནས་ཤེས་པར་བྱའོ། །བཞི་པ་ནི། རང་སྟོབས་དང་གཞན་སྟོབས་ཀྱི་དོན་ནི་ལེའུ་གསུམ་པ་ལ་སོགས་པའི་སྐབས་ནས་ཤེས་པར་བྱའོ། །ལྔ་པ་སྨིན་སློབ་དང་རྫོགས་སློབ་ཀྱི་དོན་ལའང་། ལམ་རྫོགས་སློབ་ནི། དེ་ཏིང་ལ་སོགས་པ་རྣལ་འབྱོར་བཞི་ནི། ཐུན་རེའི་ཆོ་ག་ལ་རྫོགས་པར་བསྒོམས་ནས་བདག་གཞན་གྱི་དོན་ལ་སྦྱོར་བ་ཡིན་ཏེ་འདི་ཉིད་ཀྱི་གསུམ་པ་ལས། ཤེས་འཇུག་ཀུན་ཀྱང་གཞན་དོན་དུ། །ཞེས་སོགས་ཚིག་སྐང་དྲུག་གིས་སྟོན་ནོ། །ལམ་སྨིན་སློབ་ནི། དེ་ཏིང་ལ་སོགས་པ་རེ་རེ་ལའང་ཉམས་ལྔ་མཐར་ཕྱིན་ནས་ལམ་གོང་མ་ལ་སྦྱོར་བ་ཡིན་ཏེ། འདི་ཉིད་ལས། སྔ་མ་སྔ་མ་གང་དང་གང་། །ཞེས་སོགས་དང་། སྔོན་དུ་སྟོང་སྒོམ་རྣལ་འབྱོར་པས། །ཞེས་སོགས་ཚིག་རྐང་བཞིས་སྟོན་ནོ། །དྲུག་པ་ཟག་པ་ཡོད་མེད་དང་། བདུན་པ་ལྡོག་པ་ཡོད་མེད་གཉིས་ནི། ལེའུ་དྲུག་པ་དང་། བདུན་པ་དང་། བརྒྱད་པ་གསུམ་གྱི་སྐབས་སུ་ཤེས་པར་བྱའོ། །བརྒྱད་པ་ལྷག་བཅས་དང་ལྷག་མེད་ཀྱི་འབྲས་བུ་ལ་སྦྱོར་ཚུལ་ནི། ལེའུ་བདུན་པ་དང་། བརྒྱད་པའི་སྐབས་སུ་ཤེས་པར་བྱའོ། །དེས་སྤྱི་དོན་སོང་ནས། གཉིས་པ་རྒྱས་པར་བཤད་པ་དེ་ལ་གཉིས་ཏེ། ཅིག་ཆར་བ་དང་། རིམ་གྱིས་པའོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་སྤྱིར་ཅིག་ཆར་བའི་ཏིང་ངེ་འཛིན་སྒོམ་ཚུལ་དང་། དྲང་། ཅིག་ཆར་བ་ནི་སྲིད་པ་བརྫུས་ནས་སྐྱེ་བ་དེ་ལུས་རྫོགས་པ་ཅིག་ཆར་དུ་སྨིན་པའི་ཚུལ་བཞིན་དུ། རིམ་གྱིས་པས་ལྟ་སྒོམ་ལས་ལྷག་པར་བདེན་གསུམ་དབྱེར་མེད་རྟོག་པའི་གདེངས་དང་ལྡན་པའི་སྐྱེས་བུ་དེ་ཡིས། དེ་ཏིང་ཀུན་ཏིང་ཕྱག་རྒྱ་གཅིག་སྤྲོས་ཀྱི་སྒོམ་པ་རྣམ་པ་བཞི་ལས། དང་པོ་དེ་ཏིང་ནི་ཆོས་ཀུན་རང་བྱུང་གི་ཡེ་ཤེས་བཅོས་བསླད་མེད་པའི་ངང་ལ་གནས་པའོ། །ཀུན་ཏིང་ནི། ཆོས་ཀུན་རང་རིག་པའི་ཡེ་ཤེས་མ་འགག་པར་ཅིར་ཡང་གསལ་བའི་ངང་ལ་གནས་པའོ། །ཕྱག་རྒྱ་གཅིག་པ་ནི། རང་བྱུང་ལྷའི་སྐུར་རང་རིག་པའི་ཡེ་ཤེས་ལས་མ་གཡོས་པའོ། །སྤྲོས་བཅས་ནི་སྣོད་བཅུད་རང་བཞིན་གྱིས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མ་འདྲེས་པར་ཡེ་ནས་གསལ་བའོ། །དེ་ལྟར་བཞི་པོ་ཟུང་འབྲེལ་གཉིས་མེད་དུ་ལྡན་པར། དུས་གདོད་མར་ལྟ་བ་རྟོགས་མ་ཐག་ཉིད་ནས་བདེན་པ་རྣམ་བཞི་ཅིག་ཆོད་དུ་གོམས་པར་བྱེད་པའོ། །ལྟ་བ་རང་བྱུང་གི་ཡེཤེས་མཐའ་དབུས་མེད་པའི་ཐིག་ལེ་ཆེན་པོའི་རང་བཞིན་དུ་གསལ་བ་དེ་ལ། རིམ་གྱིས་བསྒོམ་པ་དེ་ཏིང་སྟོང་ཆེན་དང་། ཀུན་ཏིང་ཡེ་ཤེས་སྒྱུ་མ་དང་། །དབྱེར་མེད་རྒྱུའི་ཏིང་ངེ་འཛིན་དང་རྣམ་པ་གསུམ་ཀ་དུས་གཅིག་ལ་ཐ་མི་དད་དུ། གཉིས་མེད་ཐིག་ལེ་ཆེན་པོ་རྫོགས་ལ་དེ་ནི་བཅོས་བསླད་མེད་པའི་དེ་བཞིན་ཉིད་ཀྱི་དོན་ནི་མཉམ་པའི་དབྱིངས་དང་། དེ་ནི་ཅིར་ཡང་མ་འགགས་པར་གསལ་བས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་གྱི་དང་། ཐིག་ལེ་ཆེན་པོ་དེ་ནི་རྫོགས་ལ་དབྱེར་མེད་ཀྱི་སྐུ་ཡེ་ཤེས་སུ་གསལ་བས་རྒྱུའི་ཏིང་ངེ་འཛིན་ནོ། །རིམ་གྱིས་པའི་ཏིང་ངེ་འཛིན་གསུམ་རིམ་པར་བསྒོམ་པ་རྣམས། འདིར་ཅིག་ཆར་དུས་གཅིག་ཏུ་ལྡན་པ་ཡིན་ནོ། །ལམ་ཆུང་ལས། དེ་ཉིད་མ་བཅོས་མི་གཡོའི་ཚུལ། །དེ་ནི་དེ་བཞིན་ཉིད་ཀྱི་དབྱིངས། །དེ་ཉིད་ཀུན་གསལ་ཡེ་ཤེས་ཕྱིར། །དེ་ནི་ཀུན་ཏུ་སྣང་གི་ངང་། །འབྲས་བུའི་ཆོས་རྣམས་ཀུན་དངོས་པས། །དེ་ནི་རྒྱུ་ཡི་རིམ་པར་ལྡན་ཞེས་པ་དང་། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། ལྷུན་གྱིས་རྟོགས་ནས་ལྷུན་གྱིས་བསྒོམ། །རིམ་བྲལ་དེ་ཉིད་གསལ་གྱུར་པ། །སྐབས་ཀྱི་རྫོགས་པ་ཆེན་པོར་བརྗོད། །ཅེས་སོ། །གཉིས་པ་ཚོགས་བརྒྱད་ཡེ་ཤེས་ལྔར་རྟོགས་ཤིང་བསྒོམས་པ་ལས་མི་འདའ་བར་བསྟན་པ་དང་། དྲང་། སེམས་རྣམས་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔའི་ངོ་བོར་གསལ་བར་རྟོགས་པའི་དོན་ནི། སྔར་ལྟ་བའི་ངོ་བོའི་སྐབས་སུ་རྒྱས་པར་བཤད་པ་དང་མཐུན་ལ། འདིར་ལུང་ནི་དགོངས་འདུས་ལས། རྩ་བའི་རྣམ་པར་ཤེས་པ་ལས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་སྣང་ངོ་། །དམིགས་པའི་རྣམ་པར་ཤེས་པར་ལས་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་སྣང་ངོ་། །སྣང་བའི་རྣམ་པར་ཤེས་པ་ལས་ནི། སོ་སོར་རྟོགས་པའི་ཡེ་ཤེས་སུ་སྣང་ངོ་། །འཇུག་པའི་རྣམ་པར་ཤེས་པ་ལས་ནི། བྱ་བ་གྲུབ་པའི་ཡེ་ཤེས་སུ་སྣང་ངོ་། །སེམས་ཀྱི་ཆོས་ཉིད་ལས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་སྣང་ངོ་། །ཞེས་གསུངས་པ་ལྟར་རོ། །ལྟ་བ་རྟོགས་པའི་དོན་དེ་ལ་བསྒོམ་པ་ཏིང་ངེ་འཛིན་གྱིས་རིག་པ་ལ་རང་དབང་བསྒྱུར་ནས་བསྒོམ་པའི་དོན་ནི། ཚོགས་བརྒྱད་ཡེ་ཤེས་ལྔའི་ངོ་བོ་རུ་ཡུལ་མེད་དུ་རང་གསལ་བ་ཉིད་ནི་རྣམ་པར་མི་རྟོག་པའི་ཐུགས་ཡེ་ཤེས་ལྔའི་ངོ་བོར་ལྷུན་གྱིས་གྲུབ་པ་ལས་མི་འདའ་བས་ཕྱག་རྒྱ་ཆེན་པོའོ། །གསུམ་པ་བྱེ་བྲག་ཕྱེས་ཏེ་བཤད་པའོ། །དེ་ལ་གཉིས་ཏེ། རབ་ཟག་མེད་ཀྱི་བདེན་པ་རྟོགས་ནས་སངས་རྒྱས་པར་བསྟན་པ་དང་། འབྲིང་ཟག་བཅས་ཀྱི་བདེན་པ་ཅིག་ཆར་དུ་རྟོགས་པའོ། །དང་པོ་ལ་གཉིས་ཏེ། མི་འདའ་བའི་དམ་ཚིག་དང་། དེ་དང་མཐུན་པར་སྤྱོད་པས་སངས་རྒྱས་ཚུལ་ལོ། །དང་པོ་ལ་གཉིས་ཏེ་བགྲང་། དང་པོ་མཉམ་པ་ཉིད་ཀྱི་དོན་ལྟ་བ་བསྒོམ་ལས་མི་འདའ་བར་བསྟན་པ་དང་། དྲང་། གཞི་དོན་མཉམ་པ་ཉིད་ལ་ལྟ་བས་མཉམ་པ་ཉིད་ཡིན་པར་རྟོགས་ནས་སྦྱོར་བའི་སྒོམ་པ་མཉམ་པའི་དོན་ལས་མི་འདའ་བའི་དམ་ཚིག་དེའི་དོན་ལ་མི་འདའ་བར་གནས་ན། གང་ཡང་མ་སྤངས་པར་འབྲས་བུ་མཉམ་རྫོགས་བདག་ཉིད་ཆེན་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཐོབ་པར་འགྱུར་བས་སོ། །མཉམ་པ་ཉིད་ཀྱི་དོན་དེ་ལས་འདས་ན་སངས་རྒྱས་ཐོབ་པ་ནི་མ་ཡིན་ནོ། །གཉིས་པ་སྤྱོད་པ་ལས་མི་འདའ་ཞིང་ཚོགས་གཉིས་རྫོགས་པར་བསྟན་པའོ། །དྲང་། ཡང་ན་ཞེས་པ་འདམ་ཀའི་ཚིག་ཡིན་ཏེ། བསྲུང་དུ་མེད་པ་སྤྱོད་པའི་དམ་ཚིག་འོག་ནས་འབྱུང་བ་འདི་ལྟ་བུ། ལྟ་བསྒོམ་གྱི་ངང་ནས་སྒོ་གསུམ་གྱི་སྤྱོད་པ་ཅི་ལྟར་སྤྱད་ཀྱང་བདག་ཉིད་ཆེན་པོ་མཉམ་པ་ཉིད་ཀྱི་སྡོམ་པའི་དོན་ལས་མི་འདའ་བའི་སྟེང་ནས། སྒོ་གསུམ་གྱི་བྱ་སྤྱོད་ཐམས་ཅད་མི་འགགས་པ་བསོད་ནམས་དང་། མ་དམིགས་པ་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གཉིས་སུ་རྫོགས་པར་འགྱུར་རོ། །གཉིས་པ་སྤྱོད་པས་སངས་རྒྱས་ཚུལ་དེ་ལ་གཉིས་ཏེ། བགྲང་། དང་པོ་སྤྱོད་ལམ་མཉམ་པ་ཉིད་ལས་མི་འདའ་བ་དང་། དྲང་། རྣལ་འབྱོར་པ་དེ་འགྲོ་འོང་གི་སྤྱོད་པ་དང་། འདུག་ཅིང་སྡོད་པ་དང་། ཉལ་ཞིང་གཉིད་ལོག་པ་དང་། ཟ་ཞིང་ལོངས་སྤྱོད་པའི་དུས་ན་ལྟ་སྒོམ་གྱི་དོན་ལས་མ་ཉམས་པ་མཉམ་པ་ཉིད་དེའི་དབྱིངས་སུ་གནས་པར་གང་གིས་སྤྱོད་ན། རྣལ་འབྱོར་པ་ཤེས་རབ་མཆོག་ཏུ་གྱུར་པ་ཅིག་ཆར་བ་དག་གིས་དུས་རྟག་ཏུ་དེ་ལྟར་སྤྱོད་པར་བྱའོ། །གཉིས་པ་ལྟ་སྤྱོད་དང་ལྡན་པས་སངས་རྒྱས་པར་བསྟན་པའོ། །དྲང་། དབྱིངས་ཉིད་མཉམ་པ་ཉིད་ཀྱི་དོན་གནས་པ་ལ་ནི། བློས་རྟོག་པར་བྱས་ནས་དབྱིངས་དེ་ལ་སྤྱོད་པའི་ཕྱིར། དབྱིངས་གང་ལ་སྤྱོད་ན་སྐྱེ་བ་མེད་པའི་དབྱིངས་ཉིད་ལ་ལྷག་པའི་འབྲས་བུ་མཆོག་གི་འབྱུང་གནས་གཉིས་མེད་མཉམ་པ་ཉིད་ཀྱི་དབྱིངས་ལ་སྤྱོད་པས། མཐར་གཉིས་མེད་མཉམ་པ་ཉིད་དེ་ཉིད་རང་ཡང་མི་གནས་པའི་མྱ་ངན་ལས་འདས་ཏེ་སངས་རྒྱས་སོ། །དེ་ཡང་རྡོ་རྗེ་ལས། དང་པོ་བློ་ལྡན་གང་ཟག་ནི། །མ་ལུས་བདེན་པ་དབྱེར་མེད་པས། །རང་བཞིན་རིག་པའི་གཏན་ཚིག་གིས། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །ཐབས་དང་ཤེས་རབ་གཉིས་མེད་དོན། །ཡེ་ནས་རྫོགས་སངས་རྒྱས་པ་ཉིད། །གང་ལ་བརྟེན་ནས་རྟོགས་པ་ཉིད། །ལམ་གྱི་ཡན་ལག་ཀུན་རྫོགས་ཏེ། །ས་བཅུ་རིམ་པར་མ་བཀོད་རྫོགས། །མ་ལུས་ཡོན་ཏན་རང་ཤར་བའི། །ཐམས་ཅད་མ་ལུས་མཎྜལ། །ཚོགས་གཉིས་རྫོགས་པའི་འབྲས་བུ་ཉིད། །དབང་པོ་ཅིག་ཆར་སྤྱོད་ཡུལ་ཡིན། །ཅེས་པ་དང་ས་དང་ཕ་རོལ་ཕྱིན་པ་དང་། ལམ་དང་ཡོན་ཏན་དུས་གཅིག་རྫོགས། །ཞེས་གསུངས་པའི་དོན་གྱིས་གསལ་ལོ། །གཉིས་པ་འབྲིང་ཟག་བཅས་ཀྱིས་བདེན་མཐོང་ཅིག་ཆར་བ་ལ་གསུམ་སྟེ། བགྲང་། དང་པོ་ལྟ་བ་ཡུལ་སེམས་དབྱེར་མེད་དུ་རྟོགས་པ་དང་། དྲང་། ལྟ་བ་རྟོགས་པ་རང་རིག་པའི་ཡེ་ཤེས་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ལྟར་གང་བསམ་པ་ཐམས་ཅད་འབྱུང་བ་ཡིན་ཏེ། དེས་ཆོས་ཐམས་ཅད་ལ་བལྟས་ཀྱང་མེ་ལོང་གི་གཟུགས་བརྙན་སྣང་ལ་རང་བཞིན་མེད་པ་བཞིན་དུ། ཕྱི་ནང་གི་ཆོས་ཐམས་ཅད་ལ་བལྟས་ཀྱང་གཟུགས་སྣང་རང་རྒྱུད་དུ་མི་སྣང་ངོ་། །གཉིས་པ་བཞག་ཐབས་ལ་གཉིས་ཏེ། རྟོགས་པའི་དོན་བསྒོམ་ཐབས་དང་། སྐྱོན་བཅོས་ཐབས་སོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་རྟོགས་པའི་དོན་ལ་བཞག་པས་འབྲས་བུ་ཐོབ་ཚུལ་དང་། དྲང་། རང་གི་ཤེས་པའི་རྒྱུད་ཀྱི་ཆོས་ཉིད་ཅི་ཡིན་པ་རྣལ་འབྱོར་པ་གང་གིས་ཡེ་ཤེས་སུ་ངོ་ཤེས་ཤིང་ལྟ་བས་རྟོགས་ནས། དེའི་ངང་ལ་བསྒོམ་བྱ་སྒོམ་བྱེད་གཉིས་སུ་འཛིན་པ་ལས་འཕགས་ཏེ་བློ་གྱི་ན་འདར་རྩོལ་མེད་དུ་འདུག་པར་བྱེད་པའི་རྣལ་འབྱོར་པ་གང་ཞིག །རང་གི་ཆོས་ཉིད་རྟོགས་པའི་བློ་ལ་རྩོལ་མེད་དུ་ལོངས་སྤྱོད་པ་དེ་དག་གིས་བྱང་ཆུབ་ཐོབ་པའོ། །གཉིས་པ་དགོངས་པའི་ངོ་བོ་དང་། དྲང་། གདོད་མ་ནས་གཉིས་འཛིན་རྣམ་པར་དག་པའི་ཏིང་ངེ་འཛིན་ནི། ཆོས་ཉིད་འགྱུར་མེད་སྐྱེ་འཇིགས་མེད་པས་གཡུང་དྲུང་ལྟ་བུར་ཡེ་ནས་སངས་རྒྱས་པའི་དོན་ལ། ལྟ་བ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་གདོད་མ་ཉིད་ནས་བདེན་གསུམ་མཉམ་པ་ཉིད་དུ་ངོ་བོ་རྣམ་པར་དག་པར་རྟོགས་ཤིང་། ཏིང་ངེ་འཛིན་ཡུལ་དུ་མི་རྟོག་པ་གཞི་གནས་དང་། ས་ལེར་གནས་པ་ལྷག་མཐོང་དང་། དེ་གཉིས་ཟུང་དུ་འབྲེལ་བ་ལས་ཡང་དག་པའི་རྟོགས་པར་མཛད་ཅེས་སྨོས་པའོ། །གསུམ་པ་ཡོན་ཏན་འབྱུང་ཚུལ་ལོ། །དྲང་། དེའི་ཉམས་ནི་ཕྱོགས་གཅིག་ཏུ་འདི་འདྲར་བསྙད་དུ་མེད་པས་དྲོད་རྟགས་ཀྱི་ཡོན་ཏན་སྣ་ཚོགས་པ་འབྱུང་བ་ཡིན་པས། དེ་ཆོས་ཀྱི་བདག་གཉིས་སུ་མེད་པའི་སེམས་ཉིད་སྣང་སྟོང་ཐ་དད་མེད་ཅིང་བདག་ཉིད་ཆེན་པོ་ལ་ཡོན་ཏན་ནམ་འབྲས་བུ་ཐམས་ཅད་ཟད་འཕེལ་མེད་པར་འབྱུང་བའི་གཏེར་ལྟ་བུའོ། །གཉིས་པ་སྐྱོན་བཅོས་ཐབས་ལ་གསུམ་སྟེ། བགྲང་། དང་པོ་རྣམ་རྟོག་ཡེ་ཤེས་ཡིན་པས་གཉེན་པོ་མི་བསྟེན་པ་དང་། དྲང་། ཚོགས་དྲུག་མ་བཀག་པ་ལས་རྣམ་རྟོག་སྣ་ཚོགས་རྒྱུ་ཞིང་འབྱུང་ཡང་འབྱུང་དུས་རང་བཞིན་མེད་པའི་རྣམ་རྟོག་སྐྱེ་བའི་དུས་ཉིད་ངོ་ཤེས་ན་ཡེ་ཤེས་ཀྱི་རང་བཞིན་ཡིན་ཏེ། ཡུལ་སེམས་དབང་པོ་རྣམ་པ་གསུམ་དུ་མ་འགག་པར་སྣང་ཞིང་སྣང་དུས་རང་རྒྱུད་དུ་གྲུབ་པ་མེད་པས་ངོ་བོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཡིན་པ་ལས། དེས་ན་རྣམ་པར་རྟོག་པའི་རྐྱེན་རང་ག་མ་མི་སྐྱེ་ཞིང་། དེ་ལས་གཞན་དུ་ཡེ་ཤེས་བྱ་བ་བཟང་པོ་ཞིག་བརྗོད་དུ་མེད་དེ་གཉིས་མེད་དུ་རང་གྲོལ་བའོ། །གཉིས་པ་བློ་ཐམས་ཅད་འཛིན་རྩོལ་མེད་པར་རང་བྱུང་རང་ཞི་དང་། དྲང་། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སེམས་ཉིད་ཀྱི་ངང་དུ་འདུས་ཏེ། དེའི་ངོ་བོ་གང་དུའང་མ་གྲུབ་པས་སེམས་ཞེས་བྱ་བ་ཕྱོགས་གཅིག་ཏུ་མིང་གདམས་སུ་མེད་དོ། །དེ་ཉིད་བྱེད་པ་པོར་མ་བཅོས་འཁོར་འདས་ལྷུན་གྲུབ་ཏུ་གནས་པས་ཡེ་གདོད་མ་ནས་བྱང་ཆུབ་ཡིན་ཅིང་། དེ་ཉིད་མ་གཏོགས་པའི་འབྲས་བུ་ཐོབ་པར་བྱ་རྒྱུ་ཞིག་གཞན་ན་མེད་པས་ཡེ་གདོད་མ་ནས་རང་བདེ་བར་གཤེགས་པ་ཡིན་ནོ། །དཔེར་ན་ཁ་དོག་སྔོན་པོ་ལ་ནམ་མཁའ་ཞེས་བྱ་བར་རང་རྒྱུད་པས་བཟུང་བས་ན། དེ་ལ་སྤྲིན་གྱིས་ཁེབས་པར་འགྱུར་གྱིས། ནམ་མཁའི་ངོ་བོ་ལ་ངོས་བཟུང་མེད་ཅིང་གྲུབ་པ་མེད་པར་མཁས་པ་གང་གིས་ཤེས་པ་དེ་ལ་ནི། སྒྲིབ་བྱེད་ཀྱི་སྤྲིན་ཞིག་དག་འབྱུང་ཞིང་སྤྲི ན་གྱིས་ནམ་མཁའ་ཁེབས་པར་མི་སྲིད་དེ་བཞིན་དུ། རྣལ་འབྱོར་པས་བསྒོམ་པའི་སེམས་ཀྱང་། རྣམ་རྟོག་ཡེ་ཤེས་སུ་མ་ཤེས་ན་རྟོག་པས་སྒྲིབ་ལ། རྣམ་རྟོག་ཡེ་ཤེས་སུ་ཤེས་ན་རྟོག་པས་མི་སྒྲིབ་ལ། གཉིས་མེད་དུ་རང་གྲོལ་བས་གོང་གི་དཔེ་དེ་ལྟར་བལྟ་བར་བྱའོ། །གསུམ་པ་བཅོས་སླད་མེད་པར་བཞག་པས་འབྲས་བུ་རང་བྱུང་ཚུལ་ལོ། །དྲང་། རྟོགས་པའི་དོན་ལ་བློ་མ་བཅོས་རྩོལ་མེད་ལྷུན་གྲུབ་ཏུ་གནས་པ་ཅི་བཞིན་པའི་ངང་དུ་མཉམ་པར་བཞག་པ་དང་། རྒྱུ་འབྲས་གཉིས་སུ་མེད་པར་ཡེ་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མཐར་ཐུག་གི་འབྲས་བུ་རང་སྣང་དུ་འབྱུང་བའོ། །གསུམ་པ་ཇི་བཞིན་མངོན་དུ་བྱས་པའི་འབྲས་བུ་སངས་རྒྱས་ཚུལ་ལོ། །དྲང་། གནས་ལུགས་དེ་བཞིན་ཉིད་ལ་ཏིང་ངེ་འཛིན་གྱི་གནས་བཅའ་ཞིང་བསྒོམ་ན་ཡོན་ཏན་ནི་འཁོར་བར་བྱེད་པའི་རྒྱུ་ཉོན་མོངས་པ་དང་འབྲས་བུ་སྡུག་བསྔལ་རྣམས་མི་འབྱུང་སྟེ། དུས་རྟག་ཏུ་ཟག་པ་མེད་པའི་བདེ་བ་ལ་གནས་ཤིང་། འབྲས་བུ་བདག་དོན་བྱང་ཆུབ་ཆེན་པོ་ཆོས་སྐུ་ཐོབ་ཅིང་། གཞན་དོན་དུ་གདུལ་བྱའི་ངོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཀུན་དང་ལྡན་པའི་གཟུགས་སྐུ་གཉིས་སུ་སྣང་ནས་དོན་མཛད་པ་སྟེ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པའོ། །དེས་ན་འབྲས་བུ་སྐུ་གཉིས་ཐོབ་པ་ཡིན་ནོ། །གཉིས་པ་རིམ་གྱིས་པ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། དཔེར་ན་སྲིད་པ་བཅུད་ཀྱི་འགྲོ་བ་འགའ་ཞིག་རིམ་པར་མངལ་ནས་སྐྱེས་ཤིང་ལུས་སྨིན་པའི་ཚུལ་གྱིས། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་བསྒོམ་པའི་ཡན་ལག་ལ། དེ་ཏིང་། ཀུན་ཏིང་། ཕྱག་རྒྱ་གཅིག་པ་སྤྲོས་པ། ཚོགས་སྒྲུབ་དང་ལྔ་རུ་ལུས་རྣམ་པར་བཞག་ན། ལམ་པ་གང་དག་ཕྱི་ནང་གི་དངོས་པོ་ཤེས་བྱའི་ཆོས་ཀུན་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་པའི་ཕྱིར། གསང་བའི་མཁར་ལྔ་ཞིག་སྟེ་ཤྲི་བའི་ཚེ་རིག་པ་བརྒྱལ་བ་ལྟར། ཚོགས་དྲུག་ཡུལ་ལ་སྣང་བའི་རྟོག་པ་འགགས་པ་དང་། ནང་འཛིན་ཞེན་གྱི་རྟོག་པ་གཉིས་དང་བྲལ་བས། དོན་དམ་པའི་བདེན་པ་བསྒོམ་པ་སྟེ། དེ་ཏིང་སྟོང་པ་ཆེན་པོ་དང་འདྲ་བའི་ཕྱིར་དཔེར་བརྗོད་པའོ། །སྦྱང་གཞིའམ། བསླབ་བྱ་ཡང་ཡིན་ནོ། །དེ་ནས་འདི་ཕྱི་གཉིས་ཀྱི་སྐྱེ་བ་བར་མ་སྟེ། སྲིད་པ་བར་དོ་ད་ལྟར་གྱི་ལུས་གདོས་བཅས་དང་བྲལ། སྒྱུ་མའི་ལུས་དང་བཅས་ཏེ་དབང་པོ་ཀུན་གསལ། གང་ལའང་ཐོགས་མེད་དུ་འགྲོ་ནུས་པ་དེ་ཀུན་རྫོབ་ཀྱི་བདེན་པ་ཀུན་ཏིང་སྙིང་རྗེ་སྒྱུ་མ་དང་འདྲ་བའི་ཕྱིར་དཔེར་བརྗོད་པའམ། སྦྱང་གཞིའམ། བསླབ་བྱ་ཡང་ཡིན་ནོ། །དེས་ལས་ཀྱི་རླུང་གིས་བརྡས་ཏེ། སྐྱེ་གནས་ཀྱི་དང་པོ་མའི་མངལ་དུ་ཉིད་མཚམས་སྦྱོར་བ་ནི། རྟེན་ཁུ་བ་དཀར་དམར་ཉི་ཟླའི་གདན། རྣམ་པར་ཤེས་པ་ནི་གསུང་ཡིག་འབྲུ་དང་འདྲ། དེ་ནས་གཏུན་ཤིང་ལྟར་སྐྱེད་རྟགས་རྒྱུར་གྱུར་པ་ནི་ཐུགས་ཕྱག་མཚན་རྡོ་རྗེ་དང་འདྲ། དེ་ནས་ཁ་མིག་གདོད་པ་ནི་སྐུ་ཕྲ་མོ་དང་འདྲ། དེ་ཉིད་ལ་རང་བཞིན་གྱི་དགེ་སློང་ཞེས་བྱའོ། །སྐྲ་དང་ཁ་སྤུ་མེད་ཅིང་ཕྲུལ་མའི་ཆོས་གོས་དང་ལྡན་ཏེ། ཨ་ཧཾ་གི་སྔགས་བརྗོད་པའོ། །དེ་ནས་བལྟམས་ཏེ་སྐྱེས་པས་ལོ་བཅུ་གཉིས་མན་ཆད་ནི་གཞོན་ནུ་སྟེ་རིམ་པ་དང་པོ་ཕྱག་རྒྱ་གཅིག་པའི་དཔེའོ། །དེ་ནས་ལོ་ཉི་ཤུ་རྩ་ལྔའམ་བདུན་མན་ཆད་ལ་ཁྱིམ་ཐབས་བྱས་ཏེ་བུ་ཚ་དང་ལྡན་པ་ནི་ཕྱག་རྒྱ་སྤྲོས་པ་དང་འདྲ་སྟེ་རིམ་པ་གཉིས་པའོ། །དེ་ནས་ཡོ་བྱད་ལ་སོགས་འཇིག་རྟེན་པའི་བྱ་བ་སྣ་ཚོགས་བསྒྲུབ་པ་ནི་ཚོགས་སྒྲུབ་ས་དང་འདྲ་སྟེ་རིམ་པ་གསུམ་པའོ། །དེ་ལྟར་ཕྱག་རྒྱ་གཅིག་པ་སྤྲོས་པ་ཚོགས་སྒྲུབ་གསུམ་ནི། དོན་དམ་ཀུན་རྫོབ་གཉིས་མེད་དུ་བསྒོམ་པའི་ལམ་པ་ཡིན་པས་བདེན་པ་དབྱེར་མེད་རྟོགས་པའི་ཐབས་སམ་བསླབ་བྱར་བརྗོད་དོ་ཞེས་བྱའོ། །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། ཚོགས་ལམ་གྱི་རྣལ་འབྱོར་བཞི་དང་། སྦྱོར་ལམ་བར་ཆད་མེད་པར་ཚོགས་སྒྲུབ་པའོ། །དང་པོ་ལ་ལེའུ་བཞིས་སྟོན་ཏེ། དེ་ལ་དང་པོ་ལེའུ་གསུམ་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་གསུམ་སྟེ། བགྲང་། དང་པོ་ལུས་མདོར་བསྟན་པ་དང་། དྲང་། དེ་ལ་དང་པོ་དོན་དམ་སྟོང་པ་ཆེན་པོའི་ལམ་ལ་བརྟེན་པར་བྱེད་པའི་རྣལ་འབྱོར་པས་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་གསལ་སྟོང་གི་ངོ་བོ་ཉིད་དུ་གོམས་པར་བྱ་བའི་ཐབས་བསྟན་པ་ལ་དོན་བཅོ་ལྔ་སྟེ། གང་ཞེ་ན་འདི་ལྟ་སྟེ། སྤྱི་དང་ཁྱད་པར་གྱི་སྔོན་དུ་བྱ་བ་དང་གཅིག །སྒོམ་པའི་དགོས་ཆེད་དང་གཉིས། སྒོམ་པ་ལ་བློ་བཞག་པའི་ཐབས་དང་གསུམ། སྒོམ་པའི་ངོ་བོ་རྣམ་གྲངས་ངེས་ཚིག་དང་བཅས་པ་དང་བཞི། ཏིང་ངེ་འཛིན་གྱི་མི་མཐུན་པའི་སྐྱོན་ངོས་བཟུང་བ་དང་ལྔ། སྐྱོན་དེ་དག་བཅོས་པའི་ཐབས་དང་དྲུག་སྒོམ་པའི་ཉམས་ཀྱི་རིམ་པ་དང་བདུན། སྤྱོད་པ་དང་བརྒྱད། དམ་ཚིག་དང་དགུ། དྲོད་དང་བཅུ། རྟགས་དང་བཅུ་གཅིག་རྨི་ལྟས་ཀྱི་མཚན་མ་དང་བཅུ་གཉིས། ཏིང་ངེ་འཛིན་གྱི་ཡོན་ཏན་དང་བཅུ་གསུམ། འདའ་ཀ་མའི་མན་ངག་དང་བཅུ་བཞི། དེ་ཏིང་རང་གི་འབྲས་བུ་དང་བཅོ་ལྔས་སྟོང་པ་ཆེན་པོའི་རྣལ་འབྱོར་ཡོངས་སུ་རྫོགས་པར་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་དོན་བཅོ་ལྔ་སྟེ། སྒོམ་པའི་སྔོན་དུ་བྱ་བ་དང་། སྒོམ་པའི་དགོས་ཆེད་དང་། སྒོམ་པའི་ཐབས་དང་། སྒོམ་པའི་ངོ་བོ་དང་། མི་མཐུན་པའི་སྐྱོན་དང་། སྐྱོན་བཅོས་པའི་ཐབས་དང་། སྒོམ་པའི་ཉམས་དང་། སྤྱོད་པ་དང་། དམ་ཚིག་དང་། སྒོམ་པའི་དྲོད་དང་། རྟགས་དང་། མཚན་མ་རྨི་ལམ་དང་། སྒོམ་པའི་ཡོན་ཏན་དང་། འདའ་དཀའ་མའི་གདམས་ངག་དང་། རང་གི་འབྲས་བུ་ཐོབ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཐུན་མོང་སྤྱིའི་སྔོན་དུ་འགྲོ་བ་དང་། ཁྱད་པར་གྱི་སྔོན་དུ་བྱ་བའོ། །དང་པོ་ལ་བདུན་ཏེ། བགྲང་། དང་པོ་སྔོན་དུ་དབང་ཐོབ་དགོས་པར་བསྟན་པ་དང་། དྲང་། གསང་སྔགས་ཀྱི་རིགས་ཅན་སྐྱེས་བུ་གང་ཞིག་དཔེར་ན་སེང་གེ་གཅིག་པུར་གནས་པ། འཇིགས་པ་དང་བྲལ་བ་གཞན་ཟིན་གྱིས་གནོན་པ་བཞིན་དུ་གྲོགས་ངན་སྤངས་ཏེ་གཅིག་པུ་དང་། བར་ཆད་ལ་སོགས་པའི་འཇིགས་པ་དང་བྲལ་བ། ལྟ་བ་དམན་པ་དང་ཉོན་མོངས་པ་ཟིན་གྱིས་གནོན་པར་གནས་ཤིང་གཅིག་པུར་རྒྱུ་བ་ཡིན་པས་ན། དེ་ཡང་བསམ་གཏན་ཆོས་དྲུག་ལས། མང་པོ་རྟག་ཏུ་འཐབ་གྱུར་ཏེ། །གཉིས་པ་དག་ཀྱང་འགྲན་ཟླར་གྱུར། གཞོན་ནུ་མ་ཡི་གདུག་གུ་བཞིན། གཅིག་པུར་རབ་ཏུ་རྒྱུ་བར་བྱ། །ཞེས་སོ། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་འཇུག་པའི་སྔོན་དུ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་རི་མོར་ཕྱི་ནང་གསང་གསུམ་གྱི་དབང་རྣམས་རིམ་པ་བཞིན་དུ་རྫོགས་པར་མནོས་ཤིང་། གཉིས་པ་ལྷག་པའི་ཡོ་བྱད་ལྔ་རྫོགས་པར་བྱ་བ་དང་། དྲང་། རྒྱུད་ལུང་མན་ངག་གི་དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་རྡོ་རྗེ་སློབ་དཔོན་གྱི་རང་བཞིན་བརྒྱད་ནི། འདི་ཉིད་ཀྱི་ལེའུ་བདུན་པ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེན་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ་ཞེས་སོ། །དེ་ལྟ་བུའི་བླ་མ་ལ། སྒོ་གསུམ་གུས་པའི་སྒོ་ནས་མཉེས་པ་གསུམ་གྱིས་མཆོད་ཅིང་། བརྩོན་འགྲུས་ཀྱིས་རང་གི་རྒྱུད་ཡོངས་སུ་སྦྱངས་པའི་སྒོ་ནས་རྟོགས་པའི་ལྟ་བ་བདེན་པ་དབྱེར་མེད་མངོན་སུམ་དུ་བྱས་ཤིང་གསལ་བར་བྱས་ནས། སྤྱི་དང་ཁྱད་པར་རམ། རྩ་བ་དང་ཡན་ལག་གི་དམ་ཚིག་དང་། སྒོམ་པའི་ཏིང་ངེ་འཛིན་རྣམས་གསལ་བ་དང་། སྤྱི་དང་རང་གི་མཚན་ཉིད་ཤེས་པའི་ཤེས་རབ་ལྟ་བའི་གདེང་དང་། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་བསྐྱེད་པ་དང་སྙིང་རྗེ་ཆེ་བ་དང་ལྔ། འཇིག་རྟེན་པའི་ཡོ་བྱད་ལས་ལྷག་པ་བྱང་ཆུབ་བསྒྲུབ་པའི་ཡོ་བྱད་གང་གི་ལྔ་པོ་རྒྱུད་ལ་རྫོགས་པར་བྱའོ། །གསུམ་པ་ཡོ་བྱད་ལྔའི་ནང་ནས་ཁྱད་པར་གཞན་དོན་དུ་སེམས་བསྐྱེད་ནས་སྒོམ་པར་དམ་བཅའ་བ་དང་། དྲང་། གོང་གི་ཡོ་བྱད་ལྔ་རྫོགས་པ་དེའི་ནང་ནས་བུ་གཅིག་པ་ལ་མ་བྱམས་པའི་སེམས་དང་ལྡན་པས། ཁམས་གསུམ་འཁོར་བ་ན་གནས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཐར་པ་མྱ་ངན་ལས་འདས་པའི་སར་འགོད་པར་དམ་བཅས་ནས་སེམས་བསྐྱེད་ཅིང་། བཞི་པ་ཚད་མེད་དུ་སྔོན་དུ་སོང་བས་ས་བསླང་བ་དང་། དྲང་། སེམས་བསྐྱེད་མི་ཉམས་པའི་ཐབས་ལ་ཚངས་པ་ལ་སོགས་པའི་གནས་སུ་སྐྱེ་བར་བྱེད་པའི་ཚད་མེད་པ་བཞི་སྔོན་དུ་སོང་བ་ལས། རྣལ་འབྱོར་པའི་ཡིད་དུ་འོང་ཞིང་ས་དགྲ་ལ་སོགས་ངན་པའི་སྐྱོན་མེད་པའི་ས་བཙལ་ནས་ས་བསླང་སྟེ་ས་ཆོག་རྒྱས་པར་བྱའོ། །ལྔ་པ་གནས་བརྩིགས་ཤིང་གདན་བཤམས་པ་དང་། དྲང་། གནས་ཁང་ཆེ་ཆུང་རན་ཅིང་མཚམས་པར་བྱས་ཏེ་ཞལ་ལའི་བྱི་དོར་དང་ལྡན་པར་བྱས་ལ། རིན་པོ་ཆེས་སའི་སྐྱོན་དང་། སྨན་གྱིས་ནད་ཀྱི་སྐྱོན་དང་། གླ་རྩིས་སྤྲུལ་གདུག་པ་ཅན་གྱི་སྐྱོན་རྣམས་བསྲུང་བར་བྱས་ནས། ཡུལ་ལམ་སི་སར་ཏའི་རས་ཀྱི་སྟན་ཚང་ཅན་དང་ལྡན་པར་བྱའོ། །དྲུག་པ་ཚོགས་བསགས་ཅིང་འབྲེལ་ཐག་བཅད་པ་དང་། དྲང་། བྱང་ཆུབ་སྒྲུབ་པའི་ལམ་གྱི་ཕྱི་ནང་གི་འགལ་རྐྱེན་གྱི་བར་ཆད་ཐམས་ཅད་བསལ་ཞིང་ལམ་གྱི་ཆ་རྐྱེན་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཚོགས་འཁོར་དང་སྦྱིན་བསྲེགས་བརྒྱ་རྩ་ལ་སོགས་བྱ་བ་དང་། མདོ་སྡེ་འབུམ་ལྔ་ལ་སོགས་འདོན་པ་དང་། ཚ་ཚ་ཉེའུ་འདོན། ལམ་འཕྲང་བསལ་བ། ཆུ་གཏོར་གཏོང་བ་བསྐོར་བ་ལ་སོགས་པ་དགེ་བའི་དཔུང་ཚོགས་ལ་འབད་པར་བྱའོ། ཕྱི་ཉེ་དུའི་འབྲེལ་བ་དང་། ནང་སློབ་དཔོན་དང་མཆེད་ལྕམ་རྣམས་ཀྱི་བུ་ལོན་དང་འབྲེལ་ཆགས་པ་ཐམས་ཅད་ཀུན་ཏིང་ངེ་འཛིན་ལས་གཞན་པ་རྣམས་གེགས་ཡིན་པའི་ཕྱིར་དུར་རྐུན་ཝ་སྡར་མ་ལྟ་བུའི་སེམས་ཀྱིས་གོང་གི་རྐྱེན་དེ་རྣམས་འདོར་རོ། །བདུན་པ་ཆ་རྐྱེན་བསྡུས་ཞིང་གྲོགས་བཙལ་བ་དང་། དྲང་། ཁམས་གསོ་བའི་ཆ་རྐྱེན་སྨན་ཟས་རྣམས་དང་། ཏིང་ངེ་འཛིན་སྐྱེ་བའི་ཆ་རྐྱེན་བླ་མའི་གདམ་ངག་ཟབ་མོའི་དཔེ་ཆ་དང་། གྲོགས་ཉམས་ཅན་ལ་སོགས་པ་མཁོ་བའི་ཆ་རྐྱེན་རྣམས་བསྡུས་ལ། ལམ་གྱི་བར་ཆད་བགེགས་དང་ནང་བསྲུང་བའི་ཆ་རྐྱེན་ནམ། ཆོ་ག་རྣམས་སྔོན་དུ་རྫོགས་པར་བྱས་ནས་ཕྱི་འདོད་པའི་ལོངས་སྤྱོད་ལྔའམ། གསང་བའི་ལོངས་སྤྱོད་རིགས་མའང་མཚན་ཉིད་དང་ལྡན་པ་བརྟེན་པར་བྱས་ལ། འོ་ན་གོང་གི་སྐྱེས་བུ་སེང་གེ་བཞིན་རྒྱུ་བས་ཞེས་གསུངས་པ་དང་འགལ་ལམ་ཞེས་ན། མ་ཡིན་ཏེ། སེང་གེ་ནི་དེ་ཏིང་ཀུན་ཏིང་ལ་སོགས་པའི་དུས་སུ་རྣམ་གཡེང་གྲོགས་ངན་སྤང་བའི་དཔེ་ཡིན་ལ། རིག་མ་ནི་ཕྱག་རྒྱ་སྤྲོས་པ་དང་། ཚོགས་སྒྲུབ་ཀྱི་དུས་སུ་ཐུན་མོང་དང་མཆོག་གི་དངོས་གྲུབ་བསྐྱེད་པའི་གྲོགས་ཡིན་པས་འགལ་བ་མེད་དེ། མཆོད་བསྟོད་བཤགས་པ་ལས། སྒྲུབ་པའི་རྟེན་མཆོག་ཤེས་རབ་གཟུང་མ་དང་། །ཞེས་སོགས་གསུངས་སོ། །དགྲ་བགེགས་ནད་གསུམ་གྱིས་འཚེ་བ་བཟློག་པའི་ཆ་རྐྱེན། གོ་མཚོན། ཕུར་པ། ཡུངས་དཀར། གུ་གུལ་ལ་སོགས་པའང་ཉེ་རྫོགས་སུ་བཞག་གོ། །གཉིས་པ་ཁྱད་པར་གྱི་སྔོན་དུ་བྱ་བའོ། །དྲང་། དེ་ལྟར་ཐུན་མོང་དུ་ཀུན་གྱི་སྤྱིའི་སྔོན་དུ་འགྲོ་བ་རྣམས་རྫོགས་པར་བྱས་ནས་ཁྱད་པར་དེ་ཏིང་འདི་ཉིད་ཀྱི་སྔོན་དུ་བྱ་བ་ནི་མཆོད་པ་འབུལ་བའི་རྟེན་དུ་དངོས་གྲུབ་ཉེ་བའི་ལྷ། ཡི་དམ་གྱི་ལྷ་སྐུའི་གཟུགས་བརྙན་རབ་གནས་ཅན། རང་གི་མདུན་དུ་བཞུགས་སུ་གསོལ་བ་ལ། ཕྱག་འཚལ། སྐྱབས་འགྲོ། མཆོད་འབུལ། བཤགས་པ་ཡི་རངས་སེམས་བསྐྱེད། ལུས་འབུལ། བསྔོ་བའི་ཡན་ལག་བརྒྱད་པ་དེ་དག་འབུལ་བའི་ཚུལ་ཡོངས་སུ་བཟུང་ལ་དེ་ཚར་ནས། ཚོགས་རྟེན་དབང་པོའི་ལྷ་རྣམས་འོད་ཞུ་ཡོངས་སུ་གྱུར་ཏེ། བདག་གི་སྤྱི་གཙུག་ཏུ་ཐིམ་པར་བྱས་པས་བདག་གི་སྒོ་གསུམ་གྱི་བསྒྲིབ་པ་བསྲེགས་ནས་རང་ཉིད་ཀྱང་འོད་དུ་ཞུ་བའི་རྗེས་ལ་ཏིང་ངེ་འཛིན་ལ་འཇུག་པར་བྱའོ། །གཉིས་པ་དགོས་ཆེད་ལ་གཉིས་ཏེ། ལམ་རིམ་པར་བགྲོད་ནས་སངས་རྒྱས་པའི་དགོས་ཆེད་དང་། དེ་ཏིང་རང་ལ་འཇུག་པའི་དགོས་ཆེད་དོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་ལུང་གིས་འཐད་པ་དང་། དྲང་། སྣོད་བཅུད་རྒྱུད་རྣམས་རིགས་ལྔ་ཡབ་ཡུམ་དང་། ཡེ་ཤེས་ལྔར་དག་པ་རྣམ་པ་གསུམ་མ་ནོར་བར་རྟོགས་ཤིང་། ཏིང་ངེ་འཛིན་གྱིས་རང་རིག་པའི་རྒྱལ་པོ་ལ་རང་དབང་བསྒྱུར་ནས་རྟོགས་པ་དེ་ཉིད་བསྒོམ་པ་ཡིན། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཀྱི་མཆོག་ཆོས་སྐུ་འདི་ཉིད་རྙེད་པར་འགྱུར་བའོ། །གཉིས་པ་དེས་གྲུབ་པའི་དོན་ནོ། །དྲང་། གང་གི་གཏན་ཚིག་དེའི་ཕྱིར་ལྟ་བ་མཐོང་བའི་རྗེས་ལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་མོ། །དེ་ནི་སྙིང་རྗེ་ཆེན་པོ་ཀུན་སྣང་གི་ཏིང་ངེ་འཛིན་འབྱུང་བའི་གཞིའམ་སྒྱུ་རུ་བཞག་ཅེས་བྱ་སྟེ། ལམ་གོང་འོག་གི་གོ་རིམ་འབྱུང་བ་སྔ་མའི་ཏིང་ངེ་འཛིན་གྱི་རྗེས་ལ་ཕྱི་མ་འབྱུང་བའང་དེ་བཞིན་དུ་ངེས་སོ། །གཉིས་པ་དེ་ཏིང་རང་ལ་འཇུག་པའི་དགོས་ཆེད་ལ་གཉིས་ཏེ། དགོས་ཆེད་དངོས་དང་། ཏིང་ངེ་འཛིན་འདི་མེད་པའི་སྐྱོན་ནོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་དང་། དྲང་། ལམ་པ་གང་དག་གསང་སྔགས་ཀྱི་སྐལ་བ་དང་ལྡན་ཡང་བློ་ཅུང་ཟད་དམན་པ་རིམ་གྱིས་པས། མི་མཐུན་པའི་ཕྱོགས་གཞན་སེལ་བའི་དགོས་ཆེད་ཡོད་པའི་ཕྱིར་དང་། མཐུན་པའི་ཕྱོགས་བསྒྲུབ་བྱ་ཆོས་སྐུ་དོན་དུ། གཉེར་པའི་དགོས་ཆེད་གཉིས་ཡོད་པའི་ཕྱིར་བསྒོམ་དགོས་པས། གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་གཞན་སེལ་བ་དང་། དྲང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱེད་པ་དེའང་དཀྱུས་ཀྱི་སྔ་མ་གཞན་སེལ་བའང་བདག་གཞན་གཉིས་ཀྱི་དོན་དུ་བསྒོམ་པ་ནི། བསལ་བྱ་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། རྐྱེན་ཀུན་བརྟགས་ཀྱི་མ་རིག་པས་ཕྱིན་ཅི་ལོག་ཏུ་འཁྲུལ་བའི་སྣང་བ་ལས་ཐར་དཀའ་བས་ན་འདམ་རྫབ་དང་འདྲ་བའི་དབྱིངས་སུ་སེལ་བྱེད་རང་རིག་པའི་ཡེ་ཤེས་ཀྱིས་སྤྱོད་ཡུལ་དུ་གསལ་བས་སྒྲོན་མ་དང་འདྲ་བའི་མདའ་ཏིང་ངེ་འཛིན་གྱི་འཕངས་ནས། དེའི་ཡོན་ཏན་རང་གི་རྒྱུད་ལ་ཡོད་པའི་དངོས་འཛིན་གཏི་མུག་གི་མུན་པ་རྣམས་མ་སྤངས་གནས་སུ་དག་པ་ལ། རྣམ་པར་བསལ་ཏེ། གང་མི་སྣང་སྣང་བར་བྱས་ནས། དོན་དམ་པའི་བདེན་པ་སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་ངང་ལ། ཉོན་མོངས་པའི་རྟོགས་པའི་ཟུང་རྔུ་མེད་པས་ན་བདེ་བའི་ནང་ནས་མཆོག་ཏུ་གྱུར་པ་དེ་ཉིད་སྣང་བར་བྱས་སོ། །དེ་ཡང་མདོར་བསྡུ་ན་སྒྲིབ་པའི་ཚོགས་རྣམས་ཏིང་ངེ་འཛིན་བསྒོམ་པའི་དུས་སུ་སྒྲིབ་པ་མ་སྤངས་པར་དག་པའི་དཔེ་ཁྲིགས་མུན་པ་སྒྲོན་མེ་བཏེགས་པས། མུན་པ་མ་སྤངས་བར་སྣང་བར་སོང་བའི་ཚུལ་ལོ། །གཉིས་པ་དོན་གཉེར་ལ་གཉིས་ཏེ། བགྲང་། དང་པོ་ཆོས་ཉིད་དོན་དུ་གཉེར་བ་དང་། དྲང་། ཆོས་ཉིད་མཉམ་པ་ཉིད་དབྱིངས་ནམ་མཁའ་ལྟ་བུའི་ཐོག་ཏུ་ཕེབ་པས། དཀྱིལ་ཕྱོགས་སུ་ཐུག་པ་མེད་པས་ཡངས་པ་ལ། ཆོས་ཉིད་རྟོགས་པའི་བློས་ཤེས་རབ་ཀྱིས་དུས་མྱུར་བ་གཅིག་ཆོད་དུ་དོན་ཆོས་ཉིད་ལ་འགྲོ་བའང་། དོན་ལ་འགྲོ་བ་མེད་ཅིང་འོང་བ་མེད་དེ་མཐའ་གང་ལ་མི་གནས་པས་གནས་ལུགས་བྱང་ཆུབ་ཀྱི་སེམས་མཆོག་མ་སྐྱེས་པའི་ཟུག་རྔུ་མེད་པས་ཨ་རབ་ཏུ་བདེ་བའོ། །གཉིས་པ་དངོས་གྲུབ་དོན་དུ་གཉེར་བའི་དགོས་ཆེད་དོ། །དྲང་། དཔེར་ན་ཉི་མ་ཤར་དུས་མུན་པ་སྣང་བར་གྱུར་པ་དང་། དུག་སྤྲུལ་གླ་བས་ཟོས་པའི་ཚེ་གླ་རྩིར་གྱུར་པའི་ཚུལ་བཞིན་དུ་རྟོགས་པའི་ངོ་བོ་མ་སྤང་པར་ཆོས་ཉིད་དུ་དབང་བསྒྱུར་བར་བྱེད་པ་ཏིང་ངེ་འཛིན་ཡིན་ཏེ། ལམ་པ་ཀུན་གྱི་དོན་དུ་གཉེར་བའི་མཆོག་ཐུན་མོང་གི་དངོས་གྲུབ་གང་དག་མ་ལུས་པ་ཀུན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་འདི་ཡིས་ཐོབ་པའི་གྲོགས་བྱེད་པར་འགྱུར་རོ། །གཉིས་པ་ཏིང་ངེ་འཛིན་འདི། མེད་པའི་སྐྱོན་ནོ། །དྲང་། གལ་ཏེ་དེ་ཏིང་སྟོང་པ་ཆེན་པོའི་རྣལ་འབྱོར་འདི་མེད་པས་སྐྱོན་ཅི་ཡོད་ཅེ་ན། དཔེར་ན་རྒྱ་མཚོ་འཇིང་གི་ཕ་བོང་དེ་སྟེང་དུ་མི་ཐོན་ཞིང་དཀྱིལ་སྐམ་པོར་ཡོད་པ་ལྟར་ཡུལ་བསྐལ་བ་དཔག་ཏུ་མེད་པར་མཚན་བཅས་ཀྱི་ཏིང་ངེ་འཛིན་ལམ་ལ་འབད་ནས་འབྲས་བུ་བཙལ་བར་བྱས་ཀྱང་། གནས་ལུགས་དེ་བཞིན་ཀྱི་དོན་གྱི་རླན་མེད་ན་བླ་ན་མེད་པའི་བྱང་ཆུབ་སྙིང་པོའི་མྱུ་གུ་བསྐམས་པ་ཡིན་ཏེ་འབྲས་བུ་སངས་རྒྱས་མི་འབྱུང་ངོ་། །གསུམ་པ་སྒོམ་པའི་ཐབས་ལ་གཉིས་ཏེ། བགྲང་། དང་པོ་ལུས་ཀྱི་འདུག་ཐབས་དང་། དྲང་། དེ་ཏིང་མེད་ན་སྐྱོན་ཡོད་པ་དེ་བས་ན་དེ་ཏིང་སྒོམ་དགོས་པ་དེའི་ཕྱིར་ལྷག་མའི་ལུས་ཆ་ཉོམས་པའི་ཕྱིར། ལུས་བདེ་བ་དང་ལྡན་ཞིང་སེམས་ཐར་བ་ལ་བྲོད་པས་ལུས་ཆོས་བདུན་གྱི་ཚུལ་ཏེ། གང་ཞེ་ན། རྐང་པ་མཉམ་པའི་སྐྱིལ་མོ་ཀྲུང་བཅའ་བའི་དགོས་ཆེད་ནི། གཡས་གཡོན་གྱི་བོ ལ་གོང་གཉིས་ཀྱི་བརླའི་འཕར་རྩ་བོ་བཞི་མནན་ནས་ལུས་ལ་དྲོད་རང་ཤུགས་ཀྱིས་སྐྱེའོ་ལག་པ་མཉམ་པའི་ཕྱག་རྒྱ་ལྟེ་འོག་ཏུ་བཅའ་བའི་དགོས་ཆེད་ནི། རྩ་ཐམས་ཅད་འདུས་པའི་མདོ་དེ་མནན་པས་རླུང་ཨ་བ་རྡུ་ཏིར་རང་ཤུགས་ཀྱིས་ཚུད་ནས་འོང་། རྐེད་པ་དངུལ་གྱི་དུང་རྩེ་བརྩེགས་པ་ལྟར་བསྲངས་པས་དེའི་དགོས་ཆེད་ནི་ལུས་ཀྱི་ལྗིད་ཆ་མཉམ་པས་ནད་མི་ལྡང་བ་སྟེ། དེ་ཡང་ལུས་མདུན་དུ་རྒུ་ན་མཆིན་པ་བབ། ལྟག་པའམ་རོ་སྟོད་དགྱེས་ན་སྙིང་རླུང་ལྡང་། གཡས་གཡོན་དུ་ཡོ་ན་མཁལ་མ་ན་རུ་འོང་བ་ཡིན་ལ། ལུས་ཆ་བསྲངས་པས་དེ་དག་མི་འོང་བའོ། །མགྲིན་པ་ལྕགས་ཀྱུ་ལྟར་དགུག་པས། དེའི་དགོས་པ་ནི་སྟེང་རླུང་རང་བཞིན་གྱིས་ནོན་ནས་སེམས་ཟིན་པ་སྟེ། ཨོལ་བདུད་ནོན་པས་གཉིད་ལོག་པའི་རྩ་གཉིས་ནོན་ནས་མི་རྟོག་པ་སྐྱེ་བའི་གནད་དོ། །མིག་རི་དྭགས་ཀྱི་རྒྱལ་པོ་ཤ་ར་ན་བག་ཕེབ་པ་ལྟར་སྣ་རྩེར་དབབ་པས། དེའི་དགོས་པ་ནི་ཤེས་པ་ཡུལ་གཞན་དུ་མི་འཕྲོ་བའོ། །ལྕེ་ཡ་རྐན་ལ་སྦྱར་བས་གྲེ་བ་མི་སྐམ་མོ། །མཆུ་སོ་ཐ་མལ་དུ་བཞག་པས། ལུས་སེམས་ལ་ལྷོད་ཆགས་སོ། །དེ་ལྟར་བྱས་པས་ལུས་གནས་སུ་རྩ་ཚུད། རྩ་གནས་སུ་རླུང་ཚུད་ནས་རླུང་རང་གནས་སུ་ཚུད། དེ་ཚུད་པས་དབུས་ཀྱི་རྟ་ཕོ་ལ་སེམས་ཀྱི་མི་ཕོས་ཞོན་ནས་རླུང་ཟིན་པས་སེམས་རང་ཤུགས་ཀྱིས་ཟིན་ནས་འོང་གསུངས་སོ། །གཉིས་པ་སེམས་ཀྱི་བཞག་ཐབས་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་དང་། དྲང་། ལུས་སུ་འཛིན་པ་དང་རྩོལ་བའི་རྟོགས་པ་མེད་པའི་སེམས་ཀྱིས་ཏིང་ངེ་འཛིན་ལ་འདུག་པར་བྱ་བ་དེ་ཡང་བློ་ཆུང་བ་བླ་མའི་གདམས་ངག་ལ་བརྟེན་ནས་མཉམ་པར་འཇོག་པ་དང་། བློ་ཆེ་བ་རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་ལྟ་བ་རྟོགས་པའི་ངང་ལ་བློ་བཞག་པས་དེ་ཏིང་ལ་གོམས་པར་བྱེད་པ་གཉིས་ཡིན་ཏེ། གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་བློ་ཆུང་བ་གདམས་ངག་གི་སྟོབས་ཀྱིས་བཞག་པ་དང་། དྲང་། མདོར་བསྟན་གྱིས་སྔོན་དུ་བརྗོད་པའི་གདམས་ངག་གི་སྟོབས་ཀྱིས་བཞག་པའི་སློབ་བུ་དེ་གྲོང་ཡུལ་ངང་འདུ་འཛིའི་བྱ་བ་ལས་རིང་དུ་དབེན་པའི་སར་ཁྲིད་ལ། གསེར་གཡུ་ལ་སོགས་པ་རིན་པོ་ཆེ་དང་ལྷབ་ལྷུབ་དར་ཟབ་དང་། བཟའ་བཏུང་ལ་སོགས་པའི་ལོངས་སྤྱོད་ཀྱི་བྱེ་བྲག་སྣ་ཚོགས་ཀྱིས། བླ་མ་དམ་པ་མཉེས་པར་བྱས་ནས་སློབ་བུ་དེ་སློབ་དཔོན་གྱི་དཔང་དུ་སྟེ་མདུན་དུ་དྲང་པོར་བཞག་ལ། མཁའ་འགྲོ་དང་རྣ་ཉན་ལ་སོགས་པའི་བགེགས་རྣམས་དྲག་སྔགས་ཀྱིས་བསྐྲད་ལ་རཏྣའི་སྦུབས་མཆུས་རྣ་བ་ལ་གཏད་དེ། གཞན་གྱིས་མ་ཐོས་པར་གདམས་ངག་ཞིབ་པར་ཤུབ་བུས། རྣ་བ་གཡོན་པར་བསྒྲགས་ཤིང་སེམས་སུ་གཏིམ་མོ། །གདམས་ངག་དངོས་ནི་མཆོག་ཐུན་མོང་གི་དངོས་གྲུབ་དུས་མྱུར་དུ་ཚེ་འདི་ལ་འགྲུབ་པར་འདོད་ན། བསྒོམ་བྱ་བསྒོམ་བྱེད་ཤིན་ཏུ་མི་དམིགས་པར་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་བསྒོམ་མོ། །གཉིས་པ་བློ་ཆེ་བ་ཤེས་རབ་ཀྱི་སྟོབས་ཀྱིས་སྒོམ་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། མདོར་བསྟན་གྱི་ཕྱི་མ་ཤེས་རབ་ཀྱིས་སྟོབས་ཀྱིས་བཞག་པ་ལའང་། དཔེར་ན་གངས་ལ་ཉི་མ་ཤར་མ་ཐག་ལྷག་གིས་གསལ་བ་དང་འདྲ་བར། རིག་པ་གསལ་སྟོང་གི་ཏིང་ངེ་འཛིན་སྤྱི་བླུགས་ཏེ་རང་ལུགས་སུ་བློ་གཡེར་གྱིས་གནས་པ་དང་། སྔར་གྱི་ལྟ་བ་དྲན་པར་བྱས་ཤིང་མཐོང་བའི་རྗེས་སུ་གསལ་སྟོང་གི་ཏིང་ངེ་འཛིན་ལ་བཞག་པ་དང་གཉིས་སོ། །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། རིག་པ་སྤྱི་བླུགས་སུ་བསྒོམ་པ་དང་། ལྟ་བ་རྟོགས་པའི་རྗེས་སུ་བསྒོམ་པའོ། །དང་པོ་ལ་བཞི་སྟེ། བགྲང་། དང་པོ་བདག་དང་བདག་གིར་མེད་པར་རིག་པ་སྤྱི་བླུགས་སུ་བསྒོམ་པ་དང་། དྲང་། བདག་ངར་འཛིན་པ་རྣམ་ཤེས་དང་བདག་གིས་མྱོང་བའི་ཕུང་པོ་དང་། གཞན་འབྱུང་བ་ཡུལ་དུ་སྣང་བ་རྣམས་ནི་བསྒོམ་བྱའི་ཡུལ་ཤིན་ཏུ་བློས་མི་དམིགས་ཏེ། སྐྱེ་མེད་དེ་བཞིན་ཉིད་ཀྱི་དབྱིངས་སུ་གྲོལ་བར་སྒོམ་པ་དྲན་པ་ཙམ་ཡུལ་མེད་རང་གསལ་དུ་བསྒོམ་པའོ། །དེའི་རྒྱུ་མཚན་ནི་རྣལ་འབྱོར་པ་རང་གི་རིག་པ་ཆོས་ཉིད་གསལ་སྟོང་གི་ངང་ལ་གནས་པའི་དོན་དེ་བྱེད་པ་པོ་སུས་ཀྱང་མ་བྱས་ཤིང་། རྒྱུ་རྐྱེན་མེད་པས་རང་བྱུང་ཡིན་ཏེ། དེས་ཕྱི་ནང་གི་ཆོས་ཐམས་ཅད་སྐྱེ་མེད་དེ་བཞིན་ཉིད་ཀྱི་ངང་དུ་གསལ་བར་སྤྱོར་བ་ནི། བསྒོམ་བྱ་བསྒོམ་བྱེད་གཉིས་སུ་འཛིན་པ་མེད་པས་སྐྱེ་མེད་དེ། སྐྱེ་མེད་ཆོས་དབྱིངས་ཀྱི་ངང་དུ་རིག་པའམ། ཆོས་ཐམས་ཅད་ཐིམས་ཏེ་ངོ་བོ་མ་གྲུབ་པར་ཡུལ་སེམས་གཉིས་སུ་མེད་པར་གསལ་བའོ། །གཉིས་པ་རང་བྱུང་སྤྲོ་བསྡུ་མེད་པར་རིག་པ་སྤྱི་བླུགས་སུ་བསྒོམ་པ་དང་། དྲང་། རྒྱུ་རྐྱེན་མེད་པ་རང་བྱུང་གསལ་བས་ཡེ་ཤེས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱིས། ཤེས་བྱ་ཕྱི་ནང་གི་ཆོས་མ་ལུས་པ་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་གསལ་བས་ན་སྡུག་ཅེས་བྱ། འོ་ན་བསྡུ་བྱ་སྡུད་བྱེད་གཉིས་སུ་ཡོད་དམ་ཞེ་ན། སྡུད་པར་བྱ་བ་དང་། མི་སྡུད་པར་འཇོག་པ་གཉིས་ཀ་གྲུབ་པ་མེད་དེ། དེ་ཉིད་མ་ནོར་ཞིང་མི་བསླུ་བས་ན་ཡང་དག་པའི་དོན་མ་བཅོས་པའི་དེ་ཁོ་ན་ཉིད་རིག་པ་ཡུལ་མེད་དུ་རང་གསལ་བར་འདུག་པའོ། །གསུམ་པ་བསྒོམ་བྱ་བསྒོམ་བྱེད་མེད་པར་རིག་པ་སྤྱི་བླུགས་སུ་བསྒོམ་པ་དང་། དྲང་། བསྒོམ་པར་བྱ་བའི་ཡུལ་ཆོས་ཉིད་བསྒོམ་པར་བྱེད་པའི་མཁན་པོ་གཉིས་ཀ་དོན་དམ་པར་མ་སྐྱེས་པར་འདུག་པས་ན། དོན་ཆོས་ཉིད་ཡིད་ཀྱི་ཡུལ་དུ་བྱས་ནས་བསྒོམ་པར་བྱ་བའང་མེད་དེ། དེ་ལྟར་དོན་དམ་པར་བསྒོམ་པར་བྱ་བའི་ཡུལ་མེད་པས་ན། བསྒོམ་བྱའི་ཡུལ་གང་ལའང་སྒོམ་པ་པོའི་བློ་ཡུལ་དུ་མི་དམིགས་ནས་མི་འཇུག་སྟེ། བསྒོམ་བྱ་སྒོམ་བྱེད་གཉིས་སུ་མེད་པར་གསལ་བ་དེ་ཀ་ཏིང་ངེ་འཛིན་ལ་ཞུགས་པའི་མཆོག་ཡིན་ཏེ། གཞལ་ཏུ་མེད་པའི་བཞག་ཐབས་སོ། །བཞི་པ་བསམ་བྱ་བསམ་བྱེད་མེད་པར་རིག་པ་སྤྱི་བླུགས་སུ་བསྒོམ་པའོ། །དྲང་། ཆོས་ཉིད་བློའི་ཡུལ་དུ་བསམ་པར་བྱ་རྒྱུ་ཅིར་ཡང་བསམ་པར་མི་བྱ་སྟེ། འོ་ན་མི་བསམ་པ་ཉིད། བསམ་མོ་ཞེ་ན། ཆེད་དུ་བསམ་པ་དགག་པའི་ཕྱིར་མི་བསལ་པར་ཡང་མི་བསམ་མོ། །དེ་ཉིད་ཡོངས་སུ་བཅུད་དུ་མེད་པས་ན། བསམ་མི་བསམ་གྱི་ཡུལ་གང་ལའང་བློ་རྣམ་པར་མི་སེམས་པའི་ཏིང་ངེ་འཛིན་དེ་ནི་ཡུལ་མེད་རང་གསལ་བས། རང་རིག་མཉམ་པ་ཉིད་ཀྱི་ངང་ལ་གནས་པ་ཉིད་དོ། །གཉིས་པ་ལྟ་བ་རྟོགས་པའི་རྗེས་སུ་བསྒོམ་པ་ལ་གཉིས་ཏེ། རྟོགས་པའི་ལྟ་བ་དང་། སྒོམ་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་ཤེས་རབ་མཆོག་གི་ས་རྟོགས་པའི་ལྟ་བ་འདིར་གོ་བ་དང་། དྲང་། ལྷག་པ་དོན་དམ་པའི་བྱང་ཆུབ་སེམས་ཀྱི་དེ་བཞིན་ཉིད་ནི། ཤིན་ཏུ་མི་དམིགས་ཤིང་ཉི་མའི་སྙིང་པོ་ལྟར། བློ་ཕྱོགས་ཞེན་ཅན་གྱིས་བརྟག་པར་དཀའ་བས་དེ་ནི་བློ་བར་སྣང་ལྟར་ཡངས་ལ། ས་གཞི་ལྟར་རྒྱ་ཆེ་རྒྱ་མཚོ་ལྟར་གཏིང་ཟབ་པའི་ཤེས་རབ་དང་ལྡན་པས་གསང་སྔགས་ཟབ་པའི་དོན་ལྟ་བ་རྟོགས་པར་འགྱུར། ཏེའི་སྒྲས་འདིར་གོ་བ་སྟེ། རྟོག་དཔྱོད་ཀྱིས་ལྟ་བ་དྲན་པར་བྱས་ཏེ་དེའི་རྗེས་སུ་བསྒོམ་པར་བྱས་ཞེས་པའོ། །གཉིས་པ་རང་གི་རྟོགས་པའི་ངོ་བོ་ལ་འགྲོ་འོང་དང་མཐའ་དབུས་མེད་པའོ། །དྲང་། དེ་ལྟར་སྒོམ་པའི་བྱང་སེམས་དེ་དང་པོར་གང་ནས་ཀྱང་མ་འོངས་མཐར་གར་ཡང་མི་འགྲོ་བས་དེས་ན་འགྲོ་བ་དང་འོང་བར་བྱ་བ་གཉིས་སུ་གྲུབ་པ་མིན་ནོ། །དོན་དེ་ནི་རང་གི་ངོ་བོ་ཤིན་ཏུ་བློས་བརྟག་པར་དཀའ་ཞིང་ཡུལ་དུ་མི་དམིགས་པས། སྤྲོས་པའི་མཐའ་དང་བྲལ་བས་དབུས་ཀྱང་འདི་ཞེས་བརྟག་ཏུ་མེད་དོ། །གཉིས་པ་སྒོམ་པ་ལ་གཉིས་ཏེ། བགྲང་། དང་པོ་རྟོགས་པའི་དོན་ལ་གཉིས་མེད་རང་སྣང་གི་སྒོམ་པ་དང་། དྲང་། འོ་ན་ཅི་ལྟར་ཡིན་ན་གཟུང་འཛིན་གཉིས་དང་བྲལ་བའི་རང་གི་རིག་པ་ཉིད་དམིགས་བྱ་དམིགས་བྱེད་མེད་པའི་ཚུལ་དུ་རང་གསལ་བས་དེར་སྣང་ངོ་། །དེ་ཡང་བསྒོམ་བྱ་དོན་དམ་ཆོས་ཀྱི་དབྱིངས་དང་། དབྱིངས་དེ་རྟོགས་བྱེད་ཀྱི་ཡེ་ཤེས་གཉིས་ཀྱང་གཞན་ན་ཡོད་པ་ཡིན་ཏེ། རང་གི་རིག་པ་གསལ་སྟོང་དེ་ཁོ་ན་ཙམ་དུ་ཟད་པས་ཡུལ་ཤེས་གཉིས་སུ་མེད་པར་བསྟན་པའོ། །གཉིས་པ་སྒོམ་ཐབས་དེ་ལ་གཉིས་ཏེ། བགྲང་། དང་པོ་དམིགས་པས་གོལ་ལ་དམིགས་མེད་སངས་རྒྱས་ཡིན་པར་བསྟན་པ་དང་། དྲང་། གང་ཟག་བློ་ཆུང་བ་གང་ཞིག་གིས་བསྒོམ་བྱའི་ཡུལ་དུ་དམིགས་ནས་ཏིང་ངེ་འཛིན་ལ་བློ་འཇུག་པ་ནི། དམིགས་པ་ཡོད་པ་དེ་སྲིད་དུ་འཇིག་རྟེན་རྒྱང་འཕེན་པའི་ལྟ་བ་དང་འདྲ་ལ་སྟོང་པ་ལ་ཡུལ་དུ་དམིགས་ནས་བློས་འཇུག་ཏུ་མེད་ཅིང་ཡུལ་མེད་རང་གསལ་བ་དེ་ནི་སངས་རྒྱས་ཀྱི་དགོངས་པ་ཡིན་པར་ནི། ཐུབ་པའི་དབང་པོ་ཉིད་དང་རྒྱལ་བ་ཀུན་གྱིས་གསུངས་ཏེ། མདོ་སྡེ་ལས། གང་གིས་དམིགས་མེད་མི་ཤེས་པར། །དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས། །ཞེས་པ་དང་། དགོངས་འདུས་ལས། རང་བྱུང་ཡེ་ཤེས་ནམ་མཁའ་ཆེ། །ཡོད་མེད་གཉིས་སུ་དམིགས་སུ་མེད། །ཅེས་སོ། །གཉིས་པ་དམིགས་མེད་མི་མཐོང་བ་དཔེ་དང་བཅས་པའོ། །དྲང་། བློས་ངེས་པར་བསྒོམ་བྱ་ཆོས་ཉིད་ཅིག་བློའི་ཡུལ་དུ་བསམ་ཞིང་དེ་ལ་ཡུལ་དུ་བྱས་ཤིང་དམིགས་སུ་ཡོད་པར་འདོད་ན། དཔེར་ན་ཕྲ་རབ་ཁབ་མིག་ཏུ་འཐེན་ཐག་སྐུད་པ་འཛུད་པ་ལྟ་བུས། དོན་ཆོས་ཉིད་དེ་བཞིན་ཉིད་དམིགས་སུ་མེད་པ་དེའི་དོན་མི་མཐོང་སྟེ། འཐེན་ཐག་སྐུད་པ་ཁབ་མིག་ཏུ་འཛུད་པའི་དུས་སུ་ནམ་མཁའ་ཆེན་པོ་མི་མཐོང་བ་བཞིན་ནོ། །བཞི་པ་ངོ་བོ་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། སྟོང་པ་ཆེན་པོའི་རྣལ་འབྱོར་སྐྱེ་མེད་མཉམ་པའི་དེ་བཞིན་ཉིད་ངོ་བོ་ཐ་དད་དུ་ངོས་བཟུང་བ་བཞིན་དུ་རྣམ་གྲངས་ཀྱང་འཇུག་ཅིང་། ཞོར་ལ་ངེས་ཚིག་དང་རྣམ་པ་གསུམ་ངེས་པར་འབྱུང་བ་ཡིན་ཏེ། དེ་བས་ཀུན་སྣང་ལ་སོགས་ལམ་ཕྱི་མ་ཀུན་ལ་ངོ་བོ་ངེས་ཚིག་རྣམ་གྲངས་གསུམ་དུ་འབྱོར་བར་གྱིས་ཤིག །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་དེ་བཞིན་ཉིད་ཀྱི་དོན་གྱི་རྣམ་གྲངས་སྤྱིར་བསྟན་པ་དང་། དྲང་། ཉན་རང་ལ་ལྟོས་ན་ཆེན་པོ་གསང་སྔགས་ལ་ལྟོས་ན་དམན་པ་དབུ་མ་པས་འོག་མའི་གྲུབ་མཐའ་བརྒྱད་པོ་བཀག་ཅིང་བསལ་བའི་དོན་དམ་པའི་ཆོས་ཉིད་རྒྱུ་རྐྱེན་ལས་མ་སྐྱེས་ཤིང་། མ་བཅོས་པའི་དེ་བཞིན་ཉིད་མཐའ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིན་དུ་འདོད་དོ། །དེ་ཡང་སྔར་མ་སྟོང་པ་ཞིག་འཕྲལ་དུ་སྟོང་པར་སོང་བ་མ་ཡིན་ཏེ། ཡེ་གདོད་མ་ནས་སྟོང་པ་ལ་སྟོང་པ་ཉིད་བྱ་བའི་ཐ་སྙད་ཙམ་ཡང་བྲལ་བས། སྐྱེ་འགག རྟག་ཆད། འགྲོ་འོང་། གཅིག་དང་དུ་མའི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་འདོད་ལ་བྲལ་བ་ཙམ་འཛིན་པ་ཡང་མ་ཡིན་ནོ། །སྔགས་ཀྲི་ཡ་བ་གང་གིས་རང་གི་སེམས་ཉིད་དག་པ་མཐའ་བཞིའི་དྲི་མ་མེད་པའི་དེ་བཞིན་ཉིད་རྣམ་པ་དག་པའི་ཆོས་ཉིད་འགྱུར་སྟོང་དུ་འདོད་པ་དང་། རྣལ་འབྱོར་ཡོ་ག་བས་ཆོས་དབྱིངས་མཉམ་པ་ཉིད་ལ་སྤྲོས་པའི་མཚན་མ་མེད་པའི་དེ་བཞིན་ཉིད་སྣང་སྟོང་དུ་འདོད་པ་དང་། མ་ཧཱ་ཡོ་གས་འཁོར་འདས་གཉིས་མེད་ལྷུན་གྲུབ་མཉམ་པ་ཆེན་པོའི་དེ་བཞིན་ཉིད་དོ། །གཉིས་པ་ཁྱད་པར་དུ་མ་ཧཱའི་དེ་བཞིན་ཉིད་རྒྱས་པར་བསྟན་པ་ལ་བཞི་སྟེ། བགྲང་། དང་པོ་མ་ཧཱའི་དེ་བཞིན་ཉིད་དཔག་ཚུལ་དང་། དྲང་། དེ་བཞིན་ཉིད་ཀྱི་རྣམ་གྲངས་བཞིའི་རིམ་པ་ཐ་མ་མ་ཧཱའི་དེ་བཞིན་ཉིད་ནི་བྱིན་རླབས་ཅིར་ཡང་འཆར་དུ་རུང་བ་དང་། ཡོན་ཏན་མཐར་ཐུག་གི་འབྲས་བུ་ལྷུན་གྲུབ་ཐོབ་པ་དང་། ངོ་བོ་དཀོར་བདུན་སྣང་སྟོང་གཉིས་སུ་མེད་པས་ན་ཀུན་གྱི་བླ་མར་གྱུར་པའོ། །དེ་ཡང་ངོ་བོ་དང་། བྱིན་རླབས་དང་། ཡོན་ཏན་གྱི་དཔག་པ་རྣམས་གོ་རིམ་ལྟར། དབུ་མས་དོན་དམ་སྟོང་ཞིང་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་སྟོང་པ་ཕྱོགས་གཅིག་པ་དང་། ཀྲི་ཡས་སེམས་དག་པ་མཐའ་བཞིའི་དྲི་མ་དང་བྲལ་བ་དང་། ཡོ་གས་ཆོས་དབྱིངས་མཉམ་པ་ཉིད་ལ་སྤྲོས་པའི་མཚན་མ་མེད་པ་དང་། མ་ཧཱས་སྣང་བ་གང་ཡང་མ་སྤངས་པའི་སྟོང་ཆེན་དུ་འདུག་པས་དཔག་གོ། །བྱིན་རླབས་ཀྱི་དཔག་པ་ནི། དབུ་མའི་དོན་དམ་ལ་ཅིར་ཡང་མི་འཆར་བ་དང་། ཀྲི་ཡ་ལ་རིགས་གསུམ་ཙམ་དང་། ཡོ་ག་ལ་རིགས་ལྔ་ཙམ་ལས་མི་སྣང་ལ། མ་ཧཱའི་དོན་དམ་ལ་ལྷ་སྟོང་དང་ཉི་ཁྲི་བཞི་སྟོང་ལ་སོགས་པ་སྣང་བས་དཔགས་སོ། །ཡོན་ཏན་གྱིས་དཔག་པ་ནི། དབུ་མས་དོན་དམ་མཐར་ཕྱིན་པའི་ཡོན་ཏན་ཀུན་ཏུ་འོང་དང་། དེ་བཞིན་དུ་ཀྲི་ཡས་རིག་གསུམ་རྡོ་རྗེ་འཛིན་པ་དང་། ཡོ་གས་སྟུག་པོར་བཀོད་པར་རིགས་ལྔ་ཙམ་ལས་མི་ཐོབ་ལ། མ་ཧཱ་ཡོ་གས་པདྨ་སྤྱན་ལ་སོགས་པ་ཐོབ་པས་དཔགས་སོ། །གཉིས་པ་རྣམ་གྲངས་ལ་གཉིས་ཏེ། བགྲང་། དང་པོ་རྣམ་གྲངས་མ་འདྲེས་པར་ཡོན་ཏན་གྱི་ཆ་ནས་མིང་གྲངས་བསྟན་པ་དང་། དྲང་། བླ་མར་གྱུར་པའི་དོན་བཤད་པ་དེ་ལ་ཡང་། ལུང་མན་ངག་རིགས་པ་གསུམ་མོ། །རིག་པ་ལ་ངོ་བོ་དང་། ངེས་ཚིག་གཉིས་སོ། །དེ་ལ་ངོ་བོ་ནི་ཐུན་མོང་མ་ཡིན་པའི་ངོས་ནས་བཞག་པ་ཡིན་ཏེ། དེ་ལའང་སྐབས་ཀྱི་མིང་གི་རྣམ་གྲངས་སུ་ཕྱེས་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་བཟང་ངན་མ་སྤངས་བས་མཉམ་པ་ཉིད་དང་། གང་ཡང་ཕྱོགས་གཅིག་མ་གྲུབ་པས་ལྷུན་གྲུབ་དང་། མཐའ་གང་ཡང་མ་སྤངས་བས་མཐའ་བྲལ་དང་མིང་དུ་བརྟགས་པ་ལྟར་སྣང་བས་ཐ་སྙད་མེད་པ་དང་། སྣ་ཚོགས་སུ་སྣང་བས་སྟོང་ཆེན་དང་། ཅིར་ཡང་མ་འགག་པས་མ་སྐྱེས་པ་དང་། གང་ཡང་འབྱུང་བ་མེད་པས་ཆོས་དབྱིངས་ལ་སོགས་པ་ངོ་བོའི་ཡོན་ཏན་གྱི་བྱེ་བྲག་ཆ་རེ་ནས་མིང་རེ་བརྗོད་པར་ཟད་དོ། །ངེས་ཚིག་ནི། མིང་གི་དམ་ཚིག་སྒྲ་དོན་གྱི་སྒོ་ནས་བཞག་པ་ཡིན་ཏེ། དེ་ཡང་གནས་སྐབས་ཀྱི་མིང་གིས་རྣམ་གྲངས་སུ་ཕྱེས་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་བཟང་ངན་མེད་པས་མཉམ་པ་ཉིད་དང་། མ་བཙལ་བར་ཅིར་ཡང་སྣང་བས་ལྷུན་གྲུབ་དང་། མཐའི་ཞེན་པ་མེད་པས་མཐའ་བྲལ་བ་དང་། བྱེ་བྲག་ཏུ་མིང་དུ་བཏགས་པ་མེད་པས་ཐ་སྙད་མེད་པ་དང་། སྣང་བ་གང་ཡང་མ་སྤང་བས་སྟོང་ཆེན་དང་། རྒྱུ་རྐྱེན་མེད་པས་མ་སྐྱེས་པ་དང་ཀུན་གྱི་འབྱུང་ཁུངས་སུ་གྱུར་པའི་ཕྱིར་ཆོས་དབྱིངས་ལ་སོགས་པ་ངེས་ཚིག་གི་ཡོན་ཏན་གྱི་བྱེ་བྲག་ཆ་རེ་ནས་མིང་རེ་བརྗོད་པར་ཟད་དོ། །གཉིས་པ་དེ་གང་ཡང་མི་འགལ་བར་གཏན་ཚིག་གསུམ་དང་ལྡན་པར་གནས་ཚུལ་ལོ། །དྲང་། དེ་ལྟར་མཉམ་ཉིད་ལ་སོགས་བདུན་པོ་རེ་རེ་ལའང་གནས་སྐབས་ཀྱི་ཕྱེ་བས་གོང་དུ་བཤད་པ་ལྟར་ངོ་བོ་ཐུན་མོང་མ་ཡིན་པ་དང་། སྒྲའི་མིང་གིས་དོན་མཚོན་པའི་ངེས་ཚིག་ཐུན་མོང་དུ་བརྗོད་པའང་། དེ་དག་སྒྲུབ་པར་བྱེདཔའི་གཏན་ཚིག་གི་ཡན་ལག་ཏུ་དང་ལྡན་པ་ཡིན་ཞེ་ན། ལུང་མན་ངག་རིག་པ་རྣམ་པ་གསུམ་ཐམས་ཅད་ལ་འཕྲུག་པར་སྦྱོར་བ་རྒྱུད་ལས་འབྱུང་བ་ཡིན་ཏེ། རྡོ་རྗེ་མེ་ལོང་ལས། ལུང་དམ་མན་ངག་རིག་པ་ཡི། །ཚད་མ་དག་གིས་གང་གཞལ་བ། །ཤེས་བྱེད་དེ་ཡང་ཚད་མར་གྱུར། །ཞེས་པ་དང་། རིམ་གསུམ་ལས། གཞི་ལམ་འབྲས་བུར་བཅས་པའི་ཆོས། །དྲིས་ལན་དམ་བཅས་མཐར་དབྱུང་བ། །ལུང་དང་མན་ངག་རིགས་སྒོ་ནས། །རྟོག་པར་བྱ་ཕྱིར་རྣམ་བཤད་བྱ། །ཞེས་པས། དེ་ལྟར་ན་ས་མིག་བདུན་པོ་དེ་དག་རེ་རེ་ལའང་ལུང་མན་ངག་རིག་པ་གསུམ་གསུམ་དུ་འབྱུང་སྟེ། རིག་པས་བསྒྲུབ་པ་ནི་གོང་དུ་སོང་ལ། ལུང་ལ་མཉམ་པ་ཉིད་ཀྱི་ལུང་ནི། རྩ་རྒྱུད་ལས། མཉམ་ལ་མཉམ་པར་སྦྱོར་བ་ཡིས། །མཉམ་པའི་དམ་ཚིག་ལ་གནས་ན། །ཞེས་པ་དང་། སྣང་ཞིང་གྲགས་པའི་ཆོས་རྣམས་དང་། །མཐོང་ཐོས་སྒོ་ལྔ་ཅི་ཤར་ཡང་། །རང་ཞལ་རང་གིས་མཐོང་བས་ན། །གཉིས་སུ་ལྟ་བའི་ཡུལ་གཞན་མེད། །གཉིས་སུ་མེད་དོ་མཉམ་པ་ཆེ། །ཞེས་སོ། །མན་ངག་ནི། ཡུལ་སེམས་མཉམ་པའི་ཀློང་དུ་གྲོལ། །ཆུ་ཟླའི་ཚུལ་དུ་མི་དམིགས་གནས། །མི་དམིགས་པ་ཉིད་སྣ་ཚོགས་སྣང་། །དེ་བཞིན་གཤེགས་པར་ཡེ་ནས་མཉམ། །མཉམ་པའི་དོན་རྟོགས་མཆོག་གི་གནས། །ཞེས་པ་དང་། རྣམ་བཀོད་ལས། ཐམས་ཅད་མཉམ་པའི་དཀྱིལ་འཁོར་ལ། །རང་བྱུང་ཡེ་ཤེས་འཕྲོ་བ་ཡིས། །ཞེས་སོ། །ལྷུན་གྲུབ་ཀྱི་ལུང་ནི། རྩ་རྒྱུད་ལས། བཅིང་མེད་རྣམ་པར་དཀྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་པ་དང་། རྩོལ་སྒྲུབ་གཉིས་ཀྱི་སྤྲོས་དང་བྲལ། །ལྷུན་གྱིས་གྲུབ་པའི་འབྲས་བུ་ཡིན། །ཞེས་པ་དང་། རྒྱས་པ་ལས། ལྷུན་གྲུབ་རྡོ་རྗེ་ཞེས་བྱ་བ་དམ་ཚིག་ནི། ཞེས་སོ། །མན་ངག་ནི། ཆོས་རྣམས་དབྱེར་མེད་གཅིག་པ་སྟེ། །ལྷུན་གྲུབ་འབྲས་བུ་ཉིད་དུའོ། །ཞེས་པ་དང་། དེ་ཕྱིར་མ་ཡིན་ཀུན་ཡིན་པའི། །ཅི་ཡང་ཡིན་ནོ་ལྷུན་གྱིས་གྲུབ། །ཅེས་སོ། །མཐའ་བྲལ་ཀྱི་ལུང་ནི། རྩ་རྒྱུད་ལས། གཅིག་དང་དུ་མར་བྲལ་བ་ཡིས། །མཐའ་དང་དབུས་མེད་དེ་བཞིན་ཉིད། །ཅེས་པ་དང་། རྒྱས་པ་ལས་ཀྱང་མཐའ་འབྲལ་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ནི། ཞེས་སོ། །མན་ངག་ནི། མ་ལུས་གཅིག་དང་ཐ་དད་མིན། །གང་གི་མཐའ་ལས་ཡོངས་གྲོལ་ཏེ། །མཐའ་དང་དབུས་མེད་དུ་མར་བྲལ། །ཞེས་པ་དང་། མཐའ་དང་བྲལ་ཕྱིར་མ་བྲལ་བ། །མ་བྲལ་ཕྱིར་ན་བྲལ་ཞེས་བྱ། །ཞེས་སོ། །ཐ་སྙད་མེད་པའི་ལུང་ནི། དགོངས་འདུས་ལས། མིང་མེད་ཚིག་མེད་བརྗོད་དུ་མེད། །ཚིག་གི་ལམ་ཆད་དོ། །ཞེས་པ་དང་། ཐམས་ཅད་ཐམས་ཅད་ཇི་སྙེད་པ། །ཚིག་གི་ཐ་སྙད་ཙམ་དག་ལས། །འདི་ལས་བྱ་བ་ཅི་ཡང་མེད། །རང་བཞིན་ཉིད་དེ་ཡེ་སངས་རྒྱས། །ཞེས་སོ། །མན་ངག་ནི། མིང་མེད་ཚིག་མེད་བརྗོད་དུ་མེད། །བླ་དྭགས་ཙམ་དུ་བརྗོད་པ་ཡིན། །ཞེས་པ་དང་། ཆོས་དབྱིངས་ཐ་སྙད་མེད་པ་དང་། །ཞེས་སོ། །སྟོང་པ་ཆེན་པོའི་ལུང་ནི། རྒྱས་པ་ལས། ཡང་དག་རྟོགས་པས་རབ་བརྟག་ན། །དངོས་པོ་ཐམས་ཅད་སྟོང་པ་ཡིན། །ཞེས་སོ། །མན་ངག་ནི། འདི་ཉིད་ལས། རྣམ་པ་ཀུན་ལྡན་སྟོང་ཆེན་མཐོང་། །ཞེས་པ་དང་། རྣམ་པ་ཀུན་ལྡན་སྟོང་ཆེན་པོ། །སངས་རྒྱས་བས་ཀྱང་སྔར་སངས་རྒྱས། །ཞེས་སོ། །མ་སྐྱེས་པའི་ལུང་ནི། རྩ་རྒྱུད་ལས། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེས་པ་མེད། །ཅེས་པ་དང་། འཕོ་འགྱུར་མེད་པ་ཆོས་ཀྱི་སྐུ། །སྐྱེ་མེད་ཆོས་ཀྱི་དབྱིངས་ན་གསལ། །ཞེས་སོ། །མན་ངག་ནི། རང་བྱུང་ཡེ་ཤེས་རྒྱུས་མ་སྐྱེས། །སྐྱེ་མེད་རང་གསལ་རྒྱུན་མི་ཆད། །ཅེས་སོ། །ཆོས་ཀྱི་དབྱིངས་ཀྱི་ལུང་ནི། རྒྱས་པ་ལས། ཆོས་དབྱིངས་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ནི། ཞེས་པ་དང་། རྩ་རྒྱུད་ལས། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། །ཞེས་སོ། །མན་ངག་ནི། མི་དམིགས་ཆོས་དབྱིངས་ལ་སོགས་པ། །ཞེས་པ་དང་། འདི་ཉིད་ལས། དབྱིངས་ལ་དབྱིངས་ནི་རྣམ་པར་སྦྱོར། །ཞེས་པ་དང་། ཁོག་གཞུང་ལས། ཆོས་དབྱིངས་ནམ་མཁའི་མཐའ་ཀླས་གང་། །ཞེས་སོ། །གསུམ་པ་བསྒོམ་གྱི་ངོ་བོ་ལ་གསུམ་སྟེ། དོན་དམ་ཏིང་ངེ་འཛིན་གྱི་ངོ་བོ་དང་། དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་འབྲས་བུ་དང་། བསྒོམ་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་དོན་དང་ཏིང་ངེ་འཛིན་གྱི་ངོ་བོ་དངོས་དང་། དྲང་། ཐེག་པ་འོག་མའི་དོན་དམ་གསུམ་ལས་ལྷག་པའི་མ་ཧཱའི་དེ་བཞིན་ཉིད་ཀྱི་དོན་མཆོག་གང་ཡིན་པ་དེ་ནི། འཁོར་འདས་ཀྱི་དངོས་པོ་རྣམས་སུ་སྣང་བའི་དུས་ཉིད་ན་དངོས་པོ་རང་རྒྱུད་པར་གྲུབ་པ་མེད་པས་ན། རྟོགས་པའི་བློ་གང་དུའང་སྨྲ་བསམ་གྱི་ཡུལ་ལས་འདས་པའི་ཕྱིར། མ་བཅོས་པའི་དེ་བཞིན་ཉིད་རང་བཞིན་དོན་དམ་དང་། མུ་མཐའ་མེད་པའི་དབྱིངས་དང་། སྒྲིབ་གཡོགས་དང་བྲལ་བར་གསལ་བས་ཡེ་ཤེས་དོན་དམ་སྟེ། གཉིས་པ་དེ་ཉིད་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བར་བསྟན་པ་དང་། དྲང་། འདི་ལ་བཙེགས་སྡེབ་གཅིག་བྱེད་པས། དོན་དམ་དེ་བཞིན་ཉིད་ཀྱི་རང་བཞིན་གསལ་བར་རྟོགས་པའི་མཐར་མི་གཡོ་བ་སྟེ། སྤྲོས་པའི་མཚན་མ་ཞི་གནས་ཆོས་ཉིད་མི་རྟོགས་པའི་ངང་ལ་རྩེ་གཅིག་ཏུ་གནས་པ་ཞི་གནས། ཆོས་ཉིད་ཡུལ་མེད་རིག་པ་རང་གསལ་རྣལ་འབྱོར་གྱི་མངོན་སུམ་ལྷག་གིས་མཐོང་བས་ལྷག་མཐོང་། དེ་གཉིས་ཐ་མི་དད་ཅིང་དབྱེར་མེད་པས་ཟུང་དུ་འབྲེལ་བར་གསལ་བར་ཟུང་དུ་འབྲེལ་ལོ། །གཉིས་པ་དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་འབྲས་བུ་དང་། དྲང་། དེ་ཙམ་ན་ཆོས་ཐམས་ཅད་རང་བཞིན་མེད་པས་ཤེས་རབ། མུ་མཐའ་མེད་པས་དབྱིངས་ཉིད་དུ་དབྱེར་མེད་པ་དེ་ལ། བསྒོམ་བྱ་ཆོས་ཀྱི་དབྱིངས་ལ་བསྒོམ་བྱེད་བློའི་ཤེས་རབ་ཀྱིས་རྟོགས་པའི་དབྱིངས་དེ་ཉིད་ནི་ཐ་དད་མེད་པར་རྣམ་པར་སྦྱོར་བའོ། །དེ་ལྟར་བློའི་ཤེས་རབ་དང་ཆོས་ཀྱི་དབྱིངས་ཉིད་ཐ་དད་མེད་པར་སྦྱོར་བ་ཡིས། བྱང་བ་སྟོང་པ་ཆུབ་པ་སྣང་བ་དབྱེར་མེད་པས་རྡོ་རྗེ་སྤྲོས་པ་མེད་པའི་ཐིག་ལེ་ཡིན་ནོ། །གསུམ་པ་བསྒོམས་པའི་ཡོན་ཏན་ནོ། །དྲང་། བསྒོམ་པ་དེ་ཡང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ལྟ་བ་མཐོང་བའི་རྗེས་སུ་བསྒོམ་པ་དང་། གདམ་ངག་གི་སྟོབས་ཀྱིས་བསྒོམ་པ་གང་གིས་ཡང་བསྒོམ་ཚུལ་ནི། བསྒོམ་བྱ་མཉམ་བཞག་གི་ཡུལ་མི་དམིགས། སྒོམ་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཤིན་ཏུའང་མི་དམིགས་པ་དང་། རྗེས་སུ་ཐོབ་པའི་ཤེས་པའང་མི་དམིགས་པའི་རིམ་པས། བསྒོམ་བྱའི་ཡུལ་དུ་མི་གནས་ཤིང་། སྒོམ་པའི་ངོ་བོར་མི་རྟོག་རྗེས་བདག་གིས་བསྒོམ་པ་པོའི་ང་རྒྱལ་གྱིས་རློམ་སེམས་མེད་པའོ། །བཞི་པ་ངེས་ཚིག་ལ་གཉིས་ཏེ། བགྲང་། དང་པོ་སྒོམ་པ་ཏིང་ངེ་འཛིན་གྱི་ངེས་ཚིག་དང་། དྲང་། སྟོང་པའི་ངང་ལས་རང་བཞིན་ངང་གིས་ཆོས་དང་གང་ཟག་གི་བདག་གཉིས་སུ་གྲུབ་པ་མེད་པས་ན། བསྒོམ་བྱའི་ཡུལ་དང་བསྒོམ་བྱེད་ཀྱི་ཤེས་པ་གཉིས་ཀ་རང་བཞིན་མི་དམིགས་པའི་ཕྱིར། ནམ་མཁའ་ལྟར་བློའི་ཡུལ་དུ་བྱེད་པ་མེད་པས། བསྒོམ་པར་བྱ་བའི་ཡུལ་དང་། སྒོམ་པར་བྱེད་པའི་འདུ་བྱེད་ཀུན་དང་བྲལ་བ། བློ་གང་དུའང་བསམ་དུ་མེད་པའི་ངང་ལ་འདུག་པ་ཙམ་ལ་སྒོམ་པ་ཞེས་ཐ་སྙད་དུ་བརྗོད་པའོ། །གཉིས་པ་འདུ་འབྲལ་མེད་པར་སྒོམ་པའི་ངེས་ཚིག་གོ། །དྲང་། བསྒོམ་བྱ་སྒོམ་བྱེད་ཀྱི་འདུ་ཤེས་ཀྱིས་ཡུལ་སྣང་སྟོང་ལ་སོགས་པ་གང་དུའང་འཛིན་པ་མ་ཞུགས་ན། ཆོས་ཉིད་བསྒོམ་པའི་རོ་ལ་འདོད་ཅིང་ཆགས་པ་མེད་པར་རང་གི་བློ་དང་དོན་གཉིས་འདུ་འབྲལ་མེད་པའི་ཕྱིར་རོ། །ལྔ་པ་སྐྱོན་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། དེ་ལྟར་གདམས་ངག་གི་སྟོབས་དང་། དེ་ལྟར་ཤེས་རབ་ཀྱི་སྟོབས་ཀྱིས་མཉམ་པར་བཞག་པའི་ཚེ། ཏིང་ངེ་འཛིན་ལ་གནས་པའི་དུས་ཀྱི་སྐྱོན་དང་། རྗེས་སྤྱོད་ལམ་གྱི་ཏིང་ངེ་འཛིན་ལ་སྒྲིབ་པའི་སྐྱོན་དང་། ཁམས་ཀྱི་སྐྱོན་རྣམས་ནོར་སར་སྐྱོན་ངོས་ཟིན་ནས་བཅོས་ན་ཏིང་ངེ་འཛིན་མི་འཕྲོག་པར་བྱ་བའི་ཕྱིར་སྐྱོན་གྱི་རྣམ་གྲངས་མདོ་ཙམ་ཞིག་བརྗོད་པར་བྱ་བ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པར་དེ་ལ་གསུམ་སྟེ། ཏིང་ངེ་འཛིན་ལ་གནས་པའི་དུས་ཀྱི་སྐྱོན་དང་། ཁམས་ཀྱི་སྐྱོན་དང་། སྤྱོད་ལམ་སྒོམ་ཆེན་གྱི་སྐྱོན་དྲུག་གོ། །དང་པོ་ལ་ལྔ་སྟེ། བགྲང་། དང་པོ་ཐུན་མོང་དང་དོགས་ལོག་གི་སྐྱོན་བཅོ་བརྒྱད་དང་། དྲང་། དེ་ལ་ལས་དང་པོ་བས་བླ་མའི་གདམས་ངག་གི་དམིགས་པ་བརྗེད་པ་ནི། དང་པོ་གཡོ་བའི་ཉམས་ཀྱི་དུས་སུ་དམིགས་མེད་དུ་བཞག་པའི་དྲན་པས་བཟུང་ཤོར་ཏེ། སེམས་བྱིང་ནས་བསྒོམ་བྱའི་དོན་མི་གསལ་བའོ། །དེས་ཞི་གནས་ལྷག་མཐོང་ཟུང་འབྲེལ་སྤྱིར་སྒྲིབ་པ་དང་། འོ་ན་གོང་དུ་གང་ཞིག་དམིགས་ནས་འཇུག་པ་ནི། དེ་སྲིད་འཇིག་རྟེན་རྒྱང་འཕེན་པ། །ཞེས་པ་ལ་སོགས་པ་བསྒོམ་དམིགས་བྱ་དམིགས་བྱེད་མེད་པར་བཤད་པ་དང་། འདིར་དམིགས་པ་བརྗོད་པ་སྐྱོན་དུ་བཤད་པ་གཉིས་འགལ་ལོ་ཞེ་ན། མི་འགལ་ཏེ། དང་པོ་ནི། སྟོང་པ་ཉིད་དུ་དམིགས་ནས་ཡུལ་དུ་བསྒོམ་ན། གཉིས་འཛིན་ཡིན་པས་དེ་བཞིན་ཉིད་མི་མཐོང་བའི་སྐྱོན་ཡིན་པས་དམིགས་མེད་དུ་བཞག་པར་བསྟན་པ་ཡིན་ལ། འདི་ཉིད་ནི་དྲན་པའི་གདམས་ངག་གིས་བསྒོམ་དུ་འཇོག་པར་མ་བྱས་ན། ཕྱལ་བར་སོང་ནས་དྲན་མེད་དམ་ཐ་མལ་དུ་ལུས་ན་སྐྱོན་དུ་བསྟན་པ་ཡིན་པས་མི་འགལ་ལོ། །བྱིང་བ་ནི་བསྒོམ་བྱའི་དོན་མི་གསལ་བ་སྟེ། ཤེས་པ་བྱིང་ཐིབས་སེ་སོང་བ་སྟེ། དེ་ལའང་གསུམ། རང་བཞིན་གྱིས་བྱིང་བ་དང་། རྐྱེན་གྱིས་བྱིང་བ་དང་། ཆེད་དུ་བྱ་བའི་བྱིང་བའོ། །དང་པོ་ནི། གང་ཟག་འདུ་བ་བད་ཀན་དང་ཉོན་མོངས་གཏི་མུག་ཤས་ཆེ་བ་རྣམས་རང་བཞིན་གྱིས་ལུས་ལྕི་ཞིང་ཤེས་པ། མུན་ནས་འོང་བ་དེ་ལ་ཏིང་ངེ་འཛིན་གསལ་ཆ་ཆུང་བ་ཞིག་ལས་མི་འོང་ངོ་། །གཉིས་པ་ནི། ལུས་ངལ་དུབ་ཀྱི་ལས་བྱས་པ་དང་། དྲོ་སར་བསྡད་པ་དང་། ཤ་ཆང་ལ་སོགས་པ་ཁ་ཟས་བཅུད་ཆེན་བག་མེད་དུ་བསྟན་ཅིང་མལ་དྲོན་པོར་བསྒོམ་ན་དེ་དག་གི་སྐྱོན་གྱིས་ཤེས་པ་མུན་ཐིབས་སེ་འགྲོ་བའོ། །གསུམ་པ་ནི། ཁ་ཟས་བཅུད་ཅན་བསྟེན་ཅིང་ལུས་སྙེལ་མིག་བཙུམ་ནས་ཁང་པ་མུན་ནག་ཏུ་མལ་སྐྱེད་པར་གོས་འཐུག་པོ་གྱོན་ཅིང་མགོ་དཀྲིས་ནས། མུན་པའི་མཚན་མ་ཡིད་ལ་བྱས་ནས་བསྒོམས་ན་གཉིད་མིན་སྒོམ་མིན་དུ་ཤེས་པ་མུན་མུན་ལོང་ལོང་སོར་སོང་བའོ། །དེ་དག་གིས་ལྷག་མཐོང་ལ་སྒྲིབ་པའོ་རྒོད་པ་ནི། རིག་པ་བཞག་ཐོག་ཏུ་མི་སྡོད་པར་ཤེས་པ་ཡུལ་སྣ་ཚོགས་ཀྱི་རྗེས་སུ་འཕྲོ་བའོ། །དེ་ལ་ཡང་གསུམ་སྟེ། རང་བཞིན་གྱིས་རྒོད་པ་དང་། རྐྱེན་གྱིས་རྒོད་པ་དང་། ཆེད་དུ་བྱས་པས་རྒོད་པའོ། །དང་པོ་ནི། གང་ཟག་འབྱུང་བ་རླུང་ཤས་ཆེ་བ། ཉོན་མོངས་པ་འདོད་ཆགས་ཆེ་བའི་རིགས་ལ་རང་བཞིན་གྱི་ཤེས་པ་སང་བ་དང་། སྔར་མ་གོམས་པའི་དབང་གིས་བསྒོམ་ཡང་གནས་ཆ་ཆུང་སྟེ། རང་བཞིན་གྱི་ཆོས་ཉིད་ཀྱི་དོན་ལ་བློ་གནས་སུ་མི་འདོད་པར་ཡུལ་སྣ་ཚོགས་ལ་འཕྲོ་བའོ། །གཉིས་པ་ནི། བར་ཆད་འབྱུང་བ་དང་། འདུ་བྱེད་བསྟན་པའོ། །དང་པོ་ནི། དབང་མེད་དུ་རྐྱེན་གང་ཡང་རུང་བས་གཡེངས་ནས་ཏིང་ངེ་འཛིན་ལས་ཉམས་པའོ། །གཉིས་པ་ནི། ཉིན་པར་འདུ་འཛིས་གཡེང་བ། མི་ཆོས་ཀྱི་གཏམ་རྒྱུད། ལྷ་ཆོས་ཀྱི་སྒྲུང་གླིང་རྣམས་དང་འཁྲུགས་པ་ཚོངས་འདུས་ལ་སོགས་པ་ལ་བལྟས་པ་སོགས་ཀྱིས་སྟོབས་ཀྱིས་ཤེས་པ་ཡུལ་ལ་འཕྲོ་བ་དང་། ནུབ་མོ་བསྒོམ་ན་དེ་དག་གི་སྣང་བ་ཡིད་ཡུལ་དུ་འཆར་ཞིང་ཤེས་པ་འཕྲོ་བའོ། །གསུམ་པ་ནི། དགོང་མོ་རླུང་སྐྱེ་བའི་དུས་སུ་གོས་སྲབ་མོ་གྱོན། སྣང་གཡེལ་ཆེ་སར་འཐོན་ནས་ཤེས་པ་གཟེང་བསྟོད། རིག་པ་ཁ་བཏེག །ལྟ་སྟངས་བསྟོད་ནས་བསྒོམ་བྱའི་དོན་གསལ་གསལ་པོ་ཆེད་དུ་གཉེར་ཏེ། བསྒོམ་མོ། །དེ་དག་གིས་ཆོས་ཉིད་ཞི་གནས་རྩེ་གཅིག་ལ་བསྒྲིབ་ཏེ་དེ་ལྟར་དྲུག་གོ། །དེ་རྣམས་རྒྱུ་གང་ལས་བྱུང་། ཞེ་ན། མི་དགོས་བཞིན་དུ་བློ་ཆེད་དུ་རྩོལ་བ་ལ་རྒོད་པ་སྟེ། ངེས་གོས་བརྟན་ལ་སྒྲིབ་པ་དང་། དགོས་བཞིན་དུ་གཉེན་པོ་ཆེད་དུ་མི་རྩོལ་བར་བྱེད་པ་ལས་བྱིང་བ་འབྱུང་སྟེ། དེས་གཡོ་ཐོབ་ལ་སྒྲིབ་པ་དང་། ཁམས་གསུམ་ས་དགུར་གོལ་དུ་དགོས་པ་དང་། མུ་སྟེགས་རྟག་ཆད་གཉིས་སུ་ལོག་པའི་དོགས་པ་སྟེ། དེ་གཉིས་དྲིལ་བས་བཅུ་གཅིག་དང་། ཚོགས་ལམ་རྣལ་འབྱོར་བཞི་པོ་ཀུན་གྱི་ཐུན་མོང་གི་སྐྱོན་ནི། གང་གི་དམིགས་པ་བརྗེད་པ་དང་བྱིང་རྒོད་དྲུག་དང་བདུན་ཏེ་རྣམ་གྲངས་བཅོ་བརྒྱད་དོ། །གཞན་ཡང་བཅོ་བརྒྱད་ཀྱི་བརྩི་ལུགས་འགའ་ཞིག་སྣང་སྟེ། དོན་ཆུང་བར་སྣང་ནས་མ་བྲིས་སོ། །གཉིས་པ་གཡེང་བའི་སྐྱོན་དྲུག་དང་། དྲང་། གོང་གི་སྒྲིབ་པ་དེ་བཞིན་དུ་གཞན་ཡང་ཏིང་ངེ་འཛིན་ལ་གཡེངས་བའི་སྐྱོན་རྣམ་པ་དྲུག་ཡོད་དེ། གང་ཞེ་ན་རང་བཞིན་ནམ་ངོ་བོས་གཡེང་བ་ནི་སྒོ་ལྔའི་རྣམ་པར་ཤེས་པ་སྣང་རྐྱང་ལ་སོགས་ལྔའི་ཐོག་ཏུ་ལུང་མ་བསྟན་དུ་སྡོད་པའོ། །ཕྱི་རོལ་འདོད་ཡོན་གྱི་ཡུལ་ལྔར་ཤེས་པ་འཕྲོས་པས་ཏིང་ངེ་འཛིན་གྱི་རྐྱེན་བྱས་ཏེ་ཕྱི་རོལ་གྱི་གཡེང་བ་དང་། བྱིང་བ་དང་། རྒོད་པ་མེད་པ་ཙམ་གྱི་ཏིང་ངེ་འཛིན་གྱི་རོ་མྱོངས་ནས་ཞེན་ན་ནང་གི་གཡེང་བ་ཡིན་ཏེ། དེས་ཞི་ལྷག་ཟུང་འབྲེལ་ལ་སྒྲིབ་པར་བྱེད་དོ། །གདུལ་བྱ་གཞན་དད་པར་བྱ་བའི་ཕྱིར་མཚན་བཙས་ཀྱི་དགེ་སྦྱོར་བྱེད་པ་ནི་མཚན་མའི་གཡེང་བ་སྟེ་དེས་ཞི་གནས་ལ་སྒྲིབ་པའོ། །རང་གི་ཏིང་ངེ་འཛིན་ལས་གཞན་པའི་སྙོམ་པར་འཇུག་པའི་དགུ་ཡིན་པ་ནི། ཐེག་པ་འོག་མ་གཞན་གྱི་གཞུང་དེའི་ལུགས་ཀྱིས་ཏིང་ངེ་འཛིན་ལ་སེམས་འཕྲོ་བ་ནི། ཡིད་ལ་བྱེད་པའི་གཡེང་བའོ། །བསྒོམ་པ་བཟང་པོ་ང་ལ་ཡོད་པའོ་སྙམ་དུ་བདག་ཏུ་འཛིན་པའི་ཏིང་ངེ་འཛིན་ལ་སྙོམ་པར་འཇུག་པ་ནི་སྙོམ་འཇུག་གི་གཡེང་བའོ། །གཡེང་བ་དྲུག་པོ་དེ་དག་གི་དབང་དུ་སོང་ན། གནས་ངན་པ་འཁོར་བའི་སྐྱེ་བ་ལེན་པར་ཐེ་ཚོམ་མེད་དོ། །གསུམ་པ་བར་དུ་གཅོད་པའི་སྐྱོན་བཅུ་དང་། དྲང་། སྔར་གྱི་ཡུལ་ལམ་རྟོག་པའི་དྲན་པ་བྱུང་ནས་དེའི་རྗེས་སུ་རྟོགས་པ་ཕྱི་མ་ལུང་བཏགས་ཤིང་བློ་འབྲངས་ཏེ་ཉམས་གཡོ་ཐོབ་ལ་སྒྲིབ་པ་དང་གཅིག །སྐྱོན་ཆེད་དུ་འགོག་པ་ཟུང་འབྲེལ་ལ་སྒྲིབ་པ་དང་གཉིས། ཏིང་ངེ་འཛིན་གྱི་ཉམས་སུ་མྱོང་བ་འཐས་པའམ། བདག་ཏུ་ཐེར་ཟུག་པ་དང་གསུམ། སྒོམ་པའི་དམིགས་མི་ཤེས་པར་དོན་མེད་ཕྱལ་བར་བཞག་པ་དང་བཞི། དེ་གཉིས་ནི་ལྷག་མཐོང་ལ་སྒྲིབ་པའོ། །ཆེད་དུ་ལུས་ངག་ཡིད་གསུམ་འཆོས་ནས་ཆོས་ཉིད་ཅེ་གསལ་དུ་ཡིད་ལ་བྱེད་པ་ནི་ཞི་གནས་ལ་སྒྲིབ་པ་དང་ལྔ་། ཏིང་ངེ་འཛིན་གྱི་རོ་ཉམས་སུ་མྱོང་དུ་རེ་བ་དང་དྲུག །བདག་ཏུ་འདུ་ཤེས་པས་སྒོམས་པ་ལ་གནས་ཤིང་ཡུལ་དུ་དམིགས་པས་ཟུང་འབྲེལ་ལ་སྒྲིབ་པ་དང་བདུན། ཤེས་པ་ནང་དུ་སྡུད་པ་ལྷག་མཐོང་ལ་སྒྲིབ་པ་དང་བརྒྱད། ཏིང་ངེ་འཛིན་གྱི་དོན་ཅི་སྔ་མངོན་དུ་བྱེད་འདོད་པ་དང་དགུ། ཡོན་ཏན་གྱི་དྲོད་རྟགས་གསལ་དུ་འོང་བར་འདོད་པའི་རེ་བ་མང་བར་འདོད་པ་དང་བཅུ་སྟེ། དེ་གཉིས་ཀྱིས་ཞི་ལྷག་ཕྱིར་སྒྲིབ་པའོ། །བཞི་པ་རྟོག་པའི་སྐྱོན་དང་། དྲང་། དེ་ཡང་སྒྲིབ་པའི་སྐྱོན་རྩ་བ་ལྔ་ཡན་ལག་བཅུའོ། །དང་པོ་རྩ་བ་ལྔ་ནི། རྟོགས་པ་དང་། མཚན་མ་དང་། རྒྱུ་བ་དང་། ཚོར་བ་དང་། བྱུང་ཚོར་རོ། །དེ་ལ་རྟོགས་པ་ནི། ཡོད་མེད་དང་། ཡིན་མིན་ལ་སོགས་པ་སེམས་སྤྱིའི་རྣམ་པ་ལ་རྟོག་པའོ། །མཚན་མ་ནི། འདུ་ཤེས་ཀྱིས་ཡུལ་མཚན་མར་འཛིན་པའོ། །རྒྱུ་བ་ནི་དེའི་རྗེས་སུ་དྲན་པའི་རྒྱུན་རིང་ཐུང་དུ་རྒྱུ་བའོ། །ཚོར་བ་ནི་ཉམས་སུ་མྱོང་བའོ། །བྱུང་ཚུར་ནི་རྟོག་པའི་འབྱུང་འཇུག་དུས་མྱུར་བུལ་ལ་ལྟོས་པའོ། །དེ་ཡང་དགོངས་འདུས་ལས། ཡང་དག་དོན་གྱི་ལམ་ཚོལ་ན། །རྟོག་པའི་སྐྱོན་ལྔ་སྤང་བར་བྱ། །རྟོག་པ་རགས་པའི་རིག་པ་དང་། །མཚན་མ་རྒྱུ་བའི་ཚོར་བ་དང་། །བྱུང་ཚོར་སྐྱོན་ལྔ་སྤང་བར་བྱ། །ཞེས་སོ། །གཉིས་པ་ཡན་ལག་བཅུ་ནི། རྩ་བ་ལྔ་པོ་དེ་དག་རེ་རེ་ལ་ཡང་ཡན་ལག་གཉིས་གཉིས་ཏེ་བཅུའོ། །དེ་ཡང་རྟོག་པ་སེམས་ཀྱི་རྣམ་པའི་སྒོ་ནས་བཞག་སྟེ། ཁྲས་དང་རྩེ་མོ་གཞན་ལྟ་བུ་ཕྲ་རགས་གཉིས་དང་། མཚན་མ་འཛིན་པའི་སྒོ་ནས་བཞག་སྟེ། དགེ་བཤེས་དང་བྱིས་སྦ་ལྟ་བུ་ཆེ་ཆུང་གཉིས་དང་། རྒྱུ་བ་རྒྱུན་གྱི་སྒོ་ནས་བཞག་སྟེ། འདོད་ཆགས་དང་ཞེ་སྡང་ལྟ་བུའི་རིང་ཐུང་གཉིས་དང་། ཚོར་བ་ཉམས་མྱོང་གི་སྒོ་ནས་བཞག་སྟེ། ངར་གདོང་དང་སྣག་པོ་ཆེ་ལྟ་བུ་གསལ་མི་གསལ་གཉིས་དང་། བྱུང་ཚོར་སྒོམ་པའི་སྒོ་ནས་བཞག་སྟེ། ཁ་དོན་བྱང་མ་བྱང་ལ་མྱུར་བུལ་ཡོད་པ་ལྟ་བུ་གཉིས་སོ། །དེ་ཡང་མདོ་ལས། རྟོག་པ་ལ་ཡང་གཉིས་ཡོད་དེ། །རགས་པ་དང་ནི་ཕྲ་བ་གཉིས། །དེ་བཞིན་མཚན་མ་ཆེ་ཆུང་གཉིས། །རྒྱུ་བ་རིང་པོ་ཐུང་ངུ་གཉིས། །དེ་བཞིན་ཚོར་བ་གསལ་མི་གསལ། །བྱུང་ཚོར་གཉིས་སུ་སྣང་བ་ཡང་། །མྱུར་བ་དང་ནི་བུལ་བའོ། །འདི་ནི་སྒྲ་དོན་ལ་སྒྲིབ་པའི། །རྟོགས་པ་ཆེན་པོའི་གེགས་ཡིན་ནོ། །ཞེས་སོ། །ལྔ་པ་དགོས་པ་ས་དགུ་དང་ལོག་པ་རྟག་ཆད་ཀྱི་དམིགས་བྱེ་བྲག་ཏུ་བཤད་པའོ། །དྲང་། འཇིག་རྟེན་གསུམ་གྱི་དང་པོ་འདོད་ཁམས་གཅིག་ཏུ་གོལ་བ་ནི། རྟོག་པའི་ཕྲ་རགས་ཀྱི་སྐྱོན་གྱི་ངན་སོང་གསུམ། མཚན་མ་ཆེ་ཆུང་གིས་གླིང་བཞིའི་མི། རྒྱུ་བ་རིང་ཐུང་གིས་རྒྱལ་ཆེན་དང་སུམ་ཅུ་རྩ་གསུམ། ཚོར་བ་གསལ་མི་གསལ་གྱིས་འཐབ་བྲལ། བྱུང་ཚོར་མྱུར་བུལ་གྱིས་དགའ་ལྡན། སེམས་སྒྱུ་མ་ཤེས་པས་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་དུ་སྐྱེ་བ་སྟེ་གོལ་བའོ། །དེ་ཉིད་ལས། གནས་ངན་ལེན་དང་ཕྱེད་སྣང་གནས། །འདོད་པ་བཞི་ཡི་བདེན་གནས་དང་། །ཞེས་སོ། །ཡང་། དང་པོ་གཉིས་ཀྱིས་འདོད་ཁམས་དང་། །དེ་འོག་གཉིས་ཀྱིས་གཟུགས་ཀྱི་བསམ་གཏན་བཞི་དང་། ཐ་མ་གཉིས་ཀྱིས་གཟུགས་མེད་བཞི་སྟེ། སྤྱིར་ཁམས་གསུམ་ས་དགུར་གོལ་བའོ། །བཅོས་ཐབས་ནི་མདོའི་ལེའུ་ང་བཞི་པར་གསལ་ལོ། །དེ་ཏིང་ལྷག་མཐོང་གསལ་སྟོང་གི་ཡེ་ཤེས་ཞི་གནས་སུ་གོལ་བ་སྟེ། དེ་ཡང་གསལ་ཆའི་ཡེ་ཤེས་ལ་ཤུགས་གཏད་པར་བྱས་ནས་བདག་ཏུ་བཟུང་བ་ནི་བསམ་གཏན་བཞིའི་གསལ་ཐོག་གི་རྟོག་མེད་བསྒོམས་ཏེ། དེ་ཡང་རྟོག་དཔྱོད་ཀྱི་གཉེན་པོར་མི་འཇུག་ཅིང་མཉམ་བཞག་གི་གསལ་ཐོག་ཏུ་དགའ་བ་དེའི་ངང་དུ་རྩེ་གཅིག་ལ་བསམ་གཏན་དང་པོའི་ས་དང་། རྟོག་དཔྱོད་དང་བྲལ་བ། མཉམ་བཞག་དགའ་བདེ་ལ་རྩེ་གཅིག་པ་གཉིས་པའི་ས་དང་། དགའ་བ་དང་བྲལ་བ། མཉམ་བཞག་བདེ་བའི་ངང་དུ་རྩེ་གཅིག་པ་གསུམ་པའི་ས་དང་། བདེ་བ་ལ་སོགས་པའི་སྐྱོན་བརྒྱད་དང་བྲལ་བ། གསལ་ཐོག་གི་དྭངས་ཆའི་ངང་ལ་གནས་པ་ནི་བཞི་པའི་ས་དང་བཞིའོ། །ལྷག་མཐོང་སྟོང་པའི་ཆ་ལ་གོལ་བ་ནི། ཕྱི་རོལ་གཟུགས་ཀྱི་སྐྱེ་མཆེད་མེད་པ། ནང་ཀུན་གཞི་རིག་ཐོག་སྟོང་པའི་ངང་ལ་སྙོམ་པར་འཇུག་པ་སྐྱེ་མཆེད་མུ་བཞིར་གོལ་བ་སྟེ། དེ་ཡང་ཆོས་རྣམས་སེམས་ཡིན། སེམས་ནམ་མཁའ་ལྟ་བུ་འདུན་ཅིང་དེ་ལ་བློ་རྩེ་གཅིག་ཏུ་གནས་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ས་དང་། རྣམ་པར་ཤེས་པར་རང་ཡང་མ་གྲུབ་པར་འདུན་ཅིང་དེ་ལ་རྩེ་གཅིག་པ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ས་དང་། རྣམ་ཤེས་དེ་ཡང་ཡེ་ནས་ཅི་ཡང་མེད་པར་འདུན་ཅིང་དེ་ལ་རྩེ་གཅིག་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་དང་། སྣང་ངོ་ཐམས་ཅད་འགག་ཅིང་ཤེས་ངོའི་གསལ་རྒྱུན་ཙམ་ཡོད་པར་འདུན་ཅིང་དེ་ལ་རྩེ་གཅིག་པ་ནི་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཀྱི་ས་དང་བཞིའོ། །དེ་ལྟར་ཁམས་གསུམ་ས་དགུ་སྟེ་དེ་དག་ཏུ་གོལ་བའོ། །ཐེར་ཟུག་པ་རྟག་པར་ལྟ་བ་དང་། སྔ་ཕྱིའི་མཐའ་ཆད་པར་ལྟ་བ་གཉིས་ནི་ཕྱིན་ཅི་ལོག་གི་ལྟ་བར་གོལ་བའོ། །གཉིས་པ་ཁམས་ཀྱི་སྐྱོན་དང་། དྲང་། སྒོ་གསུམ་གྱིས་འཇིག་རྟེན་གྱི་བྱ་བ་མང་པོ་བྱེད་ལ། ཏིང་ངེ་འཛིན་ལ་བློ་མི་འབྱུང་བའི་རྐྱེན་བྱས་ཤིང་། སྒོམ་པ་ཉམས་སུ་ལེན་པའང་ངང་ཐུང་བ་དང་། སེམས་འཁྲུག་པ་དང་། རྣ་བས་དུག་ཤང་གི་སྒྲ་ཐོས་པ་དང་། ཡུལ་ཁམས་དང་། གནས་ཁང་དང་། རང་གི་མགོ་བོ་འཁོར་ཞིང་། རླུང་སྔོ། མཁྲིས་པ་སེར། ཁྲག་དམར། བད་ཀན་སྐྱ་བ་ལ་སོགས་པའི་ཁ་དོག་མཐོང་བ་དང་། ནད་ཁམས་འཁྲུག་པ་ལས་གྱུར་པའི་སྐྱོན་གྱི་ཆ་ཡང་བརྟག་ཅིང་ཤེས་པར་བྱའོ། །གསུམ་པ་སྤྱོད་ལམ་སྒོམ་ཆེན་གྱི་སྐྱོན་དྲུག་གོ། །དྲང་། རྣལ་འབྱོར་པ་དེ་ཡིས་འགྲོ་བ་དང་། ཉལ་བ་དང་། འདུག་ཅིང་སྡོད་པ་དང་། འདོད་ཡོན་ཟས་ནོར་ལ་ལོངས་སྤྱོད་པ་དང་། ལམ་དུ་འཇུག་པའི་ཚེ་ན་ཡང་། སྟོང་པ་ཆེན་པོའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་དང་བྲལ་བ་ནི། འདུག་ཅིང་སྡོད་པའི་ཚེ་གཡེའུ་ཚེ། བྱ་ར་ཁྲའི་སྒོམ་པ་དང་། འགྲོ་བའི་སེམས་ཚོལ་དུར་རྐུན་ཝའི་སྒོམ་པ་དང་། སྒོམ་ཁང་ནང་ན་གནས་ཚེ་ཉ་ལྟ་བུའི་སྒོམ་པ་དང་། ཉལ་བའི་ཚེ་ཐོ་ཡོར་གླད་གཉིད་ཀྱི་སྒོམ་པ་དང་ཟས་ནོར་ལ་ལོངས་སྤྱོད་པའི་ཚེ་སྐམ་ཆགས་ཆེ་བ་ཚོང་པའི་སེམས་ཀྱི་སྒོམ་པ་དང་། ལམ་པས་རང་གི་སྒོ་གསུམ་གྱི་བྱ་བྱེད་མང་བས་སྤྲེའུ་ཡི་སྤྱོད་པ་རྣམས་སྒོམ་གྱི་སྐྱོན་ཡིན་ནོ། །ཡང་། བསམ་གཏན་ཉམས་སྒྲོན་ལས། མཚན་མ་ཚིག་གི་རྣལ་འབྱོར་པ། །ཚིག་ལ་ཞིབ་ཅིང་དོན་ལ་རྩིང་། །ཡང་དག་དོན་ལ་མ་འབྱོར་པ། །འདུག་ན་མཚན་མའི་བྱ་ར་བྱེད། །འགྲོ་ཚེ་མ་རབ་འཕྱོ་ཞིང་རྒྱུག །ཉལ་ན་མཚན་མའི་བསམ་དཔྱོད་གཏོང་། །འདུག་ཚེ་གཉིས་དང་བྱིང་དབང་སོང་། །ཟ་ན་སྐམ་ཆགས་དབང་གིས་སྤྱོད། །འཚོགས་ན་ག་ཞ་བྲེ་མོའི་གཏམ། །སྒོམ་ཁང་ནང་ནས་འགྲོ་དོན་མཛད། །རྫས་ཀྱི་བཅའ་ཁ་ལོན་སེམས་དང་། །བཞེད་པ་མཐོ་རིས་བྱང་ཆུབ་བཞེད། །འགྲོ་བ་འཁོར་བའི་གནས་སུ་འགྲོ། །ཞེས་གསུངས་སོ། །དྲུག་པ་བཅོས་ཐབས་ལ་གསུམ་སྟེ། ཏིང་ངེ་འཛིན་ལ་གནས་པའི་དུས་ཀྱི་སྐྱོན་བཅོས་ཐབས་དང་། ཁམས་ཀྱི་དང་། སྤྱོད་ལམ་གྱིའོ། དང་པོ་ལ་གཉིས་ཏེ། བགྲང་། དང་པོ་བློ་ཆེ་ཆུང་ངམ་ཉམས་ཀྱི་རིམ་པ་དང་སྦྱར་ཏེ་བཅོས་ཐབས་སོ་སོར་བསྟན་པ་དང་། དྲང་། གོང་གི་དེ་ལྟར་སྐྱོན་ངོ་ཤེས་པའི་རྣལ་འབྱོར་པས། རྟོག་པའི་སྐྱོན་དེ་དག་སྤངས་བར་བྱེད་པའི་གཉེན་པོ་ཆེད་དུ་སེམས་པ་དང་། མངོན་པར་འདུ་བྱེད་པའི་གྲངས་ཡན་ལག་བརྒྱད་བསྟེན་ཅིང་བཅོས་པ་སྟེ། དེ་ཡང་བརྒྱད་གང་ཞེ་ན། དད་པ་དང་། འདུན་པ། བརྩོན་འགྲུས། ཤིན་ཏུ་སྦྱངས་པ། དྲན་པ། ཤེས་བཞིན། སེམས་གཟེངས་བསྟོད་པ། བཏང་སྙོམས་སོ། །དེ་ལ་དད་པ་དང་། འདུན་པ་བརྩོན་འགྲུས། ཤིན་ཏུ་སྦྱངས་པ་དང་བཞིས། ལེ་ལོ་དང་གཡེང་བ་དྲུག་ལ་སོགས་པའི་སྐྱོན་སེལ་ལོ། །དྲན་པས་དམིགས་པ་བརྗེད་པ་ལ་སོགས་པའི་སྐྱོན་སེལ་ལོ། །ཤེས་བཞིན་གནས་པའི་བྱིང་རྒོད་དང་དོག་པ་ལ་སོགས་པ་བཅོ་བརྒྱད་དང་། བྱུང་ཚོར་དབང་གིས་གཡེང་བ་ལ་སོགས་པ་དང་། སྒོམ་ཆེན་གྱི་སྐྱོན་དྲུག་ལ་སོགས་པ་སེལ་སེམས་གཟེང་བསྟོད་པས་མི་རྩོལ་བ་དང་། བྱིང་རྨུག་ལ་སོགས་སེལ་ལོ། །བཏང་སྙོམས་ཀྱིས་རྩོལ་བ་དང་། ཡིད་ལ་བྱེད་པ་སེལ་ལོ། །དེ་དག་ནི་བློ་ཆུང་བའམ། ཉམས་གཡོ་ཐབས་ཀྱིས་བཅོས་ཐབས་སོ། །དེ་ཡང་སྒོམ་ཀློང་ལས། དད་དང་འདུན་དང་བརྩོན་འགྲུས་དང་། །ཤིན་ཏུ་སྦྱངས་པས་ལེ་ལོ་སེལ། །དྲན་པས་དམིགས་པ་བརྗེད་པ་སེལ། །ཤེས་བཞིན་གནས་པས་བྱིང་རྒོད་སེལ། །མི་རྩོལ་སེམས་གཟེངས་བསྟོད་པས་སེལ། །རྩོལ་དྲག་བཏང་སྙོམས་གཏིབ་མགོ་མནན། །ཅེས་སོ། །སྐྱོན་གང་ཡིན་གང་ལས་བྱུང་སོ་སོར་ཅུང་ཟད་ཙམ་བལྟ་བར་བྱས་པའམ། གང་ཡིན་ཡང་ངོ་ཤེས་པས་རང་གི་སྐྱོན་དག་པར་འགྱུར་བ་ནི་ཐ་མའི་བཅོས་ཐབས་སོ། །ཡང་ན་སྐྱོན་བྱུང་ཡང་སེམས་ཉིད་རང་བྱུང་རང་ཞིར་བྱ་བ་ནི། བློ་འབྲིང་ངམ། ཉམས་གོམས་བརྟན་གྱི་བཅོས་ཐབས་སོ། །གཉིས་པ་མཐར་ཕྱིན་པའི་དུས་སུ་དགག་སྒྲུབ་མེད་པའི་བཅོས་ཐབས་སོ། །དྲང་། དཔེ་ཇི་ལྟར་ན་བྱིས་པ་བརྡ་དོན་གཉིས་ཀ་ལ་བློ་ཤེད་མ་བྱེ་བ་དག་རྩེད་མོའི་བྱ་བྱེད་མང་པོས་སེམས་གཡེང་བར་གནས་པ་ལྟར་ལམ་པས་སྒོ་གསུམ་གྱི་བྱ་བྱེད་མང་པོས་སེམས་གཡེང་བ་དེ་ལྟ་བས་ན་བདག་མེད་པར་རྟོགས་པའི་ངང་ལ་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་རང་དབང་དུ་བསྒྱུར་ནས་རྟོག་པའི་མཚན་མ་ཐམས་ཅད་སེམས་མཉམ་པའི་དབྱིངས་སུ་ཟིལ་གྱིས་མནན་པས། སྐྱོན་དགག་པ་དང་ཡོན་ཏན་སྒྲུབ་པར་བྱ་བ་ག་ལ་ཡིན་ཏེ་མིན་ནོ། །བློ་རབ་བམ་ཉམས་མཐར་ཕྱིན་པའི་བཅོས་ཐབས་སོ། །ཡང་བྱམས་སྲས་ཀྱི་འགྲེལ་བར། ཁྱད་པར་དུ་རྟོགས་པའི་སྐྱོན་རྩ་བ་ལྔའམ་དྲུག་ཡན་ལག་དང་བཅས་པའི་སྐྱོན་བཅོས་ཐབས་ཏེ། མདོ་ལས། ཚད་མ་གཉིས་ཀྱིས་གཞལ་བའི་བློས། །རྣམ་པར་རྟོགས་པའི་རྗེས་བཅད་པ། །ཡོད་མེད་སྔོན་རྟོག་གང་ལ་བྱུང་། །བརྟག་པས་རྟོག་པ་བརྟས་པར་བྱུང་། །རྟོག་པ་སྒྱུ་མར་རབ་ཤེས་ན། །རྟོག་པའི་རི་བོ་ཞི་བར་འགྱུར། །དེས་ནི་གནས་ངན་གསུམ་དུ་མིན། །ཞེས་པས། མཉམ་བཞག་གི་ཚེ་རྣམ་རྟོག་གི་སྐྱོན་སྐྱེས་པ་ཤེས་བཞིན་གྱི་བྱ་ར་བས་ཚོར་བའི་ཚེ། ལུང་མན་ངག་གི་ཚད་མ་གཉིས་དང་ལྡན་པའི་བློ་གྲོས་ཀྱིས་རྟོག་པ་དེ་ཉིད་ལ་བལྟས་ཏེ་དང་པོ་གང་ནས་བྱུང་། ད་ལྟ་གང་ན་གནས། རང་བཞིན་ཅི་ཡིན་རྩད་བཅད་པས་ཀུན་བརྟགས་ཀྱི་མཐུ་བརྟས་པ་ལས་བྱུང་བར་ངོས་ཟིན། དེ་ཉིད་ལ་བརྟག་པས་ཡང་དག་པར་མ་གྲུབ་སྟེ་ལོག་རྟོག་སྒྱུ་མ་ལྟ་བུར་ཤེས། རང་བཞིན་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཅིར་ཡང་མ་ཡིན་པ་ཉིད་ཅིར་ཡང་སྣང་བའི་ཡེ་ཤེས་སྒྱུ་མར་ཤེས་པས་རྟོག་པའི་རི་བོ་ཞི་བར་འགྱུར། ཡོད་མེད་རྟོག་པའི་རི་བོ་ཞི་བར་འགྱུར་ཏེ། ཡོད་མེད་རྟོག་པའི་སྐྱེ་འགག་མེད་པས་ངན་སོང་དུ་མི་ལྟུང་ངོ་། །དེ་ཡང་རྟོགས་པ་གང་ལས་འབྱུང་ཞེ་ན། མཚན་མ་དག་ལས་བྱུང་མ་ཡིན། །མཚན་མ་སྒྱུ་མར་རབ་ཤེས་ན། །མཚན་མའི་ཆོས་རྣམས་ཞི་བར་འགྱུར། །དེ་ནི་འདོད་ཁམས་ཐ་མར་མིན། །ཞེས་པས་མཉམ་པར་བཞག་པ་ལ་འདུ་ཤེས་ཀྱི་མཚན་མ་སྐྱེ་ནའང་སྔ་མ་ལྟར་ཤེས་པས་མཚན་མ་དགག་མི་དགོས་པར་ཞི་སྟེ། གཟུང་འཛིན་ཐ་མལ་བའི་བག་ཆགས་མེད་པས་འདོད་ཁམས་མཐོ་རིས་ཐ་མ་གླིང་བཞིའི་མིར་སྐྱེས་སོ། །མཚན་མ་དེ་ཡང་ཇི་ལྟར་ཤེས་ན། དེ་ཡང་དྲན་པ་དག་ལས་བྱུང་། །དྲན་པ་སྐྱོན་དུ་ཤེས་གྱུར་ནས། །རྒྱུ་བའི་སྐྱོན་རྣམས་སེལ་བར་བྱེད། །འདོད་ཁམས་གཉིས་པར་ཐ་མར་མིན། །ཞེས་པས་འབྲས་བུ་མཚན་མ་བརྩད་བཅད་པས་དྲན་པ་རྒྱུ་བ་ལས་བྱུང་བར་ངོས་ཟིན། སྔར་གྱི་ཡུལ་དྲན་པ་སྒྱུ་མ་ཉིད་དུ་ཤེས་པས་རྒྱུ་བ་མི་འབྱུང་སྟེ། དྲན་པ་རྒྱུ་བའི་ས་བོན་མེད་པས་མཐོ་རིས་གཉིས་པ་རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་ལོངས་སྤྱོད་མཐུན་པས་གཅིག་ཏུ་བརྩིས་པ་དེར་མི་སྐྱེའོ། །རྒྱུ་བ་དེ་ཡང་གང་དེ་བཞིན། །དེ་ཡང་ད་ལྟར་བྱུང་བ་ཡིན། །དེ་ཉིད་དེ་ལྟར་ཤེས་གྱུར་པ། །སྐྱོན་གྱི་ཚོར་བ་སེལ་བར་བྱེད། །འདོད་ཁམས་གསུམ་པར་དེ་དག་མིན། །ཞེས་པས་ཚོར་བ་བདེ་སྡུག་སྐྱེས་པ་དེ་སྐྱོན་དུ་བལྟས་པས་མི་སྤང་ཡོན་ཏན་དུ་བལྟས་ནས་མི་བླངས་ཏེ། བླང་དོར་གྱི་སེམས་མི་སྐྱེ་ནས་ཚོར་བ་གསུམ་ཡེ་ཤེས་སྒྱུ་མར་ཤེས་པས་སྐྱོན་གྱི་ཚོར་བ་མི་མཐུན་པར་མ་དམིགས་པས་འདོད་ཁམས་ཀྱི་ལྷ་རིས་གསུམ་པ་མཚེ་མའམ་དགའ་ལྡན་དུ་མི་སྐྱེའོ། །དེ་ཉིད་དེ་ལྟར་དེ་བཅད་ནས། །གང་དེ་ཕྱི་ནང་ཉིད་ཁོ་ན། །དེ་ཉིད་སྐྱོན་དུ་རབ་བཤད་ན། །དགག་དང་སྐྱེ་བ་ག་ལ་ཡོད། །དེས་ནི་འདོད་ཁམས་བཞི་པར་མིན། །ཞེས་པས། བྱུང་ཚོར་སྐྱེས་པ་དེ་སྐྱོན་དུ་ངོས་ཟིན་མ་ཐག་དེ་ཡེ་ཤེས་སྒྱུ་མར་ངོས་ཟིན་པས་དགག་སྐྱེ་མེད་པའི་མཐུས་འཐབ་བྲལ་དུའོ། །དེ་ཡང་གང་ལས་སྐྱེ་མཆེད་ན། །སེམས་ཀྱི་ཆོས་ལས་གྱུར་པ་སྟེ། །སེམས་ཉིད་སྒྱུ་མར་རབ་ཤེས་ན། །སེམས་ཀྱི་ཆོས་རྣམས་ཞི་བར་འགྱུར། །ཕུང་པོ་གཟུགས་བརྙན་འདྲ་བ་ལས། །སེམས་ནི་སྨིག་རྒྱུ་ལྟ་བུ་ཡིན། །ཡོད་མེད་གཉིས་ཀྱི་མཐའ་ལས་གྲོལ། །དེ་ཤེས་འདོད་ཁམས་ལྔ་པར་མིན། །ཞེས་པས་བྱུང་ཚོར་གང་ལས་བྱུང་རྩད་བཅད་པས་རྒྱུ་སེམས་རྟོག་བཅས་ཀྱི། ཤེས་པ་ལས་བྱུང་སྟེ། སེམས་དེ་ཡེ་ཤེས་སྒྱུ་མར་ཤེས་ནས། སེམས་རྟོག་མི་དམིགས་ཏེ་ཞི་བར་འགྱུར། དེ་ཡང་གཟུགས་ནི་དཔེ་གཟུགས་བརྙན་ལྟར་སྣང་སྟོང་དབྱེར་མེད་སེམས་ཀྱང་དྲན་སྟོང་དབྱེར་མེད་པར་གོ་བས་ཡོད་མེད་དུ་འཛིན་པའི་མཐའི་བཅིང་པ་དགྲོལ་བས་འདོད་ཁམས་ཀྱི་ལྷ་རིས་ལྔ་པ་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་དུ་མི་ལྟུང་ངོ་། །ངེས་འཇིག་རྟེན་དང་པོ་འདོད་ཁམས་པའི་སྐྱོན་བཅོས་པའོ། །ཡང་ན་རང་བྱུང་རང་ཞིང་བྱ། །ཞེས་པས། དབང་པོ་རབ་དང་། ཉམས་ན་མཐར་ཕྱིན་པའི་བཅོས་ཐབས་ཏེ། སྤྱིར་རྟོག་སྐྱོན་ཐམས་ཅད། ཁྱད་པར་དུ་ཁམས་གོང་མའི་རྟོག་དཔྱོད་ལ་སོགས་པ་དང་། མུ་བཞིའི་འདུ་ཤེས་ལ་སོགས་པ་བྱུང་ན། དེ་དག་ནམ་མཁའི་སྤྲིན་རྒྱ་མཚོའི་རླབས་ལྟར་ཤར་བའི་རང་གི་སེམས་ཉིད་སྐྱེ་བ་མེད་པ་ཉིད་རང་བྱུང་རང་ཞིར་རང་ཤར་བར་ཤེས་པས་རྟོག་དཔྱོད་གཉེན་པོ་མི་དགོས་པར་སེམས་ཉིད་དུ་རང་ཞི་བར་འགྱུར་རོ། །དེ་ཡང་མདོ་ལས། དྲུག་གིས་སྤྱོད་ཡུལ་མཚན་མ་སྟེ། །མཚན་མ་དངོས་པོར་སྣང་བས་ན། །ཅི་དགར་བཞག་པས་དེབཟློག་མེད། །དེ་སྟོང་ཡང་ཞིང་བཟློག་རྒྱུ་མེད། །ཐམས་ཅད་སེམས་ཀྱི་ཆོས་ཉིད་དུ། །ཚིག་མིན་ལྟ་བས་ཐག་ཆོད་ན། །མ་བཅོས་མ་ཡེངས་ཡེང་ཐུབ་སྙམ། །རྩོལ་སྒྲུབ་རེ་དོགས་ག་ལ་ཡོད། །མི་མཐུན་གཉེན་པོ་སྒོམ་མི་དགོས། །སྐྱོན་ཡོན་སྤང་ལེན་བྱིང་རྒོད་རྣམས། །གང་འདིར་དབྱེར་མེད་ཟུང་འབྲེལ་ན། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །ཞེས་དང་། མདོ་ལས། བྱིང་རྨུག་ཅན་དུ་མ་གྱུར་པས། །བསམ་གཏན་གནས་སུ་དེ་མི་འགྱུར། །འདུ་ཤེས་རྗེས་སུ་མ་འབྲང་བས། །སེམས་ཅན་གནས་སུ་དེ་སྤངས་མིན། །ཅེས་ཁམས་གོང་མ་གཉིས་དང་། སེམས་ཉིད་ཡོད་པའི་དངོས་པོའམ། །མེད་ཅེས་བྱ་བར་མ་བལྟ་བས། །ཡ་མཚན་ཅན་དུ་དེ་མི་འགྱུར། །ཞེས་མུ་སྟེགས་ཀྱི་གོལ་ས་བཅད་པ་དང་། གཞན་ཡང་མཚན་ཉིད་སྡེ་གསུམ་གྱི་གོལ་ས་བཅད་པ་ཡང་གསུངས་སོ། །ཞེས་ལྕེ་སྟོན་གྱིས་འགྲེལ་བར་གསུངས་སོ། །གཉིས་པ་ཁམས་གྱི་དང་། དྲང་། ཅུང་ཟད་ཁམས་ལས་གྱུར་པའི་སྐྱོན་རྣམས་ཀྱི་ཆ་ཉམས་པས། བསྒོམ་བྱའི་དོན་མི་གསལ་བ་དང་། ཁ་དོག་མཐོང་བ་དང་། ཏིང་ངེ་འཛིན་ལ་བློ་མི་འཇུག་པ་ལ་སོགས་ཁམས་ཀྱི་སྐྱོན་གང་ཡིན་པ་ངོས་ཟིན་པར་བྱས་ནས་ཁམས་འཁྲུགས་ན་སྤྱོད་ལམ་དུ་རང་རང་གང་དགའ་བ་བསྟེན་པ་དང་། ནད་ཁམས་ལ་མཐུན་པའི་ཟས་སྨན་དཔྱད་ཀྱི་ཆོ་གས་ཁམས་གསོ་བར་བྱའོ། །གསུམ་པ་སྤྱོད་ལམ་གྱིའོ། །དྲང་། སྤྱོད་ལམ་བཞིར་ཏིང་ངེ་འཛིན་གྱི་རྣལ་དུ་མ་འབྱོར་བའི་དུས་སུ་ཤེས་བཞིན་གྱི་བྱ་ར་བའི་སོ་འཐས་ཆོད་ཅིང་ངོས་ཟིན་ནས་སྐྱོན་དེ་དག་དོར་བར་བྱ་ཞིང་ཏིང་ངེ་འཛིན་ལ་དྲན་པ་མ་ཡེངས་པའི་ཐག་པས་བསྡམ་པར་བྱས་ཏེ། སྤྱོད་ལམ་གྱི་དུས་དང་རྣམ་པ་ཀུན་ཏུ་ཏིང་ངེ་འཛིན་གྱི་དོན་ལ་ཉམས་པར་མི་བྱའོ། །བདུན་པ་ཉམས་ལ་གསུམ་སྟེ། བགྲང་། དང་པོ་མདོ་དང་། དྲང་། དེ་ལྟར་སྐྱོན་བཅོས་ཤིང་དོན་ལ་ནོགས་ཐུབ་ཅིང་བརྩོན་འགྲུས་ཀྱི་ཡུན་རིང་བར་ཏིང་ངེ་འཛིན་ལ་གནས་པའི་དུས་གདོད་མ་འཇུག་པ་ནས་མཐར་མ་ཕྱིན་གྱི་བར་དུ་ཉམས་རིམ་པར་འཕེལ་བའང་། གཡོ་བའི་ཉམས་དང་། ཐོབ་པའི་དང་། གོམས་པའི་དང་། བརྟན་པའི་དང་། མཐར་ཕྱིན་པའི་ཉམས་དང་མུ་ལྔས་དེ་ཏིང་ཡོངས་སུ་རྫོགས་པར་འགྱུར་རོ། །གཉིས་པ་རྒྱས་པ་ལ་ལྔ་སྟེ། བགྲང་། དང་པོ་གཡོ་བའི་ཉམས་ལ་བརྩོན་འགྲུས་བྱ་བ་དང་། དྲང་། རྣལ་འབྱོར་པ་གང་དག་དཔེར་ན་རི་གཟར་པོ་ལ་ཆུ་འབབ་པ་དེ་དར་ཅིག་ཀྱང་མི་སྡོད་ནས་འགྲོ་བ་ལྟར། མཉམ་བཞག་ཏིང་ངེ་འཛིན་གསལ་སྟོང་ལ་གནས་པའི་ཚེ། སྐྱོན་བྱུང་མ་ཐག་སྐྱོན་དབང་དུ་འགྲོ་བ་སྟེ། དེ་ཡང་སྔར་ཀུན་ཏུ་བརྟག་པའི་ཤེས་པ་ཕྱིན་ཅི་ལོག་ལ་ཐོག་མ་མེད་པ་ནས་གོམས་པའི་སྟོབས་ཀྱིས་དཔེར་ན་རྫ་མཁན་གྱིས་འཁོར་ལོ་བསྐོར་བ་མི་སྡོད་པ་ལྟར། ཏིང་ངེ་འཛིན་གྱི་ཐོག་ཏུ་མི་སྡོད་པར་རྟོག་པའི་དབང་དུ་འགྲོ་བས་ཏིང་ངེ་འཛིན་ལ་སྐྱོ་བར་བྱེད་པ་དེའི་ཚེ་མགོ་ལ་མེ་འབར་བ་མྱུར་དུ་གསོད་པར་བྱེད་པ་ལ་རིང་བ་བཞིན་དུ་བརྩོན་འགྲུས་བསྐྱེད་ལ་ཏིང་ངེ་འཛིན་ལ་འབད་དོ། །གཉིས་པ་ཐོབ་པའི་ཉམས་ལ་འབྱུང་འཇུག་བསྲིང་བ་ལ་གཉིས་ཏེ། བགྲང་། དང་པོ་སྐྱོན་གྱི་རྒྱུ་བརྟག་སྟེ་དོར་བ་དང་། དྲང་། གཉིས་པ་ཐོབ་པའི་ཉམས་ཀྱི་སྐབས་སུ་བར་འགའ་ཏིང་ངེ་འཛིན་སྐྱོན་དབང་དུ་འཚོར། བར་འགའ་ཏིང་ངེ་འཛིན་ཐོབ་པ་ལ། ཁམས་དང་སྤྱོད་ལམ་ལ་སོགས་པའི་ཏིང་ངེ་འཛིན་འཆོར་བའི་རྒྱུ་བརྟགས་ཏེ། ཁམས་ཀྱི་སྐྱོན་ཡིན་ན་ཁམས་གསོ། སྤྱོད་ལམ་ལ་སོགས་པའི་སྐྱོན་ཡིན་ན་དོར་བར་བྱའོ། །གཉིས་པ་འབྱུང་འཇུག་བསྲིང་བའོ། །དྲང་། ཏིང་ངེ་འཛིན་ཅུང་ཟད་ཙམ་ཡོད་ལ་རྟོགས་པ་དེ་དག་སྔར་བས་ཉུང་བར་འབྱུང་བས། སྐྱོན་རྣམ་པར་ཐུབ་སྟེ་ཐུན་གཅིག་ཙམ་གནས་པའོ། །དེའི་ཚེ་ཏིང་ངེ་འཛིན་ལ་དལ་བུས་འབྱུང་བ་དང་འཇུག་པར་བྱ་སྟེ། ཐུན་ཅུང་ཟད་སྔར་བས་བསྲིང་བར་བྱའོ། །གསུམ་པ་གོམས་པའི་ཉམས་ལ་བཏང་སྙོམས་བྱ་བ་དང་། དྲང་། དེ་ལྟར་ཐོབ་པའི་ཉམས་དེ་གོམས་ནས་ཏིང་ངེ་འཛིན་ལ་བྲོད་པས་ཆེད་དུ་བསྒོམ་པར་བྱ་བ་ལ་སོགས་པ་བྱུང་ན། དཔེ་ཡུར་བ་འགྱིང་བོའི་ཆུ་འགྲོ་བ་མི་མངོན་པ་ལྟར། སྐྱོན་དབང་དུ་ཅུང་ཟད་འགྲོ་ཡང་། འགྲོ་བར་མི་ཚོར་ཏེ། རྣམ་རྟོག་འོག་འགྱུའི་སྐྱོན་ཡོད་པས་དེ་ཆོད་པར་བྱེད་པའི་ཐབས་ལ་རྩོལ་བ་དང་བཅས་པའི་བཏང་སྙོམས་དང་། རྩོལ་བ་མེད་པའི་ངང་། དུས་ཕྱད་པའི་བཏང་སྙོམས་དང་གསུམ་ལས། དང་པོ་རྩོལ་བ་དང་བཅས་པའི་བཏང་སྙོམས་བླང་བར་བྱའོ། །བཞི་པ་བརྟན་པའི་ཉམས་ལ་མི་སུན་པར་བྱ་བ་དང་། དྲང་། དཔེར་ན་རི་བོ་རླུང་གིས་མི་འགུལ་བ་ལྟ་བུ་རྣམ་པར་རྟོག་པའི་རྐྱེན་གྱིས་ཏིང་ངེ་འཛིན་མི་འགུལ་བར་བརྟན་པ་ཐོབ་སྟེ། ཉིན་ཞག་གཅིག་ལ་ཐུན་ཅིག་ཏུ་བརྐྱང་ནས་ཉིན་མཚན་འབྲེལ་བར་སྒོམ་ནུས་ན་ཡང་། ཤེས་པ་པོ་མ་མཐུད་ལ་ཧ་ཅང་སུན་སུན་དུ་བསྒོམས་པར་མི་བྱའོ། །དེ་ཡང་ཐུན་ཚད་ནི། རབ་ཀྱིས་ཉིན་ཞག་གཅིག་ལ་བརྒྱད་དུ་བགོས་པ་དང་། འབྲིང་གིས་བཅུ་དྲུག །ཐ་མས་སུམ་ཅུ་སོ་གཉིས་སུ་བགོས་པའོ ། །ལྔ་པ་མཐར་ཕྱིན་པའི་ཉམས་ལ་དགའ་བྲོད་མི་བྱའོ། །དྲང་། གཉེན་པོས་ཟིན་པའི་ཏིང་ངེ་འཛིན་གྱི་རོ་མྱོང་བའི་མ་ཡེངས་པའི་ཞེན་པ་དོར་ནས། རྩོལ་མེད་བློ་འདས་དེ་ལ་ཏིང་ངེ་འཛིན་བསྐྱེད་དུ་བྱར་མེད་པས་མཐར་ཕྱིན་པའོ། །དེ་ལྟར་མཐར་ཕྱིན་པའི་ཏིང་ངེ་འཛིན་གྱི་ཤུགས་ལས་སྣང་བ་བརྒྱད་མཐོང་བ་ལ་དགའ་བ་དང་བྲོད་པ་མེད་པར་བྱའོ། །བརྒྱད་གང་ཞེ་ན། མེ་ལོང་སྐར་མདས་བརྒྱན་པ་དང་། སྣང་སྲིད་རྡུལ་ཕྲ་རབ་ཏུ་མཐོང་བ་དང་། ནམ་མཁའ་འོད་དུ་འབར་བ་དང་། ཀུན་དགའ་ར་བ་མཐོང་བ་དང་། སྐྱེད་མོས་ཚལ་མཐོང་བ་དང་། གླང་པོ་ཆེ་ལ་ཞོན་པ་དང་། གྲུར་ཞུགས་པ་དང་། སྟོང་གསུམ་ལག་མཐིང་ལྟར་མཉམ་པར་མཐོང་བའོ། །གསུམ་པ་བརྩོན་པའི་ཡོན་ཏན་གྱི་སྒོ་ནས་མཇུག་བསྡུ་བའོ། །དྲང་། ཏིང་ངེ་འཛིན་ལ་ཤིན་ཏུ་ངང་བསྲིང་ནས་ཡུན་རིང་པོར་བརྩོན་འགྲུས་བསྐྱེད་ཅིང་བསྒོམ་པ་ཡིས་ཡོན་ཏན་ཅི་ལྟ་བུ་འབྱུང་ན། ཉམས་གོང་ནས་གོང་དུ་བོག་ཆེན་པོ་སྐྱེས་ཤིང་འཕེལ་བར་འགྱུར་རོ། །བརྒྱད་པ་སྤྱོད་པ་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། སྟོང་ཆེན་བསྒོམ་པའི་རྣལ་འབྱོར་པས་བདག་གི་དོན་དང་། གཞན་གྱི་དོན་བྱ་བའི་ཕྱིར་དུ་སྒོ་གསུམ་གྱི་བྱ་བའི་སྤྱོད་པ་ཀུན་ཇི་ལྟ་བུ་ཞེ་ན། གཉིས་པ་རྒྱས་པ་ལ་གཉིས་ཏེ། བདག་དོན་དང་། གཞན་དོན་ནོ། །དང་པོ་ལ་བཞི་སྟེ། བགྲང་། དང་པོ་ཉམས་ལྔ་ཆར་མི་དམིགས་པའི་སྤྱོད་པ་དང་། དྲང་། དང་པོ་ཏིང་འཛིན་གྱི་མགོ་སློབ་པའམ། ཉམས་དང་པོ་གཡོ་བའི་ཉམས་ནས་འགོ་བཟུང་ནས་ལྔ་པ་མཐར་ཕྱིན་པའི་ཉམས་ཀྱི་བར་ཐམས་ཅད། གཉིས་འཛིན་གྱི་རྣམ་པར་རྟོག་པ་མེད་པའི་ཚུལ་གྱིས་ནི་སྤྱོད་བྱའི་ཡུལ་གང་ཡང་རུང་བ་ཐམས་ཅད་ཀུན་ལ་འཛིན་ཞེན་དང་། ཐོག་ཆགས་མེད་པར་རོལ་བར་བྱའོ། །གཉིས་པ་ཏིང་ངེ་འཛིན་དང་མཐུན་པའི་སྤྱོད་པ་དང་། དྲང་། དེ་ཏིང་ཉམས་སུ་ལེན་པའི་ཚེ་ཆོས་སྤྱོད་བཅུ་ཡོད་པ་ལ་དགུ་པོ་དོར་བའི་གཅིག་ལ་ཆ་སྟེ་རྩེ་གཅིག་ཏུ་ཏིང་ངེ་འཛིན་བསྒོམ་པར་བྱེད་པ་དེ་ཡང་། ཆོས་སྤྱོད་བཅུ་ནི། ཀླུ་སྒྲུབ་ཀྱིས། ཡི་གེ་བྲི་མཆོད་སྦྱིན་པ་དང་། །ཉན་དང་འཛིན་དང་ཀློག་པ་དང་། །འཆད་དང་ཁ་འདོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་ནི། །ཆོས་སྤྱོད་བཅུ་ཡི་བདག་ཉིད་དོ། །ཞེས་སོ། །དེ་ལ་འདིར་མཚན་མ་མེད་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པའི་སྐབས་སུ་ཆོས་སྤྱོད་དགུ་ནི་མཚན་མའི་གཡེང་བ་ཡིན་པའི་ཕྱིར་དོར་ཏེ་མི་བྱའོ། །འདིར་མཚན་མ་མེད་པ་མི་དམིགས་པར་བསྒོམས་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་མཐུན་པའི་སྤྱོད་པ་ཞེས་བྱའོ། །གསུམ་པ་སྤྱོད་ལམ་བཞི་ལ་སྤྱོད་པ་དང་། དྲང་། ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་འགྲོ་བ་དང་འོང་བའི་རང་རྒྱུད་ཀྱི་ཞེན་པ་མེད་པའི་ངང་ལས་སྤྱོད་ལམ་འགྲོ་བ་དང་འོང་བ་མ་འགག་པར་སྣང་ལ། དེ་ལྟར་འགྲོ་འོང་གི་སྤྱད་པར་སྣང་བའི་དུས་དེ་ཉིད་ནའང་ཆོས་ཉིད་འགྲོ་འོང་མེད་པ་ལས་མི་འདའ་བར་སྤྱོད་པའོ། །ཆོས་ཉིད་དེ་བཞིན་ཉིད་ལ་གནས་བྱ་དང་གནས་བྱེད་ཀྱི་ཞེན་པ་མེད་པའི་ངང་ལས། སྤྱོད་ལམ་ཉལ་བ་དང་། འདུག་པ་ཐམས་ཅད་དུ་གནས་པ་ལྟར་མ་འགགས་པར་སྣང་ལ། དེ་ལྟར་ཉལ་འདུག་གནས་པའི་དུས་དེ་ཉིད་ནའང་ཆོས་ཉིད་གནས་པ་མེད་པ་ལས་མི་འདའ་བའོ། །ཆོས་ཉིད་དེ་བཞིན་ཉིད་ལ་ལོངས་སྤྱོད་བྱ་སྤྱོད་བྱེད་ཀྱི་ཞེན་པ་མེད་པའི་ངང་ལས་སྤྱོད་ལམ་བཟའ་བཏུང་འདོད་ཡོན་ཐམས་ཅད་མ་འགག་པར་ལོངས་སྤྱོད་ལ། དེ་ལྟར་ལོངས་སྤྱོད་པའི་དུས་དེ་ཉིད་ནའང་ཆོས་ཉིད་ལོངས་སྤྱོད་བྱ་སྤྱོད་བྱེད་མེད་པའི་ངང་ལས་མི་འདའ་བས་སྤྱོད་ལམ་རྣམ་བཞིར་ཆོས་ཉིད་གསལ་སྟོང་གི་ཏིང་ངེ་འཛིན་ལ་ཉམས་པ་མེད་པར་ལོངས་སྤྱོད་ཅིང་སྤྱོད་བྱ་ལ་ཆགས་ཤིང་ཞེན་པར་མི་བྱའོ། །བཞི་པ་སྤྱོད་པའི་ཡོན་ཏན་ནོ། །དྲང་། དེ་ལྟར་སྤྱོད་ལམ་རྣམ་བཞིན་སྣང་བ་མི་འགོག་པ་བསོད་ནམས་དང་། མི་འཛིན་པ་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་འབྲེལ་དུ་ལྡན་པར་སྤྱོད་པ། བདག་གི་དོན་གྱི་ཕྱིར་སྤྱོད་ལམ་ཀུན་ལ་ཡུལ་ཡུལ་ཅན་མི་དམིགས་པར་སྤྱོད་པས། འབྲས་བུ་སྟོང་པ་ཆེན་པོའི་རྣལ་འབྱོར་མྱུར་དུ་ཐོབ་པ་ལ་ཐེ་ཚོམ་མེད་དོ། །གཉིས་པ་གཞན་དོན་གྱི་སྤྱོད་པ་ལ་གཉིས་ཏེ། བགྲང་། དང་པོ་སྤྱོད་ལམ་ཆོས་ཉིད་དུ་སློང་ཞིང་གཞན་དོན་རྫོགས་པ་དང་། དྲང་། དེ་ཡང་རྣལ་འབྱོར་པས་འགྲོ་ཞིང་འོང་བ་དང་། ཉལ་ཞིང་གཉིད་ལོག་པ་དང་། འདུག་ཅིང་སྡོད་པ་དང་བཟའ་བཏུང་ལ་ལོངས་སྤྱོད་པའི་དུས་ཀྱི་ཚེ། དེ་ལྟར་བདག་དོན་གྱི་སྤྱོད་པས་ཅི་སྤྱད་ཆོས་ཉིད་དུ་ཁྱེར་ནས་སྤྱོད་པའི་བྱིན་རླབས་ལས་འགྲོ་བ་སྒྲོལ་བས་གཅིག་ཤོས་གཞན་དོན་ཡིན་ཏེ། དེའང་བདག་དོན་གང་ལྟར་ཉམས་སུ་བླང་ཡང་གཞན་གྱི་དོན་དུ་འགྱུར་བའི་ཕྱིར། དེའི་རྒྱུ་མཚན་ལམ་གྱི་སྔོན་དུ་སེམས་བསྐྱེད་དགོས་པས། དེ་བས་བདག་དོན་དེ་ཏིང་སྒོམ་པ་ལ་གཞན་དོན་རྫོགས་པའོ། །གཉིས་པ་ཐུགས་རྗེ་ཐབས་ཀྱི་སྤྱོད་པས་གཞན་དོན་བྱ་བ་དེ་ལ་གཉིས་ཏེ། བགྲང་། དང་པོ་སྐབས་མིན་ཀྱང་གཞན་དོན་བྱ་བར་གསུངས་པ་དང་། དྲང་། སྒྱུ་འཕྲུལ་དྲ་བའི་གཞུང་ལས་གྲགས་པའི་སྤྱོད་པ་ནི། སྤྱད་པར་བྱ་བ་ལྔ། མི་སྤང་བ་ལྔ། འདོད་ཡོན་ལྔ། མི་དོར་བ་ལྔ་ལ་སོགས་པ་རྣམས། རྟོགས་ཀྱང་སྐྱེ་བ་ལ་རང་དབང་མ་ཐོབ་པས་སྐྱེ་བོ་ཚོགས་སྦྱོར་བ་ཀུན་གྱིས་འཆོལ་ཉོག་ཏུ་སྤྱོད་པར་གསུངས་པ་རྣམས། འདིར་དེ་དག་ལ་མོས་པའི་སྒོ་ནས་སློབ་པ་ལྟ་ཅི་སྨོས་སྦྱོར་སྒྲོལ་ལ་སོགས་པ་གདུལ་བྱའི་དོན་དུ་འགྱུར་བའི་རྐྱེན་མཐོང་ན། ལྔ་བཞིའི་སྨད་སྤྱོད་དེ་དག་ཀུན་ཏུ་རྒྱུ་ཤེས་པ་ལྟ་བ་དང་། གོམས་པ་རྐྱེན་འཇུག་པའི་ཏིང་ངེ་འཛིན་རྣམས་ཀྱི་གཞི་མ་དེ་ཏིང་གི་སྐབས་ལ་སྤྱོད་པའོ། །གཉིས་པ་ཕྲིན་ལས་ལ་སོགས་གཞན་དོན་བྱ་བའི་ཐབས་སོ། །དྲང་། རྒྱུ་ཤེས་པ་ལྟ་བ་དང་། རྐྱེན་འཇུག་པ་དེ་ཏིང་མན་ཆད་ཀུན་གྱིས་ཀྱང་གདུལ་བྱ་གཞན་གྱི་དོན་འགྱུར་དུ་སྣང་ན། ཕྲིན་ལས་བཞི་སྤྱོད་ཅིང་མཆོག་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང་དབང་བསྐུར་བའི་ཚེ། ཕྱག་རྒྱ་གཅིག་པ་མན་ཆད་ཀྱིས་ལམ་ཀུན་སྐད་ཅིག་ཙམ་གྱི་ཆས་རྫོགས་པར་བསྒོམ་ནས་མཐར་ཞི་ཁྲོ་ཕྱག་རྒྱ་སྤྲོས་པའི་འཁོར་ལོ་གང་ཡིན་དངོས་སུ་བསྒོམ་པའི་སྤྱོད་ཡུལ་མིན་ཀྱང་། མོས་པ་ཙམ་གྱིས་བསྒོམ་པར་བྱ་ཞིང་། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འོག་མིན་ནས་སྙན་གསན་ཕབ། སྤྱན་དྲངས་བསྟིམ་བརྟན་པར་བཞུགས་སུ་གསོལ་བ་རྫོགས་ནས། ཕྱི་ནང་གསང་བའི་མཆོད་པ་འབུལ། བཟླས་བསྙེན་བྱས་ནས། ཕྲིན་ལས་སྒྲུབ་པའི་དབང་གང་བྱེད་ནུས་པའི་གཟི་བྱིན་དང་ལྡན་པར་བྱས་ནས་གཞན་དོན་རྫོགས་པར་དེ་ཏིང་གི་སྐབས་སུའང་བྱེད་དོ། །དགུ་པ་དམ་ཚིག་ལ་གཉིས་ཏེ། ཁྱད་པར་དེ་ཏིང་རང་གི་དམ་ཚིག་དང་། ལམ་སྤྱིའི་དམ་ཚིག་ཇི་ལྟར་བསྲུང་ཚུལ་ལོ། །དང་པོ་ལ་གསུམ་སྟེ། བསྲུང་བྱ་དམ་ཚིག་གི་ངོ་བོ་དང་། བསྲུང་ཐབས་དང་། མི་འདའ་བའི་ངེས་ཚིག་གོ། །དང་པོ་ལ་གཉིས་ཏ། བགྲང་། དང་པོ་དེ་ཏིང་གི་སྐབས་འདིར་དམ་ཚིག་ཀུན་དང་ལྡན་དགོས་ཀྱང་ཁྱད་པར་ཏིང་ངེ་འཛིན་ལས་མི་འདའ་བར་ལྡན་དགོས་པ་དང་། དྲང་། དེ་ཏིང་སྟོང་ཆེན་གྱི་ཏིང་ངེ་འཛིན་ལ་གནས་པ་དེའི་ཚེ་ལམ་གོང་མའི་དམ་ཚིག་དང་སྡོམ་པ་ཐམས་ཅད་ཀུན། མོས་པའི་སྒོ་ནས་སློབ་ཅིང་མི་གཏོང་བར་བསྲུང་མོད་ཀྱང་ཁྱད་པར་ཏིང་ངེ་འཛིན་ལས་མི་འདའ་བའི་དམ་ཚིག་དང་ལྡན་པར་བྱའོ། །གཉིས་པ་ལྟ་བ་དམ་ཚིག་གི་ངོ་བོ་ཡིན་པས་ལྟ་བའི་དོན་འདིར་གོམས་དགོས་པར་བསྟན་པའོ། །དྲང་། སྤྱི་དང་ཁྱད་པར་རམ་རྩ་བའི་དམ་ཚིག་དང་ཡན་ལག་གི་དམ་ཚིག་ཅེས་བྱ་བ་དེ་ཡང་སེམས་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་ཏེ། གང་ཞེ་ན་རང་གི་སེམས་ལྟ་བས་རྟོགས་པའི་དོན་ལས་མི་འདའ་བའི་དམ་ཚིག་ཡིན་ཏེ། ལྟ་བ་རྟོགས་པའི་གཟུགས་ཀྱིས་ཟིན་ན་འཁོར་བ་ངན་སོང་དུ་མི་གཏོང་བའི་ཕྱིར་ཡང་དམ་ཞེས་བྱ། བླ་ན་མེད་པའི་བྱང་ཆུབ་ཀྱི་གཟུངས་སུ་གྱུར་པས་ཀྱང་དམ་ཞེས་བྱ། ལྟ་བ་རྟོགས་པའི་དོན་སྔར་ནས་ལྡན་པ་དེ་ཡང་འདིར་དེ་ཏིང་གིས་གོམས་པར་བྱེད་པའོ། །གཉིས་པ་བསྲུང་ཐབས་དང་། དྲང་། ལྟ་བ་དམ་ཚིག་གི་མཆོག་ཡིན་པ་དེ་བས་ན་རང་གི་སེམས་ཉིད་ལྟ་བས་རྟོགས་པར་བྱས་ཏེ། དམན་པ་ལས་གྱུར་བ་དང་། སྙོམས་ལས་སུ་གྱུར་པའི་ལེ་ལོ་གཡེང་བའི་སྐྱོན་དྲུག་ལ་སོགས་པའི་སྐྱོན་རྣམས་ཡོངས་སུ་སྤངས་ལ། གང་ཟག་གི་ང་དང་ཆོས་ཀྱི་བདག་མེད་ཅིང་མཉམ་པའི་དོན་ལ་མི་འདའ་བའི་དམ་ཚིག་དང་ལྡན་པར་བསྲུང་བའོ། །གསུམ་པ་མི་འདའ་ངེས་ཚིག་གོ། །དྲང་། ཆོས་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལས་དུས་ཐམས་ཅད་དུ་འདའ་བར་མི་བྱེད་དེ། དེ་བཞིན་ཉིད་ཀྱི་དོན་རྟོགས་པ་དང་གོམས་པའི་ཏིང་ངེ་འཛིན་དང་ལྡན་ན་དམ་པ་ཡིན་ཏེ། དེ་བཞིན་ཉིད་དེ་ལས་འདས་ན་རང་གི་བདེ་འབྲས་ཐམས་ཅད་འཚིག་པར་འགྱུར་ཏེ་འཁོར་བར་ལྷུང་ལ། དེ་ལས་མ་འདས་ན་རང་རྒྱུད་ཀྱི་ཉེས་སྐྱོན་ཐམས་ཅད་ཚིག་པར་འགྱུར་བས་ན་དམ་ཚིག་ཅེས་བྱའོ། །གཉིས་པ་ལམ་སྤྱིའི་དམ་ཚིག་ཇི་ལྟར་བསྲུང་ཚུལ་ལ་གཉིས་ཏེ། བགྲང་། དང་པོ་ལམ་སྔ་མ་མཐར་ཕྱིན་པའི་དུས་སུ་གོང་མའི་དམ་ཚིག་རྒྱུད་ལྡན་དུ་ཡོད་པས་འཕར་བའི་རྒྱུ་བྱས་ཀྱང་དངོས་སུ་སྤྱོད་པ་མིན་པར་བསྟན་པ་དང་། དྲང་། དེ་ཡང་ལམ་སྔ་མ་སྔ་མར་ལྟ་བའི་སྐབས་ལ་སོགས་པར་ལམ་རང་རང་གི་དམ་ཚིག་རྫོགས་པར་བྱས་པ་དེ་ཡང་དོན་གྱི་ལམ་གོང་མ་གོང་མ་དེ་ཏིང་ལ་སོགས་པའི་རྒྱུད་ལ་ཡར་ལྡན་དུ་ཡོད་པས། སྔ་མ་ལྟ་བ་ལ་སྤྱོད་པའི་དེ་ཏིང་ཡོངས་སུ་འཕར་བའི་རྒྱུ་བྱས་ཀྱིས། དེ་ཏིང་སྐབས་སུ་ལྟ་བའི་དམ་ཚིག་དང་སྤྱོད་པ་ལ་མངོན་དུ་སྤྱོད་པ་མིན་ནོ། །དེ་བས་ལམ་གོང་མ་ལ་འཕར་བའི་ཐབས་འོག་མའི་སྤྱོད་པ་ཀུན་གོང་མ་ལ་མངོན་དུ་འགྲོ་བའི་རྒྱུ་རུ་སྤྱོད་པའོ། །གཉིས་པ་དེ་བས་ལམ་གོང་འོག་གི་དམ་ཚིག་དང་སྤྱོད་པ་ལ་ཁྱད་ཡོད་པར་དཔེས་བསྟན་པའོ། །དྲང་། ལམ་གོང་འོག་གི་དམ་ཚིག་དང་སྤྱོད་པ་ལ་ཁྱད་ཡོད་པ་དེ་བས་ན། ལམ་སོ་སོའི་ལྟ་བ་རྟོགས་ཚབ་ཆེ་ཆུང་གིས་གཞིས་ཕྱེ་བ་ལས་བདག་དོན་ཏིང་ངེ་འཛིན་དབང་བསྒྱུར་གྱི་སྤྱོད་པ་ལ་སོགས་པ་ཀུན་ལ་ཁྱད་ཡོད་པར་ནི་ལུང་པ་ཆེ་ཆུང་གིས་ཕྱེ་བས་ནམ་མཁའི་ཡུལ་ལ་རྒྱ་ཆེ་ཆུང་ཡོད་པ་དང་འདྲ་བར། གཞན་དོན་བྱིན་རླབས་ཀྱི་སྤྱོད་པའི་ཞིང་ཁམས་རྒྱ་ཆེ་ཆུང་ནི་མིའི་དབང་པོ་གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འདུལ་ཞིང་གི་ས་ཁམས་རྒྱ་ཆེ་ཆུང་ཡོད་པ་བཞིན། བདག་གཞན་གཉིས་ཀའི་སྤྱོད་པའི་དཔེ་ནི། སྤྱོད་པ་དང་དམ་ཚིག་དང་ཏིང་ངེ་འཛིན་ལ་སོགས་པ་རྣམས་ལ་ནི། ནུས་པའི་སྟོབས་ཆེ་ཆུང་གི་ཁྱད་པར་ནི་སྟོབས་ལྡན་གླང་པོ་ཆེ་ཙམ་དུ་གཅིག་ཀྱང་རྩལ་ཆེ་ཆུང་དང་སྒྱིད་དྲག་གཞན་གྱིས་ཆུ་ལ་ཐད་གཅོང་དང་གཞོལ་གཅོད་བྱེད་པ་དང་འདྲ་བའོ། །བཅུ་པ་དྲོད་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། བཞག་ཐབས་གོང་དུ་བསྟན་པ་དེ་ལྟར་བསྒོམ་བྱ་སྒོམ་བྱེད་དང་གཡེང་བ་དྲུག་ལ་སོགས་བྱ་བྱེད་མེད་པར་ཡུན་བསྲིངས་ནས་བསྒོམས་ན། ཕྱི་ལུས་དང་ནང་ངག་དང་གསང་བ་སེམས་ལ་མྱོང་བའི་དྲོད་གསུམ་འབྱུང་བ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པ་དེ་ལ་གསུམ་སྟེ། བགྲང་། དང་པོ་དྲོད་གསུམ་སྤྱིར་བསྟན་པ་དང་། དྲང་། ཕྱི་ལུས་ཀྱི་དྲོད་ན་ཚ་མེད་པ་དང་། ཡང་བ་དང་། ཤིག་གིས་མི་ཟ་བ་དང་། གཉེར་མ་མེད་པ་དང་། སྟན་ལ་ཚུགས་པ་ལ་སོགས་པའི་བཟོད་པ་ཕྲ་མོ་ཐོབ་པ་དང་། ནང་ངག་གི་དྲོད་རླུང་རང་ཤུགས་ཀྱིས་ཟིན་པས་ཕྱི་ནང་དུ་རྒྱུ་བའི་དབུགས་མི་ཚོར་ཏེ་བཏང་བཟུང་ལ་རང་དབང་ཐོབ་སྟེ། དབུགས་བདེ་བ་དང་། གསང་བའི་དྲོད་དོན་ཆོས་ཉིད་ལ་སེམས་རྣལ་དུ་ཕེབས་པ་སྟེ། ཐེ་ཚོམ་མེད་ཅིང་ངེས་པར་ཕྱི་ནང་གསང་བའི་དྲོད་གསུམ་རང་གི་ཉམས་སུ་མྱོང་བའོ། །གཉིས་པ་དེ་ལས་གཞན་པའི་ཕྱི་ནང་གི་དྲོད་འབྱུང་བར་བསྟན་པ་དང་། དྲང་། དྲོད་གསུམ་པོ་དེ་ལས་གཞན་དུ་དྲོད་འབྱུང་ཚུལ་ནི། ཕྱི་རོལ་གྱི་སྣང་བ་རྡུལ་ཕྲན་ཙམ་དུ་མཐོང་བ་དང་། ཟླ་བ་ཚེས་གཅིག་དང་། ཉ་གང་བ་དང་། པདྨ་དང་། ཀུནྡའི་འོད་ལ་སོགས་པའི་མཚན་མ་བཟང་པོ་མཐོང་བ་དང་། ནང་སེམས་ལ་སྣང་བའི་དྲོད་ནི། མ་སྒོམ་པར་རིག་པ་རང་ཤུགས་ཀྱིས་ཆོས་ཉིད་ཀྱི་ཀློང་དུ་ཕེབས་པ་དང་། ཕྱི་འདོད་པའི་ཡུལ་འདོད་ཡོན་ལྔ་ལ་སེམས་མི་འགྲོ་ཞིང་མི་འཕྲོ་བ་དང་། འདི་ནས་འཆི་འཕོ་བ་དང་ཕྱི་མར་འགྱུར་ཞིང་སྐྱེ་བ་ལེན་པ་ངག་ལ་ཉམས་མི་ང་བ་དང་། ཕྱི་ཟས་ནོར་དང་ནང་འཁྲིགས་པའི་འདོད་ཆགས་ཀྱིས་ཡུལ་ལ་སྔར་བས་ཞེན་པ་ཆུང་བ་དང་། དེ་ཡང་ཐ་མལ་བའམ་སྔར་ལྟ་བའི་དུས་བས་དྲོད་ཁྱད་པར་དུ་དཔགས་པ་ཉམས་སུ་མྱོང་བས་འབྱུང་བ་དང་། གཞན་སེམས་ཅན་སྡུག་བསྔལ་སྙིང་རྗེའི་ཡུལ་མཐོང་ན་ཐུགས་རྗེས་རང་དབང་མེད་པར་སེམས་འཕྲོག་པ་དང་། འཇིག་རྟེན་གྱི་ཆོས་བརྒྱད་སྔར་བས་གྲངས་ཉུང་ལ། ངོ་བོ་ཆ་ཕྲ་བས་ན་མཉམ་པར་སྙོམས་པ་ལ་སོགས་པའི་ཡོན་ཏན་ཕལ་ཆེར་འབྱུང་བའོ། །ཆོས་བརྒྱད་ནི། བཤེས་སྤྲིང་ལས་གསུངས་ན། ཐེག་ཆེན་རྣལ་འབྱོར་ལས། གྲགས་དང་མ་གྲགས་བསྟོད་སྨད་བདེ་དང་སྡུག །རྙེད་དང་མ་རྙེད་འཇིག་རྟེན་ཆོས་བརྒྱད་པོ། །ཞེས་སོ། །གསུམ་པ་དྲོད་ཉམས་ལྔ་ཀུན་ཏུ་འཁོར་བར་འབྱུང་ཚུལ་ལོ། །དྲང་། དེ་ལྟར་དྲོད་ཀྱི་རྣལ་པ་དེ་ཀུན་ཡང་ཉམས་དང་སྦྱར་ན་གཡོ་བའི་ཉམས་ཀྱི་སྐབས་སུ་རེས་ཡོད་རེས་མེད་ལ། ཐོབ་པའི་སྐབས་སུ་ཕལ་ཆེར་ཡོད་ལ། གོམ་བརྟན་གྱི་སྐབས་སུ་མི་འགྱུར་བར་ཡོད་པའི་གོ་རིམ་གྱིས། ཉམས་ཀུན་ཏུ་དྲོད་འཁོར་བར་འབྱུང་བ་ཡིན་ནོ། །བཅུ་གཅིག་པ་རྟགས་ལ་གཉིས་ཏེ། བགྲང་། དང་པོ་དཔེ་དོན་གཉིས་ཀྱི་དྲོད་རྟགས་སྤྱིར་བསྟན་པའི་དགོས་པ་དང་། དྲང་། བྲུ་ཤའི་སྐད་དུ་ཁུ་ལྗོ། བོད་སྐད་དུ་བྱིས་སྦ་སྟེ། དེ་ཡང་སྨིན་ཏེ་ནར་སོན་པ་ལོ་ཉེར་ལྔ་ཙམ་ལོན་པའི་རིགས་དེ་ལ་ཕ་མས་ཁྱེར་ལ་ཁྱིམ་ཐབ་འདི་ལྟ་བུ་ཞིག་ལོན་ནོ་ཞེས་ཁྱིམས་ཐབས་ཀྱི་ལྟས་བསྟན་ན། བྱིས་སྦ་དེ་ཁྱིམ་ཐབ་དེ་ལ་བྲོད་པས་མདུན་བསུ་ཞིང་ཟང་ཟིང་གི་ནོར་མང་པོ་དག །དོན་དུ་གཉེར་བ་ལ་བརྩོན་པར་བྱེད་པའོ། །དཔེ་དེ་བཞིན་དུ་དོན་སྟོང་པ་ཆེན་པོའི་རྣལ་འབྱོར་པས་འབྲས་བུ་བྱང་ཆུབ་ཀྱི་བདེ་བ་ཆེན་པོ་ཚོལ་བ་རྣམས་ཀྱིས། དྲོད་དང་རྟགས་ཀྱི་ཡོན་ཏན་མངོན་དུ་མཐོང་བའི་འབྲས་བུ་ལ་བློ་བྲོད་པའི་ཚུལ་གྱིས། དྲོད་རྟགས་མཐོང་བ་དེས་ཤིན་ཏུ་ཐར་པའི་ལམ་ལ་བརྩོན་འགྲུས་བྱེད་པར་འགྱུར་བས། རྒྱུ་མཚན་དེའི་ཕྱིར་རྟགས་འདི་དག་དྲོད་ཀྱི་རྗེས་སུ་བསྟན་པར་བྱའོ། །གཉིས་པ་རྟགས་བྱེ་བྲག་ཏུ་བཤད་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། དྲོད་སོང་ནས་ཕྱི་མ་རྟགས་ལའང་ལམ་གྱི་ལྟ་སྒོམ་གྱི་ནུས་པའི་སྟོབས་ཆེ་ཆུང་གི་ཆ་ལས་རྟགས་དང་། མངོན་ཤེས་དང་། རྫུ་འཕྲུལ་སྣང་བར་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་དེ་ལ་གསུམ་སྟེ། རྟགས་དང་མངོན་ཤེས་དང་། ཆོ་འཕྲུལ་ལོ། །དང་པོ་རྟགས་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། དེ་ལ་སྔ་མ་རྟགས་ལའང་། ཕྱི་རྟགས་དང་། ནང་རྟགས་གཉིས་ཏེ། གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་ཕྱི་རྟགས་དང་། དྲང་། ཕྱི་རོལ་གྱི་ཡུལ་འདི་དག་ཆུ་ལྟ་བུ་གཅིག་པུར་སྣང་ཞིང་། གཞན་ཟད་པས་ན་ཟད་པར་སྐྱེ་མཆེད་དེ། མེ་དང་། རླུང་དང་། ས་དང་། ཆུ་དང་། ཁ་དོག་བཞི་ལ་སོགས་པ་ཟད་པར་གྱི་སྐྱེ་མཆེད་བརྒྱད་དངོས་སུ་མཐོང་བ་དང་། ཉི་ཟླ་དང་པདྨ་དང་། ཀུན་དའི་མདོག་ལ་སོགས་པ་དང་། །ཕྱག་མཚན་ལ་སོགས་པས་གང་བར་མཐོང་བའོ། །གཉིས་པ་ནང་རྟགས་སོ། །དྲང་། ནང་དུ་ལུས་ཀྱི་ན་ཚ་ལ་བཟོད་པ་ཐོབ་པ་དང་། ཏིང་ངེ་འཛིན་གྱི་བྱེ་བྲག་ཤེས་པ་དང་། ཉོན་མོངས་པའི་ཆུ་བོ་ལྔ་སྟེ། འཁོར་བའི་རྒྱུན་ལམ་ལ་མངོན་ཞེན་ཤས་ཆུང་བས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བག་ཆགས་ཤས་ཀྱིས་བཅད་དེ་ཤས་ཆུང་དུ་འགྲོ་བ་དང་། རྣམ་རྟོག་གི་རྐྱེན་གྱིས་ཏིང་ངེ་འཛིན་མི་འཕྲོག་ཅིང་། སྲིན་པོ་འབར་བ་ནག་པོ་མཐོང་ཡང་མྱོས་ཤིང་སྐྲག་པ་དང་། ལྷའི་བུ་མོ་མཐོང་ཡང་དགའ་ཞིང་བྲོད་པ་མེད་དོ། །ཆེད་དུ་མ་བྱས་ཀྱང་ཏིང་ངེ་འཛིན་བསྒོམ་པའི་ཤུགས་ལས་སྣང་བ་ནི། གླང་པོ་ཆེ་ཞོན་པ་དང་། གྲུར་ཞུགས་པ་དང་། མེ་ལོང་སྐར་མདས་བརྒྱན་པ་དང་། ནམ་མཁའ་རྡུལ་གྱིས་གང་བ་དང་། ནམ་མཁའ་ལ་འོད་འབར་བ་དང་། ཀུན་དགའ་ར་བ་མཐོང་བ་དང་། ཟད་པར་གྱི་སྐྱེ་མཆེད་མཐོང་བ་དང་། སྟོང་གསུམ་ལག་མཐིལ་ལྟར་མཉམ་པར་འབྱུང་བ་སྟེ། དེ་ལྟར་བརྒྱད་པོ་མཐོང་བའང་འབྱུང་ཞིང་། བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་འདིར་ཤུགས་ལ་ཆ་ཙམ་དུ་མཐོང་བ་ཡང་ལེའུ་དྲུག་པ་ལྟར་འབྱུང་ངོ་། །གཉིས་པ་མངོན་ཤེས་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། མངོན་སུམ་པར་རྟོགས་པ་ནི་རྟོགས་བྲལ་ཡིན་ལ། ཤེས་པ་ནི་མ་འཁྲུལ་བ་སྟེ། དེ་ལ་རྣམ་པ་དྲུག་ནི། རྩ་རྒྱུད་ལེའུ་གསུམ་ལས་བཤད་པ་དང་། འདི་ཉིད་ཀྱི་ཚེ་དབང་གི་སྐབས་ནས། གཞན་དུ་ལྷའི་རྣ་བ་དང་། སྤྱན་གྱི་མངོན་པར་ཤེས་པ་དང་། །སྔོན་གནས་རྗེས་སུ་དྲན་པ་དང་། །ཕ་རོལ་རྣམས་ཀྱི་སེམས་ཤེས་དང་། །འཆི་འཕོ་སྐྱེ་བ་མཁྱེན་པ་དང་རྫུ་འཕྲུལ་ཤེས་པའམ་ཟག་ཟད་ཤེས། ཞེས་སོ། །དེ་རྣམས་ཀྱང་ལམ་གྱི་གནས་སྐབས་ཀྱི་ཟག་པ་གསུམ་ཡོད་པ་ཚོགས་སྦྱོར་དང་ཟག་གསུམ་མེད་པ་མཐོང་སྒོམ་ཡན་ཆད་ཀྱི་མངོན་པར་ཤེས་པའོ། །དེ་ལ་ཟག་བཅས་ཟག་མེད་ཀྱི་མཚན་ཉིད་ནི། མཁས་གྲུབ་ཆེན་པོ་བདེ་གཤེགས། ཟུར་ཆེན་པོའི་བཞེད་ཀྱིས། ལུས་ལེན་པ་དང་། ཁམས་མི་བདེ་བ་དང་། སྐྱེ་བ་རྣམ་བཞིའི་སྦུབས་སུ་འཇུག་པ་རྣམས། རང་དབང་མེད་པར་ནི་ལུས་ཁམས་སྐྱེ་གནས་གྲག་པ་སྟེ། དེ་དང་ལྡན་པ་ཟག་བཅས། དེ་དང་མི་ལྡན་པ་ཟག་མེད་དུ་གསུང་ངོ་། །རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར་ན། མངོན་པ་ཀུན་བཏུས་ལས། ཟག་པ་དེ་ཡི་བདག་ཉིད་དང་། །ཟག་པ་དང་འབྲེལ་བ་དང་། ཟག་པས་བཅིངས་པ་དང་། ཟག་པའི་རྗེས་སུ་འབྲེལ་བ་དང་། ཟག་པའི་རྗེས་སུ་མཐུན་པ་དང་། ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཟག་བཅས་སུ་བལྟ་བར་བྱའོ། །ཞེས་གསུངས་པས། བདག་ཉིད་ནི། ཉོན་མོངས་ཉེ་ཉོན་རྣམས་སོ། །འབྲེལ་བ་ལ་སྐྱེ་བའི་གནས་སུ་དང་། མཚུངས་ལྡན་གྲོགས་སུ་འབྲེལ་བ་ནི། མིག་དབང་སོགས་དང་། ཉོན་མོངས་པ་ཉེ་ཉོན་རྣམས་དང་། ལྷན་ཅིག་འབྱུང་བའི་སེམས་སེམས་བྱུང་རྣམས་སོ། །བཅིངས་པ་ནི། ཉོན་མོངས་པའི་དབང་གིས་བྱུང་བའི་ལས་རྣམས་སོ། །རྗེས་འབྲེལ་ནི། ཁམས་གསུམ་གྱི་བག་ཆགས་ལ། གཞན་གྱི་ཉོན་མོངས་ཀྱི་གནས་ངན་ལེན་དང་ལྡན་པའོ། །རྗེས་མཐུན་ནི། ཚོགས་ལམ་མོ། །རྒྱུ་ལས་བྱུང་བ་ནི་དགྲ་བཅོམ་ལྷག་བཅས་ཀྱི་ཕུང་པོའོ། །དེས་ན་འོག་མ་བ་ལྔ་ནི་ཟག་པ་དང་བཅས་པ་སྟེ། བཤད་པ་དང་། གཞན་ཡང་ཁམས་གསུམ་དུ་ཟག་པས་ཟག་པའོ། །ཞེས་སློབ་དཔོན་སེང་གེ་བཟང་པོས་གསུངས་པ་དང་། མཚན་བརྗོད་ཀྱི་འགྲེལ་བར། དཔེར་ན་རྨ་ཡི་བུ་ག་ནས། རྣག་དང་ཆུ་སེར་ལ་སོགས་པ་ཟག་པ་བཞིན་དུ། སྐྱེ་མཆེད་དྲུག་གི་རྨ་ནས། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཟག་པས་ཟག་པའོ། །ཞེས་པ་དང་། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་དང་། ལྟ་བའི་ཟག་པའོ། །དང་པོ་འདོད་ཁམས་སུ་གཏོགས་པའི་ཉོན་མོངས་པའོ། །གཉིས་པ་གཟུགས་མེད་ཁམས་སུ་གཏོགས་པའི་ཉོན་མོངས་པའོ། །གསུམ་པ་ཁམས་གསུམ་ཆར་གཏོགས་པའི་ཉོན་མོངས་པ། བཞི་པ་ལྟ་བ་ལྔ་བཤད་པའོ། །མཛོད་དུ་ཡང་། ལམ་མ་རྟོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་བཤད་དོ། །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། ཟག་བཅས་ཀྱི་མངོན་ཤེས་དང་། ཟག་མེད་ཀྱི་མངོན་ཤེས་སོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མངོན་ཤེས་ཀྱི་མིང་དང་། དྲང་། ཟག་བཅས་ཟག་མེད་ཀྱི་མངོན་ཤེས་གཉིས་ཡོད་པའི་སྔོན་མ་ཟག་བཅས་ཀྱི་མངོན་ཤེས་ལ། དེ་ཏིང་ཀུན་ཏིང་གི་སྐབས་སུ་མདུན་དུ་འདུག་པའི་མི་ལ་དམིགས་ནས་བསྒོམ་པས་དེའི་སེམས་ཤེས་པ་ནི་དམིགས་པའི་མངོན་ཤེས་དང་། ཕྱག་རྒྱ་གཅིག་སྤྲོས་ཀྱི་སྐབས་སུ་མངོན་ཤེས་ཉི་ཤུ་རྩ་ལྔའི་གྲངས་ཡོངས་སུ་རྫོགས་པར་འབྱུང་བའི་མངོན་ཤེས་ཞེས་བྱ་བ་དང་། ལམ་པའི་མིང་མངོན་ཤེས་ལ་བཏགས་པ་སྟེ། ཚོགས་སྒྲུབ་ཀྱི་ལམ་གཞན་གྱི་བར་ཆད་པ་མེད་པའི་ལམ་པ་ཡིན་པས་དེའི་མངོན་ཤེས་སོ། །གཉིས་པ་མངོན་ཤེས་ཀྱི་ཡུལ་གྱི་ཚད་དོ། །དྲང་། དེ་ཏིང་གི་སྐམས་སུ་ལྷན་ཅིག་ཏུ་དྲུང་ལ་འདུག་པའི་མིང་ལ་དམིགས་པ་གཏད་ནས་འགའ་སྟེ་གཅིག་གཉིས་གསུམ་ཙམ་གྱིས་སེམས་ཤེས་པ་དང་། ཀུན་ཏིང་གི་སྐབས་སུ་དེ་བས་མང་དུ་འཕེལ་བ་སྟེ་བཅུ་ཙམ་གྱི་སེམས་ཤེས་པ་དང་། ཕྱག་རྒྱ་གཅིག་པའི་སྐབས་སུ་དབང་པོ་ལྔ་རེ་རེས་ཡུལ་ལྔ་ལྔ་གཅོད་པས་མངོན་ཤེས་ཉི་ཤུ་རྩ་ལྔའི་གྲངས་ཙམ་རྫོགས་ཤིང་དེ་བས་རྒྱ་ཆེ་བའི་མངོན་ཤེས་དང་། སྤྲོས་བཅས་ཀྱི་སྐབས་སུ་འབྲིང་གིས་ཡུལ་ཁམས་ཚུན་ཆད་མཐོང་ཞིང་ཐོས་པའོ། །རབ་ཀྱིས་གླིང་བཞི་མཐོང་བ་དང་། བར་ཆད་མེད་པའི་འབྲིང་དང་རབ་ཀྱིས་གླིང་བཞིའི་གྲངས་གཉིས་གསུམ་དྲུག་ཚུན་ཆད་ལྷའི་མིག་གིས་གཟུགས་མཐོང་ཞིང་རྣ་བས་སྒྲ་ཐོས་པ་དང་། སྔོན་གནས་ཤེས་པ་ལ་སོགས་གཅིག་སྤྲོས་དང་བར་ཆད་མེད་པའི་ལམ་གྱི་བློའི་རིམ་པས་ཕྱེ་བ་ཡིན་ནོ། །འདི་ལ་ཉང་ནག་གིས་འགྲེལ་བར། དེ་ཏིང་དམིགས་པའི་མངོན་ཤེས་ནི། མངོན་ཤེས་དྲུག་པོ་གཅིག་འབྱུང་བས་འགའ་དང་ཞེས་སྨོས་ལ། ཀུན་ཏིང་ལ་དེ་བས་གཉིས་ཙམ་དུ་འཕེལ་ཞིང་འབྱུང་བ་དང་། ཕྱག་རྒྱ་གཅིག་པས་ཉི་ཤུ་རྩ་ལྔ་རྫོགས་པ་དེ་རྣམས་ཀྱིས། ཐ་མལ་པའི་སྒོ་ལྔའི་ཡུལ་དུ་གྱུར་ཚད་ཤེས་སོ། །སྤྲོས་བཅས་ཀྱི་ཡུལ་ཁམས་མཐོང་བ་དང་། ཚོགས་སྒྲུབ་ཀྱི་གླིང་གྲངས་མཐོང་ཞིང་ཐོས་པས་ན། ལམ་གྱི་རིམ་པས་ཕྱེ་བའོ། །ཡང་སྣར་སྟོན་གྱིས་འགྲེལ་པར། དེ་ཏིང་གི་མངོན་ཤེས་ཀྱིས་ཡུལ་དམིགས་པས་ཕ་རོལ་པོ་དེའི་སེམས་འགའ་ཙམ་སྟེ། ཡུལ་ངོ་བོ་སྟོབས་ཆུང་བ་དང་། ཀུན་ཏིང་ལ་དེ་བས་ཉིས་འགྱུར་ཙམ་དུ་འཕེལ་བ་དང་། མངོན་ཤེས་ཉི་ཤུ་རྩ་ལྔ་རྫོགས་པ་དང་། ཡུལ་ཁམས་རྒྱ་ཆུང་བ་མཐོང་བ་ཕྱག་རྒྱ་གཅིག་པ། རྒྱ་ཆེ་བ་མཐོང་བ་སྤྲོས་བཅས། གླིང་གྲངས་གསུམ་ཚུན་ཆད་མཐོང་བ་ཚོགས་སྒྲུབ་པ། བཞི་ཆར་མཐོང་ཞིང་ཐོས་པ་རྣམ་སྨིན་ཏེ་དེ་དག་གི་རིམ་པས་དྲུག་ཏུ་ཕྱེ་བའོ། །གཉིས་པ་ཟག་མེད་ཀྱི་མངོན་ཤེས་ལ་གཉིས་ཏེ། བགྲང་། དང་པོ་རིག་འཛིན་གསུམ་གྱི་མངོན་ཤེས་ཀྱི་ཁྱད་པར་དང་། དྲང་། ཕྱི་མ་ཟག་མེད་ཀྱི་མངོན་ཤེས་ལ་ཚེ་དབང་གི་སྟོང་གསུམ་གྱི་སྟོང་ཆེན་པོ་བརྒྱ་ཚུན་ཆད་མངོན་ཤེས་ཀྱི་ཡུལ་དུ་གྱུར་པ་དང་། ས་དང་པོའི་མངོན་ཤེས་ཀྱིིས་ཡུལ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་བརྒྱ་ཡིན་པ་ལ་སོགས་ཀྱི་སྒྲས་བསྒོམ་ལམ་ས་དགུའི་མངོན་ཤེས་ཀྱིས་ཡུལ་དུ་འགྱུར་ལུགས་ཡོད་པའི་ནང་ནས་སོགས་སྒྲས་ས་གཉིས་པ་ནས་བདུན་པའི་བར་སྡུད་ལ། ས་བརྒྱད་པ་དང་ཕྱག་རྒྱ་ཆེན་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་བརྒྱ། དེ་གཅིག་ནས་གཉིས་སུ་བགྲང་བའི་སྟོང་ཕྲག་བཅུ་རྡུལ་སྙེད་དུ་བྱས་པའི་གྲངས་མེད་དང་མཉམ་པ་བརྒྱ། དེ་གཅིག་ནས་གཉིས་སུ་བགྲང་བའི་སྟོང་ཕྲག་བཅུའི་རྡུལ་བྱས་པ་དེ་སྙེད་དང་མཉམ་པ་སྟོང་གསུམ་མངོན་ཤེས་ཀྱིས་ཡུལ་དུ་གྱུར་པའོ། །ལྷུན་གྲུབ་རིག་འཛིན་གྱི་མངོན་ཤེས་ནི་མཉམ་བཞག་ཏུ་རྒྱལ་བ་སངས་རྒྱས་དང་མཉམ་པ་ཡིན་པ་ལས། འོ་ན་མཐར་ལམ་པ་དང་སངས་རྒྱས་ཁྱད་མེད་དམ་ཞེ་ན་ཡོད་དེ། བག་ལ་ཉལ་གྱི་དྲི་མ་ཡོད་མེད་ཀྱིས་ཕྱེ་བ་དེ་བས་ན། མཐར་ལམ་པ་དང་རྫོགས་པའི་སངས་རྒྱས་གཉིས་ལ་ཁྱད་པར་ཡོད་པ་ཡིན་ཏེ། ཉམས་སྒྲོན་ལས། འདྲ་ལ་བག་ལ་ཉལ་གྱིས་ཕྱེ། ཞེས་སོ། །གཉིས་པ་རྒྱུའི་སེམས་དཔའ་དང་ཁྱད་པར་ཡོད་མེད་ཕྱེ་བའོ། །དྲང་། ཟག་མེད་མངོན་ཤེས་ཀྱིས་ཡུལ་དེ་ཙམ་ཡིན་པ་དེ་བས་ན་རྒྱུ་མཚན་ཉིད་ཀྱི་ཐེག་པའི་བྱང་ཆུབ་སེམས་དཔའ་ས་དང་པོ་རབ་ཏུ་དགའ་བ་དང་། སྔགས་ཀྱི་མཐོང་ལམ་ཚེ་དབང་རིག་འཛིན་གཉིས་འཁོར་བ་ལ་མི་ལྡོག་པ་ཙམ་དུ་སྐལ་བ་མཉམ་ལ་ཁྱད་པར་ཡོད་རྒྱུའི་ས་བརྒྱད་པ་དང་སྔགས་ཀྱི་ཕྱག་རྒྱ་ཆེན་པོའི་རིག་འཛིན་གཉིས་དགོངས་པ་མི་གཡོ་བ་ཙམ་དུ་སྐལ་པ་མཉམ་སྟེ། རྒྱུའི་ས་བཅུ་པ་དང་སྔགས་ཀྱི་ལྷུན་གྲུབ་རིག་འཛིན་གཉིས་འབྲས་བུ་ཐོབ་མ་རག་པ་ཙམ་དུ་སྐལ་པ་མཉམ་པའི་ཕྱིར་ན་དེ་ཙམ་དུ་གྲངས་མཐུན་པ་ཡིན་པས་ན། ལམ་ཆུང་ལས། དེ་ཡང་དང་པོའི་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་དེ། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོ། །ཞེས་གསུངས་པས། མཚན་མཐུན་པར་མཐོང་ལམ་སྒོམ་ལམ་མཐར་ལམ་གསུམ་དུ་བརྗོད་ཀྱིས། འོན་ཀྱང་དགོངས་པ་ཡོན་ཏན་གྱི་ཁྱད་ཚུལ་ནི་མི་འདྲ་ཞིང་མི་མཉམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ལ་དབྱེར་མེད་རྟོགས་མ་རྟོགས་ཀྱི་ཁྱད་པར་དང་། དགོངས་པའི་ཏིང་ངེ་འཛིན་ལ་དབྱེར་མེད་གོམས་མ་གོམས་ཀྱི་ཁྱད་པར་ཡོད་པའི་གཞི་ལམ་ཆ་ཡིས་ཕྱེ་བས། རྒྱུའི་བྱང་ཆུབ་སེམས་དཔའ་རྣམས་དང་། འབྲས་བུ་གསང་སྔགས་ཀྱི་རིག་འཛིན་གསུམ་ལ་ཁྱད་པར་ཡོད་པར་ངེས་ཏེ། ལམ་ཆུང་ལས། དགོངས་སྤྱོད་རྒྱ་མཚོ་ཁྱད་པར་འཕགས། །ལྟ་བའི་སྒྲིབ་པས་ཕྱེ་ཕྱིར་རོ། །ཞེས་གསུངས་པས། དོན་ལ་ཚེ་དབང་ས་བརྒྱད་དང་མཉམ་ལ། ཕྱག་ཆེན་ས་བཅུ་དང་མཉམ་སྟེ། ལྷུན་གྲུབ་བཅུ་གཅིག་ཀུན་ཏུ་འོད་དང་མཉམ་པ་ཡིན་ནོ། །གསུམ་པ་ཆོ་འཕྲུལ་ལོ། །དྲང་། སྟོང་ཆེན་གྱི་རྣལ་འབྱོར་འདི་བསྒོམ་པའི་ཚེ་རྫུ་འཕྲུལ་ཉི་ཤུ་ལ་སོགས་མཐུ་འབྱིན་ནུས་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། འགྲོ་བ་སོ་སོའི་སྐད་དུ་ཆོས་སྟོན་པ་ནུས་པ་རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། ས་གཞི་ཕྱོགས་ཆ་དྲུག་ཏུ་གཡོ་བས་ནང་དུ་སེམས་སྐྱེ་ཞིང་ས་འཕར་བར་བྱེད་པ་ཆོས་སྣང་བའི་ཆོ་འཕྲུལ་དང་། ཕྱི་ནང་གི་སྣོད་བཅུད་ཐམས་ཅད་གསང་སྔགས་ཀྱི་རང་སྒྲ་དི་རི་རི་སྒྲོགས་པ་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་ཏེ། དེ་ལྟར་ཆོ་འཕྲུལ་བཞི་པོ་ཡང་ལམ་ལྟ་བ་ཅིག་ཆར་བ་ལ་རྫོགས་པར་འབྱུང་གིས། ལམ་རིམ་པས་དེ་ཏིང་འདི་བསྒོམ་པའི་ཚེ་ཆོ་འཕྲུལ་བཞི་འབྱུང་བའི་རྒྱུ་ཙམ་ཡིན་གྱི། འོ་ན་དངོས་སུ་འབྱུང་བ་མེད་དམ་ཞེ་ན། ཉམས་ལྔ་མཐར་ཕྱིན་པའི་སྐབས་སུ་ཆོ་འཕྲུལ་བཞིའི་ཆ་གཅིག་ཙམ་འབྱུང་བ་ཡང་སྲིད་པ་ཉིད་དོ། །བཅུ་གཉིས་པ་རྨི་ལམ་ལ་བཞི་སྟེ། བགྲང་། དང་པོ་སྒྲིབ་པ་དག་ཅིང་བདེན་པ་མཐོང་བའི་རྨི་ལྟས་དང་། དྲང་། སྟོང་པ་ཆེན་པོའི་རྣལ་འབྱོར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་བློ་གནས་པའི་རྨི་ལམ་ལ་ཡང་། སྒྲིབ་པ་དག་པའི་རྟགས་སུ་ལུས་གཅེར་བུར་ཕྱུང་བར་རྨིས་ཞིང་རྫིང་བུ་རྣམ་དག་གམ། ཆུ་ལ་ཁྲུས་བྱེད་ནས་དྲི་མ་དག་པར་རྨི་བ་དང་། བདེན་པ་མཐོང་བའི་ལྟས་སུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་མཐོང་བ་རྨི་བའོ། །སྤྱིར་ཚོགས་ལམ་དུ་བག་ཆགས་སྦྱངས་པའི་ལྟས་དང་། སྤྱོར་ལམ་དུ་འཇིགས་པ་དང་བྲལ་བའི་དང་། མཐོང་ལམ་དུས་ཐོབ་པའི་དང་། བསྒོམ་ལམ་དུ་ས་ནོན་པའི་དང་། མཐར་ལམ་དུ་རྒྱལ་བའི་སྲས་སུ་ངེས་པའི་ལྟས་དང་ལྔ་འབྱུང་བར་བཤད་པ་ལས། འདི་ནི་བག་ཆགས་བྱང་བ་དང་བདེན་པ་མཐོང་བའི་ལྟས་སོ། །གཉིས་པ་བྱིན་གྱིས་བརླབ་ཅིང་ལུང་བསྟན་འབྱུང་བའི་རྨི་ལྟས་དང་། དྲང་། དམ་པ་མཆོག་སངས་རྒྱས་དང་། དམ་པ་རིག་འཛིན་བྱང་ཆུབ་སེམས་དཔའ་དེ་ཡིས་ཀྱང་། སངས་རྒྱས་རྣམས་ཀྱི་སྲས་དང་རིག་འཛིན་བྱང་སེམས་རྣམས་ཀྱི་སྤུན་དུ་དགོངས་ཤིང་བྱིན་གྱིས་རློབས་པ་དང་། ཞོར་ལ་མ་མོ་དང་མཁའ་འགྲོས་མིང་པོར་དགོངས་ནས་སྡོངས་གྲོགས་བྱེད་པ་དང་། དམ་ཅན་ཆོས་སྐྱོངས་རྣམས་ཀྱིས་རྗེ་དཔོན་དམ་པར་དགོངས་ནས་ཕྲིན་ལས་སྒྲུབ་པའོ། །གཞན་ཡང་རྨི་ལམ་གྱི་མཚན་མར་རང་གི་བླ་མ་སྡུག་བསྔལ་སྐྱོབ་པའི་མགོན་པོ་མངོན་དུ་སྣང་བས་རང་ལ་དབང་བསྐུར་བ་དང་བྱིན་གྱིས་བརླབས་པ་ལ་སོགས་སྒྲས་ལུང་བསྟན་པ་དང་། ཁྲི་ལ་འཇོག་པ་དང་། ཞིང་ཁམས་སྟོན་པ་སྟེ། བྱང་ཆུབ་ཀྱི་ལམ་དུ་འཇུག་པའི་རྟགས་ལྔ་བྱེད་ཅིང་དེ་ལ་བར་ཆད་འབྱུང་མི་འབྱུང་དང་། ལེགས་པའི་ཡོན་ཏན་དང་ཉེས་པའི་སྐྱོན་འབྱུང་མི་འབྱུང་གི་སྒོ་ནས་ལམ་ལ་བརྩོན་འགྲུས་གྱིས་ཤིག་པར་ལུང་སྟོན་པ་རྨིས་སོ། །དེའི་ཞོར་བཤད་ལ་ལུགས་གཅིག་ཏུ་ཚོགས་ལམ་དུ་སྒྲིབ་པ་བྱང་བའི་ལྟས་བླ་མ་ཁྲུས་བྱ་བ་དང་། སྦྱོར་ལམ་དུ་ཆོས་ལ་དབང་ཐོབ་པའི་ལྟས་བླ་མས་དབང་སྐུར་ཞིང་བྱིན་གྱིས་རློབས་པ་དང་། མཐོང་ལམ་དུ་བདེན་པ་མཐོང་བའི་ལྟས་བླ་མས་ཁྲི་གདན་ལ་བཞག་ནས་ཆོས་འཆད་པ་མཐོང་བ་དང་། སྒོམ་ལམ་དུ་ལུང་བསྟན་ཐོས་པའི་ལྟས་བླ་མས་བྱ་བ་གང་ཡང་རུང་བར་ལུང་སྟོན་པ་དང་། མཐར་ལམ་དུ་གཞན་དོན་ནུས་པའི་ལྟས་རང་ཉིད་ཁྲི་གདན་ལ་བཞག་ཅིང་གསེར་གྱི་འཁོར་ལོ་ལག་ཏུ་གཏད་ནས། ཆོས་ཤོད་ཅིག་པར་བཀའ་བསྒོ་བར་བྱེད་པའོ། །གསུམ་པ་དེ་ཉིད་བདུད་དང་ཆ་དབྱེ་བར་བསྟན་པ་དང་། དྲང་། ལུང་སྟོན་པའི་མཚན་ལྟས་དེ་ཡང་བདུད་བླ་མར་སྤྲུལ་ནས་བར་ཆད་བྱེད་པའི་ཉེས་ཡོད་པས་དེ་དང་། ལམ་གྱི་ཉམས་རྟགས་གང་ཡིན་ཆ་དབྱེ་དགོས་ཏེ། དེ་ཡང་སློབ་དཔོན་དུ་སྤྲུལ་པའི་བདུད་ཉིད་དང་། ཞེས་པ་དང་། བདུད་མཁན་པོ་དང་སློབ་དཔོན་དུ་སྤྲུལ་པ་ནི་བཟློག་དཀའོ། །ཞེས་པ་དང་། མིང་གི་གཞི་ལས་བདུད་ནི་ཉེ་བར་འོང་གྱུར་ནས། འདི་སྐད་སྨྲས་ཏེ་འདི་ནི་ཁྱོད་ཀྱི་ཕ་མ་དང་། ཁྱོད་ཀྱི་རྒྱུད་ཀྱི་མིང་ནི་འདི་ཡིན་ཞེས། སྤྱངས་སྡོམ་རྣལ་འབྱོར་ལྡན་པ་ཅི་འདྲ་བྱུང་གྱུར་ནས། ཁྱོད་སྔོན་ཡོན་ཏན་ཚུལ་ཡང་འདི་འདྲ་ཞེས། གང་ཚོ་ཁྱོད་ནི་བུད་རྡར་གྱུར་པའི་མིང་འདི་ཡིན། སྦྱང་སྡོམ་རྣལ་འབྱོར་ལྡན་པ་ཅི་འདྲ་བྱུང་གྱུར་པ། ཁྱོད་སྔོན་ཡོན་ཏན་ཚུལ་ཡང་འདི་འདྲར་བྱུང་གྱུར་པ། ཞེས་སོ། །བདུད་ཀྱིས་བྱིན་གྱིས་བརླབས་པ་དང་ལུང་སྟོན་པ་ལྟར་སྣང་ནས་བར་ཆད་བྱེད་པ་འབྱུང་བས། ཉེས་པའི་བར་ཆད་བྱེད་པའི་ཆེད་དུ་བདུད་འབྱུང་བ་ཡོད་སྲིད་པའི་ཕྱིར་ན། བདུད་ཀྱི་བར་ཆད་དང་ལམ་གྱི་གྲུབ་རྟགས་ཀྱི་ཆ་གཉིས་ཏིང་ངེ་འཛིན་དང་ཉམས་རྟོགས་བཟང་ངན་ལ་སོགས་བརྟག་པ་ཟག་བཅས་ལམ་གྱི་སྐབས་སུ་ཀུན་ཏུ་གཅེས་སོ། །དེའང་ཕྱིའི་བར་ཆད་དངོས་སུ་ལྟ་བས་མ་ཆུན་པ་དང་། རྨི་ལམ་རང་རྒྱུད་པར་བཟུང་བ་དང་། ཧ་ཅང་རེ་དོགས་ཆེ་བ་ལ་སོགས་པས་ཀྱང་བདུད་འབྱུང་ངོ་། །བཞི་པ་དེའི་བར་ཆད་བསལ་ཕྱིར་བླ་མ་ལ་ཞུ་བའོ། །དྲང་། བདུད་ཀྱི་བར་ཆད་དེ་དག་བསལ་བའི་ཕྱིར་རྨི་ལམ་དེ་དག་ཀུན་རང་གི་བླ་མ་ལ་ཉིད་ལ་ཞུ་བ་ཡིན་གྱིས། གཞན་དུ་དྲི་ཞིང་སྨྲ་བ་ནི་མིན་ཏེ། གལ་ཏེ་བཟང་ངན་གང་ཡིན་ན་ཡང་གསང་ན་དངོས་གྲུབ་མྱུར་བས་སོ། །བཅུ་གསུམ་པ་ཕན་ཡོན་ལ་དྲུག་སྟེ། བགྲང་། དང་པོ་དགེ་སྡིག་ལས་ཀྱིས་མི་གོས་པའི་ཕན་ཡོན་དང་། དྲང་། ཆོས་ཉིད་དེ་བཞིན་ཉིད་དུ་ལྟ་བས་མཐོང་ཞིང་ཏིང་ངེ་འཛིན་གྱིས་གོམས་ན། རྒྱུ་དགེ་བའི་ལས་དང་མི་དགེ་བའི་ལས་གཉིས་སུ་འཛིན་པ་མེད་དེ། ལས་དགེ་སྡིག་གི་རྣམ་པར་རྟོག་པའི་མཚན་མ་རང་རྒྱུད་དུ་ཡོངས་སུ་མི་འཛིན་ཏེ། ཅིའི་ཕྱིར་ན་སེམས་ཉིད་རང་བཞིན་སྐྱེ་མེད་དུ་ཡེ་ནས་འོད་གསལ་བའི་ངང་ལ་ལས་དགེ་སྡིག་གི་རྣམ་སྨིན་གྱིས་གོས་པ་མེད་པས་ཤིན་ཏུ་བདེ་བའོ། །གཉིས་པ་བདེ་སྡུག་གཉིས་སུ་མེད་པར་གྲོལ་བའི་ངང་། དྲང་། འབྲས་བུ་བདེ་བ་མཐོ་རིས་དང་མི་བདེ་བ་ངན་སོང་གཉིས་སུ་འཛིན་པ་མེད་པས། གཉིས་མེད་ཀྱི་དོན་རང་བྱུང་གི་ཡེ་ཤེས་ལ་བདེ་སྡུག་གཉིས་འཛིན་གྱི་ཆགས་པ་མེད་ཅིང་རྣམ་པར་དག་པས། མཐོ་རིས་ཀྱི་བདེ་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་དབྱེར་མེད་དེ་རང་རིག་པའི་ཡེ་ཤེས་ཡིན་པས་སེམས་ཉིད་ཕྱོགས་འཛིན་གྱི་དྲི་མས་མ་གོས་ཤིང་དངས་པས་ཨ་སྐྱེ་བ་མེད་པའི་ངང་དུ་རྣམ་རྟོག་གི་ཟུག་རྔུ་མེད་པས་རབ་ཏུ་བདེ་བའོ། །གསུམ་པ་གཙང་སྨེ་གཉིས་སུ་མེད་པའི་དང་། དྲང་། འདོད་པའི་ལོངས་སྤྱོད་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ལྔ་ལྡན་ཐམས་ཅད་ལ་གཙང་བ་དང་སྨེ་བའི་བློ་གཉིས་སུ་མ་འཛིན་ཅིག །དེ་ཅིའི་ཕྱིར་ཞེ་ན། གཙང་སྨེ་ཐམས་ཅད་ཆོས་ཉིད་སྤྲོས་བྲལ་དུ་རོ་གཅིག་པས་ན། སྤང་ལེན་གཉིས་སུ་འཛིན་པའི་ཟུག་རྔུ་མེད་པས་ཀྱང་ཤིན་ཏུ་བདེ་བའོ། །བཞི་པ་འཁོར་བ་མ་སྤངས་རང་སར་གྲོལ་བའི་ངང་། དྲང་། ཤེས་རབ་ཆེ་བ་ཅིག་ཆར་བ་དང་ཤེས་རབ་ཆུང་བ་རིམ་གྱིས་པའི་ཏིང་ངེ་འཛིན་གསལ་མི་གསལ་གྱིས། ལྟ་སྒོམ་སྤྱོད་པ་ལ་སོགས་པ་ཐམས་ཅད་མ་ནོར་བར་རྒྱུད་ལུང་མན་ངག་གི་གཞུང་ལས་བྱུང་བའི་ལུགས་བཞིན་དུ་སྤྱད་ན། འཁོར་བ་མ་སྤངས་ཆོས་ཉིད་དུ་རང་དག་པས་སྡུག་བསྔལ་དུ་འཛིན་པ་མེད་ཅིང་། འཁོར་འདས་གཉིས་སུ་མེད་པའི་དོན་རྟོགས་ཤིང་ཉམས་སུ་མྱོང་སྟེ་དེས་རྒྱུད་ཚིམས་པས་ཁམས་ཨ་རབ་ཏུ་བདེ་ཞེས་པའོ། །ལྔ་པ་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཚེ་དང་། དྲང་། འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ་ཐམས་ཅད་སེམས་ཉིད་དུ་གཅིག་པར་རྟོགས་པའི་ངང་དེ་ལ། ལྟ་བར་བྱ་བའི་ཡུལ་དང་། བལྟ་བར་བྱེད་པའི་མཁན་པོ་གཉིས་ཀ་མེད་པའི་རང་རིག་པའི་ཡེ་ཤེས་ཀྱིས་སྒྲོན་མེ་རྒྱུན་ཆད་མེད་པར་སྦྲེངས་བས་ནི། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་གཉིས་མེད་རང་སྣང་དུ་མཐོང་བའོ། །དྲུག་པ་མ་བསྒྲོད་པར་ས་ནོན་པའི་ཕན་ཡོན་ནོ། །དྲང་། ཚེ་འདི་དང་ཕྱི་མ་ཕ་རོལ་དེ་བཞིན་ཉིད་ལ་གཉིས་སུ་མེད་པའི་ཕྱིར་འདི་ནས་འགྲོ་བ་དང་། ཕ་རོལ་དུ་འོང་བར་བྱ་བ་གྲུབ་པ་མིན་ཏེ། ལུས་ཀྱི་ཡན་ལག་བཞི་སྟོབས་ཆེན་པོས་བསྒྲོད་ཅིང་མ་མཆོང་བར། ཕྱོགས་བཅུའི་སྟོང་ཁམས་ཀྱི་རྟོག་པ་ཐམས་ཅད་སྟོང་པ་ཆེན་པོ་ཉིད་དུ་གསལ་བས། རྟོགས་པར་རང་ལྡན་མི་ནུས་པ་ལ་ཐ་སྙད་དུ་མནན་ཞེས་བྱའོ། །བཅུ་བཞི་པ་འདའ་ཀ་མ་ལ་གཉིས་ཏེ། བགྲང་། དང་པོ་མཚན་མ་མེད་པའི་དང་། དྲང་། དེ་ཏིང་ལ་གནས་པ་འདིའི་ཚེ་དབང་པོ་དྲུག་གིས་སྤྱོད་ཡུལ་འགྱུར་ཞིང་འཆི་བར་མཐོང་ན། འཆི་འཕོ་བའི་མན་ངག་འདི་ལྟར་བྱས་ཏེ། ངུ་སྐད་ལ་སོགས་པ་ཕྱི་ནང་གི་གཡེང་བའི་མཚན་མ་ཀུན་བསལ་ནས་རྣམ་པ་ཀུན་ལྡན་གྱི་སྟོང་པ་ཉིད་ཀྱི་ངང་ལ་རྩེ་གཅིག་ཏུ་འདུག་པར་བྱ་ཞིང་། དེ་ལྟ་བུའི་ཏིང་ངེ་འཛིན་དེ་དྲན་པས་སྔར་གྱི་ལ ས་ངན་གྱི་བག་ཆགས་ཀྱི་རྒྱུན་བཅད་དེ། ཐལ་བ་ལས། གསང་བའི་ཡིད་ནི་འཕོ་གྱུར་ན། །བྱ་བ་ལ་སོགས་རིང་དོར་ནས། །རྣམ་ཤེས་ས་ལ་ཐིམ་གྱུར་པ། །ས་ཡང་ཆུ་ལ་ཐིམ་པར་གྱུར། །ཆུ་ནི་མེ་ལ་ཐིམ་གྱུར་ལ། །དེ་ཉིད་རླུང་ལ་ཐིམ་པར་འགྱུར། །རླུང་ནི་སྙིང་ལ་ཐིམ་པ་སྟེ། །དེ་ལས་མེ་ལོང་དབུགས་བཞིན་དུ། །མ་སྐྱེས་སྟོང་པའི་གྲོང་དུའོ། །ཞེས་སོ། །དེ་ལྟར་ཟིན་ན་ཚེ་ཕྱི་མ་ལ་འདོད་ཁམས་ཀྱི་ལྷ་དང་མིའི་རིགས་ཁྱད་པར་ཅན་དུ་སྐྱེས་ནས་གསང་བའི་ཐེག་པ་ཆེན་པོ་ལ་སྦྱོར་བ་སྟེ། རང་སྣང་ལས། འཆི་ཁའི་ཡེ་ཤེས་སྟོབས་ཆེ་ན། །ལོ་དང་བསྐལ་པའི་བག་ཆགས་ཀུན། །ཡེ་ཤེས་སྐད་ཅིག་གཅིག་གིས་སེལ། །ཞེས་སོ། །གཉིས་པ་མཚན་བཅས་ཀྱི་མན་ངག་གོ། །དྲང་། མཚན་མེད་ཀྱི་འཕོ་བ་ལ་དགར་བས་ཡང་ན་ཞེས་འདམ་ཀ་སྟེ། མཚན་བཅས་ཀྱི་འཕོ་བ་ནི། སྙིང་གར་རིན་པོ་ཆེའི་གུར་ཕུབ་པ་ལྟ་བུར་གསང་བ་གསེར་གྱི་སྒྲོམ་བུའི་ནང་སྙིང་གའི་དཀྱིལ་དུ། ཀུན་གཞི་འོད་ཕུང་ཁ་དོག་ལྔའི་ངོ་བོ་ཚོན་གང་བ་ཞིག་བསམ་པ་དང་། དེའི་སྟེང་དུ་ཉོན་ཡིད་ཟླ་བའི་དཀྱིལ་འཁོར་དུ་བསམ། དེའི་སྟེང་དུ་ཡིད་ཤེས་ཧཱུཾ་རིང་པོ་ཞིག་ཏུ་བསྒོམ་ཞིང་། དེ་གསུམ་བརྩེགས་པའི་ཏིང་ངེ་འཛིན་ལ་དམིགས་པ་རྩེ་གཅིག་ཏུ་བརྟན་པ་ཐོབ་ནས། དབུགས་སམ་རླུང་གིས་ཕར་འཕྲོ་ཚུར་འདུས་ཧཱུྃ་ཡིག་ལ་ཐིམ་དེ་ཟླ་བ་ལ་ཐིམ། དེ་འོད་ཕུང་ལ་ཐིམ། མཐར་འོད་ཕུང་དེ་ཉིད་ཕྱོགས་བཅུའི་སྟོང་ཁམས་ཐམས་ཅད་ལ་ཁྱབ་པར་བདལ་ཏེ་སྤྱོད་ཡུལ་ཐམས་ཅད་འོད་ཕུང་དུ་བསམ་ཞིང་སྟོང་པའི་ངང་ལ་འདུག་གོ། །རང་གནས་ལས། གསང་བའི་གནས་སུ་ཉོན་མོངས་ཡིད། །ཟླ་བའི་དཀྱིལ་འཁོར་གསལ་བ་ལས། །ཀུན་གཞིའི་ཡེ་ཤེས་སྙིང་པོ་ཡི། །འོད་ཀྱིས་ཁམས་སུ་དབྱིངས་བསྡུས་ཏེ། །ཚོན་གང་འོད་དུ་གསལ་བ་ལ། །དཀར་པོ་ཧཱུྃ་གནས་རྣམ་ཤེས་སོ། །དེ་དག་སྐུ་གསུང་ཐུགས་བདག་སྟེ། །ཤིན་ཏུ་འགྲེས་པ་ཉིད་དུ་བྱ། །རླུང་བརྩེགས་བཅུད་གཡོས་མཚན་མཐོང་ནས། །རིང་པོའི་ཧཱུྃ་ཉིད་གནས་པ་ནས། །དུ་བའི་ཚུལ་དྲང་འོད་ལ་བསྡུ། །དེ་བཞིན་ཟླ་བའང་ཤེས་པར་བྱ། །འོད་ཞུ་གསང་བའི་ལམ་ཞུགས་ཏེ། །ཕྱིར་བྱུང་ཕྱོགས་བཅུར་ཁྱབ་བརྡའ་བས། །ཁམས་གསུམ་དག་ཕྱིར་མཐའ་དབུས་དང་། །ཕྱི་ནང་ཡུལ་སེམས་བྲལ་བའི་དོན། །དྲན་པ་ལས་ཀྱི་རྒྱུན་བཅད་དེ། །རང་གནས་མཐོང་བར་འགྱུར་བ་ཡིན། །ཞེས་སོ། །བཅོ་ལྔ་པ་འབྲས་བུ་བསྟན་པའོ། །དྲང་། དོན་སྣང་སྟོང་དབྱེར་མེད་སྟོང་ཆེན་གྱི་རྣལ་འབྱོར་ལ་གོམས་པའི་མཐའ་མ། ཏིང་ངེ་འཛིན་དེས་མངོན་དུ་བྱས་པའི་འབྲས་བུ་དབུ་མ་ལས་ལྷག་པའི་ཆོས་སྐུར་སྦྱོར་རོ། །འོ་ན་ལམ་གོང་མ་ཀུན་ཏིང་ཡན་ཆོད་ལ་སོགས་རྣམས་དོན་མེད་དུ་འགྱུར་རོ་ཞེ་ན་མ་ཡིན་ཏེ་འབྲས་བུ་ཆོས་སྐུ་གསལ་སྟོང་དབྱེར་མེད་ཉིད་ལ་ལམ་དུ་བྱེད་པའི་ཕྱིར་ཡིན་ཏེ། དེ་བཞིན་ཉིད་དང་ཆོས་སྐུ་གཉིས་རྣམ་པ་མཆོག་ལྡན་གྱི་སྟོང་པ་ཆེན་པོར་ཕྱོགས་མཐུན་པ་ཡིན་པས་ན། འབྲས་བུ་ཆོས་སྐུ་ཐོབ་པར་བརྗོད་ཀྱིས་དེས་ན་འབྲས་བུ་དངོས་སུ་ཐོབ་པའི་རིགས་མ་ཡིན་ཏེ། རྒྱུ་འབྲས་ཆེས་མཐུན་སྦྱོར་བ་ཙམ་ལ་དགོངས་པ་ཡིན་ཏེ། དེ་ཡང་། དངོས་པོ་མ་སྐྱེས་ཡུལ་སེམས་མེད། །མཉམ་དབྱིངས་དམིགས་ཡུལ་མེད་དོན་གྱིས། །བློ་ཡི་རྩོལ་དང་རང་གསལ་བས། །དེ་བཞིན་ཉིད་ཀྱི་ཏིང་འཛིན་ཏེ། །ཆོས་ཀྱི་སྐུ་དང་ཀུན་ཏུ་འོང་། །ངོ་བོས་ཐ་དད་མེད་ཕྱིར་རོ། །ཞེས། ཏིང་ངེ་འཛིན་གསུམ་དང་། སྐུ་གསུམ་དང་། ས་གསུམ་ཆོས་མཐུན་དུ་བཤད་པས་གསལ་ལོ། །གནས་སྐབས་ཉེ་སྦྱོར་གྱི་འབྲས་བུ་ནི། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལ་སྦྱོར་བའོ། །གསུམ་པ་ལེའུའི་མཚན་བསྟན་པའོ། །དྲང་། རྣམ་པ་ཀུན་ལྡན་གྱི་སྟོང་པ་ཆེན་པོའི་དོན་རྣལ་མ་ལ་རང་རིག་པའི་བློ་འབྱོར་བའི་ཏིང་ངེ་འཛིན་བསྟན་པའི་གཞུང་གི་ཚིག་དོན་རྣམས་འཚམས་དང་རིས་སུ་གཅོད་ཅིང་འཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་ཞེས་བྱ་སྟེ། ཡས་བགྲང་གསུམ་པའི་དོན་དུ་གདའོ། ༈ །ལེའུ་བཞི་པ་ཀུན་སྣང་གི་ཏིང་ངེ་འཛིན་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་ལ་གསུམ་སྟེ། བགྲང་། དང་པོ་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང་། དྲང་། དོན་དམ་གསལ་སྟོང་ཆོས་ཀྱི་སྐུའི་ངོ་བོ་དེ་ལ་ལྟ་བས་རྟོགས་ཤིང་ཏིང་ངེ་འཛིན་གྱིས་གོམས་པས་ཕྱག་འཚལ་ཏེ། དེ་ལྟར་ཆོས་ཉིད་སྟོང་པ་ལ་གོམས་ཀྱང་། སྟོང་ཞེན་གྱི་དྲི་མ་བསལ་དགོས་པ་དང་། གདུལ་བྱ་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར། སྙིང་རྗེ་འདི་ལ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་པ་མེད་པའི་སྙིང་རྗེ་དང་གསུམ་ལས། འདིར་ཡུལ་བྲལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་བཤད་པར་བྱའོ། །དེ་ཡང་སྙིང་རྗེ་ལ་དབྱེ་ན་བཞི་སྟེ། ཕྱོགས་གཅིག་པའི་སྙིང་རྗེ་དང་། གཏོད་པ་དང་བཅས་པ་དང་། དམིགས་པ་དང་བཅས་པ་དང་། རྣམ་པ་དང་བཅས་པའི་སྙིང་རྗེའོ། །དང་པོ་ནི། འཇིག་རྟེན་པའི་སྙིང་རྗེ་སྟེ་ཁྲ་དང་། སྤྱང་ཀུ་དང་། མི་སྡིག་ཅན་རྣམས་ཀྱིས་ཀྱང་རང་གི་བུ་སྨད་ཀྱི་སྡུག་བསྔལ་མཐོང་ན། སྙིང་རྗེ་ནས་རང་གི་སྲོག་འདོར་ཕོད་པའོ། །གཉིས་པ་ནི། ཉན་རང་གི་སྟེ། རང་རང་གི་བདེན་བཞི་དང་རྟེན་འབྲེལ་གྱི་ལམ་ལ་འཇུག་པའི་རིགས་མཐུན་གྱི་གདུལ་བྱ་ལ་ཆོས་སྟོན་པ་དང་། རྫུ་འཕྲུལ་གྱིས་མངོན་ཤེས་འགའ་བྱས་ནས་འདྲེན་པའོ། །འོ་ན་སྙིང་རྗེ་མེད་ཅིག་གཞན་དོན་མི་བྱེད་པར་བཤད་པ་དང་འགལ་ལོ་ཞེ་ན། སྙིང་རྗེ་ཡེ་མེད་མ་ཡིན་ཏེ། །ཤས་ཆུང་བ་ལ་དགོངས་པའོ། །གསུམ་པ་དམིགས་པ་བཅས་པ་ནི་བོ་དྷི་སྟེ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་དེ་སྙིང་རྗེ་སྐྱེ་བའི་ཡུལ་སེམས་ཅན་དང་། བསྐྱེད་བྱེད་ཀྱི་མཁན་པོ་རང་ཉིད་དང་། སྙིང་རྗེའི་ངོ་བོ་གདུང་བ་དང་བཅས་པ་གསུམ་དུ་དམིགས་ཞིང་འཛིན་པ་དང་བཅས་པའོ། །བཞི་པ་རྣམ་པ་དང་བཅས་པའི་སྙིང་རྗེ་ནི། མ་ཧཱའི་སྙིང་རྗེ་སྟེ། སྙིང་རྗེའི་རྣམ་པ་ཙམ་ཡོད་ཀྱང་འཛིན་པ་མེད་པའོ། །དེ་ལ་མ་ཧཱ་ཞེས་པའི་རྐྱེན་གྱིས་སྙིང་རྗེ་ཆེན་པོ་ཞེས་བྱ་སྟེ། སྙིང་རྗེ་བྱ་བའི་ཡུལ་སེམས་ཅན་རང་རྒྱུད་པ་མེད་དེ། རིག་པ་ཡེ་ཤེས་སྒྱུ་མར་གསལ་བས། ཕ་རོལ་བ་མེད། རྗེ་བྱེད་ཀྱི་མཁན་པོ་ཡང་ཡེ་ཤེས་སྒྱུ་མར་གསལ་བས་ཚུར་རོལ་ན་མེད། སྙིང་རྗེའི་ངོ་བོ་ཡང་རིག་པ་ཡེ་ཤེས་སྒྱུ་མར་གསལ་བ་ལ་ལ་གཞན་མེད་དེ། མངོན་པར་གདུང་བ་དེ་ལ་མེད་པའོ། །དེ་བས་ན་རྒྱས་པ་ལས། སངས་རྒྱས་སེམས་ཅན་གཉིས་མེད་གཅིག་རྟོགས་ན། །ཐུགས་རྗེ་ཆེན་པོ་སྐྱེ་ཞེས་དེ་ལ་བྱ། །ཞེས་པ་དང་། མདོ་ལས། ལང་ཀའི་བདག་པོ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་རང་བཞིན་གྱིས་གནས་ནས་གཉིས་སུ་མ་མཐོང་བས་སྙིང་རྗེའི་ཡུལ་མེད་པ་ནི་ཐམས་ཅད་སྙིང་རྗེ་ཆེན་པོའོ། །དེར་ཡོངས་སུ་སྒྲོལ་བའི་ཕྱིར་སྙིང་རྗེ་ཆེན་པོ་ཡིན་ལ། བྱམས་པའི་སྙིང་རྗེ་ངག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་གྱི་སྲོག་བཏོན་པ་དང་། གང་ཐར་བར་བཏོན་པ་དེ་ནི་སྙིང་རྗེ་ཆུང་ངུར་རིགས་པར་བྱའོ། །ཞེས་སོ། །གཉིས་པ་གཞུང་དོན་ལ་གཉིས་ཏེ། བགྲང་། དང་པོ་ལུས་སྔ་མ་དང་མཐུན་པར་མདོར་བསྟན་པ་དང་། དྲང་། དེ་ཏིང་སྟོང་ཆེན་དང་། རྗེས་སུ་མཐུན་པའི་ཀུན་སྣང་ནི་ལུས་མདོར་བསྟན་བཅོ་ལྔ་པོ་ཉིད་ནི་ཡན་ལག་རྒྱས་བཤད་ཀྱི་སྒོ་ནས་ཤེས་པར་གྱིས་ཤིག་པའོ། །གཉིས་པ་རྒྱས་བཤད་ལ་དོན་བཅོ་ལྔ་སྟེ། བགྲང་། དང་པོ་སྔོན་དུ་འགྲོ་བ་ལ་དབྱེ་བ་མེད་པའོ། །དྲང་། སྙིང་རྗེ་སྒྱུ་མའི་སྔོན་དུ་སྟོང་པ་ཆེན་པོ་ལ་གོམས་པའི་རྣལ་འབྱོར་པས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཐུགས་རྗེས་རྗེས་སུ་བཟུང་བའི་ཕྱིར། ཚོགས་བསགས་པའི་དོན་ལ་ཡན་ལག་བརྒྱད་པ་སྔོན་དེ་ཏིང་བཞིན་དུ་བྱས་ནས། དེའི་རྗེས་ལ་ངོ་བོ་ཡེ་ཤེས་རང་གསལ་རྣམས་པ་སྒྱུ་མ་ལྟ་བུས་ཁྱབ་པའི་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །གཉིས་པ་དགོས་ཆེད་ལ་གཉིས་ཏེ། བགྲང་། དང་པོ་གཞན་སེལ་དང་། དྲང་། གང་ཟག་དང་ཆོས་ཀྱི་བདག་གམ། སྙིང་རྗེ་སྐྱེ་བྱེད་ཀྱི་མཁན་པོ་བདག་དང་སྐྱེ་བྱའི་ཡུལ་གཞན་དང་གཉིས་སུ་འཛིན་པ་ཐ་དད་ཀྱི་དྲི་མ་བསལ་བའི་དགོས་ཆེད་དང་། དེ་ཏིང་ལ་སྟོང་པའི་ཞེན་པས་འཆིང་བ་དེའི་མདུད་པ་གཤིག་པའི་དགོས་ཆེད་ཡོད་པ་དང་། གཉིས་པ་དོན་གཉེར་རོ། །དྲང་། སྙིང་རྗེ་ཆེན་པོའི་སྒོ་ནས་གདུལ་བྱ་སེམས་ཅན་རྣམས་ཚད་མེད་པ་བཞིས་ཡང་དག་པ་ཐར་པའི་ས་ལ་དགོད་པའི་དགོས་ཆེད་ཡོད་པ་དང་། དེ་ཉིད་མཐར་ཕྱིན་པ་འབྲས་བུ་ཕྱག་རྒྱ་གཅིག་པ་ཐོབ་པའི་རྒྱུར་བྱ་ཞིང་དེའི་ཐབས་ལ་སྙིང་རྗེ་ཆེན་པོའི་རྣལ་འབྱོར་འདི་ཉིད་ནི་དོན་དུ་གཉེར་བའི་དགོས་ཆེད་དང་། སེམས་ཉིད་གསལ་སྟོང་དོན་དམ་བདེན་པ་དེ་ཉིད་ཀྱི་ངང་ལ་ཀུན་རྫོབ་འགགས་མེད་ཡེ་ཤེས་སྒྱུ་མར་སྣང་བ་གཉིས་ཕྱོགས་དང་རིས་སུ་མི་བཏང་བའི་དགོས་ཆེད་ཡོད་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་འདིའི་ལམ་ལ་བློ་རྩེ་གཅིག་ཏུ་གནས་པར་བྱ་སྟེ། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ལ་འཇུག་པའི་ཐུན་མཚམས་ནི། དེ་ཏིང་མཐར་ཕྱིན་པའི་དུས་ཀྱི་བྱའོ། །གསུམ་པ་བཞག་ཐབས་ལ་གཉིས་ཏེ། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་བསྒོམ་པའི་ཐབས་དང་། འོག་མའི་སྙིང་རྗེ་ལས་ཁྱད་པར་དཔགས་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། སྙིང་རྗེ་ཆེན་པོ་བསྒོམ་པའི་རྣལ་འབྱོར་པ་གང་གིས་ཁམས་གསུམ་འཁོར་བ་དང་། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་རིག་པ་སྒྱུ་མའི་ཡེ་ཤེས་སུ་གསལ་བའི་ངང་དུ་མིག་གིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་དང་། ལྕེ་ཡིས་རོ་མྱོང་བ་དང་། ལུས་ཀྱིས་རེག་བྱ་དང་། སྣས་དྲི་ཚོར་བ་རྣམས་ལ་རང་སྣང་འགགས་མེད་དུ་སྦྱོངས་པའི་ཐབས་ལའང་གཉིས་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་པའི་རྒྱུའི་ས་ཐོབ་པའམ། སྔ་མ་དེ་ཏིང་ལ་གོམས་པའི་རྗེས་ལས་ཡེ་ཤེས་སྒྱུ་མར་གསལ་བས་ན་ཐོབ་པའོ། །གཉིས་པ་རྒྱས་པར་བཤད་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་བློ་ཆུང་བའི་ལྟ་བའམ་སོ་སོར་རྟོགས་པའི་རྒྱུའི་སྒོམ་པ་དང་། དྲང་། སྙིང་རྗེ་ཆེན་པོ་སྒོམ་པའི་ལམ་པ་དེ་ཡིས་འཁོར་འདས་དུས་གསུམ་གྱིས་བསྡུས་པའི་ཆོས་སོ་ཅོག་ལྷག་མ་མ་ལུས་ཐམས་ཅད་རྟག་པ་ཐེར་ཟུག་པའི་སྙིང་པོ་རང་རྒྱུད་དུ་གྲུབ་ནས་ཡོད་པ་མ་ཡིན་ཏེ། ཡེ་ཤེས་རང་གསལ་སྒྱུ་མ་ལྟར་རྟོགས་པའི་ངང་ལ་བློ་མི་གཡོར་བར་བཞག་པའོ། །འོ་ན་སྒྱུ་མ་ལྟར་རྟོགས་པ་ཅི་ཞེ་ན། སྒྱུ་མའི་དཔེའི་དངོས་པོ་དྲུག་གི་ཚུལ་ནི་འདི་ལྟ་སྟེ། སྣང་ལ་རང་རྒྱུད་པས་དབེན་པ་སྒྱུ་མ་སྟེ་ལོག་རྟོག་སྒྱུ་མ་དང་། སྣང་བ་ངོ་བོ་མེད་པས་མིག་ཡོར་ཏེ་རྟེན་འབྲེལ་སྒྱུ་མ་དང་། ཅིར་ཡང་མ་ངེས་པས་སྤྲུལ་པ་སྟེ་ཡང་དག་སྒྱུ་མ་དང་། སྣང་ལ་གྲུབ་པས་སྨིག་རྒྱུ་སྟེ་ཐབས་སྒྱུ་མ་དང་། སྣང་ལ་རང་བཞིན་མེད་པས་འཇའ་ཚོན་སྟེ་ཡེ་ཤེས་སྒྱུ་མ་དང་། གསལ་ལ་ངོ་བོ་སྟོང་པས་ཆུ་ཟླ་སྟེ་ཕྱག་རྒྱ་སྒྱུ་མའོ། །དེས་ན་དཔེ་དྲུག་གིས་མཚོན་པའི་ཚུལ་བཞིན་དུ། སྙིང་རྗེ་སྐྱེ་བྱེད་ཀྱི་རྣལ་འབྱོར་པ་བདག་དང་སྐྱེ་བའི་ཡུལ་འགྲོ་བ་ཀུན་ཡེ་ཤེས་སྒྱུ་མར་ངོ་བོ་གཅིག་ལ། འོ་ན་སེམས་ཅན་ཐམས་ཅད་རྒྱུད་གཅིག་ཏུ་གནས་སོ་ཞེ་ན་མ་ཡིན་ཏེ། ཡེ་ཤེས་སྒྱུ་མ་དེ་ཉིད་ངོ་མ་ཤེས་པས་ལོག་རྟོག་གི་ལས་སྣང་ལ་བདེ་སྡུག་ཐ་དད་པས་གཅིག་པའི་མཐའ་བསལ་བ་དང་། དེ་ཡང་རང་གི་བློས་ཀུན་ཏུ་བརྟག་པའི་དབང་གིས་བདག་དང་འགྲོ་བ་ཐ་དད་པའི་ཕྱིར་གཉིས་སུ་སྣང་ངོ་། །དོན་ཡེ་ཤེས་སྒྱུ་མའི་ངོ་བོ་ལ་བདག་གཞན་གཅིག་པ་དང་། ཐ་དད་པ་གཉིས་སུ་དབྱེ་བ་མེད་པས་ན། དེ་ཡང་སྣང་བ་བཅུ་བདུན་པ་ལས། རྟོག་སེམས་འགྲོ་བ་སོ་སོའི་བློ། །གཅིག་ན་དགེ་སྡིག་རྣམ་སྨིན་ཡང་། མ་སྤྱད་ཀུན་གྱིས་མྱོང་བར་རིགས། །དེ་མིན་ཡང་དག་དོན་མི་རུང་། །རྣམ་སྨིན་ཐུན་མོང་མི་འབྱུང་ཕྱིར། །གཅིག་མིན་དེ་ཉིད་མ་སྐྱེས་པས། །ཐ་དད་དུ་ཡང་རུང་བ་མིན། །ཞེས་སོ། །དེ་ཡང་སྙིང་རྗེ་བྱའི་ཡུལ་དང་། རྗེ་བར་བྱེད་པའི་མཁན་པོ་གཉིས་མེད། མེད་བཞིན་དུ་རྗེ་བྱ་རྗེ་བྱེད་ཀྱི་སྣང་བ་འགོག་པ་ཡང་མེད་པར་རྟོགས་པའི་ལྟ་བ་མཐོང་བའི་རྗེས་སུ་བསྒོམ་པ་མ་ཤོར་ཙམ་དུ་བྱ་བའོ། །དེ་ལྟར་ལྟ་བ་དྲན་པའི་རྗེས་སུ་ཆོས་ལ་དམིགས་པའི་སྙིང་རྗེ་སྐྱེས་ནས་སྟོང་པ་དང་ཟུང་འཇུག་ཏུ་བསྒོམ་སམ། ཡང་ན་སེམས་ཅན་ལ་དམིགས་པའི་རྟོག་དཔྱོད་སྔོན་དུ་བཏང་སྤྱི་བླུགས་ཏེ། དེ་ཡང་སེམས་ཅན་རྣམས་ཐོག་མེད་ནས་མ་ཤེས་པས་འཁྲུལ་ཞིང་སྡུག་བསྔལ་ཉམ་ཐག་ལ་བརྟེན་ནས་སྙིང་རྗེ་སྐྱེས་པ་དང་། གསལ་སྟོང་ཟུང་འཇུག་ཏུ་གོམས་པར་བྱ་བའོ། །གཉིས་པ་བློ་ཆེ་བ་དང་བཅས་ནས་དེ་ཏིང་གོམས་པའི་རྗེས་སུ་བསྒོམ་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་རྒྱུ་སྔ་མ་གཉིས་སམ་དེ་ཏིང་བརྟན་པའི་སྟེང་ནས་དྲན་པ་སྤྱི་བླུགས་ཡེ་ཤེས་སྒྱུ་མར་གསལ་བ་དཔེ་དང་བཅས་པ་དང་། དྲང་། དེ་བས་ལྟ་བ་མཐོང་རྗེས་དང་རྟོག་དཔྱོད་སྔོན་འགྲོ་གཉིས་ལ་གོམས་ནས་དྲན་པ་སྤྱི་བླུགས་སམ། ཡང་ན་རྒྱུ་དེ་ཏིང་གོམས་པས་རྗེས་སུ་དྲན་པ་གང་ཡང་མ་བཅོས་པར་ཡེ་ཤེས་སྒྱུ་མར་གསལ་བའང་། བློས་སྔོན་དུ་ལྟ་བ་དྲན་པའམ་རྟོག་དཔྱོད་བཏང་བ་གང་ཡང་མེད་དེ། དཔེར་ན་ཤར་གྱི་ནམ་མཁས་ནུབ་ཀྱི་ནམ་མཁའ་ཡུལ་དུ་མི་བྱེད་པ་ཅི་བཞིན་ནོ། །གཉིས་པ་གསལ་དུས་དམིགས་མེད་ནམ་མཁའ་ལྟར་དུ་བསྒོམ་པ་དང་། དྲང་། རྣལ་འབྱོར་པ་རང་གི་ལུས་ངག་སེམས་ངང་དེར་མ་ཟད་འཁོར་འདས་ཕྱི་ནང་གི་ཆོས་ཐམས་ཅད་དོན་དམ་པར་སེམས་ཉིད་ཡིན་པས་གང་ནའང་མི་གནས་ཡུལ་རང་རྒྱུད་དུ་མི་དམིགས་པས། དཔེ་མིག་གི་ཡུལ་དུ་ཐོ་ཡོར་མིར་འཛིན་ཀྱང་མི་མ་གྲུབ་པའི་ཚུལ་དུ་སྦྱོར་བའི་ཚུལ་ནི་སེམས་ཉིད་ནམ་མཁའ་ལྟ་བུ་ལས་བྱུང་བའི་ཕྱི་ནང་གི་ཆོས་ཐམས་ཅད་ནི། སྒོམ་པའི་བློས་ཀྱང་རང་རྒྱུད་དུ་མ་གྲུབ་པར་རང་གསལ་ནམ་མཁའ་ལྟ་བུར་བསྒོམ་མོ། །གསུམ་པ་དེ་མ་འགགས་པ་ཐབས་ཀྱིས་བསྒོམས་པའི་ཡོན་ཏན་འབྲས་བུ་དང་བཅས་པའོ། །དྲང་། འཁོར་འདས་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་རིག་པ་ཡེ་ཤེས་སྒྱུ་མར་འགག་པར་སྣང་བས་ཐབས་ཀྱི་མཚན་ཉིད་ཡིན་ཏེ། གཞིའི་ཐབས་དེ་ལ་འགགས་མེད་དུ་རྟོགས་པའི་ཐབས་ཀྱིས་གཉིས་མེད་དུ་རྣམ་པར་སྦྱོར་བས། དེ་ཀ་སྒོམ་པའི་ཐབས་ཆེན་པོ་གོམས་པའི་ཐབས་ལས་བྱུང་བའི་འབྲས་བུས་སམ་ཡོན་ཏན་གྱི་ཆེ་བ་དེ་ནི་རྟོགས་པ་བྱང་བ་ཡེ་ཤེས་སྒྱུ་མར་ཆུབ་སྐྱེ་འཇིག་མེད་པས་རྡོ་རྗེ། ཡུལ་ཡུལ་ཅན་གཉིས་སུ་འཛིན་པ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་མཆོག་ཡིན་ནོ་ཞེས་སྨྲས་སོ། །གཉིས་པ་ཁྱད་པར་ལ་གཉིས་ཏེ། །བགྲང་། དང་པོ་སྙིང་རྗེའི་ངོ་བོ་ལ་ཚད་མེད་བཞི་ཚང་བས་མངོན་པར་གདུང་བ་ཡོད་མེད་ཀྱི་ཁྱད་པར་དང་། དྲང་། ཤེས་བྱ་ཕྱི་ནང་གི་ཆོས་ཐམས་ཅད་དུ་ནི་རིག་པ་ཡེ་ཤེས་སྒྱུ་མ་རང་གསལ་བའི་ཕྱིར། ཡེ་ཤེས་སྒྱུ་མ་མ་ཡིན་པའི་ཆོས་འགའ་ཙམ་ཡང་ཡོད་པ་མ་ཡིན་པས། རྒྱུའི་ཐེག་པའི་སྙིང་རྗེ་ནི་མས་བུ་ལ་གདུང་བ་དང་འདྲ་བར་ཡུལ་ཡུལ་ཅན་དུ་འགྲོ་བ་མ་བསྒྲལ་བར་འདིར་ཡུལ་བྲལ་གཉིས་མེད་དུ་དུས་གཅིག་བསྒྲལ་བས། གསོད་པ་སྟེ་དགྲ་གསོད་པ་ལྟ་བུ་ནི་མ་ཡིན་པས་ཆེན་པོ་ནི་གཉིས་སུ་མེད་པའི་སྙིང་རྗེ་ཚད་མེད་པའི་རང་བཞིན་ཡིན་ཏེ། དེ་ལ་བདག་གཞན་གཉིས་སུ་མི་འབྱེད་པས་ཕན་པ་ངང་གིས་རྫོགས་པའི་ཆ་ནས་བྱམས་པ་ཆེན་པོའོ། །གཉིས་མེད་ཀྱི་ངང་ལ་འགྱོད་བྱའི་ཡུལ་མེད་པས་མི་འགྱོད་པའི་ཆ་ནས་དགའ་བའི་མཆོག་སྟེ་དགའ་བ་ཚད་མེད་དོ། །བདག་གཞན་གཉིས་འབྲལ་བ་མེད་པ་འགྲོ་བ་ཀུན་ལ་སྙོམས་པའི་ཆ་ནས་བཏང་སྙོམས་ཚད་མེད་པ་སྟེ། འདི་ནི་ཡེ་ཤེས་རང་གསལ་ཉིད་ལ་ཚད་མེད་པ་བཞི་ཚང་ཚུལ་བརྩིས་པའོ། །དེ་ལྟར་ལྷ་ཚངས་པར་སྐྱེ་བའི་རྒྱུ་ཚད་མེད་བཞི་སྙིང་རྗེ་ཆེན་པོ་བསྒོམ་པ་ལ་ཚང་སྟེ། ངོ་བོ་གཅིག་པར་དུས་གཅིག་ལ་རྫོགས་པའོ། །དེའི་ཕྱིར་རྒྱུའི་ཐེག་པ་ལྟར་ཡུལ་ཡུལ་ཅན་གྱི་མངོན་པར་ཞེན་པའི་གདུང་བ་གསང་སྔགས་ཀྱི་སྙིང་རྗེ་ཆེན་པོ་ཡེ་ཤེས་སྒྱུ་མ་བསྒོམ་པ་དེ་ལ་མེད་དོ། །གཉིས་པ་སྙིང་རྗེའི་ཡུལ་ལ་དམིགས་དགོས་མི་དགོས་ཀྱི་ཁྱད་པར་རོ། །དྲང་། རྒྱུའི་ཐེག་པ་ལྟར་ཡུལ་ཡུལ་ཅན་གྱི་གདུང་བ་མེད་པ་དེའི་ཕྱིར། རྒྱུའི་ཐེག་པས་འཁོར་བའི་རྒྱུ་མ་རིག་པ་དང་། རྐྱེན་ལས་ཉོན་དང་། འབྲས་བུ་སྡུག་བསྔལ་དང་། དུས་ཐོག་མ་མེད་པ་དང་། རང་བཞིན་དེ་མ་ཡིན་པ་ལ་དེར་འཛིན་པའི་འཁྲུལ་བ་དང་། འཁྲུལ་ཚུལ་རྟེན་འབྲེལ་བཅུ་གཉིས་སུ་དུས་རྒྱུན་གྱིས་འཁོར་བ་དང་། ཉེས་པ་ཡང་དག་པའི་དོན་ལས་ཉམས་པ་དང་། ངོ་བོ་འགྲོ་དྲུག་སྣོད་བཅུད་སྣ་ཚོགས་སུ་སྣང་བ་དང་། དེས་ཐར་དཀའ་བས་ན་བཙོན་གྱི་ར་བ་ལྟ་བུ་སྟེ། འབྲས་བུ་དང་ངོ་བོ་གཅིག་ཏུ་བསྡུས་པས་བརྒྱད་དང་ལྡན་པའི་ཡུལ་སེམས་ཅན་རྣམས་ལ་དམིགས་ནས་ཚད་མེད་བཞི་སྐྱེ་བ་དང་། སྔགས་ཀྱི་སྙིང་རྗེ་ཆེན་པོ་དེ་ཡིས་སྐྱེ་བྱ་སྐྱེ་བྱེད་གཅིག་པར་ཤེས་པར་ཚད་མེད་བཞི་སྙིང་རྗེ་ཆེན་པོ་གཅིག་ལ་ཚང་བར་འབྱུང་བ་ནི། ཕ་རོལ་ཕྱིན་པས་ཡུལ་ཡུལ་ཅན་དུ་ཚད་མེད་བཞི་ཐ་དད་དུ་སྐྱེ་བ་དང་། སྔགས་ཀྱི་ཚད་མེད་བཞི་ནི་ངོ་བོ་གཅིག་ཅིང་ཡུལ་བྲལ་གཉིས་མེད་འདོད་པའི་ཕྱིར་དེ་གཉིས་མཚུངས་པའམ་འདྲ་བ་མ་ཡིན་ནོ། །བཞི་པ་ངོ་བོ་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། སྙིང་རྗེ་ཆེན་པོ་ཡེ་ཤེས་སྒྱུ་མ་དེ་དག་རང་གི་ངོ་བོ་ཉིད་བསྟན་པ་པའང་གང་ཞེ་ན། དོན་ངོ་བོ་ངོས་བཟུང་བའི་རྣམ་གྲངས་བཞིན་དུ་མིང་གི་རྣམ་གྲངས་ཀྱང་འཇུག་སྟེ། བསྒོམ་བྱ་དོན་གྱི་ངོ་དང་། བསྒོམ་བྱེད་རྣལ་འབྱོར་ཏིང་ངེ་འཛིན་གྱི་ངོ་བོ་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བ་ཡིན། བསྒོམ་བྱ་སྒོམ་བྱེད་གཉིས་སུ་ཕྱེ་བས་ན་ཟུང་གཅིག་ཡ་གཉིས་སུ་འགྱུར་ལ། ཞོར་ལ་སྒོམ་པའི་ངེས་ཚིག་དང་གསུམ་དུ་འབྱུང་ངོ་། །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། ངོ་བོ་དང་རྣམ་གྲངས་ཐུན་མོང་དུ་བསྟན་པ་དང་། ངེས་ཚིག་གོ། །དང་པོ་ལ་གཉིས་ཏེ། བསྒོམ་བྱ་དོན་གྱི་ངོ་བོ་ནི་རྣམ་གྲངས་དང་། བསྒོམ་པ་ཏིང་ངེ་འཛིན་གྱི་ངོ་བོའོ། །དང་པོ་ལ་གཉིས་ཏེ། སྒྱུ་མའི་ངོ་བོ་དྲུག་གི་དམིགས་རྒྱས་པར་བཤད་པ་དང་། སྒྱུ་མ་དམིགས་མེད་རང་སྣང་དགོས་ཆེད་དང་བཅས་པའོ། །དང་པོ་ལ་དྲུག་སྟེ། བགྲང་། དང་པོ་ལོག་རྟོག་སྒྱུ་མ་དང་། དྲང་། དང་པོ་མདོར་བསྟན་ལ་གསུམ་ཡོད་པ་ལས་ངོ་བོ་སྟེ། དེ་ལ་དྲུག་ཡོད་པ་ལས་དང་པོ་ནི། །དེ་མ་ཡིན་པ་ལ་དེར་འཛིན་གྱིས་ལོག་རྟོག་སྣང་དུས་མ་གྲུབ་པས་སྒྱུ་མ་དེའི་ངོ་བོ་ནི། ཆོས་ཀྱི་བདག་རྣམ་ཤེས་ཚོགས་བརྒྱད་ཀྱི་ཕྲ་འཛིན་དང་། གང་ཟག་གི་བདག་ཕུང་པོ་ལྔའི་རགས་འཛིན་དང་ཕྱི་ནང་གི་སྣོད་བཅུད་ཀྱི་དངོས་པོ་རྣམས་ངོ་བོ་མེད་པ་ལས་ངོ་བོ་རང་རྒྱུད་པར་ཡོད་པ་དང་། རྟག་པ་དང་། བདེན་པ་ལ་སོགས་པར་རྟོག་པས་ནན་གྱིས་སྒྲོ་བཏགས་པས་ལོག་པ་དང་། གཉིས་འཛིན་གྱི་རྣམ་པར་རྟོག་པ་བདེན་པས་སྟོང་པས་ན་སྒྱུ་མ་ལྟ་བུ་དེ་གོམས་པའི་ཀློང་འབའ་ཞིག་ཏུ་གྱུར་པས་ན་ལོག་རྟོག་ཅེས་བྱ། རྒྱུ་རྐྱེན་ལས་སྐྱེས་ནས་སྣང་ཡང་འགྱུར་ནས་མི་བདེན་ཅིང་བསླུ་བས་སྒྱུ་མའི་ངེས་ཚིག་འགྲུབ་བོ། །གཉིས་པ་རྟེན་འབྲེལ་གྱི་སྒྱུ་མ་དང་། དྲང་། ཀུན་རྫོབ་རྒྱུ་རྐྱེན་ལ་བརྟེན་ཅིང་འབྲས་བུ་དང་འབྲེལ་བར་འབྱུང་བ་ཡང་དཔེ་ཤིང་རྟའི་འཕང་ལོ་བཞིན་དུ་འཁོར་བ། དེ་རང་རྒྱུད་དུ་མ་གྲུབ་སྟེ་འཇིག་རྟེན་གྱི་རྣམ་པར་རྟོག་པའི་རྟེན་འབྲེལ་དུ་སྣང་བ་དེས་བསླུ་བས་གཟུགས་བརྙན་དང་འདྲ་བའི་ཕྱིར། དཔེར་ན་སྒྱུ་མའི་རྒྱུ་རྐྱེན་ལ་རྟ་གླང་འཁོར་སྐྱེ་བ་ལྟ་བུ། ལས་ཉོན་གྱི་རྒྱུ་རྐྱེན་འཚོགས་པ་ལས་སྐྱེས་ཤིང་། འཕྲལ་དུ་བདེན་པ་ལྟར་སྣང་ནས། སས་བརྟན་ཆུས་སྡུད་པ་ལ་སོགས་པའི་བྱ་བ་ཀུན་དོན་བྱེད་ནུས་པ་ལྟར་སྣང་ཡང་། འགྲོ་བ་ལོག་རྟོག་ཅན་རྣམས་ལ་རང་རང་དང་མཐུན་པར་སྣང་བར་ཟད་ཀྱི། དོན་སྣང་ལ་རང་བཞིན་མེད་པས་གཟུགས་བརྙན་དང་འདྲ་བའི་ཕྱིར། བློ་རིག་ཤེས་ཀྱིས་བརྟག་པས་དངོས་པོ་རང་རྒྱུད་དུ་གྲུབ་པ་མེད་དེ་དབེན་པས། གཏན་ཚིག་དེའི་ཕྱིར་ཕྱི་ནང་གི་ཆོས་ཐམས་ཅད་མི་བདེན་ཏེ་རྫུན་པ་སྒྱུ་མ་ཙམ་ཡིན་ཏེ། ཀུན་རྫོབ་ཏུ་མིང་ཙམ་དུ་སྣང་བ་ལས་དོན་དམ་པར་དངོས་པོ་རང་རྒྱུད་དུ་མེད་དེ། དེ་ཡང་ཡང་དག་ཏུ་གྲུབ་པར་བདེན་པ་འདོད་པ་མིན་ནོ། །གསུམ་པ་ཡང་དག་སྒྱུ་མ་དང་། དྲང་། ཡང་དག་པར་བདེན་པ་ཉིད་དུ་གྲགས་སོ་ཅོག་འཁོར་འདས་སམ། ཡུལ་ཤེས་གཉིས་སུ་སྣང་བའི་དུས་ཉིད་ན་ཕྱོགས་གཅིག་པ་གང་ཡང་གྲུབ་པ་མིན་པས། སེམས་ཉིད་རང་སྣང་ཕྱིར་འཁོར་འདས་ཀྱི་དངོས་པོ་ཇི་ལྟར་སྣང་ཡང་རྒྱུ་རྐྱེན་མེད་པར་རིག་པ་རང་འཆར་བ་ཡིན་པས་འཁོར་འདས་ལ་སོགས་ཐ་དད་པར་སྣང་བའི་དུས་ལ་ངོ་བོ་ཕྱོགས་གཅིག་པ་གང་ཡང་ངེས་པ་མེད་ཅིང་། མེད་བཞིན་དུ་རང་གི་བློས་ཕྱེ་བས་ཇི་ལྟར་བལྟས་པ་ལྟར་སྣང་བ་དང་། སྣང་བཞིན་དུ་ཕྱོགས་གཅིག་པར་ཐེར་ཟུག་པ་མ་ཡིན་པས་རྟག་མཐའ་དང་བྲལ་ལ། སྣང་ཆ་མ་འགགས་པས་ཆད་པའི་མཐའ་དང་བྲལ་བའོ། བཞི་པ་ཐབས་སྒྱུ་མ་དང་། དྲང་། རྒྱལ་བའི་སྐུ་ཕྱག་རྒྱར་སྣང་བ་ཡང་རྒྱུ་རྐྱེན་གྱིས་མ་བསྐྱེད་པར། རང་གི་རིག་པའི་ཡེ་ཤེས་ཉིད་ལྷའི་སྐུ་ཕྱག་རྒྱར་སྒྱུ་མར་ཤར་ནས་སྣང་བ་དང་། ཁམས་གསུམ་འཁོར་བའི་ཆོས་ཐམས་ཅད་སྣང་བ་དེ་ཡང་། རྒྱུ་རྐྱེན་གྱིས་མ་བསྐྱེད་པར་རིག་པ་ཡེ་ཤེས་སྒྱུ་མ་ཤར་བ་དེ་བཞིན་དུ་ཡིན་པ་ངེས་ན་ཆོས་ཐམས་ཅད་རྩལ་འགགས་པ་མེད་པར་ཐབས་ཆེན་པོ་རིག་པ་ཡེ་ཤེས་སྒྱུ་མ་ཉིད་ནི་འཁོར་འདས་ཀྱི་ཆོས་ཀུན་གྱི་ངོ་བོ་ཡིན་ནོ། །ལྔ་པ་ཡེ་ཤེས་སྒྱུ་མ་དང་། དྲང་། ཡེ་གདོད་མ་ནས་ཆོས་ཀུན་ཡེ་ཤེས་སྒྱུ་མར་གནས་པ་ལ་ནི་རྟོག་པའི་བློ་ཡེ་ཤེས་སྒྱུ་མར་ཤར་བས་རོལ་ཞིང་། དེ་ལྟར་ཡེ་ཤེས་རོལ་པ་ཉིད་ཀྱང་རང་རྒྱུད་དུ་མ་གྲུབ་པ་གསོག་སྟེ་སྙིང་པོ་མེད་པའོ། །འོ་ན་སྙིང་པོ་མེད་པས་འགྲོ་བའི་དོན་བྱེད་མི་ནུས་སོ་ཞེ་ན། ནུས་པ་ནི་འདི་ལྟ་སྟེ། དྲུག་པ་ཕྱག་རྒྱ་སྒྱུ་མའོ། །དྲང་། རྒྱལ་བ་སྤྲུལ་པའི་སྐུ་འགྲོ་དྲུག་གིས་མངོན་སུམ་དུ་བྱུང་ཞིང་འཁོར་བའི་སྡུག་བསྔལ་སྐྱོབ་པ་དང་། སྤྲུལ་སྐུ་དེ་དག་འབྱུང་བའི་ཕུག་པོ་བྱིན་རླབས་ཀྱིས་སྟོན་པ་ལོངས་སྐུའི་སངས་རྒྱས་ཐམས་ཅད་ཀྱང་། རང་རྒྱུད་པར་མ་གྲུབ་པའི་དཔེ་དོན་གོང་དུ་བཤད་པ་དེ་བཞིན་ཏེ། དོན་ཆོས་ཉིད་རང་བྱུང་གི་ཡེ་ཤེས་རང་སྣང་བ་ཡིན་ནོ། །གཉིས་པ་སྒྱུ་མ་གཉིས་མེད་རང་སྣང་དགོས་ཆེད་དང་བཅས་པའོ། །དྲང་། དེ་རྣམས་རྒྱུ་རྐྱེན་གཞན་ལ་རག་ལུས་མེད་པའི་ཕྱིར་ན། ཡེ་ཤེས་སྒྱུ་མའི་ངོ་བོར་གཉིས་སུ་མེད་ཅིང་སྐྱེ་འཇིག་དང་བྲལ་བས་རྡོ་རྗེ་དེའི་ངོ་བོར་འགྱུར་བ་མེད་པས་བཙན་པོ་ཞེས་བྱ་སྟེ། འདུས་བྱས་ལས་ཁྱད་པར་དུ་གྱུར་པས་མཆོག་ཁོ་ན་སྟེ། ཀུན་བྱེད་ལས། རྒྱུ་ཉིད་རྡོ་རྗེ་རྐྱེན་དང་བྲལ། །མ་སྐྱེས་པས་ན་འཇིག་པ་མེད། །ཅེས་སོ། །ཡིན་ཚུལ་ནི་དོན་དམ་པ་འདུས་མ་བྱས་ཀྱི་སེམས་ཉིད་དེ་ཀུན་རྫོབ་ཏུ་འདུས་བྱས་འདི་ལྟར་དུ་སྣང་བའི་ཆོས་ཐམས་ཅད་ལ་ཤར་ནས་སྣང་། འདུས་བྱས་སུ་ཤར་ནས་སྣང་བའི་དུས་ན་འདུས་མ་བྱས་དང་དབྱེར་མེད་པས་རྡོ་རྗེ་ཉིད་ཡིན་པའི་ཕྱིར་བདེན་གཉིས་ངོ་བོ་གཉིས་སུ་སྣང་བའི་དུས་ན་ཐ་དད་མེད་དེ་དབྱེར་མེད་དོ། །འོ་ན་སྣང་སྟོང་རེས་མོས་སུ་བསྒོམ་པ་ཅི་ཡིན་ཞེ་ན། གདུལ་བྱ་བློ་དམན་པར་སྣང་བ་ལ་སྣང་སྟོང་བདེན་གཉིས་རེས་མོས་སུ་གོམས་པར་བྱེད་པའི་ཐབས་ཙམ་དུ་བསྟན་པར་ཟད་ཀྱིས་དོན་ཤེས་བྱ་རང་བཞིན་དབྱེར་མེད་པ་ལ་བྱའོ། །དེ་ལྟར་བསྒོམ་བྱ་དོན་གྱི་ངོ་བོ་དང་རྣམ་གྲངས་ཐུན་མོང་དུ་བསྟན་པ་འདི་ལ། སྒྱུ་མའི་དངོས་པོ་དྲུག་དོན་ལ་བདེན་པ་དབྱེར་མེད་དུ་སྟོན་པ་ལ་བདུན་ཏེ། དང་པོ་སྒྱུ་མའི་དངོས་པོ་དྲུག་ནི། གསང་བདག་སྒྲོ་ཕུག་པའི་བཞེད་ཀྱིས། ལོག་རྟོག་སྒྱུ་མ་དང་། རྟེན་འབྲེལ་སྒྱུ་མ་དང་། ཡང་དག་གམ་རིག་པ་སྒྱུ་མ་དང་། ཕྱག་རྒྱ་སྒྱུ་མ་དང་། ཐབས་སྒྱུ་མ་དང་། ཡེ་ཤེས་སྒྱུ་མའོ། །དེ་དག་ལ་ཉེ་སྟོན་ཆོས་ཀྱི་སེང་གེ་ན་རེ། ལོག་རྟོག་སྒྱུ་མ་ནི། བདག་གཞན་དགྲ་གཉེན་དུ་སྣང་བའི་ལོག་རྟོག་མི་བདེན་ཅིང་བསླུ་བས་སྒྱུ་མའོ། །གཉིས་པ་རྟེན་འབྲེལ་སྒྱུ་མ་ནི། སྣང་བ་འདི་དག་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བ་སྟེ། རྒྱུ་རྐྱེན་ལས་སྐྱེས། དོན་བྱེད་ནུས་མཐུན་པར་སྣང་། ཡང་དག་པར་སྟོང་སྣང་བས་ན་རྟེན་འབྲེལ་སྒྱུ་མའོ། །གསུམ་པ་ཡང་དག་གམ་རིག་པ་སྒྱུ་མ་ནི། འདི་ལྟར་སྣང་བ་འདི་དག་ཐམས་ཅད་ཀུན། རང་རིག་ཡེ་ཤེས་ཀྱི་སྣང་བ་ཡིན་ལ། སྣང་ཙམ་ན་ངོ་བོ་གྲུབ་པ་མེད་དེ། ཐེར་ཟུག་རྟག་ཆད་ཀྱི་མཐའ་ལས་གྲོལ་བས་སྒྱུ་མའོ། །བཞི་པ་ཕྱག་རྒྱ་སྒྱུ་མ་ནི། རྒྱལ་བའི་སྐུ་ཕྱག་རྒྱ་ཆེན་པོར་མ་འགགས་པར་གསལ་ལ། ལྷ་རང་རྒྱུད་པར་མ་གྲུབ་པས་སྒྱུ་མའོ། །ལྔ་པ་ཐབས་སྒྱུ་མ་ནི། སྣང་བ་འདི་འགག་མེད་སྣ་ཚོགས་སུ་ཤར་བས་ཐབས་སོ། །དེ་ལ་རང་རྒྱུད་པ་མེད་པས་སྒྱུ་མའོ། །དྲུག་པ་ཡེ་ཤེས་སྒྱུ་མ་ནི། ཐམས་ཅད་རང་རིག་པའི་ཡེ་ཤེས་སྒྱུ་མའི་སྣང་བ་ལ། རང་རིག་ཏུ་སྣང་ཙམ་རང་རྒྱུད་དུ་མེད་པའོ། །བདུན་པ་དོན་ལ་བདེན་པ་དབྱེར་མེད་ནི། སྒྱུ་མའི་རྣམ་གྲངས་ཅི་སྙེད་བརྗོད་ཀྱང་དོན་ལ་བདེན་པ་གཉིས་སུ་མེད་པའོ། །དེ་དག་ཆོས་ཅན་ཚར་ནོན་ལྟ་བུ་གཅིག་ལ་སྦྱར་ན། ཚར་ནོན་གྱི་དབྱིབས་ཁ་དོག་ཏུ་སྣང་བ་ལོག་རྟོག །རང་རྒྱུད་པ་མེད་པ་སྒྱུ་མའོ། །འདི་ཀ་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་ཞིང་། རང་རྒྱུད་པ་མེད་པས་རྟེན་འབྲེལ་སྒྱུ་མ། དེ་ཀ་སེམས་ཉིད་ཀྱི་སྣང་བ་ཡིན་པས། ངོ་བོ་མེད་བཞིན་དུ་སྣང་བ་སྟེ་ཐེར་ཟུག་རྟག་ཆད་ཀྱི་མཐའ་ལས་གྲོལ་བས་ཡང་དག་གམ་རིག་པ་སྒྱུ་མ། འདི་ཀ་བསྐྱེད་རིམ་ལྷ་སྐུ་བསྒོམ་པ་རྣམས་ལ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་སྣང་ཞིང་སྣང་བ་རང་རྒྱུད་པ་མེད་པས་ཕྱག་རྒྱ་སྒྱུ་མ། རང་རིག་པའི་ཡེ་ཤེས་ཉིད་དབྱིབས་ཁ་དོག་ཏུ་མ་འགག་པར་ཤར་བས་ཐབས་སྒྱུ་མ། འདི་ཀ་རང་རིག་ཡེ་ཤེས་སྒྱུ་མ་ཅིས་ཀྱང་མི་སྒྲིབ་པར་གསལ་བ་ལས་མ་གཡོས་ཤིང་། རང་རྒྱུད་པ་མེད་པས་ཡེ་ཤེས་སྒྱུ་མའོ། །འདི་ལ་བཀའ་སྡེ་ཟུར་པ་ཚོ་བྱིན་གྱི་པོའི་བཞེད་ཀྱིས། བསྒོམ་བྱ་དོན་གྱི་ངོ་བོ་སྒྱུ་མའི་དངོས་པོ་དྲུག་ཏུ་བཞེད་དོ། །དེ་ལྟར་སྒྱུར་མ་དྲུག་པོ་སྤྱིར་ཀུན་བསྒོམ་མམ། བྱེ་བྲག་གཅིག་བསྒོམ་ཞེ་ན། ལམ་ཆུང་ལས། དེ་ཡང་གཉིས་མེད་ཕྱག་རྒྱ་དངོས། །ཕྱག་རྒྱ་ཤེས་མོད་དུས་མིན་ཕྱིར། །མི་བསྒོམ་གཅིག་ཤོས་རང་རིག་ལ། །ཞེས་གསུངས་པས། འདིར་ཕྱི་ནང་ཡུལ་སེམས་ཀྱི་དངོས་པོ་རྣམས་སྣང་ལ་རང་བཞིན་མེད་པ་ཡེ་ཤེས་སྒྱུ་མའི་ཚུལ་དུ་བསྒོམ་མོ། །ཆོས་ཀྱི་སྤྱན་ལྡན་གསང་བདག་སྒྲོ་ཕུག་པའི་གསུང་གིས། སྒྱུ་མ་དྲུག་ནི། སྒྱུ་མའི་རྣམ་གྲངས་ལ་དབྱེ་བ་ཡིན་ལ། བསྒོམ་བྱའི་ངོ་བོ་ནི། ཡེ་ཤེས་སྒྱུ་མ་ཁོ་ན་གསུངས་པ་ནི། སངས་རྒྱས་གསང་བའི་དགོངས་པ་ཁོ་ན་དང་མཇལ་བ་ཡིན་ནོ། །ཉེ་སྟོན་ཆོས་ཀྱི་སེངྒེ་ན་རེ། ཀུན་སྣང་གི་སྐབས་འདིར་ཕྱག་རྒྱ་སྒྱུ་མ་བསྒོམ་མམ་མི་བསྒོམ། བསྒོམ་ན་ཕྱག་རྒྱ་གཅིག་པ་དང་ཁྱད་མེད་ཅིང་། མི་བསྒོམ་ན་ཕྱག་རྒྱ་སྒྱུ་མ་བཤད་པ་ལ་དགོས་པ་མེད་དོ་ཅེ་ན་འདིར་ཕྱག་རྒྱ་སྒྱུ་མ་བསྒོམས་ལ། མ་ཀིར་ཕྱག་རྒྱ་དབྱེར་མེད་དུ་བསྒོམས་པས་ཁྱད་ཡོད་དོ་ཞེས་གསུངས་སོ། །བླ་མ་རྩང་པ་ན་རེ། ལོག་རྟོག་སྒྱུ་མ་བསྒོམ་མམ་མི་བསྒོམ། བསྒོམ་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གྲོལ་ཞིང་ཐར་བར་འགྱུར་རོ་ཞེ་ན། ལོག་རྟོག་སྒྱུ་མར་བསྒོམ་གསུངས་སོ། །ཡང་ལྕེ་སྟོན་གྱི་འགྲེལ་བར་སྔ་མ་གསུམ་གོམས་པས་འཁོར་བའི་བདེན་འཛིན་འཇིག་ལ། ཕྱི་མ་གསུམ་བསྒོམས་པས་མྱ་ངན་ལས་འདས་པའི་བདེན་འཛིན་འཇིག་པར་འདོད་པ་ནི། རྩོམ་པ་པོའི་ཐུགས་དགོངས་ཡིན་ཏེ། འཁོར་བ་ངན་ཞེན་གཅོད་པའི་སྒྱུ་མ་གསུམ། འདས་པའི་བཟང་ཞེན་གསུམ་བཅད་པའི་སྒྱུ་ལུས་གསུམ་ཡིན་ལ། ཞེས་དཀྱུས་ལ་གསལ་བས་རིམ་པར་འཛིན་ནོ། །གཉིས་པ་སྒོམ་གྱི་ཏིང་ངེ་འཛིན་གྱི་ངོ་བོ་ནི། དྲང་། འགྲོ་བ་སེམས་ཅན་ལ་ཤེས་པའི་སེམས་རྒྱུད་སྐད་ཅིག་མ་གཅིག་ལ། ཉོན་མོངས་པ་དང་ཡེ་ཤེས་གཉིས་དུས་གཅིག་ཏུ་མི་ལྡན་ཏེ། དེ་ལྟར་ཤེས་པའི་རྒྱུད་གཅིག་པོ་ཉིད་དོན་དམ་པར་མ་སྐྱེས་ལ་ཀུན་རྫོབ་སྒྱུ་མར་ཅིར་ཡང་མི་འགགས་པར་འཆར་ཏེ། དེ་གཉིས་དབྱེར་མེད་པས་ན། གཟུང་བའི་ཡུལ་དང་འཛིན་པའི་སེམས་གཉིས་དང་བྲལ་བའི་རང་རིག་པ་ཉིད། ཡེ་ཤེས་སྒྱུ་མའི་ངོ་བོར་མི་གཡོ་བས་ཞི་གནས་དང་། ཐམས་ཅད་གསལ་བས་ལྷག་མཐོང་ཡིན་ཏེ། དཔེ་ཆུ་དངས་པའི་ནང་དུ་ཟླ་བའི་གཟུགས་བརྙན་སྣང་བ་ཅི་བཞིན་དུ། ཞི་གནས་དང་ལྷག་མཐོང་ཐ་མི་དད་དེ་མཚུངས་པར་གསལ་བ་ཡེ་ཤེས་སྒྱུ་མར་བསྒོམ་པའི་ཏིང་ངེ་འཛིན་གྱི་ངོ་བོར་བརྗོད་དོ། གཉིས་པ་ངེས་ཚིག་གོ། །དྲང་། རང་གི་སེམས་ཉིད་ལས་མ་གཏོགས་པའི་འཁོར་འདས་ཀྱི་ཆོས་གཞན་མེད་པའི་ཕྱིར། བསྒོམ་བྱ་ཡེ་ཤེས་སྒྱུ་མ་ཡང་སེམས་ལས་གཞན་ན་མེད་དེ། །ཡེ་ཤེས་སྒྱུ་མར་སྣང་བའི་སེམས་ཉིད་ཀྱང་སྒྱུ་མ་ཙམ་དུའང་ཆགས་ཞེན་དང་བྲལ་བར་གནས་པ་དེ་ལ་ཐ་སྙད་ཀྱི་ཚིག་ཙམ་དུ་བསྒོམ་ཞེས་བྱ་བའི་ངེས་ཚིག་གོ། །ལྔ་པ་མི་མཐུན་པའི་སྐྱོན་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། ཀུན་སྣང་གི་ཏིང་ངེ་འཛིན་དང་མི་མཐུན་པའི་སྒྲིབ་པའི་སྐྱོན་གྱིས་དམིགས་བཟུང་བ་ནི་གསུམ་སྟེ་གང་ཞེ་ན། སྐྱོན་བསྐྱེད་པར་བྱེད་པའི་རྒྱུ་དང་། སྐྱོན་རང་གི་ངོ་བོ་དང་། སྐྱོན་དབང་དུ་སོང་བའི་ཉེས་པ་བསྟན་པ་དང་གསུམ་ཞེས་བྱའོ། །གཉིས་པ་རྒྱས་པར་བཤད་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་སྐྱོན་གྱི་རྒྱུ་དང་། དྲང་། སྔར་སྙིང་རྗེ་སྒྱུ་མའི་ཏིང་ངེ་འཛིན་ལ་མ་གོམས་པས་གཡོ་ཐོབ་ཀྱི་དུས་ཀྱི་སྐྱོན་དང་། མི་དགོས་བཞིན་དུ་བརྩོན་འགྲུས་ཆེད་དུ་བྱེད་པ་གོམས་བརྟན་གྱི་སྐྱོན་འབྱུང་བར་བྱེད་དེ། དཔེར་ན་རྒྱུ་མེ་ཡོད་པ་དང་འབྲས་བུ་དུ་བ་ཤུགས་ལས་འབྱུང་བར་འགྱུར་བའི་ཚུལ་བཞིན་དུ། རྒྱུ་བདག་ཏུ་འཛིན་པ་བསྒོམ་བྱ་སྒོམ་བྱེད་དམ། གང་ཟག་དང་ཆོས་ཀྱི་བདག་རྣམ་པ་གཉིས་ཀྱིས་འབྲས་བུ་སྒྱུ་མའི་ཏིང་ངེ་འཛིན་གསལ་དུ་མི་སྟེར་བའི་སྒྲིབས་པའི་སྐྱོན་རྣམས་རྒྱུད་ལ། འབྱུང་བར་བྱེད་དོ། །གཉིས་པ་ངོ་བོ་ལ་གཉིས་ཏེ། ཏིང་ངེ་འཛིན་ལ་གནས་དུས་ཀྱི་སྐྱོན་དང་། ཁམས་ཀྱི་སྐྱོན་ནོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་སྤྱིའི་སྐྱོན་འབྲིང་དང་ཉུང་བར་བསྟན་པ་དང་། དྲང་། སྙིང་རྗེ་ཡེ་ཤེས་སྒྱུ་མའི་སྔོན་དུ་དེ་ཏིང་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ཇི་བཞིན་པ་ཉིད་ལ་བརྟན་པ་ཐོབ་མོད་ཀྱང་། རྒྱུ་དེ་ཏིང་དང་འབྲས་བུ་ཕྱག་རྒྱ་གཅིག་སྤྲོས་གཉིས་ཀྱི་མཚམས་སྦྱོར་བའི་སྙིང་རྗེ་སྒྱུ་མའི་སྐབས་འདིར་སྐྱོན་གཡུང་བ་ཙམ་མ་གཏོགས་པ་མི་འབྱུང་བ་མིན་པས། འོན་ཀྱང་དེ་ཏིང་སྐབས་སུ་བརྗོད་པའི་སྐྱོན་གྱིས་བྱེ་བྲག་ཀུན། དེ་ཏིང་ལས་འདིར་ངོ་བོ་འབྲིང་པོ་དང་། གྲངས་བག་ཙམ་གྱིས་ཉུང་བར་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཐ་མལ་བའི་རྟོག་པ་རགས་པ་དང་མང་བའི་སྐྱོན་གྱིས་རྐྱེན་རྣམས་སྤང་བའི་འདུ་བྱེད་བརྒྱད་ཀྱིས་སྤངས་ཤིང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་སྔར་གོམས་པས། ཐ་མལ་གྱི་རྐྱེན་རགས་པ་སྔར་བས་དཀོན་ནོ། །གཉིས་པ་ཁྱད་པར་གྱི་སྐྱོན་ནོ། །དྲང་། འོན་ཀྱང་སྙིང་རྗེ་ཆེན་པོ་འདི་ཉིད་རང་བསྒོམ་པའི་དུས་སུ་རྒོད་པའི་སྐྱོན་སེམས་ཡུལ་ལ་འཕྲོ་བ་དང་། བྱིང་བས་ནང་དུ་སྡུད་པ་དང་། ཡུལ་མ་ངེས་པའི་ས་ཕྱོགས་སུ་མཁར་ཁྱིམ་དང་བཅས་པ་མཐོང་ནས་སེམས་དེ་ཕྱོགས་སུ་ཤོར་བ་དང་། ས་ཆུ་མེ་རླུང་ལ་སོགས་ཟད་པར་གྱི་སྐྱེ་མཆེད་མཐོང་ནས་དེའི་རྗེས་སུ་སེམས་འབྲང་བ་དང་། ཁ་དོག་གཅིག་ཏུ་མ་ངེས་པའི་མདོག་སྣ་ཚོགས་མཐོང་བ་དང་། གཉིས་པ་ཁམས་ཀྱི་སྐྱོན་ནོ། །དྲང་། མེ་མཁྲིས་པ། ཆུ་ཁྲག །རླུང་དངོས། ས་བད་ཀན་ཏེ་འབྱུང་བ་བཞིའི་ཁམས་ཀྱི་ཆ་འཁྲུལ་བས། ཏིང་ངེ་འཛིན་དོན་མི་གསལ་བའམ། ཁ་དོག་གམ་མདོག་སྟེ། མཁྲིས་པ་ལྗང་གུའམ་སེར་པོ། ཁྲག་དམར་པོ། རླུང་སྔོ་སྐྱའམ་སྐྱ་བོ། བད་ཀན་སྨུག་པོ་ལ་སོགས་པའི་ནད་ཁམས་ཀྱི་ཁ་དོག་མཐོང་ནས། ཁམས་འཁྲུགས་པའམ། རྟོག་པའི་སྐྱོན་རྣམས་གང་ཡིན་པ་བལྟ་བར་བྱའོ། །ས་གཡོས་པ་མཐོང་བའང་། འབྱུང་བ་དང་། བདུད་དང་། བྱང་སེམས་དང་། ཉམས་རྟགས་དང་ཁམས་འཁྲུག་པ་དེ་དག་གང་ཡིན་གྱི་ཆ་དབྱེ་བར་བྱའོ། །གསུམ་པ་སྐྱོན་གྱི་ཉེས་པའོ། །དྲང་། དཔེར་ན་ནམ་མཁའ་དྭངས་པ་ལ་སྤྲིན་གྱི་ཉི་མ་སྒྲིབ་པ་དང་། ལིང་ཏོག་གིས་མིག་སྒྲིབ་པ་དང་། མུན་པས་རྫས་མི་གསལ་བར་སྒྲིབ་པ་བཞིན་དུ། སྐྱོན་གྱི་རྣམ་པ་གང་ཡིན་པ་དེ་དག་རྒྱུད་གཞུང་ལས་གྲགས་པའི་ཐུན་མོང་དང་། ཁྱད་པར་སྐྱོན་གྱི་བྱེ་བྲག་ཕྲ་བ་དང་། རིགས་པའི་ཆ་ཡིས་ཡེ་ཤེས་སྒྱུ་མའི་དོན་བློ་ལ་མི་གསལ་བ་དང་། ཉམས་སྐྱེ་བ་ཤིན་ཏུ་བུལ་བར་བྱེད་པའི་སྐྱོན་ཡོད་དོ། །དྲུག་པ་སྐྱོན་བཅོས་ཐབས་ལ་གཉིས་ཏེ། བགྲང་། དང་པོ་ཉེ་བར་བསྟན་པ་དང་། དྲང་། སྔོན་དེ་ཏིང་གི་སྐབས་སུ་བསྟན་པ་བཞིན་དུ་རྣམ་པར་རྟོག་པའི་ནད་ཀྱི་སྐྱོན་བཅོས་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཏིང་ངེ་འཛིན་ལ་གནས་དུས་ཀྱི་སྐྱོན་བཅོས་ཐབས་དང་། ཁམས་ཀྱི་སྐྱོན་བཅོས་ཐབས་སོ། །དང་པོ་ལ་གསུམ་སྟེ། ཉམས་སམ་བློ་དང་སྦྱར་ཏེ་བཅོས་པའི་ཐབས་དང་། རྒོད་པའི་དང་། བྱིང་བའི་འོ། །དང་པོ་གསུམ་སྟེ། བགྲང་། དང་པོ་བློ་རབ་ལ་རང་བྱུང་རང་ཤར་དུ་གྲོལ་བ་དང་། དྲང་། སྔོན་དུ་རང་གི་ཤེས་བཞིན་གྱི་བྱ་རབས་རྟོག་སྐྱོན་སོ་འཐས་ཆོད་དེ་སྐྱོན་ངོས་ཟིན་པར་བྱ་སྟེ། དེ་ལྟར་སྐྱོན་ངོས་ཟིན་པར་གྱུར་ན་རྐུན་པོ་བྱུང་བར་ཚོར་ན་བྲོས་པའི་ཚུལ་བཞིན་དུ། སྐྱོན་ཆེད་དུ་མ་བསལ་ཀྱང་སྐྱོན་རང་བཞིན་ཆོས་ཉིད་ཡེ་ཤེས་སྒྱུ་མའི་ངང་དུ་དྭངས་བར་འགྱུར་ཏེ། དེའི་ཅིའི་ཕྱིར་ཞེ་ན་རྣམ་རྟོག་གི་སྐྱོན་གྱི་མཚན་མ་བཟང་ངན་དང་ཕྲ་རགས་ཅི་དང་ཅི་སྐྱེས་ཀྱང་། སེམས་ཉིད་ཡེ་ཤེས་སྒྱུ་མ་ཉིད་དུ་རང་སྣང་བའི་ཕྱིར། དོན་ཆོས་ཉིད་དམ་ཏིང་ངེ་འཛིན་གྱི་བདེ་བ་ལ་ཆགས་ཤིང་རྟོག་པའི་སྐྱོན་ལ་ཞེ་སྡང་བ་དང་། དྲོད་རྟགས་འབྱུང་དུ་རེ་བ་དང་གོལ་དུ་དོགས་པའི་བློ་མི་འབྱུང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྐྱོན་གྱི་བྱེ་བྲག་ཐམས་ཅད་ཀྱང་ཡེ་ཤེས་སྒྱུ་མ་ཉིད་རང་སྣང་བ་ལས་གཞན་དུ་གྲུབ་པ་མིན་པའི་ཕྱིར་རང་བྱུང་རང་ཞིའོ། །གཉིས་པ་འབྲིང་ལ་རྟོག་པའི་གནས་ཡུལ་བལྟ་སྟེ་སྙིང་རྗེ་སྐྱེ་ནས་སྟོང་པ་དང་ཟུང་འཇུག་ཏུ་སྤྱད་པ་དང་། དྲང་། ཡང་ན་བློ་འབྲིང་གི་རྟོག་པ་གང་ནས་སྐྱེ་བའི་གནས་དང་། ཡུལ་གང་ལས་བྱུང་བ་བལྟས་པས། རྟོག་པ་དེ་གཞན་མེད་དོ། །རང་གི་སེམས་ཉིད་ཡེ་ཤེས་སྒྱུ་མར་མཐོང་བས་སྒྲིབ་པའི་མུན་པ་མ་སྤངས་ལ་རྣམ་པར་དག་པའི་ཚུལ་གྱིས་སངས་པར་འགྱུར་རོ། །གསུམ་པ་ཐ་མ་འཁྲུལ་བའི་ལོ་རྒྱུས་བྱས་ཏེ་སྙིང་རྗེ་བསྐྱེད་ནས་སྟོང་པ་དང་ཟུང་འཇུག་ཏུ་སྦྱངས་ནས་བཅོས་པའོ། །དྲང་། གོང་གི་སྐྱོན་བཅོས་ཐབས་གཉིས་པོ་དེ་ལྟར་གྱི་དོན་དང་མ་ལྡན་པའི་རྣལ་འབྱོར་པ་བློ་ཆུང་བ་གང་དག་གིས། རྟོག་པའི་སྐྱེན་སྐྱེ་བ་ཚོར་ནས་རྟོག་པ་དེ་དག་ལོ་རྒྱུས་དེ་ཉིད་དེ། དང་པོ་རྒྱུ་གང་ལས་བྱུང་བར་དུ་ངོ་བོ་གང་ཡིན་ལ་སོགས་ཤེས་རབ་ཀྱིས་དཔྱད་པས་སྐྱོན་དེ་ཉིད་སྟོང་ཉིད་སྙིང་རྗེར་ཤར་ནས་སྐྱོན་ཞི་བར་འགྱུར་རོ། །གཉིས་པ་རྒོད་པའི་སྐྱོན་དང་། དྲང་། སྔོན་དེ་ཏིང་བཞིན་སྔར་འདས་ཀྱི་དྲན་པའི་རྗེས་སུ་འབྲང་བ་དང་ཕྱིས་མ་འོངས་པ་ཡིད་ལ་སྔོན་དུ་བྱེད་པ་དང་། དེ་ལྟར་རང་བཞིན་གྱི་ཡུལ་གྱི་རྐྱེན་གྱིས་དགྱེས་ཤིང་རྒོད་པར་ཚོར་ན་འཁོར་བའི་ཐོག་མཐའི་ཉེས་པ་ལ་བསམས་ཏེ། འཁོར་བ་ལ་སྐྱོ་བ་བསྐྱེད་ལ་སྙིང་རྗེ་བསྐྱེད་ནས་རྒོད་པའི་སྐྱོན་རྣམས་དོར་ཏེ་ཏིང་ངེ་འཛིན་ལ་དྲན་པའི་ཐག་པས་བཅིང་ངོ་། །གསུམ་པ་བྱིང་བའི་སྐྱོན་ནོ། །དྲང་། གང་ཞིག་བསྒོམ་པའི་ཚེ་ན་སེམས་ནང་དུ་ཐིམ་པས་སྟེ་བྱིང་རྨུག་ཏུ་སོང་ན་ཁྲུས་བྱ་བསྐོར་བ་བྱ་ཞིང་ལུས་བཅག་ཞབས་ཀྱིས་བཅག་ཞེས་འགྲོ་བ་དཔྱད་ཁམས་བསང་ངོ་། །དྲོད་རྟགས་ལ་བྲོད་པས་དད་པ་བསྐྱེད་ནས་ཏིང་ངེ་འཛིན་ལ་འཇུག་ཅིང་སེམས་གཟིངས་བསྟོད་པར་བྱའོ། །གཉིས་པ་ཁམས་ཀྱི་སྐྱོན་བཅོས་ཐབས་སོ། །དྲང་། རང་ཉིད་ཀྱི་འདོད་པ་མིན་པའི་ཁ་དོག་ལྔ་ལ་སོགས་པ་མ་ངེས་ཤིང་མི་གསལ་བ་མཐོང་བ་ན། འབྱུང་བ་རླུང་མཁྲིས་བད་ཀན་འདུ་བ་དང་བཞིའི་གཉེན་པོས་ཏེ། ཟས་དང་སྨན་གྱིས་བཅོས་ལ་གཞིལ་བར་བྱའོ། །བདུན་པ་ཉམས་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། གོང་དུ་བསྟན་པ་དེ་ལྟར་བློ་བཞག་ཐབས་ཀྱིས་བཞག །སྐྱོན་བཅོས་ཐབས་ཀྱིས་དེ་ལྟར་བཅོས་ཤིང་བརྩོན་འགྲུས་ཀྱི་བསྒོམ་པར་འགྱུར་བའི་སྐབས་སུ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་ཉིད་ཀྱིས། ཉམས་གོང་ནས་གོང་དུ་འཕེལ་བའང་ལྔ་སྟེ་གང་ཞེ་ན། གཡོ་བ་དང་། ཐོབ་པ་དང་། གོམས་པ་དང། བརྟན་པ་དང་། མཐར་ཕྱིན་པའི་ཉམས་ཀྱིས་འོག་ནས་གོང་དུ་འགྲོ་བ་བསྒོམ་བྱའི་དོན་གྱི་ངོ་བོ་ཡེ་ཤེས་སྒྱུ་མ་ལ་ཐ་དད་མེད་ཀྱང་། སྒོམ་བྱེད་ཀྱི་བློའི་སྒྲིབ་པར་རབ་རིབ་དག་མ་དག་གོ་ཚབ་ཆེ་ཆུང་གི་ཆས་ཉམས་རིམ་པ་ལྔར་བརྗོད་དོ། །གཉིས་པ་རྒྱས་པ་དེ་ལ་ལྔ་ཏེ། བགྲང་། དང་པོ་གཡོ་བའི་ཉམས་དང་། དྲང་། ཏིང་ངེ་འཛིན་ལ་བློ་རྩེ་གཅིག་ཏུ་མི་སྡོད་པར་འཕོ་ཞིང་ཡུལ་ལ་སོ་སོར་དགྱེས་པའི་རྒོད་པ་དང་། ནང་དུ་ཐིམ་པས་བྱིང་པའི་སྐྱོན་རྣམས་དཔེར་ན་རླུང་དྲག་པོས་དེད་པའི་ཆུའི་གཉེར་མ་དང་འདྲ་བར་དོན་ལ་བློ་གནས་པ་དེ། ཏིང་ངེ་འཛིན་དང་རྟོག་པ་འདྲེས་མར་ཅུང་ཟད་ཡོད་པ་ནི། ཉིན་ཞག་གཅིག་ལ་ཐུན་དྲུག་ཅུ་རྩ་བཞིར་ཕྱེ་བའི་ཐུན་གྱི་ཚད་གཅིག་གི་སུམ་གཉིས་རྟོག་པ་ཉི་ཚེ་བ་རྒྱུ་བ་དང་། སུམ་ཆར་རྟོག་པ་དང་ཆོས་ཉིད་འདྲེས་མར་ཡོད་པའོ། །གཉིས་པ་ཐོབ་པའི་ཉམས་དང་། དྲང་། ཉིན་ཞག་གཅིག་ལ་ཐུན་སོ་གཉིས་སུ་བགོས་པའི་ཐུན་གཅིག་གི་བཞི་ཆའམ་ལྔ་ཆར་རྟོགས་པ་དེ་མེད་ཅིང་ཆོས་ཉིད་འབའ་ཞིག་རྒྱུ་ལ། བཞི་གསུམ་མམ་ལྔ་བཞི་ནི་རྟོག་པ་དང་ཆོས་ཉིད་འདྲེས་མར་རྒྱུ་བས་ན་ཐོབ་པའི་ཉམས་སོ། །འོ་ན་ཐོབ་པའི་ཉམས་ཀྱི་སྐབས་སུ་གཡོ་བའི་ཉམས་ལས་ཞེན་དུ་སོང་ངམ་ཞེ་ན། ཞེན་དུ་སོང་བ་མ་ཡིན་ཏེ། གཡོ་བའི་སྐབས་སུ་སུམ་གཉིས་རྟོག་པ་ཉི་ཚེ་དང་། སུམ་ཆ་ལ་ཡང་རྟོག་པ་དང་། ཆོས་ཉིད་འདྲེས་མར་རྒྱུ་ལ། ཐོབ་པའི་སྐབས་འདིར་ཐུན་ཡང་ཉིས་འགྱུར་གྱིས་ཆེ་ཞིང་། བཞི་ཆའམ་ལྔ་ཆར་ཆོས་ཉིད་འབའ་ཞིག་དང་། དེ་ལས་གཞན་དུ་སྟེ་བཞི་གསུམ་མམ་ལྔ་ཆའི་བཞི་ནི་རྟོག་པ་དང་། ཆོས་ཉིད་འདྲེས་མར་རྒྱུ་བས་དཔགས་སོ། །ཡང་ན་འདིར་བཞི་གསུམ་མམ་ལྔ་བཞིའི་ཆར་རྟོག་མེད་ཀྱི་ཏིང་ངེ་འཛིན་འབྱུང་ལ། བཞི་ཆ་ལྔ་ཆ་ལ་རྟོག་པའི་དབང་དུ་འགྲོ་བའོ། །གསུམ་པ་གོམས་པའི་ཉམས་དང་། དྲང་། ཉིན་ཞག་གཅིག་ལ་བཅུ་དྲུག་ཏུ་བགོས་པའི་ཆ་གཅིག་ལ་ཐུན་རེར་བྱས་པའི་ཐུན་རྐྱང་ཙམ་དུ་རྟོག་པ་མེད་པར་བསྒོམ་ནུས་ཤིང་ཆོས་ཉིད་གསལ་བ་དང་ལྡན་ན། རྟོག་པའི་དབང་དུ་ཅུང་ཟད་ཙམ་འགྲོ་བ་ནི། དཔེར་ན་ཆུ་ཀླུང་དལ་བར་འབབ་པའི་ཡུལ་བ་འགྱིང་པོའི་ཆུ་དང་འདྲ་བར་འགྲོ་ཡང་འགྲོ་བར་མི་མངོན་པའི་ཚུལ་བཞིན་དུ། སེམས་ལ་ལྷོད་དམ་དལ་བ་ཅུང་ཟད་རྙེད་པས་རྟོག་པའི་རྐུན་བུའི་དབང་དུ་ཅུང་ཟད་ཙམ་འགྲོ་ཡང་འགྲོ་བར་མི་མངོན་པ་སྟེ་མི་ཚོར་བ་བཞིན་ནོ། །བཞི་པ་བརྟེན་པའི་ཉམས་དང་། དྲང་། སྒོ་བརྟེན་པའི་རྫས་རྒྱང་འདན་བཅུག་ན་རླུང་གིས་མི་བསྒུལ་བ་ལྟར། ཞག་གཅིག་ལ་བརྒྱད་དུ་བགོས་པའི་ཐུན་རེར། རྣམ་པར་རྟོག་པའི་རླུང་གིས་ཏིང་ངེ་འཛིན་མི་བསྒུལ་བར་རྩེ་གཅིག་ཏུ་གཞི་རིག་པ་སྒྱུ་མ་ལ་བརྟེན་པར་གནས་པའོ། །ལྔ་པ་མཐར་ཕྱིན་པའི་ཉམས་སོ། །དྲང་། ཆོས་ཉིད་གསལ་བའི་ཚད། མིག་གིས་གཟུགས་ལ་བལྟ་བ་ལྟར་དབང་པོས་མངོན་སུམ་དུ་ཕྱི་ནང་གི་སྣང་བ་གང་སྣང་བ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་རིག་པ་རང་གསལ་བར་བྱས་པའི་དོན་ཡེ་ཤེས་སྒྱུ་མ་ལ་སྐྱེད་འདོན་ཞིང་བོག་དབྱུང་དུ་བྱ་བ་མེད་པའི་ཕྱིར། ཉམས་ལྔའི་མཐའ་མ་མཐར་ཕྱིན་པའི་ཉམས་ཞེས་བྱའོ། །བརྒྱད་པ་སྤྱོད་པ་ལ་གཉིས་ཏེ། སྔོན་བྱུང་རྒྱལ་བའི་མཛད་སྤྱོད་སྤྱོད་པའི་གཞིར་བསྟན་པ་དང་། རྗེས་འཇུག་གི་ལམ་པ་རྣལ་འབྱོར་པའི་སྤྱོད་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་ལམ་ཟུང་འཇུག་ཏུ་བསྒོམས་པ་སངས་རྒྱས་ཀྱི་དགོངས་པར་ཤེས་པ་དང་། དྲང་། སྙིང་རྗེ་ཆེན་པོ་ཡེ་ཤེས་སྒྱུ་མ་བསྒོམ་པའི་རྣལ་འབྱོར་པས། སྲིད་གསུམ་འཁོར་བའི་ཆོས་ཐམས་ཅད་དོན་དམ་བྱང་ཆུབ་སེམས་སམ། ཡེ་ཤེས་སྒྱུ་མ་དང་འདྲ་བར་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་མེད་པའི་བྱང་ཆུབ་ཐོབ་ཟིན་པས་ཤེས་བྱ་ཐམས་ཅད་མཁྱེན་པ་ལ་མཁས་པས་ཤེས་པ་ལྟར། དེ་ལྟར་ཤེས་པར་བྱས་ནས། ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་འགྲོ་བ་སེམས་ཅན་རྣམས་འཁོར་བ་ལས་བསྒྲལ་བའི་ཆེད་དུ་གཞན་དོན་གྱི་གོ་ཆ་བགོ་སྟེ། སྲིད་པ་གསུམ་གྱི་འགྲོ་བ་སེམས་ཅན་རྣམས་ཡེ་ཤེས་སྒྱུ་མ་དང་འདྲ་བར་དེ་ལྟར་སྔ་མ་ནས་ཡིན་པར་ཤེས་པའོ། །གཉིས་པ་འབྲས་བུ་ཐམས་ཅད་མཁྱེན་པས་གདུལ་བྱ་ལ་གཟིགས་པ་ལྟར་ཤེས་པ་གདམས་པའོ། །དྲང་། དུས་ཐམས་ཅད་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་པ་ཁོ་ན་ཡིན་པའི་ཕྱིར། གཟུང་འཛིན་གཉིས་སུ་འཛིན་པ་མེད་པ་ལ་གཉིས་སུ་འཛིན་པ་ནི། དེ་མ་ཡིན་ལ་དེར་འཛིན་པས་ལོག་པར་རྟོག་པ་སྟེ། དེ་ལྟར་གཉིས་མེད་ཀྱི་ཡེ་ཤེས་རང་ངོ་མ་ཤེས་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། དེ་གོམས་པའི་རྒྱུན་གྱིས་གཟུང་འཛིན་དེ་ཉིད་དུ་སྣང་བ་ནི་ཀུན་ཏུ་བརྟག་པའི་མ་རིག་པ་སྟེ། གཤིས་ལ་མ་གྲུབ་བས་གློ་བུར་བའོ། །གང་གཉིས་སུ་སྣང་བ་དང་ཞེན་པ་དེ་ལས་ལོག་པ་ནི་རྣམ་པར་དག་ཅིང་རྒྱུད་དག་པའི་དེ་བཞིན་གཤེགས་པའོ། །དེ་ལྟར་ལོག་རྟོག་དག་པའི་ཕྱིར་འགྲོ་བ་དྲུག་པོ་རིལ་རང་རིག་པའི་ཡེ་ཤེས་མཉམ་པའི་དབྱིངས་ལས་མི་གཞན་པར་གསལ་བས་འགྲོ་བ་ཐམས་ཅད་ཡེ་ཤེས་དེས་ཟིན་པ་དང་། ཆོས་ཀྱི་དབྱིངས་དེས་ཁྱབ་པ་དང་། རྒྱལ་བ་དངོས་ཀྱི་དོན་གཉིས་སུ་མི་རྟོག་པའི་ཕྱིར་གཏན་ཚིག་གསུམ་པོ་དེས་གྲུབ་པའི་ཕྱིར་ཞེས་བྱ་སྟེ། དེ་ཉིད་གསང་སྔགས་མ་ཧཱ་ཡོ་གའི་ལུགས་ཀྱིས་ཡུལ་ཡུལ་ཅན་གཉིས་སུ་མེད་པའི་ཕྱིར་ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་དང་། སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་དང་། འཁོར་འདས་ཐམས་ཅད་ངོ་བོ་བདག་ཉིད་གཅིག་པར་འབྲེལ་བས་ན། རྒྱས་པ་ལས། སངས་རྒྱས་སེམས་ཅན་གཉིས་སུ་མེད་རྟོགས་ན། ཐུགས་རྗེ་ཆེན་པོའི་སྐྱེས་ཞེས་དེ་ལ་བྱ། ཞེས་སོ། །གཉིས་སུ་མེད་པའི་ཕྱིར་འགྲོ་བ་རིགས་དྲུག་གི་སྣང་བ་རང་རྒྱུད་དུ་མ་གྲུབ་པ་ལ། མ་གྲུབ་པ་ལྟར་མཁྱེན་པ་ནི། ཅི་ལྟ་བ་མཁྱེན་པའི་ཡེ་ཤེས་སོ། །གཤིས་དེ་ལྟར་ཡིན་ཀྱང་གདུལ་བྱའི་འཁྲུལ་ངོར་དུས་སྔ་ཕྱི་དང་གནས་མཐོ་དམན་ལ་སོགས་པར་སྣང་བ་ཀུན། ལྷག་མ་མ་ལུས་པར། རྒྱལ་བའི་ཡེ་ཤེས་རྟོག་པ་མེད་པར་གསལ་བར་མཁྱེན་པ་ནི། ཇི་སྙེད་མཁྱེན་པའི་ཡེ་ཤེས་ཁོ་ནའོ། །མདོར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་མཁྱེན་པ་ནི། དབྱེར་མེད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བར་ཐ་སྙད་དུ་འདོག་གོ། །དེ་ཡང་མཚན་བརྗོད་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པའོ། །ཞེས་སོ། །རྒྱལ་བ་དེའི་རྗེས་སུ་འཇུག་པའི་སྙིང་རྗེ་ཆེན་པོ་རྣལ་འབྱོར་པས་སྤྱོད་པའང་གང་དུ་བསྟན་པ་དེ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་རྗེས་འཇུག་གི་རྣལ་འབྱོར་པའི་སྤྱོད་པ་དེ་ལ་གཉིས་ཏེ། ཤེས་ཚུལ་དང་། སྤྱོད་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་ཡེ་ཤེས་སྒྱུ་མར་ཤེས་པ་དངོས་དང་། དྲང་། དོན་དམ་ཆོས་ཉིད་དེ་བཞིན་ཉིད་སྐྱེ་བ་མེད་པའི་དབྱིངས་ཉིད་ཀུན་རྫོབ་ཏུ་ཆོས་ཀྱི་བྱེ་བྲག་རྣམ་པ་སྣ་ཚོགས་པ་མང་པོའི་རྣམ་གྲངས་སུ་མ་འགག་པ་ནི། སྣང་བའི་ཐབས་སུ་སྣང་ཞེས་བྱའོ། །ཐབས་མ་འགག་པར་སྣང་བ་དེ་ཉིད་སྣང་ལ་མ་འགག་པས་སྒྱུ་མ་སྣང་ལ་ངོ་བོ་མེད་པས་མིག་ཡོར། སྣང་ལ་བཟུང་དུ་མེད་པས་ཆུ་ཟླ་གསལ་ལ་སྟོང་པས་གཟུགས་བརྙན་བཞིན་དུ་ཐབས་སྣ་ཚོགས་སུ་སྣང་བ་དེ་ཉིད་རང་གི་རིག་པ་ཡེ་ཤེས་སྒྱུ་མའི་ངོ་བོར་སྣང་བས་གང་ལ་ཡང་ཆགས་པ་མེད་ཅིང་སྣ་ཚོགས་ཀུན་ཏུ་རང་སྣང་ངོ་། །གཉིས་པ་དེ་ལ་གནས་པའི་ཕན་ཡོན་ནོ། །དྲང་། དེ་ལྟར་སྒྱུ་མར་སྣང་བའི་ཐབས་དང་། རང་རྒྱུད་དུ་མི་འཛིན་པའི་ཤེས་རབ་དང་། དེ་གཉིས་དབྱེར་མེད་དུ་རྟོགས་པའི་གདེང་དང་ལྡན་པར་ཐེག་པ་མཆོག་གི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་གཞན་དོན་གྱི་སྤྱོད་པ་ཇི་ལྟར་སྤྱད་ཀྱང་བག་ཆགས་སུ་མི་འགྱུར་ལ། ཡོན་ཏན་ཟད་པ་མེད་ཅིང་བདག་གཞན་གྱི་དོན་གཉིས་ཀྱི་ཚོགས་གཉིས་འགྲུབ་སྟེ། ལམ་ལ་སྒྲིབ་པར་མི་འགྱུར་ཞེས་པའམ། དོན་ལ་སྒྲིབ་པར་མི་འགྱུར་རོ། །རང་རྒྱུད་པར་མི་འཛིན་པའི་ཤེས་རབ་དང་། མ་འགག་པས་ཐབས་ཆེན་དེ་གཉིས་སུ་མེད་པའི་མཆོག་རྟོགས་པའི་ངང་ལ་ཡེ་ནས་གནས་པ་བཞིན་དུ་འཛིན་མེད་དུ་སྤྱོད་པས་རོལ་བ་ཡིན་ཞེས་སྨོས་པའོ། །གཉིས་པ་སྤྱོད་ཚུལ་ལ་གཉིས་ཏེ། གཞན་དོན་གྱི་སྤྱོད་པ་དང་། བདག་དོན་གྱི་སྤྱོད་པའོ། །དང་པོ་ལ་གསུམ་སྟེ། ཚད་མེད་བཞིས་གཞན་དོན་བྱེད་པ་དང་། གོང་བཞིན་རྐྱེན་དང་འཕྲད་ན་ཕྲིན་ལས་ལ་སོགས་བྱེད་ཅིང་བདག་དོན་ལ་གཞན་དོན་རྫོགས་པ་དང་། དོན་བྱེད་བྱའི་ཡུལ་ལ་སོགས་པ་འོག་མ་ལས་ཁྱད་པར་དཔགས་ཚུལ་ལོ། །དང་པོ་ལ་བཞི་སྟེ། བགྲང་། དང་པོ་ཆོས་ཀུན་བྱང་ཆུབ་སེམས་སུ་གཅིག་པའི་རྩལ་སྙིང་རྗེ་ཀུན་ལ་ཁྱབ་ཚུལ་དང་། དྲང་། ཡོངས་སུ་རྫོགས་པའི་དབང་དུ་བྱང་ཆུབ་སེམས་སུ་སངས་རྒྱས་དང་སེམས་ཅན་ངོ་བོ་ཉིད་ཀྱི་རྒྱུ་གཅིག་པ་ཡིན་པས་ན་ཚད་མེད་པ་བཞིའི་རྩ་བ་གཉིས་སུ་མེད་པའི་སྙིང་རྗེ་ཆེན་པོ་ལས་འབྱུང་བའོ། །འོ་ན་གཉིས་མེད་ཡིན་ན། དེ་ལ་སྙིང་རྗེའི་ངེས་ཚིག་མེད་དོ་སྙམ་པ་ལས། སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པར་ཡེ་ཤེས་སྒྱུ་མར་གཅིག་ཏུ་རྟོགས་ན། གཉིས་མེད་དུ་རྟོགས་པའི་སྙིང་རྗེ་ཆེན་པོ་སྐྱེ་ཞེས་དེ་ལ་བྱའོ། །ཐམས་ཅད་ལ་ཁྱབ་བརྡའ་ཆེན་པོར་རྟོགས་པའི་བློ་ནི་ཕྱོགས་གཅིག་ཏུ་ཐུག་པ་མེད་པའི་ཕྱིར། ཆོས་ཀུན་ཏུ་ཤར་བས་ན་སྣང་ཞེས་བྱའོ། །གཉིས་པ་སྙིང་རྗེས་ཕན་འདོགས་ཤིང་སྐྱོབ་པའི་བྱམས་པ་དང་། དྲང་། ཀུན་རྫོབ་སྒྱུ་མའི་ཐབས་ཆེན་ཀུན་གྱི་གདུལ་བྱའི་དོན་མཛད་པ་དེའི་ངོ་བོ་ནི་ཡེ་ཤེས་སྒྱུ་མ་ཡིན་ལ། དེ་ལ་སྒྲིབ་པ་མེད་པས་འོད་གསལ་བ་གདུལ་བྱ་འདུལ་བྱེད་གཉིས་སུ་མི་ཕྱེད་པས་བྱམས་པ་ཚད་མེད་པའོ། །དེ་ལྟར་བྱམས་པ་ཐབས་ཆེན་པོ་དེས་གདུལ་བྱ་ཐམས་ཅད་དགྱེས་པར་མཛད་པ་དེ་ཉིད་འབྱུང་ཁུངས་སུ་གྱུར་པས་དབྱིངས་སྙིང་རྗེ་ཆེན་པོ་ཡེ་ཤེས་སྒྱུ་མ་སྟེ་དེ་བསྒོམ་པའི་དུས་སུ་མས་བུ་ལ་གདུང་བ་དང་འདྲ་བར་འགྲོ་དྲུག་གི་སེམས་ཅན་ལྷག་མ་མ་ལུས་པ་ཐམས་ཅད་ལ། བྱམས་པ་དང་སྙིང་རྗེ་ཆེན་པོའི་ཐག་པས་དུས་རྒྱུན་དུ་མ་ཆད་པར་ཉོན་མོངས་པས་བཅིང་པ་འཁོར་བའི་ལམ་ལས་བྱམས་པས་གྲོལ་བར་བྱེད་ཅིང་། གདུལ་བྱ་དང་འདུལ་བྱེད་མི་འབྱེད་པས་ཕན་འདོག་པས་བྱམས་པ་ཚད་མེད་པ་དག་གིས་གདུལ་བྱ་མཉེན་པར་གྱིས་ཤིག །གསུམ་པ་འགྲོ་བའི་དོན་ལ་མི་སྐྱོ་ཞིང་དགའ་བས་དགའ་བ་དང་། དྲང་། བྱམས་པའི་དོན་སྙིང་རྗེ་ལས་འབྱུང་དེ་བཞིན་དུ་འཁོར་བ་ལས་ཐར་དཀའ་བའི་བརྩོན་ར་དང་འདྲ་བར་ཆུད་པའི་སེམས་ཅན་ལ། སྙིང་རྗེ་ཆེན་པོ་ཞགས་པ་དང་འདྲ་བ་ཆེར་བརྐྱངས་ནས། འཁོར་བ་ཉོན་མོངས་པ་འདམ་པ་འདྲ་བའི་ནང་ནས་ཐར་པའི་སྐམ་སར་འདྲེན་པར་བྱེད་པ་ལ། སྙིང་རྗེ་ཆེན་པོ་ཡེ་ཤེས་སྒྱུ་མའི་སྒོ་ནས་འགྲོ་དོན་འབྱུང་བ་ལ་སྐྱོ་བར་མ་བྱེད་ཅིག །སྙིང་རྗེས་འགྲོ་དོན་ལ་མི་སྐྱོ་བ་དེ་བཞིན་དུ་དོན་བྱ་བའི་ཡུལ་སྐྱེ་བོ་ཕལ་མོ་ཆེ་རྣམས་ལ། ལས་ངན་གྱི་སྒྲིབ་པས་རང་རྒྱུད་ལ་མི་གོས་ཤིང་སྐྱེ་བོ་སེམས་ཅན་ཐམས་ཅད་ཡེ་ཤེས་སྒྱུ་མར་རྟོགས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ནས་དགའ་བ་ཚད་མེད་པ་དག་ལ་འགྱོད་པ་མ་བྱེད་ཅིག །བཞི་པ་ཕྱོགས་རིས་མེད་པར་སྙམས་པའི་བཏང་སྙོམས་སོ། །དྲང་། ཁམས་གསུམ་གྱིི་སེམས་ཅན་ཐམས་ཅད་ལ་གང་ཟག་གི་བདག་དང་ཆོས་ཀྱི་བདག་གཉིས་རང་བཞིན་མེད་པ་ལ་གཉིས་མེད་དུ་རྟོགས་པའི་ཐུགས་རྗེ་ཆེན་པོས་བདག་གཞན་ནམ་ཉེ་རིང་གཉིས་སུ་རྟོག་པའི་བློས་མི་འབྱེད་དེ། སེམས་ཅན་ཐམས་ཅད་ལ་བུ་གཅིག་ལ་མས་བྱམས་པ་དང་འདྲ་བར་བྱམས་སྙིང་རྗེའི་བློ་ཉེ་བར་བཞག་པར་བྱ་ཞིང་། དེ་ཡང་དུས་ཐམས་ཅད་དུ་སེམས་ཅན་ལ་ཕྱོགས་རིས་ཀྱི་དྲི་མ་མེད་པར་བཏང་སྙོམས་པར་བྱའོ། །གཉིས་པ་གོང་བཞིན་རྐྱེན་དང་འཕྲད་པ་ན་ཕྲིན་ལས་ལ་སོགས་བྱེད་ཅིང་བདག་དོན་ལ་གཞན་དོན་རྫོགས་པ་དང་། དྲང་། སྟོང་ཆེན་སྔོན་དུ་རྫོགས་པའི་དོན་བྱ་བའི་རྐྱེན་གདུལ་བྱ་དང་འཕྲད་ན་གཞན་དོན་གྱི་སྤྱོད་པ་བྱེད་པ་སྔོན་དེ་ཏིང་གིས་སྐབས་བཞིན་དུ་གཞན་དོན་རྫོགས་པར་བྱ་སྟེ། དེའང་སྙིང་རྗེ་ཆེན་པོའི་རྣལ་འབྱོར་བསྒོམ་པས་བདག་དོན་ཉིད་ལས་གདུལ་བྱའི་དོན་དུ་སེམས་བསྐྱེད་པ་སོང་བས་ན་གཞན་གྱི་དོན་ཤུགས་ཀྱིས་རྫོགས་པར་བྱེད་པའོ། །གསུམ་པ་དོན་བྱ་བའི་ཡུལ་ལ་སོགས་པ་འོག་མ་ལས་ཁྱད་པར་དུ་དཔག་ཚུལ་ལོ། །དྲང་། དེ་ཡང་རྒྱུའི་ཐེག་པ་དང་། །འབྲས་བུའི་ཐེག་པའི་ཚད་མེད་བཞིའི་ཁྱད་པར་སྟོན་པ་འདི་ལ་ལྔ་སྟེ། དམིགས་པ་ཡུལ་གྱི་ཁྱད་པར་དང་། ངོ་བོའི་ཁྱད་པར་དང་བྱེད་ལས་ཀྱི་ཁྱད་པར་དང་། ཕན་ཡོན་གྱི་ཁྱད་པར་དང་། ཕྱོགས་གཏད་ཡོད་མེད་ཀྱི་ཁྱད་པར་རོ། །དང་པོ་དམིགས་པ་ཡུལ་གྱི་ཁྱད་པར་ནི། ཚད་མེད་བཞིའི་དོན་བྱ་བའི་དམིགས་པའི་ཡུལ་དུ་གྱུར་པ་ནི། རྒྱུ་ཡི་ཐེག་པ་ཡི་གོང་དུ་བཤད་པ་ཡི། དེ་ཕྱིར་རྒྱུ་རྐྱེན་འབྲས་བུ་དང་དུས་དང་རང་བཞིན་འཁྲུལ་པ་དང་། ཚུལ་གྱིས་ཉེས་དང་ངོ་བོ་དང་། །བཙོན་ར་ལྟ་བུ་བརྒྱད་ལ་དམིགས། །ཞེས་འབྱུང་བས། འཁོར་བའི་རྒྱུ་རྐྱེན་གཉིས་གཅིག་དང་། ངོ་བོ་འབྲས་བུ་གཉིས་གཅིག་སྟེ། དེ་ལྟར་བདུན་ལ་དམིགས་ནས་ཐུགས་རྗེ་སྐྱེ་བའི་ཡུལ་རྒྱ་ཆུང་ལ། འབྲས་བུའི་ཐེག་པས་བདུན་པོ་དེའི་སྟེང་དུ་ངེས་འབྱུང་གི་ཐེག་པ་བཞི། ཕྱི་རྒྱུད་སྡེ་གསུམ་པོ་དང་བདུན་པོ་དེ་བསྣན་པས་བདུན་གཉིས་བཅུ་བཞིའི་གདུལ་བྱ་ལ་དམིགས་པའི་ཡུལ་རྒྱ་ཆེ་བས་ཁྱད་པར་འཕགས་ཏེ། རྗེ་འབངས་གཉིས་ནོར་འདྲེན་པ་ལྟ་བུའོ། །ཡང་ལྕེ་སྟོན་གྱིས་འགྲོ་བ་རིས་དྲུག་མུ་སྟེགས་རྟག་ཆད་གཉིས། རྒྱུའི་ཐེག་པ་གསུམ། ཕྱི་རྒྱུད་སྡེ་གསུམ་སྟེ་བདུན་བདུན་བཅུ་བཞི་ལ་དམིགས་ནས་སྐྱེ་བར་འཐད་གསུངས་སོ། །གཉིས་པ་ངོ་བོའི་ཁྱད་པར་ནི། ཐེག་པ་འོག་མའི་ཐུགས་རྗེ་སྐྱེ་བྱ་དང་སྐྱེད་བྱེད་ཀྱི་ཆ་ནས་ཚད་མེད་བཞི་ངོ་བོ་ཐ་དད་དུ་འདོད་ལ། འབྲས་བུའི་ཐེག་པས་ཡུལ་བྲལ་གཉིས་མེད་ཀྱི་སྙིང་རྗེ་ཡེ་ཤེས་སྒྱུ་མའི་ངང་དུ་ཚད་མེད་བཞི་ལྷུན་གྱིས་གྲུབ་པས་དཔག་པའོ། །གསུམ་པ་བྱེད་ལས་ཀྱི་ཁྱད་པར་ནི། རྒྱུའི་ཐེག་པས་སྙིང་རྗེ་རྩོལ་བཅས་ཀྱི་སྒོ་ནས་འགྲོ་དོན་བྱེད་ལ། མ་ཧཱའི་སྙིང་རྗེ་ཆེན་པོས་བདག་གཞན་གཉིས་མེད་ཀྱི་སྒོ་ནས་འགྲོ་དོན་བྱེད་པའམ། ཡང་ན་རྒྱུའི་ཐེག་པའི་ཚད་མེད་བཞི་ནི་ཕྱོགས་རེའི་དོན་བྱེད་ལས་མི་ནུས་ལ། འདིར་འབྲས་བུའི་ཐེག་པའི་སྙིང་རྗེ་ཡེ་ཤེས་སྒྱུ་མ་གཅིག་པུ་ལ་ཚད་མེད་བཞི་ཚང་བའི་སྒོ་ནས་དོན་བྱེད་ནུས་པ་དང་། བཞི་པ་ཕན་ཡོན་གྱི་ཁྱད་པར་ནི། རྒྱུའི་ཐེག་པའི་ཚད་མེད་བཞིས་རང་གཞན་གྱི་དོན་བྱས་པའི་འབྲས་བུ་ལ། བཅུ་གཅིག་ཀུན་ཏུ་འོད་ཀྱི་སའི་སྐུ་གསུམ་འགྲུབ་ལ། འབྲས་བུའི་ཐེག་པའི་ཚད་མེད་བཞིས་དོན་བྱས་པའི་འབྲས་བུ་པདྨ་སྤྱན་ལ་སོགས་པའི་སྐུ་ལྔ་འགྲུབ་པས་ཡོན་ཏན་གྱིས་དཔགས་པའོ། །ལྔ་པ་ཕྱོགས་གཏད་ཡོད་མེད་ཀྱི་ཁྱད་ནི། རྒྱུའི་ཐེག་པའི་ཚད་མེད་བཞིས་རང་མན་ཆད་ཀྱི་གདུལ་བྱ་ལ་མངོན་པར་གདུལ་བའི་ཕྱོགས་གཏད་ཡོད་པ་ཡིན་ལ། འདིར་མ་ཧཱའི་ནི་ཡུལ་བྲལ་གཉིས་མེད་ཀྱི་ཚད་མེད་བཞིས་གདུལ་བྱ་ལ་ཕྱོགས་དང་རིས་མེད་དེ་ཀུན་ཏུ་དོན་བྱེད་པའོ། །ཁྱད་ལྔ་པོ་དེའི་ཕྱིར་ཐུན་མོང་གི་རྒྱུའི་ཐེག་པ་ཆེན་པོ་དག་གི་ཚད་མེད་བཞི་ལས། སྔགས་ཀྱི་ཐེག་པ་མ་ཧཱ་ཡོ་གའི་ཚད་མེད་ཆེན་པོ་བཞི་ནི་ཀུན་གྱི་བླར་གྱུར་པ་ཡིན་ནོ། །གཉིས་པ་བདག་དོན་ལ་གཉིས་ཏེ། བགྲང་། དང་པོ་སྤྱོད་ལམ་ཐམས་ཅད་དུ་ཡེ་ཤེས་སྒྱུ་མའི་ངང་ལས་མི་འདའ་བ་དང་། དྲང་། སྙིང་རྗེ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་པ་བདག་ཉིད་ཀྱི་དོན་བྱ་བའི་ཕྱིར་འདི་ལྟར་དུ་ཕྱི་ནང་གི་སྤྱོད་ཡུལ་གྱི་སྣང་བ་ཐམས་ཅད་ཀུན་ཡེ་ཤེས་སྒྱུ་མར་རང་སྣང་བར་རྟོགས་པའི་ཕྱིར་ན་ཕྱི་ཡུལ་དང་། ནང་སེམས་གཉིས་སུ་འཛིན་པའི་སྒྲིབ་པ་མེད་པར་ཡེ་ཤེས་སུ་གསལ་བའི་ངང་དུ་ཤེས་པས། ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་ལ་བློ་བརྟན་པའི་སྤྱོད་པས་ཤིན་ཏུ་བདེ་བའོ། །གཉིས་པ་འདོད་ཡོན་ལྔ་ལ་སོགས་པ་ལ་སྤྱོད་པར་བསྟན་པ་དང་། དྲང་། འདོད་པའི་ལོངས་སྤྱོད་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང་ལྡན་པ་ཐམས་ཅད་ལ། གསང་སྔགས་ཕྱི་པ་ལྟར་དཀར་གསུམ་མངར་གསུམ་ལ་སོགས་པ་གཙང་བའམ་བཟང་བ་དང་། དམ་རྫས་ལྔ་ལ་སོགས་པ་མི་གཙང་ཞིང་སྨེ་བའམ། ངན་པའི་བློ་གཉིས་སུ་མ་འཛིན་ཏེ་འཛིན་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ལོངས་སྤྱོད་ཐམས་ཅད་རང་རིག་པའི་ཡེ་ཤེས་སྒྱུ་མར་རོ་གཅིག་ཅིང་ཐ་དད་མེད་པས་ན། གང་ལའང་བཟང་ངན་དང་གཙང་སྨེ་གཉིས་སུ་འཛིན་པ་མེད་པས་ཤིན་ཏུ་བདེ་བའོ། །རྒྱུ་མཚན་དེ་བས་ན་སྤྱད་པར་བྱ་བ་ཏ་ན་ག་ན་དང་། མ་བྱིན་པར་ལེན་པ་དང་། རྫུན་དུ་སྨྲ་བ་དང་། ངག་འཁྱལ་པ་སྟེ་ལྔ་དང་། མི་སྤང་པ་ཉོན་མོངས་པ་ལྔ་དང་། དང་དུ་ལེན་པ་དམ་རྫས་ལྔ་དང་། འདོད་པའི་ཡོན་ཏན་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལ་སོགས་པ་འཁོར་བའི་ཆོས་ཉི་ཤུ་པོ་ཐམས་ཅད་ཡེ་ཤེས་ལ་ཡེ་ཤེས་སྒྱུ་མར་རོལ་བར་སྤྱོད་དོ། །དགུ་པ་དམ་ཚིག་ལ་གཉིས་ཏེ། བགྲང་། དང་པོ་སྔོན་བྱུང་རྒྱལ་བའི་མཛད་སྤྱོད་དངོས་བཟུང་བ་དང་། དྲང་། འཁོར་བའི་གཡུལ་དང་བདུད་ཀྱི་དཔུང་བཅོམ་པས་ཐུབ་པ་ཆེན་པོ་ལྷ་མིའི་སྟོན་པ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པའི་སྤྱོད་ཡུལ་ནི། ཆོས་ཐམས་ཅད་ལ་དབང་ཐོབ་པས་ཇི་ལྟར་ཐུགས་ལ་དགོངས་ཤིང་དམིགས་པ་བཞིན་དུ་འགྲུབ། འོ་ན་དམིགས་བྱ་དམིགས་བྱེད་དུ་སོང་ངམ་སྙམས་ལ། དོན་དམ་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་རང་རྒྱུད་མེད་པར་ཡུལ་ཡུལ་ཅན་དུ་དམིགས་སུ་མེད་པས། ཀུན་རྫོབ་ཏུ་ཡེ་ཤེས་སྒྱུ་མ་ཉིད་ཅིར་ཡང་འཆར་ཞིང་གང་དུའང་འགྲུབ་སྟེ་སྣ་ཚོགས་སུ་སྣང་བའོ། །གཉིས་པ་རྗེས་འཇུག་རྣལ་འབྱོར་པས་དེ་ལྟར་ཉམས་སུ་ལེན་ཚུལ་ལ་གཉིས་ཏེ། བགྲང་། དང་པོ་ཁྱད་པར་གྱི་དམ་ཚིག་ཡེ་ཤེས་སྒྱུ་མའི་ངང་ལས་མི་འདའ་བ་དང་། དྲང་། རྟོག་པའི་ཆོས་ཉིད་ཟག་པ་མེད་པའི་ཟབ་མོའི་དོན་ཡེ་ཤེས་སྒྱུ་མར་རྟོགས་ན། ཡེ་ཤེས་སྒྱུ་མའི་ངོ་བོར་དག་པར་མ་གྱུར་པའི་ཆོས་ནི་གང་ཡང་མེད་དེ། ཡེ་ཤེས་སྒྱུ་མ་ཡེ་ནས་ཡིན་པ་ལ་བྱེད་པ་པོས་མ་བཅོས་པར་ཆོས་ཀུན་ཏུ་ཡེ་ཤེས་སྒྱུ་མར་རང་གསལ་བས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ཤེས་སྒྱུ་མར་རྣམ་པར་དག་པའོ། །ཐམས་ཅད་ཡེ་ཤེས་སྒྱུ་མ་ཡིན་པ་དེའི་ཕྱིར་སྤྱོད་ལམ་བཞི་པོའི་དུས་ཐམས་ཅད་ཀུན་ཏུ། སྒྱུ་མ་ལྟ་བུའི་ཡེ་ཤེས་རང་གསལ་བ་ལས་འདའ་བར་མི་བྱའོ། །གཉིས་པ་ཐུན་མོང་གི་དམ་ཚིག་སྔ་མ་དང་མཐུན་པར་འཕེལ་བའོ། །དྲང་། རྩ་བའི་དམ་ཚིག་དང་ཡན་ལག་གི་དམ་ཚིག་ཐམས་ཅད་ཀུན་སྔ་མ་དེ་ཏིང་བཞིན་ཡིན་ཏེ་སྔ་མ་བས་འདིར་ནུས་པའི་སྟོབས་ཆེར་འཕེལ་བའོ། །བཅུ་པ་དྲོད་ལ་དབྱེ་བ་མེད་དོ། །དྲང་། གོང་དུ་བསྟན་པ་དེ་ལྟར་ཡེ་ཤེས་སྒྱུ་མའི་དོན་ལྟ་བས་རྟོགས་ཤིང་ཏིང་ངེ་འཛིན་གོམས་པའི་སེམས་ལས་ཉམས་སུ་མྱོང་བའི་དྲོད་ནི། འཁོར་བའི་ཆོས་སྡུག་བསྔལ་གྱི་ཕུང་པོ་འདི་ལ་བྱམས་སྙིང་རྗེ་ཚད་མེད་བཞི་དང་ལྡན་པའི་བྱང་ཆུབ་སེམས་ཀྱིས་རང་དབང་མེད་པར་སྙིང་རྗེ་སྐྱེ་བས་སེམས་འཕྲོག་པར་འགྱུར་ལ། སེམས་ཉིད་རང་སྣང་བའི་དོན་ཡེ་ཤེས་སྒྱུ་མ་མ་འཁྲུལ་བ་ངོ་མ་ཤེས་པས་བློ་འཁྲུལ་བར་སྣང་བས་འདི་ཅི་ཡིན་སྙམ་དུ་ཡ་མཚན་སྐྱེ་ཞིང་། དོན་ལ་བལྟ་རྒྱུ་མེད་པར་ཏིང་ངེ་འཛིན་བསྒོམ་པར་བྱེད་པའམ། ལེ་ལོར་འདུག་པའང་དེ་བཞིན་དུ་ཡ་མཚན་སྐྱེ་སྟེ་སྙིང་རྗེ་སྐྱེས་སོ། །ཕྱི་ནང་གསང་བའི་དྲོད་རྣམ་པ་གསུམ་ལུས་ངག་ཡིད་གསུམ་ལ་འབྱུང་བའང་སྔ་མ་དེ་ཏིང་ལས་འདིར་ཆེར་འཕེལ་བར་སྣང་ངོ་། །བཅུ་གཅིག་པ་རྟགས་ལ་གསུམ་སྟེ། བགྲང་། དང་པོ་རྟགས་དངོས་དང་། དྲང་། དེ་ལྟར་སྙིང་རྗེ་སྒྱུ་མའི་ཉམས་ལྔའི་རིམ་པ་གོང་ནས་གོང་དུ་འཕེལ་བའི་དོན། མཐར་ཕྱིན་པའི་རྟགས་ནི། ཏིང་ངེ་འཛིན་ལས་སུ་རུང་བས་ལུས་ཤིང་བལ་གྱི་འདབ་མ་ལྟ་བུར་ཤིན་ཏུ་ཡང་བ་འཕུར་ཤེས་སྙམ་བྱེད་པ་དང་། ལུས་ཀྱི་ན་ཚ་ལ་སོགས་བཟོད་པ་ཕྲ་མོ་ཐོབ་པ་དེ་ཏིང་བས་འདིར་ཡུན་རིང་བ་དང་འབྱུང་འདུས་ཀྱི་ཕུང་པོ་ཁམས་བདེ་བ་དང་མི་བདེ་བ་གཉིས་མེད་པར་བདེ་བར་སྙོམས་པ་དང་། འདིར་དུས་སྐབས་ཕལ་ཆེར་རྟགས་དེ་ཚོ་ཡོད་ཅིང་འཇིག་རྟེན་གྱི་ཆོས་བརྒྱད་འགོ་སྙོམ་པ་འབྱུང་ངོ་། །འདིའི་སྐབས་སུ་སྔོན་ལྷ་རྗེ་གླེན་ཆབ་བར་པས། ལམ་རིམ་ལེགས་པར་མཁྱེན་ནས་ཚར་འགའ་བཤད་པ་དང་འདིའི་འབྲས་བུ་མ་མཁྱེན་ནས། ཡང་ཉན་པས་འདིའི་དོན་སྒྲིམས་ཏེ་ཉན་ཀྱང་ཤོར་ནས། ལན་ཅིག་རྒྱ་ཐོབ་ལ་འདིའི་འབྲས་བུ་ཞུས་པས། ངན་པ་སྐྱུག་བྲོ་བ་འདི་ཙམ་གཉིད་ལོག་པའི་རྨི་ལམ་མམ། སྲང་ཕུགས་སུ་ཁྱིས་དེད་ཀྱང་ཤ་ར་ར་ཡོད་རན་ཛ། ད་རུང་འབྲུ་ཀ་འདྲི་བ་ཅི་གསུང་ནས་བཀའ་བཀྱོན་སྐད། འོན་ཀྱང་འདིའི་དོན་ནི། འོ་ན་ཆོས་བརྒྱད་དེ་ཏིང་གི་སྐབས་ནས་ཡང་མཉམ་པས་ཁྱད་མེད་དམ་ཞེ་ན། ཡོད་དེ་དེ་ཏིང་གི་སྐབས་སུ་ཆོས་བརྒྱད་ཆུང་ངུ་མཉམ་པའམ། གྲངས་ཀྱང་ཉུང་ངུ་མཉམ་པ་ལས་མེད་ལ། འདིར་དེ་ཏིང་བས་ཆོས་བརྒྱད་གྲངས་མང་བ་དང་། ངོ་བོ་ཕྲ་རགས་འབྲིང་པོ་ལ་ངོ་མཉམ་པ་འོང་བ་ཡིན་ཏེ། དེ་ཡང་དེ་ཏིང་སྐབས་སུ་ངོ་བོ་ཐ་མ་སྟེ་ཆ་ཕྲ་བ་ཁབ་ཙམ་ཞིག་སྟོར་རྙེད་ལྟ་བུ་མཉམ་པ་ཙམ་འོང་བ་ཡིན་ལ། འདིར་ངོ་བོ་འབྲིང་པོ་དེ་བས་ཆེ་བ་ཁལ་གཅིག་རེ་བ་ཙམ་ལ་དགའ་མི་དགའ་མཉམ་པར་འབྱུང་བའོ། །གྲངས་ཀྱང་དེ་ཏིང་ལ། བསྟོང་སྨད་དམ་སྙན་མི་སྙན་གང་རུང་རེ་མཉམ་པ་ལས་མེད་ལ། འདིར་དེ་བས་ཆོས་བརྒྱད་ཀྱི་གྲངས་ཀྱང་མང་དུ་སྙོམ་ཤིང་ངོ་བོ་ལ་ཡང་གསལ་བརྟན་དུ་གྱུར་པས་ཁྱད་པར་འཕགས་སོ། །དྲོད་རྟགས་གཞན་ཡང་དེ་དང་མཚུངས་སོ། །གཉིས་པ་ལམ་འོག་མ་བས་འདིར་འཕེལ་ཞིང་གསལ་བ་དང་། དྲང་། དེ་ལ་སོགས་པའི་དྲོད་རྟགས་གཞན་ཀུན་ཀྱང་ལམ་སྔ་མ་དེ་ཏིང་ལས་གྲངས་མང་དུ་འཕེལ་ཞིང་རྟགས་ཀྱི་ངོ་བོ་ཡང་གསལ་ལ། དུས་ཀྱང་ཡུན་རིང་དུ་འབྱུང་བའོ། །གསུམ་པ་མངོན་ཤེས་དང་ཏིང་ངེ་འཛིན་འདི་ལ་བློ་བརྟན་དགོས་པར་གདམས་པའོ། །དྲང་། རང་དང་ལྷན་ཅིག་ཏུ་དྲུང་ན་འདུག་པའི་གང་ཟག་ཕ་རོལ་པོ་དེ་ཡི་སེམས་ལ་དམིགས་པ་གཏད་དེ་ཏིང་ངེ་འཛིན་ལ་བཞག་པ་ཙམ་གྱིས། ཕ་རོལ་པོ་དེའི་སེམས་རྒྱུད་ཤེས་པའི་མངོན་པར་ཤེས་པ་དེའང་དེ་ཏིང་བས་འདིར་གྲངས་མང་དུ་འཕེལ་བ་དང་། ངོ་བོ་ཅུང་ཟད་གསལ་ཞིང་བརྟན་པ་དང་། དེ་ལས་གཞན་པའང་སྔོན་གྱི་གནས་རྗེས་སུ་དྲན་པ་ལ་སོགས་པའི་མངོན་ཤེས་སམ། མིག་གིས་གཟུགས་མཐོང་བ་དང་། སྒྲ་ཤེས་པ་ལ་སོགས་པ་ཅུང་ཟད་ཙམ་འབྱུང་ངོ་། །གོམས་ན་ཡོན་ཏན་ཡོད་པ་དེ་བས་ན་ལམ་པ་རྣམས་ཀྱིས་སྙིང་རྗེ་ཆེན་པོའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་བློ་བརྟན་ཞིང་འགྲུས་པར་བྱའོ། །ཞེས་གདམས་པའོ། །འདིའི་སྐབས་སུ། འདི་ཚེ་ཆོ་འཕྲུལ་བཞི་པོ་ཡང་། །གྲངས་དང་ངོ་བོ་སྔ་ལས་འཕེལ། །བྱ་བ་གཅིག་ཆད་པས་ཁ་བསྐང་གསུངས་སོ། །བཅུ་གཉིས་པ་རྨི་ལམ་ལ་དབྱེ་བ་མེད་དོ། །དྲང་། ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་ལ་གནས་པ་འདིའི་ཚེ་དབང་པོ་སྒོ་དྲུག་གི་སྤྱོད་ཡུལ་གྱི་སྣང་བ་མ་ལུས་པ་ཐམས་ཅད་ཀུན་དངོས་སུ་སྒྱུ་མར་སྣང་བ་ལྟ་ཅི་སྨོས་ཀྱི། གཉིད་ལོག་པའི་རྨི་ལམ་དུའང་སྤྱོད་ཡུལ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་མཐོང་བ་དང་། ཁམས་གསུམ་ཐམས་ཅད་སྙིང་རྗེའི་ཡུལ་གྱིས་གང་བ་རྣམས་རིག་པ་ཡེ་ཤེས་སྒྱུ་མར་མཐོང་བ་དང་། རྨི་ལམ་གྱི་མཚན་མ་བླ་མ་མགོན་པོ་ཉིད་ཀྱིས་སྣང་ནས་བདག་ལ་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་ལ་སོགས་ལམ་དུ་འཇུག་པ་ལྔ་བྱེད་ཅིང་བར་ཆད་ལེགས་ཉེས་བརྩོན་ལུང་སྟོན་པ་རྣམས། སྔར་བས་མང་བ་མཐོང་བ་དང་། བདུད་གྱི་སྤྱོད་ཡུལ་བཅོ་བརྒྱད་དང་མཚན་མ་ལྔ་མཐོང་བ་དང་། དེ་ལ་སོགས་པ་ཤུགས་སྣང་བརྒྱད་དང་། གཞན་ཡང་རྨི་ལམ་བཟང་པོ་ཅི་སྣང་ཅི་བྱུང་ཡང་ཐམས་ཅད་ཡེ་ཤེས་སྒྱུ་མའི་ངང་དུ་ཤེས་པས་བློ་དགའ་ཞིང་ཆགས་པར་མི་བྱའོ། །བཅུ་གསུམ་པ་ཕན་ཡོན་ལ་གཉིས་ཏེ། བགྲང་། དང་པོ་ཡོན་ཏན་ཚད་མེད་པར་བསྟན་པ་དང་། དྲང་། སྙིང་རྗེ་ཆེན་པོའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་གོམས་པར་བྱས་ནས། རྣལ་འབྱོར་པ་གསང་སྔགས་གཉིས་མེད་ཀྱི་དོན་ཆེན་པོ་ལྟ་བ་རྟོགས་པ་ཡིས་ཡོན་ཏན་ཡོད་པ་དེ་བས་ན། དུས་ཐོག་མ་དང་ཐ་མ་མེད་པར་གོང་གི་ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་དེ་ལྟར་བསྒོམ་མོ། །དེ་བསྒོམ་པའི་ཡོན་ཏན་ཚད་མེད་པའི་དཔེ་ནི་ནམ་མཁའི་མཐའ་དང་མཉམ་པ་སྟེ་ཚད་དུ་བཟུང་དུ་མེད་ལ། རྣལ་འབྱོར་བའི་སྤྱོད་ཡུལ་ནི་ཡེ་ཤེས་སྒྱུ་མར་རང་སྣང་བས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དང་ཆ་མཐུན་པས་གཅིག་པའོ། །གཉིས་པ་ཚོགས་གཉིས་རྫོགས་ཤིང་ཕྱག་རྒྱ་གཅིག་པར་སྦྱོར་བའོ། །དྲང་། ཆོས་ཐམས་ཅད་རིག་པ་ཡེ་ཤེས་སྒྱུ་མའི་ངོ་བོར་མ་འགག་པར་སྤྱོད་པས་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་ལྡན་ལ། སྒྱུ་མ་དེ་ཡང་རང་རྒྱུད་པ་མེད་པས་མིང་ཙམ་ལས་དེ་ཉིད་ལ་ཡང་མ་ཆགས་ཏེ་རང་བཞིན་མེད་པར་ཤེས་པས་ཡེ་ཤེས་ཀྱི་ཚོགས་ཆེན་དང་ལྡན་ནོ། །དེ་ལྟར་སྙིང་རྗེ་ཆེན་པོའི་རྣལ་འབྱོར་འདི་ལ་གོམས་ན་རྣལ་འབྱོར་ཕྱི་མ་ཕྱག་རྒྱ་གཅིག་པ་རྩོལ་བ་མེད་པ་འགྲུབ་སྟེ། གནས་སྐབས་ཉེ་སྦྱོར་གྱི་འབྲས་བུའོ། །བཅུ་བཞི་པ་འདའ་ཀ་མ་ལ་དབྱེ་བ་མེད་དོ། །དྲང་། ལམ་གོང་མར་མ་སླེབ་པར་དེ་ཉིད་སྒོམ་འཕྲོ་ལ་འཆི་འཕོ་དགོས་ན། སེམས་འཕོ་བའི་དཔེ་ཉི་མ་ལས་མ་གཡོས་པར་འོད་ཟེར་འབྱུང་བ་དང་འདྲ་བ། ད་ལྟའི་རིག་པ་ལས་མ་གཡོས་པར་མ་འོངས་པའི་སེམས་སུ་ཤར་བ་དང་། ལུས་འཕོ་བའི་དཔེ་ས་བོན་ལས་མ་གཡོས་པར་མྱུ་གུར་འགྱུར་བ་ལྟར། ད་ལྟའི་ལུས་ལས་མ་གཡོས་པར་ཕྱི་མའི་ལུས་ཀྱི་སྣང་བ་ཤར་བ་དང་། ངག་འཕོ་བའི་དཔེ་སྐྱུ་རུ་ར་ལས་མ་གཡོས་པར་སྐྱུར་མོའི་རོ་འབྱུང་བའམ། བྲག་ལས་མ་གཡོས་བར་ཀ་ཀེ་ལ་སོགས་པ་བྲག་ཆའི་སྒྲ་འབྱུང་བ་བཞིན་དུ། ད་ལྟར་གྱི་ངག་ལས་མ་གཡོས་པར་མ་འོངས་པའི་ངག་ཏུ་འཕོ་ཞིང་འགྱུར་རོ། །མདོར་ན་ལུས་ངག་ཡིད་གསུམ་ཀྱང་དོན་རིག་པ་སྒྱུ་མ་ལས་མ་གཡོས་པས། དེ་ལ་འཕོ་འགྱུར་མེད་བཞིན་དུ། ལམ་པའི་ངོ་ལ་མ་འོངས་པའི་སྣང་བར་འཕོ་ཞིང་ད་ལྟར་གྱི་སྣང་བ་འགྱུར་བས་འཆི་བ་ལྟར་སྣང་བའི་ཚེ། ཡེ་ཤེས་ནམ་མཁའ་དང་མཉམ་པ་ལས། བདག་ཉིད་འཆི་བར་འགྱུར་བའི་ཚེ། །དུཿཁ་མི་བསམ་གཉེན་མོ་བསམ། །དགྲ་ལ་མི་བསམ་གནོད་མི་བསམ། །ཁ་ཆེམས་མི་བོར་དོན་ལ་བཞག །ཅེས་སོ། །འདུ་འཛི་དང་གཡེང་བ་སྤངས་ཏེ། ཤེས་པ་ནད་དང་དུཿཁའི་དབང་དུ་མི་བཏང་བར་སྔར་ནས་ཆོས་ཐམས་ཅད་རིག་པ་ཡེ་ཤེས་སྒྱུ་མར་ཡུལ་མེད་རང་གསལ་རྟོག་མེད་ཆེན་པོའི་དོན་ལ། གསལ་བ་ཡུལ་རྐྱེན་གྱིས་མི་འཕྲོག་པར་བསྟན་པར། བློ་གནས་པར་བྱའོ། །དེ་ལྟར་དྲན་པར་བྱས་པའི་ངང་ལས་འདས་ན། ཀུན་གཞི་ལ་ཚེ་སྔ་མ་ནས་ལས་ངན་ལ་སྤྱོད་པའི་བག་ཆགས་ཀྱི་རྒྱུན་ཐམས་ཅད་གཅོད་པར་འགྱུར་ཏེ། བར་དོ་རང་སྣང་ལས། འཆི་ཁའི་ཡེ་ཤེས་སྟོབས་ཆེ་ན། །ལོ་དང་བསྐལ་པའི་བག་ཆགས་ཀུན། །ཡེ་ཤེས་སྐད་ཅིག་གཅིག་གིས་སེལ། །ཞེས་སོ། །དེ་ལྷ་མིའི་ལུས་ཐོབ་ནས་སྔར་སྦྱོངས་པའི་ལས་འཕྲོའི་འབྲེལ་བས་གསང་སྔགས་མ་ཧཱའི་ལམ་དང་དུས་དང་གནས་སོགས་ཀྱིས་བཀོལ་བར་མི་འགྱུར་ཏེ་འཕྲད་ནས་འགྲོལ་བར་འགྱུར་རོ། །བཅོ་ལྔ་པ་འབྲས་བུ་ལ་གསུམ་སྟེ། བགྲང་། དང་པོ་གནས་སྐབས་ཀྱི་འབྲས་བུ་ཐོབ་པ་དང་། དྲང་། བློ་ཆེ་ན་ཕྱི་མ་ཕྱག་རྒྱ་གཅིག་སྤྲོས་ཚོགས་སྒྲུབ་ཐོག་ནས་ཐོད་རྒལ་མཐར་ཆགས་ཀྱི་སྒོ་ནས་རིག་འཛིན་ཐོབ་པའམ། བློ་ཆུང་ན་ལན་གྲངས་སྐྱེ་བ་གཞན་དག་ལ་ཕྱག་རྒྱ་གཅིག་སྤྲོས་ཚོགས་སྒྲུབ་ཐོག་ནས་ཐོད་རྒལ་མཐར་ཆགས་ཀྱི་སྒོ་ནས་འཁོར་བ་ལ་ཕྱིར་མི་ལྡོག་པར་ཚེ་ལ་དབང་བསྒྱུར་བའི་རིགས་སུ་འབྲས་བུ་ངེས་པར་ཐོབ་པའམ། རྣམ་སྨིན་རིག་འཛིན་ཐོབ་པར་འགྱུར་རོ། །གཉིས་པ་གཞུང་བཞིན་བསྒྲུབ་པས་མཐར་ཐུག་གི་འབྲས་བུ་དང་། དྲང་། སྙིང་རྗེ་སྒྱུ་མར་བསྒོམ་པའི་ལམ་འདིར། འདི་ཉིད་ཀྱི་ཏིང་ངེ་འཛིན་དང་ལམ་གོང་མའི་ཆ་རྐྱེན་ཀུན་རྫོགས་པར་བསྒྲུབས་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཀུན་དང་ལྡན་པའི་འཁོར་འདས་གཉིས་ལ་མི་འཛིན་པར་ལོངས་སྤྱོད་པས་དབང་ཕྱུག་ཆེན་པོ་ལོངས་སྐུའི་གནས་འོག་མིན་ཉིད་དུ་བརྒྱུད་ནས་མངོན་སུམ་འབྱུང་བར་ཐེ་ཚོམ་མེད་དོ། །འོ་ན་འདིར་འབྲས་བུ་ལོངས་སྐུ་ཐོབ་ན། ལམ་གོང་མ་གཞན་རྣམས་དོན་མེད་པར་འགྱུར་རོ་ཞེ་ན། གོང་གི་འབྲས་བུ་ཉིད་ལ་ལམ་ཕྱིར་ཏེ། །ཕྱོགས་མཐུན་བརྗོད་ཀྱིས་རིས་མ་ཡིན། །ཞེས་པ་དང་ཕྱོགས་མཐུན་པར་ཀུན་ཏིང་ཡེ་ཤེས་སྒྱུ་མར་བསྒོམ་པ་དང་། ལོངས་སྐུ་ཡེ་ཤེས་སྒྱུ་མའི་སྐུ་གཉིས་ཡེ་ཤེས་སྒྱུ་མ་ཙམ་དུ་ཕྱོགས་མཐུན་པར་བརྗོད་ཀྱིས། དངོས་སུ་ཐོབ་པ་དང་རིས་སུ་ཆད་པ་ནི་མ་ཡིན་ནོ། །དེ་ཡང་ལོངས་སྐུའི་ངོ་བོ་ཡེ་ཤེས་སྒྱུ་མ་ལམ་དུ་བྱེད་པ་ལ་དགོངས་སོ། །ཡང་ན་འདིའི་དོན་ནི། འགྱུ་སྣང་ཡེ་ཤེས་སྒྱུ་མ་རྒྱུ་བསོད་ནམས་ཀྱི་ཚོགས་གཙོ་ཆེན་བ་ཡིན་ལ། དེ་ལ་འབྲས་བུ་གཟུགས་ཀྱི་སྐུ་ལོངས་སྐུ་ཐོབ་ཅེས་རྒྱུ་འབྲས་ཆོས་མཐུན་པར་བཤད་དེ། དེ་ཡང་རྒྱུད་བླ་མ་ལས་སངས་རྒྱས་གཟུགས་ཀྱི་སྐུ་འདི་ནི། བསོད་ནམས་ཚོགས་ལས་བྱུང་བ་སྟེ། །སངས་རྒྱས་ཆོས་ཀྱི་སྐུ་འདི་ནི། །རྒྱལ་པོ་ཡེ་ཤེས་ཚོགས་ལས་བྱུང་། །ཞེས་སོ། །གནས་སྐབས་ཉེ་སྦྱོར་གྱི་འབྲས་བུ་ཕྱག་རྒྱ་གཅིག་པ། ཐུན་མོང་གི་འབྲས་བུ་ལྷ་མིའི་མཚན་རྫོགས་ཐོབ་བོ། །གསུམ་པ་མ་རྟོགས་ལེ་ལོ་བྱས་པའི་སྐྱོན་ནོ། །དྲང་། ཡེ་ཤེས་སྒྱུ་མའི་དོན་ལྟ་བ་མ་རྟོགས་པར་ཏིང་ངེ་འཛིན་བསྒོམས་པ་ལ་ལེ་ལོ་དང་། སྤྱོད་པ་རང་ཁ་མ་སྙོམས་ལས་ཀྱི་ལེ་ལོ་བྱས་ན། ཚེ་འདི་ལ་བདག་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་མ་འགྲུབ་པར་ཕྱི་མ་ངན་སོང་གསུམ་དུ་འགྲོ་བར་འགྱུར་རོ། །དེ་བས་ན་སྒོམ་ལ་བརྩོན་འགྲུས་ཀྱིས་ཤིག་པར་ཤུགས་ལ་གདམས་པའོ། །གསུམ་པ་ལེའུའི་མཚན་བསྟན་པ་དང་། དྲང་། ཡུལ་བྲལ་གཉིས་མེད་ཀྱི་སྙིང་རྗེ་ཆེན་པོ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་བསྟན་པའི་གཞུང་དོན་རྣམས་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་སྟེ་ཡས་བགྲང་བཞི་པའི་དོན་དུ་གདའོ།། །།ལེའུ་ལྔ་པ་ཕྱག་རྒྱ་གཅིག་པ་ལ་གཉིས་ཏེ། བགྲང་། དང་པོ་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང་། དྲང་། སྙིང་རྗེ་དང་སྟོང་པ་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མའི་ངང་ལ་གོམས་པའི་ཏིང་ངེ་འཛིན་གྱི་ཕྱག་འཚལ་ནས། དོན་ལུས་སྣང་སེམས་གསུམ་དབྱེར་མེད་ལ་སྦྱངས་ཐབས། རྟགས་ཞི་ཁྲོའི་ཕྱག་རྒྱ་གཅིག་པའི་ལྷ་སྣང་སྟོང་དབྱེར་མེད་དུ་བསྒོམ་པའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་བཤད་པར་བྱའོ། །གཉིས་པ་གཞུང་ལ་གཉིས་ཏེ། བགྲང་། དང་པོ་ལུས་སྔ་མ་དང་མཐུན་པར་མདོར་བསྟན་པ་དང་། དྲང་། སྙིང་རྗེ་སྒྱུ་མ་ལ་གོམ་པའི་རྣལ་འབྱོར་པས་ཕྱག་རྒྱ་གཅིག་པ་བསྒོམ་པར་འདོད་པ་གང་དག་ཡིན་ཞེ་ན། ལུས་སྐུ་རྡོ་རྗེ། ངག་གསུང་རྡོ་རྗེ། ཡིད་ཐུགས་རྡོ་རྗེ་གསུམ་ལྡན་དུ་བསྒོམ་པའང་། སྔ་མར་འདས་པའི་དེ་ཏིང་གི་སྐབས་ཀྱི་སྔོན་དགོས་ཐབས་དང་ངོ་བོ་དང་། ཞེས་པ་ལ་སོགས་དོན་བཅོ་ལྔ་སྔར་སྟོན་པའི་ལུས་ཀྱི་སྒོ་ནས་ཤེས་པར་གྱིས་ཤིག །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་དོན་བཅོ་ལྔ་སྟེ། སྔོན་དུ་བྱ་བ་དང་། བསྒོམ་པའི་དགོས་ཆེད་དང་། བསྒོམ་པའི་ཐབས་དང་། བསྒོམ་པའི་ངོ་བོ་དང་། མི་མཐུན་པའི་སྐྱོན་དང་། སྐྱོན་བཅོས་པའི་ཐབས་དང་། སྒོམ་པའི་ཉམས་དང་། སྤྱོད་པ་དང་། དམ་ཚིག་དང་། དྲོད་དང་། རྟགས་དང་། རྨི་ལམ་ལྟས་ཀྱི་མཚན་མ་དང་། ཡོན་ཏན་དང་། འདའ་ཀ་མའི་མན་ངག་དང་། འབྲས་བུའོ། །དང་པོ་སྔོན་དུ་བྱ་བ་དང་། དྲང་། ཚོགས་ལམ་རྣལ་འབྱོར་བཞི་དང་སྦྱོར་ལམ་སྤྱིའི་སྔོན་དུ་བྱ་བ་ལས། དབང་ཐོབ་ཅིང་ལྷག་པའི་ཡོ་བྱད་ལྔ་དང་ལྡན་པར་བྱ་བ་ལ་སོགས་པ་བདུན་དང་། སྔོན་དེ་ཏིང་གི་སྐབས་སུ་བཤད་པ་བཞིན་རྫོགས་པར་བྱ་བ་ཡིས། ཁྱད་པར་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་འདི་ཉིད་ཀྱི་སྔོན་དུ་ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་མཐར་ཕྱིན་པ་སྔོན་དུ་བྱས་ཤིང་། དམིགས་པའི་རྟེན་རྒྱལ་བའི་སྐུ་གསེར་དངུལ་ལ་སོགས་པ་ལུགས་སུ་བླུགས་པའམ། རྭ་ཤིང་ལ་འབུར་དུ་གཏོད་པའམ། རས་ཤོག་ལ་བྲིས་པའམ། འཇིམ་པ་ལ་འདེར་སོ་བྱས་པ་ལ་སོགས་པའི་ཡི་དམ་གྱི་ལྷའི་མཚན་མའི་སྐུ་ཕྱག་རྒྱ་རབ་གནས་ཅན་མདུན་དུ་བཞག་པ་དེ་ལ་ཡན་ལག་བརྒྱད་པ་འབུལ་བ་སྔོན་དེ་ཏིང་གི་སྐབས་སུ་བསྟན་པ་བཞིན་དུ་བྱའོ། །གཉིས་པ་དགོས་ཆེད་དང་། དྲང་། འབྲས་བུ་སྐུ་གསུང་ཐུགས་སུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱ་བའི་ལམ་ཞི་ཁྲོ་ཕྱག་རྒྱ་གཅིག་པ་འདི་བསྒོམ་དགོས་ཤིང་། ཕྱག་རྒྱ་སྤྲོས་པ་ནི་རྒྱུ་ཕྱག་རྒྱ་གཅིག་པ་འདིའི་སྟེང་ནས་ཐོབ་པར་བྱ་བའི་དགོས་ཆེད་ཡོད་པ་དང་། རྒྱུ་སྟོང་ཕྱོགས་གཅིག་ཏུ་ཞེན་པའི་རྟོག་པ་ལྷའི་དབང་དུ་བྱ་བའམ་ཡང་ན་སྙིང་རྗེ་སྒྱུ་མ་ལ་སྣང་ཞེན་དང་། དེ་བཞིན་ཉིད་ལ་སྟོང་པར་ཞེན་པ་ཡོད་པ་དེ་གཉིས་དབྱེར་མེད་དུ་དབང་དུ་བྱ་བའི་ཕྱིར་ཕྱག་རྒྱ་གཅིག་པ་བསྒོམ་དགོས་པ་དང་། རྟོག་པའི་ཡན་ལག་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལྷའི་དཀྱིལ་འཁོར་དུ་གནས་སུ་འགྱུར་བར་བྱ་ཞིང་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ནས་གདུལ་བྱ་གཞན་དག་ཡོངས་སུ་སྨིན་པར་བྱ་བའི་དགོས་ཆེད་དང་། དེ་ལྟར་དགོས་ཆེད་ལྔ་ཡོད་པ་དེའི་ཕྱིར། ལྷའི་སྐུ་ཕྱག་རྒྱ་གཅིག་པའི་རྣམ་འབྱོར་བསྒོམ་པ་འདི་ཤིན་ཏུ་གཅེས་སོ། །གསུམ་པ་བཞག་ཐབས་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། དེ་ཡང་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པའི་ཐབས་ལ་རྣམ་པ་གཉིས་ཏེ། གང་ཞེ་ན། ལྷ་བསྒོམ་པའི་སྔོན་དུ་རྣལ་འབྱོར་པའི་སེམས་ཀྱི་རྩལ་ཡི་གེ་ལ་སྦྱངས་པ་དང་། དེ་དབྱུངས་ནས་ཞི་ཁྲོའི་ལྷར་བསྐྱེད་ཅིང་བསྒོམ་པའི་ཐབས་བསྟན་པའོ། །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། ཡི་གེ་ལ་སེམས་སྦྱངས་བ་དང་། ལྷར་བསྐྱེད་པའོ། །སྔ་མ་ལ་གཉིས་ཏེ། བགྲང་། དང་པོ་བསྒོམས་ཐབས་སྤྱིར་བསྟན་པ་དང་། དྲང་། མདོར་བསྟན་གྱི་སྔ་མ་ཡི་གེ་ལ་སེམས་སྦྱང་བ་ལ། བློ་ཆུང་བ་གདམས་ངག་གི་སྟོབས་དང་། བློ་ཆེ་བ་ཤེས་རབ་ཀྱི་སྟོབས་ཀྱིས་ལྷ་བསྒོམ་པ་ལ་འཇུག་པའི་གཞིའམ་རྩ་བ་རྒྱུའི་ཡི་གེ་ལ་ཨའམ་ཧཱུྃ་འདི་ཉིད་ཡིན་ཏེ། དོན་གྱིས་དེ་ལ་སེམས་འཛིན་པའམ་སེམས་སྦྱངས་པའམ། སེམས་འདུལ་བ་ཞེས་བྱའོ། །དེ་ལས་དང་པོ་ལ་ཤིན་ཏུ་གཅེས་ཏེ། མདོ་ལས། དཔེར་ན་བཙོ་བསླག་མཁན་དག་གིས། །རས་སྦྱངས་གང་དུ་བསྟན་པ་ལྟར། །གང་དེ་ལས་ཀྱི་དང་པོ་བས། །གོང་དུ་སྦྱངས་པ་རབ་ཏུ་གཅེས། །ཞེས་པ་དང་། ཇི་ལྟར་གསེར་སྦྱངས་འཚེར་བ་ལྟར། །སེམས་ཉིད་སྦྱང་བ་རབ་ཏུ་གཅེས། །ཞེས་སོ། །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་ཨ་ལ་སེམས་སྦྱང་དང་། དྲང་། ཨ་ནི་བསྒོམ་རྒྱུའི་ཡི་གེའོ། །ཁ་དོག་ནི་དཀར་ལ་འཚེར་བ། །དོན་རང་གི་རིག་པ་ཉིད་གཟུང་འཛིན་གྱི་དྲི་མ་དག་པའི་ཕྱིར་ཡི་གེ་ཨ་དཀར་པོ་བསྒོམ་པའོ། །དེ་ཡང་སྤར་ཁབ་ལས། ཨ་ནི་ཨ་སྟེ་དཀར་བ་ནི་བྱང་ཆུབ་སེམས་ཀྱི་ཕྱིར་རོ། །ཞེས་སོ། །དེ་ཡང་བསྒོམ་པ་ཡུལ་གྱི་གནས་ནི། བསྐྱེད་རིམ་ལ་སྙིང་ཁ་རྫོགས་རིམ་ལ་ལྟེ་བར་བསྒོམ་ཏེ། སྤར་ཁབ་ལས། བསྐྱེད་རིམ་ལ་ངེས་པར་སྙིང་ག་སྟེ། །རྫོགས་པའི་རིམ་པ་ལ་ནི་ལྟེ་བའོ། །ཞེས་གསུངས་པས། འདིར་བསྐྱེད་རིམ་བསྒོམ་པའི་དབང་དུ་བྱས་སྟེ། རང་གི་སྙིང་གར་རིག་པ་ཉིད་ཨ་དཀར་པོ་སྟེ། བསྒོམ་པའི་ཚུལ་ནི། གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པར་བསྒོམ་སྟེ། དེ་ཡང་རབ་ཏུ་བརྟན་པའི་ཚད་བཞི་དང་ལྡན་པ་སྟེ། གང་ཞེ་ན། མི་གཡོ་བ་ནི་རིག་པ་ཉིད་ཨར་གསལ་བའི་དོན་རྟོགས་པའི་མཐར་མི་གཡོ་བའོ། །མི་འགྱུར་བ་ནི་རྐྱེན་གྱིས་དབང་དུ་མི་འགྱུར་བ། མངོན་པར་མི་འགྱུར་བ་ནི་རྐྱེན་གྱི་དབང་དུ་མངོན་པར་མི་འགྱུར་བའོ། །ཅིར་ཡང་བསྒྱུར་བཏུབ་པ་ནི། ཀ་ལ་སོགས་པའི་ཡི་གེ་ཞེ་གཉིས་སུ་འཆར་བས་ཅིར་ཡང་བསྒྱུར་དུ་རུང་བར་བསྒོམ་པའོ། །འོ་ན་དེ་བརྟན་པའི་ཚད་དུ་ཅི་འགྲོ་ཞེ་ན། ཅི་བསྒྱུར་བསྒྱུར་དུ་རུང་བ་ནི། ཤིན་ཏུ་བརྟན་པ་ཐོབ་པའི་ཚད་དེ། དཔེར་ན་སྐྱེས་བུས་རྟའམ་རྐྱལ་འབྱངས་པ་ལྟ་བུའོ། །དེ་ལྟར་རང་རིག་ཨར་སྣང་བ་དེ་ཉིད་གཟུང་འཛིན་དང་བྲལ་ཞིང་ཉེས་པའི་སྐྱོན་གྱིས་མ་གོས་པས་དཀར་བ་སྟེ། གསལ་བའི་ཚད་བཞི་དང་ལྡན་པའོ། །གང་ཞེ་ན། སེང་ངེ་བ་ནི། སེམས་ཉིད་ཨར་གསལ་བ་དེ་ཉིད་རྟོག་པའི་རྙོག་མ་མེད་པར་ཤེལ་ལྟར་སེང་ངེ་བའོ། །ས་ལེ་བ་ནི། ཨ་ཉིད་སྒྲིབ་གཡོག་མེད་པར་ས་ལེ་བའོ། །ལྷང་ངེ་བ་ནི། དེ་ཉིད་སྐར་མ་པ་བ་སང་ལྟར་ཏིང་ངེ་འཛིན་ལྷང་ངེ་བའོ། །ལྷག་གེ་བ་ནི་དེ་ཉིད་མེ་ལོང་ལ་ཉི་མ་ཤར་བ་ལྟར་རྒྱང་ནས་ཀྱང་ལྷག་གེ་བའོ། །དེ་ལ་ཡང་ཨ་སྥར་ཎ་ཕཊ་ཅེས་སྤྲོས་པས། གཞིའི་ཨ་དེ་ལས་ཤིན་ཏུ་ཕྲ་བའི་ཨ་དཔག་ཏུ་མེད་པ་རྣམས་སྤྲོས་པས་ཕྱོགས་བཅུ་ཐམས་ཅད་ཨས་གང་བར་གསལ་བར་གྱུར་ནས། སམ་ཧ་ར་ཎ་ཧཱུྃ་ཞེས་བསྡུས་ཀྱང་གཞི་མའི་ཨ་དེ་ལ་འཕེལ་བ་དང་། ཕྱོགས་བཅུའི་ཨ་དེ་ལ་འགྲིབ་པ་མེད་པར་ཏིང་ངེ་འཛིན་བརྟན་པའི་ཚད་ནི། གསལ་བ་ཡུལ་རྐྱེན་གྱིས་མི་འཕྲོག་པའོ། །མདོ་ལས། གོམས་དང་གོམས་པར་བྱེད་པ་ཡིས། །གང་དེ་དག་པར་བྱ་བའི་ཕྱིར། །བསམ་ཡུལ་བྱེ་བ་མང་པོ་ལ། །དེ་སྙེད་ཡུལ་གྱི་རྩལ་རྣམས་སྦྱངས། །ཞེས་སོ། །འདི་ལ་རྩོད་སྤང་གཉིས་ལས། དང་པོ་སྤྲོ་བསྡུ་ཚད་ཀྱི་རྩོད་སྤང་ནི། རྩ་རྒྱུད་ལས། ཕྱོགས་བཅུ་གང་བར་གསལ་གྱུར་བ། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བསྟན། །ཞེས་པ་དང་། མདོ་ལས། ཚོགས་ལམ་གྱི་སྤྲོ་བསྡུ་བློ་ཆུང་ན་དབུགས་ཡུལ། བློ་ཆེ་ན་སྣའི་དྲི་ཚོར་ཚར་ཚུན་ཆད་སྤྲོ་བསྡུ་བྱ་བར་བཤད་པ་གཉིས་འགལ་ལོ་ཞེ་ན་མི་འགལ་སྟེ། རྩ་རྒྱུད་སོགས་ཀྱི་དོན་ནི་མོས་སློབ་ཀྱི་དབང་དུ་ཡིན་ལ། མདོའི་དོན་ནི་དངོས་ཡུལ་གྱི་དབང་དུ་ཡིན་པའི་ཕྱིར་རོ། །གཉིས་པ་རྒྱུའི་ཡི་གེ་ལ་འཕེལ་འགྲིབ་ཡོད་མེད་ཀྱི་རྩོད་སྤང་ནི། སྤྲོ་བསྡུ་ལ་འཕེལ་འགྲིབ་མེ་པ་མི་འཐད་དེ། སྤྲོ་བསྡུ་ལ་འཕེལ་འགྲིབ་དངོས་སུ་གསལ་བའི་ཕྱིར་རོ་ཞེ་ན། ལན་ལ་རྗེ་སྒྲོ་ཕུག་པས་ནི། སྣང་བ་མ་འདྲེས་ཡོངས་རྫོགས་ཀྱི་གནས་ཡིན་ཏེ། སྣང་བ་མ་འདྲེས་པར་འཆར་བས་ཨ་གྲངས་མེད་སྤྲོས་ཀྱང་གཞི་མའི་ཨ་ལ་འགྲིབ་པ་མེད་པ། དཔེར་ན་ནམ་མཁའི་ཟླ་བ་ལ་གཟུགས་བརྙན་དུ་མར་ཤར་ཀྱང་གཞི་མ་མི་འགྲིབ་པ་དང་འདྲ་ལ། སྣང་བ་ཡོངས་སུ་རྫོགས་པས་བསྡུས་ཀྱང་གཞི་མའི་ཨ་ལ་འཕེལ་བ་མེད་པ། དཔེར་ན་ཕྱོགས་བཅུའི་གཟུགས་བརྙན་དུ་མ་བསྡུས་ཀྱང་གཞི་མའི་ཟླ་བ་ལ་འཕེལ་བ་མེད་པ་ལྟ་བུ་ཡིན་གསུངས་སོ། །ཁོ་བོས་ནི། དངོས་པོའི་དབང་བཙན་ལ་སྤྲོ་བསྡུ་ལ་འཕེལ་འགྲིབ་ཡོད་ལ། འདིར་ནི་དོན་རྟགས་གཉིས་སུ་གསལ་ཏེ། དོན་སེམས་ཉིད་ལ་སེམས་བྱུང་གི་ཆོས་དུ་མ་སྤྲོས་ཀྱང་སེམས་ཉིད་འགྲིབ་པ་མེད་ལ། སེམས་བྱུང་གི་ཆོས་དུ་མ་བསྡུས་ཀྱང་སེམས་ཉིད་ལ་འཕེལ་བ་མེད་པ་ལྟར། རྟགས་བཞི་པོའི་ཨ་དང་ཕྱོགས་བཅུའི་ཨ་ལ་འཕེལ་འགྲིབ་མེད་པ་ནི། ཨ་གཅིག་དང་ཨ་དུ་མ་རྣམས་གཟུགས་རང་རྒྱུད་ཅན་དུ་གྲུབ་པ་མེད་དེ། ཨ་རྣམས་སེམས་ཉིད་རང་སྣང་ཡིན་པའི་ཕྱིར་རོ། །དཔེར་ན་ནོར་བུ་རིན་ཆེན་གྱི་ཡོན་ཏན་ལྟ་བུའོ། །གཉིས་པ་ཧཱུྃ་ལ་སེམས་སྦྱང་བའོ། །དྲང་། བློ་ཆེན་ཨ་དེ་ལ་སེམས་སྦྱངས་ནས་ལྷ་བསྐྱེད་པའམ། ཡང་བློ་ཆུང་ན་ཨ་ལ་སེམས་སྦྱངས་པ་ཚར་ནས་ཐུགས་ཡེ་ཤེས་ལྔ་མཚོན་པའི་ཡི་གེ་ཧཱུྃ་མཐིང་ནག་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་བསྒོམ་མོ། །གོང་གི་ཨ་ལ་སེམས་སྦྱངས་པ་དེ་བཞིན་དུ་ཧཱུྃ་ལ་སྤྲོ་བསྡུ་བྱ་བ་ཡང་ནས་ཡང་དུ་གོམས་འདྲིས་ཏེ་ལས་སུ་རུང་བར་བྱས་ནས། དོན་ཡེ་ཤེས་ལྔ་གསལ་བ་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་རྟགས་སུ་སྣང་སྲིད་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཡི་གེ་ཧཱུྃ་ཡེ་ཤེས་ལྔ་ལྡན་ཏུ་གསལ་བར་བསྡུས་ལ་འོ་ན་རྣལ་འབྱོར་པ་རང་ཉིད་ཧཱུྃ་དུ་མི་སྡུད་དམ་སྙམས་ན་མ་ཡིན་ཏེ། རང་གི་ལུས་ཀྱི་ཡན་ལག་ལྔ་དང་སེམས་ལ་རྣམ་པར་ཤེས་པ་ཚོགས་བརྒྱད་རང་རིག་པའི་ཡེ་ཤེས་ལྔ་ཡེ་ནས་ཡིན་པའི་ཕྱིར། རྟགས་རང་སྣང་གི་ཡི་གེ་ཧཱུྃ་དུ་གསལ་བར་ཤིན་ཏུ་ཡང་བསྔུའོ། །ཧཱུྃ་དེ་ཉིད་གསལ་བའི་ཚད་ནི་ཎི་སྟེ་མིའི་སྙིང་པོ་ཡིན་པ་དེ་ཡི་མིག་གི་དབང་པོས་མངོན་སུམ་དུ་མཐོང་བ་ལྟར་ཡོད་པ་ལྟར། ཧཱུྃ་དེ་ལ་འདྲིས་ཤིང་གོམས་ནས་གསལ་བས་བདག་དང་གཞན་གྱི་དོན་བྱ་བའི་ཕྱིར་ཧཱུྃ་གྲངས་མེད་པར་སྤྲོ་བས་འཕགས་པ་མཆོད་ཅིང་སེམས་ཅན་གྱི་དོན་བྱ་བ་རྫོགས་ནས་སླར་གཞི་བོའི་ཧཱུྃ་དུ་བསྡུས་ཏེ། ཧཱུྃ་ཉིད་ཀྱང་འོད་དུ་ཞུ་ནས་སེམས་ཉིད་མི་དམིགས་པ་ཆོས་ཀྱི་དབྱིངས་སུ་གསལ་བ སྒོམ་མོ། །དེ་ལྟར་ཡི་གེ་ལ་སེམས་སྦྱངས་བ་འདྲེས་ཤིང་གོམས་པར་བྱ་བ་སྟེ་ཤིན་ཏུ་གཅེས་སོ། །ཞེས་གལ་ཆེ་བར་གདམས་བའོ། །གཉིས་པ་ལྷར་བསྐྱེད་པ་ལ་བཞི་སྟེ། ལྷ་བསྐྱེད་པའི་ཐབས་དང་། ཕྲིན་ལས་ཀྱི་རིམ་པ་དང་། བཟླས་པ་བྱ་བ་དང་། ཐུན་མཚམས་ཀྱི་ཏིང་ངེ་འཛིན་ནོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། རྡོ་རྗེ་ལས། འདུལ་བ་གཉིས་ཀྱི་ཁྱད་པར་ལས། །མཉེས་པའི་ཚུལ་དུ་གདུག་པ་འདུལ། །ཞེས་པས་ལྷ་བསྒོམ་པ་ལ་མདོར་བསྟན་གྱི་ཕྱི་མ་ལྷར་བསྐྱེད་པ་ལ། ཚངས་པའི་ཕྲུ་གུའི་ཆ་ལུགས་ཅན་གྱི་ཞི་བ་དང་། སྲིན་པོའི་ཕྲུ་གུའི་ཚུལ་ཅན་ཁྲོ་བོ་སྟེ། དེ་ལྟ་བུའི་ཞི་ཁྲོའི་ལྷ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་སྒོམ་པར་བྱ་བའི་ཐབས་ཞི་ཁྲོ་ཟུང་གཅིག་ཏུ་སྟོན་པར་འགྱུར་རོ། །འོ་ན་ཞི་ཁྲོ་གཉིས་འགོ་འབྲེལ་ལམ་སྟག་ཤ་གང་ཞེ་ན་སྒྱུ་འཕྲུལ་དབང་བཙན་དུ་སྟག་ཤ་སྟེ། ཚོགས་ལམ་ནས་བསྒོམ་ལམ་གྱི་བར་དུ་སྟག་ཤའོ། །ཡང་དག་དབང་བཙན་དུ་སྔ་མ་ལས་ནི་དབང་བསྒྱུར་ཏེ། ཞེས་ཞི་བ་ལ་བསྙེན་པ་བྱས་ནས་ཁྲོ་བོ་ལ་སྒྲུབ་པ་བྱེད་པས་མགོ་འབྲེལ་ལོ། །བཀའ་བརྒྱད་ལས། ཞི་བར་བསྙེན་ཅིང་ཁྲོ་བོར་སྒྲུབ། །ཅེས་གསུངས་སོ། །འོ་ན་ཞི་ཁྲོ་ལ་ཐ་དད་དང་བཟང་ངན་ཅན་དུ་འགྱུར་རོ་ཞེ་ན་མ་ཡིན་ཏེ། གདུལ་བྱ་ལུགས་འབྱུང་བཟློག་གམ། མོས་པ་ཐ་དད་ཀྱི་སྣང་ངོ་ལ་ཞི་ཁྲོ་ཐ་དད་ལྟར་སྣང་ལ་དོན་ལ་དེ་བཞིན་གཤེགས་པའི་སྣང་བ་ལ་བཟང་ངན་དང་ཐ་དད་མེད་དེ་ཞི་ཁྲོ་ཀུན་གྱི་སྤྱིའི་གཟུགས་ཅན་ཡིན་པའི་ཕྱིར་ཏེ། རྒྱས་པ་ལས། ཁྲོ་བོའི་རང་བཞིན་གདུག་པར་གནས་འགྱུར་ཡོད་མ་ཡིན། ཞི་བའི་རང་བཞིན་མཛེས་ཤིང་ཡིད་དུ་འོང་མ་ཡིན། དེ་གཉིས་གཉིས་མེད་གཉིས་སུ་མེད་མིན་ཞིང་། ཆོ་འཕྲུལ་བསམ་ཡས་ཐམས་ཅད་ཀུན་ཏུ་ཁྱབ། ཞེས་སོ། །གཉིས་པ་རྒྱས་པ་ལ་གཉིས་ཏེ། ཞི་བ་སྒོམ་པ་དང་། ཁྲོ་བོ་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་སྤྱིར་གང་མོས་སུ་སྒོམ་པ་དང་། དྲང་། དང་པོ་ཚངས་པའི་ཕྲུ་གུའི་ཆ་ལུགས་ཅན་གྱི་ཞི་བའི་ཡི་དམ་གྱི་ལྷ་ཡོངས་སུ་རྫོགས་པ་བསྒོམ་པར་བྱ་བའི་ཐབས་ལའང་། ཡི་དམ་གྱི་ལྷ་རིགས་ལྔ་གང་བསྒྲུབས་ཀྱང་ས་བོན་གྱི་ཡི་གེ་ཧཱུྃ་ༀ་སྭ་ཨཱྃ་ཧཱ་ལྔ་པོ་སོ་སོ་ལས་བསྐྱེད་དེ། འོ་ན་བཟང་ངན་ཡོད་དམ་ཞེ་ན། དེ་ཡང་སྤྱིར་ནི་ཡི་དམ་གྱི་ལྷ་རིགས་ལྔ་གང་བསྒོམས་ཀྱང་། རྒྱལ་བ་ལ་གཅིག་དུ་མ་བཟང་ངན་ཐ་དད་དུ་གྲུབ་པ་མེད་བས་ཀུན་ཏུ་འདྲ་ཞིང་མཉམ་ལ། འདིར་ཐུགས་སྒྲུབ་སྒྱུ་འཕྲུལ་དྲ་བའི་སྐབས་ཡིན་པས་རྡོ་རྗེ་སེམས་དཔའ་བསྒོམ་པ་ཉིད་དུ་ཐམས་ཅད་འདུས་ཏེ་རིགས་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །གཉིས་པ་བསྒོམ་ཐབས་ལ་གཉིས་ཏེ། བློ་ཆུང་བས་རིམ་གྱིས་བསྒོམ་པ་དང་། བློ་ཆེ་བས་ཅིག་ཆར་དུ་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་བསྒོམ་པ་དང་། བརྟེན་པ་ལྷ་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་ལ་ཨ་ལ་སེམས་སྦྱངས་ཤིང་གདན་བསྒོམ་པ་དང་། དྲང་། དེ་ཉིད་སྒོམ་ཐབས་འོག་ནས་སྟོན་པ་འདི་ལྟར་ལྷའི་ཏིང་ངེ་འཛིན་དེ་ཉིད་ལ་གོམས་པར་བྱ་བའང་། གཞལ་ཡས་ཁང་བསྐྱེད་ཅིང་ལྷ་བསྒོམ་པའི་སྔོན་དུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཅིར་ཡང་མི་དམིགས་པ་སྐྱེ་མེད་དང་། སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་བསྒོམ་པའི་ངང་ཉིད་ལས། རང་རིག་པ་ཉིད་ཨ་དཀར་བོ་གསུང་ཡིག་འབྲུ་ངག་གི་ཕྱག་རྒྱ་འོད་འབར་བ ། ཁ་དོག་ཤིན་ཏུ་གསལ་ཞིང་འོད་ཟེར་འཚེར་བར་ཏིང་ངེ་འཛིན་ལ་གསལ་བར་བསྒོམས་ལ། ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་དོན་བྱང་ཆུབ་སེམས། རྟགས་ཡི་གེ་ཨ་དཀར་པོར་ནི་གྱུར་པར་བསྒོམ་མོ། །ཨ་ར་བསྒོམ་པའི་དོན་དེ་ཇི་བཞིན་པ་གཉིས་མེད་ཉིད་དུ་བློ་གོམས་ཤིང་འདྲིས་པར་གྱུར་ནས ། མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་རྒྱུའི་ཡི་གེ་ཨ་དཀར་པོ་དེ་ལས། ཨ་སྥ་ར་ཎ་ཕཊ༔ ཅེས་མ་དམར་པོའི་དཀྱིལ་འཁོར་གྲངས་མེད་པ་སྤྲོ། དེ་ལྟར་སྤྲོས་པས་ཕྱོགས་བཅུ་ཐམས་ཅད་ཨ་དང་མ་གཉིས་ཀྱིས་གང་བ་གསལ་བར་ཏིང་ངེ་འཛིན་གྱི་བློ་ལ་འབྱོར་བར་གྱུར་ནས། སཾ་ཧ་ར་ཎ་ཧཱུྃ་གིས་བསྡུས་ཏེ་འོད་དུ་ཞུ་བ་ལས་ཉི་ཟླ་གང་བ་སྦྲེལ་མར་བསྒོམ། སུརྻ་ཙནྜ་མཎྜལ་ཞེས་པ་ལ་ཉི་མ་དང་། ཨ་ལ་ས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་སྦྲེལ་མ་སྟེ་བརྩེགས་མར་བསྒོམ། དེའི་འོག་ཏུ་ཧྲཱིཿ དམར་པོ་གསལ་བ་འོད་དུ་ཞུ་བ་ལས། པདྨ་འདམ་སྐྱོན་གྱིས་མ་གོས་པས་ཆགས་པ་མེད་པ་ཁ་དོག་སྣ་ཚོགས་ཤིག་བསྒོམ་མོ། །གཉིས་པ་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པའོ། །དྲང་། དོན་ཡེ་ཤེས་ལྔ་རྟགས་བྷྲཱུྃ་ལས་རིན་ཆེན་འོད་འབར་བའི་གདན་གྱི་འོད་ལས་ཞི་བའི་གཞལ་ཡས་ཁང་སྦྲ་གུར་ལྟ་བུར་བསྒོམ་མོ། །ཡང་ན་གདན་དེའི་འོག་ཏུ་ཡེ་ཤེས་རིན་པོ་ཆེ་འོད་འབར་བའི་གདན་གྱི་འོད་ལས་ཞི་བའི་གཞལ་ཡས་ཁང་སྦྲ་གུར་ལྟ་བུར་བསྒོམ་མོ། །དེ་ལྟར་ཉི་ཟླ་པདྨ་རིན་པོ་ཆེའི་གདན་དང་རིན་པོ་ཆེའི་གཞལ་ཡས་ཁང་བསྒོམ་པ་ལ། རིན་པོ་ཆེའི་ཟ་ར་ཚག་ལ་སོགས་རྒྱན་ཐམས་ཅད་བསྡུས་ཤིང་ཚངས་པས་ངོ་བོ་ཆ་ཕྲ་བར་གསལ་བར་བསྒོམ་མོ། །གཉིས་པ་བརྟེན་པ་ལྷ་བསྒོམ་པ་ལ་གཉིས་ཏེ། རྩ་བའི་ལྷ་ཆོ་ག་ཡན་ལག་གསུམ་གྱིས་བསྒོམ་པ་དང་། ཡན་ལག་ལྷག་པའི་ལྷ་དགུ་བསྒོམ་པའོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་གསུང་ཡིག་འབྲུ་དང་། དྲང་། གཞལ་ཡས་ཀྱི་ནང་ན་གདན་དེའི་དཀྱིལ་དུ་གསུང་གི་ཡི་གེ་ཧཱུྃ་ཞིག་གནས་པར་བསྒོམ་སྟེ། ཧཱུྃ་དེ་ཉིད་ཁ་དོག་མཐིང་ཀ་འོད་འཚེར་ལ་གསལ་བའི་དོན་ཡེ་ཤེས་རྟགས་ཧཱུྃ་གི་འོད་ཟེར་ཕྱོགས་བཅུར་འཕྲོ་བ་རྣམ་པར་བསྒོམ། དེ་ལྟར་ཧཱུྃ་དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་སཾ་ཧ་ར་ཎ་ཧཱུྃ་གིས་དབྱིངས་སུ་སླར་བསྡུས་ནས་འོད་དུ་ཞུ་བ་ལས་ཐུགས་ཕྱག་མཚན། གཉིས་པ་ཐུགས་ཕྱག་མཚན་དང་། དྲང་། བཛྲ་ཞེས་པས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཤིན་ཏུ་ཕྲ་བ་ནས་འབྲས་ཙམ་དུ་གྱུར་པར་བསྒོམ། རྡོ་རྗེ་ལས་འོད་ཟེར་འཕྲོས་ཆོད་དོན་བྱས་ཏེ་ཁ་དོག་གསལ་ཞིང་འོད་ཟེར་འབར་བར་གྱུར་ནས་མཆོད་དོན་བྱས་སླར་དབྱིངས་སུ་ཡང་ནི་རྡོ་རྗེ་ལ་བསྟིམ་པར་བྱའོ། །གསུམ་པ་སྐུ་ཕྱག་རྒྱ་ལ་གཉིས་ཏེ། བགྲང་། དང་པོ་སྐུ་ཕྲ་བ་དང་། དྲང་། ༀ་བཛྲ་ས་ཏྭ་ཅེས་པས་རྡོ་རྗེ་དེ་ཉིད་འོད་ཏུ་ཞུ་བ་ལས་རྡོ་རྗེ་སེམས་དཔའ་མཐིང་ག་རྡོ་རྗེ་དང་རིལ་བུ་ཅན་ཚོན་གང་བའི་སྐུར་གྱུར་ནས། སྐུ་དེ་ཡང་ཤིན་ཏུ་ཆ་ཕྲ་ཞིང་རྒྱན་དང་ཆ་ལུགས་ཐམས་ཅད་ཚང་ཞིང་འདུས་པར་བསྒོམ་མོ། །གཉིས་པ་ཡོངས་རྫོགས་ལ་གཉིས་ཏེ། བགྲང་། དང་པོ་ཞལ་གཅིག་ཕྱག་གཉིས་པ་དང་། དྲང་། གོང་གི་དེ་བཞིན་དུ་སྐུ་ཕྲ་མོ་དེ་འཕྲོས་འདུས་པས་གཉིས་སུ་མེད་པར་གསལ་བར་གྱུར་ནས། ཧཱུྃ་བཛྲ་དྷྲིག་ཅེས་པས་སྐུ་རགས་པ་རང་ལུས་ཙམ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་གཡོན་དྲིལ་བུ་འོད་འབར་བ་བསྣམས་པ་ཚུལ་དགུ་དང་ལྡན་པར་བསྒོམ། གཉིས་པ་ཞལ་གསུམ་ཕྱག་དྲུག་བསྒོམ་པའོ། །དྲང་། གོང་གི་ཞལ་གཅིག་ཕྱག་གཉིས་བསྐྱེད་པ་དེ་བཞིན་དུ་གོམས་ཤིང་བརྟན་པར་གྱུར་པ་དང་། རྣམ་ཐར་གསུམ་དང་ལྡན་པའི་རྟགས་སུ་དབུ་གསུམ། ཡེ་ཤེས་དྲུག་དང་ལྡན་པའི་རྟགས་སུ་ཕྱག་དྲུག་པ་ཉིད་དུ་བསྒོམ་ཏེ། དེ་ཡང་གཡས་ཀྱི་དང་པོ་རྡོ་རྗེ། བར་མ་འཁོར་ལོ། །གཡོན་ཐ་མ་རལ་གྲི་འོད་འབར་བ། གཡས་ཐ་མ་རིན་ཆེན། བར་མ་པདྨ། གཡོན་དང་པོ་དྲིལ་བུ་འོད་འབར་བའོ། །གཉིས་པ་ཡན་ལག་ལྷག་པའི་ལྷ་དགུར་བསྒོམ་པའོ། །དྲང་། འདི་ལ་བརྩེགས་སྡེབ་གཅིག་བྱས་པས། ལྷ་དེའི་ཙིཏྟའི་གནས་གཅིག་པ་རུ། ཆ་ཕྲ་བའི་འོད་ཀྱིས་གཞལ་ཡས་ཁང་པདྨ་ཉི་ཟླའི་གདན་དང་ལྡན་པ་དེར། ཡེ་ཤེས་སེམས་དཔའ་རྩ་བའི་ལྷ་ཅི་འདྲ་བ་བསྒོམ་མོ། །རྩ་བའི་ལྷའི་སྤྱི་བོ་དང་། མགྲིན་པ་དང་། ཙི་ཏྟའི་གནས་གསུམ་དང་། ཉི་ཟླ་པདྨ་གསུམ་གྱི་སྟེང་དུ་ༀ་ཨཱཿཧཱུྃ་གསུམ་ལས་བྱིན་རླབས་ཀྱི་ལྷ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་བསྒོམ་པར་བྱའོ། །རྩ་བའི་ལྷའི་དབུའི་གནས་སྤྱི་བོ་མཚོགས་མ། རྣ་ལྟག་གཡས། ལྟག་ཁུང་རྣ་ལྟག་གཡོན་དང་ལྔར་རིན་པོ་ཆེའི་ཁང་བུ་ལྔའི་ནང་དུ་ཧཱུྃ་ༀ་སྭ་ཨཱྃ་ཧཱ་སྟེ་ཡི་གེ་འབྲུ་ལྔ་བསམས་ལ། ཤུ་ནྱ་ཏཱ་ལ་སོགས་ཀྱི་སྔགས་བརྗོད་པས་དོན་ཡེ་ཤེས་ལྔ་མཚོན་པའི་ཆུ་རྒྱུན་གྱིས་དབང་རྫོགས་པར་བསྐུར་བས། རྟགས་རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་བསམ་མོ། །གཉིས་པ་གཅིག་ཆར་དུ་བསྒོམ་པ་ལ་གཉིས་ཏེ། བགྲང་། དང་པོ་གཅིག་ཆར་དུ་བསྒོམ་པ་དང་། དྲང་། དེ་ཡང་རྣལ་འབྱོར་པས་བློའི་ཤེས་རབ་ཀྱི་རྩལ་ཆེ་བས་གཅིག་ཆར་དུ་བསྒོམ་པ་དང་། ཆུང་བས་རིམ་གྱིས་བསྒོམ་པའི་ཁྱད་པར་ཡོད་པའི་བློའི་དབང་གིས་ཕྱེ་བས་ཡང་བློ་ཆེ་ན་དང་ནས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་རགས་པ་ཅིག་ཆར་དུ་བསྒོམ་སྟེ། དཔེར་ན་ཆུ་ལས་ཉ་ལྡང་བའི་ཚུལ་ཇི་ལྟ་བ་བཞིན་དུ། སྙིང་པོ་བརྗོད་པ་ཙམ་གྱིས་རྣལ་འབྱོར་པ་བདག་ཉིད་ཡི་དམ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ཉིད་དུ་གཅིག་ཆར་དུ་བསྒོམ་སྟེ། དེ་ཡང་དང་པོ་རང་ནས་རྣམ་ཐར་གསུམ་མཚོན་པའི་ཞལ་གསུམ་དང་། ཡེ་ཤེས་དྲུག་དང་ལྡན་པའི་ཕྱག་དྲུག་པ་དུས་རྟག་ཏུ་བསྒོམ་མོ། །གཉིས་པ་གཞལ་ཡས་ཁང་དང་ལྷག་པའི་ལྷ་སྔ་མ་དང་མཐུན་པར་བསྟན་པའོ། །དྲང་། གནས་དགུ་འོད་ཀྱི་གཞལ་ཡས་ཁང་དང་པདྨ་ཉི་ཟླའི་གདན་བསྒོམ་པ་ལ་སོགས་སྔ་མ་རིམ་གྱིས་པའི་སྐབས་བཞིན་དུ་བསྒོམ་ཞིང་། དེའི་གདན་སྟེང་དུ་ཡན་ལག་ལྷག་པའི་ལྷ་དགུ་བསྒོམ་པའང་རིམ་གྱིས་པའི་སྐབས་དེ་བཞིན་དུ་བསྒོམ་པ་ཡིན་ནོ། །ཏིང་ངེ་འཛིན་དེ་ལ་ཤིན་ཏུ་འདྲེས་ཤིང་གོམས་པར་བྱའོ། །དེ་ལྟར་ན་ཨ་ནུ་ཡོ་ག་དང་ཁྱད་མེད་པར་ཐལ། སྙིང་པོ་བརྗོད་པ་ཙམ་གྱིས་སྐུ་རྫོགས་ཚུལ་དུ་བསྒོམ་ནུས་པའི་ཕྱིར་རོ་ཞེ་ན། ཁྱད་པར་ཡོད་དེ། ཨ་ནུ་ནི་དང་པོ་གཅིག་ཆར་བ་རྟོགས་པའི་རྗེས་ནས་རྫོགས་ཚུལ་དུ་བསྒོམ་ནུས་ལ། འདི་ནི་རིམ་གྱིས་པ་རྒས་པོ་དེ་ཅིག་ཆར་དུ་སོང་བ་ཡིན་ཏེ། དེ་ཏིང་ཀུན་ཏིང་གཉིས་ལ་སྔོན་དུ་སྦྱངས་པ་སོང་ནས་རྫོགས་ཚུལ་དུ་བསྐྱེད་པ་ཡིན་པས་སོ། །གཉིས་པ་ཁྲོ་བོ་བསྒོམ་པ་ལ་གཉིས་ཏེ། བགྲང་། དང་པོ་བསྒོམ་ཐབས་རིམ་ཅིག་ཆར་སྤྱིར་ཞི་བ་དང་མཐུན་པར་བསྟན་པ་དང་། དྲང་། དཀྱུས་ཀྱི་ཕྱི་མ་རཀྴ་སྟེ་སྲིན་པོའི་ཕྲུ་གུའི་ཆ་ལུགས་འཛིན་པ་ཁྲོ་བོ་ཕྱག་རྒྱ་གཅིག་པ་བསྒོམ་པ་ལའང་། ཆོ་ག་གསུམ་གྱིས་བསྐྱེད་པ་རིམ་གྱིས་པ་དང་། ཆུ་ལ་ཉ་ལྡང་ཚུལ་དུ་བསྐྱེད་པ་གཅིག་ཆར་བ་དང་གཉིས་སུ་ཡོད་པའང་སྔོན་ཞི་བའི་སྐབས་སུ་བསྟན་པ་དེ་བཞིན་ཡིན་ཏེ། གཉིས་པ་ཁྱད་པར་དུ་ཞི་བ་ལས་ཁྲོ་བོར་བསྒྱུར་ཏེ་བསྒོམ་པའོ། །དྲང་། སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེའི་གོ་ཆ་སྟེ་ཆོ་ག་གསུམ་དང་། ཁ་དོག་མཐིང་ག་འཚེར་བ་དང་། ཐ་དད་པའི་གཞལ་ཡས་ཁང་ལ་སོགས་པ་ཡང་ཞི་བ་ལས་བསྒྱུར་ཏེ། ཁྲོ་བོའི་གཞུང་ལྟར་བསྒོམ་པར་བྱའོ། །ཐུགས་ཀྱི་རིགས་བཛྲ་ཧེ་རུ་ཀ་ལས་གཞན་རིགས་བཞི་པོ་གང་རུང་ལ་མོས་པའང་། རིགས་བཞིའི་ཁ་དོག་ཡིག་འབྲུ་རྣམས་ཁ་དོག་སྨུག་སེར་དམར་ལྗང་བཞི་ལ་སེམས་སྦྱངས་ཏེ་ལྷ་བསྐྱེད་པ་ནི། གདན་དང་བཞུགས་གནས་དང་རྒྱན་ལ་སོགས་པ་ཕལ་ཆེར་གོང་གི་རྡོ་རྗེའི་རིགས་བཛྲ་ཧེ་རུ་ཀ་དང་གཅིག་གོ། །སྐུ་གསུང་ཐུགས་རྡོ་རྗེའི་ཆོ་ག་རྣམ་པ་གསུམ་ཡང་རིགས་བཞི་གང་ཡིན་གྱི་རིགས་སུ་བསྒྱུར་ཅིང་། དེ་ལ་སྐུ་ཕྱག་རྒྱ་ཆེན་པོ་རགས་པ་དང་། ཞལ་གསུམ་ཕྱག་དྲུག་ཏུ་བསྒོམ་པ་དང་། ཡན་ལག་ལྷག་པའི་ལྷ་དགུ་སྒོམ་པའང་ཞི་བ་ལས་ཁྲོ་བོར་བསྒྱུར་བ་གོང་གི་དེ་བཞིན་ནོ། །མདོར་ན་ཕྱག་རྒྱ་གཅིག་པ་ནི་རྩ་བའི་ལྷ་གཅིག་ལ་ཡན་ལག་ལྷག་པའི་ལྷ་དགུ་བསྒོམ་པའོ། །འོ་ན་སྤྲོས་བཅས་སུ་ཐལ་ལྷ་དུ་མ་བསྒོམ་པའི་ཕྱིར་རོ་ཞེ་ན། ལྷ་རྗེ་སྒྲོ་ཕུག་པའི་བཞེད་ཀྱིས། ཡན་ལག་གི་ལྷ་དགུ་བསྒོམས་པ་ཡང་རྩེ་བའི་ལྷ་གཅིག་ལས་མེད་པས་ཕྱག་རྒྱ་གཅིག་པ་ཡིན་ཏེ། རྩ་བ་གཅིག་པའི་ལྷ་བསྒོམ་པ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཡིན། ཞེས་པས་རྩ་བའི་ལྷ་ཡི་ངོས་ནས་བཞག་གི། ཡན་ལག་གི་ལྷ་ཡི་ངོས་ནས་མ་བཞག་པའི་ཕྱིར་རོ། །གསུངས་པའི་འདི་མི་འཐད་དེ། ཡན་ལག་གི་ལྷ་སྒོམ་ཡང་། རྩ་བའི་ལྷ་གཅིག་བསྒོམས་པས་ཕྱག་རྒྱ་གཅིག་པར་འགྲོ་ན། དེ་ཚོད་དུ་སྤྲོས་པའི་སྟོང་དང་ཉི་ཁྲི་བཞི་སྟོང་ལ་སློབ་པའི་ཚེ། ཐུབ་པ་རེ་རེ་ལ་ལྷ་སྟོང་སྟོང་བསྒོམ་པ་དེ་ཡང་ཕྱག་རྒྱ་གཅིག་པར་ཐལ། ཡན་ལག་སྟོང་འདུག་ཀྱང་རྩ་བ་གཅིག་ལས་མེད་པའི་ཕྱིར་རོ། །འདོད་ན་སྤྲོས་པ་ཡིན་པས་བསལ་ལ། འོ་ན་གང་ཞེ་ན། སྤྲོས་བཅས་བྱ་བ་རྟོག་པ་དུ་མ་ལྷ་དུ་མར་སྤྲོས་ནས་བསྒོམས་པ་ཡིན་ལ། འདིར་རྩ་བའི་རྟོག་པ་གཅིག་པུ་ལྷའི་སྐུ་གཅིག་ཏུ་བསྒོམ་པ་ཡིན་པས། ཡན་ལག་གི་ལྷ་དུ་མ་བསྒོམ་ཡང་སྤྲོས་བཅས་སུ་མི་འགྲོ་གསུངས་སོ། །ལྕེ་སྟོན་གྱིས་རྩ་བའི་ལྷ་གཅིག་ལ་ཡན་ལག་གི་ལྷ་དགུ་བསྒོམས་ཡང་། ཉིང་ལག་གི་ལྷ་མི་བསྒོམ་པའི་ཕྱིར། སྤྲོས་པ་དང་མཚུངས་པ་མིན་ནོ་སྙམ་མོ་གསུངས་སོ། །དེ་ཡང་སྤྲོས་པ་ལས། དེ་ཉིད་ཡན་ལག་སྤྲོས་བཅས་བདག །ཅེས་བཤད་པས་སོ། །གཉིས་པ་ཕྲིན་ལས་ཀྱི་རིམ་པ་དང་། དྲང་། དེ་ལྟར་ཞི་ཁྲོ་གཉིས་ཀ་བློ་ཆུང་བས་རིམ་གྱིས་བསྒོམ་པ་ལ་བརྟན་པ་ཐོབ་པའམ། བློ་ཆེ་བས་གཅིག་ཆར་བསྒོམ་པའི་དུས་སུ་ཕྲིན་ལས་ཀྱི་རིམ་པ་ནི། ཡན་ལག་བརྒྱད་པའི་མཐར་མཚམས་བཅད། བཤགས་པ་བྱ། དམ་བཅའ། བྱིན་ཕབ ། ཧཱུྃ་ཞེས་འོད་དང་གཟི་བྱིན་རང་ལ་ཐིམ་པ་ལས་ཡིད་དམ་གྱི་ལྷར་བསྐྱེད་ལ། ཕྱི་ནང་གི་མཆོད་པ་རྣམས་གཞུང་བཞིན་དུ་བྱིན་གྱིས་བརླབས་ནས་སྟོང་པ་དང་སྒྱུ་མའི་ཏིང་ངེ་འཛིན་ཅུང་ཟད་ཙམ་སྔོན་དུ་སོང་ནས་རང་གང་བསྒོམ་ལྷའི་སྐུར་རིམ་གྱིས་སམ་ཅིག་ཆར་དུ་བསྒོམ་སྟེ། ཡན་ལག་ལྷག་པའི་ལྷ་དགུ་དང་ལྡན་པར་བསྐྱེད་པ་ཡན་ཆད་རྫོགས་ནས་སྙན་གསན་དབབ་སྤྱན་དྲངས་བསྟིམ། བརྟན་པར་བྱས་ལ། དེ་ལ་ཕྱི་ནང་གསང་བས་མཆོད་ཅིང་བསྟོད་པ་བྱའོ། །གསུམ་པ་བཟླས་པ་བྱས་པ་དང་། དྲང་། དེ་ནས་གང་བསྒོམ་གྱི་ལྷའི་སྔགས་ཀྱིས་ཡན་ལག་མ་ཉམས་པར་སྔགས་བཟླས་པའང་། བཟླས་པའི་སྐྱོན་བཅུ་སྤངས་ཏེ། བདག་དམ་ཚིག་གི་སེམས་དཔའ་ལྷ་ཡེ་ཤེས་སེམས་དཔའི་བར་འཕྲོ་འདུ་རྣམ་པ་གསུམ་གྱི་བཟླས་པའི་གྲངས་ཇི་བཞིན་ཙམ་དམ་བཅས་པ་བཞིན་རྫོགས་པར་བྱ་བའོ། །དེ་ཡང་བཟླས་པའི་སྐྱོན་བཅུ་ལ་གཉིས་ཏེ། སྔགས་བཟླས་པའི་སྒྲ་སྐྱོན་དང་བར་ཆད་སྐྱོན་བཅུ་སྤང་བ་དང་། སྔགས་ལ་བསམ་དཔྱོད་ཀྱི་བར་དུ་གཅོད་པའི་སྐྱོན་བཅུ་སྤངས་བའོ། །དང་པོ་ལ་གཉིས་ལས། སྒྲ་སྐྱོན་ལྔ་ནི། སྒྲ་ཆེ་ཆུང་གཉིས། མྱུར་བུལ་གཉིས། མེད་པ་དང་ལྔའི། སྒྲ་ཆེན་མ་ཡིན་སོགས་དེ་དག་སྤང་བ་ཤིན་དུ་གལ་ཆེ་ཏེ། སྒྲ་ཆེ་ན་འབྱུང་བོ་དང་སྣོད་མེད་ཀྱིས་ཐོས་ན་བར་ཆད་འབྱུང་། ཆུང་བས་ཟུར་མི་ཕྱིན། དྲག་ན་ལྕེ་ཆད། ཞན་ན་ཟུར་མི་ཕྱིན། མྱུར་ན་ལྕེ་དུབ་བུལ་ན་གྲངས་མི་ཐོན་སྒྲ་མེད་ན་ཚིག་ཉམས་པའོ། །སྒྲ་ཆེ་ན་སྐྱོན་འགྱུར་སོགས། དེ་ཡང་རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པར་མ་ཡིན་བུལ་བ་མིན། །དྲག་པར་མ་ཡིན་ཞན་མ་ཡིན། །ཡིག་འབྲུའི་ཡན་ལག་ཉམས་མ་ཡིན། །ཡེང་བ་ང་རྒྱལ་དང་ལྡན་མིན། །རྒྱུ་བའི་སེམས་པ་སྤང་བར་བྱ། །ཅེས་སོ། །གཉིས་པ་བར་ཆད་ཀྱི་སྐྱོན་ལྔ་ནི། གློ་ལུ་བ་དང་། གཏམ་དང་སྦྲིད་པ་དང་། གཉིས་དང་བཞི་པོས་བར་ཆོད་ན་བྱིན་བརླབས་ཡལ། སེམས་ཡེངས་ན་ཏིང་ངེ་འཛིན་གྱི་སྲོག་མེད་པས་དོན་གྱི་ནུས་མཐུ་མེད་དེ། ཚིག་ཙམ་གྱི་ནུས་པ་བས་མི་འབྱུང་ངོ་། །གློ་དང་སྦྲིད་པ་སོགས། དེ་ཡང་རྔམ་གློག་ལས། སྒྲ་ཆེ་སྐྱོན་འགྱུར་འབྱུང་པོ་དང་། །སྣོད་མེད་ཐོས་གྱུར་བར་ཆད་འབྱུང་། །སྒྲ་མེད་བར་ཆད་མཐུ་མེད་འགྱུར། །རྐྱེན་གྱུར་ལུས་ཀྱི་འཕྲད་པར་ཉམས། །དེ་ལ་སྔགས་ཀྱི་ནུས་པ་མེད། །བུལ་ན་བཟླས་པའི་གྲངས་མེད་པས། །དུས་འདས་བར་ཆད་སྦྱོར་བ་འབྱུང་། །གློ་དང་སྦྲིད་དང་གཏམ་དང་ནི། །གཉིད་ལ་སོགས་པས་བར་ཆད་ན། །དེས་ནི་ཡི་དྭགས་བདུད་ལ་སོགས། །སྤྲོས་ནས་བར་ཆད་སྦྱོར་བར་བྱེད། །སེམས་གཡེང་ནུས་མཐུ་མི་འབྱུང་ངོ་། །ཞེས་སོ། །གཉིས་པ་བསམ་དཔྱོད་ཀྱི་སྐྱོན་བཅུ་ནི། ཉོན་མོངས་པ་དུག་ལྔ་བསམ་པའི་སྐྱོན་དང་། བརྩོན་འགྲུས་ཆུང་བ་བསམ་པའི་སྐྱོན་དང་དྲུག །འདོད་ཆགས་ཆེ་བ་རེ་དོགས་ཀྱི་སྐྱོན་དང་བདུན། ཏིང་ངེ་འཛིན་དང་བྲལ་བ་ཡེངས་བའི་སྐྱོན་དང་བརྒྱད། ཡིད་ཆེས་མེད་པ་ཐེ་ཚོམ་གྱི་སྐྱོན་དང་དགུ། དོན་དང་མི་ལྡན་པ་རང་རྒྱུད་པའི་སྐྱོན་དང་བཅུའོ། །དེ་ཡང་ནག་པོ་དྲུག་ཅུ་པ་ལས། སྔགས་ཀྱི་བསྙེན་པ་བྱེད་དུས་སུ། །མེ་དང་འདྲ་བའི་ཞེ་སྡང་གིས། །སྔགས་ཀྱི་འབྲས་བུ་བསྲེགས་པར་བྱེད། །ཀུན་ནས་འཁྲིགས་པའི་ཆགས་པ་ཡིས། །ཡོན་ཏན་རྒྱན་རྣམས་འཆིང་བར་བྱེད། །མུན་པ་ལྟ་བུའི་གཏི་མུག་གིས། །དངོས་གྲུབ་ཉེ་བ་རྙེད་མི་འགྱུར། །གླང་བུ་ལྟ་བུའི་ང་རྒྱལ་གྱིས། །དངོས་གྲུབ་ཆུ་འདྲ་རྩི་ནས་སྙིལ། །སྔགས་ཀྱི་ཡོན་ཏན་སྤྲིན་འདྲ་ལ། །ཕྲག་དོག་རླུང་གིས་འཐོར་བར་བྱེད། །དངོས་གྲུབ་ཆུ་བོའི་རྒྱུན་བསྡུ་ལ། །བརྩོན་འགྲུས་རྡོ་རྗེའི་བྲག་མེད་ན། །ལེ་ལོའི་རྦ་རླབས་ཆེན་པོ་འཁྲུགས། །འདི་ལྟར་སིདྡྷི་ཀུན་ལྡན་ལ། །སྔགས་ཀྱི་དངོས་གྲུབ་འདོད་པས་སྤང་། །བཟླས་བརྗོད་མེ་ཡི་རྒྱུན་འདྲ་ལ། །སྡིག་པ་ཆུ་དང་འདྲ་བས་གསོད། །ཅེས་པས། བཅུ་པོ་དེ་སྤངས་བའོ། །བསྙེན་པའི་དུས་སུ་བཟླས་པའི་འོད་ཟེར་ཕར་འཕྲོས་འཕགས་པ་མཆོད་སེམས་ཅན་གཞན་གྱི་དོན་བྱས། ཚུར་བསྡུས་བདག་གི་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ཤིང་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བསམ་ཞིང་བཟླས་པ་བྱ། སྒྲུབ་པའི་དུས་སུ་འོད་ཟེར་སྤྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། ཚུར་འདུས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་པ་དང་། སྒྲུབ་པ་ཆེན་པོའི་དུས་སུ་ཚུར་བསྡུ་བ་ཁོ་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ཞིང་། བདག་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱའོ། །ཕྱིའི་བཟླས་པ་ནི། བསྙེན་པའི་དུས་སུ་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་ཐ་དད་དུ་གསལ་བར་བྱས་ནས་བཟླས་པ་བྱེད་པའོ། །ནང་གི་བཟླས་པ་ནི། སྒྲུབ་པའི་དུས་སུ་དེ་གཉིས་ཐ་མི་དད་དུ་གསལ་བས་བཟླས་པ་བྱེད་པའོ། །གསང་བའི་བཟླས་པ་ནི། སྒྲུབ་པ་ཆེན་པོའི་དུས་སུ་བདག་དམ་ཚིག་པའི་ཐུགས་ཀ་ནས་ཡིག་འབྲུ་བྱང་ཆུབ་སེམས་ཀྱི་འོད་ཟེར་ཕར་འཕྲོས་ཏེ། ཡེ་ཤེས་སེམས་དཔའི་ཞལ་དུ་ཐིམ་ཞིང་ཀླད་པའི་རྒྱས་སུ་བྱུང་སྟེ། ཨ་བ་དྷུ་ཏི་ནས་མར་ཞུགས་ཤིང་གསང་བའི་རྡོ་རྗེ་ནས་བདག་གི་རྡོ་རྗེར་ཐིམ། ཨ་བ་དྷུ་ཏི་ནས་ཡར་ཞུགས། བདག་གི་ཞལ་ནས་ཡེ་ཤེས་སེམས་དཔའི་ཞལ་དུ་ཐིམ། མཁའ་ནས་མཁའ་རུ་ཐིམ་པར་བསམ་ཞིང་བཟླས་ཏེ། དེ་ལྟར་ཕྱི་ནང་གསང་གསང་གསུམ་ལ་བློ་ཆེ་ཆུང་གི་སྒོ་ནས་གང་མོས་སུ་ཡི་དམ་ལྷའི་སྙིང་པོ་དེ་ཡང་ཡང་བསྐྱར་ཞིང་བསྒྲངས་པས་ན་བཟླས་པ་ཞེས་བྱ་སྟེ། དེ་ལ་ཡང་གསུམ་སྟེ་བཟླས་བརྗོད་གྲངས་ཀྱི་དང་། ཞག་ཚིག་དུས་ཀྱི་དང་། མཚན་མ་རྟགས་ཀྱི་བསྙེན་པ་རྟགས་དབྱུང་བར་བྱའོ། །དང་པོ་ནི། སྤྱིར་བྱེ་བ་ས་ཡ་ཡིན་གསུངས། ཡང་འབྲུ་འབུམ་ཚད་ཡིན་གསུངས་སོ། །གཉིས་པ་ནི། ཅི་ཙམ་དམ་བཅས་པའོ། །གསུམ་པ་ནི། རྟགས་ཀྱི་མཚན་མ་མ་བྱུང་གི་བར་དུའོ། །དེ་རྣམས་ཚད་དུ་ཕྱིན་པར་སྐྱོལ་བར་བྱའོ། །བཞི་པ་ཐུན་མཚམས་ཀྱི་ཏིང་ངེ་འཛིན་ནོ། །དྲང་། དེ་ལྟར་ལོ་ཟླ་དུ་མར་ལྷའི་བསྒོམ་བཟླས་ཀྱིས་ཁམས་དུབ་པར་གྱུར་ན། ཐབས་ལམ་གྱི་དབང་དུ་ལྟེ་བ་ལ་སོགས་པ་འཁོར་ལོ་བཞིའི་ཐིག་ལེ་ལ་བལྟས་པས་བདེ་བ་འབར་རམ། ཁྱད་པར་སྙིང་གའི་རྩ་ཀུན་རྡར་མའི་ནང་དུ་དྭངས་མ་ལྔ་འདུས་ཀྱི་བཅུད་སྲོག་མི་ཤིགས་པའི་ཐིག་ལེའམ། ཡེ་ཤེས་སྙིང་པོའི་འོད་ཀྱིས་ཐིག་ལེ་དཀར་པོ་ཟླུམ་པོ་སྲན་མ་ཙམ་ཡོད་པ་མེ་ཏོག་ཀུན་རྡའི་ཁ་དོག་ལྟ་བུར་གནས་པ་དེ་ལ་ཏིང་ངེ་འཛིན་གྱིས་བལྟ་ཞིང་། ནུབ་མོའི་དེའི་ངང་ཉལ་བས་ཁམས་དུབ་པ་སང་ངོ་། །ནང་པར་ཀྱང་དེ་ཉིད་ཀྱི་ངང་ལས་ལངས་ནས་གསུང་ཡིག་འབྲུ་ཧཱུྃ་ལ་སོགས་པ་ཞི་ཁྲོ་གང་ཡིན་གྱི་ཆོ་ག་གསུམ་གྱིས་བསྒྱུར་ཏེ་སྐུ་ཕྱག་རྒྱ་གཅིག་པ་ཡོངས་སུ་རྫོགས་པར་བསྒོམ་པ་ལ་ལས་རིམ་མཆོད་བསྟོད་བཟླས་པ་ལ་སོགས་པ་སྔོན་གོང་གི་ཇི་ལྟར་བྱེད་པ་བཞིན་དུ་སྒོ་གསུམ་རབ་ཏུ་བརྩོན་པས་ལྷའི་རྣལ་འབྱོར་ལ་འདྲིས་ཤིང་གོམས་པར་བྱའོ། །སྤྱིར་རིམ་གཅིག་ཆར་དང་། ཐབས་གྲོལ་དང་ལྷ་དང་མི་རྟོག་པ་རྣམས་མགོ་འབྲེལ་ལམ་སྟག་ཤ་ཞེ་ན། རིམ་དང་གཅིག་ཆར་ཐམས་ཅད་དུ་སྟག་ཤ་ཡིན་ལ། ཐབས་གྲོལ་ནི་མགོ་འབྲེལ་ལོ། །ལྷ་དང་མི་རྟོག་པ་གཉིས་སྒྱུ་འཕྲུལ་དུ་འགོ་འབྲེལ་ཞིང་། མདོའི་དབང་བཙན་དུ་སྟག་ཤའོ། །བཞི་པ་ངོ་བོ་ལ་གསུམ་སྟེ། བགྲང་། དང་པོ་བསྒོམ་བྱེད་ཏིང་ངེ་འཛིན་གྱི་ངོ་བོ་དམིགས་མེད་རང་སྣང་དུ་བསྟན་པ་དང་། དྲང་། རྟེན་ཞི་ཁྲོའི་གཞལ་ཡས་ཁང་དང་། བརྟེན་པ་ཞི་ཁྲོའི་ལྷའི་དཀྱིལ་འཁོར་དུ་སྣང་བ་ཡང་། རང་ལས་གཞན་ཞིག་ཏུ་གྲུབ་པ་མིན་ཏེ། རང་གི་རིག་པ་སེམས་ཀྱི་ཆོ་འཕྲུལ་ཉིད་ལྷའི་དཀྱིལ་འཁོར་དེ་དག་རང་སྣང་བའི་ཕྱིར། བསྒོམ་བྱ་ཞི་ཁྲོའི་ལྷའི་ཡང་བློའི་ཡུལ་དུ་དམིགས་ནས་སྒོམ་དུ་མེད་དེ་རང་གི་རིག་པ་དེ་ཉིད་ལྷའི་སྐུ་གསུང་ཐུགས་མཛད་པ་ཕྲིན་ལས་ཀྱི་ཕྱག་རྒྱ་དང་བཞི་རྫོགས་པའི་ལྷའི་སྐུའི་ཕྱག་རྒྱ་ཆེན་པོའི་གང་བསྒོམ་པ་དེ་ཉིད་རིག་པ་རང་སྣང་བའོ། །གཉིས་པ་བསྒོམ་བྱ་དོན་གྱི་ངོ་བོ་ཡོན་ཏན་ལྷུན་གྱིས་གྲུབ་པའི་དཔེ་དོན་དང་། དྲང་། ཐུན་མོང་གི་རྒྱལ་བའི་ཡང་རྒྱལ་བ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་སྐུ་རུ་གསལ་བ་ནི་དུས་དང་གནས་སྐབས་ཀུན་ཏུ་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལྟ་བུ་སྟེ་སྐུ་ལྔའི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་དུ་རྫོགས་པས་འདི་ལ་ཕན་གདགས་མི་གདགས་ཀྱི་རྣམ་པར་རྟོག་པའི་རྩོལ་བ་མེད་པར་གདུལ་བྱ་འཁོར་ལྔའི་རེ་བ་ཡིད་བཞིན་གྱི་སྐོང་བའི་དུས་སུ་ཡོན་ཏན་མི་ཟད་པ་དང་། མ་བྱས་པས་འཕེལ་བ་དང་། དགོངས་པའི་ངང་ནས་གདུལ་བྱའི་དོན་ལ་ཕར་འགྲོ་བ་དང་ཚུར་འོང་བ་དང་། ཐུགས་རྗེ་ལ་ཉེ་བ་དང་རིང་བའི་འདུ་ཤེས་གང་ཡང་མེད་པར་གདུལ་བྱའི་དོན་མཛད་པ་བཞིན། རྗེས་འཇུག་གིས་ཀྱང་དེ་བཞིན་དུ་ཤེས་ནས་བསྒོམ་དགོས་སོ། །གསུམ་པ་སྒོམ་པའི་ངེས་ཚིག་གོ། །དྲང་། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་དེ་བསྒོམ་པའི་ཚེ་ཡོད་པའི་སྐྱོན་ལས་གྲོལ་བ་དང་། མ་བསྒོམ་པ་ཙམ་ན་མེད་པས་མ་གྲོལ་བའི་འཛིན་པ་མེད་དེ་གང་ཡང་ཐམས་ཅད་རིག་པ་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་དགོངས་པ་ལ་ཕྱོགས་རིས་མེད་ཅིང་སྤྱོད་པ་ལྷ་ལ་བླང་བྱ་དང་། རྟོག་པ་ལ་དོར་བྱ་མེད་དེ། ལྷའི་སྐུ་བསྒོམ་པ་ལ་བྱིང་བ་དང་རྒོད་པ་ཤས་ཆེན་བའི་སྐྱོན་ལ་མེད་པར་དེ་སྙོམ་པ་ཙམ་ལ་ཏིང་ངེ་འཛིན་མཉམ་པ་ལ་བཞག་པའམ་བསྒོམ་ཞེས་བྱ་བའི་སྒྲ་དོན་ནམ་ངེས་ཚིགས་སུ་བརྗོད་པའོ། །ལྔ་པ་མི་མཐུན་པའི་སྐྱོན་ལ་གཉིས་ཏེ། བགྲང་། དང་པོ་ཐུན་མོང་གི་སྐྱོན་ཕྲ་བར་བསྟན་པ་དང་། དྲང་། ཏིང་ངེ་འཛིན་ངོ་བོ་དང་མི་མཐུན་པའི་སྐྱོན་བྱེ་བྲག་རྣམས། ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལ་གནས་པ་འདིའི་ཚེ་སྐྱོན་རྣམས་དམིགས་ངོས་བཟུང་བ་ནི། དང་པོ་ཡི་གེ་ལ་སེམས་སྦྱང་བ་ནས་བཟུང་སྟེ་སྐུ་ཡོངས་སུ་རྫོགས་པ་བསྒོམ་པའི་བར། དམིགས་པ་བརྗེད་པ་དང་བྱིང་རྒོད་ལ་སོགས་པ་ཐུན་མོང་གི་སྐྱོན་ཀུན་ཏུ་འབྱུང་བ་འདིར་རགས་པ་མི་འབྱུང་སྟེ། ཕྲ་བ་ཙམ་འབྱུང་ལ། ཐ་མ་སྐྱོན་ཕྲ་བ་ཕྱག་རྒྱ་གཅིག་པ་འདི་བསྒོམ་པའི་སྐབས་ལས་འབྱུང་བ་དེ་ཤེས་བཞིན་བྱ་ར་བས་སོ་འཐས་བཅད་པ་གཅེས་སོ། །ཁྱད་པར་གྱི་སྐྱོན་བཅུ་གཅིག་བསྟན་པའོ། །དྲང་། ཕྱག་རྒྱ་གཅིག་པ་འདི་ཉིད་ཀྱི་ཁྱད་པར་གྱི་སྐྱོན་ལ་གཉིས་ལས། དང་པོ་ཡི་གེ་ལ་སེམས་སྦྱངས་པའི་སྐྱོན་གསུམ་ནི། སྨིག་རྒྱུ་ལྟར་བློ་ཡུལ་དུ་ཡི་གེ་ཨ་ཧཱུྃ་རབ་རིབ་ཙམ་ལས་མི་སྣང་བ་དང་། ཡི་གེ་སྣང་ཡང་དུ་བའི་གསེབས་ཀྱི་རྫས་ལྟར་གསལ་བ་མེད་པར་མོག་མོག་ཏུ་འདུག་པ་དང་། ཡི་གེ་གསལ་བ་འགྲིབ་ནས་འགྲོ་བ་གྲིབ་མ་ལྟ་བུའི་ནག་ནོག་གིས་ཆོད་པའོ། །གཉིས་པ་ལྷ་བསྒོམ་པའི་དུས་སུ་འགྱུར་བའི་སྐྱོན་བརྒྱད་ནི། ལྷ་རང་གི་ལུས་གང་གི་ཚད་དུ་དམིགས་ནས་བསྒོམ་པ་ལ་ཆེ་ཆུང་གི་ཚད་འགྱུར་བ་དང་། ཞི་ཁྲོའི་ཚུལ་དགུ་འམ། གར་དགུ་འམ། བཞེངས་པ་དང་བཞུགས་པའི་ཚུལ་འགྱུར་བ་དང་། གྲངས་མང་ཉུང་འགྱུར་བ་དང་། ཞི་ཁྲོའི་ཆ་ལུགས་དུར་ཁྲོད་དང་། རིན་པོ་ཆེའི་རྒྱན་འགྱུར་བ་དང་། སྐུ་མདོག་དཀར་པོ་ལ་སོགས་འགྱུར་བ་དང་། ཞི་བ་དང་། ཁྲོ་བོའི་དབྱིབས་འགྱུར་བ་དང་། ཁ་དོག་སྟེ་སྐུ་མདོག་འབའ་ཞིག་ལས་མི་སྣང་སྟེ་སྐུའི་དབྱིངས་མེད་པ་དང་། དབུའི་གཙུག་ཏོར་ནས་རིམ་པར་ནུབ་ཅིང་མི་གསལ་བའོ། །དྲུག་པ་བཅོས་ཐབས་ལ་གསུམ་སྟེ། བགྲང་། དང་པོ་སྐྱོན་བཅོས་ཐབས་སྤྱིར་བསྟན་པ་དང་། དྲང་། དེ་ལྟར་སྐྱོན་དབང་དུ་འགྱུར་བ་ཤེས་བཞིན་གྱི་བྱ་ར་བས་ཚོར་བར་བྱས་ཏེེ། མཚན་མའི་འདུ་བྱེད་ཀྱི་རྣམ་རྟོག་གི་རླུང་གི་སྐྱོན་བྱུང་བསམ་ནས་ཏིང་ངེ་འཛིན་བསྐྱོད་པར་མི་བྱའོ། །གཉིས་པ་བྱེ་བྲག་ཏུ་ཁྱད་པར་གྱི་སྐྱོན་བཅོས་ཐབས་དང་། དྲང་། གོང་དུ་བསྟན་པ་དེ་ལྟར་སྐྱོན་ངོས་ཟིན་པའི་རྣལ་འབྱོར་པས་སྐྱོན་དེ་དག་ཀུན་གྱི་བཅོས་ཐབས་ནི་འདི་ལྟ་སྟེ། འདིར་ཁྱད་པར་གྱི་སྐྱོན་ལའང་ཡི་གེ་མི་གསལ་བའི་སྐྱོན་རབ་རིབ་མོག་མོག་གྲིབ་མ་གསུམ་ལ་མཚན་མའི་འདུ་བྱེད་ཀྱི་རྣམ་རྟོག་གི་རླུང་གི་སྐྱོན་བྱུང་བསམས་ནས་ཏིང་ངེ་འཛིན་ལམ་སྔ་མ་མ་བརྟེན་པའི་སྐྱོན་ཡིན་པས། སྙིང་རྗེ་འགྱུར་བ་སྒྱུ་སྟོང་ཡེ་ཤེས་སྒྱུ་མའི་ངང་ལ་ཡུན་རིང་དུ་འདུག་ལ། དེ་གོམས་པའི་རྗེས་ལ་ཕྲ་བ་ཡི་གེའི་ཏིང་ངེ་འཛིན་རང་ཤུགས་ཀྱིས་བསྒོམ་པ་ཐོབ་པ་ཡིན་ཏེ། དེ་ཡང་ཡུན་ཧ་ཅང་མི་རིང་བར་བྱས་ཏེ་ཐུན་ཚོད་མ་སུན་ཙམ་དུ་འདུག་ཅིང་སྒོམ་པར་བྱའོ། །ལྷ་བསྒོམ་པའི་དུས་སུ་འགྱུར་བའི་སྐྱོན་བརྒྱད་ཀྱིིས། སྔ་མ་དྲུག་ལ་སྐུ་རི་བོ་ལྟ་བུ་ཆེ་ཞིང་གདོས་བཅས་རང་རྒྱུད་དུ་སྒོམ་པར་བྱ་ཞིང་། བདུན་པ་ཁ་དོག་འབའ་ཞིག་གསལ་ཀྱང་དབྱིབས་མེད་པ་ལ། ཁ་དོག་ལ་བརྟེན་ནས་སྐུའི་དབྱིབས་དང་གཉིས་བསྲེས་ཏེ་བསྒོམ་པར་བྱའོ། །བརྒྱད་པ་རིམ་པར་ནུབ་པའི་སྐྱོན་ལ་སྤྱིའི་རྣམ་པ་གསལ་བ་མེད་ཀྱང་བྱེ་བྲག་ཞལ་ཕྱག་གམ། ཕྱག་གི་སོར་ཚིག་ནས་དཔུང་པ་ཙམ་ལ་སོགས་པ་གང་གསལ་བ་ལ་བློ་གནས་པར་བྱའོ། །གསུམ་པ་སྤྱོད་ལམ་གྱི་སྐྱོན་བཅོས་ཐབས་སོ། །དྲང་། སྒོ་གསུམ་གྱི་བྱ་བར་འོས་པ་མིན་པ་ཏིང་ངེ་འཛིན་དང་མི་མཐུན་པ་ལས། ཡི་གེ་བྲི་མཆོད་པ་ལ་སོགས་པ་ཀུན་དོར་བར་བྱས་ཏེ། དེ་ཏིང་གི་སྐབས་ཀྱིས། དེའི་འགྲོ་ཉལ་འདུག་སྡོད་དང་། ཞེས་སོགས་སྤྱོད་ལམ་རྣམ་བཞི་རྣལ་དུ་མ་འབྱོར་བའི་སྐྱོན་རྣམས་ཐམས་ཅད་དོར་ཞིང་བཏང་བར་བྱ་བའོ། །བདུན་པ་ཉམས་ལ་གསུམ་ཏེ། བགྲང་། དང་པོ་ཉམས་སྔ་མ་བཞིན་འཕེལ་བ་དང་། བགྲང་། སྔོན་དེ་ཏིང་། ཀུན་ཏིང་གཉིས་ལ་ཉམས་ལྔ་ཞུགས་ནས་བརྟེན་མོད་ཀྱང་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་འདི་ལ། གོམས་པས་ཉམས་རིམ་ལྔ་གོང་ནས་གོང་དུ་འཕེལ་བའི་ཚུལ་བསྟན་པའང་། ལམ་སྔ་མ་དེ་ཏིང་། ཀུན་ཏིང་གཉིས་སུ་བསྟན་པ་བཞིན་ཤེས་པར་བྱའོ། །གཉིས་པ་ཉམས་ལྔའང་མཚན་མ་དང་སྦྱར་ཏེ་བཤད་བ་དང་། དྲང་། གཡོ་བའི་ཉམས་ཀྱི་དུས་སུ་སྨིག་རྒྱུ་དེ་ཆུ་དངོས་སུ་མིན་ཀྱང་ཆུར་སྲིང་སྲིང་ཡོད་པ་ལྟར་སྣང་བ་བཞིན་དུ། ཡི་གེ་དང་ལྷ་དངོས་སུ་ཝལ་ལེ་མི་སྣང་ཡང་ཡིད་ཡུལ་ན་སྲིང་སྲིང་ཡོད་པའོ། །ཐོབ་པའི་དུས་སུ་མེ་སྟག་ཆུང་ངུ་ཙམ་ལ་ལྕི་སྐམས་དུམ་བུ་གཅིག་ལྷན་ན། ཕོག་ཅིག་དུ་བ་སྔོ་ལང་གིས་བྱུང་ནས་དེ་མ་ཐག་མེད་པ་བཞིན་དུ། ཐང་ཅིག་ཡི་གེ་དང་ལྷ་ཝལ་ལེ་གསལ་ནས་གསལ་མ་ཐག་མེད་པའོ། །གོམས་པའི་དུས་སུ་ལྷོ་མོན་ཀུན་ན་སྲིན་བུ་མེ་ཁྱེར་བྱ་བའི་སེམས་ཅན་ཞིག་འོད་འདོམ་རེ་ཙམ་དང་བཅས་ནས་ནུབ་མོ་འཕུར་ནས་འོང་བ་དེ། མདའ་རྒྱང་རེ་ཙམ་དུ་དམར་ན་ར་ར་བྱུང་ནས་ཤིང་ལ་སོགས་པའི་ཕག་ཏུ་ཧྲིབ་ཀྱིས་སོང་ནས་མི་སྣང་བཞིན་དུ་སྔ་མ་བས་ལྷ་གསལ་བ་དེ་རྒྱུན་རིང་དུ་གསལ་ནས་ཡང་མི་གསལ་བའོ། །བརྟེན་པའི་དུས་སུ་མར་མེ་རླུང་གིས་མ་བསྐྱོད་པ་ལྟར། ཐུན་བར་དུ་ལྷ་གསལ་ལ་རྟོག་པ་མེད་པའོ། །མཐར་ཕྱིན་པའི་དུས་སུ་ནམ་མཁའ་དྭངས་པ་ལ་ཉི་མ་ཤར་བ་ལྟར། དུས་ཐུན་ནམ་ཉིན་མཚན་ཕྱེད་པར་རིགས་པ་ལྷར་གསལ་བའོ། །དེ་ལྷར་ཉམས་ལྔ་ལ་མཚན་མ་ལྔའི་ཚུལ་དེ་དག་དང་སྦྱར་ཏེ་ཤེས་པར་བྱའོ། །འོ་ན་མཚན་མ་ལྔ་པོ་འདི་ཉམས་ལྔ་ལ་སྦྱར་བ་ཅི་ཞེ་ན། འདི་དག་དངོས་སུ་མཐོང་བ་མ་ཡིན་ཏེ། ཉམས་ལྔ་པོ་ལ་གསལ་མི་གསལ་ལོ། །བརྟན་མི་བརྟན་གྱི་ཁྱད་ཡོད་པའི་དབང་དུའོ། །དང་པོ་ཡི་གེ་ལ་སེམས་སྦྱངས་པའི་དུས་སུ་དཔེ་དོན་དེ་བཞིན་དུ་ཤེས་པར་བྱའོ། །གསུམ་པ་རྩོལ་བ་ཆེ་ཆུང་རང་གི་ཉམས་དང་སྦྱར་བའོ། །དྲང་། དེ་ཡང་ཉམས་དེ་དག་གི་དུས་སུ་རྩོལ་བ་དང་བཅས་པའི་བཏང་སྙོམས་དང་། རྩོལ་བ་མེད་པའི་དང་། དུས་ཕྱད་པའི་བཏང་སྙོམས་དང་གསུམ་གྱི་རིམ་པ་དང་། བརྩོན་པ་ནི་ཏིང་ངེ་འཛིན་ལ་སེམས་མངོན་པར་སྤྲོ་བའི་སྒོ་ནས་སྒོ་གསུམ་གྱི་རྩོལ་བ་བྱེད་པའོ། །མདོར་ན་དེ་དག་གི་བླང་དོར་ཉམས་ཀྱི་སྐབས་དང་སྦྱར་ལ་ཤེས་པར་བྱ་སྟེ། གཡོ་ཐོབ་གཉིས་ཀྱི་སྐབས་སུ་རྩོལ་བ་དང་བཅས་པའི་བཏང་སྙོམས་དང་རྩོལ་བ་དང་བཅས་པའི་བརྩོན་འགྲུས་བླང་། འོག་མ་གཉིས་དོར་རོ། །གོམས་བརྟན་གཉིས་ཀྱི་སྐབས་སུ་རྩོལ་བ་མེད་པའི་བཏང་སྙོམས་དང་། རྩོལ་བ་མེད་པའི་བརྩོན་འགྲུས་བླངས ། གོང་འོག་གཉིས་དོར་རོ། །མཐར་ཕྱིན་པའི་དུས་སུ། དུས་ཕྱད་པའི་བཏང་སྙོམས་དང་། དུས་ཕྱད་པའི་བརྩོན་འགྲུས་གཉིས་བླངས། གོང་མ་གཉིས་དོར་རོ། །ཡང་གཡོ་ཐོབ་ཀྱི་སྐབས་སུ། བརྩོན་འགྲུས་བླང་ཤིང་བཏང་སྙོམས་དོར་རོ། །གོམས་བརྟན་ཡན་ཆད་དུ་བཏང་སྙོམ་བླང་ཞིང་བརྩོན་པ་དོར་ཏེ། གོམས་པ་ལ་རྩོལ་བ་དང་བཅས་པའི་བཏང་སྙོམས་བླང་། བརྟན་པ་ལ་རྩོལ་བ་མེད་པའི་བཏང་སྙོམས་བླང་། མཐར་ཕྱིན་པའི་དུས་སུ་དུས་ཕྱེད་པའི་བཏང་སྙོམས་དང་དུ་བླང་ཞིང་རྩོལ་བ་དོར་རོ་བརྒྱད་པ་སྤྱོད་པ་ལ་གསུམ་སྟེ། བདག་དོན་གྱི་སྤྱོད་པ་དང་། གཞན་དོན་གྱི་སྤྱོད་པ་དང་། ཏིང་ངེ་འཛིན་བསྟན་པའི་ཡོན་ཏན་ནོ། །དང་པོ་ལ་དྲུག་སྟེ། བགྲང་། དང་པོ་སྤྱོད་ལམ་བཞི་ལ་ཞི་ཁྲོ་གང་ཡིན་གྱི་སྐབས་དང་སྦྱར་བ་དང་། དྲང་། རང་གི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བའི་གནས་བཞིར་ཡིག་འབྲུ་ཧཱུྃ་བཞི་ལས་ཁྲོ་བོ་བཞིར་བསྐྱེད་ལ་དུལ་རྟག་ཏུ་མཚམས་བཅད་དེ་བསྲུང་བ་ནི། དེ་ལ་ལྟེ་བར་ཧཱུྃ་ལས་གཤིན་རྗེ་གཤེད་སྨུག་ནག་ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན་ཎི་མགོས་མཚན་པ། གཡོན་དགྲ་སྟ། སྙིང་གར་ཧཱུྃ་ལས་སྟོབས་པོ་ཆེ་དུད་ཁ། རྡོ་རྗེ་ཐོ་གཏུན། མགྲིན་པར་ཧཱུྃ་ལས་རྟ་མགྲིན་དམར་ནག་སྤུ་གྲི་ཞགས་པ། སྤྱི་བོར་ཧཱུྃ་ལས་བདུད་རྩི་འཁྱིལ་པ་ལྗང་ནག་རལ་གྲི་རྒྱ་གྲམ་མོ། །ཆོས་ཀུན་རང་བྱུང་ཡེ་ཤེས་ཀྱི་ངང་ལས་རང་ལུས་ལྷའི་དཀྱིལ་འཁོར་དུ་གསལ་བས་ཚོགས་འབུལ་བྱ་འབུལ་བྱེད་མེད་པར་རིག་པར་བདག་ཉིད་ཆེན་པོའི་ལོངས་སྤྱོད་ཆོགས་ཀྱི་མཆོད་པ་བྱ་བ་ནི། ནང་གི་སྦྱིན་བསྲེག་ཀྱང་ཟ་ཚོགས་གཏོར་ལུང་ལྟར་དང་དུ་བླང་བར་བྱ་ཞིང་། གཟུགས་སྒྲ་དྲི་རོ་རེག་ཆོས་ལ་སོགས་ཡུལ་དྲུག་པོ་དེ་ལ་མཚན་མེད་ལྟར་ན་སྤྲོས་པ་མེད་པའི་ཐིག་ལེ་མི་རྟོག་པར་ཤེས་པར་བྱ་སྟེ། ཆོས་ཉིད་ལ་ཆོས་ཉིད་རོལ་བ་མཚན་བཅས་ལྟར་ན་འདོད་ཡོན་གྱི་ལྷ་མོ་དྲུག་ཏུ་གསལ་བས་ལྷ་ལ་ལྷ་ཐིམ་པར་རོལ་ཞིང་། དབང་པོ་རྣམ་ཤེས་སེམས་དཔའ་བརྒྱད། ཡུལ་དང་དུས་ཕྱི་ནང་གི་སེམས་མ་སྟེ་ཡབ་ཡུམ་དུ་སྦྱོར་བར་ཤེས་པར་བྱ། དེ་ཡང་ཡི་དམ་གྱི་ལྷ་ཞི་ཁྲོ་ཕྱག་རྒྱ་གཅིག་པ་གང་ཡིན་པའི་སྐབས་ཀྱི་སེམས་དཔའ་དང་སེམས་མ། ཀོའུ་རི་དང་སིངྷ་ལ་སོགས་པའི་ཚུལ་དུ་བསྒྱུར་བར་བྱའོ། །གཉིས་པ་བདག་ཉིད་ཆེན་པོའི་ཡོན་ཏན་དང་། དྲང་། གོང་ལྟར་ཆོས་ཐམས་ཅད་རིག་པ་བདག་ཉིད་ཆེན་པོའི་ངང་དུ་སངས་རྒྱས་དང་སེམས་ཅན་གཉིས་མེད་དུ་གསལ་བ་རང་ལ་མཆོད་པ་འབུལ་བའི་ཡོན་ཏན་ནི། སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་བདག་ཉིད་ཀྱི་རང་རིག་པའི་ཡེ་ཤེས་དང་ཐ་དད་མེད་པས་ན་མཉེས་ཤིང་། རྟོག་ཚོགས་རང་རིག་པར་གསལ་བས་སྲིད་པ་ཁམས་གསུམ་གྱི་སེམས་ཅན་རིགས་དྲུག་དང་། དེ་དག་བསྐྱེད་པའི་ས་བོན་ཨ་ཎི་སུ་ཏྲི་པྲེ་དུཿ ཐམས་ཅད་ལ་བྱང་ཆུབ་སེམས་ཀྱི་བདེ་བའི་རོ་དགའ་བ་ཆེན་པོས་ཁྱབ་ནས་ཚིམ་པར་འགྱུར་རོ། །གསུམ་པ་དུས་དང་གནས་སྐབས་ཐམས་ཅད་དུ་བསྒོམ་པའི་ཡོན་ཏན་དང་། དྲང་། རྣལ་འབྱོར་པ་ཕན་ཚུན་དུ་འགྲོ་བ་དང་། ཉལ་བ་དང་། འདུག་ཅིང་སྡོད་པ་དང་། ཟས་ལ་ལོངས་སྤྱོད་པའི་ཚེ་དང་། ཉོན་མོངས་པ་ཆགས་སྡང་ལ་སོགས་པ་དང་། ལུས་ཀྱི་ན་ཚ་དང་། སེམས་ཀྱི་སྡུག་བསྔལ་འབྱུང་བའི་ཚེ་ན་ཡང་། གསང་བའི་ཐེག་པ་ཆེན་པོ་གསང་སྔགས་ཡི་དམ་གྱི་ལྷའི་སྐུ་ཕྱག་རྒྱ་བསྒོམ་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་མི་སྤངས་ཤིང་། དུས་ཐམས་ཅད་དུ་ལྷའི་ང་རྒྱལ་བ་དང་མ་བྲལ་བ་སྔོན་བཞིན་དབང་པོ་ཡུལ་དུས་ཐམས་ཅད་ལྷ་ཡབ་ཡུམ་དུ་སྦྱོར་བས་དུས་མྱུར་དུ་འབྲས་བུ་ལྷའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །བཞི་པ་བྱ་བ་སྤངས་པས་ཕྱོགས་གཅིག་པའི་སྤྱོད་པ་དང་། དྲང་། རྒྱུ་དེ་ཏིང་དང་འབྲས་བུ་ཕྱག་རྒྱ་གཅིག་པ་དེ་གཉིས་མཚམས་སྦྱོར་བས་ཀུན་སྣང་དང་གསུམ་གྱིས་བར་སྐབས་ཀུན་ཏུ་བསྒོམ་པ་ཁོ་ན་མིན་པ་ཆོས་སྤྱོད་དགུའི་སྤྲོས་པ་དོར་ཏེ། གཏན་དུ་དོར་བ་མིན་པས་རྒྱུད་ལ་ལྡན་ཡང་བསྒོམ་པའི་སྐབས་འདིར་དང་དུ་བླང་བར་བྱ་བ་མིན་ཏེ། དེ་ཅིའི་ཕྱིར་ཞེ་ན་དེ་དག་ཐམས་ཅད་གཡེང་བ་དྲུག་ལས་མཚན་མའི་གཡེང་བར་གྱུར་པ་ཡིན་པའི་ཕྱིར་རོ། །ལྔ་པ་སྤྱོད་པ་དག་ཅིང་བརྩོན་པ་དང་ལྡན་པའི་ཡོན་ཏན་དང་། དྲང་། ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་བསྒོམ་པའི་རྣལ་འབྱོར་པས་གཞན་རང་བས་དམན་པ་རྣམས་ལ་ཕྱག་དང་བསྐོར་བ་མི་བྱ། གལ་ཏེ་བྱེད་ན། བླ་མ་ཡི་དམ་ལྷ་སྤྱི་བོར་བསྒོམ་ལ་བྱ་གསུངས། དེ་ཡང་། ཀླུ་སྒྲུབ་ཀྱིས། བསྒོམ་ཆེན་གྱི་ཕྱག་ལྕི། མཁས་པའི་གོང་ལྕི། སྒོམ་སྒྲུབ་ཅན་གྱི་ཟས་ལྕི། སྔགས་པའི་ནོར་ལྕི། ཞེས་སོ། །ཞི་ཁྲོ་ཕྱག་རྒྱ་གཅིག་པའི་ལྷའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་སྦྱོར་ཅིང་ཉམས་སུ་ལེན་པ་ལ། གཉིས་མེད་ཀྱི་རྟོགས་པའི་ལྟ་དགོངས་ཀྱི་དོན་དང་ལྡན་ཅིང་དམ་ཚིག་སྔགས་དང་ཕྱག་རྒྱ་མ་ཉམས་པར་སྤྱོད་ལམ་དག་པར་བྱས་ནས། ཡིད་དམ་ལྷའི་བསྒོམ་བཟླས་ལ་སྒོ་གསུམ་བརྩོན་འགྲུས་ཤིན་ཏུ་ཆེར་བསྐྱེད་དེ་བསྒྲུབས་ན་དུས་མྱུར་བར་འབྲས་བུ་ཡི་དམ་གྱི་ལྷ་འགྲུབ་པར་འགྱུར་རོ། །དྲུག་པ་ཚོགས་གཉིས་རྫོགས་པའི་ཡོན་ཏན་དང་། དྲང་། སྤྱོད་ལམ་ཐམས་ཅད་དུ་ལྷ་ཡིན་པ་ལ་ལྷར་གསལ་བའི་རོལ་པ་མ་འགགས་པར་བསོད་ནམས་ཀྱི་ཚོགས་ཏེ། དེ་ལ་སྤྱོད་བཞིན་དུ་རང་བཞིན་མེད་པ་སེམས་ཉིད་དུ་ཤེས་པས་མ་ཆགས་ཤིང་འཛིན་པ་མེད་པའི་ཡེ་ཤེས་ཀྱི་ཚོགས་དང་གཉིས་སུ་མེད་པར་རྫོགས་པའོ། །གཉིས་པ་གཞན་གྱི་སྤྱོད་པ་དང་། དྲང་། གདུལ་བྱ་གཞན་གྱི་དོན་བྱ་བའི་ཕྱིར་བཟླས་པའི་འོད་ཟེར་གྱི་འཕྲོ་འདུས་རིམ་པས་བདག་གཞན་གྱི་དོན་རྫོགས་པར་བྱེད་དེ། ཕྱག་རྒྱ་སྤྲོས་བཅས་ཀྱི་དོན་བྱ་བའི་ཡུལ་གྱི་རྐྱེན་དང་འཕྲད་པ་དེའང་མི་འདོར་ཏེ། ཕྱག་རྒྱ་གཅིག་པའི་སྐབས་འདིར་སྤྲོས་པ་བསྒོམ་པའི་དུས་མིན་ཡང་གདུལ་བྱ་གཞན་གྱི་དོན་དུ་དབང་བསྐུར་བ་ལ་སོགས་པ་བྱ་བའི་ཕྱིར་ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་དེའང་འདི་ཉམས་སུ་ལེན་པར་བྱེད་ཅིང་སྒོམ་པར་སྟོན་ནོ། །དེའི་ཕྱིར་གདུལ་བྱ་གང་དང་འདུལ་ཐབས་འཚམས་པར་བསྟན་པ་གཞན་གྱི་དོན་རྫོགས་པར་བྱེད་དོ། །གསུམ་པ་ཏིང་ངེ་འཛིན་བརྟན་པའི་ཡོན་ཏན་ནོ། །དྲང་། དེ་ཡང་རྣལ་འབྱོར་པ་བདག་ཉིད་ཀྱི་དོན་བསྒྲུབ་པའི་ཕྱིར། ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པ་རྣམས་ཕྱག་རྒྱ་གཅིག་པ་འདི་ལ་བརྟན་པ་ཐོབ་ན་དངོས་གྲུབ་སྦྱོར་བས་གང་ཡང་ཐེ་ཚོམ་མེད་པར་འགྱུར་རོ། །དགུ་པ་དམ་ཚིག་དང་། དྲང་། ཕྱག་རྒྱ་གཅིག་པ་འདི་ལ་གནས་པའི་ཚེ་ལམ་གྱི་གཞི་འཛིན་པ་ས་གཞི་དང་འདྲ་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཀུན་དང་ལྡན་མོད་ཀྱང་། ཁྱད་པར་དུ་གསུང་གི་དམ་ཚིག་གི་གཞི་ལ་སྔགས་ཕྱག་རྒྱ་རྒྱུན་མི་བཅད་པ་ལ་ལྷུར་བྱ་ཞིང་། ཡི་དམ་ལྷའི་སྐུའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་གསལ་བའི་ངང་ལས་སྤྱོད་ཡུལ་ཐམས་ཅད་ཀྱང་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གསལ་བའི་ཏིང་ངེ་འཛིན་ལས་མི་འདའ་བར་བསྡམ་པར་བྱའོ། །བཅུ་པ་དྲོད་དང་། དྲང་། ཕྱི་ལུས་དང་། ནང་ངག་དང་། གསང་བ་སེམས་ཀྱི་དྲོད་གསུམ་པོ་ཡང་། འདིར་སྔ་བས་ཤིན་ཏུ་འཕེལ་ཏེ། ལམ་སྔ་མ། གཉིས་སུ་དྲོད་གཡོ་བ་དང་ཐོབ་པའི་ཚུལ་དང་། འདིར་སྔ་མ་བས་གོམས་པ་དང་། བརྟན་པའི་ཆར་འཕེལ་བར་འགྱུར་ཏེ། ཇི་ལྟར་ཞེ་ན། ཕྱིའི་དྲོད་འདོད་པའི་ལོངས་སྤྱོད་ལ་ཞེན་པ་མེད་པས་སྔར་བས་ཆུང་བ་དང་། དབང་པོ་ཡུལ་དུས་སྣང་བ་ཀུན་ལྷའི་ཏིང་ངེ་འཛིན་ལ་གོམས་པ་དང་། ནང་གི་དྲོད་དབུགས་ཕྱི་ནང་དུ་རྒྱུ་བ་ཆད་པ་དང་། གསང་བའི་དྲོད་ཏིང་ངེ་འཛིན་གྱི་ཐུན་མཚམས་དང་བྲལ་ཏེ། གོང་དུ་བསྟན་པའི་ཕྱི་ནང་གསང་བའི་དྲོད་ཀྱི་བྱེ་བྲག་མ་ལུས་པ་ཀུན་དང་གསལ་བརྟན་དུ་ལྡན་པར་འགྱུར་རོ། །བཅུ་གཅིག་པ་རྟགས་ལ་གཞི་སྟེ། བགྲང་། དང་པོ་རྟག་དངོས་དང་། དྲང་། ཕྱག་རྒྱ་གཅིག་པའི་རྟགས་ཆེན་པོ་ནི་ཏིང་ངེ་འཛིན་གོམས་ཤིང་མཐར་ཕྱིན་པའི་ཚེ་སྨྲིག་རྒྱུ་དུ་བ་སྲིན་བུ་མེ་ཁྱེར་མར་མེ་ཉི་མ་ལྟ་བུའི་མཚན་མ་ལྔ་པོ་དེ་དངོས་སུ་མཐོང་བ་དང་དེ་ཡང་། རླུང་གི་མཚན་མ་རྣམ་ལྔ་ཡང་། དུ་བ་ལྟ་བུའི་ལང་ལོང་དང་། །སྨིག་རྒྱུ་ལྟ་བུ་གྱ་གྱུ་དང་། །སྲིན་མེ་ལྟ་བུ་དམར་འཕྲོ་དང་། །མར་མེ་ལྟ་བུ་དམར་སྐམས་གསལ། །མཁའ་ལ་ཉི་ཤར་ལྟ་བུར་སྣང་། །ཞེས་སོ། །ཡི་དམ་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་གསུང་ཡིག་འབྲུ་ཐུགས་ཕྱག་མཚན། སྐུ་ཡོངས་རྫོགས་ཀྱི་སྐྱེ་མཆེད་དངོས་སུ་མཐོང་བ་རྣམས། ལྷ་གྲུབ་པའམ་རྟགས་སམ་མཚན་མ་ཡིན་ཏེ། འབྲས་བུ་གྲུབ་པའི་རྟགས་ཀྱི་ཐོག་མ་ཡིན་པས་དང་པོའི་རྟགས་ཞེས་བྱའོ། །གཉིས་པ་མངོན་ཤེས་དང་། དྲང་། དེ་ཏིང་ཀུན་ཏིང་གཉིས་པས་དམིགས་པ་རྒྱ་ཆེ་བའི་ཕྱག་རྒྱ་གཅིག་པའི་མངོན་ཤེས་ཀྱང་། ཏིང་ངེ་འཛིན་སྔ་མ་གཉིས་ལས་འདིར་གྲངས་མང་བས་ཉི་ཤུ་རྩ་ལྔ་ལ་སོགས་དང་། ཡུལ་རྒྱ་ཆེ་བ་དང་གཉིས་ཀྱི་བླ་ན་མེད་དེ། གཞན་ཡང་སྒོ་ལྔའི་དབང་པོ་རེ་རེས་ཡུལ་ལྔ་ལྔ་གཅོད་ནུས་པས་ཉི་ཤུ་རྩ་ལྔའི་མངོན་ཤེས་རྣམས་ཀྱང་། ཕྱག་རྒྱ་གཅིག་པའི་སྐབ་འདིར་གཡོ་ཐོབ་ཙམ་དུ་འབྱུང་བར་ཐེ་ཚོམ་མེད་དོ། །གསུམ་པ་ཆོ་འཕྲུལ་དང་། དྲང་། ལུས་ཀྱི་རྟགས་རྫུ་འཕྲུལ་གྱི་ཆོ་འཕྲུལ། ངག་གི་རྟགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ། སེམས་ཀྱི་རྟགས་རྗེས་སུ་བསྟན་པའི་ཆོ་འཕྲུལ་མཐུའི་རྟགས་བྱིན་རླབས་རྣམས་ཀྱང་། ཆོ་འཕྲུལ་བཞིའི་ཚུལ་ཏེ། དེ་རྣམས་ཀྱང་གཡོ་ཐོབ་ཙམ་དུ་འབྱུང་བར་བྱེད་དོ། །བཞི་པ་རྟགས་སྔར་བས་གསལ་ཞིང་བརྟན་པར་འབྱུང་ཚུལ་ལོ། །དྲང་། དྲོད་རྟགས་དེ་དག་ལས་གཞན་ཡང་ཕྱི་ནང་གི་རྟགས་དང་། ཤུགས་སྣང་དང་། བདུད་ཀྱི་སྤྱོད་ཡུལ་ལ་སོགས་པ་ཀུན་སྔོན་དུ་སོང་བ་དེ་ཏིང་སྙིང་རྗེ་གཉིས་པས་ཕྱག་རྒྱ་གཅིག་པའི་སྐབས་འདིར་ངོ་བོ་གསལ་ཞིང་བརྟན་པ་ཐོབ་པ་འབྱུང་སྟེ། དེ་རྒྱུ་ཅི་ལས་བྱུང་ཞེ་ན། ཏིང་ངེ་འཛིན་གོང་མ་གཉིས་བདེན་པ་ཁ་ཕྲལ་ནས་བསྒོམ་པ་ཡིན་ལ། འདིར་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བདེན་པ་དབྱེར་མེད་བསྒོམ་པ་དེ་ནི་ལྷག་པའི་ཏིང་ངེ་འཛིན་གོམས་པའི་སྟོབས་ཀྱིས་ཐོབ་པ་ཡིན་ནོ། །བཅུ་གཉིས་པ་མཚན་མ་རྨི་ལམ་ལ་གཉིས་ཏེ། བགྲང་། དང་པོ་ལེགས་ཉེས་གསལ་བརྟན་དུ་འབྱུང་བ་དང་། དྲང་། སྤྱོད་ལམ་བཞི་ལས་ཉལ་བ་གཉིད་ཀྱི་རྨི་ལམ་དུ་ལམ་སྒྲུབ་པ་ལེགས་པའི་ཡོན་ཏན་དང་ཉེས་པའི་སྐྱོན་འབྱུང་བའི་བྱེ་བྲག་ཀུན། ལམ་སྔ་མ་གཉིས་བས་འདིར་གསལ་བར་འབྱུང་ཞིང་སྔར་བས་ཀྱང་ཤིན་ཏུ་བརྟན་པར་འབྱུང་བའོ། །གཉིས་པ་གྲུབ་པའི་རྟགས་ཀྱིས་རྨི་ལྟས་བཅུ་བཞི་འབྱུང་བའོ། །དྲང་། ཞི་ཁྲོ་གང་ཡིན་གྱི་ལྷའི་བསམ་གཏན་ཏིང་ངེ་འཛིན་ལ་གནས་ཤིང་སྔགས་ལ་འབད་པས་བཟླས་པ་བྱས་པ་ཡིས། སྒྲུབ་པ་པོས་ནི་གྲུབ་པའི་རྨི་ལྟས་བཅུ་བཞི་པོ་འདི་དག་ནི་རྟགས་སུ་མཐོང་བ་སྟེ། ཇི་ལྟར་མཐོང་ཞེ་ན། དང་པོ་ནི། རྣལ་འབྱོར་པ་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཐུ་དང་མཚུངས་ཤིང་མཉམ་པར་མཐོང་བ་དང་། གཉིས་པ་ནི། རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དཔེས་བརྒྱན་པ་དང་། རྣལ་འབྱོར་པ་བདག་ཉིད་དང་ཐ་དད་མེད་པ་ནི་དུས་མྱུར་དུ་ཐོབ་པར་འདུག་སྙམ་དུ་མཐོང་བའོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། བརྒྱ་བྱིན་ལ་སོགས་པ་ཁམས་གསུམ་ན་གནས་པས། རྣལ་འབྱོར་པ་བདག་ལ་མཆོད་པ་བྱས་པར་རྣལ་འབྱོར་པ་དེས་རང་གི་རྨི་ལམ་ན་མཐོང་ངོ་། །བཞི་པ་ནི། གཉིས་མེད་ཀྱི་ཡེ་ཤེས་ཆེན་པོ་འོད་དང་འདྲ་བའི་གཟུགས་སྐུར་སྣང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིས་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་པོ་རྣམས་ཀྱིས་དུས་རྟག་ཏུ་བདག་ལ་མཆོད་པ་བྱས་པ་མཐོང་བའོ། །ལྔ་པ་ནི། རྡོ་རྗེ་སེམས་དཔའི་གཟུགས་ཆེན་པོ་དང་། གྲགས་ཆེན་ཕྱག་ན་རྡོ་རྗེའི་གཟུགས་མཆོག་དག་ཏུ་གཉིད་ལོག་པའི་རྨི་ལམ་དག་ན་རྣལ་འབྱོར་པ་རང་གིས་གཟུགས་ལྷ་དེ་དག་ཏུ་མཐོང་བའོ། །དྲུག་པ་ནི། གྲགས་ཆེན་ཕྱག་ན་རྡོ་རྗེ་གསང་བའི་བདག་པོ་དང་། བྱང་ཆུབ་སེམས་དཔའ་འཁོར་ལོ་བསྣམས་པར་ཅན་སྒྲིབ་པ་རྣལ་སེལ་དང་། སངས་རྒྱས་ཆེན་པོ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་བདག་ལ་ཕྱག་འཚལ་བའི། རྨི་ལམ་འདི་འདྲར་སྒྲུབ་པ་པོས་མཐོང་བར་གྱུར་པ་དེ་ནི། ལུས་ལྷའི་སྐུ། ངག་གསུང་། སེམས་ཐུགས་ཀྱི་ཏིང་ངེ་འཛིན་བསྒོམ་པའི་མཐུ་ལས་སྐྱེས་པ་ཡིན་ནོ། །བདུན་པ་ནི། རིན་པོ་ཆེ་དང་དར་གྱི་རྒྱན་བཅུ་གསུམ་བརྒྱན་རྣམས་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པར་བརྒྱན་པའི་ལྷའི་བུ་མོ་ཡིད་དུ་འོང་བ་དང་། མིའི་ཁྱེའུ་དང་བུ་མོ་ཡིད་དུ་འོང་བ་དག་གིས་བདག་ལ་འདོད་ཡོན་ལྔ་ཡི་མཆོད་པ་བྱེད་པ་མཐོང་ན། རྟགས་དེ་ནི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་བའི་ལྟས་ཡིན་ནོ། །བརྒྱད་པ་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྣམས། རང་རང་གི་ཞིང་ན་གནས་པ་དག་བདག་གིས་ངེས་པར་མཐོང་བ་སྟེ། རྒྱལ་བ་དེ་དག་བདག་ལ་ཐུགས་ནི་ཤིན་ཏུ་དགྱེས་པར་གྱུར་ནས་ཀྱང་། ཆོས་ཀྱི་མཛོད་པོ་ཏི་དང་གླེགས་བམ་ལ་སོགས་ཡིད་དུ་འོང་བའི་གཏམ་ལ་སོགས་བདག་ལ་སྣང་བ་དང་། དགུ་བ་ནི། ཆོས་ཀྱི་འཁོར་ལོ་བསྒྱུར་བའི་མཐུ་དང་སྤྲུལ་སྐུ་ཐུབ་པ་ལྟ་བུ་ལ། འཁོར་སེམས་ཅན་ཀུན་གྱིས་ཡོངས་སུ་བསྐོར་ནས་ཆོས་སྟོན་པ་མཐོང་བ་ནི། རྣལ་འབྱོར་པ་ལྷའི་བསམ་གཏན་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་ལ་དབྱེར་མི་ཕྱེད་པར་གནས་པའི་དམ་ཚིག་ལས་མི་འདའ་བའི་སྦྱོར་བས་མཐོང་བར་འགྱུར་རོ། །བཅུ་པ་ནི། ཉམས་དགའ་བའི་ས་ཕྱོགས་སྣ་ཚོགས་པ་ཀུན་བདག་གིས་མཐོང་བ་ནི་སྐྱེད་མོའི་ཚལ་ལ་ལྷའི་བུ་མོ་ལ་སོགས་པས་བརྒྱན་པ་ན། བདག་ཉིད་ལ་སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་པར་མཐོང་བ་ནི། ཡི་དམ་ལྷའི་བསམ་གཏན་གྱི་ཏིང་ངེ་འཛིན་ལས་མི་འདའ་བའི་དམ་ཚིག་ཅན་གྱིས་མཐོང་བའོ། །བཅུ་གཅིག་པ་ནི། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་ཡིས་རྣམ་འབྱོར་པ་ཡི་དམ་གྱི་ལྷ་བསྒོམ་པ་དེ་ལ་ནི་མངོན་སུམ་པར་དབང་བསྐུར་བ་མཐོང་བ་དང་། བཅུ་གཉིས་པ་ནི། རིག་འཛིན་གྱི་རྒྱལ་པོ་ཆེན་པོ་མཐར་ལམ་ལྷུན་གྲུབ་རིག་འཛིན་པ་དེ་ཡིས། བདག་ཉིད་ལ་མཆོད་པ་བྱས་པར་རྣལ་འབྱོར་པ་དེས་མཐོང་ངོ་། །ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་བསྒོམ་པ་ལས་བྱུང་བའི་ཡོན་ཏན་སྣ་ཚོགས་པའི་རྨི་ལམ་ཡང་དག་པར་གསལ་བས་སྐྱོན་གྱི་དྲི་མ་མེད་པ་དེ་མཐོང་བ་ན། ཡི་དམ་ལྷའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་བསྒོམ་པ་ལས་སྐྱེས་པའི་འབྲས་བུ་བླ་ན་མེད་པའི་རྒྱལ་བ་ཉིད་འགྲུབ་པའོ། །བཅུ་གསུམ་པ་ནི། རིགས་ངན་གདོལ་པ་དང་། ཁྱིའི་སྦྱོར་བ་བྱེད་པ་ལ་སོགས་པའི་ཁོང་ནས་ཕག་དང་སྟག་ལ་སོགས་པ་གཅན་གཟན་གཞན་གྱིས་སྦྱོར་བ་བྱེད་པ་རྣལ་འབྱོར་པ་རྡོ་རྗེ་འཛིན་པས་མཐོང་བར་གྱུར་ན་ནི། རིགས་ངན་པ་ལྟར་མཐོང་ཡང་བླང་དོར་མེད་པར་རྟོག་པའི་བློ་དང་ལྡན་པ་རྡོ་རྗེ་སེམས་དཔའ་ཡི་ངོ་བོར། རང་གི་སེམས་ཀྱི་ངོ་བོ་གཞི་ཡེ་ནས་གནས་པ་དེ་ནི་འབྲས་བུའི་རྡོ་རྗེ་སེམས་དཔའ་འགྲུབ་པར་འགྱུར་བའོ། །བཅུ་བཞི་པ་ནི། གསུང་ཡི་གེ་དང་ཐུགས་དང་སྐུའི་ཕྱག་རྒྱ་རྣམ་གཉིས་ཀྱི་སྐྱེ་མཆེད་གསུམ་མཐོང་བར་འབྱུང་བའང་སེམས་ཀྱི་གནས་ལུགས་འགྲུབ་པ་གོང་གི་ཚུལ་དེ་བཞིན་ནོ། །བཅུ་གསུམ་པ་ཕན་ཡོན་ལ་གསུམ་སྟེ། ལྷ་བསྒོམ་པའི་ཕན་ཡོན་དངོས་དང་། མ་བསྒོམ་པའི་སྐྱོན་གྱི་ངོས་ནས་བརྩོན་འགྲུས་གྱིས་ཤིག་པར་གདམས་པ་དང་། ཞལ་མཐོང་བས་མོས་ཤིང་བསྒྲུབ་པའི་ཕན་ཡོན་ནོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་ཚོགས་གཉིས་རྫོགས་པའི་ཡོན་ཏན་དང་། དྲང་། རྣམ་འབྱོར་པས་ཡི་དམ་ལྷའི་སྐུ་ནི་གསལ་ལ་མ་འགག་པར་བསྒོམས་ན། རྒྱུ་བསོད་ནམས་ཀྱི་ཚོགས་ཆེན་པོ་རྫོགས་ནས་གཟུགས་སྐུ་ཐོབ་པར་འགྱུར་ལ། ལྷ་དེ་ཉིད་ཆུ་ཟླའི་ཚུལ་དུ་སྣང་ལ་རང་བཞིན་མེད་པར་ཤེས་པར་གྱུར་ན། འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གཉིས་རྫོགས་ཏེ་ཆོས་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་ཡོན་ཏན་ཆུང་ཡང་བསྒྲུབ་ན་འགྲུབ་པའི་ཡོན་ཏན་ནོ། །དྲང་། རྣལ་འབྱོར་པ་བདག་ཉིད་ཀྱི་སྒོ་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་དང་ཐ་དད་མེད་པར་མཉམ་པར་སྦྱོར་བས་ན། དེ་ལས་གཞན་པའི་རིགས་པའི་གནས་ལྔ་ལ་སོགས་པ་མཁས་པའི་ཡོན་ཏན་ཆུང་ཡང་འབྲས་བུ་ཡི་དམ་ལྷ་ནི་འགྲུབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དེ་ཡང་ཡེ་གདོད་མ་ནས་ལྷ་དང་བདག་གཉིས་ངོ་བོ་དབྱེར་མེད་པས་མཉམ་པ་ཉིད་དུ་སྦྱོར་བས་སོ། །ཡི་དམ་གྱི་ལྷ་ཉིད་ཡིན་པ་ཉིད་དུ་ནི་དུས་རྟག་ཏུ་བསྒོམ་པར་བྱའོ། །གསུམ་པ་ལྷ་གཅིག་བསྒོམ་པས་འབྲས་བུ་ཀུན་ཐོབ་པའི་ཡོན་ཏན་ནོ། །དྲང་། དེ་ལྟར་བདག་ཉིད་ཡི་དམ་གྱི་ལྷ་དང་མཉམ་པར་སྦྱོར་བས་ན། རྒྱལ་བ་ཐམས་ཅད་གཅིག་དང་ཐ་དད་ལས་གྲོལ་བའི་ཕྱིར། བདེ་བར་གཤེགས་པ་ཀུན་དང་མཉམ་པར་སྦྱོར་བར་འགྱུར་བས། དེའི་ཕྱིར་རྒྱལ་བའི་དཀྱིལ་འཁོར་ཀུན་དང་མཉམ་པར་སྦྱོར་བའི་འབྲས་བུ་ཐོབ་པར་འགྱུར་ཏེ། དེས་ན་བདག་ཉིད་རྒྱལ་བའི་དཀྱིལ་འཁོར་ཀུན་དང་མཉམ་པར་སྦྱོར་བའི་ཕྱིར་མཐར་ཐུག །རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་། ཡེ་ཤེས་ལྔ་ཡོངས་སུ་རྫོགས་ཤིང་འགྲུབ་པར་འགྱུར་རོ། །གཉིས་པ་མ་བསྒོམས་པའི་སྐྱོན་གྱི་ངོས་ནས་བརྩོན་འགྲུས་གྱིས་ཤིག་པ་ལ་གཉིས་ཏེ། བགྲང་། དང་པོ་ལྷ་མ་བསྒོམ་པའི་སྐྱོན་དང་། དྲང་། ཡིད་དམ་ལྷའི་མཚན་ཉིད་ནི་གང་ཞེ་ན། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་ཡིན་པའི་ཕྱིར། ཡི་དམ་གྱི་ལྷ་སྤངས་ནས་གཞན་དགེ་བ་ཅི་སྤྱད་ཀྱང་འདོད་པའི་དོན་འབྲས་བུ་མེད་པར་འགྱུར་ཏེ། དཔེར་ན་སྨན་པ་མཁས་པ་བོར་བའི་ནད་པ་མི་མཁས་པས་གསོ་བ་དང་འདྲའོ། །གཉིས་པ་བརྩོན་འགྲུས་གྱིས་ཤིག་པར་གདམས་པ་ལ་གསུམ་སྟེ། བགྲང་། དང་པོ་བརྩོན་འགྲུས་གྱིས་ཤིག་པར་གདམས་པ་དང་། དྲང་། རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་དུ་བསྲུང་བ་དང་། སྐྱོན་བཅུ་སྤངས་ཏེ་སྔགས་བཟླས་པ་དང་། ཡི་དམ་གྱི་ལྷའི་སྐུ་ཕྱག་རྒྱ་རྒྱུན་མི་བཅད་པར་དམ་ཚིག་ལས་ཆོས་སྐུ་ཕྱག་རྒྱ་ཆེན་པོ་དང་བཞི་བསྒོམ་པ་རྣམས་ལ་སྒོ་གསུམ་གྱིས་བརྩོན་འགྲུས་ཆེ་བར་བྱ་ཞིང་བློ་བརྟན་པར་བྱས་ལ་བཟུང་ངོ་། །གལ་ཏེ་རྣལ་འབྱོར་པ་ལྷའི་བསྒོམ་བཟླས་ལ་བརྩོན་འགྲུས་ཆུང་བར་གྱུར་ན་སྐྱོན་ཅི་ཡོད་ཅེ་ན། འདོད་པའི་འབྲས་བུ་མི་འགྲུབ་ཅིང་སླར་ཡང་རྡོ་རྗེའི་དམྱལ་བ་ལ་སོགས་པར་ལྟུང་བས་ཉེས་ཤིན་ཏུ་ཡང་ཆེ་བར་གསུངས་ཏེ། རྩ་རྒྱུད་ལས། དད་མེད་ཉམས་ན་ཕུང་བར་འགྱུར། །ཞེས་སོ། །གཉིས་པ་གལ་ཏེ་ནན་ཏན་མ་བྱས་པའི་སྐྱོན་གྱི་དཔེ་དོན་དང་། དྲང་། དཔེ་ཇི་ལྟར་ཞེ་ན། རལ་ཁ་འགྱེད་པའི་ཚེ་རལ་གྲིའི་སོ་ལ་བག་ཟོན་གྱི་ནན་ཏན་དུ་དང་། ཡུ་བ་ནས་ལེགས་པར་མ་བཟུང་ན་སྐྱོན་ནི་རང་གི་ལག་པ་གཅོད་པར་འགྱུར་བ་དེ་བཞིན་དུ་ལྷ་བསྒོམ་ཞིང་སྔགས་བཟླ་བ་ལ་ནན་ཏན་མེད་པའི་གསང་སྔགས་ལས་བྱས་པས། ཚེ་འདིར་ཕུང་བའམ་ཡང་ན་ཕྱི་མར་བསྒྲུབ་པའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་མེད་པར་འགྱུར་རོ། །གསུམ་པ་བརྩོན་འགྲུས་མེད་པའི་སྐྱོན་ནོ། །དྲང་། སྐྱོན་འདུག་པ་དེ་བས་ལྷའི་བསྒོམ་བཟླས་ལ་བར་ཆད་ཅིང་བརྩོན་འགྲུས་མེད་པར་གྱུར་ན། དཔེར་ན་ས་བོན་མེས་ཚིག་པ་བཏབ་པ་ལས། འབྲས་བུ་མྱུ་གུ་འབྱུང་བར་འདོད་པ་དང་འདྲ་སྟེ། ཚེ་འདིར་ཆེད་དུ་གཉིར་ནས་བསྒྲུབ་པར་བྱ་བའི་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་གང་ཡང་མེད་པར་འགྱུར་ཞིང་། ཕྱི་མར་མི་ཁོམས་པའི་གནས་བརྒྱད་ལ་སོགས་པ་འཁོར་བར་ཁ་བརྒྱུད་པར་འགྱུར་རོ། །གསུམ་པ་ཞལ་མཐོང་བས་མོས་ཤིང་སྒྲུབ་པའི་ཕན་ཡོན་ནོ། །དྲང་། གསང་སྔགས་མ་ཧཱ་ཡོ་གའི་རྣམ་འབྱོར་པ་གང་ཞིག་གིས་ཡི་དམ་ལྷའི་ཞལ་མཐོང་ཞིང་མོས་པ་བྱས་པ་ཡིས། དེ་ལ་བསྙེན་ཅིང་བཀུར་བ་དང་། མཆོད་པ་བྱས་པའི་བསོད་ནམས་ཀྱི་ས་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་སྟེ་བཅོ་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི་ལོག་པ་བརྒྱད་ལ་སོགས་པ་ལས་ངན་སྒྲིབ་པ་ཐམས་ཅད་སྦྱངས་ཏེ། རྣམ་སྨིན་ནམ་ཚེ་དབང་རིག་འཛིན་གྱི་ས་ལ་སྦྱོར་བར་འགྱུར་བའོ། །བཅུ་བཞི་པ་འདས་ཀ་མ་དང་། དྲང་། ཕྱག་རྒྱ་གཅིག་པའི་གང་ཟག་གང་གིས་མི་རྟག་སྟེ་ཚེ་འཕོ་བའི་དུས་མཐོང་ན་ཡང་། ཡི་དམ་ལྷའི་སྐུའི་ཕྱག་རྒྱ་མ་ཉམས་པར་ཏིང་ངེ་འཛིན་གསལ་བར་ཡིད་ལ་བཟུང་སྟེ། སྔར་མི་དགེ་བའི་ལས་བསགས་པའི་ལས་ཀྱིས་ངན་སོང་ལ་སོགས་པའི་འཁོར་བར་མི་འཁོར་བར་རང་ཉིད་ཀྱི་གང་འདོད་པའི་སངས་རྒྱས་ཀྱི་ཞིང་ཁམས་ཁྱད་པར་ཅན་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་ཡི་དམ་གྱི་སྐུ་བསམ་ལ། འོག་ནས་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱིས་སྟོབས་ཀྱིས་བཏེགས་ལས། ཨ་ཡཾ་སི་ཏི་ཛཿ ཨ་སྥ་ར་ཎ་ཕཊཿཅེས་བརྗོད་དེ། ཤར་ཕྱོགས་མངོན་པར་དགའ་བ། ནུབ་ཕྱོགས་བདེ་བ་ཅན་ལ་སོགས་པ་རང་གི་གང་མོས་ཀྱི་གནས་སུ་བསྐུལ་བར་བྱའོ། །བཅོ་ལྔ་པ་འབྲས་བུ་ལ་གསུམ་སྟེ། བགྲང་། དང་པོ་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་ལ་སྦྱོར་བ་དང་། དྲང་། ཉམས་མཐར་ཕྱིན་ཅིང་བློ་ཆེ་ན་ཐོད་རྒལ་གྱི་དབང་དུ་རྣམ་པར་སྨིན་པའི་རིག་འཛིན་ཐོབ་པ་ལ་ཐེ་ཚོམ་མེད་དོ། །ཉམས་མཐར་མ་ཕྱིན་ཅིང་བློ་ཆུང་བས་ན་འོན་ཏེ་རྣམ་སྨིན་དུ་ཚེ་འདིར་མ་གྱུར་ནའང་། ཉམས་མཐོ་དམན་དང་། བློ་རྩལ་དང་བརྩོན་པ་ཆེ་ཆུང་གི་རིམ་པ་ཡིས། རྣམ་སྨིན་རིག་འཛིན་དེ་ཉིད་བར་དོའམ་ཕྱི་མའམ་སྐྱེ་བ་ལན་གྲངས་གཞན་བདུན་ཚུན་ཆད་ལ་ཐོབ་བར་འགྱུར་རོ། །ཉམས་མཐར་ཕྱིན་ཅིང་། བློ་རྩལ་དང་། བརྩོན་པ་རབ་ཡིན་ན་ཚེ་ལ་དབང་བའི་རིག་འཛིན་འང་ཚེ་ཕྱི་མ་ལ་སྤྲོས་པ་དང་ཚོགས་སྒྲུབ་ནས་ཐོབ་པའམ། གཞན་སྐྱེ་བ་ལན་གྲངས་བདུན་ཚུན་ཆད་ལ་ཚེ་དབང་ཐོབ་པར་ངེས་སོ། །དེ་ཡང་ཕྱག་རྒྱ་གཅིག་པ་འདིའི་ལམ་མ་ནོར་བར་ཚུལ་བཞིན་དུ་ཉམས་སུ་བླང་བའི་འབྲས་བུ་ནི། ཕྱོགས་མཐུན་དུ་གཟུགས་སྐུ་གཉིས་དང་། ཐུན་མོང་དུ་ལྷ་མིའི་ལུས་ཁྱད་པར་ཅན་ཐོབ་པ་ནི་སྤྱི་ཙམ་ཡིན་ལ། བྱེ་བྲག་ཏུ་ཉེ་སྦྱོར་ནི། བློ་རྩལ་དང་བརྩོན་པ་ཆེ་བ་ཐོད་རྒལ་དུ་རྣམ་སྨིན་རིག་འཛིན་དང་། བློ་རྩལ་དང་བརྩོན་པ་ཆུང་ན་མཐར་ཆགས་སུ་ཕྱག་རྒྱ་སྤྲོས་བཅས་རྩོལ་མེད་དུ་འབྱུང་བའོ། །དེ་ལྟར་ན་ལམ་ཐོད་རྒལ་དང་མཐར་ཆགས་ཀྱི་ཁྱད་གང་ཞེ་ན། བུ་ཆུང་སྐས་ལ་འཛེགས་པ་བཞིན་ལམ་ལྔ་རིམ་པ་ཀྲིག་ཀྲིག་ཁྲིགས་ཆགས་སུ་བསྒྲོད་པ་ནི་མཐར་ཆགས་པ་ཞེས་བྱ། གྱད་སྟོབས་པོ་ཆེས་སྐས་ལ་འཛེགས་པ་བཞིན་ཆོལ་བུའམ་འདོར་ལེན་གྱི་ཚུལ་དུ་ལ་ལ་བོར་ཞིང་བགྲོད་པ་ནི་ཐོད་རྒལ་ཞེས་བྱའོ། །དེ་ཡང་ཐོད་རྒལ་སྒྲུབ་བྱེད་ཀྱི་གཏན་ཚིག་ལ་གསུམ་སྟེ། ཐོད་རྒལ་འབྱུང་བའི་ས་དང་། གོ་བ་དང་རྒྱུ་མཚན་ནོ། །དང་པོ་ལའང་ཟག་བཅས་ཕྱག་རྒྱ་གཅིག་སྤྲོས་གཉིས་དང་། ཟག་མེད་མཐོང་སྒོམ་གཉིས་སོ། །དང་པོ་ནི། ལམ་ཆུང་ལས། ཕྱག་རྒྱ་གཅིག་བརྟེན་འཕོ་བའང་། །ཁྱུང་དང་སེངྒེ་ཇི་བཞིན་ནོ། །སྤྲོས་ཚོགས་སྐབས་ན་སྨོས་ཅི་དགོས། །ཞེས་པ་དང་། འདི་ཉིད་བརྒྱད་པ་ལས། གཅིག་དང་དུ་མའི་རྣལ་འབྱོར་པ། །བརྟན་བྱས་ཉིད་པའམ། །ཞེས་སོ། །དེ་ཡང་། ཕྱག་རྒྱ་གཅིག་པ་ནས་མཐོང་སྒོམ་གཉིས་སུ་ཐོད་རྒལ་བ་ནི། འདི་ཉིད་ལས། རྣམ་སྨིན་རིག་ལ་ཐེ་ཚོམ་མེད། །ཅེས་སོ། །གཉིས་པ་སྤྲོས་པ་ནས་དེ་གཉིས་ལ་སྦྱོར་བ་ནི། འདི་ཉིད་ལས། ལས་ངན་ལམ་ཞེན་རྒྱུན་བཅད་ནས། །བར་མའམ་ཕྱི་མར་གཉིས་སྦྱོར་འཛིན། །ཞེས་པ་དང་། ཚེ་དབང་ལ་སྦྱོར་བའང་སྲིད་པ་ཙམ་ངོས་བཟུང་དུ་རུང་སྟེ། ཁོག་གཞུང་ལས། བཞི་བཅུ་གཉིས་དང་སྟོང་སོགས་སློབ་པ་སྟེ། །གོམས་ནས་ཚེ་ཡི་རིག་འཛིན་དུ། །སྦྱོར་ནས་མངོན་པར་སངས་རྒྱས་ཚུལ། །ཞེས་གསུངས་སོ། །གཉིས་པ་ཟག་མེད་ནས་འབྱུང་བ་ལ་གཉིས་ལས། དང་པོ་ཚེ་དབང་ནས་འབྱུང་བའི་ཐོད་རྒལ་ལ་ཆུང་ངུ་ནི། སྒོམ་ལམ་བར་དོ་ནས་མཐར་ལམ་ལ་སྦྱོར་ཏེ། འདི་ཉིད་ལས། རྒྱ་དོར་གཅིག་ཆར་མཐར་གྲོལ་བ། །ཅེས་སོ། །ཆེན་པོ་ནི་སྒོམ་ལམ་མཐར་ལམ་གཉིས་ཀ་བོར་ནས་སངས་རྒྱས་ཀྱི་སར་སྦྱོར་ཏེ། ལམ་ཆུང་ལས། ཁ་ཅིག་དབང་བསྒྱུར་རིགས་ཉིད་ནས། །བཅུ་དྲུག་རྒྱུན་གྱི་སྐུ་ལྔ་རྫོགས། །ཅེས་སོ། །གཉིས་པ་ཕྱག་རྒྱ་ཆེན་པོ་ནས་མཐར་ལམ་བོར་ནས་སངས་རྒྱས་ཀྱི་ས་ལ་སྦྱོར་ཏེ། དེ་ཉིད་ལས། ཁ་གཅིག་ཕྱག་རྒྱ་ཆེན་པོ་ནས་བླ་མ་ཀུན་ཏུ་བཟང་པོར་སྦྱོར། ཅེས་སོ། །གཉིས་པ་གོ་བ་ནི། ལམ་བར་ནས་བོར་ཏེ། གྲངས་ཀྱི་འོག་མ་ནས་དོན་གྱི་གོང་མ་ལ་སྦྱར་བ་ཞིག་ཡིན་ནོ། །གསུམ་པ་འབྱུང་བའི་རྒྱུ་མཚན་ནི། བློ་ངང་གིས་ཆེ་དང་གཅིག །ལམ་བར་ནས་བོར་བླང་དུ་བགྲོད་དུ་ཡོད་པ་དང་གཉིས། སྣང་སྟོང་དབྱེར་མེད་བསྒོམ་ནུས་པ་དང་གསུམ་གཞི་གཅིག་ཏུ་འཚོགས་ན་འབྱུང་། དེ་ལས་གཞན་དུ་མི་འབྱུང་ངོ་། །དེའི་རྒྱུ་མཚན་ནི། དེ་ཏིང་ཀུན་ཏིང་གཉིས་ནི། ལམ་གོང་མ་ཕྱག་རྒྱ་གཅིག་སྤྲོས་གཉིས་ཚོགས་སྒྲུབ་དང་གསུམ་བོར་དུ་ཡོད་ཀྱང་། སྣང་སྟོང་དབྱེར་མེད་སྒོམ་པའི་ལམ་པ་མ་ཡིན་པའི་ཕྱིར་རོ། །ཚོགས་སྒྲུབ་བློ་ཆེ་ཤོས་དང་། ལྷུན་གྲུབ་རིག་འཛིན་གཉིས་ངང་གིས་བློ་ཆེ་བ་དང་། སྣང་སྟོང་དབྱེར་མེད་བསྒོམ་ནུས་ཀྱང་། ལམ་བར་ནས་བོར་དུ་མེད་པའི་ཕྱིར་མི་འབྱུང་ངོ་། །རྣམ་སྨིན་རིག་འཛིན་ནི། སྣང་སྟོང་དབྱེར་མེད་སྒོམ་ནུས་པ་དང་། ལམ་བར་ནས་སྒོམ་ལམ་མཐར་ལམ་གཉིས་བོར་རྒྱུ་ཡོད་ཀྱང་། བློ་ངང་གིས་ཆུང་བའི་ཕྱིར་མི་འབྱུང་ངོ་། །གཉིས་པ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པ་དང་། དྲང་། རྣལ་འབྱོར་པ་ཏིང་ངེ་འཛིན་ལས་སུ་རུང་བ་རྣམས་ཀྱིས། ཡི་དམ་ལྷའི་སྐུའི་ཕྱག་རྒྱ་ཆེན་པོ་རང་རིག་པས་མངོན་སུམ་དུ་གསལ་བར་རྫོགས་པར་འགྱུར་ཞིང་། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ་བའི་ཚད་ཡུལ་གྱིས་མི་འཕྲོག་པ་ལ་བརྟན་པ་ཐོབ་ནས་ཡིད་གཉིས་དང་ཐེ་ཚོམ་མེད་པར་བསྒྲུབ་པ་བྱས་ན། མཐར་ཐུག་གི་འབྲས་བུ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་ཆེན་པོ་འབར་བ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཉིད་འགྲུབ་པར་འགྱུར་རོ། །གསུམ་པ་མ་ཐོབ་ཀྱང་ངན་སོང་དང་ཐེག་དམན་དུ་ལྟུང་བར་མི་འགྱུར་རོ། །དྲང་། ཕྱག་རྒྱ་གཅིག་པ་འདི་ལྟར་བསྒོམ་ཤིང་བསྒྲུབ་པར་བྱས་ན། འབྲས་བུ་ཚེ་འདི་དང་བར་དོར་མངོན་དུ་མ་གྱུར་ཡང་། ཚེ་རབས་སམ་སྐྱེ་བ་བརྒྱུད་པ་ཐམས་ཅད་དུ་ལྷ་དང་མིའི་ལུས་རྣམ་པར་དག་པ་དབང་པོ་ཚང་ཞིང་གསལ་བ་སྟེ། མཚན་ཡོངས་སུ་རྫོགས་པ་ཐོབ་ནས་བདག་གཞན་གྱི་སྡུག་བསྔལ་སེལ་བ་དང་། བདེ་གཤེགས་སྤྲུལ་པའི་སྐུ་འཇིག་རྟེན་དུ་འབྱུང་བ་དང་གནས་དང་དུས་ཀྱིས་མི་བཀོལ་ཞིང་འཕྲད་པ་དང་། འཕྲད་ནས་ཀྱང་མཚན་ཉིད་ཀྱི་ཐེག་པ་དམན་པར་འཇུག་པར་མི་འགྱུར་ཏེ། ཐེག་པ་མཆོག་གསང་སྔགས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་གཟུངས་ལ་ཞུགས་པ་ཡིན་ནོ། །དེ་ལྟ་བུའི་ཡོན་ཏན་ཡོད་པ་དེ་བས་ན་ཕྱག་རྒྱ་གཅིག་པའི་ལམ་འདི་ཉིད་དང་དུས་སྐབས་ཀུན་ཏུ་སྦྱར་བར་བྱའོ། །གསུམ་པ་ལེའུའི་མཚན་དང་། དྲང་། དོན་བདེན་པ་དབྱེར་མེད་རྟགས་ཡི་དམ་ལྷའི་སྐུ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་སྒོམ་པ་སྟོན་པར་བྱེད་པའི་གཞུང་གི་ཚིག་དོན་རྣམས། མཚམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱི་ན་ལེའུ་སྟེ། དེའི་རྣམ་གྲངས་དགུ་ཡོད་པ་ལས། ཡས་བགྲང་ལྔ་པའི་དོན་དུ་གདའོ།། ༈ །།ལེའུ་དྲུག་པ་སྤྲོས་བཅས་ཀྱི་རྣལ་འབྱོར་ལ་གཉིས་ཏེ། བགྲང་། དང་པོ་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང་། དྲང་། རང་གི་ཡི་དམ་གྱི་ལྷ་ཞི་ཁྲོ་ཕྱག་རྒྱ་གཅིག་པ་ལ་ལྟ་བ་དང་ཏིང་ངེ་འཛིན་གྱིས་ཕྱག་དབྱེར་མེད་དུ་འཚལ་ཏེ། ལྷ་གཅིག་དུ་མར་སྤྲོས་པའི་ཚུལ་དུ་བསྒོམ་པ་ཕྱག་རྒྱ་སྤྲོས་པ་དང་བཅས་པའི་རྣལ་འབྱོར་ཏིང་ངེ་འཛིན་གྱི་རིམ་པ་བཤད་པར་བྱ་བ་ནི་འདི་ལྟ་སྟེ། གཉིས་པ་གཞུང་དོན་ལ་གཉིས་ཏེ། བགྲང་། དང་པོ་ལུས་སྔ་མ་དང་མཐུན་པར་མདོར་བསྟན་པ་དང་། དྲང་། ཕྱག་རྒྱ་སྤྲོས་བཅས་སྒོམ་པའི་གཞི་བོ་ལུས་མདོར་བསྟན་པ་ཡང་། སྔར་དེ་ཏིང་གི་སྐབས་སུ་དོན་བཅོ་ལྔ་བཤད་པ་དེ་ལྟ་བུར་འདིར་ཡང་དོན་བཅོ་ལྔ་བཞག་པས་དེ་རྣམ་པར་དགྲོལ་བའི་ཕྱིར་ཡན་ལག་རྒྱས་པར་བཤད་པར་བྱའོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་བཅོ་ལྔ་སྟེ། སྔོན་དུ་བྱ་བ་དང་། བསྒོམ་པའི་དགོས་ཆེད་དང་། སྒོམ་པའི་ཐབས་དང་། སྒོམ་པའི་ངོ་བོ་དང་། མི་མཐུན་པའི་སྐྱོན་དང་། སྐྱོན་བཅོས་པའི་ཐབས་དང་། སྒོམ་པའི་ཉམས་དང་། སྤྱོད་པ་དང་། དམ་ཚིག་དང་། དྲོད་དང་། རྟགས་དང་། རྨི་ལྟས་ཀྱི་མཚན་མ་དང་། ཡོན་ཏན་དང་། འདའ་ཀ་མའི་མན་ངག་དང་། འབྲས་བུའོ། །དང་པོ་སྔོན་དུ་བྱ་བ་ལ་གསུམ་སྟེ། བགྲང་། དང་པོ་ལམ་སྔ་མ་ལ་གོམས་པའི་རྟེན་བཞེངས་ཤིང་རབ་གནས་བྱ་བ་དང་། དྲང་། དེ་ཏིང་ཀུན་ཏིང་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་དང་རྣམ་པ་གསུམ་ཕྱག་རྒྱ་སྤྲོས་པའི་སྔོན་དུ་རྫོགས་པར་བྱས་ནས། ས་དང་གསེར་དངུལ་རྭ་ཤིང་ལ་སོགས་པ་རྣམས་ལ་ལྷའི་སྐུའི་ཕྱག་རྒྱ་བྱས་ཏེ་རས་ཤོག་བུ། ཤིང་ལེབ། ཐང་ལ་རྡུལ་ཚོན་ཏེ་རི་མོའི་རྒྱུ་བཞིའམ། རྭ་ཤིང་རུས་པ་ལ་འབུར་དུ་བསྐོས་པའམ། རིན་པོ་ཆེ་ལ་ལུགས་སུ་བླུགས་པ་དང་། འཇིམ་པ་ལས་འདེར་སོ་བྱས་པའི་དཀྱིལ་འཁོར་ནི། དེ་ལྟར་ལས་དང་བྱ་བའི་ལྷག་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་ནི་སྒྲུབ་པའི་ཁང་བུ་དངོས་སུ་བྱ་ཞིང་དེ་ལ་རབ་གནས་བྱས་པས་ཡེ་ཤེས་པའི་བྱིན་རླབས་དང་། ལྡན་པ་ཉེ་བར་བརྟེན་པར་བྱའོ། །གཉིས་པ་མཆོད་རྫས་བཤམས་ཤིང་ཆ་རྐྱེན་བསྡུ་བ་དང་། དྲང་། མ་ཧཱ་བ་ལིང་ཏ་གཏོར་མ་ཆེན་པོ་དང་། ཨ་མྲྀ་ཏ་བདུད་རྩི་དང་། དམར་ཆེན་རཀྟ་དང་། ཕྱིའི་མཆོད་པ་རྣམ་ལྔ་དང་། ནང་གི་མཆོད་པ་གསུམ་པོ་རྣམས་དགྲམ། རོལ་མོའི་མཆོད་པ་ལ་སོགས་མཆོད་པའི་ཆ་རྐྱེན་རྣམས་དང་། གཞན་ཡང་མཆོད་པའི་ཡོ་བྱད་ཅི་ལྟར་བསྡུ་བར་འོས་པ་རྣམས་གཞུང་བཞིན་བསྡུ་བར་བྱའོ། །གསུམ་པ་སྔོན་འགྲོའི་ལས་ཀྱི་རིམ་པ་བསྟན་པའོ། །དྲང་། དང་པོ་བསྲུང་བའི་འཁོར་ལོ་ཁྲོ་བོ་བཅུས་ཕྱོགས་མཚམས་བཅིངས། དེ་ནས་ཡན་ལག་བརྒྱད་པ་ནས་བཟུང་སྟེ། བསགས་པ་དམ་བཅའ། བྱིན་དབབ་ཡན་ཆད་ཀྱི་རིམ་པ་རྫོགས་པར་བྱས་ནས་བདག་ཉིད་ལས་ཀྱི་ལྷ་བདུད་རྩི་འཁྱིལ་པའམ། ཡི་དམ་གང་ཡིན་གྱི་རྣལ་འབྱོར་དང་ལྡན་པའི་ཏིང་ངེ་འཛིན་གྱིས་ཕྱི་ནང་གི་མཆོད་རྫས་རྣམས་ཚུལ་བཞིན་དུ་བྱིན་གྱིས་བརླབས་པར་བྱས་ལ་དེ་ཡང་ཐོག་མར་བདུད་རྩིའི་ཆུས་བསང་བ། བཛྲ་ཡཀྵས་བགེགས་བསྐྲད་དེ། མཆོད་པ་རྣམས་བྱིན་གྱིས་བརླབས་ལ་སྟན་ལ་འདུག་གོ། །གཉིས་པ་དགོས་ཆེད་ལ་གཉིས་ཏེ། བགྲང་། དང་པོ་བདག་དོན་གྱི་དགོས་ཆེད་བཞི་དང་། དྲང་། ལྷའི་སྐུ་དུ་མར་གསལ་བར་བྱས་པས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱས་ཤིང་། ཕྱི་ནང་གི་སྤྱོད་ཡུལ་ཕུང་པོ་ཁམས་དང་། སྐྱེ་མཆེད་རྣམས་ལྷ་ཡི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པའི་དགོས་ཆེད་ཡོད་པ་དང་། འབྲས་བུ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་བརྒྱུད་ནས་མཐར་དབྱུང་བར་བྱ་བ་དང་། ཚོམ་བུ་ཚོགས་སྒྲུབ་ལ་སྤྲོས་པ་མཐར་ཕྱིན་པའི་དུས་ཀྱི་བསྒྲུབ་དགོས་པའི་ཕྱིར་བསྒོམ་པའོ། །གཉིས་པ་གཞན་གྱི་དགོས་ཆེད་བརྒྱད་དང་། དྲང་། དབང་གི་ལས་དགྲ་བགེགས་དང་གཟུང་མ་ལ་སོགས་དགུག་པ་དང་། དྲང་པོའི་ལས་དགྲ་བགེགས་གླིང་ཁམས་གཞན་དུ་བཏང་བ་དང་། དབང་གི་ལས་འབྱུང་བའི་ཁ་བཅིང་བ་དང་། གཞན་གྱིས་བྱད་དུ་བཅུག་པ་དགྲོལ་བ་དང་རྒྱས་པའི་ལས་སྲིའུ་ལོ་ཏོག་ནད་པ་ལ་སོགས་གསོ་བ་དང་། དྲག་པོའི་ལས་དགྲ་བགེགས་བསད་པ་དང་། གཞན་གྱི་ཕྱོགས་ཕམ་པར་བྱ་བ་དང་། རྒྱས་པའི་ལས་བདག་གི་ཕྱོགས་རྒྱལ་བར་བྱ་བ་རྣམ་ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་འདིས་འགྲུབ་པར་བྱེད་པའི་ཕྱིར་དང་། ལམ་པ་གང་དག་སྤྲོས་པའི་གདུལ་བྱ་ཅི་སྙེད་པ་ཐམས་ཅད་ཀྱང་། ཕྱག་རྒྱ་སྤྲོས་པ་བསྒོམ་པའི་ཕྲིན་ལས་ཀྱིས་ཡང་དག་པའི་ས་ལ་འདོན་པའི་ཕྱིར་རོ། །ཡང་ན་གོང་གི་དགུག་བཏང་གི་ལས་བརྒྱད་ནི་བཞིར་འདུས་ཏེ། དགྲོལ་གསོ་གཉིས་ཞི་བ། བཏང་རྒྱལ་གཉིས་རྒྱས་པ། དགུག་བཅིང་གཉིས་དབང་། ཕམ་བསད་གཉིས་དྲག་པོའི་ལས་ཡིན་པར་ལྕེ་སྟོན་གྱིས་གསུངས་སོ། །གསུམ་པ་སྒོམ་ཐབས་ལ་གསུམ་སྟེ། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམ་པ་དང་། དེ་ལ་མཆོད་ཅིང་ཕྲིན་ལས་ཀྱི་རིམ་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལ་བརྟན་པ་ཐོབ་ནས། ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་བསྒོམ་པའང་ཞི་ཁྲོ་རྣམ་པ་གཉིས་ཡོད་པ་སྟེ། གང་ཞེ་ན། ཕྱག་རྒྱ་གཅིག་པ་དང་རྗེས་སུ་མཐུན་པར་ཞི་བ་སྤྲོས་བཅས་དང་། ཁྲོ་བོའི་སྤྲོས་བཅས་གཉིས་སྟོན་ཏོ། །ཞི་ཁྲོ་དེ་གཉིས་གང་རུང་རེ་རེའང་རིམ་ཅིག་ཆར་གྱི་ཚུལ་གཉིས་ཀྱིས། གདུལ་བྱའི་བློ་ཆེ་ཆུང་གི་རིམ་པ་དང་ལྡན་པར་རིམ་ཅིག་ཆར་གང་འཚམས་སུ་བསྒོམ་པར་སྟོན་པ་ཡིན་ནོ། །གཉིས་པ་རྒྱས་པ་ལ་གཉིས་ཏེ། ཞི་བ་ལ་བསླབ་པ་དང་། ཁྲོ་བོ་ལ་བསླབ་པའོ། །ཞི་བ་གཉིས་ཏེ། བགྲང་། དང་པོ་མདོར་དང་། དྲང་། མདོར་བསྟན་གྱི་སྔ་མ་ཞི་བ་སྤྲོས་པ་རང་ལའང་རིམ་གྱིས་པ་དང་ཅིག་ཆར་བ་གཉིས་སོ། །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་ཅིག་ཅར་བ་དང་། དྲང་། མདོར་བསྟན་ལ་གཉིས་སུ་ཕྱེ་བས་ཕྱི་མ་ཅིག་ཆར་བའང་ཕྱག་རྒྱ་གཅིག་པ་བཞིན་དུ་སྤྲོས་པ་ལ་ཅིག་ཆར་དུ་འཇུག་པ་ནི། ནམ་མཁའི་ཉི་ཟླ་དང་གཟའ་སྐར་ཐམས་ཅད་དུས་གཅིག་ཏུ་ཆུ་དཀྱིལ་རྙོགས་མ་དྭངས་པར་གཟུགས་བརྙན་མ་འདྲེས་པར་གསལ་ཞིང་འཆར་བ་བཞིན་དུ། ཕྱག་རྒྱ་སྤྲོས་པའི་ལྷའི་སྐུ་གསལ་བ་སྐད་ཅིག་མ་གཅིག་ལ་འོད་དུ་འབར་བར་སྒོམ་པའང་། སྙིང་པོ་ཧཱུྃ་བཛྲ་དྷྲྀ་ལ་སོགས་པ་བརྗོད་པ་ཙམ་གྱིས་ཞི་བའི་འཁོར་ལོ་ལྷའི་དཀྱིལ་འཁོར་རྒྱས་བསྡུས་འབྲིང་གསུམ་ཡོངས་སུ་རྫོགས་པ་གསལ་བར་ཤར་བའོ། །གཉིས་པ་རིམ་གྱིས་པ་ལ་གཉིས་ཏེ། བགྲང་། དང་པོ་ངོ་བོ་སྤྱིར་བསྟན་པ་དང་། དྲང་། རིམ་གྱིས་པ་དེ་མདོར་བསྟན་གྱི་སྔོན་དུ་བསྟན་པ་ནི་ཕྱག་རྒྱ་གཅིག་པའི་རིམ་གྱིས་པ་བཞིན་དུ། འདིར་སྤྲོས་བཅས་ལ་རིམ་གྱིས་འཇུག་པ་ནི། སྣང་བ་ལྷའི་དཀྱིལ་འཁོར་དུ་ལྟ་བས་མཐོང་བ་དང་ལམ་སྔ་མ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལ་གོམས་པའི་སྟོབས་ཀྱིས་ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་ཐོབ་པ་ལས་དཔེར་ན་ཤེས་བྱ་གཅིག་ཤེས་ཀྱང་དུ་མ་ལ་སློབ་པའི་ཚུལ་དུ། ཕྱག་རྒྱ་སྤྲོས་པ་ལྷའི་དཀྱིལ་འཁོར་དུ་མར་ཤར་བ་ཡང་རྣལ་འབྱོར་པ་གཅིག་གིས་རིག་པར་གསལ་བར་བྱེད་པའང་། གཉིས་པ་དབྱེ་བས་བྱེ་བྲག་ཏུ་བཤད་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། ཁྲོ་བོར་མ་བསྒྱུར་བར་མ་བཅོས་རྣལ་མ་ཞི་བའི་དཀྱིལ་འཁོར་ལ། དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་པ་དང་། ཚོམ་བུ་སྤྲོས་པ་དང་། རྣམ་གྲངས་སྤྲོས་པ་དང་། ཞལ་ཕྱག་སྤྲོས་པ་ལ་བསླབ་པའོ། །གཉིས་པ་རྒྱས་པ་དེ་ལ་བཞི་སྟེ། བགྲང་། དང་པོ་དཀྱིལ་འཁོར་སྤྲོས་པ་ལ་བསླབ་པ་དང་། དྲང་། དང་པོ་དཀྱིལ་འཁོར་སྤྲོས་པ་ལ་གསུམ་ལས། བསྡུས་པ་ལ་ལྷ་རིགས་ལྔ་ཡབ་ཡུམ་བཅུ་སྒོ་བ་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད། འབྲིང་པོ་ལ་གཞི་བཅུ་རྩ་གཉིས། རྒྱས་པའི་དཀྱིལ་འཁོར་ལ་ཕོ་བྲང་གི་ལྷ་ལྔ་བཅུ། སེམས་དཔའ་ཡབ་ཡུམ་བཅུ་དྲུག་ཀུན་བཟང་ཡབ་ཡུམ་གཉིས། ཐུབ་པ་དྲུག །སྒོ་བ་ཡབ་ཡུམ་བརྒྱད་དེ་བརྒྱད་ཅུ་རྩ་གཉིས་རྣམས་ལ་རིམ་པར་སློབ་བོ། །གཉིས་པ་ཚོམ་བུ་སྤྲོས་པ་ལ་གསུམ་སྟེ། བགྲང་། དང་པོ་ཚོམ་བུ་གཅིག་པ་ལ་བསླབ་པ་དང་། དྲང་། མདོར་བསྟན་གྱི་གཉིས་པ་ཚོམ་བུ་སྤྲོས་པ་ལ་གསུམ་ལས། དང་པོ་གཅིག་པ་ལ་བསླབ་པ་ནི། རྣལ་འབྱོར་པ་བདག་ཅག་གཙོ་བོ་མི་སྐྱོད་པ་ཡབ་ཡུམ་གཉིས་སུ་གསལ་བར་གནས་པའི་གཞལ་ཡས་ཁང་། འཁོར་ལོ་རྩིབས་བཞི་ལྟེ་བ་མུ་ཁྱུད་གྲུ་ཆད་སྒོ་བཏོད་དུ་གསལ་བར་སྒོམ་པར་བྱས་ཏེ་གདན་ལྔ་བརྩེགས་དང་ལྡན་པའི་དབུས་ཀྱི་ལྟེ་བ་ན་རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གནས་ལ། དེ་ལ་རྡོ་རྗེ་རིགས་ཀྱི་སེམས་དཔའ་ནི། ཤར་དུ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་སེམས་མ། ལྷོར་རྡོ་རྗེའི་རིན་ཆེན་དང་། རྡོ་རྗེ་འབར་མ། ནུབ་ཏུ་རྡོ་རྗེ་ཆོས་དང་། རྡོ་རྗེ་སྡུད་མ། བྱང་དུ་རྡོ་རྗེ་ལས་དང་། རྡོ་རྗེ་བསྐྱོད་མ་སྟེ། དེ་ལྟར་ཡབ་ཡུམ་བརྒྱད་དང་ཕྱོགས་བཞིའི་ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བས་ན་ལྷ་བཅོ་བརྒྱད་དོ། །གཉིས་པ་ཚོམ་བུ་གསུམ་པ་དང་། དྲང་། དེ་ལྟར་ཚོམ་བུ་གཅིག་པ་ལ་བློ་བརྟན་པ་ཐོབ་ནས་མདུན་དུ་སྐུའི་རིགས་རྣམ་པར་སྣང་མཛད་ཡབ་ཡུམ་ལ། ཤར་དུ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་སྒེག་མོ། ལྷོར་རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་བདུག་སྤོས་མ། ནུབ་ཏུ་རྡོ་རྗེ་ཆགས་པ་དང་། རྡོ་རྗེ་ལྕགས་ཀྱུ་མ། བྱང་དུ་རྡོ་རྗེ་ལེགས་པ་དང་། རྡོ་རྗེ་ཕྲེང་མ་སྟེ་བཅུ་དང་། རྒྱབ་ཏུ་གསུང་གི་རིགས་སྣང་བ་མཐའ་ཡས་ཡབ་ཡུམ་ལ། ཤར་དུ་རྡོ་རྗེ་ཆོས་དང་། གྷིརྟི་མ། ལྷོར་རྡོ་རྗེ་རྣོན་པོ་དང་། མར་མེ་མ། ནུབ་ཏུ་རྡོ་རྗེ་རྒྱུ་དང་། ལྕགས་སྒྲོག་མ། བྱང་དུ་རྡོ་རྗེ་སྨྲ་བ་དང་། རྡོ་རྗེ་གསལ་བཀྲ་མ་སྟེ་བཅུ་དང་། ཐུགས་ཀར་རྡོར་སེམས་ལ་ཡབ་ཡུམ་བཅུ་སྟེ་འཁོར་ལོའི་ཕོ་བྲང་དུ་ལྷ་སུམ་ཅུ་དང་། ཕྱོགས་མཚམས་ཀྱི་ཁྲོ་བོ་ཡབ་ཡུམ་བཅུ་དྲུག་སྟེ་ལྷ་ཞེ་དྲུག་རྫོགས་པར་བསྒོམ་པ་ལ་ཡི་གེ་ༀ་ཨཱཿཧཱུྃ་འབྲུ་གསུམ་སྐུ་གསུང་ཐུགས་ཀྱི་ལྷ་བསྐྱེད་པའི་བརྡའོ། །ལྷ་གྲངས་ཉུང་ཏིང་ངེ་འཛིན་བློ་སྟོབས་ཆུང་བའམ། མི་ལ་ལུས་ངག་ཡིད་གསུམ་ཡོད་པའི་དབང་དུ་ཚོམ་བུ་གསུམ་པའི་ལྷ་ཞེ་དྲུག་གི་ཏིང་ངེ་འཛིན་ལ་ཤིན་ཏུ་གོམས་ཤིང་འདྲིས་པར་བྱ་བ་གཅེས་པ་ཡིན་ནོ། །གསུམ་པ་ཚོམ་བུ་ལྔ་པ་ལ་བསླབ་པའོ། །དྲང་། དེ་ལྟར་ཚོམ་བུ་གསུམ་པ་ལ་བློ་བརྟན་པ་ཐོབ་ནས། གཙོ་བོའི་ཞལ་ཤར་དུ་གཟིགས་བའི་གཡས་ལྷོའི་རྩིབས་སྟེང་དུ་ཡོན་ཏན་གྱི་རིགས་རིན་འབྱུང་ཡབ་ཡུམ་ལ། ཤར་དུ་རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་ཕྲེང་བ་མ། ལྷོར་རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་མེ་ཏོག་མ། ནུབ་ཏུ་རྡོ་རྗེ་རྒྱལ་མཚན་དང་། རྡོ་རྗེ་ཞགས་པ་མ། བྱང་དུ་རྡོ་རྗེ་བཞད་པ་དང་། རྡོ་རྗེ་བདེ་བ་མ་སྟེ་ཡབ་ཡུམ་བཅུ་དང་། གཡོན་བྱང་གི་རྩིབས་ཉིད་དུ་ཕྲིན་ལས་ཀྱི་རིགས་དོན་གྲུབ་ཡབ་ཡུམ་ལ། ཤར་དུ་རྡོ་རྗེ་ལས་དང་། རྡོ་རྗེ་ཀརྨ། ལྷོར་རྡོ་རྗེ་བསྲུང་བ་དང་། རྡོ་རྗེ་དྲི་ཆབ་མ། ནུབ་ཏུ་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་དྲིལ་བུ་མ། བྱང་དུ་རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་འབེབ་མ་སྟེ་ཡབ་ཡུམ་བཅུ་དང་། དེ་ལྟར་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་དང་གཉིས་བཞག་པས་ཕོ་བྲང་གི་ལྔ་བཅུ་དང་། ཕྱོགས་མཚམས་སྟེང་འོག་གི་ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ་ལྷ་བདུན་བཅུའོ། །གསུམ་པ་བས་ལྔ་པ་ཏིང་ངེ་འཛིན་སྟོབས་ཆེ་བས་སམ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དོན་རྣལ་མ་ལ་བློ་འབྱོར་བའི་ལྷའི་དབང་དུ་ཚོམ་བུ་ལྔ་སྟེ། དེ་ལ་ཤིན་ཏུ་འདྲིས་ཤིང་གོམས་ནས་མཐར་ཕྱིན་པའི་དུས་ན་ཚོགས་སྒྲུབ་པ་སྦྱོར་རོ། །དེ་ཡང་དཀྱིལ་འཁོར་སྤྲོས་པ་ནི་བསྒོམ་བྱའི་ངོས་ནས་བཏག །ཚོམ་བུ་སྤྲོས་པ་ནི་སྒོམ་བྱེད་ཀྱི་ཆ་རྐྱེན་ལས་བཏག །འོག་གི་རྣམ་གྲངས་དང་ཞལ་ཕྱག་སྤྲོས་པ་ནི་ཡན་ལག་ལ་བཏག་པའོ། །འོ་ན་དཀྱིལ་འཁོར་དང་ཚོམ་བུའི་ཁྱད་པར་གང་ཞེ་ན། བསྒོམ་བྱ་ལྷའི་ཁྱད་པར་དང་། སྒོམ་བྱེད་རྣལ་འབྱོར་པའི་ཁྱད་པར་གཉིས་སོ། །དང་པོ་ནི། ཕོ་བྲང་གཙོ་བོའི་ཆ་ནས་སྨོས་པ་ཚོམ་བུ་སྟེ། དེའང་གཙོ་བོ་རིགས་གཅིག་གིས་བྱས་པ་ཚོམ་བུ་གཅིག་པ་དང་། གཙོ་བོ་རིགས་གསུམ་གྱིས་བྱས་པ་ཚོམ་བུ་གསུམ་པ་དང་། གཙོ་བོ་རིགས་ལྔས་བྱས་པ་ཚོམ་བུ་ལྔ་པའོ། །གཙོ་འཁོར་གཉིས་ཀའི་ཆ་ནས་སྨོས་པ་དཀྱིལ་འཁོར་རོ། །ཡང་རྣམ་གྲངས་ཡོངས་རྫོགས་ཀྱི་ཆ་ནས་དཀྱིལ་འཁོར། རྣམ་གྲངས་ཡོངས་སུ་མ་རྫོགས་པ་ཚོམ་བུའོ། །ཡང་རིགས་ཀྱི་གཏེར་ཁ་བྱེ་བ་དཀྱིལ་འཁོར། མ་བྱེ་བ་ཚོམ་བུའོ། །དམ་པ་ཤཱཀྱ་རྒྱལ་གྱིས། རང་རང་གི་རིགས་ཆུང་གིས་རྒྱས་པའང་ཡོད། །མ་རྒྱས་པའང་ཡོད་པ་དཀྱིལ་འཁོར། །རང་རང་གི་རིགས་ཆུང་གིས་རྒྱས་པ་ཚོམ་བུ་གསུངས་སོ། །མདོར་ན་ཚོམ་བུ་ཡིན་ཚད་ལ་དཀྱིལ་འཁོར་གྱིས་ཁྱབ་ཅིང་། དཀྱིལ་འཁོར་ཡིན་ཚད་ལ་ཚོམ་བུས་མ་ཁྱབ་པས་ཁྱབ་ཆེ་ཆུང་གི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་གསུངས་སོ། །སྒོམ་བྱེད་རྣལ་འབྱོར་པའི་ཁྱད་པར་ནི། སྤྲོས་པའི་སྐབས་འདིར་དཀྱིལ་འཁོར་དང་ཚོམ་བུ་ལ་སྦྱང་བ་མཐུན་ལ། ཚོགས་སྒྲུབ་ཀྱི་སྐབས་སུ་ཚོམ་བུ་ལའང་མི་གཅིག་གིས་ཀུན་སྒོམ་པ་དང་། མི་གྲངས་ལྷ་གྲངས་སྤྲད་ནས་སྒོམ་པ་གཉིས་ཀ་ཡོད་པའོ། །གལ་ཏེ་དཀྱིལ་འཁོར་དང་ཚོམ་བུ་འདི་གཉིས་གང་རུང་གིས་ཆོག་ན། གཉིས་ལ་སློབ་པ་ལ་དགོས་པ་མེད་པ་དང་། གཉིས་ཀ་ལ་སློབ་དགོས་ན། སྤྲོས་པ་ནས་ཐོད་རྒལ་མི་སྲིད་པར་འགྱུར་རོ་ཞེ་ན། བློ་ཆུང་ན་གཉིས་ཀ་དགོས་ཤིང་། ཆེ་ན་དཀྱིལ་འཁོར་ཁོ་ནས་སྦྱོར་བ་སྲིད་དོ། །གསུམ་པ་རྣམ་གྲངས་སྤྲོས་པ་ལ་གཉིས་ཏེ། བགྲང་། དང་པོ་རྩ་བའི་རྣམ་གྲངས་སྤྲོས་པ་དང་། དྲང་། མདོར་བསྟན་གྱི་གསུམ་པ་རྣམ་གྲངས་སྤྲོས་པ་ལ་བསླབ་པའི་དང་པོ་ནི། རྩ་བའི་རྣམ་གྲངས་ལྷ་གཙོ་བོ་ཐུགས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཉིད་དུ་གསལ་བའི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ནས། སྐུ་རྣམ་སྣང་། གསུང་སྣང་མཐའ་གཙོ་བོར་བྱས་པའི་ཏིང་ངེ་འཛིན་གསལ་བ། དེ་ལྟར་གསུམ་པོའི་ཏིང་ངེ་འཛིན་ལ་འཆོར་བ་མེད་པར་བརྟན་པ་ཐོབ་པས་ན། ཡོན་ཏན་རིན་འབྱུང་དང་། ཕྲིན་ལས་དོན་གྲུབ་སྟེ། རིགས་ལྔ་ཆར་རྫོགས་པར་བསྒོམ་དེ་ཡང་ཡབ་ཡུམ་ཟུང་དུ་འབྲེལ་བར་སྒོམ་པ་ལ་བློ་བརྟན་པ་ཐོབ་པར་བྱས་ནས། རིགས་ལྔ་པོོའི་དོན་རང་རང་གི་རིགས་སུ་སྤྲོས་པས་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་བྱེད་པ་པོས་མ་བཅོས་པར་རང་བཞིན་ངང་གིས་གནས་པ་ལས། དེ་ལྟར་རྟོགས་པའི་ཡེ་ཤེས་ཀྱི་ལྷག་པ་ཏིང་ངེ་འཛིན་གསལ་བའི་དཀྱིལ་འཁོར་བསྒོམ་མོ། །གཉིས་པ་ཡན་ལག་ལ་གསུམ་སྟེ། སངས་རྒྱས་སྟོང་གི་དཀྱིལ་འཁོར་བསླབ་པ་དང་། ཉི་ཁྲི་བཞི་སྟོང་ལ་བསླབ་པ་དང་། བསམ་ཡས་ལྷུན་གྲུབ་ལ་བསླབ་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་བསླབ་པ་དངོས་དང་། དྲང་། ཡན་ལག་ཐབས་ཀྱི་ལྷ་བཞི་བཅུ་རྩ་གཉིས་རྩ་བའི་ལྷ་ཡབ་ཡུམ་གཉིས་ལ་ལྡན་པར་སྒོམ་པ་ཡིན་ཏེ། དེ་ཡང་རྩ་བའི་ལྷ་མི་བསྐྱོད་པ་ཡབ་ཡུམ་ཡིན་པའི་དབང་བཙན་དུ་བྱས་ན་དེ་ལྟར་གསལ་བ་ལས། གཞན་ཡན་ལག་གི་ལྷ་ཡབ་ཉི་ཤུ་རྩ་བཞི་རྩ་བའི་ལྷ་ཡབ་ལ་བཀོད་དེ། ལག་པ་གཡས་པ་ལ་མི་བསྐྱོད་པ། སྤྱི་བོར་རྣམ་སྣང་། ལག་པ་གཡོན་པར་རིན་འབྱུང་། རྐང་པ་གཡོན་པ་ལ་སྣང་མཐའ། གཡས་པ་ལ་དོན་གྲུབ། མིག་གི་རྩའི་ནང་དུ་ས་སྙིང་། རྣ་བའི་རྩའི་ནང་དུ་ནམ་སྙིང་། སྣའི་རྩའི་ནང་དུ་སྤྱན་གཟིགས། ལྕེའི་རྩའི་ནང་དུ་ཕྱག་རྡོར། མིག་གི་རྩའི་ཕྱི་རུ་བྱམས་པ། རྣ་བའི་རྩའི་ཕྱི་རུ་སྒྲིབ་སེལ། སྣའི་རྩའི་ཕྱི་རུ་ཀུན་བཟང་། ལྕེའི་རྩའི་ཕྱི་རུ་འཇམ་དཔལ། ལག་པ་གཡས་པའི་མཐིལ་དུ་གཤིན་རྗེ་གཤེད་པོ། གཡོན་སྟོབས་པོ་ཆེ། རྐང་པ་གཡོན་པའི་མཐིལ་དུ་རྟ་མགྲིན། གཡས་བདུད་རྩི་འཁྱིལ་པ། བྲང་གི་རྒྱ་མདུད་ལྡིང་ཁང་ཀུན་ཏུ་བཟང་པོ། མཚོགས་མར་ལྷའི་ཐུབ་པ་ལྟ་ཟུར་དུ་གཡས་སུ་ལྷ་མ་ཡིན་གྱི་ཐུབ་པ། སྙིང་གར་མིའི་ཐུབ་པ། ལྟེ་བར་བྱོལ་སོང་གི་ཐུབ་པ། མགྲིན་པར་ཡི་དྭགས་ཀྱི་ཐུབ་པ། གསང་གནས་སུ་དམྱལ་བའི་ཐུབ་པའོ། །དེ་ལྟར་རྩ་བའི་ལྷ་ཡབ་ལ་ཡབ་ཉི་ཤུ་རྩ་བཞི་བཀོད་པ་དེ་བཞིན་དུ། རྩ་བའི་ལྷ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་ལ་ཡང་། ཡུམ་བཅོ་བརྒྱད་བཀོད། བཀོད་ཚུལ་ནི། སྔར་གྱི་ཡབ་ལ་བཀོད་པ་དང་མཚུངས་སོ། །དེ་ལྟར་ཡབ་ཉི་ཤུ་རྩ་བཞི། ཡུམ་བཅོ་བརྒྱད་བཀོད་པར་བྱས་པས་ཞེ་གཉིས་འབྱུང་ཡང་། བདག་རྩ་བའི་ལྷ་མི་བསྐྱོད་པ་ཡབ་ཡུམ་ལ་བཀོད་པའི་མི་བསྐྱོད་པ་ཡབ་ཡུམ་གཉིས་མ་བགྲངས་པས། ཡན་ལག་གི་ལྷ་བཞི་བཅུ་དང་ལྡན་པར་བསྒོམ་པ་ནི། རགས་པའི་ཆ་ནས་བཞག་པས་ཐབས་ཀྱི་ལྷ་བཞི་བཅུ་པོ་དེ་ཉིད་ཀྱི་སྙིང་གི་ནང་དུ་ཕྲ་བ་ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ་ཚོན་གང་བ་རེ་རེ་དང་། འོག་གི་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ལ་ཡན་ལག་སྤྲོས་པའི་བདག་པོ་རིགས་ལྔ་ལྔས་དབུ་བརྒྱན་པ་སྟེ། དེ་ཡང་ཐབས་ཀྱི་ལྷ་བཞི་བཅུ་རྩ་གཉིས་རྩ་བའི་ལྷ་ཡབ་ཡུམ་གཉིས་ལ་བཀོད་པ་རྣམས་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་འཕྲོ་བར་འགྱུར་བ་ཡིན་ཏེ། མདོར་ན་ཐབས་དང་ཤེས་རབ་ཀྱི་ལྷ་བརྒྱད་ཅུ། སྐུ་གསུང་ཐུགས་ཀྱི་ལྷ་བརྒྱ་ཉི་ཤུ། དབུ་རྒྱན་ཡེ་ཤེས་ཀྱི་ལྷ་སྟོང་སྟེ། སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་བསླབ་པ་ཞེས་བྱའོ། །འོ་ན་སྟོང་དང་ཉིས་བརྒྱ་ཡོད་དོ་ཅེ་ན། སྤར་ཁབ་ལྟར་རྩ་བའི་ལྷ་ཉིས་བརྒྱ་པོ་མི་བསྒྲང་བར་དབུ་རྒྱན་ཡེ་ཤེས་ཀྱི་ལྷ་སྟོང་ཁོ་ནར་བཞེད་དོ། །གཉིས་པ་དེ་ཇི་ལྟར་ལྡན་ཚུལ་ལོ། །དྲང་། དེ་ལྟར་རྩ་བའི་ལྷ་སྟོང་སྟེ་ཡབ་རྡོ་རྗེ་སེམས་དཔའ་དང་། དཔྱལ་ཏེ་ཡུམ་ནམ་མཁའི་དབྱིངས་ཕྱུག་མ་གཉིས་ཀྱི་སྐུ་ཕྱག་རྒྱ་དང་། དེ་ལ་བཀོད་པའི་སངས་རྒྱས་སྟོང་གི་དཀྱིལ་འཁོར་ཡང་། སྐུ་རི་རབ་ཙམ་ལ་བཞུགས་གནས་ཀྱི་རྩའི་སྣོད་ཏིལ་འབྲུ་ཙམ་གྱི་ནང་དུ་ཤོང་བའི་ཚུལ་བཞིན་ཏུ། རྩ་བའི་ལྷས་མི་ཆེ་ཡན་ལག་གི་ལྷ་མི་ཆུང་བར་ཐུན་མོང་དང་ཁྱད་པར་གྱི་དཔེ་བྱད་བརྒྱད་བཅུ་དང་མཚན་བཟང་སུམ་ཅུ་རྩ་གཉིས་ཀྱི་རྒྱན་གྱིས་སྤྲས་པར་བཞུགས་པའོ། །གཉིས་པ་ཉི་ཁྲི་བཞི་སྟོང་ལ་བསླབ་པ་དང་། དྲང་། དེ་ལྟར་གཙོ་མཆོག་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་ལྷ་སྟོང་དང་ལྡན་པར་བྱས་ནས། ཆོས་བྱ་བ་མོ་དང་ཡིད་བྱེད་པ་པོ་ཀུན་བཟང་ཡབ་ཡུམ་ལ་སྟོང་། རྒྱལ་བ་རིགས་བཞི་ཡབ་ཡུམ་ལའང་སྟོང་ཚོ་རེ་རེ་བསྒོམ་པར་བྱ་ཞིང་། སེམས་དཔའ་ཡབ་ཡུམ་ཟུང་བརྒྱད། སྒོ་བ་ཡབ་ཡུམ་བཞི་སྟེ། དེ་ལྟར་ཡབ་ཡུམ་ཟུང་བཞི་ཅུ་གཉིས་ལ་སྟོང་ཚོ་བཅུ་གཉིས་ཏེ། གོང་གི་དྲུག་བསྣན་པས་སྟོང་ཚོ་བཅོ་བརྒྱད། ཐུབ་པ་དྲུག་གི་ལྷའི་གནས་མལ་དུ་ལྷ་ཡབ་ཡུམ་འཁྲིལ་སྦྱོར་དུ་བཀོད་པས་སྟོང་ཚོ་དྲུག་གོ། །ཀུན་ཏུ་བཟང་མོ་མ་གཏོགས་སོ། །དེ་ལྟར་ལྷ་སྟོང་ཚོ་ཉི་ཤུ་རྩ་བཞི་པོ་རྣམས་ཀྱང་འོད་ཟེར་འཕྲོ་ཞིང་གཟི་བརྗིད་འབར་བར་སྒོམ་པ་ནི། སངས་རྒྱས་ཉི་ཁྲི་བཞི་སྟོང་གི་དཀྱིལ་འཁོར་དེ་དག་ཀྱང་ཏིང་ངེ་འཛིན་ལ་དུས་གཅིག་ཏུ་གསལ་བའོ། །གསུམ་པ་བསམ་ཡས་ལྷུན་གྲུབ་ལ་བསླབས་པའོ། །དྲང་། ཕྱི་སྣོད་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ལྷའི་གཞལ་ཡས་ཁང་དུ་བསྒོམ་ལ། ཉི་ཟླ་དང་གཟའ་སྐར་ཐམས་ཅད་གདན་དང་རྒྱན་དུ་གསལ་ཞིང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་དཀྱིལ་འཁོར་མ་ལུས་པར་བསྒོམ་པ་ནི། བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ཉིད་ལ་སློབ་པའོ། །བཞི་པ་ཞལ་ཕྱག་སྤྲོས་པ་ལ་བསླབ་པའོ། །དྲང་། མདོར་བསྟན་གྱི་བཞི་པ་ཞལ་ཕྱག་སྤྲོས་བཅས་ནི། དང་པོ་ཚོམ་བུ་གཅིག་པ་ལ་ཞལ་གསུམ་ཕྱག་དྲུག་ཏུ་སྒོམ་མོ། །དེ་ལ་ཏིང་ངེ་འཛིན་བརྟན་པ་ཐོབ་ནས་ཚོམ་བུ་གསུམ་པ་ལའང་། ཞལ་གསུམ་ཕྱག་དྲུག་སྒོམ་པ་དེ་བཞིན་ཏེ། དེ་ལ་བརྟན་པ་ཐོབ་ནས་ཚོམ་བུ་ལྔ་པ་ལའང་ཞལ་གསུམ་ཕྱག་དྲུག་སྔ་མ་དང་རྗེས་སུ་མཐུན་པར་བསྒོམ་ནས། དེ་ལྟར་དཀྱིལ་འཁོར་དང་རྣམ་གྲངས་སྤྲོས་པའི་སྐབས་སུ་ལྷ་ཀུན་ལ་ཞལ་གསུམ་དང་ཕྱག་དྲུག་རྫོགས་པར་གསལ་བར་སྒོམ་པའི། གཉིས་པ་ཁྲོ་བོ་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། གདུལ་བྱའི་དབང་གིས་ཞི་བ་ལས་ཁྲོ་བོར་བསྒྱུར་བའི་ལྷའི་འཁོར་ལོ་ལའང་། དཀྱིལ་འཁོར་ཚོམ་བུ་རྣམ་གྲངས་ཞལ་ཕྱག་སྤྲོས་པ་དང་བཞི་ཡོད་པ་རྣམས་ཞི་བའི་སྐབས་སུ་བསྟན་པ་དེ་བཞིན་དུ་ཡིན་ཏེ། གཉིས་པ་རྒྱས་པ་དེ་ལ་བཞི་སྟེ། བགྲང་། དང་པོ་དཀྱིལ་འཁོར་སྤྲོས་པ་ལ་བསླབ་པ་དང་། དྲང་། དང་པོ་དཀྱིལ་འཁོར་སྤྲོས་པ་ལ་གསུམ་ལས་བསྡུས་པ་ལ་ལྷ་ལྔ་བཅུ་རྩ་བརྒྱད་དེ། རིགས་ལྔ་ཡབ་ཡུམ་བཅུ། གནས་མ་བརྒྱད། ཡུལ་མ་བརྒྱད། སྒོ་མ་བཞི་སྟེ་ཉི་ཤུ། དབང་མོ་ཉེར་བརྒྱད་དེ་ལྔ་བཅུ་ང་བརྒྱད། དེ་བསྒོམ་ཞིང་གོམས་པར་གྱུར་ནས། འབྲིང་པོ་ལ་དེའི་སྟེང་དུ་ཁྲོ་བོ་བཅུ་བསྣན་པས་དྲུག་ཅུ་རྩ་བརྒྱད་ལ་གོམས་ནས། ཁྲོ་བོ་རྒྱས་པའི་དཀྱིལ་འཁོར་ནི་སྔོན་ཞི་བའི་སྐབས་ལ་དཀྱིལ་འཁོར་རྒྱས་པ་བྱུང་བ་དེ་བཞིན་དུ་འདིར་རྒྱས་པ་ལ་ལྷ་བརྒྱ་རྩ་བརྒྱད་ཡོད་པ་ཡིན་ཏེ། འོག་གི་རྣམ་གྲངས་སྤྲོས་བཅས་ཀྱི་སྐབས་སུ་གསལ་ལོ། །གཉིས་པ་ཚོམ་བུ་ལ་གཉིས་ཏེ། བགྲང་། དང་པོ་གཅིག་པ་དང་གསུམ་པ་ལ་བསླབ་པ་དང་། དྲང། དང་པོ་ཚོམ་བུ་ལ་གསུམ་ལས། གཅིག་པ་ནི་དབུས་ཀྱི་ལྟེ་བ་ལ་ཐུགས་བཛྲ་ཧེ་རུ་ཀ་ལ་ཡབ་ཡུམ་གཞི་བོ་གཉིས་ཀྱིས་གཙོ་བྱས་པ་ལ་འཁོར་ཐུགས་ཀྱི་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་བསྒོམ་པ་ལ་བརྟེན་ནས་། གསུམ་པ་ནི་མདུན་ཤར་གྱི་རྩིབས་སྟེང་དུ་སྐུ་བུདྡྷ་ཁྲག་འཐུང་ཡབ་ཡུམ་དང་། རྒྱབ་ནུབ་ཀྱི་རྩིབས་སྟེང་དུ་གསུང་པདྨ་ཁྲག་འཐུང་ཡབ་ཡུམ་དུ་གསལ་བར་བསྒོམ་པ་དེ་ལ་བརྟན་པ་ཐོབ་ནས་འཁོར་སྐུ་གསུང་གི་རིགས་ཆུང་ཁྲོ་བོ་ཡབ་ཡུམ་བརྒྱད་དང་བཅས་པ་བསྒོམ་མོ། །གཉིས་པ་ལྔ་པ་ལ་བསླབ་པའོ། །དྲང་། དེ་ལྟར་གོང་གི་སྐུ་གསུང་ཐུགས་ཀྱི་ཁྲག་འཐུང་ཡབ་ཡུམ་ལ་ཤིན་ཏུ་བརྟན་པར་བྱས་ནས། གཡས་ལྷོའི་རྩིབས་སྟེང་དུ་ཡོན་ཏན་རཏྣ་ཁྲག་འཐུང་དང་། གཡོན་བྱང་གི་རྩིབས་སྟེང་དུ། ཕྲིན་ལས་ཀརྨ་ཁྲག་འཐུང་སྟེ་ཁྲོ་བོ་ཡབ་ཡུམ་རྣམས་ཏིང་ངེ་འཛིན་གྱིས་གསལ་བར་བསྒོམས་ནས་འཁོར་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་དང་བཅས་པ་ཚོམ་བུ་འཁོར་ལོའི་ལྷ་ཚོགས་རྣམས་རྫོགས་པར་སྒོམ་པའི་ཉམས་རིམ་པ་བཞིན་དུ་ཚོམ་བུ་གཅིག་གསུམ་ལྔ་པའི་ལྷ་གང་སྒོམ་གསལ་བར་བྱས་པ་ལ་ཏིང་ངེ་འཛིན་མ་སུན་པར་ཇེ་གསལ་དུ་གྱེན་ལ་འཕར་བར་བསྟན་པར་བྱའོ། །ཡང་ན་ཚོམ་བུ་གཅིག་པ་ལ་གཙོ་བོར་བཛྲ་ཧེ་རུ་ཀ་ཡབ་ཡུམ་ལ་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་དང་། མ་མོ་ཉི་ཤུ། དབང་མོ་ཉེར་བརྒྱད། ཁྲོ་བོ་ཡབ་ཡུམ་ཉི་ཤུ་དང་ལྷ་བདུན་ཅུ་དོན་བརྒྱད་དོ། །གསུམ་པ་ཕོ་བྲང་གི་ལྷ་སུམ་ཅུ་ལ། འཁོར་མཐུན་པར་ལྷ་དགུ་བཅུ་གོ་བརྒྱད་དོ། །ལྔ་པ་ལ་ཕོ་བྲང་གི་ལྷ་ལྔ་བཅུ། འཁོར་ཡང་མཐུན་པར་ལྷ་བརྒྱ་དང་བཅོ་བརྒྱད་དུ་འདོད་པ་ཡང་སྣང་ངོ་། །གསུམ་པ་ནམ་གྲངས་སྤྲོས་པ་ལ་གཉིས་ཏེ། བགྲང་། དང་པོ་རྩ་བའི་རྣམ་གྲངས་སྤྲོས་པ་ལ་བསླབ་པ་དང་། དྲང་། གསུམ་པ་རྣམ་གྲངས་སྤྲོས་པ་ལ་ཞི་བ་དང་རྗེས་སུ་མཐུན་པས་འཇིགས་བྱེད་ཁྲོ་བོའི་རྣམ་གྲངས་སྤྲོས་པ་དག་ཀྱང་། གཅིག་ནི་རྡོ་རྗེའི་རིགས་བཛྲ་ཧེ་རུ་ཀ་དང་། གཉིས་དེ་བཞིན་གཤེགས་པའི་རིགས་བྷུདྡྷ་དང་། གསུམ་པ་པདྨའི་རིགས་དང་། བཞི་པ་རིན་པོ་ཆེའི་རིགས་དང་། ལྔ་པ་ལས་ཀྱི་རིགས་ཀརྨ་ཧེ་རུ་ཀ་སྟེ་གཙོ་བོ་རིགས་ལྔ་ཡབ་ཡུམ་བཅུ་ཀའི་ཏིང་ངེ་འཛིན་གསལ་བར་སྒོམ་པ་མཐར་ཕྱིན་ནས། དེ་ལྟར་རེ་རེ་ལའང་འཁོར་ལོ་ལྔའི་རྩིབས་ཀྱི་ཆས་ཕྱེ་བས། རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་བརྒྱད་ཀྱིས་བསྐོར་བའི་ཕོ་བྲང་གི་ལྷ་ལྔ་བཅུའི་ཚོམ་བུ་ལ་གནས་མ་མ་མོ་བརྒྱད་དང་། ཡུལ་མ་ཕྲ་མེན་མ་བརྒྱད་དང་། སྒོ་མ་བཞི་དང་། སླས་མ་དབང་མོ་ཉེར་བརྒྱད་དང་། ཧཱུྃ་ཆེན་ཁྲོ་བོ་བཅུ་སྟེ་བརྒྱ་རྩ་བརྒྱད་ཀྱི་ལྷ་གསལ་བའོ། །གཉིས་པ་ཡན་ལག་གི་རྣམ་གྲངས་སོ། །དྲང་། གཙོ་བོ་བཛྲ་ཧེ་རུ་ཀ་ཡབ་ཡུམ་གཉིས་ལ་ཡན་ལག་གི་ལྷ་བཀོད་པ་ནི། རྩ་བའི་ལྷ་ཡབ་ཀྱི་ལག་པ་གཡས་ལ་བཛྲ་ཁྲག་འཐུང་། གཡོན་རཏྣ། རྐང་པ་གཡོན་ན་པདྨ། གཡས་ཀརྨ། དབུས་ན་བུ དྡྷ་ཁྲག་འཐུང་བཀོད། རྨིག་རྣ་བ་སྣ་ལྕེའི་འདོམས་རྩའི་ནང་དུ། ནང་གི་མ་མོ་བཞི། ཕྱི་ལ་ཕྱིའི་མ་མོ་བཞི། མཐིལ་བཞི་ལ་སྒོ་མ་བཞི། རྒལ་ཚིགས་ལ་དབང་མོ་ཉེར་བརྒྱད་བཀོད་དོ། །ཡུམ་གྱི་ཡན་ལག་ལྔ་ལ་ཡབ་ལྔ། མིག །རྣ་བ། སྣ། ལྕེ་དང་བཞིའི་འདོམས་རྩའི་ནང་དུ་ཕྱོགས་ཀྱིས་ཕྲ་མེན་བཞི། ཕྱི་ལ་མཚམས་ཀྱི་ཕྲ་མེན་བཞི་བཀོད་པའི་ཐབས་ཀྱི་ལྷ་ལྔ་བཅུ་རྩ་བརྒྱད་པོ་དེ་ལ་ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ་རེ་རེ། སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་སྟེ་ང་བརྒྱད་པ་ཆ་ལྔའི་གྲངས་ནི་ཉིས་བརྒྱ་དང་དགུ་བཅུའི་ལྷ་རྣམས་ཀྱི་ཡན་ལག་ཏུ་ལྡན་པ་དེ་རྣམས་ལ་དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ་སྟོང་དང་བཞི་བརྒྱ་ལྔ་བཅུ། དེ་ལྟར་ལུས་ལ་བཀོད་པའི་ལྔ་བཅུ་རྩ་བརྒྱད་ལ་བརྩིས་པས། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་ཡོད་དོ་ཅེས་བླ་མ་གཙང་པ་བྱིས་སྟོན་གྱིས་གསུངས་སོ། །བཞི་པ་ཞལ་ཕྱག་ལ་གཉིས་ཏེ། བགྲང་། དང་པོ་ཞལ་ཕྱག་སྤྲོས་པ་ལ་བསླབ་པ་དང་། དྲང་། དང་པོ་ཁྲོ་བོ་ཞལ་གཅིག་ཕྱག་གཉིས། དེ་ལ་བརྟེན་ནས་ཞལ་གསུམ་ཕྱག་དྲུག ། དེ་ལ་བརྟེན་ནས་དབུ་དགུ་དང་ཕྱག་བཅོ་བརྒྱད་ལྷ་ཀུན་དང་ལྡན་པར་སྒོམ་པའོ། །དེ་ནས་དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་རྩ་གཉིས། དབུ་དགུ་བརྒྱ་ཕྱག་སྟོང་བརྒྱད་བརྒྱ། དེ་ནས་ཞལ་ཕྱག་གྲངས་མེད་པའི་བར་དུ་སློབ་པར་བྱེད་པའོ། །གཉིས་པ་དེ་ལམ་པ་གང་གི་སྤྱོད་ཡུལ་ཡིན་པའོ། །དྲང་། ཞལ་ཕྱག་གི་རྣམ་གྲངས་དེ་དག་གང་ཟག་རིམ་གྱིས་པས་སློབ་པའི་ཐབས་སུ་བརྗོད་ཀྱི་དངོས་ཀྱི་སྤྱོད་ཡུལ་ནི། ཚོགས་ལམ་ཕྱག་རྒྱ་གཅིག་སྤྲོས་ལ་ཞལ་གསུམ་ཕྱག་དྲུག་དང་། སྦྱོར་ལམ་དུ་དབུ་དགུ་ཕྱག་བཅོ་བརྒྱད་དང་། མཐོང་ལམ་དུ་དབུ་ཉི་ཤུ་རྩ་གཅིག་ཕྱག་ཞེ་གཉིས་དང་། སྒོམ་ལམ་དུ་དབུ་དགུ་བརྒྱ་ཕྱག་སྟོང་བརྒྱད་བརྒྱ་དང་། ཞལ་ཕྱག་གྲངས་མེད་པར་སྒོམ་པ་དེ་མཐར་ལམ་ལྷུན་གྲུབ་ཀྱི་སྤྱོད་ཡུལ་ཡིན་པ་ལྟར་རིམ་པར་ལྡན་པའོ། །གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱོན་དྲངས་ཤིང་བསྟིམ་པ་དང་། དྲང་། གོང་དུ་བསྟན་པ་དེ་ལྟར་རིམ་ཅིག་ཅར་གྱི་བསྒོམ་ཐབས་གཉིས་དང་ལྡན་པའི་ཏིང་ངེ་འཛིན་གྱིས། དང་པོ་ཞུགས་བར་དུ་སློབ་ཐ་མ་མཐར་ཕྱིན་གྱི་བར་དུ་སྐབས་སུ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ། ཡེ་ཤེས་རང་བཞིན་གྱི་ཡུལ་འོག་མིན་ནས་སྙན་གསན་དབབ་སྤྱན་དྲངས་པར་བྱས་ཏེ། ཕྱག་རྒྱ་བཞིས་གཉིས་སུ་མེད་པར་གཞུག་ཅིང་སྐུ་གསུང་ཐུགས་བརྟན་པར་བཞུགས་པ་ལ་སོགས་པའི་ཆོ་ག་དང་ལྡན་པར་བྱས་སྟེ། གསུམ་པ་ཕྲིན་ལས་ཀྱི་རིམ་པ་ལ་གཉིས་ཏེ། བགྲང་། དང་པོ་ཕྲིན་ལས་གཞུང་གི་རིམ་པ་དང་། དྲང་དེ་ནས་ཕྱག་འཚལ་བ་ལ་སོགས་མཆོད་རྫས་དང་ཚིག་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་རིམ་པ་བཞིན་དུ་མཆོད་ལ། བསྟོད་པ་བྱ་སྨོན་ལམ་གདབ་པ་དང་ལྡན་ནས་བསྙེན་པའི་ཛབ་དང་། ཚོགས་རྣམས་གཞུང་བཞིན་བྱའོ། །གཉིས་པ་ལྷག་མ་མཇུག་གི་རིམ་པའོ། །དྲང་། ནང་ནུབ་ཐུན་མཚམས་ཀྱི་བར་སྐབས་སུ་ཞི་ཁྲོ་གང་ཡིན་གྱི་ལྷག་མ་ལ་དབང་བའི་གནས་ཀྱི་རེ་བ་བསྐངས་ཏེ་མཆོད་ནས། རང་གི་སྔོན་དམ་བཅས་པའི་དམ་ཚིག་བསྒྲགས་ལ་ཕྲིན་ལས་བཅོལ་ཞིང་། ཡ་ཧི་གཙྪས་ཞི་རྒྱས་དབང་དྲག་གི་ལས་ལ་དགྱེ་བརྟན་མ་བསྐྱང་ངོ་། །དེ་ནས་འཁོར་ལོ་སྟེ་དཀྱིལ་འཁོར་བསྡུས་ཤིང་ལུས་བསྲུང་གོ་བགོ་སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པ་ཀུན་ཞི་ཁྲོ་གང་ཡིན་གྱི་མན་ངག་གི་སྒོམ་ཁོག་གི་གཞུང་བཞིན་དུ་བྱའོ། །བཞི་པ་ངོ་བོ་ལ་གསུམ་སྟེ། བགྲང་། དང་པོ་ངོ་བོར་རང་སྣང་ཡུལ་མེད་ཞི་གནས་ལྷག་མཐོང་ཟུང་འབྲེལ་དུ་དང་། དྲང་། ཕུང་པོ་ཁམས་དང་སྐྱེད་མཆེད་ལ་སོགས་པའི་རྟོག་ཚོགས་ཐམས་ཅད་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷར་སྣང་བ་ཡང་། དཔེར་ན་རྒྱ་མཚོ་དྭངས་པའི་ནང་ན་ཉི་ཟླ་སྐར་གསུམ་གྱི་གཟུགས་བརྙན་སྣང་བ་ཅི་བཞིན་དུ། ཕྱི་ནང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་ཆོས་ཀུན་གྱི་དངོས་པོ་ཡང་རང་རིག་པ་ཞི་ཁྲོའི་ལྷ་དུ་མར་གསལ་བས་གཅིག་པའི་མཐའ་དང་བྲལ་ལ། དེ་དུས་རིག་པ་རང་ལས་མ་གཡོས་པས་ལྷ་དུ་མ་ཡོངས་ཀྱིས་མེད་དོ། །རིག་པ་ལྷར་གསལ་བ་ལ་ཡུལ་ཡུལ་ཅན་གང་དུ་ཞེན་པ་མེད་པས་ལྷག་མཐོང་དང་། དེའི་ངང་ལས་མི་གཡོ་བས་ཞི་གནས། དེ་གཉིས་ཟུང་དུ་འབྲེལ་བ་ནི་བསྒོམ་བྱའི་རྣལ་འབྱོར་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་པར་རྒྱལ་བས་བཀའ་བརྒྱུད་ཀུན་ནས་གསུངས་སོ། །གཉིས་པ་རྣམ་གྲངས་སྤྲོས་པ་དང་། དྲང་། རྟོག་ཚོགས་རང་བཞིན་གྱིས་ལྷར་གནས་པ་སྤྲོས་པས། དེ་ཉམས་སུ་ལེན་པའི་རྣལ་འབྱོར་ཏིང་ངེ་འཛིན་ཡང་ལྷ་དུ་མར་སྤྲོས། ལྷ་དེའང་གདུལ་བྱ་གདུག་པ་ཅན་འདུལ་བའི་ངོ་ལ་ཁྲོ་བོ་དང་། ཞི་བ་གཉིས་སུ་སྤྲོས་སོ། །དེ་རེ་རེ་ལའང་འཁོར་ལོ་དཀྱིལ་འཁོར་སྤྲོས་པ་དང་། ཕྱག་རྒྱ་རྣམ་གྲངས་སྤྲོས་པ་དང་། ཚོམ་བུ་སྤྲོས་པ་དང་། ཞལ་ཕྱག་སྤྲོས་པ་དང་། དེ་ལྟར་གཞི་ལམ་པོ་ཀུན་ནས་སྤྲོས་པའི་ཕྱིར། གཞི་མངོན་དུ་བྱས་པའི་འབྲས་བུའང་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པ་སྟེ། དེའང་སྐུ་དང་ཡེ་ཤེས་དུ་མར་སྤྲོས་པའོ། །གསུམ་པ་ངེས་ཚིག་བསྟན་པའོ། །དྲང་། དེ་ལྟར་སྤྲོས་པར་ཉམས་སུ་མྱོང་ཞིང་གསལ་བ་ནི་ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་གྱི་སྒྲ་དོན་ནམ་ངེས་ཚིག་འགྲུབ་པའོ། །ལྔ་པ་སྐྱོན་ལ་གསུམ་སྟེ། བགྲང་། དང་པོ་ལེ་ལོ་ལ་ཞུགས་པ་དང་མཚན་མ་ལ་ཞེན་པའི་སྐྱོན་དང་། དྲང་། སྤྲོས་པའི་རྣལ་འབྱོར་ལ་གནས་པ་འདིའི་ཚེ་གདོད་བྱ་ལོང་ཡོད་སྙམ་པ་སྙོམས་ལས་སུ་གྱུར་པའི་ལེ་ལོ་དང་། མི་དགེ་བའི་ལས་བྱེད་པ་སྦྱོར་བ་དམན་པ་ལས་གྱུར་པའི་ལེ་ལོ་རྣམ་པ་གཉིས་ཀྱི་སྐྱོན་དང་། སྨིག་རྒྱུ། དུ་བ། སྲིན་བུ་མེ་ཁྱེར། མར་མེ། ཉི་མ་ལ་སོགས་པ་མཚན་མའི་མཐའ་ལྔ་པོ་དངོས་སུ་འབྱུང་བ་མཐོང་ཞིང་དེ་ལ་ཡང་དག་ཏུ་འཛིན་ན་སྐྱོན་དུ་འགྱུར་བ་དང་། གཉིས་པ་བདུད་ཀྱི་སྤྱོད་ཡུལ་ལ་གཉིས་ཏེ། བགྲང་། དང་པོ་ཉེ་བར་བསྟན་པ་དང་། དྲང་། ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་པས་གྲུབ་རྟགས་ཀྱི་སྤྱོད་ཡུལ་འདི་དག་ལ་དམ་པར་བཟུང་ནས་ཞེན་ན་བདུད་ཀྱི་སྤྱོད་ཡུལ་བཅྭོ་བརྒྱད་དུ་མཐོང་བ་སྟེ། དེའང་གང་ཞེ་ན། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། བགྲང་། དང་པོ་བདུད་ཀྱི་སྤྱོད་ཡུལ་བཅྭོ་བརྒྱད་དངོས་དང་། དྲང་། དང་པོ་སྣང་བ་གཟུགས་ཀྱི་བདུད་ནི། སངས་རྒྱས་ཀྱི་སྤྲུལ་པ་གྲངས་མེད་པ་འཇིག་རྟེན་དུ་འགྱེད་པ་མཐོང་བ་དང་གཅིག །གཉིས་པ་འདུ་འཛི་གཡེང་བའི་བདུད་ནི། བདག་གཞན་གྱི་ནང་ནས་དམ་པར་འདུག་པ་མཐོང་བའམ། ཡང་ན་སངས་རྒྱས་བྱང་སེམས་ཀྱི་ས་དམ་པར་འདུ་ན་ཅིང་དམ་པར་མཐོང་བ་དང་། གསུམ་པ་གྲགས་པ་སྒྲ་ཡི་བདུད་ནི། སངས་རྒྱས་དང་བྱང་སེམས་ཀྱིས་བདག་ལ་སྐྱེས་བུ་དམ་པར་སྨྲ་བ་དང་། བཞི་པ་བར་ཆད་གཡེང་བའི་བདུད་ནི། རྒྱལ་བས་གསུངས་པའི་བསྟན་པ་མདོ་སྔགས་ཀུན་གསལ་བར་མཐོང་ཞིང་ཐོས་པ་མེད་པར་འཆད་ནུས་པ་དང་། ལྔ་པ་མངོན་ཤེས་ལོག་པའི་བདུད་ནི། སྐད་ཅིག་མ་གཅིག་ལ་དུས་གསུམ་གྱི་ཆོས་ཐམས་ཅད་གསལ་བར་ཤེས་ཤིང་མཐོང་བ་དང་། དྲུག་པ་སྐྱེ་གནས་ལ་ཞེན་པའི་བདུད་ནི། རྒྱུད་དྲུག་གི་སྤྱིའི་ལམ་བར་དོ་ན་གནས་པའི་སེམས་ཅན་ཀུན་གསལ་བར་མཐོང་བའམ། ཡང་ན་རྒྱུད་དྲུག་གི་ལམ་དང་གནས་ཀུན་མཐོང་བ་དང་། བདུན་པ་སྙིང་རྗེ་སྤྲུལ་པའི་བདུད་ནི། སེམས་ཅན་དེ་དགལ་སྙིང་རྗེའི་སེམས་རང་དབང་མེད་པར་ཤུགས་ཀྱིས་འབྱུང་བ་དང་། བརྒྱད་པ་སྣང་བ་འོད་ཀྱི་བདུད་ནི། ཕྱི་ནང་གི་སྣོད་བཅུད་ཀུན་ཀྱང་ཉིན་མཚན་མེད་པར་གསལ་བར་མཐོང་བ་དང་། དགུ་པ་རྫུ་འཕྲུལ་སྟོན་པ་སྤྱོད་པའི་བདུད་ནི། རི་བྲག་ལ་སོགས་ཅི་ལའང་བདག་གི་ལུས་ཐོགས་པ་མེད་པར་འགྲོ་བ་དང་། བཅུ་པ་ང་རྒྱལ་དྲེགས་པའི་བདུད་ནི་ནམ་མཁའ་ལ་ས་ལ་བྱེད་པ་བཞིན་དུ་འཕུར་ནས་འགྲོ་ཞིང་འདུག་ནུས་དང་། བཅུ་གཅིག་པ་བྱིན་གྱིས་བརླབས་པའི་བདུད་ནི། རྒྱལ་བས་ཕྱག་བརྐྱངས་ནས་བདག་གི་མགོ་ལ་བྱུག་སྟེ་སངས་རྒྱས་པར་ལུང་སྟོན་པ་དང་། བཅུ་གཉིས་པ་བསླུ་བ་རྫུན་གྱི་བདུད་ནི། ལྷ་ཀླུ་ལ་སོགས་པ་འགྲོ་བ་ཀུན་གྱི་སོ་སོའི་སྐད་དུ་བདག་གིས་ཆོས་སྨྲ་ཞིང་སྟོན་ནུས་པ་སྙམ་བྱེད་པ་དང་། བཅུ་གསུམ་པ་མཚན་མས་གཡེང་བའི་བདུད་ནི། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱིས་བདག་ལ་བཀུར་སྟི་དང་རིམ་གྲོའི་གནས་སུ་མཐོང་བ་དང་། བཅུ་བཞི་པ་རེ་དོགས་ཐེ་ཚོམ་གྱི་བདུད་ནི། ཏིང་ངེ་འཛིན་གྱི་ཤུགས་ལ་སྟོང་གསུམ་ཐམས་ཅད་མཐོ་དམན་མེད་པར་ལག་མཐིལ་ལྟར་མཉམ་པར་བཀོད་པ་དང་། བཅོ་ལྔ་པ་ཆགས་པ་གེགས་བྱས་ཀྱི་བདུད་ནི། སྟོང་གསུམ་དེ་ཉིད་ཀྱི་རང་བཞིན་སྐྱུ་རུ་ར་ལག་པའི་མཐིལ་དུ་བཞག་པ་ལྟར་གསལ་བར་སྣང་བ་དང་། བཅུ་དྲུག་པ་དོན་དུ་མི་འགྱུར་བར་གོལ་བའི་བདུད་ནི། སེམས་ཏིང་ངེ་འཛིན་ལས་སུ་རུང་བས་བདག་གཞན་གྱི་དོན་སྤྱོད་པ་ཅི་ལའང་ཐོགས་པ་མེད་པར་སྤྱོད་ནུས་སོ་སྙམས་པ་དང་། བཅུ་བདུན་པ་ཆེ་བའི་ང་རྒྱལ་སྙམ་པའི་བདུད་ནི། དམ་པའི་ཆོས་སྟོན་པའི་དོན་ལ་རྟོག་པ་དང་མོས་པར་གྱིས་ཤིག་ཅེས་སངས་རྒྱས་བྱང་སེམས་ཀྱིས་བདག་ལ་བཀའ་བསྒོ་བ་དང་། བཅོ་བརྒྱད་པ་བཀུར་སྟི་བར་ཆད་གྱི་བདུད་ནི། འཇིག་རྟེན་པའི་གཙོ་བོ་ལྷ་ཆེན་པོ་རྣམས་ཀྱིས་བདག་ལ་མཆོད་པ་འབྱུང་བ་དང་བཅོ་བརྒྱད་པོ་དེ་དག་རྣམས་སོ། །འདི་ཡན་ཆད་ནས་ཐོད་རྒལ་འོང་བ་དང་། བློ་རབ་འབྲིང་ཐ་མ་ལ་ངེས་པ་མེད་པས། རབ་དངོས་སུའང་འོང་། འབྲིང་ཉམས་སུ་འོང་། ཐ་མ་རྨི་ལམ་དུ་འོང་ངོ་། །གཉིས་པ་དེ་རང་བཞིན་མེད་པར་ཤེས་ན་གྲུབ་རྟགས་དང་། དྲང་། རྣལ་འབྱོར་པ་གང་གིས་སྤྱོད་ཡུལ་བཅོ་བརྒྱད་པོ་དེ་དག་མཐོང་བའི་དུས་ན། དེ་དག་ལ་རང་བཞིན་མེད་པར་རང་སྣང་གཉིས་མེད་དུ་རྟོགས་ན་ལམ་མ་ནོར་བར་དམ་པ་གྲུབ་པའི་རྟགས་ཡིན་ནོ། །གསུམ་པ་མི་ཤེས་དགའ་བྲོད་བྱེད་ན་བདུད་དུ་གྱུར་ཚུལ་བསྟན་པའོ། །དྲང་། དེ་ལྟར་སེམས་ཀྱི་ཆོས་ཉིད་རང་སྣང་དུ་མི་ཤེས་པར་གྲུབ་རྟགས་དམ་པར་བཟུང་ནས་དགའ་བྲོད་རློམ་སེམས་བྱེད་པ་རྣམས། བདུད་ཀྱི་བར་ཆད་ཀྱི་ལས་སུ་གྱུར་པ་ཡིན་པས་ན་བདུད་ཀྱི་སྤྱོད་ཡུལ་ཏེ། དེ་ཅིའི་ཕྱིར་ན་འཇིག་རྟེན་གྱི་ཁེ་དང་སྙན་གྲགས་ཐོབ་པར་འདོད་པས་སེམས་རང་དབང་མེད་པར་འཕྲོག་པ་དང་། གཞན་གྱིས་བདག་ལ་སྐྱེས་བུ་དམ་པར་བསྔགས་པ་སྟེ་བསྟོད་པའི་ཆེ་བ་བརྗོད་པ་ཐོས་ནས་འདུ་འཛི་དང་ལོངས་སྤྱོད་ཀྱི་མཚན་མས་གཡེང་བ་དང་། འབྲས་བུ་ཐོབ་དུ་རེ་བ་དང་མ་ཐོབ་ཀྱི་གོལ་དུ་དོགས་པ་ཅུང་ཟད་ཅིག་ཡོད་པ་དང་། རྟགས་བྱུང་མང་ཙམ་མམ་ང་ཞེས་པས་སེམས་ཁེངས་པ་ཆེ་བས་ང་རྒྱལ་འཕེལ་ནས་གཡེང་བར་ཤོར་བའོ། །གསུམ་པ་ཐུན་མོང་གི་སྐྱོན་ཕྲ་བ་འབྱུང་ཚུལ་ལོ། །དྲང་། ཐུན་མོང་གི་སྐྱོན་ཐ་མལ་བའང་སྔར་བས་འདིར་གྲངས་ཉུང་བར་འབྱུང་ལ་ངོ་བོ་ཤིན་ཏུ་ཆ་ཕྲ་བ་སྟེ། དབུགས་ཀྱི་རྒྱུ་བའི་སྐད་གཅིག་གི་ནང་དུ་ཏིང་ངེ་འཛིན་གཟུང་འཛིན་གྱི་དབང་དུ་སོང་མ་སོང་བྱེ་བྲག་རྣམས་ཤེས་པའོ། །དྲུག་པ་སྐྱོན་བཅོས་ཐབས་ལ་གསུམ་སྟེ། བགྲང་། དང་པོ་ལེ་ལོའི་སྐྱོན་བཅོས་ཐབས་དང་། དྲང་། རྒྱུ་ཤེས་པའི་ལྟ་བ་དང་རྐྱེན་འཇུག་པའི་ཏིང་ངེ་འཛིན་གཉིས་འགོ་འབྱོར་བའི་ཉམས་ཐོབ་ཅིང་། ལྟ་སྒོམ་ཟུང་དུ་འབྲེལ་བའི་ཉམས་ལེན་ལ་བསྐྱེད་དུ་བྱར་མེད་པའམ། ཚོགས་ལམ་མཐར་ཕྱིན་པ་དང་། སྣང་སྟོང་དབྱེར་མེད་འབྲས་བུ་ལྷའི་དཀྱིལ་འཁོར་ལམ་དུ་ཤེས་ཤིང་ཏིང་ངེ་འཛིན་ལ་བློ་བརྟན་པར་གྱུར་པ་ཡིས། ལེ་ལོ་གཉིས་པོའི་དབང་དུ་མི་བཏང་བར་འབྲས་བུ་ཐོབ་པའི་རྩོལ་བའི་བྱ་བ་མེད་ཅིང་། དོན་ཡལ་བར་དོར་བ་མེད་པའི་བརྩོན་འགྲུས་དང་དུ་བླང་བར་བྱའོ། །གཉིས་པ་མཚན་མའི་སྐྱོན་བཅོས་ཐབས་དཔེ་དང་བཅས་པ་དང་། དྲང་། སྨིག་རྒྱུ་ལ་སོགས་པའི་མཚན་མ་ལྔ་ཅི་ལྟར་བྱུང་ཡང་རང་རིག་པའི་ཆོ་འཕྲུལ་དུ་སྣང་བ་ཡིན་པས། དེ་དག་རང་གི་སེམས་ཉིད་ཡིན་པར་ཤེས་པའི་ཕྱིར ། མཚན་མ་དེ་དག་མཐོང་བ་ལ་འབྲས་བུ་ཐོབ་དུ་རེ་བ་དང་། མ་ཐོབ་ཅིང་གོལ་དུ་དོགས་པ་མེད་པར་ཤེས་པར་གྱིས་ཤིག་པའོ། །དཔེར་ན་ནམ་མཁའ་དྭངས་པའི་རང་བཞིན་དེ་ལ་ཉི་ཟླ་དང་། གཟའ་སྐར་དང་། གློག་འགྱུ་བ་དང་། འཇའ་ཚོན་ཤར་བ་དང་། སྤྲིན་མང་པོ་ཕན་ཚུན་དུ་འཁྲུག་པར་འགྱུར་ཡང་ནམ་མཁའ་ནི་རང་བཞིན་ནམ་དབྱིངས་དེ་ལས་གཞན་དུ་འགྱུར་ཞིང་ཉམས་པ་མེད་པའི་དཔེ་བཞིན་ཏུ། དོན་སེམས་ཉིད་མི་དམིགས་པ་ཆོས་ཀྱི་དབྱིངས་ནི་གདུལ་བྱའི་བློ་ལ་བསམ་ཡས་པར། འདས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ངོ་མཚར་རྨད་དུ་བྱུང་བ་ཉེར་ལྔ་དང་། ཉམས་ཀྱི་མཚན་མ་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་ལ་སོགས་པ་སྣ་ཚོགས་པ་རྣལ་འབྱོར་པའི་ཉམས་ལ་སྣང་བར་འགྱུར་ཡང་། ཆོས་ཉིད་དེ་བཞིན་ཉིད་ལས་གཞན་དུ་ཉམས་ཤིང་འགྱུར་བ་མེད་པར་ཤེས་པར་བྱའོ། །གསུམ་པ་བདུད་ཀྱི་སྤྱོད་ཡུལ་གྱི་སྐྱོན་བཅོས་ཐབས་སོ། །དྲང་། སྤྲོས་པའི་རྣལ་འབྱོར་པ་ཏིང་ངེ་འཛིན་གྱི་སྟོབས་དང་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཡང་གང་ཟག་དང་ཆོས་ཀྱི་བདག་གཉིས་མེད་པར་ཤེས་པས་ང་རྒྱལ་དང་རློམ་སེམས་མེད་དེ། བདུད་ཀྱི་སྤྱོད་ཡུལ་དུ་རྟགས་དང་མཚན་མའི་བྱེ་བྲག་གང་མཐོང་བ་དེ་ཡང་གཞན་མ་ཡིན་པར་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་རུང་སྣང་བ་ཉིད་དུ་ལྟ་བས་ཤེས་ཤིང་ཏིང་ངེ་འཛིན་གྱི་རྒྱུད་ལ་སྦྱར་བས་རེ་དོགས་ལ་སོགས་པའི་རྩོལ་བ་མི་བྱའོ། །བདུན་པ་ཉམས་ལ་གསུམ་སྟེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། རྟོག་པའི་སྣང་བ་ལྷའི་སྣང་བར་འབྱེད་པ་ཕྱག་རྒྱ་སྤྲོས་པའི་ཉམས་གོང་ནས་གོང་དུ་འཕེལ་བར་བྱེད་པའི་རིམ་པའང་། གོང་དུ་བཤད་པའི་ཤེས་བྱ་སློབ་པའི་རིམ་པ་སྔ་མ་གོམས་ནས་ཕྱི་མ་སློབ་པ་ཇི་བཞིན་དུ་ཉམས་ཀྱི་རིམ་པ་ཡང་འཕེལ་ཏེ། ཕྱག་རྒྱ་གཅིག་པར་ཉམས་ལྔ་སྔོན་དུ་བརྟེན་ཅིང་མཐར་ཕྱིན་མོད་ཀྱང་ཕྱག་རྒྱ་སྤྲོས་པ་འདི་ལ་ད་གཟོད་སློབ་པ་ཡིན་པས། སྔར་སྣང་འབྱེད་སྤྲོས་པ་ལ་མ་གོམས་པའི་དབང་གིས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་རྣམ་པ་ལྔ་འབྱུང་བའོ། །གཉིས་པ་རྒྱས་པར་ཉམས་ལྔ་རིམ་པར་སྐྱེ་ཚུལ་དང་། དྲང་། རིགས་སམ་ཚོམ་བུ་གསུམ་པ་དང་ལྔ་པའི་ལྷ་གསལ་བའི་ཚེ་རྟོག་པའི་དབང་དུ་ཅུང་ཟད་གཡོ་བས། ཏིང་ངེ་འཛིན་ལ་རྟོག་པའི་བར་ཚད་འབྱུང་བ་དེ་ཉམས་ལྔའི་དང་པོ་གཡོ་བའི་ཉམས་ཡིན་པའོ། །ལྷ་གསལ་བའི་ཚོད་ལ་ཉིན་ཞག་ཕྲུག་གཅིག་ལ་ཐུན་བཞིར་བགོས་པའི་ཆ་གཅིག་ཙམ་སྐྱོན་དབང་དུ་འགྱུར་ཞིང་། ཆ་གསུམ་ཙམ་དུ་ལྷའི་ཏིང་ངེ་འཛིན་གསལ་བར་རྟོགས་པས་མི་གཡོ་བ་དེ་ནི་གཉིས་པ་ཐོབ་པའི་ཉམས་ཡིན་ཏེ། རྐྱེན་མེད་ན་རྟོག་པར་མེད་པར་ཐུན་རྐྱང་གཅིག་བསྒོམ་ནུས་པ་ནི་གསུམ་པ་གོམས་པའི་ཉམས་ཡིན་པའོ། །ཐུན་རྐྱང་གཅིག་བསྒོམ་ནུས་པ་དེ་ཉིད་རྟོག་པའི་རྐྱེན་དབང་དུ་མི་འགྲོ་ཞིང་ལྷར་གསལ་བ་དེ་ནི་བཞི་པ་བརྟན་པའི་ཉམས་ཡིན་པའོ། །དེ་ནས་ཉིན་ཞག་གམ་དུས་ཕྱེད་པར་ཏིང་ངེ་འཛིན་ལ་གང་གནས་པ་དེ་ལ། ཤིན་ཏུ་ཡང་རྟོག་པའི་རྐྱེན་གྱིས་མི་འཕྲོག་པ་ནི་ཉམས་ལྔ་པ་སྟེ་མཐར་ཕྱིན་པའི་ཉམས་སོ། །གསུམ་པ་རྣམ་གྲངས་སྤྲོས་པ་ལ་སྦྱོར་བས་བརྩད་པའི་སྐྱོན་སྤང་བའོ། །དྲང་། སྟོང་དང་ཉི་ཁྲི་བཞི་སྟོང་ལ་སོགས་པ་རྣམ་གྲངས་སྤྲོས་པ་ལ། ཉམས་རིམ་ལྔ་པོ་དེ་དག་སྦྱར་ན་ཟག་མེད་མཐོང་སྒོམ་མཐར་ལམ་གསུམ་གྱི་རིག་འཛིན་དུ་ཐལ་བར་འགྱུར་བའི་སྐྱོན་ཡོད་པ། དེ་བས་ན་རྩ་བའི་རྣམ་གྲངས་ཞི་ཁྲོའི་ཚོམ་བུ་དང་དཀྱིལ་འཁོར་ལ་ཉམས་ལྔ་སྦྱར་བའི་ཚོད་ཟིན་པ་གཅེས་སོ། །བརྒྱད་པ་སྤྱོད་པ་ལ་གསུམ་སྟེ། ལྟ་དགོངས་ཆོས་ཉིད་ཀྱི་སྤྱོད་པ་དང་། རྨད་བྱུང་ཐབས་ཀྱི་སྤྱོད་པ་དང་། ཁྱད་པར་ཚོགས་ཀྱི་སྤྱོད་པའོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་ལྟ་དགོངས་ཉམས་ང་མེད་པར་སྤྱོད་པ་དཔེ་དང་བཅས་པ་དང་། དྲང་། ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་ཆེན་པོའི་ལྟ་བ་ལས་མི་འདའ་བའི་སྤྱོད་པའི་ཚུལ་ནི། འདོད་ཡོད་ལ་ཅི་ལྟར་སྤྱད་ཀྱང་ལྟ་བས་རང་བཞིན་མེད་པར་ཤེས་པས། དཔེར་ན་ནམ་མཁའ་ལ་བྱ་ཆེན་ཁྱུང་ལྡིང་བ་བཞིན་དུ་གཡང་མི་ཟ། ཆུ་ལ་རྐྱལ་ཆེན་འཕྱོ་བའི་ཉ་མོ་བཞིན་ཉམ་ང་མེད། ནམ་མཁའ་ལ་རླུང་ཆེན་འཕྱོ་བ་ལ་ཐོགས་ཆགས་ཕྱོགས་རིས་མེད་པ་བཞིན་དུ། ཕྱག་རྒྱ་སྤྲོས་པའི་རྣམ་འབྱོར་པས་སྤྱོད་པའི་ལྟ་བ་ཡང་དཔེ་གསུམ་པོ་དེ་བཞིན་དུ། གཡང་མི་ཟ། ཉམས་མི་ང་། ཐོགས་པ་མེད་པར་བལྟ་ཞིང་སྤྱོད་པའོ། །གཉིས་པ་ལྟ་བའི་དོན་ལས་མི་འདའ་བས་ཅི་སྤྱོད་ཚོགས་གཉིས་རྫོགས་པར་སྤྱོད་པ་དང་། དྲང་། ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་ཆེན་པོའི་སྒོ་གསུམ་གྱི་སྤྱོད་པ་ནི། སྤྱོད་པ་ཅི་ལའང་ཐོགས་ཆག་མེད་པའི་ལྟ་བས་ཟིན་པར་བྱས་ནས། སྣང་གྲག་གི་ཆོས་སྤྱད་བྱའི་ཡུལ་ཐམས་ཅད་ཀུན་ལ་སྤྱད་བྱ་སྤྱོད་བྱེད་དབྱེར་མེད་པར་སྤྱོད་པས། སྣང་བ་མ་འགགས་པ་བདེ་བ་ཆེན་པོའི་རོ་མཆོག་མྱོང་བར་འགྱུར་ཏེ། དེ་ལ་རྣལ་འབྱོར་པ་སུ་ཞིག་ཞེན་པ་དང་ཆགས་པར་མི་བྱེད་དོ། །དེ་ལྟར་སྤྱད་བྱའི་ཡུལ་ལ་མ་འགགས་པར་སྤྱོད་བཞིན་དུ་དེ་ལ་མ་ཆགས་ཤིང་མི་འཛིན་པས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་ཡིན། སྤྱད་པས་བདེ་བའི་རོ་མཆོག་མྱོང་བ་ཉིད་མ་འགག་པ་བསོད་ནམས་ཀྱི་ཚོགས་སུ་འགྱུར་བའོ། །དེ་ལྟར་ཆོགས་གཉིས་རྫོགས་པ་དེ་ལྟ་བུའི་ངང་འབའ་ཞིག་ཏུ་སྤྱད་བྱའི་ཡུལ་ཐམས་ཅད་ལ་སྤྱད་པས། འདི་ནི་ཚོགས་གཉིས་ཅིག་ཆར་དུ་རྫོགས་པའི་སྤྱོད་པ་རླབས་ཆེན་པོ་ཡིན་ནོ། །གསུམ་པ་ལྟ་སྤྱོད་འབྲེལ་བར་གདམས་པའོ། །དྲང་། ལྟ་བ་སྤྱོད་པ་ཡ་ཆར་མ་གྱུར་ཏེ་ལྟ་སྤྱོད་འབྲེལ་བར་སྔགས་འཆང་ལམ་པ་རྣམས་ཀྱིས་དུས་རྟག་ཏུ་སྤྱད་པར་བྱའོ། །གཉིས་པ་རྨད་བྱུང་ཐབས་ཀྱི་སྤྱོད་པས་དང་། དྲང་། སྤྱད་པར་བྱ་བ་ལྔ། མི་སྤང་བ་ལྔ་དང་དུ་བླངས་བ་ལྔ། འདོད་ཡོན་ལྔ་སྟེ་ལྔ་ཚན་བཞི་པོ་ནི། ཐེག་པ་འོག་མས་སྤང་པར་བྱ་བ་དང་། སྨད་པར་བྱ་བའི་སྤྱོད་པ་མ་ལུས་པ་ཀུན། རྣལ་འབྱོར་པ་བདག་གི་དོན་དང་གདུལ་བྱ་གཞན་གྱི་དོན་ཕྱིར་བཀག་པ་མེད་པར་འཇོལ་ཉོག་ཏུ་སྤྱད་དེ། ལྔ་བཞི་ལ་སོགས་པར་གང་ཡང་མ་འགག་པར་སྤྱོད་པར་བྱས་ལ་སྤྱོད་བྱ་སྤྱོད་བྱེད་ཀྱི་རློམ་སེམས་སམ། འཛིན་ཆགས་མེད་པས་མ་ཐོགས་ཤིང་། དབྱེར་མེད་དུ་སྤྱོད་པས་ཚོགས་གཉིས་སུ་འགྱུར་བ་སྟེ། པདྨ་འདམ་ནས་སྐྱེས་ཀྱང་འདམ་སྐྱོན་གྱིས་མ་གོས་པ་བཞིན་དུ་གོང་གི་སྤྱོད་པ་གང་སྤྱོད་ལ་ཉེས་པའི་སྐྱོན་གྱིས་མ་གོས་པར་སྤྱོད་པ་ནི་ཐབས་ལ་མཁས་པའི་སྤྱོད་པའོ། །གསུམ་པ་ཁྱད་པར་གྱི་ཚོགས་སྤྱོད་པ་ལ་གསུམ་སྟེ། སྤྱོད་ཡུལ་ལྷའི་དཀྱིལ་འཁོར་དུ་སྤྱོད་པ་དང་། འདོད་ཡོན་སྣང་བ་ལྷར་བསྒོམ་ནས་སྤྱོད་པ་དང་། སྟོང་ཁམས་སྲིད་ཚད་ཀྱི་ཤེས་རབ་ཡུམ་དང་འདོད་ཡོན་རྣམས་ལ་རབ་འབྲིང་ཐ་མར་སྤྱོད་ཚུལ་ལོ། །དང་པོ་ལ་གཉིས་ཏེ། སྤྱོད་པའི་ཏིང་ངེ་འཛིན་དང་། སྤྱོད་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་སྤྱོད་བྱེད་ཡེ་ཤེས་སམ་ཡབ་ཏུ་བསྒོམ་པ་དང་། དྲང་། ཡན་ལག་ལྔ་དང་། དབང་པོ་ལྔ་དང་། རྣམ་ཤེས་ཚོགས་བརྒྱད་པོ་ཀུན་ཏུ་རང་རིག་རང་སྣང་བར་ཤེས་པས། དེ་དག་རྣམ་པ་རང་ག་མ་མིན་ཏེ། མཚན་མེད་ལྟར་ན་ཡི་གེ་ༀ་གྱིས་མཚོན་ནས་ཡེ་ཤེས་ལྔ་རུ་ལྟ་བས་ཤེས་པར་བྱ། འདིར་མཚན་བཅས་ལྟར་ན་ཞི་བ་རྫོགས་པའི་ཡབ་ཀྱི་དཀྱིལ་འཁོར་ཉིད་དུ་བསྒོམ། ཞི་བ་ལ་དགར་བས་ཡང་ན་ཁྲོ་བོའི་དཀྱིལ་འཁོར་ཉིད་དུ་བསྒོམ་མོ། །གཉིས་པ་སྤྱོད་བྱ་དབྱིངས་སམ་ཡུམ་དུ་བསྒོམ་པའོ། །དྲང་། དེ་བཞིན་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་ལ་སོགས་པ་ཡུལ་གྱི་རྟོག་པ་ཀུན། རྣམ་པ་རང་ག་མཾ་མིན་ཏེ། མཚན་མེད་ལྟར་ན་ཡི་གེ་མཱུཾ་དུ་མཚན་པ་མཉམ་པ་ཉིད་ཀྱི་དབྱིངས་སུ་ཤེས་པར་བྱ། འདིར་མཚན་བཅས་ལྟར་ཞི་བ་ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། ཞི་བ་ལ་དགར་བས་ཡང་ན་ཁྲོ་མོ་ཡུམ་གྱི་དལ་ཉིད་དུ་བསྒོམ་མོ། །གཉིས་པ་སྦྱོར་ཚུལ་ལོ། །དྲང་། མདོར་ན་སྤྱོད་ལམ་གྱི་ཡུལ་འདི་ལྟར་དུ་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་གསལ་བས་ལྷ་ལ་ལྷ་འམ། ཡེ་ཤེས་ལ་ཡེ་ཤེས། ཆོས་ཉིད་ལ་ཆོས་ཉིད་རོལ་བའོ། །གཉིས་པ་འདོད་ཡོན་ལ་སྤྱོད་ཐབས་ལ་གཉིས་ཏེ། བགྲང་། དང་པོ་འདོད་ཡོན་སྣང་བ་ལྟར་ཤེས་ནས་བསྒོམ་པ་དངོས་དང་། དྲང་། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་འདོད་ཡོན་ལྔ་པོ་ཐམས་ཅད་དང་། གཞན་ཡང་རྟོག་པ་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཀུན། འབྲས་བུ་དེ་བཞིན་གཤེགས་པ་རིགས་ལྔའི་དཀྱིལ་འཁོར་དང་། གཟུགས་མཛེས་པའི་ལྷ་མོ་ལ་སོགས་པ་འདོད་ཡོན་གྱི་ལྷ་དང་ལྷ་མོར་བརྟག་གོ། །གཉིས་པ་འདོད་ཡོན་ལ་སྤྱོད་པའི་རྟོག་པ་ལྷར་དག་པའི་སྤྱོད་ཡུལ་ཐམས་ཅད་ཀུན་ཏུ་བཟང་པོར་དག་པའོ། །དྲང་། རྟོག་པ་ཐམས་ཅད་སྤྱོད་ཡུལ་ལྷར་དག་པ་ཀུན་ཏུ་བཟང་པོའི་རང་བཞིན་དུ་ཤེས་པས། འདོད་པའི་ཡོན་ཏན་ལྔ་པོ་རྣམས་ཐམས་ཅད་ལ་ཐོགས་པ་དང་འཛིན་ཆགས་མེད་པར་མ་འགག་པར་སྤྱོད་པར་བྱས་ཏེ། དེ་ཁོ་ནས་བསོད་ནམས་ཀྱི་ཚོགས་ཆེན་པོ་ཡིན་པར་བརྟག་གོ། །ཡང་ན་འདོད་ཡོན་ལྔ་པོ་དེ་བཞིན་གཤེགས་པ་རིགས་ལྔར་ཡང་བརྟག་ཅིང་ཤེས་པར་བྱའོ། །བརྟག་གོ། །གསུམ་པ་སྟོང་ཁམས་སྲིད་ཚད་ཀྱི་ཤེས་རབ་ཡུམ་དང་འདོད་ཡོན་ལ་སྦྱོར་ཚུལ་ལོ། །དྲང་། སྤྱོད་ཡུལ་འདི་ལས་གཞན་པ་ཡང་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ཤེས་རབ་དབྱིངས་མ་ཡུམ་དང་། འདོད་ཡོན་ལྔ་པོ་ཐམས་ཅད་རྣམས་ལ། བཟང་ངན་རབ་འབྲིང་ཐ་མ་ཐམས་ཅད་ཀུན་ལ་བླང་དོར་མེད་པར་སྤྱད་དོ། །དགུ་པ་དམ་ཚིག་ལ་གཉིས་ཏེ། དམ་ཚིག་བསྲུང་བའི་ཐབས་དང་། ཟག་ལྡོག་ཡོད་པའི་ཕྱིར་མ་བསྲུང་བའི་སྐྱོན་ནོ། །དང་པོ་ལ་གཉིས་ཏེ། བདག་དོན་གྱི་དམ་ཚིག་བསྲུང་བ་དང་། གཞན་དོན་དུ་གང་ལྟར་མཚམས་པ་ལྟར་བསྲུང་བའོ། །དང་པོ་ལ་གཉིས་ཏེ། རིམ་གྱིས་པ་དང་། ཅིག་ཆར་བའི་དམ་ཚིག་གོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མི་སྤང་ཞིང་དང་དུ་བླང་བའི་དམ་ཚིག་དང་། དྲང་། དང་དུ་བླང་བ་དམ་རྫས་ལྔ་དང་མི་སྤང་བ་ཉོན་མོངས་པ་ལྔ་པོ་ཀུན་ཀྱང་། སྤྲོས་པའི་རྣལ་འབྱོར་པ་ཡིས་དུས་རྟག་ཏུ་སྤྱད་བར་བྱའོ། །སྤྱད་པ་དེ་ལ་ཆགས་ཤིང་ཞེན་པ་མེད་པར་གྱུར་པ་དང་། ཡོན་ཏན་གང་འབྱུང་ན། མཆོག་ཐུན་མོང་གི་དངོས་གྲུབ་ངོ་མཚར་བ་ཡ་མཚན་ཆེན་པོ་འབྱུང་བ་ནི། རྩ་བའི་དམ་ཚིག་ལྔ་མདོ་ཙམ་དུ་བཤད་པ་རྒྱས་པའི་ང་གསུམ་པ་དང་། ལེའུ་ལག་གི་ཉེར་བདུན་པའི་ནང་ནས་འབྱུང་བའོ། །དེ་ཡང་དངོས་གྲུབ་ཡ་མཚན་ཆེན་པོ་ནི། ཚེ་ལ་དབང་དང་རིག་པ་འཛིན། །མཁའ་ལ་སྤྱོད་དང་ཐོག་མེད་འགྲུབ། །མཐར་ནི་སྐྱེ་ཤི་མེད་པའི་ས། །གཞན་ཡང་ཇི་ལྟར་དམིགས་པ་བཞིན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །གཉིས་པ་སྤྱོད་ལམ་ཀུན་ལ་སྤྲོས་པའི་རྣལ་འབྱོར་ལས་མི་འདའ་བར་བསྲུང་བའོ། །དྲང་། དབང་པོའི་སྤྱོད་ཡུལ་དུ་མཐོང་ཐོས་ཐམས་ཅད་ཀུན་དང་། འགྲོ་བ་དང་འདུག་པ་དང་། ཉལ་བ་ལ་སོགས་པའི་ཚེ་ན། ཞི་ཁྲོའི་དཀྱིལ་འཁོར་གཉིས་བསྒོམ་པ་སྤྲོས་བཅས་ཀྱི་རྣལ་འབྱོར་ལས་མ་ཉམས་པར་ཏིང་ངེ་འཛིན་དེའི་དབྱིངས་ན་གནས་པར་ལམ་པའི་ཤེས་རབ་ཀྱི་དབང་པོ་མཆོག་དང་ལྡན་པ་དག་གིས་དུས་རྟག་ཏུ་སྤྱོད་པར་བྱའོ། །གཉིས་པ་གཅིག་ཆར་བའི་དམ་ཚིག་གོ། །དྲང་། རིམ་གྱིས་པའི་དམ་ཚིག་ལས་ཡང་ན། གཅིག་ཆར་བའི་དམ་ཚིག་འོག་ནས་འབྱུང་བ་འདི་ལྟ་བུ་རྟོགས་ན། ཐམས་ཅད་དབྱེར་མེད་པས་ན། སྒོ་གསུམ་གྱི་སྤྱོད་པ་ཇི་ལྟར་སྤྱད་ཀྱང་རིག་འཛིན་སྔགས་ཀྱི་སྡོམ་པ་ལས་མི་འདའ་བ་ཡིན་ནོ། །དེ་ཇི་ལྟར་མི་འདའ་ཞེ་ན། སྣང་སྲིད་ཀྱི་ཆོས་ཐམས་ཅད་ལྷག་མ་མ་ལུས་པ་ར་ལྷའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་རྟོགས་པ་ལ། འབྲས་བུ་བསྒྲུབ་ཅིང་དམ་ཚིག་བསྲུང་བར་བྱ་བ་མེད་དེ། དེ་བསྲུང་བ་ལས་དགེ་བ་དང་། མ་བསྲུངས་བས་མི་དགེ་བའི་རྣམ་སྨིན་གཉིས་ཀ་དབྱེ་རུ་མེད་པ་རྨི་ལམ་ལྟར་རྟོགས་ཙ་ན། ཡེ་ནས་དབྱེར་མེད་དུ་སངས་རྒྱས་པ་དེ་ལ་དམ་ཚིག་བསྲུང་རྒྱུ་རྡུལ་ཕྲ་མོ་ཙམ་ཡང་མེད་དོ། །གཉིས་པ་གཞན་དོན་གང་ལྟར་འཚམས་པ་གཅིག་ཅར་བའི། བསྲུང་བའོ། །དྲང་། གཞན་དོན་བྱ་བའི་ཕྱིར་རྒྱུད་ལས་གྲགས་པའི་རྩ་བ་ཡན་ལག་གི་བསྲུང་བྱའི་དམ་ཚིག་ཀུན། གདུལ་བྱ་གང་ལ་མོས་པ་ལྟར་བློ་དང་འཚམས་པར་འདའ་བར་མི་བྱེད་པར་སྲུངས་ཤིག །གཉིས་པ་ཟག་ལྡོག་ཡོད་པའི་ཕྱིར་མ་བསྲུངས་བའི་སྐྱོན་ནོ། །དྲང་། སྟོན་པ་རྡོ་རྗེ་སེམས་དཔའི་བཀའ་ནས་བཤད་པའི་སྡོམ་པའི་རྩ་བ་ལྔ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་ཀུན་གཞུང་ནས་བཤད་པའི་ལྟ་སྤྱོད་དབྱེར་མེད་ཀྱི་དེ་བཞིན་ཉིད་ནི་མ་བསྲུངས་ན་སྐྱོན་ཇི་ལྟར་འབྱུང་ཞེ་ན། དབང་བསྐུར་བའི་དུས་སུ་དམ་ཆུ་བླུད་པ་དེ་ཡཀྴ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ཚ་བ་མེའི་དབལ་ལྟ་བུ་ལྕགས་ཀྱི་སྡིག་པ་མགོ་དགུ་པར་གྱུར་བ་ཅན་གྱིས་ཁྱོད་ཀྱི་སྙིང་ལ་གནས་བཅས་ནས་ཚེ་འདི་ལ་སྙིང་རྩད་ནས་དྲངས་ཏེ་ཁྲག་འཐུང་ནས་དུས་མ་ཡིན་པར་འཆི་ཞིང་ཚེ་ཐུང་བར་འགྱུར་ལ། ཕྱི་མར་ངན་སོང་གསུམ་དུ་སྐྱེ་བར་འགྱུར་ཞིང་དེའི་སྡུག་བསྔལ་ཚ་གྲང་བཀྲེས་སྐོམ་གླེན་ལྐུགས་ལ་སོགས་བཟོད་པའི་གླགས་ནི་ཚད་བཟུང་དུ་མེད་དོ། །དམ་ཚིག་ཉམས་ན་ངན་སོང་གསུམ་དུ་ལྟུང་བ་དེའི་ཕྱིར། དེ་ཏིང་ཀུན་ཏིང་། ཕྱག་རྒྱ་གཅིག་པ། སྤྲོས་པ་དང་ཚོགས་ལམ་བཞིར་འཁོར་བར་ལྡོག་ཅིང་ངན་སོང་གསུམ་དུ་ལྟུང་བ་དང་ཟག་པ་གསུམ་ཡོད་པར་བསྟན་པའོ། །འོ་ན་ལྟ་བའི་སྐབས་སུ། ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །དང་པོའི་དོན་རྟོགས་མཐར་མི་གཏོང་། །ཞེས་པ་དང་། ཟབ་པའི་དོན་རྟོགས་མི་ལྡོག་བདེ། །ཞེས་པ་དང་འགལ་ལོ་ཞེ་ན། དེའི་དོན་ནི་ཉེས་ལྟུང་མེད་ཅིང་བདེ་ལེགས་ཐོབ་པ་ནི། ལྟ་བ་རྟོགས་པའི་ཡོན་ཏན་བཤད་པའི་སྐབས་ཡིན་པས་སོ། །འདིར་ལྟུང་བར་བཤད་པ་ནི་དམ་ཚིག་ཉམས་པ་ཆེ་ཞིང་བཤགས་སྦྱངས་མ་བྱས་པར་འཆི་ན། ལན་ཅིག་ངན་སོང་དུ་ལྟུང་བ་ནི་ཉམས་པའི་སྐྱོན་གྱིས་དེ་ལྟར་གྱུར་ཀྱང་། ལྟ་སྒོམ་གྱི་སྟོབས་ཀྱིས་དེར་ཡུན་རིང་མི་གནས་པར་མྱུར་དུ་ཐར་བ་ཡིན་ཏེ། མདོ་ལས། ཐེག་ཆེན་གསང་བར་རབ་ངེས་ན། །རྣམ་སྨིན་དྲག་པོས་གར་འཕང་ཀྱང་། །ཇི་ལྟར་ཕོ་ལོང་བརྡབ་པ་བཞིན། །འཕེན་འགྲོ་དོན་གྱི་དེར་མི་གནས། །ཅི་ཕྱིར་ཐམས་ཅད་སྟོང་ཉིད་པས། །སྡུག་བསྔལ་གནས་སུ་བཅས་ཏེ་ཡང་། །སེམས་ཅན་བཅས་ཏེ་སྟོང་ཉིད་ཕྱིར། །རེག་འགྱུར་མྱོང་བར་འགྱུར་མ་ཡིན། །ཞེས་གསུངས་པས་བསལ་ལོ། །འདིར་རེ་ཞིག་ཉེས་པའི་དབང་གིས་ལྟུང་ཡང་། ལྟ་སྒོམ་གྱི་སྟོབས་ཀྱིས་མཐར་མི་བསླུ་བ་ལ་དགོངས་སོ། །ཆོས་ཀྱི་སྤྱན་ལྡན་སྒྲོ་ཕུག་པའི་གསུང་ནས་ནི། དམ་ཚིག་གི་ངོ་བོ་ལྟ་བ་ཡིན་པས། དེ་རྟོགས་ན་དམ་ཉམས་མི་སྲིད་པས། དེའི་རྐྱེན་གྱིས་ལྟུང་བ་མེད་ལ། འདིར་ལྟུང་བར་བཤད་པ་ནི། ལྟ་བ་མ་རྟོགས་པར་བསྒོམ་པ་འགའ་ཞིག་ལ། ཉམས་པ་འབྱུང་སྲིད་པས་རྐྱེན་གྱིས་ལྟུང་བ་ཡིན་ནོ། །ཟུར་བྱམས་པ་སེང་གེའི་གསུངས་གིས་ནི་རྟོགས་པ་རྒྱུན་ཆགས་པ་རྣམས་ངན་འགྲོར་མི་ལྟུང་ལ། རེས་འགའ་བ་རྣམས་འགལ་རྐྱེན་གྱིས་ལྟུང་སྲིད་པ་ལ་དགོངས་ལ། སྔ་ཕྱིའི་ལུང་གཉིས་ཀ་དང་མི་འགལ་ལོ། །གསུངས་སོ། །དེས་ན་སྤྲོས་པ་མན་ཆད་ལྡོག་ཟག་གཉིས་ཀ་ཡོད་པའི་མུ་ཡིན་ལ། སྦྱོར་ལམ་ནི་ལྡོག་མེད་ཟག་ཡོད་ཀྱི་བར་མཐོང་ལམ་ཡན་ཆད་ཟག་ལྡོག་གཉིས་ཀ་མེད་པའི་མུ། ཟག་མེད་ལྡོག་ཡོད་ཀྱི་མུ་ནི་འདིར་མི་བཤད་དོ། །བཅུ་པ་དྲོད་ནི། དྲང་། ཕྱིའི་དྲོད་ལུས་ཤིང་བལ་གྱི་འདབ་མ་ལྟ་བུར་ཤིན་ཏུ་ཡང་བ་དང་། ནང་གི་དྲོད་དབུགས་ཕྱི་ནང་གི་རྒྱུ་བ་ཡུན་རིང་དུ་བྲལ་བ་དང་། གསང་བ་སེམས་ཀྱི་དྲོད་རྣལ་འབྱོར་པའི་ཏིང་ངེ་འཛིན་མཁའ་ལ་གཟའ་སྐར་ཤར་བ་བཞིན་དུ། ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་རྣམས་མ་འདྲེས་པར་གསལ་བ་ལྷག་མཐོང་ཡིན་ལ། རྟོགས་པའི་མཐར་མི་གཡོ་བ་ཞི་གནས། བསྒམ་བྱ་སྒོམ་བྱེད་ཀྱི་སྤྱོད་ཡུལ་དུ་ཞེན་པ་མེད་པར་ཞི་ལྷག་ཟུང་འཇུག་ཏུ་གསལ་བའོ། །དྲོད་གསུམ་པོ་དེས་ཞོར་ལས་འབྱུང་བའི་དྲོད་ཀུན་ཀྱང་ཚོགས་ལམ་ཆེན་པོ་འདིར་རྫོགས་པའི་ཕྱིར། འདི་ཙམ་ཞེས་གྲངས་ཀྱིས་བགྲང་བའི་ཆ་ལས་འདས་ཏེ། མང་བར་འབྱུང་བའོ། །བཅུ་གཅིག་པ་རྟགས་ལ་བཞི་སྟེ། བགྲང་། དང་པོ་རྟགས་དངོས་དང་། དྲང་། སྤྲོས་པའི་ཏིང་ངེ་འཛིན་ལས་སུ་རུང་བའི་རྟགས་རྣམས་ཀྱང་། སྔོན་ཕྱག་རྒྱ་གཅིག་པ་ལ་འབྱུང་བར་བསྟན་པ་རྣམས། འདིར་དེ་རྣམས་ལས་སྟོབས་སུ་གྱུར་པས་ངོ་བོ་གསལ་བརྟན་དུ་འཕེལ་བ་དང་། ལུས་ཀྱི་ཁམས་བདེ་མི་བདེ་སྙོམས་ཤིང་། ན་ཚའམ་ཉོན་མོངས་པའི་ཟུག་རྔུ་མེད་པའམ། རང་གི་ལུས་བདེ་བས་གང་བས་ཤིན་ཏུ་རྒྱས་པ་དང་། རླུང་མཁྲིས་བད་ཀན་འདུས་པའི་ནད་འདུ་བ་རྣམ་པ་བཞི་དང་བྲལ་བས་ལུས་ཀྱི་ན་ཚ་ལ་བཟོད་པ་ཐོབ་པ་སྔར་བས་ཚབ་ཆེ་བ་འབྱུང་ངོ་། །གཉིས་པ་མངོན་ཤེས་དང་། དྲང་། སྔོན་གྱི་གནས་རྗེས་སུ་དྲན་པ་ལ་སོགས་པའི་མངོན་པར་ཤེས་པ་དྲུག་དང་། དབང་པོའི་སྒོའི་རེ་རེས་ཀྱང་ཡུལ་ལྔ་ལྔ་གཅོད་པས་ཉི་ཤུ་རྩ་ལྔའི་གྲངས་ཀྱང་རྫོགས་པར་འབྱུང་ཞིང་། སྤྲོས་པའི་བློའི་མངོན་ཤེས་རབ་འབྲིང་གི་ཆ་ཡིས་ཕྱེ་བས་ཡུལ་ཁམས་ཚུན་ཆད་དང་། གླིང་གཅིག་ཙམ་ཚུན་ཆད་ཀྱི་ཡུལ་གསལ་བར་མཐོང་ཞིང་དེ་ཉིད་ཀྱི་གདུལ་བྱ་འདུལ་བར་བྱེད་དོ། །དེ་རྒྱུ་ཅི་ལས་བྱུང་ཞེ་ན། འཇུག་པའི་རྣམ་ཤེས་ཚོགས་དྲུག་རང་རྒྱུད་པར་ཐ་དད་དུ་འཛིན་པའི་རྟོག་པ་དག་ཅིང་དྭངས་པའི་སྟོབས་ལས་གྱུར་པ་ཡིན་ནོ། །འདིར་ཚོགས་དྲུག་དག་གམ་མ་དག །དག་ན་ཚེ་དབང་གི་སྐབས་སུ་ཡང་། མཐོང་བའི་དྲི་མ་དྲུག་སྦྱངས་ཕྱིར། །གཅིག་གིས་ཡུལ་ལྔ་གཅོད་བྱེད་པའི། །ཚད་དང་མ་ཚད་འཇིགས་དོགས་མེད། །ཅེས་གསུངས་པ་དང་ཁྱད་མེད་པར་ཐལ། མ་དག་ན་དག་ཅེས་པ་དང་འགལ་ལོ་ཞེ་ན། འདི་མཉམ་བཞག་ཏུ་བསྒོམ་པའི་སྟོབས་ཀྱིས་རིག་པ་དྭངས་སྙིགས་འབྱེད་པས། ཚོགས་དྲུག་རང་བཞིན་གྱིས་གསལ་བར་གྱུར་པ་ལ་བརྗོད་པའོ། །ཚེ་དབང་གི་སྐབས་སུ་རྗེས་ཤེས་ཚོགས་དྲུག་མངོན་གྱུར་དག་ནས་ཆུ་བོའི་རྒྱུན་བཞིན་དུ་གྱུར་པའོ། །གསུམ་པ་ཆོ་འཕྲུལ་དང་། དྲང་། སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་བྱ་བ་ཉི་ཤུ་པོ་ཡང་རབ་འབྲིང་གི་ཆ་ཡི་གཡོ་བ་དང་། ཐོབ་པ་ཙམ་འབྱུང་བ་རུང་ངོ་། །དེ་ཡང་མདོའི་ལེའུ་བཅུ་དྲུག་པ་ལྟར། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། ལས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གཉིས་ལས། འདི་ནི་དང་པོའོ། །ལྷ་ཀླུ་གནོད་སྦྱིན་ལ་སོགས་པ་འགྲོ་བ་ཐམས་ཅད་ལ། རང་རང་གི་སྐད་དུ་མཐུན་པར་ཆོས་སྟོན་ནུས་པ་རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། མངོན་ཤེས་ཀྱི་ཡུལ་ཚུན་ཆད་ས་གཡོས་འབྱུང་བ་ཆོས་སྣང་བའི་ཆོ་འཕྲུལ་སྟོན་པར་བྱེད་པ་དང་། བདག་གིས་སྔགས་བརྗོད་པ་ཀུན་ཡི་གེའི་སྒྲར་སྣང་ནས་གསང་སྔགས་བརྗོད་པར་བྱེད་པ་ཀུན་བརྗོད་པའི་ཆོ་འཕྲུལ་སྟོན་པའོ། །བཞི་པ་མཐོང་སྣང་ལ་རེ་དོགས་མི་བྱ་བའོ། །དྲང་། དེ་ལྟར་ཆོ་འཕྲུལ་བཞི་པོ་འདི་དག་མཐོང་བ་དང་། གོང་ལྟར་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་དང་། གླང་པོ་ཆེ་ཞོན་པ་དང་། གྲུར་ཞུགས་པ་ལ་སོགས་ཏིང་ངེ་འཛིན་ཤུགས་ལ་སྣང་བ་བརྒྱད་མཐོང་བའང་འབྱུང་སྟེ། དེ་དག་ཅི་བྱུང་ཡང་རེ་བ་དང་དགོས་པའི་རྟོགས་པ་དོར་ལ་གཉམ་པར་བཞག་གོ། །བཅུ་གཉིས་པ་རྨི་ལམ་ལ་གཉིས་ཏེ། བགྲང་། དང་པོ་རྨི་ལམ་སྔ་མ་དག་མཐུན་ཅིང་རྫོགས་པར་བསྟན་པ་དང་། དྲང་། སྤྲོས་པའི་སྐབས་འདིར་རྨི་ལམ་གྱི་མཚན་མ་ཡང་ཕྱག་རྒྱ་གཅིག་པ་དང་ཆོས་མཐུན་པ་སྟེ་ངོ་བོ་གཅིག་པར་གྲུབ་པའི་རྨི་ལྟས་བཅུ་བཞི་ལ་སོགས་འབྱུང་བ་ཡིན་ནོ། །འོ་ན་ཁྱད་མེད་དམ་ཞེ་ན། ངོ་བོ་གསལ་བ་དང་བརྟན་པར་གྱུར་པ་ལས་ཁྱད་ཕྱེ་བའོ། །གཞན་ཡང་རྒྱུད་ཀུན་ཀྱང་ལས་མཚན་མ་བཟང་པོའི་ལྟས་སུ་རྒྱལ་བས་ལུང་བསྟན་པ་ཀུན། ཚོགས་ལམ་ཆེན་པོ་སྤྲོས་པའི་སྐབས་འདིར་ཐམས་ཅད་རྫོགས་པར་འབྱུང་བ་ཡིན་ནོ། །དེ་ཡང་མདོ་ཆེན་པོའི་དོན་གསུམ་པ་ལས། ལམ་གོང་མ་ཐོབ་པའི་སྔ་ལྟས་སུ། བག་ཆགས་སྦྱངས་པའི་ལྟས་བརྒྱད་དང་། འཇིགས་པ་དང་བྲལ་བའི་ལྟས་བརྒྱད། ས་ཐོབ་བའི་ལྟས་བརྒྱད། ས་ནོན་པའི་ལྟས་བརྒྱད། སངས་རྒྱས་ཀྱི་སྲས་ཀྱི་ལྟས་བརྒྱད། ཆོས་ལ་དབང་ཐོབ་པའི་ལྟས་བཅོ་ལྔ། བདེན་པ་མཐོང་བའི་ལྟས་བརྒྱད་ལུང་བསྟན་ཐོབ་པའི་ལྟས་བཅུ་ལ་སོགས་པ་རྣམས་ཚོགས་ལམ་ཆེན་པོའི་སྐབས་འདིར་མགོ་ཟུག་པའོ། །གཉིས་པ་རྨི་ལྟས་ཀུན་འབྱུང་བའི་གཏན་ཚིག་གོ། །དྲང་། དེ་དག་རྫོགས་པའི་རྒྱུ་མཚན་ནི་ཚོགས་སྒྲུབ་པའི་འབྲས་བུ་རིག་འཛིན་ཐོབ་པའི་རྨི་ལྟས་ཡང་སྤྲོས་པའི་ལམ་འདི་ཉིད་དུ་འབྱུང་དགོས་ཏེ། མཐར་ཕྱིན་པའི་འབྲས་བུ་པའི་མཚན་ཉིད་རིག་འཛིན་རྣམས་ཀྱི་དངོས་སམ་བརྒྱུད་པའི་རྒྱུ་ཡིན་པའི་ཕྱིར་རོ། །མཐར་ཕྱིན་པའི་རིག་འཛིན་རྣམས་ཀྱི་མཚན་མ་རྨི་ལྟས་བཟང་པོ་ཐམས་ཅད་འབྱུང་བའི་ས་ཕྱག་རྒྱ་སྤྲོས་པ་འདི་ཡིན་ཏེ། དེ་མ་ཟད་བར་ཆད་མེད་པར་ཚོགས་སྒྲུབ་པའི་སྐབས་སུའང་མཚན་མ་རྨི་ལྟས་འདི་ཁོ་ན་ལྟར་ཡང་འབྱུང་སྟེ། འོན་ཀྱང་གསལ་བརྟན་གྱི་ཁྱད་ཙམ་ཡོད་པར་བསྟན་པའོ། །བཅུ་གསུམ་པ་ཕན་ཡོན་ལ་གསུམ་སྟེ། བགྲང་། དང་པོ་རྟོགས་ཚོགས་ལྷར་གསལ་བ་དང་། དྲང་། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས་པ་རིགས་ཀྱི་ཡབ་ལྔ། ས་ལ་སོགས་པའི་འབྱུང་བ་ལྔ་པོ་ཉིད་བདེ་བར་གཤེགས་པ་རིགས་ཀྱི་ཡུམ་ལྔ་དང་། མིག་ལ་སོགས་པ་དབང་པོ་བཞི་དང་རྣམ་ཤེས་བཞི་ནི་ཕྱི་ནང་གི་བྱང་ཆུབ་སེམས་དཔའ་བརྒྱད། མིག་གི་ཡུལ་གཟུགས་ལ་སོགས་པ་བཞི་དང་། འདས་པ་ལ་སོགས་པའི་དུས་བཞི་ནི་བྱང་ཆུབ་སེམས་མ་ཆེན་མོ་བརྒྱད་ཡིན་ནོ། །བདག་ཏུ་རྟོག་པ་རགས་པ་ལས་སྐྱེས་པའི་ལུས་ཀྱི་ཆོས་རྣམ་པ་བཞི་པོ་ཁྲོ་བོ་བཞི་ཡིན། རྟག་ཆད་བདག་མཚན་མུ་བཞི་ཁྲོ་མོ་བཞི། ཤུགས་ལ་ཡིད་ཆོས་ཀུན་བཟང་ཡབ་ཡུམ། ཉོན་མོངས་པ་དྲུག་ཐུབ་པ་དྲུག་ཡིན་པའོ། །གཉིས་པ་ལྷ་སེམས་ཉིད་རང་སྣང་དུ་རྟོག་ནས་སྒོམ་པ་དང་། དྲང་། རྟོག་ཚོགས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་གསལ་བ་དེ་ཡང་སེམས་རང་གི་རིག་པ་ཉིད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་སྣང་བ་ཡིན་ཞེས་བྱའོ། །དེ་བཞིན་དུ་རྟོག་པ་ལྷར་མཉམ་པར་རྫོགས་པ་ལ་འབྲས་བུ་ཀུན་ལྷུན་གྱིས་གྲུབ་པའི་རྟགས་དེ་བཞིན་གཤེགས་པ་ལྔ་དང་། དོན་ཡེ་ཤེས་ལྔ་པོ་ཉིད་དུ་རྒྱུ་རྐྱེན་མེད་པར་རང་བྱུང་ཆེན་པོའི་ངང་ལ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གསལ་བར་བསྒོམ་པའོ། །གསུམ་པ་བསྒོམ་པའི་ཡོན་ཏན་སྤྱོད་ཡུལ་དག་ཅིང་ཅིར་ཡང་འགྲུབ་པར་བསྟན་པའོ། །དྲང་། བཟང་ངན་ནམ་གཟུང་འཛིན་གྱི་རྟོག་པ་གཉིས་དང་བྲལ་བའི་སྤྲོས་པའི་རྣལ་འབྱོར་པ་ཐབས་མཁས་པ་ཉིད་ཀྱིས། རྟོག་ཚོགས་ཐམས་ཅད་ཞི་ཁྲོའི་ལྷ་རུ་གསལ་བས་ལྷ་དེ་ཡང་དངོས་པོ་རང་རྒྱུད་པ་མེད་པར་བསྒོམ་ན། མིག་གིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་ལ་སོགས་པ་ཚོགས་དྲུག་གི་སྤྱོད་ཡུལ་འདི་དག་རང་རྒྱུད་པ་མེད་པའི་ཚུལ་གྱིས། རང་གི་རིག་པའི་ཡེ་ཤེས་ལྷར་གསལ་བར་བསྒོམ་པའི་དུས་ན། དོན་དམ་ལྟར་ན་ལྷའི་རང་བཞིན་ཅིར་ཡང་གྲུབ་པ་མེད་པར་གསལ་བ་ལས། ཀུན་རྫོབ་ཏུ་ཇི་ལྟར་བསམ་པ་ལྟར་སྣང་བས་བསྒྲུབས་ན་ཅིར་ཡང་འགྲུབ་པར་འགྱུར་རོ། །བཅུ་བཞི་པ་འདའ་ཀ་མ་ལ་གཉིས་ཏེ། བགྲང་། དང་པོ་འདའ་ཚུལ་ཡོན་ཏན་དང་བཅས་པ་དང་། དྲང་། སྤྲོས་པའི་རྣལ་འབྱོར་པ་གང་ཞིག་འཆི་བའི་རྐྱེན་གྱིས་སྤྱོད་ཡུལ་འགྱུར་ཞིང་ཚེ་འཕོ་བའི་དུས་བྱུང་ན། ཞི་ཁྲོའི་ཕྱག་རྒྱ་སྤྲོས་པའི་དཀྱིལ་འཁོར་དང་ཚོམ་བུ་ལ་སོགས་བསྒོམ་པ་གང་ཡིན་དྲན་པས་བཟུང་ནས་སྒོམ་པ་ཡིས། རང་རྒྱུད་ཀྱི་ལས་ངན་པ་ངན་འགྲོའི་ལམ་གྱི་ཞེན་པའི་བློ་རྒྱུན་བཅད་ནས་འདས་ན། སྲིད་པ་བར་མ་དོའམ། ཚེ་ཕྱི་མར་བློ་ཆུང་ན་རྣམ་སྨིན་ཆེ་ན་ཚེ་དབང་གཉིས་ལ་སྦྱོར་ཏེ་མཐོང་ལམ་གྱི་རིག་འཛིན་ཐོབ་བོ། །གཉིས་པ་ནུས་པ་ཞན་ཅིང་སྒོམ་པའི་སྐབས་མེད་ཀྱང་གནས་སྐབས་ཀྱི་འབྲས་བུ་འབྱུང་བར་བསྟན་པའོ། །དྲང་། རྣལ་འབྱོར་པ་བློ་ཆུང་བ་གང་ཞིག་ཏིང་ངེ་འཛིན་དང་བརྩོན་འགྲུས་ཀྱི་ནུས་པ་ཞན་པ་ལ་འདའ་ཀ་མིའི་ཏིང་ངེ་འཛིན་སྒོམ་པའི་སྐབས་མེད་པར་ཚེ་འཕོ་བར་གྱུར་ན་འང་། སྔར་གྱི་ཏིང་ངེ་འཛིན་གྱི་འཕེན་པའི་འབྲེལ་བ་སྤྲོས་བཅས་སྒོམ་པའི་ས་བོན་རྒྱུན་ལ་ཡོད་པའི་རྐྱེན་གྱིས། ཚེ་རབས་སྐྱེ་བ་ཕྱི་མར་ཀུན་ཏུ་བདེ་འགྲོ་ལྷ་མིའི་གོ་འཕང་ཁྱད་པར་ཅན་ཐོབ་ནས། དཀོན་མཆོག་གསུམ་འབྱུང་བ་དང་དུས་དང་གནས་ཀྱི་མི་བཀོལ་བར་གསང་སྔགས་ཀྱི་ལམ་ལ་སྤྱད་པས་འབྲས་བུ་རིག་འཛིན་ཐོབ་བོ། །བཅོ་ལྔ་པ་འབྲས་བུ་ལ་གཉིས་སྟེ། བགྲང་། དང་པོ་གནས་སྐབས་ཀྱི་འབྲས་བུ་ཐོབ་པ་དང་། དྲང་། རྣལ་འབྱོར་གང་གིས་སྙོམས་ལས་ཀྱི་ལེ་ལོ་མེད་པར་བརྩོན་འགྲུས་ཆེར་བྱས་ན། ལམ་དུ་གྱུར་པའི་འབྲས་བུ་མཐོང་ལམ་གྱི་རིག་འཛིན་གཉིས་གང་རུང་ཞིག་ཐོབ་པར་གྱུར་པའང་། གང་གི་སྟོབས་ཀྱིས་ཐོབ་ཅེ་ན་ཆོས་ཉིད་རྟོག་པའི་ལྟ་བ་དང་། རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པར་བསྲུང་བ་དང་། རྐྱེན་སྨོན་ལམ་རྣམ་དག་བཏབ་པའི་མཐུ་དང་། སྒྲུབ་པའི་ཆ་རྐྱེན་གྱི་ཡན་ལག་ཆོ་ག་ལྔ། ཡོ་བྱད་ལྔ། སྔགས་ཀྱི་ཡན་ལག་ལྔ་རྫོགས་པས་བསྒྲུབ་ན་འབྲས་བུ་མཐོང་ལམ་གྱི་རིག་འཛིན་ཐོབ་པར་འགྱུར་རོ། །གཉིས་པ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པའོ། །དྲང་། ཞི་ཁྲོ་ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་པ་ཏིང་ངེ་འཛིན་ཡང་ནས་ཡང་དུ་རྒྱུན་ཆགས་པར་བསྒོམས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་ལོངས་སྤྱོད་ཀྱིས། མུན་པ་མ་སྤང་བར་སྣང་བ་དང་། དུག་མ་སྤང་བར་སྨན་དུ་འགྱུར་པའི་ཚུལ་ཅི་བཞིན་དུ། རྟོག་ཚོགས་མ་སྤངས་པར་འབྲས་བུ་སྐུ་དང་ཡེ་ཤེས་སུ་གསལ་བ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་མཆོག་བརྙེས་པ་སྟེ་ཐོབ་པ་ནི་ཕྱོགས་མཐུན་གྱི་འབྲས་བུའོ། །ཉེར་སྦྱོར་ནི། བློ་ཆེ་ན་རྣམ་སྨིན་དང་། བློ་ཆུང་ན་ཚོགས་སྒྲུབ་ཐོབ་པའོ། །གསུམ་པ་ལེའུའི་མཚན་བསྟན་པ་དང་། དྲང་། ཞི་ཁྲོའི་ལྷ་སྐུ་ཕྱག་རྒྱ་དུ་མར་སྤྲོས་ནས་སྒོམ་པའི་རྣམ་འབྱོར་ཏིང་ངེ་འཛིན་ལ་བསླབ་པའི་ཐབས་སྟོན་པར་བྱེད་པའི་གཞུང་གི་ཚིག་དོན་རྣམས། མཚམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་ཞེས་བྱ་སྟེ། དེའི་རྣམ་གྲངས་དགུ་ཡོད་པ་ལས། འདིར་ཡས་བསྒྲང་དྲུག་པའི་དོན་དུ་གདའོ།། ༈ །།སྤྱི་དོན་གཉིས་པ་བར་ཆད་མེད་པར་ཚོགས་སྒྲུབ་པ་ལ་གསུམ་སྟེ། བགྲང་། དང་པོ་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང་། དྲང་། ཞི་ཁྲོའི་དཀྱིལ་འཁོར་སྤྲོས་བཅས་གཉིས་ལ་རྟོགས་ཤིང་གོམས་པའི་ཕྱག་འཚལ་ནས་ལམ་ཟག་བཅས་དེ་ཟག་མེད་ལ་སྦྱོར་བའི་ལམ་གང་གི་ཡང་བར་ཆད་མེད་པར་ཟག་མེད་མཐོང་ལམ་རིག་འཛིན་ལ་སྦྱོར་བར་བྱེད་པའི། སྤྲོས་པ་མཐར་ཕྱིན་པའི་དུས་ཀྱི་རྗེས་ཐོག་ཏུ། སྦྱོར་ལམ་ཚོམ་བུ་ཚོགས་སྒྲུབ་པར་བཤད་པར་བྱའོ། །གཉིས་པ་གཞུང་དོན་ལ་གཉིས་ཏེ། བགྲང་། དང་པོ་སྤྱིར་བསྙེན་སྒྲུབ་བཞི་ཚོགས་སྒྲུབ་ཀྱི་སྐབས་འདིར་ཤེས་པར་གདམས་པ་དང་། དྲང་། དེ་ལ་སྦྱོར་ལམ་བར་ཆད་མེད་པའི་ལམ་དུ་ཞི་ཁྲོའི་ཚོམ་བུ་ཚོགས་བསྒྲུབ་པར་བྱ་བའང་། བསྙེན་པ་དང་ནི་ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་ནི་སྒྲུབ་པ་ཆེན་པོ་སྟེ། བསྙེན་སྒྲུབ་བཞི་པོའི་དོན་རྫོགས་པའང་ཚོགས་སྒྲུབ་ཀྱི་སྐབས་འདིར་ཤེས་པར་བྱའོ། །གཉིས་པ་བསྙེན་སྒྲུབ་བཞི་བྱེ་བྲག་ཏུ་བཤད་པའོ། །དེ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། བསྙེན་སྒྲུབ་བཞི་པོ་འདིའང་། ལམ་དུས་ཀྱི་བསྙེན་སྒྲུབ་དང་། གཙོ་བོར་སྒྲུབ་པའི་དང་། དེའི་ཆ་རྐྱེན་སྦྱོར་བའི་བསྙེན་སྒྲུབ་བཞིའོ། །གཉིས་པ་རྒྱས་པ་དེ་ལ་གསུམ་སྟེ། ལམ་རིམ་འཇུག་གི་བསྙེན་སྒྲུབ་བཞི་དང་སྦྱོར་བའི་སྙེན་སྒྲུབ་འོག་མཆོད་པའི་སྐབས་སུ་ཁ་འཕང་བ་དང་། སྒྲུབ་པའི་བསྙེན་སྒྲུབ་བཞི་གཙོ་བོར་བསྟན་པའོ། །དང་པོ་བཞི་སྟེ། བགྲང་། དང་པོ་བསྙེན་པ་དང་། དྲང་། དེ་ལྟར་བསྙེན་སྒྲུབ་བཞི་ཆ་གསུམ་ཡོད་པའི་དང་པོ་ལམ་གྱི་རིམ་པའི་བསྙེན་སྒྲུབ་བཞིའོ། །དེ་ལ་བཞི་ཡོད་པའི་དང་པོ་བསྙེན་པ་ནི། བྱང་བ་དོན་དམ་དང་ཆུབ་པ་ཀུན་རྫོབ་སེམས་དབྱེར་མེད་ཀྱི་དོན་རྟོགས་ཤིང་ཏིང་ངེ་འཛིན་གྱིས་གོམས་པ་ལ་བརྩོན་འགྲུས་བྱེད་པ་དེ་ནི། གྲངས་དུས་རྟགས་ཀྱི་བསྙེན་པ་གསུམ་ཡོད་པའི་ནང་ནས་དམ་པ་ལས་བྱས་པ་ཆུད་མི་ཟ་བ་དང་། འགྲུབ་སླ་བ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ཆ་གསུམ་དུ་ཕྱེ་བས་དེ་ཏིང་བྱང་བ་དང་། ཀུན་ཏིང་སྙིང་རྗེ་ཆུབ་པ་ག ཉིས་རྟོགས་ཤིང་གོམས་པ་མན་ཆད་བསྙེན་པར་བརྗོད་དོ། །གཉིས་པ་ཉེ་བསྙེན་དང་། དྲང་། དེ་ལ་བརྟེན་ནས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་དུ་མར་གསལ་བ་སྟེ་བསྒོམ་པ་ནི། འོག་མ་བས་ཡང་འབྲས་བུ་ལ་ཉེ་བའི་ཕྱིར་ཉེ་བའི་བསྙེན་པ་ཡིན་པས་ན། གཏན་ཚིགས་དེའི་ཕྱིར་ཟུང་འཇུག་ཕྱག་རྒྱ་གཅིག་པ་དང་། སྣང་བྱེད་ཕྱག་རྒྱ་སྤྲོས་པ་གཉིས་ཏེ། ཉེ་བའི་བསྙེན་པའོ། །གསུམ་པ་སྒྲུབ་པ་དང་། དྲང་། སྒྲུབ་པ་ཉིད་ནི་སྦྱོར་ལམ་བར་ཆད་མེད་པའི་ལམ་དུ་ཚོམ་བུ་ཚོགས་སྒྲུབ་པའོ། །བཞི་པ་སྒྲུབ་པ་ཆེན་པོའོ། །དྲང་། བཟླས་པའི་གྲངས་དང་། ཞག་སུམ་ཅུ་ཕྲག་དྲུག་ལ་སོགས་ཀྱི་དུས་ཀྱི་ཚོགས་སྒྲུབ་པའི་མཐར་མཚན་མ་རྟགས་ཀྱི་བསྙེན་པ་རྫོགས་ནས་བསྒྲུབ་པ་ཆེན་པོ་ནི་ནུབ་ཐ་མ་དངོས་གྲུབ་ལེན་པ་སྟེ། དེས་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་མཐོང་ལམ་ཚེ་རྣམས་གང་ཐོབ་ཀྱི་འབྲས་བུ་འགྲུབ་པའོ། །གཉིས་པ་སྦྱོར་བའི་བསྙེན་སྒྲུབ་བཞི་ཁ་འཕང་བ་དང་། དྲང་། མདོར་བསྟན་གྱི་གསུམ་པ་སྦྱོར་བའི་བསྙེན་སྒྲུབ་བཞི་ནི་འོག་ཁྲོ་བོའི་གསང་བའི་མཆོད་པའི་སྐབས་སུ་རྒྱས་པ་ཤེས་པར་བྱའོ། །ཞེས་ཁ་འཕང་བའོ། །གསུམ་པ་བསྒྲུབ་པའི་བསྙེན་སྒྲུབ་ལ་གསུམ་སྟེ། སྒྲུབ་པའི་ཐབས་དང་། སྒྲུབ་པའི་ཡོན་ཏན་དང་བསྒྲུབས་པའི་འབྲས་བུའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་སྒྲུབ་ཐབས་སྤྱིར་བསྟན་པའི་ངོས་ནས་མདོར་བསྟན་པ་དང་། དྲང་། མདོར་བསྟན་གྱི་གཉིས་པ་སྒྲུབ་པའི་བསྙེན་སྒྲུབ་བཞི་གཙོ་བོར་ཚོགས་སྒྲུབ་ཀྱི་སྐབས་འདིར་རྒྱས་པར་བསྟན་པ་ནི། སྒྲུབ་པའི་གཞི་དང་སྒྲུབ་གཞུང་དག་གིས་ཚོགས་སྒྲུབ་པའི་ཐབས་རྫོགས་པར་འགྱུར་ཏེ། སྒྲུབ་པ་པོ། གནས་དུས། ཡོ་བྱད། སྒྲུབ་ཐབས་ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་བཟུང་ལ། བསྙེན་པ་དང་ཉེ་བསྙེན། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་བཞིས་སྒྲུབ་པའི་གཞུང་བསྲང་བར་བྱ་བའང་། རྣལ་འབྱོར་བ་གང་དག་ཕྱག་རྒྱ་གཅིག་སྤྲོས་ཀྱི་སྐབས་སུ་ཞི་ཁྲོ་གང་ལ་མོས་པ་ཅི་བཞིན་དུ། འདིར་ཡང་ཞི་བ་ཚོགས་སྒྲུབ་པ་དང་། ཁྲོ་བོ་ཚོགས་སྒྲུབ་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་དེ་ལ་གཉིས་ཏེ། ཞི་བ་ཚོགས་སྒྲུབ་པ་དང་། ཁྲོ་བོ་ཚོགས་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། སྤྱིར་བསྟན་ལ་ཞི་ཁྲོ་གཉིས་ཡོད་པ་དེ་ལ་ཡང་སྔ་མ་ཞི་བའི་སྒོ་ནས་ཚོགས་སྒྲུབ་པ་ལ། དུས་ཕུན་སུམ་ཚོགས་པ་དང་གཅིག །གནས་ཕུན་སུམ་ཚོགས་པ་དང་གཉིས། ཡོ་བྱད་ཕུན་སུམ་ཚོགས་པ་དང་གསུམ། སྟོན་འཁོར་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་དང་བཞི། སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་དང་ལྔ་ཡིས། བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱོར་བས་ཞི་བ་ཚོགས་སྒྲུབ་ཀྱི་གཞུང་རྫོགས་པར་ཤེས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་དེ་ལ་གཉིས་ཏེ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་དང་། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བའོ། །དང་པོ་ལ་ལྔ་སྟེ། སྒྲུབ་པ་པོ་ཕུན་སུམ་ཚོགས་པ་དང་། གནས་དང་དུས་དང་། ཡོ་བྱད་དང་། སྒྲུབ་ཐབས་ཕུན་སུམ་ཚོགས་པའོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་སྒྲུབ་པ་པོ་སྤྱིའི་མཚན་ཉིད་དང་། དྲང་། ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས་བསྒྲུབ་དགོས་པ་དེ་ལ་སྒྲུབ་པ་པོ་ཞི་བ་ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་མཐར་ཕྱིན་ནས་ལས་སུ་རུང་བའི་རྣལ་འབྱོར་པས་སྒྲུབ་སྟེ། དེ་བཞིན་ཉིད་ཀྱི་ཆོ་ག་དང་། ཀུན་ཏུ་སྣང་གི་དང་། ཕྱག་རྒྱ་གཅིག་པ་ལ་གསུང་ཡིག་འབྲུ་དང་། ཐུགས་ཕྱག་མཚན་དང་། སྐུ་ཡོངས་རྫོགས་ཀྱི་ཆོ་ག་དང་ལྔ་ནི་མངོན་རུ་རྫོགས་པར་བྱས་ཤིང་ཞེས་སྤར་ཁབ་དང་སི་འདར་གཉིས་དགོང་པ་མཐུན་པར་གསུངས་སོ། །ཡང་ན་བླ་མ་གོང་མ་རྣམས་ཀྱིས། དེ་ཏིང་། ཀུན་ཏིང་གཉིས། ཕྱག་རྒྱ་གཅིག་པ་ལ་ཕྲ་རགས་གཉིས། སྤྲོས་པ་དང་ལྔར་གསུངས་སོ། །སྔགས་ནི་སྤར་ཁབ་ལས། ཡིད་སྐྱོབ་པ་དང་བྱིན་རླབས་ཀྱི་ཕྱིར་སྔགས་ཏེ་ལྷའོ། །ཞེས་པས། དེ་ཉིད་ལུས་ཀྱི་ཡན་ལག་མགོ་བོ་ལ་སོགས་པ་ལ་ཕྱག་རྒྱ་ལྔ་བཅུ་ཐམ་པ་རྒྱས་པའི་རྒྱུ་བཞིན་བཀོད་པ་དང་། རྟོག་པའི་ཡན་ལག་ཕུང་པོ་ལ་སོགས་པ་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་སུ་སྣང་བ་རྣམ་པར་འབྱེད་པ་དང་། དེ་ཉིད་ཡན་ལག་གཅིག་ལའང་དེ་དག་ཚང་བར་དགོད་པ་དང་། དེ་དག་ལ་ཡང་རྡོ་རྗེ་གསུམ་གསུམ་བསྒོམ་པ་དང་། དབང་བསྐུར་བའི་ཡན་ལག་དང་ལྔ་རྫོགས་སྟེ། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ལ་དབང་ཐོབ་ནས་བྲོ་གར་འདུ་འཕྲོའི། གླུ་ཚིག་སྒྲ་ཡི། རྒྱན་དང་བགོ་བའི། བཟའ་དང་བཏུང་བའི་ཨཱ་ལི་ཀཱ་ལིའི་ཡོ་བྱད་དང་ལྔ་ནི་ཚོགས་སྒྲུབ་པའི་སྔོན་ཏུ་རྫོགས་པར་ལྡན་པའི་རྣལ་འབྱོར་པ་ཚོམ་བུ་ལྔ་པ་ལ་ཕོ་མོ་བདུན་བཅུ། གསུམ་པ་ལ་ཕོ་མོ་བཞི་བཅུ་ཞེ་དྲུག །གཅིག་པ་ལ་ཕོ་མོ་བཅོ་བརྒྱད་འཚོགས་པའི་དཀྱིལ་འཁོར་གྱི་ཚོགས་སྒྲུབས་ན། ཐེ་ཚོམ་མེད་པས་ན་ངེས་པར་འགྲུབ་སྟེ། གང་འགྲུབ་ཅེ་ན། སྒྲོ་སྐུར་མེད་པར་ལ་སོགས་པའི་དགོས་པ་ཡོན་ཏན་ཀུན་གྱི་འབྱུང་གནས། གནས་སྐབས་སུ་ཟག་མེད་ཀྱི་མཐོང་ལམ་རིག་འཛིན་གཉིས་དང་། མཐར་ཐུག་གི་འབྲས་བུ་སྐུ་ལྔ་ཡོངས་སུ་འགྲུབ་པར་འགྱུར་རོ། །གཉིས་པ་སྟོན་པ་དང་། དྲང་། སྒྱུ་འཕྲུལ་རྩ་བཤད་ཀྱི་དོན་སྟོན་པའི་བླ་མ་ནི། ལྟ་བའི་མཛོད་ཨ་ཏི། ཏིང་ངེ་འཛིན་གྱི་མཛོད་ཨ་ནུ། སྤྱོད་པའི་མཛོད་མ་ཧཱ་དང་གསུམ་ལྡན་ནམ། ཡང་ན་ལྟ་བ་བདེན་གསུམ་དབྱེར་མེད་མངོན་སུམ་རྟོགས་པ། ཏིང་ངེ་འཛིན་སྤྲོས་བཅས་མཐར་ཕྱིན་པ། དམ་ཚིག་སྤྱིར་ཀུན་དང་ལྡན་ཡང་ཁྱད་པར་དུ་སྒྲུབ་པའི་དོན་ལས་མི་འདའ་བའི་ལྟ་སྒོམ་སྤྱོད་གསུམ་གྱི་མཛོད་གསུམ་དང་ལྡན་པ་དང་། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་དབང་བཞིའི་ཆུ་བོ་བཞི་རྫོགས་པ་དང་བཞི། ཕྱི་བར་ཆད་ཀྱི་དགྲ་བགེགས་བཟློག་པ། ནང་ཉོན་མོངས་ལམ་དུ་སློང་བ། གསང་བ་བདེ་སྡུག་རོ་མཉམ་པ། སྙིང་རྗེ་ཕན་སེམས་ཀྱིས་སློབ་མ་འཛིན་པའི་གཉེར་བཞི་དང་ལྡན་པ་ལྔ། རྒྱུད་སྡེ་ལ་མཁས་ཤིང་ལུང་གི་དོན་ཁྲོལ་བ་དང་དྲུག །ཕྲིན་ལས་ཀྱི་ཆོག་ཁྲིག་ལ་མཁས་པ་དང་བདུན། བླ་མ་བརྒྱུད་པའི་མན་ངག་ཟབ་མོ་ཉམས་མྱོང་གི་དྲོད་འཆང་བ་དང་བརྒྱད་རྒྱུད་ལ་འཆང་བས། རྣལ་འབྱོར་པ་ཟག་བཅས་སྤྲོས་པ་མཐར་ཕྱིན་པ་དང་ལྡན་ནས་ཟག་མེད་པ་སྦྱོར་ནུས་པའི་སྟོན་པ་ཤིན་ཏུ་བསྟེན་པར་བྱའོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པའོ། །དྲང་། སྟོན་པ་རྡོ་རྗེ་སློབ་དཔོན་ལ་སྒོ་གསུམ་གྱི་མཉེས་པ་གསུམ་གྱིས་མཆོད་ཅིང་དབང་རྫོགས་པར་ཐོབ་ནས་བརྩོན་འགྲུས་ཀྱི་སྒོ་གསུམ་གྱིས་རྒྱུད་ཡོངས་སུ་སྦྱོང་བའི་སྒོ་ནས་རྟོགས་པའི་ལྟ་བ་བདེན་པ་དབྱེར་མེད་མངོན་དུ་བྱས་ཤིང་། དེ་བཞིན་ཉིད་སོགས་ཀྱི་ཏིང་ངེ་འཛིན་བཞི་གསལ་བ་དང་། བླ་མེད་མི་སྤང་བ་སོགས་རྩ་བ་ལྔ་དང་། མི་སྤང་མི་དོར་བ་ལ་སོགས་པ་ཡན་ལག་བཅུ་སྟེ། རྩ་བ་ཡན་ལག་བཅོ་ལྔ་ལ་སོགས་པའི་དམ་ཚིག་མ་ཉམས་པ་དང་། རྒྱུ་མ་ནོར་བ་རྩ་བའི་སྔགས་དང་། བསྐྱེད་པ་རྐྱེན་གྱི་སྔགས་དང་བཟླས་པ་ལས་རིམ་གྱི་སྔགས་སྟེ་གསུམ་མམ། སྔགས་ཀྱི་ཡན་ལག་ལྔ་དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། སྐུ་ཕྱག་རྒྱ་ཆེན་པོ་དང་བཞི་པོ་རྣམས་མ་ཉམས་པར་ཤེས་ཤིང་། གནས་ཁང་དབེན་པར་བཟའ་དང་བཏུང་པའི་ཡོ་བྱད། རྒྱན་དང་བགོ་བའི་ཡོ་བྱད། གླུ་ཚིག་སྒྲ་ཡི། བྲོ་གར་འདུ་འཕྲོའི། ཨཱ་ལི་ཀཱ་ལིའི་ཡོ་བྱད་ལྔ། དེ་རྣམས་དང་ལྡན་པའི་འཁོར་གྱིས་ཚོགས་བསྒྲུབས་ན་འགྲུབ་པར་འགྱུར་ལ། གོང་གི་དེ་རྣམས་དང་མི་ལྡན་ན་བསྒྲུབ་ཀྱང་དོན་མེད་ཅིང་བརླག་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ཡོ་བྱད་དེ་དག་ངེས་པར་རྫོགས་པར་བྱའོ། །འདིའི་སྐབས་སུ་ཚོགས་བསྒྲུབས་ཀྱི་གང་ཟག་སྟེ། ངན་སོང་དུ་ལྡོག་པར་མི་འགྱུར་ཏེ། ཡོ་བྱད་ལྔ་པོ་དང་མི་ལྡན་ན་ཆོགས་སྒྲུབ་པར་མི་རུང་བ་ལ་དགོངས་པ་ཡིན་ནོ། །གཉིས་པ་གནས་ལ་གཉིས་ཏེ། བགྲང་། དང་པོ་གནས་བཙལ་ཞིང་བརྟགས་ནས་ས་ཆོག་བྱ་བ་དང་། དྲང་། དགྲ་བགེགས་ཀྱི་སྡེ་དཔུང་གི་བར་ཆད་ཆེན་པོས་མི་ཚུགས་པའི་གནསབཙན་པ་དང་། རྡོ་རྗེ་ལས་རིམ་ནས་འབྱུང་བ་ལྟར། ས་གཞི་དང་བར་སྣང་གི་མཚན་ཉིད་ལ་སོགས་བཀྲ་ཤིས་པ་དང་། མི་ཆོས་གཙུག་ལག་དང་། ལྷ་ཆོས་ཀྱི་ལོ་རྒྱུས་རྣམ་པ་གཉིས་ཀ་བཀྲ་ཤིས་པ་དང་ལྡན་པ་དང་། རང་ཉིད་ཀྱིས་ཤིན་ཏུ་ཡིད་དུ་འོང་བའི་ས་ཕྱོགས་བརྩལ་བ་དེར། ལས་རིམ་ནས་འབྱུང་བ་ལྟར་སའི་ཆོ་ག་རྒྱས་པར་བྱ་བའོ། །གཉིས་པ་དེར་གནས་བརྩིགས་ཤིང་བྱུག་བསྲུང་དང་བརྒྱན་པའོ། །དྲང་། གནས་ཆོས་མཐུན་རྙེད་ན ས་ཚོམ་བུ་གཅིག་གསུམ་ལྔ་པ་གང་བྱེད་པའི་ལྷའི་གྲངས་གང་ཡོད་ཀྱི་རིམ་པ་བཞིན་དུ་གནས་ཁང་ཆེ་ཆུང་གི་ཚད་ཀྱང་རྐྱེན་སྒྲུབ་པ་པོ་མང་ཉུང་གི་རིམ་པ་བཞིན་དུ་འཚམས་པར་བྱ། དེའང་འཁོར་ཁང་ཕྱི་མར་གཡོས་བྱེད། ནང་མར་ཚོགས་སྒྲུབ། བར་མར་གསང་སྤྱོད་བྱ་སྟེ། རིམ་པ་གསུམ་དང་ལྡན་པའི་ཁང་པར། རིན་ཆེན་གསེར་དངུལ་ལ་སོགས་པ་དང་། ཙནྡན་གླ་རྩི་ལ་སོགས་པས་བྱུགས་པས་གནས་ཁང་གི་བར་ཆད་བསྲུང་བ་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་སྤྲས་པའི་སྒྲུབ་གནས་གཞལ་ཡས་ཁང་དང་། རང་ཉམས་དགའ་ཞིང་ཡིད་དུ་འོང་བར་བྱ་བ་ཤིན་ཏུ་གཅེས་སོ། །གསུམ་པ་དུས་ལ་གཉིས་ཏེ། བགྲང་། དང་པོ་སྒྲུབ་པ་ལ་འཇུག་པའི་དུས་དང་། དྲང་། སྒྲུབ་པ་ལ་འཇུག་པའི་དུས་ཀྱི་ཚེས་གྲངས་ནི་ཟླ་བ་ཡར་གྱི་ངོའི་ཚེས་བརྒྱད་ལ་ལྷའི་ཚོགས་འདུས་པའི་དུས་ཡིན་པས་བརྩམ་པར་བྱ་བ་སྟེ། ཤིན་ཏུ་ཡང་ཚེས་གྲངས་དེ་དང་། སྐར་མ་རྒྱལ་དང་གཟའ་ཕུར་བུ་རྣམས་འཛོམ་པའི་དུས་ལ་འཇུག་ན། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་སྤྱོད་པ་རླབ་པོ་ཆེ་ཆེར་སྤྱོད་པ་འདི་ནི་རང་བཞིན་གྱིས་ནུས་པ་ཡོད་པས་གསང་སྔགས་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པའི་རྟེན་འབྲེལ་ཡོད་པའི་ཕྱིར། ཚེས་གྲངས་དང་གཟའ་དང་སྐར་མ་བཀྲ་ཤིས་པ་སྟེ་བཟང་པོ་རྣམས་བླང་བར་བྱའོ། །གཉིས་པ་བསྒྲུབ་པ་འགྲུབ་པའི་དུས་སོ། །དྲང་། ལྟ་སྒོམ་དམ་ཚིག་དང་ལྡན་པས་བློ་དང་བརྩོན་འགྲུས་རབ་ཀྱིས་ཞག་ནི་སུམ་ཅུ་ཕྲག་དྲུག་གམ་སྟེ་ཟླ་བ་དྲུག །རབ་འོག་གི་ཟླ་བ་བཅུ་གཉིས་སྟེ་ལོ་གཅིག་གམ། འབྲིང་གིས་ཟླ་བ་བཅུ་བཞི་སྟེ་ལོ་གཅིག་དང་ཟླ་བ་གཉིས་སམ། ཐ་མས་ཀྱང་ཟླ་བ་བཅུ་དྲུག་སྟེ་ལོ་གཅིག་དང་ཟླ་བ་བཞི་དག་གིས་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་རྣམས་ཀྱི་ནང་ནས་ལམ་མཆོག་ཡོངས་སུ་རྫོགས་པ་ཚེ་དབང་འགྲུབ་པའི་ཕྱིར། སྦྱོར་ལམ་གྱི་རྣལ་འབྱོར་པའི་ཤེས་རབ་དང་བརྩོན་འགྲུས་རྣམས་རབ་འབྲིང་ཆེ་ཆུང་ཐ་མའི་ཆས་དུས་ཉེ་རིང་རིམ་པ་བཞིན་དུ་འགྲུབ་བོ། །དེ་ཡང་དབང་པོ་རྟུལ་ན་རྣམ་སྨིན་རིག་འཛིན་ཐོབ་བོ། །བཞི་པ་སྤྱོད་པ་ལ་གཉིས་ཏེ། བགྲང་། སྤྱིར་ཡོ་བྱད་འཚོགས་པར་བསོག་པ་དང་། དྲང་། གོས་རྒྱན་ཏེ་རྒྱན་དང་བགོ་བའི་དང་། བཟའ་བ་དང་། བཏུང་བ་དང་། གསང་བ་ཨཱ་ལི་ཀཱ་ལི་དང་། བྲོ་གར་འདུ་འཕྲོ་དང་། གླུ་ཚིག་སྒྲ་ཡི་ཡོ་བྱད་དེ་སྒྲུབ་པ་བྱེད་པའི་དུས་ཀྱི་ཡོ་བྱད་ལྔ་རྣམས་དང་། དཀྱིལ་འཁོར་གྱི་རྒྱན་གྱི་ཡོ་བྱད་སྟེང་འོག་ལོགས་རྒྱན་གྱི་རྣམ་པ་ཡོ་བྱད་དུ་མ་དང་། ཕྱི་ནང་གསང་གསུམ་གྱི་མཆོད་པའི་རྫས་དང་། དངོས་གྲུབ་རྟེན་གྱི་ཡོ་བྱད་ཐོད་སྐུ་མར་མེ་རྡོར་དྲིལ་ལ་སོགས་པ་དང་། དགྲ་བགེགས་ནད་ཀྱི་བར་ཆད་རྐྱེན་བཟློག་གི་ཡོ་བྱད། གོ་མཚོན། གུ་གུལ། ཡུངས་ཀར། སྨན་དང་སྨན་པར་བཅས་པ་རྣམས་བསྡུས་སོ། །གཉིས་པ་བྱེ་བྲག་ཏུ་ཡོ་བྱད་དག་པར་བསྡུ་ཞིང་འཚོ་བའི་ཡོ་བྱད་བྱིན་གྱིས་བརླབས་པའོ། །དྲང་། ཡོ་བྱད་རྣམས་དམ་ཉམས་ཀྱི་ལག་ནས་མ་བྱུང་བ་དང་། མཛོ་ཅན་དང་། སྨེ་ཤ་ཅན་ལ་སོགས་པའི་ལག་ནས་མ་བྱུང་བ་དང་། ཕུད་ཉམས་པ་མ་ཡིན་པ། རྣམ་པར་དག་པར་བསྡུ་བར་བྱ་སྟེ། དེ་ལ་ཡང་དག་ལྟར་དུ་ཚོ་གསུམ་དུ་བཅད་ལ་བྱིན་གྱིས་རླབས་པར་བྱ་སྟེ། ཚོ་དང་པོ་ཏྲཾ་ལས་རིན་པོ་ཆེའི་མཆོད་སྡོང་འོད་འབར་བའི་རྩེ་ལ་ཡི་གེ་ཨཱོཾ་ཨཱཿཧཱུྃ་གསུམ་ལས་ཕྱི་ནང་གི་ལོངས་སྤྱོད་འབྱུང་བར་བསམ་ཏེ། ཕྱི་ནང་གི་གཏོར་མ་བྱའོ། །ཚོ་བར་བ་ལ་ཉི་ཟླའི་སྟེང་དུ་དཔའ་བོ་འབྲུ་ལྔའི་འཕྲོ་འདུས་པ་འདོད་ཡོན་གྱི་ལྷར་བརླབས་ཏེ་རྣལ་འབྱོར་པ་རྣམས་ཀྱིས་རོལ་ལོ། །ཚོ་ཐ་མ་ལ་ས་ལས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་ཡང་ཤིང་རྒྱ་ཆེ་བར་སྤེལ་ཏེ་མཆོད་མགྲོན་བྱའོ། །ལྔ་པ་སྒྲུབ་ཐབས་ཕུན་སུམ་ཆོགས་པའོ། །དྲང་། སྒྲུབ་པའི་ཐབས་བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱར་བས་སྒྲུབ་པའི་གཞུང་བསྲངས་ཏེ། དེ་ཡང་ཞག་གྲངས་བཅོ་ལྔ་ལྟ་བུ་ལ་ངོས་བཟུང་ན། ཚེས་གཅིག་གིས་ཉིན་མོ་ལ་སྒྲུབ་གཞི་ཕུན་སུམ་ཚོགས་པ་ལྔ་འཚོགས་ཏེ། དང་པོ་ཤོམ་ར་དཀྱིལ་འཁོར་བཞེངས་ཏེ་ཕྱི་མཚམས་གཅོད་པ་ནས། མཆོད་པ་བྱིན་རླབས་ཡན་ཆད་ཡན་ལག་དང་འབྲེལ་བ་ནི་བསྙེན་པ། དེ་ནས་ཆོ་ག་གཞུང་བསྲང་ཏེ། ཞག་བདུན་བར་བཟླས་པའི་དུས་སུ་འོད་ཟེར་དཀར་པོ་ཕར་འཕྲོས་པས་སྒྲིབ་པ་སྦྱོངས་ཤིག་པར་བསྐུལ། ཚུར་འདུས་པས་བདག་གི་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ཏེ་སྣོད་དུ་རུང་བར་བྱེད་པ་ནི་ཉེ་བསྙེན་ནོ། །དེ་ནས་མར་ཕྱེད་ཞག་བདུན་ལ། བཟླས་པའི་འོད་ཟེར་དམར་པོ་ཕར་འཕྲོས་པས་དངོས་གྲུབ་རྩོལ་ཅིག་པར་བསྐུལ། ཚུར་འདུས་པས་དངོས་གྲུབ་ཐོབ་པར་བསམ་པ་ནི་སྒྲུབ་པའོ། །ཐ་མ་ཞག་གཅིག་ལ་བཟླས་པའི་འོད་ཟེར་མཐིང་ག་དེ་ཕར་མི་སྤྲོ་བར་ཚུར་སྐུ་གསུང་ཐུགས་ཀྱི་འོད་ཟེར་བདག་ལ་སྡུད་པ་ནི་སྒྲུབ་པ་ཆེན་པོའོ། །དེ་ཡང་སྒྲུབ་པའི་གནས་ལ་ཏིང་ངེ་འཛིན་གྱི་བར་ཆད་དང་སྲོག་གི་བར་ཆད་དུ་འགྱུར་བའི་དགྲ་བགེགས་ཀྱི། འགྲུལ་སྲང་མེད་ཅིང་འཚོ་བའི་བར་ཆད་དང་མིས་དབང་མ་བྱས་པའི་གནས་ཤིན་ཏུ་དབེན་པ་དང་ཉེ་བར་དགོས་པའི་ལོངས་སྤྱོད་ཀྱི་ཡོ་བྱད་དེ། བཟའ་བཏུང་དང་། རྐྱེན་བཟློག་དང་། སྒྲུབ་རྫས་ལ་སོགས་པ་ཕུན་ཚོགས་པ་བསོགས་ཤིང་ཅི་བདེ་བར་འཇོལ་ཉོག་ཏུ་ལོངས་སྤྱོད་རྒྱུ་དང་བཅས་པ་བྱས་ལ། རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་ཤིང་ལོངས་སྤྱོད་ཏིང་ངེ་འཛིན་འབྲེལ་བའི་བློ་དང་ནི་རབ་ཏུ་ལྡན་པའི་རྣལ་འབྱོར་ཕོ་མོ་འཚོགས་པས། ཚོགས་སྒྲུབ་པ་ལ་འཇུག་པའི་དང་པོར་ཚོམ་བུ་གཅིག་གསུམ་ལྔ་པ་གང་ཡིན་ལ་འཇུག་པའི་ལྷ་གྲངས་ལ། དུས་ཅི་ཙམ་སྒྲུབ་པར་ཁས་བླངས་ཤིང་དམ་མནོས་པ་བཞིན་དུ་སྒྲུབ་པ་མཐར་ཕྱིན་པར་བྱའོ། །དེ་ཡང་དུས་ཇི་སྲིད་འབྲས་བུ་མ་འགྲུབ་ཀྱི་བར་དུ་སྒྲུབ་པར་དམ་བཅས་པ་དང་ལྡན་པའི་རྣལ་འབྱོར་ཕོ་མོ་འདུས་ཏེ་བསྒྲུབ་པར་བྱའོ། །གཉིས་པ་བསྙེན་སྒྲུབ་བཞིས་གཞུང་བསྲང་བ་ལ་གཉིས་ཏེ། བསྙེན་སྒྲུབ་བཞིས་གཞུང་བསྲང་བ་དངོས་དང་། སྒྲུབ་པའི་གྲོགས་ཡོ་བྱད་ལ་སྤྱད་ཐབས་བཤད་པའོ། །དང་པོ་ལ་བཞི་སྟེ། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་དང་ཞོར་ལ་ཞག་གྲངས་རྒྱུད་བཞིན་ཤེས་ནས་བསྒྲུབ་དགོས་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་བའམ་གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་ཞིང་རྒྱན་དང་རྫས་དགོད་པ་དང་། དྲང་། སྒྲུབ་གཞི་སོང་ནས་ཡང་ན་ཞེས་པ་རྒྱུད་ཀྱི་ཚིག་ཤུག་གོ། །སྒྲུབ་ཐབས་བསྙེན་སྒྲུབ་བཞིའི་དང་པོ་ལས་དང་བྱ་བའི་བསྙེན་པ་ལས་ལྷག་པའི་ཏིང་ངེ་འཛིན་བསྒོམ་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་དཔག་ཚད་དང་རྒྱང་གྲགས་སུ་གསལ་བའམ། ཚོམ་བུ་གསུམ་པོ་སོ་སོ་རང་རང་གི་བློ་དང་འཚམས་པའི་ལྷག་པ་གཟུགས་བརྙན་གྱི་དལ་ལུས་གང་དང་། དོ་དང་། གསུམ་དང་། ཁྲུ་བཅུ་དྲུག་དང་། ཉེར་ལྔ་ལ་སོགས་པ་བྲི་བའོ། །དེ་ལ་དཀྱིལ་འཁོར་གྱི་རྒྱན་དང་། ཕྱི་ནང་གི་མཆོད་པ་དང་། སྒྲུབ་རྫས་ལ་སོགས་པས་དཀྱིལ་འཁོར་གྱི་མཐའ་འཁོར་བར་དགྲམ་པ་དང་། གཉིས་པ་ཕྱི་མཆོད་བྱ་ཞིང་འཚམས་བཅད་པ་དང་། དྲང་། དེ་ནས་གནས་ཀྱི་ཕྱི་རོལ་དུ་ཆ་གསུམ་གྱི་གཏོར་མས་མཆོད་པའི་ལས་རྣམས་རྫོགས་པར་བྱ་སྟེ། རྒྱལ་ཆེན་ཕྱོགས་སྐྱོང་གི་ཐོ་བཙུགས་ནས་ཕྱི་མཚམས་བཅད་ཅིང་བསྲུང་། དམ་སྲི་མནན། སྒོ་བྱང་གདག་ཅིང་མཚམས་རིམ་པ་བཞིན་དུ་བཅད་པར་བྱའོ། །གསུམ་པ་སྔོན་དུ་བྱ་བའི་ལས་རྣམས་རྫོགས་པར་བྱ་དགོས་པའོ། །དྲང་། གྲངས་རྟག་དུས་བྱ་བ་ལས་ཀྱི་བསྙེན་པ་དང་བཞི་ལས་འདི་བྱ་བ་ལས་ཀྱི་བསྙེན་པ་བྱ་བའི་དོན་དུ་སྔོན་དུ་འགྲོ་བར་བྱ་བ་གོང་གི་དེ་རྣམས་རྫོགས་པའི་ལས་རྣམས་ཐོན་ཟིན་པར་བྱ་བ་ནི་བསྙེན་པའོ། །གཉིས་པ་ཉེ་བསྙེན་ལ་གཉིས་ཏེ། བགྲང་། དང་པོ་སྔོན་འགྲོ་བྱ་བ་དང་། དྲང་། དེ་ནས་རྣལ་འབྱོར་པ་རྣམས་ནང་དུ་འདུས་པས་ཚུལ་ཕྱག་བྱ། ཁྲོ་བོ་བཅུས་ཕྱོགས་བཅིངས་ཤིང་མཚམས་བཅད། བཤགས་པ། དམ་བཅའ། བྱིན་དབབ། ཕྱི་ནང་གི་མཆོད་རྫས་རྣམས་བྱིན་གྱིས་རླབས་ནས། གཉིས་པ་དངོས་གཞི་ལ་གསུམ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་ཞིང་མཆོད་བསྟོད་སྨོན་ལམ་ཚོགས་མཆོད་ལྷག་མ་འཛབ་བསྙེན་གྱི་ལས་རིམ་དང་། ཉེ་བསྙེན་གྱི་ཚད་དང་བྱེད་ལས་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། རྩ་བའི་ལྷ་བསྒོམ་པ་དང་། ཡན་ལག་དབང་བསྐུར་བྱིན་རླབས་ཀྱི་ལྷ་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། རྣལ་འབྱོར་པ་གཅིག་གིས་ལྷ་ཀུན་སྤྱིར་སྒོམ་པའམ་ཡང་ན་རྣལ་འབྱོར་པ་ཡབ་ཡུམ་རེ་རེ་དང་ལྷ་ཡབ་ཡུམ་རེ་རེ་གྲངས་སྤྲད་ནས་བསྒོམ་ཞིང་། ཚོམ་བུ་གཅིག་གསུམ་ལྔ་པའི་འཁོར་ལོར་རིམ་པ་བཞིན་དུ་བསྒོམ་པར་བྱ་བ་ནི། གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་ཚོམ་བུ་གཅིག་གསུམ་ལྷ་གྲངས་སྤྲད་ནས་བསྒོམ་ལུགས་དང་། དྲང་། རྣལ་འབྱོར་པ་ཐབས་ཡབ་དང་ཤེས་རབ་ཡུམ་གྱིས། ཡབ་རྣམས་ཀྱིས་དེ་བཞིན་གཤེགས་པ་རིགས་ཀྱི་ཡབ་ལྔ་དང་། ཡུམ་རྣམས་ཀྱིས་རིགས་ཀྱི་ཡུམ་དུ་བསྒོམ། འཁོར་ཡབ་རྣམས་ཀྱིས་རིགས་ཆུང་གི་སེམས་དཔའ་ཡབ་རྣམས་དང་། ཡུམ་རྣམས་ཀྱིས་རང་གི་རིགས་ཆུང་གི་སེམས་མ་ཡུམ་ཉིད་དུ་བསྒོམ། ལྷ་སོ་སོའི་རིགས་གང་ཡིན་པ་དང་ཕྱག་རྒྱ་དང་། ཏིང་ངེ་འཛིན་མ་འདྲེས་པར་ཡང་དག་པར་སོ་སོར་གསལ་བར་བསྒོམ་མོ། །གཉིས་པ་གཅིག་གིས་ཀུན་སྒོམ་བྱེད་ལུགས་དེ་ལ་གསུམ་ཏེ། བགྲང་། དང་པོ་ཚོམ་བུ་གཅིག་པ་དང་། དྲང་། དེ་བཞིན་གཤེགས་པའི་རིགས་ཅི་སྙེད་པ་ཐམས་ཅད་ཀྱི་འདུས་ཚུལ་ནི་རིགས་ལྔར་འདུས་པ་ཡིན་ཏེ། དེ་ཡང་བསྡུ་ན་ཐུགས་སྒྲུབ་སྒྱུ་འཕྲུལ་གྱི་ལུགས་ཀྱི་རིགས་ཀྱི་གཙོ་བོ་རྡོ་རྗེའི་རིགས་སུ་འདུས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་ཡང་། རིགས་བསྡུ་ན་ཐུགས་ཡེ་ཤེས་ལྔར་འདུས་པ་ཡིན་ཏེ། ཡེ་ཤེས་ལྔ་པོ་དེ་ཡང་ཐུགས་ཀྱི་མཆོག་སྟོང་པ་ཉིད་ཀྱི་ཡེ་ཤེས་ཁོ་ནར་འདུས་པའི་ཕྱིར་རོ། །དེ་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ། རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་དང་བཅས་པས་ཟུང་ལྔ་ཡ་བཅུ། ཁྲོ་བོ་སྒོ་བ་ཡབ་བཞི། ཡུམ་བཞིའི་ཚོགས་དང་ལྡན་པའི་ཚོམ་བུ་གཅིག་པ་ལ་ལྷ་བཅོ་བརྒྱད་བསྐྱེད་དོ། །དེ་ལྟར་གཙོ་བོ་རིགས་གཅིག་གིས་བྱས་པའི་ཚོམ་བུ་གཅིག་པའི་ལྷ་ཡབ་ཡུམ་གྱི་ཚོགས་རྣམས་བསྒོམ་མོ། །གཉིས་པ་ཚོམ་བུ་གསུམ་པ་དང་། དྲང་། གང་གི་ཚོམ་བུ་ལས་ལྷོ་བྱང་གཉིས་བཞག་པས། མདུན་ནམ་ཤར་གྱི་ཕྱོགས་སུ་དེ་བཞིན་རིགས་ཀྱི་ཚོམ་བུ་ཡབ་ཡུམ་ཟུང་ལྔ་ཡ་བཅུ་དང་། དབུས་སུ་རྡོ་རྗེའི་རིགས་ཚོམ་བུ་ཡ་བཅུ་དང་། རྒྱབ་བམ་ནུབ་ཏུ་པདྨའི་རིགས་ཀྱི་ཚོམ་བུ་ལ་ཡ་བཅུ་སྟེ། དེ་ལྟར་སྐུ་གསུང་ཐུགས་ཀྱི་ཚོམ་བུ་ཆ་གསུམ་གྱི་མཐར། ཕྱོགས་མཚམས་བརྒྱད་དུ་ཁྲོ་བོ་ཡབ་བརྒྱད་དང་། ཁྲོ་མོ་ཡུམ་བརྒྱད་དེ་བཅུ་དྲུག་ཞལ་སྦྱོར་བའི་ཚོགས་དང་ལྡན་པའི་ཚོམ་བུ་གསུམ་གྱི་ལྷ་ཞེ་དྲུག་གི་ཚོགས་རྣམས་བསྒོམ་མོ། །གསུམ་པ་ཚོམ་བུ་ལྔ་པ་བསྒོམ་པའོ། །དྲང་། གཙོ་བོ་ཡབ་ལྔ་དང་། གཙོ་མོ་ཡུམ་ལྔའི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་ཞལ་སྦྱོར་བ་ཅན་དུ་བཞུགས་པའི་ཚུལ་ནི་ཅི་ལྟ་བུ་ཞེ་ན། འོག་གཞི་འཁོར་ལོར་རྩིབས་བཞི་ལྟེ་བ་དང་བཅས་པ་ལྔ་པོ་རེ་རེ་ལ་ཡང་། རྩིབས་ཆུང་བཞི་ལྟེ་བ་དང་བཅས་པ་རེ་རེ་སྟེ་ཕོ་བྲང་ཆ་ལྔ། དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས། རྩིབས་བཞིར་རྡོ་རྗེའི་རིགས་ཀྱི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་རྣམས་ཀྱིས་བསྐོར་བ། རྡོ་རྗེའི་རིགས་ཀྱི་ཚོམ་བུ་ལྟར་གསལ་པའི་རྣལ་འབྱོར་པ་ཡབ་ཡུམ་བཅུ་དང་། དེ་བཞིན་དུ་ཤར་ལྷོ་ནུབ་བྱང་བཞིར་། རྣམ་སྣང་། རིན་འབྱུང་། སྣང་མཐའ། དོན་གྲུབ་ཡབ་ཡུམ་གྱི་གཙོར་བྱས་པ་རྣམས་ལ། དེ་བཞིན་རིགས་དང་། རིན་ཆེན་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ་སྟེ། རིགས་བཞིའི་ཚོམ་བུ་ལ་ལྷ་བཞི་བཅུ། གོང་གི་དབུས་ཀྱི་ཚོམ་བུའི་ལྷ་བཅུ་སྟེ། དེ་ལྟར་ཚོམ་བུ་ལྔ་ཆའི་ཚོམ་བུའི་ལྷ་ལྔ་བཅུ། རྣལ་འབྱོར་པ་ཕོ་མོ་ལྔ་བཅུར་གསལ་བར་བསྒོམ་པ་བཀོད་ལ། ཚོམ་བུ་ཆ་ལྔ་པོ་དེའི་མཐར། ཕྱོགས་བཞི་མཚམས་བཞི། སྟེང་གི་ཆ་ཤར་བསྟོད། འོག་གི་ཆ་ནུབ་སྨད་དུ། རྣལ་འབྱོར་ཡབ་ཡུམ་ཆ་བཅུ་ལ། ཁྲོ་བོ་ཡབ་བཅུ་དང་། ཁྲོ་མོ་ཡུམ་བཅུ་སྟེ། ལྷ་ཉི་ཤུ་གསལ་བར་བཀོད་པས། དེ་ལྟར་གཙོ་བོ་རིགས་ལྔས་བྱས་པའི་ཚོམ་བུ་ལྔའི་ལྷ་བདུན་ཅུ་པོ་དེ་དག་ཀྱང་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་རྣམ་པར་གསལ་བར་བསྒོམ་མོ། །གཉིས་པ་ཡན་ལག་དབང་བསྐུར་བྱིན་རླབས་ཀྱི་ལྷ་བསྒོམ་པའོ། །དྲང་། དེ་དག་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ལྷ་གསུམ་ཡེ་ཤེས་ལྔས་དབང་བསྐུར་བའི་རྟགས་སུ་རིགས་ལྔས་དབུ་རྒྱན་པ་དང་། ཐུགས་ཡེ་ཤེས་སེམས་དཔའ་དང་ལྡན་པར་བྱས་ནས། གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་བསྟོད་སྨོན་ལམ་ཚོགས་མཆོད་ལྷག་མ་འཛབ་བསྙེན་གྱི་ལས་རིམ་དང་། དྲ ང་། རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་འོག་མིན་གྱི་གནས་ནས་སྙན་གསན་དབབ་པར་བྱས་ཏེ། སྤྱན་དྲངས་གཉིས་སུ་མེད་པར་གཞུག་ཅིང་བརྟན་པར་བཞུགས་སུ་གསོལ་བར་བྱས་ལ་ཕྱག་ནས་བཟུང་སྟེ་ཕྱི་ནང་གསང་བའི་པུ་ཙའི་རིམ་པར་མཆོད་པ་རྫོགས་ནས་གླུ་ཡེ་ཤེས་ཀྱིས་བསྟོད་དེེ་སྨོན་ལམ་བཏབ་ལ་ཛབ་ཀྱི་བསྙེན་པ་བྱ། དེ་ཚར་ནས་མཆོད་བསྟོད་བཤགས་པ་རིག་པའི་མེ་ཏོག་དོར་དངོས་གྲུབ་བསྐུལ་ཟིན་ནས་འཛབ་ཁང་བསྡུས་ཏེ། དེ་ནས་སྐལ་ལྡན་རྣལ་འབྱོར་པ་མིའི་ཚོགས་ཀྱིས་དགྱེས་ལྡན་ལྷའི་ཚོགས་ལ་འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ཚུལ་བཞིན་དུ་མཆོད་པའི་ཕྲིན་ལས་གཞུང་ལྟར་དུ་བྱ། དེ་ལྟར་བསྒྲུབས་པས་ནང་ནུབ་ཀྱི་བར་སྐབས་ཀུན་ཏུ་མཁའ་འགྲོ་སོ་གཉིས་ལ་སོགས་པའི་ལྷག་མགྲོན་རྣམས་ལ་ལྷག་མ་གཞུང་བཞིན་དུ་སྦྱིན་ཅིང་ཕྲིན་ལས་བཅོལ། སྒྲུབ་པ་ལ་བར་ཆད་བྱེད་པའི་ཉུལ་ལེ་མ་ཡང་དུས་སུ་བཟློག་ཅིང་བསྙེན་པ་བྱའོ། །དེ་ལ་དུས་ཚོད་བཅུ་གཉིས་ཀྱི་ཉུལ་ལེ་མ་ནི། སྒྲུབ་པ་ལ་ཞུགས་ནས་དགོང་མོ་ཉི་མ་ནུབ་ཁའི་ཟེར་ལ་ཉུལ་ལེ་བྱ་རོག་སྐད་འགྱུར་མ་འོང་སྟེ། རྟགས་སུ་ཉམས་མི་དགའ་གཉིད་འཐིབ་པ་འོང་། སྲོད་ལ་བྲང་རྐུན་ནག་མོ་འོང་སྟེ། རྟགས་སུ་ཤེས་པ་བྱིང་སྙིང་རྗེ་མི་སྐྱེ་སྟེ་ཤ་ཁྲག་ཟ་འདོད་པ་འོང་། ནམ་གུང་ལ་གཏི་མུག་རྒྱན་བྱེད་མ་འོང་སྟེ། རྟགས་སུ་མར་མེའི་བཀྲག་ཉམས། ཆགས་པ་སྐྱེ། དབང་མེད་པར་གཉིད་དུ་འགྲོ། ནམ་ཕྱེད་ན་འདོད་ཆགས་དམར་མོ་ར་ནུ་ཅན་བྱ་བ་འོང་སྟེ། རྟགས་སུ་དལ་སྟེང་དུ་ཞིང་སྤགས་མགོ་ཐུར་ལ་བསྟན་པ་སྟེ། གང་ནས་སྲུང་མར་བརྫུས་ཏེ། ཆགས་པ་སྤྱོད་ཚུལ་སྟོན་དུ་འོང། ཕྱེད་ཡོལ་ནམ་སྨད་དུ་དུན་སེར་ཙེར་འོང་སྟེ། ཉམས་ཟིང་ངེ་བྱིན་མེད་ཅིང་འོང་། ཐོ་རེང་སྐྱ་རེང་ཤར་ཙ་ན་ལག་བསེ་མ་འོང་སྟེ། རྟགས་སུ་རིག་པར་འཕྲོ་བར་འོང་། ཉི་མ་ཤར་ཙམ་ན་གནམ་ཐིལ་ནག་མོ་འོང་སྟེ། རྟགས་སུ་ཤེས་པ་འཕྱོ་འདོད་པ་འོང་། ཉི་མ་དྲོས་པ་ལ་ཀླུ་སྲིན་སྔོན་མོ་འོང་སྟེ། རྟགས་སུ་སྙིང་ཆུ་ཧྲིལ་བྱེད་སྒྲུབ་མཆེད་ལ་ནད་དྲག་པོ་གཏོང་ངོ་། །ཉི་མ་ཕྱེད་ཚོད་ལ་ཀླུ་ཆེན་བཞི་འོང་སྟེ། རྟགས་སུ་ཉལ་སྙིང་འདོད་སྡུག་སེམས་སྐྱེ། དཀར་པོ་རེ་རེ་ནོར་སྙིང་ལ་འདོད་པ་འོང་། ཉི་མ་ཕྱེད་ཡོལ་ལ་ས་བདག་མ་ཡམ་འོང་སྟེ། རྟགས་སུ་ཉམས་ཆུང་ཞིང་བྱིང་བྱིང་བྱེད་པ་འོང་། ཉི་སྙུལ་སྨད་ལ་བདུད་ཐེའུ་རང་སྟོང་སྡེ་འོང་སྟེ། རྟགས་སུ་ཚིག་པ་ཟ་རྣམ་སྨིན་མི་དྲན་སྡིག་སྤྱོད་འདོད་པ་འོང་། དེ་ཡན་ཆད་ནི་དུས་བཅུ་གཉིས་ཀྱི་ཉུལ་ལེ་མས་བར་དུ་གཅོད་པའི་རྟགས་ཡིན་ལ། མདོར་ན་དམ་སྲི་རྒྱལ་འགོང་ཀླུ་སྲིན་སྔགས་པ་དམ་ཉམས། བཙུན་པ་ཁྲིམས་ཉམས། བོན་བོ་མཐར་ལྷུང་ལ་སོགས་ཤི་འདྲེ་ཉམས་པ་ཅན་རྣམས་བདུད་ཀྱིས་བསྐུལ་ནས་དུས་ཐམས་ཅད་དུ་ཡང་བར་ཆད་བརྩམ། བཟང་པོར་སྟོན་ཡང་ཉམས་མི་དགའ་བར་འོངས། དགོང་ཁ་བྱ་མཆུ་ནག་མོ་འོང་བ་ཤས་ཆེ་བས། དེ་དག་གི་ལྟས་ནི། དྲི་ལོག་པ་ཏིང་ངེ་འཛིན་མི་གསལ་བྱིན་ཆུང་། ཉམས་ཟིང་། སྙིང་མི་དགའ། ཆོས་བྱེད་སྙིང་མི་འདོད་ཐེ་ཚོམ་ཕྱོགས་མེད་སྐྱེ། བླ་མ་དང་མཆེད་ལ་སྣང་བ་ལོག །གླུ་གཞད་ལ་དགའ། སེམས་ལས་སུ་མི་རུང་བ་ཐམས་ཅད་དོ། །དེ་ཚེ་ཉུལ་ལེ་བསྐྲད་པ་ནི་ལས་སློབ་པས་གིང་ཆས་ཐོགས་ལ་འཇིགས་པ་ལ་ཞུགས། མི་རྐང་མི་ལྤགས་འབྲས་མཆན་སྔགས་ལྡན་དང་། བོང་མཛེ་འུག་མགོ་སྐམ་པོའི་ཐོ་བ་དང་། གུ་གུལ་སྦྱར་མ་ཡང་བཤམས་ཏེ། རྔ་དྲག་ཏུ་བརྡུང་། ཨེ་གྲུ་གསུམ་དོང་ནང་དུ། ཉུང་ལེ་མ་རྣམས་ཀྱི་མིང་གི་དྲིལ་བསྐོར་བར་བྱས་ལ། འགུག་གཞུག་བྱ། ཕོ་ཉ་བཏང་ནས་བསྐྲད་དགོས་པར་གསུངས་སོ། །གཉིས་པ་ཉེ་བསྙེན་གྱི་ཚད་དང་བྱེད་ལས་བསྟན་པའོ། །དྲང་། དེ་ཡང་ཟླ་བ་ཕྱེད་ཞག་བདུན་དུ་ཉེ་བའི་བསྙེན་པ་བྱ་སྟེ། བདག་དམ་ཚིག་གི་ལྷ་དང་། མདུན་ཡེ་ཤེས་ཀྱི་ལྷ་རང་བཞིན་ལྷུན་གྲུབ་པའི་ཡེ་ཤེས་ཀྱི་ལྷར་གསལ་བའི་བར་དུ་བཟླས་པའི་འོད་ཟེར་དཀར་པོ་འཕྲོ་བས་བདེ་བར་གཤེགས་པ་ལ་མཆོད་པ་ཕུལ། ཚུར་འདུས་བདག་གི་སྒྲིབ་པ་སྦྱང་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱེད་པའོ། །གསུམ་པ་སྒྲུབ་པ་དང་། དྲང་། དེ་ནས་ཞག་བཅོ་ལྔའི་ནུབ་ཐ་མ་ཞག་གཅིག་མ་གཏོགས་པ་མར་ཕྱེད་ཞག་བདུན་དུ་སྒྲུབ་པ་བྱ་སྟེ། བཟླས་པའི་འོད་ཟེར་དམར་པོ་ཕར་འཕྲོས་པས་དངོས་གྲུབ་སྩོལ་ཅིག་པར་བསྐུལ་ཚུར་འདུས་པས་དངོས་གྲུབ་ཐོབ་པར་བསྒོམ་སྟེ། དེ་གཉིས་བསྣོལ་མར་བྱས་བས་དོན་གཉིས་བསྒྲུབ་པར་བྱའོ། །བཞི་པ་སྒྲུབ་པ་ཆེན་པོ་དང་ཞོར་ལ་ཞག་གྲངས་རྒྱུད་བཞིན་ཤེས་ནས་བསྒྲུབ་དགོས་པར་བསྟན་པའོ། །དྲང་། དེ་ལྟར་སྒྲུབ་པའི་ཞག་གྲངས་ཟླ་བ་དྲུག་བཅུ་གཉིས་བཅུ་བཞི་བཅུ་དྲུག་གང་དང་གང་ཡིན་པ་དང་། བཟླས་པའི་གྲངས་ཚང་ནས་འགྲུབ་པའི་རྟགས་འོད་ལ་སོགས་པ་རྣམས་བྱུང་ན། ནུབ་ཐ་མ་ལ་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བཟླས་པའི་འོད་ཟེར་ཁ་དོག་མཐིང་ག་ཚུར་བདག་ལ་འདུས་ནས་བླང་བ་ནི་སྒྲུབ་པ་ཆེན་པོའོ་ཞེས་པའམ། དངོས་གྲུབ་ཡུམ་གྱི་མཁའ་ལས་བླང་བ་ནི་སྒྲུབ་པ་ཆེན་པོ་ཨཱ་ལི་ཉམས་སུ་ལེན་པའོ། །གོང་གི་དུས་ཟླ་ཕྱེད་ལ་སོགས་པ་དེ་བཞིན་དུ་བརྩིས་པས་ཆོག་གམ་ཞེ་ན་མི་ཆོག་སྟེ། བསྙེན་སྒྲུབ་ཀྱི་ཡུན་རྒྱུད་ཀྱི་ནང་ནས་གསུངས་པའི་ཞག་གྲངས་ནི་སུམ་ཅུ་ཕྲག་དྲུག་ལ་སོགས་པ་བཤད་པ་བཞིན་དུ་ཆ་བགོ་ལ་བསྒོམ་བཟླས་ལ་བར་ཆད་མེད་པར་ཚོམ་བུ་ཚོགས་བསྒྲུབ་པར་བྱའོ། །གཉིས་པ་སྒྲུབ་པའི་གྲོགས་ཡོ་བྱད་ལ་སྤྱད་ཐབས་ལ་གསུམ་སྟེ། བགྲང་། དང་པོ་ཡོ་བྱད་ལྔ་ལ་སྤྱད་ཐབས་མདོར་བསྟན་པ་དང་། དྲང་། ཚོགས་སྒྲུབ་པའི་དུས་སུ་སྤྱིར་སྤྱོད་ལམ་དུ་ཡོ་བྱད་ལྔ་ལ་ལོངས་སྤྱོད་ཅིང་རོལ་ལ། གཉིས་པ་སྦྱོར་སྒྲོལ་གྱི་མཆོད་པ་དངོས་སུ་སྤྱོད་ལུགས་ཁྲོ་བོའི་སྐབས་སུ་བསྟན་པའོ། །དྲང་། བྱེ་བྲག་ཏུ་དངོས་སུ་ཕྱུངས་པ་སྦྱོར་སྒྲོལ་གྱི་མཆོད་པ་རྣམ་པ་གཉིས་པོ་ཚོགས་སྒྲུབ་ཀྱི་སྐབས་སུ་གལ་ཆེ་བས་གཙོས་སུ་དགོས་པ་གང་ལྟར་ཡིན་པའི་ཚུལ་རྒྱས་བཤད་ནི། དཀྱུས་ཀྱི་ཕྱི་མ་གདུག་པ་འདུལ་བར་བྱེད་པོ་ཁྲོ་བོའི་སྐབས་སུ་ཤེས་པར་བྱའོ། །གསུམ་པ་ཡོ་བྱད་ལྔ་ལ་སྤྱད་ཐབས་ཡོན་ཏན་དང་བཅས་པ་རྒྱས་པར་བཤད་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་མཚན་མེད་ཀྱི་ཏིང་ངེ་འཛིན་གྱི་ངང་ནས་ཆོས་ཉིད་ལ་ཆོས་ཉིད། ཡེ་ཤེས་ལ་ཡེ་ཤེས་རོལ་པའི་ཚུལ་གྱིས་སྤྱད་ཐབས་ཞི་ཁྲོ་གཉིས་ཐུན་མོང་དང་། དྲང་། གོང་དུ་བསྟན་པའི་སྔ་མ་ཡོ་བྱད་ལྔ་ལ་སྤྱད་ཐབས་རྒྱས་པར་བཤད་ཅིང་གསལ་བར་བསྟན་པར་བྱ་བ་ནི་འདི་ལྟ་སྟེ། གོས་དང་རྒྱན་གྱི་ཡོ་བྱད་བཟའ་བ་དང་བཏུང་བའི་དང་། གླུ་ཚིག་སྒྲའི་དང་། བྲོ་གར་འདུ་འཕྲོའི་ཡོ་བྱད་རྣམས། རང་རིག་པའི་ཡེ་ཤེས་ཡི་གེ་ཧཱུྃ་གིས་མཚོན་ནས་ཡེ་ཤེས་ལྔའི་རང་བཞིན་དུ་ཤེས་པས་ཡོ་བྱད་རྣམས་ལ་སྤྱོད་བཞིན་མ་ཆགས་པའི་ཚུལ་གྱིས་རབ་ཏུ་སྤྱད་ན། ངོ་མཚར་བ་འབྲས་བུའི་ཚོགས་ཆེན་གཉིས་འབྱུང་བའི་དཀྱིལ་འཁོར་ཐམས་ཅད་བདག་ཉིད་ཆེན་པོའི་མཆོད་པས་མཉེས་པའི་ཕྱིར་རོ། །གསང་བ་ཨཱ་ལི་ཀཱ་ལི་ལ་སོགས་པའི་ཡོ་བྱད་བཟའ་བཏུང་གོས་རྒྱན། བྲོ་གྲར་གླུ་ཚིག་སྟེ་ལྔ་པོ་རྣམས་རང་རིག་པའི་ཡེ་ཤེས་ཉིད་ཡིན་པའི་ཕྱིར། དོན་དམ་མ་སྐྱེས་པའི་ཆོས་ཉིད་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་གསལ་བས་མི་རྟོག་པ་ཆོས་ཉིད་ལ། ཆོས་ཉིད་ཐིམ་པས་ཀུན་རྫོབ་དུ་མ་འགག་པའི་ཡེ་ཤེས་གཉིས་མེད་ཀྱི་རོལ་པར་སྒོམ་ཞིང་སྤྱོད། ཞི་བ་ལས་ཅིག་ཤོས་ཁྲོ་བོ་ཚོགས་སྒྲུབ་པའི་ཡོ་བྱད་ལ་སྤྱོད་པའི་ཚེ་ནའང་མཚན་མ་མེད་པའི་སྤྱོད་ཐབས་ཏིང་ངེ་འཛིན་དེ་བཞིན་དུ་བསྒོམ་པར་བྱ་སྟེ་མཐུན་པར་བྱ་བ་བསྟན་པ་ཡིན་ནོ། །གཉིས་པ་མཚན་བཅས་ཀྱི་ཏིང་ངེ་འཛིན་གྱི་ངང་ནས་སྤྱད་ཐབས་དེ་ལ་གཉིས་ཏེ། ལྷ་བྱེ་བྲག་ཏུ་གསལ་བའི་ངང་ནས་ཡོ་བྱད་ལྔ་ལ་སྤྱད་བྱེ་བྲག་ཏུ་བཤད་པ་དང་། སྤྱིར་སྒྱུ་འཕྲུལ་དྲྭ་བའི་ཏིང་ངེ་འཛིན་གསལ་བའི་ངང་ནས་ཡོ་བྱད་ལ་ལོངས་སྤྱོད་པའི་ཡོན་ཏན་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཡོ་བྱད་བཞི་ལ་སྤྱད་ཐབས་དང་། ཡོ་བྱད་བཞི་ལ་སྤྱད་པའི་རྗེས་སུ་གསང་བའི་ཡོ་བྱད་ལ་སྤྱད་ཐབས་སོ། །དང་པོ་ལ་གསུམ་ཏེ། བསམ་ཡས་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་གསལ་བའི་ངང་ནས་ལུས་བསྒུལ་ཡན་ལག་བསིགས་པའི་ཡོན་ཏན་དང་གཙོ་བོ་ལྷ་རང་རང་གི་ལུས་ལ་ལུས་ཀྱི་ཡན་ལག་དང་རྟོག་པའི་ཡན་ལག་གིས་ལྷ་གསལ་བའི་ངང་ནས་བྲོ་གླུ་གོས་རྒྱན་ལ་སྤྱོད་པའི་ཡོན་ཏན་དང་། ཚོམ་བུ་རང་རང་གི་ལྷ་གསལ་བའི་ངང་ནས་བྲོ་གླུ་དང་བཟའ་བཏུང་ལ་སྤྱོད་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་ཏིང་འཛིན་དང་། དྲང་། ཕྱོགས་བཅུ་དུས་བཞིས་བསྡུས་པའི་མཐའ་ཡས་བའི་སྣོད་བཅུད་འཇིག་རྟེན་གྱི་ཁམས་ཐམས་ཅད་རང་རིག་པའི་ངང་དུ་དབྱེར་མེད་པའི་མཎྜལ་ཏེ་དཀྱིལ་འཁོར། ཐབས་ཤེས་གཉིས་སུ་མེད་པའི་ཕྱིར་ཉི་ཟླ་ཤར་བའི་གདན་དང་བཅས་བའི་གཞལ་ཡས་ཁང་དེ་ལ་པདྨ་ལྟར་ཆགས་པ་མེད་པའི་གདན་བཏིང་ནས། རྒྱུ་ཡེ་ཤེས་རིན་པོ་ཆེ་ཡོན་ཏན་ཟད་པ་མེད་པར་འབྱུང་བའི་ཕོ་བྲང་གི་ལྷའི་གཞལ་ཡས་ཁང་དབུས་ཀྱི་ལྟེ་བ་ལ་སོགས་པའོ། །དེ་ཡང་རྒྱ་ཆེ་ཆུང་གི་ཚད་བློས་དཔག་ཏུ་མེད་པའི་ཕྱིར་རོ། །ལྷའི་ངོ་བོ་རང་རིག་བྱང་ཆུབ་བདེ་བ་ཆེན་པོ་དང་ལྡན་པ་བཞུགས་པའི་གཞལ་ཡས་ཁང་གི་དཀྱིལ་འཁོར་ལ་ཡང་། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ལྷ་དང་ལྷ་མོའི་དཀྱིལ་འཁོར་ཏེ་ཚོམ་བུ་གང་ཡིན་གྱི་ལྷ་ཏིང་ངེ་འཛིན་གྱིས་རབ་ཏུ་བཀོད་ནས་འདོད་པ་ཅི་བྱེད་ན་ཡོ་བྱད་ལ་ལོངས་སྤྱད་པའོ། །སྣོད་བཅུད་ཀྱི་རྟོག་པ་མ་ལུས་པ་ཐམས་ཅད་ལྷའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་དབྱིངས་སུ་བསྡུ་བར་བསྒོམས་ནས། གཉིས་པ་སྤྱོད་ལུགས་ཀྱི་ཡོན་ཏན་ནོ། །དྲང་། ལུས་བསྐྱོད་པ་དང་ཡན་ལག་བསྒུལ་ཅིང་བསིགས་ན། མིག་ལ་སོགས་པའི་དབང་པོ་ལྔའི་སྤྱོད་ཡུལ་ལྷ་རིགས་ལྔའི་དཀྱིལ་འཁོར་དུ་གསལ་བ་ཀུན་ཀྱང་། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ཉིད་དུ་ཡེ་ནས་ཡིན་པར་བཤད་དོ། །གཉིས་པ་ལུས་དང་ཡན་ལག་གི་ལྷ་གསལ་བའི་དང་ནས་སྤྱོད་པ་ལ་གཉིས་ཏེ། ཏིང་ངེ་འཛིན་དང་། སྤྱོད་ཐབས་སོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་གཞལ་ཡས་ཁང་དང་ལྷ་བསྒོམ་པ་དང་། དྲང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་པ་འབའ་ཞིག་བསྒོམ་པའི་སྐབས་ན་མི་རེ་ལྷ་རེ་བསྒོམ་པའི་ལུས་ལ་ལུས་ཀྱི་ཡན་ལག་དང་རྟོག་པའི་ཡན་ལག་གི་ལྷ་བཀོད་ནསབསྒོམ་མམ། ཅིག་གིས་ཀུན་བསྒོམ་བྱེད་ན་འདིར་བྲོ་སོགས་བྱེད་པའི་ཚེ་ན་རང་ལྷ་གསལ་ལུས་ལ་ཡན་ལག་གི་ལྷ་བཀོད་ནས་སྒོམ་པའང་། བྷྲཱུཾ་ལས་གཞལ་ཡས་ཁང་དང་འོག་གཞི་ཙཀྲ་རྩིབས་བཞི་ལྟེ་བ་དང་བཅས་པའི་དཀྱིལ་འཁོར་དུ་གདན་ཉི་ཟླ་གཉིས་ཟུང་དུ་འཕྲུལ་པར་བརྩེགས་པའི་ས་གཞི་ལ། པདྨ་ཆགས་མེད་ཀྱི་གདན་བཏིང་ནས། གོང་གི་གདན་དེའི་སྟེང་དུ་རྣལ་འབྱོར་བ་ཐབས་ལྷ་ཡབ་དང་ཤེས་རབ་ལྷ་ཡུམ་དུ་གསལ་བས་གཅིག་ལ་གཅིག་ཆགས་པ་མེད་པའི་ཚུལ་དུ་བསྒོམ་པས། གཉིས་པ་ཡན་ལག་གི་ལྷ་བསྒོམ་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། ལུས་ཀྱི་ཡན་ལག་བཞི་མགོ་དང་ལྔ་པོ་ཐམས་ཅད་ཀུན། རང་རྒྱུད་པའི་རྣམ་པ་མིན་ཏེ་རང་བཞིན་ངང་ངམ་ཡོངས་ཀྱི་ལྷ་རིགས་ལྔའི་དཀྱིལ་འཁོར་དུ་རྣམ་པར་དག་པ་ཡིན་པ་དང་། ཏིང་ངེ་འཛིན་གྱིས་ཀྱང་དེ་བཞིན་གཤེགས་པ་རིགས་ལྔའི་དཀྱིལ་འཁོར་དུ་བསྒོམ་པའོ། །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་སྒོམ་ཐབས་དང་། དྲང་། ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པས་བྱེད་པ་པོ་སུས་ཀྱང་མ་བཅོས་པར་ཡོངས་ཀྱིས་གྲུབ་པ་ལ་དེ་རང་རྒྱུད་དུ་གྲུབ་པ་མེད་དེ། གཞི་ཡེ་ནས་དེ་ལྟར་ཡིན་པ་ལ་ཡིན་པ་ལྟར་དུ་བསྒོམ་པ་ལྷག་པ་ཏིང་ངེ་འཛིན་གྱི་རིགས་ལྔའི་དཀྱིལ་འཁོར་གྱི་ལྷ་ཇི་ལྟར་བསྒོམ་ཞེ་ན། རྣལ་འབྱོར་པས་ཚོམ་བུའི་ལྷར་གསལ་བའི་དབུ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ལ་འཁོར་གྱི་ལྷ་བཅུ་སྒོ། ཡན་ལག་བཞི་ལ་རིགས་བཞིའི་གཙོ་འཁོར་གྱི་ལྷ་བཅུ་བཅུ་སྟེ་བཞི་བཅུ་བསྒོམ་པའོ། །དེ་ཡང་ལག་པ་གཡས་རྡོ་རྗེའི་རིགས་ཀྱི་ལྷ་བཅུ། གཡོན་རིན་ཆེན་རིགས་རྐང་གཡོན་པདྨའི་རིགས། གཡས་ལས་ཀྱི་རིགས། ལྷ་དེ་དག་གི་ཁ་དོག་དང་དབྱིབས་དང་ཕྱག་རྒྱ་ཕྱག་མཚན་རྣམས་དང་། ཐབས་ཡབ་དང་ཤེས་རབ་ཡབ་ཡུམ་སྟེ་ཚོམ་བུ་བཅུ་གསལ་བར་བསྒོམ་སྟེ། གཉིས་པ་འཕྲོ་འདུ་བྱས་པའི་ཡོན་ཏན་ནོ། །དྲང་། ལྷ་དེ་དག་ལས་འོད་ཟེར་ཕྱོགས་བཅུར་སྤྲོས་ཤིང་དོན་གཉིས་བྱས་ཁྱད་པར་དུ་ངན་སོང་གསུམ་གྱི་སྒྲིབ་པ་སྦྱངས་ལ། སླར་རང་ལྷར་གསལ་བའི་ཡན་ལག་གི་གནས་སུ་བསྡུ་ཞིང་དཀྱིལ་འཁོར་ལ་བསྟིམ་མོ། །འདས་པ་ཐེག་འོག་དང་མ་འདས་པ་འཁོར་བའི་སེམས་ཅན་ཐམས་ཅད་ཀུན། བདེ་བར་གཤེགས་པའི་ཞིང་ཁམས་ཁྱད་པར་ཅན་དུ་རྣམ་པར་སྦྱོངས་ཏེ་སྦྱོར་བའོ། །གཉིས་པ་སྤྱད་ཐབས་ཀྱི་ཡན་ལག་ལ་ལྔ་སྟེ། སྤྱོད་པའི་ཡོན་ཏན་བཅས་པ་དང་། བགོ་བ་དང་། རྒྱན་དང་། བྲོ་གར་གླུ་ཚིག་ཐུན་མོང་དུ་སྤྱད་ཐབས་དང་། གར་དང་མངོན་ཤེས་ཀྱི་སྤྱད་ཐབས་སོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་སྤྱོད་པ་དང་། དྲང་། དེ་ལྟར་རྣལ་འབྱོར་པས་ལྷའི་དཀྱིལ་འཁོར་དུ་གསལ་བའི་ཡན་ལག་ཆེན་པོ་མགོ་བོ་ལ་སོགས་པ་ལྔ་བསྐྱོད་ན། གཉིས་པ་ཡོན་ཏན་ནོ། །དྲང་། རིགས་ལྔའི་དཀྱིལ་འཁོར་མ་ལུས་པ་ཐུགས་རྗེས་གཞན་དོན་ལ་གཡོ་ནས་དོན་ཅི་མཛད་ན་འགྲོ་བ་ལྔའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དུ་འཛུད་པར་མཛད་ཅིག །དུས། སེམས་ཅན། ཚེ། ལས། ཉོན་མོངས་པའི་སྙིགས་མ་ལྔ་ཡང་སེམས་ཉིད་བདེ་བའི་ངང་དུ་རྣམ་པར་དག་གོ། །གཉིས་པ་བགོ་བ་གོས་ལ་གཉིས་ཏེ། བགྲང་། དང་པོ་སྤྱོད་པ་དང་། དྲང་། རྒྱུ་བཟང་ལ་ཁ་དོག་མཛེས་ཤིང་བཟོ་ལེགས་པའི་དར་གྱི་ཆས་གོས་ལྔ་བགོས་ནས་ཏིང་ངེ་འཛིན་གྱི་ཡེ་ཤེས་ལྔའི་འོད་ཟེར་སྣ་ཚོགས་འཕྲོ་བར་བསྒོམས་ན་ཡོན་ཏན་ནི་འོད་ཟེར་སྣ་ཚོགས་འཕྲོ་བར་འགྱུར་ཏེ། གཉིས་པ་ཡོན་ཏན་ནོ། །དྲང་། དེ་ནས་དུས་མཐར་ཐུག་མེད་ཀྱི་བར་དུ། ཡེ་ཤེས་ལྔ་རྟོགས་པ་ཡིས་རང་ལ་བརྒྱན་པར་འགྱུར་རོ། །གསུམ་པ་རྒྱན་ལ་གཉིས་ཏེ། བགྲང་། དང་པོ་སྤྱོད་པ་དང་། དྲང་། རིན་པོ་ཆེའི་རྒྱན་བརྒྱད་ལ་སོགས་པའི་རྒྱན་མཆོག་མཛེས་པས་རྣལ་འབྱོར་པའི་ལུས་བརྒྱན་ནས། ལྷའི་ཏིང་ངེ་འཛིན་གྱི་ཚོམ་བུའི་ལྷ་ཚོགས་ལ་འོད་ཟེར་འབར་ཞིང་གསལ་བར་བསྒོམ་སྟེ། དེ་ལས་ཕྱོགས་བཅུ་གང་བར་ལྷའི་དཀྱིལ་འཁོར་སྤྲོ་ཞིང་། སྤྲོ་དུས་རིག་པ་བདག་ཉིད་ཆེན་པོ་ལྷའི་དཀྱིལ་འཁོར་དུ་གསལ་བ་ལས། གསལ་དུས་སེམས་ཉིད་མི་དམིགས་པ་སྐྱེ་བ་མེད་པའི་དབྱིངས་ཀྱི་ངང་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་འདོད་ཡོན་གྱིས་མཆོད་ན། འདོད་ཡོན་ལྔ་རུ་གསལ་བ་མ་འགགས་པ་ཐབས་དང་། རང་བཞིན་མེད་པའི་ཤེས་རབ་ཀྱི་ཚུལ་དུ་གནས་པར་སྤྱད་པས། བདེ་བ་མཆོག་གི་རོ་ཡང་མྱོང་ཞིང་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་དོ། །བདེ་བ་དེ་ལ་མ་ཆགས་ཤིང་འཛིན་པ་མེད་པའི་ཡེ་ཤེས་ཀྱི་ཚོགས་དང་ཚོགས་ཆེན་པོ་གཉིས་དང་ལྡན་པར་འགྱུར་རོ། །གཉིས་པ་བྲོ་གར་གླུ་ཚིག་ལ་གཉིས་ཏེ། ཐུན་མོང་དུ་སྤྱད་པ་དང་། གར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་སྤྱོད་པ་དང་། དྲང་། རྐང་པའི་བྲོ་དང་ལག་པའི་གར་ཐབ་ཀྱི་ཕྱག་རྒྱ་དང་། ངག་གིས་སྙན་པའི་གླུ་དབྱངས་བདེན་པའི་ཚིག་དང་ཏིང་ངེ་འཛིན་དང་ལྡན་པ་དག་གིས་སྒྲ་བསྒྲགས་ན་ཡོན་ཏན་གང་འབྱུང་སྙམ་པ་ལས། གཉིས་པ་ཡོན་ཏན་ནོ། །དྲང་། ཕྱོགས་བཅུའི་འགྲོ་དྲུག་གི་སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་མ་ལུས་པ་ཀུན། སྐུ་ལྔ་ལྷུན་གྲུབ་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་སྐུ་རུ་མཐོང་བར་འགྱུར་ཞིང་། གླུའི་ཡོ་ཏན་གྱི་སྒྲ་སྐད་ཐམས་ཅད་གསུང་ལྔ་ལྷུན་གྲུབ་དམ་པ་ཆོས་ཀྱི་དུང་ཆེན་པོའི་སྒྲ་ཡང་ཐོས་པར་འགྱུར་རོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་བྱང་ནས་ལྷག་པའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་འགྲུབ་པར་འགྱུར་རོ། །དེ་ཡང་སྒྲིབ་པ་གཉིས་པོ་ཇི་ལྟར་ཡིན་ཞེ་ན། ཉོན་མོངས་པའི་སྒྲིབ་པས་བློ་ལ་ཆོས་ཉིད་གསལ་དུ་མི་སྟེར་བ་དང་། ཤེས་བྱའི་སྒྲིབ་པས་ཤེས་བྱ་ལ་ཡེ་ཤེས་འཕེལ་དུ་མི་སྟེར་བའོ། །ཡང་ན་ཉོན་སྒྲིབ་ཀྱིས་ཚོགས་སྤྱོད་ཀྱི་ཆོས་ཉིད་གསལ་དུ་མི་སྟེར་བ་དང་། ཤེས་སྒྲིབ་ཀྱིས་མཐོང་སྒོམ་ཡན་ཆད་ཀྱི་ཆོས་ཉིད་གསལ་དུ་མི་སྟེར་བའང་ཡིན་ནོ། །དེ་ལྟར་ན་ལམ་པ་གང་ལ་སྒྲིབ་པ་གང་ཡོད་ཅེ་ན། འདིའི་ལུགས་ལ་ཚོགས་ལམ་ལ་ལས་སྒྲིབ། སྦྱོར་ལམ་ལ་ཉོན་སྒྲིབ། མཐོང་ལམ་ལ་ཀུན་འགྲོའི་སྒྲིབ་པ། སྒོམ་ལམ་ལ་ལྷན་ཅིག་གནས་པའི་སྒྲིབ་པ། མཐར་ལམ་ལ་བག་ལ་ཉལ་བའི་སྒྲིབ་པ་རྣམས་ཡོད་པར་འདོད་དོ། །སྒྲིབ་པ་དེ་དག་སྤང་ཚུལ་ནི། དེས་ལམ་ཇི་བཞིན་པའི་དབང་དུ་ལྟ་བ་སྔོན་དུ་འགྲོ་བ་ཡིན་ཏེ། དེ་ཡང་རྟོགས་ནས་གོམས་དགོས་པའི་ཕྱིར། ཤེས་སྒྲིབ་ཐོག་མར་སྤངས་བར་འདོད་ལ། དྲང་། ལམ་རྟོགས་ཐབས་ཀྱི་དབང་དུ་སྒོམ་པ་སྔོན་དུ་འགྲོ་བ་སྟེ། དེ་ཡང་ཉོན་མོངས་ཕྲ་རགས་ཅི་རིགས་པ་དག་ནས་ཡེ་ཤེས་འཕེལ་བའི་ཕྱིར། ཉོན་སྒྲིབ་ཐོག་མར་སྤང་བར་འདོད་དོ། །བྲོའི་སྒོ་ནས་བདེན་པ་མཐོང་བ་དང་། གླུའི་སྒོ་ནས་སྙན་པ་དང་གྲགས་པ་ཐོབ་ཅིང་། བསོད་ནམས་ཀྱི་ཚོགས་ཆེན་པོ་འགྲུབ་ལ། དེ་ལ་ཡང་ཆགས་པ་མེད་ཅིང་མི་འཛིན་པས་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གཉིས་དང་ལྡན་པར་འགྱུར་རོ། །གཉིས་པ་གར་བྱེ་བྲག་ཏུ་བཤད་པའོ། །དྲང་། རྣལ་འབྱོར་ཕོ་མོ་ལྷར་གསལ་བའི་ཐབས་ཡབ་དང་ཤེས་རབ་ཡུམ་ཐམས་ཅད་ཀུན་ལངས་ལ་གར་བྱ་བ་ནི། མི་གཅིག་གི་ཀུན་སྒོམ་པར་བྱེད་ན་གར་བྱེད་དུས་འཁོར་བསྡུས་ལ་རང་རང་གཙོ་བོར་གསལ་བས། དབུས་ནས་ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ། རྟོགས་པ་ཟིལ་གྱིས་གནོན་པ་སེང་གེའི་ལྟབས་ཆེན་གྱིས་མཆོང་བར་བྱའོ། །ལྔ་པ་མངོན་ཤེས་ལ་གཉིས་ཏེ། བགྲང་། དང་པོ་སྤྱོད་པ་དངོས་དང་། དྲང་། མིག །རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་སྟེ་སྙིང་གའམ་ལྟེ་བ་དང་ལྔ་ལ་རིགས་ལྔའི་ཡི་གེ་ལྔ་སྒོམ་ཚུལ་ནི། མིག་ལ་ༀ། རྣ་བ་ལ་ཧཱུྃ། སྣ་ལ་ཏྲམ། ལྕེ་ལ་ཧྲཱིཿ ལུས་ལ་ཨཱཿསྟེ་དེ་རྣམས་གསལ་བའི་ཡེ་ཤེས་ལས་འོད་ཟེར་འཕྲོས་པ་འཕགས་པ་མཆོད། སེམས་ཅན་གི་དོན་བྱས། ཚུར་འདུས་བདག་གི་ༀ་ལ་སོགས་པ་ལ་ཐིམ་པས་མིག་གིས་གཟུགས་ཉེ་རིང་མེད་པར་མཐོང་བ་ལ་སོགས་པའི་མངོན་ཤེས་ཉི་ཤུ་རྩ་ལྔ་རྫོགས་སོ། །དེ་ཡང་རྒྱས་པ་ལས ། ཐབས་དང་ཤེས་རབ་ལྡན་གྱུར་ནས། །ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ། །སེང་གེའི་སྟོབས་ཆེན་མཆོངས་བར་བྱ། །ལྕེ་དཀྱིལ་ཡི་གེ་ཧྲཱིཿབསྒོམ་ནས། །ལྕེ་ནི་བསམ་གྱིས་མི་ཁྱབ་དང་། །ཧྲཱིཿཡང་བསམ་གྱིས་མི་ཁྱབ་སྤྲོ། །ཕྱོགས་བཅུ་དུས་བཞི་མཐའ་ཡས་སུ། །གསུང་གི་དཀྱིལ་འཁོར་རབ་འབྱམས་འབར། །གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །བསམ་གྱིས་མི་ཁྱབ་ཀུན་ཏུ་གྲགས། །སྒྲ་དང་མིང་ཚིག་སོ་སོར་གྲགས། །ལྗགས་ཀྱི་དབང་པོ་བགྲམ་ལས་གསུངས། །ཐར་དང་མ་ཐར་གཉིས་ཀ་བརྗོད། །དེས་པ་ཁོ་ནར་ཡང་དག་འདུས། །དེ་བཞིན་ཉིད་ཀྱིས་གཅིག་མ་གསུངས། །རྣ་བའི་དབང་པོའི་དཀྱིལ་འཁོར་དང་། །ཏྲཾ་གི་ཡི་གེ་གསལ་བསྒོམས་ནས། །མཐའ་ཡས་བསམ་གྱིས་མི་ཁྱབ་སྤྲོ། །ཏྲཾ་ཡང་བསམ་ཡས་འོད་འཕྲོ་འབར། །ཕྱོགས་དུས་དཀྱིལ་འཁོར་མ་ལུས་ཐོབ། །འགྲོ་དྲུག་འཁོར་བའི་གནས་ཡང་ཐོས། །སྒྲ་དང་ཐོས་པ་གཉིས་མེད་པའོ། །དེ་བཞིན་དྲི་དང་རོ་རེག་རྣམས། །སོ་སོའི་མཚན་ཉིད་གསལ་བསྒོམ་ན། །ཡིག་འབྲུའི་སྙིང་པོ་ཇི་བཞིན་དགོད། །སངས་རྒྱས་དཀྱིལ་འཁོར་མ་ལུས་དང་། །འགྲོ་དྲུག་མ་ལུས་ཐམས་ཅད་ཀུན། །ཆགས་པ་མེད་པའི་ཚུལ་གྱིས་རོལ། །དྲི་ལ་སོགས་པ་བདེ་མཆོག་གིས། །ཀུན་ལ་ཚིམས་པར་ཡང་དག་མཆོག །འགྲོ་དྲུག་མ་ལུས་ཐམས་ཅད་ལ། །ཇི་ལྟར་འཚམས་པའི་དོན་ཡང་བྱེད། །ཐབས་མཁས་ཐུགས་རྗེ་དེ་ལྟར་སྟོན། །ཀུན་བྱས་བྱང་ཆུབ་ཉིད་དུ་འོང་། །ཞེས་སོ། །གཉིས་པ་སྤྱོད་པའི་ཡོན་ཏན་ནོ། །དྲང་། དེས་འདོད་པའི་ཡོན་ཏན་གཟུགས་སོགས་ཡུལ་ལྔ་ལ་འཛིན་པ་མེད་པར་རོལ་པས། ཡོན་ཏན་དེས་རྣལ་འབྱོར་བ་བདག་གི་དོན་དང་། གདུལ་བྱ་སེམས་ཅན་གཞན་གྱི་དོན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །གསུམ་པ་ཚོམ་བུ་རང་རང་གི་ལྷར་གསལ་བའི་ངང་ནས་སྤྱོད་ཐབས་ལ་གཉིས་ཏེ། བགྲང་། དང་པོ་སྤྱོད་པའི་ཏིང་ངེ་འཛིན་དང་། དྲང་། ཚོམ་བུ་གཅིག་གསུམ་ལྔ་པ་གང་ཡང་རུང་བའི་ལྷར་གསལ་བའི་རྣལ་འབྱོར་པ་ཡབ་ཡུམ་རྣམས་ཀྱི་ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་རྣམས་དང་། ཕན་ཚུན་གཅིག་ལ་གཅིག་འོད་ཟེར་ཕར་འཕྲོ་ཞིང་ཚུར་བསྡུ་བའི་ངང་ལས་མཐར་བདག་ཉིད་ལ་བསྟིམ་པར་བྱས་ཏེ། དེ་ལྟར་རྣལ་འབྱོར་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཚོམ་བུ་གང་རུང་གི་ལྷ་འོད་འབར་བ་ཏིང་ངེ་འཛིན་གསལ་བར་གྱུར་ནས་རྣལ་འབྱོར་པས་བདག་ཅག་ཚོམ་བུའི་ལྷར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་གཉིས་སུ་མེད་པར་བསྒོམ་མོ། །གཉིས་པ་སྤྱོད་ཐབས་དེ་ལ་གཉིས་ཏེ། བགྲང་། དང་པོ་བྲོ་གར་གླུ་ལ་སྤྱོད་པའི་ཐབས་ཡོན་ཏན་དང་བཅས་པ་དང་། དྲང་། དེ་ནས་རིགས་ལྔ་པོའི་གཙོ་བོ་དབུས་ན་གནས་པའི་དེ་བཞིན་རིགས་ཤར་དང་། རཏྣ་ལྷོ། པདྨ་ནུབ། ལས་བྱང་ཕྱོགས་ཏེ་རང་རང་གི་ཕྱོགས་སུ་རིམ་པ་བཞིན་དུ་ཁ་བལྟས་ཏེ། ཐུགས་རྡོ་རྗེའི་རིགས་དང་། སྐུ་དེ་བཞིན་གཤེགས་པ། གསུང་པདྨ། ཡོན་ཏན་རཏྣ། ལས་ཀྱི་རིགས་དོན་གྲུབ་གྱི་གླུ་དང་། བྲོའི་ཚིག་རྒྱས་པའི་རྒྱུད་ནས་འབྱུང་བ་ལྟར་བརྗོད་པ་དང་། དེའང་ཡེ་ཤེས་ལྔས་བརྒྱན་པའི་གླུ་བྲོ་བྱ་སྟེ། རིགས་ལྔ་སྤྱིའི་གླུ་ཚིག་བརྗོད་པ་དང་། བྲོ་བྱ་བ་ནི་སེང་གེ། གླང་ཆེན། རྟ་མཆོག །རྨ་བྱ། ཤང་ཤང་དང་། རྣམ་པ་ལྔ་ཡི་སྟོབས་ལྔ་དང་གླུ་དང་ལྡན་པར་བྱ་བ་ལ། རང་རང་གི་ཏིང་ངེ་འཛིན་གྱི་སྲོག་དང་ལྡན་པའི་རིགས་ལྔའི་བྲོ་གླུས་བདག་གཞན་གྱི་དོན་གཉིས་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ཡང་བྲོ་ཚིག་བརྗོད་པ་ནི། རྒྱས་པའི་རྒྱུད་ལས། དབུས་ནས་ཤར་དུ་ཁ་བལྟས་ཏེ། །རྐང་པའི་སྟབས་ཆེན་བསྐྱོད་བྱས་ཤིང་། །ལག་གི་འདུ་བྱེད་བསྐྱོད་བྱས་ནས། །བྲོ་དང་གར་གྱི་ཕྱག་རྒྱ་བྱ། །དཀྱིལ་འཁོར་འོད་ཟེར་དཀར་སྤྲོ་བ། །བྱང་ཆུབ་སེམས་སུ་རྣམ་པར་དག །ཤིན་ཏུ་གསལ་དང་འོད་ཟེར་འབར། །ཐབས་དང་ཤེས་རབ་བདེ་བར་འགྲུབ། །ཅིང་ཀྱང་མི་ཚུགས་རྡོ་རྗེ་ཡིན། །བདུད་བཞི་དག་ནི་འཇོམས་པར་བྱེད། །ཐེག་མཆོག་རྡོ་རྗེའི་རིག་འཛིན་པ། །ཐབས་དང་ཤེས་རབ་བདེ་འགྲུབ་ཤོག །མཉམ་ཉིད་རིགས་པ་རྡོ་རྗེ་ཡིས། །ཉོན་མོངས་སྡུག་བསྔལ་མེད་པར་བྱེད། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །ཐབས་དང་ཤེས་རབ་གསལ་འགྱུར་ཤོག །ཉོན་མོངས་སྡུག་བསྔལ་བརྩད་བཅད་ནས། །མ་རིག་མུན་པ་མེད་པར་བྱེད། །ཐུགས་རྗེའི་འོད་ཟེར་ཉི་ཤར་བས། །ཐབས་དང་ཤེས་རབ་འོད་འབར་ཤོག །ཤིན་ཏུ་སྲ་ཞིང་སྐྱེ་ཤི་མེད། །རྡོ་རྗེ་ཐུགས་རྗེ་རོལ་སྟོན་པ། །འགྲོ་ལ་ཐུགས་རྗེ་ཡོངས་ཀྱི་འབྱུང་། །ཐབས་དང་ཤེས་རབ་བྱམས་ལྡན་ཤོག །དེ་ནས་སྐུ་དེ་བཞིན་གཤེགས་པའི་བྲོ་གླུ་ནི། ཁ་ཤར་དུ་བལྟས་ཏེ། གླང་པོ་ཆེ་ཡི་སྟངས་སྟབས་ཀྱིས། །བདེ་གཤེགས་མ་ལུས་ཐམས་ཅད་ཀུན། །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་རྗེའི་དཀྱིལ་འཁོར་དུ། །མ་ལུས་ཀུན་འདུས་རྣམ་པར་དག །ཐབས་ཆེན་དཀྱིལ་འཁོར་ཡང་དག་པ། །བདེ་གཤེགས་ཀུན་ལ་ཡང་དག་འཕྲོ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །བདེ་བས་དཀྱིལ་དུ་མཁས་པས་བསྡུས། །ཐམས་ཅད་མ་ལུས་རིགས་བཞི་ཡི། །ནང་དུ་མ་ལུས་གང་ཡང་མེད། །དེ་ནི་བདེ་གཤེགས་དཀྱིལ་འཁོར་ཉིད། །ཐབས་དང་ཤེས་རབ་བདེ་འགྲུབ་ཤོག །དེ་ནས་ཡོན་ཏན་རིན་འབྱུང་གི་བྲོ་གླུ་ནི། རྟ་མཆོག་གི་སྟངས་སྟབས་བྱ་ཞིང་། །ཐབས་དང་ཤེས་རབ་ལྡན་གྱུར་པས། །ཡོན་ཏན་ཕྱོགས་སུ་ཁ་བལྟས་ཏེ། །ལུས་བསིགས་ཡན་ལག་བསྒུལ་བསྐྱོད་ནས། །སྟབས་ཆེན་དག་ཀྱང་བརྡུང་བར་བྱ། །དཀྱིལ་འཁོར་མ་ལུས་འབྱུང་བའི་གཏེར། །ཟག་མེད་ནོར་བུ་རིན་པོ་ཆེ། །མ་ལུས་ཀུན་གྱི་རེ་བ་སྐོང་། །ཐབས་དང་ཤེས་རབ་བདེ་འགྲུབ་ཤོག །དེ་ནས་གསུང་སྣང་བ་མཐའ་ཡས་ཀྱི་བྲོ་གླུ་ནི། རྨ་བྱའི་སྟངས་སྟབས་བྱ་ཞིང་། །ཐབས་དང་ཤེས་རབ་ལྡན་གྱུར་ནས། །ནུབ་ཕྱོགས་སུ་ནི་ཁ་བལྟས་ཏེ། །ལུས་བསིགས་ཡན་ལག་བསྒུལ་བསྐྱོད་ཅིང་། །ཡན་ལག་ལྔ་པོ་བསྐྱོད་བྱས་ཏེ། །གར་རྣམས་ཤིན་ཏུ་གསལ་བྱས་ནས། །སྟབས་ཆེན་དག་ཀྱང་བརྡུང་བར་བྱ། །ཆོས་རྣམས་མ་ལུས་ཀུན་བསྐྱོད་ཀྱང་། །པདྨ་ལ་ནི་འདམ་བཞིན་དུ། །ཆགས་པ་མེད་པའི་ཚུལ་གྱིས་གནས། །ཐབས་དང་ཤེས་རབ་བདེ་འགྲུབ་ཤོག །དེ་ནས་ཕྲིན་ལས་དོན་གྲུབ་ཀྱི་བྲོ་གླུ་ནི། ཤང་ཤང་གི་སྟངས་སྟབས་བྱ་ཞིང་། །ཐབས་དང་ཤེས་རབ་ལྡན་གྱུར་པས། །བྱང་ཕྱོགས་སུ་ནི་ཁ་བལྟས་ནས། །ལུས་བསྐྱོད་ཡན་ལག་གར་བསྐྱོད་ཅིང་། །ཕྱག་རྒྱ་སོ་སོར་གསལ་གྱུར་ནས། །རྐང་པའི་སྟབས་ཆེན་བརྡུང་བར་བྱ། །ཡང་དག་རྟོགས་པའི་ཤེས་རབ་ཀྱིས། །བསྐལ་པ་བསམ་གྱིས་མི་ཁྱབ་པའི། །སྒྲིབ་པ་ཐམས་ཅད་བྱང་བྱས་ནས། །ཐབས་དང་ཤེས་རབ་མྱུར་འགྲུབ་ཤོག །ཅེས་སོ། །གཉིས་པ་བཟའ་བཏུང་ལ་སྤྱད་ཐབས་དེ་ལ་གཉིས་ཏེ། བགྲང་། དང་པོ་སྤྱོད་པ་དང་། དྲང་། བཟའ་བ་དང་བཅའ་བ་དང་། མུར་བ་དང་བཏུང་བའི་བྱེ་བྲ ག་གི་ཡོ་བྱད་རྣམས ། དེ་དག་ཏུ་སྣང་བ་མ་འགགས་པ་ཐབས་དང་། རང་བཞིན་མེད་པ་ཤེས་རབ་དེ་ཉིད་གཉིས་སུ་མེད་པའི་ངང་ལ་གནས་ཤིང་། མཆོད་བྱ་མཆོད་བྱེད་ཐ་མི་དད་པར་ཤེས་པས་བདག་ཉིད་ཆེན་པོ་གནས་སུ་སྟོབས་པའི་མཆོད་པ་ཕུལ་བ་ཡིས། གཉིས་པ་སྤྱོད་པའི་ཡོན་ཏན་དེ་ལ་གཉིས་ཏེ། བགྲང་། དང་པོ་མཆོག་གི་དངོས་གྲུབ་ཏུ་གྱུར་པ་དང་། དྲང་། སེམས་ཉིད་ཀྱི་ངང་དུ་བདག་དང་སངས་རྒྱས་གཉིས་སུ་མེད་པས་སངས་རྒྱས་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ལ་མཉེས་པས་ཁྱབ་ཅིང་། བདག་དང་སེམས་ཅན་དབྱེར་མེད་པས་སྲིད་པ་གསུམ་གྱི་སེམས་ཅན་མ་ལུས་པ་ཐམས་ཅད་ལ། དགའ་བ་དང་བདེ་བ་ཆེན་པོས་ཁྱབ་པར་འགྱུར་རོ། །གཉིས་པ་ཟས་བདུད་རྩི་མཆོག་ཏུ་བསྒྱུར་ཞིང་ཐུན་མོང་གི་དངོས་གྲུབ་པའི་ཡོན་ཏན་ནོ། །དྲང་། ཟས་དུག་ཅན་ལ་ཡི་གེ་ཨཱཿབཀོད་དེ་འཇུ་འདུལ་བྱེད་པ་ཙམ་གྱིས་བདུད་རྩིར་འགྱུར་ཞིང་དེའི་ཡོན་ཏན་འབྱུང་བ་དང་། ཡོན་ཏན་གང་ཞེ་ན་བདུད་རྩིའི་ཟས་དེ་ཟོས་པས། རླུང་མཁྲིས་བན་ཀན་འདུ་བ་བཞི་བོ་རེ་རེ་ལ་ཡང་བརྒྱ་རྩ་གཅིག་རེ་རེ་སྟེ། བཞི་བརྒྱ་རྩ་བཞིའི་ནད་སེལ་ཅིང་བདུད་རྩིའི་འོད་ཟེར་ལས་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་ཞིང་། ངན་སོང་གསུམ་དུ་སྐྱེ་བའི་ས་བོན་ཏྲི་པྲེ་དུཿརྣམས་སྦྱང་བ་དང་། དེ་ལས་གཞན་པ་ཅི་ཡང་གཞན་དུ་སྟེ་བྱེ་མ་ལས་གསེར་དུ་འགྱུར་བ་ལ་སོགས་པ་ཕན་ཚུན་མི་མཐུན་པ་འགྱུར་བར་འགྲུབ་བོ། །གཉིས་པ་གསང་བ་ཨཱ་ལི་སྦྱོར་བའི་ཡོ་བྱད་ལ་སྤྱོད་པ་ལ་གཉིས་ཏེ། བགྲང་། དང་པོ་ཡབ་ཡུམ་གྱི་མཁའ་གསང་བརླབས་ནས་བསྙེན་སྒྲུབ་བཞིའི་སྦྱང་ཐབས་དང་། དྲང་། དེ་ལྟར་ཡོ་བྱད་བཞི་དང་ལྡན་པའི་རྣལ་འབྱོར་པ་ཡིས་ཐབས་ཡབ་དང་ཤེས་རབ་ཡུམ་དུ་ལྡན་པར་གྱུར་ནས། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལྷ་དང་མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབ་ཅིང་འདོད་པ་སྦྱོར་བའི་བསྟན་ཆོས་ཀྱིས་བདེ་བ་རྒྱས་པའི་ཆ་རྣམས་ཀྱང་རྫོགས་པར་བྱ་བ་སྟེ། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་གསང་བའི་བསྙེན་སྒྲུབ་བཞིའི་རིམ་པས། རྟོག་པ་ཐམས་ཅད་བདེ་སྟོང་གཉིས་སུ་མེད་པའི་ཡུམ་གྱི་མཁའ་དབྱིངས་སུ་སྦྱོར་བའོ། །གཉིས་པ་ཡོན་ཏན་དེ་ལ་བཞི་སྟེ། བགྲང་། དང་པོ་ཟབ་མོའི་དབང་གཉིས་རྫོགས་པའི་ཡོན་ཏན་དང་། དྲང་། ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པའི་གསང་བའི་མཁའ་དབྱིངས་ནས་ཉི་ཟླ་བྱང་ཆུབ་ཀྱི་སེམས་བདེ་བའི་ཡེ་ཤེས་སུ་འབར་བས། འོད་ཟེར་ལུས་ལ་འཕྲོ་ཞིང་བདེ་བ་འབར་བའི་ལུས་ཀྱི་ཕྱོགས་བཅུར་རྩ་ཁམས་ཀྱི་རང་བཞིན་བདེ་བའི་ཡེ་ཤེས་སུ་གསལ་ཞིང་། ཟག་མེད་ཀྱི་བདེ་བས་ལུས་ལ་ཁྱབ་པས་ན་ཐབས་ཆེན་པོ་སྙིང་རྗེ་བས་ལྷག་པས་ན་ཐབས་ཀྱི་མཆོག་ཤེས་རབ་ཡེ་ཤེས་ཀྱི་དབང་དང་བདེ་བའི་མཆོག་ཤིན་ཏུ་བརྟན་པ་དང་ལྡན་པས་དབང་ཡང་རྫོགས་པའོ། །གཉིས་པ་གསང་བའི་ལྷ་མོ་བཅུ་གཉིས་རྫོགས་པར་རོལ་བའི་དུས་སུ་ལྷའི་དཀྱིལ་འཁོར་འཆར་བའི་ཡོན་ཏན་དང་། དྲང་། ཡབ་ཀྱི་གསང་བའི་རྡོ་རྗེ་དང་ཡུམ་གྱི་མཁའ་དྲིལ་བུ་གཉིས་སྦྱོར་བ་ལས་བྱུང་བ་ཡང་དག་པའི་བདེ་བ་དང་ལྡན་པ་ལ། ཕྱག་རྒྱ་བཞི་ནི་གཡས་ཀྱིས་བཟུང་བ་ལྕགས་ཀྱུ་མ། གཡོན་གྱིས་འཁྱུད་པ་ཞགས་པ་མ། སྟོད་སྨད་བསྡོམ་པ་ལྕགས་སྒྲོག་མ། བདེ་བ་སྐྱོད་པ་དྲིལ་བུ་མ་དང་ལྷ་མོ་བརྒྱད་ནི་ཡབ་ཡུམ་ཆས་ཀྱིས་སྒེག་པའམ། ཉི་ཟླ་དཀར་དམར་གྱི་མཛེས་པ་ལཱ་སྱེ་མ། བདེ་བ་རྒྱུན་མི་འཆད་པ་མཱ་ལེ་མ། རྩ་གནས་ཧ་སིའི་སྒྲ་སྒྲོག་པ་གིརྟི་མ། རྩ་མདུད་གྲོལ་བའམ་བསྐྱོད་པ་ནི་ནིརྟི་མའོ། །བདེ་བའི་རོས་ཆི་མ་པ་དྷུ་པེ་མ། བྱང་སེམས་འཕྲོ་བ་པུཥྤེ་མ། བདེ་སྟོང་གི་དོན་གསལ་བ་ཨཱ་ལོ་ཀེ། བདེ་བས་བསིལ་ཞིང་རོས་གང་བ་གྷ ནྡྷེ་མའོ། །དེ་ལྟར་གསང་བའི་ལྷ་མོ་བཅུ་གཉིས། རྫོགས་པར་ཡབ་ཡུམ་རོལ་བས་ཉི་ཟླ་བྱང་ཆུབ་ཀྱི་སེམས་གཉིས་དུས་གཅིག་ཏུ་མཁའ་ལ་ལྡན་ནས། ཡབ་ཡུམ་ཐབས་ཤེས་གཉིས་མེད་དུ་ཉི་ཟླ་ཟུང་དུ་འབྲེལ་བར་གྱུར་ནས། རྟོག་ཚོགས་ཐམས་ཅད་བདེ་བར་གཤེགས་པའི་དཀྱིལ་འཁོར་དུ་གསལ་བས་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་འབྱུང་ཞེས་བྱའོ། །གསུམ་པ་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་ཡོན་ཏན་དང་། དྲང། དེའི་དུས་སུ་ཡབ་ཡུམ་གྱི་ཐིག་ལེ་ཉི་ཟླ་སླར་བཟློག་ནས་རླུང་དང་འདྲེས་པས་སྐྱེ་འཇིག་མེད་པ་རྡོ་རྗེའི་གཟུགས་སུ་ཆགས་པས་ཐབས་ལས་གྱུར་པའི་ཚེ་དབང་ཐོབ་པའོ། །དེ་ལྟར་སྦྱོར་བའི་མཆོད་པ་ཆེན་པོ་དེས་ཐུན་མོང་གི་དངོས་གྲུབ་ནི་ཚེ་རིང་བ་དང་། མཁའ་ལ་བྱ་བཞིན་འགྲོ་བ་དང་ཁ་དོག་གསལ་ཞིང་འོད་ཟེར་འབར་བར་འགྱུར་རོ། །བཞི་པ་མཆོག་གི་དངོས་གྲུབ་འབྲས་བུ་འགྲུབ་པའི་ཡོན་ཏན་ནོ། །དེ་ལ་གཉིས་ཏེ། བགྲང་། དང་པོ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མཐོང་བ་དང་། དྲང་། སྒྱུ་མ་མཚོན་པ་ལྷ་ཡུམ་འཕྲུལ་པ་མཚོན་པ་ལྷ་ཡབ་སྟེ་ཕུང་པོ་ལྔ་ལ་སོགས་པ་རྟོག་པ་ཐམས་ཅད་ལྷའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་སུ་སྣང་སྟེ། ཡབ་ཡུམ་འབྲེལ་བ་དྲ་བའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་རང་རིག་པའི་མགོན་སུམ་དུ་གསལ་བར་རྫོགས་ཤིང་གྲུབ་པས། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་གསལ་བས་ན་སྤྱོད་ཡུལ་དང་བྲལ་བ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མངོན་སུམ་དུ་རྫོགས་པའི་འབྲས་བུ་ནི། རྒྱལ་རྣམས་གཅིག་དང་དུ་མའི་མཐའ་ལས་གྲོལ་པའི་ཕྱིར། རྒྱལ་བའི་དཀྱིལ་འཁོར་ལྷག་མ་མ་ལུས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གཉིས་པ་ཡེ་ཤེས་བླ་མའི་ས་མཐོང་བའོ། །དྲང་། སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ལ་བརྟན་པ་ཐོབ་པའི་ཚད་གསལ་བ་ཡུལ་རྐྱེན་གྱིས་མི་འཕྲོག་པའི་རྣལ་འབྱོར་པ་ཡིས་འབྲས་བུ་ཇི་ལྟར་ཐོབ་ཅེ་ན། ཕྱོགས་བཅུ་དང་དུས་བཞིར་ཡང་དག་པའི་སའམ། འགྲོ་བའི་དོན་ལ་གཤེགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་དང་། ཁམས་གསུམ་འགྲོ་བ་སེམས་ཅན་རྣམས་ཀྱི་ཁམས་དང་བསམ་པ་ཐམས་ཅད་རང་རིག་པའི་མངོན་སུམ་དུ་གཉིས་མེད་གསལ་བར་འགྱུར་བ་ནི་ཡེ་ཤེས་བླ་མའི་ས་ཐོབ་པ་ཡིན་ནོ། །གཉིས་པ་སྤྱིར་སྒྱུ་འཕྲུལ་དྲྭ་བའི་ཏིང་ངེ་འཛིན་གསལ་བའི་ངང་ལས་ཡོ་བྱད་ལ་སྤྱོད་པའི་ཡོན་ཏན་བསྟན་པའོ། །དྲང་། །ཚོམ་བུ་གཅིག་གསུམ་ལྔ་པའི་ལྷ་ཡ་བ་ཡུམ་ཟུང་དུ་འབྲེལ་བ་ནི། སྒྱུ་འཕྲུལ་དྲ་བ་སྟེ་དེ་དག་རང་རིག་པའི་མངོན་སུམ་དུ་རྫོགས་པའི་དཀྱིལ་འཁོར་དང་རྣམ་གྲངས་སྤྲོས་པ་ལ་བརྟན་པ་ཐོབ་པའི་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་དང་ལྡན་པ་དེས་ཡོ་བྱད་ལྔ་ལ་སྤྱོད་པ་སྟེ། དེ་ཡང་བྲོ་གར་འདུ་འཕྲོ་ལ་སྤྱོད་པའི་དུས་སུ། ལུས་དང་རྟོག་པའི་ཡན་ལག་ལ་ལྷ་གསལ་བར་བཀོད་དེ། རྐང་བའི་བྲོ་སྟབས་དང་ལག་གི་གར་སྟབས་སྣ་ཚོགས་ཀྱི་གླུ་ཚིག་དང་བཅས་པ་བླང་བའི་དུས་ན། སྤྲུལ་པའི་འཕྲོ་འདུ་དང་བཅས་པའི་དུས་སུ་ལྷའི་སྐུ་གསུང་ཐུགས་མི་འདའ་བའི་ཕྱག་རྒྱ་ཡི་སྒོ་ནས་བྲོ་གར་བྱས་པའི་ཡོན་ཏན་ནི། རི་བྲག་དང་ས་ལ་ཐོགས་ཆགས་མེད་པར་འཛུལ་ཞིང་རྐང་འོག་གི་ཀླུའི་བུ་མོ་ལ་ལོངས་སྤྱོད་པས་དབང་དུ་འདུས་ལ་ནམ་མཁའ་ལ་བྱ་བཞིན་དུ་འཕུར་ནས་འགྲོ་ཞིང་ལྷ་དང་གནོད་སྦྱིན་གྱི་བུ་མོ་རྣམས་ལ་ལོངས་སྤྱོད་པས་ཐམས་ཅད་བྲན་དུ་ཁོལ་ཞིང་དབང་དུ་འདུ་བར་འགྱུར་བར་བྱེད་དོ། །ཆོས་ཐམས་ཅད་རང་རིག་པ་ཁོ་ནར་རང་སྣང་བ་ཡིན་ཏེ། དེ་ཡང་ངག་གི་སྒོ་ནས་གླུ་ཚིག་དང་སྒྲ་ཡི་ཡོ་བྱད་ལ། སྤྱོད་པའི་དུས་སུ་ལྷའི་སྐུ་གསུང་ཐུགས་སུ་འདའ་མེད་པའི་ཕྱག་རྒྱ་ཡི་ངང་ནས་ལྕེའི་སྟེང་དུ་རྒྱུའི་ཡི་གི་ཧྲཱི༔བཀོད་དེ། དེ་ཡང་ཡར་རྒྱལ་བ་ལ་བསྟོད་པ་དང་། མར་འགྲོ་བ་རང་རང་སྐད་དུ་མོས་པ་ལྟར་ཆོས་སྟོན་པར་བསྒོམ་པའི་འབྲས་བུ་གདུལ་བྱ་སོ་སོ་ལ། ཆོས་ཀྱི་འཁོར་ལོ་སོ་སོར་སྟོན་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞི་བའི་ཆས་གོས་ལྔ་དང་། རིན་པོ་ཆེའི་རྒྱན་དེ་བཅུ་གསུམ་དང་། ཁྲོ་བོ་བསྒྲུབ་ན་རུས་པའི་རྒྱན་ལྔ་དང་སྦྲུལ་གྱི་རྒྱན་བརྒྱད་དང་། གླང་ཆེན་གྱི་ཀོ་རློན་ལ་སོགས་པ་བགོ་བའི་ཡོ་བྱད་ལ་སྤྱོད་དུས་སྐུ་གསུང་ཐུགས་ལས་མི་འདའ་བའི་ཕྱག་རྒྱ་ཡི་ངང་ནས་སྤྱོད་པའི་འབྲས་བུ་ནི། ལུས་ཤིན་ཏུ་འཕགས་པའི་གཟི་བྱིན་གྱི་འོད་འབར་བའི་རྒྱལ་བོ་དེས་གཞན་ཐམས་ཅད་ཟིལ་གྱིས་གནོན་པ་སུས་ཀྱང་ཐུབ་པ་མེད་པའི་སེང་གེ་ལྟ་བུར་གནས་པ་འགྲུབ་པར་འགྱུར་རོ། །དམ་རྫས་ལྔས་བཞི་བྱས་པའི་བཟའ་བ་དང་བཏུང་བའི་ལོངས་སྤྱོད་སྣ་ཚོགས་རྣམས་འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་བརླབས་ནས། རང་ལྷར་གསལ་བའི་སྐུ་གསུང་ཐུགས་སུ་གསལ་བའི་ཕྱག་རྒྱ་ཡི་མཆོད་པའི་འབྲས་བུ་ནི། ཡིད་བཞིན་གྱི་ནོར་བུ་རིན་ཆེན་གྱི་ཚོན་ཤེལ་གྱི་པར་ཁབ་ཏུ་བཅུག་པ་ལྟ་བུའི་སྐུ་གཟི་མདངས་དང་ལྡན་པ་དང་། ཟས་ཐམས་ཅད་བདུད་རྩིའི་བཅུད་ཟག་པ་མེད་པས་འགྲོ་བ་ཐམས་ཅད་ཀྱང་ཚིམས་པར་བྱེད་པ་འགྲུབ་པར་འགྱུར་རོ། །བརྡ་ཚིག་ཏུ་བསྟན་པའི་ཀཱ་ལི་སྒྲོལ་བ་དང་ཨཱ་ལི་སྦྱོར་བའི་ཡོ་བྱད་དང་། ཡང་ན་ཀཱ་ལི་ཐབས་ཡབ་དང་། ཨཱ་ལི་ཤེས་རབ་ཡུམ་གཉིས་ཀྱི་ཕུང་ཁམས་སྐྱེ་མཆེད་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གསལ་བའི་ངང་དུ་སྙོམས་པར་ཞུགས་པ་ཡིས་འབྲས་བུ་ནི། ཕྲིན་ལས་བཞི་པོ་ཐམས་ཅད་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཅི་འདོད་པ་རྣམས་བདག་གི་བསམ་པ་ཡོངས་སུ་སྐོང་བ་འགྲུབ་ཅིང་ཐོབ་པར་འགྱུར་བ་ཁོ་ནའོ། །སྤྱི་དོན་གཉིས་པ་ཁྲོ་བོའི་ཚོགས་སྒྲུབ་པ་ལ་གཉིས་ཏེ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་དང་། བསྙེན་སྒྲུབ་བཞིས་གཞུང་བསྲང་བའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། གདུལ་བྱ་གདུག་པ་ཅན་འདུལ་བ་ཁྲོ་བོའི་ཚོགས་རྣམས་བསྒྲུབ་པར་བྱ་བ་འང་། གནས་ཕུན་སུམ་ཚོགས་པ་དང་། ཟླ་རོག་སྒྲུབ་པ་པོ་དང་། རྫས་ཡོ་བྱད་དང་། དུས་དང་སྒྲུབ་ཐབས་ཕུན་སུམ་ཚོགས་པ་རྣམས་ནི། ཁྲོ་བོའི་ཚོགས་སྒྲུབ་ཀྱི་མཆོག་ཏུ་དམིགས་པས་སྒྲུབ་གཞི་བཞག་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པ་དེ་ལ་ལྔ་སྟེ། བགྲང་། དང་པོ་གནས་ཕུན་སུམ་ཚོགས་པ་དང་། དྲང་། དུར་ཁྲོད་དམ་རྩི་ཤིང་གི་ནགས་ཚལ་ཆེན་པོ་ཡོད་པ་དང་། གྲོང་ལས་དཔག་ཚད་རྒྱང་གྲགས་ཀྱི་ལས་རིང་བ། དགྲ་བགེགས་ནད་གསུམ་གྱི་བར་ཆད་ཀྱིས་དབེན་པའི་སར། རྔམས་གློག་དང་རྡོ་རྗེ་ལས་རིམ་ལ་སོགས་པའི་གཞུང་ནས་བཤད་པ་དང་མཐུན་པའི་གནས་རྙེད་ནས་ནི། སའི་ཆོ་ག་བྱ་བ་སྟེ། དང་པོ་ས་ཕྱོགས་དེ་ཡི་གདོན་བགེགས་ལ་ཞི་བའི་སྒོ་ནས་གླུད་གཏོར་སྦྱིན། ཁྲོ་བོའི་ཕུར་པས་བསྐྲད་ཅིང་ས་ལ་གཏེར་མནན་པ་དང་། ས་གཞི་དུར་ཁྲོད་ཀྱི་གཞལ་ཡས་ཁང་ངམ། ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པ་ལ་སོགས་པ་གཞི་མཉམ་པ་སྟེ་སའི་ཆོ་ག་རྣམས་རྡོ་རྗེ་ལས་རིམ་ལྟར་རྒྱས་པར་བྱ་བའོ། །གཉིས་པ་སྒྲུབ་པ་པོ་ལ་གཉིས་ཏེ། བགྲང་། དང་པོ་སྤྱིར་ཏིང་ངེ་འཛིན་མཐུ་མཉམས་པས་བསྒྲུབ་པ་དང་། དྲང་། སྒྱུ་འཕྲུལ་དྲྭ་བ་སྟེ་ཁྲོ་བོ་ཡབ་ཡུམ་ལྷ་ཟུང་དུ་འབྲེལ་བའི་མངོན་པར་རྫོགས་པར་སངས་རྒྱས་པའི་ཁྲག་མཐུང་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ལྔ་བཅུ་རྩ་བརྒྱད་ལ་སོགས་བསྒོམ་པའི་སྤྲོས་པའི་སྐབས་སུ་བློ་བརྟན་པ་ཐོབ་པའི་སྟོབས་ཀྱིས་ཆོ་ག་ལྔ་དང་། སྔགས་ཀྱི་ཡན་ལག་ལྔ་དང་། ཡོ་བྱད་ལྔ་སྟེ། ཆས་བཅོ་ལྔ་ཚང་ཞིང་རྫོགས་པ་ཁྲོ་བོ་མཐར་ཕྱིན་པ་ཡིས། རྣལ་འབྱོར་པ་ཕོ་མོ་བཅུ་དང་། སུམ་ཅུ་དང་། ལྔ་བཅུའམ། ཡང་ན་དོན་བརྒྱད་དང་། གོ་བརྒྱད་དང་། བརྒྱ་དང་བཅོ་བརྒྱད་ལ་སོགས་པ་སྦྱོར་ལམ་པ་མཐུ་དང་སྐལ་བ་མཉམ་པ་འདུས་པས་ཚོགས་བསྒྲུབས་ན་ངེས་པ་ཐེ་ཚོམ་མེད་བར་མཐོང་ལམ་གྱི་དངོས་གྲུབ་འགྲུབ་པར་འགྱུར་རོ། །གཉིས་པ་བྱེ་བྲག་ཏུ་སྟོན་འཁོར་མཚན་ཉིད་དང་ལྡན་པས་བསྒྲུབ་པའོ། །དྲང་། དེ་ཡང་སྟོན་པ་རྡོ་རྗེ་རྒྱལ་པོ་དམ་པའི་མཛོད་གསུམ་ལ་སོགས་ཡོན་ཏན་བརྒྱད་དང་ལྡན་པ་དབང་གི་ཆུ་བོ་རྫོགས་པ་ཅན་དང་། རྡོ་རྗེ་རྒྱལ་ཐེབ་ཡང་རྡོ་རྗེ་རྒྱལ་པོ་དང་ལྟ་བསྒོམ་གྱི་ཡོན་ཏན་མཉམ་པར་མཚུངས་པ་དང་། ཀརྨ་ལས་མཁན་སྐད་ཀྱི་གདངས་ཆེ་ཞིང་སྙན་ལ། ཕྲིན་ལས་ཀྱི་འགྲིགས་ཀྱི་རིམ་པ་མ་ནོར་བའི་ཕྲེང་བར་ལྡན་པ་དང་། གཞན་ཡང་སྒྲོལ་ཐབས་ལ་མཁས་པ་རྡོ་རྗེ་གིང་། སྦྱོར་སྟོངས་ལ་མཁས་པ་རྡོ་རྗེ་རྒྱལ་མོ། དགྱེས་པ་སྐོང་བའི་འཁོར་གཟུང་མ། མཆེད་ལྕམ་གྱི་ནང་དུ་ལེགས་ཉེས་ཀྱི་སྟོང་འབྱེད་པའི་རྡོ་རྗེ་སྤྱན་མ། སྒྲུབ་པའི་དུས་ཚོད་འཛིན་པའི་རྡོ་རྗེ་དུས་འཛིན། ཁ་བསྐང་ལ་གཡོས་ཀྱི་བྱེ་བྲག་ལ་མཁས་པའི་རྡོ་རྗེ་བྱན་པོ། ཕྱི་ནང་གི་ཕྲིན་སྦྱོར་བའི་རྡུལ་ཕྱག་སྐྱེས་བུའི་འཁོར་ལ་སོགས་པ་ཐམས་ཅད་འཚོགས་པས་དཀྱིལ་འཁོར་ཞེས་བྱ་སྟེ། ཇི་སྐད་དུ། ཉུང་ཡང་པཉྩ་ཡན་ཆད་དོ། །ཅེས་སོ། །ལས་བཞིའི་ཡུམ་གྱི་དཔེ་བསྟན་པ་ནི། ཤིང་ལྗོན་པ་ལྟར་སྐྱེད་བྱ་བཟང་ཞིང་རྒྱུད་ཞི་ཞིང་འཇོམ་དཔེ་དང་ལྡན་པ་སྟེ། རྔམས་གློག་ལས། སྐྲ་ནི་མཐོན་མཐིང་ལྕང་ལོར་འཁྱིལ། །སྲིད་དུ་རིང་ལ་ཕྲ་ལ་ལྡེམ། །ལྗོན་པ་མ་ཞེས་བཤད་པ་ཡིན། །ཞེས་སོ། །ཤིང་ལྕུག་ཕྲན་ལྟ་བུར། སྐྱེ་རྒྱུད་དང་སྤུན་ཟླ་མང་པའོ། །དེ་ཉིད་ལས། འདོད་པ་ཆེ་ལ་བརྟུལ་ཞུགས་ཆེ། །ཤེས་པ་ཆེ་ལ་བྱད་བཞིན་བཟང་། །བུ་མོ་མིག་རིང་མ་རུ་བཤད། །སྦས་པའི་བརྡ་དང་ཐབས་ལ་མཁས། །ལྕུག་ཕྲན་མ་རུ་བཤད་པ་ཡིན། །ཅེས་སོ། །ཤིང་སྡོང་གཅིག་བཞིན་སྤུན་དང་སྐྱེ་རྒྱུད་མེད་པ་གཅིག་པུར་འདུག་པ་དེའོ། །དེ་ཉིད་ལས། སྐྱེ་བའི་རྒྱུད་མེད་བཀྲ་མི་ཤིས། །གཅིག་པུར་འདུག་པས་སྡོང་གཅིག་མའོ། །ཞེས་སོ། །ཤིང་མེ་རེག་ཚུལ་དུ་སྡུག་བསྔལ་གྱི་མེས་རེག་སྟེ། ཁྱོ་ཡང་དང་ཡང་དུ་ཤི་བའི་ཡུག་ས་མོ་ལྟ་བུའོ། །དེ་ཉིད་ལས། ཡན་ལག་ཐམས་ཅད་མེས་ཚིག་བཞིན། །གཏན་དུ་འཕེལ་བའི་རྒྱུ་མེད་པ། །མེས་རེག་མ་ཡི་རིགས་སུ་བཤད། །ཅེས་སོ། །དེ་ཉིད་ལ་ས་བཞིའི་ཡུམ་བཞི་སྟེ། ལྗོན་པ་མ་ནི་ཞི་བའི་ཡུམ་སྟེ། སྒྱུ་འཕུལ་རྡོ་རྗེ་ལས། དཀར་མོ་བོང་ཆུང་སྐད་ཆེ་བ། །བཞིན་ལུད་གཙུག་ཕུད་གཡས་སུ་འཁྱིལ། །ཡན་ལག་ཕྲ་འཇམ་སྐད་གསལ་ཞིང་། །བསླུ་ཁར་ལྕི་བས་ཞི་བ་བྱ་ཞེས་སོ། །ལྕུགས་ཕྲན་མ་ནི་རྒྱས་པའི་ཡུམ་སྟེ། དེ་ཉིད་ལས། ཟླ་དང་ཡན་ལག་མང་བ་དང་། །ཕྲ་ཞིང་ཡན་ལག་ཟེངས་སུ་རིང་། །བཞིན་ལུས་སེར་ཞིང་གྲུ་བཞིར་གནས། །རྣ་འཕྱང་ཤ་དང་ནུ་མ་རྒྱས། །འཕེལ་བའི་དུས་སུ་འདི་དག་བཟུང་། །ཅེས་སོ། །སྡོང་གཅིག་མ་ནི་དབང་གི་ཡུམ་སྟེ། དེ་ཉིད་ལས། བཞིན་མདོག་པད་འདྲ་སོག་ཁ་མ། །སྨིན་ཁྱུག་རིང་ལ་སྟོད་སྨད་ཕྱེད། །ལུས་དང་ཆུ་རླུང་དྲི་ཞིམ་ཅིང་། །བདེ་བ་ལྡན་ཞིང་ཡལ་ག་མེད། །འདི་ནི་སྡུད་པའི་མཆོག་ཏུ་འགྱུར། །ཞེས་སོ། །མེ་རེག་མ་ནི་དྲག་པོའི་ཡུམ་སྟེ། དེ་ཉིད་ལས། ནག་མོ་གྲུ་གསུམ་རྩིད་མགོ་མ། །ཁྲོ་གཉེར་པ་ཡི་ལུས་ལྡན་ཞིང་། །གཏུམ་ཞིང་བརླང་ཚིག་འཛེམ་བག་མེད། །བཙང་སྨེའི་རྟོག་བྲལ་གསོད་པར་བྱེད། །ཅེས་སོ། །དེ་ལྟར་སྤྱི་དང་བྱེ་བྲག་གི་མཚན་མ་རྣམས་རྫོགས་པར་བཙལ་བ་དང་། རྣལ་འབྱོར་ཕོ་མོ་དེ་དག་རྣམས་ནི་སེམས་ཉོན་མོངས་པའི་ཆགས་སྡང་མེད་པར་མིང་པོ་དང་སྲིང་མོའི་ཚུལ་དུ་གཅིག་ལ་གཅིག་བརྩེ་གདུང་ཆེ་ཞིང་དམ་ཚིག་དང་ལྡན་པ། ཚོམ་བུ་ལྔ་པ་མན་ཆད་གཅིག་གིས་ཀུན་བསྒོམ་བྱེད་པའམ་ཡང་ན་མི་གྲངས་ལྷ་གྲངས་དང་སྤྲད་ནས་ཕོ་མོ་ཟུང་འབྲེལ་གྱིས་བསྒྲུབ་པར་བྱའོ། །གསུམ་པ་ཡོ་བྱད་ལ་གསུམ་སྟེ། ཡོ་བྱད་རྣམས་འཚོགས་པར་གསོགས་པ་དང་། དེ་ཇི་ལྟར་སྤྱད་ཐབས་དང་དགོས་ཆེད་དོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་སྒྲུབ་པ་རྫས་ཀྱི་ཡོ་བྱད་དང་། དྲང་། དཀར་རྩི་སྟེ་ཡབ་ཀྱི་བྱང་སེམས་དང་། དམར་རྩི་སྟེ་ཡུམ་གྱི་རཀྟ། དྲི་ཆེན་དང་། དྲི་ཆུ་དང་། ཤ་ཆེན་དང་། རྡོ་རྗེ་དུང་ཆེན་ཏེ་ཐོད་པ་རཀྟ་དམར་གྱིས་དགང་བ་དང་། མི་རྐང་གི་དུང་དང་། སྲོག་ཤིང་སྙིང་སྟེ་མིའི་སྒལ་ཚིག་གསར་རྙིང་དང་ལྷའི་རྟེན་ཁྲོ་བོའི་གཟུགས་བྲིས་སྐུ་དང་ལུགས་ཆེན་ཏེ་ལུགས་སྐུ་དང་དུང་མཆོག་སྟེ་ཐོད་སྐུ་དང་། དུར་ཁྲོད་ཀྱི་རྒྱན་བརྒྱད་དང་། དཔལ་གྱི་ཆས་བརྒྱད་དེ་བཅུ་དྲུག་ཚང་པ་དང་། སྒྲུབ་པ་པོ། རྣམས་འཚོ་བའི་ཡོ་བྱད་ཁ་ཟས་རྣམས་དང་། སྒྲུབ་པ་རྫས་ཀྱི་ཡོ་བྱད་རྡོ་རྗེ་དྲིལ་བུ། མར་མེ་ལ་སོགས་པ་རྣམས་དང་དཀྱིལ་འཁོར་གྱི་མཆོད་རྫས་ཕྱི་ནང་གི་བྱེ་བྲག་རྣམ་དང་ཞིང་དུ་གྱུར་པ་ལ་གཉིས་ཏེ། བཀྲ་ཤིས་དག་པའི་ཞིང་སྐྱེ་བ་བདུན་པ་དང་། འདིར་ཐུགས་རྗེས་བསྒྲལ་བའི་ཞིང་ལ་བཅུ་སྟེ། མཆོག་མི་ལས་གྱུར་པ་བདུན་དང་། མཆོག་ཕྲན་ངན་སོང་གསུམ་དང་། གཉིས་པ་བར་ཆད་རྐྱེན་བཟློག་གི་ཡོ་བྱད་དོ། །དྲང་། བར་ཆད་རྐྱེན་བཟློག་གི་ཡོ་བྱད་ལ་གསུམ་སྟེ། བར་ཆད་བགེགས་ཀྱི་རྐྱེན་བཟློག་པ་ལ་ཉུངས་ཀར་རྒྱལ་པོ་དང་། ཕུར་པ་དང་། ལྕེ་དཔོག་ཏེ་གུ་གུལ་ནག་པོ་སྦྱར་མ་དང་། འདུ་བ་ནད་ཀྱི་རྐྱེན་བཟློག་པ་ལ་སྨན་དང་སྨན་པར་བཅས་པ་དང་། སྡང་བ་དགྲའི་རྐྱེན་བཟློག་པ་ལ་རྡོ་རྗེ་གོ་ཆ་དང་། མཚོན་ཆ་མདའ་མདུང་རལ་གྲི་དང་བཅས་པ་དང་། དེ་དག་ལ་སོགས་པ་ཁྲོ་བོའི་ཚོགས་བསྒྲུབ་པ་ལ་དགོས་པ་ཇི་སྙེད་པའི་རྫས་རྣམས་ཐམས་ཅད་ཀུན། གཉིས་པ་དེ་ཇི་ལྟར་སྤྱད་ཐབས་དང་། དྲང་། རྣལ་འབྱོར་པ་རང་ཉིད་འཇིགས་བྱེད་དཔལ་ཆེན་པོའི་སྐུར་གསལ་བའི་ཏིང་ངེ་འཛིན་གྱིས་ཐམས་ཅད་སེམས་སུ་ཤེས་པས། ཉམས་ང་བ་དང་བག་ཚ་བའི་འཇིགས་པ་མེད་པའི་སེམས་ཀྱིས་སྤྱད་པར་བྱའོ། །གསུམ་པ་དགོས་ཆེད་དོ། །དྲང་། ཡོ་བྱད་དེ་རྣམས་བསྡུས་ཏེ་ཡོ་བྱད་ཚོགས་སུ་བྱ་ཞིང་བསྒྲུབ་པའི་ཕྱིར། རང་གི་དངོས་གྲུབ་ཅི་འདོད་པའི་ཡོ་བྱད་གང་དགོས་པར་སྣང་བ་ཐམས་ཅད་བདག་གིས་ཚང་བར་དགོད་པར་བྱའོ། །བཞི་པ་དུས་ལ་གཉིས་ཏེ། བགྲང་། དང་པོ་སྒྲུབ་པའི་དུས་དང་། དྲང་། བསྒྲུབ་པའི་ཞག་གྲངས་ནི་བློ་ཐ་མས་སུམ་ཅུ་ཕྲག་དྲུག་སྟེ་ཟླ་དྲུག་གམ། རབ་ཀྱི་ཞག་དྲུག་ཅུ་སྟེ། ཟླ་བ་གཉིས་དང་། འབྲིང་གི་ཞག་དགུ་བཅུ་རྩ་དྲུག་སྟེ་ཟླ་བ་གསུམ་དང་ཞག་དྲུག་གི་བར་དུ། འཇིགས་བྱེད་ཆེན་པོ་ཁྲོ་བོའི་ཚོམ་བུ་ཚོགས་ཀྱི་ཏིང་ངེ་འཛིན་གསལ་བར་བསྒོམ་པར་བྱའོ། །འོ་ན་ཞི་ཁྲོའི་ཚོགས་སྒྲུབ་པའི་འབྲས་བུ་ཐོབ་པ་ལ་དུས་ཉེ་རིང་བྱུང་བས་ཞི་ཁྲོའི་ལྷ་ལ་བཟང་ངན་ཅན་དུ་འགྱུར་རོ་ཞེ་ན་མ་ཡིན་ཏེ། དོན་བསྒོམ་བྱ་ལྷ་ལ་བཟང་ངན་མེད་ཀྱང་། སྒོམ་བྱེད་གང་ཟག་ལ་བློ་ཆེ་ཆུང་ཡོད་དེ། དེ་ཡང་ཞི་ཁྲོའི་དཀྱིལ་འཁོར་དང་ཚོམ་བུ་ལ་ལྷ་གྲངས་མང་ཉུང་ཡོད་པ་དང་སྣང་བ་འཇམ་གཅོད་དང་རྩུབ་གཅོད་ཀྱི་ཁྱད་པར་དང་། ཁྲོ་བོ་ལ་བར་ཆད་ཆུང་བའི་ཕྱིར་དུས་མྱུར་བ་ཡིན་པར་གསུངས་སོ། །གཉིས་པ་དུས་ལ་རེ་དོགས་མེད་པར་བསྒྲུབ་པའོ། །དྲང་། སྒྱུ་འཕྲུལ་དྲ་བ་ཁྲོ་བོའི་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བའི་དཀྱིལ་འཁོར་ལ། ལྟ་སྒོམ་གྱི་གདེངས་དང་བཅས་པའི་བསམ་པ་ཡིས་འབྲས་བུ་ཐོབ་དུ་རེ་བ་དང་ཐོབ་ཀྱི་དོགས་པ་མེད་པར་རབ་ཏུ་བརྩོན་འགྲུས་བསྐྱེད་ལ་བསྒྲུབ་བོ། །ལྔ་པ་སྒྲུབ་ཐབས་ཕུན་སུམ་ཚོགས་པའོ། །དྲང་། རྒྱས་པའི་ལེའུ་དོན་བརྒྱད་པ་ལྟར་ཚོགས་སྒྲུབ་པའི་གླུ་ཚིག་སྒྲ་དང་བྲོ་གར་འདུ་འཕྲོ་དང་ཕྱག་རྒྱ་དང་། ཤེས་རབ་ཐབས་སུ་སྦྱོར་ཤེས་པ་དང་། ཐབས་ཤེས་གཉིས་སུ་མེད་པར་རོལ་པའི་ཉི་ཟླ་བྱང་ཆུབ་སེམས་ཀྱི་བདག་གཞན་ལ་མཆོད་པ་དང་། སྒྲུབ་པའི་དུས་ཀྱི་ལུས་ངག་གི་བརྡ་ལ་སོགས་པའི་ཡོན་ཏན་ནི་ཇི་ལྟར་ཞེ་ན། འགྲུབ་ཐག་ཉེ་བ་དང་། མ་མོ་མཁའ་འགྲོ་འདུ་ཞིང་དགྱེས། གཞན་ཟིལ་གྱིས་གནོན། ཕལ་པའི་ཡིད་ཚོད་དུ་མི་འགྱུར་བ་ལ་སོགས་པའི་དགོས་ཆེད་དུ་མ་ཡོད་དོ། །རྒྱས་པར་ཀུན་འདུས་ཀྱི་བརྡའི་ལེའུ་ལས་ཤེས་པར་བྱའོ། །བཟའ་བ་དང་བཅའ་བ་དང་བཏུང་བ་རྣམས་རོ་ཞིམ་པ་དང་བགོ་བ་རེག་བྱ་འཇམ་པ་ལ་སོགས་པ་འདོད་པའི་ལོངས་སྤྱོད་ལྔ་དང་ལྡན་པ་རྣམས། རྣལ་འབྱོར་པའི་ཏིང་ངེ་འཛིན་མཐུན་པ་ཐམས་ཅད་ཀྱིས་མདོར་ན་ཁྲོ་བོ་ཚོགས་སྒྲུབ་ཀྱི་ཚོམ་བུ་གཅིག་གསུམ་ལྔ་པོ་རྣམས་མངོན་སུམ་དུ་བསྒྲུབ་པར་བྱའོ། །གཉིས་པ་བསྙེན་སྒྲུབ་བཞིས་གཞུང་བསྲང་བ་ལ་གཉིས་ཏེ། བགྲང་། དང་པོ་སྤྱིའི་བསྙེན་སྒྲུབ་སྔོན་བཞིན་དང་། དྲང་། ལམ་སྤྱིའི་བསྙེན་སྒྲུབ་སྔོན་ཞི་བའི་སྐབས་སུ་བཤད་པ་བཞིན་ཤེས་པར་བྱའོ། །གཉིས་པ་བསྒྲུབ་པའི་བསྙེན་སྒྲུབ་དེ་ལ་གཉིས་ཏེ། བསྙེན་བསྒྲུབ་བཞིས་གཞུང་བསྲང་བ་དངོས་དང་། སྒྲུབ་པའི་གྲོགས་ཡོ་བྱད་ལ་སྤྱད་ཐབས་སོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། ཁྲོ་བོ་ཚོགས་སྒྲུབ་པའི་ཐབས་ཀྱི་བསྙེན་པ་དང་། ཉེ་བའི་བསྙེན་པ ། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་བཞི་ནི་གང་ཞེ་ན། གཉིས་པ་རྒྱས་པར་བཤད་པ་དེ་ལ་བཞི་སྟེ། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའོ། །དང་པོ་ལ་བཞི་སྟེ། བགྲང་། དང་པོ་ཏིང་ངེ་འཛིན་ནམ་དལ་བརྩིགས་ཤིང་བྲི་བ་དང་། དྲ ང་། དང་པོ་བསྙེན་པ་བྱེད་པའི་དུས་ཀྱི་ཚེ་ན་གོང་དུ་བཤད་པའི་གནས་ཆེན་པོ་དབེན་པའི་ས་ཕྱོགས་དེར་དཀྱིལ་འཁོར་བཞེངས་པའི་ཚད་ནི། སློབ་དཔོན་མཐར་ཉེ་བའི་ལམ་པས་རྒྱང་གྲགས་དང་དཔག་ཚད་ལ་སོགས་པ་མཆོག་གི་དཀྱིལ་འཁོར་བྱ་བ་དང་བློ་ཆུང་བ་རྣམས་ཀྱིས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཚོམ་བུ་གཅིག་པ་ལ་ལུས་གང་ངམ། གསུམ་པ་ལ་ལུས་དོའམ། ལྔ་པ་ལ་ལུས་གསུམ་གྱི་ཚད། དཔོན་སློབ་གཉིས་ཀ་བློ་ཆེ་ན་ལྷག་པ་ཏིང་ངེ་འཛིན་གྱི་གཟུགས་བརྙན་རང་གི་རིག་པས་དཔག་ཚད་རྒྱང་གྲགས་སུ་སྒོམ་ཅི་ནུས་པར་ལྷའི་དཀྱིལ་འཁོར་གསལ་བ་བྱ་བ་དང་། བློ་ཆུང་ན་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཕྱག་རྒྱ་སྟེ་ཐུགས་ཕྱག་མཚན། གཟུགས་ཏེ་སྐུ་ཙཱ་ཀ་ལི་དང་། སྙིང་པོ་སྟེ་གསུང་ཡིག་འབྲུ་དང་བཅས་པ་དང་རྣམས་ཁ་དོག་ལྔའི་ཚོན་གྱིས་དཀྱིལ་འཁོར་བྲི་བར་བྱའོ། །གཉིས་པ་ཡོ་བྱད་བྱིན་གྱིས་བརླབས་པ་དང་། དྲང་། དེ་ནས་ཡོ་བྱད་རྣམས་སྔོན་ཞི་བའི་སྐབས་སུ་བསྟན་པ་བཞིན་དུ་ཚོ་གསུམ་བཅད་ལ་བྱིན་གྱིས་བརླབས་ནས། གསུམ་པ་ཕྱི་མཆོད་བྱ་ཞིང་ཕྱི་མཚམས་བྱ་བ་དང་། དྲང་། ཕྱི་མཆོད་བྱ་བ་ནི་རང་ཉིད་རྡོ་རྗེ་སེམས་དཔའ་ལ་ལྷ་མོ་བཅུ་གཉིས་ཀྱིས་བསྐོར་བར་བསྒོམས་ལ། འཕགས་པ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་སྤྱན་དྲངས་ཤིང་མཆོད་ཅིང་ཕྱི་རོལ་པའི་ཆོས་སྐྱོང་ནི། ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི་ལ་གཏོར་མ་དང་པོས་མཉེས་པར་བྱ་བ་དང་། སྙིང་རྗེ་དང་ལན་ཆགས་ཀྱི་མགྲོན་གཉིས་པོ་ཡང་། གཏོར་མ་བར་བ་དང་། ཐ་མ་སྦྱིན་པས་ཤེས་པའི་རྒྱུད་ཚིམས་པར་བྱས་ལ། ཕྱོགས་སྐྱོང་དང་རྒྱལ་ཆེན་ལ་བསྟན་པ་སྲུང་བ་དང་། རིགས་དྲུག་འབྱུང་པོ་ལ་རང་གནས་སུ་དེངས་ཤིག་པ་དང་། བགེགས་ལ་བར་ཆད་མ་བྱེད་ཅིག་ཅེས་བཀའ་བསྒོ་བར་བྱའོ། །བཞི་པ་སྲུང་འཁོར་གྱིས་མཚམས་བཅད་པའོ། །དྲང་། དེ་ནས་ཕུར་མཚམས་བཅད་པ་ནི། འཇིགས་བྱེད་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གྱི་དབང་དུ་བདག་རྣལ་འབྱོར་པ་ཞུགས་སྟེ། ཧཱུྃ་ཀཱ་ར་དང་། ཏ་ཀ་རི་ཙ་ལ་སོགས་པ་རིམ་པར་བསྐུལ་ནས། སྙིང་པོ་བརྗོད་པ་ཙམ་གྱིས་ཁྲོ་བོ་བཅུ་དང་། ཁྲོ་མོ་བཅུ་འཁོར་དུ་བྱ་སྟེ། རང་རང་ལས་ཏ་ཀི་ར་ཙ་སྤྲོས་པ་དེ་རང་རང་གི་བསྐུལ་ནས་ཁྲོ་བོ་བཅུའི་གདན་ཉི་ཟླ་པད་མའི་སྟེང་དུ་ཕྱོགས་སྐྱོང་བཅུ་བཀུག་ལ་གཟེར་ཞིང་ཕུར་པ་ནི་སྟོད་ཁྲོ་བོ་སྨད་ཕུར་པ་བསྒོམ་ལ་བདུད་རྩི་འཁྱིལ་བས་ཕུར་བུ་རྣམས་རིམ་པར་གདབ་པར་བསྒོམས་ལ་གདབ། དེ་ལ་ཡེ་ཤེས་ཀྱི་ཁྲོ་བོ་ཡབ་ཡུམ་རྣམས་རང་བཞིན་གྱི་གནས་འོག་མིན་ནས་སྙན་གསན་དབབ་སྤྱན་དྲངས་སྟིམས་ལ་མཆོད་པ་དང་བསྟོད་དེ། སྒྲུབ་ལ་བར་ཆད་བྱེད་པའི་བགེགས་ཐམས་ཅད་ཁྲོ་བོ་བཅུའི་ཏིང་ངེ་འཛིན་མཆོག་གིས་བཟློག་པར་བྱའོ། །དེ་ལྟར་བསྙེན་སྒྲུབ་ཀུན་གྱི་ཐུན་མོང་དུ་མཚོན་ཆ་ལྔ་ཡི་སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །གཉིས་པ་ཉེ་བའི་བསྙེན་ལ་གཉིས་ཏེ། བགྲང་། དང་པོ་སྔོན་དུ་འགྲོ་བ་དང་། དྲང་། བསྙེན་པ་སོང་བ་དེ་ནས་གཉིས་པ་ཉེ་བའི་བསྙེན་པ་ལ། དལ་གྱི་རྒྱན་ཞིང་གི་བླ་རེ་དང་། རྒྱུ་མའི་ལྡ་ལྡི་ལ་སོགས་སྟེང་འོག་ལོག་གི་རྒྱན་རྣམས་དང་། རྡོ་རྗེ་དྲིལ་བུ་ཐོད་སྐུ་ལ་སོགས་པ་སྒྲུབ་པའི་རྫས་གང་ཡིན་དང་། ཕྱི་ནང་གསང་གསུམ་གྱི་མཆོད་རྫས་རྣམས་དགྲམ་པར་རྫོགས་ནས། ཕྱི་མཚམས་ནི་བདུད་རྩི་འཁྱིལ་པའི་ཏིང་ངེ་འཛིན་གྱིས། མཚན་ཉིད་སྡེ་གསུམ་ལ་བཀའ་བསྒོ་ལོག་པའི་བགེགས་བསྲུང་། ནང་མཚམས་ནི་རྣམ་པར་རྒྱལ་བའི་སྤྱི་བོ་ནས་མི་གཡོ་བ་བསྐྱེད་པའི་ཏིང་ངེ་འཛིན་གྱིས། ཕྱི་རྒྱུད་སྡེ་གསུམ་ལ་བཀའ་བསྒོ་ལོག་པའི་བགེགས་བསྲུང་། གསང་མཚམས་ཁྲོ་བོ་བཅུས། གསང་བ་བསྐྱེད་རྫོགས་གསུམ་ལས་བཀའ་བགོ་ལོག་པའི་བགེགས་བར་ཆད་བསྲུང་བར་བྱ་སྟེ། ཡང་ཆོས་སྒོར་མ་ཞུགས་པ་དང་། ཞུགས་པ་དང་། དམ་ཚིག་གཅིག་པའི་འདྲེར་སོང་བ་ལ་རིམ་པ་བཞིན་དུ་བསྲུང་ངོ་ཞེས་གསུངས་སོ། །སྔོན་དཔལ་ཆེན་པོས་ལས་ཀྱི་སྲིན་པོའི་རྒྱལ་པོ་མ་ཏཾ་ཀ་རུ་ཏྲ་མནན་པའི་ཚུལ་བཞིན་དུ། ཕ་ལས་བུས་བླངས་ཏེ་རྗེས་འཇུག་བསྒྲུབ་པ་པོས་བར་དུ་གཅོད་པའི་བགེགས་རྣམས་མནན་ཏེ། མ་ཏྲཾ་གི་གཟུགས་བྱ་བ་དང་མ་ཏྲཾ་བསྐྱེད་པ་དང་། འགུག་པ་དང་། བསྟིམ་ལ། ཟིལ་གྱིས་མནན་པ་དང་། ཁོག་དབུགས་བཀྲལ་བ་ལ་སོགས་པ་བྱས་ལ་མནན་ནོ། །དགོས་པ་ནི། མ་ཊཾ་བསྒྲལ་བའི་ཁོག་པར་གཞལ་ཡས་ཁང་བསྐྱེད་བས་བགེགས་གཞན་གྱིས་མི་ཚུགས་པའོ། །དཔེར་ན་སེང་གེའི་རོ་ལ་གཅན་གཟན་གཞན་གྱིས་ཉེ་མི་ནུས་པ་བཞིན་ནོ། །མ་ཊཾ་ལྟ་བས་མནན་པས། ནང་ལྟར་ལས་ཀྱི་སྲིན་པོ་རང་གི་བདག་འཛིན་ཡིན་པ། བདག་འཛིན་ཟིལ་གྱིས་མནན་ནོ། །དེ་ནས་རྫས་རྣམས་བྱིན་གྱིས་བརླབས། སྒྲུབ་པ་པོ་ངོ་ཤེས་པར་བྱ་བའི་ཕྱིར་རྟགས་གསུམ་དང་ལྡན་པར་བྱ་སྟེ། ལས་ཕྲེང་ལས། གསུམ་དང་མི་གཉིས་གཅིག་པའི་ཕྱིར། །དབྱངས་གསུམ་རྟགས་ཀྱི་མཚན་མ་གདབ། །ཅེས་གསུང་པས། དུས་གསུམ་གྱི་སངས་རྒྱས་དང་གཅིག་པའི་ཕྱིར་སྐྲ་མཚམས་སུ་ཞག་གི་ཟོ་རིས་བྱ། གིང་ཆེན་བཅོ་བརྒྱད་དང་ཐ་མི་དད་པའི་ཕྱིར་དཔྲལ་བའི་དབྱེས་སུ་ཐལ་ཆེན་གྱི་ཚོམ་བུ་བྱ། མ་མོ་མཁའ་འགྲོ་དང་ཐ་དད་མེད་བར་བྱ་བའི་ཕྱིར་སྨིན་མཚམས་སུ་རཀྟའི་ཐིག་ལེ་བྷནྡྷའི་དབྱིབས་ཅན་དུ་བྱའོ། །དེ་ཡང་བྱང་བུ་ལས། ཁྲག་ཞག་ཐལ་ཆེན་མཚན་མ་ནི། །སྟེང་འོག་ཕྱོགས་དང་དབྱེས་སུ་གདབ། །ཅེས་སོ། །བརྗོད་མེད་ཀྱི་བཤགས་པས་སྒྲིབ་པ་སྦྱངས་དམ་བཅའ་ཡེ་ཤེས་ལྷའི་བྱིན་དབབ་བར་བྱ། དེ་ནས་རང་ལྷར་གསལ་བས་ཕྱི་ནང་གི་མཆོད་རྫས་རྣམས་གཞུང་བཞིན་དུ་བྱིན་གྱིས་རླབས་པར་བྱའོ། །གཉིས་པ་གཞུང་བཞིན་བྱ་བ་དེ་ལ་གསུམ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་ཕྲིན་ལས་ཀྱི་རིམ་པ་དང་། བསྙེན་པ་བྱ་བའོ། །དང་པོ་ལ་གསུམ་སྟེ། ཚོམ་བུའི་ལྷ་བསྐྱེད་པ་དང་། རྒྱན་དང་ཆ་ལུགས་རྫོགས་པར་བསྒོམ་པ་དང་། ཡན་ལག་གི་ལྷས་དབང་བསྐུར་བྱིན་གྱིས་བརླབས་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་ཕོ་མདོ་དང་། དྲང་། སྔོན་འགྲོ་རྫོགས་པ་དེ་ནས་ཁྲོ་བོའི་ལྷའི་འཁོར་ལོ་སྟེ་ཚོམ་བུ་གཅིག་པའམ། ཚོམ་བུ་གསུམ་པ་དང་ཚོམ་བུ་ལྔ་རུ་བསྒོམ་བར་བྱ་བ་ནི། གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་གཞལ་ཡས་ཁང་དུ་ལྷ་བསྒོམ་ཚུལ་སྤྱིར་བསྟན་པ་དང་། དྲང་། གནས་གཞལ་ཡས་ཁང་ནི་ཚོམ་བུ་གཅིག་པ་ལ་འོག་གཞི་འཁོར་ལོ་རྩིབས་བཞིའི་ལྟེ་བར་འཁོར་ལོ་རྩིབས་བཞི་དང་། གསུམ་པ་ལ་ཤར་ནུབ་ཀྱི་རྩིབས་དང་ལྟེ་བ་ལ་རྩིབས་བཞི་པ་གསུམ། ལྔ་པ་ལ་སྟེ་བ་དང་རྩིབས་བཞི་ལ་འཁོར་ལོར་རྩིབས་བཞི་པ་ལྔ་སྟེ། བར་འཁྱམས་སྒོ་གཉིས་རིམ་རྣམས་སུ། ལྷ་ཇི་ལྟར་བསྒོམ་ན་དཔལ་འཇིགས་བྱེད་ཆེན་པོ་ཁྲོ་བོའི་འཁོར་ལོ་རྩིབས་བཞི་དང་ལྡན་པའི་དབུས་ཀྱི་ལྟེ་བ་ལ་རིགས་ཀྱི་གཙོ་བོ་བཙུན་མོ་དང་བཅས་པ་ལ་རིགས་ཆུང་གི་ཁྲོ་བོའི་ཚོགས་དང་ལྡན་པར་བསྒོམ་པ་ནི། གཉིས་པ་ཚོམ་བུའི་ལྷ་བསྒོམ་ཐབས་བྱེ་བྲག་ཏུ་བཤད་པ་དེ་ལ་གསུམ་སྟེ། བགྲང་། དང་པོ་ཚོམ་བུ་གཅིག་པ་དང་། དྲང་། དེ་ཡང་ཞི་བ་ཤར་དང་དྲག་པོ་བྱང་དབང་ནུབ་དང་རྒྱས་པ་ལྷོའི་རྩིབས་ཆུང་བཞི་པོ་གདུལ་བྱ་འཇིགས་པར་བྱེད་པའི་ཚོགས་ཆེན་བྷུདྡྷ་དང་། ཀརྨ་དང་། པདྨ་དང་། རཏྣ་ཧེ་རུ་ཀ་བཞི་པོ་དེ་བཞུགས་པའི་ས་ཡིན་ལ། དེའི་དབུས་སུ་རྣལ་འབྱོར་པ་བདག་ཉིད་ཞི་བ་ལས་དྲག་པོར་བཅོས་པ་བཛྲ་ཧེ་རུ་ཀའི་ཚུལ་དུ། རང་གི་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་དཀྱིལ། གཙོ་བོ་ཡབ་ཡུམ་དང་འཁོར་རིགས་བཞི་ཡབ་ཡུམ་དུ་གསལ་བར་བསྒོམ་མོ། །དེ་ལྟར་རྡོ་རྗེ་རིགས་ཀྱི་དེ་བཞིན་རིགས་དང་། རྡོ་རྗེའི་རིགས་དང་། པདྨའི་རིག་དང་། རིན་ཆེན་རིགས་དང་། རལ་གྲི་ལས་ཀྱི་རིགས་ཀྱི་ཚོམ་བུ་ཕོ་བྲང་གི་ལྷ་ཡབ་ཡུམ་བཅུ་སྒོམ་མོ། །གཉིས་པ་ཚོམ་བུ་གསུམ་པ་དང་། དྲ ང་། ཚོམ་བུ་གཅིག་པ་ལས་གཞན་པའི་སྐུ་གསུང་ཐུགས་རྡོ་རྗེ་ཚོམ་བུ་གསུམ་པ་ལ་མོས་པ་ཡིན་ན། མདུན་དུ་སྐུ་བུདྡྷའི་ཚོམ་བུ་དང་། རྒྱབ་ཏུ་གསུང་པདྨའི་ཚོམ་བུ། དབུས་སུ་ཐུགས་རྡོ་རྗེ་རིགས་ཀྱི་འཇིགས་བྱེད་ཁྲོ་བོའི་ཚོམ་བུ་དེ་དག་རེ་རེ་ལ་ལྷ་བཅུ་བཅུ་སྟེ་ཕོ་བྲང་གི་ལྷ་སུམ་ཅུ་བསྐྱེད་དོ། །གསུམ་པ་ཚོམ་བུ་ལྔ་པའི་ལྷ་བསྐྱེད་ཅང་བསྒོམ་པའོ། །དྲང་། འཇིགས་བྱེད་ཁྲོ་བོའི་ཚོམ་བུ་ལྔ་པོ་ཉིད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་བསྒོམ་པ་ནི། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་རིགས་ལྔར་འདུས་པའི་ཕྱིར་ན་ཚོམ་བུ་ཆ་ལྔའི་རིགས་ལྔ་པོ་རེ་རེ་ལའང་རིགས་ཆུང་དང་བཅས་པའི་ཡབ་ཡུམ་ཟུང་ཉི་ཤུ་རྩ་ལྔ་སྟེ་དེ་འཁོར་ལོ་ཆ་ལྔ་ལ་བཀོད་པ་ནི། མདུན་སྐུའི་རིགས་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་ལ། འཁོར་རིགས་ཆུང་ནི་བྱམས་པའི་སྙིང་པོ་ཡབ་ཡུམ། ཐུགས་རྗེའི་སྙིང་པོ་ཡབ་ཡུམ། ལོ་ཀའི་སྙིང་པོ་ཡབ་ཡུམ། བཏང་སྙོམས་ཡབ་ཡུམ་སྟེ་ཚོམ་བུ་བཅུ་དང་། རྒྱབ་གསུང་གི་རིགས་པདྨ་ཧེ་རུ་ཀ་ཡབ་ཡུམ་གྱི་འཁོར་ནི། རྒྱལ་བར་བྱེད་པ་ཡབ་ཡུམ། རོལ་བར་བྱེད་པ་ཡབ་ཡུམ། སེམས་ཟ་བར་བྱེད་པ་ཡབ་ཡུམ། འབྱུང་བར་བྱེད་པ་ཡབ་ཡུམ་སྟེ་ཚོམ་བུ་བཅུ་དང་། དབུས་ཐུགས་ཀྱི་རིགས་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་འཁོར་ནི། རྡོ་རྗེ་སྙིང་པོ་ཡབ་ཡུམ་རིན་ཆེན་སྙིང་པོ་ཡབ་ཡུམ། པདྨའི་སྙིང་པོ་ཡབ་ཡུམ། ཀརྨ་སྙིང་པོ་ཡབ་ཡུམ་སྟེ་བཅུ་དང་། གཡས་ཡོན་ཏན་གྱི་རིགས་རཏྣ་ཧེ་རུ་ཀ་ཡབ་ཡུམ་ལ། རིགས་ཆུང་གི་འཁོར་ནི། རྡོ་རྗེ་རོལ་པ་ཡབ་ཡུམ། རྡོ་རྗེ་སྲིན་པོ་ཡབ་ཡུམ། རྡོ་རྗེ་ལྷ་མིན་ཡབ་ཡུམ། སྣ་ཚོགས་རྡོ་རྗེ་ཡབ་ཡུམ་སྟེ་བཅུ་དང་། གཡོན་ཕྲིན་ལས་ཀྱི་རིགས་ཀརྨ་ཧེ་རུ་ཀ་ཡབ་ཡུམ་གྱི་འཁོར་ནི། སྒྲོལ་བར་བྱེད་པ་མཐར་བྱེད། རོལ་པ་ཉམས་མྱོང་ཡབ་ཡུམ་དང་བཅུ་སྟེ་ཕོ་བྲང་གི་ལྷ་ལྔ་བཅུ་ཡོངས་སུ་རྫོགས་པར་བསྒོམ་མོ། །འཁོར་གྱི་ལྷའི་རྣམ་གྲངས་འདིར་མ་སྨོས་ཀྱང་། ཤུགས་ལ་འཆད་པས་ཚོམ་བུ་གསུམ་ཀའི་ཕོ་བྲང་གི་ལྷའི་འཁོར་ལ། མ་སྲིང་ཉི་ཤུ། དབང་མོ་ཉེར་བརྒྱད། ཁྲོ་བོ་ཡབ་ཡུམ་ཉི་ཤུ་དང་བཅས་པའི་བདུན་ཅུ་དོན་བརྒྱད། དགུ་བཅུ་གོ་བརྒྱད། བརྒྱ་དང་བཅོ་བརྒྱད་ཡོད་དོ། །གཉིས་པ་རྒྱན་དང་ཆ་ལུགས་རྫོགས་པར་སྒོམ་པ་དང་། དྲང་། དེ་དག་ཀྱང་དུར་ཁྲོད་ཀྱི་རྒྱན་བརྒྱད། དཔལ་གྱི་ཆས་བརྒྱད་དང་། འབར་བའི་གར་དགུའི་ཆ་ལུགས་ལ་སོགས་པ་གདུལ་བྱ་གདུག་པ་ཅན་འཇིགས་པར་བྱེད་པ་ཁྲོ་བོའི་ཚོགས་ནི། རང་བཞིན་གྱི་གནས་འོག་མིན་ན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་ཅི་བཞིན་པར། སྒྲུབ་པ་པོ་ཡབ་ཡུམ་ཟུང་ཅིག་གི་ལྷ་ཡབ་ཡུམ་སྤྱིར་བསྒོམ་པའོ། །ཡང་ན་རྣལ་འབྱོར་པ་རེ་རེས་ལྷ་རེ་རེ་ཏུ་བསྒོམ་པ་སྟེ། དེ་དག་ཀྱང་འཚམས་རྔམས་ཆེན་པོའི་རོལ་པ་ཁྲོ་བོའི་ཆ་ལུགས་སུ་གསལ་བར་བསྒོམ་པའོ། །གསུམ་པ་ཡན་ལག་གི་ལྷས་དབང་བསྐུར་བྱིན་གྱིས་བརླབས་པའོ། །དྲང་། དེ་ནས་ལྷ་ཐམས་ཅད་ལ་ཡན་ལག་ལྷག་པའི་དཀྱིལ་འཁོར་དབུ་རྒྱན་ལྔ། སྐུ་གསུང་ཐུགས་གསུམ་ཡེ་ཤེས་སེམས་དཔའ་དང་དགུ་དགུར་ལྷ་རེ་རེ་ལ་ལྡན་པ་སྟེ། དེ་ལྟར་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ལྷ་གསུམ་དང་། ཡེ་ཤེས་ལྔས་དབང་བསྐུར་ཐོབ་པའི་རྟགས་སུ་དབུ་རྒྱན་རིགས་ཀྱི་ལྷ་ལྔ། ཐུགས་ཡེ་ཤེས་སེམས་དཔའ་སྟེ་ལྷ་དགུ་དང་ལྡན་པའི་བདག་ཉིད་དམ་ཚིག་གི་དཀྱིལ་འཁོར་བསྒོམ་པ་ལ། གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་བ་ལ་ལྔ་སྟེ། བགྲང་། དང་པོ་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་པའི་ལས་རིམ་བསྟན་པ་དངོས་དང་། དྲང་། རང་བཞིན་ཡེ་ཤེས་པའི་དཀྱིལ་འཁོར་སྙན་གསན་དབབ། སྤྱན་དྲངས་ལ་ལྕགས་ཀྱུས་ཕྱག་རྒྱས་བཀུག །ཞགས་པས་གཞུག །ལྕགས་སྒྲོག་གིས་བཅིང་། དྲིལ་བུས་དགྱེས་པ་བསྐྱེད་ནས་བརྟེན་པར་གཞུགས་སུ་གསོལ་བ་ལ། ཕྱག་འཚལ་ནས་སྨན་མཆོད་ཡན་ཆད་ཀྱི་རིམ་པ་བཞིན་མཆོད་པར་བྱའོ། །གཉིས་པ་བདུད་རྩི་དངོས་གྲུབ་བླང་བའི་སྔགས་དང་། དྲང་། འདི་ལ་ལྕེ་སྟོན་གྱི་འགྲེལ་བར། འབྲས་བུའི་འདུག་པ་བསྒྱུར། དོན་གྱི་གོ་རིམ་སྡེབ། ཁོང་ལ་ཡོད་པའི་ཁ་བསྐངས་བའི་དགོངས་པ་ལྟར་བཤད་ན། ༀ་སྐུའི་སྙིང་པོ་སུ་ར་ཏོ་བདེ་བ། མ་ཧཱ་ཆེན་པོ། པཉྩ་ལྔ། ཨ་མྲྀ་ཏ་བདུད་རྩི། ཤྲཱི་དཔལ། ཧེ་དགྱེས་པ། རུ་ཆགས་པ། ཀ་ཕྲིན་ལས་སམ། ཡང་ན་ཁྲག་འཐུང་། མཎ་ཊ། སྔགས། ཛྭ་ལ་འབར་བ། མཎྜལ་དཀྱིལ་འཁོར། ཀཱ་ཡ་སྐུ། ༀ་ༀ་ཨོཾ་སྐུའི་གསུང་ཐུགས་གསུམ་མོ། །ཨཾ་གསུང་གི་སྙིང་པོ། སུ་ར་ཏོ་མན་ཆད་འགྲེས། ཝཱ་ཀ་གསུང་ཨཾ་ཨཾ་ཨཾ་གསུང་གི་སྐུ་གསུང་ཐུགས་གསུམ་མོ། །ཧཱུྃ་ཐུགས་ཀྱི་སྙིང་པོ། སུ་ར་ཏོ་འགྲེས། ཙིཏྟ་ཐུགས་ཧཱུྃ་ཧཱུྃ་ཧཱུྃ་ཐུགས་ཀྱི་སྐུ་གསུང་ཐུགས་གསུམ་མོ། །ལུང་གྲ་ཆད་ལ་ཉལ་བ་ཟུར་ལ་བསླང་བ་སྭཱ་དང་ཧཱ་གཉིས་ཡིན་ཏེ། སྭཱ་ཡོན་ཏན་གྱི་སྙིང་པོ། སུ་ར་ཏོ་འགྲེས། གུ་ཎ་ཡོན་ཏན་སྭཱ་སྭཱ་སྭཱ་ཡོན་ཏན་གྱི་སྐུ་གསུང་ཐུགས་གསུམ་མོ། །ཧ་ཕྲིན་ལས་ཀྱི་སྙིང་པོ། སུ་ར་ཏོ་འགྲེས། ཀརྨ་ལས། ཧཾ་ཧཾ་ཧཾ་ཕྲིན་ལས་ཀྱི་སྐུ་གསུང་ཐུགས་གསུམ་མོ། །བཛྲ་རྡོ་རྗེ་མ་ཧཱ་ཆེན་པོ་ཀཱ་པ་ལ་ཐོད་པ་ཁར་ཀ་སྙིང་པོ་དྷ་ན་སྦྱིན་པ་ཛྭ་ལ་འབར་བ་སིདྡྷི་དངོས་གྲུབ་བདེ་བ་བདུད་རྩི་ཆེན་པོ་ལྔ་དཔལ་འབར་བ་ཁྲག་འཐུང་ཆེན་པོ་སྔགས་ཀྱི་དཀྱིལ་འཁོར་རིགས་ལྔའི་སྐུའི་སྐུ་གསུང་ཐུགས་གསུམ་མོ། །གསུང་གི་ཐུགས་ཀྱི། ཡོན་ཏན་གྱི་ཕྲིན་ལས་ཀྱི་སྐུ་གསུང་ཐུགས་གསུམ་ལ། རྡོ་རྗེ་ཀཱ་པ་ལ་ཆེན་པོའི་སྙིང་པོ་སྦྱིན་པས་འབར་བ་ཁྲོ་བོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་ཅིག་པའོ། །དེ་ནི་བདུད་རྩི་འབུལ་ཞིང་དངོས་གྲུབ་བླང་བའོ། །གསུམ་པ་རྣམས་ལྔའི་མཆོད་པ་དང་། དྲང་། མ་ཧཱ་ཆེན་པོ་ཤེས་རབ་དཔལ་ཧེ་རུ་ཀ་ཁྲག་འཐུང་ཨ་མེ་མེ་ཏོག་བདུག་མེ་བདུག་སྤོས་སི་དྷོ་གྲུབ་པ་བྷ་ཝ་ཏུ་གྱུར་ཅིག །སཾ་ཧ་ར་ཎ་སྡུད་ཅིག །ཧཱུྃ་ཧཱུྃ་ཧཱུྃ་སྡུད་པ་སྟེ། དཔལ་ཁྲག་འཐུང་ཆེན་པོ་ལ་མེ་ཏོག་བདུག་སྤོས་ཀྱི་མཆོད་པས་དོན་གཉིས་གྲུབ་པར་གྱུར་ཅིག །དེ་ནས་ལྷ་མོ་རང་ལ་བསྡུ་བས་ཐུགས་བཛྲ་ཁྲག་ཐུང་གི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། དེ་ནི་གཏོར་མའི་སྟེང་འདོད་ཡོན་གྱི་ལྷ་མོས་མཆོད་པའོ། །བཞི་པ་གསང་ནན་འབུལ་བ་དང་། དྲང་། མ་ཧཱ་ཆེན་པོ། ཡོ་ག་རྣལ་འབྱོར། ཨད་ཀྲ་ནང་པ། ས་མ་ཡ་དམ་ཚིག །རུ་ལུ་རུ་ལུ་ཧུབ་གསུམ་བཏུང་བ། ཨ་ལ་ལ་ངོ་མཚར། ཧོ་དགྱེས་པ། དེ་ནི་རྣལ་འབྱོར་ཆེན་པོ་ནང་བའི་དམ་ཚིག་ལས་མི་འདའ་བའི་ཕྱིར་དམ་བླང་བ་ནི། གཏོར་མ་ཧུབ་གསུམ་བཏུང་བས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་མི་འདའ་བས་དངོས་གྲུབ་ངོ་མཚར་ཅན་ཐོབ་ནས་དགྱེས་པའོ། །ལྔ་པ་གཏོར་མ་འབུལ་ཞིང་མཆོད་བསྟོད་བྱ་བའོ། །དྲང་། ༀ་ཨཱཿཧཱུྃ། སྐུ་གསུང་ཐུགས། སུ་ར་ཏོ་བདེ་བ། ཀ་མ་ལེ་ཕྲེང་བ། མ་ཧཱ་ཆེན་པོ་སུ་ཁ་མཉེས་པ། མ་ལེ་ཕྲེང་བ་མ་ནུ་ཡིད་ས་མ་ན་དམ་ཛ་ལ་འབར་བ་དྷ་ན་སྦྱིན་པ་ཨ་ཝ་མཆོད་སྦྱིན་ཡོ་ག་རྣལ་འབྱོར་ཁཱ་ཧི་གསོལ་ཅིག་ཨ་ལ་ལ་ཧོ་མཉེས་པ་སྟེ། གཏོར་མ་བདུད་རྩི་བདེ་བའི་ཕྲེང་བ་རྒྱུན་ཆད་མེད་པར་འབུལ་བས། མཉེས་པ་ཆེན་པོའི་ཕྲེང་བ་རྒྱུན་ཆད་མེད་པ་འབྱུང་བའི་གནས་ཡི་དམ་འབར་བ་ཁྲག་འཐུང་ཚོགས་ཀྱི་གཙོ་བོ་ལ་མཆོད་ཅིག་འཁོར་རྣལ་འབྱོར་མ་ལ་སྦྱིན་པ་གསོལ་ཅིག་མཉེས་པར་གྱིས་ཤིག་པའོ། །དེ་ནས་སྦྱོར་སྒྲོལ་ལ་སོགས་པས་མཆོད་ནས་བསྟོད་པ་སྨོན་ལམ་ཡན་ཆད་རྫོགས་ནས། གསུམ་པ་བསྙེན་པ་ལ་གསུམ་སྟེ། བགྲང་། དང་པོ་བསྙེན་པའི་ཏིང་ངེ་འཛིན་དང་། དྲང་། བསྙེན་པའི་ཏིང་ངེ་འཛིན་ནི། བདག་དམ་ཚིག་སེམས་དཔར་གསལ་བ་དང་། ལྷ་ཡེ་ཤེས་སེམས་དཔའི་ཛ་བྷ་ཁང་མདུན་དུ་ལྷགས་པ་སྟེ། མདའ་གང་ཙམ་གྱིས་ནམ་མཁའ་ལ་བཟླས་པ་གསལ་བ་དང་། བར་ཏིང་ངེ་འཛིན་སེམས་དཔའ་གསུམ་ལྡན་གྱི་སྒོ་ནས་བཟླས་པའམ ། བསྙེན་པ་བྱ་བ་ནི། གཉིས་པ་སྔགས་དང་། དྲང་། ༀ་ནི་ཡེ་ཤེས་ལྔ་ལྡན་སྔགས་ཀྱི་མགོ་འདྲེན། བཛྲ་རྡོ་རྗེ་མ་ཧཱ་ཆེན་པོ་ཀྲོ་དྷ་ཁྲོ་བོ་ཤྲཱི་དཔལ་ཧེ་རུ་ཀ་ཁྲག་འཐུང་། བཛྲ་རྡོ་རྗེ་ཀྲོ་ཏི་ཁྲོ་མོ་ཤྭ་རི་དབྱིངས་ཕྱུག་མ་སརྦ་ཐམས་ཅད་དུཥྚ ན་སྡང་བ་ཧཱུྃ་སྡུད་ཅིག་ཕཊ་སྒྲོལ་ཅིག་པ་སྟེ། མིང་ནས་བོས་པའི་སྔགས་སོ། །རུ་ལུ་མ་ཧཱ་ས་མ་ཡ་ཧཱུྃ་ནི་ཐུགས་དམ་གནད་ནས་དབབ་པའི་སྔགས་སོ། །རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ནི་བསྙེན་སྔགས་སམ་ཆེ་ཡོན་གྱི་སྒོ་ནས་བསྟོད་པའི་སྔགས་སོ། །འདི་ལ་ལྕེ་སྟོན་གྱི་ཉེ་བའི་བསྙེན་པ་བྱེད་པའི་སྔགས་ནི། བསྙེན་པའི་དུས་སུ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཉེ་བསྙེན་གྱི་དུས་སུ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །རུ་ལུ་རུ་ལུ་མ་ཧཱ་ས་མ་ཡ་ཧཱུྃ་ཕཊཿ སྒྲུབ་པའི་དུས་སུ་ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི་སརྦ་དུཥྚན་ཧཱུྃ་ཕཊཿ སྒྲུབ་པ་ཆེན་པོའི་དུས་སུ་ཐམས་ཅད་དྲིལ་ཏེ་བཟླ་གསུངས་སོ། །གསུམ་པ་རིགས་གཞན་ལ་འང་བསྙེན་དུས་ཀྱི་དམིགས་པ་དེ་ལྟར་དུ་བྱའོ། །དྲང་། དེ་ལྟར་བཛྲ་ཧེ་རུ་ཀ་ལ་བཟླས་བསྙེན་སྐྱོན་ནས་སོགས་ཁོང་ན་རིགས་ལྔ་གཞན་ཡང་འདོན་ཏེ། བཟླས་བསྙེན་བྱ་བ་ནི། ལྕེ་སྟོན་གྱི་འགྲེལ་བར་བྷུདྡྷ་ཧེ་རུ་ཀཱ་ལ། ༀ་བུདྡྷ་མ་ཧཱ་ཤྲཱི་ཧེ་རུ་ཀ །བུདྡྷ་ཀྲོ་ཏི་ཤྭ་རི་སརྦ་དུཥྚན་ཧཱུྃ་ཕཊཿ རུ་ལུ་རུ་ལུ་མ་ཧཱ་ས་མ་ཡ་ཧཱུྃ་ཕཊཿ རུ་ལུ་འགྲེས་དེས་རིགས་གསུམ་འགྲེས། ཀོའུ་རི་མ་ལ། ༀ་བཛྲ་ཀོའུ་རི་ཧ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། སེང་ཧ་མ་ལ། ༀ་བཛྲ་སིངྷ་མུ་ཁ་ཧེ། རུ་ལུ་འགྲེས། རྟ་གདོས་མ་ལ། ༀ་བཛྲ་ཨཱརྻ་ཏི་ཛ་ཏི་ང་ཛ། རུ་ལུ་མི་སྲིན་མོ་ལ། བྷྱོ་མ་ནུ་རཀྴ་སི་རུ་ལུ། ཧཱུྃ་ཀཱ་ར་ལ། ༀ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ལུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དེས་ལྷག་མ་རྣམས་འགྲེའོ། །ཞེས་གསུངས་སོ། །དེའང་ཡེ་ཤེས་ཀྱི་ལྷ་མདུན་གྱི་བར་སྣང་དུ་བཞུགས་པ་ལ་དམ་ཚིགས་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་བྱུང་ནས། ཡེ་ཤེས་སེམས་དཔའི་ཐུགས་ཀར་འཕྲོས་ཐུགས་དམ་གྱི་རྒྱུད་བསྐུལ། ཚུར་འདུས་སྒོ་གསུམ་གྱི་སྒྲིབ་པ་སྦྱོངས་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱེད་པར་བསམ་ཞིང་། འཕྲོ་འདུ་བསྣོལ་མར་བྱེད་པ་ནི་བསྙེན་པའི་དཀྱིལ་འཁོར་རྫོགས་པའོ། །དེ་ཉེ་བའི་བསྙེན་པའོ། །དེ་ཡང་། དཔེར་ན་ལྟོན་མོ་ཞིག་བྱེད་པ་ལ། སྔོན་དུ་ཡོ་བྱད་དང་སྤྱོད་ཆ་ཐམས་ཅད་བསོགས་པ་དང་། དེ་ནས་བུད་མེད་གཤིན་པོས་སྤྱད་སོགས་འཁྲུད་པ་དང་དེ་ནས་ཆང་བཙག་པ་དེ་ལ་ཐེམ་བུ་ཕར་བསྒུལ་བས། ཚུར་ཆང་རྒྱང་རྒྱང་འོང་བ་དང་། དེ་ནས་མགྲོན་རྣམས་ལ་དྲངས་བས་ཏིམ་ཏིང་འཐུང་བར་བྱེད་པ་བཞིན་དུ། དང་པོ་བསྙེན་པའི་ཡོ་བྱད་བསག་ཅིང་། སྔོན་འགྲོའི་ཤོམ་བྱེད་པའོ། །དེ་ནས་ཉེ་བསྙེན་གྱི་སྒྲུབ་པ་ཞག་གྲངས་དུ་བྱེད་ཀྱི་ཕྱེད་དུ་ཆོ་ག་གཞུང་བསྲང་ཞིང་དཀྱིལ་འཁོར་གཉིས་ཕྱེ་ནས་བཟླས་པའི་འཕྲོ་འདུས་སྒྲིབ་པ་སྦྱངས་ཤིང་སིདྡྷིའི་སྣོད་དུ་རུང་བར་བྱེད་པའོ། །དེ་ནས་སྒྲུབ་པའི་དུས་སུ་ཞག་གྲངས་དུ་བྱེད་ཀྱི་ཕྱེད་མན་ཆད་དུ། བཟླས་པའི་འོད་ཟེར་ཕར་འཕྲོས་པས། བདག་གི་སྒྲིབ་པ་སྦྱངས་ལ་ཀཱ་ཝཱ་ཅི་སིདྡྷི་སྩོལ་ཅིག་པར་བསྐུལ། དེ་ནས་ནུབ་ཐ་མ་ལ་སྒྲུབ་པ་ཆེན་པོའི་དུས་སུ་བཟླས་པའི་འོད་ཟེར་ཕར་མི་འཕྲོ་བར་ཚུལ་སིབ་སིབ་འདུ་བར་བསམ་ཞིང་དངོས་གྲུབ་ལེན་པའོ། །གསུམ་པ་སྒྲུབ་པ་དང་། དྲང་། ལྷ་བསྐྱེད་པ་དང་སྔགས་བཟླས་པ་ཉེ་བསྙེན་དེ་བཞིན་དུ་སྒྲུབ་པར་བྱ་བའི་དུས་སུའང་། བཟླས་པའི་འོད་ཟེར་ཁ་དོག་དམར་པོ་ཕར་འཕྲོས་པས་དངོས་གྲུབ་རྩོལ་ཅིག་པར་ཐུགས་དམ་ཀྱི་རྒྱུད་བསྐུལ་བ་དང་། ཚུལ་འདུས་བས་བདག་ལ་དངོས་གྲུབ་སྡུད་པར་བསམ་ཞིང་། སྔགས་བཟླས་པའི་སྐྱོན་བཅུ་གོང་ཕྱག་རྒྱ་གཅིག་པའི་སྐབས་ལྟར་སྤངས་ཏེ་སྒྲུབ་པར་བྱ་བ་ནི། དེ་ལྟར་བསྒྲུབ་པ་བྱེད་པའི་དུས་སུ་དགོས་པར་ཤེས་པར་བྱའོ། །བཞི་པ་སྒྲུབ་པ་ཆེན་པོ་ལ་གསུམ་སྟེ། བགྲང་། དང་པོ་སྒྲུབ་པ་བྱ་བ་དངོས་དང་། དྲང་། དེ་ཡང་ནུབ་ཐ་མའི་ཞག་གཅིག་དེ་ལ་སྒྲུབ་པའི་དངོས་གྲུབ་ཀྱི་རྫས་རྣམས་ཤིན་ཏུ་བསྟར་ཞིང་སྔགས་བཟླས་པའི་འོད་ཟེར་མཐིང་ག་ཕར་མི་འཕོ་བར་ཚུར་བསྡུ་བའི་དགོངས་པ་འབའ་ཞིག་བྱ་བ་ནི་སྒྲུབ་པ་ཆེན་པོའི་དུས་སུ་དངོས་གྲུབ་ལེན་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་སྤྱིར་འཛབ་དགོངས་ཀྱི་ཏིང་ངེ་འཛིན་བྱ་ཐབས་དང་། དྲང་། དེ་ཡང་ཉེ་བསྙེན་གྱི་དུས་སུ་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱངས་ཤིང་ཉེས་སྐྱོན་ཐམས་ཅད་དག་པར་བྱེད་པའི་རྟགས་སུ་བཟླས་པའི་འོད་ཟེར་ཡིག་འབྲུ་ཤེལ་གྱི་བུང་བ་ལྟ་བུ་ཁ་དོག་དཀར་པོ་བྱ་སྟེ། ཀུན་འདུས་ལས། དང་པོ་ཤེལ་གྱི་ཁ་དོག་ལ། ཤིན་ཏུ་འབར་ཞིང་འཚེར་བ་ན། །ཤེལ་གྱི་བུང་བ་མང་པོ་དག །ཁྱུང་ཆེན་ལྡིང་བའི་བང་ཚོད་ཙམ། །ཕར་ལྡིང་བཅུད་ཕྱུངས་ཚུར་བསྲིགས་པས། །ཡིག་འབྲུ་ཡེ་ཤེས་མེ་འབར་བས། །བག་ཆགས་འཁྲུད་ཅིང་ཕུང་པོ་བསྲེག །ཕར་འཕྲོས་ཐུགས་དམ་ལས་ལ་བསྐུལ། །ཇི་ལྟར་ཉི་ཟེར་ཚ་ཚ་ལྟར། །རྒྱུན་མི་ཆད་པར་རྩེ་གཅིག་འབར་ཞེས་པ་དང་། སྒྲུབ་པའི་དུས་སུ་དངོས་གྲུབ་ལ་ཆགས་ཤིང་དབང་དུ་སྡུད་པའི་རྟགས་སུ་བཟླས་པའི་འོད་ཟེར་ཡིག་འབྲུ་རྣམས་བྱི་རུའི་བུང་བ་ལྟ་བུ་ཁ་དོག་དམར་པོ་བྱ་སྟེ། དེ་ཉིད་ལས། བར་དུ་བྱི་རུའི་ཁ་དོག་ལ། །གོང་མ་བཞིན་དུ་བཀོད་གསལ་བ། །བྱི་རུའི་བུང་བ་མང་པོ་དག །གོང་མ་བཞིན་དུ་འཕར་ལྡིང་བས། །བཅུད་ཕྱུང་བསྟིམ་ཞིང་སླར་ཡང་འཕར། །ཇི་ལྟར་འགལ་མེའི་འཁོར་ཚུལ་དུ། །དཔལ་བེ་སྨུག་པོའི་སྟེང་དུ་བསྟིམ། །ཞེས་པ་དང་། སྒྲུབ་པ་ཆེན་པོའི་དུས་སུ་དངོས་གྲུབ་གཞན་གྱི་དབང་དུ་མི་འགྱུར་བའི་རྟགས་སུ་བཟླས་པའི་འོད་ཟེར་མཐིང་གའི་བུང་མང་པོ་དག་མཐིང་གར་བསམ་ཏེ། དེ་ཉིད་ལས། ཀུན་གྱི་ཐ་མར་བསྡུ་བ་ནི། །བཀོད་པའི་གོང་མ་ཐམས་ཅད་ཀུན། །མཐིང་ག་འབར་བར་བསྒྱུར་ནས་ནི། །ཁྱུང་ཆེན་གཅན་གཟན་འཛུམ་ཚོད་ཙམ། །ཧཱུཾ་སྒྲ་འབྱིན་ཅིང་ཕན་ཚུན་ལྡིང་། །མཚོ་ལ་སེར་ཆེན་འགྲིལ་བཞིན་ནོ། །ཞེས་སོ། །དེ་ལྟར་བསྙེན་སྒྲུབ་ཀྱི་རིམ་པ་བཞིན་དུ་ཉེ་བསྙེན་དང་། སྒྲུབ་པའི་དུས་སུ་བུང་བ་མེ་ཏོག་ལ་ཕར་འགྲོ་ཚུར་འོང་བྱེད་པ་ལྟར་འོད་ཟེར་ཕར་འགྲོ་ཚུལ་འོང་བྱེད་པ་དང་། སྒྲུབ་པ་ཆེན་པོའི་དུས་སུ་མཚོ་ལ་སེར་བ་ཆེན་པོ་འབབ་པ་བཞིན་དུ་འོད་ཟེར་ཚུར་བསྟིམ་པ་ཡིན་ནོ། །གསུམ་པ་རྟགས་བྱུང་ན་བར་ཆད་བརྟག་ཅིང་དངོས་གྲུབ་བླང་བའོ། །དྲང་། འོད་ལ་བཞི་སྟེ། དེ་ཡང་། དཀར་སྔོ་དམར་ནག་མཚན་མཐོང་ན། ཞེས་པས། འོད་དཀར་པོ་བྱུང་ན་སྲོག་བདག་གམ། གནམ་ཐིལ་དཀར་པོ། སྔོན་པོ་བྱུང་ན་ཀླུ་དུག་ཅན། དམར་པོ་བྱུང་ན་བཙན་འགོང་། ནག་པོ་བྱུང་ན་སྔགས་པ་དམ་ལོག་གི་རྟགས་ཡིན་ནམ། ལྷའི་སྐུ་གསུང་ཐུགས་གྲུབ་པའི་རྟགས་གང་ཡིན་བརྟག་པ་སྟེ། དང་པོ་ཉམས་དགའ་བ་དང་། བར་དུ་སེམས་གསལ་བ་དང་། ཐ་མར་བོགས་ཐོན་ན་ལྷའི་རྟགས་སུ་བཟུང་བ་དང་། དྲི་ཡང་ཅི་སྐད་དུ། ཐེའུ་རང་གསྭེ་ཡི་ཡར་ཤོད་ཀྱིས། །གླ་རྩི་ཙམ་ཞིག་ལོག་པའི་མཆོད། །ཞེས་པས། ཐེའུ་རང་གིའམ། གཙན་འགོང་དམར་པོའམ། བདུད་ཡ་ལ་ཤོད་དམ། ཡ་ལ་སྐྱེས་གཅིག་གི་དྲི་ཡིན་ནམ། ལྷའི་རྟགས་གང་ཡིན་བརྟག་སྟེ། དྲི་ཞིམ་ལ་ཉམས་དགའ་ན་ལྷའི་རྟགས་དང་། སྒྲ་ཡང་། ཇི་སྐད་དུ། སྲིན་མོའི་གདོན་རྒོད་ཁོ་ཡི་སྒྲ། །ཞེས་པས། སྲིན་མོའི་གདོན་དང་། གནོད་སྦྱིན་རྒོད་མའི་སྒྲ་ཡིན་ནམ། རྟགས་གང་ཡིན་བརྟག་ཏེ། སྒྲ་མི་སྙན་ལ་ཡུན་ཐུང་ན་གདོན། སྙན་ནས་ཡུན་རིང་ན་ལྷའི་རྟགས་དང་། གཟུགས་ཀྱང་འདི་སྐད་དུ། དེ་ཡང་གཟུགས་ཀྱང་མི་རྟགས་ཀོ་ཙ་ལི། ཞེས་པས། སྲིན་པོ་ཀོ་ཙ་ལིའི་གཟུགས་མི་རྟག་ལ་ཆོ་འཕྲུལ་དུ་འོང་། གསལ་ཞིང་ཉམས་དགའ་ན་ལྷའི་རྟགས་སོ། །ཕྱག་མཚན་དང་སྒྲུབ་རྫས་རྣམས་ནམ་མཁའ་ལ་འཁོར་བ་དང་། མར་མེ་ཆེར་འབར་བ་དང་། སྨན་རཀ་ཁོལ་བ་ལ་སོགས་པའི་རྟགས་བྱུང་ན། བདུད་ཀྱི་བར་ཆད་དང་ལྷའི་གྲུབ་རྟགས་ཀྱི་ཆ་རྣམས་གང་ཡིན་དཔལ་ཧེ་རུ་ཀའི་སྔགས་དང་ཕྱག་རྒྱའམ། ཐོད་པ་ཚར་གསུམ་གྱི་ཕྱག་རྒྱ་དང་སྔགས་རང་གི་ཉམས་ཀྱི་བརྟགས་པར་བྱ་བ་སྟེ། དེ་ཡང་བདུད་ཡིན་ན་མེད་ནས་འགྲོ་ལ། གྲུབ་རྟགས་ཡིན་ན་ཇེ་གསལ་དུ་འགྲོའོ། །གལ་ཏེ་བར་ཆད་ཡིན་ན་རྡོ་རྗེ་དྲག་པོའི་སྔགས་དང་ཕྱག་རྒྱ་དང་རྫས་དང་ཏིང་ངེ་འཛིན་གྱིས་བསྐྲད་དེ་བདག་ཉིད་ལྷར་གསལ་བའི་གོ་བགོ་ལུས་བསྲུང་བྱས་ལ། སྒྲུབ་པའི་ཞག་གྲངས་ཚང་ཞིང་དངོས་གྲུབ་ཀྱི་རྟགས་བྱུང་ན། དངོས་གྲུབ་བླང་བ་ནི་རྟོགས་པའི་གནས་སུ་ལྷ་བསྟིམ་པ་ཡིན་པས། ཚོམ་བུའི་དཀྱིལ་འཁོར་གང་བསྒྲུབ་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས་རང་རང་གི་ལུས་ངག་ཡིད་གསུམ་གྱི་རྟོགས་པའི་གནས་སུ་མཐུན་པ་ཉིད་དུ་སྦྱར་ཞིང་། མངོན་ཤེས་དབང་པོ་ལྔ་ལ། ལྷའི་དངོས་གྲུབ་སྙིང་ལ། རྫུ་འཕྲུལ་རྐང་པ་ལ་བསྟིམ་པ་ལ་སོགས་ཀྱི་རྟོག་ཚོགས་ཀྱི་གནས་སུ་ལྷའི་དངོས་གྲུབ་བསྟིམ་ཞིང་ཀཱ་ཡ་ཝཱ་ཀ་ཙིཏྟ་མ་ཧཱ་ཏིཥྛ྄་བཛྲ་དང་། སེམས་ཅན་གྱི་དོན་གྱི་ཕྱིར་དངོས་གྲུབ་བརྟན་པར་བྱའོ། །རྟགས་དང་ལྡན་ནས་དངོས་གྲུབ་བླངས་པ་དེས་ན་སྔོན་ཞི་བ་ཚོགས་སྒྲུབ་ཀྱི་སྐབས་སུ་བཤད་པ་བཞིན་དུ་ཡི་གེ་འཁོར་ལོ་དང་། ཡེ་ཤེས་བླ་མ་དང་། ཡོ་བྱད་ལ་སྤྱད་པས་སོ་སོའི་ཡོན་ཏན་རྣམ་པ་གསུམ་ཐོབ་པའམ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམ་གསུམ་ཐོབ་པར་འགྱུར་ཞིང་། གཉིས་པ་སྒྲུབ་པའི་གྲོགས་ཡོ་བྱད་ལ་སྤྱད་ཐབས་ལ་གཉིས་ཏེ། སྦྱོར་སྒྲོལ་གཉིས་ལ་སྤྱོད་པའི་ཐབས་དང་། ཡོ་བྱད་བཞི་ལ་སྤྱོད་པའི་ཐབས་སོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་བཤད་པར་དམ་བཅའ་བ་དང་། དྲང་། ལས་གཞུང་རྣམས་རྫོགས་ནས་ཞི་བར་ཁས་བླང་བའི་གསང་བ་སྦྱོར་སྒྲོལ་གྱི་མཆོད་པ་རྒྱས་པར་བཤད་པར་བྱ་བ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཏ་ན་སྒྲོལ་བ་དང་། གྷ་ན་སྦྱོར་བའོ། །དང་པོ་ལ་བཞི་སྟེ། སྒྲོལ་བའི་དབྱེ་བ་དང་། བསྒྲལ་བས་མི་གོས་པའི་གཏན་ཚིག་དང་། སྒྲོལ་བའི་ངེས་ཚིག་དང་། སྦྱོར་སྒྲོལ་དོན་ལ་ཐ་དད་མེད་པར་བསྟན་པའོ། །དང་པོ་ལ་ལྔ་སྟེ། བགྲང་། དང་པོ་མངོན་དུ་ཕྱུང་བའི་སྒྲོལ་བ་དང་། དྲང་། བསྒྲལ་བ་ལྔ་ཡི་གོ་དོན་ནི། སྤྲོས་པ་མཐར་ཕྱིན་པས་ཞིང་བཅུ་དངོས་སུ་སྒྲོལ་བ་ནི་མངོན་དུ་ཕྱུང་བའི་སྒྲོལ་བའོ། །སྔོན་བྱུང་དུས་དཔལ་ཆེན་པོས་རུ་ཏྲ་བསྒྲལ་བ་ལྟར་རྣལ་འབྱོར་པས་གནས་ལུགས་རྟོགས་པའི་ལྟ་བ་དང་ཏིང་ངེས་བསྒྲལ་ཡང་། བག་ཆགས་ཀྱིས་མི་གོས་པ་ནི་ཐབས་ཆེན་པོའོ། །དབང་པོས་ཡུལ་མཐོང་ཞིང་ཐོས་པ་ལ་སོགས་པ་དབང་པོ་རྣམ་ཤེས་རྣམས་ལྷ་ཡབ་དང་ཡུལ་དུས་རྣམས་ལྷ་ཡུམ་དུ་ཤེས་པས་ཡུལ་ཤེས་རང་ག་མའི་རྟོག་པ་དག་པ་ནི་དབང་པོ་ཡུལ་དུས་ཀྱིས་སོ། །ཆོས་ཐམས་ཅད་ཆོས་དབྱིངས་སྤྲོས་བྲལ་ཏུ་རྟོགས་པས་དངོས་པོ་རང་ག་མ་དག་པ་ནི་རང་བཞིན་རྟོགས་པའི་འོ། །རང་ལྷར་གསལ་བའི་ཐུགས་ཀ་ནས་རཾ་ལས་མེ་བྱུང་སྟེ། འགྲོ་དྲུག་གི་ལུས་དང་བག་ཆགས་བསྲེག་པ་ནི་ཏིང་ངེས་སྒྲོལ་བའོ། །དེ་ཡང་ཞིང་དུ་གྱུར་པ་ལ་གཉིས་ཏེ། བཀྲ་ཤིས་དག་པའི་ཞིང་དང་། ཐུགས་རྗེས་བཟུང་ཞིང་སྒྲོལ་བའི་ཞིང་ངོ་། །སྔ་མ་ནི། སྐྱེ་བ་བདུན་པ་སྟེ། དེའི་རྟགས་ནི་སྐྲ་ནག་ལ་ལི་བ་མིག་བྱ་མིག་བཞིན་མས་ནས་འཛུམ་པ། ཟླ་བ་ཉ་བའི་ནུབ་མོ་གྲིབ་མ་བདུན་བདུན་འོང་བ་སྟེ། དེའི་གདུང་ལ་བརྟེན་ནས་བསྒྲུབ་ན་མཆོག་ཐུན་མོང་གི་དངོས་གྲུབ་ཁྱད་པར་ཅན་འབྱུང་བའི་ཕྱིར་རོ། །ཕྱི་མ་ནི་མཆོག་མི་ལས་གྱུར་པ་གདུན་དང་། མཆོག་ཕྲན་ངན་སོང་གསུམ་སྟེ། གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་དང་། །དམ་ལས་ལོག་དང་འཁུ་བ་དང་། །འདུ་བར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱི་དང་དུ་བླངས། །ཞེས་གསུངས་པས། གང་བསྒྲལ་ན། བཅུ་པོ་དེ་རྣམས་ཤིན་ཏུ་སྙིང་རྗེས་ཕན་གདག་པའི་ཕྱིར་དུ་བསྒྲལ་བའོ། །གང་གིས་བསྒྲལ་ན་བར་ཆད་མེད་པའི་ལམ་པས་བསྒྲལ་བའོ། །དགོས་ཆེད་ཅིའི་ཕྱིར་སྒྲོལ་ན། བདག་གཞན་ཆོས་གསུམ་གྱི་དོན་དུ་འོང་། དུས་ནམ་གྱི་ཚེ་བསྒྲལ་ན། ཚོམ་བུ་ཚོགས་སྒྲུབ་ཀྱི་ནུབ་ཐ་མའི་ནམ་གུང་གི་དུས་སུ་བསྒྲལ་བར་བྱ། ཐབས་གང་གིས་བསྒྲལ་ན། རྡོ་རྗེ་སློབ་དཔོན་བསྒྲལ་བའི་ཐབས་ལ་མཁས་པ་དང་ལྡན་པས་བསྒྲལ་བར་བྱ་བ་ཡིན་ཏེ། དེ་ཡང་རང་བཞིན་གྱིས་སྒྲོལ་བ་ལྟ་བ་ལ་མཁས་པ། ཏིང་ངེ་འཛིན་གྱིས་སྒྲོལ་བ་སྒོམ་པའི་ཐབས་ལ་མཁས་པ། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བ་སྤྱོད་པའི་ཐབས་ལ་མཁས་པ། ཐབས་ཆེན་པོས་སྒྲོལ་བ་གདམས་ངག་གི་ཐབས་ལ་མཁས་པ། མངོན་དུ་ཕྱུང་བའི་སྒྲོལ་བ་མཛད་སྤྱོད་ཀྱི་ཐབས་ལ་མཁས་པ་ལྔ་དང་ལྡན་པས་བསྒྲལ་བར་བྱ་སྟེ། དེ་ཡང་། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་དྲག་པོའི་དཀྱིལ་འཁོར་གྲུ་གསུམ་བྲི་སྟེ། ཨེ་རཾ་གྱིས་དྲག་པོའི་དལ་བསྐྱོད་ལ། ཨ་དང་མ་ལས་དབྱུང་བའི་ཉི་ཟླའི་གདན་སྟེང་དུ། བསྒྲལ་བའི་ཐབས་ལ་མཁས་པས་བདག་ཉིད་གིང་གི་ང་རྒྱལ་དང་བཅས་པའི་ཏིང་ངེ་འཛིན་ལས་མ་ཡེངས་པར། བསྒྲལ་བྱ་དེ་ཉིད་སྔགས་དང་ཏིང་ངེ་འཛིན་གྱི་ནུས་པས་དངོས་སུ་བཀུག་ལ། གྲུ་གསུམ་གྱི་སྟེང་དུ་མགོ་ལྷོ་ནུབ། རྐང་པ་བྱང་ཤར་དུ་བསྟན་ཏེ། འཁོར་བ་རུ་བཟློག་པའི་ཚུལ་དུ་གན་རྐྱལ་དུ་བསྒྱེལ་བའི་སྙིང་གར་རྡོ་རྗེས་མནན་ལ་བཞག་གོ། །ཚུལ་ཇི་ལྟར་ན་བསྒྲལ་ཞེ་ན། ང་རྒྱལ་རྣམ་པ་ལྔ་དང་ལྡན་པའི་ཚུལ་གྱིས་བསྒྲལ་བར་བྱ་སྟེ། དེ་ཡང་སྒྲུབ་དཔོན་དཔལ་ཆེན་པོའི་ང་རྒྱལ་བས། ཀུན་བརྟགས་ཀྱི་རྟོག་པ་ཟིལ་གྱིས་གནོན་པའི་དགོས་ཆེད་དང་། སྒྲོལ་གིང་ཏ་ཀི་ར་ཙར་ང་རྒྱལ་བས། འཁོར་བ་རྒྱུ་བཟློག་པའི་ངང་གྲི་འཇམ་དཔལ་རྣོན་པོར་ང་རྒྱལ་བས། མ་རིག་པའི་རྒྱ་མོ་དྲལ་བའི་དང་། གིང་གི་ལག་པོར་དཔའ་བོ་འབྲུ་ལྔར་ང་རྒྱལ་བས། བདག་འཛིན་དྲུང་ནས་ཕྱུངས་བའི་དང་། བསྒྲལ་བྱར་རུ་ཏྲར་ང་རྒྱས་བས་དུག་གསུམ་རྩད་ནས་གཅོད་པའི་དགོས་ཆེད་དང་ལྡན་པ་སྟེ། དེ་ལྟར་ང་རྒྱལ་རྣམ་པ་ལྔ་དང་ལྡན་པའི་ཚུལ་གྱིས་ལག་པའི་འདུ་བྱེད་ཀྱིས་བསྒྲལ་ལོ། །བསྒྲལ་བའི་ཏིང་ངེ་འཛིན་གང་བསྒོམ་ན། གྲི་འཇམ་དཔལ་རྣོན་པོར་གསལ་བ་དེས། བསྒྲལ་བྱའི་ཁོག་པ་ཤགས་ཀྱིས་གཤགས་པས་མ་རིག་པའི་རྒྱ་མོ་བཀྲལ་བར་བསྒོམ། ལག་སོར་དཔའ བོ་འབྲུ་ལྔར་གསལ་བ་དེས། སྙིང་རྩེར་གྱིས་བཟུང་བས། སྙིང་རྩ་བཞི་ལ་གནས་པའི་ས་བོན་ཟུང་གསུམ་གཉིད་དང་བཅས་པ། དཔའ་བོ་འབྲུ་ལྔའི་འཕྲོ་འདུའི་འོད་ཟེར་གྱིས་བསྲེགས་ནས། བསྒྲལ་བྱའི་ཤེས་པ་ཡིག་འབྲུ་ཧཱུྃ་དཀར་པོ་དྲུག་ཏུ་གྱུར་པས། འཁོར་བར་སྐྱེ་བའི་ས་བོན་དྲུག་བག་ཆགས་དང་བཅས་པ་རྣམ་པར་དག་ཧཱུཾ་དྲུག་པོ་དེ་ཡང་། ཐུགས་རང་རིག་པའི་ཡེ་ཤེས་གཅིག་ལས་མ་འདས་པའམ། ཆོས་ཉིད་དུ་གཅིག་པའི་ཕྱིར་ཧཱུྃ་དཀར་པོ་ཞིག་ཏུ་གྱུར་པར་བསྒོམ་སྟེ། དེ་ནི་ཕྱི་ལྟར་ན་བསྒྲལ་བྱའི་ཁོག་དབུགས་དྲལ་ནས་ཁོང་གི་ཙིཏྟ་དངོས་སུ་ཕྱུང་བ་ཡིན་ལ། ནང་ལྟར་ན་ཐོས་བསམ་གྱི་ཤེས་རབ་ཀྱིས་གཟུང་འཛིན་གྱི་རྒྱ་མོ་དྲལ་ནས། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་དྲུང་ནས་ཕྱུང་བ་ཡིན་ཏེ། ཤེས་པ་ཆོས་ཉིད་དུ་བསྒྲལ་བ་ཞེས་བྱའོ། །དེ་ནས་ཧཱུྃ་དཀར་པོ་དེ་བདག་ཉིད་རྡོ་རྗེ་རྒྱལ་པོ་ལྷར་གསལ་བས་ཡབ་ཡུམ་སྦྱོར་བ་མཛད་པས་ཤངས་ཁུང་གཡོན་གྱིས་རྔུབ་ཀླད་པའི་རྒྱས་སུ་ཕྱུངས། སྐུའི་དབྱིབས་སུ་བརྒྱུད། སྲོག་དག་པ་རྡོ་རྗེའི་ལམ་ནས་ཕྱུང་། ཡུམ་གྱི་མཁའ་ལ་བབ་པས། གསང་བའི་དབྱིངས་སུ་ཐིམ་པར་བསྒོམ་མོ། །དེ་ནི་ཡུམ་གྱི་མཁའ་ལ་བསྒྲལ་བ་ཞེས་བྱའོ། །དེ་ནས་ཡུམ་གྱི་མཁའ་ལ་གསུང་ཡིག་འབྲུ་དེ་ཡོངས་སུ་གྱུར་པ་ལས། ཐུགས་ཕྱག་རྒྱ་རྡོ་རྗེ་འོད་འབར་བ་གཅིག་ཏུ་གྱུར། རྡོ་རྗེ་དེ་ཡོངས་སུ་གྱུར་བ་ལས་སྐུ་ཡོངས་སུ་རྫོགས་པ་རྡོ་རྗེ་སེམས་དཔའི་སྐུ་ཕྲ་མོ་ཞིག་ཏུ་གྱུར་ཏེ། དེ་ཡང་ཉོན་མོངས་པ་ལྔ་རྣམ་པར་དག་པས་འཁོར་འདས་གཉིས་མེད་དུ་ལོངས་སྤྱད་པས་ན་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་དུ་ལྡན་པ། འོད་ཟེར་སྣ་ལྔ་འཕྲོ་བ་རབ་ཏུ་བརྗིད་པ་དང་ལྡན་པ། རྡོ་རྗེ་སེམས་དཔའི་སྤྱི་གཙུག་ཏུ་འཁོར་བ་ལས་རྣམ་པར་རྒྱལ་བ་མཚོན་པ་རིགས་ཀྱི་བདག་པོ་མི་བསྐྱོད་པ་ཚོན་གང་བ་བསྒོམ། ཡང་ན་དབུས་ན་བཻ་རོ་ཙ་ན་ༀ། ཅེས་རྣམ་པར་སྣང་མཛད་བསྒོམ་པའང་བཞེད་དོ། །རྡོ་རྗེ་སེམས་དཔའ་མཚན་ཡོངས་སུ་རྫོགས་པའི་ས་ལ་བསྒྲལ་ཞེས་བྱའོ། །དེ་ལྟར་བསྒྲལ་བའི་ཤེས་པ་ཉིད་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་པ་དེ་ཡང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞག །ཡཾ་ལས་རླུང་གིས་བཏེགས་ནས་ཨ་ཡཾ་སྥ་ར་ཎ་ཕཊཿ ཅེས་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བཞུགས་གནས་འོག་མིན་དུ་འཕངས་ཏེ། འོག་མིན་གྱི་རྒྱལ་བ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས་སྦྱོར་བ་མཛད་པའི་མཁའ་མཚམས་སུ་བསྟིམས་ཏེ་སོང་ནས། གསང་བ་བྱང་ཆུབ་སེམས་ཀྱི་དབང་ཡང་བསྐུར། སྒྲིབ་པ་དག་པ་ལ། ཧཱུྃ་བཛྲ་དྷྲྀཀ །མུཾ་ད་དུ་ཤྭ་རི། ཞེས་བརྗོད་པས། རྒྱལ་བའི་རིགས་ངེས་པའི་སྲས་སུ་གྱུར་པ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུར་གྱུར། ཕཊ་ཛཿས་ཕྱིར་བཏོན་པས་ཡབ་ཡུམ་གྱི་སྐུར་རགས་པ་མཚན་དཔེ་ཡོངས་སུ་རྫོགས་པ་ཞིག་ཏུ་གྱུར་ནས། གནས་དེ་ཉིད་དུ་བཞུགས་པར་བསྒོམ་མོ། །དེ་ནི་ཤེས་པ་འོག་མིན་དུ་བསྒྲལ་བ་ཞེས་བྱའོ། །དེ་ནི་ཡང་དག་ལྟར་ན། ཤ་ཁྲག་རུས་པའི་ཚོགས་རྣམས་ལ་བསྐོས་བཏབ་སྟེ། དུར་ཁྲོད་དུ་བྱ་བའམ། དུག་གསུམ་གྱི་མཆོད་པ་ལ་སོགས་ཕུལ་བས། དཀྱིལ་འཁོར་ཀྱི་ལྷ་ཚོགས་རྣམས་མཉེས་པར་བསྒོམ་མོ། །དེ་ནི་ཤ་ཁྲག་རུས་པའི་ཕུང་པོ་དུར་ཁྲོད་དུ་བསྒྲལ་བ་ཞེས་བྱའོ། །གཉིས་པ་ཐབས་ཆེན་པོས་བསྒྲལ་དང་། དྲང་། དེ་ཡང་སྔོན་བྱུང་དུས་སྐུ་གསུང་ཐུགས་ཤིན་ཏུ་ཁྲོས་པའི་ཁྲོ་བོ་དཔལ་ཆེན་པོ་རྡོ་རྗེ་སྲིན་པོ་ཡིས་ཐུགས་རྗེ་དང་བསྒྲལ་བའི་ཐབས་ཀྱི་སྒོ་ནས་ལྷ་ཆེན་རཱུ་ཏྲ་འཁོར་དང་བཅས་པ་བསྒྲལ་བ་ལྟར། རྗེས་འཇུག་གི་རྣལ་འབྱོར་བས་ཆོས་ཉིད་མངོན་སུམ་དུ་ལྟ་བས་རྟོགས་པའི་གདེང་དང་ལྡན་ཞིང་སྒོམ་པའི་ཏིང་ངེ་འཛིན་གྱིས་གོམས་ནས། སྦྱོར་ལམ་མཐར་ཕྱིན་པའི་དུས་སུ་བསྒྲལ་བྱ་བ་བསྒྲལ་བྱེད་གཉིས་སུ་མེད་པར་ཐབས་ཀྱི་སྒོ་ནས་བསྒྲལ་ཞིང་གི་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་བར་བྱའོ། །གསུམ་པ་དབང་པོ་ཡུལ་དུས་ཀྱི་དང་། དྲང་། དེ་ཡང་གང་གིས་བསྒྲལ་ན། སྦྱོར་ལམ་པའི་ཐུགས་རྗེ་ཆེན་པོའི་སྒོ་ནས་དགོངས་པའི་བྱིན་རླབས་ཀྱི། གང་བསྒྲལ་ན། ཨ་ནྲྀ་སུ་ཏྲི་པྲེ་དུ་ཛ་ཞེས་ལམ་རྒྱུད་ལྔའི་སེམས་ཅན་མ་ལུས་པའི་ཤེས་པ་ཀུན་བཀུགས་ནས་བསྒྲལ་བྱ་ལ་བསྟིམས་ཏེ། གང་ལྟར་བསྒྲལ་ན། སེམས་ཅན་ཐམས་ཅད་ཀྱི་བདག་འཛིན་མ་ལུས་པ་རྣམས་ཆོས་ཉིད་གཉིས་སུ་མེད་པའི་ངང་དུ་བསྒྲལ་བར་བྱའོ། །བཞི་པ་རང་བཞིན་གྱི་དང་། དྲང་། བསྒྲལ་ཞིང་ནི་ཕྱི་སྣོད་དང་ནང་བཅུད་ཀྱི་འཇིག་རྟེན་ཇི་སྙེད་ན་གནས་པའི་འགྲོ་དྲུག་གི་སེམས་ཅན་ཕྲ་རགས་མ་ལུས་པ་ཀུན། བསྒྲལ་མཁན་ནི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོར་བལྟ་བས་རྟོགས་པ་སྦྱོར་ལམ་པ་ཡིས། བསྒྲལ་ཐབས་ནི། རང་བཞིན་མཉམ་པ་ཉིད་ཀྱི་དབྱིངས་སུ་ཡང་ནི་རྟོགས་པས་བསྒྲལ་བ་ལ་གཉིས་འཛིན་གྱི་རྟོག་པ་མི་དམིགས་པ་བྱ་བའོ། །ལྔ་པ་ཏིང་ངེ་འཛིན་གྱིས་སྒྲོལ་བའོ། །དྲང་། བསྒྲལ་བྱ་ནི། ཕྱི་ལྟར་དབུས་ཀྱི་རི་རབ་ཆེན་པོའི་ཕྱོགས་བཞིའི་གླིང་བཞི་ཕྲན་བརྒྱད་ལ་གནས་པའི་སེམས་ཅན་བསྒྲལ་བྱ་མ་ལུས་པ་ཀུན། བསྒྲལ་བའི་མཁན་པོ་ཐུགས་རྗེ་ཆེ་པོ་དང་ལྡན་པའི་སྦྱོར་ལམ་གྱི་རྣལ་འབྱོར་པ་ལྟ་བ་རྟོགས་ཤིང་ཏིང་ངེ་འཛིན་དང་ལྡན་པའི་བྱིན་རླབས་ཀྱིས། བསྒྲལ་ཐབས་ནི། ཏིང་ངེ་འཛིན་གྱི་རང་རིག་པ་རཾ་དུ་གསལ་བའི་ཡེ་ཤེས་ཀྱི་མེ་ཆེན་པོ་འབར་བར་བསྒོམས་པར་བྱས་ཏེ། ཡེ་ཤེས་ཀྱི་མེ་དེས་རི་རབ་གླིང་བཞི་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་རྣམ་པར་རྟོག་པའི་མཚན་མ་དང་བག་ཆགས་མ་ལུས་པ་བསྲེག་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་གཉིས་མེད་ཆོས་ཀྱི་དབྱིངས་སུ་ཡང་ནི་རང་གྲོལ་དུ་བསྟིམ་པ་སྟེ་རྟོགས་པར་བྱ། དེ་ལྟར་རྟོག་པ་དེ་དག་ཕྱི་ན། ས་བླ། ས་འོག །ས་སྟེང་ན་སྲིད་པ་ཁམས་གསུམ་མམ། ནང་ལྟར་ན་ལུས་ངག་ཡིད་གསུམ་གྱི་མཚན་མ་ཐམས་ཅད་བསྲེག་པའི་མེ་ཡིན་ནོ། །དེ་ཡང་མེ་རང་རྒྱུད་པས་སྲིད་གསུམ་དངོས་སུ་བསྲེག་པ་མ་ཡིན་ཏེ། རྣལ་འབྱོར་པའི་ཡིད་ཀྱིས་རྣམ་པར་ཤེས་པ་ལྟ་དགོངས་ལས་སུ་རུང་བས་ཡེ་ཤེས་ཀྱི་མེ་རུ་རབ་ཏུ་འབར་ཏེ་བསྲེག་པ་ཡིན་ནོ། །ཡེ་ཤེས་ཀྱི་མེ་བསྐྱེད་པའི་ས་བོན་ནི་རཾ་ཡིན་པའོ། །གཉིས་པ་བསྒྲལ་བས་མི་གོས་པའི་གཏན་ཚིག་ལ་བཞི་སྟེ། བགྲང་། དང་པོ་བདེན་པ་གཉིས་ཀྱི་ཚུལ་དུ་རྟོགས་པས་སྦྱོར་སྒྲོལ་གྱིས་མི་གོས་པ་དང་། དྲང་། དེ་ལྟ་བུའི་བསྒྲལ་ཐབས་ཁྱད་པར་ཅན་འདི་ནི། བདག་ལ་སྒྲིབ་པས་མི་གོས། གཞན་ལ་སྡུག་བསྔལ་མི་བསྐྱེད་པས་ངོ་མཚར་ཞིང་ལས་ངན་སྦྱང་པས་གནས་ངན་པར་འགྲོ་བའི་རྒྱུ། ཞིང་བཅུ་པོ་ཐམས་ཅད་ཀྱང་སྡུག་བསྔལ་ལས་ཐར་བར་བྱེད་པའི་ཐབས་ཁྱད་པར་ཅན་འདི་ལས་ལྷག་པ་གཞན་མེད་པས་ཕྱིར་རོ། །དེ་ལྟར་སྒྲོལ་བ་འདི་དག་ལོག་པར་འགྱུར་རོ་ཞེ་ན། ཉོན་མོངས་པས་ཀུན་ནས་བསླང་ནས། སེམས་ཅན་གྱི་སྲོག་ལ་འཚེ་བ་བྱས་པ་དང་། བྱེད་དུ་བཅུག་ན་སྐྱོན་དུ་འགྱུར་བས་འབྲས་བུ་འབྱུང་མོད་ཀྱིས། འདིར་སྐྱོན་མེད་དེ་གཞི་རང་བཞིན་གྱི་སྣང་བ་ཡེ་གདོད་མ་ནས་སྐྱེ་བ་མེད་པ་དོན་དམ་པའི་བདེན་པ་དེ་ཉིད། རྒྱུ་ཤེས་པའི་མཚན་ཉིད་ལྟ་བས་དེ་བཞིན་ཉིད་ཁོ་ནར་རྟོགས་ཤིང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱིས་ཉམས་སུ་བླངས་བས། ཀུན་རྫོབ་ཏུ་ལུས་སྒྱུ་མར་སྣང་བ་འདི་ཡང་། དེས་ཐོ་ཡོར་ལ་མིར་འཛིན་པ་དེ་ཉིད་ཐོ་ཡོར་དུ་ངེས་པས་མིར་འཛིན་གྲོལ་བ་བཞིན། སྣང་བ་ཐམས་ཅད་མིག་ཡོར་གྱི་ཚུལ་དུ་ཤེས་ནས། དངོས་གྲུབ་གཉིས་བསྒྲུབ་པའི་དོན་དུ་གྷ་ན་སྦྱོར་བ་དང་། སྟ་ན་སྒྲོལ་བའི་བྱ་བ་ཀུན་བྱས་ཀྱང་། སྦྱོར་སྒྲོལ་རང་རྒྱུད་དུ་བྱས་པའི་དྲི་མ་རྡུལ་ཕྲ་རབ་ཀྱི་ཆ་ཤས་ཙམ་ཡང་བྱས་པ་མེད་པས་ན། སྦྱོར་སྒྲོལ་གྱི་སྐྱོན་གྱིས་མི་གོས་པར་བསྟན་པའོ། །གཉིས་པ་ཕུང་པོ་ལ་རྣམ་པར་དབྱེ་བས་ཧེ་དུས་སྒྲོལ་བས་མི་གོས་པ་དང་། དྲང་། ཚུལ་དེ་ལྟར་རྟོགས་ན་ཀུན་རྫོབ་ཏུ་ཞིང་བཅུ་ལ་སོགས་བསྒྲལ་བའི་བྱ་བ་ཀུན་ནམ། ཡང་ན་བསྒྲལ་ཐབས་ལྔ་པོ་གང་བྱས་ཀྱང་དོན་དམ་ལྟར་ན་བསྒྲལ་བའི་དངོས་པོ་དེ་དག་མ་གྲུབ་པས་བསྒྲལ་བའི་དངོས་པོ་རང་རྒྱུད་པར་གང་ཡང་མེད་དོ། །དེའི་རྒྱུ་མཚན་ནི་ལོག་རྟོག་གི་ངོ་བོ་སྣང་བའི་ཕུང་པོ་ལྔ་པོ་འདི་ལ་རིག་པས་བརྟགས་ཏེ། རང་བཞིན་མེད་པར་བཤིག་པར་བྱ། བྱེ་བྲག་ཏུ་གཟུགས་ཕུང་ལ་སོགས་རིགས་པས་བཤིགས་ན་ཤ་རུས་ལ་སོགས་འབྱུང་བ་ལྔའི་བག་ལ་ཞ་ལ། འོ་ན་བཀག་པའི་སྟོང་པ་སྙམ་ནས། རིགས་པས་མ་བཤིག་ཙ་ན་ཡང་ཤ་རུས་ལ་སོགས་འབྱུང་བ་ལྔ་ཡི་ངོ་བོ་ཡིན་པས་བསྒྲལ་རྒྱུ་མེད་དོ། །གསུམ་པ་རྣམ་ཤེས་ལ་དམིགས་སུ་མེད་པས་སྒྲོལ་བས་མི་གོས་པ་དང་། དྲང་། སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་རང་རྒྱུད་དུ་གཟུགས་སུ་གྲུབ་པ་མེད་པར་ཤེས་པས་བསད་པར་བྱས་ན། དཔེར་ན་རྨི་ལམ་དུ་སྲོག་གཅོད་པར་སྣང་བ་ཡང་དོན་ལ་མ་གྲུབ་པའི་ཚུལ་ཅི་བཞིན་དུ། འཁྲུལ་ངོ་ན་སྲོག་གཅོད་བྱ་གཅོད་བྱེད་དུ་གནས་པ་ཉིད་ན་ཡང་དག་པའི་དོན་ལ་དངོས་པོ་རང་རྒྱུད་པར་གྲུབ་པ་མེད་པའོ། །བཞི་པ་རང་སེམས་ཀྱི་རང་བཞིན་ལ་སྒྲོལ་དུ་མེད་པའོ། །དྲང་། འོ་ན་སེམས་ཉིད་བསྒྲལ་ལམ་ཞེ་ན། ཀུན་གཞི་བྱང་ཆུབ་སེམས་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བའི་ཆོས་ཉིད་དེ་ལ་ནི། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དགྲར་ལངས་ཀྱང་གཉིས་སྣང་དུ་གྲུབ་པ་མེད་པའི་ཕྱིར་ན། སེམས་ཀྱི་རང་བཞིན་དེ་སངས་རྒྱས་ལ་སོགས་པ་སུས་ཀྱང་ཟིན་ཅིང་སོད་པ་མེད་པའོ། །གསུམ་པ་སྒྲོལ་བའི་ངེས་ཚིག་དང་། དྲང་། འོ་ན་དངོས་སུ་སྒྲོལ་རྒྱུ་གྲུབ་པ་མེད་ན། རྣལ་འབྱོར་པའི་ཐུགས་རྗེས་གང་བསྒྲལ་བ་ཡིན་ཞེ་ན་གདུལ་བྱའི་བདག་འཛིན་ལ་སོགས་པ་རྣམ་པར་རྟོག་པའི་མཚན་མར་ཞེན་པ་ཐམས་ཅད་ཀུན། འཁྲུལ་བའི་ལོག་རྟོག་ཕྱིན་ཅི་ལོག་ཏུ་ཞེན་ཅིང་འཛིན་པ་ལས་བཟློག་པར་བྱས་ཏེ། བསྒྲལ་བའི་ལྟ་དགོངས་ཏིང་ངེ་འཛིན་དང་། སྔགས་དང་ཕྱག་རྒྱ་དང་གསུམ་ལ་བློ་ཤིན་ཏུ་གོམས་ཤིང་བརྟན་པར་གྱུར་པས་བསྒྲལ་བྱའི་ཤེས་པ་ལ་དབང་བསྐུར་ཏེ། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཞིང་ལ་དགོད་པར་བྱ། རྒྱུ་མཚན་དེའི་ཕྱིར་དེ་ལྟར་ལོག་རྟོག་རྒྱུན་ཆད་ནས་བྱང་ཆུབ་ལ་བཀོད་པ་དེ་ཀ་ཙམ་ལས་ནི། འཁོར་བ་ལས་བསྒྲལ་བའི་དོན་གྱིས་ན་བསྒྲལ་བ་ཞེས་བྱ་བར་ཐ་སྙད་དུ་གདགས་སོ། །བཞི་པ་སྦྱོར་སྒྲོལ་དོན་ལ་ཐ་དད་མེད་པར་བསྟན་པའོ། །དྲང་། དེ་ཡང་གཉིས་འཛིན་གྱི་རྟོག་པ་བསྒྲལ་བའི་དུས་ཉིད་ན་ཆོས་ཉིད་གཉིས་མེད་དུ་སྦྱོར་བ་ཡང་ཚང་བ་ཡིན་ཏེ། དེ་ཇི་ལྟར་ཡིན་ཞེ་ན། བསྒྲལ་བྱའི་རྒྱུ་ཉོན་མོངས་པ་དང་། འབྲས་བུ་སྡུག་བསྔལ་མ་ལུས་པ་ཀུན་རྩད་ནས་བཅད་ནས། འབྲས་བུ་བླ་ན་མེད་པ་བྱང་ཆུབ་ཀྱི་ཞིང་དུ་བསྒྲལ་བས་ན། བསྒྲལ་བྱ་སྒྲོལ་བྱེད་གཉིས་སུ་མེད་པ་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་སྦྱོར་བ་ཡིན་ནོ། །གཉིས་པ་གྷ་ན་སྦྱོར་བ་ལ་ལྔ་སྟེ། མངོན་དུ་ཕྱུངས་པའི་སྦྱོར་བ་དང་རང་བཞིན་གྱི་དང་། དབང་པོ་ཡུལ་དུས་ཀྱི་དང་། ཏིང་ངེ་འཛིན་གྱི་དང་། ཐབས་ཆེན་པོའི་སྦྱོར་བའི་ཕན་ཡོན་གྱི་ངོས་ནས་མཇུག་བསྡུ་བའོ། །དང་པོ་ལ་བཞི་སྟེ། བགྲང་། དང་པོ་གང་ལ་སྦྱོར་བའི་ཡུལ་དང་། དྲང་། དེ་ཡང་སྦྱོར་བའི་གོ་དོན་ནི། མངོན་དུ་ཕྱུང་པའི་སྦྱོར་བ་ནི། སྤྲོས་པ་ལས་སུ་རུང་བའི་རྣལ་འབྱོར་པས་དངོས་སུ་ལྷ་མོ་བཀུགས་ནས་སྦྱོར་བའོ། །རང་བཞིན་གྱི་ནི། སྤྱོད་ཡུལ་གྱི་རྟོག་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གནས་པར་སྦྱོར་བའོ། །དབང་པོ་ཡུལ་དུས་ནི། དབང་པོ་རྣམ་ཤེས་ལྷ་ཡབ་ཡུལ་དུས་ལྷ་ཡུམ་དུ་ཤེས་པར་སྦྱོར་བའོ། །ཏིང་ངེ་འཛིན་ནི། རྟོག་ཚོགས་ལྷའི་དཀྱིལ་འཁོར་དུ་ཏིང་ངེས་སྦྱོར་བའོ། །ཐབས་ཆེན་པོའི་སྦྱོར་བ་ནི། སྔོན་བྱུང་དུ་དཔལ་ཆེན་པོས་དབང་ཕྱུག་མ་ལ་རོལ་བ་ལྟར། རྣལ་འབྱོར་པས་སྤྱོད་བཞིན་མ་ཆགས་པར་སྦྱོར་བའོ། །དེ་ཡང་ཕྱི་ལྟར་ན་ལྷ་མོ་དངོས་དང་། ཀླུ་མོ་དངོས། རིགས་ངན་མོ་སྟེ། མི་མོ་མཚན་ལྡན་རྣམས། དེ་དག་སྔགས་དང་ཕྱག་རྒྱས་དངོས་སུ་བཀུག་པ་སྟེ། རྔམ་གློག་ལས། ལྷ་མོ་ཀླུ་མོ་གནོད་སྦྱིན་སོགས། །མདོར་ན་འཇིག་རྟེན་ཁམས་རྣམས་ན། །མི་ཡི་ལུས་ཅན་གང་ཡང་རུང་། །ཐབས་ལ་མཁས་པས་སྐབས་ཀྱིས་སྦྱོར། །ཞེས་སོ། །གལ་ཏེ་བཀུག་མ་ནུས་ན། རིག་ངན་མིའི་བུ་མོ་ལ་བརྡའི་སྒོ་ནས་དབྱེ་བ་ལ་བཞི་ལས། དང་པོ་ལོ་གྲངས་ཀྱི་སྒོ་ནས་དབྱེ་བ་ནི། ལོ་བཅུ་གཉིས་མ་མཚན་དང་ལྡན་པ་ནི་ལྷ་མོ་རབ་སྟེ། བཅུ་དྲུག་མ་མཚན་དང་ལྡན་པ་ནི་ཀླུ་མོ་སྟེ་འབྲིང་། ཉི་ཤུ་འམ་ཉེར་ལྔ་མཚན་དང་ལྡན་པ་ནི་རིགས་ངན་མོ་སྟེ་ཐ་མའོ། །གཉིས་པ་རྩའི་སྒོ་ནས་དབྱེ་བ་ནི། རྩ་མདུད་པ་ཅན་ཏེ་འདབ་མ་བརྒྱད་པ་ལྷ་མོ། མཉམ་པ་སྟེ་འདབ་བཞི་ཀླུ་མོ། ཞར་མ་སྟེ་འདབ་གཉིས་རིགས་ངན་མོ། གསུམ་པ་བྱང་སེམས་ཀྱི་སྒོ་ནས་དབྱེ་བ་ནི། ཉི་ཟླ་གཉིས་ཀ་འཛག་པ་ལྷ་མོ། ཉི་མ་འཛག་པ་ཀླུ་མོ། །གཉིས་ཀ་མི་འཛག་པ་ནི་རིགས་ངན་མོའོ། །བཞི་པ་སྦྱོར་ཐབས་ཀྱི་སྒོ་ནས་དབྱེ་བ་ནི། བདག་གཞན་གཉིས་ཀའི་བདེ་བ་བསྐྱེད་ནུས་པ་ལྷ་མོ། གཞན་བདེ་བ་ཀླུ་མོ། བདག་བདེ་བ་ཙམ་རིགས་ངན་མོའོ། །མདོར་ན་ངེས་འབྱེད་ལྟར། བུད་མེད་རྒྱན་པོ་བྱེད་པ་དང་། །ཉེ་ཚོང་རྐུ་བྱེད་དགེ་སློང་མ། །སློང་མོ་མ་དང་དེ་བཞིན་དུ། །ཁྱིམ་ཚེས་མ་ལ་གྲོགས་མི་བྱ། །ཞེས་པས་དེ་རྣམས་སྤངས་ལ། བལྟ་མཛེས་མཉེན་འཇམ་འགྲོ་སྟབས་ལེགས། །ངག་འཇམ་མཐུན་སྨྲ་མང་ཉུང་ཞིང་། །དད་ལྡན་བློ་རྣོན་ཤེས་རབ་ཆེ། །འཕྲལ་དལ་བརྟག་ཐུབ་གྲོགས་དད་ཆེ། །བཀའ་བློ་བདེ་ཞིང་སྦྱོར་ཐབས་མཁས་ཞེས་པས། ལུས་ངག་ཡིད་གསུམ་ལ་ཡོན་ཏན་གསུམ་གསུམ་དང་། སྤྱོད་ལམ་གྱི་ཡོན་ཏན་བཞི་སྟེ་བཅུ་གསུམ་དང་ལྡན་པ་བཙལ་ལོ། །རྣལ་འབྱོར་པ་རང་གི་སྦྱོར་ཐབས་ཀྱི་སྤྱོད་པ་ལ་ལྟ་སྒོམ་གྱི་ནུས་པ་ཆུང་ན། གོང་གི་མི་མོ་ལ་བཟང་ངན་དབྱེ་ནས་བཟང་རིགས་བརྟེན་ཅིང་། ངན་རིགས་མི་བརྟེན་པའམ། ཡང་། རྣལ་འབྱོར་པ་ནུས་པ་ཆེ་ན་ཕྱག་རྒྱའི་མཚན་བཟང་ངན་མི་མོ་ལ་མི་དབྱེ་བར་བྱ་སྟེ། དངོས་སུ་ལྷ་མོ་ཀླུ་མོ་བཀུག་པའི་ཕྱིར་རོ། །གཉིས་པ་ཇི་ལྟར་སྦྱོར་བའི་ཐབས་ལ་གཉིས་ཏེ། བགྲང་། དང་པོ་མ དོར་བསྟན་པ་དང་། དྲང་། དེ་ཡང་གསུམ་པ་སྦྱོར་བའི་བསྙེན་སྒྲུབ་བཞི་ནི། ཡུམ་མཚན་ཉིད་དང་ལྡན་པ་ལ་ཁྲུས་གསུམ་བྱ། རྒྱན་གསུམ་གདག །ཆོས་གསུམ་བཤད་ནས་སྟ་གོན་དུ་བྱས་པ་ནི་བསྙེན་པའི་ཡན་ལག་གོ། །མཁའ་གསང་རླབ། སྦྱོར་བའི་བརྡས་བསྐུལ། ཡོ་བྱད་བཞི་དང་འདོད་པའི་བསྟན་ཆོས་དྲུག་ཅུ་རྩ་བཞིས་བདེ་བ་རྒྱས་པར་བྱེད་པ་ནི་ཉེ་བའི་བསྙེན་པ་ཕྱག་རྒྱ་བཞིས་རོལ་པ་ནི་སྒྲུབ་པ་དང་། ཉི་ཟླ་རྡོ་རྗེའི་ལྕེས་བླང་བ་ནི་སྒྲུབ་པ་ཆེན་པོ་སྟེ། ནུབ་ཐ་མ་ལ་མཐོང་ལམ་གྱི་ཡེ་ཤེས་ཆེན་པོ་རྒྱུད་ལ་སྐྱེ་བར་བྱེད་པ། དངོས་གྲུབ་ཆེན་པོ་ཡབ་ཡུམ་གྱི་མཁའ་ལས་བླང་བའི་དབང་དུའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། བགྲང་། དང་པོ་བསྙེན་པ་དང་། དྲང་། ཤེས་རབ་བམ་དབྱིངས་ཀྱི་ཆ་འཛིན་པའི་ཡུམ་གཟུང་མ་མཚན་ཉིད་དང་ལྡན་པ་ལ། དག་ཆལ། འོ་མ། དྲི་བཟང་གིས་ཁྲུས་གསུམ་བྱས་ལ། དར་དང་རིན་པོ་ཆེ་རུས་པའི་རྒྱན་གསུམ་བརྟགས་ནས་ཆས་སུ་གཞུག་ལ། གཉིས་པ་ཉེ་བའི་བསྙེན་པ་དང་། དྲང་། དེ་ནས་ཡུམ་གྱི་ལུས་ལ་བདེ་གཤེགས་ཡུམ་གྱི་དཀྱིལ་འཁོར་བཀོད་དེ། ཕུང་ཁམས་སྐྱེ་མཆེད་ཀྱི་རྟོག་ཚོགས་རྣམས་ལྷར་བྱིན་གྱིས་བརླབས་ལ། མཁའ་གསང་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པའི་ནང་དུ་ཚོམ་བུ་གང་རུང་གི་ལྷ་བཀོད་ལ། རྣལ་འབྱོར་པ་བདག་ཉིད་རིག་པའི་ལྷ་རྡོ་རྗེ་སེམས་དཔའ་བསྒོམ་ནས། གསུམ་པ་སྒྲུབ་པ་ལ་གསུམ་སྟེ། བགྲང་། དང་པོ་སྦྱོར་བ་དངོས་དང་། དྲང་། ཕྱག་རྒྱ་བཞིས་རོལ་པ་ནི། ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པར་ཟུང་འབྲེལ་དུ་ལྡན་པར་བྱ། གཉིས་པ་སྦྱོར་བའི་ཏིང་ངེ་འཛིན་དང་། དྲང་། ཡབ་ཀྱི་གསང་བའི་རྡོ་རྗེ་དང་། ཡུམ་གྱི་དྲིལ་བུ་གཉིས་སུ་མེད་ཅིང་ལས་སུ་རུང་བ་དང་ལྡན་པར་བྱས་ནས། ཡུམ་གྱི་མཁའ་གསང་པདྨ་འདབ་བརྒྱད་པའི་དཀྱིལ་འཁོར་གཞལ་ཡས་ཁང་དུ་བསྐྱེད་པ་ཉིད་དུ་ཡབ་ཀྱིས་གུ་ཧྱེ་བཛྲ་ག་ཞུག་ལ་ཡབ་ཡུམ་གྱི་ཉི་ཟླ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཐུགས་ཀྱི་དཀྱིལ་འཁོར་ནས་ཡུམ་གྱི་པདྨའི་དཀྱིལ་འཁོར་དུ་སྤྲོ་བར་བྱ་བ་ནི། གཡོ་ལྡང་བྱང་ཆུབ་ཀྱི་སེམས། འཇིག་འཇུག །གནས་པ། སྨོན་པ། མཐར་ཕྱིན་པའི་སེམས་དང་ལྔའི་རིམ་པ་བྱུང་བ་དེ་བཟུང་བའི་ཐབས་ཀྱིས་ངོས་ཟིན་པ་ཡིས་ལུས་དང་མཁའ་གསང་དུ་བཀོད་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ལ་བྱང་ཆུབ་ཀྱི་སེམས་དགྱེས་པ་ཆེན་པོ་བདེ་བའི་མཆོད་པ་ཕུལ་བས། བདག་དང་། སངས་རྒྱས་དང་། སེམས་ཅན་ཐམས་ཅད་རང་རིག་པའི་ངོ་བོར་མཉམ་པའི་ཕྱིར། དེ་བས་ཡབ་ཡུམ་རོལ་བའི་བདེ་བས་བདག་མཆོད་པས་རྒྱལ་བ་མཉེས་ཤིང་འགྲོ་བ་ཚིམ་པ་ནི་མཆོག་གི་སྦྱིན་པ་ཡིན་པས་ན། བདག་དང་རྒྱལ་བ་སེམས་ཅན་གསུམ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་གཅིག་ཏུ་བསྟིམ་མོ། །གསུམ་པ་སྦྱོར་བའི་ཡོན་ཏན་ནི། དྲང་། ཕྱོགས་བཅུ་དང་དུས་བཞིའི་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་མཉེས་པ་དང་། རྣལ་འབྱོར་པའི་རིག་པ་དང་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་དབྱེར་མེད་པས་འགྲོ་བ་སེམས་ཅན་མང་བོས་ཀྱང་དགྱེས་པའི་བདེ་བ་མཉམ་དུ་ཐོབ་ནས། སླར་ཡང་ཡབ་ཡུམ་བདེ་སྟོང་གཉིས་སུ་མེད་པའི་མཁའ་དབྱིངས་སུ་སྒྲོལ་བས་ན་ཐིམ་ཞེས་བྱའོ། །དེ་ལྟར་ཐིམ་པར་གྱུར་ནས་ཡུམ་གྱི་མཁའ་དབྱིངས་ནས་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་འབར་བར་བསམ་མོ། །དེ་ཡང་བདེ་བར་གཤེགས་པ་ཐམས་ཡབ་དང་ཤེས་རབ་ཡུམ་གཉིས་མེད་དུ་རྫོགས་ཤིང་རིགས་ལྔ་དང་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་དྲུག་པ་ཀུན་བཟང་དང་། ཐུབ་པ་དྲུག་ཀྱང་ཡང་དག་པར་རྫོགས། དེ་ལྟར་སྣང་བ་མ་འགགས་པ་བསོད་ནམས་ཀྱི་ཚོགས་དང་། དེ་ལ་མ་ཆགས་པ་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་ཆེན་པོ་གཉིས་ཀྱང་རྫོགས་པར་འགྱུར་རོ། །བཞི་པ་སྒྲུབ་པ་ཆེན་པོ་ལ་གཉིས་ཏེ། བགྲང་། དང་པོ་དངོས་གྲུབ་ཆེན་པོ་ཡབ་ཡུམ་གྱི་མཁའ་ལས་བླང་བ་དང་། དྲང་། དེ་ལྟར་བདེ་བའི་ཡེ་ཤེས་ཆེན་པོ་བསྒྲུབ་པའི་ཐབས་སྦྱོར་བའི་བསྙེན་སྒྲུབ་བཞིས་སྒྲུབ་པ་ཆེན་པོའི་དུས་སུ། དངོས་གྲུབ་ཆེན་པོ་བླང་བར་བྱ་སྟེ། གང་བླང་ན། ཡུབ་ཡུམ་གཉིས་སུ་མེད་པར་རོལ་པ་ལས་བྱུང་བའི་ཐིག་ལེ་ཉི་ཟླ་གཉིས་འདྲེས། ཡོན་ཏན་ཐམས་ཅད་ཀྱི་བཅུད་འདུས་པའི་སྙིང་པོ་དེ། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཡེ་ཤེས་ལྔར་གསལ་བར་བྱེད་པའི་རྟེན་ཡིན་པས་ན། དེ་བླང་བར་བྱའོ། །སུས་བླང་ན་བར་ཆད་མེད་པའི་ལམ་པས་བླང་བར་བྱའོ། །དུས་ནམ་གྱི་ཚེ་བླང་ན། ཚོམ་བུ་ཚོགས་སྒྲུབ་པའི་ནུབ་ཐ་མའི་ཐོ་རེངས་ཀྱི་དུས་སུ་བླང་བར་བྱའོ། །གང་ནས་བླང་ན། ཡུམ་གྱི་མཁའ་ནས་བླང་བར་བྱའོ། །གང་གིས་བླང་ན་ཐིག་ལེ་འདྲེན་བཟློག་ལ་མཁས་པའི་ཡབ་ཀྱི་རྡོ་རྗེའི་ལྕེས་བླངས་ཏེ། གསང་བ་རྡོ་རྗེ་ཉིད་དོ། །ཡང་ན་ལྕེ་རྡོ་རྗེ་རྩེ་ལྔར་བསྒོམས་པ་དེ་ཡིས་བླང་ངོ་། །ཚུལ་ཇི་ལྟར་བླང་ན་བུང་བས་མེ་ཏོག་འཇིབ་པའི་ཚུལ་དུ་བླང་ངོ་། །དགོས་ཆེད་ཅིའི་ཕྱིར་བླངས་ན། དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་ཐོབ་བར་བྱ་བའི་ཕྱིར་བླང་བའོ། །གཉིས་པ་དངོས་གྲུབ་བླངས་བའི་ཡོན་ཏན་ནོ། །དྲང་། དེ་ཡང་དངོས་གྲུབ་གཉིས་གང་ཞེ་ན། མཁའ་ལ་བྱ་བཞིན་འགྲོ་ཞིང་ལྷའི་བུ་མོ་ལ་སྤྱོད་པ་དང་། ཁ་དོག་གསལ་བ་དང་། འོད་ཟེར་དང་གཟི་བརྗིད་འབར་བ་དང་། ཚེ་རིང་བ་ལ་སོགས་པའི་སོགས་ཁང་ནས། ས་ལ་བྱི་བ་བཞིན་དུ་འཛུལ་ནས་ཀླུའི་བུ་མོ་ལ་སྤྱོད་པ་དང་། གཞན་ཡང་མངོན་པར་ཤེས་པ་དང་། རྫུ་འཕྲུལ་དུ་མ་ཐོབ་པའོ། །མཆོག་གི་དངོས་གྲུབ་ནི་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལས་མ་གཡོས་བཞིན་དུ་དགོས་འདོད་ཆར་བཞིན་འབྱུང་བས་ན་སྤྲིན་གྱི་ཚོགས་ཏེ། དཔེ་དེ་དང་འདྲ་བའི་རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཡང་ཐོབ་པར་འགྱུར་རོ། །ཡང་ན་གསང་བའི་རྡོ་རྗེས་བླངས་པའི་ཡོན་ཏན་ནི། ཡིད་བཞིན་སྤྲིན་གྱི་བདག་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ལ་ཕྱི་མ་ལྕེ་རྡོ་རྗེ་རྩེ་ལྔ་པར་བསྒོམས་ནས་བླང་བའི་ཡོན་ཏན་ནི། མཁའ་འགྲོ་གསལ་འབར་ཚེ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །གསུམ་པ་དེ་ལྟར་སྦྱོར་བའི་ཡོན་ཏན་དང་། དྲང་། འགྲོ་དྲུག་གི་དུས་དང་གནས་ནས་ཡང་ཐ་མལ་པའི་བདེ་བ་ལ་སྦྱོར་བའི་ཡོན་ཏན་དེ་དག་སྣང་ཞིང་ཡོད་པ་ཡིན་ཡང་ངོ་མ་ཤེས་པས་ཐབས་ཀྱིས་མ་ཟིན་པ་ཡིན་ནོ། །སྦྱོར་བའི་མཆོད་པ་བྱས་པས་མཚོན་ཅིང་ངོ་ཤེས་པར་བྱས་ཏེ་ཐབས་ཀྱིས་ཟིན་ནས་གསང་བ་བྱང་སེམས་ཀྱི་མཆོད་པ་ཆེན་པོའི་བདེ་བ་ཡབ་ཡུམ་མཉམ་པར་སྦྱོར་ཞིང་། རྟོག་པ་ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་དབྱིངས་སུ་སྦྱོར་བས་ན། དེའི་ཡོན་ཏན་གྱིས་ངན་འགྲོ་གསུམ་པོར་མི་ལྟུང་ཞིང་ཡང་དག་པའི་འབྲས་བུ་མཐོང་ལམ་འགྲུབ་པར་འགྱུར་རོ། །བཞི་པ་སྦྱོར་སྒྲོལ་གཉིས་དོན་ལ་ཐ་དད་མེད་པར་བསྟན་པའོ། །དྲང་། སྦྱོར་བའི་སྒོ་ནས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཉིད་ཀྱི་དོན་རྟོགས་པ་འདི་ནི། གཉིས་འཛིན་གྱི་རྟོག་པ་རང་ག་མ་རྣམས་བསྒྲལ་བ་ཆེན་པོ་ལའམ། ངན་སོང་ལས་བསྒྲལ་བ་ཡང་ཡིན་ལ། ཆགས་རྟོག་བསྒྲལ་བ་ཉིད་ན་ཆོས་ཉིད་དུ་འམ། བྱང་ཆུབ་ལ་སྦྱོར་བ་ཡང་ཡིན་པས། དེ་ལྟར་སྦྱོར་བའི་དུས་ཉིད་ན་རྟོག་པ་རང་ཁ་མ་ལུས་བསྒྲལ་བའི་ཕྱིར། སྦྱོར་སྒྲོལ་གཉིས་དོན་ལ་ཐ་དད་མེད་པའོ། །གཉིས་པ་རང་བཞིན་གྱི་སྦྱོར་བ་དང་། དྲང་། གཞི་ཡེ་འམ་གདོད་མ་ནས་རྟོག་པ་རགས་པ་ཐམས་ཅད་ལྷ་ཡབ་དང་། ཕྲ་བ་ཐམས་ཅད་ཡུམ་ལྷ་མོའི་དཀྱིལ་འཁོར་དུ་གསལ་བར་གནས་པ་ཡང་དག་པའི་ས་ལ་སྦྱོར་བ་དང་། གསུམ་པ་དབང་པོ་ཡུལ་དུས་ཀྱི་དང་། དྲང་། དབང་པོ་རྣམ་ཤེས་བརྒྱད་ལྷ་སེམས་དཔའ་ཡབ་བརྒྱད་དང་། ཡུལ་དུས་བརྒྱད་ལྷ་སེམས་མ་བརྒྱད་དུ་གསལ་བ་སྟེ། དེ་གཉིས་འཕྲད་པ་ནི་ལྷ་ཡབ་ཡུམ་གཉིས་མེད་དུ་སྦྱོར་བ་སྟེ་དབང་པོ་ཡུལ་དུས་ཀྱི་སྦྱོར་བའོ། །བཞི་པ་ཏིང་ངེ་འཛིན་གྱི་དང་། དྲང་། ཕུང་པོ་ལྔ་པོ་ཉིད་རིགས་ལྔའི་དེ་བཞིན་གཤེགས་པ་དང་ས་ལ་སོགས་པའི་འབྱུང་བ་ལྔ་ཉིད་རིགས་ཀྱི་ཡུམ་ལྔ་ཉིད་དུ་སྦྱོར་བ་དང་། དབང་པོ་བཞི་རྣམ་ཤེས་བཞི་སེམས་དཔའ་བརྒྱད་དང་། ཡུལ་བཞི་དང་དུས་བཞི་ལྷ་མོ་སེམས་མ་བརྒྱད་ཉིད་དུ་སྦྱོར་བ་དང་། བདག་རྟོག་རྣམ་བཞི་ཁྲོ་བོ་བཞི་དང་། རྟག་ཆད་མུ་བཞི་ཁྲོ་མོ་བཞིར་སྦྱོར་བ་དང་། ཡིད་ཆོས་གཉིས་ཀུན་བཟང་ཡབ་ཡུམ། ཉོན་མོངས་དྲུག་ཐུབ་པ་དྲུག་དང་། དེ་ལས་གཞན་པ་ཁྲོ་བོའི་དཀྱིལ་འཁོར་ལ་སོགས་པ་རྟོག་ཚོགས་ཐམས་ཅད་མ་ལུས་པར་འབྱུང་བ་ཀུན། ཆོས་ཉིད་མཉམ་པའི་དབྱིངས་དང་དེ་རྟོགས་པའི་རང་རིག་པའི་ཡེ་ཤེས་སུ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་མཉམ་པར་སྦྱོར་བའོ། །ལྔ་པ་ཐབས་ཆེན་པོའི་སྦྱོར་བའི་ཕན་ཡོན་གྱིས་མཇུག་བསྡུ་བའོ། །དྲང་། སྔོན་བྱུང་དུ་དཔལ་ཆེན་པོས་མ་ཆགས་ཐབས་ཀྱིས་སྦྱོར་བ་སྲིན་མོ་སྐམ་མ་དང་། དབང་མོ་རྣམས་ལ་རོལ་ཀྱང་ཉེས་པས་མ་གོས་པ་ལྟར། རྗེས་འཇུག་རྣལ་འབྱོར་པས་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བའི་དུས་ཉིད་ན་སྦྱོར་ཐབས་ལ་མཁས་པས་དགའ་བདེའི་རོ་ལ་ཆགས་པ་རང་ག་མ་མེད་པའོ། །དེ་ལྟར་བདེ་བའི་རོ་ལ་མ་ཆགས་པ་ཡེ་ཤེས་སུ་ཤར་བ་ལ་ཕོ་མོ་གཉིས་སུ་སྣང་ནས་ཆགས་པ་རང་ག་མ་དང་ཚུལ་མཐུན་པར་ཆགས་པ་སྤྱོད་པའི་དུས་ཉིད་ན། ཆགས་པའི་རོ་ཉིད་ཡེ་ཤེས་སུ་གསལ་བས་ཆགས་པ་ཟིན་པ་དང་ཆགས་པའི་སྐྱོན་གྱིས་གོས་པ་མེད་པའི་དོན་འདིར་ནི་ཚངས་པར་སྤྱོད་པའི་མཆོག་བདེ་བའི་ཡེ་ཤེས་ལ་དབང་བསྒྱུར་བས་རྒྱལ་པོ་ཡིན་ཏེ། དེ་ནི་ཤིན་ཏུ་ཡང་དག་པའི་ཆགས་པ་ཆེན་པོ་སྤང་གཉེན་རོ་གཅིག་ཏུ་གྱུར་པས་དེ་བཞིན་གཤེགས་པའི་དགོངས་པའི་ངོ་བོ་ཉིད་ཡིན་ནོ། །གསུམ་པ་རང་ག་མར་སྤྱད་པའི་སྐྱོན་ནོ། །དྲང་། དེ་ལྟར་གསང་བའི་མཆོད་པ་སྟ་ན་སྒྲོལ་བ་དང་། གྷ་ན་སྦྱོར་བ་དེ་གཉིས་པོའི་དུས་སུ་ཆོས་ཉིད་དོན་གྱི་ལྟ་བ་མ་རྟོགས་པ་པའི་རྣལ་འབྱོར་པ་ཡིས། ཁ་འབྱམས་ཚིག་གི་ལྟ་བ་སྟེ་སྒྲའི་རྗེས་སུ་འབྲང་ནས། སྦྱོར་སྒྲོལ་གཉིས་རང་ག་མར་སྤྱད་པར་གྱུར་ན། ཉེས་སྐྱོན་ཅི་ཡོད་སྙམ་པར་ལས། སྦྱོར་བའི་རྣམ་པར་སྨིན་པའི་འབྲས་བུའི་ཡི་དྭགས་དང་། རོ་མྱགས་ཀྱི་འདམ་གྱི་དམྱལ་བ་དང་། རྒྱུ་མཐུན་པའི་འབྲས་བུ་མངལ་གྱི་སྲིན་བུར་སྐྱེ་བར་བཤད་ཅིང་། སྒྲོལ་བའི་རྣམ་པར་སྨིན་པའི་འབྲས་བུའི་ཡང་སོས་ཀྱི་དམྱལ་བ་དང་། རྒྱུ་མཐུན་པའི་འབྲས་བུ་ལས་ཀྱི་སྲིན་པོའི་གནས་སུ་སྐྱེ་བར་བཤད་པས། སྦྱོར་སྒྲོལ་རང་ག་མ་དེ་དག་ལ་ལོག་པའི་ལམ་དུ་གྱུར་པའི་ཕྱིར། རྒྱུ་མཚན་དེས་ན། གསང་སྔགས་ཀྱི་ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པ་གང་གིས་སེམས་ཉོན་མོངས་པའི་ཀུན་ནས་བསླངས་ནས་འདོད་ཆགས་ཐ་མལ་དུ་སྤྱད་པ་དང་། སེམས་ཅན་གྱི་སྲོག་ལ་འཚེ་བ་བྱས་པ་དང་། བྱེད་དུ་བཅུག་ན་ཉེས་སྐྱོན་ཆེན་པོར་འདུག་པས་དེ་དག་བརྩོན་པ་ཆེན་པོས་སྤངས་ལ། ཡང་དག་པའི་ལྟ་སྒོམ་སྤྱོད་གསུམ་དང་ལྡན་པའི་རྣལ་འབྱོར་བས་མཆོག་ཏུ་གྱུར་པའི་གསང་སྤྱོད་ཐུན་མོང་མ་ཡིན་པ། སྦྱོར་སྒྲོལ་གཉིས་བདག་གཞན་ཆོས་གསུམ་གྱི་དོན་དུ་ལོངས་སྤྱོད་པར་གྱིས་ཤིག་ཅེས་གདམས་པའོ། །གཉིས་པ་ཡོ་བྱད་བཞི་ལ་སྤྱོད་ཐབས་ལ་གཉིས་ཏེ། སྤྱོད་པའི་ཐབས་དངོས་དང་། སྤྱོད་པའི་ཡོན་ཏན་ནོ། །དང་པོ་ལ་བཞི་སྟེ། བགྲང་། དང་པོ་སྤྱད་ཐབས་ཀུན་སྤྱིར་ཞི་བ་དང་མཐུན་པར་བསྟན་པ་དང་། དྲང་། སྦྱོར་ལམ་ལ་གནས་པའི་རྣལ་འབྱོར་པས་ཚོགས་སྒྲུབ་པའི་མཆོད་པ་བྱེད་པའམ། འགྲོ་ཉལ་འདུག་སྡོད་ལ་སོགས་སྤྱོད་ལམ་བཞི་པོ་ཐམས་ཅད་དུ། དུར་ཁྲོད་ཆས་བརྒྱད་ཀྱི་རྒྱན་རྣམས་བགོས་ཤིང་གདག་པར་བྱས་ཏེ། བཟའ་བ་དང་བཏུང་བའི་ཡོ་བྱད་རྣམས་ཞི་བ་ཚོགས་སྒྲུབ་ཀྱི་རྗེས་སུ་མཐུན་པར་མཚན་མེད་ཀྱི་ཏིང་ངེ་འཛིན་དང་ལྡན་པར་ལོངས་སྤྱོད་ཅིང་། རྐང་བས་བྲོ་དང་ལག་པའི་གར་ངག་གི་གླུ་ཚིག་རྣམས་ཀྱང་མཚན་མེད་ཀྱི་ཏིང་ངེ་འཛིན་གསལ་བ་དང་ལྡན་པར་བྱའོ། །གཉིས་པ་བྲོ་གར་གྱི་སྤྱད་ཐབས་ལ་གཉིས་ཏེ། བགྲང་། དང་པོ་ལྟ་བུའི་ཕྱག་རྒྱས་ལྷ་གསལ་བའི་ངང་ལས་མི་འདའ་བ་དང་། དྲང་། དབང་པོ་དང་ཡུལ་དང་། དུས་དང་། རིག་པ་རྣམ་ཤེས་ཏེ་རྟོག་ཚོགས་དེ་རྣམས། དབང་པོ་དང་རྣམ་ཤེས་ནི་ཐབས་ཡབ་དང་། ཡུལ་དུས་ནི་ཤེས་རབ་ཡུམ་དུ་གསལ་བ་གཉིས་སུ་མེད་པར་ལྡན་པར་འགྱུར་ཞིང་། ཐབས་ཤེས་རབ་གཉིས་མེད་མཉམ་པའི་ངང་ཉིད་དུ་གནས་པ་དེ་ལྟ་བས་རྟོགས་ནས་ཏིང་ངེ་འཛིན་གྱིས་གསལ་བར་གྱུར་ན། རྟོག་ཚོགས་ཐམས་ཅད་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བ་ལས་མི་འདའ་བའི་དོན་གྱིས་ན་གཉིས་མེད་བདེ་བ་ཆེན་པོ་མཆོག་གི་ཕྱག་རྒྱ་ཡིན་པའོ། །གཉིས་པ་བྲོ་གར་གྱི་དུས་སུ་ལྷ་བསྒོམ་པའི་ཏིང་ངེ་འཛིན་ཡོན་ཏན་དང་བཅས་པ་དེ་ལ་བཞི་སྟེ། བགྲང་། དང་པོ་ཡན་ལག་ལྔ་ལ་རིགས་ལྔའི་ལྷ་བསྒོམ་ཞིང་བསྒུལ་བསྐྱོད་བྱས་པའི་ཏིང་ངེ་འཛིན་དང་ལྡན་པའི་ཡོན་ཏན་དང་། དྲང་། ཡབ་ཡུམ་རྣམས་ཀྱིས་བསྐྱོད་ཆེན་ཏེ་ཡན་ལག་བཞི་མགོ་བོ་དང་ལྔ་ལ་བྷྲཱུཾ་ལས་འཁོར་ལོ་རྩིབས་བཞི་པའི་གཞལ་ཡས་ཁང་རེ་རེ་བསྒོམ་པ་དེ་རྣམས་སུ། མགོ་བོ་ལ་བུདྡྷ་ལ་སོགས་རིགས་ཆུང་དང་བཅས་པ་ཁྲོ་བོ་ཡབ་སྟེ་ཉེར་ལྔ། ཁྲོ་མོ་ཉེར་ལྔ་ཡུམ་ལྔ་སྟེ་ལྷ་ལྔ་བཅུ་པོ་ཐམས་ཅད་ཀུན། ཏིང་ངེ་འཛིན་གསལ་ཞིང་དེ་དག་ལ་འོད་ཟེར་མང་པོ་འཕྲོ་བར་བསྒོམས་ན། ལུས་བསྒུལ་བ་དང་ཡན་ལག་བསྐྱོད་པ་ཐམས་ཅད་ལྷར་གསལ་བ་ལས་མི་འདའ་བའི་དོན་གྱིས་ན་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་ཏེ། གཉིས་པ་གོམས་པ་འདོར་དུས་ཏིང་ངེ་འཛིན་དང་ལྡན་པའི་ཡོན་ཏན་དང་། དྲང་། དེ་ལྟར་ལྷར་གསལ་བའི་རྐང་པ་གཡས་པ་ཐབས་ཡབ་དང་། གཡོན་པ་ཤེས་རབ་ཡུམ་དུ་ལྡན་པའི་ཞབས་གཉིས་དུས་རྟག་ཏུ་རྡོ་རྗེ་རྩེ་ལྔ་པ་འོད་འབར་བར་གྱུར་བར་བསྒོམས་ནས། ཐབས་ཆེན་གོམས་པ་རེ་རེ་ས་ལ་བསྐྱོད་ཅིང་དོར་བར་བྱས་ན་དོན་ཆགས་པ་མེད་པའི་རྟགས་སུ་རྐང་རྗེས་ལ་མེ་ཏོག་པདྨ་རེ་རེ་འབྱུང་བར་བསྒོམ། རྐང་པའི་རྡོ་རྗེ་དེ་དང་། ས་གཞིའི་པདྨོ་དེ་གཉིས་ཏིང་ངེ་འཛིན་གསལ་བར་འབྱོར་ན། དེ་བར་དུ་གང་སོང་བའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །གསུམ་པ་ཡན་ལག་སོ་སོར་ལྷ་བསྒོམས་ནས་བསྐྱེད་པའི་ཏིང་ངེ་འཛིན་དང་ལྡན་པའི་ཡོན་ཏན་དང་། དྲང་། ཡན་ལག་ལྔ་རིགས་ལྔ་ཡེ་ནས་ཡིན་པ་རང་བཞིན་གྱི་དཀྱིལ་འཁོར་ཞི་བའི་ལྷ་རྣམས་ཀྱང་། ད་རེས་འདིར་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ལྔ་བཅུ་ཡན་ལག་བཞི་མགོ་དང་ལྔ་ལ་སྒོམ་པར་བྱ་སྟེ། དབུའི་གནས་སུ་དེ་བཞིན་རིགས་བུདྡྷ་ཧེ་རུ་ཀ་རིགས་ཆུང་དང་བཅས་པའི་དཀྱིལ་འཁོར་གསལ་བ་དེ་ཉིད་བསྒུལ་ཞིང་བསྐྱོད་ན། སངས་རྒྱས་ཀྱི་དཀྱིལ་འཁོར་ཏེ་ཞིང་ཁམས་ཐམས་ཅད་ཐུགས་རྗེས་འགྲོ་བའི་དོན་ལ་གཡོ་བར་ནུས་པའོ། །ལག་པ་གཡས་པ་རྡོ་རྗེའི་རིགས་བཛྲ་ཧེ་རུ་ཀ་དང་གཡོན་རིན་པོ་ཆེའི་རིགས་རཏྣ་ཧེ་རུ་ཀ་རིགས་ཆུང་དང་བཅས་པ་གསལ་བའི་ལག་གི་འདུ་བྱེད་བསྐྱོད་པར་བྱས་ན། རིག་འཛིན་གྱི་ཞིང་ཁམས་ཐམས་ཅད་ཏིང་ངེ་འཛིན་གྱི་ནུས་མཐུ་སྐྱེས་ནས་རང་དོན་དུ་ས་འོག་ནས་གོང་དུ་འཕར་ཞིང་། གཞན་དོན་དུ་ཐུགས་རྗེས་འགྲོ་བའིི་དོན་ལ་གཡོ་བར་ནུས་པའོ། །རྐང་པ་གཡས་ལས་ཀྱི་རིགས་ཀརྨ་ཧེ་རུ་ཀ་དང་། གཡོན་པདྨ་ཧེ་རུ་ཀ་རིགས་ཆུང་དང་བཅས་པ་གསལ་བའི་རྐང་པའི་སྟབས་ཆེན་མནན་ཞིང་མཆོང་ན། གཡོན་གྱིས་སེམས་ཅན་གྱི་སྡུག་བསྔལ་མི་བཟད་པ་དམྱལ་བ་ལ་སོགས་པ་ཐམས་ཅད་ལས་གྲོལ་བ་དང་། གཡས་ཀྱིས་བར་དུ་གཅོད་པའི་བདུད་དང་ལོག་པར་འདྲེན་པ་བགེགས་ཐམས་ཅད་གནོན་པར་ནུས་པའོ། །དེ་ལྟར་དབུ་དང་ཕྱག་ཞབས་ཀྱི་བསྐྱོད་པའི་ཡོན་ཏན་གྱི་རིམ་པ་དེ་དག་ནི་སངས་རྒྱས་རིགས་ལྔ་དང་། ལུས་ཀྱི་མགོ་བོ་དང་ཕྱག་ཞབས་རྣམས་ལ་མཐུ་ཆེ་ཆུང་གི་ཁྱད་ཡོད་པ་ནི་མ་ཡིན་ཏེ། ལུས་ཀྱི་གནས་རིམ་ནས་སྨོས་པ་ཡིན་ལ། དེ་ཡང་ཆོས་ཅན་ཡན་ལག་མཐོ་དམན་གྱི་ཆ་ནས་བཞགས་པ་ཡིན་གྱིས། ཆོས་ཉིད་རིག་པ་རང་བྱུང་གི་ཡེ་ཤེས་ལ་བཟང་ངན་མེད་དོ། །བཞི་པ་ཡན་ལག་ཀུན་བསྐྱོད་ཅིང་ཏིང་ངེ་འཛིན་དང་ལྡན་པའི་ཡོན་ཏན་ནོ། །དྲང་། སྤྱིར་ལུས་ཀྱི་ཡན་ལག་ཐམས་ཅད་དུས་གཅིག་ལ་བསྒུལ་ཞིང་བསིགས་ན། རྣལ་འབྱོར་པ་བདག་གི་བ་སྤུའི་བུ་ག་རེ་རེ་ནས། ཁྲོ་བོའི་སྤྲུལ་པ་རྡུལ་ཕྲ་རབ་སྙེད་གྲངས་མེད་པར་སྤྲོས། ཁྲོ་བོ་དེའི་ཡང་སྤྲུལ་པ་གྲངས་མེད་པ་རྣམས་ཀྱིས། དོན་བྱ་བའི་གནས་ཕྱོགས་བཅུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དག་དང་མ་དག་བར་མ་རྣམས་ལ་རྡུལ་ཕྲ་རབ་ཀྱི་གྲངས་དེ་སྙེད་དུ་འགྲོ་བའི་དོན་བྱེད་མཁན་ཁྲོ་བོའི་གདུལ་བྱ་འདུལ་བའི་ཕྲིན་ལས་ཀྱི་སྒོ་ནས་དོན་མཛད་པ་རྣམས་ཀྱི་རྡུལ་ཕྲན་གྱི་གྲངས་དེ་སྙེད་དུ་སྣང་ནས་དོན་བྱེད་ཚུལ་ནི། དེ་དག་གི་ཐུགས་རྗེས་གདུལ་བྱ་འགྲོ་བ་རྣམས་འདུལ་ཞིང་སླར་རང་གི་བ་སྤུའི་བུ་གའམ། ཆོས་ཉིད་དབྱིངས་སུ་བསྟིམ་མོ། །གསུམ་པ་སྤྱད་ཐབས་ཀུན་ཞི་བ་ལས་ཁྲོ་བོར་བསྒྱུར་ཏེ་སྤྱད་ཐབས་དང་། དྲང་། ཁྲོ་བོ་ལ་ཁྱུ་མཆོག་མ་ཧེ་ལ་སོགས་པའི་བྲོ་སྟབས་སམ། ཡང་ན་རྐང་པའི་བྲོ་དང་ལག་པའི་གར་ངག་གི་གླུ་ཚིག་དང་མིག་གིས་ལྟ་སྟངས་དང་། ཏིང་ངེ་འཛིན་གྱིས་ཡོ་བྱད་ལྔ་ལ་སྤྱད་པའི་ཐབས་ཐམས་ཅད་ཀུན། སྔར་གྱི་ཞི་བའི་ཚོགས་སྒྲུབ་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་བསྟན་པ་ལས། འདིར་བྲོ་གར་རྩེད་འཇོ་ལ་སོགས་ཁྲོ་བོར་བསྒྱུར་བར་བྱའོ། །བཞི་པ་ལྷག་མ་ལ་སོགས་འཇུག་བསྡུ་བའོ། །དྲང་། བར་སྐབས་སུ་ཚོགས་བྱ་དེ་ནས་དཔལ་ཆེན་པོའི་འཁོར་གྱི་ཕྲ་མེན་དབང་མོ་རྣམས་ལྷག་མས་ཚིམས་པར་བྱ་སྟེ། རྟ་གདོང་གི་ཕྱག་རྒྱས་དབང་དུ་བསྡུ་བ་དང་། སོ་སོར་མཆོད་པ་དང་ལས་ལ་བཀའ་བསྒོ་བ་ལ་སོགས་པ་རྣམས་ལས་གཞུང་ལྟར་རྒྱས་པར་བྱས་ནས་ལས་ལ་བཀྱེ་ལ་བརྟན་མ་སྐྱོང་། དལ་བསྡུ་སྟེ། སྤྱོད་ལམ་བཞིར་ལྷའི་ཏིང་ངེ་འཛིན་དང་མི་འབྲལ་བར་སྤྱད་དོ། །ཚུལ་དེ་ལྟར་བསྒྲུབས་པས་འབྲས་བུ་མཐོང་ལམ་གྱི་རིག་འཛིན་འགྲུབ་པ་ལ་ཐེ་ཚོམ་མེད་དོ། །གཉིས་པ་སྤྱོད་པའི་ཏིང་ངེ་འཛིན་གྱི་ཡོན་ཏན་ནོ། །དྲང་། ཚོགས་སྒྲུབ་ཀྱི་རྣལ་འབྱོར་པ་ཐབས་ཡབ་དང་ཤེས་རབ་ཡུམ་ཐམས་ཅད་ཀྱིས་གོང་གི་ཏིང་ངེ་འཛིན་གྱི་ཚུལ་དེ་ལྟ་བུ་དང་ལྡན་པའི་ཡོ་བྱད་ལྔ་ལ་ལོངས་སྤྱོད་ན། ཕྱོགས་བཅུའི་རྒྱལ་བ་རྣམས་རྣལ་འབྱོར་པའི་རིག་པ་དང་ཐ་དད་མེད་པའི་ཕྱིར། བདག་གིས་ཡོ་བྱད་ལ་ལོངས་སྤྱོད་པས། སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་རྣམས་ཀྱང་མཉེས་པའི་མཆོད་པ་དང་། སྲིད་པ་ཁམས་གསུམ་གྱི་འགྲོ་བ་སེམས་ཅན་ཐམས་ཅད་ལ་འདོད་ཡོན་གྱི་འོད་ཟེར་འཕྲོས་པས་བདེ་བའི་རོ་དགའ་བ་ཆེན་པོས་ཁྱབ་པས་སྦྱིན་པར་འགྱུར་བའོ། །དེ་ཡང་རང་བཞིན་གཅིག་པ་ལ་དགོངས་པ་ཡིན་ནོ། །སྤྱི་དོན་གཉིས་པ་ཚོགས་སྒྲུབ་པའི་ཡོན་ཏན་ལ་གསུམ་སྟེ། བགྲང་། དང་པོ་རྟགས་འཕེལ་བ་ལ་བརྟེན་པ་དང་། དྲང་། དྲོད་རྟགས་ཀྱི་ཆ་རྣམས་སྔོན་སྤྲོས་པའི་སྐབས་སུ་བསྟན་པ་བཞིན་དུ་འབྱུང་ཞིང་། འོ་ན་ཁྱད་མེད་དམ་ཞེ་ན་མ་ཡིན་ཏེ། ཚོགས་སྒྲུབ་ཀྱི་སྐབས་འདིར་གོང་གི་དྲོད་རྟགས་དེ་དག་གྲངས་མང་དུ་འཕེལ་ཞིང་ངོ་བོ་གསལ་ལ་ཡུན་རིང་དུ་བརྟན་པར་འབྱུང་བའོ། །གཉིས་པ་མངོན་ཤེས་བརྟན་པ་དང་། དྲང་། མངོན་ཤེས་ཀྱིས་ཡུལ་ལ་གླིང་གྲངས་འཕེལ་བ་གླིང་བཞི་དྲུག་ཚུན་ཚད་ཀྱང་མཐོང་བའམ། ཡང་ན་སྤྲོས་པ་བས་གླིང་གྲངས་གཉིས་གསུམ་ལ་སོགས་པ་འཕེལ་བ་དང་། མངོན་ཤེས་དྲུག་ཀྱང་གསལ་ལ་བརྟེན་པར་འབྱུང་ངོ་། །འདིར་སྦྱོར་ལམ་གྱི་མངོན་ཤེས་དེ་ལྟར་འབྱུང་ན། རྣམ་སྨིན་རིག་འཛིན་གྱི་སྐབས་སུ། དཔག་ཚད་གླིང་གྲངས་དོན་ལ་སྦྱོར། །ཞེས་གསུངས་པས། མཐོང་ལམ་པ་བས་སྦྱོར་ལམ་པས་མངོན་ཤེས་རྒྱ་ཆེ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། རྣམ་སྨིན་རིག་འཛིན་ནི། ཐོད་རྒལ་བས་ཕྱག་རྒྱ་གཅིག་སྤྲོས་ཀྱི་ས་དང་། མཐར་ཆགས་པས་ཚོགས་སྒྲུབ་ཀྱི་ཐོག་ནས་ཐོབ་པ་དང་གསུམ་གྱིས་འབྲས་བུ་ཡིན་པས། དེ་བས་ན་ཐོབ་པ་གསུམ་ལ་མཐོ་དམན་ཡོད་པ་བཞིན་དུ། འབྲས་བུ་རྣམ་སྨིན་རིག་འཛིན་གྱི་མངོན་ཤེས་ལ་རྒྱ་ཆེ་ཆུང་ཡོད་པ་མི་འགལ་ཏེ། འདི་ཉིད་ལས། བར་ཚད་མེད་པའམ་སྨིན་པའི། །མངོན་པར་ཤེས་པ་དེ་མིང་ཅན། །མི་འགྱུར་དེས་པར་འགྱུར་བའང་ཡིན། །དཔག་ཚད་གླིང་གྲངས་ཡུལ་ལ་སྦྱོར། །ཞེས་སོ། །གསུམ་པ་རྨི་ལྟས་ལུང་བསྟན་ཐོབ་པའོ། །དྲང་། རྣ་བས་སྒྲ་སྙན་དུ་ཐོས་པའམ། གཉིད་ཀྱིས་རྨི་ལམ་དག་ཏུ་ཡང་བདེ་བ་ཅན་ལ་སོགས་པའི་འཇིག་རྟེན་སངས་རྒྱས་ཀྱི་བཞུགས་གནས་ཀྱི་ཞིང་ཁམས་རྣམས་སུ་སྐྱེ་བར་ལུང་བསྟན་པ་དང་། ལྷ་མིའི་སྐྱེ་བ་ཁྱད་པར་ཅན་གང་དག་འཛིན་པར་ལུང་བསྟན་པ་དང་། རིག་འཛིན་གྱི་ས་ཐོབ་པར་ལུང་སྟོན་པ་འབྱུང་བ་རྣམས་ཡང་དག་པའི་རྟགས་ཡིན་ནམ། བདུད་ཀྱི་བར་ཆད་ཡིན་ནམ་བརྟག་པར་བྱ་བ་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །སྤྱི་དོན་གསུམ་པ་ཚོགས་སྒྲུབ་པའི་འབྲས་བུ་རིག་འཛིན་ཐོབ་ཚུལ་ལ་གཉིས་ཏེ། བློ་ཆེ་བས་ལྷག་བཅས་ཚེ་དབང་ཐོབ་ཚུལ་དང་། བློ་ཆུང་བས་ལྷག་མེད་རྣམ་སྨིན་ཐོབ་ཚུལ་ལོ། །དང་པོ་ལ་གསུམ་ཏེ། སྒྲུབ་པ་མཐར་ཕྱིན་ཚེ་འདི་ལ་ཚེ་དབང་ཐོབ་པ་དང་། མཐར་མ་ཕྱིན་ཀྱང་ཕྱི་མ་ལ་ཐོབ་པ་དང་། ལན་གྲངས་གཞན་ལ་ཚེ་དབང་ཐོབ་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་ཚེ་དབང་ཐོབ་ནས་སངས་རྒྱས་ཚུལ་དང་། དྲང་། ཚོགས་སྒྲུབ་བའི་ཞག་གྲངས་སུམ་ཅུ་ཕྲག་དྲུག་གམ་བཅུ་གཉིས་སམ། བཅུ་བཞིའམ། བཅུ་དྲུག་ཚུན་ཆད་ཀྱིས་ནང་དུ་འབྱུང་བའི་ལུས་འདི་ཉིད་མ་སྤང་བར་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་གྱུར་ཏེ། ཚེ་ལ་དབང་བའི་རིག་འཛིན་གྱི་ས་ནོན་ཏེ། དུས་དེར་རང་དོན་དུ་ལོ་སྟོང་དྲུག་བརྒྱ་ལ་སོགས་ཡུན་རིང་པོར་ཟག་མེད་མཐོང་ལམ་པའི་ཆོས་ཉིད་ཀྱི་བདེ་བ་ལ་ལོངས་སྤྱོད་ནས། ལམ་མཐར་ཆགས་སམ་ཐོད་རྒལ་གང་རུང་གི་སྒོ་ནས་བླ་ན་མེད་པ་རྡོ་རྗེ་སེམས་དཔའི་མཚན་ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱི་ས་ཐོབ་སྟེ། སངས་རྒྱས་དེའི་ཡོན་ཏན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དཔེ་བྱད་བརྒྱད་ཅུ་དང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱིས་རྣམ་པར་བརྒྱན་ཅིང་། ཟག་པ་མེད་པའི་མངོན་པར་ཤེས་པ་དྲུག་དང་ལྡན་ལ་ཤེས་བྱ་ཅི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གཉིས་ཀྱང་། མངོན་སུམ་དུ་རྫོགས་པར་རོལ་པའི་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྐུའི་ཞིང་ཁམས་ཀྱི་གདུལ་བྱ་ལ་རང་དབང་བསྒྱུར་ཏེ། སྤྱོད་ཡུལ་མ་ལུས་པ་ཀུན་སྐུ་དང་ཡེ་ཤེས་ཀྱི་མཎྜལ་ཏེ་ལྷའི་དཀྱིལ་འཁོར་དུ་གསལ་བས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པ་ཡིན་པས་ན། བདེ་བར་གཤེགས་པའི་སྣང་བས་ཇི་ལྟར་དམིགས་ཤིང་དགོངས་པ་བཞིན་དུ་ལྷུན་གྱིས་གྲུབ་པར་འགྱུར་རོ། །གཉིས་པ་དེ་ཡང་ལས་དང་དུས་ལ་རག་ལུས་མེད་པར་ཚེ་གཅིག་ལ་སངས་རྒྱ་བའོ། །དྲང་། གོང་གི་དེ་བས་ན་མཚན་ཉིད་པ་ལྟར་སྔར་བསགས་པའི་ལས་འཕྲོ་དང་། དུས་གྲངས་མེད་ལ་སོགས་ལ་རག་ལུས་མེད་པ་དེ། ལས་དུས་ལ་རག་ལུས་པས་སེམས་ཞུམ་པ་དོར་བར་བྱས་ནས་སྒོ་གསུམ་གྱི་བརྩོན་འགྲུས་ཆེན་པོའི་སྒོ་ནས་ཟག་པ་མེད་པའི་དོན་མཐོང་ལམ་ལ་སྦྱོར་ནས། མཐོང་པའི་ཆོས་ཚེ་འདི་ལ་མྱ་ངན་ལས་འདས་པའོ། །གཉིས་པ་ཕྱི་མ་ཚེ་དབང་ཐོབ་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། མཇུག་བསྡུས་ཏེ་ཐེ་ཚོམ་མེད་པར་ཐོབ་ཚུལ་ལོ། །རྒྱས་པ་ལ་གསུམ་ཏེ། བགྲང་། དང་པོ་ཕྱི་མ་ལ་ལྷ་མི་ཁྱད་པར་ཅན་ཐོབ་ཅིང་ཐེག་མཆོག་མི་བརྗེད་པར་བསྟན་པ་དང་། དྲང་། ཚོགས་ལམ་གྱི་རྣལ་འབྱོར་ཏིང་ངེ་འཛིན་བཞི་ལས་སུ་རུང་བའི་ལམ་པ་རྣམས་ཀྱིས། སྦྱོར་ལམ་ཚོགས་སྒྲུབ་པ་འདི་ལྟ་བུའི་ལས་ལ་འབད་པར་བྱས་ནའང་། བློ་དང་བརྩོན་འགྲུས་ཞན་པས་འབྲས་བུ་མཐོང་ལམ་ཚེ་འདི་ལ་མདོན་དུ་མ་གྱུར་ཡང་། ཚེ་འདི་ལ་རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་བསྒོམ་པ་ལ་རང་དབང་ཐོབ་པས་བར་དོ་ནས། སངས་རྒྱས་སྤྲུལ་པའི་སྐུ་འཇིག་རྟེན་གྱི་ཁམས་གང་དུ་འབྱུང་བར་ཤེས་ནས་དེ་དང་སྐལ་བ་མཉམ་པར་ལྷ་མིའི་སྐྱེ་བ་ཅན་བླངས་ནས་འཇལ་བར་འགྱུར་རོ། །དེ་ཡང་གསང་སྔགས་ལ་སྦྱོངས་པའི་ལས་འཕྲོ་དེ་དང་འབྲེལ་བའི་བྱིན་རླབས་ཀྱིས། གསང་སྔགས་འདི་ཉིད་དང་འཕྲད་ཅིང་ཐེག་པ་དམན་པ་ཉན་རང་ལ་སོགས་པ་ལ་འཇུག་ཅིང་སྤྱོད་པའི་སར་ཡང་མི་སྐྱེ་བའོ། །ཡོ་བྱད་ལྔ་ལ་སྤྱོད་པའི་བསོད་ནམས་དང་། ཐམས་ཅད་ཆོས་ཉིད་དུ་ཤེས་པས་ཡེ་ཤེས་ཀྱི་ཚོགས་ཆེན་གཉིས་དང་ལྡན་པའི་དཔུང་ཚོགས་ཀྱིས། སྐྱེ་བ་སྔ་མ་ཕན་ཆད་ཀྱི་རྒྱུ་ལས་ངན་གྱི་སྒྲིབ་པ་མ་རིག་པའི་མུན་པ་རྣམས་སྦྱངས་བའི་ཕྱིར། འབྲས་བུ་ངན་སོང་གསུམ་གྱི་གནས་སུ་ཡོངས་སུ་མི་ལྷུང་ཞིང་། མཐོ་རིས་སུ་སྐྱེས་ན་ཡང་གནས་ངན་པ་དང་ལོངས་སྤྱོད་ཆུང་བ་དང་། མི་བདེ་ཞིང་སྡུག་བསྔལ་བའི་དམ་པའི་ཆོས་བྱར་མི་ཁོམས་པའི་གནས་ངན་སོང་གསུམ་དང་། ཀླ་ཀློ་དང་། ཚེ་རིང་པོ་དང་། ལྟ་བ་ལོག་པ་དང་སངས་རྒྱས་མི་བཞུགས་པའི་ཞིང་སྟོང་དང་། དབང་པོ་མི་ཚང་བ་དང་བརྒྱད་དུ་འགྲོ་ཞིང་སྐྱེ་བར་མི་འགྱུར། མི་བརྗེད་པའི་གཟུང་མཆོག་དམ་པ་ལྟ་བ་རྟོགས་ཤིང་ཏིང་ངེ་འཛིན་གོམས་པ་དང་ལྡན་པའི་ཕྱིར། སྐྱེ་བས་བར་ཆོད་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་མཆོག་གི་བརྗོད་བྱ་བརྗོད་བྱེད་གང་ཡིན་བརྗོད་པར་མི་འགྱུར་བས། དེ་ལ་འཇུག་ཅིང་ཉམས་སུ་ལེན་ནུས་པའི་དྲན་པ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །དེ་ཡང་ཚེ་རིང་ཞིང་ནད་མེད་པ་དང་བདེ་ཞིང་འབྱོར་བ་ཕུན་སུམ་ཚོགས་པ་སྟེ་ཚེ་ཕུན་སུམ་ཚོགས་པའོ། །གཉིས་པ་མཚན་དང་ལྡན་ཞིང་ཡོན་ཏན་རྫོགས་ཚུལ་དང་། དྲང་། ལྷ་དང་མིའི་སྐྱེ་གནས་ཀྱི་མཆོག་སྟོད་རིགས་ཐོབ་པའི་སའམ་གནས་སྐབས་དེར། ལུས་དང་བྱད་བཞིན་བཟང་ཞིང་མཛེས་ལ་ཡན་ལག་ལྷག་ཆད་མེད་པར་རྫོགས་པ་དང་། དབང་པོ་ལྔ་ཚང་ཞིང་ཉིང་ལག་ལ་ལྷག་ཆད་མེད་པ་སྟེ་གཟུགས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །སྐད་ཀྱི་གདངས་བཟང་ལ་སྙན་ཅིང་ཕུན་སུམ་ཚོགས་པ་ཚངས་པའི་དབྱངས་ལྟ་བུ་དང་ལྡན་པས་འགྲོ་བའི་དོན་བྱེད་ནུས་པ་དང་། སྐད་གདངས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །བདག་གི་འབྱོར་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་ཀུན། ལོག་འཚོའི་སྒོ་ནས་སེམས་ཅན་གཞན་ལ་གནོད་པ་མེད་པར་ཡང་དག་པའི་འཚོ་བ་རྩོལ་མེད་དུ་འགྲུབ་སྟེ། ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །གཞན་གྱིས་མི་ཐུབ་པ་ཚན་པོ་ཆེའི་མཐུ་སྟོབས་དང་ལྡན་པ་ཕྱག་ན་རྡོ་རྗེ་ལྟ་བུར་འགྱུར་ཞིང་དེ་ཡང་འགྲོ་བའི་དོན་དུ་འགྱུར་བའི་མཐུ་སྟོབས་ཕུན་སུམ་ཚོགས་པ་ཡང་དག་པ་དང་ལྡན་པ་སྟེ། མཐུ་སྟོོབས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །དེ་ལྟར་སྟོབས་དང་ལྡན་ཡང་སེམས་ཅན་གཞན་ལ་གནོད་པ་ཡོངས་མི་བྱེད་པའི་ཐོག་ནས་སེམས་ཅན་ལ་སྙིང་རྗེ་ཆེ་ཞིང་། གསང་སྔགས་ཀྱི་དོན་རྟོགས་ནུས་པའི་ཤེས་རབ་དང་ལྡན་པ་སྟེ་བསམ་པ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །ཚོགས་སྒྲུབ་པའི་མཐུ་སྟོབས་ཆེ་ཞིང་ཡོ་བྱད་ལ་སྤྱོད་པའི་ཐབས་ལ་མཁས་པ་དང་ལྡན་པའི་རྣལ་འབྱོར་པས་བདག་དང་གདུལ་བྱ་གཞན་གྱིས་དོན་རྫོགས་པར་བྱེད་ནུས་པའི་ཕྲིན་ལས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །གསུམ་པ་དེར་ཚེ་ལ་དབང་བའི་རིག་འཛིན་ཐོབ་ཚུལ་ལོ། །དྲང་། དབང་པོ་རབ་ཀྱིས་དེ་ལྟ་བུའི་ལུས་དེ་ལ་བརྟེན་ནས་ཟག་བཅས་ཀྱི་ལམ་རྣམས་མཐར་ཕྱིན་པའི་འབྲས་བུ་སྐྱེ་ཤི་མེད་པ་ཚེ་ལ་དབང་བའི་རིག་འཛིན་གྱི་ས་ཐོབ་ནས། སངས་རྒྱས་སྤྲུལ་པའི་སྐུའི་ཆེ་བའི་ཡོན་ཏན་ལ་དགོས་པ་འབྱུང་བའི་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟ་བུ། བཀོད་པའི་ཞིང་ཁམས་ཚད་གཞལ་བ་ལས་ཡས་པ་ཐམས་ཅད་ལས། དཔེར་ན་འདོད་ཁམས་ན་ལྷ་རིགས་དྲུག་པོ་ཡོད་པའི་དྲུག་པ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ལོངས་སྤྱོད་རང་ལས་སྤྲུལ་ནས་རང་གིས་ལོངས་སྤྱོད་པ་ཇི་ལྟར་བར། ཡོ་བྱད་ལྔ་ལ་དབང་བསྒྱུར་ཞིང་ལོངས་སྤྱོད་པའི་འབྲས་བུ་མཐོང་ལམ་གྱི་དངོས་གྲུབ་དམ་པ་ཐོབ་པར་འགྱུར་རོ། །གཉིས་པ་མཇུག་བསྡུས་ཏེ་ཐེ་ཚོམ་མེད་པར་ཐོབ་ཚུལ་ལོ། །དྲང་། འབྲིང་གིས་ཚེ་ཕྱི་མ་ལ་ཚེ་དབང་དུ་གྱུར་པ་དེའི་ཕྱིར། ཚེ་ལ་དབང་བསྒྱུར་བའི་རིག་འཛིན་ཚེ་ཕྱི་མའི་དུས་དེ་ཉིད་དུ་སྦྱོར་བ་ལའང་ལྟ་སྨོས་ཀྱང་ཅི་དགོས་ཏེ་ངེས་པར་གདོན་མི་ཟ་བར་འགྱུར་རོ། །གསུམ་པ་ལན་གྲངས་གཞན་ལ་ཚེ་དབང་ཐོབ་པའོ། །དྲང་། གོང་དུ་བསྟན་པའི་ཚུལ་དེ་ལྟར་སྦྱོར་ལམ་ཚོགས་སྒྲུབ་པ་ལ་སྒོ་གསུམ་བརྩོན་འགྲུས་རབ་དང་ལྡན་པས་ནི། དབང་པོ་དང་བརྩོན་འགྲུས་རབ་ཀྱིས་མཐོང་ལམ་ཚེ་འདི་ཉིད་ལ་ཐོབ་པ་དང་། འབྲིང་གིས་ཚེ་ཕྱི་མ་ལ་ཚེ་དབང་ཐོབ་པར་མ་གྱུར་ན་ཡང་། ཐ་མས་ཀྱང་སྐྱེ་བ་བརྒྱུད་པའི་ལན་གྲངས་དེ་ལས་གཞན་དུའང་ཚེ་དབང་ཐོབ་སྟེ་སྐྱེ་བ་བདུན་ཉིད་ལས་མི་འདའ་བར་མཐོང་ལམ་གྱིའམ། ཚེ་དབང་རང་ལ་བཞི་ཡོད་པའི་ནང་ནས་རིག་འཛིན་གྱི་དམ་པ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་འགྲུབ་པར་འགྱུར་རོ། །གཉིས་པ་རྣམ་སྨིན་ཐོབ་ཚུལ་ལ་གཉིས་ཏེ། བགྲང་། དང་པོ་སྒྲུབ་པ་མཐར་ཕྱིན་པས་ཚེ་དབང་མ་ཐོབ་ཀྱང་ཚེ་འདི་ལ་རྣམ་སྨིན་ཐོབ་པའི་དཔེ་དོན་དང་། དྲང་། དེ་ཡང་ཆོ་ག་ལྔ་དང་། སྔགས་ཀྱི་ཡན་ལག་ལྔ་དང་། ཡོ་བྱད་ལྔ་པོ་དག་སྟེ། ལྔ་གསུམ་བཅོ་ལྔ་པོ་དེ་དག་སྦྱོར་ལམ་གྱིས་མངོན་སུམ་རྫོགས་པར་བྱས་ནས་དམ་ཚིག་མ་ཉམས་པ་དང་ལྡན་པའི་རྣལ་འབྱོར་པ་རྣམས་ངེས་པར་འཚོགས་ཏེ་ཚོགས་སྒྲུབས་ཤིང་ཡོ་བྱད་ལྔ་ལ་སྤྱད་ན། འབྲས་བུ་ཚེ་དབང་རིག་འཛིན་ཚེ་འདི་ཉིད་ལ་མངོན་དུ་མ་གྱུར་ཡང་། བློ་ཆུང་བས་རྣམ་སྨིན་ཐོབ་སྟེ། དཔེར་ན་རྒྱལ་པོ་ཞིག་གིས་བྲན་མོ་ངན་པ་དང་བཤོས་པ་སྟེ་སྦྱོར་བས་ཀྱང་། རྒྱལ་པོའི་སྲས་འབྱུང་བའི་ས་བོན་ནུར་ནུར་པོ་བྲན་མོའི་མངལ་དུ་ཆགས་པའི་བུ་དེ་ཡང་རྒྱལ་པོའི་རིགས་ཡིན་ཏེ། དེ་སྐྱེ་བ་མཐོང་མ་ཐག་ནས་རྒྱལ་བུ་དེ་དམངས་ཐམས་ཅད་ཀྱིས་བླར་ཏེ་བསྐུར་བའི་འོས་སུ་འགྱུར་ཞིང་། རྒྱལ་སར་བཏོན་པའི་ཚེ་འཁོར་འབངས་ཀུན་ལ་དབང་བསྒྱུར་བའི་སྟོབས་དང་ལྡན་པ་དེ་ལ། འཇིག་རྟེན་པའི་ལྷ་རྣམས་ཀྱིས་ཀྱང་གསོལ་མཆོད་ལ་སོགས་རེ་བས་མཐུ་འམ་བསམ་པ་སྐྱེ་བས། རང་རང་གི་མཐུ་སྟོབས་བསྐྱེད་པས་རྒྱལ་བུ་དེ་ལ་བསྲུང་བ་དང་། སྦེད་པ་དང་། མཆོད་པ་བྱེད་པའི་དཔེ་དེ་ལྟར་དུ། ཚོགས་གྲུབ་ཀྱི་རྣལ་འབྱོར་པ་ཡང་དག་པའི་ལྟ་བ་དང་། དགོངས་པ་ཏིང་ངེ་འཛིན་གྱིས་སྟོབས་དང་ལྡན་པ་རྣམ་སྨིན་རིག་འཛིན་དུ་གྱུར་པ་ན། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཅན་མ་མོ་མཁའ་འགྲོ་ལ་སོགས་པའི་ཆོས་སྐྱོང་སྲུང་མ་མ་ལུས་པ་ཀུན་གྱི་དགོངས་པ་ལྷར་སྨིན་པ་དེ་ཡི་དབང་གི་སྤྱི་གཙུག་ཏུ་ཁུར་ཅིང་བསྲུང་བར་བྱེད་ལ། ནམ་སྨིན་གྱི་ལུས་ཀྱིས་སྤྱོད་ཡུལ་དོར་ནས་ཤི་འཕོས་མ་ཐག་ཡི་དམ་ལྷའི་སྐུར་སྨིན་པ་དེ་དངོས་སུ་གསལ་བ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དུ་ངེས་པར་རྫོགས་པར་འགྱུར་རོ། །གཉིས་པ་མཐར་མ་ཕྱིན་ཀྱང་ཕྱི་མ་ལ་ཐོབ་པར་གདམས་པ་དང་བཅས་པའོ། །དྲང་། དབང་པོ་ཐ་མའི་ནང་ནས་བློ་ཆེ་བའི་གང་ཟག་ལ་ལ་གོང་དུ་བསྟན་པ་དེ་ལྟར་ཚེ་འདིར་རྣམ་སྨིན་དེ་ཉིད་ཐོབ་ངེས་ན་ཡང་། བློ་ཆུང་བ་ལ་ལ་དག་དེ་ལྟར་མ་གྱུར་པས་ཕྱི་མ་ལ་བསོད་ནམས་བསགས་པའི་ས་ལ་གནས་པར་འགྱུར་ཏེ། དེ་ཡང་ཚེ་རབས་སྐྱེ་བ་ཐམས་ཅད་ཀྱི་བར་དུ་བྲལ་བའི་འབྲས་བུ་ལས་ངན་པར་གྱུར་པ་མཚམས་མེད་པ་ལྔ། མི་དགེ་བ་བཅུ། ལྕི་བ་བཞི། ལོག་པ་བརྒྱད་ལ་སྤྱོད་པའི་ས་དང་གནས་ཀུན་ཏུ་ཚོགས་སྒྲུབ་ཀྱི་རྣལ་འབྱོར་པ་དེ་སྐྱེ་བར་མི་འགྱུར་ལ། ལྷ་མིའི་ཐེག་པ་ལ་སོགས་པ་ངེས་འབྱུང་གི་ཐེག་པ་བཞི་ལའང་འཇུག་ཅིང་སྤྱོད་པར་མི་འགྱུར། ཐོབ་པའི་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རིགས་མཆོག་འཛིན་པའི་བཤེས་གཉེན་དག་ཏུ་འགྱུར་ཏེ་སྐྱེ་བ་ཕྱི་མ་ལན་གྲངས་གཞན་ལ་རྣམ་སྨིན་རིག་འཛིན་ཐོབ་པར་བྱས་ནས་སྔོན་གོང་དུ་སྤྱོད་ཡུལ་དོར་ནས་ཕྱག་རྒྱར་རྫོགས་ཅེས་བསྟན་པ་བཞིན་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བར་འགྱུར་ཏེ། དེ་བས་ཕྱི་མ་ལ་རྣམ་སྨིན་ཐོབ་ནས་ཕྱག་ཆེན་ལ་སྦྱོར་བ་འདི་ལ་ཐེ་ཚོམ་དང་སོམ་ཉི་ལྡན་པ་མིན་པས། ལས་འཕྲོ་སྐལ་བ་དང་ལྡན་པའི་རྣལ་འབྱོར་པ་ཀུན་གྱིས་དུས་རྟག་ཏུ་ཚོགས་སྒྲུབ་པ་ལ་བརྩོན་འགྲུས་ཆེན་པོ་བསྐྱེད་པར་བྱའོ། །འོ་ན་དེ་ལྟར་ཚེ་རྣམ་གཉིས་བར་དོ་ནས་ཐོབ་པ་ཡོད་དམ་མེད། མེད་ན་འདི་ཉིད་ཀྱི་ལེའུ་དྲུག་པའི་སྐབས་སུ། ལས་ངན་ལམ་གཞན་རྒྱུན་བཅད་ནས། །བར་མའམ་ཕྱི་མར་གཉིས་སྦྱོར་འཛིན། །ཞེས་གསུངས་པས། ཚེ་རྣམ་གཉིས་གང་རུང་ལ་སྦྱོར་བར་བཤད་པ་དང་། རྣམ་སྨིན་བར་དོ་ནས་ཐོབ་པའི་ལུང་ནི། ལམ་ཆུང་ལས། ཡིད་ཀྱི་ལྷ་ཡི་གཟུགས་བརྟེན་ཅིང་། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་ན། །ལྷག་མ་བཞག་པའི་བར་མ་ལ། །དེ་མེད་ཕྱག་རྒྱ་ཆེན་པོར་སྨིན། །ཞེས་གསུངས་པ་དང་འགལ་ལ། ཡོད་ན་རྣམ་སྨིན་དེ་ཆ་ལུགས་ཇི་ལྟར་ཡོད། ལྷའི་ཆ་ལུགས་སུ་ཡོད་ན་ཕྱག་ཆེན་དང་ཁྱད་མེད་པས་ཚེ་དབང་བས་རྣམ་སྨིན་བཟང་བར་འགྱུར་ལ། མེད་ན་ཡིད་ལྷར་མ་སྨིན་པར་འགྱུར་རོ། །ཡང་བྷི་མ་ལའི་གསུང་པ་དང་འགལ་ལོ། །ཚེ་དབང་བར་དོ་ལ་ཐོབ་པ་ཡོད་ན། ཕྱག་ཆེན་གྱི་ཆ་ལུགས་དང་ཁྱད་མེད་དུ་འགྱུར་བའམ། ཡང་ན་ལུས་སྔ་མ་ནི་དོར་ཟིན་ལ། གཞན་ལུས་མེད་པས་ལྷག་བཅས་སུ་མི་འགྱུར་བའིི་སྐྱོན་ཡོད་པའི་ཕྱིར་རོ། །ཞེ་ན། དེ་དག་གིས་སྐྱོན་མེད་དེ། བར་དོ་ནས་ཚེ་དབང་ཐོབ་པ་ནི། བར་དོར་འབྱུང་བ་དྭངས་མ་འོད་ཀྱི་ལུས་ལྷ་མིའི་ཆ་ལུགས་སུ་ཡོད་པ་དེར་རྣམ་སྨིན་ཐོབ་སྟེ། དེ་ཉིད་དོར་ནས་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བ་ཡིན་པས། སློབ་དཔོན་བྷི་མ་ལའི་གསུང་དང་མི་འགལ་ཏེ། མི་ཡི་ལུས་ལ་ཕྱག་རྒྱ་ཆེ། །རྒྱ་མིག་རྒྱ་ས་ཁྱུང་ཕྲུག་བྱ། །གསལ་རྫོགས་སྨིན་ཕྱིར་བར་ཆད་མེད། །ཅེས་སོ། །ཆེ་དབང་བར་དོ་ནས་ཐོབ་པའི་འཐད་པ་ནི། འབྱུང་བ་དྭངས་མའི་ལུས་ལྷ་མིའི་ཆ་ལུག་དེ་ཉིད་མི་འདོར་བར་ཡེ་ཤེས་འཇའ་ལུས་སྣང་ནས་ཕྱག་ཆེན་དང་ལྷུན་གྲུབ་ལ་སྦྱོར་བ་ཡིན་པས་འགལ་བ་མེད་དོ། །གསུམ་པ་ལེའུའི་མཚན་དང་། དྲང་། ངན་སོང་དུ་ལྡོག་པའི་བར་ཆད་མེད་པའམ། ལམ་གཞན་གྱི་བར་ཆད་མེད་པའི་སྦྱོར་ལམ་དུ་ཚོམ་བུ་ཚོགས་སྒྲུབ་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་མཐོང་ལམ་བསྒྲུབ་པའི་ཐབས་སྟོན་པར་བྱེད་པའི་གཞུང་གི་ཚིག་དོན་རྣམ་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་སྟེ། ཡས་བགྲང་བདུན་པའི་དོན་དུ་གདའོ། ༈ །སྤྱི་དོན་གསུམ་པ་གནས་སྐབས་ཀྱི་འབྲས་བུ་ཟག་མེད་ཀྱི་ལམ་ལ་གསུམ་སྟེ། བགྲང་། དང་པོ་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང་། དྲང་། ཐུན་མོང་གི་དངོས་གྲུབ་ལས་ཁྱད་པར་དུ་གྱུར་པ་ལྷག་པའི་སྟེ་མཆོག་གི་དངོས་གྲུབ་རིག་འཛིན་དེ་ཉིད་འགྲུབ་པར་འདོད་པ་ལའང་བསྙེན་སྒྲུབ་བཞིའི་སྒྲུབ་པའི་སྒོ་ནས་མོས་པར་བྱས་ནས། སྡུག་བསྔལ་གྱི་ཟུག་རྔུ་མེད་པས་བདེ་བ་ཆེན་པོ་རིག་འཛིན་གྱི་ས་ལ་གདུལ་བྱ་དགོད་པར་བྱ་བའི་ཕྱིར། ཟག་བཅས་ཚོགས་སྦྱོར་གཉིས་ཀྱི་ལམ་མཐར་ཕྱིན་པའི་གནས་སྐབས་ཀྱི་འབྲས་བུའི་མཚན་ཉིད་ཟག་མེད་མཐོང་སྒོམ་མཐར་གསུམ་གྱི་རིག་འཛིན་བཞི་པོ་བཤད་པར་བྱ་བ་ནི་འདི་ལྟ་སྟེ། འདིའི་སྐབས་སུ། འདི་ཡང་མཐོང་དང་སྒོམ་པ་དང་། །མཐར་ཕྱིན་རིམ་པ་གསུམ་དུ་བཤད། །དང་པོ་མཐོང་བའི་ལམ་བསྟན་པ། །བྱ་བ་གཅིག་ཡོད་ན་ལེགས་པར་གདའ་སྟེ། སྒོམ་བུ་སངས་རྒྱས་གསང་བ་སྒོམས་ལ་ཡོངས་ནས་ཆད་པར་གདའོ་གསུངས་སྐད། གཉིས་པ་གཞུང་དོན་ལ་གསུམ་སྟེ། མཐོང་ལམ་དང་། སྒོམ་ལམ་དང་། མཐར་ལམ་མོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། ཕྱག་རྒྱ་སྤྲོས་བཅས་མཐར་ཕྱིན་ནས་ཟླ་བ་བཅུ་དྲུག་ལ་སོགས་པ་རབ་འབྲིང་ཐ་མའི་དུས་ཀྱི་ཞི་ཁྲོའི་ཚོམ་བུ་ཚོགས་སྒྲུབ་པའི་སྦྱོར་ལམ་བར་ཆད་མེད་པའི་ལམ་པ་ནས། སྔར་འཁོར་བ་ཐོག་མ་མེད་པ་ནས། བརྒྱུད་པའི་ལམ་སྨིན་པ་ལས་གྲུབ་པའི་ཕུང་པོ་འདི་ཡི་ལྷག་མའི་ལུས་འབྲས་བུའི་ས་ལ་མེད་པ་རྣམ་སྨིན་དང་ཡོད་པ་ཚེ་དབང་ལས་མྱ་ངན་ལས་འདས་པ་སྟེ། ཟག་བཅས་མཐར་ཕྱིན་ནས་ཟག་མེད་ལ་སྦྱོར་བ་ཡང་། ཐུན་མོང་གི་ཐེག་པ་ཉན་ཐོས་ལ་ལྷག་བཅས་དང་ལྷག་མེད་གཉིས་ཡོད་པ་ལྟ་བུར། རིག་འཛིན་གྱི་སྐབས་འདིར་ཡང་ལྷག་བཅས་ལྷག་མེད་གཉིས་ཟུང་གཅིག་ཏུ་སྟོན་པར་འགྱུར་རོ། །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། ལྷག་མེད་རྣམ་པར་སྨིན་པའི་རིག་འཛིན་དང་། ལྷག་བཅས་ཚེ་ལ་དབང་བའི་རིག་འཛིན་ནོ། །དང་པོ་ལ་བརྒྱད་དེ། རྣམ་སྨིན་ཐོབ་པའི་རྒྱུ་དང་། ངོ་བོ་དང་། དགོངས་པ་དང་། མིང་གི་རྣམ་གྲངས་དང་། སྤྱོད་པ་དང་། དུས་དང་། ལམ་གོང་མ་ལ་སྦྱོར་ཚུལ་དང་། མངོན་ཤེས་སོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་ཐོད་རྒལ་བ་གཅིག་སྤྲོས་དང་། དྲང་། དེ་ལྟར་གཉིས་ཡོད་པ་དེ་ལ་ཐོག་མ་ལྷག་མེད་དུ་སྦྱོར་བ་རྣམ་པར་སྨིན་པའི་རིག་འཛིན་བཤད་པ་ནི་གང་ཞེ་ན། ཐོད་རྒལ་གྱི་དབང་བཙན་དུ་རབ་ཕྱག་རྒྱ་གཅིག་པ་དང་། འབྲིང་ཕྱག་རྒྱ་སྤྲོས་པ་ལྷ་དུ་མའི་རྣལ་འབྱོར་ཏིང་ངེ་འཛིན་ལ་ཉམས་བརྟན་ཞིང་མཐར་ཕྱིན་བྱས་པ་ཉིད་ཀྱི་ས་ནས་རྣམ་སྨིན་ལ་སྦྱོར་ཚུལ་ལམ། གཉིས་པ་མཐར་ཆགས་ཚོགས་སྒྲུབ་ནས་སོ། །དྲང་། མཐར་ཆགས་དབང་དུ་ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་དེ་མཐར་ཕྱིན་པ་ཐོབ་ནས། སྦྱོར་ལམ་དུ་བློ་རབ་འབྲིང་ཐ་མའི་ཆས་ཟླ་དྲུག་གམ། བཅུ་གཉིས་སམ། བཅུ་བཞིའམ། བཅུ་དྲུག་གི་བར་དུ། བསྙེན་སྒྲུབ་བཞིའི་ཚོགས་སྒྲུབ་པའི་ཚེ་རྣམ་པར་སྨིན་པའི་རིག་འཛིན་ཐོབ་པ་ཡིན་ཞེས་སྨོས་པའོ། །ཚེ་དབང་ལྟ་བུར་སྐྱེ་ཤི་མེད་པ་རྡོ་རྗེའི་ལུས་སུ་སྨིན་ཅིང་གྲུབ་པར་མ་གྱུར་བར། ལྟ་བ་རྟོགས་པ་དང་། བསྒོམ་པའི་ཏིང་ངེ་འཛིན་གོམས་པའི་སྟོབས་ཆུང་བ་དང་། རྐྱེན་བརྩོན་འགྲུས་དང་། སྨོན་ལམ་གྱི་མཐུ་ཞན་པའིི་ཕྱིར་ན། སྔར་ནས་ལས་ཀྱི་ལུས་ལ་བདག་ཏུ་རྟོག་པའི་བག་ཆགས་ལས་གྲུབ་པ་རྣམ་པར་རྟོག་པའི་ལུས་དང་། འབྱུང་བ་བཞི་འདུས་པ་ལས་གྲུབ་པ་འབྱུང་བའི་ལུས་དང་། ལྷག་མའི་ལུས་དང་། སྔར་གྱི་ལས་ཀྱི་འཕེན་པ་ལས་མ་གྲུབ་པས་ལས་ཀྱི་ལུས་དེ་བཞག་ནས་འབྲས་བུ་རྡོ་རྗེ་འཆང་ཆེན་པོ་སངས་རྒྱས་ཀྱི་སར། ཕྱག་རྒྱ་ཆེན་པོ་དང་ལྷུན་གྲུབ་བརྒྱུད་ནས་རིག་པས་འགྲོ་བས་ན། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞེས་བྱའོ། །གཉིས་པ་ངོ་བོ་ལ་གཉིས་ཏེ། བགྲང་། དང་པོ་རྣམ་སྨིན་ཐོབ་པའི་ངོ་བོ་དཔེ་དོན་དང་། དྲང་། ཡིད་ཡི་དམ་ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཏིང་ངེ་འཛིན་མངོན་སུམ་དུ་གསལ་ཞིང་རྫོགས་པར་སྨིན་ཀྱང་། ལྷག་མའི་ལུས་ཀྱི་རྣམ་པར་འཆིང་བའི་དྲ་བས་སྒྲིབ་པར་གྱུར་པས། དཔེར་ན་ཀ་ལ་པིང་ཀ་སྟེ་བྱ་ཁྱུང་ཕྲུག་སྒོང་རྒྱ་དང་། མི་འཇིགས་པ་སེང་ཕྲུག་མངལ་རྒྱ་དང་བྲལ་མ་ཐག་རྩལ་མ་དང་མཉམ་པ་བཞིན་དུ། ཐ་མལ་གྱི་ལུས་རྒྱ་འདི་དང་བྲལ་ནས་ཡིད་ཡི་དམ་ལྷའི་སྐུ། ངོ་བོ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཉིད་དུ་སྣང་བར་བྱེད་པ་དེ་ལ་རྣམ་པར་སྨིན་པའི་རིག་འཛིན་ཞེས་བརྗོད་དེ། དེ་ཡང་རྣམ་པར་སྨིན་པའི་རིག་འཛིན་གྱི་མཚན་ཉིད་གོང་དུ་བཤད་པ་ལྟར་ཆོས་གསུམ་དང་ལྡན་པ་ཞིང་ཡིན་ཏེ། གང་ཞེ་ན། ཡིད་ཡི་དམ་གྱི་ལྷ་ཞི་ཁྲོ་གང་ཡིན་པ་དེའི་སྐུ་ཕྱག་རྒྱ་ཆེན་པོར་སྨིན་པ་དང་གཅིག །དེ་ཐ་མ ལ་གྱི་ལུས་ཀྱི་དྲ་བས་སྒྲིབ་པ་དང་གཉིས། ལུས་རྒྱ་དང་བྲལ་མ་ཐག་ཕྱག་རྒྱ་ཆེན་པོའི་རིག་འཛིན་དུ་སྣང་བ་དང་གསུམ་གྱིས་འགྲུབ་ཏེ། ལམ་ཆུང་ལས། ལས་ཀྱི་ལུས་སྦུབས་རྣལ་འབྱོར་སྨིན། །མ་དག་ཆ་ལས་མིང་བཏགས་པ། །ཞེས་སོ། །དཔེར་ན་ཁྱུང་ཕྲུག་དང་། སེང་ཕྲུག །ཁྱུང་སྒོང་རྒྱ་དང་། སེང་གེ་མངལ་རྒྱའི་ནང་དུ། གཤོག་དྲུག་དང་། རྩལ་གསུམ་རྒྱས་ཀྱང་། སྒོང་ཤུན་དང་མངལ་གྱིས་བསྒྲིབ་ནས་མི་སྣང་བས། སྒྲིབ་བྱེད་དང་བྲལ་མ་ཐག་ནམ་མཁའ་དང་། གངས་རི་ལ་འགྲོ་ནུས་པ་བཞིན་ནོ། །རྡོ་རྗེ་མེ་ལོང་ལས། གལ་ཏེ་འབྱུང་བའི་ལུས་ཞིག་ནས། །བདག་ཉིད་སྒོ་གསུམ་ལྷར་གསལ་ཞིང་། །འབྱུང་བ་བསགས་པའི་ལུས་ལས་གྲོལ། །ཏིང་འཛིན་ཕྱག་རྒྱ་ཆེན་པོར་སྨིན། །ཁྱུང་ཕྱུག་སྦུབས་དང་བྲལ་མ་ཐག །མ་ལུས་ཕྱག་རྒྱ་སྒྱུ་མའི་མཆོག །རྣམ་པར་སྨིན་ཅེས་དེ་ལ་བརྗོད། །ཅེས་གསུངས་སོ། །དེ་ལྟར་ན་རྣམ་སྨིན་རིག་འཛིན་འདི་ཟག་བཅས་ཡིན་ནམ་ཟག་མེད་ཡིན། ཟག་བཅས་ཡིན་ན་ཟག་མེད་ཀྱི་མཐོང་ལམ་པ་མ་ཡིན་པར་ཐལ། ཟག་མེད་ཡིན་ན་ཚེ་དབང་རིག་འཛིན་དང་ཁྱད་མེད་པར་ཐལ་ཞེ་ན་དེའི་ལན་ནི། ཆོས་ཀྱི་སྤྱན་ལྡན་སྒྲོ་ཕུག་པ་ན་རེ། ཟག་པའི་གཙོ་བོ་སྐྱེ་གནས་ཀྱི་ཟག་པ་མེད་པས་ན་ཟག་མེད་ཡིན་ནོ་གསུངས་སོ། །རྣམ་སྨིན་རང་སའི་ཚེ་ཚད་ནི། སློབ་དཔོན་བྷི་མ་ལས། ལྷ་མི་ཕལ་པའི་ཚེ་ཚད་དོ། །ཅེས་སོ། །དེས་ན་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། སྔགས་ཕྱི་རྒྱུད་པ་དང་མཐུན་པར་ཉོན་མོངས་པའི་ཟག་པ་མེད་བས་ན་ཟག་མིད་ཡིན་ཏེ། རྡོ་རྗེ་ལས། བདེ་བ་ཆེན་པོར་ལུང་བསྟོན་པས། །ཟག་བཅས་བསླབ་པའི་ཆོས་དང་བྲལ། །ཞེས་པ་དང་། ཟག་པའི་ངོ་བོ་ནི། སྤྱི་མདོ་ལས་ཀྱང་། རྟོག་པའི་རྩ་བ་ཕྱི་ནང་གི། །ཀུན་ནས་ཟག་པ་རྣམ་པ་ལྔ། །ཞེས་གསུངས་པས། དེ་ཡང་རྩ་ཉོན་དང་ཉེ་ཉོན་གྱི་ཟག་པ་མེད་པ་དང་། ཟག་པའི་སྒོ་དྲུག་གི་སྐྱོན་དང་བྲལ་བའི་ཕྱིར། སྐྱེ་གནས་ཀྱི་ཟག་པ་མེད་པའོ། །ཚེ་དབང་རིག་འཛིན་ལྟར། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་གསུམ་གཏིང་ནས་བྲལ་བའི་ཟག་མེད་ནི་མ་ཡིན་ནོ། །བརྒལ་ལན་རྒྱས་པ་ནི་འགྲེལ་བ་གཞན་དུ་ཤེས་སོ། །གཉིས་པ་རྣམ་སྨིན་གྱི་ངེས་ཚིག་དང་། དྲང་། རྣལ་འབྱོར་པའི་ཡིད་ཀྱིས་ཡི་དམ་གྱི་ལྷ་གང་ཡིན་པའི་སྐུ་གཟུགས་གསལ་བར་བཟུང་ཞིང་ཐ་མལ་པའི་ལུས་ཀྱི་རྒྱ་མདུད་ཀྱིས་བསྡོམ་པ་དེ་ནི་གྲོལ་བར་གྱུར་པ་དང་དེ་ནས་འབྲས་བུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལྷའི་སྐུ་ཉིད་མངོན་སུམ་དུ་གསལ་བར་གྱུར་པའི་ཆོས་དང་ལྡན་ན་རྣམ་པར་སྨིན་པའི་རིག་འཛིན་ཞེས་དེ་ལ་གདགས་སོ། །གསུམ་པ་དགོངས་པ་དང་། དྲང་། རྒྱ་མིག་སྐོལ་ཕོར་ནང་དུ་རྒྱ་པ་འདམ་པ་བཏབ་པས་ནང་དུ་གཟུགས་དོད་ཀྱང་རྒྱ་མིག་དང་མ་བྲལ་བར་དུ་མི་གསལ་བའི་དཔེ་ཇི་ལྟ་བར། ཡི་དམ་ལྷར་སྨིན་པ་དེ་ལུས་རྒྱ་དང་བྲལ་མ་ཐག་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་ལ་མ་རག་པའི་ཆ་དང་ལྡན་པ། ཡིད་ཡི་དམ་ལྷའི་སྐུ་གཟུགས་སུ་རྩལ་རྫོགས་པར་སྨིན་པའི་ཏིང་ངེ་འཛིན་སྟོབས་ཆེན་དུ་གྱུར་པ་དེ་ཁོ་ན་རྣམ་པར་སྨིན་པའི་རིག་འཛིན་གྱི་ངོ་བོ་ཡིན་པའོ། །བཞི་པ་མིང་གི་རྣམ་གྲངས་ལ་གཉིས་ཏེ། བགྲང་། དང་པོ་ཐོབ་པའི་མིང་གྲངས་གསུམ་དང་། དྲང་། རྣམ་སྨིན་དེ་ལའང་ལྟ་དགོངས་བཟང་ངན་དང་། སྤྱོད་པ་ཟབ་མི་ཟབ་རྣམས་ལམ་གོང་འོག་གི་ཕྱེ་བའི་ཁྱད་པར་གཉིས་ཡོད་དེ། དེ་ཡང་ཕྱག་རྒྱ་གཅིག་སྤྲོས་ནས་ཐོབ་པའི་རྣམ་སྨིན་དེ་ནི་དགོངས་སྤྱོད་དམའ་ཞིང་། ཚོགས་སྒྲུབ་ནས་ཐོབ་པའི་རྣམ་སྨིན་དེ་ནི་དགོངས་སྤྱོད་བཟང་ཞིང་མཐོ་བའོ། །རྒྱུ་མཚན་དེས་ན་གཅིག་སྤྲོས་ནས་ཐོབ་པ་དེ་དགོངས་སྤྱོད་རྒྱ་མཚོ་སྔ་མ་གཅིག་སྤྲོས་དང་རྒྱུད་མཐུན་ལ། ཚོགས་སྒྲུབ་ནས་ཐོབ་པ་དེ་དགོངས་སྤྱོད་རྒྱ་མཚོ་ཕྱི་མ་ཚོགས་སྒྲུབ་དང་རྒྱུད་མཐུན་པས། དེ་ལྟར་དགོངས་སྤྱོད་རྣམས་སྟོབས་ཆེ་ཆུང་གི་ཆས་རྣམ་སྨིན་དུ་མིང་གྲགས་པ་ཡིན་ནོ། །གཉིས་པ་ཐོབ་པའི་ངོ་བོའི་མིང་གྲངས་གསུམ་མོ། །དྲང་། ལྷག་མའི་ལུས་མེད་འབྱུང་བའི་ལུས་མེད་ལས་ཀྱི་ལུས་མེད་པར་དགོངས་པ་མྱ་ངན་ལས་འདས་པའི་འབྲས་བུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དུ་སྨིན་པའི་ཆ་ནས་བརྗོད་པའོ། །ལྔ་པ་སྤྱོད་པ་ལ་གཉིས་ཏེ། བགྲང་། དང་པོ་བདག་དོན་དང་། དྲང་། རང་དོན་དུ་ཅི་སྤྱད་ཞི་ཁྲོའི་དཀྱིལ་འཁོར་དུ་གསལ་ཞིང་། ལྷ་ལ་ལྷ་རོལ་པའི་ཚུལ་དུ་སྤྱོད་པས་མ་འགག་པ་བསོད་ནམས་དང་། མི་དམིགས་པ་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་འཇུག་ཏུ་རྫོགས་པར་བྱེད་པ་དེ་ནི་རྣམ་སྨིན་གྱི་བདག་གི་དོན་དུ་སྤྱོད་པའོ། །གཉིས་པ་གཞན་དོན་ནོ། །དྲང་། ཡིད་ཡི་དམ་ལྷའི་སྐུར་སྨིན་པའི་ཕྲིན་ལས་ཞི་རྒྱས་དབང་དྲག་བཞིས་གཞན་དོན་ཡོངས་སུ་རྫོགས་པར་བྱེད་ཅིང་། གདུལ་བྱ་གང་ཡང་ཡལ་བར་མི་འདོར་བར་ཡང་དག་པའི་སའམ། དོན་ལ་དགོད་པ་ནི་གཞན་གྱི་དོན་དུ་སྤྱད་པའོ། །དྲུག་པ་དུས་དང་། དྲང་། ཕྱག་རྒྱ་གཅིག་སྤྲོས་ནས་རྣམ་སྨིན་ཐོབ་པ་དེ་དང་། ཚོགས་སྒྲུབ་ནས་ཐོབ་པ་དེའང་རབ་ཀྱིས་ཚེ་འདི་ལ་ཐོབ་པ་དང་། འབྲིང་གིས་བར་དོ་དང་། ཕྱི་མ་ནས་ཐོབ་པ་དང་། ཐ་མས་ཀྱང་ལན་གྲངས་བརྒྱུད་པ་གཞན་བདུན་ཚུན་ཆད་དུ་བློ་དང་བརྩོན་པ་རབ་འབྲིང་ཐ་མའི་ཚུལ་དག་གིས་རྣམ་སྨིན་ཐོབ་པར་འགྱུར་གྱིས། དེ་ནས་ཕྱག་ཆེན་ལ་སྦྱོར་ནས་མཐར་ཐུག་གི་འབྲས་བུ་ཐོབ་པ་ལ། མཚན་ཉིད་པ་ལྟར་བསྐལ་པ་གྲངས་མེད་པར་མི་འགྱང་སྟེ། དེ་ཅིའི་ཕྱིར་ཞེ་ན། དགོངས་པ་མཐོ་བ་དང་། ཚོགས་ཀྱི་སྤྱོད་པའི་བརྟུལ་ཞུགས་དང་ལྡན་པ་དང་། སྒོ་གསུམ་གྱི་བརྩོན་འགྲུས་བསྐྱེད་པ་རྣམས་གཙོ་བོར་བྱེད་པའི་ཕྱིར་རོ། །བདུན་པ་ལམ་གོང་མ་ལ་སྦྱོར་ཚུལ་ལ་གཉིས་ཏེ། བགྲང་། དང་པོ་སྦྱོར་ཚུལ་དངོས་པོ་དང་། དྲང་། གང་རྣམ་སྨིན་རིག་འཛིན་དེ་ལུས་རྒྱ་དང་བྲལ་མ་ཐག་གི་སྐབས་སུ། བར་དོ་མེད་པའི་ངང་དུ་ཡི་དམ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་རྫོགས་པའི་སྐུར་བདག་ཉིད་མངོན་དུ་འགྱུར་བས་རྡོ་རྗེ་དང་། དེ་བཞིན་གཤེགས་པ། རཏྣ། པདྨ། ལས་ཀྱི་རིགས་དང་། ལྔ་རྫོགས་པའི་རིགས་གང་ཡིན་པ་དེ་རིག་པས་འཛིན་པ་ལ། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་སྟེ། རྣམ་སྨིན་གྱི་གནས་སྐབས་ཀྱི་འབྲས་བུ་ཡིན་པས་སོ། །གཉིས་པ་ལམ་གྱི་དབྱེ་བ་དང་འདུ་བ་གཅིག་པར་བསྟན་པའོ། །དྲང་། རྣམ་སྨིན་གྱི་འབྲས་བུ་ཕྱག་ཆེན་ཡིན་པ་དེའི་ཕྱིར་ཕྱག་རྒྱ་ཆེན་པོ་ཐོབ་པ། ཕྱག་རྒྱ་གཅིག་སྤྲོས་དང་སྦྱོར་ལམ་བར་ཆད་མེད་པའི་ཐོག་ནས་ལམ་མཆོག་རྣམ་སྨིན་ལ་དབྱེ་བ་གསུམ་ཡོད་ཀྱང་འདུ་བ། ཕྱག་ཆེན་དུ་གཅིག་པ་སྟེ། དཔེར་ན་ཝ་བརྒྱུན་གྱི་དཀྱིལ་ཆུ་ལྟ་བུ་ཡིན་ནོ། །ཡང་ན་དེ་ཕྱིར་ཕྱག་རྒྱ་ཆེན་པོ་དང་། སྦྱོར་ལམ་བར་ཆད་མེད་པ་གཉིས། ལམ་མཆོག་ཚེ་རྣམ་གཉིས་ཀྱི་རིགས་དབྱེ་ས་དང་འདུ་ས་གཅིག་ཡིན་ནོ། །བརྒྱད་པ་མངོན་ཤེས་སོ། །དྲང་། སྦྱོར་ལམ་བར་ཆད་མེད་པའམ། ཕྱག་རྒྱ་གཅིག་སྤྲོས་ཀྱི་ཐོག་ནས་རྣམ་སྨིན་ཐོབ་པའི་མངོན་པར་ཤེས་པའང་། དེ་ཉིད་ཀྱི་མིང་ཅན་མངོན་ཤེས་ཡུལ་གྲངས་མི་འགྱུར་ཀྱང་། འདིར་ཟག་མེད་ཐོབ་པའི་ནུས་པས་ཡུལ་གསལ་བ་ངེས་པ་ཉིད་དུ་ཁྱད་ཡོད་པར་འགྱུར་བའང་ཡིན་ཏེ། ཕྱག་རྒྱ་གཅིག་པ་ནས་ཐོབ་པའི་རྣམ་སྨིན་གྱི་དཔག་ཚད་དང་། སྤྲོས་པ་ནས་གླིང་བཞི་གཅིག་དང་། ཚོགས་སྒྲུབ་ནས་གླིང་གྲངས་གཉིས་ནས་དྲུག་གི་བར་དུ་མངོན་ཤེས་ཀྱིས་ཡུལ་ལ་སྦྱོར་རོ། །གཉིས་པ་ལྷག་བཅས་ཚེ་དབང་ལ་གཉིས་ཏེ། བགྲང་། དང་པོ་ཚེ་དབང་གི་ཁྱད་པར་སྤྱིར་བསྟན་པ་དང་། དྲང་། མདོར་བསྟན་གྱི་ཕྱི་མ་ལྷག་བཅས་ཚེ་དབང་གི་ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་མཐར་ཕྱིན་པའི་དུས་ཀྱི་ཚོམ་བུ་ཚོགས་སྒྲུབ་པའི་རྣལ་འབྱོར་པས། ལྟ་བ་དང་དགོངས་པ་ཏིང་ངེ་འཛིན་གསལ་བ་དང་། ཚོགས་ཀྱི་སྤྱོད་པ་ཨཱ་ལི་ཀཱ་ལི་ལ་སྤྱོད་པ་དང་། སྒྲུབ་པ་ལ་བ་རྩོན་འགྲུས་བསྐྱེད་པ་ཆེན་པོ་དང་ལྡན་པའི་སྟོབས་ཀྱིས་སྦྱངས་པ། ལམ་མཆོག་ཡོངས་སུ་རྫོགས་པ་ཚེ་དབང་དང་། གསང་བའི་ཡོ་བྱད་ལ་ཨཱ་ལི་སྟེ་སྦྱོར་ལམ་ཐབས་ལམ་སྦྱངས་པ་ལས་བྱུང་བ་ཐབས་ཀྱི་ཚེ་དབང་དང་། སྟེང་འོག་གི་རླུང་བཟུང་བའི་ཐབས་ཀྱི་ནུབ་པའི་སྟོབས་རྫོགས་པ་ལས་སྐྱེས་པ་སྒྲོལ་མ་རླུང་ལས་གྱུར་པའི་ཚེ་དབང་དང་། ལམ་སྦྱངས་པ་དེ་དག་ལས་གཞན་པའི་སྨན་གྱི་སྒོ་ནས་ཚེ་སྒྲུབ་པ་དང་། ཛ་གད་དང་འབྲང་རྒྱས་ལ་སོགས་པའི་ཡོ་བྱད་ལ་བརྟེན་ནས་ཚེ་བསྒྲུབས་པས་འགྲུབ་པའི་རྟགས་དང་ལྡན་པ་དང་། དངོས་གྲུབ་ལ་རོལ་ཅིང་ལོངས་སྤྱོད་པའི་ནུས་མཐུ་ལས་བྱུང་བ་བདུད་རྩི་སྨན་ལས་བྱུང་བའི་ཚེ་དབང་དང་། དེ་དག་རང་རང་གི་ཐོབ་པར་བྱེད་པའི་ཐབས་ནི་སྨན་ཟ་བའི་ཐབས་དང་། ཐིག་ལེ་བཟུང་བའི་ཐབས་དང་། རླུང་བསྒོམ་པའི་ཐབས་དང་། ཚོགས་སྒྲུབ་པའི་ཐབས་དང་། རྒྱུ་ནི་ར་མོ་ཤག་ལ་སོགས་པ་དང་། ཐིག་ལེ་དང་། རླུང་དང་། ཚོགས་སྒྲུབ་པའི་ཤེས་རབ་དང་བཞིས་ཕྱེ་བའི་ཚེ་དབང་བཞི་པོ་སོ་སོ་ཐ་དད་པར་བྱུང་ན་ཡང་། འདིར་ཚོགས་སྦྱོར་གྱི་ལམ་སྦྱངས་པའི་སྟོབས་ལས་སྐྱེས་པའི་ཚེ་དབང་ཏེ་། ཚེ་དབང་གཞན་གསུམ་པོ་ལས་མཆོག་ཏུ་གྱུར་པ་ཡིན་ཏེ། ཟག་པ་མེད་པའི་རིག་འཛིན་ཡིན་པའི་ཕྱིར་རོ། །གཉིས་པ་ལམ་མཆོག་གི་ཚེ་དབང་བྱེ་བྲག་ཏུ་བཤད་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། དེའང་རྒྱུ་དང་། དུས་དང་། ངོ་བོ་དང་། རྣམ་གྲངས་དང་། དགོངས་པ་དང་། སྤྱོད་པ་དང་། མངོན་ཤེས་དང་། ལམ་གོང་མ་ལ་སྦྱོར་བའི་ཚུལ་དང་། བཞི་གཉིས་བརྒྱད་ཀྱི་ཚེ་དབང་གི་ལུས་རྣམ་བཞག་མདོར་བསྟན་གྱི་རྣམ་གྲངས་རྒྱས་པ་རྫོགས་པར་བཤད་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པ་དེ་ལ་བརྒྱད་དེ། ཚེ་དབང་ཐོབ་པའི་རྒྱུ་དང་། དུས་དང་། ངོ་བོ་དང་། རྣམ་གྲངས་དང་། དགོངས་པ་དང་། སྤྱོད་པ་དང་། མངོན་ཤེས་དང་། ལམ་གོང་མ་ལ་སྦྱོར་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་དྲང་དོན་གྱི་རྒྱུ་དང་། དྲང་། ལམ་པ་གང་དག་འབྲས་བུ་ཐོབ་པར་བྱེད་པའི་ཐབས་དང་། འབྲས་བུ་ལ་མོས་པ་དྲང་བའི་དོན་ཙམ་དུ་ཚེ་དབང་ཐོབ་པའི་རྒྱུར་བྱས་པ་ནི་དྲང་དོན་རྒྱུའོ། །གཉིས་པ་ངེས་དོན་གྱི་རྒྱུ་དེ་ལ་གཉིས་ཏེ། བགྲང་། དང་པོ་སྤྱིར་བསྟན་པ་དང་། དྲང་། ངེས་པའི་དོན་དུ་ཟག་བཅས་ཀྱི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་རྣམ་པ་གསུམ་ལ་རིམ་ཅིག་ཆར་དུ་གོམས་པར་བྱས་ནས་ཚེ་དབང་ཐོབ་པ་ལ། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། བགྲང་། དང་པོ་གཅིག་ཆར་བ་དང་། དྲང་། དེ་ཡང་ལམ་ཅིག་ཆར་བའི་དབང་དུ་བདེན་པ་གཉིས་སུ་མེད་པའི་ལྟ་བ་ཆོས་ཉིད་མཉམ་པའི་དོན་མ་ནོར་བ་ཅིག་ཆོད་དུ་ཐོས་པའི་ཤེས་རབ་ཀྱིས་ཐོས། དེས་བསམ་པའི་ཤེས་རབ་ཀྱིས་རྟོགས་ཏེ། བདེན་པ་གཉིས་མེད་ཀྱི་ཏིང་ངེ་འཛིན་གྱི་དགག་སྒྲུབ་དང་བྲལ་བས། དུས་དང་གནས་སྐབས་ཀུན་ཏུ་ཆོས་ཉིད་མཐའ་བྲལ་ཡངས་པ་ཆེན་པོར་ཅིག་ཆར་དུ་བསྒོམ་པ་ཡིན་ལ། གཉིས་པ་རིམ་གྱིས་པའོ། །དྲང་། ལམ་རིམ་གྱིས་པའི་དབང་དུ་རྒྱུ་ཤེས་པ་ལྟ་བ་དང་། རྐྱེན་འཇུག་པའི་ཏིང་ངེ་འཛིན་ཏེ། དེ་ཏིང་། ཀུན་ཏིང་། ཕྱག་རྒྱ་གཅིག་སྤྲོས། ཚོགས་སྒྲུབ་སྟེ། ལམ་ཚོགས་སྦྱོར་གྱི་རྣལ་འབྱོར་རྣམ་པ་ལྔ་པའོ། །ལྟ་བའི་སྐབས་སུ་ཐོས་བསམ་གྱི་ཤེས་རབ་ཀྱི་རིམ་གྱིས་རྟོགས་ཏིང་ངེ་འཛིན་རིམ་གྱིས་གོམས་པར་གྱུར་པ་ཚོགས་འགྲུབ་པའི་རྣལ་འབྱོར་པ་ནི། སྦྱོར་ལམ་དུ་ཟླ་བ་དང་། ཞག་གི་གྲངས་རྩ་རྒྱུད་གསང་བ་སྙིང་པོའི་ལེའུ་དགུ་པ་ནས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། ལ་སོགས་གསུངས་བཞིན་དུ་ཚོགས་སྒྲུབ་པར་བྱེད་པས། འབྲས་བུ་སྐྱེ་ཤི་མེད་པ་རྡོ་རྗེ་ལྟ་བུའི་ལུས་སུ་ཚེ་དབང་འགྲུབ་པར་ཐེ་ཚོམ་མེད་དེ་མིང་བཞིའི་ལུས་ནི། རྣམ་རྟོག་གི་ལུས། འབྱུང་བའི་ལུས། ལས་ཀྱི་ལུས། ལྷག་མའི་ལུས་ཉིད་མ་སྤང་བར་སྐྱེ་ཤི་མེད་པ་རྡོ་རྗེའི་ལུས་སུ་གྱུར་ཚུལ་ནི་དེ་ལྟ་བུར་གྱུར་པའོ། །གཉིས་པ་དུས་ལ་གཉིས་ཏེ། བགྲང་། དང་པོ་ཚེ་དབང་ཐོབ་པའི་དུས་དང་། དྲང་། བསྒྲུབ་ཅིང་འགྲུབ་པའི་ཞག་གྲངས་ནི་རབ་ཀྱིས་ཞག་གསུམ་ཅུ་ཕྲག་དྲུག་སྟེ། ཟླ་བ་དྲུག་གམ་འབྲིང་གི་ཟླ་བ་བཅུ་གཉིས་སྟེ་ལོ་གཅིག་གམ། ཟླ་བ་བཅུ་བཞི་སྟེ་ལོ་གཅིག་དང་ཟླ་བ་གཉིས་སམ། ཐ་མའི་ཟླ་བ་བཅུ་དྲུག་སྟེ་ལོ་གཅིག་དང་ཟླ་བ་བཞི་པོ་དག་གིས་བློ་དང་བརྩོན་འགྲུས་རབ་འབྲིང་ཐ་མའི་རིམ་པས་གཞུང་ནས་ཇི་ལྟར་བཤད་པ་བཞིན་དུ་ཉམས་སུ་བླངས་ནས་བསྒྲུབ་ན་ངེས་པར་མི་བསླུ་བར་ཚེ་ལ་རང་དབང་བསྒྱུར་ཞིང་ལུས་མི་འདོར་བ་སྤྲུལ་སྐུའི་རིག་འཛིན་པའི་རིག་འཛིན་གྱི་དམ་པ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་ཉིད་འགྲུབ་པར་འགྱུར་བའོ། །གཉིས་པ་ལམ་གོང་མ་ལ་སྦྱོར་ཏེ་སངས་རྒྱས་པའི་དུས་སོ། །དྲང་། རྒྱུ་རྟོགས་པའི་ལམ་དང་། འབྲས་བུ་ལྷའི་སངས་རྒྱས་གཉིས་གཞི་ལ་ཡེ་གདོད་མ་ནས་དབྱེར་མེད་པར་དུས་གཅིག་ཏུ་རྫོགས་པའི་དོན་དེ་ཉིད་རང་རིག་བྱང་ཆུབ་ཀྱི་སེམས་ཉིད་ལ་རང་དབང་ཐོབ་སྟེ་རྟོགས་ནས་མངོན་དུ་གྱུར་ཏེ། དེའི་རང་དོན་གྱི་ཚེ་ཚད་ནི་ཚེ་ལོ་བརྒྱ་བའི་དབང་དུ་ལོ་བརྒྱ་ཕྲག་བཅུ་དང་དྲུག་སྟེ་ལོ་སྟོང་དྲུག་བརྒྱ་གནས་པ་ཡི་བར་ལོ་བརྒྱ་རེ་བརྒྱ་རེ་ན་ཇེ་གཞོན་ལ་བྱིས་པ་གཞོན་ནུ་ལོ་བརྒྱད་པ་ལོན་པ་དག་ཏུ་བསྣུར་ཞིང་འཇིག་རྟེན་དུ་གནས་ནས། མཐར་ད་ལྟར་གྱི་ལུས་འདི་མ་བོར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་ཁྱེར་ནས་འགྲོ་བའི་དོན་ནུས་པ་དང་ལྡན་པའོ། །གསུམ་པ་ངོ་བོ་ལ་གསུམ་སྟེ། ལུས་དང་། ཡོན་ཏན་དང་། སྐུ་ཚེའི་ཚད་དོ། །དང་པོ་ལ་གཉིས་ཏེ། རྩ་བའི་ལུས་དང་། སྤྲུལ་པའི་ལུས་ཀྱི་ཆ་བྱད་དོ། །དང་པོ་ལ་བཞི་སྟེ། བགྲང་། དང་པོ་རྒྱུ་དང་། དྲང་། གཞི་བདེན་པ་དབྱེར་མེད་ཀྱི་དོན་རྒྱུ་ཤེས་པའི་མཚན་ཉིད་ལྟ་བས་མཐོང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ཚོགས་ལམ་རྣལ་འབྱོར་བཞི་མཐར་ཕྱིན་པའི་རྣལ་འབྱོར་པས། སྦྱོར་ལམ་དུ་ཞི་ཁྲོའི་ཚོགས་ཀྱི་ལོངས་སྤྱོད་ཡོ་བྱད་ལྔ། ཁྱད་པར་ཨཱ་ལི་སྤྱོད་ཅིང་ཚོགས་སྒྲུབ་པའི་དངོས་གྲུབ་ཁྱད་པར་ཅན་བླངས་པའི་སྟོབས་ཀྱིས། གཉིས་པ་ངོ་བོ་དང་། དྲང་། དེ་ཡང་ལུས་ཀྱི་ཟག་པ་ལུས་རང་དབང་མེད་པར་རྒས་རྒུད་དང་འདོར་ལེན་གྱི་སྡུག་བསྔལ་དང་། ཁམས་ཀྱི་ཟག་པ་བཤང་གཅི་དང་འདུ་བ་བཞིས་ཁམས་བདེ་མི་བདེ་དང་། སྐྱེ་གནས་ཀྱི་ཟག་པ་སྐྱེ་གནས་བཟང་ངན་ལ་རང་དབང་མེད་པར་འཇུག་པ་ལ་སོགས་པའི་ཟག་པ་གསུམ་པོ་ཟད་ཅིང་མེད་པས། སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་འགྲུབ་པར་འགྱུར་བས་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་ཐོབ་པའོ། །དེ་ཡང་སྒྱུ་འཕྲུལ་རྒྱ་མཚོ་ལས། ཟག་པ་གསུམ་དང་བྲལ་འགྱུར་བས། །རྣམ་པར་སྨིན་པའི་ལུས་དེའམ། །ཚེ་ལ་དབང་བསྒྱུར་གནས་ཐོབ་ནས། །གོམས་ནས་ཕྱག་རྒྱའི་རིགས་སུ་ངེས། །ཞེས་སོ། །གསུམ་པ་འབྲས་བུ་དང་། དྲང་། དེ་ཡང་མཐོང་བའི་ཆོས་ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་ཐོབ་པས། ལྷག་མའི་ལུས་འདི་ཉིད་མ་བོར་བར་འདི་དང་བཅས་བཞིན་དུ་མཐར་ཐུག་སངས་རྒྱས་ཀྱི་ས་ལ་འགྲོ་ནུས་པའོ། །བཞི་པ་ཡོན་ཏན་ནོ། །དྲང་། འཁོར་བའི་འཇིགས་པ་བརྒྱད་དང་། ཉོན་མོངས་པ་ལྔ་པོ་ཀུན་དང་བྲལ་ཞིང་འོག་ནས་སྟོན་པའི་ཆོ་འཕྲུལ་བཞི་ཡང་རྫོགས་པའོ། །གཉིས་པ་སྤྲུལ་པའི་ལུས་ཀྱི་ཆ་བྱད་དོ། །དྲང་། ཚེ་ལ་དབང་བའི་རིག་འཛིན་དེའི་ཆ་བྱད་ནི་ལྷ་དང་མིའི་རྒྱལ་པོའི་སྐྱེ་བ་འཛིན་ཏེ། འདོད་ལྷ་དྲུག་གི་རྒྱལ་པོ་དང་། མིའི་རྒྱལ་པོ་འཁོར་ལོས་སྒྱུར་བ་ལ་སོགས་པ་དང་། གཟུགས་ཁམས་ཀྱི་ལྷ་ཚངས་པ་ལ་སོགས་པའི་ཆ་ལུགས་སུ་གནས་པ་སྟེ། དེ་རྣམས་ཀྱི་སྐྱེ་བ་རྣམ་པར་དག་པ་རང་དབང་ཅན་དབང་པོ་དང་ཡན་ལག་ལ་ལྷག་ཆད་དང་། ཞ་གྲུམ་ལ་སོགས་པ་མེད་པ་འཛིན་མོད་ཀྱི། འོ་ན་དེ་རྣམས་དང་ཁྱད་མེད་དམ་ཞེ་ན། ཀྱང་ཞེས་པས་ཁྱད་ཡོད་དེ། དེ་དག་གི་ཁྱད་པར་ནི་ཟག་མེད་ཀྱི་ས་ལ་གནས་པ་དང་མི་གནས་པར་འགྱུར་བའི་ཁྱད་པར་ཡོད་པ་ཡིན་བཞིན་དུ་ལྷ་མིའི་རྒྱལ་པོའི་ཆ་བྱད་དེ་ཉིད་ཀྱིས་གདུལ་བྱ་དེ་ཡི་རིགས་ཅན་ལ་སྐྱེད་རྫོགས་གསུམ་གྱི་ཆོས་སྟོན་ཏེ་སྤྲུལ་པའི་སྐུའི་རྒྱལ་ཚབ་བྱེད་པའོ། །དེ་ལྟར་ན་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་དེའི་རྩ་བའི་ལུས་ལྷ་མིའི་སྐྱེ་བ་ཁྱད་པར་ཅན་སྐྱེ་འཆི་མེད་པ་རྡོ་རྗེའི་ལས་སུ་ཁྱེར་བའོ། །དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། རིག་པའི་སྐྱེས་བུ་ཐུབ་པ་མེད། །ལྷ་མིའི་ཆ་བྱད་འཛིན་མོད་ཀྱང་། །ཞིང་དང་ལོངས་སྤྱོད་དག་པ་ཡིས། །གོང་ནས་གོང་དུ་མཉམ་པར་སྦྱོར། །རྡོ་རྗེ་རིག་པ་འཛིན་པའི་སྐུ། །ཞིང་རྣམས་ཀུན་ལ་གནས་པར་བྱེད། །ཅེས་པ་དང་། ཟག་པ་མེད་པ་རྡོ་རྗེའི་སྐུ། །ཕྱིན་ཆད་འགྱུར་བར་འཇིགས་དང་བྲལ། །བདེ་བར་ཆེན་པོར་ལུང་ཐོབ་པས། །ཟག་བཅས་བསླབ་པའི་ཆོས་དང་བྲལ། །ཞེས་པ་དང་། སྒྲུབ་པ་ནུས་པ་གང་ལྡན་པ། །རྡོ་རྗེའི་ལུས་སུ་འཇིག་པ་མེད། །འཇིག་པ་ལྔ་བྲལ་ཟག་པ་ཟད། །དབང་བསྒྱུར་གསུམ་ལ་དབང་ཐོབ་པས། །བདེ་བའི་ལོངས་སྤྱོད་དཔག་ཏུ་བཤད་དོ། །སྤྲུལ་པའི་སྐུ་ནི་འདུལ་བའི་དབང་གིས་མ་ངེས་ཏེ། །དེ་ཉིད་ལས། ཞིང་ལ་དབང་བསྒྱུར་སྤྲུལ་པའི་ལུས། །ཏིང་འཛིན་ལོངས་སྤྱོད་དཔག་ཏུ་མེད། །ཅེས་སོ། །བདུན་པ་ཡོན་ཏན་ལ་ལྔ་སྟེ། བགྲང་། དང་པོ་བྲལ་བའི་ཡོན་ཏན་དང་། དྲང་། དཔེར་ན་འགྲོ་བ་གང་དག་སྦྲུལ་དུག་གིས་མི་འཇིགས་པ་ལ་རྩི་མ་ཀི་ཏ་འཆང་བ་དེ་ཉིད་དུག་གི་འཇིགས་པ་དང་བྲལ་བ་ལྟར་དུ། ཚེ་ལ་དབང་བསྒྱུར་བའི་རིག་འཛིན་དེ་ཡང་འཇིགས་པ་ལྔ་དང་བྲལ་ཏེ། དེ་ཡང་། འཚོ་བ་མེད་དང་མི་བསྔགས་འཁོར་བ་དང་། འཁོར་གྱི་འཇིགས་བྲལ་འཆི་བའི་བག་ཆགས་སྤང་། །ཞེས་པས། འཚོ་བ་མེད་ཀྱིས་དོགས་པ་དང་། མི་བསྔགས་པའི་དང་། འཁོར་གྱིས་སྡུག་བསྔལ་གྱི་དང་། འཁོར་གྱི་དྲི་བའི་དང་། འཆི་བའི་འཇིགས་པ་མེད་པའོ། །དང་པོ་ནི་ཁམས་ཀྱི་ཟས་དང་བྲལ་ཞིང་ཟག་མེད་ཀྱི་བདེ་བས་རྒྱས་ཤིང་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་མངའ་བརྙེས་པས་འཚོ་བའི་འཇིག་པ་དང་བྲལ་ལོ། །གཉིས་པ་ནི་བདག་འཛིན་མེད་ཅིང་ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་པས། གཞན་གྱི་ཉེས་སྐྱོན་ལ་སོགས་ཚིག་བརྗོད་ཀྱང་ཉེས་པའི་གཞི་མེད་པ་དང་། གསུམ་པ་ནི་ཉོན་མོངས་པ་གཏན་ནས་གྲོལ་ཞིང་འཁོར་བར་དབུགས་དབྱུང་བས་འཁོར་བར་འཁྱམས་ཀྱིས་དོགས་པ་མེད་པ་དང་། བཞི་པ་ནི་ཤེས་རབ་སྟོབས་ཆེན་དུ་གྱུར་ཏེ། ཤཱ་རིའི་བུ་ལ་སོགས་པས་དུས་གཅིག་ཏུ་དྲིས་ཀྱང་། ཐེ་ཚོམ་གྱི་ལན་དུས་གཅིག་ཏུ་ཐེབས་པ་དང་། ལྔ་པ་ནི་རིགས་པ་ལ་རང་དབང་ཐོབ་ཅིང་རྡོ་རྗེའི་ལུས་སུ་གྱུར་བས་འཆི་བའི་དོགས་པ་མེད་པའོ། །དེ་ཡང་སོགས་ཁུང་དུ་འཇིགས་པ་བརྒྱད་དང་འཁོར་བའི་ཉེས་སྐྱོན་ཐམས་ཅད་དང་བྲལ་བའོ། །གཉིས་པ་ཐོབ་པའི་ཡོན་ཏན་དང་། དྲང་། མངོན་ཤེས་དྲུག་དང་། ཆོ་འཕྲུལ་བཞི་པོ་དག་གི་ཡན་ལག་ཉེར་ལྔ་དང་། ཉི་ཤུ་ལ་སོགས་པ་ཀུན་གྱི་རྩལ་དང་གྲངས་ཡོངས་སུ་རྫོགས་ཤིང་། གསུམ་པ་སྐྱེ་བའི་ཡོན་ཏན་དང་། དྲང་། ཚེའམ་རིག་པ་དང་སྐྱེ་བ་ལ་རང་དབང་བསྒྱུར་བའི་སྟོབས་ཀྱིས་ལྷ་མིའི་རྒྱལ་པོའི་སྐྱེ་བ་རྣམ་དག་ཁྱད་པར་ཅན་བླང་བ་ཡིས། བཞི་པ་འདུལ་ཞིང་གི་ཡོན་ཏན་དང་། དྲང་། གཞན་དོན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བརྒྱ་ཚུན་ཆད་ཀྱི་གདུལ་བྱ་འདུལ་བར་བྱེད་དོ། །ལྔ་པ་རྒྱུའི་ས་དང་པོ་དང་སྐལ་པ་མཉམ་པའི་ཡོན་ཏན་ནོ། །དྲང་། རྒྱུའི་ཐེག་པ་ཆེན་པོའི་ས་དང་པོ་རབ་ཏུ་དགའ་བ་དང་། ཚེ་དབང་རིག་འཛིན་གཉིས་འཁོར་བ་ལ་ཕྱིར་མི་ལྡོག་པ་ཙམ་དུ་སྐལ་བ་མཉམ་པའོ། །དེའི་ཤུགས་ལ་ལམ་གོང་མ་ཡང་དེ་ལྟར་དུ་ཤེས་པ་ཡིན་ཏེ། ལམ་ཆུང་ལས། དེ་ཡང་དང་པོའི་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་སྟེ། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོད། །དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས། །ཞེས་སོ། །གསུམ་པ་སྐུ་ཚེའི་ཚད་ལ་གཉིས་ཏེ། བགྲང་། དང་པོ་བདག་དོན་གྱི་ཚེ་ཚད་དང་། དྲང་། བདག་གི་དོན་གྱི་ཕྱིར་ཐོས་བསམ་ལ་སོགས་པའི་ལམ་དོན་དུ་གཉེར་བ་འབྲས་བུ་ཐོབ་པའི་དུས་ནི། ལོ་བརྒྱ་ཕྲག་བཅུ་དྲུག་སྟེ་ལོ་སྟོང་དྲུག་བརྒྱའི་ཚེ་ཡི་རང་དོན་རྫོགས་ནས་འབྲས་བུ་ལ་སྦྱོར་བའོ། །གཉིས་པ་གཞན་དོན་གྱི་ཚེ་ཚད་དོ། །དྲང་། གདུལ་བྱ་གཞན་གྱི་དོན་དུ་ཚེ་ལ་རང་དབང་ཐོབ་པ་ཡིན་པའི་ཕྱིར་ཚད་བཟུང་དུ་མེད་དེ། བཞུགས་པར་བཞེད་ན་དུས་བསྐལ་པ་གྲངས་མེད་པའི་བར་དུ་འཇིག་རྟེན་གྱི་ཁམས་སུ་གནས་པར་འགྱུར་ཡང་། བགྲེས་རྒུད་མི་མངའ་བའི་སྐུ་ནི་ཤིན་ཏུ་གཞོན་པ་ལོ་བརྒྱད་པའི་ཚུལ་དུ་སྣང་སྟེ། རྩ་བའི་ལུས་ལ་སྐྱེ་འཇིག་མེད་ཀྱང་། གདུལ་བྱ་རྟག་པར་འཛིན་པ་སུན་ཕྱུངས་ནས། ལེ་ལོ་ཅན་རྣམས་འདུལ་བའི་དུས་ཀྱིས་སྤྲུལ་པའི་ལུས་འཆི་འཕོ་བ་དང་། མི་འདུལ་ན་འདུག་པར་ཡང་བྱེད་དོ། །བཞི་པ་རྣམ་གྲངས་ལ་གསུམ་སྟེ། རྣམ་གྲངས་དངོས་དང་། དེ་ལ་དངོས་སུ་ལུང་སྟོན་ཅིང་དབང་བསྐུར་འབྱུང་བར་བསྟན་པ་དང་གནས་དང་སྐྱེ་བ་དང་ཆ་བྱད་ཀྱང་གཞན་དོན་གྱི་སྐབས་ཀྱི་མ་ངེས་པའོ། །དང་པོ་ལ་གཉིས་ཏེ། ངོ་བོའི་རྣམ་གྲངས་དང་། མིང་གི་རྣམ་གྲངས་སོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་ཚེ་དབང་རིག་འཛིན་སྤྱིར་བསྟན་པ་དང་། དྲང་། ངོ་བོ་ངོས་བཟུང་བ་བཞིན་དུ་རྣམ་གྲངས་ཀྱང་རྣམ་པར་འཇུག་སྟེ། ཉེ་ཤིང་དང་། ར་མོ་ཤག་དང་རྟག་ངུ་དང་། ཕྱི་ནང་གི་བདུད་རྩི་ལྔ་ཡི་སྨན་གྱིས་བཅུད་ལེན་པའི་ཚེ་དབང་དང་། འོག་སྒོ་སྦྱོར་བའི་ཐབས་ལས་གྱུར་པའི་ཚེ་དབང་རིག་འཛིན་དང་། རྣལ་འབྱོར་རླུང་བཟུང་བའི་ཚེ་རིང་བར་གྱུར་བ་སྒྲོལ་མ་རླུང་ལས་གྱུར་པའི་ཚེ་དབང་རིག་འཛིན་དང་། མ་ཧཱ་ཡོ་གའི་ཚོགས་སྦྱོར་གྱི་ལམ་མཆོག་ལྟ་སྒོམ་སྤྱོད་གསུམ་གྱི་རྩལ་ཡོངས་སུ་རྫོགས་པའི་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་དང་། དེ་ལྟར་ཚེ་དབང་ལ་རིམ་པའང་བཞི་པོ་དེ། དབང་བཅུ་ནི། དབང་རྒྱུད་ལས། ཚེ་ལ་དབང་བས་འཁོར་བ་ཇི་སྲིད་བཞུགས། །སྐྱེ་ལ་དབང་བས་རིགས་ཀྱི་སྤྲུལ་སྐུར་སྟོན། །ཡོ་བྱད་དབང་བས་འདོད་ཡོན་ལྔ་ལ་རོལ། །མོས་ལ་དབང་བས་བདག་གཞན་མོས་བཞིན་སྣང་། །རྫུ་འཕྲུལ་དབང་བས་རྫུ་འཕྲུལ་ཆོ་ཕྲུལ་སྣང་། །ཆོས་ལ་དབང་བས་ཆོས་སྐད་སོ་སོར་སྒྲོག །ཡེ་ཤེས་དབང་བས་ཤེས་བྱ་ཀུན་མ་རྨོངས། །སེམས་ལ་དབང་བས་ཏིང་འཛིན་འབུམ་ཕྲག་རོལ། །ལས་ལ་དབང་བས་འབྱོར་བའི་ཕྲིན་ལས་མཛད། །སྨོན་ལམ་དབང་བས་ཇི་ལྟར་བཏབ་བཞིན་འགྲུབ། །ཅེས་སོ། །དེ་ལྟར་དབང་བཅུ་ཡོད་པའི་དང་པོར་ཚེ་ལ་དབང་བ་ཙམ་དུ་འདྲ་མོད་ཀྱང་། དེ་དག་ལ་ཁྱད་ཡོད་དེ་གང་ཞེ་ན། གཉིས་པ་ལམ་མཆོག་རྫོགས་པའི་ཚེ་དབང་ཁྱད་པར་དུ་བསྟན་པའོ། །དྲང་། ཚེ་དབང་བཞི་པོ་དེ་དག་ཉིད་ལ་ཁྱད་པར་དྲུག་ལས། དང་པོ་མཐུ་དང་བྱིན་རླབས་ལ་ཆེ་ཆུང་གི་ཁྱད་པར་ཡོད་དེ། གསུམ་པོ་བདག་དོན་ཀུན་འགྲོ་སྤང་མི་ནུས་ཤིང་། རྫུ་འཕྲུལ་ཉི་ཤུ་སོགས་འབྱིན་མི་ནུས་ལ། འདིས་ནས་པ་དང་། གཉིས་པ་ཟག་པ་ཡོད་མེད་ཀྱི་ཁྱད་ནི་གསུམ་པོ་ལ་ཟག་པ་ཡོད་ལ། འདི་ལ་སྔ་མ་བཞིན་མི་ཟག་སྟེ་ཟག་མེད་ཀྱི་མཐོང་ལམ་པ་ཡིན་པའི་ཕྱིར་རོ། །གསུམ་པ་བསྐྱེད་པ་རྒྱུའི་ཁྱད་པར་ནི། གསུམ་པོའི་རྒྱུ་ནི་སྨན་ལ་སོགས་པ་ཡིན་ལ། འདིའི་རྒྱུ་ནི་ཚོགས་སྒྲུབ་ཀྱི་ཤེས་རབ་གསུམ་ཡིན་པ་དང་། བཞི་པ་ངོ་བོའི་ཁྱད་པར་ནི། གསུམ་པོ་ནི་འཇིག་རྟེན་པ་ཡིན་ལ། འདིའི་ངོ་བོ་ནི་ལམ་མཆོག་ཡོངས་སུ་རྫོགས་པས་འདས་པའོ། །དེ་ལྟར་འཁོར་འདས་དང་ཟག་བཅས་ཟག་མེད་རྣམ་པ་གཉིས་སུ་འགྱུར་བའོ། །ལྔ་པ་ལྟ་དགོངས་ཀྱི་ཁྱད་པར་ནི་གོང་དུ་བཤད་པའི་ཁྱད་ཡོད་པ་དེ་བས་ན། གསུམ་པོ་ལ་ཟག་མེད་ཀྱི་དགོངས་པ་མེད་ལ། འདི་ནི་ཟག་མེད་ཀྱི་ཆོས་ཉིད་རང་མཚན་གྱི་དགོངས་པ་ལ་མདའ་བརྙེས་པའོ། །དྲུག་པ་སྤྱོད་པའི་ཁྱད་ནི། གསུམ་པོས་ནི་བདག་གཞན་གྱི་དོན་རྒྱ་ཆེན་པོ་སྤྱོད་མི་ནུས་ལ། འདིར་ནི་བདག་ག ཞན་གྱི་དོན་རླབས་པོ་ཚེ་སྤྱོད་ནུས་པ་དང་། སངས་རྒྱས་སྤྲུལ་སྐུའི་རྒྱལ་ཚབ་བྱེད་ནུས་པ་དེས་ན་དགོངས་པ་སྤྱོད་པ་ལ་ཁྱད་པར་ཡོད་པ་སྨོས་ཅི་དགོས་ཏེ། ལམ་མཆོག་འདི་ལས་གཞན་པ་སྨན་དང་། ཐབས་དང་། རླུང་ལས་གྲུབ་པའི་ཚེ་དབང་ཐོབ་པ་དེ་གསུམ་ཀྱང་ཚེ་དབང་ཙམ་པོ་ཡིན་ཏེ། ལམ་མཆོག་ཡོངས་རྫོགས་གི་ཚེ་དབང་རིག་འཛིན་དང་འདྲ་བ་མིན་ནོ། །གཉིས་པ་མིང་གི་རྣམ་གྲངས་གསུམ་སྟེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། ལམ་མཆོག་གི་ཚེ་དབང་རང་ལའང་ཡོན་ཏན་གྱི་མཚན་གྱི་རྣམ་གྲངས་མི་འདྲ་བའི་ཆ་ནས་བརྗོད་པ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། བགྲང་། དང་པོ་མིང་བཞིའི་ལུས་དང་བཅས་ནས་མྱ་ངན་ལ་འདའ་བར་བསྟན་པ་དང་། དྲང་། ལྷག་མའི་ལུས་སྟེ་གཟུགས་ཀྱི་ཕུང་པོ་དང་། མིང་བཞིའི་ཕུང་པོར་བཅས་པའི་སྐལ་པ་གྲངས་མེད་ལ་སོགས་ཅི་ཙམ་གནས་པར་འདོད་པ་ལ་རང་དབང་ཐོབ་པའི་ཚེ་དབང་བའི་རིག་འཛིན་འགྲུབ་པའི་ཕྱིར། ལྷག་མའི་ལུས་དང་། རྟོག་པའི་ལུས་དང་། འབྱུང་བའི་ལུས་དང་། ལས་ཀྱི་ལུས་དང་བཅས་པ་མ་སྤང་བར་མྱ་ངན་ལས་འདས་པས་ལྷག་བཅས་ཀྱི་མྱ་འདས་ཞེས་བྱའོ། །གཉིས་པ་ཟག་ལྡོག་མེད་པར་བསྟན་པ་དང་། དྲང་། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་གསུམ་པོ་ཀུན་ཟད་པས་ཚེ་ལ་དབང་བའི་རིག་འཛིན་ཆེན་པོ་མཐོང་ལམ་པ་འདིས་བདག་གཞན་གྱི་དོན་དུ་སྒོ་གསུམ་གྱི་སྤྱོད་པ་ཇི་ལྟར་སྤྱོད་ཀྱང་འཁོར་བ་ལ་ལྡོག་པ་མེད་པས་ཟག་ལྡོག་མེད་པའི་ལམ་པ་ཞེས་བྱའོ། །དེ་ཡང་ལྡོག་པ་མེད་ཅེས་པ་འདི་ལ། ངན་སོང་དུ་ལྡོག་པ་མེད་དམ། འཁོར་བར་ལྡོག་པ་མེད་དམ། ཐེག་དམན་དུ་ལྡོག་པ་མེད། དང་པོ་ལྟར་ན་སྦྱོར་ལམ་དང་ཁྱད་མེད་དུ་འགྱུར། གཉིས་པ་ལྟར་ན་ལྷ་མི་སྟོད་རིས་ཀྱི་སྐྱེ་བ་འཛིན་པར་བཤད་པ་དང་འགལ་ལ། གསུམ་པ་ལྟར་ན་ཆོས་སྤྱིར་བཏང་དང་འགལ་ཏེ། ཇི་སྐད་དུ། ཅི་སྲིད་ས་བརྒྱད་མ་ནོན་པར། །དེ་སྲིད་ཐེག་པ་དམན་པས་འཇིག །ཅེས་པས། དུས་མཐའ་ཡུན་རིང་བ་དང་། སེམས་ཅན་མང་ལ་གནོད་པ་དང་། རང་དོན་ལ་ཞེན་པས་ས་བརྒྱད་མ་ནོན་བར་དུ་ཐེག་དམན་ལ་ལྡོག་ཏེ། ཐེག་ཆེན་སྒོར་ཞུགས་པ་གཅིག་ལ་བདུད་རིགས་ཅན་གྱི་དམིགས་བླངས་ནས་ཁོ་རང་གི་རྩར་གཅར་བས་བློ་ལོག་ནས་ཐེག་ཆུང་དུ་ལྟུང་བར་བཤད་པ་དང་། མདོ་ལས། མི་ལྡོག་རྣམ་གསུམ་གོམས་བྱས་ནས། །ཞེས་བཟོད་ཐོབ་ངན་སོང་དང་། བདེན་མཐོང་འཁོར་བ་དང་། སྒོམ་ལམ་ས་བརྒྱད་པ་ཐེག་པ་དམན་པར་མི་ལྡོག་པ་བཤད་པ་དང་འགལ་ལོ་ཞེ་ན། འདིར་གོང་ལྟར་མི་ལྡོག་པ་གསུམ་ལས། གོང་འོག་གཉིས་སུ་ཚོགས་སྦྱོར་མཐར་ཕྱིན་ནས་མི་ལྡོག་པར་བཤད་ལ་འདི་ནི་འཁོར་བ་རང་དབང་མེད་པར་མི་ལྡོག་པའོ། །གསུམ་པ་དབུགས་དབྱུང་ནས་བདེན་པ་མཐོང་བར་བསྟན་པ་དང་། དྲང་། རིག་པ་ལ་རང་དབང་ཐོབ་པས་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་ལས་དབུགས་དབྱུང་བ་སྟེ། ངལ་བསོ་བའི་ཕྱིར་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཞེས་བྱའོ། །ཚེ་དབང་གི་སྐབས་འདིར་རྣམ་སྨིན་དང་སྦྱོར་ལམ་ལ་ཟུར་ཟ་བ་ཡིན་ཏེ། དེ་ཡང་ཟག་བཅས་དང་ཟག་མེད་སངས་རྒྱས་ཀྱི་སའི་བདེན་པ་གསུམ་ལས་འདིར་བདེན་པ་བར་མ་ཟག་མེད་རང་གི་མཚན་ཉིད་མཐོང་བས་ཟག་མེད་མཐོང་ལམ་ཞེས་བྱའོ། །དེ་ཡང་ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་ལས། །མཐོང་ལམ་གཉིས་སུ་གྱུར་པ་ཡིན། །ཞེས་པ་དང་། རྒྱས་པ་ལས། མ་ཆགས་པདྨ་འདྲ་བ་ཡི། །ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ཏེ། །ཀུན་དང་ཐུན་མོང་དེ་མ་ཡིན། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། །སྐྱེས་བུ་བློ་རྩལ་རབ་ཀྱིས་རྟོགས། །ཞེས་པ་དང་། དགོངས་འདུས་ལས། གསང་བའི་བདག་པོ་གསང་སྔགས་ཀྱི་ངོ་བོ་སེམས་ཀྱི་དེ་ཁོ་ན་ཉིད་དེ་གང་གི་སྤྱོད་ཡུལ་དུ་གྱུར། སྨྲས་པ། ལང་ཀའི་བདག་པོ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་ཏེ། ས་དང་ས་ལ་གནས་པ་རྣམས་ཀྱིས་མ་ཡིན་ནོ། །ཞེས་པས་གསལ་ལོ། །བཞི་པ་རིག་པ་འཛིན་པར་བསྟན་པའོ། །དྲང་། ཆོས་རང་དང་སྤྱིའི་དོན་རྣམས་ལ་མཁས་པའི་ལྟ་བ་རྟོགས་ཤིང་ཏིང་ངེ་འཛིན་གོམས་པར་སྤྱོད་པས་རིག་པ་ཡེ་ཤེས་དང་མི་འབྲལ་བར་འཛིན་པས་ན་རིག་འཛིན་ཞེས་ཀྱང་བྱའོ། །རིག་འཛིན་དེའི་ཆ་ལུགས་ཀྱང་ལྷ་དང་མི་ལ་སོགས་པའི་ཆ་ལུགས་ཡིན་ལ། ཏིང་ངེ་འཛིན་གྱི་ཡི་དམ་གྱི་ལྷ་ཞི་ཁྲོ་གང་ཡིན་པའི་རྡོ་རྗེའི་རིགས་ལ་སོགས་པའི་རྒྱུད་འཛིན་པར་བྱེད་ཅིང་། མི་གཏོང་བའི་གཟུང་དང་ལྡན་པ་ལས་རིག་འཛིན་གྱི་མིང་ཐོབ་པས་རིག་འཛིན་ཞེས་ཀྱང་བྱའོ། །གསུམ་པ་དོན་བསྡུས་ཏེ་བསྟན་པའོ། །དྲང་། དེ་ལ་སོགས་པ་མཐོང་ལམ་པའི་ཡོན་ཏན་གྱི་རྣམ་གྲངས་ལ་བཏགས་ན་མཚན་གྱི་རྣམ་གྲངས་ཀྱང་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་ངོ་། །གཉིས་པ་དེ་ལ་དངོས་སུ་ལུང་སྟོན་ཅིང་དབང་བསྐུར་འབྱུང་བར་ལུང་བསྟན་པ་དང་། དྲང་། ཚེ་དབང་འདི་ལ་རྫོགས་པའི་སངས་རྒྱས་ཀྱིས་དངོས་སུ་ས་ཁམས་ཏེ། ཞིང་ཁམས་འདི་དང་འདིར་རྒྱུག་ལ་སྒྲོ་འདོགས་ཆོད་ཅིག་ཅེས་པའི་ལུང་སྟོན་པ་དང་། གསང་མཚན་རྡོ་རྗེ་ཆེ་གེ་མོ་ཞེས་བོས་ནས་རྡོ་རྗེའི་མིང་གིས་དབང་བསྐུར་བར་འབྱུང་ངོ་། །འོ་ན་ལུང་ཆེན་ཐོབ་པའི་རྣལ་འབྱོར་བསྒོམ་ལམ་དང་ཁྱད་མེད་དུ་ཐལ། དངོས་སུ་ལུང་བསྟན་ཐོབ་པའི་ཕྱིར་རོ། །འདོད་ན། མཚན་ཉིད་ཐེག་པ་ལྟར་ན། ས་བདུན་པ་མན་ཆད་ཉམས་སྣང་ངམ། རྨི་ལམ་དུ་ལུང་སྟོན་ལ། ས་བརྒྱད་པ་ལ་དངོས་སུ་ལུང་སྟོན་པར་བཤད་དོ། །དེའི་འཐད་པ་ནི། ས་བདུན་པ་མན་ཆད་དུ་ཉོན་ཡིད་མ་ལོག་པས་བདག་འཛིན་ཕྲ་མོ་ཡོད་དེ། དངོས་སུ་ལུང་བསྟན་ན་ང་རྒྱལ་དང་། རློམ་སེམས་ཕྲ་མོ་སྐྱེ་སྲིད་ལ་དེ་སྐྱེས་ན་ཐེག་དམན་དུ་ལྡོག་གོ། །ས་བརྒྱད་པ་ཉོན་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས་འགྱུར་བས། ངར་འཛིན་ཟད་དེ་དངོས་སུ་ལུང་བསྟན་པ་འབྱུང་བར་བཤད་པ་དང་། འགལ་ལོ་ཞེ་ན་མི་འགལ་ཏེ། མཐོང་ལམ་ཚེ་དབང་ལ་སྤྲུལ་སྐུས་དངོས་སུ་ས་ཁམས་སུ་ལུང་སྟོན་ཅིང་ཆོས་འཆད་པ་ཡིན་ལ། སྒོམ་ལམ་ཕྱག་རྒྱ་ཆེན་པོ་ལ་ལོངས་སྐུའི་ཞིང་ཁམས་སུ་ལུང་སྟོན་པའོ། །དེ་ཡང་། རྨི་ལམ་སྒྲ་སྙན་པ་ཁམས་དང་། །ཞིང་ཁམས་སངས་རྒྱས་ཉིད་དུ་བསྟན། །ཞེས་སོ། །གསུམ་པ་གནས་དང་སྐྱེ་བ་ཆ་བྱད་ཀྱང་གཞན་དོན་གྱི་སྐབས་ཀྱི་མ་ངེས་པའོ། །དྲང་། ལྟ་བ་མཐོང་ཞིང་ཏིང་ངེ་འཛིན་གོམས་པའི་ནུས་མཐུ་དང་ལྡན་པས་སྤྱོད་ཡུལ་ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་དུ་རང་སྣང་བ་མ་གཏོགས་པ་གཞན་མེད་པས་ན་ཚེ་ལ་དབང་བའི་རིག་པ་འཛིན་པའི་གནས་དེ་ཡིན་ཏེ། དེ་ལྟར་ཐམས་ཅད་རིག་པ་རང་སྣང་བས་གནས་སུ་མ་གྱུར་པ་མེད་པས་བརྟེན་པའི་གནས་ལ་ཕྱོགས་གཅིག་ཏུ་ངེས་པ་མེད་ལ། སྐྱེ་བ་དང་ཆ་བྱད་ཀྱང་གདུལ་བྱའི་དོན་བྱ་བའི་སྐབས་ཀྱི་འགྱུར་ཞིང་མ་ངེས་སོ། །འོ་ན་གོང་ནས། རྡོ་རྗེའི་སྐུ་ལ་སྐྱེ་ཤི་མེད་པ་དང་། ལྷ་མིའི་རྒྱལ་པོའི་ཆ་བྱད་དུ་ཡོད་པར་དང་འགལ་ལོ་ཞེ་ན། མི་འགལ་ཏེ། གོང་མ་ནི་རྩ་བའི་ལུས་ཡིན་ལ་འདི་ནི་སྤྲུལ་པའི་ལུས་ཡིན་པས་སོ། །ལྔ་པ་དགོངས་པ་ལ་གསུམ་སྟེ། མི་དམིགས་པ་ཆོས་ཉིད་ཀྱི་དགོངས་པ་དང་། མ་འགག་པ་ཕྱག་རྒྱའི་དགོངས་པ་དང་། དགོངས་པ་ལ་གནས་ནས་མཐར་འབྲས་བུ་ལ་སྦྱོར་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་དགོངས་པ་མཐོང་བྱ་མཐོང་བྱེད་མེད་པར་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་སོགས་སྒོ་ལྔ་ཡུལ་མེད་དུ་རང་གསལ་བ་དང་། དྲང་། འཁོར་འདས་ཀྱི་ཆོས་རྣམས་རིག་པ་བདག་ཉིད་ཆེན་པོ་རང་སྣང་དུ་རྟོགས་པ་ཡིན་པའི་ཕྱིར་ཡུལ་དུ་དམིགས་སུ་མེད་དོ། །གཏན་ཚིགས་དེའི་ཕྱིར་ན། ཆོས་ཅན་ཀུན་ཀྱང་ཡུལ་ཡུལ་ཅན་དུ་མི་མཐོང་ངོ་། །འོ་ན་དེའི་ཆོས་ཉིད་མཐོང་ངམ་ཞེ་ན། ཆོས་ཉིད་ཀྱང་ཡུལ་ཡུལ་ཅན་དུ་མི་མཐོང་བས་དེས་ན་སངས་རྒྱས་ཀྱི་ཐུགས་ཀྱང་ཡུལ་ཡུལ་ཅན་དུ་མི་མཐོང་ངོ་། །འོ་ན་འཁོར་བ་མཐོང་ངམ་ཞེ་ན། ཕྱི་སྣོད་འབྱུང་བ་དང་། ནང་བཅུད་འགྲོ་དྲུག་གི་སེམས་ཅན་ཀྱང་རང་གི་སེམས་ཉིད་རང་སྣང་བ་ལས་གཞན་དུ་མི་མཐོང་ངོ་། །དེས་ན་ཡུལ་མེད་རང་གསལ་གཉིས་མེད་དུ་གང་མཐོང་བ། དེས་ནི་མཐའ་བྲལ་ལྷུན་གྲུབ་ཀྱི་དོན་ཡུལ་མེད་རང་གསལ་གྱི་ངོ་ལ་ཡུལ་ཡུལ་ཅན་དང་ཕྱོགས་རེའི་ཉེས་སྐྱོན་མེད་པས་ཡང་དག་པ་ཟག་མེད་ཆོས་ཉིད་ཀྱི་བདེན་པ་མཐོང་ཞེས་བྱའོ། །གཏན་ཚིགས་དེ་བས་རྣ་བའི་སྒྲ་ཡུལ་ཡུལ་ཅན་གང་དུ་ཐོས་པ་མེད་པར་སྒྲ་གྲགས་སྟོང་ཟུང་འཇུག་རང་སྣང་དུ་ཐོས་པ་དང་། དེ་བཞིན་དུ་ལྕེས་རོ་མྱོང་བ་དང་། ལུས་ཀྱིས་རེག་བྱ་དང་། སྣས་དྲི་ཚོར་བ་དང་། ཡིད་ཀྱིས་ཡུལ་རིག་པ་ལ་སོགས་པ་ཡུལ་མེད་རང་སྣང་གཉིས་མེད་དུ་མཐོང་བས་ན་མཐོང་བའི་ལམ་མོ། །གཉིས་པ་དེའི་རྒྱུ་ལྟ་སྒོམ་གྱི་སྟོབས་ལས་བྱུང་བས་ཟག་བཅས་ལས་ཁྱད་པར་དུ་གྱུར་པའོ། །དྲང་། དེ་ལྟར་བདེན་པ་མཐོང་བའི་རྒྱུ་གང་ལས་བྱུང་ཞེ་ན། རྒྱུ་ཤེས་པ་ལྟ་བ་དང་། རྐྱེན་འཇུག་པ་ཏིང་ངེ་འཛིན་བཞི་དང་བར་ཆད་མེད་པ་ཚོགས་སྒྲུབ་པ་ལས་སྐྱེས་པས། དེའི་ཕྱིར་ན་བདེན་པ་དབྱེར་མེད་རང་རིག་མངོན་སུམ་དུ་རྟོགས་པའི་མཆོག་ཚེ་དབང་ནི། བདེན་པ་དབྱེར་མེད་ཀྱི་རིག་པ་ལ་རང་དབང་ཐོབ་ནས་སྔོན་ངོ་བོའི་སྐབས་སུ་བསྟན་པ་བཞིན་ཡིན་ཏེ། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་གསུམ་གྱིས་འཁོར་བར་ཟག་པ་ནི་ལམ་མཆོག་ཡོངས་རྫོགས་ཀྱི་ཚེ་དབང་རིག་འཛིན་འདི་ལ་མེད་དོ། །གཉིས་པ་མ་འགག་པ་ཕྱག་རྒྱའི་དགོངས་པ་དང་། དྲང་། སྔོན་ཆད་ཚོགས་སྦྱོར་གཉིས་ཀྱི་ལམ་གྱི་སྤངས་བྱའི་རྩོལ་བ་དང་གཉེན་པོའི་རྩོལ་བའི་འདུ་བྱེད་རྣམས་ཀྱང་ཟག་མེད་ཀྱི་ཚེ་དབང་འདི་ལ་མེད་དེ། དེའི་རྒྱུ་མཚན་ནི་འདིར་མཉམ་རྗེས་འདྲེས་ཤིང་ཉོན་མོངས་མངོན་གྱུར་དག་པས་འབྲས་བུ་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱི་དོགས་པའི་འཛིན་ཆགས་དང་བྲལ་བ་ལས། དེ འང་བློ་ཆེ་ཆུང་གི་དབང་གིས། བློ་ཆུང་ན་ལྷ་སྟོང་ནས་ཉི་ཁྲི་བཞི་སྟོང་ལ་སོགས་རིམ་པར་བསྒོམ་པའམ། བློ་ཆེ་ན་རིམ་པ་མེད་པར་གཅིག་ཅར་དུ་རྫོགས་པའི་ཚུལ་གྱིས། སྟོང་ནས་ཉི་ཁྲི་བཞི་སྟོང་ལ་སོགས་བསམ་ཡས་གྲངས་མང་པོ་ལྷའི་འཁོར་ལོ་རང་རིག་པར་གསལ་བ་རྫོགས་པའི་རྣལ་འབྱོར་ཏིང་ངེ་འཛིན་ལ་གནས་ནས་ཞི་ཁྲོའི་དཀྱིལ་འཁོར་རྣམ་པ་གཉིས་ཀྱིས་རང་བཞིན་གྱི་དོན་ཐམས་ཅད་བསྒྲུབ་པར་མཛད་དོ། །གསུམ་པ་དགོངས་པ་ལ་གནས་ནས་མཐར་ཐུག་འབྲས་བུ་ལ་སྦྱོར་ཚུལ་ལོ། །དྲང་། དགོངས་པ་དེའི་མིང་ནི་ཚེ་ལ་དབང་བསྒྱུར་བའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་ཏེ། རང་དོན་དུ་ལོ་བརྒྱ་ཕྲག་བཅུ་དྲུག་གི་ཆ་མ་རྫོགས་ཀྱི་དུས་ཀྱི་བར་དུ། རང་གི་ཤེས་རབ་གསུམ་གྱི་ལམ་གོམས་པར་བྱས་ནས་མཐར་ཆགས་པ་ཕྱག་རྒྱ་ཆེན་པོ། ཐོད་རྒལ་བ་ལྷུན་གྲུབ་གཉིས་ཐོབ་པའི་ཐ་མ་སྐད་ཅིག་མ་གཅིག་གི་ཆ་ཡིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་སྒྲིབ་འཇོམས་པས་དཔའ་བོ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ལ་སྦྱོར་བའོ། །འདིར་ཟག་མེད་ཀྱི་ལམ་གསུམ་གྱི་སྒྲིབ་པ་སྤང་ཚུལ་ལ་གསུམ་སྟེ། སྤང་བྱ་སྒྲིབ་པའི་དོན་དང་། སྤང་བྱེད་གཉེན་པོའི་དོན་དང་། ཇི་ལྟར་སྤང་བའི་ཚུལ་ལོ། །དང་པོ་ནི་ཀུན་འགྲོ་དང་། ལྷན་གཅིག་གནས་པ་དང་། བག་ལ་ཉལ་གྱི་སྒྲིབ་པའོ། །འདི་གསུམ་ཡང་སྤྱིར་ཤེས་བྱའི་སྒྲིབ་པར་འདུས། བྱེ་བྲག་ཏུ་ལྤགས་ཀྱི་ཤུན་ལ་གནས་པ་དང་། ཤའི་སྲུབ་ས་རང་། རྐང་གི་དཀྱིལ་ལ་གནས་པའི་ཚུལ་གྱིས། ཕྲ་རགས་དང་། དག་དཀའ་སླ་དང་། ཁྱབ་ཆེ་ཆུང་གི་ཚུལ་གྱིས་ཐ་དད་པའོ། །གཉིས་པ་ནི་མཐོང་ལམ་དང་། སྒོམ་ལམ་དང་། མཐར་ལམ་གྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །གསུམ་པ་ནི། རིག་འཛིན་གསུམ་པོ་རང་རང་གི་གཉེན་པོ་ཡེ་ཤེས་སྐྱེ་བ་དང་། སྤང་བྱ་སྒྲིབ་པ་དག་པ་དུས་མཉམ་པ་ཡིན་ཏེ། དེ་ཡང་སྤང་བྱ་ཤར་བ་དང་། གཉེན་པོ་ཡེ་ཤེས་སུ་གྲོལ་བ་གཉིས་སྤང་གཉེན་རོ་གཅིག་པ་སྟེ། དཔེར་ན་ཉི་མ་ཤར་བ་དང་མུན་པ་སངས་བ་དུས་མཉམ་པ་བཞིན་ནོ། །དྲུག་པ་སྤྱོད་པ་ལ་གཉིས་ཏེ། བགྲང་། དང་པོ་བདག་དོན་གྱི་སྤྱོད་པ་དང་། དྲང་། ཚེ་དབང་རང་དང་རིགས་མཐུན་ཡང་བློ་ཆེ་ཞིང་དགོངས་པ་མཆོག་ཏུ་གྱུར་པའི་ཚེ་དབང་རྒན་པོ་རྣམས་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་སངས་རྒྱས་སྤྲུལ་པའི་སྐུ་རྣམས་ལ། གསང་སྔགས་ཟག་མེད་ཀྱི་ངང་ནས་བོགས་དང་རྩལ་འདོན་པའི་དོན་ལ་ཐོས་པའི་ཤེས་རབ་ཀྱིས་ཐོས། བསམ་པའི་ཤེས་རབ་ཀྱིས་དོན་རིག་པར་བྱས་ཤིང་རྟོགས་པ་དང་། བསྒོམ་པའི་ཤེས་རབ་ཀྱིས་དོན་རང་གི་རྒྱུད་ལ་སྦྱོར་བས། དཔེར་ན་དཀྱུས་སར་ཕྱིན་པའི་རྟ་ཅང་ཤེས་ཏེ། དཀྱུས་སུ་ཞུགས་ནས་ཀུན་ཏུ་ཐོགས་མེད་དུ་འགྲོ་བ་བཞིན་དུ། ལྟ་བ་དེ་ལམ་མགོ་མཇུག་ཀུན་གྱི་སྔོན་དུ་འགྲོ་བ་ཡིན་པས། ལྟ་བ་དེའི་ངང་ནས་ཤེས་རབ་གསུམ་གྱིས་སྒྲིབ་པ་སྦྱང་ཤིང་དགོངས་པའི་རྩལ་འདོན་པ་ནི་བདག་པོའི་དོན་གྱི་སྤྱོད་པའོ། །གཉིས་པ་གཞན་དོན་ཡོན་ཏན་དང་བཅས་པ་དེ་ལ། གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཆོས་སྣང་བའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་ཏེ་བཞི་པོ་དེ་དག་དང་། མངོན་པར་ཤེས་པ་དྲུག་ཀྱང་། ཚེ་ལ་དབང་བསྒྱུར་བ་དེ་ཉིད་ཀྱི་མིང་དང་ལྡན་པ་ཡིས། ཚེ་ལ་དབང་བསྒྱུར་བས་རྩ་བའི་ལུས་སྐྱེ་འཇིག་མེད་པས་རྡོ་རྗེའི་སྐུ་ལས་མ་གཡོས་པའི་སྤྲུལ་པའི་སྐུ་ལྷ་མིའི་རྒྱལ་པོའི་ཆ་བྱད་ཀྱིས་གདུལ་བྱ་གཞན་གྱི་དོན་ལ་ཕྲིན་ལས་ཀྱི་བྱ་བ་བྱེད་ཅིང་འགྲོ་དོན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་རྒྱས་པ་དེ་ལ་གསུམ་སྟེ། ཆོ་འཕྲུལ་བཞིས་གཞན་དོན་བྱ་བ་དང་། གཞན་དོན་མཛད་ནས་འབྲས་བུ་ལ་སྦྱོར་ཚུལ་དང་། རྨད་དུ་བྱུང་བའི་སྤྱོད་པས་གདུལ་བྱ་གདུལ་བར་བསྟན་པའོ། །དང་པོ་ལ་བཞི་སྟེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་དོན་མཛད་པ་དང་། རྗེས་སུ་བསྟན་པའི་དང་། ཆོས་སྣང་བའི་དང་། ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་གཞན་དོན་མཛད་པའོ། །དང་པོ་ལ་བཞི་སྟེ། བགྲང་། དང་པོ་རྫུ་འཕྲུལ་ཉི་ཤུ་བསྟན་པ་དང་། དྲང་། ཆོ་འཕྲུལ་བཞིའི་ཐོག་མར་སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་གདུལ་བྱ་གཞན་གྱི་དོན་སྤྱོད་པའི་ཚུལ་བསྟན་པ་ལའང། གང་ཞེ་ན། ལམ་ལྟ་སྒོམ་གྱི་ནུས་པའི་མཐུ་ཅན་དུ་གྱུར་པའི་སྐྱེ་བ་རང་དབང་ཅན་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་དེས། རྫུ་འཕྲུལ་ཉི་ཤུ་ལ་སྤྱོད་པའི་ཚུལ་ནི། ཅི་ལྟ་བུ་ནུས་ཞེ་ན། དེ་ཡང་ལུས་ཤིང་བལ་གྱི་འདབ་མ་ལྟ་བུ་ཡངས་བས་ནམ་མཁའ་ལ་བྱ་བཞིན་འཕྱོ་བ་དང་། རིག་འཛིན་གྱི་གནས་ཐམས་ཅད་བསྒྲོད་པ་དང་། ངག་གི་བདེན་པ་གྲུབ་པས་ཆུ་བོའི་རྒྱུན་གྱེན་ལ་བཟློག་པར་གྱུར་ཅིག་ཅེས་བརྗོད་པ་ཙམ་གྱིས་བཟློག་པ་དང་། རླུང་ཞི་བར་གྱུར་ཅིག་བྱས་པ་ཙམ་གྱིས་མི་འགུལ་བར་འཆིང་བར་ནུས་པ་དང་། རི་དང་བྲག་ལ་སོགས་པ་ལ་ཐོགས་པ་མེད་པར་འཛུལ་ནུས་པ་དང་། ཆུ་ལ་མི་བྱིང་བ་དང་། མེས་མི་འཚིག་པ་དང་། དུག་དང་མཚོན་གྱིས་འཇིགས་པར་མི་འགྱུར་ཏེ་མི་ཚུགས་པ་དང་། ལུས་འདི་མངོན་སུམ་དུ་མི་སྣང་བ་དང་། ལུས་གཅིག་ལ་མང་པོར་སྤྲུལ་པ་དང་། དེ་དག་ལས་གཞན་པ་ཡང་རང་ཉིད་ཡིད་ལ་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་སྟེ་གང་ཞེ་ན། འཇིག་རྟེན་གྱི་ལྷ་མ་སྲིན་སྡེ་བརྒྱད་རྣམས་ལ་བདག་གིས་དབང་བསྒྱུར་ཞིང་བྲན་དུ་འཁོལ་པ་དང་། རང་བཞིན་གྱི་ཚེ་དང་དུས་ལ་བསྲིང་བར་འདོད་ན་བསྲིང་བར་ནུས་ལ། བསྟུང་བར་འདོད་ན་བསྟུང་བར་ནུས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡུངས་འབྲུ་གཅིག་གི་ནང་དུ་ཤོང་བ་དང་། ཡུངས་འབྲུ་གཅིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་དང་པར་ནུས་པ་དང་། བ་སྤུ་ཉག་གཅིག་གིས་སྟོང་གསུམ་གང་བ་དང་། སྟོང་གསུམ་པ་སྤུའི་བུ་གར་བསྡུ་བའང་གོང་གི་ཡུངས་འབྲུའི་ཚུལ་དེ་བཞིན་ནོ། །སྣོད་བཅུད་སྲིད་པ་ཐམས་ཅད་བསྲེག་པར་བྱེད་པའི་མེའི་བསྐལ་པ་ཆེན་པོ་ཡང་གཞིལ་བར་ནུས་པ་དང་། རང་གི་ལུས་ལ་ཉི་མའི་དཀྱིལ་འཁོར་འབུམ་དུས་གཅིག་ལ་འགྱེད་ནུས་པ་དང་། ས་ཕྱོགས་སྐམ་པོའི་སར་ཆུ་དབྱུང་བ་དང་། བྱེ་མ་ལ་གསེར་དུ་འབྱུང་བ་དང་། སོལ་བ་ལ་ལྗོན་ཤིང་དུ་འབྱུང་བ་དང་། གཉིས་པ་འབྱུང་བ་ལྔ་སྟོབས་ཆེན་དུ་བྱ་བ་དང་། དྲང་། ནམ་མཁའ་ལ་རྡོ་རྗེའི་སྐས་བསྒོམས་པས་རྡོ་རྗེའི་བྲག་ལྟར་སྲ་བའི་སྐས་འབྱུང་བ་དང་། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བར་བསྒོམས་ནས་ཐ་མལ་གྱི་མེ་ཡང་ཚིག་པར་འགྱུར་བ་དང་། ཁཾ་ལས་ཡེ་ཤེས་ཀྱི་ཆུ་རྒྱུན་འབབ་པའང་དཔེ་གོང་གི་དེ་བཞིན་དུ་ཐ་མལ་གྱི་ཆུ་ཡང་དག་པ་ཡིན་ནོ། །ཡཾ་ལས་ཡེ་ཤེས་ཀྱི་རླུང་གིས་འཇིག་རྟེན་གྱི་ཁམས་འ ཐོར་བར་བསྒོམས་པ་གཏོར་བ་དང་། ཨེ་ལས་ཐམས་ཅད་སྟོང་པར་བསྒོམས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྟོང་ཞིང་སྟེང་ནས་འོག་ཏུ་ལྷུང་བ་དང་། འོག་ནས་སྟེང་དུ་འཕེན་པར་བྱ་བ་འགྲུབ་བོ། །གསུམ་པ་ལས་ཁ་ཚར་བརྒྱད་དང་། དྲང་། ཏིང་ངེ་འཛིན་གྱིས་དགྲ་བགེགས་ཐམས་ཅད་དགུག་པ་དང་། གླིང་ཁམས་གཞན་དུ་བཏང་བ་དང་། དགྲ་བགེགས་ཀྱི་ཁ་བཅིང་བ་དང་། གཞན་གྱིས་བྱད་དུ་བཅུག་པ་དགྲོལ་བ་དང་། སྲིའུ་དང་ལོ་ཐོག་ནད་པ་གསོ་བ་དང་། དགྲ་བགེགས་བསད་པ་དང་། གཞན་གྱི་གཡུལ་ཕམ་པར་བྱ་བ་དང་། བདག་གི་གཡུལ་རྒྱལ་བར་བྱེད་པ་ལ་སོགས་པ་རྣམས། རང་གི་ཇི་ལྟར་དམིགས་ཤིང་བསམ་པ་བཞིན་དུ་འགྲུབ་སྟེ། དེ་ཡང་ཏིང་ངེ་འཛིན་ལས་སུ་རུང་བས་སོ། །བཞི་པ་གདུག་པ་ཅན་དབང་དུ་བསྡུ་བ་ལ་གཉིས་ཏེ། བགྲང་། དང་པོ་དུད་འགྲོ་གདུག་པ་ཅན་དབང་དུ་བསྡུ་བ་དང་། དྲང་། སྦྲུལ་གདུག་པ་ཅན་དང་། སྟག་དང་དོམ་ལ་སོགས་པའི་གཅན་གཟན་གདུག་པ་ཅན་རྣམས་ཀྱང་། ཁྱི་ལ་ཟན་བྱིན་པ་བཞིན་དུ་བདག་གི་ཕྱི་བཞིན་དུ་རྗེས་སུ་འབྲང་བར་འགྱུར་རོ། །གཉིས་པ་བར་ཆད་གདུག་པ་ཅན་དབང་དུ་བསྡུ་བའོ། །དྲང་། གཞན་ཡང་བར་དུ་གཅོད་པའི་བདུད་གནོད་སྦྱིན་དང་། ལྷ་སྲིན་ལུས་སེམས་གདུག་པ་ཅན་ལ་སོགས་པས། བདག་ལ་བར་ཆད་ཀྱིས་ཚུགས་པར་མི་འགྱུར་གྱིས། སླར་བྲན་གཡོག་བཞིན་དུ་བདག་གི་བཀའ་ཉན་པས་ཕྲིིན་ལས་ཅི་བཅོལ་བ་ཐམས་ཅད་ཐོགས་པ་མེད་པར་བྱེད་པར་གྱུར་རོ། །གཉིས་པ་རྗེས་སུ་བྱེད་པ་དང་། དྲང་། ལྷ་མིའི་ལུས་འདི་མ་བོར་བར་ཚེ་ལ་དབང་བའི་རིག་འཛིན་གྱི་ས ར་གནས་ནས། དེའི་ཐུགས་རྗེ་སྤྲུལ་པའི་བྱིན་རླབས་ཀྱི་སྤྲུལ་སྐུའི་རྒྱལ་ཚབ་མཛད་ནས། ལྷ་ཀླུ་ལ་སོགས་འགྲོ་བ་སོ་སོའི་སྐད་དང་མཐུན་པའི་འགྲོ་བ་སོ་སོར་ཐར་བར་བྱེད་པའི་ལམ་ཡང་སྟོན་ཏེ། དེའི་ཡོན་ཏན་ནི། ངན་སོང་གསུམ་པོའི་གནས་སྟོང་ཞིང་མཐོ་རིས་ཀྱི་དགེ་བའི་ལས་ལ་བསྐུལ་བ་དང་། གདུལ་བྱ་དེ་ཉིད་ལམ་སྟེགས་ཀྱི་ཐེག་པ་ཆུང་ངུ་ཉན་རང་ལ་དགོད་ཅིང་། ཉན་རང་དེ་དག་ཉིད་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་ལ་དགོད་ཅིང་། དེ་ནས་གསང་སྔགས་ཀྱི་ལམ་ལ་བཀོད་པར་མཛད་དོ། །སོ་སོའི་སྐྱེ་བོ་རྣམས་ཐར་བ་ལ་བསྐུལ་ཞིང་ཉན་རང་རྣམས་ཞི་བ་ཕྱོགས་གཅིག་པའི་མཐའ་ལ་ཞེན་པ་སློང་བར་བྱེད་པ་དང་། རབ་དགའ་ལ་སོགས་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་ཡོད་པའི་ཤེས་བྱའི་སྒྲིབ་པ་རྣམས་རིམ་པར་སྦྱོང་བར་བྱེད་ཅིང་དེ་ལྟར་ཡིན་ན། ལམ་ཆུང་ལས། ཚེ་དབང་ས་དང་པོ་དང་། ཕྱག་ཆེན་ས་བརྒྱད་དང་། ལྷུན་གྲུབ་ས་བཅུ་དང་སྐལ་བ་མཉམ་པར་བཤད་པ་དང་། འདི་ཉིད་ལས། རྒྱུ་ཡི་དང་པོ་སྐལ་མཉམ་པའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། བླ་མ་གོང་མ་རྣམས་ནི། ཚེ་དབང་གིས་ཆོས་ཉིད་དབྱེར་མེད་ཀྱི་དོན་མཐོང་བས་ལྟ་སྒྲིབ་མེད་ལ། ས་བཅུ་པས་དབྱེར་མེད་མ་མཐོང་སྟེ། ལྟ་སྒྲིབ་ཡོད་པས་སྒྲིབ་པ་སྦྱང་དུ་བཏུབ་པ་ཡིན་གསུངས་སོ། །ཁོ་བོའི་སློབ་དཔོན་ཐམས་ཅད་མཁྱེན་པས་ནི། ཚེ་དབང་ཐོག་ནས་ཅིག་ཆར་དུ་འགྲོ་བའི་འཕགས་པ་ལ་བསམ་ཡས་ལྷུན་གྲུབ་ཀྱི་དགོངས་པ་མངའ་བ་ཡིན་པས་ན། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྒྲིབ་པ་སྦྱོངས་པའི་དབང་པོ་མཛད་པ་དང་། གཞན་ཡང་ཚེ་དབང་ཐོད་རྒལ་བ་དང་། རིམ་གྱིས་པས་རང་རང་མན་ཆད་ཀྱི་གདུལ་བྱའི་སྒྲིབ་པ་སྦྱང་བའི་དབང་པོ་མཛད་ཅེས་གསུངས་སོ། །བདེ་བར་གཤེགས་པ་ལོངས་སྐུ་དང་སྤྲུལ་སྐུའི་འཁོར་ས་ལ་གནས་པ་དང་མོས་པས་སྤྱོད་པ་རྣམས་ལའང་ཆོས་སྟོན་པར་མཛད་དོ། །འོ་ན་ལོངས་སྤྲུལ་གྱི་སྟོན་པ་དང་། ཚེ་དབང་གི་སྟོན་པ་གཉིས་སུ་འགྱུར་རོ་ཞེ་ན། གཞན་དོན་བྱེད་པའི་ཕྱིར་དུ། བླ་ཆོས་དང་ཟུར་ཆོས་ཀྱི་ཚུལ་དུ་ཡིན་པས་འགལ་བ་མེད་དེ། སྤྲུལ་སྐུའི་རྒྱལ་ཚབ་ཀྱི་སྟོན་པ་བྱེད་པའི་ཕྱིར་རོ། །གསུམ་པ་ཆོས་སྣང་བའི་དོན། དྲང་། སྟོང་གསུམ་གྱི་སྟོང་ཆེན་པོ་བརྒྱ་ཚུན་ཆད་ཀྱང་མངོན་ཤེས་ཀྱི་ཡུལ་ཡིན་པས་འཇིག་རྟེན་དེ་རྣམས་ནི། ཕྱོགས་ཆ་དྲུག་ཏུ་གཡོ་བ་དང་། ཚབ་ཆེ་བ་རབ་ཏུ་གཡོ་བ་དང་། ཀུན་ཏུ་ཁྱབ་ཅིང་ཚབ་ཆེ་བས་ཤིན་ཏུ་གཡོ་བ་ལ་སོགས་པ་ཆོས་སྣང་བའི་མཛད་པར་སྣང་བས། དེའི་ཡོན་ཏན་ནི་ཞིང་ཁམས་དེ་ན་གནས་པའི་སེམས་ཅན་རྣམས་མི་རྟག་པ་རྒྱུད་ནས་སྐྱེ་ཞིང་ལམ་ལ་ཞུགས་པ་རྣམས་ཀྱིས་ཕྱི་ལྟར་ས་གཡོས་པས། ནང་ལྟར་ཏིང་ངེ་འཛིན་གྱི་ཉམས་གཡོས་ནས། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་རིམ་པ་གོང་ནས་གོང་དུ་གཡོ་བར་བྱེད་དོ། །བཞི་པ་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་གཞན་དོན་མཛད་པའོ། །དྲང་། མཐོང་ལམ་ཚེ་ལ་དབང་བ་དེ་ཉིད་ཀྱིས་གསང་བ་སྔགས་ཀྱི་རང་སྒྲ་བསྒྲགས་པས། སྒྲ་སྐད་ཀུན་ཀྱང་ཡོན་ཏན་རྨད་དུ་བྱུང་བ་གསང་སྔགས་ཀྱི་སྒྲ་ཏི་རི་རི་བསྒྲགས་པས། དེའི་ཡོན་ཏན་ནི་ཕྱི་ནང་གི་བདུད་བཞི་པོ་ལ་སོགས་པ་དང་བགེགས་རྣམས་འདུལ་ཞིང་། སེམས་ཅན་རྣམས་ཀྱི་རྒྱུད་ལ་ངན་སོང་གསུམ་གྱི་ལས་དང་ཉོན་མོངས་པ་ཡོད་པ་རྣམས་སྦྱངས་ལ། འགྲོ་བ་དྲུག་གི་སེམས་ཅན་ལྷག་མ་མ་ལུས་པའི་དོན་ཡང་རང་རང་གི་བློ་དང་ཇི་ལྟར་འཚམས་པ་བཞིན་དུ་བྱེད་དོ། །གཉིས་པ་གཞན་དོན་མཛད་ནས་འབྲས་བུ་ལ་སྦྱོར་ཚུལ་དང་། དྲང་། ཞི་རྒྱས་དབང་དྲག་ལ་སོགས་པས་བདག་གཞན་གྱི་དོན་སྒྲུབ་པའི་ཕྲིན་ལས་རྣམ་པ་བཞི་པོ་ཐམས་ཅད་ཀུན་བྱས་ནས། མཐར་ཐུག་གི་འབྲས་བུ་སྐྱེ་ཤི་དང་འཕོ་འགྱུར་མེད་པའི་གཡུང་དྲུང་ཆོས་ཀྱི་སྐུ་རྒྱུད་ནས་ཐོབ་ལ། གདུལ་བྱའི་ངོར་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུ་པོ་ཀུན་གྱིས་བརྒྱན་པའི་གཟུགས་སྐུར་སྣང་ནས། ལམ་མཐར་ཕྱིན་པའི་འབྲས་བུ་ལམ་གྱི་རྩོལ་བ་བྱ་བ་གང་ཡང་མེད་པར་པདྨ་སྤྱན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་མངོན་སུམ་དུ་འགྲུབ་བོ། །གསུམ་པ་རྨད་དུ་བྱུང་བའི་སྤྱོད་པས་གདུལ་བྱ་འདུལ་བར་བསྟན་པའོ། །དྲང་། རྒྱས་པ་ལ་སོགས་པའི་རྒྱུད་ལས་གསུངས་པའི་མི་སྤངས་བ་ལྔ་དང་། དང་དུ་བླང་བ་ལྔ་དང་། སྤྱད་པར་བྱ་བ་ལྔ་དང་། འདོད་ཡོན་ལྔ་སྟེ་ལྔ་ཚན་བཞིའི་སྤྱོད་པ་ལ་བྱེ་བྲག་བཅུ་ཚན་གཉིས་ཏེ་འཁོར་བའི་ཆོས་ཉི་ཤུ་ལ་སྤྱོད་པ་དང་། ཕྲིན་ལས་ཞི་རྒྱས་དབང་དྲག་བཞི་པོ་རྣམས་ཀྱིས་གཞན་དོན་བྱེད་པ་ནི། ཚེ་ལ་དབང་བསྒྱུར་བ་ཚེ་དབང་ཐོབ་པའི་སྐབས་འདི་ཉིད་དུ་ཐོགས་པ་མེད་པར་འབྱུང་བས། སྔོན་ཆོ་འཕྲུལ་གྱི་སྐབས་སུ་བསྟན་པ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་བརྒྱའི་ཡུལ་ཁྱོན་དེ་དག་གི་གདུལ་བྱ་མ་ལུས་པ་འདུལ་བར་བྱེད་དོ། །ལྔ་པ་མངོན་ཤེས་ལ་བཞི་སྟེ། བགྲང་། དང་པོ་མངོན་ཤེས་འབྱུང་བའི་རྒྱུ་དང་། དྲང་། མིག་ལ་སོགས་པའི་སྐྱེ་མཆེད་བཅུ་གཉིས་པོ་ཡང་ངོ་བོ་རང་བྱུང་གི་ཡེ་ཤེས་རང་ཡིན་པའི་ཕྱིར་ན། སྐྱེ་མཆེད་བཅུ་གཉིས་པོ་དེ་ཉིད་ཅིར་ཡང་འཆར་བས་གཅིག་གི་མཐའ་དང་། ངོ་བོ་རང་བྱུང་གི་ཡེ་ཤེས་ལས་མ་གཡོས་པས་དུ་མའི་མཐའ་གཉིས་སུ་མེད་པར་རང་རིག་པའི་མངོན་སུམ་དུ་ལྟ་བས་རྟོགས་ཤིང་ཏིང་ངེ་འཛིན་གྱིས་གོམས་པས། དེ་བས་ན་སྐྱེ་མཆེད་ཀྱི་ཡུལ་དང་དབང་པོ་གཉིས་རང་རིག་གཉིས་མེད་དུ་མཐོང་བས། ཚོགས་དྲུག་གི་ཡུལ་ཤེས་ཐ་དད་དུ་འཛིན་པའི་དྲི་མ་དྲུག་སྦྱངས་པའི་ཕྱིར་ན། གཉིས་པ་མངོན་ཤེས་ཉི་ཤུ་རྩ་ལྔ་རྫོགས་པར་བསྟན་པ་དང་། དྲང་། གོང་དུ་བསྟན་པའི་སྟོང་གསུམ་བརྒྱའི་ཡུལ་དེ་སྙེད་ཚུན་ཆད་ཀྱི་གཟུགས་དང་། སྒྲ་དང་དྲི་དང་། རོ་དང་། རེག་བྱ་རྣམས། དབང་པོ་ལྔ་པོ་རེ་རེས་ཀྱང་ཡུལ་ལྔ་ལྔ་གཅོད་པས་མངོན་པར་ཤེས་པའི་བྱེ་བྲག་ཉི་ཤུ་རྩ་ལྔར་ཤར་བས་དེ་བས་ན་དབང་པོ་སྒོ་ལྔ་གཅིག་གིས་ཡུལ་ལྔ་ལྔར་གཅོད་པར་བྱེད་པས། དབང་པོ་ལྔ་ཚང་བ་དང་མ་ཚང་བའི་འཇིགས་པའི་དགོས་པ་མེད་དོ། །གསུམ་པ་དྲུག་རྫོགས་པར་བསྟན་པ་དང་། དྲང་། མངོན་ཤེས་ཉེར་ལྔ་པོ་དེ་ལས་གཞན་དུ་སྟེ་ལྷའི་རྣ་བའི་མངོན་ཤེས་ཀྱི་སྟོང་གསུམ་བརྒྱ་ཚུན་ཆད་ཀྱི་སྒྲ་ཆེ་ཆུང་ཉེ་རིང་མེད་པར་ཐོས་པ་དང་། ལྷའི་སྤྱན་གྱིས་མངོན་པར་ཤེས་པས་གཟུགས་ཆེ་ཆུང་རྣམས་ཉེ་རིང་མེད་པར་མཐོང་བ་དང་། རང་གཞན་གྱི་སྔོན་ཚེ་རབས་མང་པོ་ནས་ཀྱི་གནས་དང་སྐྱེ་བ་ཅི་བླང་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། སེམས་ཅན་ཕ་རོལ་པོ་རྣམས་ཀྱི་སེམས་ཀྱི་རྟོག་པ་ཅི་རྒྱུ་བ་ཤེས་པའི་མངོན་པར་ཤེས་པ་དང་། འགྲོ་བ་གཞན་འདི་ཙམ་ནས་འཆི་འཕོ་བ་དང་སྐྱེ་བ་གང་དུ་ལེན་པའི་བྱེ་བྲག་རྣམས་མཁྱེན་པའི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་བྱ་བ་ཤེས་པ་སྟེ་མི་མཐུན་པ་བརྒྱད་ལ་སོགས་པ་སྟོན་པའམ། གོང་གི་སྤྱོད་ཡུལ་དེ་རྣམས་ལ་འཛིན་པ་མེད་པས་ན་ཟག་པ་ཟད་པའི་མངོན་པར་ཤེས་པ་དང་དྲུག་གོ། །བཞི་པ་མངོན་ཤེས་ཀྱིས་ཡུལ་དང་མིང་གི་རྣམ་གྲངས་སོ། །དྲང་། སྟོང་གསུམ་བརྒྱ་དེ་སྙེད་ཚུན་ཆད་ཀྱི་ཡུལ་དང་གདུལ་བྱའི་བྱེ་བྲག་རྣམས་མངོན་སུམ་དུ་ཤེས་པས། གདུལ་བྱ་མོངས་པ་ཐ་དད་པ་གང་དང་གང་ཡང་རུང་བ་རྣམས་ལ་འདུལ་ཐབས་གང་དང་གང་མཚམས་ཀྱི་སྒོ་ནས་འདུལ་བར་མཛད་དོ། །མངོན་ཤེས་དེའི་མིང་གི་རྣམ་གྲངས་ནི། འཁོར་བར་མི་ལྡོག་པའི་མངོན་ཤེས་ཞེས་ཀྱང་བྱ། ཟག་པ་མེད་པའི་མངོན་པར་ཤེས་པ་ཞེས་ཀྱང་བྱ་བ་དང་། ཚེ་ལ་དབང་བསྒྱུར་བའི་རིག་འཛིན་གྱི་མངོན་ཤེས་ཞེས་ཀྱང་བྱ། དེ་ལྟར་མངོན་ཤེས་ཀྱི་མཚན་གྱི་རྣམ་གྲངས་ནི་ཡོན་ཏན་གྱི་ཆ་ལས་མངོན་ཤེས་ཀྱི་མིང་ཡང་བརྗོད་པ་སྟེ། དེ་ནས་ཚེ་ལ་དབང་བའི་མངོན་ཤེས་ཞེས་པ་ལ་སོགས་མཚན་གྱི་རྣམ་གྲངས་ལ། མངོན་ཤེས་ཀྱི་མིང་གྲངས་ཀྱང་བརྗོད་པ་ཡིན་ནོ། །བརྒྱད་པ་ལམ་གོང་མ་ལ་སྦྱོར་ཚུལ་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། བདག་དོན་གམ་གཞན་དོན་བྱ་བའི་ཕྱིར་ཚེ་ལ་རང་དབང་ཅན་གྱི་རིག་འཛིན་དེས། རང་དོན་དུ་སྐུ་ཚེའི་ཚད་ལོ་སྟོང་དྲུག་བརྒྱ་ཉིད་དམ། གཞན་དོན་དུ་བསྐལ་པ་གྲངས་མེད་ཅི་སྙེད་པར་འཇིག་རྟེན་དུ་བཞུགས་པའི་མཐའ་ལ་རང་གི་བསྒྲུབ་པའི་འབྲས་བུ་ལ་སྦྱོར་བའི་ཚུལ་ནི། སྔོན་ཟག་བཅས་ཕྱག་རྒྱ་གཅིག་སྤྲོས་ཀྱི་སྐབས་སུ་བློ་ཆེ་ཆུང་ཡོད་པ་བཞིན་དུ་འདིར་འབྲས་བུ་ལ་སྦྱོར་བ་ལ་མཐར་ཆགས་རིམ་གྱིས་སྦྱོར་བ་དང་། ཐོད་རྒལ་གཅིག་ཆར་དུ་སྦྱོར་ལུགས་གཉིས་འབྱུང་བའོ། །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་རིམ་གྱིས་བསྒྲོད་པ་མཐར་ཆགས་པ་དང་། དྲང་། དེ་ཡང་མདོར་བསྟན་གྱི་སྔ་མ་མཐར་ཆགས་རིམ་གྱིས་པས་སྤྱོད་ཚུལ་ནི། ཟག་མེད་མཐོང་བའི་ལམ་ཚེ་དབང་འདི་ཉིད་དུ། ཚེ་དབང་རང་གི་ཟག་མེད་ཀྱི་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ལ་བློ་གོམས་པར་བྱས་པས། མཐོང་སྤང་སྒྲིབ་པ་དག་པས་ཚེ་དབང་རང་གི་རྩ་བའི་ལུས་སྐྱེ་འཆི་མེད་པ་རྡོ་རྗེ་ལྟ་བུ་དེས། རྒྱལ་བའི་སྐུ་ཕྱག་རྒྱ་ཆེན་པོར། སྔོན་ལམ་གྱི་དུས་ནས་ཡི་དམ་ཞི་ཁྲོ་རིགས་ལྔ་གང་བསྒོམ་པ་དང་། མངོན་སུམ་དུ་གསལ་བར་གྱུར་པའི་ཕྱིར་ལྷའི་སྐུའི་ཆ་ལུགས་འཛིན་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་སྟེ་དེར་སྒོམ་ལམ་དེ་ཉིད་ཡོངས་སུ་གྱུར་ནས་སྒོམ་སྤངས་ཀྱི་སྒྲིབ་པ་དག་སྟེ་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་ནས་སངས་རྒྱས་ཀྱི་ས་ལ་གཤེགས་པའོ། །དེ་ཡང་ལམ་ཆུང་ལས། ཁ་ཅིག་རྣམ་གསུམ་བསྒྲོད་པའི་མཐར། །ལྷུན་གྲུབ་རིགས་ལ་རྫོགས་སངས་རྒྱས། །ཞེས་སོ། །གཉིས་པ་གཅིག་ཆར་དུ་བགྲོད་པ་ཐོད་རྒལ་བའོ། །དྲང་། མདོར་བསྟན་གྱི་ཕྱི་མ་ཐོད་རྒལ་ལ་ཅིག་ཆར་དུ་སྦྱོར་བ་ནི། མཐོང་ལམ་གྱི་རིགས་མཆོག་ལམ་སྦྱངས་པའི་ཚེ་དབང་དེ་ཉིད་ནས། སྔོན་རིམ་གྱིས་པའི་སྐབས་བཞིན་དུ་རང་གི་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ལ་གོམས་པར་བྱས་པས་སྒོམ་ལམ་ཕྱག་རྒྱ་ཆེན་པོ་དོར་ནས་མཐོང་སྒོམ་གྱི་སྤང་བྱ་རྣམས་ཅིག་ཆར་དུ་དག་ནས་མཐར་ལམ་ལྷུན་གྲུབ་རིག་འཛིན་ལ་འགྲོ་བ་ཡིན་ཏེ། དེའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རྒྱུ་ལྟ་བས་ཆོས་ཉིད་རྟོགས་ཚབ་ཆེ་བ་དང་། རྐྱེན་དམ་ཚིག་གཙང་མར་བསྲུང་བ་དང་། སྨོན་ལམ་གྱི་ནུས་མཐུ་བཙན་པ་ཡང་ཡིན་པས། དེ་ནི་གནས་སྐབས་ཀྱི་གཅིག་ཆར་བའམ། ཐོད་རྒལ་བ་ཞེས་བྱའོ། ༧ །གཉིས་པ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་གཉིས་ཏེ། བགྲང་། དང་པོ་ལུས་སྔ་མ་དང་མཐུན་པར་མདོར་བསྟན་པ་དང་། དྲང་། ཟག་མེད་ཀྱི་ལམ་གསུམ་པོ་དེ་ཉིད་ཀྱི་བར་མ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་བཤད་པར་བྱ་བའང་། སྔོན་གྱི་ཚེ་དབང་གི་ལུས་ཀྱི་མདོར་བསྟན་བཞིན་དུ་འདིར་ཡང་བཞི་གཉིས་བརྒྱད་ཀྱི་ལུས་རྫོགས་པར་བྱ་བ་ནི་འདི་ལྟ་སྟེ། གཉིས་པ་རྒྱས་པར་བཤད་པ་དེ་ལ་བརྒྱད་དེ། བགྲང་། དང་པོ་ཐོབ་པའི་རྒྱུ་དང་། དྲང་། ཚོགས་ལམ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་དང་དུ་མ་སྒོམ་པ་སྤྲོས་པའི་རྣལ་འབྱོར་པ་ཡིས། རང་གི་འབྱུང་བཞི་འདུས་པའི་ལུས་ཀྱང་ངོ་བོ་སེམས་ཉིད་ཡིན་པས་ཕྱིར་རྟོག་ཚོགས་ཐམས་ཅད་རང་བཞིན་གྱི་ལྷའི་དཀྱིལ་འཁོར་དུ་ལྟ་བས་མངོན་སུམ་དུ་མཐོང་བའི་དོན་ལ། ཏིང་ངེ་འཛིན་གོམས་པར་བྱས་ཤིང་སྤྱོད་པ་ཚོགས་གཉིས་བསགས་པའི་མཐར་སྦྱོར་ལམ་དུ་ཚོམ་བུ་ཚོགས་བསྒྲུབས་པས་མཐོང་ལམ་དུ་རྣམ་སྨིན་ཚེ་དབང་གཉིས་ཐོབ་ནས། ལྟ་བ་ཆེད་དུ་འཛིན་པའི་ཀུན་འགྲོའི་སྒྲིབ་པ་མཐོང་ལམ་པའི་རྒྱུད་ལ་ཡོད་པ་དག་པ་དེ་ཉིད་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ངོ་བོའི་རྒྱུ་ཡིན་ནོ། །དེ་ཡང་རྣམ་པར་སྨིན་པའི་རིག་འཛིན་གྱིས་ཕྱག་ཆེན་ལ་སྦྱོར་ཚུལ་ནི། ལུས་ལྷ་མིའི་ལུས་ལ་སེམས་ཕྱག་རྒྱ་ཆེན་པོར་སྨིན་པས་ཕྱིར་ལུས་དོར་ནས་ཕྱག་རྒྱ་ཆེན་པོར་གྲུབ་པར་འདོད་པ་ཡིན་ལ། ཚེ་དབང་གིས་ཕྱག་ཆེན་ལ་སྦྱོར་བ་ལ་དེ་ལྟར་དུ་འདོད་པ་མེད་དེ། དེ་ལྟར་བསྐྱེད་བྱ་སྐྱེད་བྱེད་ཀྱིས་སྔ་ཕྱིའི་རྒྱུ་འབྲས་སུ་འདོད་པ་མིན་ཏེ། ལུས་སེམས་གཉིས་ཀ་ཕྱག་རྒྱ་ཆེན་པོར་སྨིན་པའོ། །གཉིས་པ་ཐོབ་པའི་དུས་དང་། དྲང་། རྒྱུ་འབྲས་དུས་སྔ་ཕྱི་རིམ་གྱིས་བསྒྲུབས་ན་ཐོབ་པར་འདོད་པ་མིན་ཏེ་རྒྱུ་འབྲས་དབྱེར་མེད་ངོ་བོ་གཅིག་ཏུ་འདོད་པའི་ཕྱིར་ན། རྒྱུ་འབྲས་དབྱེར་མེད་ངོ་བོ་གཅིག་པའི་དེ་ཉིད་ལམ་དུ་བྱས་པས་ཚེ་དབང་ཐོབ་ནས་ལྷག་མའི་ལུས་དང་བཅས་པ་ལོ་བརྒྱ་བརྒྱ་ནས་གཞོན་ནུ་ལོ་བརྒྱད་པ་ལྟ་བུར་བསྣུར་ཞིང་བསྒྲུབ་པའི་མཐའ་མ་ལ་ཚེ་དབང་དེ་ཕྱག་རྒྱ་ཆེན་པོ་དེ་ཉིད་དུ་གྱུར་པ་ཡིན་ལ། དེའི་ཐོག་ནས་ལམ་གོང་མ་ལ་སྦྱོར་བའི་དུས་ལ་ངེས་པ་ཚད་གཅིག་ཏུ་བཟུང་དུ་མེད་དོ། །གསུམ་པ་ངོ་བོ་ལ་གཉིས་ཏེ། སེམས་ཕྱག་རྒྱ་ཆེན་པོ་ལོངས་སྐུའི་ངོ་བོར་སྣང་བ་དང་། ལུས་ཕྱག་རྒྱ་ཆེན་པོ་ལོངས་སྐུའི་ཆ་བྱད་དུ་སྣང་བའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་ངོ་བོར་སྣང་བ་དངོས་དང་། དྲང་། མཐོང་ལམ་པ་རང་ཉིད་སེམས་ཉིད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་པ་ཡིན་ཏེ། དེའི་དོན་རྟོགས་ཤིང་ལམ་ཕྱག་རྒྱ་གཅིག་པ་དང་སྤྲོས་པ་གཉིས་སུ་ལྷ་བསྒོམས་པའི་མཐར་ཡི་དམ་གྱི་ལྷ་ཞི་ཁྲོ་གང་ཡིན་པ་དེ་ཉིད་མངོན་སུམ་དུ་གྱུར་པའི་སྐུ་ལ། ཐུན་མོང་དང་མཆོག་གི་མཚན་བཟང་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ་ལོངས་སྐུའི་རིག་འཛིན་པས། ལོངས་སྤྱོད་རྫོགས་པའི་སྐུ་དང་འདྲ་བས་ན་ལོངས་སྐུ་གཉིས་པ་ལྟ་བུ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནོ། །དེ་ཡང་ཚེ་དབང་ཕྱག་ཆེན་ལ་སྦྱོར་བའི་དུས་ན། དེའི་ལུས་འདོར་རམ་མི་འདོར། དོར་ན་ཚེ་དབང་ཆོས་ཅན། སྐྱེ་ཤི་མེད་པ་རྡོ་རྗེའི་ལུས་སམ་ལྷག་བཅས་མ་ཡིན་པར་ཐལ། ལུས་དོར་བའི་ཕྱིར། འདོད་ན། བརྒྱད་ཅུ་པ་ལས། ལུས་མ་བོར་བར་སངས་རྒྱས་པ། །ཞེས་པ་དང་འགལ། གཉིས་པ་མི་ངོར་ན། ཕྱག་རྒྱ་ཆེན་པོ་ཆོས་ཅན། རྡོ་རྗེའི་ལུས་ཡོད་པར་ཐལ། རྡོ་རྗེའི་ལུས་མི་དོར་བའི་ཕྱིར། འདོད་ན། ཡེ་ཤེས་སྐུ་ཡི་ཆ་ལུགས་ཅན། །འབྱུང་བ་རྡོ་རྗེའི་ལུས་ལས་གྲོལ། །ཞེས་གསུངས་པ་དང་འགལ་ཞེ་ན་བརྟགས་ཏེ། ངོ་བོ་དོར་རམ་མ་དོར་ཟེར་ན་དོར་ལ། རྒྱུན་དོར་རམ་མ་དོར་ཟེར་ན། མ་དོར་རོ། །དེ་ཡང་སྤྱིར་གྲོལ་ཚུལ་ལ་གཉིས་ཏེ། རྒྱུན་དོར་བའི་ཚུལ་གྱིས་གྲོལ་བ་དང་། མ་དོར་བའི་ཚུལ་གྱིས་གྲོལ་བའོ། །དང་པོ་ནི། རྣམ་སྨིན་ནས་ཕྱག་ཆེན་ལ་སྦྱོར་བའི་ཚེ་ལུས་གསུམ་དང་བཞི་སྤངས་ནས་ཡེ་ཤེས་ཀྱི་སྐུར་འགྱུར་བའོ། །གཉིས་པ་ནི། ཚེ་དབང་ནས་ཕྱག་ཆེན་ལ་སྦྱོར་བའི་ཚེ། རྡོ་རྗེའི་ལུས་མ་དོར་བར་རྒྱུན་འགྱུར་བའི་ཚུལ་གྱི་རྡོ་རྗེའི་ལུས་ཉིད་འཇའ་ལུས་ཡེ་ཤེས་ཀྱི་སྐུར་གྲོལ་བའོ། །འོ་ན་གྲོལ་དུ་མི་བཏུབ་པོ་ཞེ་ན། བཏུབ་སྟེ། དཔེར་ན་རྟ་རྔ་འབུར་འགྱུར་རམ། ལྕང་མོ་སྦལ་བར་འགྱུར་བའམ། ལྕགས་གསེར་གྱི་རྩི་ལྟ་བུ་འམ། དེ་ཡང་མུན་སྣང་དུག་རྩིའི་ཚུལ་བཞིན་དུ། ཅི་བཞིན་མ་སྤང་དེ་ཉིད་འགྱུར། ཞེས་སོ། །གཉིས་པ་རིགས་ལྔ་སོ་སོའི་རིག་འཛིན་པའོ། །དྲང་། དེ་ཡང་བྱེ་བྲག་ཏུ་རྡོ་རྗེ་རིགས་ཀྱི་ཕྱག་ཆེན་དང་། དེ་བཞིན་དུ་འཁོར་ལོ་དེ་བཞིན་གཤེགས་པའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིག་དང་། རལ་གྲི་ལས་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། ཕྱག་མཚན་ལྔས་མཚོན་ནས་རིགས་ལྔ་གང་ཡིན་གྱི་སྐུ་ཕྱག་རྒྱ་ཆེན་པོའི་རིགས་དང་ཆ་བྱད་འཛིན་པར་གྱུར་པས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནོ། །གཉིས་པ་ལོངས་སྐུའི་ཆ་བྱད་དུ་སྣང་བ་ལ་གཉིས་ཏེ། བགྲང་། དང་པོ་ཆ་ལུགས་སྣང་བ་དངོས་དང་། དྲང་། དེ་ཡང་རང་གི་ལུས་ཉིད་ཡེ་གདོད་མ་ནས་ལྷའི་སྐུའི་ཕྱག་རྒྱ་ཆེན་པོར་གནས་པ་སྟེ། ལྟ་བ་རྟོགས། ཏིང་ངེ་འཛིན་གྱིས་ཡང་ཡང་བསྒོམས་པས། ཡི་དམ་གྱི་ལྷ་རིགས་གང་ཡིན་པ་དབང་པོས་མངོན་སུམ་དུ་གྱུར་པའི་ལྷའི་སྐུ་ལ། ཐུན་མོང་དང་མཆོག་གི་མཚན་དང་དཔེ་བྱད་དང་ཆོ་འཕྲུལ་བཞི་དང་མངོན་ཤེས་དྲུག་དང་ཉེར་ལྔ་རྫོགས་པ་ནི། དེ་ཀ་ལ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་མཚན་དཔེ། ཆོ་འཕྲུལ་མངོན་ཤེས་ཞེས་སུ་གྲགས་སོ། །གཉིས་པ་ཡེ་ཤེས་སྐུའི་ཆ་ལུགས་འཛིན་ཅིང་ཚེ་དབང་ལས་ཁྱད་པར་དུ་གྱུར་པས་སྐུ་ཚེའི་ཚད་མེད་པའོ། །དྲང་། ཡེ་ཤེས་སྒྱུ་མའི་སྐུ་ལོངས་སྐུའི་ཆ་ལུགས་ཅན་ཏེ། རྣམ་སྨིན་ལྟར་འབྱུང་བ་ཡི་ལུས་དང་། ཚེ་དབང་ལྟར་སྐྱེ་འཇིག་མེད་པ་འབྱུང་བ་རྡོ་རྗེའི་ལུས་བགྲེས་རྒུད་ཅན་ལས་ཀྱང་གྲོལ་ལ། ཡེ་ཤེས་སྒྱུ་མའི་སྐུ་ཐོབ་པ་དེའི་ཕྱིར་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ། སྐུ་ཚེའི་ཚད་བཟུང་དུ་མེད་དེ། ཚེ་དབང་ལྟར་ལོ་བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་འབྲས་བུ་མངོན་དུ་ཐོབ་པར་བྱ་བའི་རྩོལ་བ་དང་བྲལ་ནས་ཚེ་དབང་ལས་དཔགས་པའོ། །བཞི་པ་རྣམ་གྲངས་ལ་གསུམ་སྟེ། བགྲང་། དང་པོ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་རྣམ་གྲངས་སྤྱིར་བསྟན་པ་དང་། དྲང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་དེ་ཉིད་ཀྱི་ནང་ལ་ཀྲི་ཡ་རིགས་གསུམ་གྱི་ཕྱག་རྒྱ་དང་། ཨུ་པ་ཡ་རིགས་བཞིའི་ཕྱག་རྒྱ་དང་། ཡོ་ག་རིགས་ལྔའི་ཕྱག་རྒྱ་དང་། མ་ཧཱ་ཡོ་ག་མཆོག་གི་རིགས་ལྔའི་ཕྱག་རྒྱ་སྟེ་ལྔའི་ཕྱག་རྒྱ་སྟེ་ལྷ་དེ་རྣམས་ཀྱི་རིགས་དང་ཆ་བྱད་འཛིན་པས་ན་ཕྱག་ཆེན་པོའི་རིག་འཛིན་ཏེ། དེ་ལ་ཡང་རྣམ་གྲངས་སམ་རིགས་རྣམ་པ་བཞི་རུ་སྔོན་ཚེ་དབང་ལ་ཡང་། ངོ་བོ་སྨན་དང་ཐབས་རིག་འཛིན་ཞེས་སོགས་རྣམ་གྲངས་ཡོད་པ་བཞིན་དུ་འདིར་ཡང་བཟང་ངན་གྱི་ཁྱད་པར་འགྱུར་རོ། །གཉིས་པ་ཁྱད་པར་མ་ཧཱའི་ཕྱག་རྒྱ་ཆེན་པོའི་རྣམ་གྲང་དང་། དྲང་། དེ་ལྟར་ཕྱག་རྒྱ་ཆེན་པོའི་རིག་འཛིན་རྣམས་ཀྱི་ནད་ནས་མཆོག་ཏུ་གྱུར་བ་མ་ཧཱ་ཡོ་གའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་དེ་དག་གི་མིང་གི་རྣམ་གྲངས་ནི་གཉིས་པ་དང་། གསུམ་པ་ལ་ལྔ་འབྱུང་ཏེ། གང་ཞེ་ན། དགོངས་པ་མཉམ་པ་ཉིད་ཀྱི་ངང་ལས་མི་གཡོ་ཞིང་གནས་པས། མི་གཡོ་གྲུབ་པའི་རྣལ་འབྱོར་ཞེས་ཀྱང་བྱ། ཚེ་ལ་དབང་བ་སྒྱུར་བའི་སྐབས་སུ་ལྟ་བ་ལ་ཆེད་དུ་འཛིན་པ་ཀུན་འགྲོའི་རྩོལ་བའི་འདུ་བྱེད་དང་བྲལ་བས་མཐོང་ལམ་གྱི་འདུ་བྱེད་དང་བྲལ་བའི་ལམ་པ་ཞེས་ཀྱང་བྱ། མཐོང་ལམ་དུ་ཟག་པ་མེད་པ་ཆོས་ཉིད་རང་མཚན་མཐོང་བའི་རྒྱུན་ལ་གནས་པའི་སྒོམ་པའི་ལམ་པ་ཞེས་ཀྱང་བྱ། དགོངས་པ་ཆོས་ཉིད་མཉམ་པ་ཉིད་ལས་མི་གཡོ་བས། མི་གཡོ་བ་གྲུབ་པའི་རྣལ་འབྱོར་ཞེས་ཀྱང་བྱ། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་བ་ཉིད་དུ་འང་བརྗོད་དེ་མིང་གི་རྣམ་གྲངས་ལྔ་པའོ། །གཉིས་པ་ལུང་ཆེན་དངོས་སུ་འབྱུང་བས་བདུད་དང་ཆ་དབྱེ་མི་དགོས་པའོ། །དྲང་། དེ་ལ་རྒྱལ་བར་འགྲོ་བར་ལུང་སྟོན་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་དངོས་སུ་འབྱུང་བས། ལུང་ཆེན་ཐོབ་པའི་རྣལ་འབྱོར་ཞེས་བྱ་སྟེ། དེ་ལ་ལུང་ཆེན་པོ་ལ་བདུད་དང་ཆ་དབྱེ་ཞིང་བརྟག་པའི་བྱེ་བྲག་ཟག་མེད་ཀྱི་བསྒོམ་ལམ་ཕྱག་ཆེན་པོའི་རིག་འཛིན་འདི་ལའང་མེད་དེ་མི་དགོས་སོ། །ལྔ་བ་དགོངས་པ་དང་། དྲང་། ལོངས་སྐུ་ཡེ་ཤེས་སྒྱུ་མའི་སྐུའི་ཆ་ལུགས་སུ་ཡོད་པའི་སྒོམ་ལམ་གྱི་རྣལ་འབྱོར་པ་ཕྱག་རྒྱ་ཆེན་པའི་རིག་འཛིན་དེས། སངས་རྒྱས་སྐུ་གསུམ་གྱི་གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཤེས་རབ་ལྟ་བའི་སྤྱན་དང་། དགོངས་པ་ཏིང་ངེ་འཛིན་ཡོད་ཀྱང་། དེ་བས་དམན་ལ་ཕྱག་ཆེན་དེ་མར་ཚེ་དབང་དང་གཉིས་ལྟ་དགོངས་ཀྱི་རྒྱུད་ཟག་མེད་རང་མཚན་མཐོང་བར་མཐུན་པར་སྣང་མོད་ཀྱང་ཁྱད་ཡོད་དེ་གང་ཞེ་ན། ཚེ་དབང་ནི་དགོངས་པ་མི་ག ཡོ་བ་ཐོབ་པ་ཙམ་ཡིན་ལ། ཕྱག་ཆེན་ནི་དགོངས་པ་མཉམ་པ་ཉིད་ལས་མི་གཡོ་བ་ལ་དབང་ཐོབ་ཅིང་ཏིང་ངེ་འཛིན་ཤིན་ཏུ་བརྟན་པས་རིག་པ་ཀློང་དུ་བབ་པར་གནས་པ་སྟེ། ཉི་ཁྲི་བཞི་སྟོང་ལ་སོགས་པ་གྲངས་ཅན་གྱི་ལྷའི་འཁོར་ལོ་མངོན་སུམ་གསལ་བར་སྣང་བའོ། །འོ་ན་བསྒོམ་མི་དགོས་པ་སངས་རྒྱས་ལོངས་སྐུ་དང་ཁྱད་མེད་དམ་སྙམ་པ་ལས། འོན་ཀྱང་ད་དུང་ལམ་པ་ཡིན་པས། སྒོམ་ལམ་གྱི་རྣལ་འབྱོར་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ཅིང་། མཐར་ལམ་གྱི་བར་དུ་དགོངས་པའི་རྩལ་ཆེན་འདོན་པའི་དོན་ལ་མི་ཡེངས་པའི་རྩོལ་བ་ཅན་ཡིན་པས་ན། སངས་རྒྱས་དང་དེ་ལྟར་རྩོལ་བ་ཡོད་མེད་ཀྱི་ཁྱད་པར་ཡོད་དོ། །དྲུག་པ་སྤྱོད་པ་དང་། དྲང་། རང་དོན་དུ་དགོངས་པ་མཉམ་པར་བཞག་པའི་ངང་ལས་མ་གཡོས་བཞིན་དུ་གཞན་དོན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བརྒྱ་གཅིག་ནས་གཉིས་སུ་བགྲང་བའི་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་རྣམས་རྡུལ་ཕྲན་དུ་བསིལ་བའི་གྲངས་དེ་སྙེད་དང་མཉམ་པའི་འཇིག་རྟེན་ཁམས་ཀྱི་རྣམས་གདུལ་བྱ་དང་། སངས་རྒྱས་སྤྲུལ་པའི་ཞིང་ཁམས་དེ་ལྟ་བུ་གྲངས་ཀྱི་གནས་གཞན་དྲུག་ཅུ་ལས་འདས་པས་བགྲང་དུ་མེད་པ་གཅིག་གཞིར་བཞག་ནས་བགྲངས་པས། གྲངས་མེད་བརྒྱ་གཅིག་ནས་གཉིས་སུ་བགྲང་བའི་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་རྣམས་རྡུལ་ཕྲ་རབ་ཏུ་བསིལ་བའི་གྲངས་དང་གྲངས་དེ་སྙེད་ཀྱི་མཉམ་པའི་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ། རྩ་བའི་ལུས་ལས་མ་གཡོས་པར་རྔོན་པ་དང་སྨད་ཚོང་མ་ལ་སོགས་པ་རིགས་བཟང་ངན་དང་། མཐོ་དམན་གྱི་བྱེ་བྲག་སྣ་ཚོགས་པར་སྤྲུལ་པའི་ལུས་གང་ལ་གང་འཚམས་ཀྱིས་འདུལ་བར་བྱེད་དོ། །ཕྲིན་ལས་སམ་ཆོ་འཕྲུལ་བཞི་དང་། མངོན་ཤེས་དྲུག་ལ་སོགས་པའི་སྒོ་ནས་དོན་བྱེད་པའི་ཡུལ་གང་དུ་བསྟན་པ་དེ་བཞིན་ནོ། །བདུན་པ་མངོན་ཤེས་དང་། དྲང་། མངོན་ཤེས་དྲུག་དང་། དབང་པོ་སྒོ་ལྔའི་མངོན་ཤེས་རེ་རེ་ལ་ཡན་ལག་ལྔ་ལྔ་སྟེ་ཉེར་ལྔ་དང་བཅས་པའི་ཚུལ་གྱི་མངོན་པར་ཤེས་པའང་ཚེ་དབང་དང་འདྲ་མོད། འོ་ན་ཚེ་དབང་ཕྱག་ཆེན་གཉིས་མངོན་ཤེས་ཁྱད་མེད་དམ་ཞེ་ན། ཁྱད་ཡོད་པར་བསྟན་ཏེ། ཆོ་འཕྲུལ་བཞི་དང་། མངོན་ཤེས་དྲུག་ལ་སོགས་པ་ཀུན། གོང་ལྟར་སྟོང་གསུམ་དང་། ཞིང་གྲངས་མེད་པ་ལ་སོགས་དེ་སྙེད་དུ་འདུལ་ཞིང་གི་ཡུལ་ལ་རྒྱ་ཆེ་ཆུང་གི་ཁྱད་ཡོད་པ་དང་། ཟག་མེད་ཀྱི་བསྒོམ་ལམ་དུ་མཐོང་ལམ་གྱི་དོན་རྫོགས་པ་དང་། གཞན་དོན་ཡོངས་སུ་རྫོགས་པར་བྱེད་པ་ལ་ནུས་མཐུ་ཆེ་ཆུང་གི་ཁྱད་དང་། ཚེ་དབང་རང་ཕྱག་ཆེན་གྱི་གདུལ་བྱར་གྱུར་པས་གདུལ་བྱ་རྒྱ་ཆེ་ཆུང་གི་སྒོ་ནས་ཀྱང་དཔག་པའོ། །བརྒྱད་པ་འབྲས་བུ་ལ་སྦྱོར་ཚུལ་ལོ། །དྲང་། ཕྱག་རྒྱ་ཆེན་པོ་རང་གི་དགོངས་པ་མི་གཡོ་བའི་དོན་ལྟ་བས་མཐོང་ཞིང་། ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པ་དང་། འབྲས་བུ་དོན་དུ་གཉེར་བའི་སྤྱོད་པ་དང་། ལྷའི་དཀྱིལ་འཁོར་ནམ་མཁའ་ཁྱབ་སོགས་མན་ཆད་རིམ་པར་བསྒོམས་པའི་རྩོལ་བ་ཡིས། སྒོམ་པའི་ལམ་མན་ཆད་ཀུན་རྫོགས་པའི་བྱིན་རླབས་དང་མཐུ་སྟོབས་ཀྱིས་མི་གཡོ་བའི་རྣལ་འབྱོར་བསྒོམ་ལམ་གྱི་ཏིང་ངེ་འཛིན་གྱི་རྩོལ་བ་དང་བྲལ་ནས་མཐར་ལམ་དུ་ལྷ་བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་དུས་སུ་སྒོམ་ལམ་ལ་སྔར་ཡོད་པའི་མཉམ་གཞག་གི་ཐོག་ཏུ་ལྷན་ཅིག་ཏུ་གནས་པའི་ཚེ་ན། བསམ་ཡས་ལྷུན་གྲུབ་ཀྱི་དོན་མི་གསལ་བ་ནི་དྲི་མའམ་སྒྲིབ་པ་ཡིན་ཏེ། དེ་ལྟར་སྔར་བསྒོམ་པ་ལ་ཆེད་དུ་འཛིན་པའི་ལྷན་གཅིག་གནས་པའི་དྲི་མ་དག་ནས། དེ་ནས་ཆེད་དུ་གཞན་ནས་བཙལ་བ་མེད་པར་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་པའོ། ༧ །གསུམ་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་གཉིས་ཏེ། བགྲང་། དང་པོ་ལུས་སྔ་མ་དང་མཐུན་པར་མདོར་བསྟན་པ་དང་། དྲང་། ཐོད་རྒལ་བ་མཐོང་ལམ་ཚེ་དབང་དེ་དང་། མཐར་ཆགས་པ་སྒོམ་ལམ་ཕྱག་རྒྱ་ཆེན་པོ་དེས་མངོན་དུ་བྱས་པའི་འབྲས་བུ། རྩ་བའི་ལུས་ལ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཆ་བྱད་དམ་རིག་འཛིན་པས། ལྷུན་གྱིས་གྲུབ་པའི་རིག་འཛིན་ཞེས་བྱ་བ་དང་། རང་རྒྱུད་ལ་ལྷན་ཅིག་གནས་པའི་དྲི་མ་ཆ་ཕྲ་བ་དག་སྟེ། ཡེ་ཤེས་རྩལ་རྫོགས་པས་རང་རྒྱུད་དག་པའི་སངས་རྒྱས་ཞེས་བྱ་སྟེ། དེ་ལ་ཡང་སྔོན་ཚེ་དབང་གི་སྐབས་སུ་བསྟན་པ་བཞིན་དུ་འདི་ལ་ཡང་བཞི་གཉིས་བརྒྱད་ཀྱི་ལུས་རྣམ་བཞག་དགོད་པར་བྱའོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་དེ་ལ་བརྒྱད་དེ། བགྲང་། དང་པོ་ཐོབ་པའི་རྒྱུ་དང་། དྲང་། ལམ་སྔ་མ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་ལྟ་སྒོམ་ནུས་པའི་མཐུ་རྫོགས་པས་གོང་དུ་བཤད་པ་བཞིན་དུ་ལྷན་ཅིག་གནས་པའི་དྲི་མ་དག་ནས། སངས་རྒྱས་ལོངས་སྐུའི་ཆ་བྱད་ཅན་གྱི་གཉིས་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ཐོག་ནས་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་གྱིས། འབྲས་བུ་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་སུ་འབྱུང་བའི་རྒྱུ་ཡིན་ནོ། །གཉིས་པ་དུས་དང་། དྲང་། དེ་ཡང་ཕྱག་ཆེན་གྱི་ལྟ་སྤྱོད་སྒོམ་གསུམ་མཐར་ཕྱིན་ནས། ལྷུན་གྲུབ་རིག་འཛིན་ཐོབ་པའི་གནས་སྐབས་དེར་སྔོན་ཕྱག་ཆེན་ཐོབ་པའི་སྐབས་སུ་བསྟན་པ་བཞིན་དུ་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་རྫོགས་པར་བྱེད་ལུགས་ནི། རྒྱལ་བ་ལོངས་སྤྱོད་རྫོགས་པ་ཆེན་པོའི་སྐུ་རྒྱལ་བ་དྲུག་པ་ལ། མཐར་ཐུག་གི་གསང་སྔགས་རྡོ་རྗེའི་ཐེག་པའི་ལུང་ཡབ་ཀྱི་དགའ་བ་བཅུ་དྲུག །ཡུམ་གྱི་དགའ་བ་བཅུ་དྲུག །ཡབ་ཡུམ་གྱི་དགའ་བ་བཅུ་དྲུག་རེ་རེ་ལ་ཡང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པ་ཐོས་ཤིང་བསམ་པ་རྟོགས་ཤིང་སྒོམ་པས་རང་གི་དགོངས་པ་ཏིང་ངེ་འཛིན་དང་རྫུ་འཕྲུལ་གྱི་སྤྱོད་པའི་ནུས་པ་མཐུ་ཅན་དུ་གྱུར་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མཐར་དབྱུང་བའི་དུས་ལ་བབ་ཏེ་སངས་རྒྱས་སོ། །དེའི་ཚད་ལ་བཟུང་དུ་མེད་དོ། །གསུམ་པ་ངོ་བོ་ལ་གསུམ་ཏེ། བགྲང་། དང་པོ་སྐུ་ལྔ་ལྷུན་གྲུབ་ཀྱི་རིགས་འཛིན་ཅིང་སྒྲིབ་པ་སྦྱང་ཚུལ་དང་། དྲང་། དེ་ལྟར་ཀུན་འགྲོ་དང་ལྷན་ཅིག་གནས་པའི་རང་རྒྱུད་ཀྱི་དྲི་མ་དག་པའི་ཤེས་པ་དེ་ཉིད། སྐུ་ལྔ་ལྷུན་གྱིས་གྲུབ་པའི་རིགས་མི་གཏོང་ཞིང་འཛིན་པས་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། དགོངས་པ་ལྷུན་གྲུབ་མཉམ་པ་ཉིད་ཀྱི་ངང་ལས་མི་གཡོ་ཞིང་ཆོས་ཉིད་རྣམ་པར་མི་རྟོག་པ་ཉིད་དུ་མཉམ་པར་བཞག་ནས་བཞུགས་པ་སྟེ། དེའང་འདིའི་དོན་ནི་ལྷུན་གྲུབ་དེ་ལམ་ལ་སློབ་པའི་རྩོལ་བ་ནི་མེད་ཀྱི། འོན་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ངང་གིས་འབྱུང་བའི་མཐར་སྐད་ཅིག་གིས་བག་ལ་ཉལ་བ་བཅོམ་སྟེ། དགའ་བ་སོ་གཉིས་དང་། ཡེ་ཤེས་བརྒྱད་ཅུ་ལ་ཡུན་སེ་གོལ་གདབ་ཙམ་དུ་སྒྲིབ་པའི་ཉོན་མོངས་བག་ལ་ཉལ་བ་སྟེ། སྣོད་ལ་རྩི་ཞེན་པའམ། ཉིན་པར་སྐར་མ་ལྟ་བུ་སྟེ། དེ་རྡོ་རྗེའི་ལྟ་བུའི་ཏིང་ངེ་འཛིན་གྱིས་འཇོམས་པར་བྱེད་ཅིང་། སངས་རྒྱས་པ་ལ་དུས་མཐའ་ིསྐད་ཅིག་མ་ཙམ་ལ་རག་ལས་ནས་སངས་རྒྱས་པ་ཡིན་པས་ན་རིག་འཛིན་དེ་ནི་ལམ་པ་རྣམས་ཀྱིས་མཐའ་མ་ཡིན་པའོ། །གཉིས་པ་ཆ་ལུགས་དང་རྒྱལ་ཚབ་ཀྱི་ངེས་ཚིག་དང་། དྲང་། མཐར་ལམ་ལྷུན་གྲུབ་རིག་འཛིན་དེའི་སྐུའི་ཆ་བྱད་ལྷུན་གྱིས་གྲུབ་པའི་རྒྱལ་བ་དྲུག་པ་ཀུན་བཟང་རྡོ་རྗེ་འཆང་ཆེན་ཉིད་ཀྱི་ཆ་བྱད་དུ་གནས་པ་སྟེ། རིགས་སམ་སྐུ་ལྔ་པོ་གཅིག་ལ་དབྱེར་མེད་དུ་ལྷུན་གྱིས་གྲུབ་པའི་ཕྱིར་ན། རྒྱལ་བ་དྲུག་པའི་སྐུ་དེ་ཉིད་དང་འདྲ་བས་ན། དྲུག་པ་དེ་ཉིད་ཀྱི་རྒྱལ་ཚབ་ཀྱི་སྐྱེས་བུ་བྱས་ནས་འཁོར་གདུལ་བྱ་རྣམས་ལ་ཆོས་ཀྱང་སྟོན་པའོ། །སྐུ་ལྔ་ལྷུན་གྲུབ་ཀྱི་བདག་ཉིད་རྒྱལ་བ་དྲུག་པ་དེའི་རྒྱུད་མི་གཏོང་བས་ན། ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་མིང་དོན་དང་། ངེས་ཚིག་རྣམས་གྲུབ་པ་ཡིན་ནོ། །གསུམ་པ་ངོ་བོའི་མཛད་པའོ། །དྲང་། ལྷུན་གྱིས་གྲུབ་པའི་རིག་འཛིན་ཉིད་ཀྱི་རྩ་བའི་ལུས་དེ་ལ་སྐྱེས་ཤི་དང་འཕོ་འགྱུར་མི་མདའ་བའི་ཕྱིར། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཡིན་པས་དེ་ལྟར་ན་ཡང་གཞན་དོན་དུ་གདུལ་བྱའི་ངོ་ལ་ཉིད་ཀྱི་སྤྲུལ་པའི་ལུས་རྣམས་ནི་མྱ་ངན་ལས་འདས་པའི་ཚུལ་སྟོན་པར་བྱེད་དེ། དཔེར་ན་རྒྱལ་བུ་དོན་འགྲུབ་ཀྱིས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་དོན་མཛད་པ་ལ་སོགས་པའི་ཚུལ་ཇི་ལྟ་བར་ལྷུན་གྲུབ་རིག་པ་འཛིན་གྱིས་སྟོན་པའོ། །བཞི་པ་རྣམ་གྲངས་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། བྱ་བའི་རྒྱུད་ཀྲི་ཡའི་ལྷུན་གྱིས་གྲུབ་པའི་རིག་འཛིན་དང་། རྣལ་འབྱོར་ཡོ་གའི་རྒྱུད་ཀྱི་ལྷུན་གྱིས་གྲུབ་པའི་རིག་འཛིན་དང་། རྣལ་འབྱོར་ཆེན་པོ་གསང་སྔགས་ནང་པ་མ་ཧཱ་ཡོ་གའི་ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་སྔགས་ཕྱི་མའི་རྣམ་གྲངས་དང་། དཀྱུས་ཀྱི་སྔ་མ་སྔགས་ཕྱི་པ་ལ་ཀྲི་ཡའི་རིགས་གསུམ་ལྷུན་གྲུབ་དང་། ཡོ་གའི་སེམས་དཔའ་དང་པོའམ། རིགས་བཞི་ལྷུན་གྱིས་གྲུབ་པའི་རིགས་གསུམ་རྡོ་རྗེ་འཛིན་པ་དང་། ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆ་ལུགས་འཛིན་ཅིང་། རང་རང་གིས་སྟོན་པ་དེ་གཉིས་ཀྱི་རྒྱལ་ཚབ་དང་། དེ་གཉིས་ཀྱི་སྡུད་པ་པོ་ཡང་བྱེད་དོ། །གཉིས་པ་མ་ཧཱའི་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་རྣམ་གྲངས་སོ། །དྲང་། དེ་ལྟར་གྲངས་གསུམ་གྱི་ཐ་མ་མ་ཧཱའི་ལྷུན་གྲུབ་ཀྱི་མིང་གི་རྣམ་གྲངས་ལ་ལྔ་སྟེ། ལམ་ཟད་སར་སྐྱོལ་བས་མཐར་ཕྱིན་པའི་ལམ་པ་ཞེས་ཀྱང་བྱ། རང་གི་རྒྱུད་ལ་སྒྲིབ་པ་མངོན་གྱུར་མེད་པས་རྒྱུད་དག་པའི་སངས་རྒྱས་ཞེས་བྱ་བ་དང་། ལྷུན་གྱིས་གྲུབ་པའི་རིག་འཛིན་ཞེས་བྱ་བ་དེ་ཉིད་དང་ནི། མཐར་ལམ་དངོས་སུ་སྦྱོར་བས་སྦྱོར་བའི་ལམ་ཞེས་ཀྱང་བྱ། ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པོ་རྡོ་རྗེ་འཆང་ཀུན་ཏུ་བཟང་པོའི་རྒྱལ་ཚབ་བྱེད་པས་ན། རྒྱལ་ཚབ་སྐྱེས་བུ་ཞེས་བྱའོ། །ལྔ་པ་དགོངས་པ་ལ་གཉིས་ཏེ། བགྲང་། དང་པོ་དགོངས་པ་དང་མཁྱེན་པ་སངས་རྒྱས་དང་མཉམ་ལ་ཤེས་སྒྲིབ་ཕྲ་མོས་ཕྱེ་བ་དང་། དྲང་། ཆོས་ཐམས་ཅད་ལྷའི་དཀྱིལ་འཁོར་གདུལ་བྱའི་བློས་བསམ་ཡས་ལྷུན་གྱིས་རྫོགས་ཤིང་གྲུབ་པའི་ཏིང་ངེ་འཛིན་གསལ་བའི་ཕྱིར། ཤེས་བྱའི་ཆོས་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ལྟ་བ་མཉམ་བཞག་ལ་མཁྱེན་པའི་ཡེ་ཤེས་སངས་རྒྱས་ཀྱི་སྤྱན་མཆོག་འཆང་བས། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཡང་རྣལ་འབྱོར་གྱིས་མངོན་སུམ་དུ་གཟིགས་པའོ། །དེ་ནི་དགོངས་པ་ཆོས་ཉིད་མི་གཡོ་བའི་དོན་ལ་བློས་གང་དུ་ཡང་མི་རྟོག་པར་བསྒོམ་དགོས་པས་ན། མཉམ་རྗེས་ཀྱི་ཆ་ཕྲ་བ་ཡོད་བས་ད་རུང་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། དུས་ནམ་གྱིས་ཚེ་རྒྱས་ན་དུས་མཐའི་སྐད་ཅིག་མ་གཅིག་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཉིད་ཀྱིས་བག་ལ་ཉལ་གྱི་སྒྲིབ་པ་བཅོམ་ནས་སངས་རྒྱས་ཀྱི་ས་ལ་གཤེགས་པའོ། །འོ་ན་ད་རུང་སངས་མི་རྒྱས་པ་དང་། སྐད་ཅིག་ཉིད་ཀྱིས་གཤེགས་ཅེས་པ་འདི་གཉིས་འགལ་ཏེ། སྔ་མ་ལྟར་ན་སངས་རྒྱས་པ་ལ་ད་རུང་ཅུང་ཞིག་འཐོག་པར་འདུག་ལ། ཕྱི་མ་ལྟར་ན་ཚེགས་མེད་དེ་སྐད་ཅིག་གཅིག་གིས་སངས་རྒྱས་པའི་ཕྱིར་རོ། །ཞེ་ན། གོང་མ་ནི། ལྷུན་གྲུབ་ཐོབ་པ་མགོ་ཟུག་ནས་ཅུང་ཞིག་ཐོག་པས་ན་སྒྲ་དྲང་འཐད་ཡིན་ལ། ཕྱི་མ་ནི་མཐར་ལམ་རྫོགས་ནས་སངས་རྒྱས་ལ་སྦྱོར་བའི་ཚེ་ཐུང་ཚད་བཟུང་བ་ཡིན་པས་མི་འགལ་ལོ། །གཉིས་དགོངས་པའི་མིང་གི་རྣམ་གྲངས་བསྟན་པའོ། །དྲང་། འདི་ལ་བརྩེགས་སྡེབ་ཀྱིས་འཆད་པར་བྱེད་པས། དེ་ཡང་ལྟ་བ་དང་དགོངས་པ་སྔར་བསྟན་པ་ལྟར་ཡིན་ལ་དེས་ན་མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་དགོངས་པ་རྒྱ་མཚོ་ལྟ་བུར་ཟབ་ཅིང་རླབས་ཆེ་བ་ཀུན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩལ་རྫོགས་པ་ཞེས་བྱ་བའི་དགོངས་པ་དང་། མཐར་ཕྱིན་པའི་ལམ་གྱི་དགོངས་པ་ཞེས་བྱ་བ་ལ་སོགས་དགོངས་པའི་མིང་གི་རྣམ་གྲངས་དང་། སྤྱོད་པ་རྒྱ་ཚོ་ལྟར་ཟབ་ཅིང་རླབས་ཆེ་བ་ཐམས་ཅད་ཀུན་ལམ་སྔ་མའི་རྩོལ་བས་བྱ་བ་མེད་པའི་སྤྱོད་པའམ། བྱ་བྱེད་ཀྱི་རྩོལ་བ་དང་བྲལ་བས་བྱ་བྲལ་ལྷུན་གྲུབ་ཀྱི་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྤྱོད་པའི་མིང་གི་རྣམ་གྲངས་དེ་དག་ཀུན། ལྟ་སྤྱོད་ཀྱི་ཡོན་ཏན་གྱི་ཆ་ལ་བརྗོད་པར་ཟད་ཀྱིས་དོན་ལ་ཐ་དད་མེད་པའོ། །དྲུག་པ་སྤྱོད་པ་ལ་གཉིས་ཏེ། བགྲང་། དང་པོ་བདག་དོན་དུ་སྒྲིབ་པ་བཅོམ་ནས་སངས་རྒྱས་ཚུལ་དང་། དྲང་། མཐར་ལམ་བདག་ཉིད་ཀྱི་དོན་བྱ་བའི་ཕྱིར་སྐུ་ལྔ་ལྷུན་གྲུབ་དྲུག་པ་རྡོ་རྗེ་འཛིན་པ་ཆེན་པོ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ལ། ལམ་གྱི་སྤང་རྟོགས་ཀྱི་བྱ་བ་མཐར་ཕྱིན་པའི་དུས་ཀྱི་མཐའ་སྐད་ཅིག་གི་ལྟོས་སྐྱེས་ཏེ། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་པས། དེའི་སྐད་ཅིག་མའི་དུས་ཀྱི་ཐག་ལྟ་བས་བཅད་པ་ལ་སོགས་པ་བསླབ་པའི་མཐའ་བཅུ་ཡོངས་སུ་རྫོགས་པར་བྱས་ནས། ལམ་མཐར་ཕྱིན་པའི་ཐ་མ་ལྷུན་གྲུབ་རིག་འཛིན་གྱི་རྒྱུད་ལ་ཡོད་པའི་བག་ལ་ཉལ་གྱི་སྒྲིབ་པ་ཆ་ཕྲ་བ་དེ་དག་པ་དང་། མཉམ་པར་བཞག་མ་བཞག་ལས་འདས་ཏེ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོར་སངས་རྒྱས་པར་འགྱུར་པ་ཡིན་ནོ། །དེ་ཡང་བསླབ་པའི་མཐའ་བཅུ་ནི། མདོ་ལས། དམ་ཚིག་གཞི་དང་རྒྱུད་གྲོལ་དང་། །སྒོ་བསྡུར་བ་དང་ཕུལ་དབྱུང་དང་། །ཐག་བཅད་པ་དང་ཉམས་བླངས་དང་། །ལ་དོར་སྤྱོད་དང་དབང་རིམ་དང་། །མན་ངག་དོན་དང་མདོར་བསྡུས་ནི། །རྣལ་འབྱོར་བསླབ་པའི་མཐའ་བཅུར་བཤད། །ཅེས་གསུངས་བས། དང་པོ་གཞི་དམ་ཚིག་གིས་བཟུང་བ་ས་གཞི་གཤིན་པོ་ལྟ་བུར་བསླབ་པ་དང་གཅིག །རྒྱུད་ཐོས་པས་གྲོལ་བ་གྱི་ལིང་ཅང་ཤེས་སྒྲོག་བཀྲོལ་བ་ལྟར་བསླབ་པ་དང་གཉིས། སྒོ་ཀུན་ནས་བསྡུར་བ་བུང་བས་རྩི་ཚོལ་བ་ལྟར་བསླབ་པ་དང་གསུམ། ཕུལ་མཁས་པས་དབྱུང་བ་རི་བོ་མཐོན་པོའི་རྩེར་ཕྱིན་པ་ལྟ་བུར་བསླབ་པ་དང་བཞི། གོ་འཕང་དབང་གིས་བསྒྲོད་པ་རྒྱལ་རིགས་རྒྱལ་སར་བྱུང་བ་ལྟ་བུར་བསླབ་པ་དང་ལྔ་ལ་སྦྱོད་པས་དོར་བ་གླང་པོ་ཆེ་ཆུར་འཇུག་པ་ལྟར་བསླབ་པ་དང་དྲུག །ཐག་ལྟ་བས་བཅད་པ་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་བསླབ་པ་དང་བདུན། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་རྒྱ་མཚོའི་གླིང་ནས་ནོར་བུ་ལེན་པ་ལྟར་བསླབ་པ་དང་བརྒྱད། དོན་མན་ངག་གིས་བསྒྲུབ་པ་གསེར་འགྱུར་གྱི་རྩིའམ། སྨན་མ་ཀི་ཏ་ལྟར་བསླབ་པ་དང་དགུ། མདོ་གཅིག་ཏུ་བསྡུ་བ་སོ་ནམས་མཁན་གྱིས་ལོ་ཐོག་བསྡུ་བ་ལྟར་བསླབ་པ་དང་བཅུའོ། །འོ་ན་ཟག་བཅས་སུ་བསླབ་པའི་མཐའ་བཅུ་ལ་བསླབ་པར་བཤད་པ་དང་ཁྱད་མེད་དུ་ཐལ་ཞེ་ན། ཁྱད་པར་ཡོད་དེ། མདོ་ལམ་རིམ་ལས། བསླབ་པའི་མཐའ་བཅུ་སྒྲ་གཅིག་ལ། །ཟག་བཅས་བཞི་དང་བར་ཆད་མེད། །ཟག་མེད་ལྔ་ཡི་བསླབ་པ་དག །སློབ་པའི་ལུགས་དང་ལོབ་པ་དང་། །ནུས་དང་ངོ་བོ་ཁྱད་པར་དང་། །བསླབ་བྱ་ཡུལ་གྱིས་ཁྱད་པར་འགྱུར། །ཞེས་གསུངས་པས། འདི་ལ་དོན་ལྔ་སྟེ། དང་པོ་སློབ་ལུགས་ཀྱི་ཁྱད་པར་ནི། ཟག་བཅས་སུ་ཚིག་དང་ཡི་གེ་ལ་བརྟེན་ནས་སློབ་ལ། བར་ཆད་མེད་པས་ཚིག་དང་ཡི་གེ་འམ་རིག་པའམ། ཏིང་ངེ་འཛིན་གསུམ་ལ་བརྟེན་ནས་སློབ་པའོ། །ཟག་མེད་ཀྱི་ཆོས་ཉིད་མངོན་སུམ་མ་རྟོགས་པ་ལ་བསླབ་པའོ། །གཉིས་པ་ལོབ་པའི་ཁྱད་པར་ནི། ཟག་བཅས་ཀྱི་སྐབས་སུ་ཆོས་ཉིད་ཀྱི་དོན་རྒྱ་མཚོར་གཟུགས་བརྙན་ལྟར་ལོབ་པ་ལ། བར་ཆད་མེད་པས་རྣལ་འབྱོར་མངོན་སུམ་དུ་ལོབ་སྟེ། ཟག་མེད་ཀྱིས་རང་རིག་མངོན་སུམ་དུ་ལོབ་པའོ། །གསུམ་པ་ནུས་པའི་ཁྱད་པར་ནི། ཟག་བཅས་ཀྱིས་ལས་དང་ཉོན་མོངས་པའི་སྒྲིབ་པ་རགས་པ་དག་ཅིང་གནས་སྐབས་ཀྱི་འབྲས་བུ་ཐོབ་ལ། བར་ཆད་མེད་པས་ལས་དང་ཉོན་མོངས་པའི་སྒྲིབ་པ་འབྲིང་དག་སྟེ་མཐོང་ལམ་ལ་སྦྱོར་རོ། །ཟག་མེད་ཀྱིས་ཤེས་བྱའི་སྒྲིབ་པ་ཕྲ་བ་དག་སྟེ་སངས་རྒྱས་ལ་སྦྱོར་རོ། །བཞི་བ་ངོ་བོའི་ཁྱད་པར་ནི། ཟག་བཅས་ཀྱི་བཞི་ནི་ཟག་ལྡོག་དང་བཅས་པའི་ལམ་པའི་བསླབ་པ་ཡིན། བར་ཆད་མེད་པས་ཟག་པ་ཡོད་ལ་ལྡོག་པ་མེད་པའི་ལམ་པ་ཡིན་ཏེ། ཚེ་དབང་ཡན་ཆད་ལ་ཟག་ལྡོག་གཉིས་ཀ་མེད་པའི་ལམ་པའི་བསླབ་པ་ཡིན་ནོ། །ལྔ་པ་བསླབ་པ་ཡུལ་གྱི་ཁྱད་པར་ནི། ཟག་བཅས་ནི་གང་ཟག་ཆོས་ཀྱི་མིག་ཅན་ནམ། ལྟ་དགོངས་ཀྱི་དྲོད་ཅན་ལ་སློབ་ལ། བར་ཆད་མེད་པ་ནི་རིག་འཛིན་ལ་སློབ་སྟེ། ཟག་མེད་ནི་རང་གི་རིགས་མཐུན་དང་སངས་རྒྱས་སྐུ་གསུམ་ལ་རིམ་པར་སློབ་བོ། །དེས་ན་འདིས་མཐར་ལམ་ལ་བསླབ་པའི་མཐའ་བཅུ་རྫོགས་ནས་སངས་རྒྱས་ལ་སྦྱོར་བ་ཡིན་ནོ། །གཉིས་པ་གཞན་དོན་ཐུགས་རྗེའི་མཛད་པ་ལ་གསུམ་ཏེ། སྐུའི་མཛད་པ་བསམ་གྱིས་མི་ཁྱབ་པ་དང་། ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་དང་། གསུང་གི་མཛད་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་ལོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་སྐུའི་མཛད་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་དང་། དྲང་། བདག་དོན་ལྷུན་གྲུབ་ཐོབ་པ་དེའི་ཚེ་དེ་ལ་བག་ལ་ཉལ་གྱི་སྒྲིབ་པ་ཆ་ཕྲ་མོ་ཙམ་ཡོད་ཀྱང་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་སར་ཞུགས་ནས་གཞན་དོན་དུ་སངས་རྒྱས་ཀྱིས་འདུལ་བའི་ཞིང་ཁམས་ཀྱི་གྲངས་ཀྱི་མཐའ་ཐུག་པ་མེད་པ་དེ་དག་གི་གདུལ་བྱ་རྣམས་འདུལ་བའི་ཕྱིར་སངས་རྒྱས་སྤྲུལ་པའི་སྐུའི་མཛད་པ་བཅུ་གཉིས་ལྟར་དུའང་སྟོན་པར་མཛད་དེ། དོན་བྱ་བའི་ཡུལ་སྲིད་པ་ཁམས་གསུམ་གྱི་འགྲོ་བ་རིགས་དྲུག་གི་འཇིག་རྟེན་བསམ་ཡས་རྣམས་སུ། ལྷུན་གྲུབ་རིག་འཛིན་དེའི་ཐུགས་རྗེས་འདུལ་བྱེད་ཀྱི་སྟོན་པ་སྤྲུལ་པ་བསམ་གྱིས་མི་ཁྱབ་པར་སྣང་ནས། གདུལ་བྱ་ལུགས་འབྱུང་ལ་བསམ་པའི་དོན་དང་མཐུན་པའི་མཛད་པ་འབའ་ཞིག་སྟོན་ལ། གདུལ་བྱ་ལུགས་བཟློག་ལ་དྲག་པོའི་སྒོ་ནས་མི་མཐུན་པའི་འདུལ་ཐབས་ཀྱང་སྟོན་ཅིང་ཐུགས་རྗེས་ཞགས་པས་འཁོར་བའི་ལས་རྒྱུན་གཅོད་པར་བྱེད་དོ། །གཉིས་པ་མཛད་པ་བཅུ་གཉིས་ཀྱིས་དོན་མཛད་པའོ། །དྲང་། དུས་དང་གནས་སྐབས་ལ་ལར་དགའ་ལྡན་ལ་སོགས་གནས་ནས་འཕོ་བ་དང་། ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། ལྷུམས་ནས་བལྟམས་པ་དང་། རོལ་རྩེད་མཛད་པ་དང་། ལ་ལར་མཆོད་རྟེན་རྣམ་དག་གི་དྲུང་སོགས་སུ་ཉིད་ལས་ཉིད་རབ་ཏུ་བྱུང་བ་དང་། ཆུ་བོ་ནཻ་རནྫ་ན ར་སོགས་དཀའ་ཐུབ་ལོ་དྲུག་སོགས་མཛད་པ་དང་། ལ་ལར་བཙུན་མོ་བརྒྱད་ཁྲི་བཞི་སྟོང་སོགས་ཁབ་ཏུ་བཞེས་པ་དང་། རྒྱལ་སྲིད་ལོ་ཉི་ཤུ་རྩ་དགུ་སོགས་སྐྱོང་བ་དང་། བྱང་ཆུབ་སྙིང་པོར་གཤེགས་པ་དང་། བདུད་འདུལ་བ་དང་། ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། སངས་རྒྱས་པ་དང་། གདུལ་བྱ་ལ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་སྟོན་པ་དང་། གྲོང་ཁྱེར་རྩ་མཆོག་སོགས་སུ་མྱ་ངན་ལས་འདས་པ་དང་། སྐུ་གདུང་ཆ་བརྒྱད་དུ་བགོས་པ་ལ་སོགས་པ་སྟོན་པའོ། །གཉིས་པ་ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་དང་། དྲང་། གནས་སྐབས་རེས་འགའ་ཞི་བས་འདུལ་བ་ལ་ཞི་བར་སྟོན་པ་དང་། རེས་འགའ་དྲག་པོས་འདུལ་བ་ལ་དྲག་པོ་ཁྲོ་བོ་ལ་སོགས་སུ་སྣང་ནས་འདུལ་བ་དང་། གདུལ་བྱ་གཡེམ་པ་འདོད་ཆགས་ཅན་ལ་གཡེམ་པར་སྟོན་པ་དང་། ཞེ་སྡང་ཅན་ལ་ཞེ་སྡང་ཅན་ལ་ཞེ་སྡང་གི་ཚུལ་དུ་སྟོན་པ་དང་། རིག་པ་སྟེ་ང་རྒྱལ་ཅན་རྣམས་ལ་ང་རྒྱལ་རི་བོ་ལྟ་བུ་དང་། མུན་པ་སྟེ་གཏི་མུག་ཅན་ལ་གཏི་མུག་མུན་པ་ལྟར་འཐིབ་པ་དང་། ཕྲག་དོག་རླུང་ལྟར་འཚུབས་པ་ལ་འདུལ་ཐབས་ཀྱི་གཉེན་པོའང་དེ་བཞིན་དུ་བསྟན་ནས་གདུལ་བྱ་དང་མཐུན་པའི་སྒོ་ནས་འདུལ་ཞིང་། གདུལ་བྱ་དང་མི་མཐུན་པའི་གཉེན་པོའི་སྒོ་ནས་ཀྱང་འདུལ་བའི་ཐབས་སྣ་ཚོགས་མཛད་དོ། །རྒྱ་མཚོ་ལྟ་བུར་ཐབས་ཟབ་ཅིང་རྒྱ་ཆེ་བའི་སྤྱོད་པ་རླབས་པོ་ཆེ་དང་། མཛད་པའི་ཕྲིན་ལས་གོང་དུ་བསྟན་པ་དེ་བཞིན་དུ་མཐུན་པ་དང་མི་མཐུན་པ་སྣ་ཚོགས་པའི་སྒོ་ནས་འགྲོ་བ་འཁོར་བ་ལས་སྒྲོལ་པར་འགྱུར་རོ། །གསུམ་པ་གསུང་གི་མཛད་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་ལོ། །དྲང་། ལྷ་གནས་གསུམ་དུ་སྔར་གསུངས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ཏནྟྲ་སྟེ་རྒྱུད་འཆད་པའི་སྟོན་པ་མཛད་ནུས་པ་དང་། དེ་བཞིན་དུ་རྒྱུད་ཀྱི་དོན་རྣམས་ཀྱི་བསྡུ་བ་པོའང་མཛད་པ་དང་། དམན་པའི་ལུས་ངན་སོང་གསུམ་དང་། བསོད་ནམས་དང་ལྡན་པ་ལྷ་མི་ཁྱད་པར་ཅན་གྱི་གནས་སུ། ལྷ་ཀླུ་ལ་སོགས་རང་རང་དང་མཐུན་པ་སྣ་ཚོགས་པའི་ལུས་ཅན་དམ་པའི་རིགས་ཅན་ལྔ་ལ་སོགས་པ་རྣམས་ལ། གསང་སྔགས་ཀྱི་འཁོར་ལོ་བསྐོར་བ་འང་མཛད་དོ། །བདུན་པ་མངོན་ཤེས་དང་། དྲང་། མངོན་ཤེས་དྲུག་དང་ལྡན་པ་དང་། མཚན་བཟང་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་འགོ་མ་ཕྱག་རྒྱ་ཆེན་པོའི་རིག་འཛིན་མན་ཆད་རྣམས་ལས་འདིར་ཁྱད་པར་དཔགས་ཏེ། རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོའི་ཆ་བྱད་འཛིན་པའོ། །ཀུན་མཁྱེན་གྱི་ཡེ་ཤེས་མངའ་བ་རྒྱལ་བ་དྲུག་པ་ཉིད་དང་མཚུངས་པའི་ཕྱིར་ན། མངོན་ཤེས་ཀྱིས་ཡུལ་ཁྱོན་དང་། གདུལ་བྱ་གྲངས་ཚད་བཟུང་དུ་མེད་དེ། རྒྱལ་བ་དྲུག་པ་ཉིད་དང་གཅིག་གོ། །དེ་ཡང་ཇི་ལྟར་ན་གསལ་ལ་རྟོགས་པ་མེད་པར་མཁྱེན་པས་ན་མེ་ལོང་ལྟ་བུའི་ཚུལ་དུ་རྒྱལ་བ་དྲུག་པ་ལ་མངའ་བ་ལྟར། ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་གསལ་ལོ། །བརྒྱད་པ་འབྲས་བུ་སངས་རྒྱས་ལ་སྦྱོར་ཚུལ་ལ་གསུམ་ཏེ། བགྲང་། དང་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་བྱའི་སྒྲིབ་པ་དང་བདུད་བཅོམ་ནས་སངས་རྒྱས་ལ་སྦྱོར་ཚུལ་དང་། དྲང་། རང་རྒྱུད་ལ་སྤང་བྱ་མི་མཐུན་པའི་ཕྱོགས་ཀྱི་མཚན་མ་ཤེས་སྒྲིབ་བག་ལ་ཉལ་ཆ་ཕྲ་བ་དེ་གཞོམ་པའི་ཕྱིར་གཉེན་པོར་གྱུར་པ་འབིགས་ཤིང་འཇམ་དཔལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། སྤང་བྱར་གྱུར་པ་ཤེས་བྱ་ལ་བདག་ཏུ་རྟོག་པའི་སྒྲིབ་པའམ་ཉོན་མོངས་སམ་མཚན་མ་ཆ་ཕྲ་བ་བག་ལ་ཉལ་བ་ཞིག་ཡོད་པ་དེ་ཀུན་རྩ་བ་ནས་བཅོམ་ནས་མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཉིད་ཀྱང་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་ཐིམ་པར་བྱེད་དེ། བསྒོམ་བྱ་སྒོམ་བྱེད་ལས་འདས་སོ། །ཞེས་པའམ། ཡང་ན་མཐར་གཉེན་པོ་རྡོ་རྗེའི་ལྟ་བའི་ཏིང་ངེ་འཛིན་ཉིད་ཀྱིས་འཁོར་འདས་མཉམ་པ་ཉིད་ཀྱི་དབྱིངས་སུ་ཐིམ་པར་བྱེད་དེ་གཉིན་པོ་དང་བྲལ་བས་བསྒོམ་བྱ་སྒོམ་བྱེད་ལས་འདས་སོ། །འོ་ན་འདིར་མཐར་ལམ་དུ་བདག་རྟོག་མཚན་མ་བཅོམ་བྱ་ཡོད་པ་མི་འཐད་དེ། རང་གི་ཚོགས་སྦྱོར་གྱི་སྐབས་ནས་བདག་མེད་པར་རྟོགས་པར་བཤད་པ་དང་ཁྱད་མེད་དུ་ཐལ་ཞེ་ན། ཁྱད་པར་ཡོད་དེ་ཚོགས་སྦྱོར་གྱི་སྐབས་སུ་རགས་པ་དག །མཐོང་སྒོམ་གྱི་སྐབས་སུ་འབྲིང་པོ་དང་། འདིར་ཤིན་ཏུ་ཆ་ཕྲ་བ་དེ་བཅོམ་པར་བྱེད་དེ། མདོར་ན་སྤྱིའི་སྤང་བྱ་ཐམས་ཅད་ཀྱི་རྩ་བ་ཆ་ཕྲ་བ་བག་ལ་ཉལ་འཇོམས་པའོ། །དེ་བས་བདག་ཏུ་འཛིན་པ་མེད་པར་རྟོགས་པ་དང་རང་རིག་པའི་ཡེ་ཤེས་ཀྱིས། དངོས་པོ་སྣང་བ་དང་དངོས་མེད་སྟོང་པར་འཛིན་པའི་བག་ཆགས་ཐམས་ཅད་བསྲེག་ཏེ། ཕྱིའི་ཡུལ་ལ་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པའི་ཆོས་རྣམས་དང་། ནང་གི་སེམས་ཀྱི་ཆ་ཕྲ་བའི་རྟོག་པ་བག་ལ་ཉལ་བ་ཐམས་ཅད་ཀུན། ཕྱོགས་རེས་དངོས་པོ་མེད་པར་རང་བྱུང་གི་ཡེ་ཤེས་འཁོར་འདས་མཉམ་པ་ཉིད་དུ་རྟོགས་པར་བྱས་པས། སངས་རྒྱས་ཀྱི་དགོངས་པ་ལ་ཕྱོགས་ཞེན་ཐམས་ཅད་འཇོམས་པའི་དཔའ་བོ་ཡིན་ལ། དེའི་སར་འགྲོ་བར་བྱེད་པ་ན་དཔའ་བར་འགྲོ་བའི་རྣལ་འབྱོར་དང་། མི་འཐུན་པའི་ཕྱོགས་འཇོམས་པས་ན་རྡོ་རྗེ་སྟེ་གཉིས་མེད་ཀྱི་ཡེ་ཤེས་མཐར་ཐུག་པས་གོང་ན་གཞན་མེད་པས་རྩེ་མོ་མཆོག་གི་ཏིང་ངེ་འཛིན་ཐོབ་པས། ཐེག་འོག་གི་འབྲས་བུ་དང་། འདིའི་ལམ་པ་མན་ཆད་ཀྱི་ཡིད་ཚོད་དུ་གྱུར་པ་མེད་པས་ཞེན་པའི་སྒྲིབ་པ་དང་། བདུད་བཞིའི་སྡེ་དང་བཅས་པ་རྣམས་ཚར་བཅད་ཅིང་གཏན་ནས་འཇོམས་པའི་དཔའ་བོ་ཡིན་པས། བདུད་བཞི་བཅོམ་པ་དེའི་རྗེས་ལ་འབྲས་བུ་འགྲུབ་པ་ཡིན་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཎྜལ་སྟེ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའི་དགོངས་པ་བསམ་ཡས་ལྷུན་རྫོགས་ཤེས་བྱ་མ་ལུས་པ་ཀུན་ཡུལ་མེད་རང་གསལ་མཁྱེན་པ་ལྟ་བའི་ངང་ལ་མཉམ་པར་འཇོག་གོ། །གཉིས་པ་དེའང་འབྲས་བུ་གཞན་ན་མེད་དེ་རང་ལ་གནས་པ་མངོན་དུ་གྱུར་ཚུལ་དེ་ལ་གསུམ་སྟེ། བགྲང་། དང་པོ་འབྲས་བུ་རང་ལ་བྱུང་བ་མངོན་སུམ་དུ་སྣང་བའི་རྐྱེན་དང་། དྲང་། དེའང་འབྲས་བུ་རང་སྣང་བའི་རྐྱེན་ལ་ལྷུན་གྲུབ་རིག་འཛིན་གྱི་ཡེ་ཤེས་ཀུན་མཁྱེན་གྱི་ལྟ་བ་རྟོགས་པའི་མཐུ་དང་། དེ་མཉམ་པར་བཞག་ནས་ཏིང་ངེ་འཛིན་མཐར་ཕྱིན་པའི་མཐུས་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ཕྱག་རྒྱ་མོ་ལ་བརྟེན་ནས་དབང་བསྒྱུར་བའི་མཐུ་དང་ཞིང་ནི་འབྲེལ་མཚམས་སྦྱོར་བ་ཡིན་ཏེ། འབྲས་བུ་དོན་དུ་གཉེར་པའི་སྨོན་ལམ་རྣམ་པར་དག་པའི་མཐུ་བཞི་ལ་བརྟེན་ནས་སམ། ཡང་ན་ལྷུན་གྱིས་གྲུབ་པའི་མཉམ་བཞག་ཡེ་ཤེས་ཀྱི་ངང་ལ་རིག་པ་རང་དབང་བསྒྱུར་ཞིང་འབྲས་བུ་དོན་དུ་གཉེར་བའི་སྨོན་ལམ་གྱི་མཐུས་རྐྱེན་བྱས་ནས། གཉིས་པ་འབྲས་བུ་རང་ལ་བྱུང་བ་མངོན་དུ་སྣང་བ་དངོས་དེ་ལ་གཉིས་ཏེ། བགྲང་། དང་པོ་སྤྱིར་བསྡུས་ཏེ་བསྟན་པ་དང་། དྲང་། འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རེ་རེ་ལའང་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་ལམ་པའི་རིག་པ་ལ་རང་སྣང་དུ་ཐོབ་པས། གཞན་གཅིག་ལས་ཡོད་པ་གཅིག་འདིར་འོང་ནས་ཐོབ་པ་ཡིན་ནོ། །གཉིས་པ་བྱེ་བྲག་རྒྱས་པར་བཤད་པ་དེ་ལ་གསུམ་སྟེ། བགྲང་། དང་པོ་འབྲས་བུ་རང་གནས་མངོན་དུ་གྱུར་པ་དང་། དྲང་། ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པས་སྐུ་ལྔ་དང་། བརྡའ་སྤྲོད་པའི་གསུང་ལྔ་དང་། དགོངས་པ་ཟག་པའི་ཐུགས་ལྔ་དང་དགོས་འདོད་འབྱུང་བའི་ཡོན་ཏན་ལྔ་དང་། དོན་མཛད་པའི་ཕྲིན་ལས་ལྔ་ལ་སོགས་པ་གཞན་ལ་ངོ་མཚར་ཞིང་རྨད་དུ་བྱུང་བ་དང་། འབྲས་བུའི་ཆོས་ཀུན་ཏུ་གྲགས་པ་ནི་གསལ་བ་སྟེ། དེ་དག་རང་རིག་པར་ལྷུན་གྱིས་གྲུབ་པ་ལ་གཞན་ནས་ཡོད་པ་ཞིག་འདིར་བཀུག་ནས་འོང་བ་ནི་མ་ཡིན་ཏེ། སེམས་ཉིད་རྒྱུ་རྐྱེན་དང་བྲལ་བས་རང་བྱུང་གི་ཡེ་ཤེས་དེ་ཉིད་གནས་བྱའི་ཡུལ་དང་གནས་བྱེད་ཀྱི་ཤེས་པ། ཡུལ་ཡུལ་ཅན་གྱི་མཐའ་གང་དུ་ཡང་གནས་པ་མེད་པ་མངོན་དུ་གྱུར་པ་འབྲས་བུ་ཆོས་ཀུན་ཏུ་སྣང་བ་ཡིན་ནོ། །གཉིས་པ་དེ་གཞན་ནས་འོང་བ་མ་ཡིན་ཏེ། ལམ་གྱིས་རང་གནས་མངོན་དུ་བྱས་པར་བསྟན་པ་དང་། དྲང་། འབྲས་བུའི་ཆོས་ཐམས་ཅད་རང་སྣང་བ་དེ་བས་ན་ངོ་མཚར་རྨད་དུ་བྱུང་བ་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་ཤར་བ་འབྲས་བུའི་ཆོས་ཉེར་ལྔ་པོ་ཐམས་ཅད་ཀུན། སེམས་ཉིད་ཡེ་ནས་ཡིན་པ་ལས་མ་གཏོགས་པ་གཞན་ནས་ཡོད་པ་ཞིག་འདིར་བཀུག་ནས་གསར་དུ་ཐོབ་པ་མ་ཡིན་པའི་ཕྱིར། ཐབས་སྣང་ལ་མ་འགག་པ་བདེ་བའི་ཡེ་ཤེས་ལ་བློ་བརྟན་པའི་ཤེས་རབ་རང་བཞིན་མེད་པ་དང་དབྱེར་མེད་པ་ཉིད་དུ་ཤར་བའི་འབྲས་བུ་སྐུ་དང་ཡེ་ཤེས་སྣ་ཚོགས་སྣང་བ་ནི། གོང་གི་འབྲས་བུའི་ཆོས་ཉེར་ལྔ་པོ་དེ་ལྟ་བུའི་ངང་དུ་རང་སྣང་བའོ། །དེ་ཡང་རྡོ་རྗེ་ལས། རང་བཞིན་གནས་ཕྱིར་གཞན་ནས་འོང་བ་མེད། །ཞེན་པ་ལོག་པས་བདག་ཞལ་བདག་གིས་མཐོང་། །ཞེས་སོ། །གསུམ་པ་འཁོར་མ་སྤང་རང་སར་གྲོལ་ནས་སངས་རྒྱས་པར་བསྟན་པའོ། །དྲང་། དེ་ཡང་དཔེར་ན་མུན་པ་ལས་སྣང་བར་འགྱུར་བའམ་སྦྲུལ་དུག་དེ་ཉིད་རྩི་མ་ཀི་ཏ་སྨན་དུ་འགྱུར་བ་ཇི་བཞིན་དུ་རྟོག་ཚོགས་མ་སྤངས་པར་དེ་ཉིད་སྐུ་དང་ཡེ་ཤེས་སུ་འགྱུར་བས། དེས་ན་ཁམས་གསུམ་འཁོར་བའི་ཞེན་སྣང་འདི་མ་སྤང་བར་འབྲས་བུ་མྱང་འདས་སུ་རྣམ་པར་དག་པས། གསར་དུ་མྱ་ངན་ལས་མི་འདའ་སྟེ་ཡེ་གདོད་མ་ནས་འབྲས་བུ་འདས་པའི་སངས་རྒྱས་ཀྱི་ངོ་བོར་གནས་པ་ཡིན་པ་ལ། དེ་བས་ན་འཁོར་བ་ནས་འདས་པའི་སར་འགྲོ་བ་དང་ས་དེ་ལ་གནས་པར་བྱ་བའི་རྟོག་པ་ཡོད་པ་མིན་ཏེ། རྟོག་པ་ཐམས་ཅད་རང་བཞིན་དབྱེར་མེད་སྐུ་དང་ཡེ་ཤེས་ཀྱི་ཚོགས་སུ་གསལ་བའོ། །གསུམ་འབྲས་བུ་ཐོབ་པའི་ཚེ་རིག་འཛིན་གྱི་ཐ་སྙད་དང་བྲལ་བར་བསྟན་པའོ། །དྲང་། ལྷུན་གྲུབ་རིག་འཛིན་གྱི་མཉམ་བཞག་ལ་དགོངས་པ་མཉམ་པ་ཉིད་ཡོད་པ་དང་། མ་བཞག་ན་མི་མཉམ་པ་ཡིན་ནོ། །སངས་རྒྱས་ནི་མཉམ་པར་བཞག་པ་དང་། མ་བཞག་པ་མེད་པར་མཉམ་པ་ཉིད་ལས་མ་གཡོས་པའོ། །ལྷུན་གྲུབ་རིག་འཛིན་གྱིས་མཉམ་བཞག་ལ་གཞན་དོན་གྱི་བྱ་བ་ལྷུན་གྱིས་གྲུབ་པ་དང་མ་བཞག་ན་གཞན་དོན་མི་བྱ་བ་དང་། སངས་རྒྱས་ཀྱིས་མཉམ་རྗེས་ཀྱི་བྱ་བ་མེད་པར་གཞན་དོན་ལྷུན་གྲུབ་དུ་བྱས་པ་དང་། ལྷུན་གྲུབ་རིག་འཛིན་གྱི་མཉམ་བཞག་ལ་འབྲས་བུའི་ཆེ་ཡོན་ཐམས་ཅད་ལྷུན་གྱིས་གྲུབ་པ་དང་། རྗེས་ཤེས་ལམ་གྲུབ་པ་དང་། སངས་རྒྱས་ཀྱི་མཉམ་རྗེས་མེད་པར་འབྲས་བུའི་ཆེ་ཡོན་ཐམས་ཅད་ལྷུན་གྱིས་གྲུབ་པའོ། །རྒྱུ་མཚན་གསུམ་པོ་དེའི་ཕྱིར་ན་འབྲས་བུ་སངས་རྒྱས་ཐོབ་པའི་ཚེ་ན་རིག་འཛིན་གྱི་ཐ་སྙད་དང་བྲལ་བར་བསྟན་པའོ། །གསུམ་པ་ལེའུའི་མཚན་བསྟན་པའོ། །དྲང་། ལམ་ལ་མཚན་ཉིད་གསུམ་ཡོད་པ་ལས་མཐར་ཕྱིན་པའི་ལམ་གནས་སྐབས་ཀྱི་འབྲས་བུའི་མཚན་ཉིད་རིག་འཛིན་རྣམས་ཀྱི་དོན་མ་ནོར་བར་བསྟན་པའི་གཞུང་གི་ཚིག་དོན་རྣམས་མཚམས་གཅོད་ཅིང་འཛིན་པས་ན་ལེའུ་སྟེ། ཡས་བགྲང་བརྒྱད་པའི་དོན་དུ་གདའོ།། ༈ །།སྤྱི་དོན་གསུམ་པ་མངོན་དུ་བྱས་པའི་འབྲས་བུ་སངས་ཀྱི་དགོངས་པ་བསྟན་པ་ལ་གསུམ་སྟེ། བགྲང་། དང་པོ་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང་། དྲང་། རང་བཞིན་གཞི་ཇི་བཞིན་པའི་གནས་ཚུལ་ལྷག་པའི་ཆོས་སྐུ་ཆེན་པོ་ཉིད་དུ་ཡེ་ནས་སངས་རྒྱས་པའི་དོན་ཇི་བཞིན་པ་ལམ་གྱི་མངོན་སུམ་དུ་སྟོབས་རྫོགས་པར་བྱ་བའི་སངས་རྒྱས། ལྷུན་གྲུབ་རྒྱལ་བ་རྡོ་རྗེ་འཛིན་པ་ཆེན་པོ། ཀུན་ཏུ་བཟང་པོ་ཉིད་ལ་མོས་ཤིང་གུས་པས་འདུད་པ་སྟེ། དོན་གྱི་ན་རྟོགས་པ་མཇལ་བའི་ཕྱག་འཚལ་བའོ། །དཔེར་ན་སྲིད་པ་འཁོར་བར་སྐྱེ་བ་ལེན་ལུགས་ལ་མངལ་སྐྱེས་རིམ་གྱིས་པ་དང་། བརྫུས་སྐྱེས་རྫོགས་ཚུལ་ཅིག་ཆར་དུ་སྨིན་པ་བཞིན་དུ། ལམ་རིམ་དང་ཅིག་ཅར་གཉིས་ཀྱི་སྒོ་ནས་གཞི་དོན་ཇི་ལྟ་བ་བཞིན་དུ། མངོན་དུ་བྱས་པའི་འབྲས་བུའི་རྣམ་དག་གཅིག །ལམ་བགྲོད་པ་ལ་དོན་ཡོད་པར་བྱ་བའི་ཕྱིར་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་དགོངས་པ་བཤད་པར་བྱ་བའོ། །གཉིས་པ་གཞུང་ལ་གཉིས་ཏེ། བགྲང་། དང་པོ་མདོ་དང་། དྲང་། སྤྱིར་ལམ་ལ་མཚན་ཉིད་གསུམ་ཡོད་པའི་ཐ་མ་ནི། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་རིག་འཛིན་རྣམས་ཡིན་ལ། དེའི་ཐ་མ་མཐར་ཐུག་སངས་རྒྱས་ལུགས་ནི། འབྲས་བུ་རང་གི་ངོ་བོ་དང་། དགོངས་པའི་བཞུགས་ཚུལ་དང་། ཐེག་པ་གོང་འོག་གི་འབྲས་བུའི་ཁྱད་པར་བསྟན་པ་དང་། གསུམ་གྱིས་འབྲས་བུའི་ལུས་རྣམ་བཞག་གསུམ་གྱི་དོན་མངོན་སུམ་གྱི་ཚུལ་དུ་སྣང་བ་རྣམས་ནི། ཡན་ལག་རྒྱས་བཤད་ཀྱི་སྒོ་ནས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་དེ་ལ་གསུམ་ཏེ། རྒྱལ་བ་དྲུག་པའི་འབྲས་བུའི་ངོ་བོ་དང་། འབྲས་བུ་ཐོབ་ནས་དགོངས་པའི་བཞུགས་ཚུལ་དང་། འབྲས་བུའི་ཁྱད་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། དེ་ལྟར་ལུས་རྣམ་བཞག་ལ་དོན་གསུམ་ཡོད་པས་དཀྱུས་ཀྱི་སྔ་མ་འབྲས་བུའི་ངོ་བོ་ལ་བརྗོད་པར་བྱ་བ་ནི། ཡོན་ཏན་གྱི་རྟེན་བྱེད་པའི་སྐུ་དང་། གོ་བར་བརྡ་སྤྲོད་པའི་གསུང་དང་། དགོངས་པ་ཟབ་པའི་ཐུགས་ཉིད་དང་། དགོས་འདོད་འབྱུང་བའི་ཡོན་ཏན་དང་། བྱ་བ་བྱེད་པའི་ཕྲིན་ལས་རྣམས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཏེ། དེ་ལྟར་ལྔ་པོ་དེ་རེ་རེ་ལའང་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་ཉིད་ཀྱི་ངོ་བོར་གནས་སོ། །གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། དབྱེར་མེད་ལྷུན་འགྲུབ་ཀྱི་ངོ་བོ་དང་། མ་འདྲེས་རྣམ་གྲངས་སུ་སྣང་བའི་ངོ་བོའོ། །དང་པོ་ལ་གསུམ་ཏེ། བགྲང་། དང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་ནི། མཚན་གྱི་རྣམ་གྲངས་ཀྱི་འོག་མའི་སངས་རྒྱས་ལས་དཔག་ཚུལ་ངོ་བོ་ཉིད་ལྷུན་གྱིས་གྲུབ་པའི་དཔེ་དོན་དང་། དྲང་། ཨེ་མ་ཧོ་ནི་ལྷུན་གྱིས་གྲུབ་པའི་འབྲས་བུ་ཁྱད་པར་ཅན་ཡེ་ནས་གནས་པ་མངོན་སུམ་དུ་གྱུར་པ་ལ་ངོམས་པའོ། །དགོངས་པ་དེའི་ངོ་བོ་ཕྱོགས་རེས་ཉེས་སྐྱོན་དང་བྲལ་ཞིང་ཡང་དག་པར་དབྱེར་མེད་དུ་མངོན་སུམ་དུ་རྫོགས་པའི་དོན་ལ་གཞི་དང་ལམ་གྱི་ཉེས་པ་གཉིས་དང་བྲལ་བས་སངས་ལ་ཡེ་ཤེས་མཐའ་དབུས་མེད་པར་བདལ་བས་རྒྱས་པ་སྟེ། ལམ་ཆུང་ལས། སངས་པའི་ཡེ་ཤེས་ཕྱོགས་བྲལ་རྒྱས། །ཞེས་སོ། །ཐུན་མོང་གི་རྒྱལ་བ་ནི། སྐུ་གསེར་གྱི་གཏམས་པ་ལ་སོགས་པ་ཕྱིའི་བདུད་བཞི་ལས་རྒྱལ་བ་ཡིན་ལ། དེ་ལས་ལྷག་པ་འདིའི་རྒྱལ་བ་ནི་ཕུང་པོ་ལྔ་རིགས་ལྔར་ཤར་བ་ལ་སོགས་པ་ནང་གི་བདུད་བཞི་ལས་རྒྱལ་པའོ། །ཐུན་མོང་གི་ལྷ་ནི་རྒྱུའི་ཐེག་པ་ཇི་ལྟ་བ་དང་། ཕྱི་རྒྱུད་ཀྱི་ཇི་སྙེད་པའི་བག་ལ་ཉལ་གྱི་སྒྲིབ་པ་རྣམ་པར་དག་པ་ཡིན་ལ། དེ་ལས་ལྷག་པ་འདིའི་ལྷ་ནི་མཉམ་པ་ཉིད་ཀྱི་ངང་ལ་བག་ལ་ཉལ་གྱི་སྒྲིབ་པ་རྣམ་པར་དག་པའོ། །ཐུན་མོང་གི་འཕགས་པ་ནི་རྒྱུའི་ཐེག་པས་ཆོས་ཉིད་ཇི་ལྟ་བ་དང་། ཕྱི་རྒྱུད་ཀྱི་ཆོས་ཉིད་ཇི་སྙེད་མཁྱེན་པ་ཉིད་བདག་མེད་པ་མངོན་དུ་གྱུར་པ་ཡིན་ལ། དེ་ལས་ལྷག་པ་འདིའི་འཕགས་པ་ནི་དབྱེར་མེད་མཉམ་པ་ཉིད་ལ་བདག་མཐའ་དང་དག་བྲལ་བའི་ངང་ལ་སྤྱོད་ཡུལ་ཡོངས་སུ་དག་པས་ཀུན་ཏུ་བཟང་པོའོ། །ཐུན་མོང་གི་དེ་བཞིན་གཤེགས་པ་ནི་རྒྱུའི་ཐེག་པ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དང་། ཀྲི་ཡས་དག་པ་མཐའ་བཞི་དང་། ཡོ་གས་མཚན་མ་མེད་པའི་དེ་བཞིན་ཉིད་ལ་སོགས་པ་ནར་སོན་པས་གཤེགས་ལ། དེ་ལས་ལྷག་པ་འདིའི་དེ་བཞིན་གཤེགས་པ་ནི་གཉིས་མེད་ལྷུན་གྲུབ་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་ནར་སོན་ནས་གཤེགས་པའོ། །ཐུན་མོང་གི་བདེ་བར་གཤེགས་པ་ནི་རྒྱུའི་ཐེག་པས་ཉོན་མོངས་པ་ཆོས་ཉིད་དུ་སྦྱོང་བ་དང་། ཕྱི་རྒྱུད་ཀྱི་ལྷར་བསྒྱུར་ནས་ཟུག་རྔུ་ཞི་བས་བདེ་བར་གཤེགས་ལ། འདིར་དེ་ལས་ཀྱང་ལྷག་པ་འདིར་བདེ་བར་གཤེགས་པ་ནི། ཉོན་མོངས་ཡེ་ཤེས་སུ་རང་དབང་བསྒྱུར་ནས་ཟུག་རྔུ་ཞི་བས་བདེ་བ། དེ་མཐར་ཕྱིན་ནས་གཤེགས་པ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་དགོས་འདོད་ལྷུན་གྱིས་གྲུབ་པ་བཞིན་དུ་བཞུགས་པའོ། །དེ་ཡང་དགོས་པ་ཚང་བ། རེ་བ་སྐོང་བ། ཟད་མི་ཤེས་པ། རྒྱུན་མི་ཆད་པ། རྟོག་པ་མེད་པ། བདེ་བ་ལ་དགོད་པའམ། ཡང་ན་ཡོན་ཏན་ལ་ཟད་འཕེལ་དང་། དགོངས་པ་ལ་འགྲོ་འོང་དང་། ཐུགས་རྗེ་ལ་ཉེ་རིང་མེད་པའི་ཆོས་དྲུག་དང་ལྡན་པ་ནོར་བུས་མཚོན་པའི་རྒྱལ་བ་དྲུག་པ་དེ་ནི། ཡོན་ཏན་མ་ལུས་པ་རྫོགས་པས་དགོས་པ་ཚང་བ། གདུལ་བྱའི་རེ་བ་སྐོང་བ། རྒྱུན་མི་འཆད་པ། ཟད་མི་ཤེས་པ་བདག་དང་གཞན་དུ་རྟོག་པ་མེད་པ། བདེ་བ་ལ་དགོད་པས། འབྲས་བུའི་ཆོས་ཉེར་ལྔར་མ་འདྲེས་པར་ཤར་བའི་ངོས་ནས་རིགས་དུ་མར་སྣང་བས་གཅིག་པའི་མཐའ་དང་བྲལ་ལ། ཡོངས་རྫོགས་ཀྱི་ངོས་ནས་རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས་དུ་མའི་མཐའ་ཀུན་དང་བྲལ་ཞིང་དེས་ན་གཅིག་དུ་མ་གཉིས་ཀའི་བདག་ཉིད་ཡིད་པས་ལྡན་པའོ། །གཉིས་པ་རིགས་ལྷུན་གྲུབ་དེ་ཉིད་ཕྱོགས་མེད་དུ་ཤར་ཡང་རིགས་ཕྱོགས་གཅིག་ཏུ་ཆད་པ་མེད་པར་བསྟན་པ་དང་། དྲང་། ཀུན་བྲལ་ལྡན་པའི་སྐུ་ལྔ་ལྷུན་གྲུབ་དྲུག་པ་དེ་ཉིད་རིགས་ཐམས་ཅད་ཀུན་གྱི་དངོས་གཞི་ཡིན་པས། ཕྱོགས་གཅིག་པའི་རིགས་དང་བྲལ་བའི་ཕྱིར། རིགས་ཐམས་ཅད་ཀྱི་བདག་པོའམ་དྲུག་པ་ཞེས་བྱའོ། །དེ་ཡང་ལམ་ཆུང་ལས། རྒྱལ་བ་ཀུན་དང་དུས་གསུམ་ཆོས། །བདག་ཉིད་ཀུན་གྱི་སྤྱི་གཟུགས་ཅན། །ཞེས་སོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་བ་དྲུག་པ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རེ་རེ་ལའང་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་ལྡན་པ་དེ་ཞིང་ཁམས་ཕྱོགས་དུས་ཀྱི་རྒྱལ་བ་ཀུན་གྱི་ངོ་བོ་ཉིད་ཡིན་པས། གདུལ་བྱ་རྣམས་ལ་རང་རང་ཅི་ལྟར་མོས་བཞིན་དུ། གང་མོས་དེའི་རིགས་དང་མཐུན་པར་སྐུ་ལྔ་ལ་སོགས་པར་སྣང་ལ། ཡང་དག་པའི་དོན་རང་བཞིན་ཉིད་ཀྱི་དབང་བཙན་དུ་བྱས་ན། རིགས་རང་རྒྱུད་པ་འདི་ཁོ་ནའོ། །ཞེས་ཕྱོགས་གཅིག་ཏུ་གྲུབ་པ་མེད་དོ། །གསུམ་པ་ངོ་བོ་ལྷུན་གྲུབ་ཀྱི་ཡོན་ཏན་ཕྱོགས་རེ་ནས་མཚན་གྱི་རྣམ་གྲངས་སུ་དབྱེ་བའོ། །དྲང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་ཉིད་རེ་རེ་ལ་བྱེ་བྲག་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔར་ལྡན་ཞིང་སྣང་བའི་ཕྱིར། རིགས་ཐམས་ཅད་ཀྱི་བདག་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་ཀུན་ཏུ་བཟང་པོ་ཞེས་པ་དེའི་མཚན་གྱི་རྣམ་གྲངས་གང་ཞེ་ན། མཚན་ཉིད་གསུམ་གྱི་ཐ་མ་ནི་འབྲས་བུ་དེའི་ཐ་མ་མཐར་ཐུག་གི་འབྲས་བུའི་སྐབས་སུ་བག་ལ་ཉལ་གྱི་སྒྲིབ་པ་བཅོམ་པས་ཕྱོགས་ཞེན་ཐ་དག་བྲལ་བའི་ཕྱིར་སངས་ལ། རང་བྱུང་གི་ཡེ་ཤེས་ཀྱིས་འགྲོ་འོང་མེད་པར་ཤེས་བྱའི་ཆོས་ཀུན་ལ་ཁྱབ་པས་ན་རྒྱས་ཞེས་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་འགྲོ་འོང་མེད་པར་ཤེས་བྱ་ཀུན་ལ་ཁྱབ་པས་ན་རྒྱས་པའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཆོས་ཉིད་སྣང་སྟོང་གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ནི་མ་བཅོས་པར་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་དོ། །ཅི་བཞིན་པ་དེའི་ངང་ཉིད་དུ་དགོངས་པ་འགྲོ་འོང་མེད་པར་ནར་སོན་པར་གཤེགས་པས་ན་དེ་བཞིན་གཤེགས་པ་ཞེས་ཀྱང་བྱ། དེ་བཞིན་དུ་ཆོས་ཉིད་ལ་སྤྲོས་པའི་ཟུག་རྔུ་མེད་པས་བདེ་བ་ཆེན་པོའི་ངང་ཉིད་དུ། རྩོལ་རྟོག་གི་ཟུག་རྔུ་ཀུན་དང་བྲལ་ཏེ། བདག་གཞན་གྱི་དོན་གཉིས་ཡོངས་སུ་རྫོགས་པའི་ཕྱིར་ན་བདེ་བར་གཤེགས་པ་ཞེས་བྱའོ། །དུས་གསུམ་གྱི་སངས་རྒྱས་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གཉིས་སུ་མེད་པར་སེམས་ཉིད་ལ་ནར་སོན་པས་འཁོར་འདས་ཐམས་ཅད་ལ་དབང་བསྒྱུར་བས་དབང་ཕྱུག་ཆེན་པོ་དྲུག་པ་ཉིད་ལོངས་སྤྱོད་ཆེན་པོའི་སྐུར་བཞུགས་པས་ན་དབང་ཕྱུག་ཆེན་པོ་ཞེས་བྱའོ། །གསང་བའི་བདག་པོ་ཡེ་ཤེས་དང་ཡུལ་དབྱིངས་གཉིས་འདུ་འབྲལ་མེད་པའམ་གསང་བའི་དབང་པོ་རྡོ་རྗེ་དང་པདྨ་གཉིས་འདུ་འབྲལ་མེད་པར་ཁ་སྦྱོར་གྱི་བདེ་བ་ལ་ལོངས་སྤྱོད་པས་གསང་བའི་སྐུ་ཞེས་ཀྱང་བྱ། འཁོར་འདས་ཀྱི་དངོས་པོ་གཉིས་ཀྱི་ལོངས་སྤྱོད་ལ་བསྟར་ལ་མི་འཛིན་པས་བདེ་བ་ཆེན་པོར་ལོངས་སྤྱོད་པས་ན་ལོངས་སྤྱོད་ཅེས་བྱའོ། །དེ་དག་ནི་དྲུག་པ་ཀུན་ཏུ་བཟང་པོའི་མཚན་གྱི་རྣམ་གྲངས་སོ། །གཉིས་པ་མ་འདྲས་རྣམ་གྲངས་ཀྱི་ངོ་བོ་ལ་གཉིས་ཏེ། བགྲང་། དང་པོ་ཉེ་བར་བསྟན་པ་དང་། དྲང་། ལྷུན་གྱིས་གྲུབ་པའི་རྒྱལ་བ་དྲུག་པ་སྤྱིའི་གཟུགས་ཅན་རིགས་ཐམས་ཅད་ཀྱི་བདག་པོ་དེ་ཉིད་ཀྱི་ཡོན་ཏན་གྱི་ཆ་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་ཆ་རེ་རེ་ནས་ཕྱེས་ཏེ། ཉི་ཤུ་རྩ་ལྔ་བརྗོད་པ་ནི། གང་ཞེ་ན། གཉིས་པ་རྒྱས་པར་བཤད་པ་དེ་ལ་ལྔ་སྟེ། སྐུ་ལྔ་དང་། གསུང་ལྔ་དང་། ཐུགས་ལྔ་དང་། ཡོན་ཏན་ལྔ་དང་། ཕྲིན་ལས་ལྔའོ། །དང་པོ་ལ་གཉིས་ཏེ། ངོ་བོ་སྐུ་ལྔ། དེས་འདུལ་བའི་འཁོར་ལྔའོ། །དང་པོ་ལ་ལྔ་སྟེ། བགྲང་། དང་པོ་ཆོས་ཀྱི་སྐུ་དང་། དྲང་། འཇིག་རྟེན་ལས་འདས་པ་རྣམ་པར་བྱང་བ་དང་། མ་འདས་པ་འཁོར་བའི་ཆོས་ཀུན། དུས་གསུམ་གྱིས་བསྡུས་པའི་ཆོས་ཅན་མ་ལུས་པ་ཀུན་ཆོས་ཉིད་དོན་དམ་པ་དབྱེར་མེད་དུ་གཅིག་པའི་རྒྱལ་བ་ཆོས་སྐུ་ཉིད་ཡིན་པའི་ཕྱིར་ན། འཁོར་འདས་སྣ་ཚོགས་པའི་ཆོས་སུ་མ་འགག་པར་ཀུན་རྫོབ་ཏུ་སྣང་བའི་དུས་ཉིད་ན། དོན་དམ་ལ་རང་བཞིན་ནམ་ངོ་བོ་རང་རྒྱུད་དུ་གྲུབ་པ་མེད་པའི་ཕྱིར་ན། སྣང་སྟོང་གཉིས་སུ་མེད་པའི་དོན་མངོན་དུ་བྱེད་པ་དེ་ཉིད་དྷརྨ་ནི་ཆོས། ཀཱ་ཡ་ནི་སྐུ་སྟེ་སྣང་སྟོང་གཉིས་སུ་མེད་པའི་ཆོས་སྐུར་གནས་སོ། །རྒྱས་པ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ནས་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་སོ། །གཉིས་པ་མངོན་པར་བྱང་ཆུབ་པའི་སྐུ་དང་། དྲང་། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་པར་མངོན་སུམ་དུ་སྣང་བས་མངོན་པར། དེ་ཉིད་ལ་ཕྱོགས་འཛིན་གྱི་ཞེན་པའི་མཐའ་ཀུན་དང་བྲལ་བས་བྱང་། རང་རིག་པའི་ཡེ་ཤེས་སུ་ཀུན་ཆུབ་པའི་ཕྱིར་མངོན་པར་བྱང་ཆུབ་པ་སྟེ། རིག་པ་དེ་ཉིད་རྒྱུ་རྐྱེན་དང་བྱེད་པ་པོ་མེད་པར་རང་བྱུང་ཞིང་། སྒྲིབ་གཡོགས་མེད་པར་རང་གསལ་བས་ཡེ་ཤེས་ཆེན་པོ་ནི་སྐུ་བཞི་པོ་ཀུན་གྱི་གཞི་བྱེད་ཅིང་གདུལ་བྱ་ཇི་ལྟར་འདུལ་བ་ལྟར་སྣང་བའི་ཕྱིར་མངོན་པར་བྱང་ཆུབ་པའི་སྐུ་སྟེ་སྐུ་བཞི་པོ་ལས་མཆོག་ཏུ་གྱུར་པའོ། །ཞེས་པ་སྟེ་རང་སའི་ཆེ་བའོ། །གསུམ་པ་ལོངས་སྐུ་དང་། དྲང་། ཐ་མ་འདོད་པའི་ཁམས་ཀྱི་གནས་ཀྱི་མཐའ་མ་དམྱལ་བ་ནས། ཡར་མཐའ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་དམྱལ་བ་ལ་སོགས་པ་ངན་སོང་གསུམ་གྱི་སྡུག་བསྔལ་ཀུན་དང་། འདོད་ཁམས་ཀྱི་ལྷ་མོའི་འདོད་ཡོན་གྱི་བདེ་བ་དང་། གཟུགས་ཁམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་སྙོམས་འཇུག་བཞི་དང་། ཉན་རང་གི་འགོག་པའི་སྙོམས་འཇུག་དང་། དགྲ་བཅོམ་པ་ཞི་བ་ཕྱོགས་གཅིག་པའི་བདེ་བ་དང་། བྱང་སེམས་ཀྱི་བཏང་སྙོམས་དང་། གསང་སྔགས་ཀྱི་བདེ་ཆེན་དང་། སོགས་ཁོངས་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཡུལ་ཡུལ་ཅན་དུ་ཞེན་པ་མེད་པར་ཀུན་ལ་རོལ་པས་ལོངས་སྤྱོད་ཆེ་བ་སྟེ་ལོངས་སྤྱོད་རྫོགས་པའི་སྐུའོ། །སྤར་ཁབ་ལས། ཐམས་ཅད་ཀྱིས་རོ་མྱོང་ཡང་བདག་ཉིད་ཆེན་པོའི་ཕྱིར། ཞེས་སོ། །བཞི་པ་སྤྲུལ་པའི་སྐུ་དང་། དྲང་། རླུང་གི་རྟ་བདུན་ལ་བརྟེན་པ་ནི་ཉི་མ་དང་། རི་བོང་གཟུགས་བྲིས་པ་ཅན་ཟླ་བ་ཉིད་ལྷ་རྣམས་ཀྱི་གཞལ་ཡས་ཁང་ཡིན་པ་དེ་ལས་མ་གཡོས་བཞིན་དུ། ཆུ་དྭངས་ཀུན་ཏུ་གཟུགས་བརྙན་ཐ་དད་པར་སྣང་བ་ལྟར་རྒྱལ་བ་དྲུག་པའི་སྐུའི་ངོ་བོ་འམ་དགོངས་པར་འགྲོ་འོང་མེད་པར་གདུལ་བྱ་འདུལ་བའི་ཐབས་ལ་ཕྱོགས་ཀུན་ཏུ་ཐུབ་པ་དྲུག་ལ་སོགས་པར་སྣང་ནས་དོན་མཛད་པ་ནི་སྤྲུལ་སྐུའི་མཆོག་ཏུ་གྱུར་པའོ། །ལྔ་པ་རྡོ་རྗེའི་སྐུའོ། །དྲང་། དཔེ་ཇི་ལྟར་ན་འདུས་མ་བྱས་ཀྱི་ནམ་མཁའ་ལ་སྐྱེ་བ་དང་འཇིག་པ་མེད་པ་ལྟར། སྤྲུལ་སྐུ་ལ་སོགས་འདུས་བྱས་མི་རྟག་པ་ཆོས་ཀུན་གྱི་དངོས་གཞིར་སྣང་ཀྱང་། ངོ་བོ་རང་ལ་འགྱུར་བ་མེད་པས་རྟག་པ་ཆེན་པོར་བཞུགས་པ་དེ་ཉིད་སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ་མཆོག་ཏུ་གྱུར་པ་དེ་ལ་སྐྱེ་འཇིག་མེད་པའོ། །དེའི་ནི་གྲངས་ཀྱི་ལྔ་པ་དབྱེར་མེད་རྡོ་རྗེའི་སྐུ་ཉིད་དུ་ལེའུ་ལག་ལ་སོགས་པའི་རྒྱུད་ཀུན་ཏུ་རབ་ཏུ་གྲགས་སོ། །གཉིས་པ་དེས་འདུལ་བའི་འཁོར་ལྔའོ། །དྲང་། དེ་ལྟར་སྐུ་ལྔ་པོས་སོ་སོར་འདུལ་བའི་འཁོར་ལྔ་བསྟན་པ་ནི། ཆོས་སྐུའི་འཁོར་ཡེ་ཤེས་ལྔའི་གཟུགས་བརྙན་མཆོག་གི་རིགས་ལྔར་ཤར་བས་ཡེ་ཤེས་རྒྱ་མཚོའི་ཚོགས་ཞེས་བྱ་བ་དང་། ལོངས་སྐུའི་འཁོར་སྨིན་པ་རྒྱ་མ ཚོ་ནི། ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྒྲིབ་པ་གྱུར་པ་སྒྲིབ་པའི་མཐའ་མ་ཤེས་སྒྲིབ་ཆ་ཕྲ་བ་སྤང་བས། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་རྣམས་སོ། །མངོན་པར་བྱང་ཆུབ་པའི་སྐུའི་འཁོར་རྒྱལ་བ་རྒྱ་མཚོ་ནི། ཡོ་གའི་འབྲས་བུའི་རྒྱལ་པོ་རིགས་ལྔ་དང་། ཨུ་པ་ཡའི་རིགས་བཞི་དང་། ཀྲི་ཡའི་རིགས་གསུམ་དང་། ཕ་རོལ་ཏུ་ཕྱིན་པའི་ཀུན་ཏུ་འོད་ཀྱི་སངས་རྒྱས་ལ་སོགས་པའི་རྒྱུད་མས་སྦྱོང་བ་ཐེག་པ་འོག་མའི་སངས་རྒྱས་ཏེ། རྒྱལ་བ་རྒྱ་མཚོའི་ཚོགས་དང་། སྤྲུལ་སྐུའི་འཁོར་མོས་པ་རྒྱ་མཚོ་ནི། རྒྱུའི་མོས་པ་སྤྱོད་པའི་ཚོགས་སྦྱོར་བ་དང་རྒྱུའི་ས་དང་པོའམ་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་ནོ། །རྡོ་རྗེ་སྐུའི་འཁོར་ནི་དབྱེར་མེད་རྡོ་རྗེའི་ཚོགས་ཀྱི་ཞལ་མཐོང་ཞིང་གསུང་བརྡ་འཇལ་བའི་ཕྱིར་ལྷུན་གྲུབ་རིག་འཛིན་ནི་རྡོ་རྗེའི་སྐུའི་འཁོར་གྱི་མིང་གྲུབ་བོ། །མདོར་ན་སྐུ་ལྔ་ལྷུན་གྱིས་གྲུབ་པ་དེས་འདུལ་བ་སྤྱིའི་འཁོར་ནི། སྙན་ཆ་ལྔ་དང་ལྡན་པའི་སྡུད་པ་པོ་གསང་བའི་བདག་པོ་ཡིན་ཏེ། རྡོ་རྗེ་ལས། ཚོགས་འཁོར་ཡེ་ཤེས་རྒྱ་མཚོ་ལས། །རང་བཞིན་དཀྱིལ་འཁོར་ལྷན་ཅིག་ཏུ། །ཡེ་ཤེས་ལྷ་མོ་ལ་བརྟེན་ནས། །ཡེ་ཤེས་ཆེན་པོའི་དབང་བསྐུར་བའི། །གསང་བདག་རྡོ་རྗེ་འཆང་ཆེན་འགྱུར། །ཞེས་པ་དང་། རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བའི་སེམས་སོགས་དང་། །དང་པོ་སངས་རྒྱས་སུ་རྒྱལ་བ། །སེམས་དཔའ་ཆེ་དང་འཇམ་པ་ཆེ། །ཞེས་གསུངས་སོ། །གཉིས་པ་གསུང་ལྔ་ལ་གཉིས་ཏེ། བགྲང་། དང་པོ་གསུང་ལྔ་སོ་སོའི་འཁོར་དང་གསང་བདག་གིས་ལྷུན་གྲུབ་ཏུ་བརྡ་འཇལ་ཚུལ་སྤྱིར་བསྟན་པ་དང་། དྲང་། འཁོར་ལྔ་པོ་དེ་དག་ལ་སྟོན་པ་སྐུ་ལྔ་པོ་དེའི་དགོངས་པ་གསུངས་ལྔ་པོ་བཤད་པ་ནི། སྤྲུལ་སྐུའི་ཚིག་ཏུ་བརྗོད་པས་གོ་བ་དང་། སྐུ་བཞིའི་ཚིག་ཏུ་མ་བརྗོད་ཀྱང་བརྗོད་པ་དང་འདྲ་བའི་ཕྱིར་དོན་གྱི་གསུང་དུ་ངེས་པས་ནི། ཚིག་དང་ཡི་གེ་རུ་བརྗོད་མེད་པར་དོན་གོ་ཞིང་བརྡ་འཇལ་བར་བྱེད་པའང་། ཆོས་སྐུ། ལོངས་སྐུ། མངོན་བྱང་། རྡོ་རྗེའི་སྐུ་དང་། བཞིའི་གསུང་ཡིན་ལ། སྤྲུལ་སྐུའི་གསུང་ཚིག་དང་ཡི་གེ་རུ་བརྗོད་པས་སྟོན་པ་སྟེ། དེ་ཡང་འགྲོ་དྲུག་གི་གནས་སུ་རྩ་བ་དྲུག་པོ་རེ་རེ་ལ་ཡང་། རིང་ཐུང་འབྲིང་གི་ཆས་དྲུག་དྲུག་གོ། །དེ་རེ་རེ་ལ་ཡན་ལག་བཅུ་བཅུ་སྟེ་དྲུག་ཅུ་བ་ཚན་པ་དྲུག་ལ་སུམ་བརྒྱ་དང་དྲུག་ཅུས། དོན་གོ་ཞིང་བརྡ་འཇལ་བར་བྱེད་པ་སྤྲུལ་སྐུའི་ཚིག་གི་གསུང་དང་། ལྔ་པོ་ཉིད་ཀྱི་ཚུལ་གྱིས་དོན་གྱི་གོ་བ་དེ་ཡང་། སྐུ་ལྔ་པོ་སོ་སོ་རང་རང་གི་འཁོར་ལྔ་པོ་དེ་དག་ཉིད་དང་། སྤྱིའི་འཁོར་སྡུད་པ་པོ་གསང་བདག་ཕྱག་ན་རྡོ་རྗེ་དག་གིས་གསུང་ལྔ་ལྷུན་གྲུབ་དུས་གཅིག་ཏུ་ཐོས་ནུས་པའི་སྙན་ཆ་ལྔ་དང་ལྡན་པའི་ཕྱིར་གསུང་ལྔ་ལྷུན་གྲུབ་ཐོས་པས། སྡུད་པ་པོའི་ཚིག་ཚོགས་དང་ཡི་གེར་བཀོད་པའི་ཚེ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཀུན་གྱི་མགོ་ལ། སྐུ་བཞིའི་གསུངས་པ་ལ་བཤད་ཅེས་པ་དང་། སྤྲུལ་སྐུའི་གསུང་ལ་ཐོས་ཞེས་གསུངས་སོ། །གོང་གི་ཡི་གེ་དྲུག་བཅུ་ནི། ལྷ་ལ་སོགས་པའི་འགྲོ་བ་རིས་དྲུག་པོ་ལ་རིམ་པ་ལྟར། ཚངས་པའི་དབྱངས་ལྟ་བུ་དང་། སིལ་སྙན་ལྟ་བུ་དང་། གླུ་དབྱངས་ལྟ་བུ་དང་། ཀ་ལ་པིང་ཀ་ལྟ་བུ་དང་། འབྲུག་དབྱངས་ལྟ་བུ་དང་། སྒྲ་སྙན་ལྟ་བུའོ། །དེ་དག་རེ་རེ་ལའང་། དབྱངས་རིང་མོ་འབྲིང་ངེ་བ་དང་། དུང་ངེ་བ་གཉིས། ཐུང་བ་ལ་ཤ་ཏ་པ་དང་། གར་ཏ་པ་གཉིས། འབྲིང་པོའམ། དེ་གཉིས་འདུས་པ་ལས་བྱུང་བ། ཅང་ཀ་ཏེའུ་དང་པར་ཀ་ཏེའུ་གཉིས། དེ་དག་རེ་རེ་ལའང་། དབྱངས་ཀྱི་ཡན་ལག་བཅུ་བཅུ་དང་ལྡན་པ་སྟེ། འདུ་ཤེས་བསྐྱེད་པ་དང་། རྣམ་པར་རིག་པ་དང་། ཉན་པར་འོས་པ་དང་། མི་མཐུན་པ་མེད་པ་དང་། ཤིན་ཏུ་ཟབ་པ་དང་། རྗེས་སུ་འབྱུང་བ་དང་། གང་གིས་ཀྱང་མི་ཚུགས་པ་དང་། རྣ་བར་སྙན་པ་དང་། རྣམ་པར་མ་འཁྲུག་པ་དང་། ཤིན་ཏུ་གསལ་བ་སྟེ། དེ་ལྟར་སུམ་བརྒྱ་དྲུག་ཅུའོ། །གཉིས་པ་གསུང་ལྔ་སོ་སོར་བཤད་པ་དེ་ལ་ལྔ་སྟེ། བགྲང་། དང་པོ་ཆོས་སྐུ་སྐྱེ་མེད་དོན་གྱི་གསུངས་དང་། དྲང་། ཆོས་སྐུའི་འཁོར་དང་། སྐྱེ་མེད་ཀྱི་དོན་གཉིས་རང་བཞིན་བདག་ཉིད་གཅིག་པའི་འབྲེལ་པ་ཡོད་པ་དང་། འཁོར་གྱི་གྲིབ་པ་དག་སྟེ་ཤེས་རབ་ཀྱི་དབང་པོ་དྭངས་པས། དཔེར་ན་རྒྱ་མཚོ་རྙོག་མ་དྭངས་པའི་ཆུ་ལ་ཉི་ཟླ་སྐར་གསུམ་གྱི་གཟུགས་བརྙན་གསལ་བར་འཆར་བ་བཞིན་དུ། ཆོས་ཐམས་ཅད་མ་སྐྱེས་ཤིང་སྐྱེ་བ་མེད་པར་བརྡ་སྤྲོད་པས། ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་མཆོག་གིས། སྤྲུལ་སྐུའི་གསུང་ལྟར་ཚིག་ཏུ་སྨྲ་བརྗོད་མེད་པར་གོ་བར་བྱེད་པ་སྟེ། དེ་ཡང་ཆོས་སྐུའི་དགོངས་པ་སྐྱེ་མེད་དེ། འཁོར་ཡེ་ཤེས་རྒྱ་མཚོའི་བློ་ལ་སྣང་བར་མཛད་པའོ། །གཉིས་པ་མངོན་པར་བྱང་ཆུབ་པའི་གསུང་རིག་པ་བྱིན་རླབས་ཀྱི་གསུང་དང་། དྲང་། རང་རིག་པའི་ཡེ་ཤེས་དེ་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་མིང་ལྔ་དང་ལྡན་པས། གོང་གི་ཆོས་སྐུའི་གསུང་དེ་བཞིན་དུ་རང་བཞིན་འབྲེལ་བའི་རིག་པ་བྱིན་རླབས་ཀྱིས་གསུང་གིས་བརྗོད་པ་མེད་པར་བརྗོད་བྱའི་དོན་རང་བཞིན་གསང་བའི་སྙིང་པོའི་རྒྱུད་ཀྱི་དོན་རྣམས་ཀུན། དཔེར་ན་ཉི་མའི་དཀྱིལ་འཁོར་འོད་ཀྱིས་ཐམས་ཅད་གསལ་བར་བྱེད་པ་ལྟ་བུར་འཁོར་གྱི་བློ་ལ་དོན་གསལ་བར་སྣང་བའོ། །གསུམ་པ་ལོངས་སྐུ་དགོངས་པ་བརྡའི་གསུང་དང་། དྲང་། དཔེར་ན་མེ་ལོང་ལྟ་བུར་སྐྱོན་སེལ་བར་བྱེད་པ་དང་། ལེགས་པར་སྐྱེད་པ། གསལ་བར་བྱེད་པ། གཟུགས་བརྙན་སྣང་བར་བྱེད་པ། རྩོལ་བ་མེད་པ། འདུ་བྱེད་པ་མེད་པ། ལྡན་པ་མ་ཡིན་པ། མི་ལྡན་པ་མ་ཡིན་པ་དང་ཆོས་བརྒྱད་ཀྱིས་མཚོན་པའི་དོན་དབང་ཕྱུག་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་དེ་འཁོར་སྨིན་པ་རྒྱ་མཚོའི་ཚོགས་ཀྱི་མཐོང་བ་ཙམ་གྱིས་འཁོར་རྒྱུའི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་། འབྲས་བུ་གསང་སྔགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དང་། འབྲས་བུ་གསང་སྔགས་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་རིག་པ་འཛིན་པ་རྣམས་ཀྱི་རྒྱུད་ལ་བརྡའི་སྒོ་ནས་གསང་སྔགས་རྡོ་རྗེའི་ཐེག་པའི་དོན་སྣང་བར་བྱེད་དོ། །བཞི་པ་སྤྲུལ་སྐུའི་གསུང་ཚངས་པ་དབྱངས་ཀྱི་ཚིག་ཏུ་དང་། དྲང་། འཁོར་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་བར་མྱ་ངན་ལས་འདས་པའི་ཆོས་དང་། ཐར་པའི་གནས་སུ་བགྲོད་པ་ལམ་གྱི་ཆོས་དང་། ཀུན་ནས་ཉོན་མོངས་པ་དང་བཅས་པ་འཁོར་པའི་ཆོས་སུ་སྣང་བའི་སྒྲ་སྐད་ཐམས་ཅད། སྤྲུལ་སྐུའི་གསུང་གི་རྩ་བ་ཚངས་པའི་དབྱངས་ལ་སོགས་པ་དྲུག་རིགས་དྲུག་གི་ཡན་ལག་འདུ་ཤེས་བསྐྱེད་པ་ལ་སོགས་པ་བཅུ་བཅུ་སྟེ། སུམ་བརྒྱ་དྲུག་ཅུའི་ཚུལ་གྱིས་ཚོགས་ཀུན་འཇིག་རྟེན་གྱི་མེས་པོ་ཚངས་པའི་ངག་ལྟར་སྙན་ཅིང་ཡིད་དུ་འོང་བའི་གསུང་གིས་གདུལ་བྱ་མོས་པ་སྤྱོད་པའི་ས་པ་ལས་འཕྲོ་དང་སྐལ་བ་ཅན་རྣམས་ལ། ཚིག་དང་སྒྲ་སྣང་བ་རང་རང་གི་ཤའི་རྣ་བས་དངོས་སུ་ཐོས་པའོ། །ལྔ་པ་རྡོ་རྗེའི་གསུང་གྲགས་སྟོང་དབྱེར་མེད་དུའོ། །དྲང་། གདུལ་བྱ་རྣམས་རང་རང་སོ་སོའི་ཇི་ལྟར་དོན་གོ་བ་དང་། འདུལ་བར་སྣང་བའི་འཁོར་ལ་རྡོ་རྗེའི་གསུང་རྣམས་དཔེར་ན་བྲག་གི་ངོས་ལ་སྒྲའི་བསྐྱེད་པའི། བྲག་ཆའི་སྒྲ་གྲགས་ཀྱང་། བྲག་གིས་སྨྲ་བ་མེད་པ་ལྟར། དོན་གྲགས་སྟོང་དབྱེར་མེད་རྡོ་རྗེའི་གསུང་དང་། སྟོན་པས་གསུང་པ་མེད་པར་འཁོར་ལ་སྣང་བས་ན། དབྱེར་མེད་ཀྱི་གསུང་དེ་ཡང་གཟུགས་མཐོང་བ་དང་། སྒྲ་ཐོས་པར་བྱེད་པའང་རྡོ་རྗེའི་གསུང་དེ་ཉིད་བརྡ་འཇལ་བའི་མཐུ་གཟུགས་སྣང་སྟོང་དང་། སྒྲ་གྲགས་སྟོང་དུ་ཤར་བའོ། །གསུམ་པ་ཐུགས་ལ་ལྔ་སྟེ། བགྲང་། དང་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་བདེ་བ་ཆེན་པོའི་ཐུག་དང་། དྲང་། འཁོར་འདས་ཀྱི་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཕྱི་ནང་སྣོད་བཅུད་ལ་སོགས་བྱེ་བྲག་གིས་དབྱེ་བ་ཡན་ལག་དང་བཅས་པའི་ཆོས་རྣམས། རང་རིག་པ་བྱང་ཆུབ་སེམས་ཀྱི་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་ན། སྣང་བ་མ་སྤང་བས་རྣམ་པ་ཀུན་ལྡན་གྱི་སྟོང་པ་ཆེན་པོའི་དོན་མངོན་དུ་བྱས་པའི་ཡེ་ཤེས་ཀྱིས་དངོས་པོར་སྣང་བས་ཟུག་རྔུ་མ་སྤངས་བས་ལྡན་བཞིན་དུ་རང་རྒྱུད་དུ་མི་དམིགས་པས་བྲལ་བའི་དོན་དེ་ཀ་ལ་བདེ་བ་ཆེན་པོ་མཆོག་གི་ཐུགས་ཞེས་བྱའོ། །དེ་ཡང་དཔེར་ན་ནམ་མཁའ་སྟོང་ཞིང་གོ་སྐབས་འབྱེད་པ་ལྟ་བུར་ཤེས་བྱའི་ཆོས་ཐམས་ཅད་ཡེ་ནས་སྒྲིབ་གཡོགས་མེད་པར་གསལ་ལ་ངོ་བོས་སྟོང་པས་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །གཉིས་པ་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་མི་རྟོག་མཆོག་གི་དོན་དང་། དྲང་། ཆོས་རྣམས་སྤྱི་དང་རང་གི་མཚན་ཉིད་དབྱེར་མེད་པའི་ཆོས་རྣམས་ཀུན་ཡུལ་དང་ཡུལ་ཅན་དུ་རྟོག་པ་མེད་པར། དཔེར་ན་མེ་ལོང་དྭངས་པར་བཞིན་གྱི་གཟུགས་བརྙན་གསལ་བ་བཞིན། མངོན་སུམ་བཞི་པོ་ཀུན་གྱི་མཆོག་རང་རིག་པས་མངོན་སུམ་དུ་རྟོག་པ་ཡིན་ཏེ། དེ་ཀ་ལ་རྣམ་པ་མི་རྟོག་པ་མཆོག་གི་ཐུགས་ཞེས་བྱའོ། །གསུམ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་མཉམ་པ་ཆེན་པོ་མཆོག་གི་ཐུགས་དང་། དྲང་། དཔེར་ན་འབྱུང་བ་ཆེན་པོ་ལྔ་གང་ལ་ཡང་། བཟང་ངན་དང་སྐྱོན་ཡོན་ཐམས་ཅད་མཉམ་པ་ལྟ་བུར ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཐ་དད་བཟང་ངན་གྱི་སྐྱོན་གང་ཡང་མི་འབྱེད་ཅིང་བླང་དོར་མེད་པར་མཉམ་པ་ཉིད་ཀྱིས་མཁྱེན་ཅིང་། དུས་ཐམས་ཅད་དུ་དགོངས་པ་ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་ལས་དགོངས་པ་མི་གཡོ་བ་དེ་ནི་མི་གཡོ་བའི་ཐུགས་སམ། མཉམ་པ་ཆེན་པོ་མཆོག་གི་ཐུགས་ཅེས་བྱའོ། །བཞི་པ་བྱ་བ་གྲུབ་པའི་ཡེ་ཤེས་འགྲོ་བ་སྒྲོལ་བའི་དང་། དྲང་། སངས་རྒྱས་དང་སེམས་ཅན་གཉིས་སུ་མི་འབྱེད་པའི་ཐུགས་རྗེ་ཆེན་པོས་འདུལ་བྱེད་ཀྱི་སྟོན་པ་དང་། གདུལ་བྱ་གཉིས་ངོ་བོ་བདག་ཉིད་གཅིག་པར་འབྲེལ་བ་ཡོད་པ་དང་། སངས་རྒྱས་དེ་ཉིད་ཀྱི་ཐུགས་ནི་མཉམ་པ་ཉིད་ཀྱི་དབྱིངས་ལས། གདུལ་བྱ་རྣམས་མི་གཞན་པར་མཁྱེན་པའི་ཕྱིར། ལམ་པ་ལྟར་གདུལ་བྱའི་དོན་བྱ་བ་དང་། བྱེད་པའི་རྩོལ་བ་མེད་པར་ཕྲིན་ལས་རྣམ་པ་བཞི་ཡིས་འགྲོ་བ་རྣམས་འཁོར་བ་ལས་སྒྲོལ་བར་བྱེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ནི། འགྲོ་བ་སྒྲོལ་བའི་ཐུགས་རྗེ་ཡིན་ནོ། །ལྔ་པ་སོ་སོར་རྟོགས་པའི་ཡེ་ཤེས་མི་ཕྱེད་རྡོ་རྗེའི་ཐུགས་སོ། །དྲང་། ཡུལ་ཆོས་ཉིད་སྤྲོས་བྲལ་དང་། ཆོས་ཅན་སེམས་ཀྱི་འཛིན་པ་ཐམས་ཅད་ཀུན། ཐ་དད་ཀྱི་འཛིན་པ་དང་བྲལ་བས་ཆོས་ཅན་རང་གི་མཚན་ཉིད་དང་། ཆོས་ཉིད་སྤྱིའི་མཚན་ཉིད་དང་། དབྱེར་མེད་དུས་གཅིག་ཏུ་རིག་པ་ལ་གསལ་བའི་དཔེ་ནི། དཔེར་ན་ནམ་མཁའ་ལ་འཇའ་ཚོན་སྣང་བ་ལྟར། རང་སྤྱི་གང་ཡང་གསལ་སྟོང་དབྱེར་མེད་དུ་མ་འདྲེས་པར་གསལ་བ་དེ་ནི། དོན་རྟོགས་པའི་ཡེ་ཤེས་སམ་ཐམས་ཅད་མཁྱེན་པའི་ཐུགས་སམ། རང་སྤྱིའི་གསལ་སྟོང་དབྱེར་མེད་མི་ཕྱེད་པ་རྡོ་རྗེའི་ཐུགས་མཆོག་གོ། །ཅེས་སྨོས་སོ། །རྒྱས་པར་ནི་སྤྱི་མདོའི་ལེའུ་སུམ་ཅུ་སོ་བཞི་པར་བལྟ་བར་བྱའོ། །འོ་ན་ཆོས་སྐུའི་སྐུ་གསུང་ཐུགས་གསུམ་ཀ་དབྱེར་མེད་དུ་མཐུན་པར་བཤད་པས་ན་ཁྱད་མེད་དམ་ཞེ་ན། ངོ་བོ་ལ་ཁྱད་མེད་ཀྱང་མཚོན་ཚུལ་ལ་ཁྱད་ཡོད་དེ། དེ་ཡང་དོན་དབྱེར་མེད་ཀྱི་རྟེན་བྱེད་པའི་ཆ་ནས་སྐུ་དང་། དེ་ཉིད་བརྡ་འཕྲོད་པའི་ཆ་ནས་གསུང་དང་། དེའི་ངོ་བོ་ཟབ་པའི་ཆ་ནས་ཐུགས་སུ་ཕྱེ་བ་ཡིན་ནོ། །བཞི་པ་ཡོན་ཏན་ལ་ལྔ་སྟེ། བགྲང་། དང་ཞིང་ཁམས་ཡོན་ཏན་ཅན་དང་། དྲང་། གནས་ཕྱོགས་བཅུ་དུས་བཞིས་བསྡུས་པའི་ཆོས་འདས་པ་མ་ལུས། ད་ལྟ་བ་མི་ལུས། མ་འོངས་པ་ལུས་པ་མེད་པ་རྣམས། རང་རྒྱུད་དུ་གྲུབ་པ་མེད་པར་རིག་པ་རང་སྣང་བ་ཉིད་ཀྱི་ཕྱིར། སེམས་ཉིད་ཀྱི་ངོ་བོ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟ་བུ་ཇི་ལྟར་བསམ་པ་ལྟར་སྣང་བའི་ཡོན་ཏན་མང་བ་ནི། སྤྲིན་ཕུང་ཙམ་གྱི་ཚོགས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་སྣང་བའོ། །གཉིས་པ་གཞལ་ཡས་ཁང་དང་། དྲང་། འབྲས་བུ་ཆེ་བའི་ཡོན་ཏན་ཐམས་ཅད་འབད་པ་མེད་པར་ལྷུན་གྱིས་གྲུབ་ཅིང་རྫོགས་པའི་རིག་པ་སྣང་བའི་རྟེན་གཞལ་ཡས་ཁང་ནི་གནས་ཀྱི་ངོ་བོ་ཡིན་པ་དང་། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་གཉིས་དང་བྲལ་བའི་རང་རིག་པ་ཉིད་ལ་བརྟེན་པ་ལྷ་དང་། རྟེན་ཅན་གཞལ་ཡས་ཁང་དང་གཉིས་སུ་མེད་པར་དེ་ནི་སངས་རྒྱས་ཀུན་གྱི་བཞུགས་གནས་ཡིན་ཏེ་གནས་ཀྱི་རང་བཞིན་ནོ། །དེ་ཡང་རྒྱས་པ་ལས། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་སོ། །གསུམ་པ་རྒྱན་ཆ་དང་། དྲང་། འདོད་ཡོན་ལྔ་ལ་སོགས་པ་གང་ཡང་མ་སྤང་བར་རང་རིག་པའི་ཡེ་ཤེས་སུ་ལྷུན་གྱིས་རྫོགས་པའི་ཕྱིར། སྣ་ཚོགས་ཀྱི་སྣང་བ་མ་འགགས་པ་དེ་ནི། རང་བཞིན་གྱི་དཀྱིལ་འཁོར་ཆེན་པོའི་རྒྱན་ཡིན་ནོ། །ཞེས་པའམ། རིན་པོ་ཆེ་དང་། འདོད་ཡིན་གྱི་ལྷ་མོ་དང་། རྟ་བབས་ལ་སོགས་པ་སྣ་ཚོགས་པའི་དཀྱིལ་འཁོར་ཆེན་པོ་མཛེས་པའི་རྒྱན་དུ་བྱས་པའོ། །བཞི་པ་འོད་ཟེར་དང་། དྲང་། སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ལྔ་པོ་ཉིད་ཀྱི་རང་བཞིན་ལ་སྒྲིབ་གསུམ་གྱིས་མ་སྒྲིབ་པར་འོད་གསལ་བའི་ཕྱིར། དཀར་བོ་དང་། སེར་པོ་དང་། དམར་པོ་དང་། སྔོན་པོ་དང་། བཙོད་ཁ་དང་། ཤེལ་ལམ་དངུལ་གྱི་མདོག་ལྟ་བུ་དང་དྲུག་པོ་རེ་རེ་ལ་ཡང་བྱེ་བ་ཕྲག་དྲུག་ཅུ་དྲུག་ཅུ་སྟེ་སྣ་ཚོགས་པའི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་སྣང་བས་ཁྱབ་ཅིང་རང་བཞིན་གསལ་བར་བྱེད་པའོ། །ལྔ་གདན་ཁྲི་ཡོན་ཏན་ཅན་ནོ། །དྲང་། སྟོབས་བཅུ། མི་འཇིགས་པ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་བཅུ། ཕྲིན་ལས་བཞི་ལ་སོགས་པ་འབྲས་བུའི་ཆོས་ཀུན་ལྷུན་གྱིས་གྲུབ་ཅིང་རྫོགས་པའི་ཕྱིར། གདན་སེམས་ཅན་ལྔའི་བྱེ་བྲག་རང་སྣང་བའོ་ཞེས་པའམ། ཡང་ན་སེང་གེ་ལ་སོགས་པ་ལྔ་དང་། རིན་པོ་ཆེའི་ཁྲི་རྐང་པདྨ་ཉི་མ་ཟླ་བའི་གདན་ལྔ་ཡི་བྱེ་བྲག་ཏུ་རང་སྣང་བའོ། །འདིར་ཡོན་ཏན་ལྔ་ཡི་སྐབས་སུ་ལྔ་པོ་རེ་རེ་ལའང་ཡོན་ཏན་ལྔ་ལྔ་ལྡན་ནམ། ཐམས་ཅད་ལ་ཡོན་ཏན་ལྔ་ལས་མེད། དང་པོ་ལྟར་ན་འབྲས་བུའི་ཆོས་ཉེར་ལྔ་མིན་པར་ཐལ་ཡོན་ཏན་ཉིད་ལ་ཡང་ཉེར་ལྔ་འདུག་པའི་ཕྱིར་རོ། །ཡང་བྱེ་བྲག་ཏུ་ཆོས་སྐུ་ལ་ཡོན་ཏན་ལྡན་ནམ་མི་ལྡན། མི་ལྡན་ན་ཆོས་སྐུ་ལ་ཡོན་ཏན་མེད་པར་ཐལ། ལྡན་ན་གཟུགས་སྐུར་ཐལ། གཞལ་ཡས་ཁང་དང་རྒྱན་དང་གདན་འདུག་པའི་ཕྱིར་རོ། །གཉིས་པ་ལྟར་ན་སྐུ་ལྔ་དང་ཡོན་ཏན་ལྔ་གྲངས་སྤྲད་པའི་འཐད་པ་མེད་པ་ལ་སོགས་པ་སྐྱོན་དུ་མ་འོང་ངོ་ཞེ་ན། རང་གིས་འདོད་པ་ནི་སྐུ་ལྔ་ཡོན་ཏན་ལྔ་ལས་མེད་པ་མིན་ཏེ་རེ་རེ་ལའང་ལྔ་ལྔ་ལྡན་ནོ། །འོ་ན་ཉེར་ལྔའི་གྲངས་མེད་སྙམ་ན། རིགས་ཀྱི་སྤྱི་བསྡུས་པ་ལ་ཉེར་ལྔའོ། །དེ་ཡང་སྐུ་ལྔ་སོགས་མ་འདྲེས་ཡོངས་རྫོགས་ཡིན་པ་བཞིན་དུ། ཡོན་ཏན་ལྔ་ཡང་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །ལྔ་པ་ཕྲིན་ལས་ལ་གསུམ་སྟེ། བགྲང་། དང་པོ་གདུལ་བྱ་ངོས་བཟུང་བ་དང་། དྲང་། གདུལ་བྱ་མ་ལུས་པ་འདུལ་བའི་ཕྲིན་ལས་ཀྱི་བྱ་བ་ཐ་དད་པ་མང་པོར་སྣང་བ་ཡང་མདོར་བསྡུ་ན་བཞི་སྟེ། འདུལ་བྱ་མ་ཞི་བ་དང་ཁྲོ་བ་དང་མི་མོས་པ་དང་ཚེ་བསོད་ནམས་ཉམས་པ་དང་། གཉིས་པ་འདུལ་ཐབས་ལས་བཞི་གང་འཚམས་སུ་དོན་མཛད་ཅིང་ལས་བཞི་རེ་རེ་ལའང་བྱེ་བྲག་ལྔ་ལྔར་ལྷུན་གྱིས་གྲུབ་པ་དང་། དྲང་། བཞི་ཡོད་པའི་ཕྱིར་གདུལ་ཐབས་ཞི་རྒྱས་དབང་དྲག་རྣམ་པ་བཞིའི་རོལ་པ་སྟེ་སྤྱོད་པ་རྣམས་ཀྱིས་ཞི་བའི་གདུལ་བྱ་ཞི་བའི་ཕྲིན་ལས་ཀྱིས་གདུག་སེམས་ཞི་བར་བྱེད་པ་དང་། དྲག་པོའི་ཕྲིན་ལས་ཀྱིས་གདུལ་བྱ་མ་རུང་བ་བསྒྲལ་བ་དང་། དབང་གི་ཕྲིན་ལས་ཀྱིས་གདུལ་བྱ་མོས་ཤིང་དབང་དུ་བྱ་བ་དང་། རྒྱས་པའི་ཕྲིན་ལས་ཀྱིས་གདུལ་བྱ་ཚེ་དབང་བསོད་ནམས་ལོངས་སྤྱོད་རྒྱས་པར་བྱ་བའོ། །དེ་ལྟར་གང་ལ་གང་འཚམས་པ་ལྟར་སྣང་ནས་གདུལ་བྱ་རྣམས་འདུལ་བར་མཛད་དེ། ཕྲིན་ལས་རྣམ་པ་བཞི་ཡི་བྱེ་བྲག་ཐ་དད་པ་སྟེ། ཕྲིན་ལས་བཞི་པོ་རེ་རེ་ལའང་ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་ལྔ་སྟེ། དེ་ཡང་ཞི་བའི་ཞི་བ། ཞི་བའི་རྒྱས་པ། ཞི་བའི་དབང་། ཞི་བའི་དྲག་པོ། ཞི་བའི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་ལྔའོ། །དེ་བཞིན་དུ་རྒྱས་པ་དང་། དབང་དང་། དྲག་པོ་དང་། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་ཡང་ལྔ་ལྔའི་ཚུལ་གྱིས་གདུལ་བྱའི་ངོ་ལ་སྣང་ངོ་། །གསུམ་པ་འདུལ་བྱེད་རིགས་ལྔར་སྣང་བ་ཕྱོགས་ཆད་དུ་མེད་པར་བསྟན་པའོ། །དྲང་། ཕྲིན་ལས་བཞི་པོ་དེ་ལ་ཞི་བའི་ཕྲིན་ལས་དེ་བཞིན་གཤེགས་པའི་རིགས་དང་། རྒྱས་པ་རིན་ཆེན་རིགས་དང་། དབང་པདྨ་དང་། དྲག་པོ་རྡོ་རྗེའི་རིགས་ཏེ་རིགས་བཞིའི་ཆ་འཛིན་པར་བྱེད་པ་དང་། ལྔ་པ་ལས་ཀྱི་རིགས་ལ་ཕྲིན་ལས་ལྔ་ཀ་ལྷུན་གྱིས་གྲུབ་པའོ། །དེ་ལྟར་རིགས་རྣམ་པ་བཞི་ཡིས་གདུག་བྱ་འདུལ་བར་མཛད་པ་དེ་ཡང་། ཞི་རྒྱས་དབང་དྲག་གིས་ཕྱོགས་ཀྱིས་གདུལ་བྱ་འདུལ་བའི་ཆ་ནས་བརྗོད་པ་ཡིན་གྱིས། རིགས་ཕྱོགས་གཅིག་ཏུ་ཆད་པ་མ་ཡིན་ཏེ། རིགས་ལྔ་རེ་རེས་ཀྱང་ཀུན་འདུལ་བའོ། །འདིར་སྐུ་ལྔ་བོ་རེ་རེ་ལ་ཕྲིན་ལས་ལྔ་ལྔ་ལྡན་ནམ། སྤྱིར་ལྔ་ལས་མེད་ཐམས་ཅད་ལ་ལྔ་ལས་མེད་ན། སྐུ་རེ་རེ་ལ་ཕྲིན་ལས་རེ་རེ་གྲངས་སྤྲད་དམ། འོན་ཏེ་ཕྲིན་ལས་མེད་པའི་སྐུ་ཡང་ཡོད་དམ། གྲོངས་སྤྲོད་ན་ཇི་ལྟར་སྤྲོད་དེ་འཐད་པ་མེད་དོ། །རེ་རེ་ལ་ཕྲིན་ལས་ལྔ་ལྔ་ཚང་ན། ཆོས་སྐུ་དེ་གཟུགས་སྐུར་ཐལ། ཕྲིན་ལས་ཀྱིས་གཞན་དོན་བྱེད་པའི་ཕྱིར་རོ། །སྐུ་ལ་སོགས་པ་མ་འདྲེས་ཡོངས་རྫོགས་ཡིན་པ་བཞིན་དུ། ཕྲིན་ལས་ལྔ་ཡང་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །ཡང་ལས་བཞི་གཅིག་གམ་ཐ་དད། གཅིག་ན་ལས་བཞིར་ཕྱེ་བ་དོན་མེད་ཅིང་། ཞི་བས་མི་འདུལ་བ་ལ་དབང་དྲག་དགོས་པར་ཐལ། གཅིག་པའི་ཕྱིར། འདོད་ན། གདུལ་བྱའི་བྱ་བ་ཐ་དད་པ། ཞེས་པས་བསལ་ལོ། །ཐ་དད་ན། ལྷུན་གྲུབ་དོན་མེད་དུ་ཐལ། ལས་བཞི་རིས་སུ་ཆད་པར་ཐལ། ཐ་དད་པའི་ཕྱིར། གདུལ་བྱ་འདུལ་བས་འདོད་དོ་ཅེ་ན། རྣམ་བཞིས་བྱེ་བྲག་ཅེས་པའི་ཤོ་ལོ་ཀ་གཅིག་གིས་གསལ་ཞེ་ན། གདུལ་བྱའི་ངོས་ནས་ཐ་དད། རྒྱལ་བའི་ངོས་ནས་གཅིག་པའོ། །གཉིས་པ་འབྲས་བུ་ཐོབ་ནས་དགོངས་པའི་བཞུགས་ཚུལ་ལ་གཉིས་ཏེ། བགྲང་། དང་པོ་མཐར་ལམ་པ་ལས་ཁྱད་དུ་དཔག་པའི་འབྲས་བུ་དྲུག་པ་ནི་ཐེག་འོག་གི་འབྲས་བུ་ལས་དཔག་ཚུལ་སྤྱིར་བསྟན་པ་དང་། དྲང་། མཐར་ལམ་མན་ཆད་དེ་ལྟར་ལམ་གྱི་རྒྱུད་རིམ་པར་སྦྱང་བའི་མཐའ་མ་ལ། རྒྱལ་ཚབ་སྐྱེས་བུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐོབ་སྟེ་སངས་རྒྱས་ཙ་ན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གདུལ་བྱའི་སྣང་ངོར་རིགས་ལྔ་པོའི་ཆ་ཙམ་རེ་འཛིན་པར་བྱེད་ཀྱང་། རིགས་ལྔ་རྐྱང་བཀར་དེ་དག་ལས་ཅིག་ཤོས་ཏེ། སྐུ་ལྔ་ལྷུན་གྲུབ་ཀྱི་རྒྱལ་བ་དྲུག་པ་ནི། སངས་རྒྱས་ཀུན་གྱི་ངོ་བོོའི་སྤྱི་གཟུགས་ཉིད་དུ་བཞུགས་པའོ། །ཡང་ན་ཁོ་བོའི་བླ་མས་འདི་ལྟར་དུ་གསུངས་ཏེ། སྒོམ་ལམ་མན་ཆད་དེ་ལྟར་ལམ་རིམ་པར་སྦྱོང་བའི་མཐའ་མ་ལྷུན་གྲུབ་རིག་འཛིན་གྱི་སྐུ་ལྔའི་རྒྱལ་ཚབ་ཀྱི་སྐྱེས་བུ་བྱེད་པ་དེས་རྡོ་རྗེའི་སེམས་དཔའ་ལ་སོགས་པའི་རིགས་ལྔ་ཆ་རེའི་རིགས་ཆུང་དང་བཅས་པའི་ལྷུན་གྲུབ་ཀྱི་རིག་པ་འཛིན་པར་བྱེད་ཀྱང་། དེ་ལ་དགར་བས་ན་ཅིག་ཤོས་ཏེ། འབྲས་བུ་སྐུ་ལྔ་ལྷུན་གྲུབ་རྒྱལ་བ་དྲུག་པ་ནི་རིགས་ལྔའི་སངས་རྒྱས་ཀུན་གྱི་ངོ་བོ་སྤྱི་གཟུགས་ཅན་ཉིད་དུ་བཞུགས་པ་སྟེ། འོ་ན་དུས་གསུམ་གྱི་སངས་རྒྱས་སུ་བཤད་པ་ཅི་ཞེ་ན། སྔ་མ་འདས་པའི་སངས་རྒྱས་དང་། ཕྱི་མ་མ་འོངས་པའི་སངས་རྒྱས་དང་། ད་ལྟར་བཞུགས་པའི་སངས་རྒྱས་སུ་གསུང་པ་དེ་དག་གདུལ་བྱ་དྲང་བའི་དོན་ཆེད་ཙམ་དུ་སྨོས་པའམ། ཡང་ན་སྔ་མ་དབུ་མ་དང་། ཕྱི་མ་ཕྱི་རྒྱུད་ཀྱི་འདོད་པའི་སངས་རྒྱས་ནི་དྲང་བའི་དོན་ཙམ་ཡིན་ལ། ངེས་དོན་དུ་སངས་རྒྱས་ཞེས་བརྗོད་པའི་རྒྱལ་བ་དྲུག་པའི་དགོངས་པའི་བཞུགས་ཚུལ་ནི་གཅིག་དང་ཐ་དད་ལས་གྲོལ་བས་ཚིག་ཏུ་སྨྲ་ཞིང་བློས་བསམ་པ་དང་ངག་གི་བརྗོད་པའི་མཐའ་ལས་འདས་པར་བཞུགས་པའོ། །གཉིས་པ་བྱེ་བྲག་རྒྱས་པར་བཤད་པ་དེ་ལ་གསུམ་སྟེ། གཞན་ལུགས་འདོད་པ་དགག་པ་དང་། རང་ལུགས་རྣམ་པར་བཞག་པ་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། དེའི་དོན་ཕྱོགས་གཅིག་ཙམ་བརྗོད་པར་བྱ་བ་གང་ཞེ་ན། གདུལ་བྱ་དྲང་བའི་དོན་དུ་སྔ་མ་དབུ་མ་དང་། ཕྱི་མ་ཕྱི་རྒྱུད་ཀྱི་སངས་རྒྱས་ཞེས་པའི་དོན་ནི་འདི་ལྟ་སྟེ་གཉིས་པ་རྒྱས་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་རྒྱུད་གཅིག་པར་འདོད་པ་དགག་པ་དང་། དྲང་། དབུ་མ་པས་དོན་དམ་གྱི་བདེན་པ་སྤྲོས་བྲལ་སྟོང་པ་གཅིག་པུ་མཐར་ཕྱིན་ནས་ཆོས་སྐུ་ཐོབ་པ་འབྲས་བུར་འདོད་ཀྱང་། དེ་ཉིད་མཐར་ཐུག་གི་འབྲས་བུ་མ་ཡིན་པའི་ཕྱིར་ན། དཔེར་ན་སྔ་མའི་ཆུ་ལ་ཕྱི་མའི་ཆུ་བླུགས་ཛ་གཅིག་ཏུ་ཐིམ་པ་ལྟར། དོན་དམ་དུས་གསུམ་སངས་རྒྱས་ཐམས་ཅད་སྟོང་པར་རྒྱུད་གཅིག་པ་ཁོ་ནར་གྲུབ་པ་མེད་པའོ། །གཉིས་པ་རྒྱུད་ཐ་དད་པར་འདོད་པ་དགག་པའོ། །དྲང་། དབུ་མ་ལས་དགར་བའི་ཅིག་ཤོས་སྟེ། སེམས་ཙམ་དང་སྔགས་ཀྱི་ཕྱི་རྒྱུད་ཀྱི་ཀུན་རྫོབ་ཀྱི་བདེན་པ་མཐར་ཕྱིན་པའི་གཟུགས་སྐུ་གཅིག་པུར་འབྲས་བུར་འདོད་ན། དེ་ཉིད་ནི་མཐར་ཐུག་གི་འབྲས་བུ་མ་ཡིན་པར་བརྗོད་པས་ན། ཤིང་གི་མེ་དཔུང་བཞིན་དུ་དགོངས་པའི་རྒྱུད་ལ་སྦྱང་བའི་ཡེ་ཤེས་སོ་སོ་ཐ་དད་ཀྱི་ཆ་དང་རིགས་སུ་གྲུབ་པ་མེད་དེ། རིགས་ཐ་དད་ལས་གྲོལ་བ་ཡིན་ནོ། །གཉིས་པ་རང་ལུགས་ལ་གཉིས་ཏེ། བགྲང་། དང་པོ་བདེན་པ་གཉིས་དབྱེར་མེད་ལ་དབང་བསྒྱུར་བ་དང་། དྲང་། འདིར་མ་ཧཱའི་གཞི་དོན་བདེན་པ་གཉིས་མེད་རྟོགས་པའི་དོན་ལ་རང་དབང་དུ་བསྒྱུར་བ་ནི། བདག་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་ཀུན་རྫོབ་ཀྱི་བྱ་བ་གཉིས་སུ་འཛིན་པ་མེད་དེ། དེ་བས་ན་བདེན་གཉིས་སོ་སོར་གྲུབ་པ་མེད་པའི་ཕྱིར། གཉིས་པ་དེ་མཐར་ཕྱིན་པའི་འབྲས་བུ་ཐོབ་ཚུལ་ལོ། །དྲང་། གཞི་གཉིས་མེད་ཀྱི་དོན་དེ་ནར་སོན་པ་སྟེ། མཐར་ཕྱིན་པའི་ཚུལ་ནི། སྣང་བ་ཀུན་རྫོབ་དང་། སྟོང་བ་དོན་དམ་གྱི་མཐའ་རྣམས་ཀྱི་ཕྱོགས་སུ་མ་སོང་བས་མཐའ་ཀུན་དང་བྲལ་ལ་གང་ཡང་མ་འགགས་པར་སྣང་བ་མཐའ་ཀུན་དང་ལྡན་པར། ཡེ་ཤེས་རང་སྣང་ཉིད་ཞེན་པའི་མཐའ་ཀུན་དང་བྲལ་བར་རང་རིག་པའི་མངོན་སུམ་དུ་བྱས་པ་ལ་འབྲས་བུ་སངས་རྒྱས་ཀྱི་དགོངས་པ་ཞེས་མིང་དུ་བརྗོད་ཀྱིས་སངས་རྒྱས་ཀྱི་དགོངས་པའི་ངོ་བོ་ནི། གཅིག་དང་ཐ་དད་འདི་འདྲར་གནས་པ་ཡིན་ནོ། །ཞེས་སྨྲ་ཞིང་བརྗོད་པར་དཀའོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ཏེ། བགྲང་། དང་པོ་བདེན་གཉིས་ཐ་དད་ཀྱི་འབྲས་བུ་དྲངས་དོན་དུ་བསྟན་པ་དང་། དྲང་། སེམས་ཙམ་དང་སྔགས་ཕྱི་རྒྱུད་ཀྱི་དུས་གསུམ་གྱི་སངས་རྒྱས་ཀྱི་ངོ་བོ་གཅིག་པ་ལ་སྦྱངས་པའི་ཡེ་ཤེས་ཀྱི་རྩལ་ཐ་དད་པས་རྒྱུད་གཅིག་ཏུ་འདྲེས་པ་མིན་ཏེ། དཔེར་ན་ཤིང་གི་མེ་དཔུང་གཅིག་ལ་ཤིང་སོ་སོའི་མེ་ཐ་དད་པ་ལྟར་དུ་བརྗོད་པ་ནི། ཐ་དད་ལ་མོས་པའི་གདུལ་བྱ་ཀུན་དྲང་བའི་དོན་ཙམ་དུ་ཡིན་ཏེ། དེ་ཉིད་ངེས་དོན་གྱི་སངས་རྒྱས་མིན་ནོ། །དབུ་མ་པས་དུས་གསུམ་སངས་རྒྱས་རྣམས་ཆུ་ལ་ཆུ་ཐིམ་པ་ལྟར་དུ་དགོངས་པ་རྒྱུད་གཅིག་པར་འདོད་པ་ཡང་གོང་གི་དོན་དེ་དང་འདྲའོ། །གཉིས་པ་བདེན་གཉིས་ལྷུན་གྲུབ་ཀྱི་འབྲས་བུ་ངེས་དོན་དུ་བསྟན་པའོ། །དྲང་། དེ་ལྟར་གཅིག་དང་ཐ་དད་དུ་འདོད་པ་ནི་དྲང་བའི་དོན་ཡིན་ལ། འོ་ན་ངེས་པའི་དོན་ཇི་ལྟར་ཡིན་ཞེ་ན། འདིར་བདེན་པ་གཉིས་སུ་མེད་པར་གནས་པའི་ཚུལ་གྱིས་གོང་གི་རྒྱུད་འདྲེས་མ་ཕྱོགས་རེར་འདོད་པ་རྣམས་ལ་སྐྱོན་བརྗོད་པ་ཡིན་པས། སྐྱོན་དེ་དག་གམ། གཟུང་འཛིན་གཉིས་སུ་འཛིན་པ་ངང་གིས་དག་པའི་གཉིས་མེད་རང་བྱུང་ཡེ་ཤེས་དེ་ཉིད་དེ་བཞིན་གཤེགས་པ་སངས་རྒྱས་ཀུན་གྱི་བཞུགས་གནས་ཡིན་པར། ཏནྟྲ་སྟེ་རྒྱས་པའི་རྒྱུད་ཉིད་ལས། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་གྲགས་པ་དང་། གཉིས་འཛིན་གྱི་རྟོགས་པའི་ཟུག་རྔུ་མེད་པས་བདེ་བར། དེའི་དོན་མངོན་སུམ་དུ་བྱས་པས་གཤེགས་པ་སྟེ། དེའང་མཐའ་གཉིས་གང་ལའང་མི་གནས་པར་མཉམ་པ་ཆེན་པོའི་ངང་ཉིད་དུ་སྤྱོད་ཡུལ་དང་བྲལ་བས་བྱོན་ཞེས་རྒྱུད་ལེའུ་ལག་ལས་གསུང་ཤིང་ཚིག་ཏུ་བརྗོད་པའང་། ཤེས་བྱའི་ཆོས་ཀུན་དོན་དམ་དང་ཀུན་རྫོབ་དབྱེར་མེད་མཉམ་པ་ཉིད་ཀྱི་བདེན་པ་གསུམ་པ་ཡིན་པའི་ཕྱིར་ཡང་དག་པར་ངེས་པར་ན་རྒྱལ་བ་རྣམས་དགོངས་པ་མཉམ་པ་ཉིད་ཡིན་ཏེ། རྒྱུད་འདྲེས་ཏེ་གཅིག་པ་དང་། མ་འདྲེས་ཏེ་ཐ་དད་པའི་ཐ་སྙད་དང་བྲལ་བའི་ཚུལ་དུ་གནས་པའོ། །དེ་ལྟར་ན་སངས་རྒྱས་ཐམས་ཅད་དགོངས་པ་རྒྱུད་ཀྱི་བཞུགས་ཚུལ་གྱི་དགག་སྒྲུབ་ཀྱི་གཏན་ཚིགས་ལ་གཉིས། གཞན་ལུགས་དགག་པ་དང་། རང་ལུགས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། དབུ་མ་པས་སངས་རྒྱས་ཐམས་ཅད་སྟོང་པར་གཅིག་པར་འདོད་པ་དགག་པ་དང་། སེམས་ཙམ་དང་སྔགས་ཕྱི་པའི་མ་འདྲེས་ཏེ་ཐ་དད་པར་འདོད་པ་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་དགོད་པ་དང་དེ་དགག་པའོ། །དང་པོ་དབུ་མ་པས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་སྟོང་ཉིད་དུ་རྒྱུད་གཅིག་པར་འདོད་པ་སྟེ། དཔེར་ན་ཆུ་ལ་ཆུ་ཐིམ་པའམ། མར་ལ་མར་བཞགས་པ་བཞིན་ནོ། །དེ་ཡང་མདོ་སྡེ་ལས། བདག་ཅག་ཇི་ལྟར་སངས་རྒྱས་པ། །དེ་ལྟ་ཁོ་ནར་སངས་རྒྱས་པས། །དཔེར་ན་མར་དང་མར་ཉིད་ཀྱི། །ཉིང་ཁུ་མཚུངས་པར་འགྱུར་བ་བཞིན། །ཞེས་པ་དང་། འཇུག་པ་ལས། འདི་ནི་སྤྲོས་དང་བྲལ་བ་རྣམས་ལ་སྣང་བར་འགྱུར། །ཞེས་གསུངས་སོ། །གཉིས་པ་དེ་དགག་པ་ལ་བཞི་སྟེ། རྒྱུ་རྐྱེན་གྱིས་བསྒྲུབ་པའི་འབྲས་བུ་མེད་པར་འགྱུར་བའི་སྐྱོན་དང་། འབྲས་བུ་སངས་རྒྱས་ཆད་པར་འགྱུར་བའི་སྐྱོན་དང་། མདོ་སྔགས་ཀྱི་འབྲས་བུ་ཁྱད་མེད་དུ་འགྱུར་བའི་སྐྱོན་དང་། རྒྱུ་འབྲས་མཚུངས་པའམ། ཐེག་པའི་འབྲས་བུ་རྣམས་ལ་མཐོ་དམན་མེད་པར་འགྱུར་བའི་སྐྱོན་ནོ། །དང་པོ་ནི། ལམ་གྱི་དུས་སུ་ལྷ་བསྒོམ་པ་དང་། གཟུགས་སོགས་ལམ་དུ་ཁྱེར་བ་དོན་མེད་དུ་འགྱུར་བའི་སྐྱོན་དང་། རྒྱུ་རྟོག་ཚོགས་ཞེ་གཉིས་གནས་སུ་གྱུར་པས་འབྲས་བུ་སངས་རྒྱས་བཞི་བཅུ་རྩ་གཉིས་ལ་སོགས་པ་མི་ཐོབ་པར་འགྱུར་བ་དང་། རྒྱུ་རྣམ་ཤེས་ཚོགས་བརྒྱད་གནས་སུ་གྱུར་པས་འབྲས་བུ་ཡེ་ཤེས་ལྔ་མི་ཐོབ་པར་འགྱུར་ཏེ། མཐར་ཐུག་སྟོང་པ་ཕྱོགས་གཅིག་ལས་མེད་པའི་ཕྱིར། དེ་ཡང་ཨིནྡྲ་བྷོ་དྷིས། དེ་རྣམས་རྒྱུད་རྣམས་ཇི་ལྟར་བ། །སོ་སོ་རྣལ་འབྱོར་ཐ་དད་པས། །བསྒྲུབ་པས་དེ་བཞིན་གཤེགས་པའི་ཚེ། །རྒྱུད་དག་ལྷུན་གྲུབ་རྒྱལ་བ་རྣམས། །རྒྱུད་གཅིག་འདྲེས་ནས་འདི་སྐད་འབྱུང་། །ཞེས་པ་དང་། ཡང་། དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་རྒྱུ་ནི་མ་འདྲེས་ཏེ། །གཅིག་ན་ངེས་ལུང་འདི་དང་འགལ། །གཅིག་ལ་མཐུན་སྣང་སྒྲ་མི་འཇུག །ཅེས་པ་དང་། ལམ་ཆུང་ལས། འོན་ཏེ་ཐམས་ཅད་གཅིག་ཞེ་ན། །གནས་འགྱུར་རྫུན་ཞིང་སྟོང་མཐར་འགྱུར། །ཞེས་པ་དང་། འདི་ཉིད་ལས། ཚོགས་བརྒྱད་ཡེ་ཤེས་ལྔར་རྟོགས་པ། །ཞེས་པ་དང་། ཡང་ལམ་ཆུང་ལས། ཡེ་ཤེས་ལྔ་ཡང་རང་བྱུང་གིས། །ཆ་ལྔས་བཏག་ཅིང་གཞན་ན་མེད། །དེ་ཕྱིར་གཅིག་མཐར་ལྟུང་བ་མེད། །ཅེས་སོ། །གཉིས་པ་ནི། རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་སྟོང་པ་ཕྱོགས་གཅིག་པ་ཡིན་པར་ཐལ། འདོད་ན། ཐུགས་ཐིག་ལས། གཉིས་མེད་སེམས་སུ་མངོན་བྱས་པ། །བདེན་གཉིས་དབྱེར་མེད་རྡོ་རྗེའི་སྐུ། །ཆུ་ཡི་ཟླ་བ་ལྟ་བུ་ལ། །རང་བཞིན་ཀུན་དང་ཐ་མི་དད། །ཞེས་གསུངས་པ་འགལ་ལོ། །གཞན་ཡང་ཅི་ཡང་མེད་པ་དང་། ལྷག་མེད་དང་། མུ་རྟུག་དང་། མུ་སྟེགས་རྒྱང་འཕེན་པ་དང་ཁྱད་མེད་པར་འགྱུར་ཏེ། སྣང་བ་སྤང་བའི་ཕྱིར་རོ། །དེ་ཡང་རྣམ་བཀོད་ལས། གལ་ཏེ་སྔ་ཕྱི་གཅིག་འགྲོ་ན། །སྟོང་པའི་མུར་ཐིམ་རིག་པས་འགལ། །སྣང་བ་སྤང་བའི་སྐྱོན་དུ་འགྱུར། །མཐའ་ལ་ཐུག་པར་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་ནི། ཉན་རང་ལྷག་མེད་དང་དབུ་སེམས་དང་སྔགས་ཕྱི་ནང་གི་སངས་རྒྱས་ལ་དགོངས་པ་ཁྱད་མེད་དུ་ཐལ། དགོངས་རྒྱུད་གཅིག་པའི་ཕྱིར། འདོད་ན་ཁྱད་པར་ཡོད་པས་བསལ་ལོ། །དེ་ཉིད་ལས། སོ་སོའི་གྲུབ་མཐའི་ཁྱད་པར་ཡང་། །མི་འབྱུང་མཉམ་པའི་སྐྱོན་དུ་འགྱུར། །སོ་སོར་བསྒྲུབ་ཕྱིར་གཅིག་པར་འགལ། །གལ་ཏེ་རྒྱལ་བའང་རང་རྒྱུད་འགྱུར། །ཞེས་པ་དང་། འདི་ཉིད་ལས། གྲངས་རྫོགས་ངོ་བོ་བྱིན་བརླབས་ལས། །སྣང་དང་དོན་བྱེད་ཆེ་ཆུང་གིས། །དཔགས་པས་ངོ་བོ་ཉིད་ཀྱིས་གསལ། །དེ་ཚུལ་ས་གཞིའི་རྒྱལ་བ་བདག །རྒྱུད་གཅིག་འདྲེས་དང་གྲོལ་སྨྲ་བ། །འདིར་དྲང་ཙམ་ཡིན་བཤད་ཡིན་ཕྱིར། །རྒྱུད་ཀྱི་ཁྱད་པར་བསམ་ལས་འདས། །ཅེས་སོ། །བཞི་པ་ནི། འོག་མའི་འབྲས་བུ་ནས་གོང་མའི་འབྲས་བུར་འཇུག་པ་མེད་པར་ཐལ། སངས་རྒྱས་རྣམས་དགོངས་རྒྱུད་གཅིག་པའི་ཕྱིར། འདོད་ན། ཁྱོད་ཀྱི་འབྲས་བུ་ཀུན་ཏུ་འོང་། །ཐབས་ཆེན་ཐེག་པའི་བསྟི་གནས་ཡིན། །ཞེས་པ་དང་། འདི་ཉིད་ལས། ལམ་གྱི་རྩོལ་བས་ངལ་བ་རྣམ། །བྲོད་པ་བསྐྱེད་ཕྱིར་ཀུན་ཏུ་འོང་། །རྡོར་འཛིན་སྟུག་པོ་དཀོད་པར་བསྟན། །ཞེས་པ་དང་། རང་ས་ཐོབ་ལས་ངོ་བོ་དང་། །གཅིག་པར་སྨྲ་བ་མུན་སྤྲུལ་པའོ། །ཞེས་སོ། །གཞན་ཡང་མདོ་དགོངས་འདུས་ཀྱི་ནང་དུ་ལེའུ་ལྔ་འབྲས་བུ་ལ་འཇུག་པ་དང་གསང་སྙིང་ལེའུ་དྲུག་པ་ལས་སྤར་ཁབ་མཁན་པོས་འབྲས་འཇུག་ལྟར་བཤད་པ་དང་། ལམ་ཆུང་ལ་སོགས་པ་རྣམས་ཀྱི་ནང་དུ་བཤད་པས་སྤང་དཀའོ། །གཉིས་པ་དགོངས་རྒྱུད་ཐ་དད་དུ་འདོད་པ་དགག་པ་ལ་གཉིས་ཏེ། གཞན་གྱི་འདོད་པ་དགོད་པ་དང་། དེ་དགག་པའོ། །དང་པོ་ནི། འབྲས་བུ་དུས་གསུམ་གྱི་རྒྱལ་བ་རྣམས་སངས་རྒྱས་ཙམ་དུ་མཚུངས་ཀྱང་། ལམ་གྱི་སྦྱངས་པའི་རྩལ་ཐ་དད་པའི་དབང་གིས་དགོངས་པའི་རྒྱུད་རང་མཚན་མ་འདྲེས་ཏེ། དཔེར་ན་ཤིང་དུ་མའི་མེ་བཞིན་ནོ། །གཉིས་པ་དེ་དགག་པ་ལ་ཀུན་ཁྱབ་གསུམ་ལས། དང་པོ་ལུང་ཚད་མ་ནི། མདོ་དགོངས་འདུས་ལས། ནམ་མཁའ་ཀུན་ཁྱབ་རྒྱལ་བ་དང་། །ཉག་གཅིག་སྣང་བའི་རྒྱལ་བ་གཉིས། །གདུལ་བྱའི་དབང་གིས་ཐ་དད་ལས། །སྐུ་དང་གསུང་ཐུགས་གཅིག་ལས་མེད། །ཅེས་པ་དང་། རྩེ་མོ་བྱུང་རྒྱལ་ལས། སངས་རྒྱས་རྣམས་ཀྱི་དགོངས་རྒྱུད་ཇི་བཞིན་དུ། །རང་གི་མཚན་ཉིད་མ་བཅོས་དེ་བཞིན་ཉིད། །ཅེས་སོ། །གཉིས་པ་མན་ངག་ཚད་མས་བསྒྲུབ་པ་ནི། རྣམ་བཀོད་ལས། འོན་ཏེ་དེ་ལྟར་མི་གཅིག་ནའང་། །རང་རིག་རང་བྱུང་མངོན་བྱས་ལ། །སྔ་ཕྱིའི་སངས་རྒྱས་བླ་དྭགས་བཏགས། །རང་བྱུང་རང་ལ་ཤར་བར་ཟད། །རང་བྱུང་ཉིད་དང་རྒྱུད་མེད་པར། །སོ་སོ་ཐ་དད་གང་གིས་རུང་། །འོན་ཏེ་རང་བྱུང་གཉིས་ཆར་འགྱུར། །དོན་མཛད་རེས་མོས་འབྱུང་བར་འགྱུར། །སྤྱན་དྲངས་བྱོན་དང་མི་བྱོན་འབྱུང་། །སངས་རྒྱས་སངས་རྒྱས་ཞེས་བརྗོད་པ། །དངོས་པོ་རྣམས་ཀྱི་དེ་ཉིད་ན། །དེ་ལ་གཉིས་པ་ཡོད་པར་འགྱུར ། །དེ་ཕྱིར་གཞི་ཡི་དོན་དང་འགལ། །མི་གཅིག་གཏན་ཚིག་རྒྱས་པ་མེད། །ཅེས་པ་དང་། ལམ་ཆུང་ལས། རྒྱལ་བ་ཀུན་དང་དུས་གསུམ་ཆོས། །བདག་ཕྱིར་ཀུན་གྱི་སྤྱི་གཟུགས་ཅན། །ཆོས་གཉིས་ཡོད་པ་གང་གིས་རུང་། །ཡོད་ན་བདག་ཉིད་ཆེན་པོ་རྫུན། །ཞེས་པ་དང་། འདི་ཉིད་ལས། ཅིག་ཤོས་བདེན་པར་མ་ཡིན་པས། །སོ་སོ་ཐ་དད་ཆ་རིགས་མེད། །ཅེས་པ་དང་། ངོ་བོ་གཅིག་ལ་རྒྱུད་འདྲེས་མིན། །ཤིང་གི་མེ་དཔུང་ལྟར་བརྗོད་པ། །དྲང་བ་ཙམ་སྟེ་དེ་ཉིད་མིན། །ཞེས་སོ། །གསུམ་པ་རིག་པས་དགག་པ་ལ་ལྔ་སྟེ། གཞི་ལ་བཟང་ངན་ཐ་དད་ཅན་དུ་ཡོད་པར་ཐལ་བ་དང་། འབྲས་བུ་རང་བྱུང་ཡེ་ཤེས་མི་གཅིག་པར་འགྱུར་བ་དང་། གདུལ་བྱ་ཐམས་ཅད་མཐུན་སྣང་གཅིག་པར་འགྱུར་བ་དང་། དོན་རེས་མོས་སུ་བྱེད་པར་འགྱུར་བ་དང་། ལྷ་སྤྱན་དྲངས་པ་ལ་བྱོན་མི་བྱོན་ཡོད་པར་འགྱུར་བའོ། །དང་པོ་ནི། སངས་རྒྱས་ཞེས་བྱ་བ་གཞི་གནས་ལུགས་ཀྱི་དོན་ལ་དགོངས་པ་གཅིག་ཡིན་ནམ་མིན། ཡིན་ན་དགོངས་རྒྱུད་ཐ་དད་དུ་འདོད་པ་དང་འགལ། མིན་ན་དགོངས་པ་གང་ཡིན། ཡིན་ཀྱང་དགོངས་རྒྱུད་ཐ་དད་ན། གཞི་བཟང་ངན་ཅན་དུ་ཐལ་ཏེ། གཞི་མངོན་དུ་བྱས་པའི་སངས་རྒྱས་རྣམས་དགོངས་རྒྱུད་ཐ་དད་པའི་ཕྱིར་རོ། །དེ་ཡང་རྣམ་བཀོད་ལས། སངས་རྒྱས་སངས་རྒྱས་ཞེས་བརྗོད་པ། །དངོས་པོ་རྣམས་ཀྱི་དེ་ཁོ་ན། །དེ་ལ་གཉིས་པ་ཡོད་པར་འགྱུར། །དེ་ཕྱིར་གཞི་ཡི་དོན་དང་འགལ། །ཞེས་སོ། །གཉིས་པ་ནི། འབྲས་བུ་ཡེ་ཤེས་ཀྱི་དུས་སུ་རང་བྱུང་ངམ། ཇི་ལྟ་བ་མཁྱེན་པ་མི་གཅིག་པར་ཐལ། འདོད་ན། ལུང་ལས། རང་བྱུང་ཡེ་ཤེས་ཉག་གཅིག་ལ། །གདུལ་བྱའི་མོས་དང་བསམ་དབང་གིས། །ཁྱད་པར་བྱེ་བྲག་ལྔ་སོགས་སྣང་། །རིགས་རྒྱུ་དོན་ལ་གཅིག་ཏུ་གནས། །ཞེས་པ་དང་། རྣམ་བཀོད་ལས། འོན་ཏེ་དེ་ལྟར་མི་གཅིག་ན། །རང་རིག་རང་བྱུང་མངོན་བྱས་ལ། །སྔ་ཕྱིའི་སངས་རྒྱས་བླ་དྭགས་ཙམ། །རང་བྱུང་རང་ལ་ཤར་བར་ཟད། །རང་བྱུང་རིག་དང་རྒྱུད་མེད་པར། །སོ་སོ་མ་འདྲེས་གང་གིས་རུང་། །ཞེས་པ་དང་། ཤིང་གི་མེ་དཔུང་ལྟར་བརྗོད་པ། །དྲང་བ་ཙམ་སྟེ་དེ་ཉིད་མིན། །ཞེས་སོ། །གསུམ་པ་ནི། དགོངས་པ་ཐ་དད་ན་སྤྲུལ་པ་ཡང་ཐ་དད་པས། སྤྲུལ་སྐུ་བྱང་ཆུབ་སེམས་དཔའ་ལ་སྣང་བ་དེ་གདུལ་བྱ་ཐམས་ཅད་ལ་མཐུན་པར་སྣང་བར་ཐལ་ཏེ། སྤྲུལ་པ་གཅིག་ལ་དུ་མར་སྣང་བ་མེད། ཐ་དད་པའི་ཕྱིར་རོ། །ལམ་ཆུང་ལས། ཉི་ཟེར་ཉི་མའི་ཤིང་མེ་བཞིན། །ངོ་བོ་གཅིག་ལ་ཡེ་ཤེས་རྒྱུད། །སོ་སོ་ཡིན་ན་སྤྲུལ་པ་ཡང་། །གདུལ་བྱ་གཅིག་ལ་མཐུན་སྣང་བའོ། །སེམས་དཔའ་ཆེ་དང་གཅིག་པར་འགྱུར། །ཅེས་སོ། །བཞི་པ་ནི། རྒྱལ་བས་སེམས་ཅན་གྱི་དོན་བྱེད་པའི་ཚེ་བགོ་བཤའི་ཚུལ་གྱིས་རེས་མོས་སུ་བྱེད་པར་ཐལ་ཏེ། དོན་བྱེད་མཁན་ཐ་དད་པའི་ཕྱིར་རོ། །འདོད་ན། ཕྱོགས་མེད་ལྷུན་གྲུབ་ཏུ་བཤད་པ་དང་འགལ་ཏེ། གསང་སྙིང་ལས། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྲུབ་ཧོ། །ཞེས་སོ། །ལྔ་པ་ནི། རྒྱུད་ཐ་དད་ན་སྐལ་ལྡན་རྣམས་ཀྱིས་ཞི་བའི་ལྷ་སྤྱན་དྲངས་པའི་ཚེ། ཞི་བའི་ལྷ་བྱོན་ལ་ཁྲོ་བོའི་ལྷ་མི་བྱོན་པར་ཐལ་བ་ལ་སོགས་པའི་སྐྱོན་དུ་མ་ཡོད་དེ། དཔེར་ན་མགྲོན་པོ་བོས་མ་བོས་བཞིན་ནོ། །ལམ་ཆུང་ལས། སྤྱན་དྲངས་བྱོན་དང་མི་བྱོན་འགྱུར། །གཞི་དོན་ལུང་རིག་ཀུན་དང་འགལ། །ཐུགས་རྗེ་འབྲེལ་བའི་རིགས་ཆད་འགྱུར། །ཞེས་སོ། །གཉིས་པ་རང་ལུགས་ནི། ཤེས་བྱའི་གཤིས་ལ་དོན་དམ་དང་ཀུན་རྫོབ་དབྱེར་མེད་པས། དེ་ཉིད་མངོན་དུ་བྱས་པ་མཐར་ཕྱིན་པའི་སངས་རྒྱས་ཀུན་གྱི་སྤྱི་ཡི་གཟུགས་ཅན་ཐོབ་པ་ནི་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཞེས་བྱ་བར་མིང་འདོགས་ཏེ། དེ་ཡང་དགོངས་པ་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་ཚུལ་དུ་བཞུགས་ཏེ། དཔེར་ན་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་མ་འདྲེས་པའི་ངོས་ནས་བཞུགས་པས། གཅིག་པའི་མཐའ་ལས་གྲོལ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་དགོངས་པ་མཉམ་པ་ཉིད་གཅིག་ལས་མ་གཡོས་པར་བཞུགས་པས་དུ་མའི་མཐའ་ལས་གྲོལ་བས་སོ། །དེ་ཡང་གསང་སྙིང་ལས། གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །ཅེས་པ་དང་། འདི་ཉིད་ལས། མཉམ་པ་གསུམ་པ་ཡིན་པའི་ཕྱིར། །ངེས་པར་རྒྱུད་འདྲེས་མ་འདྲེས་ཕྱིར། །ཐ་སྙད་བྲལ་བའི་ཚུལ་དུ་གནས། །ཞེས་པ་དང་། ལམ་ཆུང་ལས། འཁོར་བ་མྱ་ངན་འདས་ཀུན་དངོས། །སྨྲ་བསམ་བྲལ་བས་འདི་འདྲར་མེད། །ཅེས་པ་དང་། རྣམ་བཀོད་ལས། མཚོ་ཉིད་རླབས་ལྟར་ཐམས་ཅད་ཀུན། །གདོད་ནས་རང་བྱུང་ཡེ་ཤེས་གཅིག །ཡེ་ཤེས་དེ་ཉིད་འདི་འདྲར་དཀའ། །མཐའ་བརྗོད་མ་ལུས་དེར་སྣང་ཕྱིར། །དུ་མ་ཉིད་དུ་གཅིག་པའོ། །དུ་མར་རྒྱ་ཆད་ཡོད་གྱུར་ན། །རང་བྱུང་རང་སྣང་བདེན་མི་འགྱུར། །ཞེས་པ་དང་། དགོངས་འདུས་ལས། རྟག་པར་ཡང་ཟུངས་ཤིག །མི་རྟག་པར་ཡང་ཟུངས་ཤིག །ཡོད་པར་ཡང་ཟུངས་ཤིག །མེད་པར་ཡང་ཟུངས་ཤིག །གཅིག་པར་ཡང་ཟུངས་ཤིག །ཐ་དད་པར་ཡང་ཟུངས་ཤིག །ཐ་དད་ཀྱི་ངོ་བོ་ལས་གྲོལ་བར་ཡང་ཟུངས་ཤིག །ཅེས་པ་དང་། སྤར་ཁབ་ཀྱི་ནང་དུ་འབྲས་བུའི་སྐབས་ཐམས་ཅད་ལ་ཡང་དེ་ལྟར་གསུངས་སོ། །དེ་ལྟར་རྒྱུད་གཅིག་པར་འདོད་པ་ནི་རྟེན་མེད་ཀྱིས་དོན་བྱེད་པར་འདོད་པ་ཡིན་ལ། མ་འདྲེས་པར་འདོད་པ་ནི་རྟེན་ཅན་གྱིས་དོན་བྱེད་པར་འདོད་པ་ཡིན་ཅིང་། རང་ལུགས་ནི་དབྱེར་མེད་ངོ་བོ་ཉིད་ཀྱིས་དོན་བྱེད་པར་འདོད་པའི་ལུགས་སོ། །གསུམ་པ་འབྲས་བུའི་ཁྱད་པར་ལ་གསུམ་ཏེ། བགྲང་། དང་པོ་མིང་གྲངས་ཀྱི་ཁྱད་པར་དུ་དབྱེ་ན་བསམ་ཡས་པ་དང་། དྲང་། གསང་བའི་ཐེག་པ་ཐུན་མོང་མིན་པའི་སྐུ་ལྔ་ལྷུན་གྱིས་གྲུབ་པའི་རྒྱལ་བ་དྲུག་པ་དེའི་མིང་གི་རྣམ་གྲངས་སམ། གོང་ལྟར་བདེ་བར་གཤེགས་པ་དང་། དེ་བཞིན་གཤེགས་པ་དང་བཅོམ་ལྡན་འདས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དགྱེས་པ་ཆེན་པོ་ཞེས་བརྗོད་པ་ལ་སོགས་པའི་མིང་གི་རྣམ་གྲངས་མཐའ་ཡས་པ་ཞིག་ཡོད་ཀྱང་གཉིས་པ་འདིར་བསྡུས་ཏེ་བསྟན་པ་དེ་ལ་གཉིས་ཏེ། བགྲང་། དང་པོ་མདོར་བསྟན་པ་དང་། དྲང་། འདིར་ལུས་མདོར་བསྟན་ནས། ངོ་བོའི་ཚུལ་དང་ཁྱད་པར་གསུམ་ཡོད་པས་གྲངས་ཀྱིས་ཕྱེ་བས་ངོ་བོའི་ཁྱད་པར། ཚུལ་གྱིས་ཁྱད་པར། མིང་གི་རྣམ་གྲངས་ཀྱི་ཁྱད་པར་ཙམ་ཞིག་བརྗོད་ན། འདིར་མདོར་བསྡུས་ཏེ་བརྗོད་པའི་ཐེག་པ་སོ་སོའི་འབྲས་བུའི་ཁྱད་པར་གྱི་དོན་ཁུང་དུ་ཆུབ་པར་གྱིས་ཞེས་གདམས་པའོ། །གཉིས་པ་རྒྱས་པ་དེ་ལ་གསུམ་སྟེ། བགྲང་། དང་པོ་འབྲས་བུའི་ངོ་བོའི་ཁྱད་པར་དང་། དྲང་། མ་ཧཱའི་འབྲས་བུའི་ངོ་བོ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་དེ་རེ་རེ་ལ་འང་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔར་ལྷུན་གྱིས་གྲུབ་པའི་དྲུག་པའི་སངས་རྒྱས་དང་། འོག་མ་དབུ་མ་ཀྲི་ཡོག་གིས་རྒྱལ་བ་སྐུ་གསུམ་རྫོགས་པར་འདོད་པས་སོ་སོའི་གྲུབ་མཐའ་རང་སའི་སངས་རྒྱས་དང་མ་ཧཱའི་སངས་རྒྱས་གཉིས་ལ། གྲངས་རྫོགས་མ་རྫོགས་ཀྱི་ཁྱད་པར་ནི། དབུ་མ་པས་ཀུན་ཏུ་འོད་ཆོས་སྐུ་གཅིག་ཕུ་དང་། ཀྲི་ཡས་རིགས་གསུམ་དང་ཡོ་གས་རིགས་ལྔ། མ་ཧཱས་ནི་ཉེར་ལྔ་ལྷུན་གྱིས་གྲུབ་པའོ། །ངོ་བོ་འདུས་བྱས་མ་བྱས་ཀྱི་ཁྱད་པར་ནི་གཟུགས་སྐུ་སྟེ། དབུ་མ་པས་གཟུགས་སྐུ་གདུལ་བྱའི་ངོར་སྣང་ཙམ་དུ་འདོད་པ་དང་། ཀྲི་ཡས་རིགས་གསུམ་དང་། ཡོ་གས་རྣམ་སྣང་བརྒྱ་བྱིན་ལྷའི་བླ་མ་ཡང་སྐྱེ་འཇིག་ཡོད་པས་འདུས་བྱས་ཡིན་ལ། མ་ཧཱའི་དྲུག་པ་སྤྱི་གཟུགས་ཅན་ནི་འདུས་མ་བྱས་ཀྱི་གཟུགས་སྐུའོ། །བྱིན་རླབས་ལས་མངོན་དུ་སྣང་བ་དང་མི་སྣང་བའི་ཁྱད་པར་ནི། གསུམ་པོས་ནི་རང་ས་རང་སའི་འབྲས་བུའི་ས་ལས་མི་དྲོང་ལ། མ་ཧཱས་ནི་ཡི་གེ་འཁོར་ལོའི་ས་དྲོང་བར་སྣང་བའོ། །དོན་བྱེད་རྒྱ་ཆེ་ཆུང་གི་ཁྱད་པར་ནི། དབུ་མས་ཉན་རང་མན་ཆད། ཀྲི་ཡས་དབུ་མ་མན་ཆད། ཡོ་གས་ཨུ་པ་ཡ་མན་ཆད། མ་ཧཱ་ཡོ་ག་མན་ཆད་ལ་ལུགས་འབྱུང་ལྡོག་གི་སྒོ་ནས་དོན་བྱེད་པའོ། །དེ་ལྟར་ཁྱད་པར་བཞི་ལས་དཔག་པའི་དོན་གྱིས་ན། འབྲས་བུ་རང་གི་ངོ་བོ་ཉིད་ཀྱི་ཁྱད་པར་ཡོད་པར་གསལ་ལོ། །གཉིས་པ་འབྲས་བུ་ཐོབ་ནས་དགོངས་པའི་རྒྱུད་ཀྱི་བཞུགས་ཚུལ་གྱི་ཁྱད་པར་དང་། དྲང་། སངས་རྒྱས་དེ་དག་གི་དགོངས་པའི་བཞུགས་ཚུལ་ནི་དབུ་མ། ཀྲི་ཡ། ཡོ་ག །མ་ཧཱ་དང་རང་སའི་འབྲས་བུ་བཞིའི་རྒྱལ་བ་ཀུན་ཏུ་འོད་རིགས་གསུམ་རྡོ་རྗེ་འཛིན་པ། སྟུག་པོ་བཀོད་པ། སྐུ་ལྔ་ལྷུན་གྲུབ་དང་བཞི་པོ་དེ་དག་གི་ཁྱད་པར་ནི། དབུ་མས་རྒྱུད་གཅིག་ཏུ་འདྲེས་པར་འདོད་པ་དང་། ཕྱི་རྒྱུད་ཀྱིས་དེ་ལས་གྲོལ་ཏེ་ཐ་དད་པར་སྨྲ་བ་རྣམས། མ་ཧཱའི་ས་འདིར་དྲང་བའི་ཐབས་ཙམ་དུ་བསྟན་པ་ཡིན་ལ་མ་ཧཱ་ནི་གོང་དུ་བཤད་པ་བཞིན་ཡིན་པའི་ཕྱིར། དེ་བས་ན་དགོངས་པ་རྒྱུད་ཀྱི་བཞུགས་ཚུལ་གྱི་ཁྱད་པར་ནི་བློས་བསམ་པའི་ཚད་ལས་འདས་པའོ། །གསུམ་པ་འབྲས་བུའི་མིང་གི་རྣམ་གྲངས་ཀྱི་ཁྱད་པར་ལ་བཞི་སྟེ། བདེ་གཤེགས་དེ་བཞིན་གཤེགས་པའི་ཁྱད་པར་དང་། རྒྱལ་བ་བཅོམ་ལྡན་འདས་ཀྱི་ཁྱད་པར་གཏན་ཚིག་དང་བཅས་པ་དང་། དགྱེས་པ་ལོངས་སྤྱོད་ཀྱི་ཁྱད་པར་དང་། ཐེག་པ་གོང་འོག་གི་འབྲས་བུའི་ཁྱད་པར་རོ། །དང་པོ་ལ་གཉིས་ཏེ། ཐུན་མོང་གི་ཐེག་པའི་བདེར་གཤེགས་དེ་བཞིན་ཉིད་དུ་གཤེགས་པ་དང་། དེ་ལས་མ་ཧཱའི་བདེ་གཤེགས་དེ་བཞིན་ཉིད་དུ་གཤེགས་པས་དཔག་པའོ། །དང་པོ་ལ་གསུམ་ཏེ། གྲོལ་ལམ་གྱི་བདེ་གཤེགས་དེ་བཞིན་ཉིད་དུ་གཤེགས་ཚུལ་དང་། ཐབས་ལམ་གྱི་ཁྱད་པར་དང་། ཤཱཀྱ་ཐུབ་པ་གཤེགས་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བགྲང་། དང་པོ་བྱང་ཆུབ་སེམས་དཔའི་གཤེགས་ཚུལ་དང་། དྲང་། འབྲས་བུའི་མིང་གི་རྣམ་གྲངས་ཀྱི་ཁྱད་པར་ནི་ཉན་རང་ལ་ལྟོས་ན་ཐེག་ཆེན། གསང་སྔགས་ལ་ལྟོས་ན་ལྟ་སྤྱོད་དམན་པ་བྱང་ཆུབ་སེམས་དཔའ་ཐེག་པ་བས་རྒྱུ་ཐུན་མོང་གི་ཚོགས་གཉིས་བསགས་པའི་སྟོབས་ཀྱིས་འབྲས་བུ་ཀུན་ཏུ་འོད་ཀྱི་ས་ལ་བདེ་བར་གཤེགས་ཤིང་། དོན་དམ་སྐྱེ་བ་མེད་པ་འབྲས་བུ་ཆོས་ཉིད་སྟོང་པ་དེ་བཞིན་ཉིད་ཀྱི་ངང་དུ་གཤེགས་པ་དེ་ཡང་། དུས་བསྐལ་པ་གྲངས་མེད་གསུམ་གྱི་དབང་དུ་ལམ་བསྒྲོད་པའི་ཕྱིར་དུ་དུས་དེར་སྔ་མ་བཞིན་དུ་ཐུན་མོང་གི་ཚོགས་གཉིས་བསགས་པ་ལ་བརྟེན་ནས། གནས་ལུགས་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་གཤེགས་པ་ཉིད་དང་། གཉིས་པ་བྱ་བའི་ལུགས་ཀྱི་གཤེགས་ཚུལ་ལོ། །དྲང་། གསང་སྔགས་ཕྱི་རྒྱུད་ཀྱི་ཐེག་པ་ལའང་། ཁྲུས་དང་གཙང་སྦྲའི་བྱ་བ་བྱེད་པ་ཀྲི་ཡའི་ལུགས་ཀྱི་ཤེས་རབ་ལྟ་བ་རྟོགས་པ་དང་། འབྲས་བུ་འགྲུབ་པའི་ཡན་ལག་ཆོ་ག་བཅུ་གཅིག་གི་ལྷ་བསྒོམ་པའི་རྣལ་འབྱོར་ཏིང་ངེ་འཛིན་གསལ་ཞིང་། སྔགས་བཟླས་པའི་གྲངས་རྫོགས་པར་བྱས་པས། དེ་ཡང་འབྲས་བུ་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པ་དེ་ལ་ལམ་དུ་བྱས་པས་དགོངས་པ་བདེ་བར་གཤེགས་པའམ། རིགས་གསུམ་རྡོ་རྗེ་འཛིན་པའི་སར་རང་སེམས་དག་པ་མཐའ་བཞིའི་དྲི་མ་དང་བྲལ་བའི་དེ་བཞིན་དུ་མངོན་དུ་གྱུར་པས་གཤེགས་པའོ། །གཉིས་པ་ཐམས་ལམ་གྱི་གཤེགས་ཚུལ་ལ་གཉིས་ཏེ། བགྲང་། དང་པོ་མཚན་ཉིད་ཀྱི་ལུགས་ཀྱི་གཤེགས་ཚུལ་དང་། དྲང་། གྲོལ་ལམ་དུ་གཤེགས་པ་ལ་དགར་བས་ཡང་ན་ཐབས་ལམ་དབང་གིས་གཤེགས་པ་ནི། དབང་གནས་གང་དུ་བསྐུར་ན། སྤྱིའི་གནས་རྒྱ་གར་གྱི་ཡུལ་བྱ་རྒོད་ཕུང་པོའི་རི་འདབ་ལ་སོགས་ཀྱི་བྱེ་བྲག་ཏུ་བསོད་ནམས་དང་ལས་སྐལ་ལྡན་པའི་གནས་དགོན་ཕུག་བྱེ་མ་འདབ་སྣ་ཞེས་བྱ་བ་དེ་རུ་བསྐུར། གང་གིས་བསྐུར་ན། དགྲ་བཅོམ་སྟོང་དང་ལྔ་བརྒྱ་འདུས་ནས་བསྐུར། དབང་གང་བསྐུར་ན། དགེ་སློང་འདི་ནི་བཅོམ་ལྡན་འདས་ཀྱི་ཞལ་མཐོང་གི་འཁོར་ཏེ། ཞེས་བདེན་པའི་ཚིག་གིས་བསྐུར། གང་ལ་བསྐུར་ན། བྲམ་ཟེ་ལ་བཟའ་རྒན་མོའི་བུ་དགེ་སློང་ས་རི་ཞེས་བྱ་བ་ལ་བསྐུར། དགོས་ཆེད་ཅིའི་ཕྱིར་བསྐུར་ན། རྒྱལ་ཚབ་ཏུ་དབྱུང་བའི་ཕྱིར་བསྐུར། རྫས་གང་ལ་བརྟེན་ནས་བསྐུར་ན། ཚིག་དང་ཡི་གེ་ལ་བརྟེན་དབང་བསྐུར་བ་ཇི་བཞིན་ནམ། ཞེས་དགེ་སློང་ས་རི་ལ་དབང་བསྐུར་བས་དགྲ་བཅོམ་ཐོབ་པ་ཅི་བཞིན་དུ། ད་ལྟ་ལམ་པ་ལ་ཡང་དབང་བསྐུར་བས་སངས་རྒྱས་པའོ། །དཔེར་ན་འཇིག་རྟེན་ན་ཆེ་གེ་མོ་ལ་དབང་བསྐུར་བྱས་པས་དབང་ཐོབ་པ་ལྟ་བུའོ། །དེ་ཡང་སྙན་བརྒྱུད་རྡོ་རྗེ་ཟམ་པ་ལས། བྱ་རྒོད་ཕུང་པོའི་འདབ་ལོག་ཏུ། །དགོན་ཕུག་བྱེ་མ་འདབ་སྣ་རུ། །དངོས་པོར་ལྟ་བའི་རིགས་ཅན་ཏེ། །བྲམ་ཟེ་ལ་བཟའ་རྒན་མོའི་བུ། །དགེ་སློང་སཱ་རི་ཞེས་བྱ་བ། །རང་གི་སྡུག་བསྔལ་ཟག་པ་ཟད། །རྒྱལ་ཚབ་སྐྱེས་བུའི་ས་འཛིན་ཟེར། །དགྲ་བཅོམ་ལྔ་བརྒྱ་སྟོང་གཅིག་འདུས། །སྐྱེས་བུ་ཆེན་པོར་དབང་བསྐུར་རོ། །ཞེས་སོ། །བྱང་ཆུབ་སེམས་དཔའི་དབང་དུ། རྣ་བརྒྱུད་ལས། བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །འདུལ་བའི་སྡོམ་པ་དམ་མནོས་ཏེ། །བདེན་གཉིས་རྟོགས་པའི་ལམ་བརྟེན་ཏེ། །སེམས་ཅན་རྒྱུད་ཀྱི་མཚན་རྟོགས་ནས། །ཞི་གནས་འབྲེལ་བའི་གནས་དྲུག་སྦྱོར། །ལྷག་མཐོང་གསལ་བས་སྐབས་གསུམ་བཀོད། །ཞི་གནས་བརྟེན་པའི་གནས་རྙེད་པས། །ཏིང་འཛིན་རྣམ་གཉིས་ཟུང་འབྲེལ་ནས། །སྟོང་པ་ནམ་མཁའ་དེ་ཉིད་བྱ། །ཟླ་བ་གཅིག་གིས་བརྟེན་གྱུར་ནས། །དེ་ཉིད་སྟོང་པར་བརྟེན་པར་བྱ། །དེ་ཉིད་སྟོོང་པའི་ཀློང་ཆེན་ལས། །ཆར་ཆེན་དབུགས་ཆེན་འབྱིན་པ་ཡིས། །བསྐལ་བ་དུ་མ་གནས་པའང་སྲིད། །སྨོན་ལམ་སྟོབས་དྲག་མྱུར་དུ་འགྲུབ། །སྐུ་བྱིན་ལྡན་པས་ཕྱག་བརྐྱང་ནས། །ཕྱག་གི་གདུགས་ཀྱིས་བཀབ་ནས་ནི། །ཞི་གནས་བརྟེན་པའི་དབྱིངས་ནས་བསླང་། །མཚན་མའི་ཐབས་ཀྱིས་བརྟེན་བྱས་ཏེ། །མཚོན་པ་སྐུ་ཡི་རྒྱ་ལྡན་བྱས། །བདེ་གཤེགས་ཞིང་ཁམས་ཀུན་ཏུ་བསྒྲག །རྡོ་རྗེ་བུམ་པ་ན་བཟའ་དང་། །རང་རྟགས་ཕྱག་རྒྱས་དབང་བསྐུར་ཏེ། །རིག་པ་མཆོག་གི་དབང་རྣམས་བསྐུར། །འདོད་པས་མོས་པའི་ཚིག་ཡིན་པས། །ང་རྒྱལ་མཚན་མའི་བདེ་བ་ཐོབ། །དེ་ཡང་བཅོས་སླའི་དབང་གིས་བདེ་གཤེགས་པའོ། །ཞེས་སོ། །གཉིས་པ་ཀྲི་ཡའི་ལུགས་ཀྱི་གཤེགས་ཚུལ་ལོ། །དྲང་། གནས་གང་དུ་བསྐུར་ནས། སྤྱིའི་གནས་ཝ་ར་ཎ་སེའི་བྱེ་བྲག་སྨེ་ཁྲོད་བརྩེགས་པ་མི་གཙང་བའི་དྲི་མ་མེད་ཅིང་བསིལ་ཁང་གི་ནང་དུ་བསྐུར། གང་ལ་བསྐུར་ན། དམ་པ་ཀྲི་ཡའི་རིགས་ཅན་སི་རྟུ་སྲ་བ། བྲམ་ཟེ་ཁྱིམ་བདག །ཀུ་ཀུ་ར་ཙ་གསུམ་ལ་བསྐུར། །གང་གིས་དབང་བསྐུར་ན། གཙང་མ་ཕྱག་ན་རྡོ་རྗེས་བསྐུར། རྫས་གང་ལ་བརྟེན་ནས་བསྐུར་ན། རྡོ་རྗེ་རྒྱ་གྲམ་ལ་སོགས་པ་ལྷའི་མངོན་རྟགས་བརྒྱད་དམ་དགུས་བསྐུར། དགོས་ཆེད་ཅིའི་ཕྱིར་བསྐུར་ན། རིགས་གསུམ་རྡོ་རྗེ་འཛིན་པའི་ས་ལ་དགོད་པའི་ཆེད་དུ་དབང་བསྐུར་ནས། འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པའི་ཚུལ་ཇི་བཞིན་དུ་རྗེས་འཇུག་རྣམས་ཀྱང་དེ་བཞིན་མཐུན་ནོ། །དེ་ཡང་རྣ་བརྒྱུད་རྡོ་རྗེ་ཟམ་པ་ལས། བ་ར་ན་སེའི་བསིལ་ཁང་དུ། །གཙང་མ་ལག་ན་རྡོ་རྗེ་ཡིས། །ལག་མཐིལ་གཙང་མའི་དྲིས་བྱུག་ལ། །རིགས་གསུམ་སྟོབས་ཀྱིས་དཀྱིལ་འཁོར་བྲིས། །དམ་པ་གསུམ་ལ་ངེས་པར་བརྟེན། །འཕྲུལ་གྱི་མེ་ལོང་དགུ་བཀྲམ་སྟེ། །དམིགས་པས་དངོས་པོའི་རྟོག་པ་སྦྱོང་། །ལྷ་ཡི་མངོན་རྟགས་ལག་ཏུ་གཏད། །གཙང་མའི་ས་ལ་ངེས་བཀོད་དེ། །དེ་ཡང་བཅོས་མའི་སྦྱོར་བ་ཡིན། །ཞེས་སོ། །གསུམ་པ་ཤཱཀ་ཐུབ་གཤེགས་ཚུལ་ལ་གཉིས་ཏེ། བགྲང་། དང་པོ་ཐེག་པ་གསུམ་གྱི་འདོད་པའི་ཐུབ་པ་གཤེགས་ཚུལ་དང་། དྲང་། སྔོན་བྱུང་དུ་སངས་རྒྱས་ཐུབ་པའི་དབང་པོ་ཡང་། གོང་གི་ཐུན་མོང་གི་ལམ་གྱི་གཤེགས་ཚུལ་དེ་ཇི་ལྟ་བ་བཞིན་དུ། ཀུན་ཏུ་འོད་དང་། རྡོ་རྗེ་འཛིན་པ་དང་། རྡོ་རྗེ་འཆང་གི་ས་ལ་གཤེགས་པའམ། རྒྱུའི་ཐེག་པའི་བཀའ་དང་། བྱ་བ་ཀྲི་ཡའི་རྒྱུད་དང་། གཉིས་ཀ་སྤྱོད་པ་ཨུ་པ་ཡའི་རྒྱུད་ལ་སོགས་པ་རང་རང་སོ་སོའི་གཞུང་ལས་ཇི་ལྟར་གྲགས་པ་བཞིན་དུ་གཤེགས་པ་ཡིན་ནོ། །གཉིས་པ་ཡོ་གའི་གཞུང་ལྟར་གཤེགས་ཚུལ་ལོ། །དྲང་། རྣལ་འབྱོར་ཡོ་གའི་གཞུང་གི་དབང་གང་ལ་བསྐུར་ན། རྒྱལ་བུ་དོན་གྲུབ་དེ་ཉིད་ལ། གནས་གང་དུ་བསྐུར་ན། ཆུ་བོ་ནེ་ར་ཛ་ནའི་འགྲམ་ལོགས་སུ་བསྐུར། དུས་ནམ་གྱི་ཚེ་བསྐུར་ན། ལོ་དྲུག་ཏུ། ཆུ་ཐིག་པ་རེ་རེ། འབྲས་ཉག་མ་རེ་རེ་གསོལ་བའི་དཀའ་ཐུབ་ཀྱི་དཀའ་བ་སྦྱོད་པའི་ཚེ་བསྐུར། གང་གིས་བསྐུར་ན། ཕྱོགས་བཅུའི་རྒྱལ་བ་སྤྲུལ་པའི་སྐུ་རྣམས་དང་། ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔས་བསྐུར། རྫས་གང་ལ་བརྟེན་ནས་བསྐུར་ན། རིན་ཆེན་སྣ་བདུན་ལ་བརྟེན་ནས་བསྐུར། ཚུལ་ཇི་ལྟར་དུ་བསྐུར་ན་སྟོང་པ་ཉིད་དང་། གདན་པད་ཟླ་དང་། གསུང་ཡིག་འབྲུ་དང་། ཐུགས་ཕྱག་མཚན་དང་། སྐུ་ཡོངས་རྫོགས་དང་མངོན་པར་བྱང་ཆུབ་པ་དང་རྣམ་པ་ལྔའི་སྟོབས་ཀྱིས་དབང་བསྐུར་བས། དགོས་ཆེད་ནི་འདི་ལྟར་དུ་སྣང་བའི་འོག་མིན་སྟུག་པོ་བཀོད་པའི་གནས་ཉིད་དུ་རང་བཞིན་གྱི་དོན་འགྲུབ་སྟེ། དེའི་སྒྲ་དོན་གྲུབ་པའི་ཚུལ་ནི། སྤྲུལ་པའི་ལུས་ཀྱིས་བཀའ་ཐུབ་མཛད་པའི་ཁོག་པ་ནས། སེམས་ཉིད་ཡེ་ཤེས་ལྔར་རྟོགས་པའི་རང་གཟུགས་ལ་ལོངས་སྐུ་རྣམ་པར་སྣང་མཛད་ཀྱི་ལུགས་སུ་གཤེགས་ཏེ་སངས་རྒྱས་ནས། རི་རབ་ཀྱི་རྩེ་མོར་རིན་པོ་ཆེའི་ཁང་བཟང་བརྩེགས་པར་ཡོ་ག་དུམ་བུ་བཞི་པའི་ཆོས་ཀྱི་འཁོར་ལོ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྐོར་ནས་དོན་མཛད་པ་དེ། དེ་ཡང་མ་ཧཱ་ལ་ལྟོས་ན་འཁོར་གྱི་རྟོག་པ་ལ་སྣང་བའི་གཟུགས་སྐུ་ཡིན་ནོ། །དེ་ཡང་རྣ་རྒྱུད་རྡོ་རྗེ་ཟམ་པ་ལས། རིན་ཆེན་ལྷུན་སྡུག་བརྩིགས་པའི་ཁང་། །རི་བོ་འབར་བའི་རྩེ་མོ་ལ། །དཔལ་བྱུང་ཕྱག་ན་རྡོ་རྗེ་ཡིས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །རང་བཞིན་དཀྱིལ་འཁོར་མངོན་དུ་འབྱུང་། །དམ་པ་ལྔ་ལ་མངོན་དུ་བསྟན། །ལྷ་བྲག་རྡོ་རྗེའི་རྫོང་ཕུག་ཏུ། །གཙང་མའི་རིག་འཛིན་གྲལ་དུ་བཀོད། །ཅེས་སོ། ། གཉིས་པ་མ་ཧཱའི་དེ་བཞིན་ཉིད་གཤེགས་ལུགས་དཔག་པ་ལ་གསུམ་སྟེ། བགྲང་། དང་པོ་ཐབས་ལམ་དང་གྲོལ་ལམ་གཉིས་མེད་ཀྱི་སྒོ་ནས་གཤེགས་ལུགས་དཔག་པ་དང་། དྲང་། མ་ཧཱ་རང་གི་བདེ་གཤེགས་དེ་བཞིན་ཉིད་དུ་གཤེགས་ལུགས་གང་ཞེ་ན། ཐམས་ལམ་དང་ཤེས་རབ་གྲོལ་ལམ་གཉིས་མེད་མཉམ་པ་ཉིད་ཀྱི་དོན་ཉམས་སུ་བླངས་བའི་སྒོ་ནས་སྙིང་པོ་བྱང་ཆུབ་ཀྱི་འགྲོ་འོང་གི་རྟོག་པ་མེད་པར་བདེ་བར་གཤེགས་ཏེ། གཞི་གནས་ལུགས་ཅི་བཞིན་པ་འཁོར་འདས་ལྷུན་གྲུབ་མཉམ་པ་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་ནར་སོན་པས་གཤེགས་པ་སྟེ། འོག་མའི་བདེ་གཤེགས་དེ་བཞིན་གཤེགས་པ་པས་དགོངས་པའི་བཞུགས་ཚུལ་དང་ངོ་བོ་དང་རྣམ་གྲངས་ཀྱི་ཁྱད་པར་དང་གསུམ་གྱི་ཆེ་བའོ། །གཉིས་པ་ཤཱཀ་ཐུབ་གཤེགས་ལུགས་དཔག་པའོ། །དྲང་། དེ་ཡང་དབང་གནས་གང་དུ་བསྐུར་ན། ཆུ་བོ་ནེ་ར་ཛ་ནའི་འགྲམ་དུ། གང་ལ་བསྐུར་ན་རྒྱལ་བུ་དོན་གྲུབ་དཀའ་ཐུབ་ཀྱི་ལུས་ཅན་དེ་ལ། གང་གིས་བསྐུར་ན། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་དབྱར་གྱི་སྤྲིན་ཕུང་བཞིན་དུ་འདུས་པའི་ཆ་ལུགས་ནི། གསང་བའི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ཀྱིས་བསྐུར། དུས་ནམ་གྱི་ཚེ་ན། སྲོད་ལ་རྟོག་པ་ནུབ་པའི་ཚེ་གསང་དབང་དང་། ཐོ་རེངས་ཡེ་ཤེས་སྐྱེ་བའི་དུས་ཉིད་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། རྫས་གང་ལ་བརྟེན་ནས་བསྐུར་ན། སྟོན་པ་ཡབ་ཡུམ་གྱི་ཉི་ཟླ་བྱང་སེམས་ལྕེ་ཐོག་ཏུ་བཞག་པ་ཁར་བཟའ་བའི་དབང་རྫས་བྱིན་ཏེ། གསང་དབང་བསྐུར་ཅིང་། རོལ་པའི་ཀ་ར་སྟེ་སྦྱོར་ཐབས་ཀྱི་བསྟན་ཆོས་བསྟན་ཏེ་སྦྱོར་དུ་བཅུག་པའི་ཐིག་ལེ་ལུགས་སུ་སོང་བའི་ཡས་བབ་ཀྱི་དགའ་བ་བཞི་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཐིག་ལེ་དེ་ཉིད་ལུགས་སུ་བཟློག་པ་ལས་མས་བརྟན་གྱི་དགའ་བ་བཞི་ལ་ཤིན་ཏུ་བརྟན་པ་བདེ་བ་ཆེན་པོ་རྫོགས་པའི་དབང་ཐོབ་པས་གཞི་དོན་ཇི་ལྟ་བ་དེ་བཞིན་དུ་འབྲས་བུ་མངོན་དུ་གྱུར་པས་གཤེགས་ལ། རྗེས་འཇུག་རྣམས་ཀྱང་དེ་བཞིན་དུ་གཤེགས་པའོ། །དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། ཐབས་དང་ལམ་གྱི་ཁྱད་པར་གྱིས། །ཀུན་དགའ་རྡོ་རྗེ་འཆང་ཆེན་ཉིད། །གཙང་མའི་རིགས་དག་སྤང་པ་ཡི། །འོག་མིན་གནས་མཆོག་ཆེན་པོ་དེར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྐལ་མེད་སྐྱེ་བོ་འདུལ་བའི་ཕྱིར། །སྤྲུལ་པ་པོ་དེ་འདིར་སངས་རྒྱས། །སངས་རྒྱས་ཀུན་གྱི་བཞུགས་པའི་གནས། །གཙང་མའི་རིགས་དག་རྣམ་སྤང་བ། །འཇིན་རྟེན་ལས་ཀྱི་མཐར་ཐུག་པ། །འོག་མིན་འབར་བའི་གཞལ་ཡས་ཁང་། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། །ཡོན་ཏན་ཁྱད་པར་དཔག་པས་ན། །གསང་བ་ཡུམ་གྱི་བྷ་ག་ལ། །བཅུ་གསུམ་ས་ཡི་དབང་ཕྱུག་ལྡན། །རྡོ་རྗེ་འཆང་ཆེན་དཔག་མེད་དང་། །ཏིལ་འབྲུའི་ཚུལ་དུ་རབ་ཏུ་བཞུགས། །ཅེས་སོ། །འོ་ན་རྒྱལ་བུ་དོན་འགྲུབ་འདི་རྒྱུའི་ཐེག་པས་སྤྲུལ་སྐུ་ཤཱཀྱ་ཐུབ་ཏུ་སངས་རྒྱས་པར་འདོད་ལ། ཀྲི་ཡས་རིགས་གསུམ་དུ། ཡོ་གས་རྣམ་སྣང་དུ། འདིར་རྡོ་རྗེ་འཆང་ཆེན་དུ་སངས་རྒྱས་པར་བཤད་པ་འདི་འགལ་ལོ་ཞེ་ན། འགལ་བ་མེད་དེ། གདུལ་བྱའི་ངོ་ལ་རང་རང་གི་བཞུགས་ལུགས་ལྟར་སྣང་བའི་ཕྱིར་ཐེག་པ་ཐམས་ཅད་ཀྱིས་རང་རེའི་སངས་རྒྱས་ཁོར་ནར་མཐོང་ནས་ངེད་ཀྱི་སངས་རྒྱས་སོ་སྙམ་པ་སྟེ། དེ་ནི་གདུལ་བྱའི་སྣང་བའམ་དྲང་དོན་གྱི་སངས་རྒྱས་ཡིན་ལ་ངེས་དོན་གྱི་སངས་རྒྱས་ནི་ཐེག་པ་གོང་མ་ལྟར་འཐད་པའོ། །གསུམ་པ་དེས་ནི་ཐེག་པ་འོག་མ་ལས་དཔག་ཚུལ་གཏན་ཚིགས་དང་བཅས་པའོ། །དྲང་། གཤེགས་ལུགས་ལ་ཁྱད་པར་ཡོད་པ་དེའི་ཕྱིར་ཐུན་མོང་གི་ཐེག་པ་བྱང་སེམས་ཀྲི་ཡོག་རྣམ་པ་གསུམ་དང་མ་ཧཱ་དང་བཞི་ལས། བྱང་བ་བཞིའི་ཁྱད་པར་ནི། རྒྱུའི་ཐེག་པས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་མངོན་དུ་བྱས་ཙམ་ན། རྣམ་པར་མི་རྟོག་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱ་ས་བཅུའི་སྒྲིབ་པ་ཐམས་ཅད་བྱང་བ། ཀྲི་ཡས་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱས་ཙ་ན། རིག་གསུམ་སྟོབས་སུ་བྱས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་དང་། ཤེས་བྱའི་སྒྲིབ་པ་དང་། བཅུ་གཅིག་ཀུན་ཏུ་འོད་མན་ཆད་ཀྱི་སྒྲིབ་པ་བྱང་བ་དང་། ཡོ་གས་སྟུག་པོ་བཀོད་པའི་ས་མངོན་དུ་བྱས་ཙ་ན། མཚན་བཅས་དང་མཚན་མ་མེད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་དང་། ཨུ་པ་ཡ་མན་ཆད་ཀྱི་ལྟ་སྒྲིབ་བྱང་བ་དང་། མ་ཧཱ་ཡོ་གས་པདྨ་སྤྱན་གྱི་ས་མངོན་དུ་བྱས་ཙ་ན། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནམ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་དང་། ཤེས་བྱའི་སྒྲིབ་པ་དང་། ཡོ་ག་མན་ཆད་ཀྱི་ལྟ་སྒྲིབ་བྱང་བ་དང་། ཆུབ་པ་བཞི་ནི། རྒྱུའི་ཀུན་ཏུ་འོད་སྐུ་གསུམ་གྱི་ངོ་བོར་ཆུབ། ཀྲི་ཡ་རྡོ་རྗེ་འཛིན་པའི་ས་རིགས་གསུམ་གྱི་ངོ་བོར་ཆུབ། ཡོ་ག་རིགས་ལྔའི་ངོ་བོར་ཆུབ། མ་ཧཱ་ཡོ་ག་སྐུ་ལྔ་ཡེ་ཤེས་ལྔའི་ངོ་བོར་ཆུབ་པའོ། །བདེ་བར་གཤེགས་པ་བཞི་ནི། རྒྱུའི་ཐེག་པས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་མངོན་དུ་བྱས་ཙ་ན། ས་བཅུ་པ་མན་ཆད་ཀྱི་ཉོན་མོངས་རྣམ་རྟོག་གི་ཟུག་རྔུ་མེད་པས་བདེ་བར། བདག་གཞན་གྱི་དོན་གྱི་ཕྱིར་གཤེགས་པ་དང་། ཀྲི་ཡས་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱས་ཙ་ན། ཀུན་ཏུ་འོད་མན་ཆད་ཀྱི་ཉོན་མོངས་རྣམ་རྟོག་ཟུག་རྔུ་མེད་པས་བདེ་བར། བདག་གཞན་གྱི་དོན་ཕྱིར་གཤེགས་པ་དང་། ཡོ་གས་སྟུག་པོ་བཀོད་པའི་ས་མངོན་དུ་བྱས་ཙ་ན། ཀྲི་ཡ་མན་ཆད་ཀྱི་ཉོན་མོངས་རྣམ་རྟོག་ཟུག་རྔུ་མེད་པས་བདེ་བར། བདག་གཞན་དོན་ཕྱིར་གཤེགས་པ་དང་། མ་ཧཱ་ཡོ་གས་པདྨ་སྤྱན་གྱི་ས་མངོན་དུ་བྱས་ཙ་ན། ཡོ་ག་མན་ཆད་ཀྱི་ཉོན་མོངས་རྣམ་རྟོག་གི་ཟུག་རྔུ་མེད་པས་བདེ་བར་བདག་གཞན་གྱི་དོན་ཕྱིར་གཤེགས་པ་དང་། དེ་བཞིན་གཤེགས་པ་བཞིའི་ཁྱད་པར་ནི། དབུ་མས་དོན་དམ་པའི་བདེན་པ་སྟོང་ཞིང་སྤྲོས་པ་དང་བྲལ་བ་དེ་བཞིན་དུ། དེའི་དོན་ནར་སོན་པས་གཤེགས ། ཀྲི་ཡས་སེམས་དག་པ་མཐའ་བཞི་དང་བྲལ་བ་དེ་བཞིན། ཡོ་གས་ཆོས་ཀྱི་དབྱིངས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དེ་བཞིན། མ་ཧཱ་ཡོ་གས་སྣང་བ་དང་སྟོང་པ་གཉིས་སུ་མེད་པས་དེ་བཞིན། དེ་དག་གི་དོན་ནར་སོན་པས་གཤེགས་པ་དང་བརྒྱད་དོ། །སྐུ་གསུམ་དང་། རིག་གསུམ་དང་། རིགས་ལྔ་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཉེར་ལྔའི་གྲངས་རྫོགས་མ་རྫོགས་ཀྱི་ཁྱད་པར་དང་། འབྲས་བུའི་ངོ་བོ་གནས་སྐབས་དང་མཐར་ཐུག་གི་ཁྱད་པར་དང་། བྱིན་རླབས་དང་རྩལ་ལ་སོགས་པའི་ཡོན་ཏན་གྱིས་ཁྱད་པར་འཕགས་པའོ། །གཉིས་པ་རྒྱལ་བ་བཅོམ་ལྡན་འདས་ཀྱི་ཁྱད་པར་གཏན་ཚིགས་དང་བཅས་པ་དང་། དྲང་། དེས་ན་ཐེག་པ་སོ་སོའི་རྒྱལ་བ་དང་བཅོམ་ལྡན་འདས་ལ་ཡང་། ཐེག་པ་ཐུན་མོང་གི་དང་། མཆོག་མ་ཧཱའི་བཅོམ་ལྡན་འདས་དང་། ལུགས་གཉིས་ནི་སྔ་མ་བཞིན་དུ་ཡོད་པ་ཡིན། དེ་དག་གི་དོན་རྒྱས་པར་བཤད་ན་ཐེག་པ་བཞི་སོ་སོའི་ཐབས་ལམ་དང་ཤེས་རབ་གྲོལ་ལམ་གཉིས་ཀྱིས་རྒྱུའི་ཐེག་པའི་ཀུན་ཏུ་འོད་ཀྱི་སྐབས་སུ་རྣམ་པར་མི་རྟོག་པ་སྟོབས་སུ་བྱས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། ཀྲི་ཡས་རིགས་གསུམ་སྟོབས་སུ་གྱུར་པ་དང་། ཡོ་གས་མཚན་བཅས་མཚན་མེད་ཀྱི་སྟོབས་སུ་དང་། མ་ཧཱ་ཡོ་གས་དབྱེར་མེད་སྟོབས་སུ་བྱས་པའི་རྡོ་རྗེ་ལྟ་བུའིི་ཏིང་ངེ་འཛིན་བཞི་རྒྱུད་ལ་བསྐྱེད་པས། ཉོན་མོངས་ཀྱི་། ཕུང་པོའི། འཆི་བདག་གི། ལྷའི་བུའི་བདུད་དང་བཞི་ངེས་པར་བཅོམ་ཞིང་རང་རང་གི་འབྲས་བུའི་ཡོན་ཏན་དང་ལྡན་ཏེ། རང་རང་གི་སྡུག་བསྔལ་གྱི་མྱ་ངན་བཞི་ལས་འདས་ཤིང་། ཡོད་མེད་རྟག་ཆད་ཀྱི་མཐའ་བཞི་ལས་འདས་པ་དང་། དེ་ལྟར་ཐེག་པ་གོང་འོག་མི་མཐུན་པ་ཐ་དད་པའི་ཕྱིར། རང་རང་གི་བཞུང་གི་རང་རང་གི་འབྲས་བུ་སངས་རྒྱས་ཐོབ་པ་དེ་ཡང་ཐེག་པ་དེ་དག་རང་རང་གི་རྟོགས་པའི་ལྟ་བ་དང་། རྗེས་མཐུན་གྱི་སྤྱོད་པ་དང་ཉམས་ལེན་ཏིང་ངེ་འཛིན་གྱི་ལམ་རྣམས་ལ་གོང་འོག་གི་རིམ་པའམ་ཁྱད་པར་ཡོད་པ་བཞིན་དུ། མཐར་ཐུག་གྲུབ་པའི་མཐའ་འབྲས་བུ་སངས་རྒྱས་རྣམས་ལ་ཡང་རིམ་པ་བཞིན་དུ་ཁྱད་པར་ཡོད་པ་སྟེ། དེའི་རྒྱུ་མཚན་ནི་ལྟ་བ་མཐོ་དམན་གྱི་རིམ་པའི་ཆས་འོག་མའི་ལྟ་བས་གོང་མའི་ལྟ་དོན་ལ་སྒྲིབ་པས་དེ་བས་ན་ཁྱད་ཕྱེ་བ་ཡིན་ནོ། །དེ་ཡང་བང་མཛོད་ལས། འོག་མ་འོག་མའི་ལྟ་བ་ཡིས། །གོང་མ་མ་མཐོང་སྒྲིབ་པ་ཡིན། །ཞེས་པ་དང་། སེམས་ཀློང་ལས། རོ་རྙེད་གསེར་གྱི་རྒྱུ་འབྲས་སྐུ། །སྐུ་རུ་མཉམ་སྟེ་རྒྱུ་འབྲས་ཆེ། །འབྲས་དང་བྲ་སྲན་རྒྱུ་འབྲས་ཡང་། །རྒྱུ་འབྲས་གཉིས་ཀ་ཁྱད་པར་འཕགས། །དེ་བཞིན་ཐེག་པ་ཆེ་ཆུང་གི། །རྒྱུ་འབྲས་ལྟ་བ་ཕྱེ་བ་ཡིན། །དེ་ལྟར་འོག་མ་ཀུན་བརྟག་པས། །འབྲས་བུའམ་ཀུན་བརྟག་མཐར་ཕྱིན་ཟད། །གོང་མ་གོང་མ་དེ་གྲོལ་བས། །འབྲས་བུའང་ཁྱད་པར་འཕགས་པ་ཡིན། །ཞེས་པ་དང་། ས་དང་ལམ་ལ་སོགས་པ་ཡིན། །ཐེག་པ་ཀུན་གྱི་འབྲས་བུ་ནི། །རང་རང་ལྟོས་པའི་མཐར་ཐུག་ཀྱང་། །ཆེ་མཆོག་ལྷུན་གྲུབ་མཉམ་དང་བྲལ། །ཞེས་སོ། །གསུམ་པ་དགྱེས་པ་ལོངས་སྤྱོད་ཀྱི་ཁྱད་པར་དང་། དྲང་། དེ་ལྟར་ཐེག་པ་སོ་སོའི་བཅོམ་ལྡན་འདས་ལ་ཁྱད་པར་ཡོད་པ་དེས་ན། དགྱེས་པ་ཆེན་པོ་ལ་ཡང་ཁྱད་ཡོད་པར་བསྟན་པ་ཡིན་ཏེ། དགྱེས་པ་ཆེན་པོའི་ལོངས་སྤྱོད་ཀྱི་ཁྱད་པར་ཡང་། མདོ་སྡེ་སྟེ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། བྱ་བ་ཀྲི་ཡ་དང་། རྣལ་འབྱོར་རྒྱུད་གྱི་ཡོ་ག་གཉིས་ཀྱི་རྒྱུད་གཞུང་སོ་སོ་ལས་ཇི་ལྟར་གསུངས་པ་བཞིན་ཏུ་ལོངས་སྤྱོད་པ་ཡིན་ལ། གོང་གི་མ་ཧཱའི་དགྱེས་པ་ཆེན་པོ་ནི་འོག་མའི་ཡིན་ཚོད་དུ་གྱུར་པ་མིན་ནོ། །བཞི་པ་འབྲས་བུའི་ཁྱད་པར་ལ་བཞི་སྟེ། བགྲང་། དང་པོ་སངས་རྒྱས་པའི་ཁྱད་པར་བསྟན་པ་དངོས་དང་། དྲང་། སྔ་མའི་གཏན་ཚིགས་དེ་ཡི་ཕྱིར་ཐེག་པ་གོང་འོག་གི་དགྱེས་པ་ཆེན་ལ་རིམ་པ་ཡོད་པས། ཐེག་པ་སོ་སོའི་རང་སའི་འབྲས་བུ་སངས་རྒྱས་རྣམས་ལ་ཁྱད་པར་གྱི་རིམ་པ་ཡོད་པའི་ཕྱིར་ན། མིང་གི་རྣམ་གྲངས་སམ་ཡོན་ཏན་གྱི་ཆ་ཤས་ཙམ་གྱིས་ཁྱད་པར་ཕྱེ་བ་མིན་ཏེེ། ཐེག་པ་གོང་འོག་གི་འབྲས་བུ་ངོ་བོ་ཉིད་ཀྱིས་མི་འདྲ་བ་དེ་བས་ན། འོག་མའི་འབྲས་བུ་བས་མ་ཧཱ་འབྲས་བུ་ཁྱད་པར་འཕགས་པའོ། །གཉིས་པ་ཐུན་མོང་གི་ས་གསུམ་དྲང་དོན་དུ་བསྟན་པའི་དགོས་ཆེད་དང་། དྲང་། དེ་ཡང་ཐེག་པ་གོང་འོག་གི་འབྲས་བུ་བཤད་པ་ལ་དགོས་ཆེད་ཅི་ཡོད་ཅེ་ན། ཐེག་པ་འོག་མ་བ་སོ་སོའི་ལམ་གྱི་རྩོལ་བས་ཤེས་རྒྱུད་ངལ་བ་རྣམས་འབྲས་བུ་ལ་བློ་བྲོད་པ་བསྐྱེད་པའི་ཕྱིར ། བྱང་སེམས་ལ་ཀུན་ཏུ་འོད་ཀྱི་ས་དང་། ཀྲི་ཡ་ལ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་དང་། ཡོ་ག་ལ་སྟུག་པོ་བཀོད་པའི་ས་ཞེས་བྱ་བར་བསྟན་པ་ཡིན་ལ། གསུམ་པ་མཐར་ཐུག་གི་ས་གསུམ་ཡོན་ཏན་གྱི་ཆ་ལས་བཏག་པ་དང་། དྲང་། དེ་ཡང་ཐབས་ཞགས་ལས། ཀུན་ཏུ་འོད་ཀྱི་ས་ལས་འདས། །པདྨ་སྤྱན་དུ་གྱུར་པ་ན། །ཞེས་གསུངས་པས། ཐེག་པ་འོག་མའི་འབྲས་བུའི་མཐར་ཐུག་མ་ཧཱའི་འབྲས་བུ་ས་ནི་པདྨ་སྤྱན་དང་ཡི་གེ་འཁོར་ལོ་ཚོགས་ཆེན་དང་། ཡེ་ཤེས་བླ་མའི་ས་དང་གསུམ་ནི་བཟང་ངན་དང་མཐོ་དམན་གྱི་ཁྱད་པར་མེད་དེ་ཡོན་ཏན་གྱི་ཆ་ལས་བརྗོད་དོ། །དེ་ཡང་རྩ་རྒྱུད་ལས། ས་ཡི་ཁྱད་པར་བཅུ་དང་གསུམ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། །ཞེས་པ་དང་། ལམ་ཆུང་ལས། སྤྱོད་ཡུལ་བྲལ་བས་མ་ཆགས་ཕྱིར། །ཆུ་སྐྱེས་སྤྱན་གྱི་ས་ཡང་རྫོགས། །ཕུང་སོགས་རང་བཞིན་ལྷར་སྣང་བས། །མངོན་བྱས་ཚོགས་ཆེན་ས་ཡང་ཐོབ། །དེ་ཉིད་རང་བཞིན་འོད་གསལ་བས། །མངོན་གྱུར་ཡེ་ཤེས་བླ་མའོ། །ཞེས་སོ། །འོ་ན་མ་ཧཱའི་མཐར་ཐུག་གི་ས་གསུམ་ལ་ཁྱད་པར་ཡོད་དམ་མེད། ཡོད་ན་མཐར་ཐུག་མ་ཡིན་པར་ཐལ། མེད་ན་ཁྱད་ཡོད་པར་བཤད་པ་དང་འགལ་ལོ་ཞེ་ན། འབྲས་བུའི་ས་གསུམ་རང་གི་ངོ་བོ་བཟང་ངན་དང་མཐོ་དམན་གྱི་ཁྱད་མེད་ཀྱང་། མཚོན་ཚུལ་དང་བྱེད་ལས་ཀྱི་དགོས་ཆེད་ཀྱི་ཡོན་ཏན་མ་འདྲེས་པའི་ཆ་ནས་བཤད་པས་འགལ་བ་མེད་དོ། །བཞི་པ་ས་གོང་འོག་གི་རིམ་པ་དཔེའི་སྒོ་ནས་བསྟན་པའོ། །དྲང་། ཐེག་པ་ལ་ཁྱད་པར་ཡོད་པ་དེའི་ཕྱིར་ཐེག་པ་གོང་འོག་གི་སོ་སོའི་འབྲས་བུའི་ཁྱད་པར་སྐས་ཀྱི་གདང་བུ་ལྟ་བུར་མཐོ་དམན་རིམ་པ་ཡོད་པ་སྟེ། དེ་ཡང་གདུལ་བྱ་འདྲེན་པའི་ཐབས་ལ་མཁས་པ་ནང་པ་མ་ཧཱ་ཡོ་གའི་ཐེག་པ་འདི་ཡིས། མཐར་ཐུག་གི་འབྲས་བུ་དངོས་སུ་ཐོབ་པར་བྱེད་པ་འདི་ལ་དངོས་སུ་འཇུག་མ་ནུས་པ་རྣམས། ཐུན་མོང་མ་ཡིན་པའི་ཐེག་པ་ལ་གཞན་པ་ཡིས་ཐུན་མོང་ལམ་སྟེགས་ཀྱི་ཐེག་པའི་ཐབས་ལ་བརྟེན་ནས་གང་མོས་སུ་འཇུག་བཅུག་ཅིང་། དེ་ནས་ཐེག་པ་འོག་མ་ནས་གོང་མ་ཉིད་དུ་འདུ་ཤེས་བསྒྱུར་ནས། མཐར་ཐུག་མ་ཧཱ་ཡོ་ག་འདི་ཡིས་འབྲས་བུ་འགྲུབ་པར་འགྱུར་ལ། ཐུན་མོང་གི་ཐེག་པ་རང་གི་ལམ་གྱི་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཐེག་པ་རང་སའི་འབྲས་བུ་ཐོབ་པ་ལས། ཐེག་འོག་ཐུན་མོང་དང་མཆོག་གི་ཐེག་པའི་འབྲས་བུ་གཉིས་ངོ་བོ་ཉིད་གཅིག་ཅིང་ཁྱད་མེད་པར་སྨྲ་བའི་གང་ཟག་རྣམས་ནི། མ་ཧཱའི་དོན་མ་མཐོང་བའི་མུན་སྤྲུལ་གྱི་བློ་ཅན་ཡིན་པའོ། །ཐེག་པ་གོང་འོག་གི་འབྲས་བུ་ལ་ཁྱད་པར་ཡོད་པའི་རྒྱུན་མཚན་ནི། གསང་སྔགས་བླ་མེད་ཀྱི་རྒྱུད་གཞུང་ཟབ་མོ་ཐམས་ཅད་ནས་སྟོན་ལ། དེ་ཉིད་ཀྱི་དགོངས་པའི་བཅུད་ཕྱུངས་པའི་མན་ངག་གི་བདག་པོ། རྒྱ་གར་གྱི་མཁས་གྲུབ་ཆེན་པོ། ཨིནྜ་བོ་དྷི། ཧཱུྃ་ཀཱ་ར། སངས་རྒྱས་གསང་བ། ༀ་རྒྱན་པདྨ། བྷི་མ་ལ་མི་ཊ། སྒེག་པ་རྡོ་རྗེ་ལ་སོགས་པའི་རྒྱ་གཞུང་ཐམས་ཅད་ནས་གསུངས་ལ། བོད་ཀྱི་སོ་ཟུར་གནུབས་གསུམ་ནས་གཟུང་ཏེ་དམ་པ་ཡབ་སྲས་ལ་སོགས་པའི་བླ་མ་རྣམས་ཀྱི་དགོངས་པ་མཐུན་པར་གསུངས་སོ། །གསུམ་པ་ལེའུའི་མཚན་བསྟན་པའོ། །དྲང་། མཚན་ཉིད་གསུམ་མམ། ལམ་ལྔའི་གཞིའི་དོན་ཇི་ལྟ་བ་མཐར་ཕྱིན་པའི་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་བཞག་བསྟན་པའི་གཞུང་དོན་རྣམས་མཚམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱི་ན་ལེའུ་ཞེས་བྱ་སྟེ། དེའི་རྣམ་གྲངས་དགུ་ཡོད་པ་ལས། ཡས་བགྲང་དགུ་པའི་དོན་དུ་གདའོ།། ༈ །།སྤྱི་དོན་གསུམ་པ་འཇུག་གི་དོན་ལ་གཉིས་ཏེ། བརྩམ་པའི་དགེ་བ་འགྲོ་བ་ཡོངས་ལ་བསྔོ་བ་དང་། སྣོད་ངན་དང་མ་འཕྲད་པར་སྨོན་ལམ་བཏབ་པའོ། །དང་པོ་ལ་གསུམ་སྟེ། བགྲང་། དང་པོ་གང་གི་ཕྱིར་བརྩམས་པ་དང་། དྲང་། འགྲོ་བ་ལམ་ལོག་པ་ནི་མུ་སྟེགས་ཡིན་ཏེ། དེ་ལ་རྟག་ལྟ་བཞི་ནི། གྲངས་ཅན་པ། ཚངས་པའི་སྡེ་པ། དབང་ཕྱུག་སྡེ་པ། བྱེ་བྲག་པ་དང་བཞི། ཆད་ལྟ་རྒྱང་འཕེན་པ་དང་ལྔ་ཡིན་པ་ཟུར་བྱམས་པ་སེང་གེས་གསུངས་སོ། །ལམ་སྟོར་བ་ནི། ལྷ་མི་གཉིས། ངན་སོང་གསུམ་དང་ལྔ་ཚན་གཉིས་པོའི་སེམས་ཅན་རྣམས། མཐོ་རིས་དང་། ཐར་བ་དང་། ཐམས་ཅད་མཁྱེན་པའི་ས་ལ་དཀྲི་བའི་དགོས་ཆེད་ཡོད་པའི་ཕྱིར། གཉིས་པ་གང་བརྩམས་པའི་ངོ་བོ་དང་། དྲང་། འཁོར་འདས་ཐ་དད་དུ་མི་གཉིས་ཏེ་གཉིས་སུ་མེད་པར་སྟོན་པའི། ཉེ་བ། བདེ་བ། རྫོགས་པའི་ལམ་མཆོག་རྣམ་པར་བཀོད་པ་འདི་ནི་སངས་རྒྱས་གསང་བ་བདག་གིས་བགྱིས་པའི། གསུམ་པ་དེ་ལྟར་བརྩམས་པའི་དགེ་བའོ། །དྲང་། སྒོ་གསུམ་ངལ་བའི་དགེ་བའི་རྩ་བ་གང་ཡིན་པ་དེས་འགྲོ་བ་སེམས་ཅན་ཀུན་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སར་སྒྲོལ་བར་ཤོག་ཅིག་ཅེས་བསྔོ་བ་ཡིན་ནོ། །གཉིས་པ་སྣོད་ངན་དང་མ་འཕྲད་ཅིག་པ་ལ་གསུམ་སྟེ། བགྲང་། དང་པོ་སྣོད་ངན་གྱི་མཚན་ཉིད་དང་། དྲང་། བླ་ན་མེད་པའི་བྱང་ཆུབ་གཙོ་བོར་མི་གཉེར་བར་བརྩམ་ན་ཁ་ན་མ་ཐོ་ཞོར་ལ་བྱེད་ཅིང་འཇིག་རྟེན་ཚེ་འདིའི་ཁེ་དང་གྲགས་པ་ཆེད་དུ་གཉེར་བ་དང་གསང་སྔགས་ཀྱི་བཅུད་ཆེན་པོའི་མན་ངག་དང་ལྟ་སྒོམ་གསང་མི་ཐུབ་ནས་སྣོད་མེད་རྣམས་ལ་འཛག་ཅིང་། མན་ངག་ཟབ་མོ་གཞན་ལ་གཞོག་ངོམས་ཅན་གྱི་གང་ཟག་དང་། གཉིས་པ་སྣོད་ངན་གྱི་དཔེ་དང་། དྲང་། སྔོན་བྱུང་རྒྱལ་བུ་མུ་ཏིག་འབེབས་ཞེས་བྱ་བ་གད་མོ་བཞད་ཙ་ན། ཁ་ནས་མུ་ཏིག་མང་པོ་ཤ་ར་ར་སྐྱུགས་པ་ཞིག་ཡོད་པ་ལ། རྒྱལ་པོ་སྟོབས་བཟང་ཞེས་བྱ་བ་ཞིག་ཡོད་པས། མུ་ཏིག་འདོད་པའི་ཆེད་དུ་རྒྱལ་བུ་བོས་ནས་སྣང་གཡེལ་ཆེ་བ་ཞིག་ཏུ་བཞག་ནས་གད་མོ་བསྒུག་པས། རྒྱལ་པོ་དེའི་བཙུན་མོ་གཙུག་རྒྱན་ལ་སྒེག་མོ་ཞེས་བྱ་བ་གཅིག་འཁོར་རྣམས་ཀྱིས་རིན་པོ་ཆེའི་ཁྲི་ལ་བཞག་སྟེ། རྒྱལ་པོས་རིན་པོ་ཆེའི་སོར་གདུབ་ཆུང་ངུ་བརྒྱབ་པ་དང་། འཁོར་རྣམས་ཀྱི་མེ་ཏོག་གཏོར་བ་ཕོག་ཙམ་ན་ཨ་ན་ན་ཟེར་ཞིང་ངུ་ལ། བྲམ་ཟེ་སྐོག་ནག་ཅེས་བྱ་བ་ཞིག་དང་དུས་བཏབ་བྱས་ཤིང་དུས་བཅགས་པ་ལས་ཁོས་བེར་རྒས་བརྡུང་ཙ་ན། ཧེ་ཧེ་ཟེར་བ་ཞིག་མཐོང་བ་དང་། འཇག་སྐྱིལ་སྟེ་བྲམ་ཟེའི་དྲང་སྲོང་མེ་ལེན་སྦུར་སྐྱིལ་ཞེས་བྱ་བ། དེའི་མཆོད་གནས་ཤིག་འདུག་པ་དེས། ངས་མ་བྱིན་པ་ལེན་པ་སྤང་བ་ཡིན་ཟེར་ཞིང་། གཞན་ལ་མེ་སླང་ཙ་ན། ཆོས་གོས་ལ་རྡུལ་འབྱར་བ་བསྐྱལ་དུ་འོང་། ཕགས་སུ་ནོར་ཐོབ་ཚད་རྐུ་བ་ཞིག་ཡོད་པས། མགར་བའི་ཁྱིམ་ན་གསེར་གྱི་སྒྲོམ་བུ་ཞིག་ཡོད་པ་མཐོང་ནས། མཁར་སིལ་གྱི་གཤམ་དུ་གར་སྤྱིན་བསྐུས་ནས། མགར་བའི་ཁྱིམ་གྱི་གསེར་གྱི་སྒྲོམ་བུ་ལ། མཁར་སིལ་མི་ཚོར་བར་བཙུགས་ཏེ། སྒ་སྦུར་མེད་པར་གསེར་བརྐུས་པ་དང་། ནེ་ལ་བྱ་ལྟ་བུའི་ནི། ནེ་ཙོ་ལྟ་བུ་ཁ་ན་གཤོག་ཚགས་ཡིན་ཏེ། ནེ་ཅོ་གཅིག་གི་ཁ་ན་གཤོག་པའི་སྒྲོ་གཙུག་ནས་ཆུ་འཐུང་ཞིང་འདུག་པ་མཐོང་བ་ལས། དེས་ཅི་བྱེད་བྱས་པས། ཆུ་ལ་སྲོག་ཆགས་འདུག་པ་ཤིའི་དགོས་པ་ཡིན་ཟེར། མི་མི་འདུག་པའི་ཚེ་ན་སྲོག་ཆགས་མཐོང་ཚད་བཏུ་ཞིང་ཟ་བ་མཐོང་ངོ་། །ལྐོག་གཡེམས་ནི། ཁོ་མོ་ཀུ་མ་རིའི་ཨ་མ་ཡིན་ཏེ། །མོས་ཁྱོ་ལ་མ་དགའ་ནས། ངས་སྐྱེས་པ་ཕོ་དང་རེག་པ་སྤང་བ་ཡིན་ཞིང་། བུ་ལ་ནུ་མ་བླུད་ཙ་ན། གོས་ལ་བུག་པ་ཕུག་ནས་བླུད། ཕགས་སུ་སྐྱེས་པ་ཕོ་དང་འཁྲིགས་པ་སྤྱོད་པ་མཐོང་ངོ་། །སོགས་ཀྱི་སྒྲས་དཀའ་ཐུབ་རལ་གྲི་འགྲེང་བསྒོམ་ལྟ་བུའོ། །དེར་རྒྱལ་པོས་རྒྱལ་བུ་ལ། ཁྱོད་རྒོད་བྲོ་བ་བྱུང་སྟེ་མ་རྒོད་པ་ཡིན་བྱས་པས། རྒྱལ་བུ་ན་རེ། ང་རྒོད་བྲོ་བ་མ་བྱུང་། ཡི་མུག་པ་ཞིག་བྱུང་གསུངས། དེ་ཇི་ལྟར་དུ་ཡི་མུག་གསུངས་པས། རྒྱལ་བུས་དེའི་དོན་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་མོ་མེ་ཏོག་འཐོར་བཤུམ་དང་། །དྲང་སྲོང་མེ་ལེན་སྦུར་སྐྱིལ་དང་། །ནེ་ཙོ་ཁ་ནས་གཤོག་ཐོག་ནས། །ཀུ་མ་ར་ཡི་ཨ་མ་སོགས། །མི་དགེ་བཅུ་ལ་འཆོལ་ཉོག་སྤྱོད། །མུ་ཏིག་འབེབས་ལས་མ་གཏོགས་པ། །བདེན་པར་སྨྲ་བ་ངས་མ་མཐོང་། །ཧ་ཧ་ང་ནི་རྒོད་རེ་བྲོ། །ཞེས་གསུངས་དེར་རྒོད་པས། མུ་ཏིག་འཁྱོར་བ་གང་ཙམ་ལྷུར་གྱིས་བྱུང་སྐད་དོ། །གསུམ་པ་སྣོད་ངན་གྱི་དབྱེ་བ་བསྟན་པའོ། །དྲང་། དེ་ལྟ་བུའི་གང་ཟག་གིས། དམ་ཚིག་དང་སྡོམ་པ་རྣམས་ཚུལ་འཆོས་ཙམ་དུ་བསྲུང་བར་བྱེད་ཅིང་ཡང་དག་པའི་དམ་ཚིག་ལ་མི་གནས་པ་དང་། གསང་བ་ཐེག་པ་ཆེན་པོའི་གཞུང་ཟབ་མོའི་དོན་ཉམས་སུ་བླང་བ་ལ་ཤེས་རབ་གསུམ་གྱིས་བསྲན་མི་ཚུགས་ཤིང་བརྩོན་འགྲུས་ཆུང་བ་དང་། གཞུང་དང་མན་ངག་སྣ་མང་དུ་བསྒྲུབ་ཅིང་དོན་དུ་གཉེར་བར་བྱེད་པ་ལ་དེ་དག་གང་ལ་ཡང་ཡིད་ཆེས་པར་དཀའ་བ་དང་། བླ་མ་རྡོ་རྗེ་སློབ་དཔོན་ཉིད་སྤྱི་བོས་གུས་པར་མི་ལེན་ཅིང་བཀུར་སྟི་ཆུང་བ་དང་། བླ་མ་དང་མཆེད་ལྕམ་རྣམས་ལ་ཞེ་ནས་སྐུར་བ་འདེབས་ཤིང་སེམས་ཅན་ཡོངས་ལའང་གནོད་པར་བྱེད་པའི་གང་ཟག་དེ་ལྟ་བུ་སྣོད་མེད་པ་རྣམས་དང་། མན་ངག་ཟབ་མོ་འདི་དང་མ་འཕྲད་པར་གྱུར་ཅིག །ཅེས་གསུངས་པ་ཡིན་ནོ། ༈ །སྤྱི་དོན་གསུམ་པ་བརྩམ་པ་མཐར་ཕྱིན་པའི་རྒྱུ་མཚན་བསྟན་པ་ནི། ཆོས་འདི་བསྒྱུར་བ་སྤྱིའི་གནས་ནི་མང་ཡུལ། བྱེ་བྲག་ཏུ་ཁྲི་བབ་ཅེས་བྱ་བའི་གནས་སུ། ཞུ་ཆེན་གྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་སྟེ་ཡེ་ཤེས་གཞོན་ནུ་ཞེས་བྱ་བས་བསྒྱུར་བའི་དོན་འདི། སྤྱིར་གཞི་ལམ་འབྲས་གསུམ། བྱེ་བྲག་ཏུ་བརྗོད་བྱའི་གཙོ་བོ་ནི་ལམ་རྒྱས་པར་སྟོན་པས་ལམ་རྣམ་པར་བཀོད་པ་ཞེས་བྱ་བ། །མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་སངས་རྒྱས་གསང་བས་མཛད་པ་ཚེགས་ཆུང་ལ་དོན་ཆེ་བའི་མན་ངག །རྫོགས་སོ་ཞེས་པའི་ཚིག་དོན་མ་ལུས་པའི་ཐ་ཚིག་གམ། གནས་སྐབས་རེ་ཞིག་བཤད་དུ་མ་མཆིས་པས་ན་རྫོགས་སོ།། ༈ །།རྒྱུད་ལུང་མན་ངག་བརྒྱུད་པའི་ཆུ་གཏེར་ལས། །བློ་གྲོས་ཀླུ་ཡི་དབང་པོས་ལེགས་བཟུང་ཞིང་། །ཐོས་བསམ་བསྒོམ་པ་དག་གིས་འབད་པ་ཡིས། །མན་ངག་རིན་ཆེན་ནོར་བུ་ཆུ་དྭངས་རྙེད། །འདི་ཡང་གསང་བདག་སྤྲུལ་པ་སྒྲོ་ཕུག་པ། །གཞུང་ལུགས་མཁས་པའི་དགོངས་པ་མ་ནོར་བར། །བླ་མ་བརྒྱུད་པའི་གསུང་སྒྲོས་གཙོར་བཞག་ནས། །རྗེ་ཡི་ངོ་སྤྲོད་མན་ངག་འདི་བྱས་སོ། །འགྲེལ་ཊིཀ་བརྩམས་པའི་ནུས་ཚད་ལྡན་མིན་པས། །ཉེས་པ་གང་མཆིས་བདག་གི་སྐྱོན་ཡིན་ཏེ། །མཁས་མཆོག་རྣམས་ཀྱིས་བཟོད་མཛོད་རྗེས་ཟུང་རིགས། །ལེགས་པ་གང་མཆིས་མཁས་གྲུབ་གོང་མའི་བཞེད། །སྦྱོར་བ་ལྷག་བསམ་དག་པའི་ཆུ་དྭངས་ཀྱིས། །དངོས་གཞིའི་གཞུང་དོན་མི་ཤེས་རབ་རིབ་དྭངས། །རྗེས་ཀྱི་དགེ་བ་ཤེས་བྱའི་གཟུགས་བརྙན་འཆར། །བདག་གཞན་གཉིས་ཆོས་དོན་བཞི་མཐར་ཕྱིན་ཤོག །སངས་རྒྱས་བསྟན་པ་རབ་དཀར་ཕུ་ལུང་ནས། །གསང་སྔགས་རྨད་བྱུང་ཐེག་ཆེན་ཆུ་ཀླུང་ལས། །ཐོས་བསམ་སྒོམ་གསུམ་རྦ་རླབས་ཆིལ་ཆིལ་ལང་། །ཉམས་མྱོང་རྟོགས་པའི་གསུང་སྙན་ལྷང་ལྷང་སྒྲོག །བློ་གྲོས་རྣ་དབང་ལྡན་པའི་གང་ཟག་གིས། །དེ་ལྟའི་དོན་ལ་མི་སེམས་སུ་ཞིག་ཡོད། །དད་བརྩོན་པྲ་ཛྙཱ་མེད་པས་ཐོས་མི་འགྱུར། །འོན་ཀྱང་ཁ་ཆེའི་ཡུལ་ན་གུར་གུམ་རྩྭ། །མ་ལ་ཡ་ན་ཙནྡ་ན་ནགས། །རྒྱ་མཚོའི་འགྲམ་ན་རིན་ཆེན་ནོར་བུ་རྡོ། །ཉེ་སྐྱོ་རྒྱང་ན་རིན་ཐང་ཆེ། །དེ་ཕྱིར་དེ་དང་དེ་དག་གིས། །རྒྱུ་མཚན་དགོས་ཆེད་བླང་བ་གཅེས། །གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་མཆོག་སྒྱུ་འཕྲུལ་དྲྭ་བ་སྟོང་ཕྲག་བརྒྱད་པའི་བཅུད་བསྡུས་པ། རྒྱ་གར་གྱི་མཁས་གྲུབ་ཆེན་པོ་སངས་རྒྱས་གསང་བས་མཛད་པའི་སྒྱུ་འཕྲུལ་མན་ངག་ལམ་གྱི་རིམ་པའི་འགྲེལ་བཤད་ནོར་བུ་ཆུ་དྭངས་ཞེས་བྱ་བ་འདི་ཉིད། བླ་མ་བརྒྱུད་པ་མཁས་བཙུན་གོང་མ་རྣམས་ཀྱིས་འགྲེལ་བཤད་གསུང་སྒྲོས་ཚད་མ་རྣམས་དང་། ཁྱད་པར་དུ་བདག་ལ་བཀའ་དྲིན་ཆེ་བའི་སློབ་དཔོན་མཁས་གྲུབ་ཆེན་པོ་ཛྙཱ་ན་ཀེ་ཏུ་དང་། ག་ག་ཀེ་ཏུ་ཡབ་སྲས་གཉིས་ཀྱི་ཞལ་ཤེས་ངོ་སྤྲོད་ཀྱི་མན་ངག་ལ་བརྟེན་ནས། མཁས་བཙུན་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཡང་ཡང་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་ནམ་མཁའ་དཔལ་གྱིས་མེ་མོ་ལུག་གི་ལོའི་ཟླ་བ་བརྒྱད་པའི་ཡར་ཚེས་ལ། ཀཿཐོག་རྡོ་རྗེའི་གདན་མ་གྷ་དྷ་གཉིས་པ་ཆོས་གླིང་དགོན་དུ་སྦྱར་བ་རེ་ཞིག་རྫོགས་སོ།། །།མངྒ་ལམ་བྷ་ཝ་ཏུ། དགེའོ།། །།


previousསྒྱུ་འཕྲུལ་མན་ངག་ལམ་གྱི་རིམ་པའི་འགྲེལ་བཤད་རིན་པོ་ཆེ། ཀཿཐོག་ནམ་མཁའ་དཔལ།no next