cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དོན་དགུ་པ།

གླེགས་བམ། ཛུ༽

བནྡེ་རིན་ཆེན་རྒྱལ་མཚན། ལོ་ཆེན་དྷརྨ་ཤྲཱི། པཎྜི་ཏ་བི་མ་ལ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྒྱུད་ཀྱི་འགྲེལ་བཤད་དང་སྒྲུབ་ཐབས་ཕྲ་མོའི་དཀར་ཆགས་གསལ་བྱེད་སྣང་བ། སེའི་བནྡེ་རིན་ཆེན་རྒྱལ་མཚན།

བ ཛྲ ས ཏྭ མཱ ཡཱ ཛཱ ལཾ ཏ ནྟྲ སྱ ཊཱི ཀ ཁྱཱ ཏཾ སཱ དྷོ པཱ ཡསུ ཀྵྨཱ ནཱཾ པྲ ཀྲི ཡཱ དཱི པ྄ཀ྅྅྅ ར བྷཱནཱ མ སྟི །
རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྒྱུད་ཀྱི་འགྲེལ་བཤད་དང་སྒྲུབ་ཐབས་ཕྲ་མོའི་དཀར་ཆག་གསལ་བྱེད་སྣང་བ་ཞེས་བྱ་བ་བཞུགས་སོ། །
བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔལ་ལ་ཕྱག་འཚལ་ལོ། །རིགས་བདག་ཕྲིན་ལས་རྒྱ་མཚོའི་གཏེར། །ཕན་བདེའི་འབྱུང་གནས་ལ་བཏུད་དེ། །དེས་བཤད་སྒྱུ་འཕྲུལ་དྲྭ་བ་ཡི། །གསང་བ་སྙིང་པོའི་རྒྱུད་སྡེ་ལས། །པཎ་གྲུབ་འཇིག་རྟེན་མིག་གྱུར་པའི། །ལེགས་བཤད་འགྲེལ་སྒྲུབ་རྣམས་ཀྱི་གཞུང་། །རྣམ་གྲངས་གསལ་བྱེད་སྣང་བའི་དཔལ། །དོན་གཉེར་པདྨོའི་གཉེན་དུ་སྤྲོ། །དེ་ཡང་ལྟ་བ་དང་མཚན་མ་མེད་པའི་ཏིང་ངེ་འཛིན་སྟོན་པའི་སྐོར་ལ། དགའ་རབ་ཀྱི་ལ་ཤན་ལྟ་བའི་སྒྲོན་མེ་རྩ་འགྲེལ། འཇམ་དཔལ་བཤེས་གཉེན་གྱི་ལྟ་བ་རྣམ་བཀོད། ཀླུ་སྒྲུབ་ཀྱི་གཡུ་ཡི་ཐང་མ་སྐྲས་དགུ། པདྨ་འབྱུང་གནས་ཀྱི་ལྟ་བའི་ཕྲེང་བ་རྩ་འགྲེལ། ཤྲཱི་སིདྷའི་ཐུགས་ཀྱི་སྒོ་ལྕགས། བདེ་བ་གསལ་མཛད་ཀྱི་ཐེག་པ་ཆེན་པོ་ཤེས་རབ་ཀྱི་རིམ་པ། ཤེས་རབ་ཀྱི་སྒྲོན་མེ། བཻ་རོ་ཙ་ནའི་བསྟན་པའི་སྙིང་པོ། སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་སྣང་བ་བཅུ་བདུན་པ། དྷརྨཱ་བྷོ་དྷིའི་བཀོལ་མདོ་རྣམས་སོ། །འདི་དག་ནི་ཐེག་པ་ཀུན་གྱི་ལྟ་གྲུབ་སྟོན་པའི་ཕྱིར་ཐེག་པ་སྤྱི་ལ་འཇུག་པའི་མན་ངག་ཅེས་ཀྱང་གསུང་ངོ་། །གཞན་ཡང་བི་མ་ལའི་མཚན་ཉིད་སྒྲོན་མ། ཐུགས་ཀྱི་སྒྲོན་མ། ཡང་དག་སྒྲོན་མ། གཏན་ཚིགས་སྒྲོན་མ་རྩ་འགྲེལ། ཤེས་རབ་སྤྱན་འབྱེད་རྩ་འགྲེལ་རྣམས་སོ། །ཛྙཱ་ནའི་འཕྲུལ་གྱི་མེ་ལོང་དགུ་སྐོར་རྩ་འགྲེལ། བོད་ཀྱི་པཎྜི་ཏ་ཨ་ཙརྻ་གཉན་དཔལ་དབྱངས་ཀྱི་སྒྲོན་མ་དྲུག་པ་རྣམས་སོ། །སྒྲོན་མ་དྲུག་ནི། ཐུགས་ཀྱི་སྒྲོན་མ། ལྟ་བ་ཡང་དག་སྒྲོན་མ། མཐའི་མུན་སེལ་སྒྲོན་མ། ཐབས་དང་ཤེས་རབ་ལྡན་པའི་སྒྲོན་མ། རྣལ་འབྱོར་སྤྱོད་པའི་ལུངས་ངེས་པའི་དོན་ལ་ཇི་བཞིན་སྒོམ་ཐབས། ལྟ་བ་རིན་པོ་ཆེའི་སྒྲོན་མ་རྣམས་སོ། །གཞན་ཡང་མཚན་མེད་སྒོམ་ཐབས་གཙོ་བོར་སྟོན་པའི་གཞུང་ལ། བི་མ་ལའི་སྤྱོད་ཡུལ་བཞི་བའི་བསམ་གཏན། སྤྱོད་ཡུལ་སྦྱོང་བའི་བསམ་གཏན། རྣམ་པར་མི་རྟོག་པའི་སྒོམ་ལུང་། ཏིང་ངེ་འཛིན་སྒྲོན་མེའི་བསམ་གཏན། རིག་པ་སྒྲོན་མེའི་བསམ་གཏན། ཡན་ལག་བཞི་པའི་བསམ་གཏན་ཧཱུྃ་ཉིད་རོལ་པའི་མན་ངག་རྣམས་སོ། །སངས་རྒྱས་གསང་བའི་སེམས་དོན་བསྡུས་པའི་བསམ་གཏན། སེམས་དོན་རབ་འབྱེད། པདྨའི་འཕྲུལ་གྱི་མེ་ལོང་། དུར་ཁྲོད་བདེ་བའི་རྨི་ལམ་གྱི་མན་ངག་ནྲྀ་དོན་རྣམ་པར་སྦྱོང་བ་རྣམས་སོ། །རྒྱུད་བཤད་ཐབས་ཀྱི་སྐོར་ལ། རྒྱུད་ཀྱི་སྤྱིའི་དོན་བཤད་པའི་ཁོག་དབུབ་ནི། སྒེག་པ་རྡོ་རྗེའི་ཐུགས་ཐིགས་སྤྱི་གཅོད། བི་མ་ལའི་ཁོག་གཞུང་གསལ་བའི་སྒྲོན་མེ། ཁོག་གཞུང་གསལ་སྒྲོན་བྱེ་བྲག་བསྟན་པ་འོད་ཀྱི་སྣང་བ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསལ་བའི་མེ་ལོང་ཞེས་པའི་མན་ངག་ཟབ་མོ་ཀུན་ལས་བཏུས་པ། ལོ་ཙཱ་བ་ཆེན་པོ་རིན་ཆེན་མཆོག་གི་བཤད་ཐབས་བཅུ་པ་ལ་སོགས་པའོ། །འགྲེལ་པ་ནི། རྩ་རྒྱུད་ལ་སྒེག་པ་རྡོ་རྗེའི་རིན་པོ་ཆེའི་སྤར་ཁབ། བི་མ་ལའི་པཎྜི་རྠ། ཉིན་བྱེད་སེང་གེའི་རྒྱལ་ཆེར་འགྲེལ། སངས་རྒྱས་གསང་བའི་རྣམ་དབྱེ། པདྨ་འབྱུང་གནས་ཀྱི་རྣམ་བཤད་ཆེན་མོ། །སློབ་དཔོན་ཙནྜ་གོ་མིའི་རྒྱ་མདུད་འགྲེལ་རྣམས་ཡིན་ལ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་འགྲེལ་པ་ཡང་ཡོད་ཅེས་གྲགས་པ་སྒྱུ་འཕྲུལ་བླ་མ་ཆེན་པོ་ལ་བི་མ་ལའི་མུན་སེལ་སྒྲོན་མ། ལེའུ་ལག་ལ་བི་མ་ལའི་སྤྱན་རྣམ་པར་འགྲེལ་པ། བརྒྱད་ཅུ་པ་ལ་བི་མ་ལའི་བསྡུས་འགྲེལ། ལོ་པཎ་ཆེན་པོ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་མངོན་པར་རྟགས་པའི་རྒྱ་ཆེར་འགྲེལ། ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བ་ལ་པདྨ་འབྱུང་གནས་ཀྱི་དོན་བསྡུས་པའི་འགྲེལ་པ། བི་མ་ལའི་འགྲེལ་པ་རྣམས་སོ། །ཡང་རྩ་རྒྱུད་ལེའུ་ཉེར་བཞི་པ་ཁ་ཆེའི་པཎྜི་ཏ་ཨ་ནནྟ་ཤྲཱིའི་འགྱུར་ལ་དོན་གསལ་བར་བྱེད་པའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་རྒྱ་འགྲེལ་རྣམ་དག་སྣང་བས་ཨ་ནནྟའི་ཡིན་ནམ་སྙམ། སྒྲུབས་ཐབས་ཕྲ་མོའི་སྐོར་ལ། རྒྱུད་ཀྱི་དངོས་པོ་བདུན་ནམ་དགུའམ་བཅུ་ལ་སོགས་པར་ཕྱེ་ཡང་འདིར་སློབ་དཔོན་སངས་རྒྱས་གསང་བའི་རྩ་རྒྱུད་འགྲེལ་པར་དཀྱིལ་འཁོར་དང་། དམ་ཚིག་དང་། དབང་དང་། སྒྲུབ་པ་དང་། ཕྲིན་ལས་ཏེ་ལྔར་གསུངས་པ་ལྟར་བྱས་ན། དཀྱིལ་འཁོར་ནི། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ཏེ། སངས་རྒྱས་གསང་བའི་དཀྱིལ་འཁོར་གྱི་ཆོས་དོན་མདོར་བསྡུས་པར་བསྟན་པ། བི་མ་ལའི་ཐིག་གི་པིཎྜཱརྠ། སངས་རྒྱས་གསང་བའི་ཞི་བ་རྡོ་རྗེ་ལས་ཀྱི་རིམ་པ་དང་ཁྲོ་བོ་རྡོ་རྗེ་ལས་ཀྱི་རིམ་པས་ནི་དཀྱིལ་འཁོར་གྱི་བྱ་བ་དང་དབང་གི་ལས་རིམ་ཐུན་མོང་དུ་བསྟན་ལ། འོག་ནས་འབྱུང་བའི་གཅིག་སྤྲོས་ཚོགས་སྒྲུབ་རྣམས་ཀྱི་སྐབས་ནས་ཀྱང་གཟུགས་བརྙན་གྱི་བྱ་བ་ཅི་རིགས་པར་སྟོན་ནོ། །དབང་ལ་ཛི་ན་མི་ཏྲའི་སེམས་བསྐྱེད་ཆོ་ག་ནམ་མཁའི་སྙིང་པོའི་སེམས་བསྐྱེད། བི་མ་ལའི་བསྲེ་བའི་ལས་རིམ། བསྲེ་བའི་ཐོ་བྱང་། སངས་རྒྱས་གསང་བའི་ལས་རིམ་གཉིས་ནི་གོང་དུ་བསྟན་ལ་ཞི་བ་རྡོ་རྗེ་ལས་རིམ་ལ་བི་མ་ལའི་འགྲེལ་པ་ཡོད་དོ། །སངས་རྒྱས་གསང་བའི་དབང་གི་དོན་ངེས་པར་འབྱེད་པ། ལོ་ཙཱ་བ་རྨ་རིན་ཆེན་མཆོག་གི་ངེས་འབྱེད་ཆེ་བ་རྣམས་ནི་དབང་བཅོ་བརྒྱད་སྤྱིའི་དགོངས་པ་ཡིན་ལ། གཙོ་བོར་ཟབ་དབང་གསུམ་གྱི་དགོངས་འགྲེལ་ལ། སངས་རྒྱས་གསང་བའི་གལྤོ་རྩ་འགྲེལ། རྡོ་རྗེ་གྲོ་བོ་ལོད་ཀྱི་གལྤོའི་འགྲེལ་པ་མི་འཇིགས་ཕྲེང་བ། སྒེག་པ་རྡོ་རྗེའི་ཐུགས་ཐིག་རྩ་འགྲེལ། དེ་ལ་ཛི་ན་མི་ཏྲའི་འགྲེལ་པ་རིན་ཆེན་སྣང་བ། སྒེག་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྣང་བ། བི་མའི་འཇམ་ཐིགས། ཐུགས་ཐིགས། གསང་ཐིགས་རྩ་འགྲེལ་དབང་གཅིག་ཆར་དུ་འཇུག་པའི་མན་ངག །དབང་རྒྱུད་པ་རྩ་འགྲེལ། རྣ་རྒྱུད་རྡོ་རྗེ་ཟམ་པ། བརྒྱུད་པ་སྙིང་གི་སྒྲོན་མ། རང་ལུས་ཐབས་ལྡན། གཞན་ལུས་ཤེས་རབ་ཀྱི་འཁོར་ལོ། །བདེ་བ་ཆེན་པོ་ཕྱག་རྒྱའི་མན་ངག །གཏུམ་མོའི་མེ་དབང་ཆེ་ཆུང་གཉིས། སྒྲོལ་མ་རླུང་གི་མན་ངག་རྣམས་སོ། །ཡང་ཨིནྜ་བྷུ་ཏིའི་རིན་ཆེན་འཁོར་ལོ། ཡེ་ཤེས་ཞབས་ཀྱི་ཡེ་ཤེས་སྣང་བ། རིན་ཆེན་ཕྲེང་བ་གསུམ་ནི་གསར་མའོ། །དམ་ཚིག་ལ། སྒེག་པ་རྡོ་རྗེའིི་བསྲུང་བྱའི་དམིགས་གཙོ་བོར་བསྟན་པ་གསལ་བཀྲ། རྣམ་གྲངས་གཙོ་བོར་སྟོན་པ་ཕྲ་རྒྱས། བཤགས་པ་གཙོ་བོར་སྟོན་པ་རྒྱུན་བཤགས། སློབ་དཔོན་སྠི་ར་མ་ཏིའི་གྲངས་དང་བཤགས་ཐབས་ཐུན་མོང་དུ་བསྟན་པ་ཉི་ཤུ་རྩ་བརྒྱད་པ་རྩ་འགྲེལ་རཏྣའི་གཏེར། བི་མ་ལའི་སྲུང་ཐབས་གཙོ་བོར་སྟོན་པ་མཆོད་རྟེན་རིས། མིག་མང་རིས། ཤེལ་གོང་རིས། ཤེལ་གྱི་སྐས་ཆེན་དང་། ཁྲུས་ལུང་རྒྱལ་མཚན་རྣམས་སོ། །ཀུན་དགའ་སྙིང་པོའི་ཉེས་དམིགས་གཙོ་བོར་སྟོན་པ་གཅན་འཕྲང་ཆེན་མོ། དར་རྗེའི་ཁྲུས་ལུང་ངོ་། །སྒྲུབ་པ་ནི། སྒྲུབ་པའི་གཙོ་བོ་ཏིང་འཛིན་པས། །ཞེས་སྒྲུབ་པ་ནི་གཙོ་བོར་ཏིང་འཛིན་ཡིན་ལ། དེའི་ཡན་ལག་ཏུ་ཇི་ལྟར་བྱ་བའི་ལག་ལེན་འབྱུང་བ་ཡིན་ནོ། །ཏིང་ངེ་འཛིན་དངོས་ལ་མཚན་མ་དང་བཅས་པའི་ཏིང་ངེ་འཛིན་དང་མཚན་མ་མེད་པའི་ཏིང་ངེ་འཛིན་གཉིས་ཀྱི་དང་པོ་ལའང་མཆོག་བསྒྲུབ་པའི་ཏིང་ངེ་འཛིན་ཡན་ལག་རྒྱས་པ་དང་། ཐུན་མོང་སྒྲུབ་པའི་ཏིང་ངེ་འཛིན་ནོ། །དང་པོ་ཞི་བའི་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ལ། བི་མ་ལའི་ཕྱག་རྒྱ་བསམ་གཏན། །དེ་ལ་ཇོ་བོ་སངས་རྒྱས་ཀྱི་འགྲེལ་པ། །བི་མ་ལའི་ལྷ་སྐུ་མངོན་སྣང་། །ཕྱག་རྒྱ་བཞི་བའི་བསམ་གཏན། ཁྲོ་བོ་ལ་བི་མ་ལའི་ཕྱག་རྒྱ་གཅིག་པ་ཆེ་ཆུང་གཉིས། སངས་རྒྱས་གསང་བའི་ཧེ་རུ་ཀ་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས། ཁྲོ་བོ་ཕྱག་རྒྱ་བསམ་གཏན། བི་མ་ལའི་རྩེ་གཅིག་བསྡུས་པའི་བསམ་གཏན། །ཡི་དམ་ལྷའི་ཆོས་ཆུང་རྩ་འགྲེལ། །མཁའ་ལྡིང་གི་སྒྲུབ་པའོ། །ཕྱག་རྒྱ་སྤྲོས་པ་ལ། བི་མ་ལའི་ཞི་བ་རྒྱས་པའི་སྒྲུབ་ཐབས་འོད་ཀྱི་རིམ་པ། འབྲིང་པོ་རིན་ཆེན་དྲ་བ། མེ་ལོང་ལྟ་བུའི་སྒྲུབ་ཐབས་ཛི་ན་མི་ཏྲའི་རྒྱུད་དོན་གསལ་བྱེད་། སངས་རྒྱས་གསང་བའི་འབྲིང་པོའི་སྒྲུབ་ཐབས་རིན་ཆེ་དྲྭ་ཆུང་། འདི་ལ་བི་མའི་འགྲེལ་པ་ཡོད་དོ། །བསྡུས་པའི་སྒྲུབ་ཐབས་བི་མ་ལའི་སློབ་མ་རྒྱལ་བ་བཟང་པོ་དཔལ་གྱི་ཞི་བ་འོད་ཀྱི་ཕྱག་རྒྱ། ཁྲོ་བོ་ལ་དཀྱིལ་འཁོར་རྒྱས་པའི་སྒྲུབ་ཐབས་བི་མ་ལའི་ཧེ་རུ་ཀ་ལས་ཀྱི་ཕྲེང་བ། འབྲིང་པོའི་སྒྲུབ་ཐབས་ཁྲོ་བོ་ཡང་དག་སྒྲོན་མ། བསྡུས་པའི་སྒྲུབ་ཐབས་ཤེས་རབ་སྒྲོན་མ། སངས་རྒྱས་གསང་བའི་ཁྲོ་བོའི་དཀྱིལ་འཁོར་བསྡུས་པའི་སྒྲུབ་ཐབས་སྣང་བ་དམ་པ་རྒྱན། དེའི་འགྲེལ་པ་བི་མ་ལས་མཛད་པའོ། །ཚོགས་སྒྲུབ་ཀྱི་ལག་ལེན་སྟོན་པ་ལ། སྒྱུ་འཕྲུལ་ཚོགས་ཀྱི་ལག་ལེན་སྟོན་པ་སྒྱུ་འཕྲུལ་ཚོགས་ཀྱི་འཁོར་ལོ་བི་མ་ལས་མཛད་པ། སྒྲུབ་པའི་ཡན་ལག་ཚོགས་མཆོད་སྐོར་ལ། སངས་རྒྱས་གསང་བའི་རྣལ་འབྱོར་གཏོར་མའི་རིམ་པ། པདྨའི་ཟ་ཚོགས། དུར་ཁྲོད་བདེ་བའི་ཟ་ཚོགས་གཏོར་ལུང་། ཧེ་ཆེན། ཧེ་ཆུང་། གཡོས་ཡིག་ཆེ་ཆུང་། བི་མ་ལའི་ཐབས་མཆོག་དཔག་གིས་མི་ལང་བ། དབྱིག་གི་སྒྲོན་མ་ལ་སོགས་པའོ། །ཐུན་མོང་གི་སྒྲུབ་པ་ནི། པྲ་དང་། རྐང་མགྱོགས་མིག་རྣོན་ལ་སོགས་པ་ཐུན་མོང་སྒྲུབ་པ་བཞི་བཅུ་ཞེ་གཅིག་སྒྱུ་འཕྲུལ་རྒྱས་པ་ལས་བཤད་དེ་དེ་དག་ལ་མན་ངག་གི་ཡི་གེ་ཟུར་དུ་བཀོལ་བ་མ་མཐོང་ངོ་། །མཚན་མེད་ཀྱི་ཏིང་ངེ་འཛིན་ནི། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་། ཏིང་ངེ་འཛིན་དངོས་གཉིས་སུ་འགྱུར་ལ། དེ་དག་རེ་རེ་ནས་ཀྱང་ཁོང་འབྲེལ་དུ་འབྱུང་བས་ཕྱོགས་གཅིག་ཏུ་བྱས་ཏེ་གོང་དུ་བསྟན་ཟིན་ཏོ། །ཞི་ཁྲོ་ཐུན་མོང་ལ། བི་མ་ལའི་ཞི་བའི་རྟོག་པའི་ལྷ་རྒྱུད་འགྲེལ་པ་དང་བཅས་པ། ཁྲོ་བོའི་རྟོག་པའི་ལྷ་རྒྱུད་འགྲེལ་པ་དང་བཅས་པ། ཆོ་ག་བསྡུས་པའི་སྒྲོན་མ། ནམ་མཁའི་སྙིང་པོའི་ཞི་ཁྲོའི་ལས་ཀྱི་གལ་ཕྲེང་། དེ་ཉིད་ཉི་ཤུ་རྩ་དགུ་པའོ། །བསྐྱེད་རྫོགས་གཉིས་ཀ་སྟོན་པའི་གཞུང་། སྒྱུ་འཕྲུལ་ཞི་ཁྲོའི་བསྐྱེད་རྫོགས་ཀྱི་མན་ངག་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་ལོ་ཙཱ་བ་ལྕོག་རོ་ལ་སོགས་པ་གསུམ་གྱིས་བསྒྱུར་བ། ཨིནྜ་བྷུ་ཏིའི་རིམ་པ་གཉིས་པ། བི་མ་ལའི་རིམ་པ་གསུམ་པ། སྒྱུ་འཕྲུལ་འོད་ཕྲེང་། དེ་ལ་ཛྙཱ་ནའི་འགྲེལ་པ་ཡོད་དོ། །སྒྱུ་འཕྲུལ་དོན་སྙིང་གསང་བ། སྒེག་པ་རྡོ་རྗེའི་རིམ་པ་དྲུག་པ། དེ་ལ་བི་མི་ལའི་འགྲེལ་པ་རིན་ཆེན་ཕྲ་བཀོད། རྒྱུད་ཀྱི་དངོས་པོ་རྫོགས་པར་སྟོན་པའི་གཞུང་སངས་རྒྱས་གསང་བའི་ལམ་རྣམ་པར་བཀོད་པ་ཞེས་བྱ་བ་ལམ་རིམ་ཆེ་བ་འདི་ལ་ལོ་ཙ་བ་བྲན་ཁ་མུ་རྟིའི་འགྲེལ་པ་ཡོད། བི་མ་ལའི་སྒྱུ་འཕྲུལ་དྲ་བའི་ལམ་བཤད་པ་རྻ་རིན་མཆོག་གིས་མཛད་ཟེར་བའང་སྣང་ཞེས་ལམ་རིམ་ཆུང་བ། ཨིནྜ་བྷུ་ཏིའི་ལམ་རྣམ་པར་བཀོད་པ་ལ་སོགས་པའོ། །ཕྲིན་ལས་ལ། སྒྲོལ་བའི་གནས་ལས་བྱ་བ། དུར་ཁྲོད་བདེ་བའི་གནས་ཀྱི་མདོ་བྱང་། བི་མ་ལའི་ཚིག་རྐང་བཅུ་དགུ་པ། གནུབས་ཀྱི་ལུང་ཕྲ་མོ་བཅུ་དྲུག་ལ། དཀྱིལ་འཁོར་རྒྱན་གྱི་ལུང་ཕྲན། བུམ་པའི་ལུང་ཕྲན། ཚེ་འདས་ཀྱི་རྣམ་པར་ཤེས་པ་འགུགས་པའི་ལུང་ཕྲན། རྣམ་པར་ཤེས་པ་དགུག་པའི་གཏན་ཚིགས་ཀྱི་ལུང་ཕྲན། ཐུགས་རྗེ་ཆེན་པོ་སྦྱང་བའི་ལུང་ཕྲན། ཐབས་ཤེས་མདའ་གཞུའི་ལུང་ཕྲན། མཆོད་རྟེན་གདབ་པ་རུས་ཆོག་གི་ལུང་ཕྲན། ཧཱུྃ་ཉིད་རིང་པོར་སྤར་བའི་ལུང་ཕྲན་རྣམས་ནི་བི་མ་ལས་མཛད། གཤིན་པོའི་བླ་དབབ་པ། རྟོག་པ་གྲི་འདུལ་བ། སྦུབས་འཇུག་བཤིག་པ་རྣམས་པདྨས་མཛད། ས་ལམ་ལུང་ཕྲན་ཛྙཱ་ནས། བཅོལ་དང་སྐོང་བ་བི་མ་ལས། རོ་སྲེག་གལ་ཕྲེང་། བསྲེག་མཆོག་གེགས་སེལ། རོ་སྲེག་གི་མདོར་བསྡུས། རོ་སྲེག་གི་ཆོ་ག་སློབ་དཔོན་དཔལ་གྱི་ཡེ་ཤེས་ཀྱིས་མཛད་པ། གནས་ཀྱི་གེགས་སེལ་གཟེར་བཅོ་བརྒྱད་པ་རྣམས་ཛྙཱ་ནས། དུར་ཁྲོད་བདེ་བའི་དཔེ་ཆུང་རང་གནས། དེ་ལ་འགྲེལ་པ་བི་མ་ལས། དུར་ཁྲོད་བདེ་བའི་ཕྲིན་ལས་རོལ་པའི་སྒྲུབ་ཐབས། ཡེ་ཤེས་མཚོ་ཆེན། དྲག་པོ་འདུལ་བྱེད་རྣམས་སོ། །བསྲེག་པ་མེའི་སྒོ་ནས་ལས་བྱ་བ། བི་མ་ལའི་སྦྱིན་སྲེག་གི་རིམ་པ་མདོར་བསྡུས་པ། ཧོམ་གྱི་ལས་རིམ། ལུ་གུ་རྒྱུད་ཀྱི་ལས་རིམ། རྫས་ཀྱི་ལས་རིམ། མནན་སྲེག་ཐུན་མོང་བ་རྣམས་སོ། །གདབ་པ་མཆོད་རྟེན་གྱི་སྒོ་ནས་ལས་བྱ་བ། བི་མ་ལའི་རབ་གནས་ལས་རིམ། སྐུ་གདུང་ལས་ཕྲེང་། རྒྱལ་བ་བཟང་པོའི་རབ་ཏུ་གནས་པའི་རྩ་བ་རྣམས་སོ། །གཞན་ཡང་ཁ་སྐོང་ཕྲ་མོའི་སྐོར་ལ། ཆ་གསུམ་དཔལ་རྡོམ་མའི་ཐོ་བྱང་ཁུ་དྲོང་གིས་མཛད་པ། བརྗོད་མེད་ཀྱི་བཤགས་པ་གནུབས་སངས་རྒྱས་ཀྱི་ཁ་སྐོང་བ། སངས་རྒྱས་གསང་བའི་དམ་ཚིག་ཉེར་བརྒྱད་པའི་བཤགས་པ། གྲུབ་ཐོབ་དཔལ་དབྱངས་ཀྱི་འགྲོ་བའི་དོན་ཕྱིར། ཡེ་ཤེས་མཁའ་འགྲོ། ཁྲོ་རྒྱལ་དཔལ་ཆེན་རྣམས་སོ། །དཀྱིལ་འཁོར་ལྷ་རྒྱུད་ཀྱི་སྨོན་ལམ་བཀྲ་ཤིས་རབ་མཆོག་ལ་སོགས་པ་རྣམས་སོ། །དེ་ལྟར་སྒྱུ་འཕྲུལ་དྲྭ་བ་ཡི་འགྲེལ་སྒྲུབ་ལོ་པཎ་མཁས་པའི་གཞུང་། བརྒྱད་དང་ཞེ་བདུན་འགྲེལ་པ་བཅུ་པ་ནི། དྲུག་ཅུ་རྩ་གཅིག་བཅུ་ཕྲག་བཅུ། འདིར་ནི་ལྟ་བ་རྒྱུད་བཤད་དམ། དབང་དམ་སྒྲུབ་པ་ཕྲིན་ལས་སྐོར། །ཁ་སྐོང་རྣམས་སུ་བསྡུས་ཏེ་བསྟན། །རང་གིས་མཐོང་ཚོར་ལྟར། གང་ཞིག་འདིར་སླར་ཡང་གསུམ་བསྣན་ཡོད། འཇུག་བློ་ཡོད་ཀྱང་། །ཕྱོགས་སུ་བགྲོད་པའི་ཡིད་རྨོངས་ཏེ། །འགྲེལ་སྒྲུབ་མཚན་ཙམ་ཤེས་པའང་ད ཀོན། །དེ་ཕྱི་གསུང་རབ་ནམ་མཁའི་ཡིད་བཞིན་ནོར། །རྣམ་གྲངས་གསལ་བྱེད་ཤིང་རྟས་ལེགས་དྲངས་ནས། །བློ་གསལ་ཡིད་ཀྱི་ཀུན་གསལ་ལ་བཀོད་ཀྱིས། །སྔ་འགྱུར་བསྟན་པའི་པད་ཚལ་རྒྱས་པར་མཛོད། །ཅེས་པ་འདི་ཡང་རིག་སྔགས་འཆང་བ་སེའི་བནྡེ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས་དཔལ་ལྡན་རྒྱ་མཁར་གྱི་ཡང་དབེན་དུ་བྲིས། དགེ་བས་རྡོ་རྗེ་ཐེག་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།

གསང་ཆེན་བཀའ་མའི་བསྟན་བཅོས་རྣམས་ཀྱི་དཀར་ཆག་ནོར་བུའི་དོ་ཤལ།

པྲ ཀྲྀ ཡཱ མ ཎཱཾ ནཱཾ ནི ཥྐོ ནཱ མ མ ཧཱ གུ ཧྱ མཱ ཛྙཱ ནཱ ཤཱ སྟྲཾ བི ཧ ར ཏི སྨ།
གསང་ཆེན་བཀའ་མའི་བསྟན་བཅོས་རྣམས་ཀྱི་དཀར་ཆག་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །
རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་དགོངས་འགྲེལ་གྱི་བསྟན་བཅོས་རྒྱ་འགྱུར་སྐོར་ལ་གཉིས་ཀྱིས། དང་པོ་ཐོས་པའི་ཤེས་རབ་ལ་བརྟེན་ཏེ་རྒྱུད་དྲང་ཐད་དུ་གཏན་ལ་འབེབས་པའི་མན་ངག་འགྲེལ་བཤད་དང་སྤྱི་དོན་གྱི་སྐོར་ལ། རྩ་རྒྱུད་ལ་སློབ་དཔོན་སྒེག་པ་རྡོ་རྗེས་མཛད་པའི་ཊཱི་ཀ་རིན་ཆེན་སྤར་ཁབ། བི་མ་ལའི་པཎྜཱརྠ། ཉིན་བྱེད་སེང་གེའི་རྒྱ་ཆེན་འགྲེལ། །སངས་རྒྱས་གསང་བའི་རྣམ་དབྱེ་འགྲེལ། །པདྨའི་རྣམ་བཤད་ཆེན་མོ། །ཙནྜ་གོ་མིའི་རྒྱ་མདུད་འགྲེལ། ལེའུ་ཉེར་བཞི་པའི་རྒྱ་འགྲེལ་དོན་གསལ་བར་བྱེད་པ་ཞེས་བྱ་བ། འདི་ཁ་ཆེ་ཨ་ནནྟའི་ཡིན་ཡང་ཟེར་རོ། །བཤད་རྒྱུད་ལ། བི་མ་ལའི་སྒྱུ་འཕྲུལ་བླ་མའི་འགྲེལ་པ་མུན་སེལ་སྒྲོན་མ། ལེ་ལག་གི་སྤྱན་རྣམ་པར་འགྲེལ་པ། བརྒྱད་ཅུ་པའི་བསྡུས་འགྲེལ། ཆ་མཐུན་གྱི་རྒྱུད། ཐབས་ཞགས་པདྨའི་ཕྲེང་བ་ལ་པདྨ་འབྱུང་གནས་ཀྱི་དོན་བསྡུས་པའི་འགྲེལ་པ་དང་། བི་མ་ལའི་འགྲེལ་པ་རྣམས་སོ། །རྒྱུད་ཀྱི་སྤྱིའི་དོན་ཁོག་དབུབ་ཀྱི་སྐོར་ལ། སྒེག་པའི་སྒྱུ་འཕྲུལ་སྤྱི་གཅོད་ཐུགས་ཀྱི་ཐིགས་པ། བི་མ་ལའི་ཁོང་གཞུང་གསལ་སྒྲོན། ཁོག་གཞུང་གསལ་སྒྲོན་བྱེ་བྲག་ཏུ་བསྟན་པ། སྒྱུ་འཕྲུལ་དྲྭ་བ་རིན་པོ་ཆེའི་འོད་སྐྱི་སྣང་བ། སྒྱུ་འཕྲུལ་དྲྭ་བ་གསལ་བའི་མེ་ལོང་རྣམས་སོ། །གཉིས་པ་བསྒོམ་པའི་ཤེས་རབ་ལ་བརྟེན་ནས་རྒྱུད་མངོན་རྟོགས་སུ་བསླབ་ཅིང་ཉམས་སུ་ལེན་པའི་མན་ངག་ནི། ཡོངས་ཤེས་ཀྱི་དངོས་པོ་ཁ་ཡར་ལ་སྟོན་པ་ནས་བསྟན་བཅོས་ཕྲ་མོའི་སྐོར་རྣམས་ཏེ། དེ་ཡང་བཅུ་ལས། དང་པོ་ལྟ་བ་གཙོ་བོར་སྟོན་པའི་མན་ངག་ནི། སློབ་དཔོན་བཞད་པ་རྡོ་རྗེས་མཛད་པའི་ལ་ཤན་ལྟ་བའི་སྒྲོན་མེ་རྩ་འགྲེལ། འཇམ་དཔལ་བཤེས་གཉེན་གྱི་ལྟ་བ་རྣམས་བཀོད། ཀླུ་སྒྲུབ་ཀྱི་གཡུ་གདང་སྐྲས་དགུ། པདྨའི་མན་ངག་ལྟ་ཕྲེང་རྩ་འགྲེལ། ཤྲཱི་སིདྷའི་ཐུགས་ཀྱི་སྒོ་ལྕགས། བདེ་བ་གསལ་མཛད་ཀྱི་ཐེག་ཆེན་ཤེས་རབ་ཀྱི་རིམ་པ། དྷརྨཱ་བོ་དྷིའི་ཤེས་རབ་སྒྲོན་མེ་དང་། བཀོལ་མདོ་རྣམས་ཏེ། འདི་དག་ན་ཐེག་པ་ཐམས་ཅད་ཀྱི་ལྟ་གྲུབ་སྟོན་པས་སྤྱི་ལ་ཁྱབ་པའི་མན་ངག་ཅེས་ཀྱང་གདགས་སོ། །བྱེ་བྲག་གི་སྐོར། བི་མ་ལའི་རང་སྤྱི་གཏན་ལ་འབེབས་པ་མཚན་ཉིད་སྒྲོན་མེ། ཐེག་པའི་བརྡར་ཤ་གཅོད་པ་ཐུགས་ཀྱི་སྒྲོན་མེ། ངེས་དོན་གྱི་ལྟ་བ་བཙལ་བ་ཡང་དག་སྒྲོན་མེ། གཏན་ཚིགས་སྒྲོན་མེ་རྩ་འགྲེལ། ཤེས་རབ་སྤྱན་འབྱེད་རྣམས་སོ། །གཉིས་པ་སྤྱོད་པ་གཙོ་བོར་སྟོན་པའི་མན་ངག་ནི། སྤྱོད་སྡུད་སྒྲོན་མ་དང་། རྡོ་རྗེ་འཇམ་མགོན་ནོ། །གསུམ་པ་དཀྱིལ་འཁོར་ནི། ལྷག་པ་གཟུགས་བརྙན་གྱི་དབང་དུ་བྱས་ཏེ་སངས་རྒྱས་གསང་བའི་དཀྱིལ་འཁོར་ཆོས་དོན། བི་མ་ལའི་ཐིག་གི་པཎྜརྠ། །འདི་སངས་རྒྱས་གསང་བའི་ཡིན་ཟེར་རོ། །བཞི་པ་དབང་གཙོ་བོར་སྟོན་པའི་མན་ངག་ནི། བི་མ་ལའི་བསྲེ་བའི་ལས་རིམ་དང་ཐོ་བྱང་། སངས་རྒྱས་གསང་བའི་ཞི་བ་རྡོ་རྗེ་ལས་རིམ་དངོས་པོ་གཉིས་པ། དེའི་འགྲེལ་པ་བི་མ་ལས་མཛད་པ། སངས་རྒྱས་གསང་བའི་ཁྲོ་བོ་རྡོ་རྗེའི་ལས་རིམ་དེས་མཛད་པའི་དབང་གི་ངེས་པར་འབྱེད་པ། དབང་གི་གལ་པོ་རྩ་འགྲེལ། རྡོ་རྗེ་གྲོ་ལོད་ཀྱིས་མཛད་པའི་གལ་པོའི་འགྲེལ་པ་མི་འཇིགས་ཕྲེང་བ། སྒེག་རྡོར་གྱི་ཐུགས་ཀྱི་ཐིགས་པ་རྩ་འགྲེལ། །ཛི་ན་མི་ཏྲའི་ཐུགས་ཐིགས་ཀྱི་འགྲེལ་པ་རིན་པོ་ཆེ་སྣང་བ། སྒེག་རྡོར་གྱི་སྒྱུ་འཕྲུལ་དྲ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྣང་བ། བི་མ་ལའི་སྒྱུ་འཕྲུལ་འཇམ་ཐིགས། ཐུགས་ཐིགས། གསང་ཐིགས་རྩ་འགྲེལ། དབང་ཅིག་ཆར་འཇུག་པའི་མན་ངག །དབང་རྒྱུད་རྩ་འགྲེལ། རྣ་རྒྱུད་རྡོ་རྗེ་ཟམ་པ། བརྒྱུད་པ་སྙིང་གི་སྒྲོན་མེ། རང་ལུས་ཐབས་ལྡན། གཞན་ལུས་ཤེས་རབ་འཁོར་ལོ། །བདེ་བ་ཆེན་པོ་ཕྱག་རྒྱའི་མན་ངག །གཏུམ་མོའི་མེ་དབང་ཆེ་ཆུང་། སྒྲོལ་མ་རླུང་གི་མན་ངག་རྣམས་བི་མ་ལས་མཛད། ཨིནྜ་བོ་དྷིའི་རིན་ཆེན་འཁོར་ལོ། ཡེ་ཤེས་སྣང་བ། རིན་ཆེན་ཕྲེང་བ་རྣམས་སོ། །ལྔ་པ་དམ་ཚིག་སྟོན་པའི་མན་ངག་ནི། བསྲུང་བྱའི་མིགས་གཙོ་བོར་སྟོན་པ་དམ་ཚིག་རྡོ་རྗེ་གསལ་བཀྲ་རྣམ་གྲངས་གཙོ་བོ་སྟོན་པ་ཕྲ་རྒྱས། བཤགས་པ་གཙོ་བོར་སྟོན་པ་རྒྱུན་བཤགས་གསུམ་སྒེག་པ་རྡོ་རྗེས་མཛད་པ། སྟི་ར་མ་ཏིས་མཛད་པའི་དམ་ཚིག་ཉི་ཤུ་རྩ་བརྒྱད་པ་རྩ་འགྲེལ། དམ་ཚིག་རིན་ཆེན་གཏེར། བི་མ་ལའི་མཆོད་རྟེན་རིས། མིག་མངས་རིས། ཤེལ་སྒོང་རིས། ཤེལ་གྱི་སྐྲས་ཆེན། ཁྲུས་ལུང་རྒྱལ་མཚན་རྣམས་དང་། ཀུན་སྙིང་གི གཅན་འཕྲང་ཆེན་མོ་རྣམས་སོ། །དྲུག་པ་ཕྲིན་ལས་གཙོ་བོར་སྟོན་པའི་མན་ངག་ནི། དུར་ཁྲོད་བདེ་བའི་དཔེ་ཆུང་རང་གནས། དེའི་འགྲེལ་པ་བི་མ་ལས་མཛད་པ། དུར་ཁྲོད་བདེ་བའི་གནས་ཀྱི་མདོ་བྱང་། བི་མ་ལའི་ཚིག་རྐང་བཅུ་དགུ་པ། དཀྱིལ་འཁོར་རྒྱན་གྱི་ལུང་ཕྲན། བུམ་པའི་ལུང་ཕྲན། རྣམ་ཤེས་དགུག་པ་གཏན་ཚིག་གི་ལུང་ཕྲན། ཐུགས་རྗེ་ཆེན་པོ་སྦྱང་བའི་ལུང་ཕྲན། ཐབས་ཤེས་མདའ་གཞུའི་ལུང་ཕྲན། མཆོད་རྟེན་གདབ་པ་རུས་ཆོག་གི་ལུང་ཕྲན། ཧཱུྃ་ཉིད་རིང་པོར་སྤར་བའི་ལུང་ཕྲན་རྣམས་བི་མ་ལས་མཛད་པ། གཤིན་བླ་བབ་པ། རྟོག་པ་གྲི་འདུལ། སྦུབས་འཇུག་བཤིག་པ་རྣམས་པདྨས་མཛད་པ། བི་མ་ལའི་རོ་བསྲེག་གལ་ཕྲེང་། སྲེག་ཆོག་གགས་སེལ། རོ་བསྲེག་མདོར་བསྡུས། དུར་ཁྲོད་བདེ་བའི་ཕྲིན་ལས་རོལ་པའི་སྒྲུབ་ཐབས། ཡེ་ཤེས་མཚོ་ཆེན། དྲག་པོ་འདུལ་བྱེད་རྣམས་དང་། བི་མ་ལའི་སྦྱིན་སྲེག་གི་རིམ་པ་མདོར་བསྡུས་པ། ཧོམ་གྱི་ལས་རིམ། ལུ་གུ་རྒྱུད་ཀྱི་ལས་རིམ། རྫས་ཀྱི་ལས་རིམ། གནས་སྲེག་ཐུན་མོང་བ། རབ་གནས་ལས་རིམ། སྐུ་གདུང་ལས་ཕྲེང་། རྒྱལ་བཟང་གི་རབ་གནས་རྩ་བ་རྣམས་སོ། །བདུན་པ་སྒྲུབ་པ་གཙོ་བོར་སྟོན་པའི་མན་ངག་ནི། སངས་རྒྱས་གསང་བའི་ལམ་རྣམ་པར་བཀོད་པ་ཞེས་བྱ་བ་ལམ་རིམ་ཆེན་མོ། ཨིནྡྲ་བོ་དྷིའི་མན་ངག་རྣམ་པར་བཀོད་པ། སྒེག་པ་རྡོ་རྗེའི་རིམ་དྲུག །དེའི་འགྲེལ་པ་རིན་ཆེན་ཕྲ་བཀོད་བི་མས་མཛད་པ། སངས་རྒྱས་གསང་བའི་ལམ་རིམ་ཆུང་བ་ལམ་བཤད་པ་ཞེས་བྱ་བ། བི་མ་ལའི་རིམ་པ་གསུམ་པ། དེའི་འགྲེལ་པ། སྒྱུ་འཕྲུལ་མེ་ལོང་འོད་ལྡན་བི་མའི་གསུང་། ཨིནྡྲ་བོ་དྷིའི་རིམ་པ་གཉིས་པ། སངས་རྒྱས་གསང་བའི་ཞི་ཁྲོའི་བསྐྱེད་རྫོགས་ཀྱི་མན་ངག །སྒྱུ་འཕྲུལ་འོད་ཕྲེང་། སྒྱུ་འཕྲུལ་དོན་སྙིང་གསང་བ་རྣམས་ཀྱིས་བསྐྱེད་རྫོགས་གཉིས་ཀ་སྟོན་པའི་གཞུང་དང་། བི་མ་ལའི་ཞི་བ་རྟོག་པ་ལྷ་རྒྱུད་དང་། ཁྲོ་བོ་རྟོག་པ་ལྷ་རྒྱུད་གཉིས་འགྲེལ་པ་དང་བཅས་པ། ཆོ་ག་བསྡུས་པའི་སྒྲོན་མ། སྒྱུ་འཕྲུལ་ཚོགས་ཀྱི་འཁོར་ལོ་རྣམས་ནི་ཞི་ཁྲོ་ཐུན་མོང་བའོ། །བི་མ་ལའི་ཞི་བ་རྒྱས་པའི་སྒྲུབ་ཐབས་འོད་ཀྱི་རིམ་པ། འབྲིང་པོ་རིན་ཆེན་དྲྭ་བ། མེ་ལོང་ལྟ་བུའི་སྒྲུབ་ཐབས། ཛི་ནའི་རྒྱུད་དོན་གསལ་བྱེད། སངས་རྒྱས་གསང་བའི་འབྲིང་པོའི་སྒྲུབ་ཐབས་རིན་ཆེན་དྲྭ་ཆུང་དེའི་འགྲེལ་པ་བི་མ་ལས་མཛད་པ། རྒྱལ་བཟང་གིས་བསྡུས་པའི་སྒྲུབ་ཐབས་འོད་ཀྱི་ཕྱག་རྒྱ་རྣམས་ནི་ཞི་བའི་རིམ་མོ། །ཁྲོ་བོ་ལ། བི་མ་ལས་མཛད་པའི་རྒྱས་པའི་སྒྲུབ་ཐབས་ཧེ་རུ་ཀ་ལས་ཕྲེང་། འབྲིང་པོའི་སྒྲུབ་ཐབས་ཁོ་བོ་ཡང་དག་སྒྲོན་མ། བསྡུས་པ་སྒྲུབ་ཐབས་ཤེས་རབ་སྒྲོན་མ། སངས་རྒྱས་གསང་བའི་ཁྲོ་བོ་བསྡུས་པའི་སྒྲུབ་ཐབས་སྣང་བ་དམ་པ་རྒྱན། དེའི་འགྲེལ་པ་བི་མས་མཛད་པ་རྣམས་སོ། །བརྒྱད་པ་ཏིང་ངེ་འཛིན་གཙོ་བོར་སྟོན་པའི་མན་ངག་ནི། བི་མ་ལའི་ཕྱག་རྒྱ་བསམ་གཏན། ལྷ་སྐུ་མངོན་སྣང་། ཕྱག་རྒྱ་བཞི་པའི་བསམ་གཏན། ཁྲོ་བོ་ཕྱག་རྒྱ་གཅིག་པ་ཆེ་ཆུང་། སངས་རྒྱས་གསང་བའི་ཧེ་རུ་ཀ་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས། ཁྲོ་བོ་ཕྱག་རྒྱ་བསམ་གཏན། བི་མ་ལའི་རྩེ་གཅིག་བསྡུས་པ་རྣམས་ནི་མཚན་བཅས་གཙོ་བོར་སྟོན་པའོ། །བི་མ་ལའི་སྤྱོད་ཡུལ་ཞི་བའི་བསམ་གཏན། སྤྱོད་ཡུལ་སྦྱོང་བའི་བསམ་གཏན། རྣམ་པར་མི་རྟོག་པའི་སྒོམ་ལུང་། ཏིང་འཛིན་སྒྲོན་མའི་བསམ་གཏན། རིག་པ་སྒྲོན་མའི་བསམ་གཏན། ཡང་དག་ཞི་བའི་བསམ་གཏན། ཧཱུྃ་གི་རོལ་པའི་མན་ངག །སངས་རྒྱས་གསང་བའི་བསམ་དོན་བསྡུས་པའི་བསམ་གཏན། སེམས་ཅན་དོན་རབ་འབྱེད། པདྨའི་འཕྲུལ་གྱིས་མེ་ལོང་། དུར་ཁྲོད་བདེ་བའི་རྨི་ལམ་གྱི་མན་ངག་ནྲྀ་དོན་རྣམ་པར་སྦྱོང་བ་རྣམས་ནི་མཚན་མེ ད་གཙོ་བོར་སྟོན་པའི་ཏིང་ངེ་འཛིན་ནོ། །དགུ་པ་མཆོད་པ་གཙོ་བོར་སྟོན་པའི་མན་ངག་ནི། སངས་རྒྱས་གསང་བའི་རྣལ་འབྱོར་གཏོར་མའི་རིམ་པ། སློབ་དཔོན་པདྨའི་ཟ་ཚོགས་དུར་ཁྲོད་བདེ་བའི་ཟ་ཚོགས་གཏོར་ལུང་ཧེ་ཆེན། ཧེ་ཆུང་། གཡོས་ཡིག་ཆེ་ཆུང་། བི་མ་ལའི་ཐབས་མཆོག་དཔག་གིས་མི་ལང་བ། ཐབས་མཆོག་དབྱིག་གི་སྒྲོན་མ་རྣམས་སོ། །བཅུ་པ་སྔགས་ཕྱག་རྒྱ་ལ་མན་ངག་གི་ཡི་གེ་ཟུར་པའི་རྒྱ་འགྱུར་མེད་གསུངས་སོ། །རྒྱ་འགྱུར་དང་བཀའ་བཙན་མི་བཙན་འདྲ་བའི་བོད་ཀྱི་བསྟན་བཅོས་ལ། རྒྱུད་ཀྱི་འགྲེལ་སྐོར། རྨ་རིན་ཆེན་མཆོག་གི་བཤད་ཐབས་བཅུ་པ། ལོ་ཆེན་བཻ་རོས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ། བརྒྱད་ཅུ་པ་ལ་སྣུབས་སངས་རྒྱས་ཀྱི་མངོན་རྟོགས་འགྲེལ། ཕྲ་མོའི་ནང་ཚན་ལྟ་བ་ལ་བཻ་རོའི་བསྟན་པའི་སྙིང་པོ། སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་སྣང་བ་བཅུ་བདུན་མ། ཛྙཱ་ནའི་འཕྲུལ་གྱི་མེ་ལོང་དགུ་སྐོར་རྩ་འགྲེལ་འདི་ད་ལྟའི་དཔེ་རྒྱུན་ལ་བི་མ་ལའི་ཡིན་ཟེར་ཀྱང་དཀར་ཆག་རྙིང་པ་རྣམས་ན་ཛྙཱ་ནའི་ཡིན་པར་བཤད། གཉན་དཔལ་དབྱངས་ཀྱིས་མཛད་པའི་ཐུགས་ཀྱི་སྒྲོན་མ། ལྟ་བ་ཡང་དག་སྒྲོན་མ། མཐའི་མུན་སེལ་སྒྲོན་མ། ཐབས་ཤེས་སྒྲོན་མ། རྣལ་འབྱོར་སྤྱོད་པའི་ལུགས་ངེས་དོན་ལ་ཇི་བཞིན་བསྒོམ་ཐབས། ལྟ་བ་རིན་ཆེན་སྒྲོན་མ་སྟེ་སྒྲོན་མ་དྲུག་གོ། དབང་ལ་རྨ་རིན་ཆེན་མཆོག་གི་ངེས་འབྱེད་ཆེ་བ། དམ་ཚིག་ལ། དར་རྗེའི་ཁྲུས་ལུང་། ཕྲིན་ལས་ལ་གཉག་ཛྙཱ་ནའི་ས་ལམ་ལུང་ཕྲན་དང་། བཅོལ་དང་བསྐང་བའི་ལུང་ཕྲན། གནས་ཀྱི་གགས་སེལ་བཅོ་བརྒྱད་རྣམས་སོ། །སྒྲུབ་པ་ལ་ནམ་སྙིང་གི་ཞི་ཁྲོ་ལས་ཀྱི་གལ་ཕྲེང་། ཏིང་འཛིན་ལ་སྣུབས་སངས་རྒྱས་ཡེ་ཤེས་ཀྱི་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་པ་རྣམས་ཏེ། གཞན་ཟུར་ཆེ་ཆུང་གི་བསྟན་བཅོས་རྣམས་དེ་དང་འདྲ་མོད་ཀྱང་འབྲི་བར་མ་ནུས་སོ། ༈ །ལུང་ཨ་ནུ་ཡོ་ག་འདུས་པ་ཆེན་པོ་མདོའི་སྐོར་ལ། རྒྱལ་པོ་ཛཿས་མཛད་པའི་སྤྱི་མདོའི་འགྲེལ་པ་ལུང་བསྟན་མར་གྲགས་པ། མདོ་འགྲེལ་སྨན་པ་ལྕགས་འགྲོལ་དང་། ཡེ་ཤེས་སྣང་བ་དམ་པ་རྒྱན། དྷརྨ་བོ་དྷིའི་མདོའི་དོན་བསྡུས། སྟི་ར་མ་ཏིའི་སྐབས་འགྲེལ་རྣམ་པར་བཤད་པ། སྐབས་འགྲེལ་བྱེ་བྲག་ཏུ་བཤད་པ། མདོའི་བཀའ་གཅོད། ཐེག་པ་གསལ་བྱེད་སྒྲོན་མེ། ཧཱུྃ་ཀ་རའི་རྒྱ་མདུད་འགྲེལ་དང་། མདོ་འགྲེལ་རྣལ་འབྱོར་པ་སྒྲོན་མེ། བདེ་བ་གསལ་མཛད་ཀྱི་རྣལ་འབྱོར་རིམ་པ་དང་། ཐེག་ཆེན་སྒྲོན་མེ། ཤཱནྟ་རཀྵ་ཏའི་སེར་ཀ་ཡིག་ཆུང་། རྡོ་རྗེ་བཞད་པའི་མདོའི་མན་ངག །བོད་དུ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་མདོའི་འགྲེལ་པ་མུན་པའི་གོ་ཆ། དཀའ་གཅོད་སྨྲ་བའི་མཚོན་ཆ། སྐ་བ་དཔལ་བརྩེགས་ཀྱི་མདོའི་དཀའ་འགྲེལ་མི་ཤེས་མདུད་འགྲོལ་རྣམས་བཞུགས་སོ།། །། ༈ ཞེས་པ་འདི་ནི་སྒྱུ་འཕྲུལ་ཕྲ་སྐོར་གྱི་ཡིག་ཆ་སྨིན་གླིང་ཕྱག་དཔེའི་དཀར་ཆག་ཏུ་ལོ་ཆེན་དྷརྨ་ཤྲཱི་མཛད་པའི་ཕྱག་བྲིས་ཞལ་བཤུས་པ་ལས་འཕེལ་བ་དགེའོ།། །།

པཎྜི་ཏ་བི་མ་ལས་མཛད་པའི་གསང་བ་སྙིང་པོའི་འགྲེལ་ཆུང་།

གུ ཧྱ ག རྦྷཾ སྟོ ཀ བྲྀ ཏྟི པི ཎྜཱ རྠ ཿ པ ཎྜི ཏ བི མ ལེ ན ཀྲྀ ཏྟཾ བི ཧ ར ཏི སྨ།
པཎྜི་ཏ་བི་མ་ལས་མཛད་པའི་གསང་བ་སྙིང་པོའི་འགྲེལ་ཆུང་བིཎྜཱརྠ་བཞུགས་སོ། །
བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མཉམ་ཉིད་དབྱིངས་སུ་བདུད་བཞི་ངང་གིས་བཅོམ། །ཕྱག་རྒྱའི་རང་བཞིན་གཉིས་མེད་རྫོགས་པར་ལྡན། ཡོད མེད་མཐའ་འདས་བདག་གཞན་ཡོངས་ཀྱི་དཔལ། །ཐམས་ཅད་རང་བཞིན་རྟོགས་དང་ཐུགས་རྗེ་བཟང་། །ཀུན་བཟང་ལྷ་ཡི་ལྷ་ཁྱོད་དབྱེར་མེད་ལ། །རྟོགས་དང་གྲུབ་པས་རབ་ཏུ་ཕྱག་འཚལ་ལོ། །གང་ཞིག་སྒྱུ་འཕྲུལ་དྲ་བའི་རྒྱུད་འདི་ཉིད། །དོན་རྟོགས་གསལ་བར་བྱ་ཕྱིར་བདག་གིས་ནི། །དོན་བསྡུས་རབ་ཏུ་དབྱེ་བས་འདི་བརྩོམས་པས། །དངོས་གྲུབ་མཆོག་གཉིས་ཐོབ་པར་བྱ་ཕྱིར་བཤད། །གང་གིས་རྒྱུད་འདི་རྟོགས་དཀའ་བས། །བདེ་བླག་ཏུ་ནི་རྟོགས་པར་འགྱུར། །འདི་ཡི་རང་བཞིན་ཆེ་བ་དང་། །མཚན་ཉིད་དང་ནི་དོན་བསྟན་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཆེན་ཉིད། །མདོར་བསྡུས་གཏན་ལ་ཕབ་པ་ཡིན། །རང་བཞིན་གསང་བ་ཞེས་བྱ་སྟེ། །ཆེ་བ་ཞེས་ནི་སྙིང་པོའི་དོན། །དེ་ཁོ་ན་ཉིད་མཚན་ཉིད་དོ། །ངེས་པས་ངེས་དོན་མདོར་བསྟན་པ། །དེ་ལྟར་རྣམ་པ་བཞི་པོ་རུ། །མདོ་བསྡུས་སྤྱི་ཡི་དོན་དུ་བཤད། །རང་བཞིན་གབ་དང་སྦས་པ་དང་། བསྟན་མིན་ཞེས་བྱའི་རང་བཞིན་ནི། །མཉམ་པ་ཉིད་དང་དགོངས་པའི་དོན། །མཛད་སྤྱོད་གསང་བའི་ཐེག་པ་ཉིད། །རྣམ་བཞི་གསང་བ་ཞེས་པའི་མཚན། །སྡེ་སྣོད་རྒྱུད་ཀུན་འབྱུང་ཕྱིར་དང་། །བསྟན་ལ་འབེབས་དང་ཁྱད་པར་ཆེ། །སྟོན་པ་འཁོར་དང་གནས་དུས་སོགས། །མཆོག་ཏུ་གྱུར་པས་ཆེ་བ་བཤད། །རྒྱུ་དང་འབྲས་བུ་དབྱེར་མེད་པ། །དོན་དམ་ཀུན་རྫོབ་གཉིས་མེད་ནི། །མཚན་ཉིད་ཅེས་བྱ་རྣམས་པ་གསུམ། །ལུང་དང་མན་ངག་ངེས་པ་ཡང་། །ངེས་པའི་དབྱིངས་ནས་ཕྱུང་བས་ན། །ངེས་དོན་དོན་ནི་བསྟན་པ་ཡིན། །ངེས་དོན་སྤྱི་ཡི་མཚན་ཉིད་ནི། །སོ་སོ་རྣམ་གྲངས་དོན་རྣམས་ཀྱི། །སྔོན་དུ་འགྲོ་བའི་བདག་ཉིད་པས། །མིང་ཉིད་ཐོག་མར་སྨོས་པ་གཅེས། །རྒྱུ་དང་རྐྱེན་དང་གཞུང་ཉིད་དང་། །འགྲོ་བའི་དོན་དུ་སྣང་བའི་ཕྱིར། །གླེང་གཞི་དང་ནི་གླེང་བསླངས་ཏེ། །དོན་དང་ཡོངས་སུ་གཟུང་བ་དང་། །རྣམ་པ་བཞིས་ནི་བསྡུས་པ་ཡིན། །གླེང་གཞི་རྣམ་པ་ལྔར་བཤད་དེ། །གང་ཚེ་གང་གིས་གང་དུ་བཤད། །གང་ལ་གང་གིས་བསྡུས་པ་སྟེ། །འབྱུང་བ་དུས་དང་སྟོན་པ་དང་། །གནས་དང་འཁོར་དུ་སྡུད་པའོ། །སྒྲོ་དང་སྐུར་པ་ཞི་བས་ན། །འདི་ལས་ཞེས་སུ་བཤད་པ་ཡིན། །སྐུ་གསུང་ཐུགས་ཀྱིས་བཤད་པས་ན། །མ་རྟོགས་སྐྱོན་དང་གསུང་ཐོས་སྐྱོན། །བཤད་ཅེས་པས་ནི་སྤངས་པ་ཡིན། །བླ་མེད་འཁོར་ལོ་བསྐོར་བའི་ཚེ། །དེ་ཚེ་དུས་ཞེས་བྱ་བར་གྲགས། །སྟོན་པ་ཞེས་བྱའི་མཚན་ཉིད་ནི། །རང་བཞིན་དང་ནི་མཛད་སྤྱོད་དང་། །རྣལ་འབྱོར་རྣམ་གཉིས་དོན་ལ་སྣང་། །བྱང་ཆུབ་ཆེན་པོའི་རང་བཞིན་དང་། །ཆོས་རྣམས་རོལ་པར་ལོངས་སྤྱོད་དང་། །ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཆོས་སོ་ཅོག་དང་དབྱེར་མེད་པ། །སྟོན་པའི་རང་བཞིན་རྣམ་པ་བཞིན། །དོན་དམ་ཆོས་ཀྱི་སྐུ་ཡི་མཚན། །མཛད་སྤྱོད་གཟུགས་སྐུ་རྣམ་གཉིས་ཏེ། །ལོངས་སྤྱོད་རྫོགས་དང་སྤྲུལ་སྐུའོ། །ལོངས་སྤྱོད་སྔགས་ཀྱི་བདག་པོའི་ཚུལ། །རྒྱལ་པོ་རྒྱལ་མོ་ཡང་དག་ལྡན། །སྤྲུལ་པ་རྡུལ་སྙེད་ཐུབ་པ་དང་། །ཁྲོ་རྒྱལ་སོགས་ཏེ་གྲངས་མེད་ཡིན། །བདག་པོ་སྐུ་ཡི་མཚན་ཉིད་དང་། །ཞལ་དང་མཚན་དང་དཔེ་བྱད་དང་། །བསམ་འདས་ཞབས་དང་ཕྱག་ཕྱག་མཚན། །དབུ་དང་སྐུ་དང་ཁ་དོག་དང་། །རྒྱལ་མོའི་ཚོགས་དང་བཞུགས་པའི་དཔེ། །བཅུ་དང་གསུམ་གྱིས་རྫོགས་པར་རོལ། །ཡེ་ཤེས་ཕྱི་ནང་མེད་པ་དང་། །ཐམས་ཅད་མཉམ་པར་དགོངས་པ་དང་། །སེམས་དཔའ་སེམས་མར་ལྡན་པ་དང་། །བཅུ་དྲུག་རྒྱས་བཏབ་དཔེ་བྱད་དང་། །ལུས་དང་ངག་སེམས་ཅིས་འདུལ་བར། །དེ་སྙེད་སྐུ་གསུམ་སྣང་བ་དང་། །ཐབས་དང་ཤེས་རབ་སྣང་བ་དང་། །ཡེ་ཤེས་དྲུག་དང་ཕྱག་རྒྱ་དྲུག །རྣམ་ཐར་སྐུ་གསུམ་བསམ་ཡས་དང་། །ཕུང་པོ་ལྔ་པོའི་ངོ་བོ་ཉིད། །རྒྱལ་བ་ལྔ་རུ་རྫོགས་སངས་རྒྱས། །ཀུན་ཀྱང་ཁ་དོག་ལྔ་པ་སྟེ། །ཉི་ཤུ་རྩ་ལྔ་རིན་ཆེན་མདོག །སྣང་སྲ་མཉེན་དྲོ་བསྐྱོད་དང་ལྔ། །དབྱིངས་ཀྱི་ངོ་བོ་རྒྱལ་མོ་སྟེ། །དེ་བཞིན་ཀྲོ་ཏི་རྣམ་ལྔ་ཡིན། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པ། །སྟོན་པའི་མཛད་སྤྱོད་རོལ་མོ་ཡིས། །ཏིལ་གྱི་གང་བུ་བཞིན་དུ་ཁྱབ། །སྟོན་པའི་ཁྱད་པར་ཡིན་པར་གྲགས། །གནས་ནི་རྣམ་པ་གསུམ་དུ་གྲགས། །ཆོས་ཀྱི་དབྱིངས་དང་གཞལ་ཡས་ཁང་། །བ་ག་ཆོས་འབྱུང་ཞེས་སུ་བྱ། །མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས། །དེ་ནི་གནས་ཀྱི་བླ་མར་འདོད། །གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད་གདན་གྱི་རྣམ་པ་སྟེ། །བཅུ་གཅིག་དག་གིས་རྣམ་པར་དབྱེའོ། །གཞི་ཡང་ཚད་མེད་འཁོར་ལོ་སྟེ། །ཡེ་ཤེས་ལྔ་ཡི་རང་བཞིན་ཡིན། །ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་པས། །རིན་ཆེན་ལས་བྱས་གཞལ་ཡས་ཁང་། །ཆེ་ཆུང་ཡོངས་སུ་མ་བྱས་པ། །ཆོས་དབྱིངས་མཐའ་ལ་ཁྱབ་པར་སྣང་། །རྒྱས་པར་རྒྱས་ཕྱིར་གྲུ་བཞི་པའོ། །ཀུན་ལས་སྒྲགས་པའི་གཟུགས་བཞི་དང་། །ཡེ་ཤེས་བཞི་ཡི་ངོ་བོ་ཉིད། །གཅིག་ལའང་ཡེ་ཤེས་ཀུན་གནས་དང་། །གཞལ་ཡས་མཛེས་པར་བྱ་བའི་ཕྱིར། །གློ་འབུར་བཞི་ཡང་མཁར་ཐབས་ཚུལ། །བུམ་པ་རྩེ་མོ་ཆོས་ཀྱི་ཏོག །ཆོས་ཀྱི་དབྱིངས་སུ་ཀུན་ནས་གནས། །གློ་འབུར་ལྔ་ཡི་རྒྱན་རྣམས་ཀྱང་། །དབྱིབས་དང་ཁ་དོག་བྱེ་བྲག་དག །རིགས་ཀྱི་ཁྱད་པར་གྱིས་ནི་དབྱེ། །གནས་མཆོག་ཉིད་ཀྱི་རྒྱན་མཆོག་ཀྱང་། །གཟུགས་སྒྲ་དྲི་རོ་རེག་གི་རྣམས། །རིགས་ཀྱི་ཁྱད་པར་གྱིས་ནི་བརྟག །སོ་སོར་མ་བསྒྲིབས་ངང་གིས་གསལ། །བར་ཆད་མེད་པར་ཕྱོགས་བཅུར་འཁྲིགས། །སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་ཁྱུད་ཅན། །ཉན་ཐོས་རང་རྒྱལ་བྱང་ཆུབ་དང་། །བྱ་བའི་རྒྱུད་དང་གཉིས་ཀའི་རྒྱུད། །རྣལ་འབྱོར་བསྐྱེད་དང་རྫོགས་པ་ཡི། །རྣམ་ཐར་བརྒྱད་ཕྱིར་རྟ་བབས་བརྒྱད། །གནས་མཆོག་མཚན་ཉིད་བརྗོད་པ་ནི། །གཞལ་ཡས་ཕྱི་དང་ཆོས་དབྱིངས་ནང་། །བ་ག་ཉིད་དུ་བསྡུས་པས་ན། །ཀུན་ཏུ་ནང་ཞེས་བཤད་པ་ཡིན། །དེ་ན་གནས་པའི་གདན་མཆོག་ཀྱང་། །སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ལྔ་བརྩེགས་ཉི་ཤུ་རྩ་ལྔ་ལྡན། །རྒྱལ་པོ་རྒྱལ་མོའི་གདན་མཆོག་ལ། །མི་འཇིགས་བཞི་དང་སྟོབས་བཅུ་དང་། །རྫུ་འཕྲུལ་བཞི་དང་དབང་རྣམ་བཅུ། །ཐོགས་མེད་ཕྲིན་ལས་རྣམ་བཞིའོ། །ཐབས་དང་ཤེས་རབ་འོད་གསལ་འབར། །སྐྱོན་གྱིས་མ་གོས་ཟད་མི་ཤེས། །མངོན་སངས་རྒྱས་དང་ཟག་པ་ཟད། །བར་མི་ཆོད་དང་ངེས་པར་འབྱུང་། །འཇིག་རྟེན་འཇིག་རྟེན་འདས་བཅས་པ། །འཇིགས་མེད་པ་ཡིས་སེམས་ཀྱིས་སུ། །ཆོས་ཀྱི་འཁོར་ལོར་རབ་ཏུ་བསྐོར། །གནས་དང་གནས་མིན་ཡང་དག་མཁྱེན། །དུས་གསུམ་ལས་འདས་རྣམ་སྨིན་མཁྱེན། །ཁམས་གསུམ་སྣ་ཚོགས་མཁྱེན་པ་དང་། །ཆ་རོལ་མོས་པ་མཁྱེན་པའི་སྟོབས། །དབང་པོ་མཆོག་དང་མཆོག་མིན་མཁྱེན། །ཀུན་ཏུ་འགྲོ་ལམ་མཁྱེན་པའི་སྟོབས། །བསམ་གཏན་ཐར་དང་ཉོན་མོངས་མཁྱེན། །སྔོན་གྱི་གནས་མཁྱེན་སྟོབས་དང་ནི། །སྐྱེ་དང་འཆི་འཕོ་མཁྱེན་པ་དང་། །ཟག་པ་ཟད་མེད་སེམས་གྲོལ་མཁྱེན། །དེ་བཅུ་སྟོབས་བཅུར་གྱུར་པས་ན། །འབྲས་བུ་མངོན་ཤེས་དྲུག་ཡིན་ནོ། །འདུན་དང་བརྩོན་འགྲུས་སེམས་དང་ནི། །དཔྱོད་པའི་ཏིང་འཛིན་སྤོང་བ་ཡི། །འདུ་བྱེད་རྣམས་ཏེ་རྐང་པ་བཞི། །ཡེ་ཤེས་བཞི་གྲུབ་འབྲས་བུ་སྟེ། །ཆོས་དབྱིངས་ཡེ་ཤེས་ཀུན་ལ་ཁྱབ། །ཡོ་བྱད་སྐྱེ་བ་ཚེ་ལ་དབང་། །ཡེ་ཤེས་ཆོས་དང་སེམས་དང་ལས། །རྫུ་འཕྲུལ་སྨོན་ལམ་མོས་རྣམས་ཀྱིས། །ཁམས་ཀུན་གྱི་ནི་དབང་ཕྱུག་རྒྱལ། །ཞི་རྒྱས་དབང་དྲག་ལས་རྣམས་ཀྱིས། །ཐོགས་མེད་ལས་རྣམས་ལྷུན་གྱིས་གྲུབ། །ཅི་ལ་ཐོགས་པ་མེད་པར་སྤྱོད། །གནས་མཆོག་ཁྱད་པར་དེ་ཉིད་ཀྱང་། །དབྱིངས་ཕྱུག་བ་གར་བསྟན་པ་ཡིན། །འཁོར་རྣམས་བཀོད་པ་ཇི་སྙེད་པ། །ཁམས་དང་སྐྱེ་མཆེད་ཡིན་པར་གྲགས། །རྣམ་ཤེས་ཡུལ་དང་དབང་པོ་དང་། །དུས་དང་ཕྱིན་ཅི་མ་ལོག་རྣམས། །བྱང་ཆུབ་ཆེན་པོའི་རང་བཞིན་དུ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན། །མཐོང་དང་ཐོས་དང་སྣོམ་དང་མྱོང་། །རྣམ་ཤེས་བཞི་པོ་སེམས་དཔར་ཤར། །མཐོང་བྱ་ཐོས་བྱ་སྣམ་བྱ་དང་། །མྱང་བྱ་འདོད་པའི་ལྷ་མོ་རྣམས། །རྣམ་ཤེས་བཞི་དང་དབྱེར་མེད་པར། །མཛེས་པའི་གློ་འབུར་བཞི་པོ་ལ། །ཉི་ཟླ་པདྨ་རིན་ཆེན་གདན། །མཐོང་བྱེད་ཐོས་བྱེད་སྣོམ་བྱེད་དང་། །མྱོང་བྱེད་དབང་པོའི་སེམས་དཔའ་དང་། །འདས་དང་ད་ལྟར་འབྱུང་འོངས་དང་། །འབྱུང་བར་མ་ངེས་ལྷ་མོ་བཞི། །དབྱེར་མེད་ཚུལ་དུ་གྲལ་བཞིར་གནས། །རེག་པ་རེག་བྱེད་རེག་བྱ་དང་། །ཡིད་ཀྱི་ཁམས་ཏེ་འཇམ་བྱེད་དང་། །རྟག་ཆད་བདག་ཏུ་མ་ཡིན་དང་། །མཚན་མ་མ་ཡིན་འཇམ་པ་རྣམས། །སྒོ་བཞི་ཕྱོགས་སུ་དེ་བཞིན་གནས། །ཀུན་བཟང་ཡིད་ཀྱི་རྣམ་ཤེས་དང་། །ཆོས་ནི་བྱ་བ་ཀུན་ཏུ་བཟང་། །མདུན་དང་རྒྱབ་ཏུ་རྣམ་པར་གནས། །དེ་ཉིད་སྡུད་པ་ཕུན་སུམ་ཚོགས། །བསྡུ་བྱའི་ཡུལ་ནི་ཆོས་ཡིན་ཏེ། །བྱེད་པ་པོ་ནི་ཀུན་ཏུ་བཟང་། །ཐུགས་ཀྱི་ཐུགས་ཏེ་ཐུགས་ཡིན་ནོ། །སྲིད་གསུམ་འགྲོ་བ་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དག །བརྗོད་མེད་བརྗོད་ཀྱིས་མི་ལུངས་པ། །དེ་སྙེད་འཁོར་ལོའི་དཀྱིལ་འཁོར་དུ། །མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །གཉིས་མེད་ལྷུན་གྲུབ་དཀྱིལ་འཁོར་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །བདེ་བས་སྟོན་པ་བདེར་གཤེགས་རྣམས། །བཙུན་མོའི་ཚོགས་དང་གཉིས་མེད་པའི། །གསང་བ་མཆོག་གི་དཀྱིལ་འཁོར་རྣམས། །རྒྱུད་འདི་ཉིད་ཀྱི་མདོ་དོན་ཏེ། །དཀྱིལ་འཁོར་ཀུན་གྱི་གསང་བ་འདི། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐུགས། །རྡོ་རྗེ་ལས་ནི་ངེས་པར་ཕྱུང་། །ངོ་མཚར་དཀྱིལ་འཁོར་བརྗོད་པའི་ཚིག །ཨེ་ཞེས་བྱ་བ་དམ་པའི་དོན། །ཨེ་མ་ཞེས་བྱ་རབ་ཏུ་ངམ། །ཨེ་མ་ཧོ་ཞེས་བྱ་བ་ཤིན་ཏུ་ངམ། །དཀྱིལ་འཁོར་རྣམ་པ་བཅུ་གཉིས་ཏེ། །དེ་བཞིན་ཉིད་དང་རང་བཞིན་དང་། །ཐུགས་རྗེས་འདུལ་བའི་དཀྱིལ་འཁོར་དང་། །ཏིང་ངེ་འཛིན་དང་གཟུགས་བརྙན་དང་། །ལྷག་པ་ཏིང་འཛིན་གཟུགས་བརྙན་དང་། །བྱང་ཆུབ་སེམས་དང་ལྷག་བྱང་སེམས། །ཚོགས་དང་ལྷུན་གྲུབ་དཀྱིལ་འཁོར་རོ། །ཆོས་ཀྱི་དབྱིངས་ཉིད་དེ་བཞིན་ཉིད། །ཡེ་ཤེས་ཀྱིས་ནི་དབང་བསྒྱུར་བ། །རང་བཞིན་ཐབས་ཀྱི་དཀྱིལ་འཁོར་ཉིད། །ཐུགས་རྗེ་འབྱུང་བ་ཐུགས་རྗེའོ། །དེ་ཉིད་ཐུགས་རྗེས་འདུལ་བའི་ངང་། །རང་སྣང་དབྱེར་མེད་དཀྱིལ་འཁོར་དུ། །ཏིང་ངེ་འཛིན་གྱི་རྣམ་པར་བསྒོམ། །རྟེན་འབྱུང་མཚོན་པར་བྱེད་པས་ན། །གཟུགས་བརྙན་སྒྱུ་མའི་དཀྱིལ་འཁོར་ནི། །སྒྱུ་མ་ཡིན་ཞེས་རྒྱལ་བས་གསུངས། །མཁའ་དབྱིངས་གསལ་བར་རྣམ་སྦྱང་བས། །དེ་ཡང་རང་སྣང་ཞེས་སུ་བཤད། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །དེ་ཉིད་མཚོན་པའི་ཐབས་ཚུལ་དུ། །ས་ལ་སོགས་པ་ཕྱག་རྒྱ་བྱས། །ལྷག་པའི་གཟུགས་བརྙན་ཡིན་པར་གྲགས། །ངེས་པའི་དོན་གྱི་བྱང་ཆུབ་སེམས། །ཏིལ་འབྲུ་བཞིན་ནི་ཀུན་ལ་ཁྱབ། །ཨ་ཡི་བོ་དེ་རབ་ཏུ་བསྡུས། །བྱང་ཆུབ་རྡོ་རྗེ་དྲི་ལས་བྱུང་། །ལྷག་པ་ཡིད་བཞིན་རིན་པོ་ཆེ། །སྐུ་གསུང་ཐུགས་ནི་མི་ཟད་པ། །གཏེར་ལྡན་རྒྱན་གྱི་འཁོར་ལོ་ཉིད། །ཚོགས་ཆེན་རྫོགས་པ་ཞེས་སུ་བཤད། །ཆོས་སྐུ་རྡོ་རྗེ་མཆོག་ཉིད་དེ། །མ་བཅོས་ལྷུན་གྲུབ་བདག་ཉིད་དོ། །མཉམ་ཉིད་དབྱིངས་ཀྱི་དེ་བཞིན་ཉིད། །མཎྜ་ཞེས་བྱ་བ་སྙིང་པོའི་དོན། །ཌལ་ཞེས་བྱ་བ་ལན་པའོ། །ཡུལ་དང་དབང་པོ་ཡིན་པར་དགོངས། །སྤྱོད་ཡུལ་ཀུན་ཏུ་མཎྜ་ལ། །རྡོ་རྗེ་གསང་བས་གསུངས་པ་དང་། །བརྗོད་དཀའ་དེ་ཉིད་བརྗོད་པས་ན། །རྡོ་རྗེ་གསང་བའི་ཚིག་ཏུའོ། །བརྗོད་དུ་མེད་པའི་ངོ་བོ་ཉིད། །ཚིག་ཏུ་བརྗོད་པ་མ་ཡིན་ཡང་། །མཛུབ་མོ་སྒྲོན་མེ་ཟླ་བ་གསེར། །དོན་མཚན་ཚིག་ནི་དོན་དང་འདྲ། །དོན་ནི་མི་རྟོགས་མེད་མིན་པའོ། །དབུལ་པོའི་གཏེར་དང་གྱད་ནོར་འདྲ། །ཚིག་ནི་མེ་ལོང་སྒྲོན་མེའི་ཚུལ། །འགྲོ་བའི་དོན་ལ་བརྗོད་པར་བཤད། །དེས་ན་བདེ་གཤེགས་རྒྱལ་བ་རྣམས། །ཉིད་ལ་ཉིད་ཀྱིས་གསུང་མོད་ཀྱི། །འགྲོ་ལ་ཕན་པའི་དོན་གྱི་ཕྱིིར། །བརྗོད་པ་ཉིད་དུ་རྒྱལ་བས་གསུངས། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་སྟོན་པ་རྒྱལ་མཆོག་གིས། །དཀྱིལ་འཁོར་མདོ་ཡི་དོན་གླིང་བ། །དེ་ཉིད་དོན་འདི་བསྡུས་འདོད་ནས། །ཡབ་ཡུམ་གཉིས་པོ་གླེང་བ་ཡིན། །ཡབ་ཀྱིས་ཡེ་ཤེས་དོན་གླེང་བ། །གང་གིས་ཇི་ལྟར་གང་གླེང་དང་། །གླེངས་པའི་འབྲས་བུ་ཉིད་དང་བཞི། །ཐམས་ཅད་ཀུན་གྱི་བྱེད་པ་པོ། །ཀུན་བཟང་ཡིད་ཉིད་རྡོ་རྗེ་སྟེ། །ཡེ་ཤེས་རྡོ་རྗེ་འདུས་པའི་ཚུལ། །རང་རིག་དབྱིངས་ལ་འཇུག་གྱུར་ཏེ། །སྲིད་དང་རྣམ་གྲོལ་ཐམས་ཅད་ཀུན། །ཐིག་ལེའི་ཚུལ་དུ་དབྱེར་མེད་པས། །སྟོན་པ་རྡོ་རྗེ་བདེ་གཤེགས་ལ། །ཀུན་བཟང་བདེ་བར་གཤེགས་ཉིད་ཀྱིས། །འགྲོ་བའི་ཆེད་དུ་འདི་སྐད་བརྗོད། །རང་རིག་འཁོར་ལོའི་དཀྱིལ་འཁོར་ལ། །ངོ་མཚར་གྱི་ནི་ཚིག་བརྗོད་དེ། །སྲིད་ན་རྣམ་གྲོལ་ཐམས་ཅད་ཀྱི། །ཕུང་པོའི་ཡན་ལག་རྣམ་པ་ལྔ། །ཆོས་སྐུ་རྡོ་རྗེ་ཡིན་པའི་ཕྱིར། །རྒྱལ་པོ་ལྔ་རུ་རྣམ་པར་གྲགས། །འགྲོ་བའི་འགྲོ་བ་ཐམས་ཅད་ཀྱི། །ཁམས་དང་སྐྱེ་མཆེད་རྣམ་པ་ཀུན། །སེམས་དཔའ་སེམས་མའི་དཀྱིལ་འཁོར་ཡིན། །ཁམས་ལྔ་དབྱིངས་ཕྱུག་རྒྱལ་མོ་ལྔ། །མདོར་ན་སྲིད་གསུམ་ཐམས་ཅད་ཀུན། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །འདི་སྐད་ཚིག་ཏུ་གླེང་བའི་ཚེ། །རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་རྣམས། །འགྲོ་བའི་ཆེད་དུ་མཉེས་གྱུར་ནས། །ཡུམ་གྱིས་དབྱིངས་ཀྱི་དོན་གླེང་བ། །གང་གིས་ཇི་ལྟར་ཇི་སྐད་གླེང་། །གླེངས་པའི་འབྲས་བུ་ཉིད་དང་བཞི། །བྱ་བ་མོ་ནི་ཀུན་ཏུ་བཟང་། །ཡེ་ཤེས་ལ་ནི་དབྱིངས་ཕྱུག་འགྱུར། །འགྲོ་བའི་ཆེད་དུ་གླེང་བ་ནི། །སྟོང་གསུམ་རྡུལ་སྙེད་ཕྱོགས་བཅུ་ཀུན། །དངོས་པོར་མ་གྲུབ་ཡེ་ནས་དབེན། །སྲིད་གསུམ་འགྲོ་བའི་གནས་ཉིད་ལས། །ཞིང་ཁམས་དག་ལས་གུད་ན་མེད། །ཉོན་མོངས་དུས་ཚེ་ལྟ་བ་སེམས་ཅན་ཉིད། །སྙིགས་མ་ལྔ་པོ་འགྲོ་བའི་སྡུག་བསྔལ་ཏེ། །བདེ་ཆེན་གནས་ཉིད་ལ་ནི་གཞན་མ་ཡིན། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ལས། །བདེ་གཤེགས་གུད་ན་ཡོད་མ་ཡིན། །དེ་བས་ཐམས་ཅད་སྙིང་པོའི་མཆོག །གཞན་དུ་སངས་རྒྱས་བཙལ་མ་ཡིན། །དེ་སྐད་ཚིག་ཏུ་གླེང་བའི་ཚེ། །བདེ་ཆེན་དབྱིངས་སུ་སངས་རྒྱས་པར། །སྟོན་པ་རྒྱལ་མཆོག་ཉིད་ཀྱིས་མཁྱེན། །དེ་ནས་རྒྱལ་པོ་མངོན་སངས་རྒྱས། །བཙུན་མོའི་ཚོགས་དང་གཉིས་མེད་པས། །རྣམ་གཉིས་གླད་དོན་ཐུགས་ཆུད་དེ། །གཞུང་དོན་རྣམ་པར་བཤད་པ་མཛད། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །རྟོག་སྤྱོད་རྣམ་པ་ཉི་ཤུ་ཡིས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །ཐོག་མར་འགྲོ་བའི་ལམ་མཆོག་ཡིན། །བྱང་ཆུབ་མཆོག་ལྡན་རྣལ་འབྱོར་དེས། །ཆོས་ཀུན་ངེས་དོན་གཏན་ལ་ཕབ། །ངེས་པའི་དོན་ཉིད་རྟོགས་པའི་ཚེ། །མིང་ཙམ་སྣང་བའི་ཆོས་རྣམས་ཀུན། །ཡི་གེ་འཁོར་ལོ་མངོན་སངས་རྒྱས། །མངོན་རྫོགས་ཡི་གེ་དེ་ཉིད་ལས། །ཏིང་འཛིན་རོལ་མོ་མཐའ་ཡས་འཕྲོས༥། །སྤྲོས་ཉིད་དཀྱིལ་འཁོར་བསམ་ཡས་གསལ༦། །གསལ་བྱེད་སྔགས་ཀྱི་ཡི་གེ་བརྗོད༧། །དེ་ཉིད་ཐུགས་རྟགས་ཕྱག་རྒྱས་གསལ༨། །མ་མཐོང་རྨོངས་ལ་བསྟན་པའི་ཕྱིར། །འབྲི་དང་རྡུལ་ཚོན་ཚོམ་བུ་བཅས༩། །དཀྱིལ་འཁོར་དག་ལ་བརྟེན་པའི་མི། །དབང་མཆོག་སྦྱིན་པ་མཆོག་ཡིན་ནོ༡༠། །དབང་མཆོག་རྫོགས་ནས་ཚོགས་ལ་འཇུག༡༡། །ཚོགས་སྒྲུབ་ཡོན་ཏན་བསམ་མི་ཁྱབ༡༢། །ཚོགས་མཆོག་རྒྱ་ཆེར་སྤེལ་བ་ཡང་། །མན་ངག་སྙིང་པོ་ཅན་གྱི་བྱ༡༣། །ཚོགས་དུས་བསྟོད་པ་གླུ་ཡིས་བྱ༡༤། །གལ་ཏེ་ཞི་བས་མི་འདུལ་ན། །རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་སྤྲོ༡༥། །ཁྲོས་པའི་སྔགས་ཀྱིས་སྐུར་སྟོན་ནས༡༦། །དཀྱིལ་འཁོར་ཉིད་དུ་བཀོད་པར་བྱ༡༧། །དེ་ཉིད་ལ་ནི་མཆོད་པ་འབུལ༡༨། །ཞི་ཁྲོ་རབ་འབྱམས་མཆོད་པའི་ཚེ། །སྡོམ་ལ་གནས་པ་ཤིན་ཏུ་གཅེས༡༩། །དམ་ཚིག་ལྡན་པའི་སྐྱེས་བུ་དེས། །རྣམ་བཞི་ལས་ཀྱིས་གཞན་དོན་བྱ༢༠། །ཁྲོས་པའི་གླུ་ཡིས་བསྟོད་པ་བྱ༢༡། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས། །རྣམ་པ་གཉིས་སུ་སྟོན་པས་གསུངས་། །རྨད་དུ་བྱུང་བའི་བྱང་ཆུབ་སེམས། །སངས་རྒྱས་ཀུན་གྱིས་གསང་བའི་ཐུགས། །ཡེ་ཤེས་ལྔ་ཡི་རང་བཞིན་ནི། །སྐྱེ་འགག་གནས་དམིགས་འགྲོ་འོང་རྣམས། །དོན་དམ་མེད་ལས་ཀུན་སྒྲིབ་ཡོད། །དོན་དམ་ཀུན་སྒྲིབ་དབྱེར་མེད་དོན། །དམ་པའི་དོན་དུ་བདེ་གཤེགས་གསུངས། །བརྗོད་མེད་དེ་ཉིད་བརྗོད་པའི་ཚེ། །ཉིད་ཀྱི་གཙོ་གཟུངས་འཁོར་ལོར་མཉེས། །དོན་མ་རྟོགས་དང་སྙིང་རྗེ་དང་། །དོན་མཛད་ཀུན་རྫོབ་རྣམ་པ་གསུམ། །རྒྱལ་པོ་རྒྱལ་མོ་འཁོར་བཅས་པས། །རྟོགས་དཀའི་གསང་བ་རྣམ་བཞིར་བརྗོད། །ཡིད་ལ་རྟོགས་དཀའི་གསང་བ་དང་། །སྣ་ཚོགས་ཆོས་རྣམས་ཐམས་ཅད་ཀྱི། །རང་ནི་དེ་ཉིད་གསང་བ་དང་། །རང་རང་ཆོས་ཀྱི་ངོ་བོ་ཉིད། །མཚན་ཉིད་སོ་སོ་རྟོགས་པ་གསང་། །སྣོད་མིན་གཞན་ལ་མི་བསྟན་གསང་། །མ་རྟོགས་དོན་ཉིད་བརྗོད་པ་ཡིན། །ཆོས་ཀུན་རང་བཞིན་སངས་རྒྱས་ཀྱང་། །དེ་ཉིད་མ་རྟོགས་འཁྲུལ་འཁོར་ཁྱབ། །ཞེན་པ་བཟློག་ཕྱིར་སྙིང་རྗེ་བསྐྱེད། །རང་བཞིན་གསང་བ་བསྟན་པའི་ཕྱིར། །ཆོས་སྒོ་བསམ་ཡས་སྤྲོས་པ་མཛད། །རང་བཞིན་མེད་པའི་ཆོས་ཉིད་ལས། །འགྲོ་བ་འཁྲུལ་འཁོར་སྣང་བ་ཡང་། །བདག་འཛིན་ཙམ་ལས་མ་གཏོགས་པ། །འཁྲུལ་འཁོར་དངོས་ཉིད་ག་ལ་ཡོད། །དཔེར་ན་ནམ་མཁའི་མདུད་མདོར་འདྲ། །བདག་འཛིན་འཆིང་བ་དམ་པོ་ཡང་། །འཆིང་བྱེད་བཅིང་བ་ག་ལ་ཡོད། །དེ་བས་ལྷུན་གྲུབ་དཀྱིལ་འཁོར་ཆེ། །དེ་ཉིད་བསྟན་ཕྱིར་བཤད་པ་མཛད། །དེ་སྐད་བདེ་གཤེགས་རྒྱལ་མཆོག་གིས། །འཁོར་རྣམས་བདེ་གཤེགས་དཀྱིལ་འཁོར་ལ། །འགྲོ་བ་རྣམས་ཀྱི་ཆེད་དུ་གསུངས། །སེམས་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །།གཏན་ལ་དབབ་པར་བྱ་བ་དང་། །གཏན་ལ་ཕབ་པ་གཉིས་སུ་བཤད། །དབབ་བྱ་སྤྲུལ་སྐུས་འདུལ་བསྟན་ལ། །ངེས་པའི་དོན་གྱིས་གཏན་ལ་ཕེབ་ཅེས་བྱ། །གང་ལས་གང་འཐོན་གང་དུ་ཅི་བྱེད་དང་། །གང་གིས་དོན་མཛད་ཡིན་ཏེ་རྣམ་ལྔའོ། །གང་ལས་རྒྱལ་མཆོག་སྐུ་གསུང་ལས། །ཐུགས་རྗེ་རིག་པའི་ཐུབ་དྲུག་འཐོན། །གང་དུ་ལས་ཀྱི་འབྲས་བུ་སྟེ། །སྟོང་གསུམ་གཅིག་ལ་ཆགས་ཚུལ་དྲུག །སྤྲུལ་སྐུ་གཅིག་གི་ཞིང་དུ་གྲགས། །དྲུག་གི་འཇིག་རྟེན་དེ་ཉིད་ན། །གླིང་རྣམས་བྱེ་བ་ཕྲག་བརྒྱ་ཡིན། །སྤྲུལ་པ་བྱེ་བ་ཕྲག་བརྒྱར་སྣང་། །གླིང་རྣམས་རེ་རེར་སྤྲུལ་པ་རེ་རེ་ཡང་། །འགྲོ་དྲུག་ལས་ཀྱིས་དྲུག་ཏུ་སྣང་བ་ཡང་། །དཔེར་ན་བར་སྣང་ཟླ་བ་གཅིག་ཤར་བས། །འཛམ་གླིང་ཆུ་རྣམས་ཀུན་ཏུ་ཆུ་ཟླར་སྣང་། །ཆུ་གཅིག་ནང་ན་སྣང་བའི་ཟླ་བ་ཡང་། །འགྲོ་བ་སོ་སོས་བལྟས་ན་རེ་རེར་སྣང་། །དེ་བཞིན་སྤྲུལ་སྐུ་གཅིག་ལ་གླིང་རྣམས་སྣང་། །གླིང་རྣམས་གཅིག་ལས་འགྲོ་བ་དྲུག་ཏུ་སྣང་། །ཐ་དད་དེ་ཀུན་རྣམ་པ་གཅིག་ཏུ་གྲགས། །དེ་འདྲའི་སྟོང་གསུམ་མཐའ་ཡས་མུ་མེད་ན། །དེ་འདྲའི་སྤྲུལ་པས་འགྲོ་དོན་དེ་ལྟར་མཛད། །ཅི་མཛད་འདུལ་བ་རྣམ་པ་བཞིས། །གང་གིས་འགྲོ་བ་ལྔ་དོན་མཛད། །མངོན་སུམ་རྫུ་འཕྲུལ་བསོད་ནམས་རིགས་པ་བཞིས། །ཐེག་ལྔའི་རིགས་ཅན་འགྲོ་ལྔའི་དོན་རྣམས་མཛད། །མངོན་སུམ་འདུལ་བས་སངས་རྒྱས་མཛད་པ་སྟོན། །རྫུལ་འཕྲུལ་ཐུན་མོང་མ་ཡིན་མངོན་ཤེས་དྲུག །བསོད་ནམས་ཀུན་ཏུ་སྐུ་དང་གསུང་ཐུགས་ཞལ། །བསམ་གྱིས་མི་ཁྱབ་གྲངས་མེད་ཕྱོགས་བཅུར་སྣང་། །རིགས་པས་ཐེག་པ་བརྒྱད་ཅུ་བཞིར་གསུངས་པ། །འདུལ་བའི་དབང་གིས་ཐེག་ལྔའི་རིགས་དང་སྦྱར། །ཉོན་མོངས་གཉེན་པོར་སྒོ་མང་དུས་གསུམ་གསུངས། །གཟུང་འཛིན་ཕྱི་ནང་རྟེན་འབྲེལ་འཁྲུལ་རྣམས་ལ། །མི་དང་ལྷ་དང་ཉན་ཐོས་རང་རྒྱལ་བསྟན། །འཁྲུལ་འདོགས་ལས་འབྲས་ཆུད་མི་ཟས་འདུལ་ལ། །བྱང་ཆུབ་སེམས་དཔའི་ཐེག་པས་ཕན་འདོགས་སོ། །ལས་འབྲས་མི་གསོག་རྟོགས་པའི་བློ་ལྡན་ལ། །བླ་མེད་རྡོ་རྗེ་ཐེག་པའི་མཐར་ཐུག་གོ། །དེ་ཀུན་འདུལ་བའི་དབང་སྟེ་བཀྲི་བའི་དོན། །དེ་དག་ངེས་པར་གཏན་ལ་དབབ་པ་ཡང་། །བདེ་གཤེགས་རྒྱལ་བས་འགྲོ་བའི་ཆེད་བརྗོད་པ། །ལྷ་མི་ཉན་ཐོས་རང་རྒྱལ་ཐེག་པ་ལ། །མ་རིག་གཟུང་འཛིན་ཕྱི་ནང་རྟེན་འབྲེལ་འཁོར། །མི་མཐུན་བདེ་དང་སྡུག་བསྔལ་སྣ་ཚོགས་ཀྱང་། །འཁྲུལ་པ་དེ་ཉིད་སྣང་བ་མ་གཏོགས་པ། །རང་བཞིན་དབྱིངས་ལས་ཉ ེས་པ་མེད་ཅེས་གསུངས། །བདེན་པ་གཉིས་རྟོགས་བྱང་ཆུབ་སེམས་དཔའ་ཡང་། །གཉིས་ཚུལ་བདག་དང་བདག་གི་གཞན་མེད་དེ། །རྣམ་དག་ཆོས་ཀྱི་དབྱིངས་ལས་གཉིས་སུ་མེད། །བདག་གཞན་རྟོག་པ་ཙམ་སྟེ་དོན་ཏུ་མེད། །ལོག་རྒྱུད་ཉིད་རྟོག་རང་སེམས་སྐད་ཅིག་མ། །སྐད་ཅིག་གཞི་རྩ་མེད་པས་ཆོས་ཀྱི་དབྱིངས། །བླ་མེད་དངོས་གྲུབ་གཞན་ནས་རེ་བ་ཡང་། །བདག་དང་གཞན་དུ་རྟོག་པའི་རྒྱུན་ཡིན་པས། །ཉིད་ལ་ཉིད་སྦྱོར་ཉིད་ལ་ཉིད་དབང་བསྐུར། །ཐེག་པའི་ཁྱད་པར་རྣམ་ལྔས་བསྟན་པ་ཡང་། །འབྲས་བུ་རྫོགས་ཆེན་ཐེག་པ་གཅིག་ཏུ་གནས། །བསོད་ནམས་བསམ་གྱིས་མི་ཁྱབ་སྣང་བ་དང་། །ཁྱད་པར་མངོན་ཤེས་དྲུག་ཏུ་སྣང་བ་ཡང་། །བསོད་ནམས་རྒྱུད་ལས་གྲུབ་པ་མ་ཡིན་ཏེ། །དེ་ཉིད་ཡང་དག་རྟོགས་པའི་བྱིན་རླབས་ལས། །རང་བཞིན་མེད་ལས་ཅིར་ཡང་གྲུབ། །སངས་རྒྱས་མཛད་པའི་རིམ་པས་སྟོན་པ་ཡང་། །འགྲོ་བ་འདུལ་བའི་ཐབས་ལས་མ་གཏོགས་པ། །སངས་རྒྱས་ཞེས་བྱ་མྱ་ངན་ཅི་ལ་འདའ། །ཆོས་ཀྱི་དབྱིངས་ཀྱང་ནུབ་པར་མི་འགྱུར་རོ། །འདི་སྐད་བཤད་པ་ཞེས་ཀྱང་དེ་ཕྱིར་བརྗོད། །ཞིང་ཁམས་ཀུན་ཏུ་གྲགས་པའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་འབྱུང་བའི་ཡུམ། །དེ་ཕྱིར་སྙིང་པོ་ཞེས་སུ་རྒྱལ་བས་གསུངས། །དེ་དག་གཏན་ལ་འབེབ་པས་ངེས་པའང་ཡིན། །དེ་ཕྱིར་བསྟན་པ་ཡོངས་ཀྱི་འབྱུང་གནས་ཡིན། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གཉེན་པོ་རུ། །མིང་དང་ཚིག་ཏུ་སྒོ་རྣམས་བསྟན་པ་ཡང་། །འགྲོ་བ་འདུལ་བའི་དབང་ཙམ་མ་གཏོང་བ། །སྟོན་མིང་ཚིག་ལ་དངོས་པོ་ག་ལ་ཡོད། །དེ་ཀུན་ཐ་སྙད་ཡིན་ཞེས་རྒྱལ་བས་ཆེད་དུ་བརྗོད། །དེ་ནས་ཉིད་ཀྱི་གསང་བ་ཡི། །དཀྱིལ་འཁོར་ཀུན་གྱི་གསང་བ་འདི། །སྐུ་གསུང་རྡོ་རྗེ་ཉིད་ལས་ཕྱུང་། །ཨ་ནི་སྐྱེ་མེད་ཤེས་རབ་དབྱིངས། །ཧོ་ནི་ཐབས་མཆོག་ཆོ་འཕྲུལ་རོལ། །སྲིད་གསུམ་འཁྲུལ་འཁོར་ཐམས་ཅད་ཀུན། །ལོག་རྟོག་ཉིད་ལས་ཅི་ཡང་མིན། །ལོག་རྟོག་གཞི་རྩ་མེད་དབྱིངས་ཡིན། །རང་རིག་ཡེ་ཤེས་བདག་མེད་ཐུགས། །བྱ་བྱེད་མེད་པ་ཀུན་དབང་བསྒྱུར། །དེ་ཉིད་ཡོན་ཏན་ཞིང་ཁམས་ལས། །གཞན་མེད་རང་རིག་དེ་ལྟར་སྣང་། །རྡུལ་སྙེད་སྤྲུལ་པ་བསམ་ཡས་ཀྱིས། །འདུལ་བའི་དབང་གིས་གསུངས་པ་ཀུན། །བླ་མེད་ངེས་པའི་དོན་འདི་རུ། །འདུས་པར་བདེ་གཤེགས་ཉིད་ཀྱིས་མཁྱེན། །གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའོ།། །།ཡི་གེ་འཁོར་ལོའི་དཀྱིལ་འཁོར་འདི། །གང་ལས་ཇི་ལྟར་གང་བྱུང་བྱུང་བའི་མཐུ། །དོན་བཤད་གསང་བའི་དཀྱིལ་འཁོར་ཕྱུང་བ་དང་། །རྣམ་པ་འདི་དག་ཡི་གེ་འཁོར་ལོ་བཤད། ། གང་ལས་བྱུང་བ་རྣམ་བཞིར་ཤེས་བྱ་སྟེ། །དགོངས་དང་ཏིང་འཛིན་མིང་དང་འབྱུང་ཁུངས་སོ། །བདེ་གཤེགས་མཉམ་ཉིད་དགོངས་པ་གཅིག་ཏུ་གྱུར། །མཉམ་ཉིད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཆོས་ཀུན་ཡེ་ནས་སངས་རྒྱས་ཏིང་འཛིན་བསྟན། །ཀུན་རྫོབ་མིང་ཙམ་ཡི་གེ་ཕྲིང་ཞེས་བྱ། །བྱུང་ཁུངས་སྟོན་པའི་སྐུ་གསུང་ཐུགས་རྡོ་རྗེ། །ཇི་ལྟར་ཨ་བྱུང་ཨ་ལས་མིང་ཚོགས་བྱུང་། །ཨ་དཀར་གཞི་ལས་ཨ་རྣམ་ཕྱོགས་བཅུར་འཕྲོས། །ཕྱོགས་ཀུན་གསལ་ནས་སླར་འདུས་གཞི་ལ་ཐིམ། །འཕྲོས་པས་འགྲིབ་མེད་བསྡུས་པས་འཕེལ་མེད་པ། །སྤྲོས་པས་གཞན་དོན་བསྡུས་པས་བདག་གི་དོན། །ཨཱ་དི་ཀ་ལ་སོགས་པ་བཞི་བཅུ་གཉིས། །ཤིན་ཏུ་ཕྲ་བའི་ཚུལ་གྱིས་སྤྲོ་བསྡུ་བ། །མི་འགྲིབ་མི་འཕེལ་བདག་གཞན་དོན་དུ་བཤད། །ཨ་ཉིད་རྒྱུ་སྟེ་མིང་ཚོགས་འབྲས་བུར་གསུངས། །སྐུ་གསུང་ཐུགས་ཀྱི་ཀློང་ནས་ཨ་འབྱུང་སྟེ། །ཨ་ནི་ཁང་ནས་འབྱུང་བས་སྐྱེ་བ་མེད། །ཨ་ལས་འོད་ཟེར་མགུར་ཡི་གསང་བར་འཁྱིལ། །འོད་འཕྲོས་ཀ་ལ་སོགས་པ་འབྲུ་ལྔ་ཤར། །ཨ་ཡི་འོད་ཟེར་ཟླ་ཁམ་ལྟར་གསལ་འཁྱིལ། །འོད་འཕྲོས་ཙ་ལ་སོགས་པ་འབྲུ་ལྔར་ཤར། །ཨ་ཡི་འོད་ཟེར་ལྗགས་ཀྱི་རྩེར་འཕྲོས་པས། །ཆོ་འཕྲུལ་ཏ་ལ་སོགས་པ་འབྲུ་བཅུར་ཤར། །ཞལ་གྱི་སྒོ་མོར་ཨ་ཡི་འོད་འཕྲོས་པས། །ཆོ་འཕྲུལ་པ་ལ་སོགས་པ་འབྲུ་ལྔ་ཡིན། །ཨ་ལས་ཕྱི་རོལ་ཡུལ་ལ་འོད་འཕྲོས་པས། །ཆོ་འཕྲུལ་ཡི་གེ་ཉི་ཤུ་སྐུ་ལས་འཕྲོས། །ཡ་ནི་བྱིན་པ་ལས་བྱུང་ཝ་ནི་དཀུ་ལས་བྱུང་། །ར་ནི་སྟ་ཟུར་ལ་ནི་དཔུང་པ་ལས་ནི་བྱུང་། །ཐུགས་ཀའི་འོད་ལས་ཤ་བྱུང་ཕྱག་མཐིལ་ལས་ནི་ཥ། །མཛོད་སྤུའི་འོད་ལས་ས་བྱུང་ཞབས་མཐིལ་གཉིས་ལས་ཧ། །གསང་བའི་འོད་ཟེར་ལས་ནི་ཆོ་འཕྲུལ་ཀྵ་རུ་ཤར། །སྤྱན་གཉིས་ལས་ནི་ཆོ་འཕྲུལ་ཨི་གཉིས་ཤར། །སྙན་གཉིས་ལས་ནི་ཆོ་འཕྲུལ་ཨུ་གཉིས་ཤར། །ཚེམས་གཉིས་ལས་ནི་འོད་འཕྲོས་ཨེ་གཉིས་ཤར། །ཤངས་གཉིས་ལས་ནི་འོད་འཕྲོས་ཨོ་གཉིས་ཤར། །སྐྱེས་བུའི་སྤྱི་གཙུག་འོད་འཕྲོས་མགོ་ཞེས་བྱ། །འཁྲུ་ཚད་ལྟ་བ་ལས་ནི་འོད་འཕྲོས་ཤད་ཅེས་བྱ། །སྐྱེས་བུ་ཆེན་པོའི་མཚོགས་མའི་འོད་ལས་ཏིག་ཅེས་བྱ། །གང་བྱུང་བཞི་བཅུ་རྩ་ལྔ་དེ་ཉིད་ཡིན། །བྱུང་བའི་ནུས་མཐུ་འཇིག་རྟེན་བསམ་ཡས་གཡོ། །དོན་བཤད་རྣམ་པ་གཉིས་སུ་ཤེས་བྱ་སྟེ། །སྤྱི་དང་རང་གི་མཚན་ཉིད་དོན་བཤད་པའོ། །སྤྱི་ཡི་དོན་ནི་རྣམ་དགུར་ཤེས་བྱ་སྟེ། །དོན་དང་ཆེ་བ་ལས་དང་མཚན་ཉིད་གྲངས། །དབྱེ་བ་རང་བཞིན་ཆོ་འཕྲུལ་ངེས་ཚིག་གི། །དོན་ནི་བདེན་པ་གཉིས་སུ་ཤེས་བྱ་སྟེ། །ཨ་ནི་དོན་དམ་མཐའ་གཉིས་དབུས་མི་དམིགས། །ཀུན་རྫོབ་མིང་ཙམ་ཡི་གེ་འཕྲེང་བ་ཉིད། །ཆོས་ཀུན་སྒྱུ་མ་མིང་ཙམ་ཉིད་ལ་གནས། །ཨ་ལས་ཡི་གེའི་ཚོགས་འབྱུང་ས་དང་བཅས། །མིང་ཙམ་ཚིག་གིས་བསྡུས་པའི་མངོན་རྫོགས་ཉིད། །རྫོགས་སངས་རྒྱས་ཡི་གེའི་ཆེ་བར་གསུངས། །ལས་ནི་ཡ་མཚན་བཞི་བཅུ་རྩ་ལྔ་ཡིས། །མིང་ཚིག་དོན་མཚན་སྣ་ཚོགས་སྨྲ་ཞིང་སྟོན། །མཚན་ཉིད་དོན་དམ་དབྱིངས་ལས་མི་དམིགས་ཀྱང་། །ཁ་དོག་མིང་དབྱིབས་རོལ་པ་སྤྲུལ་ཅིང་སྟོན། །རྣམ་གྲངས་དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །རེ་རེ་ལ་ཡང་སྐུ་གསུང་ཐུགས་སུ་བཤད། །ཐུགས་ནི་རྒྱུད་ཉིད་ཨ་ཡིས་ཀུན་ལ་ཁྱབ། །སྐུ་ནི་སོ་སོའི་ཁ་དོག་དབྱིབས་སུ་ལྡན། །གསུང་ནི་སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །དེ་ཕྱིར་ཕྱོགས་བཅུར་རྒྱལ་བའི་སྐུ་གསུང་ཐུགས། །བཞི་བཅུ་རྩ་ལྔ་གསུམ་འཕྲོས་འགྱུར་ཞེས་གསུངས། །དབྱེ་བ་ལུས་དང་ཡན་ལག་གཉིས་སུ་དབྱེ། །ལུས་ནི་མགོ་ནས་ཀྵ་ཡི་བར་དུ་རྫོགས། །ཡན་ལག་འགྲེང་དང་གུག་པོ་བཞི་གཉིས་ཡིན། །རང་བཞིན་སེམས་ཉིད་ཡི་གེའི་རང་བཞིན་ཏེ། །སེམས་དང་ཡི་གེའི་དངོས་པོ་ཡོད་མ་ཡིན། །ཆོ་འཕྲུལ་མཚན་མ་དབྱིངས་ལས་སྣ་ཚོགས་སྤྲུལ། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་རྣམས། །ཡི་གེའི་མཐུ་ཡིས་འགུགས་ཤིང་བྱེད་ནུས་ན། །འཇིག་རྟེན་ཆོ་འཕྲུལ་གཞན་ལྟ་སྨོས་ཅི་དགོས། །ངེས་ཚིག་བྲིས་པའི་ཕྱིར་ན་ཡི་གེ་སྟེ། །མཚན་ཉིད་དབྱིངས་ལ་དབྱིངས་ཀྱིས་བྲིས་པ་ཡང་། །ཨ་ཉིད་དབྱིངས་ལས་སྣ་ཚོགས་འབྱུང་ཕྱིར་རོ། །རང་གི་མཚན་ཉིད་སོ་སོར་བཤད་པ་ནི། །བཞི་བཅུ་རྩ་དྲུག་རང་བཞིན་ལས་རྣམས་ཡིན། །མགོ་ཡི་རང་བཞིན་མ་ནོར་དེ་ཉིད་རྣམ་པ་གསུམ། །ལས་ནི་ལམ་ཡིན་རྟོགས་པ་རྣམ་པ་བཞི། །ཏིག་གི་རང་བཞིན་ཤེས་རབ་རྣམ་པ་གསུམ། །ལས་ནི་དེ་ཉིད་མཚོན་བྱེད་མིང་དུ་སྐྱེ། །ཤད་ཀྱི་རང་བཞིན་ཐབས་ཆེན་བསྙེན་སྒྲུབ་བཞི། །ལས་ནི་མཚོན་པའི་མིང་རྣམ་ཚིག་ཏུ་གཅོད། །ཨ་ཡི་རང་བཞིན་སྐྱེ་མེད་དབུ་མའི་ངང་། །ལས་ནི་དེ་བཞིན་ཉིད་མཚོན་དག་མཉམ་བཞི། །མགོ་ཏིག་ཤད་ནི་ཏིང་འཛིན་བཞིར་བཤད་དེ། །དེ་བཞིན་ཉིད་ཀུན་སྣང་རྒྱུ་རྫོགས་ཞེས་བྱ། །དེས་ན་མངོན་རྫོགས་ཕྱག་རྒྱའི་རྒྱུ་བཞིན་ངེས། །ཋ་སོགས་བདེ་གཤེགས་ལྔ་རྫོགས་ཕུང་པོ་ལྔའི། །རང་བཞིན་སྒྱུ་འཕྲུལ་ཡིན་ཏེ་ལས་ནི་རིགས་ལྔའོ། །ཐ་སོགས་ལྔ་ནི་བཙུན་མོའི་དབྱིངས་རྣམ་ལྔ་། །རང་བཞིན་དྲྭ་བ་ལས་ནི་འབྱུང་ལྔ་ཉིད། །སྒྱུ་འཕྲུལ་དྲྭ་བ་ཞེས་ཀྱང་གཙོ་དང་གཟུངས་ལ་གྲགས། །ཀ་ལ་སོགས་པ་སེམས་པའི་ཡི་གེ་ལྔ། །རང་བཞིན་ཐུགས་ཏེ་ལས་ནི་རྣམ་ཤེས་ཁམས་ལྔ་ཡིན། །ཙ་སོགས་ཡུལ་གྱི་སེམས་བཞི་རིགས་དང་རྣམ་ལྔའོ། །རང་བཞིན་སྐུ་སྟེ་ལས་ནི་ཡུལ་གྱི་ཁམས་ལྔ་ཡིན། །པ་ལ་སོགས་པ་སེམས་དཔའི་ཡི་གེ་ལྔའི། །རང་བཞིན་གསུང་སྟེ་ལས་ནི་དབང་པོའི་ཁམས་ལྔ་ཡིན། །ཡ་ལ་སོགས་པ་རིག་མའི་ཡི་གེ་བཞི། །རང་བཞིན་དག་པ་བཞི་སྟེ་ལས་ནི་དུས་རྣམས་བཞི། །ཤ་ལ་སོགས་པ་རིག་མའི་ཡི་གེ་བཞི། །རང་བཞིན་མེད་པ་བཞི་སྟེ་ལས་ནི་མཐའ་བཞི་འཇམས། །ཀྵ་ནི་སྡུད་པའི་རང་བཞིན་ཐུགས་ཏེ་ལས་ནི་ཡེ་ཤེས་ཡིན། །ཨི་ལ་སོགས་པ་སྤྲུལ་པའི་ཡི་གེ་རྣམ་དྲུག་གོ། །སྤྲུལ་པའི་རང་བཞིན་བསམ་ཡས་རྡུལ་སྙེད་ལས་ནི་རིགས་དྲུག་འདུལ། །ༀ་ནི་ཡིད་དབང་རིག་པའི་རྒྱལ་པོའི་ཡི་གེ་སྟེ། །རང་བཞིན་བྱང་ཆུབ་སེམས་ཏེ་ལས་ནི་ཐམས་ཅད་འཇིག །ༀ་ནི་སྟོང་བྱ་ཀུན་ཏུ་བཟང་མོའི་ཡི་གེ་སྟེ། །རང་བཞིན་ཆོས་རྣམས་ཐམས་ཅད་ལས་ནི་ཀུན་གཞི་ཡིན། །ལས་དང་རང་བཞིན་འབྲེལ་བའི་འཁོར་ལོ་ཚོགས་ཆེན་འདི། །རེ་རེ་ལ་ཡང་སྐུ་གསུང་ཐུགས་ཀྱི་མཎྜལ་རྫོགས་པའི་ཕྲེང་། །ཡི་གེ་འཁོར་ལོ་ཚོགས་ཆེན་ཞེས་སུ་བརྗོད། །ཡིག་འབྲུ་གསང་བའི་དཀྱིལ་འཁོར་ནི། །གང་བྱུང་གང་ལས་ཇི་ལྟར་བྱུང་། །བྱུང་བའི་འབྲས་བུ་ཉིད་རང་བཞིན། །གང་བྱུང་བདེར་གཤེགས་ཐམས་ཅད་ཀྱི། །རབ་ཏུ་གསང་བའི་དཀྱིལ་འཁོར་ཡིན། །གང་ལས་སྐུ་གསུང་རྡོ་རྗེ་ལས། །ཇི་ལྟར་ཡབ་ཡུམ་དགྱེས་སྤྲིན་ལས། །ཡང་གསལ་ཨ་ལས་ཡིག་འབྲུའིི་ཚོགས། །དེ་ལ་མངོན་རྫོགས་སྐུར་གསལ་བ། །ཡུམ་གྱི་མཁའ་ལ་རྫོགས་པར་རོལ། །ལྷག་པའི་ཏིང་འཛིན་ཞེས་སུ་གྲགས། །དེ་ཉིད་ལས་ནི་ཕྱི་རོལ་གྱི། །དཀྱིལ་འཁོར་འདོན་པ་རྒྱལ་བས་གསུངས། །བྷ་ག་དཀྱིལ་འཁོར་ལིངྒ་ཨ། །འདུས་མ་བྱས་ཉིད་རྡོ་རྗེ་ལས། །འདུས་བྱས་རྡོ་རྗེའི་དཀྱིལ་འཁོར་ཚོགས། །འབྱིན་པའི་དམ་ཚིག་འདའ་མི་འགྱུར། །ཅི་ཕྱིར་ཐབས་དང་ཤེས་རབ་ཀྱི། །རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན། །དེ་ཡི་འབྲས་བུ་ཡི་གེ་ཉིད། །རྒྱལ་བ་མངོན་པར་རྫོགས་པའི་སྐུ། །དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ། །ཡི་གེའི་ཕྲེང་བ་བཀོད་པའི་ལེའུ་སྟེ་བཞི་པའོ།། །།སྣ་ཚོགས་སྒྱུ་འཕྲུལ་སྤྲོས་པ་འདི། །གང་ལས་གང་སྤྲོས་ཐབས་དང་མཉེས་པ་བཞི། །གང་ལས་སྒྱུ་འཕྲུལ་དཀྱིལ་འཁོར་བཀོད་པ་ལས། །གང་སྤྲོས་ཏིང་འཛིན་རྣམ་པར་སྤྲོས་པ་འདི། །ཐབས་ནི་བདུན་གྱིས་སྒྲུབ་ཐབས་སྡེབས་བཤད་པ། །ཏིང་ངེ་འཛིན་དང་རྫོགས་དང་ཐུན་མོང་དང་། །དཔེ་དང་རྒྱུ་དང་གགས་བསལ་མཆོག་རྫོགས་འགྱུར། །ཏིང་འཛིན་དེ་བཞིན་ཉིད་དང་ཀུན་སྣང་རྒྱུ་ཡིན་ཏེ། །ཏིང་འཛིན་དེ་བཞིན་རང་སེམས་མཚན་ཉིད་ནི། །གང་གིས་མི་ཤེས་ཆོས་ཀྱི་དབྱིངས་མི་ཤེས། །དམིགས་མེད་མི་ཤེས་རྟག་ཆད་འཇིག་མི་འགྱུར། །དེ་ཕྱིར་རང་སེམས་དབྱིངས་ཉིད་ཐབས་ཀྱི་རྒྱུད། །དངོས་པོ་རྣམ་པ་བརྒྱད་སོགས་གང་ཡང་མིན། །མིན་པ་དེ་ཉིད་དེ་བཞིན་ཉིད་ཅེས་བྱ། །དེ་ཉིད་གསལ་བར་བསྒོམ་པ་ཐབས་ཀྱི་རྒྱུད། །ཀུན་ཁྱབ་སྙིང་རྗེ་རང་བཞིན་ཀུན་སྣང་ཡིན། །རྒྱུ་ནི་སེམས་ཉིད་ཨ་ཡི་རང་བཞིན་ཏེ། །ཨ་ཉིད་ཡིད་བཞིན་རིན་ཆེན་སྤྲིན་དང་མཚུངས། །ཨ་ལས་སྒྱུ་འཕྲུལ་བཞི་བཅུ་རྩ་གཉིས་འབྱུང་། །དེ་ཉིད་ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཐབས་ཉིད་དྲྭ་བའི་དཀྱིལ་འཁོར་རྫོགས་པའི་སྐུ། །རྫོགས་པའི་ཡིག་འབྲུ་ཕྱག་མཚན་མངོན་རྫོགས་སྐུ། །དོན་དམ་དབྱེར་མེད་ཀུན་རྫོབ་ཐ་དད་པའི། །ནང་གི་རྣམ་ཤེས་ནང་གི་དབང་པོ་དང་། །ཕྱི་རོལ་ཡུལ་གྱི་རྣམ་པ་ཐམས་ཅད་ཀུན། །བསམ་ཡས་དཀྱིལ་འཁོར་ཀུན་བཟང་ཕྱག་རྒྱར་རོལ། །དེ་ཉིད་སྒྱུ་འཕྲུལ་མངོན་རྫོགས་རྒྱལ་པོར་ངེས། །དངོས་གྲུབ་ཐུན་མོང་རྣམ་པ་སྣ་ཚོགས་ཀུན། །གླང་ཆེན་མྱོས་འདྲའི་སེམས་ནི་ཏིང་ངེ་འཛིན་གྱིས་བཏུལ་ནས་སུ། །སྒྱུ་འཕྲུལ་སྔགས་དང་ཕྱག་རྒྱ་རབ་ཏུ་བརྟན་བྱས་ན། །ཐུན་མོང་དངོས་གྲུབ་ཡ་མཚན་འདི་ཀུན་འགྲུབ། །ཕྱོགས་དུས་རྒྱལ་བའི་དཀྱིལ་འཁོར་གྲུབ་ནས་རྒྱལ་བའི་དཔལ། །ཉི་ཤུ་རྩ་གཅིག་ཏིང་འཛིན་མཐུ་ཡིས་གྲུབ། །དཔེར་ན་སྒྲོན་མ་གསེར་འགྱུར་སྨན་གྱིས་དུག་སེལ་དང་། །ཟངས་ལས་གསེར་འགྱུར་དུག་ལས་སྨན་འགྱུར་ལྟར། །ཡེ་ཤེས་རང་སྣང་མིང་ཆོས་གཟུགས་སོགས་ལས། །ཡིད་བཞིན་དངོས་གྲུབ་ཇི་ལྟར་སྒྲུབ་བས་འགྲུབ། །བླ་མ་མཆོད་ལྡན་རྟོགས་གསལ་དམ་ཚིག་ལྡན། །སྔགས་ཤེས་ཕྱག་རྒྱར་ཤེས་ཤིང་ཡོ་བྱད་ལྔ་ལྡན་ན། །ཐུན་མོང་མཆོག་གི་དངོས་གྲུབ་ཡོད་པར་རྒྱལ་བས་གསུངས། །དེ་ཉིད་མི་ལྡན་དངོས་གྲུབ་མེད་དེ་དེ་ཉིད་བརླག་པར་འགྱུར། །དེ་དག་ཐོབ་པའི་རྒྱུ་དང་མི་ཐོབ་གེགས་ཞེས་བཤད། །མཆོག་དེ་ཉིད་ནི་རྒྱལ་བའི་ཐུགས་ཆུད་དངོས་གྲུབ་སྙིང་པོ་སྟེ། །མི་བཟད་འཕེལ་འགྲིབ་མེད་པ་ཡིད་བཞིན་མཛོད་དང་འདྲ། །དངོས་མེད་ཏིང་ངེ་འཛིན་ལས་དངོས་པོ་ཡི་གེ་སྤྲིན། །མཆོག་གི་རྣམ་པ་སྣ་ཚོགས་ཇི་ལྟར་འདོད་འབྱུང་འགྱུར། །དངོས་མེད་དངོས་ཉིད་རྟོགས་པའི་ཏིང་འཛིན་མཆོག་གི་མཐུས། །དབང་བསྒྱུར་བདེ་གཤེགས་ཀུན་གྱི་བདག་ཉིད་དེ་ཡིན་ནོ། །དེ་སྐད་གསུངས་པས་འཁོར་གྱི་བདེ་གཤེགས་ཐམས་ཅད་ཀུན། །མཆོག་དང་ཐུན་མོང་དངོས་གྲུབ་གཟིགས་མོས་མཉེས་པར་འགྱུར། །སྒྱུ་འཕྲུལ་སྒྲུབ་པ་ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སྒྱུ་འཕྲུལ་དཀྱིལ་འཁོར་སྤྲོས་བཤད་པ། །གང་གིས་གང་དུ་གང་སྤྲོས་ཇི་ལྟར་འགྱུར། །གསང་བའི་དཀྱིལ་འཁོར་སྤྲོས་ཏེ་རྣམ་ལྔ་ཡིན། །གང་གིས་སྟོན་པ་བདེ་གཤེགས་ཐམས་ཅད་ཀྱང་། །རང་བཞིན་གཅིག་དང་དུ་མེད་བདེན་གཉིས་དབྱེར་མེད་པས། །གང་དུ་འཇིག་རྟེན་དྲུག་གོ་བསམ་ཡས་ཐམས་ཅད་ལ། །རྒྱལ་བ་ཉིད་ཀྱི་རྫུ་འཕྲུལ་ཆེ་བའི་དཀྱིལ་འཁོར་འབྱིན་པར་དགོངས། །གང་སྤྲོས་རྟོགས་དང་སྤྱོད་པ་གཉིས་སུ་བཤད། །རྟོག་པ་ཇི་ལྟར་གང་བརྟགས་གང་གིས་བརྟགས་ནས་དོན་འབྱུང་བའོ། །ཇི་ལྟར་ཕྱོགས་བཞིན་དབུས་ལྔར་ཡེ་ཤེས་ལྔར་བརྟགས་ཏེ། །གང་བརྟགས་བསམ་ཡས་འཇིག་རྟེན་ལྷུན་གྱིས་གྲུབ་ཉིད་པར། །གང་གིས་བདེ་གཤེགས་རྫོགས་པ་རྟོགས་པའི་རྣལ་འབྱོར་བདེ་གཤེགས་མཚུངས། །བརྟགས་ནས་དོན་འབྱུང་ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །མཛད་སྤྱོད་རྣམ་པ་བཅུ་ཡི་ལྷུན་གྱིས་གྲུབ། །གཞལ་ཡས་རྒྱན་དང་གདན་ཁྲི་བཞུགས་ཚུལ་དང་། །བཞུགས་གནས་ཐུགས་མཚན་སྐུ་མདོག་ཚུལ་དགུ་དང་། །འོད་ཟེར་འཕྲོ་དང་ཁྱབ་པ་ཆེ་བའོ། །གཞལ་ཡས་འཁོར་ཁྱུད་གྲ་ཁྱམས་གྲུ་བཞི་སྒོ་ཁྱུད་བཞི། །རྒྱན་ནི་རོལ་མོའི་སྤྲིན་ཕུང་ལྷ་མཆོག་བཞི་བཅུ་གཉིས་སོགས་ཡིན། །གདན་མཆོག་ལྔ་བརྩེག་ཉི་ཤུ་རྩ་ལྔ་པོ། །བཞུགས་ཚུལ་སངས་རྒྱས་རྫོགས་སྐྱིལ་བྱང་ཆུབ་སེམས་དཔའི་ཚུལ། །སྤྲུལ་པ་བཞེངས་ཚུལ་སྒོ་སྲུང་སྟངས་སྟབས་ཚུལ། །གནས་ནི་འཁོར་ལོ་རྩིབས་ལ་རྒྱལ་པོ་རྒྱལ་མོ་བཅུ། །གློ་འབུར་བཞི་ལ་རིག་བཞི་ཡུལ་བཞི་ཟུང་བཞི་འཁྲིལ། །གྲ་བཞིར་དབང་པོ་བཞི་དང་དུས་བཞི་ཟུང་འཁྲིལ་ནས། །ཁྱམས་ལ་ཐུབ་དྲུག་བྱ་བྱེད་ནུབ་དང་ཤར། །སྒོ་བཞིར་འཇོམས་པ་འཇོམས་མ་དེ་བཞིན་དུ། །ཐུགས་མཚན་རྒྱལ་པོ་ཕྱག་དྲུག་ཕྱག་རྒྱ་དྲུག །དྲུག་ལྔ་སུམ་ཅུ་ཡེ་ཤེས་རྟགས་སུ་བསྟན། །རྣམ་ཤེས་རྡོ་རྗེ་རལ་གྲི་འཁོར་ལོར་གཡས། །དྲིལ་བུ་རིན་ཆེན་པདྨ་གཡོན་ན་འཛིན། །གཟུགས་ནི་འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །དྲིལ་བུ་པདྨ་རིན་ཆེན་གཡོན་ན་འཛིན། །ཚོར་བ་རིན་ཆེན་འཁོར་ལོར་རྡོ་རྗེ་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན་ན་འཛིན། །འདུ་ཤེས་པདྨ་འཁོར་ལོ་རྡོ་རྗེ་གཡས། །དྲིལ་བུ་འདུ་བྱེད་རལ་གྲི་འཁོར་ལོ་རྡོ་རྗེ་གཡས། །དྲིལ་བུ་རིན་ཆེན་པདྨ་གཡོན་ན་འཛིན། །རྒྱལ་མོ་གཡས་ཀྱི་དང་པོ་དྲིལ་བུ་སྟེ། །གཡོན་པ་རང་རྟགས་བཞི་བཞི་གཙོ་དང་མཐུན། །ཤེས་རབ་ཡུམ་ཡང་དྲུག་ལྔ་སུམ་ཅུ་བཤད། །ཨུཏྤལ་ཀླུ་ཤིང་པོ་ཏི་པདྨ་དཀར། །དྲི་སྤོས་མེ་ཏོག་མར་མེ་དབང་བཞི་དུས་བཞི་ཡིན། །ཤེས་བཞི་མྱུ་གུ་རལ་གྲི་པདྨ་རྡོ་རྗེ་དང་། །མཛེས་ཕྲེང་གཱི་རྟི་གར་ནི་ཡུལ་བཞིའོ། །པི་ཝཾ་གསེག་པར་གོ་ཆ་པོ་ཏི་དང་། །རིན་ཆེན་སྒྲོམ་དང་མེ་ཆུ་ཐུབ་པར་གྲགས། །མཉམ་གཞག་ཏིང་འཛིན་ཕྱག་རྒྱ་ཡིད་ཆོས་འཛིན། །འཇམས་ནི་མགོ་དང་ཐོད་སྦྲུལ་རྡོ་རྗེ་རྒྱ་གྲམ་གནོན། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཇམས་མཚན། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་མཛེས་པའི་ཡོ་བྱད་འཛིན། །མདོག་ནི་གཙོ་གཟུངས་རང་རིག་ཁ་དོག་ལྔ། །གཅིག་ལའང་ལྔ་ལྔ་ཉི་ཤུ་རྩ་ལྔར་བརྟག །ཐུབ་དྲུག་མདོག་ནི་ཅིས་འདུལ་ངེས་པ་མེད། །ཡིད་ཆོས་མཐིང་ག་ནམ་མཁའི་མདོག་ཏུ་བསྟན། །གཞན་རྣམས་རིགས་ཀྱི་བྱེ་བྲག་དག་གིས་དབྱེ། །ཚུལ་ནི་མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཆས་ཅན། །གསལ་ལ་འཚེལ་ལ་ལྷུན་སྡུག་གཟི་བྱིན་ལྡན། །འཇམས་པ་འཇམས་མ་དྲག་པོའི་ཚུལ་དགུ་པོ། །འོད་ཟེར་འཁྱིལ་ཅིང་རྒྱན་ཡང་འཁྱིལ་པ་སྟེ། །འོད་ཟེར་ལྔ་ལ་ཉི་ཤུ་རྩ་ལྔར་འཕྲོས་ཤིང་འཁྱིལ། །སྟོང་རྩ་ལྔ་བཅུ་ཕྱོགས་བཅུར་འཕྲོས་གྱུར་ཀྱང་། །སྟོང་ཕྲག་བཅུ་དང་བརྒྱ་ཕྲག་ལྔ་ཡིན་ནོ། །འབྱུང་བའི་གནས་ཀྱིས་ཐ་དད་བརྩིས་གྱུར་ན། །བཅུ་པོ་གཅིག་ལའང་སྤྱན་དྲུག་སྙན་དྲུག་སྟེ། །དེ་བཞིན་ཤངས་ལྗགས་སྐུ་དང་ཐུགས་མཚན་དྲུག །སུམ་ཅུ་དྲུག་ལ་ཉི་ཤུ་ལྔ་ལྔར་འཕྲོས། །ཕྱིར་ནི་སྟོང་ཕྲག་དགུ་ནི་བཤད་པ་ཡིན། །སུམ་ཅུ་གཉིས་པོ་གཅིག་ལའང་བཅུ་དང་གཉིས། །དེ་བཞིན་སྤྲོས་ན་སྟོང་དགུ་བརྒྱ་ཕྲག་དྲུག །སྟོང་ཕྲག་བཅོ་བརྒྱད་བརྒྱ་ཕྲག་དྲུག་ཅེས་བྱ། །དེ་ལས་ཕྱོགས་བཅུར་སྤྲོས་ན་ཁྲི་ཕྲག་ནི། །བཅོ་བརྒྱད་སྟོང་ཕྲག་དྲུག་ཏུ་བཤད་པ་ཡིན། །དེ་ལྟར་ཕྱོགས་བཅུར་འགྲོ་དྲུག་དོན་བྱེད་ཚེ། །བྱེ་བ་ཕྲག་ཁྲིག་དྲུག་ཅུ་འཕྲོས་ཤིང་འཁྱིལ། །ཡན་ལག་ཉིང་ལག་ཚུལ་དགུའི་རྒྱན་རྣམས་ལས། །ལེགས་པར་བརྩིས་ན་རྩིས་ལས་འདས་པ་ཡིན། །དཀྱིལ་འཁོར་བསམ་ཡས་ཞེས་ཀྱང་དེ་ལ་བྱ། །རྒྱན་ནི་དབུ་རྒྱན་སྙན་ཆ་མགུར་ཆུ་དཔུང་རྒྱན་དང་། །ཕྱག་གདུབ་ཞབས་གདུབ་སྐུ་རེག་སེ་མོ་དོ། །རིན་ཆེན་རྒྱུ་ལས་གྲུབ་སྟེ་དབྱིངས་དང་ཡེ་ཤེས་རྒྱན། །བཅུ་པོ་དག་ལའང་དབུ་རྒྱན་རིགས་ལྔ་སྟེ། །སུམ་ཅུ་གཉིས་ལ་བདག་པོ་རེ་རེ་ཡིན། །བཅུ་པོ་ལ་ནི་སྙན་ཆ་དྲུག་དྲུག་སྟེ། །གཞན་ཡང་གཉིས་གཉིས་མགུར་ཆུ་གསུམ་དང་གཅིག །དཔུང་རྒྱན་ཕྱག་གདུབ་དྲུག་དང་གཉིས་དེ་བཞིན། །ཀུན་ལ་ཞབས་གདུབ་གཉིས་གཉིས་བརྒྱན་པར་བཤད། །སྐུ་རེགས་སེ་མོ་དོ་ནི་རེ་རེའོ། །བཅུ་པོ་རེ་རེ་ལ་ཡང་སུམ་ཅུ་སྟེ། །གཞན་དག་ལ་ནི་བཅུ་དང་གཉིས་ཀྱིས་བརྒྱན། །སྤྱིར་ནི་བརྒྱ་བརྒྱ་དང་ནི་བརྒྱད་ཅུ་བཞི། །དེས་ན་རྒྱན་གྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཁྱབ་པའི་ཆེ་བ་ནམ་མཁའ་གར་ཁྱབ་པའི། །བསམ་ཡས་དཀྱིལ་འཁོར་གྱིས་ནི་ཁྱབ་པར་གྲགས། །དྲུག་ཅུ་རྩ་གཉིས་སྤྱན་གྱིས་དྲུག་ཅུ་རྩ་གཉིས་མཐའ་ལ་གཟིགས། །དེ་བཞིན་སྙན་རྣམས་ཀྱིས་ནི་དྲུག་ཅུ་རྩ་གཉིས་མཐའ་གསན་ཅིང་། །ཤངས་ནས་དྲུག་ཅུ་རྩ་གཉིས་སྤྲུལ་པ་འགྱེད། །ལྗགས་ཀྱིས་དྲུག་ཅུ་རྩ་གཉིས་གདུལ་ཐབས་འཆད། །སྐུ་ནི་དྲུག་ཅུ་རྩ་གཉིས་འདུལ་བ་མཛད། །ཐུགས་ནི་དྲུག་ཅུ་རྩ་གཉིས་ཕྱིན་ཅི་མ་ལོག་མཁྱེན། །སུམ་བརྒྱ་བདུན་ཅུ་རྩ་གཉིས་གོམས་པ་བསམ་མི་ཁྱབ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ཅེས་ཀྱང་དེ་བྱའོ། །ཇི་ལྟར་འགྱུར་ན་འདི་ལྟར་སྤྲོས་པའི་ཚེ། །འཇིག་རྟེན་མཐའ་ཡས་མུ་མེད་ཐམས་ཅད་ཀུན། །རྡུལ་སྙེད་བརྗོད་ཀྱིས་མི་ལང་དཀྱིལ་འཁོར་རྫོགས། །ཁམས་གསུམ་སེམས་ཅན་གཅིག་གི་རྒྱུད་ལ་ཡང་། །དེ་སྙེད་དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཏིང་འཛིན་གསང་བའི་དཀྱིལ་འཁོར་སྤྲོས་པ་ཡང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཉིད་ལས་འབྱུང་། །དཀྱིལ་འཁོར་ཤེས་པར་བྱ་བ་བྱེད་པ་མི་དམིགས་ཏེ། །ཡི་གེ་ཅི་དང་བསམ་འདས་བརྗོད་མེད་དཀྱིལ་འཁོར་དེ་ཉིད་རང་རིག་ཡིན། །དེ་ཉིད་མཉམ་དང་མི་མཉམ་ཆོས་ལ་ཁྱབ་ཙམ་ཉིད་ན་ཁྱབ་པ་མེད། །ཁྱབ་མེད་དེ་ཉིད་ཁྱབ་པའི་དགོངས་ཏེ་རང་རིག་ཀུན་ལ་གསལ། །དཀྱིལ་འཁོར་བསམ་ཡས་རྣམ་པར་སྤྲོས་ཀྱང་སྤྲོས་པ་རྡུལ་ཙམ་ཉིད། །དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་དྲུག་པའོ།། །།སྙིང་པོ་འབྱུང་དང་བྱིན་བསྡུ་རྣམ་པ་གཉིས། །སྙིང་པོ་འབྱུང་བ་རྣམ་པ་དྲུག་ཡིན་ཏེ། །གཞལ་ཡས་བསྐྱེད་དང་སྐུ་བསྐྱེད་སྤྱན་དྲངས་དང་། །དངོས་གྲུབ་བླང་དང་གསང་དབང་བསྐུར། །སྐུ་གསུང་ཐུགས་ཉིད་རྡོ་རྗེའི་དཀྱིལ་འཁོར་ལས། །གཞལ་ཡས་ས་བོན་ཡི་གེ་བྷྲཱུྂ་ཡིན་ཏེ། །གཙུག་ཏོར་འཁོར་ལོ་སྨོན་ལམ་རང་གི་སྔགས། །སྔགས་ཀྱི་ཚོགས་ཀྱིས་གཞལ་ཡས་རྫོགས་པར་བསྒོམ། །དཔེར་ན་ས་བོན་འབྱུང་བས་བསྐྱེད་ལས་འབྲས་བུ་སྨིན་ཚུལ་དུ། །ས་བོན་ཡིག་འབྲུ་ལས་ནི་འབྲས་བུ་སྔགས་ཀྱིས་རྫོགས། །ས་བོན་བཞི་བཅུ་རྩ་གཉིས་རྒྱུ་ཡིན་ཏེ། །སྔགས་ཚིག་སྐུ་བསྐྱེད་རྐྱེན་གྱི་སྔགས་ཞེས་བྱ། །ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ། །ས་མ་ལ་སྟྭཾ། ཛཿཧཱུྃ་བྂ་ཧོ་ཞེས་སྤྱན་ཡང་དྲངས། །ༀ་བཛྲ་ས་མ་ཡ་ༀ་ཞེས་པ་ལ་སོགས་པས་བསྐུལ་ཡིན། །དངོས་གྲུབ་ཚེ་ན་ཚིག་བཤད་སྒྲ་བཅས་བརྗོད། །རྒྱལ་བའི་སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དག་དང་ལྔ་པོ་རེ་རེ་ཡང་། །རྣམ་པ་ལྔ་ལྔ་མཁས་པས་བཤད་པའོ། །དེ་རྟོགས་པ་དང་བདག་ཉིད་མཉམ་པར་སྦྱོར་བ་ཡིན། །སྐུ་ལྔ་རྨད་དུ་བྱུང་བར་བསྟན་པ་ནི། །ཆོས་སྐུ་ལོངས་སྤྱོད་རྫོགས་དང་སྤྲུལ་སྐུ་དང་། །མངོན་པར་བྱང་ཆུབ་རྡོ་རྗེའི་སྐུ་དང་ལྔ ། །རྟག་ཏུ་མཁའ་འདོད་བདེ་སྤྱོད་ཟས་སྦྱིན་འདོད། །མངོན་པར་བྱང་ཆུབ་ལྔ་སོགས་འདུས་མ་བྱས། །གསུང་ལྔ་རྨད་དུ་བྱུང་བར་བསྟན་པ་ནི། །ཡི་གེ་མེད་རིགས་ལོངས་སྤྱོད་རྫོགས་གསུང་དང་། །ཚངས་དབྱངས་ཡན་ལག་གསུང་དང་རྡོ་རྗེའི་གསུང་། །བརྗོད་བྲལ་རྟོག་མེད་མེ་ལོང་གཟུགས་ལྟ་ཞིང་། །ཡན་ལག་དྲུག་ཅུ་བརྗོད་སྒྲ་འདུས་མ་བྱས། །ཐུགས་ལྔ་རྨད་དུ་བྱུང་ཞེས་བརྗོད་པ་ནི། །མི་རྟོག་ཅི་ཡང་གསལ་བ་བདེ་བ་ཆེ། །འགྲོ་བ་སྒྲོལ་དང་རྡོ་རྗེའི་ཐུགས་དང་ལྔ། །མེ་ལོང་མི་རྟོག་ཀུན་མཁྱེན་མཉམ་པ་ཉིད། །ནན་ཏན་ལས་ཏེ་མ་སྐྱེས་ཆོས་ཀྱི་དབྱིངས། །ཡོན་ཏན་རྨད་དུ་བྱུང་བ་ལྔར་བསྟན་པ། །ཞིང་ཁམས་གཞལ་ཡས་འོད་ཟེར་གདན་ཁྲི་དང་། །ཆེ་བའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ། །ཐུགས་རྗེ་སྤྲུལ་ཅིང་བྱམས་པའི་ཁྱིམ་དུ་སྡུད། །བཏང་སྙོམས་ཟེར་འཕྲོས་སྒྲིབ་བསལ་ཡོན་ཏན་རྟགས། །ཁར་ཞུགས་དག་པ་ལྷ་སྤྱོད་རེ་འདོད་སྐོང་། །ཕྲིན་ལས་རྨད་དུ་བྱུང་བ་ལྔར་བསྟན་པ། །ཞི་རྒྱས་དབང་དང་མངོན་སྤྱོད་ལྷུན་གྲུབ་པ། །མ་སྐྱེས་ཀུན་ཏུ་བཟང་པོ་རང་བཞིན་མངོན་དུ་གྱུར། །རྒྱུ་རྐྱེན་འབད་རྩོལ་མེད་པ་ཡེ་ནས་ཡིན། །སྡུག་བཀྲེན་ལོག་ལྟ་ཁེངས་སེམས་ཐམས་ཅད་འཇམས། །དེ་དག་གཅིག་ལའང་ད་ལྟར་བརྩབ་གྱུར་ན། །ཐུག་པ་མེད་པར་མི་ཟད་རྒྱན་དུ་སྣང་། །རྨད་བྱུང་ཆེན་པོ་ཞེས་ཀྱང་དེ་ལ་བྱའོ། །གྲགས་པས་བསམ་ཡས་གསུང་གི་དཀྱིལ་འཁོར་གྱིས། །བསམ་ཡས་དཀྱིལ་འཁོར་དག་ཏུ་རབ་ཏུ་གྲགས། །གསང་བའི་དབང་ནི་རྣམ་པ་བཞི་ཡིན་ཏེ། །གང་གིས་གང་ཞིག་གང་ལ་ཇི་ལྟར་བསྐུར། །གང་གིས་རྒྱལ་པོ་རྒྱལ་མོ་གཙོ་གཟུངས་ཀྱིས། །གསང་བ་དེ་ཉིད་ཐུགས་ལ་བསྡུ་བའི་ཕྱིར། །གང་ཞིག་གིས་ནི་ལྷག་པའི་སྦྱོར་བསམ་གྱིས། །ལྷ་མོ་བརྒྱད་ཀྱིས་སྦྱོར་བ་བརྡ་སྤྲོས་ཏེ། །ས་མ་ཡ་སྟེ་ཡུལ་གྱིས་བསྐུལ་བ་ཡིན། །བདག་ནི་དམ་ཚིག་བརྟན་མ་ཞེས་ནི་དེ་ལ་བྱ། །ས་མ་ཡ་ཧོ་གཙོ་བོས་ལན་བྱིན་ཏེ། །ཁྱེད་ནི་དམ་ཚིག་དགའ་མ་ཞེས་སུ་བྱ། །ར་ཧོ་ཧཾ་ནི་གཙོ་ལ་བསྐུལ་བ་སྟེ། །བདག་ནི་ཆགས་པ་ཅན་པས་ཆགས་མཛད་ཅེའོ། །རཱ་ག་ཡ་ནི་བསྐུར་བའི་ལན་ཡིན་ཏེ། །ཁྱེད་ནི་ཆགས་པ་ཆགས་པའི་གནས་ཞེས་བྱའོ། །སྨོན་དང་འཇུག་དང་ལྡན་དང་གནས་པའི་བྱང་ཆུབ་རྣམ་པ་བཞིར་ཡང་མཁས་པས་བཤད། །ཛཿནི་ལྕགས་ཀྱུས་གཟུངས་ཉིད་འདྲེན་པ་ཡིན། །ཧཱུྃ་ནི་ཞགས་པའི་ཕྱག་རྒྱས་ཁྱུད་པ་མཛད། །བྂ་ནི་སྒྲོག་སྟེ་དབང་པོ་བསྡོམ་པ་ཡིན། །ཧོཿནི་དྲིལ་བུས་མཉེས་པར་བྱས་པའི་བརྡའ། །ཕྱག་རྒྱ་བཞི་ཞེས་ཀྱང་ནི་མཁས་པས་བཤད། །གང་ལ་ཡིད་ཆོས་གཙོ་གཟུངས་དེ་ཉིད་ལ། །ཇི་ལྟར་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དེ། །གསང་བ་བསྡུ་ཕྱིར་གཉིས་མེད་དབྱིངས་སུ་བསྟིམ། །གསང་བ་སྡུད་པ་ཡིན་ཞེས་དེ་ཕྱིར་བརྗོད། །ཡེ་ཤེས་བྱིན་བསྡུ་ཞེས་བྱ་བ། །གང་ལས་གང་བྱུང་ཇི་ལྟར་གྱུར་པ་དང་། །གསང་གི་རང་བཞིན་བསྟན་ཏེ་རྣམ་པ་བཞི། །གང་ལས་སྐུ་གསུང་ཐུགས་ཀྱི་སྒྱུ་འཕྲུལ་ལས། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས་ཉིད་དང་། །ཚོགས་དང་མཆོད་པ་བྱིན་རློབ་སྙིང་པོ་འགྱུར། །ཇི་ལྟར་ཡེ་ཤེས་ཀྱིས་ནི་ཐིམ་པར་འགྱུར། །སྐུ་གསུང་ཐུགས་སུ་དབང་བསྐུར་གསལ་བར་འགྱུར། །ཚོགས་དང་མཆོད་པ་ཤིན་ཏུ་གསལ་བར་འགྱུར། །རང་བཞིན་ངོ་མཚར་སངས་རྒྱས་ཀུན་གྱི་གསང་། །སྒྲ་དང་མིང་ཚོགས་ཀུན་ལས་འདས་ཀྱིས་ཀྱང་། །ཚིག་གིས་སྣ་ཚོགས་སྒྲ་རྣམས་གོ་བར་བསྒྲགས། །དེ་ཕྱིར་ལྗགས་ཉིད་དྲུག་ཅུ་རྩ་གཉིས་ཡིན། །དེ་དག་གཅིག་ལའང་འགྲོ་དྲུག་སོ་སོའི་སྐད། །དྲུག་པོ་དེ་ཉིད་ཕྱོགས་བཅུར་བསྒྲགས་སྣང་བས། །གསུང་དབྱངས་ཡན་ལག་དྲུག་ཅུ་དེ་ལ་བྱ། །འགྲོ་དྲུག་གཅིག་ལའང་སྒྲ་སྐད་ཐ་དད་པས། །བསམ་གྱིས་མི་ཁྱབ་སྒྲ་སྐད་ཐ་དད་གྲགས། །དེ་ཕྱིར་གསུང་གི་དཀྱིལ་འཁོར་མཐའ་ཡས་མཆོག་ཅེས་གསུངས། །སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །།ཕྱག་རྒྱའི་དཀྱིལ་འཁོར་བཤད་བྱ་བ། །གང་གིས་ཇི་ལྟར་གང་གསུངས་པ། །གང་གིས་རྒྱལ་བ་ཉིད་ཀྱིས་གསུངས། །ཇི་ལྟར་ཡན་ལག་དཀྱིལ་འཁོར་དེ། །དབུ་ནི་བདེ་གཤེགས་རིགས་ཡིན་ཏེ། །ལག་གཡས་རྡོ་རྗེ་མི་བསྐྱོད་པ། །ལག་གཡོན་རིན་ཆེན་སེམས་པའི་རིགས། །རྐང་གཡོན་ཆོས་ཀྱི་སེམས་དཔའ་སྟེ། རྐང་གཡས་ལས་ཀྱི་སེམས་དཔའ་འོ། །དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ། །དེ་ནི་ལྷུན་གྲུབ་ཕྱག་རྒྱ་ཡིན། །ལག་སོར་གཡས་གཡོན་ཡབ་ཡུམ་བཅུ། །ཉི་ཟླའི་འོད་བཀོད་འབྲུ་བྱིན་རླབས། །གུང་གཉིས་ལ་ནི་ཧཱུྃ་དང་མཱུྂ། །མཛུབ་མོ་གཉིས་ལ་ༀ་དང་ལཱྂ། །དབང་མོ་གཉིས་ལ་སྭཱ་དང་མཱྂ། །ཆུང་ངུ་ལ་ནི་ཨཱྂ་དང་པྱྂ། །སྦོམ་པོ་གཉིས་ལ་ཧཱ་དང་ཏཱྂ། །དེ་ལྟར་བྱིན་གྱིས་བརླབ་བྱ་སྟེ། །ཕྱག་རྒྱ་བཅིངས་པར་གསུངས་པ་ཡང་། །ངེས་པའི་ཚིག་དང་འབྱུང་བའི་རྒྱུ། །སྤྱི་དང་སོ་སོ་རྣམ་བཞིའོ། །ངེས་ཚིག་སྒྱུ་འཕྲུལ་ཕྱག་རྒྱ་ཀུན་རྫོགས་དང་། །དོན་དམ་ཆོས་སྐུ་བྱང་ཆུབ་མཆོག་གི་རྒྱ། །གསང་འདིས་ཕྱག་རྒྱ་མ་ལུས་རྒྱས་བཏབ་པས། །ཐམས་ཅད་ཕྱག་རྒྱ་ཉིད་ལས་ག་ལ་འདའ། །ལག་ཉིད་གཡས་གཡོན་ཉི་ཟླ་སྦྱོར་སྤྲོ་བསྡུ། །སྤྱི་ནི་ཕྱག་རྒྱ་མ་ངེས་སྤྲོས་པ་སྟེ། །ༀ་དང་མཱུྂ་སྦྱར་ཧཱུྃ་དང་ལཱྂ་དུ་སྦྱར། །ཨཱྂ་དང་ཏཱྂ་སྦྱར་ཧཱ་དང་པྱྂ་སྦྱར་བ། །སྭཱ་དང་མཱྂ་སྦྱར་ཡབ་ཀྱི་སྤྱི་རྒྱ་སྟེ། །དབང་མཆོག་སྦྱིན་པ་དུས་སུ་བསྔགས་པ་ཡིན། །ཡང་ན་དེ་ཉིད་ཐལ་མོ་སྦྱར་བ་ལས། །སྭཱ་དང་པྱཱཾ་སྦྱར་ཨཱྂ་དང་མཱུྂ་དུ་སྦྱར། །ཧཱ་དང་ཏཱྂ་དུ་སྦྱར་ཏེ་གཉིས་ཇི་བཞིན། །ཡུམ་གྱི་སྤྱི་རྒྱ་ཡིན་ཏེ་ལས་མཆོག་དུས་སུ་སྦྱར། །སོ་སོའི་ཕྱག་རྒྱ་བཅུ་པོ་རེ་རེ་ལ། །རིགས་ནི་ལྔ་ལྔ་དག་དང་ལྡན་པར་བཤད། །ཐུགས་ཀར་བཀན་པ་བདེ་གཤེགས་རིགས་ཡིན་ཏེ། །རང་རིགས་སོར་མོ་ཡིག་འབྲུ་རྡོ་རྗེའི་རིགས། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་རིན་ཆེན་རིགས། །འཁྲིལ་ཚུལ་ཆོས་ལ་བརྟེན་པ་པདྨའི་རིགས། །དེ་ཉིད་བྱེད་པ་ལས་ཀྱི་རིགས། །ཡུམ་ཡང་ཐུགས་བརྟེན་བདེ་བར་གཤེགས་པའི་རིགས། །དྲིལ་གསིལ་རྡོ་རྗེ་ལས་འཁྲིལ་ལས་སུ་བཤད། །འཛུམ་པའི་མདངས་ལྡན་རིན་ཆེན་རིགས་ཞེས་བྱ། །ཡུམ་གྱི་རྒྱ་བཅས་གསུང་སྟེ་པདྨའི་རིགས། །དེ་ལྟར་བཅིངས་པས་ལྔ་བཅུའི་ཕྱག་རྒྱ་རྫོགས། །སེམས་དཔའ་ལ་སོགས་འཆིངས་དང་དམ་ཚིག་རྒྱ། །ཀུན་བཟང་ཡབ་ཡུམ་རྡོར་འཛིན་ཕྱག་རྒྱ་བྱ། །མངོན་སུམ་ཀུན་བཟང་ཡབ་ཀྱི་སྤྱི་རྒྱར་བཤད། །ཡུམ་ནི་ཐལ་མོ་ཡུམ་གྱི་སྤྱི་རྒྱ་ཡིན། །རིགས་ཀྱི་བྱེ་བྲག་ཀུན་ལ་ཤེས་བྱ་སྟེ། །དེ་ལྟར་བརྩིས་ན་ཉིས་བརྒྱ་བཅུ་ཡིན་ནོ། །དེ་ལྟར་སྤྲོས་པས་ཕྱག་རྒྱ་བསམ་མི་ཁྱབ། །ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བརྙན་མའི་དཀྱིལ་འཁོར་བཤད་བྱ་བ། །གང་གིས་ཇི་ལྟར་གང་བཤད་རྣམ་པ་གསུམ། །གང་གིས་བདེ་གཤེགས་ཡབ་ཡུམ་དགྱེས་ཆེན་པོས། །ཇི་ལྟར་ཕྱི་རབས་རྣལ་འབྱོར་སྙོམས་འཇུག་ཕྱིར། །གསང་བ་དམ་ཚིག་བཀོད་ལ་སྙོམས་ཞུགས་ནས། །འགྲོ་བའི་ཆེད་དུ་འདི་དག་བཤད་པ་མཛད། །གདུལ་དཔལ་ཆེ་ཆུང་རིམ་པའི་བྱེ་བྲག་ནི། །སོར་བཞི་པ་དང་སོར་བརྒྱད་ཁྲུ་གང་དང་། །ཁྲུ་བཞི་པ་དང་ཁྲུ་ནི་བཅུ་གཉིས་དང་། །བཅུ་དྲུག་ཉི་ཤུ་ཉི་ཤུ་རྩ་ལྔར་བྱས། །རྒྱང་གྲགས་དཔག་ཚད་མཐའ་མཉམ་པར། །ཆེ་ཆུང་རིམ་པ་བཅུ་གཅིག་རྣམ་གྲངས་ཡིན། །སོར་བཞིའི་དཀྱིལ་འཁོར་འབྲི་དང་མཆོད་པ་དང་། །འཇུག་དང་སློབ་མ་དབང་བསྐུར་རྣམ་བཞི་ཡིན། །དགོངས་དང་གང་དུ་གང་བྲི་ཇི་ཙམ་ཚད། །གོ་མ་ཡེ་དང་ཐིག་གདབ་དབྱིབས་དང་ནི། །གདན་དང་དགོད་ཐབས་རྒྱན་དགོད་དང་ནི་བཅུའོ། །དགོངས་པ་ཤིན་ཏུ་ཕྲ་ལ་རབ་སྦྱངས་ནས། །ཏིང་འཛིན་ལས་སུ་རང་ཞེས་མཁས་པས་བཤད། །རྟེན་བཅས་དངོས་གྲུབ་མི་འདའ་ཐོབ་པར་བཤད། །གང་དུ་བདག་ཉིད་རྣམ་འབྱོར་རབ་ལྡན་པ། །ཕྱག་མཐིལ་ཉིད་དང་ཤིང་ལེབ་ལྟ་བུ་རང་། །སར་འབྲི་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་ཉིད། །དཀྱིལ་འཁོར་ཀྱི་རྩ་གཞི་ཡིན་པས་ཐུགས། །ཚད་ནི་མ་ངེས་འདིར་ནི་སོར་བཞི་པའོ། །སྐུ་ལྔ་ལས་ལྔ་ཡོན་ཏན་ལྔ་ཐུགས་ལྔ། །གསང་ལྔའི་རིགས་ནི་རྣམ་ལྔར་བྱིན་བརླབས་ལས། །འབྲུ་སྤོས་རིན་ཆེན་སྙིང་པོ་སྨན་བདུད་རྩི། །སུམ་ཅུ་ཆ་བསྙམས་གོ་མ་ཡེ་ཆེད་དུ། །རིག་པས་བཅད་བྲིའམ་སེམས་ཀྱིས་དགོད། །གཟུགས་བརྙན་ཉིད་ཀྱི་དཀྱིལ་འཁོར་ཞེས་ཀྱང་བྱ། །དབྱིབས་ནི་རང་བཞིན་ཏིང་འཛིན་ཅི་འདྲ་དེ་ཉིད་ཡིན། །གདན་ལྔ་ཕྲ་མོ་ཙམ་དུ་རིམ་པས་དགོད། །ཡིག་འབྲུ་ཕྱག་རྒྱ་དགོད་པ་དེ་བཞིན་ནོ། །རྒྱན་ནི་ཁ་དོག་བཅོས་པའི་སྣ་ཚོགས་རས། །བླ་རྒྱན་འོག་རྒྱན་བར་རྒྱན་མཛེས་པ་དང་། །རིན་ཆེན་སྣ་ཚོགས་མཛེས་པའི་ཕྲེང་བས་བསྐོར། །གཟུགས་སྒྲ་དྲི་རོ་བཟའ་བཏུང་དེ་བཞིན་བསྐོར། །མཆོད་པ་ཕྱི་དང་ནང་དང་སྦྱིན་སྲེག་དང་། །ཏིང་ངེ་འཛིན་དང་ཀུན་བཟང་མཆོད་པའི་སྤྲིན། །གསང་བའི་དཀྱིལ་འཁོར་སྤྱན་དྲངས་མཆོད་པ་དང་། །ཁྱད་པར་ཆེན་པོའི་མཆོད་པ་དང་། །ཡོན་ཏན་དང་ནི་མི་དམིགས་བསྒོམ། །རྣམ་པ་དགུ་པོར་ཤེས་པར་བྱའོ། །ཕྱི་ཚུལ་གླུ་ཚིག་བྲོ་གར་རོལ་མོ་ཡི། །ཚོགས་མཆོག་སྤྲིན་ཕུང་དག་གིས་མཆོད་པར་བྱ། །ནང་ཚུལ་ལྷ་མོ་རྣམ་པ་བཅུ་གསུམ་རྣམས། །ཇི་ལྟར་འཚམས་པའི་ལས་བཞིན་བྱིན་བརླབས་མཆོད། །སྦྱིན་སྲེག་རིམ་པར་མཆོད་སྦྱིན་རྣམས་ཀྱི་མཆོག །ཟླུམ་པོ་གྲུ་བཞི་ཟླ་གམ་གྲུ་གསུམ་དབྱིབས། །དཀར་སེར་དམར་ནག་བསྒྱུར་བའི་དཀྱིལ་འཁོར་དུ། །རྡོ་རྗེ་རིན་ཆེན་མདའ་གཞུ་ཐོད་པས་མཚན། །ལྷ་ཚོགས་ཀུན་གྱི་ཞལ་ནི་མེ་རྣམས་འབོད། །བཟའ་བཏུང་ལས་བཞིའི་མཆོད་སྦྱིན་མཆོག་ཡིན་ནོ། །ཞི་དང་རྒྱས་པ་ཞི་བའི་ཚོགས་ལ་སྟེ། །དབང་དྲག་གཉིས་ལ་ཁྲོས་པའི་དཀྱིལ་འཁོར་བྱ། །དེ་ཡང་སོར་བཞི་པ་ལས་བརྩམས་ནས་སུ། །ནམ་མཁའ་མཐའ་མཉམ་བར་དུ་དེ་བཞིན་བྱ། །ཏིང་འཛིན་ཆོ་འཕྲུལ་མཆོད་པ་བྱ་བ་དང་། །རང་རིག་མཆོད་སྤྲིན་ལ་སོགས་སྣང་བས་ན། །ཞིང་ཁམས་ལོངས་སྤྱོད་སྣ་ཚོགས་ལྡན་པ་རུ། །རིན་ཆེན་གཞལ་ཡས་རྒྱན་མཆོག་མཛེས་སྤྲས་པ། །དེར་ནི་ལྷ་དང་ལྷ་མོ་མཛེས་ལྡན་རྡུལ་སྙེད་དག །བྲོ་གར་གླུ་ཚིག་ཚོགས་རོལ་འཇིག་རྟེན་ཁམས་བཀང་འབུལ། །ཀུན་བཟང་མཆོད་པས་སྐལ་ལྡན་རྟོགས་ཁྱད་པར། །བློ་ཡི་ཁྱད་པར་དུས་གཅིག་གོ་རིམ་གྱིས། །ཆོས་དབྱིངས་མཉམ་སྦྱོར་མཆོད་སྤྲིན་ཕྱག་རྒྱ་བསྒོམ། །གསང་བའི་དཀྱིལ་འཁོར་རྣལ་འབྱོར་མའམ་བྱིན་གྱིས་བརླབས། །གནས་ལྔ་རིགས་ཡུམ་ལྔ་དང་ཡན་ལག་ཁྲོ་མོ་བཞི། །ཡབ་ཡུམ་གཉིས་མེད་ལྷག་པའི་སྦྱོར་སེམས་ལས། །གཞལ་ཡས་དཀྱིལ་འཁོར་རྫོགས་པའི་དཔེར་བརྗོད་པ། །ཉུངས་འབྲུ་ནང་དུ་སྟོང་གསུམ་ཤོང་ཚུལ་དུ། །ཡུམ་གྱི་མཁའ་དབྱིངས་གཉིས་ལས་བརྙན་མར་གསལ་བཏོན་ཏེ། །གཉིས་མེད་ལྷག་པའི་སེམས་ཀྱིས་མཆོད་པར་བྱ། །མཉེས་ནས་གྲུབ་སྟེ་དམ་ཚིག་མཆོག་ཏུ་གསུངས། །ཁྱད་པར་བདག་ཉིད་མཆོད་པས་རྒྱལ་བ་མཉེས། །འགྲོ་རྣམས་དགའ་བས་སྦྱིན་པས་ཁྱད་པར་འགྱུར། །དེ་བས་ཐམས་ཅད་མཉམ་པས་དབྱིངས་གཅིག་གོ། །ཡོན་ཏན་སྒྱུ་འཕྲུལ་དཀྱིལ་འཁོར་བརྟན་བྱས་ན། །ཕྱོགས་བཅུ་རྒྱལ་བའི་དཀྱིལ་འཁོར་དང་། །འགྲོ་རྣམས་བསོད་ནམས་མངོན་ཐོབ་འགྱུར། །བདག་གི་ལུས་ངག་སེམས་དང་ཕྱི་ནང་ཆོས་རྣམས་ཀུན། །དོན་དམ་མི་དམིགས་ཀུན་རྫོབ་མིག་ཡོར་ཚུལ་སྣང་བ། །དམིགས་མེད་ནམ་མཁའ་ལ་ནི་སྒྱུ་འཕྲུལ་ནམ་མཁའ་བསྒོམ། །འཇུག་པའི་དང་པོ་བདག་ཉིད་དེ་ནས་སློབ་མ་འཇུག །ལས་རྣམས་ཀུན་བྱས་བདག་པོ་རིག་པས་འཇུག །དེ་ནས་སློབ་མའི་སྤྱི་བོར་དཀྱིལ་འཁོར་བཞག་པ་སློབ་མ་འཇུག་པ་ཡིན། །དེ་ནས་དབང་བསྐུར་ཕྱིར་ནི་ཡོན་མཆོག་དབུལ་བར་བྱ། །བདེ་གཤེགས་རིགས་ཀྱི་རྒྱལ་སྲིད་ཡོད་ཡིན་ཏེ། །རང་ལུས་རྡོ་རྗེའི་རིགས་ཏེ་བུ་དང་ཆུང་མ་པདྨའི་རིགས། །ནོར་ནི་རིན་ཆེན་གཅེས་དང་ཡིད་འཐད་ལས་རིགས་ཡིན། །འདོད་ཡོན་ལྔ་ནི་ལྷ་མོའི་རང་བཞིན་བླ་མ་མཆོད་བྱས་ན། །ཕྱོགས་བཅུའི་དཀྱིལ་འཁོར་མཉེས་ཏེ་བླ་མ་དེ་ཉིད་དཀྱིལ་འཁོར་ནི། །ཉེ་བའི་རྡོ་རྗེ་སློབ་དཔོན་མཉེས་པ་སྨོས་ཅི་དགོས། །སློབ་དཔོན་མཉེས་ན་འདི་དང་གཞན་མའི་ཉེས་པ་དག་པར་འགྱུར། །སློབ་མ་དད་དང་བརྩོན་འགྲུས་བརྟུལ་ཞུགས་རྟོགས་པ་མཆོག་ལྡན་ན། །ཕན་དང་ནུས་པ་ཕྱི་ནང་གསང་བའི་དབང་རྣམས་ཀྱང་། །སྣོད་ཀྱི་རིམ་པར་སྦྱར་ཏེ་ཆུད་མ་ཟོས་པར་སྦྱིན། །ཐལ་མོ་རབ་བསྣོལ་སོར་བརྒྱད་དཀྱིལ་འཁོར་ཡང་ནི་དེ་ལྟར་བྱ། །ཁྲུ་གང་བཞི་དང་བཅུ་གཉིས་ས་གཞིར་རབ་བསྙམས་ཏེ། །ས་གཞི་གཟུགས་ཕུར་དང་ནི་ཐིག་སྐུད་ཚོན་ཕྱེ་དང་། །ཆས་གོས་ལྔ་དང་ཚད་ལྡན་སྔགས་གཡོན་ལྡན་པར་བྱ། །ཐིག་གདབ་ཆོ་ག་ལ་སོགས་མཁས་པས་བསྒྲིམས་ཏེ་བྱ། །ཁྲུས་ནི་བཅུ་དྲུག་ཉི་ཤུ་རྩ་ལྔའམ་དེ་བཞིན་བྱ། །དཀྱིལ་འཁོར་དེ་ཉིད་ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །རྒྱལ་བའི་གཟུགས་དང་ཡི་གེ་ཕྱག་མཚན་ལྡན་པའི་གཟུགས་ཀྱང་དགོད། །འཁོར་རྣམས་ཕྱག་མཚན་ཕལ་པ་ལ་ནི་ཡི་གེ་དགོད། །རྒྱང་གྲགས་དཔག་ཚད་མཁའ་དབྱིངས་བསམ་ཡས་ནི། །རིག་པས་དཔགས་ཏེ་འདི་ཡང་གཟུགས་བརྙན་ཡིན་ཞེས་བྱ། །རྡུལ་མཚོན་བྲི་བའི་དགོས་པ་དང་ནི་ཚོན་དགྱེ་དང་། །ཆེན་པོ་གསུམ་གྱིས་དགོངས་དང་བྱིན་གྱིས་བརླབས་པ་དང་། །སྤྱན་དྲང་བསྙེན་པར་བྱ་དང་དངོས་གྲུབ་མཚན་ཉིད་དང་། །སྒྲུབ་པའི་ཡན་ལག་ཡོ་བྱད་དུས་དང་འབྲས་བུ་དང་། །ཡི་དམ་གཟུགས་དང་མེ་ཏོག་དོར་དང་གེགས་བསྟན་པ། །རྣམ་པ་བཅུ་གསུམ་གྱིས་ནི་འགྲུབ་པར་གསུངས། །ཚོན་གྱི་དགོངས་པ་རང་བཞིན་ཏིང་འཛིན་ཉིད། །གསང་བ་མ་མཐོང་རྨོངས་ལ་བསྟན་པ་ཡིན། །ཚོན་སྣ་ལྔའམ་ཉི་ཤུ་རྩ་ལྔ་ཉིད། །དཀར་དམར་སེར་ལྗང་མཐིང་ག་རིམ་བཞིན་དགྱེ། །དེ་ཉིད་འབྲུ་ལྔ་ཡེ་ཤེས་ལྔར་བྱིན་བརླབས། །རྒྱང་གྲགས་དཔག་ཚད་ནམ་མཁའི་མཐའ་མཉམ་པ། །ཏིང་འཛིན་རྒྱ་ཆེར་བློ་སྦྱངས་རོལ་མོ་མཐའ་ཡས་མཆོག་གི་ཕྱིར། །བྱིན་རླབས་ཐ་ཚིག་ཡི་གེའམ་ཉི་ཟླའི་གདན། །ཧཱ་སོགས་སྙིང་པོའི་རྡོ་རྗེ་ལ་སོགས་ཐུགས་ཀྱི་རྒྱ། །གཟུགས་ཀྱི་སྐུ་དང་ཡིག་འབྲུ་ཕྱག་མཚན་ལྡན་པར་བྱའོ། །དེ་ཡང་ཏིང་འཛིན་བརྟན་པས་བྱིན་རླབས་བྱ། །ཆེན་པོ་གསུམ་ཡང་དངོས་སུ་བྱ་བར་དཀའ། །འདི་ཡང་བྱིན་གྱིས་བརླབས་ཏེ་ཡིད་ཀྱིས་དགོད་བྱ་ན། །ཡ་མཚན་རྨད་ཀྱི་དངོས་གྲུབ་སངས་རྒྱས་ཀུན་གྱི་དམ། །མི་འདའ་ས་ལ་སོགས་པ་གཟུགས་བརྙན་ལུགས་ལ་སོགས་བྱ་སྟོག །མཚན་མའི་རྟེན་དུ་བྱས་ན་རྣམ་གྲོལ་རིམ་འགྲུབ་ནི། །རང་རིག་ཡེ་ཤེས་ཀྱིས་ན་རིམ་བཞིན་བྱིན་བརླབས་ཏེ། །སེམས་ཀྱིས་སྦྱངས་ན་ཅི་སྨོས་དེ་ཉིད་ཡེ་ཤེས་ཡིན། །སྤྱན་དྲང་ཕྱོགས་དུས་རང་བཞིན་ཐུགས་ཀྱི་དཀྱིལ་འཁོར་ལས། །བསྙེན་པའི་དཀྱིལ་འཁོར་ཉིད་དུ་ཐམས་ཅད་སྤྱན་དྲངས་པ། །སྒྱུ་འཕྲུལ་ཉིད་ལས་ཛཿཧྱིས་ཐམས་ཅད་དགུག་པར་འགྱུར། །བསྙེན་པའི་མཚན་ཉིད་རང་རིག་དཀྱིལ་འཁོར་ལ། །གཉིས་མེད་འཇུག་པའི་མཚན་ཉིད་རབ་སྦྱོར་བས། །བཟླས་བརྗོད་བྱིན་དང་བསྡུ་བའི་བསྙེན་པ་ཡིས། །ཕྱོགས་བཅུ་བདེ་གཤེགས་དཀྱིལ་འཁོར་ཐམས་ཅད་ཀྱང་། །མཚན་མ་དུས་དང་གྲངས་ཀྱི་བསྙེན་པར་རབ་ཏུ་རྫོགས། །དཀྱིལ་འཁོར་ཉེ་བར་གྱུར་ཏེ་མཆོག་གི་དངོས་གྲུབ་ཐར་མེ་དྷ་འགྲུབ་ལ། །དངོས་གྲུབ་མཚན་ཉིད་རང་སེམས་བསོད་ནམས་ཉིད། །ཐུན་མོང་མཆོག་གི་དངོས་གྲུབ་ཡིན་ཏེ་གཞན་ན་མེད། །འཁོར་ལོ་སྒྱུར་རྒྱལ་དཔག་བསམ་ཤིང་དང་བུམ་པ་བཟང་། །འདོད་པའི་ལོངས་སྤྱོད་དེ་དག་རང་སེམས་སྣང་ལས་གཞན་མ་ཡིན། །རྒྱས་སངས་ཆོ་འཕྲུལ་ངོ་མཚར་རྨད་བྱུང་ཡང་། །རང་རིག་ཤེས་རབ་ཐབས་ཉིད་དེ་ལྟ་དེ་བཞིན་ཉིད་ལས་ཐབས་ཀྱི་ཕྱག་རྒྱར་སྣང་བ་ཡང་། །ཡེ་ཤེས་རབ་སྣང་ལ་ནི་ཡེ་ཤེས་རོལ་པ་བཟང་། །ཡེ་ཤེས་ཉིད་ཀྱང་སྒྱུ་མ་ཡིན་ཕྱིར་གསོག །རང་སྣང་བསོད་ནམས་ཡེ་ཤེས་དེ་ཉིད་འཇིག་རྟེན་འདས་སོགས་དངོས་གྲུབ་བོ། །རྒྱལ་བ་གཟུགས་སྐུ་མངོན་འབྱུང་སྐྱོབ་དང་བྱིན་རླབས་སྟོན་པ་ཡང་། །རང་སེམས་རྣམ་པ་ཡིན་ཏེ་གུད་ན་ཡང་། །རང་སྣང་སྒྱུ་མའི་དཀྱིལ་འཁོར་བྱ་བ་བྱེད་ནུས་ལ། །གཟི་བྱིན་བྱིན་རླབས་འགྲོ་ལ་ཕན་འདོག་པ། །དེ་བཞིན་ཉིད་ལས་མི་གཉིས་འདུས་བྱས་པའང་། །མདོར་ན་རང་སྣང་སེམས་ཉིད་དེ་བཞིན་ཡིན་ཕྱིར་རོ། །སེམས་ཉིད་སྣང་བ་ཀུན་ཀྱང་རྡོ་རྗེ་འདུས་མ་བྱས་སུ་མཁས་པས་བཤད། །སྒྲུབ་པའི་ཡན་ལག་ཆོ་ག་རྣམ་ལྔ་རྫོགས་པར་བྱ། །དང་པོ་སྟོང་པ་བྱང་ཆུབ་གཉིས་པ་སྙིང་རྗེ་ཆེན་པོ་ཡིན། །གསུམ་པ་ཡི་གེ་བཞི་པ་ལ་ནི་དམ་ཚིག་རྒྱ། །ལྔ་པ་ལ་ནི་གཟུགས་རྫོགས་གཟུགས་ལྡན་ཡིན། །ཡོ་བྱད་གནས་མཆོག་ཡིད་འོང་གདན་མཆོག་ཉི་ཟླ་པད་སོགས་དང་། །ཕྱག་མཚན་རྡོ་རྗེ་དྲིལ་བུ་གཟུངས་མ་མཚན་ལྡན་དང་། །ཨ་མྲྀ་ཏ་སོགས་ཕྱི་ནང་འབྱོར་པའི་ཡོ་བྱད་དང་ལྡན་བྱ། །སྙིང་གར་ཡེ་ཤེས་སེམས་དཔའ་བསྒོམ་དེའི་སྙིང་གར་ཉི་ཟླའི་དཀྱིལ། །དམ་ཚིག་ཕྱག་རྒྱ་བཞག་སྟེ་དེ་སྟེང་ཡིག་འབྲུ་བཞག །བཟླ་ཚེ་སྤྲོ་བསྡུས་བཟླས་པའི་ཡན་ལག་ཡིན། །བཅོ་ལྔ་ལྡན་ཞིང་མ་ཉམས་བསྒྲུབ་ལ་བརྩོན་ན་འགྲུབ། །དུས་ནི་ཟླ་བ་དྲུག་དང་བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །ཚེ་ལ་དབང་སོགས་རིག་འཛིན་རབ་འབྲིང་ཐ་མ་འགྲུབ། །འབྲས་བུ་ཚེ་དབང་རིག་འཛིན་དེ་ཉིད་ཀྱིས། །ཚེ་ལོ་བཅུ་དྲུག་གིས་ནི་སྐུ་ལྔ་ལྷུན་གྱིས་གྲུབ། །དེ་ལྟར་རིག་འཛིན་ཁྱད་པར་དེ་དག་ཀྱང་། །ཡེ་ཤེས་ཉིད་ལ་ཉིད་སྣང་བསམ་ཡས་མཆོག །ཞིང་ཁམས་མི་ཟད་རྒྱན་གྱི་འཁོར་ལོ་ན། །སྤྲུལ་པ་བསམ་ཡས་ཞལ་མཐོང་དང་། །མཉེས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན། །རིག་འཛིན་རྩལ་གྱིི་ཁྱད་པར་དེ་ཉིད་ཀྱང་། །ཚོགས་གཉིས་མཐུན་ཏེ་ཡེ་ཤེས་རང་སྣང་བའོ། །གཅིག་དང་དུ་མ་བྲལ་བའི་མཐའ་འདས་དེ་བཞིན་ཉིད། །རྒྱལ་བས་ཀྱང་ནི་གཟིགས་པ་མ་ཡིན་ཏེ། །རང་བྱུང་ཡེ་ཤེས་ཉིད་ལ་མི་གནས་ཚུལ་ཙམ་སྣང་བར་ཟད། །ལོག་པར་རྟོག་པས་བརྟགས་པ་ཀུན་ཀྱང་ཡེ་ནས་རྣམ་མེད་ཅིང་། །རང་སྣང་ཡེ་ཤེས་དབྱིངས་དང་དེ་བཞིན་ཉིད་ལས་གུད་ན་ཡོད་མ་ཡིན། །དེ་ཕྱིར་ཐུགས་རྗེ་ཆེན་པོས་འབྲེལ་བ་ཡི། །འགྲོ་དྲུག་དུས་གནས་མུན་སེལ་སྣང་། །དེས་ན་འབྲས་བུ་རང་སྣང་དཀྱིལ་འཁོར་ཉིད་དུ་ཆོས་ཀུན་འབྱུང་བར་དེས། །དོན་དམ་དཀྱིལ་འཁོར་ཉིད་ནི་སྟངས་དཔྱལ་གཉིས་སམ་བཅུ། །གསལ་བྱས་དད་པས་ཞུགས་ན་དངོས་གྲུབ་ཡིད་འོང་མཉམ་པར་འགྱུར། །མེ་ཏོག་དོར་ཏེ་སྐལ་མཉམ་ཡེ་ཤེས་གང་གཉེར་བ། །གང་ཉེར་ཡ་མཚན་དངོས་གྲུབ་འབྱུང་བར་ངེས། །བཅོ་ལྔ་མི་ལྡན་དམ་མེད་དམ་ཚིག་ཉེས་ན་བརླག་པར་གྱུར་ཏ་རེ། །མི་འགྲུབ་བགེགས་སུ་འགྱུར་ཞེས་རྒྱལ་བས་གསུངས། །རྡོ་རྗེ་དམ་ཚིག་བཀོད་པོའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དགྱེས་ཆེན་རྒྱལ་པོའི་སྤྲིན་ལ་སྙོམས་ཞུགས་ཏེ། །དབང་མཆོག་སྦྱིན་པ་འདི་ཉིད་འགྲོ་བའི་ཆེད་དུ་བརྗོད། །སྤྱི་དང་ཁྱད་པར་མ་ཐོབ་སྐྱོན་དང་རྫས་དང་འབྲས་བུ་ལྔའོ། །སྤྱིར་ནི་ཡབ་ཡུམ་ཕྱག་རྒྱར་བསྒོམས་ཏེ་སྦྱོར་བ་ལས། །བདེ་མཆོག་ཡིག་འབྲུའི་ཚོགས་སུ་རྡོ་རྗེའི་ལམ་ནས་མཁའ་ལ་འཁྱིིལ། །རྡོ་རྗེའི་རྩེ་ནས་གནས་སུ་བསྟིམ་ཞིང་སོ་སོའི་དཀྱིལ་འཁོར་བསྒྱུར། །སོ་སོ་ཉན་དང་བསྒྲུབ་དང་ལས་འཆད་སློབ་དཔོན་ཉིད་དང་ལྔའོ། །ཉན་པ་རྣ་བར་སེམས་སྤྲོས་གཞལ་ཡས་གདན་དང་བཅས། །ཏྲཱྂ་གཉིས་ལ་ནི་རིན་ཆེན་ཕྱག་རྒྱའི་སྐུ་གྱུར་གསལ་སྤྲོ་ཐིམ། །གསང་གསུམ་མཉན་ཆ་མི་སྨྲ་ཚིག་བཤད་བསྒྲགས། །བསྒྲུབ་པ་སྙིང་གར་དེ་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ཉིད། །རྡོ་རྗེ་གཟུངས་དང་མཆོད་དང་སྦྱོར་དང་ཚིག་བཤད་བསྒྲགས། །ལས་ནི་ལག་པར་དེ་བཞིན་ལས་རིགས་སྤྲོ་བསྟིམ་བྱ། །ལས་དང་ཕོ་ཉ་བྱེད་པར་བཀའ་ཡིས་རབ་ཏུ་བསྒྲགས། །འཆད་པ་ལྕེ་ལ་པདྨའི་རིགས་ཡིན་ཏེ། །སྣོད་མཐུན་གསང་བ་བསྒྲག་པའི་ཚིག་བཤད་བརྗོད། །སློབ་དཔོན་ཡན་ལག་ལྔ་ལ་ཞི་ཁྲོའི་ཚོམ་བུ་ལྔས། དཀྱིལ་འཁོར་བྱེད་དང་དབང་སྦྱིན་ཅེས་པར་བཀའ་ཡིས་བསྒྲགས། །སྐྱོན་ནི་བླ་མ་མ་མཉེས་ལྔ་པོ་མ་ཐོབ་པར། །ལྔ་པོར་རྩོམ་པས་དངོས་གྲུབ་མི་ཐོབ་བརླག་པར་ངེས། །དེ་རུས་རྫས་ཀྱི་རྣམ་པ་དགོས་པ་ཡང་། །ཆོས་ཀྱི་རྒྱལ་མཚན་ཐོབ་ཕྱིར་རིགས་ལྔའི་དབུ་རྒྱན་སྦྱིན། །ཤེས་བྱར་མ་རྨོངས་སྣ་ཚོགས་དར་གྱི་ཅོད་པན་ཏེ། །གཟུངས་དང་ཏིང་འཛིན་མེ་ཏོག་ཕྲེང་བ་བཏག །གཞན་གྱི་མི་ཐུབ་བརྒྱ་ཕྲག་གོ་ཆ་བསྐོན། །བདུན་ལས་རྒྱལ་བའི་ཆུ་སྲིན་རྒྱལ་མཚན་གཏད། །མི་འདའ་མི་ཤིགས་རིགས་ཀྱི་ཕྱག་རྒྱས་བཏབ། །ཚ་གདུང་སེལ་ཕྱིར་སྐྱོབ་པ་གདུགས་ཀྱིས་དགབ། །བག་ཆགས་སྦྱང་ཕྱིར་ལྔའི་བུམ་པ་བསྟེན། །འདོད་པའི་ཡོན་ཏན་ལོངས་སྤྱོད་བཟའ་བཏུང་བསྟབ། །ངེས་པའི་འབྲས་བུ་སྨིན་ཕྱིར་སྙིང་པོ་ལྔ། །འདི་དག་རྫས་སུ་སྦྱིན་ཅེས་རྒྱལ་བས་གསུངས། །འབྲས་བུ་རྒྱལ་སྲས་ངན་སོང་མེད་པ་དང་། །འཇིག་རྟེན་ཚེ་དང་བདེ་བ་ཐོབ་པ་དང་། །མཐོ་རིས་ལྷ་མི་ཐར་པའི་ཆོས་ཀྱི་རྒྱལ་པོར་འགྱུར། །དབང་སྦྱིན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། །རྒྱལ་པོའི་ཚོགས་སུ་དབང་བསྐུར་མཉམ་བཞག་སྟེ། །བདེ་བ་མཆོག་གི་ལེའུ་འདི་འགྲོ་བ་ཆེད་དུ་བརྗོད། །རྣལ་འབྱོར་དགོངས་པའི་ཁྱད་པར་དང་། །བྱིན་རླབས་བྱ་དང་སྦྱོར་སྒྲོལ་དང་། །འཇུག་པ་འབྲས་བུ་བཅས་པ་དང་། །ཞི་ཁྲོ་ཚོམ་བུའི་གྲངས་བསྟན་པ། །རྣམ་པ་དྲུག་གིས་ཡང་དག་བཤད། །དགོངས་པ་རྒྱུ་གཅིག་ཡིག་འབྲུ་བྱིན་རླབས་མངོན་སུམ་རྟོགས་རྣམ་བཞི། །རྒྱུ་གཅིག་དོན་དམ་ཀུན་རྫོབ་དབྱེར་མེད་པ། །མ་སྐྱེས་སྒྱུ་མ་སྣང་དང་རང་བཞིན་མེད་པར་གཅིག །ཨ་ཨོ་ཨཱོཾ་སྟེ་སྐུ་གསུང་ཐུགས་རང་བཞིན། །མ་སྐྱེས་སྒྱུ་མ་དབྱེར་མེད་ཡིག་འབྲུའི་ཚུལ། །རས་དཀར་དམར་པོའི་ཚོན་གྱིས་བསྒྱུར་ཚུལ་དུ། །རྒྱུ་གཅིག་ཡིག་འབྲུས་ཆོས་ཀུན་བྱིན་གྱིས་རློབ། །ལུང་དང་མན་ངན་མི་བསྟེན་མི་འགལ་བར། །རང་རིག་བློ་ཡིས་མངོན་སུམ་རྟོགས་ཞེས་བཤད། །རྟོགས་བཞིས་ཆོས་ཀུན་མངོན་རྫོགས་རྒྱལ་པོ་ཆེ། །གང་ཞིག་དེ་རྟོགས་ཚོགས་ཀྱི་བདག་པོར་གསུངས། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་ཞེས་ཀྱང་དེ་ལ་བྱ། །ཇི་ལྟར་ཡན་ལག་ལྔ་དབང་པོ། །ཡེ་ཤེས་ལྔས་བསྡུས་རྣམ་མིན་ༀ་དུ་བསྒོམ། །ཞི་ཁྲོ་རྒྱལ་བ་ཡབ་ཡུམ་བྱིན་གྱིས་བརླབས། །འདོད་ཡོན་ལྔ་སོགས་ཡུལ་གྱི་རྣམ་པ་ཀུན། །རྣམ་པ་མ་ཡིན་ཡི་གེ་མཱུྂ་དུ་བསྒོམ། །ཞི་ཁྲོ་དབྱིངས་ཕྱུག་ཡུམ་དུ་བསྒོམ་པར་བྱ། །གོས་རྒྱན་བཟའ་བཏུང་གླུ་ཚིག་བྲོ་གར་སྤྲིན་ཚོགས་ཀུན། །བྱང་ཆུབ་སེམས་ཚོགས་ཡི་གེ་ཧཱུྃ་དུ་རབ་བསྒོམས་ཏེ། །སྤྱད་ན་དངོས་གྲུབ་འབྱུང་བའི་དཀྱིལ་འཁོར་མཉེས། །ༀ་མཱུྂ་ཧཱུྃ་ཉིད་སྐུ་གསུང་ཐུགས་ཉིད་བྱིན་རླབས་བྱ། །སྦྱོར་བའི་གཟུངས་མ་ལྷ་ཀླུའི་བུ་མོའམ་རིགས་ངན་སོགས། །ཞི་རྒྱས་དག་ལ་དབྱེ་བའམ་དབང་དྲག་དག་ལ་མི་དབྱེ་བར། །བསྙེན་སྒྲུབ་རྣམ་བཞིའི་རིམ་པ་རབ་ཏུ་བརྩམ། །བསྙེན་པ་དོན་དམ་བྱང་ཆུབ་སེམས་ཤེས་ཡིན། །ཉེ་བའི་བསྙེན་པ་བདག་ཉིད་ཕྱག་རྒྱར་བསྒོམ། །སྒྲུབ་པ་ཡུམ་ཉིད་གཟུངས་སུ་བྱིན་བརླབ་བྱ། །སྒྲུབ་ཆེན་ཡབ་ཡུམ་གཉིས་མེད་བྱིན་བརླབས་ལ། །མཁའ་ལས་སེམས་འཕྲོས་བདག་མཆོད་རྒྱལ་བ་མཉེས། །འགྲོ་ཚིམ་ཉི་ཟླ་ལྕེ་ཡིས་དངོས་ཟོས་ན། །ནམ་མཁའ་འགྲོ་དང་མདོག་བཟང་ཚེ་རིང་བ། །ཐུན་མོང་མཆོག་གི་གྲུབ་པ་ཡིད་བཞིན་བདག་པོར་འགྱུར། །བསྒྲལ་བའི་ཞིང་གྱུར་རྒྱུ་མཆོག་རྣམ་ལྔ་པ། །ཨ་འབྲས་རྒུན་འབྲུམ་པ་ན་སེ་དང་གེ་རྒྱས་ཨ་ག་རུ། །མཆོག་ཕྲན་གཞན་ཡང་མཆོག་གིས་བསྡུས་པ་བསྟན། །བློ་ངན་འཇིག་རྟེན་ཞེས་སུ་བདེ་གཤེགས་གསུངས། །མཁས་པས་ཨེ་ལས་ཉི་ཟླའི་སྟེང་དུ་བཞག །གཙུག་ཏུ་ཡེ་ཤེས་སེམས་དཔའ་ངན་སོང་སྦྱོང་། །ཆེ་བའི་ང་རྒྱལ་བསྐྱེད་ཅིང་སོར་མོ་འབྲུ་བཅུ་བསྒོམ། །འབྲུ་བཅུའི་འོད་ཀྱིས་རྣམ་ཤེས་བསྲེགས་ནས་ཧཱུྃ་དུ་དག །ཧཱུྃ་ཉིད་མཁའ་ལ་ཐིམ་པར་འཕངས་ཏེ་ཕྱག་རྒྱར་བསྒྱུར། །དེ་ལས་སྐུ་གསལ་འོད་འཕྲོས་རྒྱན་དང་ལྡན། །གཉིས་སུ་མེད་པར་བསྒྲལ་ཞེས་དེ་ལ་བྱ། །དོན་དམ་སྐྱེ་མེད་ཀུན་རྫོབ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱས་ཀྱང་རྡུལ་ཙམ་བྱས་མི་དམིགས། །འཇུག་པ་འབྲས་བཅས་དག་མཉམ་གསུམ་དང་བཞི། །སྣོད་ནི་འབྱུང་ལྔ་གཞལ་ཡས་ཡུམ་དུ་དག །ཕུང་པོ་བཅུད་རྣམས་རྒྱལ་བ་ཡབ་ཏུ་དག །ཚོགས་བརྒྱད་སེམས་དག་ཡེ་ཤེས་ལྔར་དག་རྟོག །དེ་ཚེ་དོན་དམ་མ་སྐྱེས་དབྱིངས་སུ་མཉམ། །ཀུན་རྫོབ་སྒྱུ་མ་ཕྱག་རྒྱ་ཆེན་པོར་མཉམ། །ཤེས་རིག་ལྷ་དང་ཡུལ་རྣམས་ལྷ་མོར་མཉམ། །དེས་ན་ཐམས་ཅད་དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །བྱེད་སྤྱོད་ཉིད་ཀྱང་ཚོགས་གཉིས་རྫོགས་པར་རོལ། །དེ་ཕྱིར་རང་བཞིན་ལྷུན་གྲུབ་ཚོགས་ཞེས་གསུངས། །བཀྲི་དྲང་ཚོགས་དེ་དཀྱིལ་འཁོར་བྱེད་པའི་ཚེ། །ཡན་ལག་ལྔ་པོ་མ་ཉམས་ཡོ་བྱད་རྣམ་ལྔར་ལྡན། །ཆོ་ག་ལྔ་རྫོགས་ཚོགས་འདུས་དཀྱིལ་འཁོར་ཀྱིས། །ངེས་པར་ལེགས་པའི་དངོས་གྲུབ་དགོངས་པ་འགྲུབ། །ཚོམ་བུའི་གྲངས་ཀྱང་ལྔ་དང་གསུམ་དང་གཅིག །རིགས་ལྔ་རིགས་གསུམ་རིགས་གཅིག་ཚོམ་བུ་ལ། །ཁྲོ་བོ་ཁྲོ་མོ་ཉི་ཤུའི་འཁོར་ལོ་བསྐོར། །ཚོམ་བུ་དེ་ཀུན་གཙོ་གཟུངས་ཟུང་དུ་འཁྲིལ། །ཁྲོ་བོའི་ཚོམ་བུ་གྲངས་ཀྱང་དེ་བཞིན་ཏེ། །ཕོ་ཉ་ཕྱག་བརྙན་བཀའ་ཉན་ཅི་བགྱི་རྣམས། །འཁོར་བར་དངོས་གྲུབ་ལས་རྣམས་རྫོགས་པར་བྱེད། །ཚོགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྒྱལ་པོ་དགྱེས་ཆེན་པོས། །རོལ་མོ་སྤྲིན་འཕྲོ་རྒྱན་བཀོད་སྙོམས་ཞུགས་ཏེ། །ཚོགས་སྒྲུབ་ལེའུ་འདི་འགྲོ་བའི་ཆེད་དུ་བརྗོད། །ལོངས་སྤྱོད་སོ་སོར་འགྲུབ་པའི་ཁྱད་པར་དང་། །རིག་འཛིན་ཕྱི་དང་རིགས་ཀྱི་རྣལ་འབྱོར་དང་། །འབྲས་བུའི་ཁྱད་པར་གེགས་མེད་ཁྱད་ལྔའོ། །སོ་སོའི་སྒྱུ་འཕྲུལ་བརྟན་པའི་ཏིང་འཛིན་གྱིས། །ཕྱག་རྒྱའི་དངོས་གྲུབ་རྣམ་པ་ལྔ། །ལྷུན་གྱིས་གྲུབ་པར་བདེ་གཤེགས་རྒྱལ་བས་གསུངས། །རིག་འཛིན་ཤེས་འཇུག་འབྲས་བུ་ཁྱད་པར་བསམ་ཡས་པ། །རྟོགས་གཞིའི་ཚུལ་རིག་ཤེས་པའི་མཚན་ཉིད་ཡིན། །ཡང་དང་ཡང་དུ་གོམས་པ་འཇུག་པ་སྟེ། །གོམས་མཐུས་མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་ཡིན། །རྒྱུ་རྐྱེན་འབྲས་བུ་ནུས་མཐུ་གང་གྱུར་པ། །རིག་འཛིན་ཞེས་སུ་རྒྱལ་བའི་ཞིང་དུ་གྲགས། །འདོད་ཁམས་ལྷ་མི་ཚངས་པའི་སྐྱེ་གནས་སུ། །སྐྱེ་གཞི་རྣམ་པར་དག་པ་འཛིན་མོད་ཀྱི། །རྟོགས་པའི་ཁྱད་པར་ས་ལ་གནས་འགྱུར་ཡིན། །བྱང་ཆུབ་ས་བཅུ་བདེ་གཤེགས་པ་གསུམ་སྟེ། །དེ་ཉིད་དུས་ནི་ཕ་རོལ་ཕྱིན་བཅུ་བྱང་ཆུབ་པ་ཡི་རྒྱུ། །སྦྱིན་སོགས་རབ་དགའ་ལ་སོགས་ལྷུན་གྱིས་གྲུབ། །ཐབས་ཀྱི་ཀུན་ཏུ་འོད་ཡིན་ཤེས་རབ་པདྨ་ཅན། །ཐབས་དང་ཤེས་རབ་ས་མཆོག་འཁོར་ལོ་ཚོགས་ཆེན་ཏེ། །རྒྱུ་འབྲས་རིམ་དོན་མ་ཡིན་ལྷུན་གྱིས་གྲུབ། །ཁྱད་པར་ས་ཞེས་ལྷུན་གྲུབ་ཉིད་ལ་བརྗོད། །རིགས་ཀྱི་རྣལ་འབྱོར་རྡོ་རྗེ་སེམས་དཔའ་ཉིད། །སྟངས་དཔྱལ་མཁའ་དབྱིངས་ཉི་ཟླའི་སྟེང་བསྒོམ་ན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་བསྒོམ་པར་འགྱུར། །དེ་ཕྱིར་རིགས་ཀྱི་རིགས་ཞེས་བརྗོད་པ་ཡིན། །ཕྱོགས་དུས་ཀུན་ནས་སངས་རྒྱས་བཙལ་ཀྱང་མི་རྙེད་དེ། །རང་རིག་སེམས་ཉིད་རྫོགས་སངས་རྒྱས་ཀྱི་དཀྱིལ་འཁོར་ཡིན། །དེ་ཕྱིར་སེམས་ལས་མ་གཏོགས་སངས་རྒྱས་གཞན་དུ་མ་འཚལ་ཅིག །རང་སེམས་རྒྱལ་བའི་དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བས། །དེ་ཕྱིར་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་ཞེས་རྒྱལ་བས་གསུངས། །རང་སེམས་དཀྱིལ་འཁོར་ཉིད་དུ་རྟོགས་ཆུབ་ན། །ཆོ་ག་ལྷག་ཆད་སྐྱོན་མན་གེགས་མེད་ཡིན། །དེ་སྐད་བརྗོད་ཚེ་རོལ་མོས་བདེ་གཤེགས་མཉེས། །ཚོགས་སྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བདེ་གཤེགས་ཀུན་ཀྱང་གཅིག་ཏུ་དགོངས་འདུས་ན། །ལྷུན་གྲུབ་དམ་ཚིག་སྙིང་པོའི་སྤྲིན་ལ་སྙོམས་ཞུགས་ནས། །མདོར་བསྡུས་གསང་བ་འདི་ཉིད་འགྲོ་བའི་ཆེད་དུ་བརྗོད། །གསང་བའི་སྤྱི་དང་མདོ་དང་རྒྱས་དང་མོས་པའི་ཡོན་ཏན་དང་། །རྙེད་དཀའ་ལམ་གྱུར་གཏད་དང་སྐྱོན་དང་རྣམ་པ་བརྒྱད། །སྤྱི་ནི་མ་རྟོགས་ཕྱལ་པ་རྒྱང་འཕེན་དང་། །ལོག་པར་རྟོགས་པ་མུར་ཐུག་མུ་སྟེགས་དང་། །ཕྱོགས་རྟོགས་ཉན་ཐོས་རང་རྒྱལ་རིགས་ཅན་དང་། །ཡང་དག་མ་རྟོགས་བྱང་ཆུབ་ཤེས་བྱའི་སྒྲིབ། །འདུལ་བའི་ལས་ནི་བྱ་བ་གཉི་གའི་རྒྱུད། །དགོངས་པའི་དོན་གསང་ཕྱི་པ་ཐུབ་པའི་རྒྱུད། །རང་བཞིན་སྐུ་གསུང་ཐུགས་གསང་རྒྱུད་རྣམས་ཀུན། །བཀྲི་ཕྱིར་རང་བཞིན་གསང་དོན་རྒྱས་པ་རྣམས། །ཡི་གེ་སྒྲ་བཏང་ཚོགས་འབྲེལ་མིང་ཚོགས་ལ། །བརྟེན་པའི་ཚིག་རྣམས་ཀྱིས་ནི་རབ་མཚོན་ཏེ། །དགོངས་པའི་དབང་གིས་དོན་གཉིས་གབ་ཅིང་སྦས། །ཀུན་གྱི་ཁོངས་ན་གནས་པའི་དོན་དེ་གསལ་བར་འདི་ལས་འབྱིན་མཛད་པའི། །ཐེག་པ་ཀུན་ལ་མཁས་པ་སྟོན་པའི་ཐུགས་ལ་གནས། །དེ་ཕྱིར་གསང་བའི་སྙིང་པོ་དེ་ཁོ་ན། །དེ་ཉིད་ངེས་པའི་ཁོངས་ནས་ཕྱུང་ཞེས་སྟོན་པས་གསུངས། །འབྱུང་གནས་གཏན་ལ་ཕེབ་ཅེས་དེ་ཉིད་ཡིན། །སྣ་ཚོགས་དོན་འཆང་སྨྲ་ཞིང་སྟོན་ཅེས་དེ་ལ་བྱ། །མདོ་དོན་དཀྱིལ་འཁོར་བཅུ་གཉིས་བསྡུས་བཤད་པ། །དཀྱིལ་འཁོར་དེ་བཞིན་ཉིད་ཅེས་བྱ་བར་ཤར། །དེ་བཞིན་ཉིད་ལྡན་རང་བཞིན་དཀྱིལ་འཁོར་གྱིས། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དཀྱིལ་འཁོར་ལ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དཀྱིལ་འཁོར་བསྒོམ། །ཚོགས་ཆེན་བྱ་བ་དཀྱིལ་འཁོར་ཉིད་ཡིན་ཏེ། །དཀྱིལ་འཁོར་ལས་བྱུང་ཐུགས་རྗེས་འདུལ་བར་བཤད། །ཐུགས་ནི་བྱང་ཆུབ་རྣམ་གཉིས་དཀྱིལ་འཁོར་ཡིན། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མཆོག་ཏུ་གསུངས། །བཅུ་གཉིས་ཉིད་དུ་རྒྱུད་ཀྱི་དོན་རྫོགས་ཏེ། །གསང་བའི་མན་ངག་ཅེས་ཀྱང་དེ་ཕྱིར་བརྗོད། །རྒྱས་པ་དེ་བཞིན་ཉིད་ནི་རྟོགས་དཀའ་གསང་བ་སྤྲོས་མེད་ཐིག་ལེ་སྟེ། །དཀྱིལ་འཁོར་ཀུན་འབྱུང་ཞེས་ནི་དབྱིངས་ཞེས་གསུངས། །རང་བཞིན་འབྱུང་ལྔ་དངོས་མེད་ཤེས་རབ་ཡུམ། །ཆེན་པོ་རག་པ་ཐབས་ཏེ་ཡབ་ལྔ་ཡིན། །གཉིས་མེད་སེམས་ལས་སྤྲུལ་པའི་ལྷ་ཚོགས་ནི། །དབང་དྲུག་ཡུལ་དྲུག་དུས་བཞི་རིག་པ་རྣམ་པ་དྲུག །ཕྱིན་ཅི་མ་ལོག་རང་བཞིན་དཀྱིལ་འཁོར་ཡིན། །རང་བཞིན་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །ཐུགས་ཀྱི་ཡེ་ཤེས་ལྔ་ཉིད་བྱང་ཆུབ་སེམས་ཡིན་ཏེ། །རྣལ་འབྱོར་བདག་ཉིད་ཆེན་པོའི་བྱང་ཆུབ་སེམས། །སྙིང་པོའི་ཐིག་ལེར་ཆོས་ཀུན་མཉམ་སྦྱོར་ལྷག་པར་བཤད། །རྣལ་འབྱོར་བདེ་བའི་ཚོགས་མཆོག་མི་ཟད་རོལ་མོ་ཡིས། །ཡེ་ཤེས་དགྱེས་པའི་ལྷ་ལ་མཆོད་འབུལ་ཚོགས་ཞེས་བྱ། །ཟག་མེད་རང་རིག་བསོད་ནམས་རྒྱུ་ཉིད་ཀྱིས། །ཡེ་ཤེས་རང་སྣང་སྒྱུ་མའི་དཀྱིལ་འཁོར་རོལ་མོ་མཐའ་ཡས་མཆོག །དེ་ཉིད་ཏིང་ངེ་འཛིན་དེ་ལྷག་པའི་ཏིང་འཛིན་གསང་བའི་ཐིག་ལེ་ཡུམ་གྱི་དབྱིངས། །ཐིག་ལེ་དེ་ཉིད་སངས་རྒྱས་ཀུན་གྱི་དངོས་གཞི་ཡིན། །བདེ་གཤེགས་སྐུ་སོགས་བདག་གི་ཞལ་མཐོང་བ། །རིག་པས་དབང་བསྒྱུར་དངོས་གྲུབ་དམ་པ་གཟུགས་བརྙན་རྣམ་གཉིས་ཡིན། །ལྷུན་གྲུབ་དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་མ་ལུས་ཤིང་། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་མ་ལུས་ལྷུན་གྱིས་གྲུབ། །དེས་ན་དཀྱིལ་འཁོར་མི་བཟད་རྒྱན་དུ་མ་ལུས་དེ་དག་བདག་གིས་ཐོགས། ཐུགས་རྗེ་རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་ལས། །སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་འཁོར་མི་ཟད་ཡོངས་ཀྱིས་འབྱུང་། །ཕྱོགས་དུས་འགྲོ་བའི་དཀྱིལ་འཁོར་སྤྲུལ་པས་འདུལ་པ་ཡི། །མགོན་པོ་ཇི་སྙེད་སྒྱུ་མའི་དཀྱིལ་འཁོར་ཐབས་ཀྱིས་སྒྲོལ་བ་ཡང་། །བྱ་བྱེད་མེད་པར་སྤྱོད་པས་འདུལ་བའི་དཀྱིལ་འཁོར་ཡིན་པར་བདེ་གཤེགས་གསུངས། །ཞེས་པའི་ཡོན་ཏན་བཅུ་གཉིས་ཤེས་རབ་གསུམ་གྱིས་མཉམ་སྦྱོར་བས། །རང་བྱུང་དཀྱིལ་འཁོར་སྟོད་དམ་ལྷུན་གྱིས་གྲུབ། །འདི་ལས་རྒྱལ་རྣམས་ཅིས་ཀྱང་འདའ་བར་ག་ལ་མཛད། །གང་ཞིག་དཀྱིལ་འཁོར་འདི་དག་ཀུན་ལ་མོས་པའི་སྐྱེས་བུ་ལ། །ཕྱོགས་དུས་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན། །སྲས་ཀྱི་དམ་པ་མཆོག་ཏུ་དགོངས་པར་འགྱུར། །འདི་ནི་རྙེད་དཀའ་བསྐལ་པ་རྡུལ་སྙེད་སྦྱངས་པས་རྙེད་པའོ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་ངེས་པ་འདི་ཡིན་ཏེ། །དྲུག་གི་འཇིག་རྟེན་ཕྱོགས་བཅུ་འདས་དང་ད་ལྟར་རྒྱལ་བ་ཡང་། །གསང་བ་འདི་བསྙེན་སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡིན། །དེ་བཞིན་འབྱུང་དང་མ་འོངས་འདི་ཡིས་གྲུབ། །དེའི་ཕྱིར་འདི་ནི་གསང་ཆེན་ངེས་པའི་འབྲས་བུར་ལམ་གྱུར་ཡིན། །རྒྱལ་བ་སྲས་བཅས་ཀུན་ལའང་འདི་ལས་ངེས་དོན་གཞན་མི་མངའ། །གཞན་ནས་བཙལ་བས་རྒྱལ་བས་ཀྱང་ནི་རྙེད་པར་ག་ལ་འགྱུར། །འདི་གཏད་རྒྱུད་ཀུན་ལས་ནི་འབྱུང་བའི་ཕྱག་རྒྱའི་མཆོག །ཤེས་རབ་གསུམ་གྱིས་སྦྱངས་པའི་དམིག་ལྡན་རྣམས་ཀྱིས་གཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་བློ་བརྟན་པ། །ལུས་དང་ལོངས་སྤྱོད་གཏོང་ཕོད་ཙམ་ལས་མ་གཏོགས་གཞན་དུ་མི་སྦྱིན་ནོ། །གལ་ཏེ་བྱིན་ན་རྨོངས་འཕྱར་དེ་ཉིད་སྲོག་ཟད་ངན་འགྲོར་ལྟུང་། །ཤིན་ཏུ་གསང་བ་མན་ངག་སྙིང་པོའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་དགྱེས་པ་ཆེན་པོས་གླུ་འདི་བླངས། །གླུ་དྲུག་བླངས་པས་སངས་རྒྱས་ཆེ་བའི་ཡོན་ཏན་ཀུན་རྫོགས་ཕྱིར། །དང་པོ་ཚོགས་ཆེན་གཉིས་སུ་བསྟན་པ་དང་། །གཉིས་པ་རྡོ་རྗེ་རྣམ་བཞི་བརྗོད་པ་ཡིན། །གསུམ་པ་རྫོགས་པ་རྣམ་པ་བཞིར་གྲགས་སོ། །བཞི་པ་ལས་ནི་མཐའ་ཡས་བཞི་ཞེས་བཤད། །ལྔ་པ་རྡུལ་སྙེད་རྣམ་པ་བཞིར་བསྟོད་པ། །དྲུག་པ་སྐུ་གསུང་ཐུགས་ནི་རྣམ་པ་བཞི། །ཉི་ཤུ་རྩ་བཞི་བསྟོད་པའི་དཀྱིལ་འཁོར་རྫོགས། །མཉེས་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བདེ་གཤེགས་རྒྱལ་པོའི་རྒྱལ་བ་བདག་པོ་དེས། །ཁྲོ་བོའི་དཀྱིལ་འཁོར་ཉིད་དུ་མངོན་པར་འདུ་མཛོད་དེ། །ཅི་ཕྱིར་ཇི་ལྟར་བཏུལ་ནས་ལས་བསྒོས་མཛད་དང་གསུམ། །ཅི་ཕྱི་འདུལ་མཛད་རྣམ་པ་གསུམ་ཡིན་ཏེ། །ཁམས་གསུམ་པ་ཡི་རྒྱུ་དང་རྐྱེན་དང་འབྲས་བུའོ། །རྒྱུ་ནི་བདག་རྟོག་ལ་སོགས་རྨོངས་པའི་བར། །སྲིད་པའི་ས་བོན་རྩུབ་མོས་འཕངས་པ་རྐྱེན་ཡིན་ཏེ། །འབྲས་བུ་དམྱལ་བ་ཡི་དྭགས་སྲིན་པོ་གསུམ། །རུ་དྲ་རྣམ་གསུམ་ཞེས་ཀྱང་དེ་ལ་བྱ། །ཇི་ལྟར་འདུལ་དབང་ངག་གིས་དུས་འདུལ་ཏེ། །ཆེ་མཆོག་ཉིད་འང་ཁྲོ་བོ་འཆོལ་བ་དང་། །རྡོ་རྗེ་ཞེ་སྡང་དང་ནི་རྡོ་རྗེ་སྲིན་པོ་དང་། །རྡོ་རྗེ་ཁྲོ་བོ་དང་ནི་འཇིགས་བྱེད་ཁྲོ་བོའོ། །ཆེ་མཆོག་ཁྲོ་བོའི་ཏིང་འཛིན་སྙོམས་ཞུགས་ནས། །གཉིས་མེད་མཐའ་ལས་ཁྲོ་བོ་འཆོལ་བ་བཏོན། །དེ་ནི་ཆེ་མཆོག་དཀྱིལ་འཁོར་དང་པོ་ཡིན། །ཁྲོ་བོ་འཆོལ་བས་རྡུལ་སྙེད་ཆོ་འཕྲུལ་སྟོན། །ཕྱོགས་བཅུའི་དེ་ཝ་ཐམས་ཅད་འདུལ་བར་མཛད། །དཀྱིལ་འཁོར་གཉིས་པ་ཞེས་ནི་དེ་ལ་བྱ། །དེ་ནས་ཆེ་མཆོག་དབུས་ཀྱི་གཙོར་བསྒྱུར་ཏེ། །ཕྱོགས་བཅུའི་ཁྲོ་བོ་འདུས་ནས་རིགས་བཞིར་གྱུར། །གཟུངས་བཅས་དྲེགས་པ་གནོན་པའི་ཕྲིན་ལས་མཛད། །ཞེ་སྡང་རྡོ་རྗེ་ཞེས་བྱའི་དཀྱིལ་འཁོར་གསུམ་པའོ། །དྲེགས་པ་ང་རྒྱལ་སྟོན་པ་འདུལ་བའི་ཕྱིར། །དེ་ཉིད་དབུ་དགུ་སྲིན་པོར་སྣང་བར་གྱུར། །རྡོ་རྗེ་སྲིན་པོས་བསྒྲལ་ནས་ཞལ་དུ་སྟོབ། །དབང་ཕྱུག་མ་རྣམས་སྔགས་ཀྱིས་བསྡུ་བ་མཛད། །དེ་ནི་སྲིན་པོའི་དཀྱིལ་འཁོར་བཞི་པའོ། །དེ་ཉིད་ཁྲག་འཐུང་རིགས་ལྔར་སྣང་བྱས་ཏེ། །དབང་ཕྱུག་མ་རྣམས་སོ་སོའི་སྐུ་ལ་འཁྲིལ། །རེ་རེ་ལས་ཀྱང་ཕྲ་མེན་ཉི་ཤུའི་ཚོགས་བཏོན་ཏེ། །རང་རང་གནས་ནས་སྟན་ལ་འཁོད་པར་བྱས། །དེ་ཕྱིར་བྱི་མོ་ཞེས་ཀྱང་དེ་ལ་བྱ། །ཕྲ་མེན་རེ་རེ་ལ་ཡང་ཚོགས་ཞེས་དེ་ཕྱིར་བརྗོད། །དེ་ནས་འབྱུང་མོ་རང་རང་གནས་སུ་ཕཊ་ཀྱིས་འཕངས། །དབང་ཕྱུག་ཆེན་པོ་ཀུན་ཀྱང་མི་གཙང་སྣམས་སུ་བསྟོན། །སྣམས་ནས་ཨུ་རྩུས་ཕྱུང་སྟེ་འདམ་འཐུང་སླར་དྲན་རྙེད། །དེ་ནི་དཀྱིལ་འཁོར་ལྔ་པ་ཞེས་སུ་བཤད། །དེ་ལ་འཇིག་བྱེད་དབུ་ནི་དགུ་བརྒྱད་པ། །ཀུན་ལས་ཕྱག་རྒྱ་སྤྲུལ་ལས་འཇིགས་པར་སྟོན། །དེ་ཚེ་འདུལ་ཐབས་བསམ་ཡས་ཐ་དད་པས། །ཕྱི་ནང་བདུད་ཚོགས་ཐམས་ཅད་དུས་གཅིག་བཏུལ། །དེ་ནི་འཇིགས་བྱེད་ཅེས་ཀྱང་དྲུག་པར་བཤད། །ལས་བསྒྲོལ་བས་ནི་དེ་དག་འདར་བྱེད་ནས། །འབངས་སུ་གནས་སོ་དཀྱིལ་འཁོར་གདན་ལ་བཞག །རང་རང་གནས་སུ་མ་སྲིང་བུ་མོ་ཆུང་མ་རྣམས། །ཕུལ་ཏེ་ཚོགས་ཀྱང་ཁས་བླངས་མནའ་བོར་རོ། །གྲུབ་པ་ལངྒའི་ཚོགས་སུ་ཁས་འཆེས་སོ། །མ་སྲིང་བུ་མོའི་ཚོགས་རྣམས་ཀྱིས། །འཁོར་དུ་འདུས་ཏེ་ལས་ཀྱི་དངོས་གྲུབ་མནོས། །མིང་བཏགས་ལག་ཏུ་རྡོ་རྗེ་བྱིན་ནས་དཀྱིལ་འཁོར་ཕྱི་རོལ་བཀོད། །ཁྲོ་བོའི་དཀྱིལ་འཁོར་གྱི་རྣམ་པར་འཕྲོས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་དགེས་པ་ཆེན་པོས་ཁྲོས་བོའི་གསུང་ཕྱུང་བ། ཅིའི་ཕྱིར་གང་ལས་གང་ཕྱུང་ཕྱུང་བའི་མཐུ་དང་བཞི། །ཅི་ཕྱིར་ཁྲོ་ཚོགས་བྱང་ཆུབ་བསྒྲུབ་པའི་ཕྱིར། །གང་ལས་ཁྲག་འཐུང་སྐུ་གསུང་ཐུགས་རྡོ་རྗེ་ལས། །གང་ཕྱུང་ལྔ་བཅུ་རྩ་བརྒྱད་གསང་སྔགས་དང་། །སྤྱན་དྲངས་བཞུགས་དང་དངོས་གྲུབ་བླངས་པ་དང་། །མཆོད་དང་དཀྱིལ་འཁོར་བཏོན་ཏེ་རྣམ་དྲུག་ཡིན། །ལྔ་བཅུ་རྩ་བརྒྱད་ཁྲོ་རྒྱལ་ཡབ་ཡུམ་བཅུའི། །ཏ་ཐཱ་ག་ཏ་བཛྲ་རཏྣ་དང་། །པདྨ་ཀརྨ་རྩ་བའི་སྙིང་པོ་སྟེ། །མ་ཧཱ་ཙ ཎྜ་ལ་སོགས་ལས་ཀྱི་ཡིན། །དཀར་མོ་ལ་སོགས་ས་བོན་ཧ་བརྒྱད་དེ། །བཛྲ་ཀ་རི་ལ་སོགས་རྩ་བའི་སྔགས་སུ་བཤད། །སིདྷ་ལ་སོགས་བརྒྱད་ཀྱང་དེ་བཞིན་ནོ། །ཛཿཧཱུྃ་བྂ་ཧོ་སྒོ་སྲུང་ས་བོན་ཡིན། །རང་རང་རིགས་ཞེས་རྩ་བའི་སྔགས་ཞེས་གསུངས། །ཕྲ་མེན་ཉི་ཤུའི་ཚོགས་ལ་མགོ་དང་འཇུག་ཉིད་དུ། །ༀ་དང་ཧཱུྃ་ཕཊ་བརྒྱན་ཏེ་བཟླས་བྱས་ན། །ཅི་འདོད་ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཉི་ཤུ་རྩ་བརྒྱད་བྷྱོ་ཡིས་བསྐུལ་བར་གསུངས། །ཨེ་ཧྱ་ཧི་ཨ་ན་ཡ་ཛཿཧཱུྃ་བཾ་ཧོ་རྃ་གྱིས་སྤྱན་ཡང་དྲངས། ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ་གིས་འཇུག་པ་ཉིད་དུ་བྱ། དངོས་གྲུབ་བླང་ཕྱིར་བསྐུལ་ཚིག་འདི་ཡང་བརྗོད། །དྲེགས་པས་ཁྲོ་ལ་ཐུགས་རྗེའི་ཁྲོས་པས་དྲེགས་པ་ངང་གིས་ཞི་མཛད་པ། །ཐུགས་རྗེ་དཔལ་ཆེན་རྔམས་པའི་ཆ་ལུགས་འཛིན་པ་རྣམས། །ཁྲོ་རྒྱལ་རྔམས་པའི་སྐུ་གསུང་ཐུགས་ཡིན་ཕྲིན་ལས་རྨད་པོ་ཆེ། དུས་འདི་ཉིད་དུ་རྣལ་འབྱོར་བདག་ལ་སྩལ་དུ་གསོལ། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟཾ་ཕཊ་ཧོཿཞེས་པས་བླང་བར་བྱ། དེ་ཉིད་ཁྲག་འཐུང་སྦྱོར་བའི་བརྡར་ཡང་མཁས་པས་བཤད། །ཨ་ལི་ཨུ་ལི་ཏ་པ་ཏི་དཾ་ཥཾ་ར་ཏྲི་ཁ་རཾ་ཡོ་གི་ནི་ཁ་ཧི་ཧོ་ཞེས་མཆོད་པར་བྱ། དེ་ཉིད་གཉིས་མེད་པོ་དེ་བསྟིམ་པའི་བརྡར་ཡང་མཁས་པས་བཤད། །ཧཱུྃ་ཧ་ཧེ་ཕཊ་ཅེས་སྙིང་པོས་གདོན། དེ་ཉིད་མཁས་ལ་གདོན་པར་ཡང་ནི་རྒྱལ་བས་གསུངས། །ནུས་མཐུས་ཚིག་འབར་གང་བར་ཆེ་འབྲིང་རྣམ་པ་དགུའོ། །ཁྲོ་བོའི་སྔགས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།བཅོམ་འདས་དགྱེས་པས་ཉིད་ཀྱིས་དཀྱིལ་འཁོར་བསྟན་པའི་ཕྱིར། །འགྲོ་བའི་ཆེད་དུ་དཀྱིལ་འཁོར་དེ་ཉིད་ཆེད་དུ་བརྗོད་པར་མཛད། །དབྱིབས་རྒྱན་གདན་དང་མདོག་དང་ཆ་ལུགས་དང་། །ཆས་དང་གསུང་སྒྲ་ཕྱག་མཚན་བཙུན་མོ་ཉིད་དང་འཁོར། །རྣམ་པ་འདི་བཅུས་འབར་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །དབྱིབས་ནི་ཡེ་ཤེས་མེ་འབར་བ་ཡི་འཁོར་ལོ་རྩིབས་བཞི་པ། །མུ་ཁྱུད་གྲུ་ཆད་སྒོ་བཞི་བར་ཁྱམས་གཉིས་ཀྱིས་གྲུ་བཞི་མཛེས། །གནས་ཀྱི་རྒྱན་མཆོག་ཐོད་པའི་ཕྲེང་བ་ཚར་གསུམ་དབང་ཚག་སྒྲོམ། །སྦྲུལ་ལྔ་རིགས་ལྔ་མངའ་བརྙེས་དུག་ལྔ་ལྷུན་གྱིས་གྲུབ། །ཉི་མ་གསལ་བསྲེག་རང་བཞིན་མཛད་པར་བཤད། །མེ་ཡི་རང་བཞིན་འབར་བ་ལ་ནི་འཕྲོ་བ་མང་པོ་འཁྲུག །གདན་མཆོག་གདུལ་དཀའ་མི་འཇིགས་ཁྱུ་མཆོག་དང་། །སྟོབས་མཆོག་མ་ཧེ་ཐིག་ལེའི་ཀློང་ཡངས་གཟིག །དཔའ་གཏུལ་ཟ་བྱེད་སྟག་དང་གཏུམ་རྔམས་དོམ་གྱི་སྡེར་མོ་ཡིས། །དབང་ཕྱུག་ཆེ་དང་དྲི་ཟ་གནོད་སྦྱིན་སྲིན་པོ་གཤིན་རྗེ་སོ་སོར་གཟུང་། །དེ་ཕྱིར་ཆེ་བའི་ཆེ་བ་དབང་ཕྱུག་ཀྱང་ཆེས་གནོན་ཅེས་བཤད། །སྐུ་མདོག་དྲག་པོའི་ཁ་དོག་ལྔར་སྣང་བ། །ཉི་ཤུ་རྩ་ལྔ་དྲག་པོའི་མདོག་ཡིན་ནོ། །ཚུལ་དགུ་ལྡན་ཕྱིར་འཇིགས་པའི་སྐུ་ཞེས་བཤད། །ཆ་ལུགས་རྣམ་ཐར་དབུ་གསུམ་ཕ་རོལ་ཕྱིན་དྲུག་ཕྱག །ཞབས་བཞི་བགྲོད་མེད་མཐར་ཕྱིན་ལམ་ཞེས་བཤད། །ཆས་ནི་ཞིང་དང་གླང་ཆེན་ཀོ་རློན་སྟག་སོགས་སྐུ་ལ་གསོལ། །ཐོད་སྦྲུལ་ཉི་མས་དབུ་དང་མགུལ་ཆུ་ཕྱག་ཞབས་བརྗིད་པར་བརྒྱན། །གསུང་སྒྲ་ཧཱུྃ་ཕཊ་ལ་སོགས་འཇིགས་པར་བསྒྲགས། །སྟོང་གི་འཇིག་རྟེན་ལ་སོགས་ཕྱག་མཚོན་ཆར་བ་རྣམས། །ཅེས་འདུལ་ཐབས་ཀྱི་རང་རང་ལག་ཆ་མ་ངེས་སྣ་ཚོགས་བསྣམས། །བཙུན་མོའི་ཚོགས་ནི་ཆ་ལུགས་ཡབ་དང་མཐུན་པར་འཁྲིལ། །དེ་ལྟར་ཡབ་ཡུམ་བཅུ་པོ་ཆེ་བར་བརྩིས་གྱུར་ན། །དབུ་ནི་སུམ་ཅུས་རྣམ་ཐར་སུམ་ཅུ་མཚན་པ་སྟེ། །རིགས་ལྔ་དབྱིངས་དང་ཡེ་ཤེས་རྣམ་ཐར་སུམ་ཅུ་ཡིན། །དགུ་བཅུའི་སྤྱན་གྱིས་ཉོན་མོངས་དགུ་བཅུའི་མཐའ་ལ་གཟིགས། །དྲུག་ཅུའི་སྙན་གྱིས་ལྟ་བ་བཅུ་དྲུག་མཐའ་གསན་ཅིང་། །དྲུག་ཅུའི་ཤངས་ནས་དྲུག་ཅུའི་འདུལ་བ་སྤྲུལ་པ་འཕྲོ། །དྲུག་ཅུའི་ལྗགས་ཀྱིས་ལྟ་བ་དྲུག་ཅུའི་འདུལ་ཐབས་འཆད། །དྲུག་ཅུའི་གནས་སུ་དྲུག་ཅུའི་སྐུར་སྟོན་པ། །དྲུག་ཅུའི་ཐུགས་ཀྱིས་དྲུག་ཅུའི་འདུལ་ཐབས་མངའ། །ཞབས་ནི་བཞི་བཅུ་ལམ་ཡང་བཞི་བཅུ་བགྲོད་མེད་དགྲོལ། །དབྱིངས་དང་ཡེ་ཤེས་ཀྱིས་ནི་རྟག་ཆད་མཐའ་བཅོམ་པས། །ལྷ་གནས་དྲུག་ཅུ་རྩ་གཉིས་འཇམས་ཞེས་མཁས་པས་བཤད། །སྤྱིར་ན་བཞི་བརྒྱ་དྲུག་ཅུའི་དགོངས་པ་བསམ་མི་ཁྱབ། །བསྣམས་པ་རྒྱན་གྱི་ཆེ་བ་བཤད་པ་ཡང་། །དབུ་རྒྱན་དང་ནི་མགུར་ཆུ་གསུམ་གསུམ་སྟེ། །དཔུང་རྒྱན་དང་ནི་ཕྱག་གདུབ་དྲུག་དྲུག་ཡིན། །སྐུ་ལ་གཡང་གཞི་ཀོ་རློན་ཤམ་ཐབས་སྐེད་བཅིངས་བཞི་བཞིས་བརྒྱན་པའོ། །ཞབས་གདུབ་བཞི་ཡིན་མེ་རིས་བརྒྱན་པ་སྟེ། །ལྔ་གཉིས་དག་ལ་ཕྱིར་ན་ཉིས་བརྒྱ་བདུན་ཅུས་བརྒྱན། །དེ་དག་མཚན་མའི་གཉེར་གྱིས་ཅི་རིགས་བཤད་པར་བྱ། །གནས་དང་ཡུལ་སྐྱོང་སླས་དང་བྱི་མོའི་ཚོགས། །ཞིང་གི་སྟན་དང་རང་རང་ལག་ཆར་བཅས། །ཅི་བགྱི་ཞེས་ཏེ་མངག་གཞུག་ཆས་ནས་གནས། །དེ་ཉིད་དབུ་གཅིག་སྤྱན་གསུམ་སྙན་ཤངས་ལྗགས་དང་ནི། །སྐུ་དང་ཐུགས་དང་ཞབས་ནི་གཉིས་གཉིས་ཏེ། །རེ་རེ་ལ་ཡང་བཅུ་དྲུག་ཆ་དང་ལྡན། །བཞི་བཅུ་རྩ་བརྒྱད་ཚོགས་ལ་བརྩིས་གྱུར་ན། །བདུན་བརྒྱ་དྲུག་ཅུ་རྩ་བརྒྱད་རྫོགས་པར་བཤད། །སྤྱིར་ན་བརྒྱ་ཕྲག་བཅུ་གཉིས་དང་ནི་ཉི་ཤུ་རྩ་བཞིར་བཤད། །དབུ་རྒྱན་མགུར་ཆུ་དག་ནི་རེ་རེ་སྟེ། །དཔུང་རྒྱན་ཞབས་གདུབ་ཕྱག་གདུབ་གཉིས་གཉིས་ཡིན། །གཡང་གཞི་ལ་སོགས་ལྔ་པོ་གཙོ་དང་མཐུན། །དེ་ལྟར་བརྩིས་ན་དྲུག་བརྒྱ་ཉི་ཤུ་རྩ་བཞི་ཡིན། །སྤྱིར་ན་རྒྱན་གྱི་ཆེ་བ་བརྒྱད་བརྒྱ་དང་ནི་དགུ་བཅུ་བཞིའོ། །དེ་ལྟར་སྟོང་ཕྲག་གཉིས་དང་བརྒྱ་དང་བཅོ་བརྒྱད་ཀྱིས། །གདུལ་བྱའི་དགོངས་པ་བསམ་ཡས་ལྷུན་གྱིས་གྲུབ། །འགྲོ་བ་གཅིག་ལའང་དེ་ཀུན་ཚང་བས་ན། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ། །འབར་བའི་དཀྱིལ་འཁོར་ཡིན་ཅེས་རྒྱལ་བས་དེ་ཕྱིར་གསུངས། །དེ་བས་དེ་ཕྱིར་རྩིས་ལས་འདས་ཞེས་མཁས་པས་བཤད། །ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་སྟོན་པས་མཉེས་པའི་མཆོད་པ་འགྲོ་བའི་དོན་དུ་འདི་བརྗོད་པ། །སྦྱོར་དང་སྒྲོལ་དང་བདུད་རྩི་འདོད་ཡོན་དང་། །འབྲས་བུ་དང་ནི་ཐེ་ཚོམ་བསལ་བ་རྣམ་དྲུག་ཡིན། །སྒྲོལ་བ་བདག་གཞན་གཉིས་སུ་མེད་པ་སྟེ། །ཐོག་མར་བདག་ཉིད་མཉམ་པའི་དོན་རྟོགས་དང་། །བརྟན་པར་བསྒོམ་སྟེ་བསྒྲལ་ཅེས་རྒྱལ་བས་གསུངས། །གཞན་གྱི་རྟོག་ངན་གཉིས་མེད་བློ་ཅན་གྱིས། །མ་རྟོགས་སེམས་ཅན་སྙིང་རྗེས་བསྒྲལ་བའི་ཕྱིར། །བདག་གཞན་གཉིས་མེད་དབྱིངས་སུ་གཅིག་པར་བསྒྲལ། །གཉིས་མེད་འཁྲིལ་བའི་ལྷག་སེམས་མཉམ་སྦྱོར་གྱིས། །བདག་ཉིད་བདེ་མྱོང་བདེ་གཤེགས་མཆོག་སྦྱོར་ཡིན། །མཉམ་པའི་གྲུབ་རྫས་བདུད་རྩི་རྣམ་ལྔ་པོ། །བདག་དང་མཉམ་པའི་བདེ་གཤེགས་ཚོགས་ལ་འབུལ། །འདོད་ཡོན་བཟའ་བཏུང་བགོ་དང་ལོངས་སྤྱོད་ལྔ། །དེ་ཉིད་དཀྱིལ་འཁོར་ཡིན་ཏེ་དཀྱིལ་འཁོར་ཚོགས་ལ་འབུལ། །འབྲས་བུ་རང་སེམས་བདེ་གཤེགས་ཡོན་ཏན་ཏེ། །ལྷ་ཀླུ་མཐུ་ཆེན་གཞན་ལས་ག་ལ་འབྱུང་། །དེ་ཕྱིར་སེམས་ཉིད་ལས་སུ་རང་བའི་རྣལ་འབྱོར་པས། །རང་ལུས་ཕྱག་རྒྱར་གསལ་ཞིང་སོམ་ཉི་མེད་གྱུར་ན། །རྒྱལ་བའི་དཀྱིལ་འཁོར་དངོས་གྲུབ་འབར་བ་འགྲུབ། །དེ་སྐད་བརྗོད་པས་མཆོད་པ་ཐམས་ཅད་ཀུན་ཏུ་ཁྱབ། །མཆོད་སྦྱིན་དམ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དོན་རྣམས་ཡོད་པར་བྱ་བའི་ཕྱིར། །དམ་ཚིག་འགྲོ་བའི་ཆེད་དུ་བརྗོད། །ཕུན་སུམ་ཚོགས་པ་རྣམ་དག་དང་ནི་མཉམ་ཉིད་དང་། །རྩ་དང་ཡན་ལག་ཉམས་སྐྱོན་ཡོན་ཏན་དང་། །གྲོགས་ངན་སྤངས་དང་རང་བཞིན་དབྱེ་བ་དང་། །དགོངས་པའི་དོན་དང་གྲུབ་དང་ཡོན་ཏན་རྣམས། །རྣམ་པ་བཅུ་གསུམ་གྱིས་ནི་ཡང་དག་བཤད། །ཕུན་སུམ་ཚོགས་པ་བླ་མེད་ཐེག་འདི་ལ། །ཉོན་མོངས་སྤྱད་ཀྱང་འབྲས་བུ་ཚོགས་འགྱུར་ཏེ། །ཚོགས་ཀུན་རྫོགས་པ་ཚུལ་ཁྲིམས་ཕུན་སུམ་ཚོགས། །རྣམ་དག་བླ་མེད་མཆོག་གི་དམ་ཚིག་འདིས། །འདུལ་དབང་སྡོམ་པ་ཇི་སྙེད་གསུངས་པ་ཡང་། །འདིར་འདུས་འདིས་གསུང་ངང་དུ་རྣམ་པར་དག །མཉམ་ཉིད་ཅེས་པ་བཞི་པོ་མ་གྲུབ་སྟེ། །དོན་དམ་ཡོད་མེད་དབུ་མར་མི་དམིགས་ཤིང་། །ཀུན་རྫོབ་སྣང་བ་སྒྱུ་མ་མིག་ཡོར་ཚུལ་ཡིན་པས། །སྲོག་དང་སྲོག་གཅོད་གཅད་པ་ག་ལ་ཡོད། །སྲོག་དང་སྐྱེས་བུར་བརྟགས་པའང་ལོག་པར་བརྟགས། །བདེན་གཉིས་དབྱེར་མེད་དབྱིངས་སུ་རོ་གཅིག་པས། །ཐམས་ཅད་རང་ལས་སྤྲུལ་ཏེ་ལོངས་སྤྱོད་དེ། །དེ་བས་རྫས་དང་མ་བྱིན་ལེན་དང་བླང་མི་དམིགས། །ཆོས་ཀུན་སྒྱུ་མ་མིང་ཚིག་བཏགས་ཀུན་བརྫུན། །བརྫུན་ལ་རྫུན་སྤྱོད་བརྫུན་བཏགས་ག་ལ་ཡོད། །ཆགས་མེད་དབྱིངས་ལ་རིག་པས་ཆགས་པ་དང་། །ཆགས་སྤྱོད་ཉིད་ན་ཆགས་དང་ཆག་མེད་ཆག་ཡུལ་མེད། །ཚངས་པར་སྤྱོད་ཉིད་ཚངས་མཆོག་ཚངས་ཆེན་ཡིན། །དེ་བས་བྱེད་སྤྱོད་ཐམས་ཅད་ཚོགས་ཆེན་རྫོགས་པར་རོལ། །རྩ་བ་རྣམ་ལྔ་བསྒྲུབ་དང་བསྲུང་བའི་དམ་ཚིག་ཡིན། །ཡན་ལག་བཅུ་ནི་ཡེ་ནས་དག་མཉམ་རྟོགས་པས་སྤྱོད། །རྩ་བ་ལྔ་ཉམས་སངས་རྒྱས་རིགས་མེད་སྐྱོན། །འདིར་ཡང་སྒྲུབ་པའི་ལོག་འགྱུར་ཕྱི་མ་ཡིད་དུ་མི་འོང་འགྱུར། །ཡན་ལག་འདའ་དཀའ་འབྲས་བུ་མེད་དེ་ངན་སོང་ལྟུང་རྣམས་ཉམས། །ཡོན་ཏན་སངས་རྒྱས་མཉམ་ཐོབ་འགྱུར། །གྲོགས་ངན་རྩ་བའི་དམ་ཚིག་ཉམས་པའི་འཆལ་བ་དག །ཉམས་ན་མྱུར་དུ་གསོ་ལ་མི་བརྩོན་པ་ཡི་གང་ཟག་དང་། སྐད་ཅིག་སྨྲས་པ་ཙམ་གྱིས་ཉེས་པ་འགོ་བ་ཡོང་། །རང་བཞིན་རྡོ་རྗེ་སངས་རྒྱས་བདག་ཉིད་ཡིན། །དབྱེ་བ་རྩ་བའི་དམ་ཚིག་ལྔ་པོ་གཅིག་ལ་ཡང་། །རང་གི་མཚན་ཉིད་ཐབས་དང་རང་བཞིན་མེད་པར་ཤེས་རབ་གཉིས་ཞེས་བྱ། །གཅིག་ལའང་རང་རིག་དེ་ལ་སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །གཞི་དང་ཡན་ལག་དེ་ལྟར་བཅུ་ཕྲག་གསུམ་ཞེས་བྱ། །དེ་ཡི་སྟེང་དུ་གཞི་མོ་སུམ་ཅུ་བསྣན་ནས་བརྒྱ་དྲུག་ཅུ། །ཡན་ལག་བཅུ་པོ་གཅིག་ལ་ཡང་ནི་རིགས་ལྔ་སྟེ། །དེ་ལས་སྐུ་གསུང་ཐུགས་ཏེ་ཉི་ཤུ་འགྱུར། །དེ་ལྟར་སྤྱིར་ན་སུམ་བརྒྱ་དྲུག་ཅུར་འགྱུར། །དགོངས་པས་འགྲོ་བའི་རྣམ་རྟོག་ཇི་སྙེད་པ། །དེ་འདུལ་གཉེན་པོར་དམ་ཚིག་དེ་སྙེད་འཕྲོ། །ཀུན་བཟང་ཆེན་པོ་ཡོན་ཏན་ཇི་སྙེད་པ། །བསམ་ཡས་དམ་ཚིག་འདིས་ནི་འགྲུབ་པར་གསུངས། །ཡོན་ཏན་དམ་ཚིག་བསྲུང་བའི་རིག་འཛིན་དེ། །སྲིད་གསུམ་གཙོ་དང་ང་ཡི་འཁོར་གྱིས་བཀུར། །སངས་རྒྱས་སྲས་མཆོག་དཔའ་བོས་སྤུན་དུ་དགོངས། །བདེ་གཤེགས་ཐུན་མོང་མིན་པའི་ཡུལ་དུ་ཞུགས། །ཀུན་བཟང་འཇིགས་མེད་ཕྱག་རྒྱ་ཆེན་པོར་སྦྱོར། །བདེ་གཤེགས་སྦྱོར་དང་འདུལ་ཐབས་བསམ་ཡས་པ། །དེ་དག་ཀུན་ཀྱང་རྣམ་དག་ལྷུན་གྱིས་གྲུབ། །དམ་ཚིག་ཉམས་ཀྱང་གསོ་རུ་རུང་ཞེས་བདེ་གཤེགས་གསུངས། །གཞན་ཡང་བསམ་ཡས་ཡོན་ཏན་བརྗོད་མི་ལང་། །དེ་སྐད་བརྗོད་པས་སངས་རྒྱས་ཉིད་དུ་འགྱུར། །དམ་ཚིག་གི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་བདེ་གཤེགས་དགྱེས་ཆེན་པོས། །ལྷུན་གྲུབ་བྱིན་གྱིས་རློབ་པར་མཉམ་བཞག་གནས། །རྣམ་པ་བཞི་ཡི་ཕྲིན་ལས་འགྲོ་བའི་ཕྱིར་དུ་བརྗོད། །ཐབས་ཀྱི་བྱེ་བྲག་དང་ནི་ཁྱད་པར་ཕྲིན་ལས་དང་། །ཕྱི་ནང་གསང་བ་གནས་ཀྱི་ཁྱད་པར་གསུམ། །ཐབས་ཀྱི་བྱེ་བྲག་སོ་སོའི་མཎྜལ་དང་། །ལྷ་ཡི་ཁྱད་པར་དང་ནི་ཏིང་འཛིན་དང་། །མཆོད་སྦྱིན་དང་ནི་རྒྱུ་དང་གཟུགས་བྱད་དང་། །དགུག་དང་གདབ་དང་ཚོགས་ལ་དབུལ་བ་དང་། །ཕྱག་རྒྱ་དང་ནི་དགོངས་པ་གང་ཡིན་པས། །ལྷག་མ་བྱིན་ཏེ་རྣམ་པ་བཅུ་གཉིས་ཡིན། །དཀྱིལ་འཁོར་ཨེ་ཝྂ་མ་ཡའི་ཚོགས་མཆོག་རྣམས། །གྲུ་གསུམ་ཟླ་གམ་གྲུ་བཞི་ཟླུམ་པོར་བཤད། །གཏུམ་ཆེན་རྔམས་དང་གཟི་བརྗིད་ལྷུན་ཆེན་དང་། །འདུ་འཕྲོ་གཟི་ཆེན་གསལ་བའི་གཟི་བརྗིད་ནི། །དྲག་དབང་རྒྱས་ཞི་ལྷ་ཡི་ཁྱད་པར་ཡིན། །ཁྲོ་ཆགས་དགའ་བ་དྭང་བའི་ཏིང་འཛིན་དང་། །དེ་དུས་འཕགས་པ་མཆོད་ཅིང་འགྲོ་ཚིམ་བྱ། །ལིངྒའི་རྒྱུ་ནི་བདུད་རྩི་ལྔའམ་ཟས་ལྔ་ལས། །གང་འདོད་གཟུགས་བྱས་སྙིང་གར་མིང་བྲིས་ཏེ། །དེ་ཡི་རྣམ་པར་ཤེས་པ་དགུག་སྟེ་དབབ། །ཁྲོ་དང་ཆགས་དང་ང་རྒྱལ་དགའ་འཕྲོ་དང་། །ལྷན་ནེར་གསལ་བ་གྲུབ་པ་ལས་བཞིའོ། །དབྱིབས་དང་ཁ་དོག་མཚན་ལྡན་རབ་ཏུ་གདབ། །དེ་ཉིད་སོ་སོའི་ཚོགས་ལ་བསྟིམས་པར་དབུལ། །དེར་ནི་ལུ་གུ་རྒྱུད་དུ་འབྲེལ་བསྡམས་བཅིངས་བསྐྱོད་བྱ། །དགོངས་པ་སངས་རྒྱས་སྐུ་ཡང་མྱོས་འགས་ཚིག་པ་དང་། །དགུག་འགྱུར་ཕྱིར་འབྲེང་དབང་དུ་གྱུར་པ་དང་། །ཡིད་བཞིན་གཏེར་གྱིས་ནམ་མཁའ་འགེངས་པ་དང་། །གཏུམ་ཆེན་ཏམས་པའང་མི་གཡོ་ལྷན་ནེར་འགྱུར། །སླས་དང་བྱི་མོ་བྲན་མོ་བྲན་དུ་བཅས་པ་ལ། །ལྷག་མ་བྱིན་ཏེ་གང་འདོད་དེ་ལ་སྒོ། །ཁྱད་པར་ཕྲིན་ལས་ཁྲག་འཐུང་ཚོགས་རྣམས་ཀྱིས། །བསྐྱོད་པའི་བྲོ་དང་ཕྱག་རྒྱ་གར་དང་ནི། །སྙན་པའི་གླུ་བླངས་སྔགས་ཀྱི་ཚིག་རྣམས་ཀྱིས། །ཅི་འདོད་ལ་སོགས་ལས་རྣམས་འགྲུབ་པར་གསུངས། །ཞི་རྒྱས་དབང་དྲག་ཕྱི་ནང་གསང་བའི་གནས། །ལྗོན་ཤིང་ཅན་དང་ལྕུག་ཕྲན་རྒྱས་པའི་ཚལ། །ཤིང་གཅིག་དྲུང་དང་མེས་ཚིག་ཕྱི་ཡི་གནས། །མ་རྨས་པ་དང་པུ་ཏྲ་མང་འཕེལ་དང་། །སྐྱེ་རྒྱུད་མེད་དང་བཀྲ་མི་ཤིས་གསང་བ། །ཏིང་འཛིན་རྣམ་པ་བཞི་ནི་ནང་གི་ཡིན། །ཕྲིན་ལས་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བདེ་གཤེགས་ཉིད་ཀྱིས་ནི། །དཀྱིལ་འཁོར་ཆེ་བའི་གླུ་བླངས་པ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ཀྱི། །རང་བཞིན་སྤྱིར་བསྟོད་པ་སྟེ་དྲུག་ཡིན། །རེ་རེ་ལ་ཡང་དབྱེ་ན་བཞི་བཞི་སྟེ། །ཆེ་བ་ཉི་ཤུ་རྩ་བཞིར་ཤེས་པར་བྱ། །དེ་ཀུན་ལས་དང་རང་བཞིན་མཐུན་དཔེས་བཤད། །ཁྲོ་བོ་ལ་བསྟོད་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་དགྱེས་ཆེན་པོས། །གསང་བ་འདི་ཉིད་སྣང་བྱའི་ཕྱིར། །སྡུག་པ་ཀུན་ཏུ་བཟང་པོ་ལ། །བསྟན་པ་གཟུང་བར་ཆེ་བར་བརྗོད། །ཀྱེ་ཀྱེ་ཞེས་སུ་བོས་ནས་སུ། །གསང་བ་བསྡུ་བར་གཏད་པར་མཛད། །ཕྱོགས་བཅུ་དུས་བཞི་བདེ་གཤེགས་ངོ་བོ་ལ། །གཟུང་འཛིན་སྤྲོས་པ་མཆིས་པའི་ངོ་བོར་འཁོར། །དེ་ཉིད་བཟློག་ཕྱིར་ཁྱད་པར་རིམ་བཀོད་པ། །གསང་བ་སྙིང་པོའི་བར་དུ་བཀོད་པར་ཟད། །བདེ་གཤེགས་ངོ་མཚར་བསམ་ཡས་དཀྱིལ་འཁོར་ཀུན་གྱིས་བཤད་པ་ཡང་། །འགྲོ་བའི་དོན་དུ་འགྱུར་ཞེས་རྒྱལ་བས་བཤད། །དེ་ཀུན་ནང་ན་བདེ་གཤེགས་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་མཆོག་ཏུ་གསུངས། །མཆོག་འདི་རྟོགས་ནས་འཆད་པར་བྱེད་པའི་སྐྱེས་བུ་ནི། །རྡོ་རྗེ་སེམས་དཔའ་དེ་ཉིད་ཡིན་ཏེ་གསང་བའི་དབང་ཡང་རྫོགས། །ཅི་ཕྱིར་ཞེ་ན་རྒྱལ་བ་ཀུན་ལ་ཡང་། །གསང་བ་འདི་ལས་གཞན་མི་མངའ། །ཡོད་མེད་སྒྲོ་སྐུར་ཞི་བའི་གསང་བ་འདི། །རྒྱལ་བ་ཀུན་གྱི་དགོངས་པའི་ཀློང་ནས་ཕྱུང་། །གསང་བའི་འདི་ཉིད་སུས་འཛིན་དེ་ནི་ངེས་པར་ལུང་བསྟན་ཏེ། །རྒྱལ་བའི་ཐུགས་ལས་སྐྱེས་པའི་སྲས་མཆོག་ཡིན། །སངས་རྒྱས་སར་གནས་རིག་འཛིན་དེ་ལ་གསང་བ་འདི་ཉིད་གནས། །དེ་སྐད་བརྗོད་པས་རྒྱལ་བ་ཐམས་ཅད་གཉིས་མེད་དོན་ལ་རབ་དགྱེས་ནས། །དུས་བཞི་མཉམ་པ་ཉིད་དེ་ཆོས་ཀྱི་དབྱིངས་ཉིད་དུ། །སྟུག་པོ་བཀོད་པའི་རྒྱན་ལ་ཐིམ་སྟེ་བཞུགས། །ཡོངས་སུ་གཟུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།བཀའ་གསང་རྒྱལ་པོ་ཐུགས་ཀྱི་ཡང་གསང་འདི། །བདེ་གཤེགས་དགོངས་རྒྱུད་ཐུན་མོང་མ་ཡིན་པས། །རྟོག་གེ་བདག་འདྲའི་སྤྱོད་ཡུལ་མ་ཡིན་ཞིང་། །རྩིང་པོའི་བློ་ཡིས་དཔྱད་པར་མི་འོས་ཀྱང་། །ཕྱི་རབས་དད་པ་ཅན་ལ་ཕན་གདགས་ཕྱིར། །མདོར་བསྡུས་དབྱེ་བའི་རིམ་པ་འདི་བརྩམས་པས། །ཚིག་དོན་གསང་བ་ཅི་དང་ཅི་འགལ་བ། །རྣལ་འབྱོར་དབང་ཕྱུག་སྤྱི་ལ་བཟོད་པར་གསོལ། །ཐུགས་ཀྱི་སྒྲོན་མ་གསང་བའི་འགྲེལ་པ་འདི། །ལུང་དང་མན་ངག་རིགས་པས་གཏན་ལ་ཕབ། །དྭངས་པའི་བློ་ལ་རང་གཞུང་རྣམ་ཕྱེ་བས། །རྟོགས་དཀའ་གསང་བའི་ཐེག་པའི་དོན་རྟོགས་ནས། །ཤེས་དཀའ་གསང་བའི་ཐེག་པའི་དོན་ཤེས་ཤིང་། །གསང་སྔགས་རྒྱ་མཚོ་ཁོང་དུ་ཆུད་པར་ཤོག །གང་གིས་གསང་བའི་རྒྱུད་འདི་རབ་ཏུ་རྟོགས་དཀའ་བས། །ཚིག་གི་སྒྲོན་མས་དོན་གྱི་གསེར་འཚོལ་ཏེ། །བདེ་བླག་ཏུ་ནི་རྟོགས་པའི་བསོད་ནམས་གང་། །མཐའ་ཡས་སེམས་ཅན་ཀུན་གྱི་ཐོབ་པར་ཤོག །འཕགས་པ་རྟོག་པའི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལས། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། །ཐམས་ཅད་མ་ལུས་པར་འཕྲོས་ཏེ་འཁོར་ལོར་བསྐོར་བ་དེ་དག་གི་འབྲས་བུ་མཆོག་གི་རྒྱུད་ཀྱི་དོན་བསྡུས་འགྲེལ་པ་པིཎྜརྠ་ར་ཞེས་བྱ་བ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་མཛད་པ། པཎྜི་ཏ་དེ་ཉིད་དང་། ཞུས་ཆེན་གྱི་ལོ་ཙཱ་བ་རིན་ཆེན་ཨ་ཙརྻ་རྨ་རིན་ཆེན་མཆོག་དང་གཉག་ཛྙཱ་ན་ཀུ་མཱ་རས་དཔལ་བསམ་ཡས་དབུ་རྩེའི་སྟེང་ཁང་དུ་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།

ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བའི་འགྲེལ་པ།

ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བའི་འགྲེལ་པ་བཞུགས། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བའི་དོན་བསྡུས་པའི་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོ་ལ་དོན་རྣམ་པ་གཉིས་ཏེ། མཚན་ཉིད་ཀྱི་ཐེག་པ་དང་། རྡོ་རྗེའི་ཐེག་པའོ། །དེ་ལ་མཚན་ཉིད་ཀྱི་ཐེག་པ་ནི། མདོ་སྡེ་དག་ལ་སོགས་པའི་ཚུལ་གྱིས། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་བསྐལ་པ་གྲངས་མེད་པ་གསུམ་གྱི་ས་གནོན་པ་སྟེ། ཡུན་རིང་པོ་ནས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ། བཀའ་བ་སྣ་ཚོགས་པ་སྤྱོད་པས་གྲུབ་ཅེས་འབྱུང་། རྡོ་རྗེ་ཐེག་པ་ནི་གསང་སྔགས་ཀྱི་སྒོ་ནས་འཇུག་པ་སྟེ། །རྡོ་རྗེ་ལྟ་བུ་རྣམ་པ་གསུམ་གྱི་མཐུ་རྙེད་ནས། ཚེ་འདི་ལ་འགྲུབ་ཅེས་འབྱུང་བ་སྟེ། དེ་ནི་ཐེག་པ་ཆེན་པོའི་ཡང་ཆེན་པོ་ཞེས་བྱའོ། །འདི་མགོ་མཇུག་ཏུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་དཀྱིལ་འཁོར་གསུམ་དུ་འདུས་ཤིང་། ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པས། ཡོན་ཏན་གྱི་ཁྱད་པར་གོང་ན་མེད་དེ། བཅོམ་ལྡན་འདས་ཀྱི་གསུངས་པ་ཐམས་ཅད་ཀྱི་ནང་ན་ཡང་བཀྲི་བའི་དོན་མ་ཡིན་གྱི། ངེས་པའི་དོན་གཏན་ལ་ཕབ་པ་དང་། རྨད་དུ་བྱུང་བའི་སྡེ་ལས་བཏུས་ཏེ་བསྟན་ཏོ། །དེ་ལ་འཕགས་པ་ཐབས་ཀྱི་ཞགས་པ། པད་མོ་ཕྲེང་བའི་དོན་བསྡུས་པ་ཞེས་བྱ་བ་ནི། དེ་ལ་འཕགས་པ་ནི་ཉན་ཐོས་དག་ཀྱང་འཇིག་རྟེན་ལས་འཕགས་མོད་ཀྱི་སྐབས་འདིར་དེ་ལ་མི་བྱའོ། །ཐེག་པ་ཆེན་པོའི་ཡང་ཆེན་པོ། ཉན་ཐོས་དང་ཡུན་རིང་པོ་ནས་འགྲུབ་པ་ལས་འཕགས་པ་སྟེ། ཚེ་འདི་ཉིད་ལ་གྲུབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཆེན་པོ་ལ་བྱའོ། །ཐབས་ཀྱི་ཞགས་པ་ཞེས་བྱ་བ་ནི་ཐབས་ནི་སྙིང་རྗེ་ཆེན་པོ་སྟེ། མཚམས་མེད་པ་ལྔ་ལ་སོགས་པ་ལ་རོལ་ཅིང་། ཕྱིན་ཅི་ལོག་ལ་ཞེན་པའི་སེམས་ཅན་རྣམས་སྒྲོལ་བའོ། །ཞགས་པ་ནི་མི་གཏོང་བ་སྟེ། འཁོར་བ་ཉིད་མཉམ་པའི་ཆོས་སུ་མཁྱེན་པས། འཁོར་བར་མི་གཏོང་བར་སྦྱོར་བ་ལ་བྱའོ། །འདི་ནི་སྦྱོར་བ་རྣམ་གཉིས་ཞེས་བྱ། ཆེ་མཆོག་རྣམ་གཉིས་ཞེས་ཀྱང་འབྱུང་། །པད་མོ་ཞེས་བྱ་བ་ལ། པདྨ་ནི་ཤེས་རབ་ཀྱི་རྟགས་ཏེ། ཆོས་ཐམས་ཅད་ལ་དཔྱོད་ཀྱང་། བག་ཆགས་སུ་མི་འགྱུར་བའོ། །ཕྲེང་ཞེས་བྱ་བ་ནི། ཐབས་ཀྱི་རྟགས་ཏེ། སྤྲུལ་པའི་ཕྲེང་བ་རྒྱུན་མ་ཆད་པ་ལ་བྱའོ། །དཔེར་ན་ཐབས་དང་ཤེས་རབ་ཟུང་འབྲེལ་བས། །འཁོར་བ་དང་མྱ་ངན་ལས་འདས་པ་མི་གནས་པའི་དོན་ཏོ། །དོན་བསྡུས་པ་ཞེས་བྱ་བ་ནི། གསུང་རབ་བཅུ་གཉིས་དང་། ཏན་ཏྲ་སྡེ་བཅོ་བརྒྱད་ལ་སོགས་པ་ལས་བསྡུས་པའོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་རིགས་རྣམ་པར་སྣང་མཛད་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རིག་པའི་བྱིན་རླབས་ལས་བྱུང་བའི་མཆོད་པས། རྒྱ་ཡོངས་སུ་མ་ཆད་པའི་གཞལ་ཡས་ཁང་། །བླ་རེ་དང་། གདུགས་དང་། རྒྱལ་མཚན་དང་། སྒེག་མོ་ལ་སོགས་པ་ཕྱི་ནང་གི་མཆོད་པ་བརྒྱད་ཀྱིས་མཆོད་དེ། ལན་གསུམ་བསྐོར་བ་བྱས་ནས། སོ་སོ་རིག་པ་འདུན་པའི་ཕྱག་འཚལ་ནས། །སྤྱན་སྔར་འདུག་སྟེ། འདི་སྐད་གསོལ་ཏོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ། རྡོ་རྗེ་སེམས་དཔས་དོན་བསྡུས་པར་གསོལ་བའི་ཕྱིར། རིག་པའི་བྱིན་གྱིས་བརླབས་ལས་བྱུང་བའི་མཆོད་པའི་སྤྲིན་ཆེན་པོས་མཆོད་དེ། འོག་ནས་བྱུང་བའི་འདི་སྐད་གསོལ་བ་བཏབ་པའི་དོན་ཏོ། །བཅོམ་ལྡན་འདས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ། ཉན་ཐོས་དང་ཐུན་མོང་མ་ལགས་པ་ཐབས་གང་གིས་རྟོགས་པ་དེ། ཚེ་འདི་ཉིད་ལ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་བའི་དོན་བརླབས་ཏེ་བཤད་དུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་བཏབ་བོ། །ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་གསོལ་བ་བཏབ་པ་དང་། ཅི་ཡང་མི་གསུངས་པ་འཛུམ་པ་མཛད་ནས། །འདི་སྐད་བཀའ་སྩལ་པ། ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་དོན་བསྡུ་བར་གསོལ་བ་གནང་ནས། ད་ལྟར་དང་མ་འོངས་པའི་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། དོན་བསྡུ་བར་གསོལ་བ་འདི་ཡིན་ནོ་སྙམ་ནས་དགྱེས་ཏེ། འཛུམ་པ་མཛད་ནས་འོག་མ་ནས་འབྱུང་བ་སྐད་བཀའ་སྩལ་ཅེས་བྱ་བའི་ཐ་ཚིག་གོ། །སེམས་དཔའ་ཆེན་པོ་ཉོན་ཅིག །དོན་འདི་དང་ཕྱི་ནང་གི་ཆོས་ཐམས་ཅད་འདྲ་སྟེ། བདེན་པ་གཉིས་སུ་འདུས་སོ། །བདེན་པ་གཉིས་ལ་ཚུལ་འདི་ལྟར་རིག་པར་བྱའོ། །ཞེས་བྱ་བ་ནི། གོ་བར་བྱ་བའི་ཕྱིར། སེམས་དཔའ་ཆེན་པོ་ཞེས། རྡོ་རྗེ་སེམས་དཔའ་ལ་བོས་པའོ། །འདིའི་དོན་དང་ཕྱི་ནང་གི་ཆོས་ཐམས་ཅད་འདྲ་སྟེ། ཞེས་བྱ་བ་ནི། ཐབས་ཀྱི་ཞགས་པ་པདྨོ་ཕྲེང་གི་དོན་དང་། ཕྱི་སྣོད་གི་འཇིག་རྟེན་དང་། བཅུད་ཀྱི་འཇིག་རྟེན་གྱི་ཆོས་ཐམས་ཅད་འདྲའོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་འདྲ་ཞེ་ན། ཞེས་བྱ་བ་སྨོས་ཏེ། སྣོད་བཅུད་ཀྱི་འཇིག་རྟེན་གྱི་ཆོས་དང་། ཐབས་ཀྱི་ཞགས་པ་པདྨ་ཕྲེང་གི་དོན་དང་འདྲ་སྟེ། ཆོས་ཐམས་ཅད་བདེན་པ་གཉིས་སུ་འདུས་པའི་ཐ་ཚིག་གོ། །དེ་ལ་བདེན་པ་གཉིས་ནི་གང་། ཚུལ་ཅི་ལྟར་རྟོགས་པར་བྱ་ཞེ་ན། བདེན་པ་གཉིས་ལ་ཚུལ་འདི་ལྟར་རིགས་པར་བྱ་ཞེས་སྨོས་ཏེ། བདེན་པ་གཉིས་ནི་དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པའོ། །དེ་ཡང་ཉན་ཐོས་ཀྱི་ལྟར་མ་ཡིན་གྱིས། ཆོས་ཐམས་ཅད་མཚན་མ་མེད་པ་ལས་བྱུང་བས། དོན་དམ་པའི་རྒྱུའོ། །སྒྱུ་མ་ཙམ་དུ་སྣང་བས། ཀུན་རྫོབ་ཀྱི་འབྲས་བུར་རིག་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། བདེན་གཉིས་རྒྱུ་དང་འབྲས་བུའི་ཚུལ། །དེ་བཞིན་ཉིད་ལ་གནས་བཅས་ནས། །ཕྱི་ནང་སྣོད་བཅུད་རྣམ་པར་དག །བྱེད་དཔྱོད་ཐམས་ཅད་ཚོགས་གཉིས་འགྱུར། །ཞེས་གསུངས་ཏེ། སྣོད་ཀྱི་འཇིག་རྟེན་ལྟ་བུ། ཆེན་པོ་གཅིག་གི་ནང་ན་ཡང་ལྔ་ཡོད་དེ། དེའི་ཆས་གཞིགས་ན། ཆེན་པོ་ལྔ་ཡང་མ་གྲུབ་སྟེ། རང་བཞིན་མེད་པ་དང་། ནང་བཅུད་ཀྱི་འཇིག་རྟེན་ལྟ་བུ་ཡང་། སེམས་དང་སེམས་ལས་བྱུང་བའི་ཆོས་སྔ་མ་ནི་འདས། ཕྱི་མ་ནི་མ་འོངས་པའོ། །ད་ལྟ་ནི་མི་གནས་པས་རང་བཞིན་མེད་དོ། །རང་བཞིན་མེད་པ་ནི། དོན་དམ་པའི་བདེན་པ་སྟེ་རྒྱུའོ། །དེ་ལས་སོ་སོའི་རྩལ་སྒྱུ་མ་ཙམ་དུ་ཡོད་པ་ནི། ཀུན་རྫོབ་ཀྱི་བདེན་པ་སྟེ་འབྲས་བུའོ། །ཆོས་དེ་དག་གི་དེ་བཞིན་ཉིད་ནི་དོན་དམ་པ་སྟེ། རྒྱུ་ལ་མི་གནས་པའི་ཚུལ་གྱིས་གནས་ནས། ཕྱི་ནང་གི་སྣོད་བཅུད་ཀྱི་འཇིག་རྟེན་འབྲས་བུའི་ཆོས་ལ་ཇི་ལྟར་དཔྱད་ཀྱང་སྒྲིབ་པ་རྣམ་གཉིས་སུ་མི་འགྱུར་ཏེ། དེ་ལྟར་ཆོས་ཐམས་ཅད་ལ་དཔྱད་ཀྱང་། མཚན་ཉིད་མེད་པས། བག་ཆགས་སུ་མི་འགྱུར་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བདག་དང་འཕགས་པ་ཐམས་ཅད་མཉམ་པའི་ཕྱིར། སྤྱོད་པ་ནི་བསོད་ནམས་ཀྱི་ཚོགས་སུ་འགྱུར་ཞེས་བྱ་བའི་དོན་ནོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་དཔྱད་པས་རྫོགས་ཞེས་འབྱུང་ན། དེ་དག་རྫོགས་སམ་ཞེ་ན། རྫོགས་པར་བསྟན་པའི་ཕྱིར། ཕ་རོལ་ཕྱིན་བཅུ་རྫོགས་པ་སྟེ། །ས་བཅུ་རིམ་གྱི་བཀོད་པ་ལ། །མཉམ་ཉིད་རིག་པའི་རྡོ་རྗེ་ཡིས། །ས་རྣམས་མཉམ་པ་ཉིད་དུ་སྦྱོར། །ཞེས་གསུངས་ཏེ། བག་ཆགས་སུ་མི་འགྱུར་བས། ཆོས་ཐམས་ཅད་ལ་དཔྱོད་པ་ནི། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་དང་བཅས་པའོ། །ཉོན་མོངས་པ་རྣམ་པར་བྱང་བ་མི་ཞན་པར་རིག་ནས། བདག་དང་འཕགས་པ་ཐམས་ཅད་སོ་སོ་མ་ཡིན་ཐ་མི་དད་པར་རྟོགས་པ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ལྟ་བུའི་ཆོས་ལ་བཟོད་པའམ། འཁྲུལ་པར་འགྱུར་ཀྱང་སྒྲིབ་པ་མི་འགྱུར་བ་དང་། མཚན་དང་དཔེ་བྱད་འོག་ནས་འབྱུང་བ་ལྟར་རིག་པ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །སྤྱོད་ལམ་རྣམ་བཞིར་གཉིད་ལོག་ཀྱང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་རིག་པ་ནི། འབད་པ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དབང་པོ་ལྔ་ནི་རིགས་ལྔ། ཡུལ་ལྔ་ནི་ཡུམ་ལྔའི་རིག་ནས། སེམས་གཡོས་ཀྱང་། ཆོས་དབྱིངས་ལས་མི་འགྱུར་བར་རིག་ཅིང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། ཆོས་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་པ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འཁོར་བའི་ཆོས་ལ་སྤྱོད་ཀྱང་། མྱ་ངན་ལས་འདས་པ་དང་། སོ་སོ་མ་ཡིན་པར་རིག་པ་ནི། ཉན་ཐོས་ལས་ཁྱད་པར་ཆེ་བས། །ཤེས་པ་ནི་ནང་ན་ཁྱད་པར་ཆེའམ། ཕུལ་ཞེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད། རྣམ་པར་བྱང་བའི་ཆོས་སུ་རིག་ཅིང་། འཕགས་པ་ཐམས་ཅད་ཆད་མཉེས་པས། བདག་དང་གཞན་གྱི་དོན་དུ་འགྱུར་ཞིང་གྲོལ་བ་ནི། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་དང་འཕགས་པ་ཐམས་ཅད་སོ་སོ་མ་ཡིན་པ་དང་། ཞིང་དང་སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པར་རིག་པ་ནི། སྨོན་ལམ་ཀྱི་ཕ་རོལ་དུ་ཕྱིན་པའོ། །འཁོར་བ་དང་ཀུན་ནས་ཉོན་མོངས་པ་ལས། མྱ་ངན་ལས་འདས་པ་དང་། རྣམ་པར་བྱང་བ་གུད་ན་མེད་པར་རིག་སྟེ། འཁོར་བ་དང་ཀུན་ནས་ཉོན་མོངས་པ་གནོད་པ་ནི། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཟག་ལ་བདག་མེད་པར་རྟོགས་པས། བག་ཆགས་ལ་སོགས་པའི་གནས་མེད་ཅིང་ཆོས་ལ་བདག་མེད་པས། བག་ཆགས་རང་རང་གི་ངོ་བོ་ཡང་མེད་པར་རིག་ཅིང་། དེ་ལྟར་རིག་པའི་ཡེ་ཤེས་སུ་དུས་ཐམས་ཅད་དུ་འགྱུར་བ་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་འབྲས་བུ་ནི། ས་དང་པོ་ནས་བཅུ་པའི་བར་དུ་སྟེ། ཉན་ཐོས་ཀྱི་ལྟར་རིམ་གྱིས་བསྒྲོད་པ་ནི་མ་ཡིན་གྱི། སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེས། མཉམ་པ་ཉིད་དུ་སྦྱོར་བས། ས་བཅུ་ཡང་ཚེ་འདི་ཉིད་ལ་སྐད་ཅིག་གིས་རྫོགས་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དཔའ་ཆེན་པོ་ཉོན་ཅིག །ཞེས་བྱ་བ་ནི། ཀུན་ནས་ཉོན་མོངས་པའི་ཆོས་དང་། རྣམ་པར་བྱང་བའི་ཆོས། མཚན་ཉིད་གཅིག་ཏུ་སྟོན་པ་ལས། ཐེ་ཚོམ་ཟ་བར་དོགས་ནས། འདི་སྐད་གསུངས་སོ། །རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །ཆོས་ཀུན་སྒྱུ་མར་རིག་པའི་ཕྱིར། །དངོས་དང་དངོས་མེད་བག་ཆགས་བསྲེགས། །ཡང་ན་ཡེ་ཤེས་མེ་ཞེས་བྱ། །ཞེས་གསུངས་ཏེ། སྟོང་པ་ཉིད་ཀྱིས་ཡེ་ཤེས་ཀྱིས། །ཆོས་ཐམས་ཅད་སྒྱུ་མར་རིག་པའི་ཕྱིར། དངོས་པོ་རྟག་པར་ལྟ་བ་དང་། སྟོང་པ་ཆད་པར་ལྟ་བ་ལ་སོགས་པ། ལས་ལེགས་ཉེས་གཉིས་ཀྱི་བག་ཆགས་བསྲེགས་པའི་ཕྱིར། ཡེ་ཤེས་ཀྱི་མེ་ཞེས་བྱའོ། །ཡང་གསུངས་པ། དགུ་དང་འབྲས་བུ་རྣམ་སྨིན་ནི། །མེད་མིན་རྒྱུ་འབྲས་མཐུན་པར་གྲུབ། །དེ་བཞིན་མཉམ་ཉིད་ཡེ་ཤེས་ཀྱིས། །རིག་པ་ཚོགས་སུ་འགྱུར་བས་སོ། །ཞེས་གསུངས་ཏེ། ལས་དགེ་སྡིག་གི་འབྲས་བུ་ནི། །དཔེར་ན་མུན་པའི་ནང་དུ་སྒྲོན་མེ་བྱུང་ན། མུན་པའི་བསམ་པས་སྒྲོན་མ་འོང་བས་མུན་པ་བྲོས་སོ་སྙམ་དུ་ཡང་མི་སེམས་ཀྱི། སྒྲོན་མས་ཀྱང་། མུན་པ་བསལ་ལོ་སྙམ་དུ་མི་སེམས་མོད་ཀྱི། སྒྲོན་མ་བྱུང་ན། མུན་པ་ཆོས་ཉིད་ཀྱིས་འགྲོ་བ་དང་འདྲ་བར། ལས་དགེ་སྡིག་ཀྱང་མཐོ་རིས་དང་། ངན་སོང་བསྒྲུབ་བོ་སྙམ་ཡང་མི་སེམས། མཐོ་རིས་ངན་སོང་གིས་ཀྱང་། དགེ་སྡིག་བསྒྲུབ་བོ་སྙམ་མི་སེམས་མེད་ཀྱི། སེམས་ཀྱི་ཁྱད་པར་གྱི་དེ་ལྟར་གྲུབ་བོ། །དེ་བཞིན་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རིག་པས་ཀྱང་། སངས་རྒྱས་སུ་བསྒྲུབ་བོ་སྙམ་དུ་མི་སེམས་ཀྱི། ཆོས་ཀྱིས་གྲུབ་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཡང་མཉམ་པ་ཉིད་ལ་ཡང་རྣམ་པ་བཞི་སྟེ། ཕྱིའི་ཡུལ་ཆེན་པོ་ལྔ་སྟེ། དེ་བཞིན་གཤེགས་པ་སྔར་མཉམ་པ་དང་། ནང་གི་སེམས་ཡེ་ཤེས་མཉམ་པ་དང་། ཀུན་རྫོབ་ཏུ་ལྷ་དང་། ལྷ་མོའི་ཚུལ་དུ་མཉམ་པ་དང་། དོན་དམ་པར་སྐྱེ་འགགས་མེད་པ་ཚུལ་དུ་མཉམ་པའོ། །དེ་ལྟ་བུ་ཆོས་མཉམ་པ་ཉིད་ཀྱི་རིག་པ་དང་མི་ལྡན་ན། མི་དགེ་བཅུའི་ལས་ཀྱི་འབྲས་བུ་ནི། ངན་སོང་གསུམ་གྱི་སྡུག་བསྔལ་དུ་ལྷུང་ངོ་། །དགེ་བ་བཅུས་ནི་འདོད་ཁམས་ཀྱི་ལྷ་དང་མིར་གྲུབ་བོ། །མི་གཡོ་བས་ནི་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེས་ཏེ། དེ་དག་ནི་རྣམ་པར་སྨིན་པ་ཟད་ནས། །ངན་སོང་དུ་ལྷུང་ངོ་། །དེ་བས་ན་དཔལ་མཆོག་དང་པོ་ལས། སེམས་དཔའ་ཆེན་པོ་རང་གི་རིག་པའི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་མཉམ་པ་ཉིད་རྟོག་པ་མེད་ན། སངས་རྒྱས་ཀྱི་ས་ལ་སྤྱི་བོ་ནས་ལག་གིས་དྲངས་ཏེ་བཞག་ན་ཡང་། སེམས་ཅན་དམྱལ་བའི་གནས་སུ་མཐོང་ངོ་། །རང་རིག་དང་ལྡན་ན། དམྱལ་བའི་གནས་ཀྱང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མཐོང་ངོ་། །ཞེས་གསུངས་སོ། །དཔེར་ན་ལྷའི་བུ་དྲི་མ་མེད་པའི་འོད་ཀྱང་། ངན་སོང་སྦྱོང་བའི་དཀྱིལ་འཁོར་བྱས་པས། ངན་སོང་ལས་མཐོ་རིས་སུ་ཐར་གྱི། རང་རིག་པའི་ཡེ་ཤེས་མེད་པས་སངས་རྒྱས་མ་གྲུབ་བོ་ཞེས་བཤད་དོ། །དེ་བས་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་རིག་ནས། དགེ་སྡིག་གི་ཆོས་ཐམས་ཅད་འདྲ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །མཉམ་པ་ཉིད་ཀྱི་དོན་གསལ་བར་རིག་པ་མེད་པ་རྣམས་ཀྱིས་ནི། དགེ་བཅུ་ལ་གོམས་པར་བྱ་བ་རིགས་སོ། །མཉམ་པ་ཉིད་དུ་རྟོགས་པ་རྣམས་ཀྱིས་ཀྱང་། །དགེ་བ་བཅུ་ལ་གཙོར་ལེན་པ་ནི། དེ་ཉིད་མཉམ་པར་མི་རུང་སྟེ། །ཉན་ཐོས་ཀྱི་ས་ཡིན་ནོ། །ཐེག་པ་ཆེན་པོའི་ཆོས་གཉིས་ཀ །སངས་རྒྱས་ཀྱི་སྣོད་རིམ་པ་དང་སྦྱར་ཏེ། །སེམས་ཅན་གྱི་དོན་དུ་འབྱུང་བར་གསུངས་པ་འདྲ་བས། ཉན་ཐོས་ཀྱི་ཆོས་ལ་ལྷག་པར་སེམས་འབྱུང་ཞིང་སྤང་བར་མི་རུང་ངོ་། །རང་གི་ཤེས་རབ་རྟུལ་བས། ཆོས་མཉམ་པ་ཉིད་མ་རྟོགས་པའི་ཕྱིར་རོ། །ཆོས་མཉམ་པ་ཉིད་སེམས་དབྱུང་བར་མི་བྱའོ། །རྣམ་པ་གཅིག་ཏུ་ན་སེམས་ཅན་དམྱལ་བའི་ཆོས་ཀྱང་མི་བཀོལ་ཅེས་འབྱུང་ན། ཉན་ཐོས་ལྟ་ཅི་སྨོས་ཏེ། ཐམས་ཅད་མཉམ་པར་སྤྱོད་དེ། ཚེ་འདི་ཉིད་ལ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཅེས་གསུངས་པ་བསྟན་པའི་ཕྱིར། ལམ་གྱི་ནང་ན་ཉེ་ལམ་བདེ་རྫོགས་པ། །ཐབས་ཀྱི་ནང་ན་མ་ནོར་དམ་པ་སྟེ། །བསྒྲུབ་ན་ཚེ་འདིར་སངས་རྒྱས་ཆེ་བ་ཡང་། །བླང་དོར་མེད་པས་སྐུ་རྡོ་རྗེ་ཐོབ་ཅེས་གསུངས་ཏེ། འདོད་པའི་ཡོན་ཏན་རྣམ་པ་ལྔ་ནི། མཆོད་པ་རྣམ་པ་ལྔའི་རང་བཞིན་བས། འདོད་ཆགས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཞེ་སྡང་གཏུམ་ཁྲོ་ཐུགས་རྗེ་ཆེན་པོའི་སྟོབས། །སྟོང་པ་བདག་མེད་པའི་དོན་དང་སྦྱར་ནས། སེམས་ཅན་ལོག་པར་ཕྱོགས་པ་དག །ཧཱུྃ་གིས་རྣམ་པར་ཤེས་པ་བསྡུས། ཧོ་ཡེ་ཤེས་ཀྱི་རླུང་གིས་བཏགས་ཏེ། དམིགས་སུ་མེད་པའི་དོན་ལ་སྦྱོར་ཞིང་། གང་སྟོབས་པའི་ཕྱིར། ཞེ་སྡང་གིས་སྤྲུལ་པའི་སྐུའོ། །གཏི་མུག་གི་ཆོས་ཐམས་ཅད་མི་རྟོག་པའི་ཁོངས་སུ་འདུས་པས། ཆོས་ཀྱི་སྐུའོ། །དེ་ལྟ་བས་ན་དུག་གསུམ་མ་སྤངས་པར། སྐུ་གསུམ་དུ་གྱུར་པས་ཉེ་ལམ་མོ། །རྣམ་པ་གཅིག་ཏུ་ཉན་ཐོས་ཀྱི་ལྟར་བྱས་ན། ཁམས་གསུམ་གྱི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་འབའ་ཞིག་ཀྱང་། བརྒྱ་དགུ་བཅུ་རྩ་བརྒྱད་ཡོད་དེ་དེ་དག་སྤངས་ན་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །དེ་ནས་སྡོད་ཤེས་བྱའི་སྒྲིབ་པ་སྤོང་སྟེ། བསྐལ་བ་གྲངས་མེད་པས་ཆོས་མཉམ་པ་ཉིད་རྟོགས་ནས་སངས་རྒྱས་སོ། །དེ་ལྟར་ཆོས་མཉམ་པ་ཉིད་རྟོགས་ནས། ཉན་ཐོས་ཀྱི་ལྟར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་སོ་སོར་ལྟ་ཞིང་། ཉོན་མོངས་པ་ནི་སྤོང་། རྣམ་པར་བྱང་བའི་ཆོས་ཐོབ་བར་འདོད་པ་ལྟ་བུ་ནི་ཡིན་གྱི། རིམ་གྱིས་སྤང་དུ་མེད་དེ། ཀུན་ནས་ཉོན་མོངས་པའི་རང་བཞིན་མེད་པར་རིག་ནས། རྣམ་པར་བྱང་བ་ཡིན་པས། སྤང་དུ་མེད་དེ། དཔེར་ན་ཉི་མ་ཤར་ནས་ཡུལ་ཁམས་རྒྱུད་དེ་ཤར་བ་ནི་མ་ཡིན་གྱི། འཛམ་བུ་གླིང་དུས་གཅིག་དུ་ལྷག་གིས་འཆར་བ་དང་འདྲ་བར། ཆོས་མཉམ་པ་ཉིད་དུ་རིག་ནས། །སྒྲིབ་པ་རིམ་གྱིས་སྤང་དུ་མེད་དེ། ཐམས་ཅད་མཁྱེན་པའི་གོ་འཕང་དུས་གཅིག་ཏུ་ཐོབ་བོ་ཞེས་པའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་ཀྱང་། སེམས་ཅན་དྲངས་བའི་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཏེ། དེ་དག་གི་ནང་ནས་དམ་པ་འདི་ཡིན་ནོ། །དེ་བས་ན་འདི་ལས་འབྱུང་བ་བཞིན་བསྒྲུབས་ན། ཚེ་འདི་ཉིད་ལ་ཡེ་ཤེས་མཉམ་པ་ཉིད་ཀྱི་ཀློང་ཆེན་དུ་གྱུར་ནས། སངས་རྒྱས་ཀྱི་ས་ཕྱི་མར་བསྡད་མི་དགོས་ཏེ་ཚེ་འདི་ཉིད་ལ་གྲུབ་བོ། །ཉན་ཐོས་ལྟར་དགེ་བ་ནི་རུང་། །མི་དགེ་བ་ནི་སྒྲིབ་པ་འདོད་པ་ལྟ་བུ་ནི་མ་ཡིན་གྱི། ཅི་ལྟར་དཔྱོད་ཀྱང་བསོད་ནམས་དང་། །ཡེ་ཤེས་ཀྱི་ཚོགས་སུ་འགྱུར། ཞེས་བྱ་བའི་ཐ་ཚིག་གོ། །འཕགས་པ་ཐབས་ཀྱི་ཞགས་པ་པད་ཕྲེང་གི་བདེན་པ་གཉིས་བསྟན་པའི་ལེའུ་སྟེ་དང་པོའོ།། །།ད་ནི་སྒོར་འཇུག་པ་འཚམ་ཚིམ་བསྟན་པའི་ཕྱིར། །སེམས་དཔའ་ཆེན་པོ་དམ་ཚིག་ནི། །བདག་དང་གཞན་ལ་ཕན་ཕྱིར་ངས་བཤད་དོ། །ཞེས་གསུངས་ཏེ། གཏི་མུག་ཞེ་སྡང་ང་རྒྱལ། འདོད་ཆགས། ཕྲག་དོག་ནི། བསྲུང་དུ་མེད་པའི་སྡོམ་པ་ཅན། །དེ་ནི་དམ་ཚིག་རྡོ་རྗེ་ཡིན། །ཞེས་གསུངས་ཏེ། གཏི་མུག་ནི་རྣམ་པར་སྣང་མཛད་ཀྱི་དམ་ཚིག་སྟེ། ཅིའི་ཕྱིར་ཞེ་ན། མ་རིག་པ་ནི་སྤང་དུ་མེད། རིག་པ་ནི་བསྒྲུབ་ཏུ་མེད། ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ཕྱིར་རོ། །ཞེ་སྡང་ནི་མི་འཁྲུང་བའི་དམ་ཚིག་སྟེ། ཆོས་ཀྱི་དབྱིངས་ལས་ཀྱང་མ་གྲུབ་པར་ཐམས་ཅད་དུ་འདུས་པའི་ཕྱིར་རོ། །ང་རྒྱལ་ནི་རིན་ཆེན་འབྱུང་ལྡན་གྱི་དམ་ཚིག་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་བདེན་པར་རིག་ནས། དེ་ལ་སྲན་ཚུག་པའི་ཕྱིར། འདོད་ཆགས་ནི་སྣང་བ་མཐའ་ཡས་ཀྱི་དམ་ཚིག་སྟེ། ཐམས་ཅད་དབང་དུ་བྱེད་པའི་ཐ་ཚིག་གོ། །ཕྲག་དོག་ནི་ཐམས་ཅད་གདོན་མི་ཟ་བར་གྲུབ་པའི་དམ་ཚིག་སྟེ། ཆོས་མཉམ་པར་མ་རྟོགས་པས། དགེ་སྡིག་ཡོད་པའི་ཕྱིར་ཕྲག་དོག་གོ། །མདོར་ན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཆུད་དེ། རང་རིག་པའི་ཡེ་ཤེས་ཅན་དུ་གྱུར་ན་བསྲུང་བ་དང་མི་བསྲུང་བ་མེད་དེ། ཐམས་ཅད་ཆོས་ཀྱི་ཀློང་དུ་གྱུར་པས། གྲུབ་པ་ཡིན་པའི་ཕྱིར་བསྲུང་དུ་མེད་ཀྱི། མ་གྲུབ་ཅིང་སེམས་ལ་ཡེ་ཤེས་ཉམས་པ་མེད་བཞིན་དུ་དམ་ཚིག་མ་བསྲུངས་ན། དམྱལ་བའི་ཡང་གཏིང་དུ་འགྱུར་ཏེ། །མཉམ་པའི་ཡེ་ཤེས་མ་རྟོགས་པས། །མཉམ་ལ་བསྐུར་བ་བཏབ་པ་ཡིན་ནོ། །དམ་ཚིག་ཆེན་པོ་ནི། དག་པ་རྣམ་པ་གསུམ་སྟེ། དེ་ཉམས་སུ་མྱོང་ཞིང་། ལོག་པར་བྱ་བའི་གཉའ་གནོན་དུ། དམ་ཚིག་ལྔ་དང་། དམ་རྫས་ལྔ་དང་། ཆོས་ལ་དགེ་སྡིག་མེད་པ་དང་། ཟས་ལ་གཙང་སྨེ་མེད་པའི་དམ་ཚིག་མ་ཉམས་ན། དུག་ལྔ་སྤྱོད་ཀྱང་། དེའི་སྐྱོན་གྱི་མི་གོས་པ་ནི་ལུས་རྡོ་རྗེ་ཞེས་བྱ། ངག་གིས་སྣ་ཚོགས་སྨྲས་ཀྱང་། ཉེས་པའི་སྐྱོན་གྱིས་མ་གོས་པའི་ཕྱིར་ངག་རྡོ་རྗེ་ཞེས་བྱའོ། །དེ་ལྟར་རིག་པ་ནི་སེམས་རྡོ་རྗེ་ཞེས་བྱའོ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་བ་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ད་ནི་དཀྱིལ་འཁོར་གསུམ་སེམས་དཔའ་ཆེན་པོ་དབང་འདི་དག་ནི། རང་གི་རིག་པའི་རྩལ་གྱིས་ཐོབ་བོ། །ཞེས་གསུངས་ཏེ། དཀྱིལ་འཁོར་རྣམ་གསུམ་གྱི་ཚུལ་གྱིས། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་རིག་པ་ནི། དབང་རང་བཞིན་གྱི་ཐོབ་བོ། ཞེས་པའི་དོན་ཏོ། །ཐབས་དང་ཤེས་རབ་དབང་ཆེན་ཏེ། །རྡོ་རྗེ་དྲིལ་བུ་རིག་པས་འཛིན། །མྱ་ངན་འདས་དང་འཁོར་བ་ཡི། །འདོད་པའི་ཆོས་ལ་དབང་བྱེད་པའོ། །ཞེས་གསུངས་ཏེ། དེ་ཡང་ཅི་ལྟ་བུ་ཞེ་ན། མྱ་ངན་ལས་འདས་པ་དང་། འཁོར་བའི་ཆོས་ཐམས་ཅད་ལ། ཇི་ལྟར་འདོད་པ་བཞིན་དབང་བྱེད་ཅེས་གསུངས་ཏེ། རིགས་ཀྱི་གཙོ་བོ་ནི་ཐབས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའོ། །རིགས་ཀྱི་གཙོ་བོ་ནི་ཤེས་རབ་སྟེ། ཆོས་ཀྱི་སྐུའོ། །དེ་དག་གི་བྱིན་གྱིས་བརླབས་ལས་བྱང་ཆུབ་སེམས་བསྐྱེད་པ་ནི། སྤྲུལ་པའི་སྐུའོ། །དེ་དཔྱོད་པ་འཕགས་པ་ཐམས་ཅད་དང་། བདག་ཏུ་ཐ་མི་དད་པར་དཔྱོད་པ་ནི། སྐུ་གསུམ་ཐོབ་པའི་དབང་ངོ་། །རྡོ་རྗེ་ནི་ཐབས་ཀྱི་རྟགས་ཏེ། ཆོས་ཐམས་ཅད་ལ་དཔྱོད་པའོ། །དྲིལ་བུ་ནི་ཤེས་རབ་ཀྱི་རྟགས་ཏེ། ཆོས་ཐམས་ཅད་ལ་སྒྱུ་མར་རིག་པའི་ཕྱིར། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ། ཇི་ལྟར་འདོད་པར་དབང་བསྒྱུར་ཞིང་དཔྱོད་པའོ། །གླང་པོ་ལས་ཀྱང་། ཕྱོགས་བཅུའི་འཇིག་རྟེན་གང་ནས་ཀྱང་། །སངས་རྒྱས་རྙེད་པར་ཡོད་མི་འགྱུར། །རིག་པའི་སེམས་ཉིད་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་འབྱུང་བ་ལྟ་བུའོ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་བ་ལས་དབང་གི་ལེའུ་སྟེ་གསུམ་པའོ།། །།ད་ནི་མཆོད་པའི་མཆོག་བསྟན་པའི་ཕྱིར། སེམས་དཔའ་ཆེན་པོ་མཆོད་པའི་དམ་པའི་མཆོག་ནི་འདི་ལྟར་རིག་པར་བྱའོ། །ཉན་ཐོས་ལས་ཁྱད་པར་ཆེར་འཕགས་པའི་ཕྱིར། །མཆོད་པའི་མཆོག་ཅེས་བྱའོ། །ཅིའི་ཕྱིར་མཆོད་པ་དང་མཆོད་ཅེས་གསུངས་ཏེ། བདག་མཆོད་ཀུན་མཉེས་ཐམས་ཅད་འབྲངས། །ཀུན་ལ་ཕན་པའི་སྨན་ཡིན་ཏེ། །རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས། །ཐམས་ཅད་བརྒྱན་ཅིང་བཟའ་བར་བྱ། །ཞེས་གསུངས་ཏེ། འཕགས་པ་ཐམས་ཅད་དང་། སྟོང་ཁམས་ཀྱི་སེམས་ཅན་དང་། བདག་ཏུ་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་སོ་སོ་མ་ཡིན་ཐ་མི་དད་པར་རིག་པའི་རྣལ་འབྱོར་པས། བདག་ཉིད་ཞལ་ཟས་འདོད་པའི་ཡོན་ཏན་ལྔ་རྟག་ཏུ་སྤྱོད་དེ། བདག་ཚིམ་པས་འཕགས་པ་ཐམས་ཅད་མཉེས་པར་གྱུར་པ་དང་། འདི་ལྟ་བུའི་བྱིན་གྱིས་བརླབས་ཀྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་འདྲངས་ཤིང་དགའ་བས་རྣལ་འབྱོར་པས་ནི། དུས་ཐམས་ཅད་དུ་མཆོད་པ་དང་། །གཏོར་མ་བྱ་བ་དང་། ཧོམ་ཡང་འཕགས་པ་དང་། བདག་སོ་སོ་མ་ཡིན་པའི་ཏིང་ངེ་འཛིན་ལུས་ཀྱི་ནང་དུ་ནི་ཡི་གེ་བྷྲཱུཾ་ལས། གཞལ་མེད་ཁང་དུ་གྱུར་པའི་དབུས་ན། འཕགས་པ་རྣམས་བཞུགས་པར་གསལ་བར་དམིགས་ཏེ། ཁ་ནི་ཧོམ་ཁུང་། ལྕེ་ནི་ལས་གང་བྱ་བའི་གཙོ་བོ་དང་བཅས་པ། ལག་པ་ནི་ཧོམ་གཟར་དུ་དམིགས་ཏེ། དེ་ལྟར་ཕུན་སུམ་ཚོགས་པའི་དོན་ཡིན་པས། །བདག་ཉིད་ཁྱད་པར་དུ་འཕགས་པའི་སེམས་དང་ལྡན་པས། བདག་མ་ནོར་བའི་དབང་ཕྱུག་ཆེན་པོ་ཡིན་པའི་ཕྱིར། ཞལ་ཟས་དང་རྒྱན་གྱིས་བརྒྱན་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ། །འཕགས་པ་པདྨོ་ཕྲེང་གི་དོན་ལས་མཆོད་པའི་ལེའུ་སྟེ་བཞི་པའོ།། །།ད་ནི་དཀྱིལ་འཁོར་གསུམ་ཕྱེ་སྟེ་བཤད་པར་བྱའོ། །ཀུན་ཏུ་འོད་ཀྱི་ས་ལས་འདས། །པདྨོ་སྤྱན་དུ་གྱུར་པས་ནི། །རིག་པའི་བྱིན་རླབས་ཆེན་པོ་ལས། །རབ་འབྱུང་འོད་ཀྱི་འདུ་འཕྲོ་ཚལ། །ཞེས་གསུངས་ཏེ། ཆོས་ཀྱི་སྐུ་ནི་ཀུན་ཏུ་ཁྱབ་པར་གནས་སོ། །དེ་ལས་འདས་པར་ཁྱབ་པ་ནི། མ་ཆགས་པའི་སྤྱན་གྱིས་ཆོས་ཀྱི་སྐུ་ལ་བལྟས་ན། ཇི་ལྟ་བུའི་ཚུལ་དུ་ཡང་མ་མཐོང་བ། །དེ་ལྟར་མཐོང་བའི་ཚེ། འབད་པ་མེད་པར་རིག་པའི་བྱིན་བརླབས་ལས་རང་འོད་ཀྱི་འདུ་འཕྲོ་ལྟར་བྱུང་ངོ་། །དང་པོ་ཡང་ཆོས་ཀྱི་སྐུའི་བྱིན་གྱིས་བརླབས་པས་འབྱུང་། སླར་ཡང་དེར་འདུས་ཏེ། མཚན་མ་མེད་པ་ལས། རང་བཞིན་གྱིས་གནས་སོ། །དེ་ལྟར་འབྱུང་བ་གང་བཅས་ན། །བསྟན་པའི་ཕྱིར། ཡི་གེ་ཚོགས་ཆེན་འཁོར་ལོ་སྟེ། །མཚན་དང་དཔེ་བྱད་ཀུན་ལས་འཕྲོ། །རང་བཞིན་འདུམ་པའི་གཟུགས་ཅན་དང་། །མགྱོགས་པ་མགྱོགས་མའི་ཕོ་ཉར་ལྡན་ཞེས་གསུངས་ཏེ། ཡི་གེ་འབྲུ་ལྔ་པོས་མཚན་པ་ལས། ཡེ་ཤེས་ལྔ་ལས་གཙོ་བོ་རྣམ་པར་སྣང་མཛད་དང་། མི་འཁྲུག་པ་དང་། རིན་ཆེན་དཔལ་དང་། སྣང་བ་མཐའ་ཡས་དང་། གདོན་མི་ཟ་བར་གྲུབ་པའོ། །ཡེ་ཤེས་ལྔའི་ཡུལ་ལྔ་ནས། གཙོ་བོ་ཀུན་ཏུ་བཟང་པོ་དང་། ཡངས་མའི་སྤྱན་དང་། མ་མ་ཀཱི་དང་། ན་བཟའ་དཀར་དང་། དམ་ཚིག་སྒྲོལ་མའོ། །དེའི་བྱིན་གྱིས་བརླབས་པ་ལས། བྱུང་བ་ནི་རྩ་གཉིས་དང་སྦྱར། །སེམས་དཔའ་བཅུ་དྲུག་དང་། སེམས་མ་བཅུ་དྲུག་སྟེ། བཅུ་དྲུག་གཉིས་ནི་སུམ་ཅུ་རྩ་གཉིས་ཏེ། མཚན་སུམ་ཅུ་རྩ་གཉིས་དང་སྦྱར། སེམས་དཔའ་བཅུ་དྲུག་ལ། དབུ་རྒྱན་ལྟ་བུའི་རིགས་ལྔ་ལྔ་ཞིག་འབྱུང་བ་ནི། སྤྱིར་བརྒྱད་ཅུ་སྟེ་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་སྦྱར་རོ། །སེམས་མ་ལ་དབུ་རྒྱན་ཡོད་ཀྱི། གཉིས་ཀྱི་བྱིན་གྱིས་བརླབས་ལས་འབྱུང་བས། དཔེ་བྱད་ཀྱི་སྐབས་སུ་བཤད། རྩིས་ལས་འདས་པའི་ནང་དུ་རྟོགས་སོ། །རིག་པའི་བྱིན་རླབས་ལས་བྱུང་བའི་སེམས་དང་། སེམས་ལས་མ་གཏོགས་པའི་མཚན་དང་དཔེ་བྱད་ནི། འཁོར་ལོ་བསྐོར་བའི་རྒྱལ་པོ་ཡང་ཡོད་དེ། དེ་ནི་སངས་རྒྱས་མ་ཡིན་ནོ། །ཁྲོ་བོ་དང་ཁྲོ་མོ་རྣམས་ནི། །མཚན་མའི་སྤྱོད་ཡུལ་ལ། ཁྲོ་ཞིང་གཏུམ་པ་དེ་རྟག་ཆད་ཀྱི་མཐའ་ལ་ཁྲོ་གཏུམ་ཞེས་བྱ་བའི་དོན་ཏོ། །ཕོ་ཉ་ནི་འགྲོ་བ་མེད་པ་ཀུན་ཏུ་ཕྱིན་པ་སྟེ། ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་དོན་ཏོ། །འདི་དག་འབད་རྩོལ་མེད་པ་རང་འབྱུང་བས། རང་བཞིན་གྱི་དཀྱིལ་འཁོར་ཞེས་བྱའོ། །དེ་ལ་འདི་ནི་ཐིག་ལེ་རྡོ་རྗེ་ཡིན། །འདི་ནས་གང་ཟག་བདག་མེད་པ། །རྟོགས་པར་བྱ་ཕྱིར་ངས་བཤད་དེ། །མཁས་པས་དེ་ལ་སྦྱོར་བར་གྱིས། །ཞེས་གསུངས་ཏེ། དེ་ལ་ཐིག་ལེ་ནི་ཆོས་ཀྱི་དབྱིངས་སོ། །རྡོ་རྗེ་ནི་ལྷ་དང་ལྷ་མོའི་ཚུལ་དུ་ཡོད་པ་ལ་བྱའོ། །དོན་ཏུ་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་ཐ་ཚིག་གོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འདི་བཤད་པས། གང་ཟག་ལ་བདག་མེད་པར་རྟོགས་པའི་ཕྱིར་བཤད་དོ། །ཞེས་པའི་དོན་ཏོ། །རྣལ་འབྱོར་པས་འབད་མི་དགོས་པས། ལྷ་དང་ལྷ་མོའི་ཚུལ་དུ་ཇི་ལྟར་འབྱུང་བར་རྟོགས་པ་འམ། འབྱོར་པར་གྱིས་ཤིག་པའི་ཐ་ཚིག་གོ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་བ་ལས། ཏིང་འཛིན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་ལྔ་པའོ།། །།ད་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པའི་ཕྱིར། སེམས་དཔའ་སྤྱོད་ཡུལ་ཐམས་ཅད་ནི། འདི་ལྟར་རིག་པར་བྱའོ། །ཞེས་གསུངས་ཏེ། ཆེན་པོ་ལྔ་ལ་དེ་བཞིན་གཤེགས་པ་གཅིག་ལ་ལྔ་ལྔར་རིག་པར་གྱིས། ཁམས་གསུམ་བདག་ཉིད་ཡིན་པ་སྟེ། །སྐུ་གསུམ་ཞེས་ཀྱང་དེ་ལ་བྱའོ། །ནམ་མཁའ་རྣམ་པར་སྣང་མཛད། ས་མི་འཁྲུག་པ། ཆུ་རིན་ཆེན་འབྱུང་ལྡན། མེ་སྣང་བ་མཐའ་ཡས། རླུང་གདོན་མི་ཟ་བར་གྲུབ་པའོ། །ས་གཅིག་པུ་ལ་ཡང་སྲ་བ་དང་། འདུ་བ་དང་དྲོ་བ་དང་། ཡོ་ཞིང་བསྐྱེད་པ་སྟེ། དེ་རྣམས་གཞིགས་ན། ནམ་མཁའ་བག་མ་ཞི་བས་ལྔ་ལྔ་ཡོད་དེ། དེ་བཞིིན་དུ་ལྷག་མ་རྣམས་ལ་དེ་བཞིན་དུ་རིག་པར་བྱའོ། །དེ་ནི་སེམས་དཔའ་དང་སེམས་མའི་མཚན་ཉིད་དོ། །ལུས་ནི་གཟུགས་ཀྱི་ཁམས། ངག་ནི་འདོད་པའི་ཁམས། ཡིད་ནི་གཟུགས་མེད་པའི་ཁམས། ལུས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན། སེམས་ནི་ཆོས་ཀྱི་སྐུ་ཡིན། ངག་ནི་སྤྲུལ་པའི་སྐུའོ། །ཡང་གསུང་པ། ཡེ་ཤེས་དང་ནི་འགྲོ་བ་ལྔ། །མཉམ་པས་སོ་སོ་དབྱེར་མེད་དེ། །སྔགས་དང་ཕྱག་རྒྱས་དབང་བསྐུར་བས། །སྤྱོད་ལམ་ཀུན་དུ་མ་འདའ་ལ་ཞེས་གསུངས་ཏེ། དེ་ལྟར་མཉམ་པ་ཉིད་དུ་རྟོགས་པ་ནི། དེ་བཞིན་གཤེགས་པ་དང་། བདག་སོ་སོ་མ་ཡིན་པར་རིགས་པས་སངས་རྒྱས་གུད་ན་དཔྱོད་མི་དགོས། ངག་སྨྲས་སོ་ཅོག་སྔགས་ཡིན་པས། །སྙིང་པོ་ལྷག་པར་བརྗོད་དུ་མེད། །ལུས་བསྐྱོད་དོ་ཅོག་ཕྱག་རྒྱ་ཡིན་པས། ཕྱག་རྒྱས་བསྲུང་མི་དགོས་ཏེ། སྔགས་དང་ཕྱག་རྒྱས་ནི། བདག་ཉིད་ཆེན་པོའི་རིག་པའི་ཡེ་ཤེས་ཀྱི་རྩལ་ཆེན་པོ། དབང་བསྐུར་རོ། །དཔེར་ན་དབང་པོ་ལྔ་ནི་ཡབ་ལྔ། ཡུལ་ལྔ་ནི་ཡུམ་ལྔ་སྟེ། ལུས་ནི་བེ་རོ་ཙ་ན། མིག་ནི་ཨཀྵོ་བྷྱ། རྣ་བ་ནི་ཨ་མི་དེ་བ། སྣ་ནི་རད་ན་སཾ་བྷ་བ། ལྕེ་ནི་ཨེ་མོ་ཀ་སི་ཏི། གཟུགས་ཐམས་ཅད་ནི་རྡོ་རྗེ་སྒེ་མོ། སྒྲ་ཐམས་ཅད་ནི་རྡོ་རྗེ་དབྱངས། དྲི་ཐམས་ཅད་ནི་རྡོ་རྗེ་ཕྲེང་བ། རོ་ཐམས་ཅད་ནི་རྡོ་རྗེ་གར་རོ། །རེག་ཐམས་ཅད་ནི་ཀུན་ཏུ་བཟང་མོ། །ཚོགས་བྱ་བ་ནི། བདག་གི་བྱིན་བརླབས་ཐམས་ཅད་འདུས་ཤིང་། ཚོགས་པའི་ཕྱིར་ཚོགས་ཞེས་བྱའོ། །དཀྱིལ་ཅེས་བྱ་བ་གང་ཞེ་ན། ཐམས་ཅད་བདག་གི་སེམས་ལས་སྤྲུལ་པའི་ཕྱིར། །ཡེ་ཤེས་ཐམས་ཅད་ཆོས་ཉིད་དག་པ་ལས་སྤྲུལ་པས། ཆོས་དང་སེམས་དང་རིག་པས་མཉམ་པར་གྱུར་པ་ལས། དཀྱིལ་དེ་སེམས་ལ་བྱའོ། །འཁོར་གང་ཞེ་ན། ཐམས་ཅད་དབུས་མཐའ་མེད་པར་ཡེ་ཤེས་ཀྱིས་ཁྱབ་ཅིང་རྫོགས་པར་སྤྱོད་པ་ནི་འཁོར་ཞེས་བྱའོ། །དེ་ལྟ་བུ་ནི་ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ཡང་རྣམ་གཅིག་ཏུ། སྒོ་ལྔའི་རྣམ་པར་ཤེས་པ་རང་འཐད་དུ་མ་འཕྲོས་ཏེ། ཡང་རྣམ་གཅིག་ཏུ། སེམས་དང་ཡིད་དང་། རྣམ་པར་ཤེས་པ་ཞེས་བྱ་སྟེ། །འདི་གསུམ་དུས་ཀུན་ཏུ་འདུས་པས། །དཀྱིལ་འཁོར་ཐམས་ཅད་འབྱུང་བའི་རྒྱུ་ཡིན་ནོ། །དེ་ལ་སེམས་ཀྱི་རང་བཞིན་ཀུན་གཞིའི་རྣམ་པར་ཤེས་པ་ལ། བག་ཆགས་སྣ་ཚོགས་པ་བསགས་པས་གནས་གྱུར་ཏེ། བསོད་ནམས་ཀྱི་ཞིང་དག་པ་ནི། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཏེ། དེ་བཞིན་གཤེགས་པའི་རིགས་སོ། །ཀུན་གཞིའི་རྣམ་པར་ཤེས་པ་ཕྱི་ནང་གི་འཇིག་རྟེན་ལ། རྒྱུན་མི་ཆད་པར་རྟོགས་ཤིང་སྣ་ཚོགས་ཀྱི་རང་བཞིན་དུ་འཇུག་པ་ཉིད། རང་ཐད་དུ་འཕྲོས་ཏེ། ཡེ་ཤེས་སུ་འཕྲོས་པས་རྣམ་པར་དག་པའི་ཐབས་སུ་རིག་ཅིང་། གནས་སུ་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་རྡོ་རྗེའི་རིགས་སོ། །ཉོན་མོངས་པའི་ཡིད་བདག་ཏུ་ལྟ་བ་གནས་སུ་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། རིན་པོ་ཆེའི་རིགས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་རང་ཐད་དུ་མ་འཕྲོས་ཏེ། ཡེ་ཤེས་སུ་བལྟ་བས་སུ་རྣམ་པར་དག་པའི་ཐབས་སུ་རིག་ཅིང་གནས་གྱུར་པ་ནི། བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ་ལས་ཀྱི་རིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་གཟུང་འཛིན་ངང་དུ་རྟོག་པ་ཅན། ཡུལ་ལ་རང་ཐད་དུ་མ་འཕྲོས་པས། རྣམ་པར་དག་པའི་ཐབས་སུ་རིག་ཅིང་གནས་གྱུར་པ་ནི། པདྨ་ལྟར་ཐབས་ཀྱིས་སྒོ་སྣ་ཚོགས་ཀྱིས། སོ་སོར་ཀུན་ཏུ་རྟོགས་པའི་ཡེ་ཤེས་ཏེ་པདྨའི་རིགས་སོ། །ཡེ་ཤེས་སུ་བལྟས་པས་ནི། རྣམ་པར་དག་པའི་ཐབས་སུ་རིག་པས། ཀུན་ཏུ་ལྟ་བའི་བསྣོལ་ཏེ་ཁང་ནི་རབ་སྦྱར་ནས། །ལྡན་པ་གཡས་སུ་བྱོ་བ་ལས། ཆགས་པའི་ཚུལ་གྱིས་བལྟ་བ་ལས། །རྡོ་རྗེ་འབེབས་པའི་ཕྱག་རྒྱ་ཡིན། །ལག་གཉིས་ཐལ་མོ་མཉམ་སྦྱར་ནས། །སོར་མོ་བརྒྱབ་ཏུ་བསྣོལ་ནས་སུ། །གུང་མོ་གཉིས་བཤིབས་བསྒྲེང་བ་ནི། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཡིན། །ལག་གཉིས་སོར་མོ་བསྣོལ་ནས་སུ། །གུང་མོ་གཉིས་ཀྱི་རྩེ་མོ་རྣམས། །མྱུ་གུའི་ཚུལ་དུ་བཀུག་པ་ནི། །རྡོ་རྗེ་རིན་ཆེན་མོའི་རྒྱ། །ལག་གཉིས་སོར་མོ་རྣམས་བསྣོལ་ཏེ། །ཕན་ཚུན་གསུམ་པོ་བསྡོམ་པ་ལས། །གུང་མོ་བར་དུ་བཀུག་བསྣོལ་ནས། །རྡོ་རྗེ་ལས་མའི་ཕྱག་རྒྱ་ཡིན། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་བ་ལས། ཕྱག་རྒྱའི་ལེའུ་སྟེ་བཅུ་པའོ།། །།ད་ནི་རིགས་སྔགས་གཅོད་པའི་ལེའུ་བཤད་དེ། དེ་ནས་དཀྱིལ་འཁོར་གྱི་ལྷ་དང་། ལྷ་མོ་རྣམས་ལ་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་དང་། འཁོར་ཕལ་པོ་ཆེ་དབྱངས་དང་མཐུན་པར་བསྟོད་ནས། ༀ་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནི། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །བླ་མེད་ལྷ་ལྔ་ལྷ་མོ་ཡི། །གྲུབ་པའི་བྱིན་རླབས་བསམ་མི་ཁྱབ། །ༀ་སེམས་དཔའ་བཅུ་དྲུག་རིགས་ཀྱི་གཙོ། །སེམས་མ་བཅུ་དྲུག་རིགས་ཀྱི་ཡུམ། །མཐུ་ཆེན་ཁྲོ་བོ་ཁྲོ་མོ་དང་། །ཕོ་ཉ་འཇིག་རྟེན་སྐྱོང་དང་ལྡན། །ༀ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོ་བདག་སྦྱོར་ཅིག །ༀ་དཔའ་བོ་ཆེན་པོ་མཐུར་ལྡན་རྣམས། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །བདག་གི་ལྷག་པའི་བསམ་པ་རྣམས། །འགྲུབ་པར་བྱིན་གྱིས་བརླབས་ཏུ་གསོལ། །ༀ་ཁམས་གསུམ་ཞིང་དུ་སྦྱོར་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་ཉིད་ཀྱི་ཐུགས་ཀར་ཞུགས་ཏེ། རོལ་པ་ཁྲོ་བོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁྲོ་བོའི་རྟོག་པ་བཤད་དོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ། ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ད་ལྟ་དང་། མ་འོངས་བའི་དུས་ན་གཅེར་བུ་པ་དང་། ཀུན་ཏུ་རྒྱུ་ལ་སོགས་པས། སོ་སོའི་རིགས་སྔགས་ཀྱི་ལས་ཀྱིས། ལྷ་མ་ཧཱ་དེ་བ་ལ་སོགས་པ། འཇིག་རྟེན་གྱི་ལྷ་དང་། གནོད་སྦྱིན་མཐུ་བོ་ཆེ་དང་། འཕྲ་མེན་ཐམས་ཅད་བསྐུལ་ནས། སེམས་ཅན་ལ་སྲོག་གི་བར་ཆད་བགྱིད་འཚེ་བར་བགྱིད། ཤིན་ཏུ་སྡུག་བསྔལ་བར་བགྱིད་ན། དེ་ཐབས་གང་གིས་བཟློག་པར་བགྱིད། །སྦྱོར་བ་བཅད་པར་བགྱིད། བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག །འདི་ནི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་། ཐུགས་རྡོ་རྗེའི་བདག་པོས་སྔོན་ཡང་བཤད་དེ། ལག་ན་རྡོ་རྗེ་ཁྱོད་ཀྱིས་བྱས་པའི་གསང་སྔགས་དང་། སྲིད་པ་ཟད་པར་བྱ་བའི་གསང་སྔགས་ཐམས་ཅད་ཀྱང་བཟློག་པར་བྱེད། གནོད་པར་བྱེད་ན། ཀུན་ཏུ་རྒྱུ་ལ་སོགས་པ་གཞན་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་མཚོན་ཆའི། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས། གསང་སྔགས་བཟློས་ཤིང་གནོན་པ་དང་། །སྦྱོར་བ་གཅོད་པ་ཞེས་བྱ་བ་འདི་གསུངས་སོ། །ༀ་ཛྭ་ལ་བཛྲ་ཧཱུཾ། མནྟ་སུམ་པ་ནི། ༀ་ཛྭ་ལ་ཛྭ་ལ་ཧཱུཾ། ༀ་བྲུཾ། ཧཱུྃ་བྲུྂ་ཏྲུྂ་བྲུྂ་ཏྲྂ་བྲུྂ་ཨ་བྲུྂ། འདི་གསུངས་མ་ཐག་ཏུ། ཕྱོགས་བཅུ་ནས་མཚོན་ཆའི་ཆར་ཆེན་པོ་བབ་པས། ལག་ན་རྡོ་རྗེ་ཉིད་ཁ་སྦུབ་ཏུ་འགྱེལ་ནས། ཁྲག་ཏུ་སྐྱུགས་པར་གྱུར་ཏོ། །ལྷ་དང་གནོད་སྦྱིན་ཐམས་ཅད་བརྒྱལ་ཏེ། ལུས་དུམ་བུར་ཆད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས། དེ་དག་གི་སྦྱོར་བ་ཆད་པར་རིག་ནས། སླར་ལངས་ཏེ། ༀ་བཛྲ་སྭ་ད་ཏྭ་ར་ཛ་ཛྷ། དེ་ནས་བཅོམ་ལྡན་འདས་ཀྱིས། ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཉིད་ཀྱང་། འདི་ལས་འདའ་བར་མ་བྱེད་ཅིག །ཁྱོད་ཀྱིས་འཁོར་ཐམས་ཅད་ཀྱང་འདི་ལས་འདའ་བར་ན། ཐམས་ཅད་བརླག་པར་འགྱུར་རོ། །དེ་བཞིན་དུ་ལག་ན་རྡོ་རྗེ་ཁྱོད་ཀྱིས། ལྷ་དང་གནོད་སྦྱིན་ཐམས་ཅད་ལ་ཡང་བསྒོ་ཞིག །དེ་ནས་ལག་ན་རྡོ་རྗེས་གསོལ་བ། བཅོམ་ལྡན་འདས་འདི་ན་སྲིད་གསུམ་འདུ་བར་བགྱིད་པ། མཐུ་བོ་ཆེ་ཐམས་ཅད་ཀྱི་ང་རྒྱལ་གཅོད་པ་དག་ལགས་ཏེ། ཅི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། མཐུ་སྟོབས་དང་ལྡན་པའི་སླད་དུ། བདག་གི་མིང་ལག་ན་རྡོ་རྗེ་ཞེས་བཏགས་ནས། འདིར་རྡོ་རྗེ་སེམས་དཔས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱིས། སྔགས་འདི་སྨྲས་པས། བདག་ཀྱང་ཁྲག་ཏུ་སྐྱུགས་ཅིང་འགྱེལ་བར་གྱུར་ན། གཞན་ལྟ་ཅི་སྨོས་ཏེ། འདི་ནི་འདའ་བར་དཀའོ། །གནོད་སྦྱིན་རྣམས་ལ་ཡང་སྒོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་དུས་ན། གསང་སྔགས་འདི་གྲུབ་པའི་ཆོ་ག་བཤད་དེ། ལ་ལས་ཉི་མའི་དཀྱིལ་འཁོར་དུ་དཔལ་ཆེན་ཁྲག་འཐུང་སྤྱན་དྲང་པ། སྐུ་ནི་དུད་ཀ་ཆེན་མོ་ལ། །དབུ་སྐྲ་ཁམས་ནག་རལ་པ་ཅན། །དབུ་གསུམ་པོ་ལ་ཕྱག་དྲུག་སྟེ། །དམར་དང་དུད་ཀ་གནག་པའི་ཡིན། །གཡས་ཀྱི་གསུམ་ན་ཐོགས་པ་ནི། །སྟི་རའི་དབྱུག་པ་ཆེན་པོ་དང་། །དུང་ཆེན་དམར་གྱིས་བསྐང་བ་ལ། །རྡོ་རྗེས་དཀྲུག་ཅིང་འཐུང་བར་བརྟག །གཡོན་གྱི་གསུམ་ན་ཐོགས་པ་ནི། །སྟི་རའི་རྒྱ྄ུ་མ་ཐོགས་པ་དང་། །ཁྱུང་གི་ཁྲ་ཆེན་ཐོགས་པ་དང་། །སྟི་ར་ཁྲ་མོའི་གསུམ་པ་ནས། །གློ་སྙིང་ནང་ཁྲོལ་འདྲེན་ཅིང་ཟ། །གཙུག་ཏུ་རྣམ་པར་སྣང་མཛད་ༀ། །ཕྲག་པ་གཡས་པ་ཨ་ཀྵོ་བྷྱེ་ཧཱུྃ། གཡོན་ན་རཏྣ་སཾ་བྷཾ་བ་ཏྲཾ། རྐང་པ་གཡས་ན་ཨ་མོ་སི་ཏི་ཨ། །གཡོན་ན་ཨ་མི་དེ་བ་ཧྲཱི། བྲུཾ་ལས་རྡོ་རྗེ་འཁོར་ལོ་དང་། །རྡོ་རྗེ་རྣམས་ནི་རིགས་སྔགས་བརྟག །ཀཻ་རི་དང་ནི་ཙིའུ་རི་དང་། །བྲ་མོ་ཧ་དང་པེ་ཏ་ལི། །གཞན་ཡང་བྱ་ཏྲི་མུ་ཀ་དང་། །སིང་ཧ་མུ་ཀ་དང་། སྲི་ལ་མུ་ཀ་ལ་སོགས་མགྱོགས་མ་རྣམས། སྟི་ར་ལ་ནི་འབྲུ་ཚུགས་སུ། །ལྟ་ཞིང་རྟོད་པའི་ཚུལ་ལས་ནི། །ཏ་ཧ་དེ་ནས་སྐད་ཅིག་ཡུད་ཙམ་ལ། །སྔགས་ཉིད་དང་སྤོང་གཏོང་བཅས་ཏེ། །འགུགས་པའི་ཕོ་ཉར་བརྟག་པར་བྱ། །རས་སམ་གྲོ་བ་འམ་རྩྭ་རྣམས་ལ། །ཁྲོ་བའི་གཟུགས་སུ་བྲིས་པའམ། །ཡང་ན་རྐུད་པ་ནག་པོས་བཅིང་། །ཧ་ཧའི་གད་མོ་ཆེན་པོ་དང་། །རྡོ་རྗེ་བསྐུལ་བའི་གླུ་བླངས་ཏེ། །ཕོ་ཉ་རྣམས་ཀྱང་མངག་པར་བྱ། །དེ་ན་རིགས་སྔགས་བཟུང་ནས་ཀྱང་། །རྩའི་གཟུགས་ལ་གནས་པ་དང་། །འཁོར་ལོ་ལ་སོགས་མཚོན་ཆ་ཡིས། །དེ་དག་ཕྱེ་མར་བརླག་པ ར་བྱ། །བཛྲ་ཙཀྲ་བྷྲུྂ། ཕྱེ་མ་དེ་དག་གཏུབས་ནས་ཀྱང་། །ཐོད་པ་གཞུ་དང་བཅས་པ་ཡིས། །ཧོཾ་ཁུང་གྲུ་གསུམ་སྒོ་ཅན་དུ། །རཾ་ཞེས་བྱ་བའི་མེ་སྦར་ནས། །དྲང་སྲོང་འཁོར་རྣམས་གཡབ་མོས་བོད། །དེ་ནས་རིགས་སྔགས་སྲེག་པར་བྱེད། །དེ་དག་དང་བདག་སྦྱང་ནས། རྣམ་ལྔའི་ཆས་དང་ལྡན་པར་བྱ། །མ་མོ་ཆེན་མོ་ཤ་ལ་སྤྱོན། །འབྱུང་པོ་ཤ་ནི་ཟན་བས་ཞིམ། །འབྱུང་པོའི་ཁྲག་ནི་ཆང་བས་ཞིམ། །མ་མོ་ཆེན་མོ་ཁྲག་ལ་སྤྱོན། །མ་མོ་ཆེན་མོ་རྐང་ལ་སྤྱོན། །འབྱུང་པོའི་རྐང་ནི་མར་བས་ཞིམ། །འབྱུང་པོའི་རུས་པ་ཞིམ་བ་སྟེ། །འདི་དག་གསོལ་ཏེ་མཉེས་པར་མཛོད། །གླུ་དང་གར་དང་གད་རྒྱང་གྱིས། །སོ་སོར་མཆོད་དེ་བསྒྲུབ་པར་བྱ། །ཟིན་པའི་སེམས་ཅན་གང་ཡང་རུང་། །དེ་དག་རྐུད་པ་ནག་པོས་བཅང་། །དེ་ཡང་དུམ་བུ་གཅད་པར་བྱ། །དེ་ནས་མི་དེ་སྔ་མ་བཞིན། །ཚེ་གནས་བྱ་ཕྱིར་འབྲུ་ལྔ་ཡི། །གནས་ལྔ་དག་ཏུ་རྣམ་བཀོད་དེ། །ཟིན་པའི་སེམས་ཅན་བསྲུང་བར་བྱ། །ཚ་ཞིང་རྩུབ་བོའི་ཤིང་དང་ནི། །ཤ་དང་ཆང་དང་ཡོ་བྱད་རྣམས། །གནག་ཅིང་ཚ་བ་རྣམས་སྦྱར་ཏེ། །ལྷ་ཆེན་རྣམས་ལ་མཆོད་པ་བྱ། །དེ་ནས་ལས་རྣམས་གྲུབ་པ་དང་། །ཧ་ཧ་ལ་སོགས་གད་མོ་དང་། །གླུ་དང་རྡོ་རྗེ་དབྱུག་པ་ཡིས། །ལྷ་རྣམས་དག་ལ་ཐིམ་པར་བྱ། །འདི་ནི་བདག་ཉིད་བསྲུང་བ་དང་། །ལས་རྣམས་ཐམས་ཅད་གྲུབ་པར་བྱེད། །ཤར་ཕྱོགས་ན་ཕྲ་མན་མ་ཀེའུ་རི་མ། ཁ་དོག་སྔོན་མོ་ཕྱག་གཉིས་ཏེ། །ཕྱག་གཡས་པ་ན་བན་དྷ་ཙན་དན་དམར་པོས་བསྐང་བ་ཐོགས་པ། གཡོན་ཞིང་ཆུང་གི་དབྱུག་པ་ཐོགས་པ་སྟེ། ༀ་བཛྲ་ཀཾ་རི་ཛ་ཛ་ཧཱུྃ། ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ནས། སངས་རྒྱས་ཀྱང་འགུགས་ནུས་ན། གཞན་སྨོས་ཀྱང་ཅི་དགོས། ཆེ་གེ་མོ་ཞིག་ཁུག་ཅིག་ཅེས་བཅོལ་ལོ། །གཏོར་མ་ཙན་དན་དམར་ཆེན་གྱིས་ཨརྒ་ལ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ། ཞེས་བརྗོད་ཅིང་ཨརྒ་ལན་གསུམ་སྦྲེང་ངོ་། །ལྷོ་ཕྱོགས་ན་ཙོ་རི་ཁ་དོག་སེར་མོ། ཕྱག་ན་མདའ་འགེངས་པ། ༀ་བཛྲ་ཙོ་རི་ཧ་ཛ་ཛ། ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན། ཕྱག་ན་རྡོ་རྗེའི་མཐུ་ཡང་འཕྲོག་ནུས་ན། གཞན་ལྟ་སྨོས་ཀྱང་ཅི་དགོས། ནུབ་ཕྱོགས་ན་ཕྲ་མོ་ཧ། ཁ་དོག་དམར་མོ། ཕྱག་ན་ཆུ་སྲིན་གྱི་རྒྱལ་མཚན་ཐོགས་པ། ༀ་བཛྲ་པྲ་མོ་ཧ་ཛ་ཛ། ཞེས་བརྒྱ་རྩ་བརྒྱད་བཟླས་ཏེ་བཅོལ་ན། ཕྱག་ན་རྡོ་རྗེ་ཡང་རང་བཞིན་གྱི་མཐུ་གཞན་ནས་དབང་དུ་འོང་ནས། གཞན་ལྟ་སྨོས་ཀྱང་ཅི་དགོས། བྱང་ཕྱོགས་ན་པེ་ཏ་ལི། ཁ་དོག་ནག་མོ། ཕྱག་གཡོན་ཞིང་ཆུང་འཛིན་ཅིང་ཟ་བ། ཕྱག་གཡས་ན་རྡོ་རྗེ་འཕྱར་བ། ༀ་བཛྲ་པེ་ཏ་ལི་ཧཱུྃ་ཛ་ཛ། ཞེས་རྩ་བརྒྱད་བཟླས་ཏེ་བཅོལ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་ན། འཇིག་རྟེན་གྱི་བསྒྲུབ་པ་ཕྲན་ཚེགས་ལྟ་ཅི་སྨོས། ཤར་ལྷོ་མཚམས་ནས་བུ་ཀ་སི་ཁ་དོག་དམར་སེར། ཕྱག་གཉིས་ཞིང་ཆུང་གི་བ་སུ་ཏ་འདྲེན་ཅིང་ཟ་བ། ༀ་བཛྲ་པུ་ཀ་སི་ཧཱུྃ་ཛ་ཛ། ཞེས་བཟླས་ཏེ་བཅོལ་ན་ཕྱག་ན་རྡོ་རྗེ་ཡང་འཆི་ཞིང་འདྲེན་པར་ནུས་ན། གཞན་ལྟ་ཅི་སྨོས། ལྷོ་ནུབ་ཀྱི་མཚམས་ན། ཀས་མ་རི། ཁ་དོག་ལྗང་གུ། ཕྱག་གཡོན་བན་དྷ་ཙན་དན་དམར་པོས་བཀང་སྟེ། རྡོ་རྗེས་དཀྲུག་ཅིང་འཐུང་བ། ༀ་བཛྲ་ཀས་མ་རི་ཧཱུྃ་ཛ་ཛ། ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན། ཕྱག་ན་རྡོ་རྗེ་ཡང་མྱོས་པར་འགྱུར་ན། གཞན་ལྟ་སྨོས་ཀྱང་ཅི་དགོས། ནུབ་བྱང་མཚམས་ན། བཛྲ་སྨ་ཤ་ནི་ཁ་དོག་ལྗང་གུ། ཞིང་ཆུང་ལག་པ་གཉིས་ཀྱིས་བཟུང་སྟེ། སྙིང་ག་ནས་ཟ་བ། ༀ་བཛྲ་སྨ་ཤ་ནི་ཧཱུྃ་ཛ་ཛ། ཞེས་སྟོང་རྩ་བཟླས་ཏེ། བཅོལ་ན། ཟ་མ་དང་མ་ནིང་ཡང་རྒྱུད་འཕེལ་བར་འགྱུར་ན། དབང་པོ་ཚང་ཞིང་ཉམས་པ་མེད་པ་ལྟ་ཅི་སྨོས། ཚེ་དང་དབང་ཐང་འཕེལ་བར་བྱ་བ་ལྟ་ཅི་སྨོས། འཕྲ་མེན་མ་འདི་རྣམས་འཕྲིན་ལས་མཛད་པར་བསྐུལ་བའི་ཚེ། ཨརྒ་དང་གཏོར་མ་དབུལ་བ་ནི་གོང་དུ་སྨོས་པ་བཞིན་དུ་ཚུལ་བཞིན་དུ་བགྱི། ཁྲོས་ནས་ཐམས་ཅད་ཀྱི་ཕྱག་ཆ་ཏྲི་ཤུལ་འབར་བ། གཡོན་རྔེའུ་ཆུང་བསྣམས་པ། གདན་མེ་སྨུག་ནག་གི་སྟེང་ན་བཞུགས་པ། སྐུའི་ཁ་དོག་ནག་པོ་ལ། ཁྲག་དང་ཞག་དང་ཐལ་བའི་ཐིག་ལེས་ཚོམ་བུར་བྱས་ཤིང་། བ་སུ་ཏས་རྐེད་པ་བཅིངས་པ། གསེར་གྱི་པགས་པ་གོས་སུ་གྱོན་པ། སྲོ་ཏ་ཨ་འཛས་ལུས་བརྒྱན་ཏེ། གཅེར་བུའི་ཚོགས་སྨུག་ནག་འབར་བ། གཡོན་རྔེའུ་ཆུང་བསྣམས་པ། གདན་མེ་སྨུག་ནག་འཇིག་རྟེན་གྱི་ཁམས་ཟད་ཅིང་བསྲེག་པར་བྱས་ནས། སླར་དཔལ་ཆེན་པོའི་སྐུར་ཐིམ་པར་བྱས་སོ། །དེའི་ཕྱིར་རིམ་པར་བཤད་པར་བྱས་ཏེ། ཤར་ཕྱོགས་ནས་སེང་ཧ་མུ་ཀ །ཁ་དོག་སེར་མོ་ཞི་ཁ་ན་ཐོགས་པ། ལག་པ་གཡས་གཡོན་བསྣོལ་བ། སེང་གེའི་མགོ་ཅན། ལྷོ་ཕྱོགས་ན་བེ་ཀྲི་མུ་ཀ །ཁ་དོག་དམར་པོ། ལག་པ་གཉིས་བསྣོལ་ཏེ། མདུན་ན་ཞིང་གནས་པ་ལ་བལྟ་བ་སྟག་གི་མགོ་ཅན། ནུབ་ཕྱོགས་ན་སྲི་ལ་མུ་ཀ་ཁ་དོག་ནག་པོ། ལག་པ་གཉིས་ན་ཞིང་ཆུང་འཛིན་ལྕེས་ལྡག་པ། ཝའི་མགོ་ཅན། བྱང་ཕྱོགས་ན་ཤྭ་ན་མུ་ཀ །ཁ་དོག་མཐིང་ནག །ཞིང་ལག་པ་གཉིས་ཀྱིས་ཁོང་བྲལ་ཏེ། ལྟ་བ་ཁྱིའི་མགོ་ཅན། ཤར་ལྷོའི་མཚམས་ན། ཀྲི་ཏ་མུ་ཀ །ཁ་དོག་དམར་ནག །ཞིང་ཆུང་ངུའི་བ་སུ་ཏ་ཁ་ན་ཐོགས་པ། ལག་པ་གཡས་ན་བན་དྷ། གཡོན་ན་གྲི་ཐོགས་པ། བྱ་རྒོད་མགོ་ཅན། ལྷོ་ནུབ་མཚམས་ན་ཀང་ཀ་མུ་ག །ཁ་དོག་དམར་བ་ལག་པ་གཡས་པ་ལ་ཞིང་འགེལ་ཞིང་རྐང་པ་ནས་བཟུང་བ། གཡོན་པས་མགོ་འཛིན་པ། བྱ་རྐང་ཀའི་མགོ་ཅན་མཆུ་རིང་བ། ཐོར་ཏོ་བཀུག་པ་ཟེ་བ་དམར་བ། ནུབ་བྱང་གི་མཚམས་ན། ཁ་ཁ་མུ་ཀ་ཁ་དོག་ནག་མོ། མཆུས་ཞིང་ཐོགས་པ། ལག་པ་གཡས་པ་པདྨ་བྷན་དྷ་འཛིན་པ། བྱང་ཤར་གྱི་མཚམས་སུ་ཧུ་ལུ་མུ་ཀ །ཁ་དོག་སྣ་ཚོགས། ལག་པ་གཡས་པ་དུང་ཆེན་ཁྲག་གིས་བཀང་བ་འཐུང་བ། གཡོན་པ་རྡོ་རྗེ་ལྕགས་ཀྱུ་འཛིན་པ་འུག་པའི་མགོ་ཅན། ནང་རིམ་འུག་པའི་འཁོར་གྱིས་བསྐོར་བ། དེའི་ཕྱི་རིམ་བྱ་རོག་གི་འཁོར་གྱི་བསྐོར་བ་དེའི་ཕྱི་རིམ་བྱ་རྐང་ཀའི་འཁོར་གྱིས་བསྐོར་བ། དེའི་ཕྱི་རིམ་བྱ་རྒོད་ཀྱི་འཁོར་གྱིས་བསྐོར་བ། དེ་དག་ཐམས་ཅད་ཀྱང་ཞིང་མང་པོ་གསར་རྙིང་སྤུངས་པའི་སྟེང་ན། ཞིང་ལ་བསྟོད་པའི་ཕྱིར། འཐབ་པའི་ཚུལ་སྟོན་པ་ཤ་དག་གོ། །དེ་དག་གི་སྙིང་པོ་ནི་འདི་རྣམས་སོ། །ཧཱུྃ་ཧ་ཧེ་ཕཊ་ཧཱུྃ། འདི་ཀུན་འབྲུ་རེ་རེ་ལ་ཡང་ལན་བཞི་བཞི་བརྗོད་དོ། །ཧཱུྃ་གི་གཙོ་བོ་བསྐྱེད། ཧས་ནང་གི་ལྷ་མོ་བསྐྱེད། ཧེས་ཕྱིའི་ལྷ་མོ་བརྒྱད་བསྐྱེད། ཕཊ་ཀྱིས་ཐམས་ཅད་ཁྲོ་བོར་བསྐུལ། ཧཱུྃ་གིས་ཐམས་ཅད་འོད་ཟེར་འབར་བས། ཕྱོགས་བཅུར་ཁྱབ་པར་བགྱིའོ། །ལྷ་མོ་འོད་ལྡན་ཚོགས་ཀྱི་བདག །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སློབ་དཔོན་ལྷ་ནི་བརྙས་བྱེད་དང་། རྣལ་འབྱོར་བར་དུ་གཅོད་པ་དང་། དམ་ཚིག་གཉན་པོ་འདྲལ་བ་དང་། རྡོ་རྗེ་སྤུན་ལ་འཁུ་བ་རྣམས། ཁྱོད་ཀྱིས་རྡུལ་དུ་བརླག་ནས་ནི། །གནོད་སེམས་མ་ལུས་གཏན་ནས་ཕྱུང་། དཔལ་ཆེན་ཏ་ན་འགའ་ནའི་ཚོགས་ཆེན་པོ་ལ་གཤེགས་པའི་ཚེ། སྐུ་གསུང་ཐུགས་ཀྱི་ཁྲོ་བོ་གཟི་བརྗིད་ཀྱིས། གདུག་པ་ཐམས་ཅད་གཏན་ནས་འབྱིན་ཅིང་། ལོངས་སྤྱོད་ཆེན་པོའི་ཚོགས་ཆེན་པོ་ལ། འགིང་ཞིང་འགིང་བའི་གླུ་བླངས་ཏེ། །ཐམས་ཅད་དགྱེས་པར་མཛད་པ་ཡི། །དབྱངས་འདིས་དགྱེས་པར་མཛད་དོ། །རྡོ་རྗེ་པདྨའི་ཕྱག་རྒྱ་དཔལ་འབར་བཅིང་ནས་ཕྱར་ཏེ་མཆོད་ཅིང་། འཁོར་ཐམས་ཅད་གཅེར་བུར་ཕྱུང་ནས། སྐྲ་བཤིག་ཅིང་རྒྱུག་སྟེ་སྔགས་འདི་གསུང་ངོ་། །ༀ་ཨེ་ཨ་ར་ལི་ཧོ་ཧྲིཾ་ཧྲིཾ་ཧྲིཾ། དེ་ནས་ཚོགས་སུ་གཤེགས་ནས། འཁོར་ཐམས་ཅད་ལ་སྤྱན་བསྒྲད་ནས། །གཟིགས་ཤིང་འཛུམ་པའི་བརྡས་ཧ་ཧ་སང་སང་སྒྲ་ཕྱུང་སྟེ། འཁོར་ཐམས་ཅད་ཀྱང་། མགྲིན་ཅིག་ཏུ་དབྱངས་འདི་གཙོ་བོ་ལ་བསྟོད་དོ། །ཨེ་མའོ་ཆོས། ཨེ་མའོ། །ཆོས་ཀྱི་དོན་འབྱུང་བ། ཆོས་དོན་དག་པ་བདག་མེད་པ། །ནམ་མཁའ་དང་ནི་མཉམ་པའི་གནས། །རྡོ་རྗེ་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་གཙོ་བོ་མཉེས་ནས། འཁོར་ཐམས་ཅད་ལ་གཟིགས་ཤིང་། དམ་གསལ་བའི་དབྱངས་འདི་གསུངས་སོ། །ཁ་ག་ལཧཡ྅྅྅། ཤ་ཏ་བ་ཀ །ཨ་ལ་ལ་ཧོ། །མ་ཧཱ་པཉྩ་ཨ་མྲི་ཏ། ཁ་རམ་ཡོ་གི་ནི། ཁ་རཾ་ཏ་ཀི་ནི། ཨ་ལ་ལ་ཧོ། བྷ་ག་བནཱ། ཁ་ཁ་ཁ། ལྷ་མོ་རྣམས་རྔ་བརྡུང་ཞིང་དབྱངས་ལེན། རྒྱུད་གསུམ་གྱི་གླུ་ཚིག །ཏ་ཀེ་མ་ཏ་ཀེ་མ་ཏ་ཀེ་མ། གེ་ཏེ་མ་གེ་ཏེ་མ། ཏ་ཀེ་མ་ཏ་ཀེ་མ། ཀྵེ་མ་ཀྵེ་མ་ཀྵེ་མ། འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བ་ལས། རིགས་སྔགས་གཅོད་པའི་ལེའུ་སྟ་བཅུ་གཅིག་པའོ།། །།ད་ནི་རྡོ་རྗེ་སྲིན་པོ་རྣམས་ཀྱི་དཀྱིལ་འཁོར་བཤད་དོ། །སེམས་དཔའ་ཆེན་པོ་ཉོན་ཅིག་ཅེས་གསུངས་པ་ནི། རྡོ་རྗེ་སྲིན་པའི་དཀྱིལ་འཁོར་བཤད་པའི་ཕྱིར། རྡོ་རྗེ་སེམས་དཔའ་ལ་བོས་སོ། །ཧཱུྃ་བསྐལ་པ་མེ་ལྟར་འབར་བ་ཡི། འོད་ཟེར་འདུ་འཕྲོའི་ཀློང་དཀྱིལ་ནས། །ཁྲོ་བོ་ཆེན་པོ་རྣམས་བཞུགས་པ། །བརྐྱང་བསྐུམ་ཚུལ་དུ་གནས་པ་སྟེ། །ཞེས་གསུངས་ཏེ། བདུད་དང་བགེགས་ལ་སྩོགས་པ། སྤ་སྐོང་ཞིང་བརླགས་པར་འདུལ་བའི་ཕྱིར། འཇིག་རྟེན་གྱི་ཁམས་ཐམས་ཅད་མེ་དཔུང་ཆེར་པོ་འབར་ཞིང་། ཏུག་ཙོམ་གྱི་སྒྲ་ནང་དུ། འོད་ཟེར་སྣ་ཚོགས་འཕྲོ་ཞིང་འཁྱིལ་བའི་དབུས་ན། ཁྲོ་བོའི་འོག་ནས་འབྱུང་བ་རྣམས། །ཞབས་བརྐྱང་བསྐུམ་གྱི་ཚུལ་དུ་ཁྲོ་གཉེར་སྡང་མིག་ཏུ་གཟིགས་ཤིང་བཞུགས་པའི་དོན་ཏོ། །གཞན་དུ་ན་རྟག་ཆད་ཀྱི་མཐའ་དང་། མཚན་མའི་སྤྱོད་ཡུལ་དང་། ལྟ་བའི་གནས་དྲུག་ཅུ་རྩ་གཉིས་ནི། ཡང་དག་པའི་དབྱིངས་ཉིད་ལ་འཇུག་པའི་བར་དུ་གཅོད་པས། བགེགས་སུ་འགྱུར་ལ། སྦྱོར་མི་རྟོགས་པར་གྱུར་པས་བདུད་དེ་དག་འཇོམས་ཤིང་། སྐྲག་པའི་ཤེས་རབ་ཀྱི་མེ་ལ་བྱ། ཡེ་ཤེས་ལྔའི་འོད་ཟེར་སྣ་ལྔ་ལས། ཐོགས་པ་མེད་པར་འཇུག་པ་དང་། །དབྱིངས་ཉིད་ལ་འཁྱིལ་ཏེ། གཉིས་སུ་མེད་པའི་ཏིང་ངེ་འཛིན་དུ་ཐིམས་ནས། མཐའ་ལས་འདས་ཏེ་སྐུ་མི་དམིགས་པ་དཀྱིལ་ལོ། །དོན་གོང་མ་ལྟར་གོ་བ་ནི་སྒྲ་ཏེ། ཀུན་ཏུ་ཁྱབ་པའི་ཕྱིར་སྒྲ་ཆེན་པོ་ཞེས་བྱའོ། །ཡེ་ཤེས་ལྔ་ཐ་དད་པར་རིག་ཅིང་གོ་བ་ནི་སྒྲ་སྣ་ཚོགས་པ་ཡིན་ཅེས་གཅིག་ལ་སྤྲོས་པའི་ཏན་ཏྲ་ལས་འབྱུང་སྟེ། བརྐྱང་པ་ནི་ཤེས་རབ་ཏེ། དབྱིངས་ལ་དམིགས་པའི་དོན་ཏོ། །བསྐུམ་པ་ནི་ཐབས་ཏེ། དབྱིངས་ཉིད་ལ་མི་དམིགས་པར་ཆུད་པའི་དོན་ཏོ། །དབུས་ཀྱི་ཁྲག་འཐུང་ཆེན་པོ་ནི། །དབུ་དགུ་ཕྱག་རྒྱ་བཅོ་བརྒྱད་དེ། །གཤོག་པ་རྡོ་རྗེ་གཏམས་པས་གདེངས། །ཞབས་ཀྱང་བརྒྱད་དུ་རྣམ་པར་བསྟན། །ཞེས་གསུངས་ཏེ། ཁྲོ་བོའི་འོག་ནས་འབྱུང་བའི་དབུས་ན་ཧེ་རུ་ཀ་གཙོ་བོར་བཞུགས་ཏེ། དབུ་དང་པོ་དབུས་དཀར། གཡས་དམར། གཡོན་ལྗང་གུ། བར་མ་དབུས་སེར། གཡས་སྔོ། གཡོན་དམར་སྐྱ། ཐ་མ་དབུས་ནག་པོ། གཡས་དམར་སྨུག །གཡོན་ལྗང་ནག་གོ། །དབུ་སྐྲ་རལ་པ་ཁམས་ནག་གྱེན་དུ་འཁྱིལ་བ། ཐོད་པ་སྐམ་པོའི་ཕྲེང་བས་བརྒྱན་པའོ། །སྐུ་མདོག་ནག་པོ་ཞེས་ཀྱང་འབྱུང་སྟེ། སྐུ་ཡང་ནི་མདོག་དང་སྐུ་ཅིར་ཡང་འགྱུར་ཅེས་འཆད་པ་མང་ངོ་། །ཐོད་པ་རློན་པའི་ཕྲེང་བ་སེ་རལ་ཁར་ཐོགས་པ། ཕྱག་བཅོ་བརྒྱད་ལ། གཡས་གཡོན་དང་པོ་གཉིས་ནི། རྡོ་རྗེ་དང་དུང་ཆེན་ཁྲག་གིས་བཀང་བ་དཀྲུག་ཅིང་གསོལ་བ། དེའི་འོག་མ་གཉིས་ནས། སྟི་ར་ཞིང་ཆེན་རློན་པའི་གློ་སྙིང་འབྱིན་ཅིང་གསོལ་བ། དེའི་འོག་མ་གཉིས་ན། སྟི་ར་ཆེན་པོའི་ནང་ཞགས་ལྡོགས་ཏེ། ལམ་རྒྱུད་ལྔའི་སེམས་ཅན་ཐམས་ཅད་ལ་འདེབས་ཏེ། དབྱིངས་ལ་སྦྱོར་ཞིང་ལྟ་ན་བྱེད། །དེའི་འོག་མ་གཉིས་ན། སྟེང་ཆུང་དུ་ཆང་པར་བཅངས་ཏེ། །རིལ་མིད་མཛད་པ། དེའི་འོག་མ་གཉིས་ན། ཉི་མ་ཟླ་བ་ཐུགས་ཀར་འཛིན། །དེའི་འོག་མ་གཉིས་ན་ཅིར་ཡང་འགྱུར་བའི་མཚོན་ཆ། དེའི་འོག་མ་གཉིས་ན། འཕྲ་མེན་མགྱོགས་མ་ཞེས་བྱ་བ་དང་། གསོད་མ་ཞེས་བྱ་བ་ཁྱུང་དང་འུག་པ་ལྟ་བུར་སྤྲུལ་པའི་ཁྲ་ཐོགས་ནས། དམ་ལས་འགལ་བ་གཏོང་ཞེས་པའོ། །དེའི་འོག་མ་གཉིས་ན། རླུང་དང་མེའི་དཀྱིལ་འཁོར་ཐོགས་པ་སྟེ། འཇིག་རྟེན་ཐམས་ཅད་མཐོང་ཞེས་བསྲེག་གོ། །དེའི་འོག་མ་གཉིས་ནི། ཆུའི་དཀྱིལ་འཁོར་དང་རི་ཐོགས་ཏེ། འཇིག་རྟེན་གྱི་ཁམས་གནོད་ཅིང་གཡེང་བར་མཛད་དོ། །དེའི་འོག་མ་གཉིས་ན། །རིན་པོ་ཆེའི་མཛོད་དང་། ཡིད་བཞིན་གྱི་ཟ་མ་ཏོག་ཏེ། །རྣལ་འབྱོར་པ་རྣམས་ལ་ཅིས་ཀྱང་མི་ཚུགས་པའི་གོ་ཆ་ལ་སོགས་པ་དང་། དངོས་གྲུབ་རྣམ་གསུམ་ཐོབ་པར་མཛད་དོ། །གཞན་དུ་ན་མ ཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ། ཆོས་ཉིད་དང་ཐ་མི་དད་ལ། །རིམ་སུ་སྣང་བའོ། །སྟོང་པ་བཅོ་བརྒྱད་དུ་རིག་པ་དེ་ཉིད། །ཡེ་ཤེས་བརྒྱད་ཀྱི་ཕྱི་ནང་གི་དངོས་པོ་འཇིག་པའི་ཕྱིར། ཕྱག་བཅོ་བརྒྱད་དང་སྦྱར་ཏེ། དེ་ནི་ཐབས་ཡིན་ནོ། །སྤྱན་དགུ་ནི་ཆོས་ཉིད་ལས་གཞན་དུ་མི་གཟིགས་སོ། །སྤྱན་བཅོ་བརྒྱད་ནི། སྟོང་པ་བཅོ་བརྒྱད་ལ་དམིགས་པས་ཤེས་རབ་བོ། །དེ་ལྟར་ཐབས་དང་ཤེས་རབ་འབྲེལ་པས། སྤྱན་དང་། སྙན་དང་། ཤངས་དང་། ལྗགས་དང་། སྐུ་གསུང་ཐུགས་ཀྱང་སྟོང་པ་བཅོ་བརྒྱད་དུ་གཟིགས་པས། བཅོ་བརྒྱད་ཕྲག་དྲུག་སྟེ། ཁྲོ་བོ་བརྒྱ་རྩ་བརྒྱད་དོ། །ཁྲོ་བོས་གཟིགས་པའི་ཡུལ་གཟུགས་དང་། །སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། སྟོང་པ་བཅོ་བརྒྱད་ཕྲག་དྲུག་སྟེ། དེ་ནི་དམིགས་པའི་ཡུལ་ཡིན་པས་ཁྲོ་བོ་བརྒྱ་རྩ་བརྒྱད་དོ། །དེ་ལྟ་བུ་ཤ་སྟག་སྟེ། ཆོས་ཐམས་ཅད་ཁྲོ་བོ་དང་། ཁྲོ་མོ་ཡིན་པར་མཁས་པས། རིགས་ཏེ་གྲངས་མེད་དོ། །ཞེས་གཅིག་ལས་སྤྲོས་པའི་ཏནྟྲ་ལས་འབྱུང་ངོ་། །མཁའ་ལྡིང་གི་རྒྱལ་པོའི་ཚུལ་དུ་རྡོ་རྗེ་གཤོག་པས་གདེངས་པའོ། །ཕྱག་མང་པོ་གདེངས་པ་ལ་ཡང་ཞེས་ཀྱང་བཤད། གཤོག་པ་ནི་རྡོ་རྗེ་སྟམས་པ་སྟེ། འཇིག་རྟེན་གདེངས་པ་ཙམ་དུ་གདེངས་པའོ། །གཞན་དུ་ཆོས་ཀྱི་དབྱིངས་ལས། ཡེ་ཤེས་འཕྲོ་བ་དང་ཐམས་ཅད་དུ་ཁྱབ་པས་ཕྱིན་པའི་དོན་ཏེ། ཞབས་བརྒྱད་ཀྱི་གཡས་གཡོན་གཉིས་ནི། མ་ཧཱ་ཀ་ལ་ཕོ་མོ་གཉིས་བརྫིས་པའོ། །དེའི་འོག་མ་གཉིས་ནི། ཚོགས་ཀྱི་བདག་པོ་ཕོ་མོ་གཉིས་བརྫིས་པའོ། །དེའི་འོག་མ་གཉིས་ནི། བྱི་ན་ཡ་ག་ཕོ་མོ་གཉིས་བརྫིས་པའོ། །གཞན་དུ་རྣམ་པར་ཐར་པ་བརྒྱད་ལ་ཞེན་པའི་ཐ་ཚིག་སྟེ། བསམ་གཏན་བཞི་དང་། སྙོམས་པར་འཇུག་པ་བཞི་སྒོམ་ཞིང་ཆོས་ཉིད་མ་རྟོགས་པ་ནི། འཇིག་རྟེན་ལྷའི་བསམ་གཏན་ནོ། །ཆོས་ཉིད་རྟོགས་པས་རྣམ་པར་ཐར་པ་བརྒྱད་དུ་གྱུར་ཏེ། དེའི་ཕྱིར་འཇིག་རྟེན་ཀྱི་ལྷ་བརྒྱད་ཞབས་ཀྱིས་བརྫིས་པ་ནི་འཇིག་རྟེན་གྱི་ལྷའི་བསམ་གཏན་ཆོས་ཉིད་དུ་མཁྱེན་ཏེ། ཆོས་རྟགས་པས་རྣམ་པར་ཐར་པ་བརྒྱད་ལ་ཞོན་ཞེས་བྱ་བའི་དོན་ཏེ། དེའི་དཀྱིལ་འཁོར་ཁྲོ་བོ་ནི། དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེང་ན། །འཇིག་རྟེན་སྐྱོང་བ་འདུད་ཚུལ་ལོ། །ཞེས་གསུངས་ཏེ། ཤྲི་ཧེ་རུ་ཀའི་འཁོར་གྱི་ཁྲོ་བོ་རེ་རེ་ལ་ཡང་ཡན་ལག་ཉི་ཤུ་རྩ་བདུན། ཕྱག་རྒྱ་ལྔ་བཅུ་རྩ་བཞི་དང་ལྡན་པར་བསྟན་ནོ། །ཤར་ཕྱོགས་སུ་ཁྲོ་བོ་རྣམ་པར་རྒྱལ་སྐུ་མདོག་དཀར་བ་དབུ་དབུས་དཀར་བ། གཡས་སྔོ་གཡོན་ལྗང་སེར། ཕྱག་གཡས་གཡོན་དང་པོ་གཉིས་ནི། །རྡོ་རྗེ་དང་དུང་ཆེན་དམར་གྱིས་བཀང་བ་དཀྲུག་ཅིང་གསོལ་བ། དེའི་འོག་མ་གཉིས་ན། ཏྲི་ཤུལ་དང་འཁོར་ལོ་བསྣམས། ཐ་མ་གཉིས་ན། སྟི་རའི་དབྱུག་པ་དང་ཕ་བང་བསྣམས་པའོ། །གཤོག་པ་ནི་གོང་དུ་བཤད་པ་དང་མཐུན་ནོ། །རྡོ་རྗེ་བྲག་གཏམས་པ་ལ་བརྟེན་ཏེ། འཇིག་རྟེན་སྐྱོང་བ་བརྒྱ་བྱིན་ཞབས་ཀྱིས་བརྫིས་ཏེ་བཞུགས་སོ། །གཞན་དབུ་གསུམ་ནི། རྣམ་པར་ཐར་པའི་སྒོ་གསུམ་དང་སྦྱར་རོ། །ཕྱག་དྲུག་ནི་ཡེ་ཤེས་དྲུག་དང་སྦྱར་རོ། །ཞབས་དྲུག་ནི་ཡེ་ཤེས་དྲུག །ཡུལ་དྲུག་ལ་ནི་མི་དམིགས་པའི་ཚུལ་གྱིས་མི་འགྱུར་བར་བསྟན་ཏེ། བསྟན་པའི་ཕྱིར་རྡོ་རྗེ་བྲག་ཅེས་བྱས་སོ། །འཇིག་རྟེན་སྐྱོང་བ་ནི། དགེ་བཅུའི་ལས་ཀྱིས་གྲུབ་པ་ལ། །དེ་ལ་བཅིང་པ་ནི། དགེ་བ་བཅུ་ལས་འདས་པའི་ཕྱིར། །མཉམ་པ་ཉིད་ལ་སྤྱོད་པའི་དོན་ཏོ། །དེ་བཞིན་དུ་ཁྲོ་བོ་ཁྲོ་མོ་འོག་ནས་འབྱུང་བའི་ཕྱག་མཚན་རྣམས་ཀྱང་ཚུལ་དེ་ལྟར་སྦྱར་རོ། །ཤར་ལྷོ་མཚམས་སུ་བེ་ཅོན་སྔོན་པོ། །སྐུ་མདོག་སྔོ་སྐྱ། དབུ་གསུམ་ལ་དབུས་སྔོ། གཡས་དཀར། གཡོན་དམར་ཕྱག་གཡས་གཡོན་དང་པོ་གཉིས་ན། རྡོ་རྗེ་དུང་ཆེན་ཁྲག་གིས་བཀང་ནས་བཀྲུག་ཅིང་གསོལ་བ། བར་མ་གཉིས་ན་དབྱུག་པ་རིན་པོ་ཆེ་དང་མེ་སྤལ་བསྣམས། ཐ་མ་གཉིས་ན་སྟི་རའི་དབྱུག་པ་དང་ཁྭ་ཏ་བསྣམས་པ། ཞབས་དྲུག་མེ་ལྷ་བརྫིས་པའོ། །གཞན་ནི་གོང་མ་དང་འདྲ། ལྷོ་ཕྱོགས་སུ་གཤིན་རྗེ་གཤེད་པོ་སྟེ། སྐུ་མདོག་སྔོན་པོ། དབུ་གསུམ་ལ་དབུས་སྔོན་པོ། གཡས་སྔོ་སྐྱ། གཡོན་ལྗང་ནག །ཕྱག་གཡས་གཡོན་དང་པོ་གཉིས་ན། རྡོ་རྗེ་དུང་ཆེན་ཁྲག་གིས་བསྐང་ནས་དཀྲུག་ཅིང་གསོལ་བ། བར་གཉིས་ན་དབྱུག་པ་མི་མགོ་ཅན་དང་དགྲ་སྟ་བསྣམས། ཐ་མ་གཉིས་ན་སྟི་རའི་དབྱུག་པ་དང་བྱ་རོག་བསྣམས། ཞབས་དྲུག་གཤིན་རྗེ་ལ་བརྫིས་ཏེ་བཞུགས། ལྷོ་ནུབ་མཚམས་སུ་མི་གཡོ་མགོན་པོ་སྐུ་མདོག་ལྗང་སྔོན། དབུ་གསུམ་ལ་དབུས་ལྗང་སྔོན། །གཡས་སྔོན་པོ། གཡོན་སྨུག་ནག །ཕྱག་གཡས་གཡོན་དང་པོ་གཉིས་ན། །རྡོ་རྗེ་དུང་ཆེན་ཁྲག་གིས་བསྐང་ནས་བཀྲུག་ཅིང་གསོལ་བ། བར་མ་གཉིས་ན་རལ་གྲི་དར་ཞགས་བསྣམས། ཐ་མ་གཉིས་ན་སྟི་རའི་དབྱུག་པ་དང་འུག་པ་བསྣམས། ཞབས་དྲུག་བདེན་བྲལ་བརྫིས་པའོ། །ནུབ་ཕྱོགས་སུ་ཧ་ཡ་གྲཱི་བ། །སྐུ་མདོག་དམར་པོ། དབུ་གསུམ་ལ་དབུས་དམར་གཡས་དཀར། །གཡོན་སྔོ ན་པོ། ཕྱག་དང་གཉིས་ན། རྡོ་རྗེ་དུང་ཆེན་ཁྲག་གིས་བཀང་ནས་དཀྲུག་ཅིང་གསོལ་བ། བར་མ་གཉིས་ན་ཞགས་པ་དང་སྤུ་གྲི་བསྣམས་པ། ཐ་མ་གཉིས་ན་སྟི་རའི་དབྱུག་པ་དང་། ནམ་མཁའ་ལྡིང་བསྣམས་པ། ཞབས་དྲུག་ཀླུ་ལ་བརྫིས་པའོ། །ནུབ་བྱང་གི་མཚམས་ན་གཞན་གྱིས་མི་ཐུབ་སྐུ་མདོག་དམར་སྐྱ། གཡས་སེར་པོ། གཡོན་ལྗང་གུ། ཕྱག་དང་པོ་གཉིས་ན་རྡོ་རྗེ་དུང་ཆེན་བཀང་བ་དཀྲུག་ཅིང་གསོལ་བ། བར་མ་གཉིས་ན་བན་དྷ་དང་རྡུལ་ཡབ་བསྣམས་པ། ཐ་མ་གཉིས་ན་སྟི་རའི་དབྱུག་པ་དང་སྐྲག་བསྣམས་པ། ཞབས་དྲུག་བེར་མ་བརྫིས་པའོ། །བྱང་ཕྱོགས་སུ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་ནག །དབུ་གསུམ་ལ་དབུས་ལྗང་། གཡས་སེར་པོ། གཡོན་དུད་ཀ །ཕྱག་དྲུག་གཡས་གཡོན་དང་པོ་གཉིས་ན། རྡོ་རྗེ་དུང་ཆེན་ཁྲག་གིས་བསྐང་བ་བཀྲུག་ཅིང་གསོལ་བ། བར་མ་གཉིས་ན་དབྱུག་ཏོ་དང་རྒྱ་གྲམ་བསྣམས་པ། ཐ་མ་གཉིས་ན་སྟི་རའི་དབྱུག་པ་དང་པུ་ཤུད་བསྣམས། ཞབས་དྲུག་གནོད་སྦྱིན་བརྫིས་པའོ། །བྱང་ཤར་མཚམས་སུ་ཁམས་གསུམ་རྣམ་པར་རྒྱལ་བ། སྐུ་མདོག་སེར་པོ། དབུ་གསུམ་ལ་དབུས་སེར་པོ། གཡས་དམར། གཡོན་ལྗང་གུ། ཕྱག་དྲུག་གཡས་གཡོན་དང་པོ་གཉིས་ན། རྡོ་རྗེ་དུང་ཆེན་ཁྲག་གིས་བསྐང་བ་དཀྲུག་ཅིང་གསོལ་བ། བར་མ་གཉིས་ན་གཞུ་དང་མདའ་བསྣམས། ཐ་མ་གཉིས་ན་སྟི་རའི་དབྱུག་པ་དང་སྲིན་བྱ་བསྣམས། ཞབས་དྲུག་དབང་ལྡན་བརྫིས་པའོ། །འོག་གི་ཕྱོགས་སུ་སྟོབས་པོ་ཆེ་སྐུ་མདོག་དུད་ཀ །དབུ་གསུམ་ལ་དབུས་དུད་ཀ །གཡས་ནག་པོ། གཡོན་དམར་པོ། ཕྱག་དྲུག་གཡས་གཡོན་དང་པོ་གཉིས་ན། རྡོ་རྗེ་དུང་ཆེན་ཁྲག་གིས་བཀང་བ་དཀྲུག་ཅིང་གསོལ་བ། བར་མ་གཉིས་ཐོ་བ་དང་ཞགས་པ་བསྣམས་པ། ཐ་མ་གཉིས་གཤོལ་དང་གཏུན་ཤིང་བསྣམས། ཞབས་དྲུག་ཕག་བརྫིས་པའོ། །སྟེང་གི་ཕྱོགས་སུ་ཧཱུྃ་ཀ་ར་སྐུ་མདོག་སྔོ་སྐྱ། དབུ་གསུམ་ལ་དབུས་སྔོ་སྐྱ། གཡས་སེར་པོ། གཡོན་དམར་པོ། ཕྱག་དྲུག་གཡས་གཡོན་དང་པོ་གཉིས་ན་རྡོ་རྗེ་དུང་ཆེན་ཁྲག་གིས་བཀང་བ་དཀྲུག་ཅིང་གསོལ་བ། བར་མ་གཉིས་ན་མདའ་གཞུ་བསྣམས། ཐ་མ་གཉིས་ན་ཐོ་བ་དང་ཆུ་སྲིན་བསྣམས་པ། ཞབས་དྲུག་ཉི་ཟླ་གཟའ་སྐར་བརྫིས་པའོ། །དེ་དག་ཐམས་ཅད་ཐོད་སྐམ་གྱི་དབུ་བརྒྱན་བྱས་པ། ཐོད་རློན་གྱི་ཕྲེང་བ་ཤ་སྟག་གོ། །དེའི་ཕོ་ཉ་བཀའ་ཉན་ནི། རྡོ་རྗེ་ཕྲ་མེན་གཏུམ་བག་ཅན། །འཇིགས་པའི་གཟུགས་ཅན་མང་པོ་སྟེ། །དེ་དག་ཅིར་ཡང་འགྲུབ་པར་བྱེད། །ཅེས་གསུངས་ཏེ། འཕྲ་མེན་མ་སྟག་གི་མགོ་ཅན་དང་། གཡག་གི་མགོ་ཅན་དང་། ཤ་བའི་མགོ་ཅན་དང་། གཟིག་གི་མགོ་ཅན་དང་། བྱི་ལའི་མགོ་ཅན་དང་། སྤྱང་ཀིའི་མགོ་ཅན་དང་། དོམ་གྱི་མགོ་ཅན་དང་། དྲེད་ཀྱི་མགོ་ཅན་དང་། ཕག་གི་མགོ་ཅན་རྣམས་ཏེ། དེ་དག་གཡས་པ་ནི་སྟི་ར་ཐོགས་ནས་ཟ་ཞིང་རྒྱུགས། གཡོན་པ་ནི་ཅིར་ཡང་འགྱུར་བའི་མཚོན་ཆ་ཐོགས་ནས། ཁྲོ་བོའི་བཀའ་བཞིན་ལས་བྱེད་པའོ། །གཞན་དུ་ན་རྡོ་རྗེ་ཕྲ་མེན་མ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་ལྟ་བུ་སྟེ། ཡེ་ཤེས་དང་ཡེ་ཤེས་ཀྱི་བྱིན་རླབས་ལས་བྱུང་ངོ་། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་བ་ལས། ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ཀྱི་ལེའུ་སྟ་བཅུ་གཉིས་པའོ།། །།ད་ནི་ཁྲོ་བོའི་དཀྱིལ་འཁོར་བཤད་དེ། །རྡོ་རྗེ་སྲིན་མོ་ཆེན་མོ་ནི། །འཇིགས་བྱེད་ཆེན་མོར་སྣང་བ་སྟེ། །ཕྱག་ཀྱང་སྲིན་པོ་ཆེན་པོ་སྟེར། །མཐུན་ཏེ་ཞབས་ཀྱང་དེ་དང་འདྲ། །ཞེས་གསུངས་པའོ། །ཁྲོ་མོ་རྣམས་ཀྱི་སྐུ་དང་ཕྱག་དང་ཞབས་ཁྲོ་བོ་དང་འདྲ། མི་མཐུན་པ་ཕྱག་གཡས་པར་དྲིལ་བུ་ཐོགས། །གཞན་དུ་ན་དྲིལ་བུ་ཤེས་རབ། །རྡོ་རྗེ་ཐབས་སོ། །དེ་ཟུང་དུ་འབྲེལ་པ་ལས། དུར་མོ་རྡོ་ལས་མེ་བྱུང་ནས། །བརྩ་ལ་བསྲེག་པའི་ཚུལ་དུ། ཕོ་ཉ་ཕོ་དང་ཕོ་ཉ་མོ་བྱུང་ནས། །ཅི་ཡང་བརླག་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལ་ཁྲོ་མོ་ནི་གཙོ་མོ་རལ་གཅིག་མ། ཤར་ཕྱོགས་སུ་རྡོ་རྗེ་སྙེམས་མ། དེ་བཞིན་དུ་རྡོ་རྗེར་སྡེར་མོ། རྡོ་རྗེ་དུར་ཁྲོད་བདག་མོ། རྡོ་རྗེ་གཏུན་ཁུང་མ་དང་། རྡོ་རྗེ་གཏུམ་མོ་དང་། རྡོ་རྗེ་བསྙེམས་མ་དང་། རྡོ་རྗེ་སྒྲ་འབྱིན་མ་དང་། རྡོ་རྗེ་གསོད་མ་དང་། རྡོ་རྗེ་སྐུལ་བྱེད་མ་དང་། རྡོ་རྗེ་རླུང་འབྱིན་མ་དང་། རྡོ་རྗེ་བརྗེད་བྱེད་མ་དང་། རྡོ་རྗེ་འཇིགས་བྱེད་མ། རྡོ་རྗེ་བདུད་རྩི་སྦྱོར་བྱེད་མ་དང་། རྡོ་རྗེ་འཕྲོག་མ་རྣམས་སོ། །ནང་གི་ཕོ་ཉ་བཅུ་གཉིས་ནི་རྡོ་རྗེ་རྨངས་བྱེད་མ་དང་། རྡོ་རྗེ་ཡིད་འཕྲོག་མ་དང་། རྡོ་རྗེ་ཁྲག་འཇིབ་མ་དང་། རྡོ་རྗེ་ཆ་འཇོམས་མ་དང་། རྡོ་རྗེ་རྨུགས་བྱེད་མ་དང་། རྡོ་རྗེ་སྲིན་མོ་སྙིང་ཟ་མ་དང་། རྡོ་རྗེ་སྐུལ་བྱེད་མ་དང་། རྡོ་རྗེ་འབེབ་མ་དཔལ་བདག་མ་དང་། རྡོ་རྗེ་རྐང་འཇིབ་མ་དང་། རྡོ་རྗེ་གནས་མ་མགྱོགས་བྱེད་མ་དང་། རྡོ་རྗེ་ཆེ་བསྒྲུབ་མ་དང་། ཚེ་འཛིན་མ་རྣམས་སོ། །འདི་རྣམས་ཀུན་ཀྱང་རིན་པོ་ཆེ་དང་། རྡོ་རྗེ་རྒྱུ་ལས་བྱུང་བའི་གཤོགས་པ་གདེངས་པ། དབུ་དང་སྐུ་ལ་སོགས་པ། ཐོད་རློན་སྦྲུལ་ནག་དང་། ཞིང་ཆེན་དང་། ཆུ་སྲིན་གྱི་སྟོད་གཡོགས་དང་། སྨད་གཡོགས་དང་། ཟ་བྱེད་ཀྱི་ཁ་འབར་བས་ཞགས་པ་ཀུན་གྱི་ཕྱག་ན། སྦོད་གཏོང་རྡོ་རྗེ་ནམ་མཁའ་ལྡིང་དང་། ཁྲ་དང་འུག་པ་དང་། བྱ་རྒོད་དང་། བྱན་ལག་དང་། ཀང་ཀའི་ལུས་ལ་ཆུ་སྲིན་གྱི་མགོ་ཅན། །གཤོག་སྦུབ་དང་སྦུག་སེབས་ཐམས་ཅད་ནས། ལྕགས་ཀྱི་རྒྱུན་བཏབས་པ་འདྲ་བ་འབྱུང་བ། སྡེར་མོང་ཐམས་ཅད་རྡོ་རྗེ་ལྕགས་ཀྱུ། མཆུ་རྡོ་རྗེ་རྩེ་གཅིག་པའི་བཟོང་དང་། རྡོ་རྗེ་སོ་གྲི་དང་། རྡོ་རྗེ་ཁ་གདེངས་དང་། རྡོ་རྗེ་ཀ་མ་འབུད་ཀ །རྡོ་རྗེ་མཆིང་བར་བྱེད་པའི་མཆུ་དང་། འཇིགས་པར་བྱེད་པའི་གཟུགས་ཅན། འདི་ལྟ་བུ་ཕྱག་ན་བསྣམས་སོ། །གཞན་དུ་རྣམ་པར་གྲོལ་བ་ཡི། སྐྱེ་མཆེད་བཅུ་གཉིས་ཀྱི་ཡུལ་གཞིག་སྟེ། ཆོས་ཀྱི་དབྱིངས་སུ་གྱུར་པ་ལ་བྱ་ཞེས། རྩེ་གཅིག་བསྡུས་པ་ལས་འབྱུང་ངོ་། །ཕོ་ཉ་འཕྲ་མེན་མ་རྣམས་ཏེ། བྱ་རྒོད་མགོ་ཅན་དང་། འུག་པའི་མགོ་ཅན་དང་། ཁྲའི་མགོ་ཅན་དང་། པུ་ཤུད་ཀྱི་མགོ་ཅན་དང་། ཁྭའི་མགོ་ཅན་དང་། ཕ་བང་གི་མགོ་ཅན་དང་། སྲེ་མོང་གི་མགོ་ཅན་དང་། བྱིའི་མགོ་ཅན་དང་། སྨིག་བུའི་མགོ་ཅན་རྣམས་སོ། །གཞན་དུ་ན་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལས་འབྱུང་ཞེས་འཆད། དེའི་དཀྱིལ་འཁོར་དུ། རིན་ཆེན་མེ་ཏོག་བོར་ནས་སུ། །གང་ལ་བབ་པའི་ལྷ་དེ་ནི། །ཉེ་བར་འགྲུབ་པ་ཐེ་ཚོམ་མེད་ཅེས་གསུངས་པ་ཡིན་ནོ། །གོང་མ་ལྟ་བུའི་དཀྱིལ་འཁོར་དུ། །རིན་པོ་ཆེའི་མེ་ཏོག་བོར་ཏེ། །གསང་བའི་ལྷ་དེ་བསྒྲུབས་ནས། །འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ན། ཆོས་ཀྱི་དབྱིངས་ཁྲོ་བོ་དང་། ཁྲོ་མོའི་ཚུལ་དུ་སྣང་བ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རིག་པ་ནི། ཡེ་ཤེས་རིག་པའི་མེ་ཏོག་བོར་རོ་ཞེས་བྱ་སྟེ། ཁྲོ་བོ་ཁྲོ་མོ་ཐམས་ཅད་བདག་ཏུ་ཐ་མི་དད་པས། བསྒྲུབ་པ་ཡིན་ནོ། །ཞེས་རྩེ་གཅིག་བསྡུས་པ་ལས་འབྱུང་ངོ་། །དེ་ནས་སློབ་མའི་དམ་ཚིག་བསྟན་ཏེ། དགེ་དང་མི་དགེའི་ཆོས་རྣམས་ལ། །ལྷག་པར་བསྟན་པར་མི་བྱ་སྟེ། །མཉམ་ཉིད་རིག་པའི་ཀློང་ཞུགས་ནས། །ཅི་ལ་ཡང་ཐོགས་པ་མེད་པར་སྤྱད་དོ། །ཞེས་བསྒོ་བོ་ཞེས་གསུངས་ཏེ། ལྷག་པར་དགེ་བ་ལ་གཙོར་སྦྱོང་བ་ནི། ཉན་ཐོས་པ་ཡིན། མི་དགེ་བ་ལ་གཙོར་སྤྱོད་པ་ནི། སེམས་ཅན་ཕལ་པ་ཡིན་ནོ། །ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་ཁྲོ་བོ་ཁྲོ་མོར་མཉམ་ལ། དོན་དམ་པར་སྐྱེ་འགགས་མེད་པར་མཉམ་པས། ཅི་ལ་ཡང་ཐོགས་པ་མེད་པར་འཇུག་པའི་དོན་ཏོ། །དེ་ནས་འཁོར་དང་བཅས་པ་སྤྱང་དྲངས་བ་ནི། དེ་ཡི་ཕོ་ཉ་བཀའ་ཉན་ནི། །རྡོ་རྗེ་ཕྲ་མེན་གཏུམ་བག་ཅན། །རྡོ་རྗེ་དབྱུགས་པ་བླངས་ནས་སུ། །གཡབ་མོ་སྔས་ཀྱང་གཡབ་པར་བྱ། །དེ་ནས་དཀྱིལ་འཁོར་བཞུགས་པར་བརྟག །མཆོད་པ་ཆེན་པོ་དབུལ་བར་བྱ། །ཞེས་གསུངས་ཏེ། དེ་ལ་བདག་གི་ལུས་ལ་སྔོན་གཙོ་བོ་ཤྲཱི་ཧེ་རུ་ཀ་ལུས་ལ་ཁྱབ་པར་བསྡུའོ། །ཧཱུྃ་ཀ་ར་ཀླད་པའི་རྒྱབ་ཏུ་བསྡུའོ། །རྣམ་པར་རྒྱལ་བ་ནི་དཔྲལ་བར་བསྡུའོ། །ཧ་ཡ་གྲཱི་བ་ནི་ཁ་ནས་ཐོང་ཀའི་བར་ཏུ་བསྡུའོ། །ཁམས་གསུམ་རྣམ་པར་རྒྱལ་བ་ནི་ལག་པ་གཡས་པ་ལ་བསྡུའོ། །བེ་ཆེན་སྔོན་པོ་ནི་གཡོན་པ་ལ་བསྡུའོ། །བདུད་རྩི་འཁྱིལ་པ་སྙིང་གར་བསྡུའོ། །ཡ་མནྟ་ཀ་ནི་ལྟེ་བར་བསྡུའོ། །གཞན་གྱི་མི་ཐུབ་པ་རྐང་གཡས་པ་ལ་བསྡུའོ། །མི་གཡོ་མགོན་པོ་ནི་རྐང་པ་གཡོན་པ་ལ་བསྡུའོ། །སྟོབས་པོ་ཆེ་གསང་བ་ལ་བསྡུའོ། །དེ་ལྟར་བསྡུས་ལ། དབུས་ཀྱི་གཙོ་བོ་ཧེ་རུ་ཀའམ། གང་བསྒོམ་པའི་ལྷར་བསྒོམ་མོ། །ཕོ་ཉ་ཐམས་ཅད་བ་སྤུའི་བུ་ག་ཐམས་ཅད་ལ་བསྡུའོ། །སྲིན་མོ་རྣམས་ཀྱང་ཚུར་དེ་ལྟར་བསྡུའོ། །གཞན་དུ་ན་སེམས་དང་སེམས་ལས་བྱུང་བའི་ཆོས་གནས་གྱུར་པ་ལ་བྱ་སྟེ། ཡེ་ཤེས་ཀྱི་བྱིན་རླབས་ལས་བྱུང་བ་ནི། ཆོས་ཀྱི་དབྱིངས་ཉིད་དེ་ལ། དབྱིངས་ཀྱི་ཡེ་ཤེས་ཀྱིས་མཉམ་པ་ཉིད་དུ་སྦྱོར་ཞིང་དམིགས་པར་སྙོམས་པར་འཇུག་པའི་ཚེ། སེམས་དཔའ་གནས་གྱུར་པས་ནི། རེག་པ་དང་ཡིད་ལ་བྱེད་པ་དང་། འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། འབྱེད་པ་དང་། དད་པ་དང་། གཉིད་གནས་གྱུར་པའི་བར་དུ་སློང་ཞིང་སྐུལ་བར་བྱེད་པ་སྟེ། ཆོས་ཀྱི་དབྱིངས་དང་ཡེ་ཤེས་ལས་བྱུང་ནས། །སླར་དབྱིངས་སུ་འཛུད་པས་སེམས་དཔའ་གནས་འགྱུར་བ་ནི། འཕྲ་མེན་བསྐུལ་མ་ཞེས་བྱ་སྟེ། །གཞན་རེག་པ་ལ་སོགས་པ་སྙོམས་པར་གྱུར་པའི་གནས། གཞན་གྱིས་བསད་པའི་གོད་ལ་འབྲང་བའི་ཕྱིར། བྱ་རྒོད་མགོ་ཅན་ཞེས་བྱའོ། །རི་བོ་བརྩེགས་པ་ལས་ནི་མགྱོགས་པའི་ཕྱིར། །བྱ་རྒོད་མགོ་ཅན་ཅེས་སྨོས་པའི་ཕྱིར་རོ། །འདུན་པར་གྱུར་པ་ནི་དབྱིངས་དང་ཡེ་ཤེས་མཉམ་པ་ཉིད་དུ་འདོད་པས། འཕྲ་མེན་ཟ་བྱེད་ཅེས་བྱའོ། །བྱ་རོག་གི་མགོ་ཅན་ནོ། །ཡིད་ལ་བྱེད་པ་གནས་གྱུར་པ། །དབྱིངས་དང་ཡེ་ཤེས་མཉམ་པ་ཉིད་དུ་ཤེས་པས། འཕྲ་མེན་ནམ་འགྲངས་མ་ཞེས་བྱ་བ་སྟེ། ཆོས་ཀྱི་དབྱིངས་ནི་ཉལ་ཞིང་ཡེ་ཤེས་ཕྱིར་མི་འབྲང་བས་མཚན་མོ་ལོངས་ལ་ཉིན་མོ་ཉལ་བས། འུག་པའི་མགོ་ཅན་ནོ། །མོས་པར་གྱུར་པའི་དབྱིངས་དང་ཡེ་ཤེས་མཉམ་པར་གྱུར་པ་འཛིན་པས། འཕྲ་མེན་མ་འཛིན་ཅེས་བྱ་སྟེ། །ཁྲའི་མགོ་ཅན་ནོ་དྲན་པར་གྱུར་པ་ནི་མཉམ་པར་གྱུར་པ་ཉིད་ལ་བརྗེད་པས། འཕྲ་མེན་མ་བསྒྲིམ་མ་ཞེས་བྱ་སྟེ། ཕ་ཝང་གི་མགོ་ཅན་ནོ། །འབྱེད་པར་གྱུར་པ་ནི་མཉམ་པ་ཉིད་ཀྱི་ནང་དུ་རྡུལ་ཙམ་ཡང་ལོག་པར་རྟོག་པ་མི་གནས་ཏེ། དཔེར་ན་མར་ཁོལ་བའི་ནང་དུ་ཆུ་མི་གནས་པ་དང་འདྲ་བར་སེལ་ཅིང་སྐེམས་པའི་ཕྱིར། འཕྲ་མེན་མ་བསོད་མ་ཞེས་བྱ་སྟེ། སྲེ་མོང་གི་མགོ་ཅན་ནོ། །ཏིང་འཛིན་གནས་གྱུར་པ་ནི། མཉམ་པ་ཉིད་ལས་གཞན་དུ་མི་གཡོ་པས། འཕྲ་མེན་མ་སྦད་མ་ཞེས་བྱ་སྟེ། ཁྲའི་མགོ་ཅན་ནོ། །དད་པ་གྱུར་པ་ནི་མཉམ་པ་ཉིད་དུ་འགྲོ་བས། འཕྲ་མེན་མ་མགྱོགས་མ་ཞེས་བྱ་སྟེ། པུ་ཤུད་ཀྱི་མགོ་ཅན་ནོ། །གཉིད་གྱུར་པ་ནི་མཉམ་པ་ཉིད་གསལ་ཏེ། མཉམ་པ་དང་མི་མཐུན་པའི་རྣམས་མྱོས་པར་བྱེད་པས། འཕྲ་མེན་མ་མྱོས་བྱེད་མ་ཞེས་བྱ་སྟེ། སྤྱང་ཀའི་མགོ་ཅན་ནོ། །དེ་རྣམས་ཀྱི་ལས་ཀྱི་སྐབས་ཀྱི་བྲེ་བྲག་ལ་ནི། འཕྲ་མེན་མ་འབྲོས་མ་ཞེས་བྱ་སྟེ། བྱའི་མགོ་ཅན་ནོ། །ཅིའི་ཕྱིར་འཕྲ་མེན་མ་བྱ་ཞེ་ན། དབྱིངས་དང་ཡེ་ཤེས་ཀྱི་དབྱིངས་ཀྱི་བྱིན་གྱིས་བརླབས་པ་སྟེ། དབྱིངས་ཀྱིས་བྱིན་གྱིས་བརླབས་ཀྱིས་ནི་དེ་ཀུན་ལ་བྱམས། ཡེ་ཤེས་ཀྱི་བྱིན་གྱི་བརླབས་ཀྱིས་ནི་དངོས་པོ་ཀུན་ཟབ་པའི་ཕྱིར་རོ། །དེ་རྣམས་ཀྱི་ལུས་སུ་གྲུབ་པ་དཀྱུས་ནས་སྨོས་པ་ཉིད་དོ། །དབྱིངས་དང་ཡེ་ཤེས་ཀྱི་ལུས་དང་ཡན་ལག་གོ། །དེ་ལས་འཕྲོ་ཞིང་འབྱུང་བ་ནི། བ་སྤུའི་བུ་ག་ནས་འབྱུང་སྟེ་འཕྲ་མེན་ནོ། །གཞན་ཡང་འཕྲ་མེན་མ། ཁ་སྤུ་ཅན་དང་། རལ་གྲིའི་སྤུ་ཅན་ནོ། །ལྕགས་ཀྱི་སྤུ་ཅན་དང་། ཟངས་ཀྱི་ཁ་སྤུ་ཅན་དང་། ཟངས་ཀྱི་པགས་པ་ཅན་ལ་སོགས་པ། བྱེ་བ་འབུམ་ཕྲག་དང་བརྒྱ་རྩ་བརྒྱད་གཅིག་འབྱུང་བ་ཡང་། འདི་རྣམས་ལས་འཕྲོས་སོ། །ཞེས་གཅིག་ལས་འཕྲོས་པའི་ཏན་ཏྲ་ལས་འབྱུང་། སེ་གོལ་གཏོགས་པ་ཙམ་གྱིས་ཀྱང་། །མགྱོགས་མས་ཕྱོགས་བཅུ་གར་ཡང་ཕྱིན། །དེ་ལ་ཞེན་ནས་འགྲོ་བྱེད་པ། །བྱ་རོག་མགོ་ཅན་ཡིན་པ་ཀུན། །ཞེས་གསུངས་ཏེ། གང་ལ་བྱ་བའི་སྐབས་ཀྱིས་མགྱོགས་མ་དང་ཟབ་མོ་ལ་སོགས་པ་ཞོན་ཏེ་འགྲོ་ན་འགྲུབ་བའི་དོན་ཏོ། །གཞན་དུ་མགྱོགས་མ་ཉིད་ཆོས་ཀྱི་དབྱིངས་ཀྱིས་བྱིན་གྱིས་བརླབས་ལས། དབྱིངས་ཀྱི་ཀུན་ལ་ཁྱབ་པས། འགྲོ་བ་མེད་པར་ཕྱིན་པའོ་ཞེས། དཔལ་འཕྲེང་དཀར་པོ་ལས་བཤད་དེ། །སྦེད་བྱེད་མས་ནི་སྦས་པ་ན། །མཐུ་ཆེན་ལྷ་སྲིན་གང་གིས་ཀྱང་། །དེ་ལ་མཐོང་བར་མི་ནུས་ན། །གཞན་གྱིས་མཐོང་བར་ག་ལ་ནུས། །གཞན་དུ་ན་སྦད་བྱེད་མ་ནི། །ཆོས་ཀྱི་དབྱིངས་མི་དམིགས་པའི་བྱིན་རླབས་ཡིན་པས། དམིགས་སུ་མེད་དེ། སོ་སོའི་གནས་སུ་སྤྱན་དྲངས་ཏེ། །དམར་ཆེན་ཨརྒ་གསོལ་ནས་ཀྱང་། །མཆོད་ཡོན་གཞན་ཡང་དབུལ་བར་བྱ། །རྡོ་རྗེ་དབྱངས་ཀྱི་བསྟོད་བྱས་ཏེ། དེ་ནས་ལས་རྣམས་བསྒྲུབ་པར་བྱ་ཞེས་གསུངས་ཏེ། ཤ་ཆེན་དང་བ་ཞ་ལ་སོགས་པ་སྨན་སྣ་ལྔ་དང་སྦྱར་ཏེ། ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཁྲོས་པས་ཡུད་ལས་བརླག་མཛད་དེ། །རླག་པར་མ་གྱུར་གང་ཡང་མེད། །ཅེས་བསྟོད་དོ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས། ལས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།ད་ནི་དྲག་པོའི་ལས་རྣམས་བཤད་པར་བྱ་སྟེ། རྡོ་རྗེ་འཕྲ་མེན་སྦྱོར་བ་ཡི། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །སྟོད་པའི་ཚུལ་དུ་རབ་བསྟབས་ནས། །ལྷ་ཡང་རུང་སྟེ་རླག་པར་འགྱུར། །དེས་གསུངས་ཏེ། འཕྲ་མེན་མ་སྟག་གི་མགོ་ཅན་ལ་སོགས་པ། མགྱོགས་མ་རྣམས་མངགས་ཏེ། གང་ལ་བྱ་བ་ཡུད་ཙམ་གྱིས། སྙིང་ལ་བཟུང་ནས། ཁྲོ་བོ་དང་ཁྲོ་མོའི་ཞལ་དུ་བསྟབས་ཏེ། །བསྟོད་པའི་ཚུལ་དུ་གསོལ་བར་བསྒོམས་ནས། ལམ་རྒྱུད་དྲུག་གི་སེམས་ཅན་གང་ཡང་རུང་སྟེ། མོད་ལ་འཆི་བར་འགྱུར་རོ། །གཞན་དུ་ན་ཆོས་ཀྱི་དབྱིངས་དང་། །སྟོང་པ་ཉིད་ཀྱི་ཡེ་ཤེས་ལྔའི་བྱིན་རླབས། །རྣམ་པར་གྲོལ་བའི་སྐྱེ་མཆེད་བཅུ་གཅིག་གིས། །ལམ་རྒྱུད་ལྔའི་སེམས་ཅན་དངོས་པོར་ལྟ་བ་ནི། སྟོང་པ་ཉིད་དམ་ཚིག་ལས་འགལ་བས། དེ་དག་རང་བཞིན་གྱི་ཟ་བར་འགྱུར་ཞེས་ཏན་ཏྲ་ཀརྨ་མ་ལེ་ལས་བཤད་ཏོ། །འུག་པའི་མགོ་ཅན་ལ་སོགས་པའི། །འཕྲ་མེན་རྣམས་སྦད་དེ། མིག་དང་རྣ་བ་སྣ་དང་ལྕེ། །དེ་བས་མཆོག་བསྒོམ་ཉམས་པར་འགྱུར། །ཞེས་གསུངས་ཏེ། ཁྱུང་དང་ཁ་ལ་སོགས་བྱ་རྒོད་མགོ་ཅན་ལ་སོགས་པ་ཁྲག་འཐུང་བཏང་སྟེ། གང་ལ་བྱ་བའི་དབང་པོ་འབྱིན་པར་བསྒོམས་ན། དེའི་དབང་པོ་ཉམས་ནས་དེའི་མིག་ལོང་བ་དང་། རྣ་བ་འོན་པ་དང་། སྣ་ཞོམ་པ་དང་། ལྕེ་ལྐུགས་དང་། སེམས་མྱོས་ཏེ་གླེན་པར་འགྱུར། གཞན་དུ་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་དྲུག་གི་བྱིན་རླབས་ཀྱིས། རིལ་པོར་ལྟ་བའི་དངོས་པོ་རྣམས། །ཡང་དག་པ་ཉིད་ལས་འགལ་བའི་ཕྱིར། རང་བཞིན་གྱིས་མཉམ་པར་བྱེད་ཅེས་ཏན་ཏྲ་ཀརྨ་མ་ལེ་ལས་འབྱུང་ངོ་། །འཕྲ་མེན་རྣམས་ནི་སྦད་བྱ་སྟེ། །དེའི་བསྒྲུབ་པ་རབ་གཅད་ཅིང་། །གསང་སྟེ་འཁྲུགས་པར་བསྒོམས་བྱས་ནས། །བསྒྲུབས་པ་ཉམས་ཤིང་འབྱེད་པར་འགྱུར། །ཞེས་གསུངས་ཏེ། འཕྲ་མེན་མ་རྣམས་ཀྱིས། གང་ལ་བྱ་བའི་ལས་ཐམས་ཅད་མི་འགྲུབ་པར་གེགས་བྱེད་པ་དང་། གསང་སྡེ་ཐམས་ཅད་འབྱེད་པའི་དཀྲུགས་མ་བྱེད་པ་བསྒོམས་ན། དོན་དུ་གཉེར་བ་མི་འགྲུབ་ཅིང་གསང་སྡེ་གཅིག་གཅིག་ཤར་ཏེ་གཉེར་ཏེ་འབྱེད་པར་འགྱུར་རོ། །གཞན་དུ་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བྱིན་བརླབས་ཀྱིས། དངོས་པོ་ལ་གཙོ་བོར་བསྒྲུབ་པ་བྱེད་པ་དང་། ཚིག་གི་སྒྲ་ལ་གཙོར་བྱས་ཏེ། །ཕྱོགས་གཅིག་ཏུ་བྱེད་པ་ནི། སྟོང་པ་ཉིད་ལས་འགལ་བའི་ཕྱིར། །དོན་དུ་བསྒྲུབ་པ་མི་འགྲུབ་ཅིང་། །གསང་སྟེ་ཡང་བྱེད་བར་འགྱུར་རོ། །ཞེས་ཀརྨ་མ་ལེ་ལས་འབྱུང་ངོ་། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས། དྲག་པོའི་ལས་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ད་ནི་དྲག་པོའི་ཧོམ་གྱི་ལས་བཤད་དེ། ཧོམ་ཁུང་ཟུར་གསུམ་གདེངས་པ་ལ། །རྡོ་རྗེ་མདའ་གཞུ་ལྡན་བྱས་ཏེ། །ཐོད་པ་དག་གིས་རྣམ་པར་བརྒྱན། །སྤྱན་དྲངས་སྲེགས་ན་ལྷ་ཡང་འཆི། །ཞེས་གསུངས་ཏེ། ཐབས་ཁུང་ཟུར་གསུམ་དུ་བྱས་ལ། །གྭ་མདའ་གཞུ་རྣམ་པར་བཀང་ནས། །ཁྲོ་བོས་འཕེན་པར་བསྒོམས། ཐ་མ་ཕུར་པ་ནག་པོ་གསུམ་བཏབ་ལ། ལྕགས་ཐག་གམ་ཐག་པ་ནག་པོས་བསྐོར་ཏེ། ཁྲོ་བོ་དང་ཁྲོ་མོ་དང་འཕྲ་མེན་མ་རྣམས་སྤྱན་དྲངས་ཏེ། ཚེར་མའི་ཤིང་ལས་མེ་སྦར་ནས། །ཚྭ་བའི་མེ་དང་ལན་ཚྭ་དང་། །དུག་དང་མི་ཁྲག་རའི་ཁྲག །སྐྱེ་ཚེ་ལྡོང་རོས་ལྕགས་ཕྱ་ལས། །ཁྲོ་བོ་ཁྲོ་མོ་འཕྲ་མེན་གྱི། །གསང་སྔགས་རྣམས་ནི་བཟླས་ནས་སུ། །གང་ལ་བྱ་བའི་གཟུགས་དག་ནི། །མིང་རུས་བསྲེགས་ནས་འགྲུབ་པར་འགྱུར། །འཕྲ་མེན་མངགས་ཏེ་བཀུག་ནས་ནི། །ཐབ་ཁུང་བསྲེགས་ན་མོད་ལ་འཆི། །གསུར་དང་བསྲེགས་པའི་ཤ་རྣམས་ཀྱིས། །ལྷ་རྣམས་ཐམས་ཅད་མཆོད་པར་བྱ། །རྡོ་རྗེའི་གླུ་ནི་བླངས་ནས་སུ། །འབྱུང་པོའི་ཤ་ནི་ཤིམ་ཏུ་ཞིམ། །འབྱུང་པོའི་ཁྲག་ནི་ཤིན་ཏུ་ཞིམ། །འབྱུང་པོའི་རུས་པ་ཞིམ་པ་སྟེ། །གསོལ་ཏེ་ཐམས་ཅད་དགྱེས་པར་མཛད། །ཨ་ལ་ལ་ཧོ། ཧ་ཧ་ཧ་ཧཱུྃ། ཞེས་བརྗོད་པར་བྱའོ། །གཞན་དུ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་མེས་སྐུ་གསུང་ཐུགས་དང་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲེགས་པ་དང་། ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ཀྱིས་མདའ་འཕང་པ་ལྟར། འཕྲོ་བས་ཕོག་ཕོག་སྟེ། སྐུ་གསུང་ཐུགས་དང་མཐུན་པར་གྱུར་པ་ནི། ཁྲོ་བོ་དང་ཁྲོ་མོའི་རང་བཞིན་གྱིས་མཉེས་པ་ཡིན་ཞིང་། དེ་ལྟར་གོ་བ་ནི་གླུ་དབྱངས་བླངས་ཤིང་རི་བོ་བརྩེགས་པའི། ཏན་ཏྲ་ལས་འབྱུང་ངོ་། །ཐབས་ཀྱི་ཞགས་པ་པདྨོ་ཕྲེང་བ་ལས། དྲག་པོའི་ཧོམ་གྱི་ལེའུ་སྟེ་བཅུ་དགུ་པའོ།། །།ད་ནི་དྲག་པོའི་ཕུར་པའི་ལས་བཤད་དེ། ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །ཁྲོ་བོ་ཁྲོ་མོ་རྣམས་བསྒོམས་ཏེ། །བཏབ་ཏེ་ལྷ་ཡང་རླག་པར་འགྱུར། །ཅེས་གསུངས་ཏེ། ལྕགས་སམ་ཤིང་ནག་པོ་ཁ་དོག་ཅན་ལ་ཕུར་པ། རྒྱ་མདུད་རྩེ་ཟུར་གསུམ་དུ་གཞོགས་ཏེ། རྒྱ་མདུད་ཀྱི་སྟེང་དུ་ཧཱུྃ་ཀ་ར་དང་། རལ་པ་གཅིག་མ་དངོས་སུ་གོ་རིམ་བཞིན་དུ། ཁྲོ་བོ་ཁྲོ་མོ་རྣམས་བསྒོམས་ཏེ། །གང་ལ་བྱ་བའི་གཟུགས་དང་མིང་རུས་ལ་བཏབ་ན། ལྷ་ཡང་གཟེར་ཐབས་དང་རིམ་གྱིས་བཏབ་སྟེ། །འཆི་བར་འགྱུར་རོ། །རི་རབ་དང་གླིང་བཞིའི་ངོས་ལ་སོགས་པ་ལ་བྲིས་ཏེ་བཏབ་ན། ཕུར་པ་གཅིག་གིས་ཕྱོགས་བཅུར་བཏབ་པར་འགྱུར་རོ། །གཞན་དུ་ན་གཉིས་སུ་མེད་པའི་ཡེ་ཤེས་སྟོང་པ་ཉིད་ཀྱིས་བྱིན་རླབས། ཁྲོ་བོ་དང་ཁྲོ་མོ་ཡིན་ལ། །དེས་མ་ཁྱབ་པ་མེད་དེ། སེམས་ཀྱི་ཕུར་པ་གཅིག་བཏབ་པས། །ཕྱོགས་བཅུར་བཏབ་པར་འགྱུར་ཞེས་གུ་ཧྱ་ཏིལ་ཀ་དང་། ཀི་ལ་ཡ་བཅུ་གཉིས་ཀྱིས་ཏན་ཏྲ་ལས་བྱུང་ངོ། །ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས། དྲག་པོའི་ཕུར་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དྲག་པོའི་གཏོར་མ་བཤད་དོ། །ལྕགས་དག་དང་ནི་རྡོ་རྗེ་དག །ཁྲག་ལས་སྤྲུལ་ཏེ་བསྲེག་པ་དང་། མུ་དག་ཅན་དང་། སྦྱར་བ་དག །སྦྱར་བས་གཏོར་ན་དེ་རླག་འགྱུར། །ཞེས་གསུངས་ཏེ། ལྕགས་ཕྱེ་དང་རྡོ་རྗེ་དུག་རྣམས་མི་འམ་ཁྱིའམ་རའི་ཁྲག་ལ་སྦྲུས་ཏེ། སྲན་མུད་དགའ་འམ། འབྲུ་ནག་པོ་ཙན་དན་དང་སྦྱར་ཏེ། གང་ལ་བྱ་བ་བཀུག་ཏེ་བྱིན་ན། མཐོང་བས་ཁྲག་ཏུ་སྐྱུགས་རུལ་ནས་འཆི་བར་འགྱུར་རོ། །གཞན་དུ་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཀུན་ལ་ཁྱབ་པའི་ཕྱིར། དེ་ཉིད་བསྒོམས་པས་རང་བཞིན་ཤིང་རུལ་བར་འགྱུར་རོ། །ཞེས་སྒྱུ་འཕྲུལ་དྲ་བ་ལས་འབྱུང་ངོ་། །ཐབས་ཀྱི་ཞགས་པ་པདྨ་མོ་ཕྲེང་ལས། དྲག་པོའི་གཏོར་མའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།ད་ནི་དྲག་པོའི་སྦྱོར་བའི་ལས་བཤད་དེ། ཁྲོ་བོ་ཁྲོ་མོའི་དཀྱིལ་འཁོར་གཏུམ་ཆེན་དུ། ཁོ་བོའི་ཐོ་བས་བརྡུང་བ་ཡི། །རྡོ་རྗེའི་གཏུན་ཕྲུག་བསྒོམས་བྱས་ནས། །ལྷ་ཡང་རུང་སྟེ་རླག་པར་འགྱུར། །ཞེས་གསུངས་ཏེ། ཁྲོ་མོ་རྣམས་ཀྱི་དཀྱིལ་འཁོར་དུ། །ཁྲོ་བོ་རྣམས་ཀྱིས་བརྡུང་བར་བསྒོམས་ན། །གང་ཡང་རུང་ཏེ་བརྡུངས་པར་འགྱུར་རོ། །གཞན་དུ་ན་ཁྲོ་མོའི་ལྟ་བུ་ཆོས་ཀྱི་དབྱིངས་ཉིད་ནི། འཇིག་རྟེན་ཐམས་ཅད་ཁྱབ་པའི་གཏུན་ནོ། །ཁྲོ་བོ་ལྟ་བུ་དབྱིངས་ཉིད་རིག་པ་ནི། །འཇིག་རྟེན་ཐམས་ཅད་ལ་བརྡུངས་པའི་ཐོ་བ་ཞེས། ཐབས་ཀྱི་ཕྲེང་བའི་གཏན་ཏྲ་ལས་བྱུང་ངོ་། །གཞན་གྱིས་དྲག་པོའི་སྦྱོར་བ་ཞིག་བྱས་ན་ཡང་། ལས་འདི་རྣམས་ཀྱི་བྱེད་པ་ཉིད་ལ་སླར་བཟློག་པར་འགྱུར་རོ། །དྲག་པོའི་ལས་བྱེད་པའི་ཚེ། ཆས་གོས་ནག་པོ་རྣམ་པ་ལྔ་དང་ལྡན་པར་བྱའོ། །དྲག་པོའི་ལས་རྣམས་བཤད་ཟིན་ནོ། །ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ལས། དྲག་པོའི་ལས་ཀྱི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།ད་ནི་གནས་བཏབ་པའི་ཆོ་ག་བྱ་སྟེ། དྲག་པོའི་ལས་ཀྱིས་སྒྲོ་བའི་རྣམས། །འཁོར་བ་ལམ་ལྔའི་སྒོ་བཅད་ནས། །རྣམ་ཤེས་ཧཱུྃ་གིས་བསྡུ་རྡུང་ནས། །འོག་མིན་གནས་མཆོག་བླ་ན་མེད། །གཙོ་བོ་ལྔའམ་གཙོ་མོ་ལྔ། །སེམས་དཔའ་དང་ནི་སེམས་མ་དང་། །ཁྲོ་བོ་དང་ནི་ཁྲོ་མོ་རྣམས། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང་། །ཞེས་གསུངས་ཏེ། དྲག་པོའི་ལས་ཀྱིས་བསྒྲལ་བའི་རྣམས། །ལམ་རྒྱུད་ལྔ། སྔགས་འབྲུ་ལྔས་སྒོ་བཅད་པར་བསྒོམས་ནས། རྣམ་པར་ཤེས་པ་ཧཱུྃ་གིས་བསྡུས་ནས། བདག་གི་ལྟོར་བརྡུངས་ནས། འོག་མིན་གྱི་གནས་ན་ལྷ་གོང་ན་སྨོས་པའི་རྣལ་འབྱོར་པ་མཛད་པའི་ལྷུམས་སུ། ཕཊ་ཀྱིས་འཕངས་ཏེ་བཏང་ན། ངེས་པར་འགྲུབ་པ་ཞེས་ཏན་ཏྲ་དུ་མ་ལས་འབྱུང་ངོ་། །ཏན་ཏྲ་སྙིང་རྗེ་རོལ་པ་ལས་ཀྱང་འབྱུང་ངོ་། །གཞན་དུ་ན་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ལ་སྙོམས་པར་ཞུགས་པའི་ཚེ། སེམས་ཅན་དམྱལ་བར་ལྟ་བའི་རྒྱུ་ནི་ཞེ་སྡང་ལ་དངོས་པོ་ཡོད་པར་བལྟ་བ་ནི་ཡིན་ཏེ། ཞེ་སྡང་ལ་རང་བཞིན་མེད་པར་ཤེས་ཤིང་། །ཞེ་སྡང་གི་སེམས་མི་སྐྱེ་བས་ན། དམྱལ་བའི་སྒོ་གཅད་པ་ཡིན་ནོ། །དེ་བཞིན་དུ་ཡང་འདོད་ཆགས་དང་གཏི་མུག་ལ་རང་བཞིན་མེད་པར་ཤེས་ཤིང་། དེ་དག་གི་སེམས་མི་སྐྱེ་བས་ན། ཡི་དྭགས་བྱོལ་སོང་གི་སྒོ་ཡང་གཅད་པ་ཡིན་ནོ། །ལྷ་དང་མིར་སྐྱེ་བའི་རྒྱུ་ནི། དགེ་བ་བཅུ་དང་བསམ་གཏན་བཞི་དང་། སྙོམས་པར་འཇུག་པ་བཞི་བསྒྲུབ་པ་ཡིན་ནོ། །དེ་དག་རང་བཞིན་མེད་པར་རིག་པ་ནི། སེམས་མི་སྐྱེ་བ་ནི་ལྷ་དང་མི་སྒོ་གཅོད་པ་ཡིན་ནོ། །བདག་གི་ལྟོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཏེ། བླ་ན་མེད་པའི་ཕྱིར་འོག་མ་ནི་གནས་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་ཉིད་རིག་པའི་ཚེ། །ལྷ་དང་ལྷ་མོའི་ཚུལ་འབྲེལ་བར་རིག་པ་ནི། དེ་ཉིད་བྱང་ཆུབ་ཀྱི་སེམས་ཡིན་པས། རང་གི་རྣམ་པར་ཤེས་པ་དེར་འབྱོར་པར་སྒོམས་ན་ངེས་པར་འགྲུབ་བོ། །དཔེར་ན་རྒྱལ་པོ་ར་མ་ནས་བསད་པ་ཐམས་ཅད་ལྷར་སྐྱེ་བར་འགྱུར་བར་སྨོན་ལམ་བཏབ་པས། དེ་བཞིན་དུ་སྔར་ནས་གསོད་པ་ལྷར་འགྲུབ་བོ་ཞེས་དྲང་སྲོང་མངོན་པར་ཤེས་པ་ཅན་གྱིས་བཤད་པ་སྟེ། འདི་ལྟར་ཆོས་ཀྱི་དབྱིངས་ལ་སྙོམས་པར་སྦྱོར་བ་ལྟ་ཅི་སྨོས་ཏེ། སྙིང་རྗེ་རོལ་པའི་ཏན་ཏྲ་ལས་བྱུང་ངོ་། །གནས་བསྟབ་པའི་ཆོ་ག་བཤད་ཟིན་ཏོ། །ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས། གནས་བསྟབ་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།ད་ནི་དབང་གི་ལས་བཤད་དེ། ཟླ་གམ་དཀྱིལ་འཁོར་རྩིབས་བརྒྱད་པར། །ཁྲོ་བོ་ཁྲོ་མོ་སྤྱན་དྲངས་ཏེ། །མཆོད་པའི་གླུ་ལ་སོགས་པས་མཆོད། །དེ་ནས་ལས་རྣམས་བརྩམ་པར་བྱ། །ཞེས་གསུངས་ཏེ། དབང་གི་དཀྱིལ་འཁོར་དུ། ལྷ་རྣམས་གོ་རིམ་བཞིན་སྤྱན་དྲངས་ཏེ། དེ་ནས་གླུ་གར་དང་ཨརྒ་ལ་སོགས་པ། ཡོ་བྱད་དམར་པོས་མཆོད་པར་བྱའོ། །ཆགས་པའི་རྡོ་རྗེ་འཁོར་བཅས་པ། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཆུགས་པས་ཡུད་ལ་དབང་མཛད་དེ། །དབང་དུ་མ་གྱུར་གང་ཡང་མེད། །ཅེས་སྟོན་ཏེ། དེ་ནས་ཆས་གོས་རྣམས་ལྔ་ཡང་ལྡན་པར་བྱའོ། །དེ་ཡང་གཞུང་ལས། རྡོ་རྗེ་འཕྲ་མེན་མངག་ནས་སུ། །བཀུག་ནས་ཁྲོ་བོ་ཆེན་པོ་ཡིས། །ཆགས་པའི་ཚུལ་གྱིས་དེ་ལུས་ལ། །དཔལ་དང་གཟི་བརྗིད་བསྡུས་ནས་འགྲུབ། །ཅེས་གསུངས་ཏེ། རྡོ་རྗེ་འཕྲ་མེན་མ་རྣམས་མངག་ནས། གང་དུ་བྱ་བ་དེ་བཀུག་པ་སྟེ། །དེའི་ལུས་དང་ང ག་དང་སེམས་དང་དཔལ་དང་། གཟི་བརྗིད་བསྡུ་ཞིང་། ཅི་ཡང་ཉན་པར་བསྒོམས་ན། དབང་དུ་གྱུར་ཏེ། བུ་ལ་མ་བྱམས་པའམ། ལུས་ལ་གྲིབ་མ་འཁོར་བ་དང་འདྲ་བར། །བདག་ལ་འཁོར་ཞིང་རིག་མི་མཐུན་པ་ཞིག་ན་ཡང་། ལུས་སྟོན་ཅིང་ཅི་བསྒོ་བ་བྲན་བཞིན་བྱེད་དེ། ཅི་སེམས་ལ་ཡང་སྨྲ་ན། གཞན་ལྟ་ཅི་སྨོས་ཏེ་འགྲུབ་པའོ། །གཞན་དུ་ན་སྟོང་པ་ཉིད་ཀྱི་ཆོས་ཀྱི་དབྱིངས་ཀྱིས། ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་ཁྱབ་པས་ཐ་མི་དད་པ་ཆགས་པ་ཡིན། དེ་ལྟར་ཆགས་པའི་རིག་པའི་ཡེ་ཤེས་ཀྱིས། །ཕྱོགས་བཅུའི་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད། །བདག་དང་ཐ་དད་པར་རིག་པས། །རང་བཞིན་གྱིས་བྱམས་ཤིང་འཁོར་བ་ཡིན་ཏེ། །བྲན་བཞིན་བྱེད་པ་ཡང་བདག་དང་ཐ་མི་དད་པས། ཐམས་ཅད་བདག་ཡིན་པས་ཕྱིར། བདག་ཉིད་ཆེན་པོ་ཞེས་ཀྱང་དེའི་ཕྱིར་བྱ། །རྣམ་གཅིག་ཏུ་ཐམས་ཅད་བདག་གིས་སྤྲུལ་པ་ཡིན་ཞེས་བྱ། དབང་ཆེན་བསྡུས་པའི་ཏན་ཏྲ་ལས་འབྱུང་ངོ་། །འཕྲ་མེན་མ་རྣམས་ནི་མངགས་སོ། །དེའི་མིག་རྣ་བ་སྣ་དང་ལྕེ། །ལུས་དང་སེམས་བསྒྱུར་རྣམས་བསྒོམས་ནས། །ཀུན་ལ་མཛེས་ཤིང་དགའ་བར་འགྱུར། །ཞེས་གསུངས་ཏེ། རྡོ་རྗེ་འཕྲ་མེན་མ་རྣམས་མངགས་ཏེ། དེའི་མིག་དང་རྣ་བ་དང་སྣ་དང་། ལྕེ་དང་ལུས་དང་སེམས། བདག་གིས་ཉེས་པ་བྱས་ན་ཡང་། །མཛེས་པ་དང་། དབང་པོས་བསྒྱུར་བསྒོམས་ན། དེ་བཞིན་དུ་འགྲུབ་ཅེས་བྱ་བའི་ཐ་ཚིག་གོ། །གཞན་དུ་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཀུན་ལ་ཁྱབ་པས་བདག་དང་ཐ་མི་དད་པར་རིག་པ་ཉིད་ཀྱིས། དབང་པོ་ལ་ཁྱབ་པར་འགྱུར་བ་ཡིན་ཏེ། དཔེར་ན་བླ་བཅོལ་མཁན་གྱིས་མི་རིག་པ་ཞིག་བྱས་ན་ཡང་། ཀུན་དགའ་བར་གྱུར་ཏེ་རྒོད་པ་ལྟ་བུའོ། །ཞེས་རི་བོ་བརྩེགས་པ་ལས་འབྱུང་ངོ་། །ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས། དབང་གི་ལས་བསྟན་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།ད་ནི་དབང་གི་ཧོམ་བཤད་པར་བྱ་སྟེ། ཧོམ་ཁུང་ཟླ་གམ་གདེངས་པ་ལས། །རྡོ་རྗེ་ཞགས་པས་བརྒྱན་པར་བྱ། །དེ་ནས་ལྷ་རྣམས་སྤྱན་དྲངས་ཏེ། །མི་འཕམ་རྣམ་རྟོག་བསྲེག་ན་འགྲུབ། །ཅེས་གསུངས་ཏེ། ཧོམ་ཁུང་ཟླ་གམ་ལ། རྡོ་རྗེ་ཞགས་པས་བརྒྱན་ཏེ། ཁ་དོག་དམར་པོ་ཕུར་པ་བཏབ་སྟེ། མཐའ་ཐག་པ་དམར་པོས་བསྐོར་ཏེ། ཤིང་དྲི་མ་མནམ་པ་ལ་མེ་སྦར་ནས། ཟངས་ཕྱེ་དང་བུ་རམ་དང་། ཡུངས་དཀར་དམར་པོ་དང་། གང་ལ་བྱ་བའི་སྙིང་པོ་རྒྱ་སྐྱེགས་ཀྱིས་བྲིས་ཏེ་བསྲེག་ཅིང་རྡོ་རྗེ་འཕྲ་མེན་མས་བདག་ལ་མི་ཕན་ཞིང་། མི་འཛའ་བའི་སེམས་པའི་རྟོག་པ་བསྲེག་པར་བསྒོམས་ན། ཅི་བསྒོ་བ་ཉན་ཅིང་ཕན་པར་སེམས་པར་འགྱུར་རོ། །གཞན་དུ་ན་རྣམ་པར་རྟོག་པ་ནི་བདག་ཏུ་ལྟ་བ་ལས་འབྱུང་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་མེས། བདག་ཏུ་ལྟ་བ་དངོས་པོར་ཞེན་ནས་རྣམ་པར་རྟོག་པ་ནི་འཁོར་བའི་རྒྱུ་ཆེན་པོ་ཡིན་པས། མི་ཕན་པ་ཞེས་བྱ་སྟེ། བདག་མེད་པའི་ཡེ་ཤེས་རིག་ནས། །འཁོར་བ་དང་བྲལ་བས་སེམས་ཞེས་བྱ་སྟེ། དེ་ལྟར་རིག་ནས་བདག་དང་གཞན་དུ་ཐ་མི་དད་པས། གཞན་ཡང་རང་བཞིན་གྱིས་འཇམ་ཞིང་སེམས་པར་འགྱུར་རོ། །ཞེས་གླང་པོ་ཆེ་ལས་བཤད་དོ། །ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས། དབང་གི་ཧོམ་གྱི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།ད་ནི་དབང་གི་ཕུར་པའི་ལས་བཤད་དེ། ཟངས་སམ་ཁ་དོག་དམར་པོ་ཡི། །ཤིང་ལ་རྒྱ་མདུད་རྩེ་ཟླ་གམ། །མགོ་ལ་རྒྱ་མདུད་རྩེ་ཟླ་གམ། །མགོ་ལ་ཁྲོ་བོ་ཁྲོ་མོར་བསྒོམས་ཏེ། བཏབ་ན་ངེས་པར་འགྲུབ་བོ། །ཞེས་གསུངས་ཏེ། ཟངས་སམ་ཁ་དོག་དམར་པོའི་ཤིང་ལ། ཕུར་པ་མགོ་རྒྱ་མདུད་ལ་རྩེ་ཟླ་གམ་དུ་གཞོགས་པ། རྒྱ་མདུད་གྱི་སྟེང་དང་ངོས་སུ་ཁྲོ་བོ་ཁྲོ་མོ་རྣམས་བསྒོམས་ཏེ། གང་དབང་དུ་བྱ་བའི་དེའི་གཟུགས་སམ། མིང་རུས་བྲིས་པ་ལ་བཏབ་སྟེ། །བཀའ་བཞིན་དུ་བྱེད་པར་བསྒོམས་ན། །ངེས་པར་དབང་དུ་འགྱུར་རོ། །རི་རབ་གླིང་གཞི་ལ་སོགས་པ་བྲིས་ཏེ་བཏབ་ན། ཕུར་པ་གཅིག་བཏབ་ན། ཕྱོགས་བཅུར་བཏབ་པར་འགྱུར་ཏེ། ཐམས་ཅད་དབང་དུ་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་ཆོས་ཀྱི་དབྱིངས་ཀྱིས། །ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་ལ། །དེ་ལྟར་རིག་པའི་ཡེ་ཤེས་ནི་ཕུར་པ་ཡིན་ཏེ། ཐམས་ཅད་དུ་བཏབ་པར་འགྱུར་ཞིང་། །བདག་དང་ཐ་མི་དད་པར་ལས་ཐམས་ཅད་རང་བཞིན་གྱིས་དབང་དུ་འགྱུར་བ་ཡིན་ནོ། །ཞེས་ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཕྱི་མ་ལས་འབྱུང་ངོ་། །དབང་གི་ཕུར་པ་བཤད་ཟིན་ཏོ། །ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས། དབང་གི་ཕུར་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།ད་ནི་དབང་གི་གཏོར་མ་བཤད་དེ། ཟངས་ཕྱེ་དང་ནི་བུ་རམ་དང་། །དམར་པོའི་འབྲས་ཆན་ལ་སོགས་པ། །སྦྱར་བས་གཏོར་མ་གཏོང་བར་བྱ། །མཐོང་བས་ངེས་པར་དབང་དུ་འགྱུར། །ཞེས་གསུངས་ཏེ། ཟངས་ཕྱེ་དང་འབྲས་དམར་པོའི་ཆན་ལ་སོགས་པ། འབྲུ་ཁ་དོག་དམར་པོའི་ཆན་དང་། །བུ་རམ་ཆུ་ལ་སོགས་པ་ལ་སྦྱར་ཏེ། རྡོ་རྗེ་འཕྲ་མེན་གྱིས། གང་དུ་བྱ་བ་བཀུག་སྟེ། ཕྱིས་ནས་མཐོང་བས་དེ་དབང་དུ་འགྱུར་ཏེ། ཟོས་པ་ལྟ་ཅི་སྨོས། ཅི་བསྒོ་བ་ཡང་ཉན་ཅིང་དབང་དུ་འགྱུར་རོ། །གཞན་དུ་ན་ཆོས་ཀྱི་དབྱིངས་མཚན་ཉིད་མེད་པས་ཐམས་ཅད་དུ་ཁྱབ་སྟེ། བདག་ཉིད་ཆེན་པོ་དང་ཐ་དད་པས་རང་བཞིན་གྱིས་དབང་དུ་འགྱུར་ཏེ། དེ་ལྟར་རིག་པའི་ཡེ་ཤེས་ནི། །གཏོར་མ་བཏང་བ་ཡིན་ནོ་ཞེས་ཐབས་ཀྱི་ཞགས་པའི་རྒྱུད་ཕྱི་མ་གཉིས་ལས་འབྱུང་ངོ་། །ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས། དབང་གི་གཏོར་མའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།ད་ནི་སྦྱོར་བའི་ལས་བཤད་དེ། ཁྲོ་མོ་རྣམས་ཀྱི་དཀྱིལ་འཁོར་དུ། །ཁྲོ་བོའི་དཀྱིལ་འཁོར་བསྒོམས་བྱས་ནས། །ལྷ་ཡང་རུང་སྟེ་དབང་དུ་འགྱུར། །ད་ནི་བདེ་བ་ཆེན་པོ་ཡིན། །ཞེས་གསུངས་ཏེ། ཁྲོ་མོའི་དཀྱིལ་འཁོར་དུ་ཁྲོ་བོའི་དཀྱིལ་འཁོར་སྦྱོར་བའི་ལས་ཀྱིས། ལྷ་མན་ཆད་གང་ཡང་རུང་སྟེ། །ཐམས་ཅད་དགའ་ཞིང་དབང་དུ་འགྱུར་བར་བསྒོམས་ནས། དེ་བཞིན་དུ་འབྱོར་འབྱོར་རོ། །གཞན་དུ་ན་ཆོས་ཀྱི་དབྱིངས་མཚན་ཉིད་མེད་པ་ཀུན་ལ་ཁྱབ་པ། དེ་ལྟར་རིག་པའི་ཡེ་ཤེས་ཀྱིས་ནི། གཉིས་སུ་མེད་པར་འབྱོན་ཏེ། དེ་ལྟར་འབྱོར་ཅིག་པ་ཉིད་མ་ནོར་བར་རིག་པ་ནི། བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། །དེ་ནི་བདེ་བ་ཆེན་པོའི་དབང་ངོ་། །ཀུན་ཏུ་ཁྱབ་པར་རིག་པ་ནི། །རང་བཞིན་གྱིས་དབང་དུ་འགྱུར་རོ་ཞེས། དབང་ཆེན་བསྡུས་པའི་ཏན་ཏྲ་ལས་འབྱུང་ངོ་། །ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས། དབང་འབྱོར་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།ད་ནི་རྒྱས་པའི་ལས་བཤད་དེ། གྲུ་བཞིའི་དཀྱིལ་འཁོར་རྩིབས་བརྒྱད་པར། །ལྷ་རྣམས་འཁོར་བཅས་སྤྱན་དྲངས་ཏེ། །མཆོད་པ་གླུ་ལ་སོགས་པས་མཆོད། །དེ་ནས་ལས་རྣམས་བརྩམ་པར་བྱ། །ཞེས་གསུངས་ཏེ། རྒྱས་པའི་དཀྱིལ་འཁོར་དུ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་ཏེ། ཡོ་བྱད་སེར་པོར་བྱས་ལ། ང་རྒྱལ་རྡོ་རྗེ་འཁོར་བཅས་པ། འཇིག་རྟེན་ཁམས་འདིར་རབ་འབྱམས་ཀུན། །དཔལ་དང་གཟི་བརྗིད་ཆེན་པོ་རྣམས། །ཡུད་ཙམ་གྱིས་ནི་རྒྱས་མཛད་དེ། །ཞེས་བསྟོད་དོ། །དེ་ནས་ཆས་གོས་རྣམ་པ་ལྔ་དང་ལྡན་པར་བྱའོ། །ཁྲོ་བོ་ཁྲོ་མོ་འཁོར་བཅས་ཡང་། །རྡོ་རྗེ་ཕྲ་མེན་འཁོར་བཅས་པས། །དཔལ་དང་གཟི་བརྗིད་འཕེལ་བསྒོམས་ན། །བདག་ཉིད་ཆེན་པོར་དེར་འགྱུར་རོ། །ཞེས་གསུངས་ཏེ། ལྷ་རྣམས་ཀྱིས་བདག་གིས་དཔལ་དང་གཟི་བརྗིད་འཕེལ་བར་བསྒོམས་ན། ངེས་པར་དེ་བཞིན་དུ་འགྲུབ་པ་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་ཆོས་ཉིད་ཀྱི་དབྱིངས་ཉིད་མེད་པས། །ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་ཁྱབ་སྟེ། དེ་ལྟར་རིག་པའི་ཡེ་ཤེས་ཀྱིས། སྣོད་དང་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དང་། བདག་ཏུ་ཐ་མི་དད་པས། ཕྱོགས་བཅུ་ཐམས་ཅད་ནས། བསོད་ནམས་དང་སྤྱོད་པ་ཐམས་ཅད་ལ་སོགས་པས། བདག་ཡིན་པའམ་བདག་གི་ཡིན་པར་བསྒོམས་ནས། དཔེར་ན་ཉི་མའི་དཀྱིལ་འཁོར་བར་སྣང་ལ་ཤར་བ་ནི། ཉི་མའི་རང་བཞིན་དྲོ་བ་ཡིན་པས། གཞན་དུ་དྲོ་བ་ཡང་ཉི་མ་ཡིན་པའམ། ཡང་ན་ཉི་མའི་འོད་ཡིན་པས། ཉི་མ་ཡིན་པ་དང་འདྲ་བས་ཐམས་ཅད་བདག་གམ། བདག་ཡིན་པར་འགྱུར་ཏེ། དེའི་ཕྱིར་བདག་ཉིད་ཆེན་པོ་ཡིན་ཅེས་དཔལ་འཕྲེང་དཀར་པོ་ལས་འབྱུང་ངོ་། །ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་རྒྱས་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།ད་ནི་རྒྱས་པའི་ཧོམ་བཤད་དོ། །ཧོམ་ཁུང་གྲུ་བཞི་གདེངས་པ་ལ། །རྡོ་རྗེ་འཁོར་ལོ་བརྒྱན་པར་བྱ། །དེ་ནས་ལྷ་རྣམས་སྤྱན་དྲངས་ཏེ། །བསྲེག་པས་མཆོད་ཅིང་དཔལ་འཕེལ་བསྒོམ། །ཞེས་གསུངས་ཏེ། ཧོམ་ཁུང་གྲུ་བཞི་ལ་རྡོ་རྗེ་འཁོར་ལོས་བརྒྱན་པར་བྲིས་ཏེ། ཕུར་པ་ཁ་དོག་སེར་པོ་བཞི་བཏབ་ལ། མཐར་ཐག་པ་སེར་པོས་བསྐོར་ཏེ། །དེ་ནས་ལྷ་རྣམས་སྤྱན་དྲངས་ཏེ། །རིན་པོ་ཆེ་སྣ་དྲངས་ཏེ། རིན་པོ་ཆེ་སྣ་ལྔ་དང་། འབྲས་ཆན་དང་། མར་ཁུ་ལ་སོགས་པས་བསྲེག་ཤིང་མཆོད་ན། བདག་གི་དཔལ་ལ་སོགས་པ་འཕེལ་བར་བསྒོམས་ན། དེ་བཞིན་དུ་འགྲུབ་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་ཆོས་ཀྱི་དབྱིངས་ལ། །མེ་ལོང་ལྟ་བུའི་ཡེ་ཤེས་དམིགས་པའི་དུས་གཅིག་ན། གཙོ་བོ་ལྔ་དང་གཙོ་མོ་ལྔའི་སྐུ་ལྟ་བུར་བྱུང་། སེམས་དཔའ་བཅུ་དྲུག་དང་སེམས་མ་བཅུ་དྲུག་ནི། མཚན་ལྟར་བུར་བྱུང་ལ། དེའི་དབུ་རྒྱན་ལྔ་ལྔ་ནི་དཔེ་བྱད་དུ་བྱུང་སྟེ། སྤྱིར་ཡེ་ཤེས་ཀྱི་དངོས་པོ་བསྲེགས་ཤིང་། རང་བཞིན་གྱིས་བརྒྱན་པར་འགྱུར་ལ། །ཉན་ཐོས་ལས་ཁྱད་པར་ཆེ་བའི་ཕྱིར་རོ། །དཔལ་འཕེལ་ཞིང་བྱ་བ་ཐབས་ཀྱི་ཞགས་པ་ལས་འབྱུང་ངོ་། །ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས། རྒྱས་པའི་ཧོམ་གྱི་ལེའུ་སྟེ་སུམ་ཅུ་པའོ།། །།ད་ནི་རྒྱས་པའི་ཕུར་བའི་ལས་བཤད་དེ། གསེར་རཾ་སེར་བའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་བཞི། །ལྷ་རྣམས་བསྒོམས་ཏེ་གདབ་པར་བྱ། །འདི་ནི་རྒྱས་པའི་ལས་ལ་ཤིས། །ཞེས་གསུངས་ཏེ། གསེར་རམ་སེར་པོའི་ཤིང་རྣམས་ལ། མགོ་བོ་རྒྱ་མདུད་ཟུར་བཞི་པར་བཞོག་སྟེ། རྒྱ་མདུད་ལ་ལྷ་རྣམས་བཀོད་དེ། གདབ་ན་གང་ལ་བྱ་བ་དེ་ལ་བཏབ་ན་འགྲུབ་ཅིང་། དཔལ་དང་གཟི་བརྗིད་རྒྱས་པར་འགྱུར་རོ། །གཞན་དུ་ན་ཆོས་ཀྱི་དབྱིངས་ལ་ལོངས་སྤྱོད་རྫོགས་པ་འབྱུང་། ལོངས་སྤྱོད་རྫོགས་པར་འབྱུང་བར་ཉ ིད། །ཏིང་ངེ་འཛིན་ཕུར་པ་ཡིན་པས། །རང་བཞིན་གྱི་དཔལ་དང་གཟི་བརྗིད་རྒྱས་པ་ཡིན་ནོ། །ཞེས་ཏན་ཏྲ་དུ་མ་ལས་འབྱུང་ངོ་། །ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས། རྒྱས་པའི་ཕུར་པའི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །།ད་ནི་རྒྱས་པའི་གཏོར་མ་བཤད་དེ། གསེར་ཕྱེ་འབྲས་ཆན་སེར་པོ་རྣམས། །འོ་མ་སྦྲང་རྩི་གཏོར་མ་ནི། །རྒྱས་པར་འགྱུར་བའི་གཏོར་མ་སྟེ། །གཏན་ན་ཐམས་ཅད་རྒྱས་པར་འགྱུར། །ཞེས་གསུངས་ཏེ། གསེར་ཕྱེ་དང་འབྲས་སེར་པོའི་ཆན་ལ་སོགས་པ། འོ་མ་དང་སྦྲང་རྩིར་སྦྱར་ཏེ། །བཏང་ན་དཔལ་དང་གཟི་བརྗིད་རྒྱས་ཤིང་འཕེལ་བར་འགྱུར་རོ། །གཞན་དུ་ན་ཆོས་ཀྱི་དབྱིངས་མཚན་ཉིད་མེད་པ་ཐམས་ཅད་ལ་ཁྱབ་ཏེ། བདག་ཉིད་ཆེན་པོ་དང་ཐ་མི་དད་པ་རང་བཞིན་གྱིས་ཐམས་ཅད་རྒྱས་པར་འགྱུར་ཏེ། དེ་ལྟར་རིག་པའི་ཡེ་ཤེས་ནི། བྱིན་ཅིང་གཏང་བ་ཡིན་ཅེས། སྒྱུ་འཕྲུལ་དྲ་བ་ལས་འབྱུང་ངོ་། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས། རྒྱས་པའི་གཏོར་མའི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། །།ད་ནི་རྒྱས་པའི་སྦྱོར་བའི་ལས་བཤད་དེ། ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་དུ། །ལྷའི་དཀྱིལ་འཁོར་རྫོགས་པར་བསྒོམ། །བྱང་ཆུབ་སེམས་ནི་སྤྲོ་བསྒོམས་ན། །དེ་ཡིས་རྒྱས་པའི་ལས་འགྲུབ་བོ། །ཞེས་གསུངས་ཏེ། །ལྷ་མོ་རྣམས་དང་ལྷ་སྦྱོར་བ་ཆེན་པོ་མཛད་ཅིང་། བདེ་བ་ཆེན་པོས་རོལ་ཅིང་ལོངས་སྤྱོད་རྒྱས་པར་བསྒོམས་ནས། དེ་བཞིན་དུ་འགྲུབ་བོ། །གཞན་དུ་ན་ཏིང་ངེ་འཛིན་དཀྱིལ་འཁོར་ནི། ལྷ་དང་ལྷ་མོའི་ཚུལ་དུ་སྦྱོར་ལ། དེ་ལྟར་རིག་པ་ནི། བྱང་ཆུབ་ཀྱི་སེམས་སྤྲོས་པས། ལོངས་སྤྱོད་ཆེན་པོ་རྒྱས་པ་ཡིན་ཞེས། རི་བོ་བརྩེགས་པ་ལས་འབྱུང་ངོ་། །རྒྱས་པའི་ལས་བཤད་ཟིན་ཏོ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས། རྒྱས་པའི་སྦྱོར་བའི་ལེའུ་སྟེ་སུམ་ཅུ་གསུམ་པའོ།། །།ད་ནི་ཞི་བའི་ལས་བཤད་དེ། །ཟླུམ་པོའི་དཀྱིལ་འཁོར་རྩིབས་བརྒྱད་པར། །ལྷ་རྣམས་འཁོར་བཅས་སྦྱན་དྲངས་ཏེ། །དཀར་པོའི་ཡོན་གྱིས་མཆོད་པར་བྱེད། །དེ་ནས་ལས་རྣམས་བརྩམས་པར་བྱ། །ཞེས་གསུངས་ཏེ། དཀྱིལ་འཁོར་ཟླུམ་པོར་བྱས་ཏེ། ལྷ་རྣམས་སྤྱན་དྲངས་ཏེ། ཡོ་བྱད་དཀར་པོ་དང་དབྱངས་ལ་སོགས་པས། མཆོད་པར་བྱས་ནས། ཞི་བའི་ལས་བརྩམས་ཞེས་བྱ་བའི་དོན་ཏོ། །གཏི་མུག་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཡུད་ཙམ་ཉིད་ལ་ཞི་མཛད་དེ། །ཞི་བར་གྲུབ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དེ། ཆས་གོས་རྣམ་པ་གསུམ་དང་ལྡན་པར་བྱས་དེ་ལས་བྱའོ། །ལྷ་རྣམས་འཁོར་བཅས་ཐམས་ཅད་ཀྱིས། །འཁྲུགས་པ་ཐམས་ཅད་ཞི་མཛད་པར། །བསྒོམས་ན་ཐམས་ཅད་ཡུད་ཙམ་གྱིས། །ཞི་བར་གྱུར་ཏེ་ཐེ་ཚོམ་མེད། །ཅེས་གསུངས་ཏེ། ལྷ་དང་ལྷ་མོ་འཁོར་དང་བཅས་པ་འཁྲུགས་པ་ལ་སོགས་ཏེ། གནོད་སྡིག་ཐམས་ཅད་ཞི་བར་བསྒོམ་ན་དེ་བཞིན་དུ་འགྱུར་རོ། །གཞན་དུ་ན་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཞི་བའི་ཏིང་ངེ་འཛིན་གྱིས། ཐམས་ཅད་དུ་ཁྱབ་པས་ཐམས་ཅད་དུ་ཞི་བར་འགྱུར་རོ། །གཞན་ལས་ཀྱི་འཕྲེང་བ་ལས་འབྱུང་ངོ་། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་བ་ལས། ཞི་བའི་ལས་ཀྱི་ལེའུ་སྟེ་སུམ་ཅུ་བཞི་པའོ།། །།ད་ནི་ཞི་བའི་ཧོཾ་བཤད་དེ། །ཧོམ་ཁུང་ཟླུམ་པོ་གདེངས་པ་ལས། །རྡོ་རྗེ་པདྨ་རྒྱས་པར་བྱའོ། །ཕུར་པ་དཀར་པོ་དྲུག་བཏབ་སྟེ། །སྤྱན་དྲངས་དངུལ་ཕྱེ་ལ་སོགས་མཆོད། །ཅེས་གསུངས་ཏེ། ཧོམ་ཁུང་ཟླུམ་པོ་གདེང་པ་ལས། ལྷ་གོང་མ་འཁོར་དང་བཅས་པ་སྤྱན་དྲངས་ཏེ། ཡོ་བྱད་དཀར་པོས་སྲེག་ཅིང་མཆོད་དེ། འཁྲུག་པ་ལ་སོགས་པ་ཐམས་ཅད་ཞི་བར་བསྒོམས་ན། གཞན་དུ་ཆོས་ཉིད་ཀྱི་ཏིང་ངེ་འཛིན་གྱིས། རྣམ་པར་རྟོག་པ་ལ་སོགས་པ་འཁྲུགས་པ་ཐམས་ཅད་རང་བཞིན་གྱིས་ཞི་ཞིང་། ལྷ་རྣམས་ཀྱང་མཆོད་པར་འགྱུར་རོ། །ཞེས། ཏན་ཏྲ་གླང་པོ་ཆུར་ཞུགས་པ་ལས་འབྱུང་ངོ་། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་འཕྲེང་ལས། ཞི་བའི་ཧོཾ་གྱི་ལེའུ་སྟེ་སུམ་ཅུ་ལྔ་པའོ།། །།ད་ནི་ཞི་བའི་ཕུར་པ་ལས་བཤད་དེ། མགོ་བོ་རྒྱ་མདུད་རྩེ་བཟླུམ་པོ། །ལྷ་རྣམས་བསྒོམས་ཏེ་བཏབ་པར་བྱ། །འདི་ནི་ཞི་བའི་ལས་ལ་ཤིས། །ཞེས་གསུངས་ཏེ། རྔུལ་ལམ་ཤིང་མདོག་དཀར་པོ་ལས། །ཕུར་པ་རྒྱ་མདུད་ཟླུམ་པོར་གཞོག་ལ། རྒྱ་མདུད་ལ་ལྷ་རྣམས་བཀོད་དེ། །ཞི་བར་བསྒོམས་ཏེ་བཏབ་ན། ལྷ་གཞན་ཞི་བར་འགྱུར་རོ། །གཞན་དུ་ན་ཆོས་ཉིད་མ་ནོར་བར་རིག་པ་ཉིད་ཏིང་ངེ་འཛིན་གྱི་ཕུར་པ་ཡིན་ཏེ། ཐམས་ཅད་རང་བཞིན་གྱིས་ཞི་བར་འགྱུར་ཞེས་རྩེ་གཅིག་བསྡུས་པ་ལས་འབྱུང་ངོ་། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་བ་ལས། ཞི་བའི་ཕུར་པའི་ལེའུ་སྟེ་སུམ་ཅུ་དྲུག་པའོ།། །།ད་ནི་ཞི་བའི་གཏོར་མ་བཤད་དེ། དངུལ་ལམ་འབྲས་ཆན་དཀར་པོ་རྣམས། །འོ་མར་སྦྱར་བའི་གཏོར་མ་ནི། །ཞི་བར་འགྱུར་བའི་གཏོར་མ་ཏེ། །མཁས་པས་ཞི་བར་བསྒོམས་ཞིང་གཏོར། །ཅེས་གསུངས་ཏེ། དངུལ་དང་འབྲུ་དཀར་པོའི་ཆན་ལ་སོགས་པ། འོ་མ་དང་སྦྱར་ཏེ། གཏོར་ན་ལྷ་མན་ཆད་འཆི་བར་འགྱུར་རོ། །གཞན་དུ་ན་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཞི་བ་ཡིན་པས། དེ་ལྟར་རིག་པའི་ཡེ་ཤེས་ཀྱིས། །དངོས་པོ་ཐམས་ཅད་ལ་ཁྱབ་པས་ཞི་བར་འགྱུར་རོ། །ཞེས་སྒྱུ་འཕྲུལ་དྲ་བ་ལས་བཤད་དོ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས། ཞི་བའི་གཏོར་མའི་ལེའུ་སྟེ་སུམ་ཅུ་བདུན་པའོ།། །།ད་ནི་ཞི་བའི་སྦྱོར་བའི་ལས་བཤད་དེ། ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་དུ། །ལྷའི་གྲུབ་པ་བསྒོམས་པར་བྱ། །བྱིན་རླབས་ཐམས་ཅད་ཞི་བསྒོམས་ནས། །ལྷ་རྣམས་ཀུན་ཀྱང་ཞི་བར་འགྱུར། །ཞེས་གསུངས་ཏེ། ལྷ་དང་ལྷ་མོ་གྲུབ་པའི་དཀྱིལ་འཁོར་ལས། ཐམས་ཅད་ཞི་བར་བསྒོམས་ནས། ལྷ་ཉིད་ཀྱང་ཞི་བ་ཡིན་ན། །གཞན་ལྟ་ཅི་སྨོས། ཞི་བར་འགྱུར་རོ། །གཞན་དུ་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལྷ་མོའི་རང་བཞིན་ལྟ་བུ་ཡང་། ཡོངས་ཀྱིས་ཞི་བ་ཡིན་ལ། དེ་ལྟར་རིག་པའི་ཡེ་ཤེས་ལྷའི་རང་བཞིན་ལྟ་བུ་ཡང་། རང་བཞིན་གྱིས་ཞི་བ་ཡིན་ཏེ། །དེའི་བྱིན་རླབས་ཀྱིས་ཐམས་ཅད་དུ་ཁྱབ་པ་ཡང་། རང་བཞིན་གྱིས་ཞི་བ་ཡིན་པས། །ཐམས་ཅད་ཞི་བར་འགྱུར་རོ། །ཞེས་རྡོ་རྗེ་བཀོད་པའི་ཏན་ཏྲ་ལས་འབྱུང་ངོ་། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་འཕྲེང་ལས། ཞི་བ་སྦྱོར་བའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།ད་ནི་ལས་བསྡུ་བ་བཤད་དེ། །མཚན་ཉིད་མེད་པའི་ཕྱག་རྒྱ་དང་། །དེ་ལས་དངོས་འབྱུང་ཕྱག་རྒྱ་རྣམས། །ངེས་པ་མེད་པར་དཔའ་བོས་བཤད། །མཁས་པས་ཅི་དགའ་སྒྱུར་ན་འགྲུབ། །ཅེས་གསངས་ཏེ། གོང་དུ་བཤད་པ་ཐམས་ཅད་མཚན་ཉིད་མེད་པའི་ཕྱག་རྒྱ་སྟེ། ཆོས་ཀྱི་སྐུ་ལ་དངོས་པོར་སྣང་བ་དང་། །མཚན་མར་བསྒོམས་པ་ཐམས་ཅད་འབྱུང་བས། ཆོས་ཀྱི་སྐུར་འདུས་ཏེ། ཆོས་ཀྱི་སྐུ་མ་ནོར་བར་རིག་ན། རྣལ་འབྱོར་པས་སྒོམས་པ་དང་། ཕྱག་རྒྱ་དང་མཚན་མ་ཐམས་ཅད་ཇི་ལྟར་བདེ་བ་དང་། ཅི་རིགས་སུ་སྦྱར་ཞིང་། ལས་རྣམ་བཞི་བརྩམས་ན། མི་འགྲུབ་པ་མེད་དོ་ཞེས། བེ་རོ་ཙ་ན་ཉིད་ཀྱིས་བཤད་དོ། །ཏན་ཏྲ་ཐབས་ཀྱི་ཞགས་པ་དང་། །དཔལ་འཕྲེང་དཀར་པོ་དང་། སྒྱུ་འཕྲུལ་དྲ་བ་ལ་སོགས་ཏེ། །ཏན་ཏྲ་དུ་མ་སྡེ་ལྔ་ལས་བཤད་དོ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་འཕྲེང་བ་ལས། ལུས་བཏུས་པའི་ལེའུ་སྟེ་སུམ་ཅུ་དགུ་པའོ།། །།ད་ནི་ལས་དྲག་པོའི་ཕན་ཡོན་བཤད་དེ། །དྲག་པོས་ཐམས་ཅད་འདུལ་བར་འགྱུར། །དབང་གིས་འབྱོར་པ་མཆོག་ཀྱང་འགྲུབ། །རྒྱས་པས་གཟི་བརྗིད་རྣམ་པར་འཕེལ། །ཞི་བས་བདེ་བའི་མཆོག་ཀྱང་འགྲུབ། །ཅེས་བཤད་དོ། དྲག་པོ་སྤྱད་པས་ནི་འདི་དང་གཞན་དུ་ལྷ་དང་བདུད་ལ་སོགས་ཐམས་ཅད་ཐུལ་བར་འགྱུར་རོ། །དབང་གི་ལས་བྱས་པས་ནི་འདི་དང་གཞན་དུ་ལོངས་སྤྱོད་མཆོག་དང་། འཁོར་ཕུན་སུམ་ཚོགས་པར་འགྱུར་རོ། །རྒྱས་པའི་ལས་བྱས་པས་ནི་འདི་དང་གཞན་དུ་དཔལ་དང་གཟི་བརྗིད་འཕེལ་བར་འགྱུར་རོ། །ཞི་བའི་ལས་སྤྱད་པས་ནི། འདི་དང་གཞན་དུ་བདེ་བའི་མཆོག་ཐོབ་པར་འགྱུར་རོ། །འདི་དག་ནི་བསོད་ནམས་ཀྱི་ཚོགས་ཆེན་པོ་ཡིན་ཏེ། མཚན་ཉིད་མེད་པ་ལས་མི་གནས་པར་རིག་པ་ནི། ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡིན་པས། ཕྱག་རྒྱ་ཆེན་པོའི་དོན་རིག་པར་བྱས་ལ། །ལས་རྣམ་བཞི་རྒྱུན་དུ་བརྩམ་པར་བྱའོ། །ཞེས་མ་ཧ་ཡོ་གའི་ཏན་ཏྲ་དུ་མ་ལས་བཤད་དོ། །གང་ལས་འབྱུང་བའི་ལྷ་ཅིག་ལ་བསྒྲུབ་ན་ཡང་། དངོས་གྲུབ་གྲངས་མེད་པ་དེ་བསམ་གྱིས་མི་ཁྱབ་པའོ། །ཞེས་ཀྱང་དུ་མ་ལས་བཤད་དོ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་འཕྲེང་བ་ལས། ལས་བསྒྲུབ་ཕན་ཡོན་གྱི་ལེའུ་སྟེ་བཞི་བཅུ་པའོ།། །།དཀྱིལ་འཁོར་འདིའི་མཚན་ཉིད་ནི། དབང་ཆེན་བསྡུས་པའི་དཀྱིལ་འཁོར་ཏེ། །དེ་ལ་དཀྱིལ་འཁོར་གཞི་ཟླུམ་པོ་བྱ་བ་ནི། ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའི་དོན་ཏོ། །འཁོར་ལོའི་རྩིབས་ཟུར་ཅན་དུ་བྱ་ཞིང་། གཞི་ཟླུམ་པོའི་ནང་ན་གནས་པ་ནི། ཆོས་ཀྱི་དབྱིངས་སྤྲོས་པ་མེད་བཞིན་དུ་བྱིན་གྱིས་བརླབས་ཀྱིས། ལྷ་དང་ལྷ་མོ་དང་ཁྲོ་བོ་དང་ཁྲོ་མོ་དང་། ཕོ་ཉ་ལ་སོགས་པ་དང་། ཉིད་ཀྱིས་འཕྲོ་བའི་དོན་ཏོ། །རྣམ་གཅིག་ཏུ་ན་ཆོས་ཀྱི་དབྱིངས་རྣམ་པར་རྟོག་པ་མེད་བཞིན་དུ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅི་ཡང་མཁྱེན་པ་ལྷུན་གྱིས་གྲུབ་པ་ལ་བྱ་བའི་དོན་ཏོ། །མཐའ་གྲུ་བཞིར་བྱ་བ་ནི། ཕྱོགས་བཅུའི་སྣོད་དང་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ལ་དབང་སྒྱུར་བས། བདེ་བ་ཆེན་པོ་རྒྱས་པའི་དོན་ཏོ། །དཀྱིལ་ནས་ལྷ་མོ་ཁ་ཕྱིར་ལྟ་བ་ནི། ལྷ་མོ་ནི་དབྱིངས་ཉིད་ཉེ་བའི་བྱིན་རླབས་ཏེ། སེམས་དཔའ་དབྱིངས་ཉིད་ཉེ་བའི་མཐོང་བའི་དོན་ཏོ། །སེམས་དཔའ་ལྔ་ནང་དུ་ལྟ་བ་ནི། ཆོས་ཉིད་ཉེ་བ་ལ་ལྟ་བའི་དོན་ཏོ། །སེམས་དཔའ་གཞན་ཕྱིར་ལྟ་བ་ནི། །ཆོས་ཉིད་ཐམས་ཅད་དུ། ས་རྡོ་ལྟ་བུར་བེམས་པོ་ནི་མ་ཡིན་གྱི། མཁྱེན་པའི་ཡེ་ཤེས་དང་ལྡན་ཞིང་། །སེམས་དཔའ་ཉིད་ཀྱང་དབྱིངས་ལས་མི་ཞན་པའི་ཐ་ཚིག་གོ། །སེམས་མ་གཞན་ནང་དུ་ལྟ་བ་ནི། མཁྱེན་པའི་ཡེ་ཤེས་དང་དངོས་པོ་ལ་སོགས་པ་ཐམས་ཅད་དུ་རྣམ་པར་རྟོག་པ་མ་ཡིན་གྱི། དབྱིངས་ཉིད་དང་ལྡན་ཞིང་། དབྱིངས་ཉིད་མཁྱེན་པའི་ཡེ་ཤེས་ལས་མི་ཞན་པའི་ཐ་ཚིག་གོ། །རྣམ་ཅིག་ཏུ་ན་སེམས་དཔའ་ཕྱིར་ལྟ་བ་ནི། སྣོད་དང་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དབང་དུ་སྒྱུར་བའི་དོན་ཏོ། །སེམས་མ་ནང་དུ་ལྟ་བ་ནི། སྣོད་དང་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དབང་དུ་འདུས་པའི་དོན་ཏོ། །སེམས་དཔའ་དང་སེམས་མ་ཕྱི་ནང་དུ་གཅིག་ལ་གཅིག་གཟིགས་པ་ནི། མཉེས་པར་བྱེད་པའི་ཐ་ཚིག་གོ། །ཁྲོ་བོ་དང་ཁྲོ་མོའི་རིལ་ཕྱིར་བལྟ་བ་ནི། ཕྱིའི་དངོས་པོ་དང་རྒོལ་བ་ལ་སོགས་པ་འཇོམས་ཤིང་འདུལ་བའི་དོན་ཏོ། །དེ་ལ་དབྱིངས་ནི་དཔེར་ན་ཉི་མའི་དཀྱིལ་འཁོར་ལྟ་བུའོ། །མཁྱེན་པའི་ཡེ་ཤེས་ནི་ཉི་མའི་འོད་སྣང་གསལ་བ་ལྟ་བུའོ། །དེའི་བྱིན་རླབས་ནི་དྲོ་ཞིང་ཚ་བ་ལྟ་བུའོ། །ཕྱིའི་དངོས་པོ་དང་རྒོལ་བ་ལ་སོགས་པ་འཇོམས་ཤིང་འདུལ་བ་ནི་རྩི་ཤིང་སྐྱེས་ཤིང་འཚིག་པ་ལྟ་བུའོ། །ལྷ་མོ་དང་སེམས་དཔའ་ནི། ཆོས་ཀྱི་དབྱིངས་ཉིད་རིག་པའི་དོན་དབྱིངས་ལ་སྣང་བའོ། །ལྷ་དང་སེམས་དཔའ་ནི། དབྱིངས་ལ་སྣང་བའི་དོན་མཐོང་བའོ། །དབྱིངས་ཉིད་ལ་སྣང་བ་དང་མཐོང་བའི་བྱིན་རླབས་ནི། རང་བཞིན་གྱིས་དངོས་པོ་དང་། རྒོལ་བའི་རང་བཞིན་ལྷན་གྱིས་འཇོམས་ཤིང་། དབྱིངས་སུ་སྦྱོར་བར་འདུལ་བ་ནི། ཁྲོ་བོ་དང་ཁྲོ་མོ་ལས་རྣམ་བཞི་རང་བཞིན་ལྷུན་གྱིས་མཛད་ཅིང་། ཐུགས་རྗེས་རྟེན་སྐྱོང་བའི་དོན་ཏོ། །འཇིག་རྟེན་སྐྱོང་བ་ལ་སོགས་པ་ནི། བྱིན་རླབས་ཕོ་ཉ་ལྟ་བུ་གནས་པ་ཡིན། རྣམ་གཅིག་ཏུ་འཇིག་རྟེན་གྱི་ལྷ་མཐུ་བོ་ཆེ་དང་མཐུ་མོ་ཆེ་འཁོར་དུ་འདུས་པའི་རྟགས་སོ། །བཀྲ་ཤིས་བརྒྱད་ནི་ཐམས་ཅད་ལ་དབང་བསྒྱུར་ཞིང་འཁོར་བ་ལ་ལོངས་སྤྱོད་ཀྱང་། ཉོན་མོངས་པས་འཆིང་བར་མི་འགྱུར་བ་དང་། མྱ་ངན་ལས་འདས་པ་ལ་སྤྱད་ཀྱང་ཉན་ཐོས་ཞི་བ་ཕྱོགས་གཅིག་པར་མི་འགྱུར་ཏེ། གང་གིས་ཀྱང་ཟིལ་གྱིས་མི་གནོན་པས་བཀྲ་ཤིས་སོ། །དེ་ལའང་དཔལ་གྱི་བེའུ་ནི། མཁྱེན་པའི་ཡེ་ཤེས་དང་ལྡན་པས་བཀྲ་ཤིས་སོ། །འཁོར་ལོ་ནི་ཐབས་ལ་དབང་བསྒྱུར་བ་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བཀྲ་ཤིས་སོ། །རིན་པོ་ཆེ་ནི། ཟད་མི་ཤེས་པའི་གཏེར་དང་ལྡན་པས་བཀྲ་ཤིས་སོ། །པདྨ་ནི། འཁོར་བས་མ་ཟིན་པའི་བཀྲ་ཤིས་སོ། །གདུགས་ནི། ཉོན་མོངས་པས་མི་གདུགས་པས་བཀྲ་ཤིས་སོ། །བུམ་པ་ནི། རོ་མཆོག་དང་ལྡན་པས་བཀྲ་ཤིས་སོ། །དུང་ནི། རྒོལ་བ་ཐམས་ཅད་སྐོང་བས་སྒྲ་སྒྲོགས་པའི་བཀྲ་ཤིས་སོ། །ཉ་ནི། ལམ་རྒྱུད་ལྔའི་སེམས་ཅན་དང་། ངན་སོང་ཀུན་ལས་སྒྲོལ་བའི་ཐུགས་རྗེས་ཐབས་མཁས་པའི་བཀྲ་ཤིས་སོ། །གླིང་བཞི་ནི་རིགས་ལྔའི་བྱིན་རླབས་ཡིན་པའམ། ལམ་ལྔའི་སེམས་ཅན་ལ། དེ་བཞིན་གཤེགས་པ་རང་བཞིན་ཡོད་པར་བསྟན་པའམ། ཐུགས་རྗེ་དེ་དག་གི་དོན་མཛད་པའི་ཐ་ཚིག་གོ། །རྣམ་པ་གཅིག་ཏུ་ཐམས་ཅད་དབང་དུ་འདུས་པའི་དོན་ཏོ། །དེ་ལ་གཙོ་བོ་དང་གཙོ་མོ་འཁོར་ལྔ་ལྔ་དང་བཅས་པ་ནི། ཅི་ཡང་མི་མཛད་དོ། །སེམས་དཔའ་དང་སེམས་མ་ཉི་ཤུ་ནི། ཀུན་ལ་བུ་གཅིག་བཞིན་ནོ། །དེ་ལྟར་བྱམས་པའི་ཤུགས་ཀྱིས། ཁྲོ་བོ་དང་ཁྲོ་མོ་འཁོར་དང་བཅས་པ་ནི། ཕྱི་ནང་ཐམས་ཅད་ཀྱི་དངོས་པོ་ལ། རྔོན་པས་རི་དྭགས་མཐོང་བ་བཞིན་དུ་ནི། དེ་ལྟར་ཞེ་སྡང་གི་ཤུགས་ཀྱིས་ཐམས་ཅད་དབྱིངས་ཉིད་ལ་སྦྱོར་རོ། །འབྱོར་ན་འཁོར་བའི་ཆོས་ལ་སྤྱད་ཀྱང་། ལོངས་སྤྱོད་ཆེན་པོ་སྟེ། ཉོན་མོངས་པས་འཆིང་བར་མི་འགྱུར་བས། དེ་ལྟར་གྲུབ་པ་ནི་འདོད་ཆགས་སོ། །ཆོས་ཀྱི་དབྱིངས་ངང་གིས་གསང་པས་ཕྲག་དོག་གོ། །ཆོས་ཉིད་སྤྲོས་པ་མེད་པས་གཏི་མུག་གོ། །ཆོས་ཉིད་དེ་ལྟ་བུས་ཁམས་གསུམ་ལས་རྒྱལ་བས་ང་རྒྱལ་ལོ། །དེ་ལ་གཙོ་བོའི་འཁོར་ལྔའི་བྱིན་རླབས་ནི། ཐམས་ཅད་ཁྱབ་མོད་ཀྱི། ཉེ་བ་ནི་དབུས་ནས་མདུན་དང་། ཐོད་ཀ་ཡན་ཆད་རྒྱབ་མཇུག་དོ་ཡན་ཆད་དོ། །མི་འཁྲུགས་པའི་འཁོར་ལྔའི་བྱིན་རླབས་ནི། ཕྱག་གཡས་དང་རྩིབས་ལོག་གཡས་སོ། །རིན་ཆེན་འབྱུང་གནས་ཀྱི་འཁོར་ལྔའི་བྱིན་རླབས་ནི། ཕྱག་གཡོན་དང་རྩིབས་ལོགས་གཡོན་ནོ། །འོད་དཔག་མེད་ཀྱི་འཁོར་ལྔའི་བྱིན་རླབས་ནི། ཞབས་གཡོན་ནས་རྐེད་པ་མན་ཆད་དོ། །དོན་ཡོད་གྲུབ་པའི་བྱིན་རླབས་ནི་ཞབས་གཡས་པ་ནས། རྐེད་པ་གཡས་མན་ཆད་དོ། །ཁྲོ་བོ་དང་ཁྲོ་མོ་ཐམས་ཅད་ནི། རིགས་སོ་སོའི་བྱིན་བརླབས་བཞིན་ནོ། །དེ་ལྟར་འཁོར་ལྔ་པོ་གཅིག་ལ་ཡང་ལྔ་ལྔར་འགྱུར་ཏེ། སྲ་བའི་བྱ་བ་བྱེད་པ་ཐམས་ཅད་ནི། རྡོ་རྗེའི་རིགས་སོ། །དྲོ་བའི་བྱ་བ་བྱེད་པ་ཐམས་ཅད་ནི། །རིན་པོ་ཆེའི་རིགས་སོ། །གཤེར་བའི་བྱ་བ་བྱེད་པ་ཐམས་ཅད་ནི། །པདྨའི་རིགས་སོ། །བསྐྱོད་པའི་བྱ་བ་བྱེད་པ་ཐམས་ཅད་ནི། །ལས་ཀྱི་རིགས་སོ། །དེ་རྣམས་མཉམ་པ་ལས། དངོས་སུ་གཞག་པ་དེ་བཞིན་གཤེགས་པའི་རིགས་སོ། །ཐམས་ཅད་བདག་ཉིད་མིའི། འཁོར་ལྔའི་བྱིན་རླབས་ནི། དབུས་སུ་འགྱུར་བ་ཐམས་ཅད་དེ། །སྲ་བའི་རང་བཞིན་མེད་པ་ནི། །ཡངས་པའི་སྤྱན། འཁོར་ལྔའི་བྱིན་རླབས་སོ། །དྲོ་བའི་རང་བཞིན་མེད་པ་ནི། །མ་མ་ཀི། །འཁོར་ལྔའི་བྱིན་རླབས་སོ། །གཤེར་བའི་རང་བཞིན་མེད་པ་ནི། །གོས་དཀར་མོ་འཁོར་ལྔའི་བྱིན་རླབས་སོ། །བསྐྱེད་པའི་རང་བཞིན་མེད་པ་ནི། །སྒྲོལ་མའི་འཁོར་ལྔའི་བྱིན་རླབས་སོ། །དོན་དུ་བྱ་བ་བྱེད་ནུས་པ་ནི་སེམས་དཔའ་འོ། །དེ་བཞིན་དུ་རང་བཞིན་མེད་པ་ནི། སེམས་མའོ། །དེ་ལྟར་རིག་པའི་ནི་ཁྲོ་བོ་དང་ཁྲོ་མོའོ། །དེ་ལ་བསྡུ་ཞིང་སྤྲོ་བ་ཡང་ཐམས་ཅད་དེ་ལྟར་བྱའོ། །ཕྱི་ནང་གི་ཆོས་ཐམས་ཅད་ཀྱང་དེ་ལྟར་རྟག་གོ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་འཕྲེང་ལས། དབང་ཆེན་བསྡུས་པ་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའོ།། །།དེ་སྐད་ཅེས་དཔལ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་བ། རྡོ་རྗེ་གཞོན་ནུའི་སྡེ་འབུམ་ཕྲག་དུ་མ་ཡི་རང་སྟེ། འདི་སྐད་ཅེས་བསྟོད་དོ། །ཧཱུྃ་བསྐལ་པ་མེ་ལྟར་འབར་བ་ཡི། །འོད་ཟེར་འདུ་འཕྲོའི་ཀློང་དཀྱིལ་ན། །ཁྲོ་བོ་ཁྲོ་མོ་རྣམས་བཞུགས་པ། །སྐུ་ནི་ཅིར་ཡང་མ་ངེས་འགྱུར་བའི་གཟུགས། །ཧཱུྃ་དབུ་སྐྲ་ཁམས་ནག་རལ་པ་ཅན། །གྱེན་དུ་འཁྱིལ་ཞིང་སྲིད་རྩེར་འབར། །མི་མཉམ་ཁྲོ་གཉེར་སྡང་དམིགས་ནི། །ལོག་པ་ལྟ་བ་འདུལ་བའི་མཚན། །ཧཱུྃ་མཆེ་བ་ཟང་ཡག་གཙིགས་པས་ནི། །སྐྱེ་ཤི་རྩད་ནས་གཅོད་པའི་ཚུལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནི། །ཕྱག་ཆ་སྣ་ཚོགས་ཅིར་ཡང་སྣང་། །ཧཱུྃ་ཐུགས་རྗེའི་བྱིན་རླབས་སྤྲིན་ལྟར་གཏིབས། །བྱམས་པའི་འོད་ཟེར་གློག་བཞིན་འགྱུར། །རྔམ་པའི་སྒྲ་སྐད་འབྲུག་ལྟར་སྒྲོགས། །སྤྲུལ་པའི་ཐོགས་ཆེན་ཆར་བཞིན་འབེབས། །ཧཱུྃ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། །ཀླན་ཀ་ཆེན་པོ་བདུད་ལ་ཚོལ། །རྒྱལ་ཀ་ཆེན་པོ་བགེགས་ལ་མཛད། །བདུད་དཔུང་མ་ལུས་འདུལ་བ་དང་། །བགེགས་རྣམས་ཐམས་ཅད་འཇོམས་མཛད་ཅིང་། །དམ་ཚིག་ཅན་ལ་དངོས་གྲུབ་སྩོལ། །ཧཱུྃ་ཐུགས་རྗེ་ཆེན་པོ་བྱིན་རླབས་ཀྱིས། །བདག་ལ་བྱིན་གྱིས་བརླབས་མཛད་ཅིང་། །བདག་གི་ལྷག་པའི་བསམ་པ་རྣམས། །གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ་འཁྱིལ་ཞིང་རྒྱན་ཡང་འཁྱིལ་བ་ལ། །སེམས་ཀྱི་ཆོས་ལ་སྐུ་མི་མངའ། །སྒྲ་ལས་འདས་པའི་སྦྱོར་བ་སྟེ། །བསམ་དང་བྲལ་བའི་ཡེ་ཤེས་ལགས། །ཧཱུྃ་སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །མཉམ་ཉིད་ངང་གིས་ཁྲོས་ལ་ཕྱག་འཚལ་ལོ། །ཁྲོ་བས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །ཉིད་ཀྱི་ཐུགས་ཀར་ཞུགས་ནས་མི་སྣང་བར་གྱུར་ཏོ། །མཉམ་ལས་སྤྲོས་ཏེ་འབྱུང་བའི་ལས། །སྐྱེས་བུ་གང་ཞིག་རིག་པ་དེས། །གང་ཞིག་ཇི་སྐད་བརྗོད་པའི་སྒྲ། ཐམས་ཅད་ཏན་ཏྲ་ཞེས་པ་ནི། །འོག་མིན་བླ་མེད་གནས་མཆོག་ཏུ། །མགོན་པོ་བདག་ཉིད་ཆེན་པོ་ཡིས། །རྡོ་རྗེ་འཁོར་ལོ་བསྐོར་བ་ན། །སྔགས་ཀྱི་དབང་པོ་བཀྲམ་པས་གསུངས། །དེ་ལས་བརྟེན་ཏེ་མགོན་པོ་ཡིས། །སྐུ་གསུང་ཐུགས་ཀྱི་གསང་བ་རྣམས། །རྣལ་འབྱོར་བསྒྲུབ་པ་རྟོགས་བྱའི་ཕྱིར། །མ་ནོར་ཙམ་དུ་བཤད་པ་ཡིན། །དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེན་པོ་ཡིས། །འཇིག་རྟེན་མ་གྱུར་པདྨ་རྒྱལ་པོ་ལས། །དེ་བཞིན་གཤེགས་པའི་མན་ངག་གསང་ཆེན་རྣམས། །ཀློང་ནས་བཀྲོལ་མཛད་དེ་ལ་ཕྱག་འཚལ་ལོ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་འཕྲེང་བ་ལས། རྟོག་པའི་རྒྱལ་པོ་དོན་བསྡུས་པའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ།། །།འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་འཕྲེང་གི་འགྲེལ་པ་རྫོགས་སོ།། །།བཀྲ་ཤིས།། །།རྒྱ་ནག་པེ་ཅིན་བསྟན་འགྱུར་ལས་ཞལ་བཤུས་པ་དགེའོ། །

རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དཔལ་གསང་བའི་སྙིང་པོ་ཞེས་བྱ་བའི་སྤྱན་འགྲེལ།

རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དཔལ་གསང་བའི་སྙིང་པོ་ཞེས་བྱ་བའི་སྤྱན་འགྲེལ་བཞུགས་སོ། །རྒྱ་གར་སྐད་དུ། བཛྲ་སྭད་ཏ་མ་ཡ་ཛ་ལ་ཏན་ཏྲ་ཤྲི་འགུ་ཧ་གརྦ་འབྲི་ཏ་ཙཀྴུ་ཏིག །བོད་སྐད་དུ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དཔལ་གསང་བའི་སྙིང་པོ་ཞེས་བྱ་བའི་སྤྱན་འགྲེལ་པའི། སྡེ་མཛད་གཏེར་གྱི་བདག་པོ་མཆོག །ལྷའི་ལྷ་ལ་གཉིས་མེད་འདུ། །དགོངས་མཛད་མཚན་དཔེ་གནས་ཀྱི་བདག །སྐྱེས་བུ་ཐུགས་ལ་གཉིས་མེད་འདུད། །མི་འགྱུར་མི་ཕྱེད་འཛོམས་པ་ཆེ། །མི་གཡོ་གསལ་བ་མཐའ་བྲལ་བས། །དཔའ་བོ་ཡེ་ཤེས་རྐྱེན་བྲལ་བ། །ཀུན་འབྱུང་དཀྱིལ་འཁོར་སྒྱུ་འཕྲུལ་ཆེ། །ཅི་ཡང་མིན་ལས་ཅིར་ཡང་སྣང་། །མང་ལ་འབྲེལ་པས་ཏྲ་བའི་དོན། །ཡུལ་མིན་བརྟག་དཀའ་ཟབ་ཅིང་འཕྲ། །བསྟན་པའི་རྒྱུ་འབྲས་སྙིང་པོའི་བཅུད། །གཞན་མིན་དེ་ཉིད་དོ་དོན་ལ། །རྣམ་གསུམ་ཚུལ་གྱིས་ཕྱག་འཚལ་ལོ། །རང་བཞིན་རྐྱེན་གྱིས་སྤྱན་མདོངས་པས། །ཤེས་བྱ་གཉིས་ལ་རྨོངས་པ་དག །མཐོང་ནས་ཐོབ་ཕྱི་ཡི་གེ་རྒྱུད། །སྤྱན་གྱི་མཆོག་གསུམ་གསལ་བར་ཕྱེ། །དེ་ལ་ངེས་པའི་དོན་གྱི་རྒྱུད། །ཐུན་མོང་མ་ཡིན་པའི་ལུང་། །མ་བསླད་པར་སྟོན་པའི་མཆོག །བཀའ་ཐམས་ཅད་ཀྱི་འགྲེལ་པ། །ཀུན་ལམ་ཐུགས་ཆུང་། མཐར་ཐུག་པའི་དོན། བླ་ན་མེད་པ་ཀུན་གྱིས་ཡུམ་གྱུར་པ། །ཚིག་དཀྲུགས་པ། དོན་བཤད་པའི་རྒྱུད་འདིའི་སྤྱན་རྣམ་པར་དབྱེ་བ་ཡང་རྣམ་པ་གསུམ་སྟེ། གང་ཞེ་ན། ཆོས་ཉིད་རང་བཞིན་གྱི་རྣལ་འབྱོར་ཕྱི་མོའི་རིགས་མི་འགྱུར་མ་ཆད་པ་ཉིད་དང་། མངོན་དུ་བྱེད་པའི་རྣལ་འབྱོར་རྒྱུད་དུ་འབྱུང་ཞིང་མི་གཏོང་བར་བྱེད་པ་རྩོལ་བའི་རིགས་དང་། མཐར་ཐུག་གི་རྣལ་འབྱོར་བྱ་བ་མེད་པའི་རྒྱུད་དུ་བྱུང་ཟིན་པས་མི་འགྱུར་བ་འབྲས་པའི་རིགས་སོ། །དེ་ཡང་བྱེ་བྲག་བསྟན་པ་ལས། །ཚད་མ་གསུམ་གྱི་དངོས་པོ་ཡིན། །རྣལ་འབྱོར་གསུམ་གྱི་ཕུང་པོ་ལ། །རིགས་དང་སྣང་བའི་ཡན་ལག་བཞག །དེ་ཉིད་ཐུན་མོང་མཆོག་ཏུ་ངེས། །ཞེས་གསུངས་སོ། །དེ་ལ་མན་ངག་གི། །རྗེས་སུ་འགྲེལ་བའི་ལུགས་ཉིད་ནི་འདི་ལྟ་སྟེ། ཐོག་མར་ཕྱི་མོའི་རྣལ་འབྱོར་ནི། །བརྟགས་པའི་ཡུལ་སྤྲོས་པ་དང་བྲལ་བ་ལས་ཁྱད་པར་དུ་ངོ་བོས་གྱུར་པ་ཆོས་ཉིད་ཀྱི་རིགས་ཏེ། བརྩལ་བྱ་རིལ་གྱི་དངོས་གཞི་འཕེལ་འགྲིབ་དང་བྲལ་བ་ཁོ་ན་སྟེ། དེ་ལ་ནི་མ་བསླད་མ་བཏགས་ཇི་བཞིན་པའི་ཕྱིར། བྱེ་བྲག་མི་ཕྱེད་པས་དང་པོའི་མིང་ངེས་པར་འཐོབ་བོ། །དེ་ལུང་གིས་བསྟན་པར་བྱ་གཞུང་ཉིད་ལས། །དེ་ལ་ཆོས་ཉིད་ཀྱི་རིགས་ནི་ཀུན་ལ་ཁྱབ་པར་ཡོད་དོ། །ཞེས་གསུངས་པ་དང་། ནམ་མཁའི་དབྱིངས་ནི་བསམ་ཡས་པར་ཅེས་པའི་ཚིག་བཤད་བརྒྱད་གསུངས་སོ། །དེ་ལ་ནི་ཐ་སྙད་དུ་རང་བཞིན་གྱིས་སྣང་བ་ཞེས་ཀྱང་བསྙད། འོན་ཀྱང་ཕན་ཚུན་ལས་གྲོལ་བར་འཆད་པས། །ཡུལ་ཅན་དུ་མི་འགྱུར་ཏེ། དཔེར་ན་རྒྱ་མཚོ་ཉིད་རླབས་ལྟ་བུའོ། །དེ་ཡང་ཤེས་རབ་དང་གཏན་ཚིགས་ཀྱིས་བྱས་པ་མ་ཡིན་པའི་ཕྱིར། ངེས་ཚིག་འགྲུབ་པའོ། །འདི་ཉིད་ཀྱང་རྣམ་པ་མེད་པའི་རྣམ་པ་གཉིས་སུ་འགྱུར་ཏེ། ཇི་བཞིན་རང་བཞིན་གྱི་དེ་ཁོ་ན་ཉིད་དང་། མུན་པའི་རང་བཞིན་གློ་བུར་དུ་སྣང་བའོ། །འོ་ན་དེ་རྒྱུ་ནི་ས་སྙམ་པ་ལ། དང་པོ་ལ་རྣམ་མེད་ཀྱང་གཉིས་པ་ལ་གནས་པས། མཐོང་བ་ངེས་པར་མ་བྱས་པས། རྣམ་པ་མེད་པ་ལ་ཡོད་པར་མཐོང་བ་ནི། མེ་ལོང་གཡའ་ཅན་ལྟ་བུ་སྟེ། །འདི་ཉིད་ལས། མེ་ལོང་གཡས་ཡོག་པ་དང་འདྲ་སྟེ། གཟུགས་བརྙན་སྣང་བའི་བྱ་བ་བྱེད་མི་ནུས་སོ། །ཞེས་གསུངས་སོ། །འདི་ཉིད་ཀྱི་དོན་ངེས་པར་ཆུད་པར་བྱ་བའང་། རྒྱལ་པོ་དྲག་ཤུལ་ཅན་གྱིས་ཞུས་པ་ལས། གསེར་ལ་བཟོའི་རྣམ་པ་ལྟར། །སྣང་བ་དང་པོ་རང་རིག་པ། །ཡུལ་མེད་གཉིས་ཕྱིར་མཐོང་མེད་ཕྱིར། །བརྟགས་པས་ཐ་དད་གྱུར་པ་སྟེ། །དེ་ཡང་འབྱུང་ཚུལ་བཞི་གཉིས་འགྱུར། །དེས་ན་མ་ངེས་ཆད་པའི་རིགས། །རང་གི་ངོ་བོས་དང་པོ་ཉིད། །སྐབས་མིང་གཉིས་སུ་གྱུར་པས་ཕྱེ། །ཞེས་གསུངས་པ་ནི། ཇི་ལྟར་ཞེ་ན། དཔེར་གསེར་ལ་འདུ་བྱེད་ཀྱིས་མཆོད་གནས་དང་། རྒྱན་གྱི་རྣམ་པ་དང་། སྣོད་ཇི་ལྟར་སྣང་ལ་ངོ་བོ་གཅིག་པས། །ཉེ་བར་མཚོན་པ་ནི། ཇི་བཞིན་པའི་རྣལ་འབྱོར་ཏེ་དེ་ཡང་ངོ་བོ་དང་མཚན་ཉིད་རིལ་ལྷུན་གྱིས་གྲུབ་པའི་བདག་ཉིད་ནི་མཐའ་ཀུན་བྲལ་ཉག་གཅིག་ཅི་ཡང་མ་སྤངས་པ། ཕྱོགས་མེད་ཕྱོགས་ཀྱི་དངོས་གཞི་པ། །རིས་ཅན་རིས་དང་བྲལ་བ་ནི། །སྒྲོན་མ་ཉིད་ཀྱིས་ཀྱང་འདི་ཞེས་བརྟག་པར་མི་ཟིན་པ་ནི། སྒྲོ་སྐུར་དང་ངང་གིས་བྲལ་བས་སྐབས་ལས་ངེས་པའི་ལུང་ཞེས་ཀྱང་བསྙད་དེ། འདི་ཉིད་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཚད་བཞི་པའི་དོན་ཡིན་ཏེ། །ཞེའོ། །འོ་ན་མུན་པའི་སྣང་བ་བྱུང་བ་རིགས་གཉིས་ཀྱི་དངོས་པོ་འདི་དག་འབྱུང་བར་མི་རིགས་སོ་སྙམ་པ་ལ། དེ་ནི་རང་གི་བྱུང་ཚུལ་བརྒྱད་ཀྱིས་འབྲེལ་ཏེ། རྒྱུ་རྐྱེན་འབྲས་བུ་འབྱུང་བའི་དུས། །ཚུལ་དང་ཉེས་པ་འགྲུབ་བྱེད་པ་ཉེ་བར་མཚོན་པས་རྣམ་པར་དབྱེ། ཞོར་ལ་སྤྱིའི་དགོས་བཤད་པའོ། །ཅེས་འབྱུང་བས། རིགས་ཀུན་ལ་འཇུག་པ་དང་། ཆད་པའི་འགྲོ་བ་གྲོང་ཁྱེར་གསུམ་དུ་འཁོར་བ་དག་གི་རྒྱུ་ནི། རྩ་བའི་རྒྱུད་ལས། མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཞེས་པ་དང་། ཀུན་གཞི་སྣང་བ་ཉིད་དང་བྲལ་ཏེ། རྟག་ཏུ་རང་མཚན་གསལ་འགྱུར་ཀྱང་། །ཞེན་པས་སྣང་བར་མ་གྱུར་ན། མིག་གིས་མིག་བཞིན་མ་རིག་པའོ། །ཞེས་གསུངས་སྟེ། མ་རིག་པ་དང་། བག་ཆགས་དང་། ལས་དང་། ཉོན་མོངས་པ་ནི། ལྷན་ཅིག་བྱེད་པ་དང་། ཉེ་བར་ལེན་པ་དང་། མཚུངས་པར་ལྡན་པའི་ལས་ཀྱིས་ཕྱེ་བས་རྒྱུ་ཁོ་ནའོ། །འཁོར་བའི་རིགས་གཉིས་ཀྱི་རྐྱེན་ནི། བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་དང་། ཉོན་མོངས་པ་བརྟགས་པ་ལྔ་འཕྲ་རགས་དང་མང་ཉུང་གིས་སོ་སོར་སྦྱར་བའོ། །དེ་ཡང་དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། ཞེས་པ་དང་། ཐམས་ཅད་མཉམ་པར་མ་ཤེས་ན། །མ་ལུས་ཀུན་ལ་ཞེ་སྡང་ཅིང་། །ཞེས་པ་རྣམས་དང་། ཡང་ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། ཞེས་པ་ལ་སོགས་པ་རྒྱས་པར་བསྟན་ཏོ། །སྨིན་པ་ནི། རྩ་བའི་རྒྱུད་ལས། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །ཞེས་བདག་གིས་སྟོན་ཏོ། །སྣང་བའི་དུས་ནི། ཐོག་མ་མེད་ནས་སེམས་ཡན་བཏང་། །ཞེས་པས་སྟོན་ཏོ། །ལྟོས་པའི་གློ་བུར་བ་ཡིན་ནོ། །དེའི་ཚེ་འཁོར་བརྟེན་ཅིང་འབྲེལ་བའི་གྲངས་དང་ཕྲ་རགས་ཀྱི་ཆས་གནས་སོ་སོར་འཁོར་བ་སྟེ། རྩ་བ་ལས། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོད་ཅེས་གསུངས་སོ། །ཚུལ་དེས་ན་ཡང་དག་པའི་ལམ་དང་བྲལ་ཞིང་སྣ་ཚོགས་གཙེ་བ་མྱོང་བའོ། །དེ་ཡང་མི་མཐུན་བདེ་སྡུག་མྱོང་བར་འགྱུར། ཞེས་པ་དང་། ཡེ་ཤེས་ལྔའི་དོན་མ་རྟོགས། །ཞེས་པས་གསལ་ལོ། །དེ་གྲུབ་པར་བྱེད་པའོ་ནི། སྐད་ཅིག་མ་གཉིས་ཀྱིས་སྣང་བའི་ཕྱོགས་གཅིག་སྟེ། མ་བཅོས་རྒྱུན་གྱི་སྐད་ཅིག་མ། །དེ་ཡིས་མ་བྱས་གང་ཡང་མེད། །ཅེས་གསུངས་སོ། །དེ་དག་ཉེ་བར་མཚོན་པ་ནི། །རྩ་དང་སོགས་མེ་འཁོར་ལོ་བཞིན། །ལོང་བཏགས་རྒྱས་ཤིང་བརྒྱུད་པར་འགྱུར། །ཞེས་གསུངས་སོ། །དེ་ཇི་ལྟར་སྣང་ཡང་རང་གི་ངོ་བོ་རྟག་པ་གཉིས་དང་བྲལ་བ་ཐོག་མའི་རྣལ་འབྱོར་ཉིད་དོ། །དེ་ཡང་། སྤྱིར་ནི་ལོག་རྟོག་བསམ་ཡས་པས། །ཡེ་ནས་ཡོད་པ་མ་ཡིན་ཏེ། །ཅི་ཡང་མེད་ལས་ཅིར་ཡང་སྣང་། །སྣང་བ་ཉིད་ན་ངོ་བོ་མེད། །ཅེས་པས་གསུངས་སོ། །དེ་དག་བཀོད་པ་ནི་ངོ་བོ་ཉིད་དེ་ལྟ་བས་ན། རྡོས་པོ་བརྒྱད་སོ་སོ་ནས་རང་བཞིན་གྱིས་སངས་རྒྱས་པས། གཅིག་དང་དུ་མ་ལས་གྲོལ་བའི་རིགས་རྟོགས་པར་བྱ་བའི་ཆེད་དོ། །དེ་བས་མིང་གིས་ཕྱེ་ཡང་ངོ་བོ་ལ་ཐ་དད་མེད་པའི་ཕྱིར། ཡེ་ནས་ངོ་བོ་ཡོད་ཡིན་ན། །ཉོན་མོངས་སྤང་ཞིང་བྱང་བསྒྲུབ་མེད། །ཅེས་གསུངས་པ་ལ་སོགས་པས་གསལ་ཏེ། ལས་ནོང་པ་ཙམ་གྱིས་བརྩལ་བའོ། །དེ་ཡང་གཞུང་འདི་ཉིད་ལས། ངན་སོང་འགྲོ་དྲུག་སྣ་ཚོགས་རྒྱུ་བ་ཡང་། །འཁྲུལ་པའི་བློ་ལོག་རྟོག་པ་ཉིད་སྣང་སྟེ། །དེ་བཞིན་ཉིད་ལ་གྱུར་ཅིང་ཉམས་པ་མེད། །ཅེས་པས་སྣང་བའང་འགྱུར་རོ། །དེ་ལ་གྲུབ་པའི་རྣལ་འབྱོར་མཐར་ཐུག་བླ་ན་མེད་པའི་རིགས་བཤད་པ་ནི། བྱེ་བྲག་བསྟན་པ་བླ་མེད་རིགས་ལ་རྒྱུ་འབྲས་ཀྱིས། ཕྱེ་བས་བར་དང་ཐ་མར་འགྱུར། །དེ་ལ་སྐབས་ཀྱིས་མཐར་ཐུག་པའི། །སྣང་བ་དེ་ཉིད་རྣམ་པར་དབྱེ། །ཞེས་གསུངས་པས། ངེས་ཚིག་དང་། དུས་དང་། ངོ་བོ་དང་། མཚན་ཉིད་དང་། དེ་ཉེ་བར་མཚོན་པ་དག་ནི་བླ་ན་མེད་པའི་ཐེག་པ་མཐར་ཐུག་པ་དག་ལ་བྱེ་བ་སྟེ། དེ་ཡང་ཐབས་གཉིས་ཀྱིས་རང་བཞིན་མངོན་དུ་བྱས་པས་ཐ་མལ་པ་དང་། བཅུ་གཅིག་པའི་ཞེན་པ་མན་ཆད་སྤངས་པའི་ཡེ་ཤེས་ནི། རིལ་ལྷུན་གྱིས་གྲུབ་པས། སྐྱེད་དུ་བྱ་བ་མེད་པ་དང་། སྤྱོད་ཡུལ་བྲལ་བས་མིང་ངེས་པར་གྲུབ་པའོ། །དེ་ལྟར་འཐོབ་པའི་སྐབས་ཀྱང་འབྲས་བུ་རིལ་བདག་ཉིད་པའི་ཕྱིར། ཐོབ་བྱ་གཞན་དུ་རག་མ་ལུས་པའི་ཕྱིར་ན། ཐ་མལ་པའི་དབང་དུ་ཡང་ལྷག་མའི་ལུས་འདི་ཉིད་དང་བར་མར་སྦྱོར་བའོ། །རང་གི་ངོ་བོ་ནི་གཉིས་སྟེ། ཐུན་མོང་གི་སངས་རྒྱས་དང་། ཐུན་མོང་མིན་པའི་སངས་རྒྱས་སོ། །ཐ་མའི་ཡོན་ཏན་ལ་ལྔ་སྟེ། སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས་སྟེ། བྱེ་བྲག་ལྔ་ལྔར་གྱུར་པའོ། །དེ་དག་གི་མཚན་ཉིད་ནི། གཅིག་དང་དུ་མའི་ཆ་རྣམས་མ་བསྙིགས་བྲལ་བས་གཟུང་དཀའ་བའོ། །དེ་དག་ཉེར་བར་མཚོན་པ་ནི། ནོར་བུ་རིན་པོ་ཆེ་དང་། གར་མཁན་དང་། བྲག་ཆ་དང་། ཉི་མ་རྒྱ་མཚོ་དང་། སྤྲུལ་སྒྱུ་ལྟ་བུའོ། །དེ་དག་ཀྱང་། རྒྱལ་པོ་ཨིན་ཏྲ་པུ་ཏིས་ཞུས་པའི་སྒྱུ་འཕྲུལ་ལས། དང་པོ་སངས་རྒྱས་ཐུན་མོང་ཉིད། །སྨོན་ལམ་ཚོགས་སྣང་ངོ་བོ་གསུམ། །ཐུན་མོང་ཐ་མའི་དྲི་ཅན་ལ། །ཀུན་གྱི་ཏོག་ཏུ་གྱུར་སྣང་བ། །དེ་ཉིད་ཐ་མའི་ཐ་མ་ཡིན། །དྲི་ཅན་བདག་པོས་དབང་བསྐུར་ནས། །ཡང་དག་རྫོགས་པར་རང་སྣང་བ། །ལྔ་རྫོགས་འབྲས་བུ་བརྗོད་ལས་འདས། །ཞེས་གསུངས་སོ། །དེ་དག་ནི་སློབ་དཔོན་གཞན་དག་གིས་འབྲས་བུའི་རྒྱུད་དོ། །ཞེས་བསྙད་པ་མི་འདོད་པ་མ་ཡིན་ནོ། །ཡིད་ཆེས་པའི་ཚིག་འདི་ཉིད་ལས་ལུས་མ་སྤངས་པར་རིག་འཛིན་ས། མཐོང་བའི་ཆོས་ལས་མྱ་ངན་འདས། །ཞེས་པ་དང་ཡང་། དཔེར་ན་ཁུང་དང་སེང་གེ་བུ། །ཞེས་པ་དག་དང་། སྐུ་ཉིད་གསུང་གི་དཀྱིལ་འཁོར་སྣང་། །ཞེས་པ་དག་དང་། བྱེ་བྲག་བསྟན་པ་ལས། གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། །ལྷུན་གྲུབ་ཇི་བཞིན་མངོན་བྱས་པའི། །བཏགས་པ་ཙམ་སྟེ་གཉིས་པ་མེད། །དེ་ཕྱིར་དེ་ལ་དེ་བརྗོད་དོ། །ཞེས་གསུངས་པ་དང་། ཐབས་ཀྱི་ཞགས་པ་ལས་ཀྱང་། རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ། །སྣ་ཚོགས་ཅིར་ཡང་སྣང་མོད་ཀྱང་། །ཀུན་ཏུ་རིན་ཆེན་ལྟ་བུ་སྟེ། །ཞེས་པ་དང་། རྩ་བའི་རྒྱུད་ལས། དཔེར་ན་གར་མཁན་ཉིད་འདྲ་བ། །ལུས་ལས་མ་གོས་སྣ་ཚོགས་སྟོན། །དཔེར་ན་བྲག་ཆའི་སྒྲ་བཞིན་ནོ། །སྟོང་ཉིད་སྒྱུ་མ་མིག་ཡོར་ཚུལ། །ཅེས་པ་ལ་སོགས་པ་གསུངས་སོ། །དེ་བས་ན་འདི་ཉིད་ལས། མཐོན་དམན་ཀུན་གྱི་གཟུགས་སྣང་དང་། །བླ་མེད་བྱང་ཆུབ་སྐུར་སྣང་བ། །མེ་ལོང་ལྟ་བུ་ཚུལ་བཞིན་དུ། །སྣ་ཚོགས་ཁ་དོག་དབྱིབས་སུ་སྣང་། །ཞེས་གསུངས་པས། དེ་ལ་ནི་བདེ་བར་གཤེགས་པའི་སྣང་བ་ཞེས་ཀྱང་བསྙད་དོ། །དེ་ལ་རྣལ་འབྱོར་བར་མའི་མཚན་ཉིད་བཤད་པ་ནི། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། །རང་བཞིན་མངོན་བྱེད་རྣལ་འབྱོར་པ། །ངོ་བོ་རྐྱེན་གྱིས་རྣལ་འབྱོར་དབྱེ། །རིགས་དང་རིགས་སུ་ངེས་པའི་ས་དང་པོ་ལའང་རྣམ་པ་གཉིས་འགྱུར་བ། ལྔ་སེམས་ལྡན་པའི་ཤེས་རབ་ཉིད། །སྐྱེ་བའི་གཞི་དང་སྐྱེས་ངེས་པ། །གཞི་རིག་གཅིག་དང་ལམ་རིག་བཞི། །གསང་ཆེན་བླ་མེད་མི་ལྡོག་འདོད། །ཞེས་གསུངས་སོ། །ཡང་བྱེ་བྲག་བསྟན་པ་ལས། གཉིས་པ་རྐྱེན་གྱི་རྣམ་པར་འདོད། །དེ་ཉིད་ཐུན་མོང་མ་ཡིན་པའི། །དབྱེ་བས་གཉིས་འགྱུར་མ་ཡིན་པའང་། །ཤེས་པ་ལྔ་ཡི་ཡུལ་མིན་པའི། །དམ་པའི་ཤེས་པ་གཉིས་པ་ཡི། །ཡུལ་འགྱུར་ངོ་བོ་རྒྱུ་འབྲས་ཀྱིས། །ལུང་གི་སྤྱིར་རུ་གྲགས་པ་ཉིད། །རྣམ་པར་ཤར་པས་ལྔ་རུ་འགྱུར། །ཞེས་གསུངས་པའི་ཕྱིར། བཀའི་ཉིད་ཁུང་འདི་དབུ་ཞབས་སུ་དོན་ལྔ་སྟེ། གང་ཞེ་ན། རྒྱུད་འབྱུང་བའི་གཞི་དང་། རྐྱེན་ཕུན་སུམ་ཚོགས་པ་དང་། དོན་ཕུན་སུམ་ཚོགས་པ་དང་། རྒྱུད་ཀྱི་ཆ་རྐྱེན་ཕུན་སུམ་ཚོགས་པ་དང་། རྒྱུད་མཐའ་བརྟན་པར་བྱའོ། །དེ་ལ་རྒྱུད་ཀྱི་གཞི་ནི། ངོ་བོ་དྲུག་སྟེ། དེ་ལ་སྟོན་པ་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། འཁོར་ལོ་འབར་བའི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་སྐོར། །སྐྱེས་བུ་བཀའ་སྡོད་མདུན་ན་གནས། །བརྗོད་པ་མེད་བཞིན་གོ་བར་མཛད། །ཞེས་གསུངས་པས་གསལ་ལོ། །གནས་ཀྱང་། རྒྱ་མཚོ་ལས། འཇིག་རྟེན་གནས་ཀྱི་འོག་མིན་ལས། །ཉིས་འགྱུར་ཤིན་ཏུ་སྦགས་པའི་གནས། །ངོ་བོ་མཐའ་གསུམ་ལས་འདས་པས། །མ་སྤངས་རྒྱན་རྫོགས་གཞལ་ཡས་ཁང་། །ཡོན་ཏན་ལྔའི་བདག་ཉིད་དེ། །གྲུ་བཞི་སྤྱི་བོ་འཁྱིལ་སྣང་བའོ། །དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བ་སེམས་སོགས་དང་། །དང་པོ་སངས་རྒྱས་ས་རྒྱལ་པ། །སེམས་དཔའ་ཆེན་པོ་འཇོམས་པ་ཆེ། །བརྗོད་ཀྱིས་མི་ལང་ཚད་རྙེད་དང་། །རྣམ་གཉིས་ཚུལ་དུ་བཞུགས་པའོ། །འཁོར་གྱི་ནང་ནས་སྐལ་མཆོག་ལྡན། །འདུལ་བའི་དུས་བབ་གསང་བའི་བདག །ལག་ན་རྡོ་རྗེས་བསྡུ་བ་མཛད། །དེ་ཚེ་དུས་ཉིད་མཐའ་བྲལ་ཕྱིར། །ངོ་བོ་དུས་བཞི་མཉམ་པ་ཉིད། །རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བས་བརྒྱུད། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་གསུངས་པ་དག་ནི་གཞི་སྟེ། སྐབས་འདིར་རྩ་བའི་རྒྱུད་ལས་གསུངས་པ་དང་། དེ་ཉིད་དཀྲུགས་པ་རྒྱུད་ཀྱི་ཕྱིར་ཀླད་དུ་མ་བཀོད་དེ། རྐྱེན་ཡང་རྗེས་སུ་མཐུན་པར་སྦྱར་རོ། །འདི་དག་གདུལ་བྱའི་སྐབས་ཀྱིས་སྣང་བ་གཞན་དག་ཀྱང་གཉིས་ཏེ། སྒྱུ་འཕྲུལ་གྱི་རྒྱུད་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞི་དབྱིབས་ཅན་གནས། །སྐད་ནི་གསལ་བྱེད་ལས་མིང་ཅན། །བཾ་དབྱིབས་ཐིག་ལེར་བཅས་སྟོན་པའོ། །མེ་ཏ་མ་ནུ་སྡོམ་བྱེད་ཡིན། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་སྣང་བ་བཤད་སྡུད་འདོད། །པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡ་ན་ཐེག་ཆེན་འདི་ཡིན་ནོ། །དུས་ནི་བསམ་གྱི་མི་ཁྱབ་དུས། །ན་མ་དེ་མིང་ཞེས་བྱའོ། །ཞེས་གསུངས་པ་དང་ཡང་། སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། དར་མ་ཙག་ཀྲ་ཆོས་ཀྱི་གནས། །འདོ་བཞི་ཨེ་སོགས་དབྱིབས་སུ་གནས། །མི་ཤིགས་ཐིག་ལེ་བམ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་བདག །མ་ནུ་ཡིད་སོགས་རྣམ་ཤེས་བཞིས། །ཡེ་ཤེས་མྱོང་བ་བསྡུས་བཤད་པའོ། །ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མ་རྟ་དོན་ཟབ་མོ། །བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱིས་ངོ་བོར་གནས། །ཞེས་གསུངས་ཏེ། དེའི་ཕྱིར་སྐལ་པ་མཆོག་གི་གདུལ་བྱ་མཐར་ཉེ་བ་དང་། མ་འོངས་པའི་ཐབས་གཉིས་ཀྱིས་འདུལ་བ་དག་ལ་རྒྱུ་དེས་རྒྱུད་སྣང་བར་བྱེད་དོ། །གཉིས་བརྒྱུད་ཀྱི་རྐྱེན་གླེང་བསླང་བ་ནི། སྙིང་པོ་ལེའུ་གཉིས་པར་བསྟན་གྱི། འདིར་བཀལ་པ་རྒྱུད་དཀྲུགས་པ། རྒྱུད་ཀྱི་ཕྱིར་རྡོས་སུ་མ་གསུངས་ཏེ། ཤུགས་ཀྱིས་སྦྱར་རོ། །གསུམ་པ་ནི་དོན་དུ་གཉེར་བར་བྱེད་པའི་ཕྱིར་དང་། དོན་དུ་བྱ་བ་ཡིན་པའི་ཕྱིར་ཏེ། དེ་ལ་ཡང་གཉིས་ཏེ། ལམ་དང་། ཆ་རྐྱེན་གཉིས་སོ། །དེ་ལ་ལམ་ནི་གཉིས་ཏེ། སྒྱུ་འཕྲུལ་རྒྱ་མཚོ་ལས། རིགས་ཀྱི་དབྱེ་བས་ལམ་དབྱེ་བ། །ལྔ་དང་། གཅིག་གིས་རྒྱུ་འབྲས་འགྱུར། མ་ངེས་སྤྱིའི་དབྱེ་ས་སྟེ། བཞི་ནི་ངེས་འབྱུང་ཐུན་མོང་ལམ། །དེ་བཞིན་རིགས་གཅིག་ཐུན་མོང་མིན། །དེ་ཉིད་ཕྱི་ནང་ཆ་སྣང་བ། །ཕྱི་རོལ་ལྟོས་པའི་ཐུན་མོང་ལམ། །སྐབས་འདིར་བཞི་གསུམ་ཐུན་མོང་གཉིས། །ཕན་ཆད་སྦྱངས་པ་རྒྱུའི་ཕྱིར། །རང་བཞིན་སྔོན་དུ་སོང་བ་དང་། །ཆེད་དུ་སྔོན་དུ་བསྡུར་བས་འགྲོ། །དེས་ན་ཐུན་མོང་སྔོན་རྫོགས་ཡུལ། །གཞི་དང་སྐབས་ནས་སྐྱེས་འགྱུར་ས། །གྲོལ་ཐར་ལམ་དུ་རྣམ་པར་བསྟན། །དེ་དེའི་གཅིག་ཅར་རིམ་འཇུག་པ། །སྣོད་ཀྱི་རིམ་པས་རྣམ་པར་སྣང་། །ཞེས་གསུངས་པས། འདིར་ཐུན་མོང་གི་ལམ་ནི་བཞི་སྟེ། ལྷ་དང་མིའི་ཐེག་པའི་རིགས་དང་། །ཉན་ཐོས་པའི་ཐེག་པའི་རིགས་དང་། །རང་རྒྱལ་པའི་ཐེག་པའི་རིགས་དང་། །ལྟོས་པའི་བླ་ན་མེད་པའི་རིགས་ཏེ། །དེའི་ལམ་དུ་ཅིས་འགྱུར་ཞེ་ན། སྔོན་དུ་སོང་བ་དང་། བྱ་བའི་ཕྱིར། གཞུང་འདི་ཉིད་ལས། ལམ་སྟེགས་ཉིད་དུ་ཕ་རོལ་ཕྱིན་པ་རྒྱུ་འབྲས་རྫོགས་པར་སྤྱོད། །ཞེས་པ་དང་། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པ་དག་དང་ཐེག་པ་བཞི་ཡིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་པའི་དོན་གྱིས་ཐེ་ཚོམ་མེད། །བྱ་བའི་སྒོར་བསྡུས་ལ་ཤེས་པར་བྱ་བ་ཡིན་ཏེ། འཇུག་པར་བྱ་བ་ནི་མ་ཡིན་ཏེ། ལམ་གྱི་ལྟུངས་བརྟག་པ་དང་། ཉེ་ལམ་ལས་མི་འགྱང་བར་བྱ་བའི་ཕྱིར་རོ། །མ་ངེས་པ་དང་དེ་དག་ནས་རྐྱེན་བཞིས་བློ་འགྱུར་ཏེ། སེམས་ལྔ་རིམ་པར་སྐྱེ་བའི་ས་འབྲས་བུའི་ཐེག་པ་འདི་ལའང་གདུལ་བྱ་སྦྱངས་པ་དང་། ཉོན་མོངས་པ་དང་མོས་པ་མི་མཐུན་པས་བརྩལ་ནས། ལམ་གཉིས་སུ་འགྱུར་བ་ནི་གང་ཞེ་ན། །གྲོལ་བའི་ལམ་དང་། ཐར་པའི་ལམ་མོ། །དེ་ཡང་གཞུང་ཉིད་ལས། ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཞེས་པ་དང་། ཕུན་སུམ་ཚོགས་པའི་ལྷུན་གྲུབ་རྣམས། །གསང་དབང་མཆོག་གིས་འབྱིན་པར་བྱེད། །ཞེས་གསུངས་སོ། །དེ་ལ་གྲོལ་བའི་ལམ་གཉིས་ཏེ། །ཅིག་ཅར་བ་དང་རིམ་འཇུག་གོ། །དེ་ཡང་བྱེ་བྲག་བསྟན་པ་ལས། །དགོས་འབྲེལ་བསྙེན་བསྒྲུབ་མཚན་ཉིད་དང་། །དཀྱིལ་འཁོར་འཇུག་པའི་སྒོ་བཞི་དང་། །རྟོགས་པ་རྣམ་བཞི་དག་མཉམ་བདེན། །གཅིག་ལ་ཚུལ་གྱིས་གཉིས་འགྱུར་བ། །ལྷུན་གྱིས་རྟོགས་ནས་ལྷུན་གྱིས་བསྒོམ། །རིམ་བྲལ་དེ་ཉིད་གསལ་འགྱུར་འབྲེལ། །སྐབས་ཀྱིས་རྫོགས་པ་ཆེན་པོར་བརྗོད། །བར་མས་ཕྱེ་བའི་རིམ་པ་ཉིད། །མཐོང་བ་བསྒོམ་ཟུང་དུ་འབྲེལ་བར་བཤད། བསྒོམ་པའང་དབྱེ་བས་གསུམ་གཅིག་འགྱུར། །ཞེས་གསུངས་པས། ཅིག་ཅར་པ་ནི་གཏན་ཚིགས་ཀྱི་སྒོ་ནས་རང་བཞིན་གྱི་དོན་གཏིངས་ཕྱིན་ནས་ཡུལ་མེད་པ་རང་གསལ་དུ་བསླད་པ་མེད་པས་ལྷ་ཡར་སྐད་ཅིག་གིས་གསལ་བས་དེ་ཉིད་སྟོབས་སུ་གྱུར་པ་མཐར་ཕྱིན་པ་སྟེ། དེ་ལ་སྐབས་ཀྱིས་བསྟན་པའི་རིམ་པ་གསུམ་ལས་མི་སྣང་སྟེ། ཡོན་ཏན་རྒྱས་པའི་རྒྱུར་ལས། མ་བཅོས་ཇི་བཞིན་ངང་བཞག་དང་། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་ངོ་། །ཞེའོ། །གཅིག་ཤོས་རྣམ་པར་དབྱེ་བ་ནི། མཐོང་བ་ལ་ཚད་དུ་ཕྱིན་མ་ཕྱིན་ལས་ཐབས་ལ་བྱེ་བྲག་མེད་ན་ཡང་། མཚན་ཉིད་བར་མའི་རིག་པ་ཐ་དད་པ་ནི། གང་ཞེ་ན། དང་པོ་སྟོང་པའི་རྣལ་འབྱོར་དང་སྙིང་རྗེ་སྤྲུལ་པའི་རྣལ་འབྱོར་དང་། ཕྱག་རྒྱ་གཅིག་པའི་རྣལ་འབྱོར་དང་། །སྤྲོས་པ་དང་བཅས་པའི་རྣལ་འབྱོར་དང་། རང་དབང་ཐོབ་པའི་རྣལ་འབྱོར་རོ། །དེ་ཡང་གནས་སྐབས་ཀྱི་མིང་དུ་མའང་ངོ་བོ་གཅིག་པ་ནི་མན་ངག་ལས། སྟོང་པའི་སྒོ་ནི་དང་པོ་སྟེ། །བསྙེན་པ་རྣམ་པ་དེ་ཉིད་དོ། །གཉིས་པ་མཚན་མ་མེད་པའི་སྒོ། །བསྙེན་ཆ་དེ་ཉིད་གསུམ་པ་ནི། །སྨོན་པ་མེད་སྒོ་ཉེ་གཉེན་པ། །བཞི་པ་ནི་བསྒྲུབ་དང་བསྒྲུབ་ཆེན་ཆ། ཏིང་འཛིན་སྤྱོད་པ། རྣམ་པར་ཕྱེ། རང་བཞིན་འོད་གསལ་སྒོ་ཡང་ངེ་། །ལྔ་པ་འབྲས་བུའི་མཚན་ཉིད་དེ། །དགོས་པའི་དགོས་པ་མཐར་ཕྱིན་འགྱུར་ཞེས་པ་ནི། བྱང་ཆུབ་སེམས་ཀྱི་རིམ་པ་དང་སྦྱར་ན། །དང་པོ་གཡོ་ལྔར་བྱང་ཆུབ་སེམས། །གཉིས་པ་ནི་སྨོན་པ་གསུམ་འཇུག་སེམས། གནས་དང་མཐར་ཕྱིན་བཞི་ལྔ་པ། །གསུམ་མཐོང་གནས་པ་བཞི་དང་ལྡན། །ལྔ་པ་ལྔ་པ་ཉིད་དུ་སྦྱོར། །ཡང་ན་རྣལ་འབྱོར་གཅིག་ལྔར་ལྡན། །ཞེས་གསུངས་གོ་སླ་བས་མ་བཤད་དོ། །དེ་ཡང་འདི་ཉིད་ལས། ཡངས་ཤིང་རྒྱ་ཆེ་ལྷུན་གྲུབ་ནི། །ཕྱི་ནང་སྣོད་བཅུད་ཡེ་ནས་དག །དག་རྟོགས་ཉིད་ཀྱང་དབྱིངས་ཉིད་ཡིན། །འདི་ནི་རྡོ་རྗེ་མཉམ་ཡིན་ནོ། །དངོས་གྲུབ་མྱུར་དུ་གྲུབ་པ་འདོད་ན། །ཤིན་ཏུ་འཕྲ་ཤིང་ཟབ་བར་བསྒོམ། །བདག་དང་བདག་གིས་གཞན་རྣམས་ནི། །ཤིན་ཏུ་མི་དམིགས་དབྱིངས་སུ་བསྒོམ། །ཏིང་འཛིན་དེ་ནི་གོམས་པ་དང་། །ཐམས་ཅད་སྒྱུ་མའི་དམིགས་ཡོར་དང་། །སྤྲུལ་པའི་ཚུལ་དུ་ཤེས་པར་བྱ། །དེ་བཞིན་ཡང་ནས་ཡང་གོམས་ནས། །དེ་ནས་ཕྲ་བའི་ཏིང་འཛིན་བསྒོམ། །ཞེས་པ་དང་། ཡང་རྩ་བའི་རྒྱུད་ལས། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །ཞེས་པ་དང་ཡང་། ནམ་མཁའི་དབྱིངས་ནི་བསམ་ཡས་པར། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། །ཞེས་པས་གསལ་ལོ། །དེ་དག་ཀྱང་ཞི་བ་དང་། ཁྲོ་བོ་གཉིས་གཉིས་སུ་མོས་པའི་དབང་གིས། གསུམ་པ་ཡན་ཆད་ལ་སྦྱར་རོ། །ཐར་པའི་ལམ་དམ་པ་ནི་གཉིས་ཏེ། ཅིག་ཅར་བ་དང་། རིམས་ཀྱིས་པའོ། །དེ་ལ་གཅིག་ཅར་འཇུག་པའི་ནི་འདི་ཉིད་ལས། །དབང་ལྔ་རྫོགས་པའི་དམ་ཚིག་གི་ཕྱིར་གསལ་ཏེ། ཡེ་ནས་ལྷུན་གྱིས་རྫོགས་པས་རི་མོ་དཀྱིལ་འཁོར་ལ་མི་རྟེན་པར་ཐིག་ལེ་མཚན་ལྡན་གྱིས་རྫོགས་པ་སྟེ། བླ་མའི་ཞལ་དུ་རགས་མ་ལུས་པའོ། །རིམ་པར་འཇུག་པ་ནི་གཉིས་ཏེ། རླུང་གི་ལས་ཀྱིས་སྟེང་འོག་གི་སྒོ་ལ་རྟེན་པའི་བྱེ་བྲག་གོ། །དེ་ཡང་སྒྱུ་འཕྲུལ་རྒྱ་མཚོ་ལས། །བྱེ་བྲག་རླུང་ལས་གྱུར་པ་ནི། །ཡེ་ཤེས་འབྱུང་བ་སྟེང་འོག་སྒོ། །དགུགས་དང་བསྐུག་པའི་ཐབས་ཉིད་དེ། །འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་པ་སྟེང་དུ་རྣམ་པར་གྲགས། །བསྐུག་པ་གསུམ་གྱིས་སེམས་ལྔའི་རིམས། །སྐྱེད་པས་བཅུ་དྲུག་ས་ཐོབ་པའི། །རང་བཞིན་ལྷན་ཅིག་སྐྱེས་པའི་ཕྱིར། །འཆིང་བ་ཉིད་ཀྱིས་ཐར་པའི་ལམ། །ཞེས་གསུངས་པས་རྒྱུ་འབྲས་ཀྱི་ཚུལ་གྱིས་གཉིས་སོ། །ལམ་གྱི་རྐྱེན་ཡན་ལག་བསྟན་པ་ནི། ཇི་ལྟ་བུ་ཞེ་ན། སྤྱོད་པ་དང་། དཀྱིལ་འཁོར་དང་། དམ་ཚིག་དང་། འཕྲིན་ལས་དང་། བསྒྲུབ་པ་དང་། མཆོད་པ་དང་། གཏན་ཚིགས་རྣམས་ཏེ། རྟོགས་པ་དང་། ཏིང་ངེ་འཛིན་སྔོན་དུ་བྱ་བ་དང་། གནས་སྐབས་ཀྱིས་ཡན་ལག་ཏུ་བརྩི་སྟེ། ཐབས་ཀྱང་མི་འདོད་པ་མ་ཡིན་ནོ། །དེ་ཡང་སྤྱོད་ཡུལ་ཐམས་ཅད་མ་འདའ་ལ། དམ་ཚིག་ཆེན་པོས་དོན་མཛད་པ། །རྩ་བ་ཡན་ལག་ཀུན་གྱི་གཉེར། །གཉིས་མེད་ཕུལ་རྟོགས་བྱེད་པའོ། །ཞེས་པས་རྣམ་པར་ངེས་པའོ། །དེ་ལ་གཞན་གྱི་སྤྱོད་པ་ནི། བླང་དོར་མེད་པ་རྨད་དུ་བྱུང་བའི་སྤྱོད་པ་དང་། དད་བརྩོན་གྱི་སྤྱོད་པ་དང་། རང་བཞིན་མེད་པའི་སྤྱོད་པ་དང་། །ཐུགས་རྗེའི་སྤྱོད་པ་དང་། བྱེ་བ་སྤངས་བའི་རྣལ་འབྱོར་གྱི་སྤྱོད་པ་དང་། སྤྲོས་པ་དང་བཅས་པའི་སྤྱོད་པ་དང་། རྫུ་འཕྲུལ་གྱི་སྤྱོད་པ་དང་། བརྟུལ་ཞུགས་ཀྱི་སྤྱོད་པའོ། །དེ་ཡང་དང་པོར་ཅིག་ཆར། དྲུག་མཐོང་སྒོམ་རིམ་སྦྱར་ཐ་མ་ཐབས་ལ་སྦྱར། ཞེའོ། །དཀྱིལ་འཁོར་ནི་སྤྱིར་བདུན་སྟེ། རང་བཞིན་དང་། གཟུགས་བརྙན་དང་། ལྷག་པའི་གཟུགས་བརྙན་དང་། ཏིང་ངེ་འཛིན་དང་། ཚོགས་དང་། བྱང་ཆུབ་སེམས་སོ། །དེ་ལ་སོ་སོར་དབྱེ་བ་ནི། །རང་བཞིན་ཉིད་དང་མཐར་ཕྱིན་པ། །ཅིག་ཀྱང་སྐུ་གསུང་ཐུགས་སུ་འགྱུར། །ཐ་མ་གདུལ་བྱ་བྱམས་དང་ཁྲོ། །བསོད་ནམས་གཏེར་དང་ལས་བསྒྲུབ་ལྔའོ། །དེ་ཉིད་རྣལ་འབྱོར་ཐོག་མཐར་ཤས། །གཉིས་པ་རང་རིག་རང་སྣང་བའི། །ཕུང་པོ་འབྱུང་བ་ལ་སོགས་པ། །སྣང་ཞིང་མཚོན་པས་མིང་ཐོབ་ངེས། །ཅིག་ཤོས། དབང་དང་། བསྒྲུབ་པ་དང་། ལས་དང་། བསོད་ནམས་རྟེན་དུ་འགྱུར། དེའང་བྱེ་བྲག་བཅུ་དང་། བཞི། དང་པོ་གསུམ་པ་ལ་སྦྱར་བ། །གཉིས་པ་དོན་གྱིས་དྲུག་ཏུ་སྣང་། །དེ་བཞིན་ཐ་མའི་རྣམ་གཉིས་ལྔའོ། །མི་རྟོག་ཡེ་ཤེས་ལྔ་རྫོགས་པ། །དཀྱིལ་འཁོར་ངེས་པ་དེ་ཟླའང་། །གསུམ་པ་ཇི་བཞིན་ཞི་ཁྲོ་ཚོགས། །རྣམ་པར་དབྱེ་བ་བདུན་དུ་གསལ། །དེ་ལྟར་ཚོམ་བུ་གཅིག་གསུམ་ལྔ། །བྱེ་བྲག་ལྷ་དང་རྣལ་འབྱོར་དང་། །ཡོ་བྱད་དུས་དང་གནས་ཁང་ངོ་། །བྱང་སེམས་ཕྱི་ནང་གསང་བའི ། །གནས་བཞི་ཁམས་སུམ་ཡེ་ཤེས་ཆེ། །རྩ་བཤད་རྒྱུད་གཉིས་ཐུན་མོང་སྦྱར། །ཞེས་སྒྱུ་འཕྲུལ་བྱེ་བྲག་བསྟན་པའི་མན་ངག་ལས་གསུངས་སོ། །དམ་ཚིག་ནི། དེ་ཉིད་ལས། དགོས་ཆེད་ངེས་ཚིག་ངོ་བོ་དང་། རྣམ་གྲངས་སྐྱོན་ཡོན་རྣམས་ནི། བདག་གཞན་གཉིས་ཕྱིར་སྐྱོན་ཡོན་གཉིས། །མིང་ཐོབ་ངོ་བོ་བསྲུང་བྱ་རྣམས། །མདོ་རྒྱས་འབྲིང་བསྡུས་གཅིག་ལྔ་གསུམ། །རྒྱ་གསུམ་བཅུ་དྲུག་ཡང་ན་བཞིའོ། །ཐ་མ་རྣམ་གཉིས་ཁྱད་པར་སྤྱི། །བདག་དང་གཞན་གྱིས་མོང་བས་བཞིའོ། །དེ་ཉིད་ཤེས་བཞིན་སྔོན་སོང་བས། །སྔོ་བས་བཞི་ཕྱིར་གྲོལ་ཐར་པའི། །སྔོན་དུ་ཐོབ་བྱ་སྐབས་སུ་བསྡམ། །ཞེས་གསུངས་ཏེ། དེ་ཡང་མན་ངག་གིས་གསལ་བསམ་བཀྲོལ་ལོ། །འཕྲིན་ལས་བྱ་བ་ནི། བྱེ་བྲག་བསྟན་པ་ལས། བདག་གཞན་དོན་ཕྱིར་མཛད་པའི་དོན། །ངོ་བོ་རྣམ་པ་ཡོན་ཏན་དང་། །གནས་དང་། ཡོ་བྱད་ལྷ་དུས་དང་། གཟུངས་དང་། སེམས་དང་། ཕུར་བ་པ་དང་། དཀྱིལ་འཁོར་ཐབས་དང་རིམ་པའི་ས། །ལས་ཀྱི་དོན་རྫོགས་དང་པོ་བཞི། །གཉིས་ལ་གསུམ་བརྒྱད་ཁྱད་པར་གྲངས། །རྣམ་བཞི་ཡོན་ཏན་བདག་གཞན་གྱིས། །བཞི་གཉིས་དཀྱིལ་འཁོར་རྗེས་སུ་སྦྱང་། །བྱ་བ་ཧོམ་ཐབས་མཆོད་རྟེན་དང་། །རྫས་དང་བྲོ་སྟབས་གར་གྱིས་བྱ། །རྣལ་འབྱོར་གཉིས་གསུམ་གོམས་པ་བས། །དང་བླང་གསུམ་བཞི་སྨོས་ཅི་དགོས། །གཉིས་པའི་གསུམ་པ་གཉིས་པའི་མཐའ། །ཐབས་ལ་གནས་པས་བརྩམ་པར་བྱ། །དང་པོའི་དང་པོ་དང་པོར་སྦྱར། །དང་པོའི་གསུམ་པ་གསུམ་པར་སྦྱར། །དེ་ནས་གཞན་རྣམས་དབུལ་རིམས་བཞིན། །ཞེས་གསུངས་སོ། །བསྒྲུབ་པ་ནི་གཉིས་ཏེ། ཐུན་མོང་མ་ཡིན་པ་དང་། ཐུན་མོང་ངོ་། །ཐུན་མོང་མ་ཡིན་པ་ལ། ཕྱག་རྒྱ་ལ་བརྟེན་ཏེ་བསྒྲུབ་པ་དང་། །ཚོགས་བསྒྲུབ་པའོ། །ཐུན་མོང་བསྒྲུབ་པ་ལ་དྲུག་སྟེ། །བདུད་རྩི་བསྒྲུབ་པ་དང་། ཚེ་བསྒྲུབ་དང་། བྲ་དབབ་བསྒྲུབ་པ་དང་། རྒྱལ་པོ་ཆེན་པོ་བསྒྲུབ་པ་དང་། ལྷ་ཆེན་པོ་བསྒྲུབ་པ་དང་། རོ་ལྔས་བསྒྲུབ་པའོ། །དེ་ཡང་བྱེ་བྲག་བསྟན་པ་ལས། བདག་གཞན་ཆེད་དུ་གཉེར་བའི་དོན། །གནས་དང་ཡོ་བྱད་རྫས་སྔོན་བྱ། །དཀྱིལ་འཁོར་ལས་རིམ་གགས་གསལ་དང་། །དངོས་གྲུབ་བླང་ཐབས་གྲུབ་པས་རྫོགས། །གྲུབ་པས་དབྱེ་བས་གཉིས་སུ་འགྱུར། །རྣལ་འབྱོར་གསུམ་སོགས་བརྟན་པ་ཡིས། །དང་པོ་རྣམ་གཉིས་སྔོན་བྱ་བའི། །ཚེ་ལ་གནས་པའི་བསྒྲུབ་པའི་ཕྱིར། །གསུམ་པོ་དག་ལ་ལེགས་ཉེས་འབྱུང་། །དེ་ཕྱིར་དེ་སྔོན་དེ་བྱའོ། །བདག་ཕྱིར་དེ་བཞིན་གཞན་ཕྱིར་དུ། །རྣལ་འབྱོར་རྗེས་མཐུན་སྐབས་སུ་བརྩ མ། །སྤྲོས་བཅས་བརྟན་ན་ཐེ་ཚོམ་མེད། །དེ་ཚེ་ཚོམ་བུ་བསྒྲུབ་པར་བྱའོ། །དེ་དག་གི་ཆ་རྐྱེན་ནི། ཏིང་ངེ་འཛིན་གྱི་མཆོད་པ་དང་། ཐབས་ཀྱི་མཆོད་པ་དང་། རྫས་ཀྱི་མཆོད་པའོ། །དོན་རྟོགས་པའི་ཆ་རྐྱེན་གཏན་ཚིག་གིས་ཡན་ལག་གཞལ་བྱ་རྟོགས་པར་བྱེད་པའི་ཐབས་ནི། གཉིས་ཏེ། ཐབས་དང་། ཤེས་རབ་ཀྱི་ངོས་པར་བྱེད་པའོ། །ཤེས་རབ་ལ་གཉིས་ཏེ། བརྒྱུད་པ་ཉེ་རིང་གིས་ངེས་པ་དང་། གཏན་ཚིགས་སོ། །དེ་ལ་གཏན་ཚིགས་གཉིས་ནི་ཚད་མ་བཀའ་གཞུང་གི་གཏན་ཚིགས་དང་། ཐུན་མོང་ངོ་། །དེ་ལ་ཡང་དག་པ་གསུམ་བཞི་དང་། མཉམ་པ་བཞི་ལྔ་དང་། བདེན་པ་བཞི་དང་། བདག་ཉིད་ཆེན་པོའི་གཏན་ཚིགས་དང་། རྟོགས་ཚུལ་བཞི་དང་། བདེན་པ་གསུམ་མོ། །དེ་ཡང་བྱ་བ་དང་། བྱེད་པ་དང་། བྱས་པའི་ཚུལ་ནས་གསུམ་ཆར་དུ་འགྱུར་གྱིས་ཀྱང་། རྣམ་གྲངས་སྨོས་པའི་ཕྱིར། གཏན་ལ་འབེབས་པར་འཐད་དོ། །དེ་ལ་ཐུན་མོང་ལའང་བཞི་སྟེ། མཐའ་དང་བྲལ་བའི་གཏན་ཚིགས་དང་། །རང་བཞིན་དང་། རང་སྤྱི་དང་། རྣམ་པར་དབྱེ་བ་སྟེ། དེ་དག་ངོ་བོ་གསལ་བསམ་སྤྲད་ནའང་། སྐབས་སུ་རིགས་པར་སྦྱར་རོ། །རྒྱུད་ཀྱི་ཆ་རྐྱེན་ལ་གཉིས་ཏེ། །བཤད་པའི་ཐབས་དང་། སྒོས་འབྲེལ་བསྟན་པའོ། །དེ་ལ་བཤད་པའི་ཐབས་ནི། སྤྱིར་བསྡུས་པའི་དོན། རྣམ་པར་དབྱེ་བའི་དོན། རབ་ཏུ་སྤྲོས་པའི་དོན་ཏེ། གང་ཟག་གསུམ་གྱི་ཆེད་དུ་གསུངས་པས་རྩ་བའི་རྒྱུད་ལས་སྟོན་ཏེ། འདིར་གནས་སྐབས་ཀྱི་དོན་ཙམ་གྱི་ཕྱིར་དང་། རྒྱུད་ཉིད་ཀྱི་ཚིགས་ལུགས་ཀྱིས་རིམ་པར་བསྟན་ཏེ། ཁོང་ལུགས་ཀྱི་དེ་ལྟར་ཡང་སྟོན་མོད་ཀྱི། །འོན་ཀྱང་འདིར་སྤྱི་དོན་བསྡུས་པའི་ཚིག་ཏུ་འགྲེལ་པ་དང་། རྣམ་པར་དབྱེ་བའི་ཚིག་ཏུ་འགྲེལ་པ་དང་། དགོས་པར་འབྲེལ་བའི་ཚིག་ཏུ་འགྲེལ་པ་དང་། གནས་སྐབས་འཕེན་སྡུད་ཀྱིས་འགྲེལ་པ་དང་། དོན་གྱི་བཅུད་སྟོན་པར་འགྲེལ་པ་དང་། གནས་སྐབས་བསྡུ་བའི་ཚིག་ཏུ་འགྲེལ་པ་དང་། །སྒྲ་དོན་བསྒྱུར་བར་འགྲེལ་པ་དང་། །བྱེ་བྲག་གི་ཚིག་ཏུ་འགྲེལ་པར་བཤད་པའོ། །དགོས་འབྲེལ་ནི་བརྗོད་བྱ་དང་འབྲེལ་པ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པའོ། །དེ་ཡང་སྒྱུ་འཕྲུལ་ཕྱི་མ་ལས། རྣལ་འབྱོར་དང་བརྗོད་བྱའི་དོན། །རྐྱེན་དང་སྟོན་པས་སྣང་བར་བྱེད། །དངོས་ལྔ་ལ་རྒྱུ་འབྲས་ཚུལ་དུ་ཟིན། ངོ་བོ་དབུ་མ་དགོས་པའི་དོན། །མཐའ་མའི་རྣལ་འབྱོར་ཡང་དགོས་པའོ། །རྐྱེན་ལ་རྒྱུ་རྐྱེན་བརྗོད་བྱེད་དེ། །ངོ་བོ་བརྗོད་བྱ་དགོས་པའང་དེའོ། །དང་པོ་གཉིས་རྒྱུ་གསུམ་འབྲས་བུ། །འབྲེལ་བའོ་མཐུ་ཅན་ཡང་དགོས་དོན། །དོན་རྣམས་ལམ་ཀུན་རྒྱུ་འབྲས་ཚུལ། །ཆ་རྐྱེན་དགོས་པའོ། །གོང་མ་རྣམས། སྐབས་ཀྱིས་དགོས་པའི་དགོས་པར་འགྱུར་ཞེའོ། །ཡང་། རང་རིག་འོད་གསལ་ནམ་མཁའ་ཆེ། །བདེ་བའི་ཡེ་ཤེས་བརྗོད་བྱ་དེ། །ནམ་མཁའི་རྩི་འབེབས་ཐབས་རྐྱེན་དང་། །ཡེ་ཤེས་སྙིང་པོས་ཐིག་ལེར་བརྗོད། །དེ་ཉིད་ཐབས་དང་ཐབས་བྱུང་ཚུལ། །གནས་བཞིའི་ཐབས་སོགས་དགོས་པའི་དོན། །བདེ་བའི་ཁམས་ནི་དེས་བསྒྲུབས་པའོ། །ཡོ་ག་གསུམ་རྫོགས་བསྟན་བྱའི་དོན། །གསང་ཡུལ་དབང་པོ་རྣམ་ཤེས་རེག །འདུས་སྤྱད་ཐིག་ལེས་བརྗོད་བྱེད་ཅིང་། །བཞི་འདུས་ཚེ་ན་ཕྱག་རྒྱ་བཞི། །བྱེད་སྡོམ་ཐབས་རྣམས་དགོས་པའི་ཕྱིར། །དེ་འབྱུང་ཡེ་ཤེས་རྒྱུ་འབྲས་ཐབས། །བཞི་ལྔའི་ཡེ་ཤེས་མཐར་ཐུག་པོ། །ཞེའོ། །བསྟན་པ་དར་བར་བྱ་བ་ནི། སྡུད་པོ་དང་སྐལ་བ་མཆོག་ལ་གཏད་པ་སྟེ། རྒྱུད་ཀྱི་རྩ་བ་དང་། རྒྱུད་ཀྱི་རྒྱལ་པོ་ཕྱི་མ་ལས་གསལ་བས་མ་བཀོད་དོ། །དེ་དག་ལ་ནི་མོས་པའི་དབང་གིས་གདུལ་བྱའི་སྣང་བའོ་ཞེས་བསྙད་དོ། །དེ་ཡང་ལས་ཆ་དག་པ་དང་། །ཐུན་མོང་དག་པ་དང་། མཐར་ཟད་པས་ཕྱེ་བས་ཐ་དད་པར་འགྱུར་ཏེ། འདིར་ཐ་མའི་སྣང་བ་དང་། དེ་དག་གི་རྒྱུད་དུ་ངེས་པར་འབྱུང་བའི་སྣང་བའོ། །དེ་ཡང་རྟོག་པ་རྣམས་ལ་འཁོར་བའི་ལུས། །ཐར་པ་རྣམས་ལ་དག་པའི་སྐུ། །ཇི་ལྟར་མཐུན་པ་བཞིན་དུ་སྣང་། །ཞེས་གསུངས་ཏེ། དེ་བས་ན་ཆ་རྐྱེན་ཚང་བ་འདི་ནི་གནས་སྐབས་ཀྱི་མཚན་གསུམ་གྱིས་རྒྱུད་དུ་མ་ལོངས་པ་འདྲ་ན་ཡང་། སྒྱུ་འཕྲུལ་རྒྱ་མཚོ་ལས། བསླད་པའི་ཚིག་བྲལ་སྒྲོ་སྐུར་མེད། །རྒྱུ་རྐྱེན་འབྲས་བུ་བདག་པོ་དང་། འབྲེལ་ཚད་འཁྲུགས་བསྣོལ་བཀའ་རྒྱུད་ཡིན། །ཞེས་གསུངས་སོ། །དེ་ལྟར་སྟོན་པའི་རྒྱུད་འདི་དག་འབྲེལ་བ་དང་པོའི། དབང་དུ་ན། འདིའི་རྣམ་པར་དབྱེ་བའི་སྤྱན་གསུམ་ཡན་ལག་དང་བཅས་པའི་དོན་ལེའུ་རྣམས་སོ་སོར་བསྡུ་ཞིང་ངོ་བསྟན་པ་ནི། ལེའུ་དང་པོས་རྣལ་འབྱོར་དང་པོ་དང་གསུམ་པའི་དོན་དང་བར་མའི་མཐོང་སྒོམ་སྟོན་ཏོ། །ལེའུ་གཉིས་པས། གྲོལ་ཐར་ལམ་གཉིས་ཀ་དང་རྣལ་འབྱོར་དང་པོ་དང་ཐ་མའང་སྟོན་ཏོ། །ལེའུ་གསུམ་པས། ཐབས་ཀྱི་ལམ་དང་གྲོལ་བའི་ལམ་སྟོན་ཏོ། །ལེའུ་བཞི་པས། རྣལ་འབྱོར་གསུམ་དང་རིགས་ཀྱི་ངོ་བོ་སྟོན་ཏོ། །ལེའུ་ལྔ་པས། དཀྱིལ་འཁོར་རྣམ་གཉིས་དང་། རྒྱུད་ཀྱི་རྒྱུ་ལྟ་བུར་ཡང་སྟོན་ཏོ། །ལེའུ་དྲུག་པ་དང་བདུན་པ་དང་། བརྒྱད་པ་དང་། དགུ་པ་དང་། བཅུ་པ་དང་། བཅུ་གཅིག་པ་དང་། བཅུ་གཉིས་པ་རྣམས་ནི་འཕྲིན་ལས་སྟོན་ཏེ། རྣལ་འབྱོར་གསུམ་ཆར་སྟོན་ཏེ་བར་མ་ཤད་ཆེ་བར་སྦྱར་རོ། །ལེའུ་བཅུ་གསུམ་པ་ནི་བདག་གཞན་དོན་དུ་ཚེ་བསྒྲུབ་པ་སྟེ། བདག་སྔོན་ཏུ་བྱ་བར་བསྟན་ཏོ། །ལེའུ་བཅུ་བཞི་པས་བདག་གཞན་གྱི་ལེགས་ཉེས་འདྲི་བ་སྟོན་ཏོ། །ལེའུ་བཅོ་ལྔ་པས་གྲོལ་བའི་རིམ་འཇུག་སྟོན་པའི་བར་མའི་གསུམ་པ་སྟོན་ཏོ། །བཅུ་དྲུག་པས་གྲོལ་ལམ་རིམ་འཇུག་ཕན་ཡོན་དང་བཅས་པ་ཚང་བར་སྟོན་ཏོ། །བཅུ་བདུན་པས་བདག་དོན་དུ་བདུད་རྩི་བསྒྲུབ་པ་སྟོན་ཏོ། །བཅོ་བརྒྱད་པས་དཀྱིལ་འཁོར་རྣམ་གསུམ་དང་གྲངས་སྟོན་ཏོ། །བཅུ་དགུ་པས་ཐུགས་ཀྱི་དཀྱིལ་འཁོར་རྣམས་འཆད་དེ། སྤྲོས་བཅས་རྣལ་འབྱོར་གྱི་ཡུལ་ལོ། །ཉི་ཤུས་པས་ལྷ་ཆེན་པོ་དང་རྒྱལ་པོ་བསྒྲུབ་པ་སྟོན་ཏོ། །རྣལ་འབྱོར་གསུམ་པ་ཡན་ལག་གི་སྤྱོད་ཡུལ་ལོ། །ཉེར་གཅིག་པ་བདག་གཞན་དོན་དུ་ལྷག་པ་གཟུགས་བརྙན་བསོད་ནམས་རྟེན་གྱི་དཀྱིལ་འཁོར་འཆད་ཏེ། རྣལ་འབྱོར་ཀུན་གྱི་ཡུལ་དུ་སྟོན་ཏོ། །ཉེར་གཉིས་པས་བྱང་ཆུབ་སེམས་ཀྱི་འཁོར་དང་། །ཐབས་ཀྱི་ལམ་སྟོན་ཏོ། །ཉེར་གསུམ་པས་ཅིག་ཅར་བ་དང་ཐུན་མོང་ལམ་སྟོན་ཏོ། །ཉེར་བཞི་པས་རྣལ་འབྱོར་གསུམ་གྱིས་རྡོ་རྗེ་ཞིང་བསྒྲུབ་སྟོན་ཏོ། །ཉེར་ལྔ་པས་གྲོལ་བའི་ལམ་གཉིས་ཀྱི་གྲངས་སྟོན་ཏོ། །ཉེར་དྲུག་པར་རྣལ་འབྱོར་ཐ་མ་སྟོན་ཏོ། །ཉེར་བདུན་པས་དམ་ཚིག་རྩ་བ་སྟོན་ཏོ། །ལམ་གྱི་ངོ་བོའི་རྐྱེན་དང་གོལ་ས་སྟོན་ཏོ། །ཉེར་བརྒྱད་པས་རྩ་བ་བཅོ་ལྔ་མདོར་བསྡུས་པས་ལམ་དང་། རྣལ་འབྱོར་གཉིས་པའི་ཤས་ཀྱང་སྟོན་ཏོ། །ཉེར་དགུ་པའི་ལེའུས་རྣལ་འབྱོར་གསུམ་དང་སྣང་བ་བཞི་རྒྱས་པར་སྟོན་ཏོ། །སུམ་ཅུ་པ་རྡོ་རྗེ་སེམས་དཔའ་ཞལ་མཐོང་ལེའུས་མཐོང་ལམ་དང་བསྐྱེད་རིམས་ཀྱི་ཡོན་ཏན་དང་འབྲས་བུ་སྟོན་ཏོ། །སོ་གཅིག་པ་དབང་པོ་ཡུལ་དུས་ཀྱི་ལེའུ་ཡིས་རྣལ་འབྱོར་གསུམ་ཆར་སྟོན་ཏོ། །སོ་གཉིས་པས་ཕྱག་རྒྱ་དམ་ཚིག་གི་རྣལ་འབྱོར་གསུམ་གྱི་ཆ་སྟོན་ཏོ། །སོ་གསུམ་པ་བྲོ་གར་རྩེ་འཇོའི་མཐར་ཉེ་བའི་སྤྱོད་པ་ཚོགས་བསྒྲུབ་པ་དང་། ཐབས་ཀྱི་ལམ་དང་ཡོན་ཏན་སྟོན་ཏོ། །དེ་ལྟར་དེ་བཞིན་གསུམ་དུ་བསྡུས་ནས་གསུམ་ཡང་སྐབས་མིང་ཙམ་སྟེ། རྒྱུ་འབྲས་གཉིས་མེད་པའི་ཕྱིར། ངོ་བོས་ཤིན་ཏུ་གཅིག་པར་སྟོན་ཏོ། །དོན་དེ་ལྟར་ཆེ་ལོང་རྣམ་པར་གཞག་པར་སྦྱང་ནས། ཚུལ་བརྒྱད་དང་། ལྔ་བཅུའི་ས་འགྲེལ་ཅིང་བཤད་པ་ནི་ཐ་མའི་དབང་དུ་འབྲུ་གཉེར་ལ་འཇུག་པ་བརྩམ་པར་བྱའོ། །དེ་ལ་རྣལ་འབྱོར་ཐོག་མཐའ་དང་བར་མའི་མཐོང་སྒོམ་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས། མཉམ་པའི་དཀྱིལ་འཁོར་ལ་ཞུགས་ནས། །ཉིད་ཀྱི་སྐུ་ལ་ཐམས་ཅད་མ་ལུས་པར་འདུས་པར་བསྟན་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ། གསང་བ་པའི་བདག་པོ་གནོད་འདུལ་ཉིད་ཀྱིས་ཕྱུང་བའི་ཚིག་སྟེ། བཀའ་ལུང་གི་དགོས་ཆེད་དུ་འཆད་དོ། །དེ་ལ་ཐོག་མར་གནས་སྐབས་འཕེན་སྡུད་ཀྱི་ཚིག་སྨོས་པ་ནི། དམ་ཚིག་མཆོག་གི་རྒྱུད་འདི་ཉིད་དགོས་ཆེད་དང་ངོ་བོའི་ཕྱིར་དཀྲུགས་པ་དང་། འཁྲུགས་པ་སྐབས་ཀྱི་ཚིག་དང་པོར་ཕྱུང་བའོ། །རྣལ་འབྱོར་དང་པོ་མངོན་དུ་བྱས་པའི་བདག་ཉིད་ནི། ལོངས་སྤྱོད་ཆེན་པོ་མངའ་བའི་ཕྱིར་ཐམས་ཅད་ཀྱི་བྱེད་པ་པོར་གྱུར་བས་རྣལ་འབྱོར་གསུམ་གྱི་དོན་གཉིས་ཀྱི་ཆེད་དུ་བརྗོད་པ་ལྟར་སྣང་བ་དེ། དགོངས་པ་གང་གི་དབང་ཞེ་ན། །རིགས་ཀྱི་བདག་པོ་ཉིད་དངོས་པོ་གཉིས་ཀྱི་ལུས་ཅན་དུ་བཞུགས་པ་དེ་བསྟན་པར་དགོངས་པའོ། །དེ་གཞི་ཅི་ལས་ཞེ་ན། འཆད་པའིི་དུས་བཞི་དང་། མཚན་ཉིད་གཉིས་དང་། དངོས་པོ་གཉིས་རང་རིག་པས་མི་མཉམ་པ་བླང་དོར་མེད་པ་ལྷུན་གྱིས་གྲུབ་པ་འབའ་ཞིག་ལས་མ་གཡོས་པ་ལས་ཡུལ་མེད་པ་ཉིད་གདུལ་བྱའི་སྣང་བས་དགོངས་པ་གཞན་པར་སྣང་བའོ། །བཤད་པ་གཞན་དུ་སྒྱུ་འཕྲུལ་ཕྱི་མ་ལས། ཐབས་ཀྱིས་གཉིས་མེད་བདེ་བ་ཆེ། །རང་བཞིན་ལྷན་ཅིག་སྐྱེས་ཡུལ་བྲལ། །ཕུང་སོགས་ལྷའི་རྔོས་གཞི་པ། །གསལ་བར་སྣང་བ་བརྗོད་པར་འདོད། །ཞེས་གསུངས་སོ། །ཁས་བླངས་པའི་རྣལ་འབྱོར་ཐོག་མ་མཉམ་པ་དང་པོ་གང་སྙམ་པ་ལ། འདས་དང་ད་ལྟར་མ་འོངས་དང་། །འབྱུང་བར་མ་ངེས་དུས་འདི་དག །སྔ་ཕྱི་མེད་པར་མཉམ་ཡིན་པར། །ངེས་པ་མེད་པར་ཡང་དག་གསུངས། །ཞེས་པའི་ངོ་བོ་དང་དོན་བཤད་པའི་ནི། ཐུན་མོང་དུ་གྲགས་པའི་རྒྱུ་འབྲས་སྤྱད་ཟིན་པ་དང་། རྒྱུ་རྐྱེན་སྦྱད་ལ་འབྲས་བུ་མ་སྤྱད་པ་དང་། རྒྱུ་རྐྱེན་འཚོགས་ལ་མ་སྤྱད་པ་དང་། གཉིས་པོ་ཡོད་ལ་མ་འཚོགས་པར་རྐྱེན་ལ་རག་ལས་པའི་ངོ་བོ་ནི། རྟོག་པའི་བློས་དེ་ལྟར་གཟུང་དུ་ཟད་ཀྱང་རྣལ་འབྱོར་དང་པོའི་ངོ་བོ་ཉིད་གཉིས་ནི་རྒྱུ་རྐྱེན་ངང་གིས་དག་པའི་ཕྱིར། རིམ་པ་དང་བྱེ་བྲག་གི་བླང་དོར་བྲལ་བའི་དོན་མ་ནོར་བར་གྱུར་པས། གཞི་ངོ་བོ་ཡོངས་སུ་མ་ཟིན་པ་མ་ནོར་མི་བསླུ་བར་བཀའ་སྩལ་པ་ནི་རྐྱེན་གྱི་དབང་དུ་གྱུར་པ་མ་ཡིན་པ་ཁོ་ནའོ། །དེ་དག་གི་ངོ་བོས་མཉམ་པ་དང་པོའོ། །དེ་དག་རྟོགས་པར་བྱ་བའི་དོན་དུ་ན། སྣང་བ་བཞི་རིམ་པ་དག་སྟེ། །དེའང་ཡང་སྣང་བ་དང་པོའི་ངོ་བོ་ལས། །མཉམ་པའི་རིམ་པ་དང་། བཟང་ངན་གྱི་རྔོ་གཞི་མི་ཟིན་པ་ཁོ་ནའོ། །ངོ་བོས་མཉམ་པ་གཉིས་ཐུན་མོང་དུ་བསྟན་པའི་ཕྱིར། འཇིག་རྟེན་འདས་འཇིག་རྟེན་པའི། རང་དང་སྤྱི་རུ་བསྟན་པ་དང་། འཇིག་རྟེན་བརྟན་གཡོ་ལ་སོགས་པ་ཞེས་པ། འཁྲུལ་པ་གཉིས་ཀྱི་ངོ་བོ་ལས་ཡང་དག་པའི་སྣང་བརྟགས་དང་། ལོག་པའི་སྣང་བརྟགས་གཉིས་ཏེ། དེ་དག་ཀྱང་སྒྲ་དོན་གྱི་དབྱེ་བས་གཉིས་བཞིར་གྱུར་པ་དང་། དེ་དག་ལས་ནང་རིགས་ཀྱིས་སྣང་བ་ཕྱོགས་གཅིག་ལའང་སྣོད་བཅུད་བསམ་ཡས་པར་སྣང་བ་དང་། སྡུད་པའི་དོན་གྱིས་ལྟོས་པའི་འཁྲུལ་པའི་བྱེ་བྲག་རྣམས་ཏེ། དེ་དག་ནི་མི་མཉམ་མཉམ་པ་ལྟ་བུར་སྣང་བའོ། །དེ་དག་གི་ངོ་བོ་དང་མཚན་ཉིད་ཅི་ཞེས་ན། སྒྱུ་མ་དམིག་ཡོར་ཚུལ་ཡིན་ཏེ། ཞེས་པ་ཉེ་བར་མཚོན་པ་གཉིས་ནི། དོན་གྱིས་ཕྱེ་བ་སྟེ། ལྷག་པའི་ཀུན་རྫོབ་དང་། དོན་དམ་པའི་ངོ་བོ་སྣང་སྟོང་ལ་སོགས་པའི་མཐའ་ལས་གྲོལ་བའི་མཚན་ཉིད་དང་། ཚུལ་གཉིས་སུ་སྟོན་པ་ལས་བྱེ་བྲག་མེད་དོ། །ལྷག་མ་ནི་ལམ་དང་འགྲེལ་བར་སྟོན་པའོ། །རྗེས་སུ་བསྒོམ་ལམ་བསྟན་པའི་ཕྱིར། །ཅི་སྙམ་པ་ལ། སྐྱེས་བུ་བློ་སྩལ་རབ་ལྡན་པས། །དེ་ལ་རྟག་ཏུ་མཉམ་སྦྱོར་ཞིང་། །ཅེས་པའི། ངོ་བོས་མཉམ་པའི་དོན་གཏན་ཚིགས་ཀྱིས་གོ་ནས་ཐག་ཆོད་པས་ཇི་ལྟ་བར་རང་རིག་པའི་མངོན་གསུམ་དུ་བྱས་པའི་ཤེས་རབ་ཀྱི་སྤྱན་སུ་ལ་ཡོད་པ་ནི་ཤེས་པའི་མཚན་ཉིད་ཐོག་མ་མཐོང་བའི་རྣལ་འབྱོར་པའོ། །བྱེད་པའི་སྒྲ་ནི་མཚན་ཉིད་བར་མའི་ཐོག་མ་ལ་འཇུག་པའོ། །སྙེགས་པ་དང་གཞིར་སྟོན་པ་ནི་མཐོང་བ་དག་པ་དེ་བཞིན་ཉིད་ཀྱི་དོན་ལ་སྤྱོད་ལམ་བཞིར་རིག་པ་ཡུལ་མེད་པ་བཞག་པ་མེད་པར་རང་མི་གཡོ་བ་ནི་བློས་མཉམ་པ་སྟེ་གཉིས་མེད་པའོ། །མཚམས་སྦྱོར་བའི་ཚིག་ནི་ཏིང་ངེ་འཛིན་གཉིས་པ་ལ་བརྟེན་ནས་སློབ་པའོ། །དེ་ཉིད་བསྟན་པའི་ཕྱིར། སེམས་ཅན་གྱི་ཞིང་འགྱུར་བ། དེ་དང་གཉིས་མེད་དབྱིངས་སུ་སྦྱོར་ཞེས་པ། གདུལ་བྱ་འཁྲུལ་པ་ཇི་སྙེད་པ་རིལ་གྱི་བྱང་ཆུབ་སེམས་ལྔ་བསྐྱེད་པའི་གཞི་ནི། ཡུལ་དང་བྲལ་བའི་སྙིང་རྗེ་ཆེན་པོ་གདུང་བ་མེད་ལ་རྒྱུན་མ་ཆད་པའི་དོན་དེ་ཉིད་རིག་པས། ཡུལ་མེད་པར། ཡེ་ཤེས་རང་གསལ་དུ་བསྒོམ་པ་ནི། མཉམ་པའི་དབྱིངས་དང་མི་ཕྱེད་པ་ཉིད་དོ། །ཏིང་འཛིན་གསུམ་པ་གང་སྙམ་པ་ལ། ཐམས་ཅད་ཐབས་ཀྱི་མཚན་ཉིད་དེ། །ཐབས་ལ་ཐབས་ནི་རྣམ་པར་རོལ། །ཞེས་པ། དངོས་པོ་གཉིས་རིལ་རང་རིག་པའི་ངོ་བོ་ཉིད་ནི་གསུང་ལྔའམ་ལྷུན་གྱིས་གྲུབ་པའི་ཕྱིར། སེམས་ཉིད་ཡི་གེའི་རང་བཞིན་ཡིན་པའང་རྒྱུ་དང་ངོ་བོ་དོན་གྱིས་མ་སྐྱེས་པ་དང་། ཐུགས་ཀྱི་ཡི་གེ་སྟེ་ལྷུན་གྱིས་རྫོགས་པའི་ཐབས་སོ། །དེ་ཉིད་ལ་དེ་ལྟར་མཐོང་བའི་རིག་པ་འཇུག་སྩོལ་མེད་པ་ནི་འབེབས་པའི་ཐབས་སོ། །དེ་ལ་འཕྲ་བ་གསུམ་དང་སྦོམ་པོའི་རྣལ་འབྱོར་དུ་སློབ་པ་ནི་གནས་སྐབས་ཀྱི་ཆས་དྲན་པ་ཅིག་ཁོ་ནའོ། །བཞི་ལྔ་བསྟན་པའི་ཕྱིར། ཐབས་ཆེན་ཐབས་ལས་བྱུང་བའི་ཞེས་པ་གཅིག་ལས་དུ་མའི་ཚུལ་གྱིས་སྐུ་གཅིག་ཡུལ་མེད་པར་བསྟན་པ་རྒྱལ་བ་དུ་མའི་སྐུར་ཤར་བའི་ནི་མཚོ་དང་སྐར་མ་ལྟ་བུ་སྟེ་ཕྱི་ནང་མེད་པར་རང་གསལ་བ་ནི་སྣང་བ་མི་འགོག་པས་ཐབས་སོ། །དེ་ཉིད་བསྟན་པས་དབང་སྒྱུར་གྱི་རྣལ་འབྱོར་ཐོབ་པའི་ཚེ་རྒྱལ་བ་གྲངས་མེད་པར་གསལ་བས་བཅུ་གསུམ་པའི་རྗེས་སུ་སློབ་པ་དང་རྫུ་འཕྲུལ་ཅི་ཡང་འབྱིན་ནུས་པ་ནི་བསམ་གྱིས་མི་ཁྱབ་པའི་ཐབས་ཞེས་བྱའོ། །དེ་བས་སྤྲོས་བཅས་ཀྱི་ཚེ་ནང་ཤས་ཡོད་མོད་ཀྱི་འདི་ཚེ་ཆོ་འཕྲུལ་བཞི་ཐེ་ཚོམ་མེད་པར་སྣང་བའོ། །རྣལ་འབྱོར་ཐ་མ་བསྟན་པའི་ཕྱིར་ན། དེ་ནི་བྱང་ཆུབ་རྡོ་རྗེ་མཆོག་ཞེས་པ། སྙེགས་པ་ནི་བཅུ་གསུམ་པའི་རྗེས་སུ་སློབ་པའི་ཏིང་ངེ་འཛིན་དེ་ལས་སུ་རུང་བ་ལས་རྡོ་རྗེ་འཛིན་པའི་དབང་། ཐོབ་པའི་རིག་པ་ནི། བདེན་པ་གཉིས་མེད་རང་རིག་པའི་མངོན་སུམ་དུ་བྱས་པ་ནི། ཞེན་མཐའ་རིལ་དག་པ་དང་། བདེན་པ་རེས་འཇོག་མེད་པ་དང་། །ལྷུན་གྱིས་གྲུབ་པའི་ཕྱིར་རྡོ་རྗེ་སྟེ། སྙིང་པོར་གྱུར་པ་ཁོ་ནའོ། །དེ་ཡང་རྒྱུད་ཀྱི་རྒྱལ་པོ་ཕྱི་མ་ལས། ཅ་སྒྲ་མཐོང་མེད་མཐོང་བའི་དོན། །མ་སྐྱེས་སྒ་ཡིས་མི་གཡོ་བ། །ཀ་སྒྲས་ཐུགས་རྗེས་རྣལ་འབྱོར་སྤྱོད། །ཨ་ལས་དབྱུག་ལྡན་ཀ་སྦྱར་བ། །དྲན་པ་གཅིག་པར་རང་ཉིད་སྨྲ། །དེ་སྲོགས་བྱེད་པའི་རྣལ་འབྱོར་ལྔ། །ཞེས་གསུངས་པས། ཐེ་ཚོམ་མེད་དོ། །ལམ་གཞན་དུ་ན་སྒྱུར་འཕྲུལ་རྒྱ་མཚོ་ལས། །རང་བཞིན་ཡེ་ཤེས་མཐའ་བྲལ་བ་ཐབས་དང་ལས་ཅན་སྐྱེས་བུ་ཡིས། སྤྱོད་ལམ་ཀུན་ཏུ་བླང་བྱ་བ། །འཁོར་དང་མྱ་ངན་འདས་པའི་རྒྱུ། །ཆགས་པའི་དམ་ཚིག་བླང་བྱ་བར། །ཀུན་ཀྱང་ཐབས་དང་ཤེས་རབ་ཕྱིར། །ཕན་ཚུན་འགྱེད་པའི་ཐབས་ཉིད་ནི། །སེམས་མཐའ་འོང་བས་གོ་ཕྱེ་ནས། །རང་སྣང་ཐབས་ཀྱིས་གནས་སྦྱར་བའི། །ཟུང་འཇུག་ཐབས་ཆེན་དེ་ལས་བྱུང་། །གཉིས་མེད་ཡེ་ཤེས་རྡོ་རྗེ་ཆེ། །རྒྱུ་རྐྱེན་གཞན་ལས་བྱུང་བ་ནི། །ཞེས་གསུངས་སོ། །འོ་ན་འབྲས་བུ་དེ་ལམ་གྱིས་བསྩལ་བས་གཟོད་འབྱུང་ངོ་ཞེ་ན། ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། །ཡང་དག་དོན་གྱི་སྙིང་པོ་ནི། །གང་ནས་བཙལ་ཀྱང་མི་སྙེད་ན། །རང་རིག་སྒྲིབ་མེད་དག་པ་ཡིན་ཞེས་རྒྱུ་འབྲས་ཀྱི་ཐེག་པ་ཀུན་ལ་སྦྱངས་ཏེ་འབྲས་བུའི་དོན་དུ་གཉེར་ཡང་། མི་ནོར་བའི་འབྲས་བུ་མཐར་ཐུག་པ་ནི། བདག་ཉིད་ཀྱི་ཕྱིར་གཞན་ནས་མི་འབྱུང་སྟེ། གང་ཞིག་ཚོལ་བ་ནི་རི་དགས་མི་ཡུལ་སོ་འཚམས་འདས་པ་ལྟ་བུའོ། །དེའི་ཕྱིར་ཐོབ་བྱ་མེད་པ་ལས་ནོར་བའི་ཞེན་པ་དག་བཙལ་ལ་རྙེད་ཅེས་བཏགས་ཀྱི་ངོ་བོ་ནི་དག་པ་བཞི་གསུམ་དུ་ཡེ་ནས་གནས་པ་ཉིད་དོ། །དེ་བས་ན་འདི་ཉིད་ཐུན་མོང་མ་ཡིན་པའི་ལམ་མ་ནོར་བར་བསྟན་པའི་ཕྱིར། དེ་ལ་རྟག་འཁྲུས་གོམས་པ་ནི། །བསྙེད་པའི་དམ་པ་དེ་ཉིད་ཡིན་ཞེས་པ། །སྙེགས་པ་དང་གཞིར་སྟོན་པ་ནི་རྒྱུ་འབྲས་གཉིས་སུ་མེད་པའི་ཚིག་དང་དོན་དོ། །རང་གཞན་དུ་མ་ལུས་པར་ངེས་པ་མཐོང་བ་མཐར་ཕྱིན་ནས། ཚུལ་གཉིས་གོམས་པར་འབྱེད་པ་ནི། །གྲངས་དུས་མཚན་མ་ལས་ཁྱད་པར་གྱུར་པས། །དངོས་པོ་ལམ་དག་པ་སྦྱར་བ་དང་། མ་ཐོབ་པར་ཐོབ་པར་བྱར་མེད་པ་ནི་ཕྱིན་པ་མེད་པར་ཕྱིན་པའི་དོན་རྔོས་གཞི་གང་དུའང་མི་ཟིན་པ་ལ་གོ་འཕང་ཆེན་པོ་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཕྱིར། དེ་ནི་མ་ནོར་ལམ་ཡིན་པར། །ཨ་ཡིས་བོད་དེ་རབ་ཏུ་བསྡུས། །ཞེས་གསུངས་སོ། །བྱང་ཆུབ་པའི་མཚན་ཉིད་གང་སྙམས་པ་ལ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་ནི། །གཅིག་ཅེས་འདི་ཞེས་བརྗོད་དུ་མེད། །གཉིས་མེད་དབྱིངས་ཀྱི་ངང་དུ་མེད། །གསུམ་དུ་སྣ་ཚོགས་འབྱུང་ཞིང་འཕྲོ། །ཞེས་པ་དེ་ལྟར་ལྷུན་གྱིས་གྲུབ་པའི་དོན་མ་བསླད་མ་བཅོས་པ་ཡོངས་སུ་རྫོགས་པའི་རྒྱའི་མཚན་ཉིད་ནི། མཐའ་རྣམས་མ་སྤངས་བྲལ་ལམ་བསྡུས་རྫོགས་པའི་སེམས་ཉིད་བྱེ་བྲག་གི་ཆོས་སུ་རང་སྣང་བས་རྣམ་པ་གཅིག་བརྗོད་དུའང་མི་བཏུབ་བོ། །དེས་ན་དུ་མའི་ཆོས་སུའང་མེད་དེ་ཅིར་ཡང་རང་རིག་མུ་མཐའ་དང་བྲལ་བ་ཁོ་ནའོ། །འོ་ན་ཡོན་ཏན་ཅི་ཡང་མི་སྣང་བ་ཞིག་གོ་ཞེ་ན། མཐའ་ཡི་སྤྲོས་པ་དང་བྲལ་བའི་སེམས་ཉིད་སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོར་རང་སྣང་བའི་ཚད་རྟོག་གེའི་བློས་དཔག་པ་ལས་འདས་པའི་ཕྱིར། བྱིན་རླབས་ཡ་མཚན་མཐའ་ཡས་མཆོག་ཞེས་གསུངས་སོ། །འབྲས་བུ་དེ་བསྡུ་ན་དུར་འདུས་སྙམ་པ་ལ། དོན་བསྡུས་གསུང་རབ་བཞི་བཅུ་གཉིས་ཞེས་པ། ཕུང་པོ་ལ་སོགས་པ་རིལ་གདོད་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ་ནི་བསྒྲུབ་བྱ་དང་ཤེས་བྱ་དམ་པ་ཁོ་ན་ངེས་པའི་ལུང་རང་བཞིན་གྱི་རྒྱུད་དོ། །དེ་ལས་གཞན་པགས་པར་སྨྲ་བས་འདི་མི་མཐོང་བའི་ཕྱིར། དེ་ལས་ལྷག་པའི་དོན་སྨྲ་བ། དོན་ནི་རྣམ་དག་ལམ་ཡིན་ཏེ། །རང་བློ་བསམ་པས་འཁྲུལ་པ་ཡིན་ཞེས་པ། །སྒྱུ་འཕྲུལ་རྒྱ་མཚོ་ལས། ཕྱོགས་དུས་རྒྱལ་བའི་ངོ་བོ་ཉིད། །མི་ཟད་འཁོར་ལོ་རང་སྣང་དོན། །མི་མཐོང་རྨོངས་པས་འཁྲུལ་པ་རྣམས། །བྱིན་རླབས་ལྷ་དང་ཡོན་ཏན་ལྷར། །སྣང་འདོད་རེས་འཇོག་སེམས་འདོད་སོགས། །གཞན་ལས་འཕགས་འདོད་ནོར་པའི་ལམ། །མདོངས་པས་ནམ་མཁའ་བརྙེབས་པ་བཞིན། །ནོར་པས་མ་ནོར་རྙེད་མི་འགྱུར། །ཞེས་གསུངས་སོ། །དེའི་ངོ་བོ་ཉིད་གང་སྙམ་པ་ལ། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཚད་བཞི་ཕབ་པའི་དོན་ཡིན་ཏེ། །ཞེས་པ་སྣང་བ་དང་། ཞེན་པ་བཞི་བསྡུས་པའི་ལ་རང་གི་མཚན་ཉིད་རིག་པ་དང་གསལ་བ་དེ་ཉིད་མཐའ་མ་སྤངས་བྲལ་བ་ལ་རིལ་ལྷུན་གྱིས་གྲུབ་པར་གསལ་བ་ལ་མི་གཡོ་བའི་དོན་ནི་སྒྲོ་སྐུར་དང་ངང་གིས་བྲལ་བར་བདེན་པ་ཁོ་ནའོ། །དེ་ནི་དཔྲལ་དུ་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་དང་བྲལ་ཏེ། ཕྱི་མོ་ནས་ལུང་དང་རིག་པ་དང་མངོན་གསུམ་དང་རྗེས་དཔག་ཐུན་མོང་མ་ཡིན་པ་དག་གི་གྲུབ་མཐའ་གྲུབ་ཟིན་པས་མ་ནོར་མ་བསླད་པའི་ཤེས་བྱའོ། །ལྷག་མ་ནི་སྐབས་ཀྱིས་བསྒོམ་ལམ་དག་དང་འབྲེལ་པར་འཆད་པའོ་བསྒོམ་ལམ་གང་ཞེ་ན། དག་པ་རྣམ་གསུམ་ཚུལ་སྒོམ་ཞིང་། །ཞེས་པ། སྣོད་བཅུད་དག་པར་བཤད་པའི་དོན་གསུམ་གྱིས་ཐག་བཅད་དེ། དེ་ཉིད་ཇི་ལྟ་བར་རིག་པ་རང་གསལ་ལ་མི་གཡོ་བར་བྱའོ། །བྱེད་པར་འབྲེལ་བའི་སྒྲ་ནི། དཔེར་ཉི་མས་འོང་མི་འཚོལ་བ་ལྟར་ཐ་སྙད་དུ་མཉམ་པར་འཇོག་པར་སྩོལ་བ་སྐད་ཟེར་ཡང་དངོས་པོ་བདག་ཉིད་པས་བློ་རྗེས་སུ་འབྲེངས་བ་མེད་པའི་ཕྱིར། བྱེ་བ་མེད་ལ་བྱ་མི་བྱ། །ཞེས་གསུངས་སོ། །བདག་ཉིད་ཅིའི་ཕྱིར་ཡིན་སྙམ་པ་ལ། འབྲུ་ལྔར་འདུས་པའི་ཐབས་ཆེན་ཏེ། །འགྲོ་བ་ཀུན་ལ་རང་བཞིན་གནས་ཞེས་པ། ཆོས་སོ་ཅོག་འབྲས་བུར་ལྔར་མ་འགགས་པར་རང་སྣང་བའི་ཕྱིར། རིགས་དྲུག་རིལ་རྟེན་དང་རྟེན་ཅན་མེད་པར་ལམ་དང་འབྲས་བུ་ལྔའི་བདག་ཉིད་དུ་ཡོད་པའི་ཕྱིར་རོ། །གཞན་དོན་སྒྱུ་འཕྲུལ་རྒྱ་མཚོ་ལས། །རྩི་བཅུད་ཤེས་པའི་ངོ་བོ་ཉིད། །ཐབས་ཀྱིས་ཡབ་ཡུམ་ཡེ་ཤེས་གསལ། །དེ་ཉིད་རྟེན་ཅན་རྟེན་ལྔ་ལྔར། །རང་གནས་ཐབས་ཀྱི་བདག་ཉིད་དུ། །ཉོན་མོངས་ས་བོན་ཀུན་ཀྱང་གནས། །དེ་ཕྱིར་གཞན་ལ་རག་མ་ལུས། །ཞེས་གསུངས་སོ། །རྣལ་འབྱོར་དང་པོའི་དོན་ཏོ། དེ་ཉིད་དང་ལོངས་སྤྱོད་དུ་བསྟན་པ་གང་སྙམ་པ་ལ། ཟད་པའི་དུས་མེད་ཡིད་བཞིན་མཛོད། །བུམ་པ་བཟང་དང་ཡིད་བཞིན་མཛོད། །ཟ་མ་ཏོག་དང་རིན་ཆེན་རྒྱལ། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །རང་སེམས་བསོད་ནམས་བརྟན་པ་ཡིན་ཞེས་པ། །མི་ཟད་རྒྱན་གྱི་འཁོར་ལོའི། །འབྲས་བུའི་ལོངས་སྤྱོད་ནི་འཕེལ་འགྲིབ་དང་བྲལ་བ་དགོས་འདོད་སྐོང་བའི་ནོར་བུ་ལྟ་བུའོ། །དེ་རྒྱུ་རྐྱེན་གཞན་ལས་མ་རགས་པ་ནི། དཔེར་འདོད་ལྷ་དང་མིའི་རྒྱལ་པོ་དང་། ལྷ་ཀླུའི་བུམ་པ་བཟང་པོ་དང་། །ནོར་བུའི་བང་མཛོད་དང་། །རིན་པོ་ཆེ་ཟ་མ་ཏོག་དང་། །རྐྱལ་བུའང་ལོགས་ནས་མ་བྱུང་སྟེ་བསོད་ནམས་མཐུ་ཅན་དུ་གྱུར་པའི་རིག་པར་རང་སྣང་བ་ལྟ་བུའོ། །དེ་བས་ན་མཆོག་ཆེན་པོའི་དངོས་ནི་ཟག་པ་ཅན་ལས་ཁྱད་པར་དུ་གྱུར་པའི་ཕྱིར་ན། ལྷ་སྲིན་ལ་སོགས་ཡོད་པའི་ནོར་འདྲ་རིན་ཆེན་མ་ཡིན་ཏེ་ཞེས་གསུངས་ཏེ། ངོ་བོ་དང་ཡུལ་གྱི་ཟག་པ་གཉིས་ག་བྲལ་བ་གསུངས་སོ། །ལྷག་མ་ནི་ཁྱད་པར་ཅན་གྱི་ངོ་བོ་སྟོན་པའོ། །དེ་རྔོས་གང་ཞེ་ན། བོ་དེ་དཀོར་ནི་རིན་པོ་ཆེ། །སྐུ་གསུང་མི་བཟད་པར་ལྡན་པའི། །རྒྱན་གྱི་དཀྱིལ་འཁོར་བསམ་མི་ཁྱབ་ཞེས་པ། །བྱང་ཆུབ་ཀྱི་དཀོར་ནི་བདུན་ཁོ་ནར་འདུས་པར་འཆད་པར་འགྱུར་ཏེ། དཔའ་ནི་དགོས་འདོད་སྐོང་བ་དང་འཕེལ་འགྲིབ་མེད་པ་དང་། རྟོག་པ་བྲལ་བའི་ཆོས་བཞིས་སྦྱར་ཏོ། །དེའི་མཚན་ཉིད་དང་ཚད་ནི་གཅིག་དུ་མ་ལས་གྲོལ་བས་གཅིག་ལའང་རིལ་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་སྨྲ་བརྗོད་བསམ་པ་ལས་འདས་པས་ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་ནོ། །དེ་དག་གི་དོན་རྟོགས་པའི་ཡོན་ཏན་བསྟན་པའི་ཕྱིར། དངོས་གྲུབ་མཆོག་གི་སྙིང་པོ་ནི། །དང་པོ་དོན་རྟོགས་མཐའི་མི་གཏོང་། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། །ཅེས་གསུངས་སོ། །ཞེས་པ་གྲུབ་པའི་མཆོག་དུ་གྱུར་པ་འབྲས་བུའི་བཅུད་ནི་གང་ཞེ་ན། བློག་མ་ནི་རྣལ་འབྱོར་དེ་ཉིད་དེ་ཇི་ལྟ་བར་ཚུལ་བཞེས་རང་རིག་པའི་མངོན་གསུམ་དུ་བྱས་པ་ནི། དང་པོར་དབུགས་ཕྱིན་པ་ཡིན་པའི་ཕྱིར། གྲངས་ཀྱི་སྟོན་ཏེ་གཉིས་སུའམ་འགྱུར་རོ། །ངོ་བོ་སྤྱན་གྱི་མཆོག་ཡོད་ནའང་འཁོར་བར་མི་ལྡོག་པའོ། །དེའི་ཆོས་མཐུན་པ་ནི་ཆུ་སྲིན་གྲེ་བར་རིན་ཆེན་ཆུད་པ་ལྟ་བུ་སྟེ། ཤེས་པ་དང་ཡུལ་ཡོངས་སུ་དག་པ་ལ་ལྡོག་པའི་ས་རང་གིས་མེད་པའི་ཕྱིར་རོ། །འོན་ཀྱང་འཇུག་པའི་ཕྱིར་མཚན་ཉིད་དོར་བ་མ་ཡིན་ནོ། །སྒྱུ་འཕྲུལ་དྲ་བ་ལས། ཞེས་པ་གཞིའི་རྒྱུད་ཀྱི་མཚན་ཉིད་སྟེ། སྒྱུ་འཕྲུལ་དབང་གི་རྒྱུད་ལས། སྟོང་ཞིང་བདེན་པའི་སེམས་ཉིད་ནི། །རིགས་དང་ཁ་དོག་དབྱིབས་མེད་དེ། །ཅིའང་མེད་ལས་ཅིར་ཡང་སྣང་། །མི་འགྱུར་སྒྱུ་འཕྲུལ་རྒྱ་མཚོ་འབྱུང་། །རྒྱལ་བའི་དཀྱིལ་འཁོར་སྣ་ཚོགས་ཀྱང་། །སེམས་ཀྱི་སྒྱུ་འཕྲུལ་ཆེན་པོ་ཡིན། །ཡང་ཀུན་འབྱུང་དཀྱིལ་འཁོར་སྒྱུ་འཕྲུལ་ཆེ། །མང་ལ་འབྲེལ་པས་དྲ་བའི་དོན། །ཞེས་པ་དང་། ཕྱོགས་གཞན་དུ་དང་སྒྱུ་འཕྲུལ་རྒྱ་མཚོ་ལས། ཤེས་རབ་ཐབས་རོལ་སྒྱུ་མ་ལས། །རང་བཞིན་སྒྱུ་འཕྲུལ་ཆེན་པོ་འཆར། །ཐབས་དང་ཐབས་བྱུང་འབྲེལ་པ་ཉིད། །ཐམས་ཅད་ཀུན་གྱི་གཞིར་གནས་པའོ། །ཞེས་པ་དང་། དེ་ཉིད་ཀྱི་ནང་ནས་ཡང་བསྟན་པའི། །གནས་གཞི་གར་ཐབས་སྒྱུ་མ་ལས། །ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ། །ཅིར་སྣང་བདག་ཉིད་རིག་པར་འབྲེལ། །དྲ་བའི་དོན་དུ་ང་ཡིས་བཤད་ཞེས་གསུངས་ཏེ། འདིར་འདོགས་སུ་གནས་པའི་ཚུལ་གྱིས་རྒྱུད་ཉིད་དེ་བསྟན་པ་ལས། འདིར་ལེའུའི་མཚན་ནི་གང་ཞེ་ན། ཕྱོགས་བཅུ་དུས་བཞི་སྣོད་བཅུད་བདག་ལས་འདུས་པ་དང་། ལོངས་སྤྱོད་སྐུ་གསུང་ཐུགས་མི་བཟད་པར་རྒྱན་ཀྱི་འཁོར་ལོ་བསྐོར་བའི་ལེའུ་ཞེས་པ་ཡི་གེའི་གོ་རིམ་བཞིན་དུ་ལེའུའི་དོན་གསུམ་པོ་དུམ་བུ་གསུམ་དུ་སྦྱར་རོ། །གོས་དང་འདྲ་བའི་ཕྱིར་སྐབས་ཀྱི་དོན་ཆོམས་སུ་བསྟན་པ་ནི། ལུང་གིས་གཅོད་དེ་ཆེ་ལོང་རྣམ་པར་བཞག་པའོ། །ལེའུ་དང་པོའི་སྤྱན་རྣམ་པར་འགྲེལ་པའོ།། །།རྣལ་འབྱོར་མི་སྩོལ་བ་གཉིས་དང་བར་མའི་ལམ་གཉིས་བསྟན་པར་བྱ་བའི་ཆེད་དུ། ལེའུ་གཉིས་པ་མཐོང་བར་བྱེད་པའི་ཐབས་ལ་འཇུག་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་བསྟན་པ་ལས། ཆོས་ཐམས་ཅད་ནམ་མཁའི་མཁའ་དང་། །ཡུམ་གྱི་དབྱིངས་སུ་འདུས་པར་བསྟན་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་སྐབས་ཀྱི་ཚིག་ནི་རྒྱུད་དཀྲུགས་པས་མིང་ཐོབ་ཀྱི། རྗེས་ཐོགས་སུ་སྦྱོར་བ་ནི་མ་ཡིན་ནོ། །རྒྱུད་དང་སྟོན་པ་ཐུན་མོང་དུ་བསྟན་པའི་གཞི་ལས། གནས་སྐབས་ཀྱི་དོན་དཔེའི་སྒོ་ནས་ཆོས་སོ་ཅོག་ནང་གི་ནམ་མཁའ་དང་གསང་པའི་ནམ་མཁའ་དབྱེར་མེད་པའི་དོན་འཁོར་གཉིས་ཀྱི་ཆེད་དུ་བསྟན་པར་དགོངས་ནས་བཀའ་སྩལ་ཏོ། །ཞེས་པའི་ཐ་ཚིག་གོ། །དོན་གྱིས་ནམ་མཁའ་གཉིས་ཀྱང་ཐུན་མོང་དུ་བསྟན་པར་བྱ་བའི་ཕྱིར ། ཡང་དག་དོན་གྱི་གསང་མཆོག་ནི། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་ལ། །ངེས་པའི་དོན་ཆེན་བཞི་བཅུ་གཉིས། །ཡིད་བཞིན་རིན་ཆེན་གསལ་བར་ཐིམ། །ཨ་ཞེས་པ་མ་ནོར་མི་སླུ་བས་ལྷག་པའི་དོན་དམ་དུ་འགྱུར་བས་དེ་མྱོང་རྐ་བ་ནི་ཇི་ལྟ་བར་གནས་ཞེ་ན། དངོས་པོ་གཉིས་སྦྱོང་ལ་མི་འཛིན་པའི་ལོངས་སྤྱོད་མངའ་བས་མིང་བཞི་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཉིད་དོ། །དེའི་ཚུལ་ནི་ཀུན་རྫོབ་དུ་མཉམ་པར་རྫོགས་པས་ཕུང་སོགས་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་སངས་རྒྱས་པ་ལ་སྤང་བྱ་མེད་པར་ངེས་པའི་དོན་ཏོ། །དེ་བས་རིག་པའི་བྱིན་རླབས་འགྲིབ་འཕེལ་མེད་པར་རང་ལྷར་སྣང་ཞིང་གསལ་བ་ཉིད། རང་རིག་དངོས་གཞི་མ་སྐྱེས་པར་བྱེ་བྲག་མེད་པ་ནི་གཅིག་གི་སྒྲའོ། །དེ་བས་ན་རྣལ་འབྱོར་དང་པོའི་དོན་མཐའ་གསུམ་དང་བྲལ་བའི་ཕྱིར་ཕྱི་མོའི་ཡི་གེས་མཚོན་པའོ། །ཕྱོགས་གཞན་དུ་ན། སྒྱུ་འཕྲུལ་རྒྱ་མཚོ་ལས། གསང་གསུམ་བཞིས་བསྒྲིབས་ཡེ་ཤེས་ཆེ། །ཁམས་གསུམ་འདུས་པའི་ཐིག་ལེ་གཉིས། །འདྲེས་པས་ལྷུན་གྲུབ་ཡེ་ཤེས་ཉིད། །དཀྱིལ་འཁོར་གསལ་སྣང་བརྟག་པར་རྐ། །ཞེས་གསུངས་སོ། །དེ་ཉམས་སུ་ལོན་པའི་ཡོན་ཏན་བསྟན་པའི་ཕྱིར། །ཐམས་ཅད་མ་ལུས་ཐིག་ལེའི་དབྱིངས། །ཞེས་པ་དངོས་པོའི་གཉིས་པ་རིལ་ནི་བདག་ཉིད་ཆེན་པོ་མཉམ་པ་ཉིད་མུ་མཐའ་མེད་པའོ། །དེའི་ཕྱིར། སྐུ་ལྔའི་འོད་ཟེར་མང་པོ་ཀུན། །ཐམས་ཅད་ཡུམ་གྱུར་དབྱིངས་སུ་ཐིམ། །འཆད་པའི་སྐུ་ལྔ་ལས་དག་མ་དག་ལ་འགྲོ་འོང་མེད་པར་སྣང་བའི་བྱེ་བྲག་རིལ་ཀྱང་ཐིག་ལེ་ཆེན་པོ་ལྷག་པའི་དབྱིངས་སུ་བྱེ་བྲག་མི་ཕྱེད་པའོ། །གསལ་འབར་སྤྲིན་གྱི་བདག་པོར་འགྱུར། །ཞེས་པ་དོན་དེ་མངོན་སུམ་དུ་བྱས་པས་ཞེན་པའི་དྲི་མ་གཉིས་སྦྱངས་པ་ནི་རང་རིག་པའི་མེ་དཔུང་གཉིས་ཏེ། དེས་རྒྱན་གྱི་འཁོར་ལོའི་དངོས་གྲུབ་ཀྱི་དབང་ཕྱུག་དུ་གྱུར་པའོ། །ཕྱོགས་གཞན་དུ་ན། སྒྱུ་འཕྲུལ་རྒྱ་མཚོ་ལས། ཡབ་ཡུམ་གཤི་ར་བཅུད་བཅས་རྒྱུ། །ཐབས་ཀྱི་ཁམས་ལྔའི་ཡེ་ཤེས་གསལ། །བདེ་སྐྱིད་ཐིག་ལེ་མ་རྣམས་ཀུན། །སེམས་མཐའ་ཟློག་པས་གནས་སུ་ཐིམ། །བཅུ་གསུམ་སངས་རྒྱས་བདག་འགྱུར་བ། །ངོ་བོ་གཞན་ནས་ཐོབ་པ་མེད། །ཅེས་གསུངས་སོ། །རྣལ་འབྱོར་དང་པོ་དེའི་མཚན་ཉིད་གང་སྙམ་པ་ལ། བྱང་ཆུབ་སེམས་ཀྱི་ཐིག་པ་ནི། །ཀུན་ལ་ཁྱབ་ཅིང་མི་གནས་པས། །ཁ་དོག་གནས་དང་དབྱིབས་མ་ཡིན་ཞེས་པ་གཉིས་སེམས་ཉིད་མ་གསལ་དག་ལ་མ་བསྡུས་རྫོགས་པར་གསལ་བས་གདོན་ནས་དྲང་པོར་བྱུང་བ་ནི། རིལ་གྱི་ངོ་བོ་བས་མཚན་ཉིད་མི་སྙེད་པའི་ཕྱིར། གཟུགས་བྲལ་གཟུགས་ཀྱང་རྫོགས་པའོ། །དེའི་འབྲས་བུའི་བཅུད་དུ་གྱུར་པ་གང་གི་ཡུལ་ཡིན་མིན་བྱེ་བྲག་དབྱེ་བའི་ཕྱིར། ཡོན་ཏན་མཆོག་གི་སྙིང་པོ་ནི། །ཞེས་གསུངས་སོ། །རྟོག་གེའི་སྤྱོད་ཡུལ་ཡོང་མ་ཡིན། །ཞེས་པ། མུན་པའི་ཤེས་པ་དང་ལོག་སྲེད་ཅན་གྱི་ཤེས་པ་དང་། བྱིས་པའི་ཤེས་པ་དང་། ཕྱོགས་སུ་རིག་པའི་ཤེས་པ་དང་། མཐའ་དབུས་མེད་པའི་ཤེས་པ་དང་། ཡང་དག་ཕྱི་པའི་ཤེས་པ་བདག་ནི། ལྷན་ཅིག་སྐྱེས་པའི་དྲི་མ་དང་། །ཆེད་དུ་བྱས་པའི་དྲི་མས་བསྒྲིབས་པའི་ཕྱིར། །དོན་འདི་མི་རིག་སྟེ། བརྒྱུད་པ་དང་མོས་པའི་ཡུལ་སྤངས་པ་ནི་མ་ཡིན་པའོ། །འོ་ན་གང་གི་ཡུལ་ཡིན་སྙམ་པ་ལ། ཟབ་ཅིང་རྒྱ་ཆེ་བར་སྦྱངས་པའི། །གསལ་ལྡན་བསྟན་པའི་སྤྱོད་ཡུལ་ཏེ། །ཞེས་པ། གང་དག་ཤེས་རབ་རྒྱ་མཚོ་ལྟ་བུ་དང་། ནམ་མཁའ་ལྟ་བུ་དང་གློག་ལྟ་བུ་དང་། དུར་མོ་ལྟ་བུའི་དང་། རི་བོ་ལྟ་བུ་ཡོད་པས། བསླད་པའི་མཐའ་གཉིས་དང་། དྲུག་ལས་སྔོན་དུ་བརྩལ་བས། ཤེས་རབ་ཀྱི་རབ་རིམ་མེད་ཅིང་རྣལ་འབྱོར་བྱིང་རྒོད་དང་བྲལ་བའི་སྐལ་བ་ཅན་གྱི་མངོན་གསུམ་པའི་ཡུལ་ལོ། །དེ་བས་ན་ཁོ་ཐག་བཅས་ནས་རིང་དུ་སྩོལ་བ་དག་ནི་མདོངས་པ་ནམ་མཁའ་སྙེ་བ་ཁོ་ནའོ། །ལྷག་མའི་དོན་ནི་བདག་ཉིད་དུ་འཆད་དོ། །ལམ་དང་འབྲས་བུ་རག་གཞན་དུ་མ་ལུས་པའི་ཡུལ་དུ་མི་ཕྱེད་པའི་ཕྱིར་དེས་ཀྱང་། གཞན་ནས་བརྩལ་ཞིང་བརྟག་ཏུ་མེད་དོ། །ཞེས་གསུངས་སོ། །ལེའུའི་དོན་དང་པོའི་མཚན་དོན་དང་པོའི་རྣལ་འབྱོར་གྱི་དབང་དུ་བསྟན་པའི་ཕྱིར། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །སྣ་ཚོགས་འཇིག་རྟེན་ཁམས་གཡོས་དང་། །རྒྱལ་བ་མངོན་བྱུང་ཐམས་ཅད་ཀུན། །ནམ་མཁའི་དབྱིངས་སུ་མ་གྱུར་བར། །དུས་བཞི་ཕྱོགས་བཅུ་གང་ནའང་མེད། །ཅེས་པ། འཆད་པའི་དངོས་པོ་གཉིས་པོ་རིལ་བུ། ངོ་བོ་མ་གྲུབ་པ་དང་། ངང་གིས་མཐའ་བྲལ་པ་དང་། མུ་མཐའ་མེད་པ་དང་། གོ་མ་འགགས་པ་དང་། རྒྱུ་རྐྱེན་བྲལ་བ་དང་། ལྷུན་གྱིས་རྫོགས་པ་དང་། རྒྱུད་དུ་མི་སྐྱེ་མི་འཇིག་པ་དང་། བདུན་གྱིས་མཐུན་པ་ནམ་མཁའ་ལྟ་བུའོ། །དེ་ཉིད་ཁས་བླངས་པའི་དངོས་པོ་འཁོར་བ་དང་། མྱ་ངན་ལས་འདས་པར་བསྙད་པ་ཐ་དད་པ་ཉིད་ཀྱི་ངོ་བོ་དེ་ལྟ་བས། འཁོར་བ་དོང་སྤྲུགས་སུ་གྱུར་པའི་ཕྱིར། ལོག་རྟོག་ལས་ནོར་པ་ཙམ་ལས་མི་སྙེད་པས། དུས་བཞི་དང་བཅུར་བརྩལ་ཡང་མི་སྙེད་པའི་ཐ་ཚིག་སྟེ། ཕྱི་མོའི་རིགས་དོན་དམ་པ་ཁོ་ནའོ། །དོན་འདིས་རྒྱུད་ཀྱི་ཆེ་བར་ཡང་བསྟན་པའི། །དུས་གསུམ་བདེར་གཤེགས་ཉིད་མི་མངའ། །ཞེས་པ་བྱ་བ་བྱས་ཤིང་ཁུར་བོར་བ་པ་དང་། མཛད་པ་རྫོགས་པར་ཉེས་པ་དང་། །རྩོལ་བ་དག་ལས་སོགས་པའི་རྒྱལ་བ་རིལ་གྱི་དགོངས་པའི་ཞེས་ཕུགས་སུ་གྱུར་པ་ཁོ་ནའོ། །སྔོན་གྱི་བདེར་གཤེགས་ཐུགས་ཆུད་པའི། །ནམ་མཁའི་ངང་དུ་ཐམས་ཅད་ཐིམ། །ཞེས་པ་ལྔ་པར་འདས་པའི་སངས་རྒྱས་ཀྱང་དོན་འདི་མངོན་དུ་བྱས་ནས་ལྷག་པའི་ཆོས་སྐུ་ཆེན་པོ་མངོན་གསུམ་དུ་བྱས་པ་གཤེགས་ཤུལ་དམ་པ་སྟེ། རྣམ་པ་གཅིག་ནི་མ་ཡིན་པའོ། །དེ་ཉིད་གང་གིས་བསྒྲུབ་སྙམ་པ་དང་། ཐམས་ཅད་ཤེས་རབ་དབྱིངས་ཉིད་དེ། །དབྱིངས་ལ་དབྱིངས་ནི་རྣམ་པར་སྦྱོར། །ཤེས་རབ་དབྱིངས་གཉིས་འབྱོར་པའི། ཞེས་པ་ཆོས་སོ་ཅོག་སྣང་བ་མ་སྤངས་པར་དག་པར་ལྷུན་གྱིས་གྲུབ་པའི་རྒྱུ་ཁོ་ན་ཉིད་ལ། དེ་ཉིད་བདག་ཉིད་དུ་རྟོགས་པས་ཕེབས་པར་བྱ་བ་ནི། ནམ་མཁའ་དང་གསལ་བ་ལྟར། དེ་ཉིད་ཙམ་དུ་འདུ་ཤེས་ཀྱིས་མ་བཟུང་སྟེ་ཡུལ་མེད་པར་རང་གསལ་བ། སྐྱེད་དུ་བྱ་བ་མེད་པར་གྱུར་པ་ནི། རྡོ་རྗེ་གསུམ་གྱིས་ངོ་བོ་གཅིག་པས་མཐར་ཕྱིན་པ་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་རྡོ་རྗེ་ཐིག་ལེ་ཡིན། །ཞེས་གསུངས་སོ། །ཕྱོགས་གཞན་དུ་ན་རྒྱུད་ཀྱི་རྒྱལ་པོ་ཕྱི་མ་ལས། ས་ཡ་བཅུ་གསུམ་འདུས་པའི་མཁའ། །བདེ་ལྡན་ཉུངས་འབྲུ་གཞལ་ཡས་སུ། །བདག་པོ་གདུང་ཅན་རྣམ་པར་སྦྱར། །ཉི་ཟླ་འདྲེས་པའི་གར་ཐབས་ལས། །སྐྱེས་པ་ཆོས་སྐུ་ཆེན་པོར་བཤད། །ཅེས་གསུངས་སོ། །རང་བཞིན་དེ་ཉིད་ཀྱི་མཚན་ཉིད་གང་སྙམ་པ་ལ། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཀྱིས། །ཀུན་ལ་ཁྱབ་ཅིང་མི་གནས་པ། །ཡོན་ཏན་མཆོག་གི་གནས་ཡིན་ཏེ། །ཞེས་པ། རང་བྱུང་གི་ཡེ་ཤེས་དཀྱིལ་འཁོར་ཐམས་ཅད་ཀྱི་རྡོས་གཞིར་གྱུར་པ་ནི། ཆོས་ཀྱི་སྐུ་ཉིད་ཡིན་ལ། སྡུད་པའི་དོན་ནི་ཡོན་ཏན་ཆད་རྫོགས་པ་དེས། བསྒོས་པ་མེད་པར་ཀུན་ལ་བསྣུམས་ལ། རྣམ་པ་མ་སྤངས་པར་མཚན་ཉིད་མི་ཟིན་པས་བདེན་པ་གསུམ་པ་ནི་ཡོངས་སུ་རྫོགས་པའི་རྒྱུའོ། །ལྷག་མ་ནི་ངོ་བོ་སྣང་བའི་བདེ་གཉིས་ཀྱི་ཐ་སྙད་འཆད་པའོ། །དེ་གང་ཞེ་ན། མ་བཅོས་རྒྱུན་གྱི་སྐད་ཅིག་མ། །དེ་ཡིས་མ་བྱས་གང་ཡང་མེད། །ཞེས་པ། གང་ཕྱི་མོའི་རིགས་ནི་བསླད་པ་མེད་པར་ཐམས་ཅད་དུ་རང་སྣང་བས་སྣང་བ་གསུམ་གྱི་བྱེད་པ་པོའོ། །རྒྱུན་གྱི་སྐད་ཅིག་མ་རིག་མ་རིག་གིས་རྔོས་པོ་གཉིས་སུ་སྣང་བ་ནི། རྣལ་འབྱོར་ཐོག་མ་དང་བར་མར་གྱུར་ཏེ། །ཅིག་ཤོས་འཁྲུལ་པའི་སྣང་བ་དེ་ངོ་བོས་དང་པོར་འགྱུར་བའོ། །དེ་བས་ན་ངོ་བོ་སྐྱེ་ཤི་མཐའ་ལས་འདས་པའི་ཕྱིར། རང་གི་རྣམ་རྟོག་མ་ཡིན་པ། །ཡང་དག་གཤེགས་དང་ལོག་རྟོག་དང་། །གཞན་ཡང་སྤྲུལ་པ་མང་པོའི་ཚོགས། །ཕྱོགས་བཅུ་མ་ལུས་ཐམས་ཅད་ཀྱིས། །དེ་ལ་བསད་ཅིང་བཟུང་དུ་མེད། །ཞེས་པ། དེ་ལྟར་རང་སྣང་ལ་ནན་བརྟགས་འཕོ་འགྱུར་དུ་སྣང་བ་ཙམ་ལས་ངོ་བོ་ལ་མེད་པ་ནི། སངས་རྒྱས་དང་སེམས་ཅན་དང་། སྤྲུལ་ཚོགས་རིལ་གྱིས། ཡོན་ཏན་མཆོག་གི་སྙིང་པོ་ལ་གཞིག་ཅིང་གདགས་སུ་མེད་དེ། ཅིའི་ཕྱིར་ཞེ་ན། ཁ་དོག་གནས་དང་དབྱིབས་མ་ཡིན། །ཞེས་པ་བཤད་ཟིན་ཏེ་བསྙེན་པོ་དང་། གཤིག་བྱ་གཉིས་མེད་པའི་ཕྱིར་རོ། །དོན་དེ་ལ་བསྐུལ་བར་གདམ་པའི་ཕྱིར། སྐྱེས་བུ་དམ་པ་མཆོག་འདོད་པའི། །དེ་ལ་རྟག་འགྲུས་གསལ་བར་གྱིས། །ཞེས་པ། བྱང་ཆུབ་ཆེན་པོ་གྲུབ་པར་འདོད་པའི་རྣལ་འབྱོར་ཅིག་ཆར་འཇུག་པར་འདོད་པས། རྣལ་འབྱོར་ཕྱི་མོའི་རིགས་ལ་སྤྱོད་ལམ་བཞིར་རྟོགས་ནས་གོམས་པར་ཚུལ་གཉིས་ཀྱིས་བྱོས་ཤིག་པའོ། །གོམས་པའི་གྲུབ་མཐའ་གང་སྙམ་པ་ལ། དེའི་འབྲས་བུ་མཐར་ཕྱིན་ནི། །རྒྱུ་འབྲས་མེད་པའི་དུས་གཅིག་སྟེ། །ཞེས་པ། རིམ་གྱིས་པ་དང་ཅིག་ཆར་བས་དོན་ལ་གོམས་པ་ལས་སུ་རུང་བའི་འབྲས་བུ་སྐྱེད་དུ་བྱ་བ་མེད་པ་ནི། གདོད་ནས་སངས་རྒྱས་སེམས་ཅན་གཉིས་མེད་པས་དེ་མངོན་དུ་གྱུར་པ་ལ་རྣམ་པར་སྨིན་པའི་སྔ་ཕྱི་མེད་པའོ། །དེའི་ངོ་བོ་གང་སྙམ་པ་ལ། ཐམས་ཅད་མིང་ཙམ་མཚན་ཉིད་དུ་ཡི་གེ་འབྲུ་གསུམ་རྫོགས་པར་འགྱུར་ཞེས་པ། དངོས་པོ་ཐམས་ཅད་བརྟགས་པ་ཙམ་ལས་རང་རྒྱུད་པ་མེད་པ་ཉིད་སྐུ་གསུང་ཐུགས་སུ་སངས་རྒྱས་པ་ནི་བརྡར་བསྟན་པའོ། །དེའི་མཚན་ཉིད་གཅིག་དང་དུ་མ་ལས་གྲོལ་བས། ཅིག་ཀྱང་གསུམ་གསུམ་དུ་གསལ་བའི་ཕྱིར། མི་ཟད་རྒྱན་གྱི་འཁོར་ལོར་བསྡུས་ཞེས་པ་གསུངས་སོ། །དེ་ཉིད་ཤ་སྟག་ལས་གཞན་མ་དམིགས་སོ། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །སྐྱེ་འཇིགས་མེད་པའི་དབྱིངས་ལ་བཞུགས་ཞེས་པ། །ཡི་གེ་འཁོར་ལོའི་སའི་བདག་ཉིད་པ་དང་། །ཡེ་ཤེས་བླ་མའི་སའི་བདག་ཉིད་པས་གཉིས་དུས་གཅིག་ཏུ་རྫོགས་པ་ནི་དམན་པ་དག་གསུམ་རྫོགས་པ་ལ་འདོད་པ་ལས་འཕགས་སྟེ། དགག་པ་ནི་མ་ཡིན་ནོ། །དེ་བས་ནས་གཉིས་ཀྱི་བདག་ཉིད་ཆེན་པོ་ནི་སྐད་ཅིག་མའི་རྒྱུན་ལས་གྲོལ་བའི་ཕྱིར་རྟག་པ་ཆེན་པོའི་བདག་ཉིད་དུ་གནས་པས། རྟག་པ་གསུམ་ལས་འདས་པ་ཁོ་ནའོ། །ལུང་གིས་གཅོད་ལེའུ་མཚན་གྱི་དོན་བསྟན་པའི་ཕྱིར། འཇིག་རྟེན་འདས་དང་འཇིག་རྟེན་པའི། །མཐའ་ཡས་དཀྱིལ་འཁོར་བསམ་ཡས་ཀུན། །ཞེས་པ་འཁྲུལ་པའི་སྣང་བ་ཇི་སྙེད་པ་དང་། ལམ་པ་དག་པ་དང་། རྒྱལ་བའི་སྣང་བ་རིལ་ནི། རང་བཞིན་གྱི་རྒྱུད་རྣལ་འབྱོར་དང་པོའི་ངོ་བོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་བྱེ་བྲག་མེད་པས། དངོས་པོ་གཉིས་པ་རིལ་བྱང་ཆུབ་ཆེན་པོར་བསྡུས་པ་མེད་པར་རྫོགས་པས། རྒྱལ་བ་ཡུམ་གྱི་དབྱིངས་སུ་ཐིམ། །ཐམས་ཅད་མ་ལུས་ཆོས་སྐུར་འདུས། །ཞེས་གསུངས་སོ། །ཧོ་ཞེས་པས། རང་བཞིན་གྱིས་དགྱེས་པ་དང་། རྟོགས་གོམས་ཀྱིས་དགྱེས་པ་དང་། གྲུབ་པས་དགྱེས་པའོ། །ལེའུ་མཚན་གང་ཞེ་ན། ཆོས་ཐམས་ཅད་མིང་གི་མཚན་ཉིད་དེ། ཡུམ་གྱི་དབྱིངས་སུ་འདུས་ཤིང་གསང་བའི་ལེའུ་སྟེ། ཞེས་པའི་དངོས་པོ་གཉིས་ནི་བཤད་ཟིན་ཏེ། གསང་བ་ནི་ཆོས་གཉིས་ཀྱི་ཕྱིར་རྟོགས་རྐ་བ་དེ་ཕལ་གྱི་ཡུལ་མ་ཡིན་པའི་ཕྱིར་ཏེ། ཚིག་བསྣོར་ཏེ་དངོས་གཟུང་བ། ལེའུ་གཉིས་པ་མཐོང་བའི་སྤྱན་རྣམ་པར་འགྲེལ་པའོ། །ལམ་གཉིས་དང་དཀྱིལ་འཁོར་བདུན་གྱི་ཐ་མའི་ཆ་བསྟན་པའི་ཕྱིར། ལེའུ་གསུམ་པ་མཐོང་བར་བྱེད་པའི་ཐབས་བཤད་པ་ལ་འཇུག་པར་བྱའོ། །དེས་ན་དེ་བཞིན་གཤེགས་པ་ཡེ་ཤེས་ལྷའི་དཀྱིལ་འཁོར་ལ་མཉམ་པར་བཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ། སྟོན་པ་གཉིས་དང་། དགོངས་པའི་གཞི་དང་། དགོས་ཆེད་དང་གསུངས་པར་འགྲེལ་ཏེ། །གདུལ་བྱའི་སྣང་བས་ལམ་གཉིས་ཀྱི་དགོངས་པ་ཉིད་དོ། །དེ་ཡང་དེ་ཉིད་ཀྱིས་བདག་ཉིད་བཞུགས་པ་ནི་ཉིད་ཀྱི་སྣང་བའོ། །ཐབས་ཀྱི་ལམ་གང་སྙམ་པ་ལ། །ལྔ་ཕུང་ཡན་ལག་ཐམས་ཅད་ཀྱང་འབྲུ་ལྔར་གནས་པའི་བྱང་ཆུབ་སྟེ། ༀ་དང་མུཾ་དུ་འབྲེལ་པ་ཡིས། །བྱང་ཆུབ་རྡོ་རྗེ་ཏྲིལ་ལས་བྱུང་། །ཞེས་པ། དེ་དག་གིས་བསྟན་པར་མི་ནུས་ཀྱང་། སྒྱུ་འཕྲུལ་རྒྱ་མཚོའི་རྒྱར་ལས་ཕུང་སོགས་རྟོགས་པ་ཐམས་ཅད་ཀུན། བདེ་བའི་ཡེ་ཤེས་ལྔ་རུ་གསལ། །དེ་ཉིད་བཅུ་གསུམ་སངས་རྒྱས་པ། །ཡེ་ཤེས་དབྱིངས་རིག་རང་གནས་པའི། །ཁམས་གཉིས་འདུས་པའི་ཐབས་ལས་སྐྱེས། །སྐྱེས་པ་ཉིད་ན་བདག་དུ་གསལ། །ཞེས་གསུངས་སོ། །སྤྱིར་ནི་བརྗོད་པ་ཐམས་ཅད་ཀྱང་། །ཀུན་ཀྱང་མིང་ཙམ་ཡི་གེ་ཨ། །སྐྱེ་འཇིག་ཉིད་ན་ཡི་གེ་ལྔ། །ཞེས་པ་དེ་ཉིད་ལས། བཅོ་བརྒྱད་ཁམས་སོགས་བཏགས་པ་ཀུན། །རྔོས་མེད་ལྷན་ཅིག་ཡེ་ཤེས་ཆེ། །རྐྱེན་བྲལ་སེམས་ལྔས་འཕོ་འཇིག་པས། །གོ་ཕྱེ་ཉིད་ན་ཡེ་ཤེས་ལྔ། །གཉིས་སུ་མེད་པར་བྱང་ཆུབ་སེམས། །ཀུན་སྤངས་བྲལ་བ་གང་མེད་པ། །སྣང་མེད་སྣང་བ་དམ་པའོ། །ཞེས་གསུངས་པའི་ཕྱིར། དེ་ནི་བྱང་ཆུབ་སེམས་ཡིན་ཏེ། །གཉིས་མེད་བྱང་ཆུབ་མཆོག་འབྱུང་བ། །ཞེས་བཀའ་སྩལ་བའོ། །གསུམ་ཤར་ལྔ་འབར་བཅུ་འབྱོར་པ། །ཟད་མེད་རིན་ཆེན་གཏེར་ཡིན་ཏེ། །ཞེས་པ་ཡང་། ཁམས་གསུམ་ཐབས་ཀྱི་ཡེ་ཤེས་ཆེ། །རྩེ་མོ་འབྲུག་གསུམ་གནས་མཐོང་བ། །རྫས་ལྔའི་ཡེ་ཤེས་སོ་སོར་གསལ། །ཉི་ཟླའི་ཁམས་འདྲེས་དྲངས་མཉམ་སྦྱོར། །འཕེལ་འགྲིབ་མེད་པའི་ཡོན་ཏན་མཛོད། །ཚོགས་དྲུག་ཡེ་ཤེས་ཆ་ལྔ་གཅིག །ཐབས་ལ་བཟློག་པས་སྔོན་ནས་ཤེས། །འགྲོ་འོང་རྫུ་འཕྲུལ་ངེས་ལུང་གསལ། །བརྗོད་འདྲར་ཐོས་ཤིང་ས་གསུམ་མཐོང་། །ཕུང་ཁམས་ཡུལ་གྱི་ཟག་པ་མེད། །ཨ་ལི་ཀ་ལི་བདེ་བ་ཉིད། །ཕན་ཚུན་མ་འདྲེས་གཅིག་པར་ཤེས། །བཅུ་དྲུག་ངོ་གཉིས་མཚན་དང་ལྡན། །ཕྱོགས་གཅིག་ཡེ་ཤེས་ལྔ་ལྡན་པ། །བརྒྱ་བཅུའོ་བཟོང་སོགས་རྒྱུ་ལས་འཕགས། །ཞེས་པའི་ཕྱིར། མངོན་ཤེས་དྲུག་ལྡན་མཚན་བཟང་སྦགས། །ཞེས་གསུངས་ཏེ་ཡོན་ཏན་ཉིད་དོ། །ཨ་ལས་འཕྲོས་ཤིང་ཨར་འདུས་པས། །ཞེས་པས། མཁའ་དྲག་པོའི་གནས་ཀྱི་ལྟེ་བའི་བུ་ག་ནས་ཉི་མ་ཤར་བ་ནི། བདག་པོ་མ་སྐྱེས་པའི་ས་བོན་ཐབས་ཀྱིས་བསྐྱེས་པའོ། །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ཞེས་པས། ཉི་ཟླ་འདྲེས་པ་ནི་གསང་བའི་ཐིག་ལེ་སྟེ་བདག་ཉིད་ཆེན་པོའི་ཡོན་ཏན་གྱི་འབྱུང་གནས་སོ། །དེའི་ཐོབ་ལུགས་ཅི་ཞེ་ན། །ནམ་མཁའི་དབྱིངས་ནས་སྤྲིན་བྱུང་བ། །ཀུན་ལ་ཁྱབ་ཅི ང་སྣ་ཚོགས་སྨིན། །ཞེས་པ། ཕྱག་རྒྱ་ཆེན་པོ་དང་བདག་པོའི་རང་བཞིན་གྱི་མཁའ་འགྲོ་མའི་མཁའ་ལས། ཐབས་ཀྱི་ཆགས་པའི་མེས་བཞུ་བས་བྱང་ཆུབ་སེམས་ཀྱི་ཕུང་པོ། །སྟ་རྩེར་ལྡིངས་ཤིང་འཐིབས་པ་དེ། །ཐབས་ཀྱི་སྦྱོར་བས་རྒྱུ་འབྲས་བཟློག་པའི་ཚེ་མཁའ་འགྲོ་མ་ཀུན་ལ་མཆོད་པས་སྣོད་བཅུད་རྒྱུད་ཀྱི་དངོས་པོ་རིལ། དུས་གཅིག་དག་པ་ནི་འབྲས་བུ་འབའ་ཞིག་པ་སྟེ། འོན་ཀྱང་ངོ་བོར་བོས་པ་མ་ཡིན་ནོ། །དེ་དག་ཐབས་ལྔ་པ་ཁོ་ནར་ངེས་པའོ། །གཞན་དུ་ན་གནས་དྲུག་ལམ་གསུམ་རང་གནས་ལ། ཐབས་ཀྱིས་དྲག་པོ་མེ་བྱུང་བས། །བཞུ་བས་བདེ་བ་ལྟེའི་ཨར། །ཐིམ་པ་སྦྲུལ་པའི་གསང་ཐིག་ལེ། །ཡེ་ཤེས་ནམ་མཁའ་འབྱུང་བའི་རྒྱུ། །བདེ་ཆེན་རྒྱུད་ལས་ཆར་རྒྱུན་སེམས། །རིམ་པ་གནས་ཐིམ་ཁམས་གསུམ་ས། །ཡེ་ཤེས་ལོ་འདབ་འབྲས་བུར་བསྐྲུན། །ཞེས་གསུངས་སོ། །ལྔ་པའི་འབྲས་བུ་ཉིད་གང་ཞེ་ན། བཞི་བཅུ་རྩ་ལྔའི་ཁོང་ནས་བསམ་མི་ཁྱབ། །བྱིན་རླབས་ཡ་མཚན་རྨད་པོ་ཆེ། །ཡོན་ཏན་མི་བཟད་གཏེར་དུ་འགྱུར་ཧོ། །ཞེས་པ་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པའི་ངང་ལས་གདུལ་བྱ་ལ་སྣང་བ་མཐའ་ཡས་པ་ནི་རྩ་བ་སྐུ་གསུང་ཐུགས་ལས་འགྲོ་འོང་མེད་པར་རང་སྣང་བ་ལས་འགྲིབ་པ་མེད་པའི། ངོ་མཚར་ཆེན་པོ་དེ་ཐབས་དེས་མངོན་དུ་བྱས་པ་ནི། གཉིས་སུ་མེད་པའི་མཆོད་པའོ། །དེས་དོན་མཛད་པ་དང་། ངོ་བོ་བསྟན་པའི་ཕྱིར། ཡེ་ནས་མཉམ་ཉིད་གསང་བའི་དཀྱིལ་འཁོར་དབྱིངས། །དབྱིངས་ལས་མི་གཞན་ཡེ་ཤེས་ཐིག་ལའི་ངང་། །ཡེ་ཤེས་དབྱིངས་ཉིད་གཟུགས་གཉན་སྒྱུ་མའི་ཚུལ། །སྣང་བྱེད་ཉིད་ན་བྱ་བྱེད་མེད་པར་གནས། །ཞེས་པ། གདོད་ནས་ལྷུན་གྱིས་གྲུབ་པའི་ཕྱི་མོའི་རིགས་མངོན་དུ་བྱས་པའི་ཡེ་ཤེས་ཆེན་པོ་མུ་མཐའ་མེད་པ་ནི། མཉམ་པའི་དབྱིངས་ཉིད་པས་ཡུལ་ཅན་དུ་རྒྱ་མ་ཆད་པས་ངོ་བོས་ལྷུན་གྱིས་གྲུབ་པར་གཅིག་པའི་ངོ་བོ་ཉིད་ནི། དཔེ་གཉིས་ཚུལ་ལྟར། གདུལ་བྱ་ལས་མ་དག་པ་དང་། །ཐུན་མོང་དག་པ་དང་། ཐུན་མོང་མ་ཡིན་པ་དག་པ་རྣམས་ལ། །ཇི་ལྟར་བལྟས་པ་ལྟར་སྣང་ཞིང་དོན་སྤྱོད་ཙམ་ན་རྒྱུ་ཉིད་ཀྱི་ཕྱིར་རྩོལ་བས་བྱས་པ་དང་། བྱ་བྱེད་མེད་པ་ཁོ་ནའོ། །དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་འཕྲུལ་ཆེན་བཞི་བཅུ་ལྔའི་དོན། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ཀྱི། །ཐབས་དང་ཤེས་རབ་གཉིས་མཉམ་པར་གནས་ཞེས་པ། བཤད་པའི་ཡེ་ཤེས་དྲུག་པ་ཉིད་བྱེ་བྲག་ཅིར་ཡང་རང་གསལ་བའི་ངོ་བོ་ཁོ་ནའོ། །ཡེ་ཤེས་ཀྱི་སྐུ་བཞི་བཅུ་རྩ་གཉིས་དང་། །རྡོ་རྗེ་གསུམ་གྱི་ལྷ་རྣམས་དེ་སྒྲུབ་བྱ་དེ་ཉིད་ཀྱི་ངོ་བོ། གཅིག་དང་དུ་མ་མེད་པའི་ཕྱིར་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་དོ། །དེ་བས་ན་བདེན་པ་གཉིས་རིས་སུ་མ་ཆད་པས། ཟུང་དུ་དབྱེར་མེད་པ་ནི། ས་གཉིས་ཀྱི་བདག་ཉིད་པས་མི་རྩོལ་བས་དོན་རྫོགས་པར་འཐད་པའོ། །དེས་ན་རྩ་བའི་རྒྱུད་ལས། སྐུའི་ཕྱག་རྒྱ་ཆེ་མཆོག་ནི། ཞེས་པ་དག་གསུངས་སོ། །ཅིག་ཆར་འཇུག་པའི་ལམ་གསུམ་བསྟན་པའི་ཕྱིར། །དག་མཉམ་རྣམ་གསུམ་དོན་རྟོགས་བསྒོམ་བྱས་ཤིང་། །མཉམ་པ་རྣམ་བཞི་དོན་རྟོགས་མཆོག་གི་གནས། །ཞེས་པ། ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་དང་པོ་ལ་གནས་པའི་ཚེ། གཏན་ཚིགས་ཀྱི་སྒོ་གཉིས་ཀྱི་གསུམ་དང་བཞིས། །རང་བཞིན་གྱི་རྒྱུད་རང་རིག་པའི་མངོན་གསུམ་དུ་བྱས་པའི། འབྲས་བུ་རིལ་གྱི་གཞི་རྩ་སྟེ་ཡན་ལག་གཉིས་པ་མཐོང་བའི་ལམ་རྒྱུའི་མཚན་ཉིད་དོ། །དེ་ནི་བྱང་ཆུབ་ཆེན་པོའི་རྒྱུ་ཡིན་པའི་དོན་དང་འབྲེལ་པའོ། །དེའི་རྗེས་སུ་འབྲང་བ་མེད་པར་ལྷུན་གྱི་གནས་པ་མཉམ་པར་བཞག་པ་མེད་པར་རང་གསལ་ནི། དཀྱིལ་འཁོར་ཆེན་པོར་ཞུགས་པས་དགོས་པ་སྟེ། མཚན་ཉིད་བར་མའོ་དེ་ལྟར་གཉིས་ཟུང་དུ་དབྱེར་མེད་པའི་སྟོབས་ནི་ཡན་ལག་དང་མཚན་ཉིད་ཐ་མ་སྟེ་མཐར་ཕྱིན་པའི་ལམ་སྟེ་ཡང་དགོས་སོ། །དེས་མཐར་གཏུགས་པ་ནི། རྒྱུ་འབྲས་ལྷུན་གྲུབ་ཕུན་སུམ་ཚོགས་བཞིར་འདུས། །ཡེ་ཤེས་ལྔ་རྫོགས་སྐུ་གསུང་ཐུགས་ཀྱིིས་བསྡུས། །ཞེས་པ། སྔ་མའི་གྲངས་ཕྱི་མའི་ངེས་ཚིག་དང་བཅས་པས་གྲུབ་པ་ནི། ཡེ་ཤེས་ལྔ་ལྷུན་གྱིས་གྲུ བ་པའི་ཡེ་ཤེས་ནི་གསུམ་གྱིའང་བདག་ཉིད་ཕུན་སུམ་ཚོགས་པ་དང་། སྐུ་ལྔ་ལ་སོགས་ཕུན་སུམ་ཚོགས་པ་དང་། གསུང་ཕུན་སུམ་ཚོགས་པ་དང་། ཐུགས་ཕུན་སུམ་ཚོགས་པ་མ་ཡིན་པའི་འབྲས་བུ་མེད་པའི་ཕྱིར་རོ། །འཇུག་པའི་ཏིང་ངེ་འཛིན་གང་ཞེ་ན། །ཆགས་མེད་བཞིའི་ལས་ཐིག་ལེར་འཇུག་ཅེས་པ། ཐག་ཆོད་པས་མི་དམིགས་པའི་ཕྱིར། །ཡང་དག་པའི་ཞེན་པ་ཉིད་ཀྱང་མེད་པའི་ལམ་ནི་བསྒོམ་ལམ་བཞི་ཁོ་ན་སྟེ། ཆོས་ཉིད་སྟོང་པ་ཆེན་པོའི་སྒོ་དང་། དེ་ཉིད་ཡུལ་དུ་མི་འཛིན་པའི་སྙིང་རྗེ་ཆེན་པོ་སྟོང་པ་མཚན་མ་མེད་པའི་སྒོ་དང་། བདག་ཉིད་ལྷར་གསལ་བས་འབྲས་བུ་ལ་སྨོན་པ་མེད་པའི་སྒོ་དང་། རིག་པ་ཉིད་ལྷ་དང་ལོངས་སྤྱོད་ཀྱི་བྱེ་བྲག་ཏུ་གསལ་བའི་སྒོའོ། །ཐབས་ཀྱི་རིམ་པ་དེས་སྙིང་པོ་བྱང་ཆུབ་ལ་འཇུག་པ་དང་། ཅིག་ཤོས་པ་དག་ནི་བཞི་མ་འདྲེས་ལ་ཡོངས་རྫོགས་པར་ལྷུན་གྱིས་འཇུག་པའོ། །ཡེ་ཤེས་ལྔ་རྫོགས་སྤྱོད་ཡུལ་མན་དྷ་ལ། མ་ཆགས་འོད་གསལ་དཀྱིལ་འཁོར་རྫོགས་པར་ལྡན། །ཞེས་པ། དེ་ལྟར་འཇལ་བའི་སྤྱོད་ཡུལ་ནི་ཇི་ལྟར་ཞེ་ན། །དྲུག་པའི་ཡེ་ཤེས་ཉིད་ལྔའི་དངོས་གཞིར་གྱུར་པ་ནི། སྙིང་པོའི་དོན་གྱིས་རྫོགས་པའོ། །དེའི་མཚན་ཉིད་ཡུལ་དང་བྲལ་བར་རང་གསལ་བ་ནི་བ སམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཅན་ཁོ་ནའོ། །མཚན་ཉིད་དང་པོའི་བྱ་བྱེད་བསྟན་པའི་ཕྱིར། །ཐམས་ཅད་མ་ལུས་རང་རིག་རྒྱལ་པོ་ཡིས། །དཀྱིལ་འཁོར་དག་མཉམ་ཁྲོ་བོ་ཁྲོ་མོར་སྦྱོར། །ཞེས་པ། དངོས་པོ་གཉིས་པ་རིལ་གྱི་རང་གི་མཚན་ཉིད་གདོད་ནས་རིག་པར་གསལ་བའི་བདག་ཉིད་པས། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ཐབས་དང་མ་ལྡན་པའི་ཆོས་རིལ་གྱི་ངོ་བོ་ཕུང་པོ་འབྱུང་བ་རྣམ་ཤེས་སུ་འདུས་པ་དེ། ཁྲོ་བོ་ལྔ་དང་ཁྲོ་མོ་དང་། །ཡེ་ཤེས་ལྔ་དག་ཅིང་མཉམ་པར་དབྱེར་མེད་པ་དང་། དེ་ཉིད་ཀྱི་ཕྱིར་དེ་མཐོང་བ་མེད་པར་མཐོང་བའོ། །དེ་བས་ན་གསུམ་གསུམ་གྱི་གཏན་ཚིགས་ཀྱིས་འགྲུབ་པའོ། །དེའི་རྗེས་སུ་ཤེས་པའི་རྒྱུད་ཉིད་ཀྱང་རྒྱུན་ལས་གྲུབ་པ་ཉིད་ལམ་དུ་བསྟན་པའི་ཕྱིར། ཆོས་རྣམས་རང་བཞིན་ཉིད་ཀྱིས་སྟོང་། །ནང་དང་ནང་གི་ཕྱི་རོལ་གྱི། །རྣམ་རྟོག་སྣ་ཚོགས་འཛིན་པ་ཡང་། །དངོས་པོ་མེད་དབྱིངས་སྐད་ཅིག་མ། །དེ་ཉིད་རྣམ་པར་དག་པའི་ལམ། །ཞེས་པ། ཆོས་རྣམས་ངོ་བོ་མ་གྲུབ་པའི་གཏན་ཚིགས་ཀྱིས་སྤྱོད་ཡུལ་རང་བཞིན་ལ་རྟོགས་པའི་དངོས་པོར་ཞགས་པ་གཉིས་པོ་ཀུན་ཀྱང་། རང་བཞིན་གྱི་གཏན་ཚིགས་བཞི་ཡིས་མཐར་མ་གྱུར་པས། གཉིས་པོ་མེད་པའི་ཕྱིར་རྒྱན་གྱི་རྟག་པ་ཉིད་ལས་གྲོལ་བའི་ངོ་བོ་རང་གསལ་བ་ནི་ཐར་པའི་ལམ་གྱི་མཆོག་སྟེ། རག་གཞན་དུ་ལུས་པ་མེད་པ་ཁོ་ནའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་ཉིད་ཡང་དག་སྟེ། །མ་རིག་པ་ཉིད་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཅེས་པ། རང་བཞིན་ལོག་པ་ཁམས་གསུམ་པ་དང་། ཕྱལ་བ་རྒྱང་འཕན་དང་། གཞན་རྐྱེན་ལོག་པ་རིལ་བརྟགས་པ་ཙམ་སྟེ་ལས་ནོར་ཡང་ངོ་བོ་མ་ནོར་བའི་རྒྱལ། དྭོ་བུ་ལྟ་བུའི་ལྷག་པའི་དོན་དམ་པའོ། །དེ་བས་ན་ལིང་ཐོག་གཉིས་ཀྱང་དེ་བཞིན་པས་ངོ་བོ་དྲུག་པའི་ཡེ་ཤེས་སུ་གདོད་ནས་གསལ་བས་རྒྱུ་རྐ་ནས་དག་པའི་ཕྱིར། ཐམས་ཅད་ཡོན་ཏན་གསུམ་གྱིས་བསྡུས་པ་རྣམས་རང་རྒྱུད་མེད་པས་བདེ་ཆེན་པོའི་ཡོ་ལང་ཉིད་དེ། ཉི་མའི་སྙིང་པོ་ལྟ་བུར་མུན་ཚོགས་བཙལ་བས་མི་རྙེད་པའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པའི་ཕྱིར། ཐམས་ཅད་ཡོན་ཏན་མཆོག་གི་གནས་ཨ་ཧོ་ཞེས་གསུངས་སོ། །ཡི་གེ་གཉིས་ནི་སྐྱེས་པ་ཉིད་མ་སྐྱེས་པ་ཆེན་པོར་གསལ་བས། བདེ་བ་ཆེན་པོར་གསལ་བའི་དོན་ཏོ། །དེ་ཉིད་ཀྱི་མཚན་ཉིད་དང་སྤྲོས་པ་དག་གིས་དཀྱིལ་འཁོར་གྱི་དོན་དམ་དུ་འདུས་ལུགས་ཐུན་མོང་དུ་བསྟན་པའི་ཕྱིར། ཕྱོགས་བཅུ་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན་ངེས་པ་དོན་བཀྲོལ་བཞི་བཅུ་རྩ་ལྔར་བསྡུས། ཞེས་པ། སྣ་ཚོགས་བཀོད་པའི་འཇིག་རྟེན་བཞུགས་པའི་རྒྱལ་བ་འཁོར་དང་བཅས་པ་རིལ། མི་སླུ་བར་བདེན་པའི་ལུང་མ་བགྲེས་གསལ་བར་སྟོན་པའི་དོན། གཅིག་དང་དུ་མའི་ས་གྲོལ་བའི་བདག་ཉིད་ཀྱི་ཕྱིར་བཞི་བཅུ་རྩ་ལྔའི་དཀྱིལ་འཁོར་དུ་བྱེ་བྲག་མེད་པའོ། །དེ་ཉིད་ཀྱི་དོན་ཡེ་ཤེས་ལྔ་དང་འབྲས་བུ་ལྔའི་ངོ་བོ་བས། བསྡུས་པའི་དོན་ཉིད་ཡི་གེ་འབྲུ་ལྔར་འདུས། །ཞེས་བརྡའ་བསྟན་ཏོ། །ལྔ་པོ་དོན་ཉིད་འབྲུ་གསུམ་ནང་དུ་འདུས། །ཞེས་པ། དེ་དག་ཀྱང་དངོས་པོ་གསུམ་མི་ཕྱེད་པའི་བདག་ཉིད་དོ། །གསུམ་པོ་དེ་ཉིད་ཡི་གེ་ཨར་འདུས་ཏེ། ཨ་ཉིད་མ་སྐྱེས་མཉམ་རྫོགས་དབྱིངས་སུ་ཐིམ་ཨཾ་ཧོ། །ཞེས་པ། སྐུ་གསུང་ཐུགས་ཐ་སྙད་ཀྱི་ཕྱེ་ཡང་ངོ་བོ་མཐའ་གཉིས་སུ་མ་ལྷུང་བས། གདོད་ནས་དེ་བཞིན་པ་ལ་དེ་ཉིད་ཀྱི་བླ་དགས་དང་ཡང་བྲལ་བ་དེ་ཉིད་ཀྱི་མི་རྙེད་པ་ཁོ་ནའོ། །འོན་ཀྱང་གྲངས་དོན་འཕེལ་འགྲིབ་འདོད་པ་ནི་མ་ཡིན་པས་དགྱེས་པ་ཉིད་ནི་ཡི་གེ་གཉིས་ཀྱི་དོན་ཏོ། །ཕྱོགས་གཞན་དུ་ན་སྒྱུ་འཕྲུལ་རྒྱ་མཚོ་ལས། ས་ཡ་བཅུ་གསུམ་བདེ་བ་རྣམས། །གཙོ་བོ་ཕུང་སོགས་བདེ་བར་འདུས། །ཐབས་ཀྱིས་བསྐུལ་བས་ལམ་ལྔར་འཇུག །བདེ་ལྔ་ཟེའུ་འབྲུ་གསུམ་ཞུགས་པ། །རྩེ་མོའི་གནས་སུ་ཐིག་ལེ་ཆེ། །ཕྱི་མོའི་རོ་མྱོང་མ་སྐྱེས་པ། །སྒྲ་འདྲེས་བསླར་ལ་བསྒྲུབས་པ་ཡིས། །དཀྱིལ་འཁོར་དང་པོའི་གནས་ཐིམ་ཚེ། །བདེན་གཉིས་མཉམ་གསལ་ཡི་གེའི་དོན། །ཞེས་གསུངས་སོ། །བྱེ་བྲག་བསྟན་པ་ལས། སྟོང་ཕྲག་གཅིག་སོགས་རང་བཞིན་ལྷ། །རྡོ་རྗེ་ཕུང་སོགས་རྩ་ལྔ་གཅིག་དེ་རེའང་ཁམས་ཀྱི་བདེ་ལྡན་པ། ཡེ་ཤེས་འབྲུ་ལྔས་རྒྱས་བཏབ་པའོ། །གནས་དེར་ས་བོན་རྩ་ཡིག་བདེ། །ཉི་ཤུ་བརྒྱའི་བདེ་བ་རྣམས། །གཡས་དང་གཡོན་གྱིས་མེ་ཆུའི་ས། །སྤྲུལ་པའི་ལྟེ་བར་གནས་གཏིབས་པས། །དེ་ཉིད་མ་སྐྱེས་ཡེ་ཤེས་གསལ། །ཞེས་གསུངས་སོ། །སེམས་ལྔ་ཐུན་མོང་དུ་བསྟན་པའི་ཕྱིར། མི་དམིགས་སྟོང་པ་ཉིད་ཀྱང་བརྗོད་མི་ལང་། །མི་གནས་དེ་བཞིན་ཉིད་ཀྱང་བསམ་མི་ཁྱབ། །མ་སྐྱེས་ཆོས་ཀྱི་དབྱིངས་ཀྱང་ཀུན་ཏུ་ཁྱབ། །མ་འགགས་བྱང་ཆུབ་སེམས་ནི་སྐྱེ་ཤི་མེད། །འགྲོ་མེད་འོང་མེད་མི་གནས་པའི། །ཞེས་པ། རང་བཞིན་གྱི་སྐབས་སུ་ནི་ངོ་བོ་ཉིད་ཀྱིས་སྤྱོད་ཡུལ་བྲལ་བ་དང་། མཚན་ཉིད་གཏན་དུ་མེད་པ་དང་། །རྔོས་གཞི་གང་དུའང་མི་ཟིན་པ་དང་། འཕོ་འགྱུར་མེད་པ་དང་། ཕན་ཚུན་གྱ་གྱུ་བ་མེད་པ་ནི། གདོད་ནས་དེ་ལྟར་གསལ་བའི་སེམས་ཏེ་རིལ་བ་མེད་པའོ། །དེ་བས་ན་དེ་མངོན་དུ་བྱས་པའི་རྣལ་འབྱོར་ཀྱང་མཚན་དེ་ཉིད་དུ་སོན་པའི་བཏགས་པས་ཕྱེ་ཡང་ངོ་བོས་གཅིག་པས། རྒོས་པ་ཡུལ་དང་བྲལ་བ་འཇུག་པའི་སེམས་ཆེན་པོ་དང་། ཅིར་ཡང་མི་གནས་པར་ཅིར་ཡང་གནས་པའི་སེམས་ཆེན་པོ་ལྷུན་གྱིས་གྲུབ་པ་དང་། ཅིར་ཡང་མ་གཡོས་པའི་ཐུགས་རྗེ་ཐམས་ཅད་དུ་གོམས་པའི་སེམས་དང་། སྐྱེ་ཤི་མ་སྤངས་བྲལ་བའི་འཇིག་པའི་སེམས་དང་། སྤྲུལ་པ་འགྲོ་འོང་མེད་པར་ཁྱབ་པ་མཐར་ཕྱིན་པའི་སེམས་ཀྱིས་དོན་མི་འགོགས་པས། ཐུགས་རྗེའི་བྱིན་རླབས་རྣམ་པར་འཕྲོ། །ཞེས་གསུངས་སོ། །རྣལ་འབྱོར་བར་མའི་དབང་དུ། མ་དམིགས་སྟོང་པ་ཉིད་ཀྱང་ཞེས་པ། ཕྱི་ནང་གསང་བར་གྱུར་ཏེ། གཉིས་ནི་འཆད་པར་འགྱུར་རོ། །དེ་ལ་གྲོལ་བའི་ལམ་པའི་སྐབས་སུ་བྱེ་བྲག་བསྟན་པ་ལས། བསྐུལ་ཕྲད་མཐོང་ཐོས་སྐྱེ་བ་སྟེ། །མ་སྐྱེས་ཆེ་ལ་གཡོ་ཞིང་ལྡང་། །དེ་བས་དམིགས་པ་སྒོར་ཞུགས་པས། །དམིགས་མེད་རང་གསལ་འཇུག་པའི་སེམས། །དེས་ནི་སློབ་མཐའ་གསུམ་གནས་པས། །མི་གནས་བསམ་འདས་རྟེན་བྲལ་ཚེ། །དེ་གོམས་ཞེན་པ་རྣམ་འཇིག་པ། །མི་སྤངས་བྲལ་བས་འཕོ་འགྱུར་མེད། །ཞེན་པ་གཉིས་བྲལ་ཡུལ་མེད་པ། །ཕྱི་ནང་མཐོ་དམན་བསྐྱོད་འཇུག་མེད། །མིག་གཡོ་བསྟན་པས་མཐར་ཕྱིན་པའོ། །རྣལ་འབྱོར་ཆེན་པོས་གཞན་དོན་རྫོགས། །ཞེས་གསུངས་སོ། །རིམ་པའི་དབང་དུ་གཡོ་ལྡང་སྨོན་གྱི་དགུའོ། །འཇུག་པ་ནི་སྔོན་དུའོ། །གནས་པ་ནི་མཚན་ཉིད་གཉིས་ལ་གོམས་མ་གོམས་ཀྱི་གཉིས་སུ་འཇིག་པ་ནི་རང་རང་གི་ཞེན་པ་སྤོང་པའོ། །མཐར་ཕྱིན་པ་ནི་མཐར་ཕྱིན་པའོ། །ཞེས་ཀྱང་འཆད་དོ། །དེ་ལྟར་མཚན་ཉིད་གསུམ་ནི་རྣལ་འབྱོར་བར་མའི་རིམ་པ་ཁོ་ན་སྟེ། སྤྱིའི་གསུམ་ནི་ཆ་ཕྱེ་ནས་བཏགས་པས་བསྡུས་པའོ། །ཉིད་ལ་ནི་གསུང་ངོ། །ཞེས་པ། འཁོར་དབང་ཐོབ་པའི་ཕྱིར་དང་། ངོ་བོས་མི་གཞན་པའི་ཕྱིར་ཏེ། །རྒྱུད་གཞན་ལས་སྦགས་པ་དང་། ཐ་དད་དུ་ཞེན་པ་མི་གཏོང་བའོ། །དབྱིངས་ལས་དབྱིངས་བྱུང་ཐབས་ཀྱི་ཕྱག་རྒྱར་གསལ། །ཐབས་ལས་དབྱིངས་བྱུང་ཡུམ་གྱི་ཕྱག་རྒྱར་གསལ། །ཞེས་པ། འཁོར་དབང་ཐོབ་པའི་ཕྱིར་དང་། ཡོངས་སུ་རྫོགས་པའི་རྒྱུ་ལས་མུ་མཐའ་མེད་པའི་ཆོས་རྣམས་མི་ཟད་རྒྱན་གྱི་འཁོར་ལོར་ཤར་བ་ཉིད་ཐབས་ལས་མི་འདའ་བས་བྱུང་ཁུངས་སུ་གྱུར་པའོ། །དེ་བས་ཐབས་དེ་ཉིད་ངོ་བོ་རང་རིག་མ་སྐྱེས་པས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་མ་བསྒྲིབས་པ་ཉིད་ལ་མཉམ་པའི་དབྱིངས་ཡེ་ཤེས་སུ་མིང་གིས་ཕྱེ་ཡང་ངོ་བོ་ལ་མེད་པར་འཇལ་བགོམས་ན་བརྟན་པའི་རིག་པ་ཉིད་མི་བཟད་རྒྱན་གྱི་འཁོར་ལོར་རང་ཤར་བའི་ཕྱིར། དབྱིངས་དང་ཡེ་ཤེས་འབྱོར་པས་ན། །བྱང་ཆུབ་སེམས་ཆོགས་དཀྱིལ་འཁོར་བརྗོད་མི་ལང་། ཨ་ཧོ། ཞེས་གསུངས་སོ། །ཕྱོགས་གཞན་དུ་ན་ཡུལ་ཐབས་ཀྱི་ཉི་མ་ཤར་བས་སྐུ་དང་ཡེ་ཤེས་སུ་སྣང་བ་ནི་ཤེས་རབ་ཉིད་ཐབས་སུ་སྦྱོར་བ་དང་། ཡབ་ལ་ཟླ་བ་ཤར་བ་ནོར་བུའི་རྩེ་མོར་མི་དམིགས་པའི་ཡེ་ཤེས་སྐྱེས་པ་ནི་ཐབས་ཉིད་ཤེས་རབ་ཏུ་སྦྱོར་བའོ། །བཅུ་དྲུག་ས་ལ་ཉི་མ་ཤར་བ་དང་ཟླ་བ་འགྲེས་པ་ནི། ས་ཡ་ཕྲག་གཉིས་ཀྱི་གསུང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་རོ་དང་བཅས་པ་གནས་སུ་སྟོབས་པས་ས་བཅུ་གསུམ་པར་གནས་པའོ། །དེའི་དགྱེས་པ་ཆེན་པོའི་སྒྲ་བརྗོད་པའོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ངེས་པའི་དོན་མ་ལུས་པར། མཚན་ཉིད་མེད་པར་ཕྱག་རྒྱ་ཐིམ་པའི་ལེའུ་ཅེས་པ་ཁྱད་པར་དུའང་། ཕྱོགས་བཅུ་རྒྱལ་བ། ཞེས་པའི་ཤྭ་ལོ་ཀ་ཕྱེད་དང་གཉིས་ཀྱིས་གསལ་བར་སྟོན་ཏོ། །རིག་སྔགས་འཆང་གིས་དོན་བསྡུས་ནས། །དེ་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །ཞེས་པ། གནོད་འདུལ་རྡོ་རྗེ་ཅན་ཉིད་ཀྱིས་འོག་མིན་དུ་རྒྱུད་བསྡུས་ནས། འཛམ་བུ་གླིང་དུ་དྲ་མ་ཆེན་པོ་ལ་སྣང་བར་མཛད་པ་དང་། སྐྱེས་བུའི་ལས་ཐུན་མོང་དུ་བསྟན་པའོ། །ལེའུ་གྲངས་གསུམ་པའི་སྤྱན་རྣམ་པར་འགྲེལ་པའོ།། །།རྣལ་འབྱོར་དང་རིགས་གྲངས་དང་ངོ་བོ་བསྡུ་བ་ཐུན་མོང་དུ་བསྟན་པའི་ཕྱིར། ལེའུ་བཞི་པའི་རྣམ་པར་བཤད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་འགྲོ་བ་ཐམས་ཅད་ལ་རང་བཞིན་དཀྱིལ་འཁོར་ཡོད་པར་བསྟན་པ་དང་། རིགས་རྒྱུད་དྲུག་ཏུའང་བཤད་ཞེས་པ། ངོ་བོ་དང་འཕྲིན་ལས་དང་ལོངས་སྤྱོད་ཆེན་པོ་ལས་མཚན་བཏགས་པའི་སྟོན་པ་རྡོ་རྗེ་འཛིན་པའི་རྒྱུད་འཆད་པའི་བྱེད་པ་པོའི་ཕྱིར་བཤད་ཆེས་པར་འགྲེལ་ཏོ། །ཅི་ཞིག་ཞེ་ན་རྣལ་འབྱོར་དང་པོའི་དོན་འགྲོ་དྲུག་རིལ་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ཉིད་ཡིན་པ་ནི་རིགས་ཀྱི་ཕྱི་ཉིད་དོ། །སྡུད་པས་གྲངས་འདོད་པ་ནི་ཆོས་ཉིད་དང་ཆད་པ་ནི་མི་མཐུན་པའི་སྒྲས། རྣམ་པར་མ་ངེས་ཁྱབ་པ་དང་། །མེད་པའི་ཕྱིར་དོར་ཏེ། དྲུག་དུ་གསུངས་པའོ། །དྲུག་གི་ལྔ་རྣམས་ནི་སྐབས་ཀྱིས་ལམ་དང་འབྲས་བུ་གཉིས་གར་འགྱུར་རོ། །རྣལ་འབྱོར་ཐོག་མ་བསྟན་པའི་ཕྱིར། །དེ་ལ་ཆོས་ཉིད་ཀྱི་རིགས་ནི་ཀུན་ལ་ཁྱབ་པར་ཡོད། ཞེས་པ། བསྙེབས་པས་འགན་པ་ནི་བརྒྱད་དྲུག་གི་རིགས་ལས་ཆོས་ཉིད་ཀྱི་རིགས་སྟོན་པ་སྟེ། ངེས་ཚིག་བཤད་ཟིན་ཏེ། ངོ་བོ་དངོས་པོ་གཉིས་པ་རིལ་འདི་ཉིད་ཀྱི་ཕྱིར་རྟེན་དང་རྟེན་ཅན་མ་ཡིན་པའི་མིང་ངོ་། །དེ་མཚོན་པ་ནི་ནམ་མཁས་ཀྱང་ཀུན་ལ་ཁྱབ་པར་གནས་སོ། །ཞེས་སོ། །སྣང་སྲིད་ལམ་བསྒོམས་པར་ཁྱབ་པའོ། །དེ་ལྟར་ཆོས་ཀྱི་དབྱིངས་དང་ནམ་མཁའ་ཀུན་ལ་ཁྱབ་ཀྱང་། མངོན་པར་ཐར་བའི་དོན་མ་རྟོགས་ན་མེ་ལོང་གཡས་གཡོགས་པ་དང་འདྲ་སྟེ། གཟུགས་བརྙན་སྣང་བའི་བྱ་བ་བྱེད་མི་ནུས་སོ་ཞེས་གསུངས་ནས་ཞེས་པ། དཔེ་ནམ་མཁའ་ལྟར་དོན་ཡེ་ནས་སངས་རྒྱས་པ་ནི་དངོས་པོ་གནས་ལུགས་སོ། །མི་མཐུན་པ་ནི་བདེན་པ་འགྲོ་བ་རྣམས་ཀྱིས་རྟག་ཏུ་མཐོང་ཡང་ངེས་པར་མ་བྱས་པ་ནི། མ་རྟོགས་པ་སྟེ་དེ་ལ་འཁོར་བའི་རྒྱུ་ཞེས་འདོགས་སོ། །དེ་བས་ན་ཆོས་གཉིས་ཀྱིས་མེ་ལོང་དང་མཐུན་ཏེ་འབྲས་བུ་ཐོབ་པའི་ནུས་པ་མེད་པའོ། །འོན་ཀྱང་དེ་ཉིད་ན་མཐའ་རྣམས་མི་སྙེད་པ་ནི་གང་ཡང་མ་སྤངས་ཀྱང་མ་འདྲེས་པས་རིག་གཅིག་ཏུ་བགྲང་བར་ཡང་མི་འགལ་ལོ། །སྟོན་པས་བཀའ་གསལ་བ་ནི་ཆོས་ཉིད་ཀྱི་རིགས་དང་པོར་བརྗོད་པའོ། །བྱེད་པ་ནས་རྩོམ་པ་ལ་འཇུག་པའི་ཚིག་གི་འབྲེལ་བ་ནི། ལམ་གྱི་རིགས་རྣམས་གསུང་བར་འགྱུར་བ་སྟེ། །གཞིའི་ཕྱིར་དང་། མངོན་དུ་བརྒྱུད་མ་བརྒྱུད་ཀྱིས་བྱེད་པ་དང་། །དབྱེ་ཞིང་སྐྱེ་སའི་རྒྱུ་དང་། ཉེས་པ་ངོ་ཤེས་པར་བྱེད་ཕྱིར་ཚིག་གྲལ་ངེས་པའོ། །ལམ་དམ་པའི་རིགས་ཉིད་གང་སྙམ་པ་ལ། །ཡང་འདི་སྐད་ཅེས་རྡོ་རྗེ་འཆང་གིས་མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐམས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས་ཞེས་པ། རྣན་པ་སྐད་ཟེར་བ་ནི་སྟོན་པས་རིགས་རྒྱས་པར་གསུངས་པ་སྟེ། དང་པོར་ལམ་ཆེན་པོ་ཉིད་གསུང་པ་དེའང་གོ་རིམས་བསྒྱུར་བ་སྟེ། དཔེ་ཇི་ལྟ་བར་མངོན་དུ་བྱས་པའི་རིག་པ་ཉིད་ཐམས་ཅད་ཀྱི་དངོས་གཞིའི་ཕྱིར་དང་། དེ་མཐོང་བར་བྱེད་པའི་ཐབས་ཀྱི་རྒྱུད་དུ་ལམ་ཐུན་མོང་བ་རྣམས་འདུས་པ་སྟེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཀྱི་ཕྱིར་རོ། །འདི་ཉིད་མངོན་དུ་བྱས་པའི་ཐབས་ཆེན་པོ་གདུལ་བྱ་ལ་ཅི་ཡང་སྣང་བ་ནི་སངས་རྒྱས་ཀྱིས་དམ་པའི་ཕྱིར། འབྲས་བུའི་རྣལ་འབྱོར་ཀྱང་ཡིན་ལ། །ལྟ་སྤྱོད་ངོ་བོ་གྲུབ་མཐའ་ལ་སོགས་པ་ཁྱད་པར་ཅན་གྱི་ཕྱིར་བླ་ན་མེད་པ་ཆེན་པོའི་རིགས་སོ། །ཐེག་པ་མཆོག་ཐམས་ཅད་ཀྱི་རྒྱུ་འབྲས་སུ་གྱུར་པའི་དོན་གྱིས་དགྱེས་པའི་ཕྱིར། ཨ་ཧོ་ཞེས་གསུངས་སོ། །ཐུན་མོང་གི་ལམ་རྒྱུའི་ཐེག་པ་ཆེན་པོའི་རིགས་བསྟན་པའི་ཕྱིར། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པའི། །ས་བཅུ་རིམ་གྱིས་བསྒོམ་པའི་རྣལ་འབྱོར་པས། །སངས་རྒྱས་སར་འགྲོ་གོ་འཕང་ཐོབ་པའི་ལམ། །བདེན་པ་གཉིས་ཀྱིས་རབ་ཏུ་ཐོབ་པར་འགྱུར། །ཞེས་པ། ཐེག་པ་ཆེན་པོའི་ལྟ་བ་དང་། །ཀུན་རྫོབ་ཏུ་སྤྱོད་པ་བཅུ་མཐར་ཕྱིན་པར་བྱས་པའི་འབྲས་བུ་ས་བཅུ་བསྡུས་ནས། ལམ་གསུམ་དང་ལྔས་ལྷན་ཅིག་སྐྱེས་པའི་ཤེས་བྱ་སྤངས་ཏེ། སངས་རྒྱས་དང་པོ་ཐོབ་པ་ནི། འདིའི་ལམ་ཡང་ཡིན་ལ། དེ་ཉིད་ཀུན་རྫོབ་དང་དོན་དམ་པར་ཤེས་པ་དང་གོམས་པ་སྙེད་པས་གྱུར་པའི་རིགས་སོ། །རང་རྒྱལ་བའི་རིགས་གང་སྙམ་པ་ལ། ཕྱི་ནང་རྟེན་འབྲེལ་སྒྱུ་མ་དམིགས་གཡོར་ཚུལ་ཤེས་པ། །དངོས་པོ་ཐོགས་མེད་གཟུགས་ལ་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། །བྱང་ཆུབ་སར་འགྲོ་ཡིད་བཞིན་བདེ་བའི་མཆོག །ཞེས་པ། རྟེན་འབྲེལ་གཉིས་ནི་ཡུལ་མི་འགྲུབ་འདོད་པའི་འཇུག་སྒོའོ། །ཚུལ་ནི་ཐོག་མར་ལྔའིའང་གཟུགས་ཀྱི་ཕུང་པོ་དེའི་སྒོ་ནས་དཔྱོད་པར་བྱེད་པའང་ལྔ་པར་ཉན་ཐོས་ཀྱི་ཚེ་གོམས་པས་སློབ་དཔོན་ལ་མི་རྟེན་པར་རྗེས་ཐོབ་ཀྱི་ཤེས་པས་མངོན་དུ་བྱས་པས། གནས་སྐབས་ཀྱི་ཡིད་བཞིན་བདེ་བ་མཆོག་གི་ས་ཐོབ་སྟེ་རྫུ་འཕྲུལ་དང་ལྡན་པའི་རིགས་སོ། །དེ་དང་དེ་ནི་དམིགས་པ་ཆེན་པོ་ལ་སོགས་པ་བདུན་གྱིས་འཕགས་ལ། ཆུང་ངུ་གཉིས་ཀྱང་ལྟ་སྤྱོད་འབྲས་བུ་སྤྱོད་ཚུལ་གྱིས་འཕགས་པའོ། །ཉན་ཐོས་ཀྱི་རིགས་གང་སྙམ་པ་ལ། བདེན་བཞི་དོན་རྟོགས་རབ་ཏུ་སྤོང་བ་ཡིས། །ཡེ་ཤེས་བཅུ་དྲུག་ཆ་སྦྱངས་རབ་ཞི་བ། །རྒྱུན་ཞུགས་ལ་སོགས་རིམ་པར་སྦྱངས་ནས་ནི། ཉོན་མོངས་དགྲ་རྣམས་རབ་ཏུ་ཞི་བའི་སར་དུ་འགྲོ། །ཞེས་པ། སྔུག་བསྔལ་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་སྒོ་ནས་ཆོས་བཅུ་དྲུག་གི་དབྱེ་བ་ནི་འཇུག་སྒོ་སྟེ། གཞི་དེ་ལ་ཁམས་གསུམ་གྱི་ཉོན་མོངས་མཐོང་སྤང་གཉིས་སྤོང་ཚུལ་ཡེ་ཤེས་བཅུ་དྲུག་ལ་ཤེས་པ་དང་བཟོད་པར་བརྒྱད་དང་རྗེས་ཐོབ་བརྒྱད་ཀྱིས་ཁམས་གོང་འོག་གི་མཐོང་བ་རྩ་བ་དྲུག་ལས་ཕྱེ་སྟེ་སྤོང་བ་ནི་རྒྱུན་ཏུ་ཞུགས་པའི་རྒྱུ་འབྲས་གཉིས་སོ། །ཕྱིར་འོང་བ་དང་མི་འོང་བ་དང་དགྲ་བཅོམ་གསུམ་གྱིས་བསྒོམ་ལམ་གྱི་ཉོན་མོངས་པ་འཕྲ་བ་སྤོང་བའང་གཉིས་ཀྱིས་འདོད་ཁམས་ཀྱི་འཕྲ་བ་སྤང་ལ། གཅིག་གི་གོང་མ་གཉིས་ཀྱི་སྤོང་བར་འཆད་དེ། དེས་མཐར་ཞི་བའི་མྱ་ངན་ལས་འདས་པ་དྲུག་གི་འང་མཆོག་མངོན་དུ་བྱེད་པ་དག་ནི་བྱིས་པའི་ཤེས་པ་དག་གོ། །རིགས་མ་ངེས་པ་གང་སྙམ་པ་ལ། ཐེག་པ་གང་དུ་བསྟན་པར་མ་ངེས་པའི། །ཡང་ན་ཀུན་ལ་མཐུན་པར་འབྱམ་པར་འཇུག །ཞེས་པ། སྐྱེ་བོའི་ས་ཕྱོགས་ལ་སྦྱངས་པའི་ངེས་པ་མ་ཡིན་པ་ཉིད་ཡིན་པ་དང་། མི་མཐུན་པ་ནི་སྐྱེ་བོ་སྦྱངས་པ་ཕྱོགས་མེད་པའི་སྐལ་པ་སྒོ་ཀུན་ནས་བསྡུ་བར་སློབ་པའི་སྐལ་པ་ཅན་ཉིད་ཡིན་པ་དང་། ཡང་ན་ངེས་མེད་འདི་ཞེས་བསྟན་པ་མེད། །འདི་ནི་མ་ངེས་རྡོ་རྗེ་འཆང་གིས་གསུངས་ཞེས་པ། མི་མཐུན་པ་ནི་འཇིག་རྟེན་ཕྱལ་བའོ། །ཀུན་གྱི་སྐལ་བའི་འཕྲོ་ཅན་རྐྱེན་ལ་རག་ལས་པའི་ཕྱིར། སེམས་སྐྱེས་སྟེ་རིགས་ངེས་པ་ཅན་དུ་མི་ཟིན་དེ་རྒྱུན་དང་། ཕྱལ་པ་དང་རིགས་མ་ངེས་པ་ནི་གསུམ་ཡིན་པར་སྟོན་པ་གཉིས་ཀྱིས་བཀའ་གསལ། ལྷ་དང་མིའི་རིགས་གང་སྙམ་པ་ལ། །དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མིར་ནི་སྐྱེ་བའི་རྒྱུ་ཞེས་པ། རྣམ་པར་དཀར་གནག་ལས་ལེགས་ཉེས་དང་སྦྱོར་བའི་དོན་གྱིས་དགེ་སྡིག་སྟེ། བཅུ་བཅུའི་ས་སྤང་བ་ཚབས་ཆེ་ཆུང་དང་དག་མ་དག་གིས། བཅུ་གཉིས་ཀྱི་མི་དང་དྲུག་གི་ལྷར་སྐྱེ་བ་ནི་ལྷན་ཅིག་བྱེད་པའི་རྒྱུ་སྟེ་རྐྱེན་དང་ཐུན་མོང་པའོ། །ཟླ་ཟློག་ནས་གནས་ཐ་མ་མུན་པ་པ་དང་། ཀུན་གདུང་བ་དང་། ཡ་ང་བའི་རྒྱུ་རྐྱེན་དུ་གྱུར་པ་སྟེ། །དེ་སྤངས་པས་ཐོབ་པའི་ས་ནི་ལམ་སྟེགས་སོ། །ཚད་མེད་བཞི་སྤྱོད་མི་གཡོ་བསྒོམ་བྱེད་པ། །ཚངས་གནས་ལས་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་པ། བྱམས་པ་དང་སྙིང་རྗེ་དགའ་བ་དང་། བཏང་སྙོམས་དག་རེ་རེའང་བཞི་བཞིར་འགྱུར་བ་ལས་འདིར་འཇིག་རྟེན་པའི་ཚད་མེད་པ་བཞི་གཏོད་པ་ཅན་ཏེ་ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་པས་ངེས་ཚིག་འགྲུབ་བོ། །དེ་ཉིད་བསྒོམ་པ་བསམ་གཏན་བཞིའི་ཏིང་ངེ་འཛིན་མི་གཡོ་བའི་ལས་ཀྱིས་བཅུ་གཉིས་བཅུ་བདུན་གྱི་ལྷའི་རིམ་པར་སྐྱེའོ། །འབྲས་བུའི་དངོས་པོ་གཞན་བསྡུ་བ་ནི་བཤད་པ་དང་། གཟུགས་མེད་པའི་ཁམས་བཞི་སྟེ། སྙོམས་པར་ཞུགས་པ་བཞིའི་ལས་མི་གཡོ་བས་འགྲུབ་པ་ཁོ་ནའོ། །རིགས་ཆད་པ་ཤེས་པར་བྱ་བའི་ཕྱིར། །ཆོས་ཀྱི་དབྱིངས་ཀུན་ལ་ཁྱབ་འགྱུར་ཡང་། །ཞེས་པ། ངོ་བོ་ཉིད་ཀུན་ཀྱང་ཆོས་ཉིད་ཀྱི་རིགས་ཡིན་པའོ། །མི་མཐུན་པ་ནི་ཐབས་དང་བྲལ་བས་ངེས་པར་མ་བྱས་ཏེ་ལྟུང་བར་སྟོན་པའོ། །རང་རིག་རྟོགས་པའི་སྐལ་དང་མི་ལྡན་ན། །ཇི་ལྟར་རྨུས་ལོངས་མདུན་དུ་མདོག་བསྟན་བཞིན། །འདི་ནི་སྐལ་མེད་རིགས་ཆད་ས་ཡིན་ནོ། །ཞེས་པ། འཆད་པའི་རྒྱུ་མ་རིག་པ་གཉིས་ཀྱིས་ཤེས་རབ་སྤྱན་མདོངས་ནས། དཔེ་ཇི་ལྟར་བ་ཡེ་ནས་ལོག་པས་རང་རྒྱུད་དུ་གོལ་བ་ནི་ཆད་པའི་ས་པ་སྟེ། རྩ་བ་ཡན་ལག་ཉམས་པ་ལས་ཀྱང་འབྱུང་སྟེ་ཡུན་རིང་དུ་འགྱངས་བ་ཙམ་ལ་བརྗོད་པའོ། །གདུལ་བྱའི་སྣང་བ་བསྟན་པའི་ཕྱིར། །ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་པ་ཡིས། །བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང་། །སོ་སོ་རང་རིག་བློ་ལ་སྣང་བར་ཟད་ཞེས་པ། །རང་བཞིན་གྱི་གཏན་ཚིགས་ཀྱིས་ཐེག་པ་མཐོ་དམན་གྱི་བསྟན་པ་བཀའ་གསལ་བར་སྣང་བ་ཡང་། ཆེད་དུ་རྩོལ་བར་ཐལ་བ་མེད་དེ་གསུང་ལྔ་ལྷུན་གྲུབ་ཀྱི་རླབས་འཚམ་བར་སྣང་བའོ། །འཁྲུལ་པའི་སྣང་བ་བསྟན་པའི་ཕྱིར། །ངན་སོང་འགྲོ་དྲུག་སྣང་ཚོགས་རྒྱུ་བ་ཡང་། །འཁྲུལ་པའི་བློ་རྟོག་པ་ཉིད་སྣང་སྟེ། ཞེས་པ་གསུམ་དང་དྲུག་གི་སེམས་ཅན་ཕྱི་ནང་དུ་སྣང་བ་ནི་རང་རྒྱུད་པ་མེད་དེ། སྤྱི་ལ་རང་གི་མཚན་ཉིད་དུ་མཐོང་བ་ཉིད་དོ། །འོ་ན་དེ་ཁོ་ན་ཉིད་ནི་འགྱུར་བས་མ་ངེས་སོ་སྙམ་པ་ལ། དེ་བཞིན་ཉིད་ཀྱི་དབྱིངས་ལ་འགྱུར་བ་མེད། །ཞེས་པ། ངོ་བོ་ཉིད་ཀྱི་རྟག་པའི་ཕྱིར་འཕེལ་འགྲིབ་དང་འཕོ་འགྱུར་མེད་པའོ། །དེ་ལྟར་རྟོགས་གོམས་པ་ཉིད་མཐོང་སྒོམ་གྱིས་ལམ་གྱིས། མངོན་དུ་བྱས་པའི་འབྲས་བུ་མཐར་ཐུག་པའང་དེ་ཉིད་ཡིན་པའི་ཕྱིར། མི་དམིགས་རང་རིག་གོམས་བྱས་བླ་ན་མེད་པའི་མཆོག་ཞེས་གསུངས་སོ། །ཆད་པའི་རྒྱུ་བསྟན་པའི་ཕྱིར་ལོག་རྟོག་བདག་དང་བདག་གིར་འཛིན་འགྱུར་ན། དངོས་མེད་མི་སྡུག་སྣ་ཚོགས་སྣང་བར་འགྱུར། །ཞེས་པ། གཟུང་འཛིན་མཐུ་རྟས་པས་ངོ་བོ་ལ་མེད་ཀྱང་བདེ་སྡུག་ཇི་སྙེད་པ་མྱོང་བར་འགྱུར་བའོ། །དེ་བས་ན་ལྟ་བ་དང་བྲལ་བས་ཁམས་གསུམ་སངས་རྒྱས་ཀྱི་ས་ལ་ཞེན་པས་བསླང་བས་འཁོར་བར་མཐོང་བའི་ཕྱིར། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་བར་གཤེགས་ཀྱང་ངན་སོང་གནས་སུ་མཐོང་། །ཞེས་གསུངས་སོ། །སྐྱེས་བུའི་ཡུལ་བསྟན་པའི་ཕྱིར། ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ནི། །ངན་སོང་གནས་ཉིད་འོག་མིན་དགའ་ལྡན་གནས། །ཞེས་པ། གང་དང་གང་འཚམས་པ་དང་སྤངས་ཐོབ་མེད་པར་མཐར་ཕྱིན་པའི་ཕྱིར་མིང་འགྲུབ་པ་སྟེ། ལྟ་སྤྱོད་ལས་སོགས་པའི་རྩལ་ཁྱད་པར་དུ་འཕགས་པས་དབྱེ་གསལ་མེད་པའི་དོན་མཐོང་ནས། ལོག་པའི་ཡུལ་ཉིད་ཡང་དག་པའི་གནས་སོ། །དེ་བས་ན་བཀྲ་ཤིས་མ་དང་སྣ་ནག་པའི་བུད་མེད་ལྟར་ལོག་པ་དང་མ་ལོག་པ་ནི། ཡུལ་ཅིག་རིག་མ་རིག་གིས་ཕྱེ་བ་ཙམ་པས་རིགས་སོ་སོར་གྱུར་པའོ། །འོ་ན་རང་རྒྱུད་ཀྱིས་གཉིས་པར་འགྱུར་ཏེ་བཟང་ངན་ཡོད་མེད་དེ་སྙམ་པ་ལ། ནམ་མཁའི་དབྱིངས་ནི་བསམ་ཡས་པར་ཅེས་པ། །དག་དཔེར་བསྟན་ཏོ། །མི་དམིགས་ཆོས་ཀྱི་དབྱིངས་ནི་བསམ་ཡས་པར་སྐུ་གསུང་ཡོན་ཏན་འཕྲིན་ལས་རྨད་འབྱུང་དང་། འཇིག་རྟེན་གཙོ་མཆོག་སྣ་ཚོགས་ཐམས་ཅད་དང་། །ཞེས་པ་ལས་སོགས་པ། རང་གི་ངོ་བོ་རྣམ་པ་མ་སྤངས་བྲལ་བས་གཟུང་དུ་མི་བཏུབ་པ་ཉིད་རིལ་གྱི་འབྱུང་གནས་མུ་མཐའ་མེད་པའི་ངང་ལས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐ་དད་དུ་རྟོག་པ་གཉིས་ཀྱིས་སྣང་ངོ་། །མི་མཐུན་པ་ནི་ངོ་བོ་ལ་གཉིས་མ་གྲུབ་པས། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ལ་འཕེལ་འགྲིབ་མེད་པའི་ཕྱིར། འཁྲུལ་འཁོར་སྡུག་བསྔལ་སྣ་ཚོགས་རྣམ་མང་ཡང་། །དེ་བཞིན་ཉིད་ལ་ཞུ་ཞིང་བྲི་བ་མེད། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ཐམས་ཅད་ལ་ཆོས་ཉིད་ཀྱི་རྒྱུ་ཡོད་པ་དང་། རིགས་ཆད་པ་དང་། རིགས་བརྒྱད་སོ་སོར་ཕྱེ་བའི་མདོ་བཤད་པའི་ལེའུ། ཞེས་པ། གཉིས་ངེས་པར་ཟླས་དབྱེ་བ་དང་བཅས་པར་བསྟན་པའི་ཕྱིར་དྲུག་པོ་མ་ཡིན་པར་མངོན་ཏེ་དྲུག་དང་བརྒྱད་དོ། །དེ་དག་རྒྱས་པར་མ་བཀོད་དེ་ངོ་བོ་ཙམ་བཤད་པའོ། །ཨ་ནི་རིགས་ཅིར་སྣང་ཡང་རིག་གཅིག་པའི་ངོ་བོར་སྟོན་པའོ། །ལེའུ་གཞི་པའི་སྤྱན་རྣམ་པར་འགྲེལ་པའོ།། །།རྒྱུད་ཀྱི་རྒྱུ་དང་དཀྱིལ་འཁོར་ཐུན་མོང་དུ་བསྟན་པའི་ཕྱིར། ལེའུ་ལྔའི་སྤྱན་རྣམ་པར་དབྱེ་བ་ལ་བརྩམས་པར་འཇུག་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ལ་ཞུགས། ཞེས་པ་སྟོན་པ་དང་འཁོར་དབང་ཐོབ་པ་རིལ་གཅིག་ཏུ་མ་ལས་གྲོལ་བའི་བདག་ཉིད་དུ་བཞུགས་པའོ། །བྱེད་པ་ནི་བདག་ཉིད་ཆེན་པོའི་མཆོད་པ་མཛད་པའོ། །འཁོར་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་། །ཉིད་ལ་ཉིད་མཉེས་པས་མཆོད་ཅིང་ཀུན་ཏུ་བཟང་པོ་དགྱེས་ཏེ། ཞེས་པ། ཉིད་ལས་མི་གཞན་པའི་རྒྱལ་བ་དང་སེམས་དཔའ་ལས་སོགས་པ་རྡུལ་སྙེད། རྒྱུད་དག་པ་ལ་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་འཁོར་ལྟར་སྣང་བ་དང་། འཁོར་ཉིད་ཡིན་པར་རོལ་ལོ། །རྗེས་སུ་མཐུན་པ་ནི་མཆོད་པ་བྱེད་པ་སྟེ། འཁོར་དབང་ཐོབ་པས་རང་བཞིན་སྒྱུ་འཕྲུལ་དྲ་བ་མངོན་དུ་བྱས་པས་སྟོན་པ་སྤྱིའི་གཟུགས་ཅན་ཉིད་དང་ཐ་མི་དད་པར་འགྱུར་བ་ནི་སོ་སོར་ཉིད་མཉེས་པའང་ཡིན་ལ་མཆོད་ཆེན་གནས་སུ་སྟོབས་པའང་ཡིན་པའི་ཕྱིར་མཆོད་པས་དགྱེས་པར་སྣང་བ་གདུལ་བྱའི་སྣང་བའོ། །ལྷག་མ་ནི་གནས་སུ་བཞུགས་ནས་ཆོས་སྟོན་པར་འབྱུང་བའོ། །གཞན་དུ་ན་རྒྱ་མཚོ་ལས། ས་ཡ་བཅུ་གསུམ་གཉིས་ཀྱི་ལྷ། །ཐིག་ལེ་ཆེན་པོར་འདུས་པའི་ཚེ། །སེམས་མཐའ་ལྡོག་པས་གོ་ཕྱེ་ནས། །གནས་སུ་སོན་ཚེ་རང་བཞིན་འཁོར། །རང་རང་བདེ་བས་རང་མཆོད་ཚེ། །རིགས་བདག་ཉིད་དང་གཉིས་མེད་ཕུལ། །བདེ་བ་ལྔ་ལས་ཁྱད་འགྱུར་ཕྱིར། །དགྱེས་པ་ཆེན་པོའི་མཆོད་པ་བརྗོད། །ཞེས་གསུངས་སོ། །ཕྱོགས་བཅུ་དུས་བཞི་མ་ལུས་པ་ཐམས་ཅད་ཀྱི་བཞུགས་གནས། གཞལ་མེད་ཁང་རིན་པོ་ཆེ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ། ཚད་དཔག་ཏུ་མེད་པ། རྒྱས་པ་མཐའ་དབུས་མེད་པར་ཁྱབ་ཅིང་། །འོད་ཟེར་སྒྲིབ་པ་མེད་པར་རང་འབྱུང་བ་ལ། །ཞུགས་གནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཞེས་པ། དུས་གསུམ་རྒྱལ་བ་རིལ་གྱི་བཞུགས་གནས་ཀྱི་ངོ་བོ་དང་། རྒྱུ་དང་། རྒྱན་དང་། རྩེ་མོ་མཐོ་དམན་གྱི་དབྱིབས་དང་། །ཁྱོན་དང་། མཚན་ཉིད་དང་། འོད་ཟེར་སྣ་ཚོགས་སུ་སྣང་བ་ནི་རྒྱུ་རྐྱེན་རྣམ་པར་ཆད་པས་རིག་པ་རང་སྣང་བའི་ཕྱིར། བདེན་པ་རེས་འཇོག་ཏུ་ཐལ་བ་མེད་དོ། །ཅི་བྱེད་ཅེ་ན་འཁོར་གྱི་ཆེད་དུ་རྒྱུད་ཀྱི་རྒྱུ་དང་། དཀྱིལ་འཁོར་སྟོན་པར་མཛད་པའོ། །གཞན་དུ་སྒྱུ་འཕྲུལ་ཐལ་བའི་རྒྱུད་ལས། གསང་བའི་ཐིག་ལེ་སྐུ་མཆོག་དེས། །རྒྱལ་བ་དུས་གསུམ་གཞུགས་པའི་གནས། །ལས་དང་ངོ་བོས་ཚད་མེད་པའི། །ཡོན་ཏན་ཀུན་འབྱུང་བརྗོད་མི་ལང་། །གཉིས་དྲུག་བརྒྱད་གཅིག་སོར་ཉུངས་སྤགས། །བཅུ་དྲུག་བཅུ་གཉིས་ཉི་ཤར་གསལ། །དེ་ཉིད་འདྲེས་བཞུགས་སྟོན་པ་ཉིད། །ནང་ཞུགས་ལས་ཀྱིས་སྣང་བར་བྱེད། །ཞེས་གསུངས་སོ། །གནས་གྱི་རྒྱུ་རྐྱེན་ཚང་བས་གཞལ་ཡས་ཁང་དུ་ལོངས་བར་བྱེད་པ་ནི་ལེའུའི་མཚན་ཀྱང་འགྲུབ་པའི་དོན་བཤད་པ་ལས་ཚད་བསྟན་པའི་ཕྱིར། ཉིད་ཀྱི་དབྱིངས་ཉིད་འཕྲོ་བ་ཚད་དཔག་མེད་ཞེས་པ། ཀུན་ཏུ་བཟང་པོ་སྟོན་པའི་བདག་ཉིད་ཡེ་ཤེས་དྲུག་པའི་ངོ་བོ་ལས་གཞན་བཅས་པ་ནི་ཁྱད་པར་འདོད་པ་སྟེ། དེ་ཉིད་གདུལ་བྱ་ལ་འོག་མིན་ཆེན་པོར་སྣང་བ་རྩེ་མོ་རྒྱལ་བའི་སྤྱི་གཙུག་ལྟ་བུའོ། །མཚན་ཉིད་ནི། ཀུན་ལས་དཀྱིལ་འཁོར་ཡོངས་སུ་མ་ཆད་པའི། །ཞེས་པ། རང་རིག་གིས་ཕྱོགས་ཀུན་ཏུ་ཕྱིན་པ་མེད་པར་ཁྱབ་པའི་ཕྱིར་རོ། །དེ་སུས་གཟིགས་ཞེ་ན། སྲིད་གསུམ་ཡང་དག་མཉམ་སྦྱོར་སྤྱོད་ཡུལ་ཏེ། །ཞེས་པ། དེ་ཡུལ་མེད་པར་གསལ་བ་ནི་རྒྱལ་བ་ཉིད་ཀྱི་ཡུལ་ལ། དེ་ཡུལ་དུ་མཐོང་ན་ནི་སློབ་པ་ངང་མི་སློབ་པའི་བྱེ་བྲག་གིས་འཁོར་གཉིས་ཀྱི་ཡུལ་ལོ། །རྒྱུ་བསྟན་པའི་ཕྱིར། མཚན་འཛིན་འདས་པའི་མཆོག་གི་རྒྱུ་ལས་བྱུང་ཞེས་པས། མཚན་མ་གཉིས་ཀྱི་ཞེན་པ་ལས་གྲོལ་བའི་ཡེ་ཤེས་དྲུག་ལ་ནི། ལྷུན་གྲུབ་ཉིད་ཀྱི་ཕྱིར་གནས་སུ་རང་སྣང་བ་ཁོ་ནའོ། །སྟོན་པ་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། །དབང་སྒྱུར་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་གཤེགས་པ་ཞེས་པ། སྐད་ཅིག་མས་གོ་ཕྱེ་བ་མེད་པར་ཅིར་ཡང་སྣང་བའི་ཡེ་ཤེས་ཆེན་པོ་མཐའ་དང་བྲལ་བ་ཉིད་ནི་ཀུན་བཟང་པོ་ཉིད་དེ། སྤྲུལ་པ་རང་འབྱུང་གི་སྟོན་པ་དང་། རྒྱལ་ཚབ་རྒྱུད་ཀྱི་སྟོན་པ་དང་། །ལུང་བསྟན་རྒྱུད་ཀྱི་སྟོན་པ་དང་། །མངའ་དབང་རྫོགས་པའི་སྟོན་པ་དང་བཞི་ལས། འདིར་མཐའ་མ་ཉིད་དོ། །དེ་གང་དུ་ལྟར་བཞུགས་ཤེ་ན། འོག་མིན་གནས་བཞུགས་ནས་ཞེས་པ། །གསང་བའི་འོག་མིན་དང་། བསྒྲངས་བའི་འོག་མིན་དང་། བརྟགས་པའི་འོག་མིན་དང་། དོན་གྱི་འོག་མིན་དང་། ཡེ་ཤེས་ཆེན་པོའི་འོག་མིན་དང་། འོག་མིན་ཆེན་པོ་ལས། གདུལ་བྱའི་སྣང་བ་ཐ་མ་ཉིད་དུའོ། །བཞུགས་ཚུལ་ནི་འཁོར་རྣམས་དང་། ལྷན་ཅིག་པ་དང་། གནས་གཅིག་པ་དང་། དགོངས་པ་གཅིག་པར་བཞུགས་འཁོར་གྱིས་ཆ་བྱེ་བས་སོ། །ཉིད་ནི་དཀྱིལ་མོ་བཞིའི་ཚུལ་དུ་བཞུགས་ཏེ། བྱེད་པ་ནི་ཆོས་སྟོན་པའོ། །འཁོར་གང་སྙམ་པ་ལ། གཟུང་འཛིན་བྲལ་བའི་བླ་མེད་རྗེས་འདོད་དང་། །ཞེས་པ། ལོག་པ་དང་ཡང་དག་པའི་ཆེད་དུ་བྱ་བའི་སྤྱོད་ཡུལ་ལས་གྲོལ་བ་ནི། རྣམ་པར་ཤེས་པའི་རྒྱལ་པོ་ལ་སོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་མཐར་ཕྱིན་པའོ། །ས་ཆེན་པོའི་རྗེས་སུ་དེ་མ་ཐག་པར་བྱུང་བ་རྒྱུ་སོ་སོའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྡུལ་སྙེད་རྣམས་སོ། །འཇིག་རྟེན་འཁོར་གྱི་གཙོ་འོས་བསྐུར་དབང་ཕྱུག་དང་། ཞེས་པ་ཆོས་ཀྱི་འབྲེལ་པ་དང་པས་གཏམ་ཉན་པར་འདུས་པའི་འཁོར་མཐར་ཕྱིན་པའི་ལམ་པའོ། །གཞན་ཡང་འཇིག་རྟེན་ཡང་འཇིག་རྟེན་ཕྱོགས་བཅུའི་ཁམས་གནས་པ། ཞེས་པ། གོ་ཕྱེ་བའི་འཁོར་དྲུག་དང་ལམ་གཉིས་ལ་གནས་པ་རྣམས་སོ། །བསྟན་པའི་ཡོན་ཏན་ནི། བདུད་རྩི་རོའི་དགའ་བའི་བདེ་ཆེན་འགྲུབ། ཞེས་པ། ཆོས་ཀྱི་བདུད་རྩིས་དགྱེས་པ་ཆེན་པོ་མངོན་དུ་བྱས་པ་ནི་ལྷན་ཅིག་པའོ། །ཐོས་པ་དང་སྒོམ་པ་དང་། གནས་པས་གྲུབ་པ་ནི་འཁོར་གཅིག་ཤོས་པ་རྣམས་སོ། །དུག་གསུམ་དྲི་བྲལ་བདུད་སྡེ་ཚར་བཅད་པའི། །འདས་དང་མ་འདས་དེ་བཞིན་ཉིད་དུ་སྦྱོར། །ཞེས་པ། སྟོན་པའི་མཛད་པས་ཀུན་སྦྱོར་གསུམ་པོ་བཅས་ཅིང་གཅོད་པ་དང་། ཉོན་མོངས་པ་དང་། ཕུང་པོ་དང་། འཆི་བདག་དང་ལྷའི་བུ་རྣམས་དམ་ཚིག་དུ་འཆད་པ་ལྟར་བཅོས་ཞིང་འཇོམས་པ་དང་། རྩོལ་བ་མེད་པར་གདུལ་བྱ་ལས་དག་པ་གཉིས་དང་། མ་དག་པའི་རིལ་ཆོས་སྐུ་ཆེན་པོ་ལ་དགོད་པར་མཛད་པའོ། །རྗེས་འཇུག་དུ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་དབང་དུ་བསྟན་པའི་ཕྱིར། ཤེས་རབ་ཐབས་ལྡན་ངེས་པའི་དོན་འབྱུང་བ། །རིག་པའི་ཐབས་ཆེན་དབང་སྒྱུར་ཉིད་དུ་བསྒོམ་ཞེས་པ། གང་མི་དམིགས་པ་ཉིད་དུའང་ཞེ་བས་འདོད་པའི་སེམས་མེད་པའི་ལྟ་བ་དང་། དེ་ཉིད་བྱེ་བྲག་གི་ཆོས་སུ་མ་འགགས་པར་རང་ཤར་བར་རྟོགས་པ་སུ་ལ་ཡོད་པ་ལས། གཉིས་མེད་ཀྱི་འབྲས་བུ་འཆར་བར་འདོད་ན་དེ་ལྟར་རྟོགས་པའི་རིག་པ་ཉིད་མི་ཟད་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་དུ་སྣང་བས་ཡུལ་མེད་པར་གསལ་ལ་མི་གཡོ་བ་ནི། སྟོང་པ་ཉིད་དུ་བསྒོོམས་ནས་དོན་མཛད་པ་སྟེ། ཕ་བླང་བུ་ཡིས་བླངས་པ་ལྟ་བུའོ། །དེ་ལམ་པའི་དབང་དུ་སྒོ་གང་ནས་བསྒོམ་ཞེ་ན། སྟོང་སྨྱོན་མཚན་མེད་རང་བཞིན་འོད་གསལ་བའི་ཞེས་པ། རང་བཞིན་ཉིད་ནི་ངང་གིས་མཐའ་གསུམ་མེད་པ་དང་། རྒྱུ་འབྲས་དབྱེར་མེད་པ་དང་། དེ་ཁོ་ན་ཉིད་དུའང་མི་རྟོག་པར། རང་བཞིན་ཅིས་ཀྱང་མ་བསྒྲིབས་པའི་ངོ་བོར་གསལ་བས་དུས་གཅིག་ཏུ་བསྒོམ་པ་དང་། རིམས་ཀྱིས་བདག་དང་པོར་དེ་བཞིན་བསྒོམ་པ་དང་། དེ་ཉིད་དུའང་མི་འཛིན་པར་ཡེ་ཤེས་སྒྱུ་མ་བསྒོམ་པ་དང་། རང་རིག་འབྲས་བུའི་ངོ་བོར་བསྒོམ་པ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་དང་། རང་རིག་པའི་ཆོ་འཕྲུལ་བྱེ་བྲག་གི་ལྷར་གསལ་བ་སྤྲོས་པའི་ཏིང་ངེ་འཛིན་ནས་འཇུག་པའི་ཕྱིར་སྒོ་བཞི་པའོ། །ཟད་མེད་བསོད་ནམས་ཚོགས་ཀྱིས་བརྒྱན་པར་འགྱུར་ཞེས་པ། མཐོང་བསྒོམ་མཚན་ཉིད་གཉིས་ཀྱིས་མཐར་ཕྱིན་པས། །ཡུལ་དང་ཕུང་པོ་དང་ཁམས་ཀྱི་ཟག་པ་བྲལ་ནས་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པ་ནི་གོ་རིམས་བཞིན་ནོ། །གདན་ནི། རང་བྱུང་རིན་ཆེན་པདྨ་ཉི་ཟླ་རྒྱས་ལ་བཞུགས། །ཞེས་པ། སྐྱེ་བུ་ལྔ་རྩེགས། སེམས་དཔའ་ཡབ་ཡུམ་ནི་སུམ་རྩེག་གོ། །སྒོ་བ་ཉི་རྩེག་ཉི་མ་སྟེང་ངོ་། །ཐུབ་པ་པདྨའོ། །བྱེད་པ་པོ་ཡབ་ཡུམ་དཀྱིལ་འཁོར་གྱི་ཚེ་སུམ་རྩེག་གོ། །ཆོས་འཆད་པའི་ཚེ་ལྔ་རྩེག་གོ། །དེའི་ཚེ་ནི་མི་བསྐྱོད་པ་དང་བཞུགས་ཚུལ་ནི། སྒྱུ་འཕྲུལ་ཕྱི་མ་ལས། འཁོར་ལོའི་ལྟེ་བར་མི་འཇིགས་སྟེང་། །བདག་པོ་ཀུན་བཟང་འཁོར་རྣམས་ལ། །ཀུན་འབྱུང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་བསྐྱོད་རྒྱལ་བའི་མདུན་ན་གནས། །ཞེས་གསུངས་སོ། །གཙོ་བོ་ནི་ཤེས་རབ་ལ་སྤྱོད་པའི་ཕྱིར་དང་། ནང་གི་ཆུ་སྐྱེས་ཉི་མ་ལ་ཟླ་བ་ལ་བརྟེན་པའི་ཕྱིར། རི་འོང་ཅན་སྟེང་ན་གནས་སོ། །ཡུམ་རྣམས་ནི་ཟླ་ཟློག་གོ་ཞེས་འཆད་ན། །འཁྲིལ་སྦྱོར་གྱི་ཕྱིར་གཅིག་པར་ཡང་མི་འགལ་ལོ། །སྒོ་བ་དང་ཐུབ་པ་ནི་རང་གི་ལས་ཀྱི་ཕྱིར་ངེས་པ་གཞག་པ་ཁོ་ནའོ། །དེའི་སྟེང་དུ་སུ་ཞིག་ཅི་མཛད་ཞེ་ན། །རྡོ་རྗེ་མཉམ་ཉིད་ཐུགས་ཆུད་པའི། །མཉམ་རྫོགས་ཆེན་པོའི་ལྷུན་ལ་རོལ་པ་མཛད་ཞེས་པ། རྣམ་པ་ལྔའི་ཕྱིར། རྡོ་རྗེ་ནི་བདེན་པ་གསུམ་པ་ཉིད་དེ། །དེ་ཉིད་རང་རིག་པའི་མངོན་གསུམ་དུ་བྱས་པའི་སྟོན་པ་ནི། དངོས་པོ་གཉིས་ཆེ་ཆུང་མེད་པར་བཏར་ལ། །མི་འཛིན་པ་ནི་ལོངས་སྤྱོད་ཆེན་པོའོ། །སྐུ་དེ་དེ་ན་བཞུགས་པ་ནི་གདུལ་བྱའི་ངོ་བརྩན་པའོ། །སྟོན་པའི་རང་བཞིན་ཇི་ལྟར་ཞེ་ན། བདེ་གཤེགས་དབྱིངས་ཉིད་དེ་བཞིན་ཉིད་གནས་པ། །དུས་བཞི་རྒྱལ་བ་ཀུན་དང་མཉམ་པར་འུབ་ཞེས་པ། རྒྱལ་བ་དྲུག་པ་ཉིད་མཉམ་པའི་དབྱིངས་ཀྱི་ངོ་བོར་གནས་པ་ནི། སངས་རྒྱས་དུས་བཞི་པའི་སྤྱིའི་གཟུགས་ཅན་དུ་བཞུགས་པའོ། །ཐུགས་རྗེའི་བྱིན་གྱི་རླབས་གང་ལས་བྱུང་སྙམ་པ་ལ། དེ་ཉིད་ལས་བྱུང་བར་བསྟན་པའི་ཕྱིར། ཐམས་ཅད་འོད་གསལ་དཀྱིལ་འཁོར་ཐུགས་ཆུད་པའི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཆང་ལས་འབྱུང་། །ཞེས་པ། རང་འབྱུང་ཡེ་ཤེས་རང་བཞིན་དཀྱིལ་འཁོར་མངོན་དུ་བྱས་པས་མི་ཟད་རྒྱན་གྱི་འཁོར་ལོའི་མཚན་ཉིད་དུ་བཞུགས་པའི་སྟོང་ཉིད་འགྲོ་འོང་མེད་པར་ཐམས་ཅད་སྣང་བའོ། །དེའི་ཡུལ་གྱི་ཚད་བསྟན་པའི་ཕྱིར། །སྤྱོད་ཡུལ་ཕྲོག་མེད་བརྗོད་ཀྱིས་མི་ལང་བའི་ཞེས་པ་རྣམ་པའི་ཆོས་རྣམས་སུ་རང་གསལ་བ་ནི། ཡུལ་ཤེས་གཉིས་མེད་པའི་ཕྱིར། ཀླན་ཀ་མི་རྙེད་པ་ནི་ཚིག་གིས་ཀྱང་ཕེབས་པར་དཀའ་བའོ། །སུ་ལ་ཞེ་ན། ཐུགས་རྗེའི་དབང་གིས་འགྲོ་དྲུག་དུས་ནས་བཞུགས། །ཞེས་པ། མི་གཡོ་ཁྱབ་བརྡལ་ཆེན་པོའི་ཤུགས་ཀྱིས་གྲུབ་པའི་སྟོན་པ་ནི། སེམས་ཅན་གྱི་གནས་སོ་སོར་དུས་བཞི་རྟེན་དང་རྟེན་ཅན་མེད་པར་ཞུགས་པར་ཉོན་ཅིག་པར་དྲང་བའི་དོན་ཏོ། །དེའི་མཚན་གང་སྙམ་པ་ལ། དེ་དང་བདག་མེད་མཉམ་པའི་དབྱིངས་མཁྱེན་པའི། །མཉམ་པའི་དོན་གྲུབ་རྡོ་རྗེ་ཅན་ཞེས་བྱ། །ཞེས་པ། འཛིན་པ་གཉིས་གྲོལ་བས་བླང་དོར་མེད་པའི་ཡེ་ཤེས་ཆེན་པོ་མངོན་དུ་བྱས་པ་ནི། བྱ་བ་བྱས་ཟིན་པའི་ཕྱིར། རྡོ་རྗེ་ལྔ་པའི་བདག་ཉིད་པས། །འདུལ་བྱ་ལ་རྡོ་རྗེ་དང་ལྡན་པར་སྣང་ཡང་། རེས་འཇོག་དུ་ཐལ་བ་མེད་དོ། །དེས་མཚན་དོན་ལས་བཏགས་པའོ། །དེ་ཇི་ལྟར་ཞེ་ན། རྣམ་པར་རྟོག་མེད་བྱང་ཆུབ་རྡོ་རྗེ་སྐུ། །ཞེས་པ། མི་རྟོག་པ་གསུམ་གྱི་བྱེ་བྲག་ལས་ངང་གིས་གྲོལ་བའི་ཡེ་ཤེས་ཆེན་པོ་ནི་ཡུལ་མེད་པ་དང་། ངོ་བོ་མི་རྙེད་པའི་ཕྱིར། མི་རྟོགས་པ་ཉིད་དུའང་འདོད་པ་ནི། །ལས་དང་པོ་བོས་རྡོ་རྗེ་སྟེ། །རིལ་གྱི་གཞིའི་ཕྱིར་རོ། །དགོངས་པ་དང་ངེས་ཚིག་བསྟན་པའི་ཕྱིར། །ཤེས་རབ་མཆོག་གིས་མ་ལ་ཡོངས་བསྡུས་པ། །བདེ་གཤེགས་མི་གནས་མཉམ་ཉིད་ངང་དུ་བྱོན། །ཞེས་པ། གང་ལྟར་བལྟས་པར་རང་གསལ་བ་ནི་མི་དམིགས་པའི་ལྟ་བ་ལས་ཁྱད་པར་དུ་གྱུར་པའི་ཕྱིར། ངོ་བོ་མི་ཟིན་པས་བླང་དོར་མེད་པའི་དབྱིངས་མངོན་དུ་བྱས་པས། འགྲོ་བ་མེད་པར་ཕྱིན་པ་སྟེ། །དེ་བཞིན་གཤེགས་པ་དང་བདེ་བར་གཤེགས་པ་སྒྲ་ངེས་པའོ། །གཞན་དག་སྡུད་པ་པོར་འཆད་པའང་མི་འགོག་གོ། །རྒྱལ་བའི་དགོངས་པ་དེ་ལམ་པ་གང་གི་ཡུལ་ཡིན་སྙམ་པ་ལ། ཐབས་ཆེན་མ་འདྲེས་རྣམ་པར་ཐར་པའི། དམིགས་མེད་བདེ་གཤེགས་ཉིད་དབྱིངས་ཐུགས་ཆུད་པ། ཐབས་དང་ཤེས་རབ་ཉིད་དབྱིངས་དམ་པའི་མཆོག་ཞེས་པ། ལྷུན་གྱིས་རྫོགས་པས་རྩོལ་བ་མེད་པར་རིག་པ་ཅིར་ཡང་སྣང་བ་ནི། ལོང་ཐུག་ལྟ་བུ་མ་ཡིན་པས། །མཐའ་ལས་གྲོལ་བའི་ཕྱིར་ཡུལ་མེད་པར་མངོན་དུ་བྱས་པས། སྣང་སྟོང་གཉིས་སུ་མེད་པ་ནི། །ལྟ་བའི་ཕུལ་ཡང་ཐོག་སྟེ། དེ་ནི་ཐ་སྙད་བཅུ་བཞི་རྩད་བཅད་པའི་གྲུབ་མཐའ་ཆེན་པོ་པས། ཕྱོགས་བཅུ་དུས་བཞི་དབྱིངས་ནས་མཐས་གཏུག་པ་ཞེས་གསུངས་སོ། །འོན་ཀྱང་གཞན་ལས་མ་ཡིན་པའི་ཕྱིར། རང་རིག་རྒྱལ་པོ་ཆེ་ཡིས་རྟོགས་པར་འགྱུར། །ཞེས་གསུངས་ཏེ། གང་ཟག་བློ་རབ་ཀྱིས་བདེན་པ་གཉིས་མེད་མཐོང་བར་འགྱུར་པས། ལ་ལ་དག་རྒྱུད་ནས་འདོད་དེ། །ད་ལྟར་ཡུལ་མིན་ནོ་ཞེས་པ་དག་ལུང་གིས་གསལ་ལོ། །ཉིད་ལ་ཉིད་བརྗོད་པ་བཤད་ཟིན་ཏོ། །རྡོ་རྗེ་གསང་བའི་ཚིག་དུའོ། །ཞེས་པ། ངོ་བོ་མཐོང་རྐ་བ་ཉིད་མཚོན་པའི་ཚིག་དུ་ཕྱུང་བའང་ཡིན་ལ། སྒྱུ་འཕྲུལ་ཕྱི་མ་ལས། ཐོག་མ་ཐ་མ་མེད་དུས་ནས། །རྡོ་རྗེ་ཅན་གྱི་གསང་བ་སྡུད། །ལས་དང་ཐུགས་རྗེ་འབྲེལ་བ་ཡིས། །ཏྲ་མ་ཆེ་ལ་གསང་ཚིག་སྣང་ཞེས་གསུངས་སོ། །ལེའུའི་མཚན་བསྟན་པའི་ཕྱིར་དབུབ་པ་ཐབས་དྲ་བའི་ལེའུ་ཞེས་པ། གཞལ་ཡས་ཁང་དུ་ལྡང་བའི་ཐབས་མང་ལ་འབྲེལ་བར་བཅས་པའོ། །ལུགས་གཞན་བསྡུ་བའི་སྒོ་ནས་བསྟན་པའི་ཕྱིར། །ཤེས་རབ་མཆོག་ལྡན་གསལ་བའི་ངང་འཆད་པའི། །ཐུགས་རྗེའི་བྱིན་རླབས་སྣ་ཚོགས་འཕྲོ་བའི། །བདེ་གཤེགས་མ་ལུས་ཐམས་ཅད་འབྱུང་བའི་གནས། །ཡིད་བཞིན་རིན་ཆེན་མི་བཟད་པར་ལྡན་འཕྲོ་ཞེས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བའི་རྒྱལ་བའི་སྐུ་གཉིས་ཀྱི་བྱེ་བྲག་མ་འདྲེས་འཚམས་པར་སྣང་བ་རིལ་གྱི་བཞུགས་གནས་རང་རིག་པ་གཟུང་འཛིན་དང་བྲལ་བ་ཉིད་ཡིན་པའི་ཕྱིར། ལམ་པའི་རིག་པའི་ཕལ་འགྲིབ་མེད་པར་གཞལ་ཡས་ཁང་དུ་བསྒོམས་པར་རང་གསལ་བའོ། །འོན་ཀྱང་འབྲས་བུ་ཉིད་དུ་མི་འདོད་པ་མ་ཡིན་པའོ། །ཕྱོགས་གཞན་དུ་ན། སྒྱུ་འཕྲུལ་རྒྱ་མཚོ་ལས། ཉུངས་ཀར་སོར་སྤགས་སྤྲོས་མེད་ཚུལ། །ཆུ་སྐྱེས་འདབ་མའི་རྩིབས་བརྒྱད་སྟེ། །དེ་ཉིད་ས་བོན་གསུམ་རྩེག་གདན། །རིམ་བྲལ་རྣམ་ཐར་བརྒྱད་དང་ལྡན། །རྣམ་པར་ཐར་པའི་སྒོ་བཞི་ལ། །ཕྱག་རྒྱ་བཞི་དང་ཡང་དག་ལྡན། །དར་མོ་ཏ་ཡའི་འཁྱམས་ཕྱི་རོལ། །གྲུ་བཞི་དབྱིབས་ནི་རྒྱས་པའི་ཕྱིར། །རིམ་གསུམ་ལ་སོགས་སྒོ་བརྒྱད་དང་། །ཕུན་སུམ་ཚོགས་ཕྱིར་གསང་བའི་གནས། །ཞེས་གསུངས་སོ། །གཞལ་ཡས་ཁང་ཡང་དེ་ལྟར་དབུབ་པོ་ཞེས་པ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། །བསྡུ་བའི་དབང་དུ་མི་མཐུན་པར་བསྟན་པའོ། །ལེའུ་ལྔ་པའི་སྤྱན་རྣམ་པར་འགྲེལ་པའོ། །འཕྲིན་ལས་བསྟན་པའི། དྲུག་པའི་སྤྱན་རྣམ་པར་བཤད་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཀྱིས་ཞེས་པ། འདི་བརྗོད་དོ་ཞེས་པར་སྦྱར་ཏེ། །དགོས་ཆ ེད་གང་གི་ཕྱིར་གཞིའི་འཕྲིན་ལས་ཀྱིས་དོན་མཛད་པའི་དགོངས་པ་ལ་བཞུགས་པར་སྣང་བའོ། །ཐུགས་རྗེ་ཧོམ་གྱི་དཔེ་དོན་བསྟན་པའི་ཕྱིར། །ནམ་མཁའི་མཁའ་དཀྱིལ་དང་བའི། །ཡིད་བཞིན་སྤྲིན་ཚོགས་རྣམ་འབྱུང་བ། །སྣ་ཚོགས་འབྱུང་ཞིང་འོད་འཕྲོ་འབར་ཞེས་པ། །དཔེའི་ནམ་མཁའི་སྤྲིན་ཆར་དང་། །ལོ་ཏོག་ལྟར། བྱིན་རླབས་ཀྱིས་གདུལ་བྱའི་སྒྲིབ་པ་སྦྱངས་ཏེ། གྲུབ་པར་མཛད་པའི་ཕྱིར་རམ་ཞེས་གསུངས་པའོ། །ཤེས་རབ་ཀྱི་ཧོམ་བསྟན་པའི་ཕྱིར། །སྲིད་གསུམ་སྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །ཞེས་པ། སྲིད་གསུམ་གྱི་ཤིང་ཉིད་ཡིད་རང་འབྱུང་གི་ཡེ་ཤེས་རྟོགས་པའི་ཡེ་ཤེས་ཀྱིས་གཉེན་པོ་མེད་པར་དེ་ཉིད་སྦྱངས་པས་སོ། །ཏིང་ངེ་འཛིན་གྱི་ཧོམ་བསྟན་པའི་ཕྱིར། དབང་པོ་དང་པོའི་དཀྱིལ་འཁོར་དུ། །སྤྱོད་ཡུལ་རྫས་རྣམས་བསྡུས་ནས་ནི། །ལྷང་ངེ་ལྷན་ནེ་འོད་དུ་ཞི་ཞེས་པ། །ཤེས་རབ་ཀྱི་དབང་པོ་རབ་རི་བདག་པ་ཡེ་ཤེས་ལྷར་གསལ་བར་ཤེས་པ་བརྒྱད་དང་ཡུལ་རིལ་དེ་ཉིད་དུ་གསལ་བ་ནི། ཐ་དད་མེད་པས་ངོ་བོ་མི་གཡོ་བར་རང་གསལ་བའི་རིག་པ་མ་སྐྱེས་པ་ཆེན་པོས་དོན་གྱིས་འཛིན་པ་བྲལ་བས་དངོས་གྲུབ་རང་སྣང་བ་ལ་སྤྱོད་ཡུལ་སྦྱངས་པས་ངེས་ཚིག་དུ་འགྱུར་ཏེ། བཤད་འཆད་ཀུན་ལའང་སྦྱར་རོ། །ཨ་ཞེས་པ། རང་རིག་པ་མ་སྐྱེས་པར་གཅིག་པའོ། །ཞི་འགྱུར་དབྱིངས་ནས་ཕྱག་རྒྱ་འབར་ཞེས་པ། །རིམས་ཀྱིས་སམ་ཅིག་ཆར་དུ་མི་རྟོག་པའི་ངང་ལས་ལྷར་བསྐྱེད་པས་སྤྱོད་ཡུལ་དག་པའི་ཕྱིར། ལྷག་པའི་ཏིང་ངེ་འཛིན་གྱི་ཧོཾ་སྟེ་རེས་འཇོག་པ་མེད་པ་ཁོ་ནའོ། །ཐུགས་རྗེའི་བརྟན་པའི་ཕྱིར། ཐུགས་རྗེའི་བྱིན་རླབས་རྨད་པོ་ཆེ་ཞེས་པ་དག་ནི་ཐབས་སྣ་ཚོགས་ཀྱི་མཛད་པ་ལྔ་ནི་རྨད་དུ་བྱུང་སྟེ། ཡེ་ཤེས་ཆེན་པོ་ཉིད་སྣང་བས། །ཐུགས་ཀྱི་ཡི་གེ་སྨོས་ཏེ། འགྲོ་བ་བརྩལ་བ་མེད་པར་དོན་མེད་འགོག་པ་ནི། འདི་ནི་བདེན་གཉིས་དབྱེར་མེད་པས་སེམས་ལས་སྤགས་པའོ། །དགྱེས་པ་ནི་འགྲོ་དོན་མ་བརྩལ་བར་གྲུབ་པའི་དགྱེས་པ་ཆེན་པོར་བཞུགས་པའོ། །བཞི་པོ་མཇོམས་ཤི་ངན་སོང་ཏྲ་ཊཾ་ཞེས་པ། གང་དག་གི་ཕུང་པོ་དང་ཉོན་མོངས་པ་དང་། འཆི་བ་དང་ལྷའི་བུ་བདུད་དང་ཆུ་བོ་བཞི་དག་གསལ་ནས་རྣམ་པར་སྨིན་པ་མེད་པར་མཛད་པ་ནི། འབྲས་བུ་དང་ལམ་པ་ཐུན་མོང་དུ་སྦྱར་ཏོ། །དེ་བས་ན་འདྲལ་བའི་ཡི་གེ་ཡང་སྨོས་སོ། །སྨན་བཅུད་ལེན་གྱིས་དུག་སྦྱོང་ཞིང་། །ཕྱི་དང་ནང་གི་དྲི་མ་དག །བདག་མེད་གཉིས་ཀྱིས་འདག་པར་བྱེད། །ཧྲི། བསལ་ཞིང་གཞག་པར་བྱ་བ་མེད། །ཞེས་པ། ཤེས་རབ་ཀྱི་ཧོཾ་རྗེས་ཏེ། དཔེ་ཇི་ལྟ་བར་གཟུང་འཛིན་དང་བདག་གཉིས་གཞི་ལ་མེད་པས། ཐམས་ཅད་བདག་ཡིན་པ་ལས་བདག་ཐམས་ཅད་པ་ཡིན་པའི་དོན་གྱིས་གནས་སུ་དག་པ་ལ། གང་ཡང་མ་བྲལ་བས་མཚན་མ་མ་སྤངས་པའི་གྲུབ་མཐའ་ལ་བློ་གཞག་པར་བྱ་རུ་མེད་པར་ཤེས་པ་ཉིད་མ་ནོར་བའོ། །དོན་གྱི་མཚན་ཉིད་ཇི་ལྟ་བུ་སྙམ་པ་ལ། ཉི་མ་ཤར་བའི་འོད་བཞིན་དུ། །སྣང་དང་མི་སྣང་གཉིས་ག་མེད་ཞེས་པ། །དཔེ་ཉི་མ་ཤར་བའི་འོད་ལྟར། །གདོན་ནས་མཐའ་གཉིས་གྲོལ་བར་གསལ་བའོ། །དེ་བསྒོམ་པ་ནི། དེ་བཞིན་མཉམ་ཉིད་ཡེ་ཤེས་ཀྱིས། །ཐམས་ཅད་རྒྱལ་བའི་ཞིང་དུ་སྦྱོར་ཞེས་པ། །དོན་དེ་ལྟར་གོ་བས་གཉིས་པ་མེད་པའི་ལྟ་བས་སྤྱོད་ཡུལ། ཐམས་ཅད་མཉམ་པའི་དབྱིངས་སུ་གསལ་བ་གོམས་པར་གྱིས་ཤིག་པའོ། །ཨཱོཾ་དང་རིག་ཡེ་ཤེས་རྒྱལ་པོ་ཡིས། ཕྱོགས་བཅུའི་ཁམས་རྣམས་དབང་བསྡུས་ནས་ཞེས་པ། དག་ཕྱིར་མོའི་རྣལ་འབྱོར་བརྩན་པར་རང་བཞིན་གྱི་ཧོམ་འཆད་དེ། ཡོན་ཏན་རྫོགས་པའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པ་ནི། ཐམས་ཅད་ཀྱི་བྱེད་པ་པོའི་ཕྱིར། །བཅུའི་གསུམ་གྱི་ཆོས་རིལ་གདོད་ནས་དེ་ཉིད་དུ་བྱུངས་བཏབ་པས། ཞེན་སྣང་ཐ་དད་མེད་པར་རང་རིག་དུ་གསལ་བས་དངོས་པོ་བཅོམ་པའི་ཕྱིར། ཀུན་ཀྱང་ཡེ་ཤེས་ཚན་པོར་ཁྲོ་བོ་ཁོ་ན་སྟེ། མ་འདྲེས་ཡོངས་སུ་རྫོགས་པས་དབུང་ཆེ་བའོ། །རྟོག་པ་རྣམ་བཞི་མི་དམིགས་དབྱིངས་གྱུར་པ། །ཤེས་རབ་ཡུམ་གྱི་མཚན་ཉིད་དབྱིངས་སུ་ཐིམ་ཞེས་པ། གང་རྟག་ཆད་བདག་མཚན་གྱི་ངོ་བོ་ཉིད་མ་སྤངས་རང་བཞིན་གྱིས་མཐའ་བཞི་དང་བྲལ་བས་ངོ་བོ་ཡུལ་མེད་པའི་འབྱུངས་གནས་སུ་གསལ་བ་ནི། རང་བཞིན་གྱི་ཁྲོ་མོ་ལ་ལོག་བཞི་མེད་པའོ། །དེ་ནི་ཁྲོ་བོ་ཁྲོ་མོར་རང་བཞིན་སྐུ་ཕྱག་རྒྱར་སྤངས་པ་མེད་པ་ཁོ་ནའོ། །དེ་དབྱེར་མེད་པར་སྟོན་པའི་ཕྱིར་ན། ཐབས་དང་ཤེས་རབ་གཉིས་མིན་དབྱིངས་གྱུར་པས་ཞེས་པ་དག །ཁྲོ་བོ་དང་ཁྲོ་མོ་ཞེས་བསྙད་ཀྱང་། ངོ་བོ་ལ་སྣང་བ་ཉིད་ན་མི་དམིགས་པའི་ཕྱིར་དབྱེར་མེད་པའི་ལྷག་པའི་དབྱིངས་སོ། །གཏན་ཚིགས་སུ་འགྱུར་བ་ནི་རང་བཞིན་གྱི་སྟེ། སྔ་མའི་དོན་གྱིས་འཇོམས་པ་མ་ཡིན་པ་མེད་པའོ། །ལེའུ་མཚན་དོན་ལས་བཏགས་ཏེ། རང་བཞིན་དང་མཐོང་བསྒོམ་ལམ་དབང་དུ་བརྗོད་པའོ། །ལེའུ་དྲུག་པའི་སྤྱན་རྣམ་པར་འགྲེལ་པའོ།། །།དེ་ནས་ལེའུ་བདུན་པའི་ཤིན་ཏུ་གསང་བའི་ཁྲོ་བོ་བཤད་པར་བྱའོ། །དེ་ལ་དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོ་རྒྱལ་པོས་སྒྱུ་འཕྲུལ་དྲ་བ་བསྟན་པ་ལས་ཞེས་པ་དག །སྟོན་པས་བརྗོད་པའང་ཆེད་གཉིས་ཀྱི་ཕྱིར། སྟོན་པའི་ངོ་བོ་ཉིད་རྒྱུད་ཀྱི་ངོ་བོ་ཉིད་དང་ཐ་མི་དད་པའི་ངོ་བོ་ཉིད་ཀྱི་རྟག་པས་ཡོངས་སུ་རྫོགས་པའི་རྒྱུ་ཡིན་པ་ནི། འབྱུང་ཁུངས་སུའང་ཐལ་བ་མེད་དེ། བྱིན་རླབས་ཁྲོ་བོར་སྣང་བའོ། །དང་པོར་དེ་བཞིན་ཉིད་བསྒོམ་པར་བསྟན་པའི་ཕྱིར། བྱང་ཆུབ་མཆོག་གི་སྙིང་པོ་ནི། །མཚན་པས་བཙལ་བ་མ་ཡིན་ཏེ་ཞེས་པ་ལ་སོགས་པ། རིག་པ་རང་འབྱུང་གི་ཡེ་ཤེས་ལྷུན་གྲུབ་དེ་མཚན་མ་དེ་བཞིན་ལ་ཞེན་པས་རྙེད་པ་མ་ཡིན་པའོ། །འོ་ན་གང་གིས་ཞེ་ན། དག་པ་རྣམ་གསུམ་མ་ནོར་ཞིང་ཞེས་པ་དག །སྣོད་བཅུད་རྒྱུད་རྣམས་ངོ་བོས་དག་པའི་དོན་རང་རིག་པའི་མངོན་གསུམ་བྱས་ཏེ་དེ་ཉིད་ལ་ཏིང་ངེ་འཛིན་ལས་སུ་རུང་བས། ཐོབ་པ་མེད་པའི་དངོས་གྲུབ་མངོན་དུ་བྱེད་པས་ཐོག་མར་མཐོང་བསྒོམ་ལམ་གཉིས་མངོན་དུ་བྱའོ། །ལྷག་པ་རྫས་ཀྱི་ལས་བྱ་ཐབས་ནི། དྲག་པོ་གཏུམ་པོ་བསྒྲུབ་པ་ནི། བག་ནི་ལིང་ག་ཞེས་པ་དག །ཁྲོ་བོ་བསྒོམ་པའི་དོན་དུ་གཉེར་ཏེ། དམིགས་གང་ཡིན་པ་བསྒྲལ་བའི་ཐབས་ནི། འབྲུབ་ཁུང་གསུམ་དུ་བཟས་པའི་དྲི་མ་ལས་བྱས་པའི་ལིང་ག་བཞག་སྟེ། སྙིང་ཁར་རུས་དཔྲལ་བར་མིང་། འདོམས་སུ་གསོད་པའི་ཡི་གེ་བྲིའོ། །ཁྲོ་བོའི་ཞལ་ནི་གང་ཡང་རུང་། །ལན་གསུམ་ལན་བདུན་རྟག་བསྒོམ་ཞིང་ཞེས་པ་དག །ལྷ་སྔར་གང་ལ་གོམས་པའམ། གང་ལ་མོས་པ་དེ་ལས་ཀྱི་སྔོན་དུ་ཉིན་མཚན་ཐུན་གསུམ་གསུམ་དང་། སྤྱོད་ལམ་དུའང་བསྒོམ་སྟེ། ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ལས་སུ་རུང་སྟེ། མངོན་དུ་གསལ་བ་དང་། གཞིའི་དེ་ལས་བདག་སྤྲོས་བཅས་ཀྱི་ལྷར་གསལ་བ་དང་ལས་བརྩམ་པར་བྱའོ། །ལས་བྱེད་པའི་ཚེ་མི་འདོད་པ་མ་ཡིན་ནོ། །ཤེས་པ་དགུག་པའི་ཕྱིར། ལིང་ག་ཡང་ནས་ཡང་བསྟུས་ཏེ། །དབྱིངས་ཀྱི་དཀྱིལ་དུ་གཉིས་པར་བྱ་ཞེས་པ། ཕོ་ཉ་སྔ་ས་ལ་སུ་གྱུར་པས། གཟས་པ་ལན་གྲངས་མང་དུ་བཀུག་སྟེ། ཧོཾ་ཁུང་གི་ལིང་ཀ་ལ་བསྟིམས་ཏེ། དེ་ཡང་དབྱེ་བ་དང་། དབབ་པའི་ཕྱག་རྒྱ་བྱས་ལ་བཞིར་བཅིངས་ཏེ། ཕྱེ་མ་འམ་རིལ་བུ་ཞལ་དུ་མཆོད་པའོ། །ནས་སྤང་བ་གང་སྙམ་པ་ལ། །ཧཱུྃ་གིས་བསྡུ་ཞིང་ཕཊ་ཀྱིས་འཕང་ཞེས་པ། ས་བོན་དྲུག་སྦྱངས་པའི་ཤེས་པ་ཧུ་ཉིད་རིང་པོར་བྱས་ཏེ་དྲངས་ལ། མཁའ་ལ་ཆོག་གསུམ་གྱིས་སྐུར་བསྐྱེད་དེ། ཟླ་རླུང་སྟེང་དུ་སྤྲོ་བའི་སྔགས་ཀྱིས་འོག་མིན་དུ་འཕངས་པའོ། །བཟླས་པའི་ཚད་ནི། ཞལ་གྱི་རང་སྔགས་ཁྲི་འབུམ་དུ་ཞེས་པ་དག །བསྙེན་པ་ཁྲི་འབུམ་བཟླས་པའི་ཚུལ་ནི། གསལ་བ་གསུམ་དང་ལྡན་པར་བྱའོ། །མཆོད་པ་གྲངས་ནི། ཡང་ནས་ཡང་དུ་གསོལ་བར་བྱ་ཞེས་པ། །ཅི་མང་དུ་བརྩམ་པའོ། །དེའི་ཡོན་ཏན་གང་ཞེ་ན། འགྲོ་བའི་སེམས་ཅན་ཐམས་ཅད་ཀུན་ཅེས་པ་གཉིས་གསུངས་སོ། །ལྷ་བསྟན་པའི་ཕྱིར། ཡ་མ་ཡ་ཡང་ལྷག་པར་འཇེབས། །སྐུ་མདོག་དུད་ཀ་ཞེས་པ། ལྔས་ཆ་ལུགས་དང་དེ་ལ་བསྒོམ་པ་དང་གཞན་ལྷ་གང་གོམས་པར་བསྒོམ་པའོ། །ཡང་དགུག་པ་ནི། བདག་ཉིད་འཛིན་པའི་ཕྱག་རྒྱ་སྟེ་ཞེས་པ། །ཉིད་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ་དཀར་གནག་མཚམས་ནས་བཟུང་སྟེ་ཆེ་གེ་མོ་ཇི་ཞེས་བྱའོ། །ཚད་ནི་མངོན་པར་དམིགས་གིས་བལྟར་ཡོད་པར་ཞེས་པ། རྨིག་རྣོན་ཉམས་ཅན་ཡན་ཆད་དང་། །ལིང་ག་འགུལ་བ་དང་། མོ་མངོན་དུ་ཁུགས་པའོ། །རིལ་བུས་བསྡུས་ནས་དབྱིངས་སུ་མཆོད་ཞེས་པ། །ཤེས་པ་གནས་སྟོབས་ཏེ། ཕུང་པོ་ཕུར་པ་མི་གདབ་པར་དུག་གསུམ་མཆོད་པར་འབུལ་བའོ། །ཐེ་ཚོམ་མེད་པར་འགྲུབ་པར་ངེས་ཞེས་པ། ལས་ཀྱི་དངོས་གྲུབ་མི་སླུ་བའོ། །དམིགས་དང་དགོས་ཆེད་ནི། དམ་པའི་ཆོས་འཇིག་མ་རུངས་པ། །དཔའ་བོས་ཞེས་པ། དག་ནི་ཞིང་བཅུའི་རིམ་པ་ལ་གཏོགས་པ་རྣམས་ཐོག་མར་བདག་སྒྲོལ་ཟིན་པས་གཞན་གྱི་ངན་རྒྱུ་འཇོམས་པའི་མཐུ་ཅན་གྱིས་གཉིས་ཀྱི་ཕྱིར་དང་། བཞིའི་ཕྱིར་སྒྲོལ་ཅིང་པར་གདམ་པའོ། །ཧོ་ཅེས་པས་ཡལ་བར་མི་འདོར་བར་དགྱེས་པའོ། །ཧཱུྃ་དང་ཛ་དང་སྐལ་སོགས་ཞེས་པ་དག །ཞགས་པ་ལྕགས་ཀྱུ་ལྕགས་སྒྲོགས་དང་། །བསྡུ་བའི་དྲིལ་བུ་སྟེ་བ་དགུག་པའི་ཐབས་དམ་པའོ། །གནས་སྦར་བ་ནི། མཚན་མ་མིང་དུ་བསྡུས་པའང་ཞེས་པ་དག །ལིང་ཀ་མིང་དང་བཅས་པ་ལ་བཀུག་པའི་ཤེས་པ་དེ། སྔོན་རྒྱལ་བས་བདུད་བསྒྲལ་བ་ལྟར། །ད་ལྟར་ཀུན་གྱིས་ཐོབ་བྱའི་ས་འོག་མིན་དུ་འཕང་སྟེ། དེ་ཡང་ངང་ལ་མཚན་མའི་བག་ཆགས་མེད་པར་བྱ་ཞེས་པ། རཾ་ཡཾ་ཁཾ་གིས་ཆོས་ཉིད་དུ་བསྒྲལ་བའོ། །དབྱིངས་ནས་སྤྲོ་ཞིང་ཨ་ལ་བསྟིམ་ཞེས་པ། །ཤེས་པ་འཇུག་དུ་ཧཱུྃ་མུཾ་གི་མཁའ་ལ་ཡོད་པས་སྤྲོས་འོད་དུ་ཞུ་བ་མ་སྐྱེས་པ་ལས་ཐུགས་མཚན་དང་སྐུར་གྱུར་པ་དེ་བཤད་པ་ལྟར་འོག་མིན་དུ་ཡབ་ཡུམ་གྱི་སྦྱོར་བའི་ཡེ་ཤེས་ཀྱིས་དབང་བསྐུར་ཏེ། རིགས་མི་འགྱུར་བར་བྱའོ། །ཨ་ཧོ་ཞེས་པ། ལས་ངན་བག་ཆགས་རྩད་ནས་བཅད་དེ། གཉིས་མེད་ལ་སྦྱར་བར་དགྱེས་པའོ། །ཐུགས་ལ་ཐུགས་བརྗོད་དོ་ཞེས་པ། །འཁོར་དབང་ཐོབ་པ་ལ་དགོངས་པའི་བྱིན་རླབས་ཀྱིས་བརྟན་པའོ། །ཤིན་ཏུ་གསལ་བའི་ཁྲོ་བོ་ཞེས་པ། བསྒྲུབ་ཐབས་ཕལ་པའི་ཡུལ་མིན་པའོ། །ལེའུ་བདུན་པའི་སྤྱན་རྣམ་པར་འགྲེལ་པའོ།། །།ལྷག་པ་སྤྱི་ཧོ་བསྟན་པའི་ཕྱིར། །ལེའུ་བརྒྱད་པའི་རྣམ་པར་བཤད་པ་ལ་འཇུག་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱིས་ཞེས་པ། འདི་བརྗོད་དོ་ཞེས་པར་སྦྱར་ཏོ། །གང་གི་ཆེད་དུ་ཞེ་ན། སྤྱོད་ཡུལ་ཐམས་ཅད་གདུག་པ་ཅན་ལ་ཁྲོ་བོ་འབར་བའི་དཀྱིལ་འཁོར་དུ་བསྟན་པའི་ཕྱིར་ལའང་དོན་དེ་སྟོན་ཏོ། །གཞི་གང་ལས་ཞེ་ན། གདུལ་བྱའི་སྣང་བ་ཁྲོ་བོའི་བདག་པོ་ཁྲག་འཐུང་གི་ཚོགས་སུ་སྣང་པར་གྱུར་ནས་གསུངས་པའོ། །ལས་རྔོས་སུ་གང་གིས་བརྩམ་ཞེས་ན། སྒྱུ་འཕྲུལ་དྲ་བ་བརྟན་པ་ཡིས་ཞེས་པ། རྒྱུད་ཀྱི་མཚན་ན་ལམ་གྱི་དོན་ཏིང་ངེ་འཛིན་གྱི་རིམ་པ་གང་རུང་རྡེང་དུ་གྱུར་པས་བརྩམ་པ་སྟེ། སློབ་པའི་དུས་སུ་ནི་གཡེང་བའང་ཡོད་དེ། དེ་བས་སྐབས་སུ་མཐར་ཕྱིན་པའི་ཚེའོ། །ཇི་ལྟར་ཞེ་ན། ཕྱོགས་བཅུའི་ཞིང་ཁམས་མ་ལུས་པ། །བྲུཾ་དང་ཙག་ཏྲའི་འཁོར་ལོར་སྲུ་ཞེས་པ་དག །ཨེ་བཾ་མཾ་ཡཾ་རཾ་གྱིས་སྣོད་བཅུད་ལས་བཞི་དཀྱིལ་འཁོར་དུ་རིག་པའི་ཆོ་འཕྲུལ་སྣང་བ་དེ། ཡེ་ཤེས་ཀྱི་མེ་དཔུང་སྐལ་པའི་མེ་ལྟར་བསལ་བར་བྱའོ། །ཉི་མ་ཐོད་སྤྲུལ་མང་པོ་གཟི་ཞེས་པ། །ཁྲོ་བོའི་སྙན་ཆ་དང་། འཕྲེང་བ་གསུམ་དང་ཆས་བརྒྱད་ཀྱི་གཟི་བྱིན་ཅན་ནོ། །ཁྲོ་གཉེར་གློག་སྟོང་འགྱུར་བ་བཞིན། །ཞེས་པ། ཟིལ་གྱིས་ནོན་པ་དང་། དབང་དུ་སྡུད་པ་དང་། སྤྲུལ་པ་འབྱུང་བའི་ཁྲོ་གཉེར་དང་གློག་སྟོང་ལྟ་བུའོ། །རྔམ་པ་ང་རོ་འབྲུག་སྟོང་ལྡིར་ཞེས་པ། །སྟོང་པ་ཆེན་པོའི་ཞལ་རྔམས་པ་དང་། འབར་བ་ཆེན་པོའི་ལྗགས་རྔམས་པ་དང་། སྒྲོལ་བ་ཚེམས་རྔམས་པ་དང་། ཞ་བཅོས་ཟིལ་གནོན་གསུང་རྔམས་པ་ནི། འབྲུག་གི་སྒྲ་ལྟ་བུའོ། །ཕཊ་ཅེས་པས། སྤྲུ་སྒྲོལ་གཉི་གའོ། །ཁྲོས་པའི་སྤྲིན་ཆེན་ཕྱོགས་བཅུར་འབར། །ང་ཞེས་པ། སྤྲོས་པ་ཁོ་ན་འདི་ཉིད་སྟེ། །འགྲོ་བ་མེད་པ་ཁྲོ་བོས་གང་བའི་སྐུ་མེ་རི་རྩེ་མོ་རྡོ་རྗེ་རྩེ་ལྔ་པར་འབར་བ་དང་། གཞལ་ཡས་ཁང་གི་མེ་རྡོ་རྗེ་འཁོར་ལོ་རྩེ་མོར་འབར་བའི་ཕྱིར། ཁྲོས་པའི་མེ་དཔུང་རྡོ་རྗེ་འབར་ཞེས་པ། གཉིས་གསུངས་སོ། །ལྷ་དུ་ཞེ་ན། ཁྲོ་བོ་ཁྲོ་མོ་ཚོགས་ཀྱིས་བསྐོར་ཞེས་པ་དག་ནི། འཁོར་ལོ་ལ་རིགས་ལྔ་ཁྲོ་བོ་ཡབ་ཡུམ་བཅུའོ། །བརྩིབས་མཆན་དང་བར་ཁྱམས་ལ་ཁྲོ་མོ་བརྒྱད་དང་འཕྲ་མེན་མ་བརྒྱད་ཧེ་ཧོ་ལས་བསྐྱེད་ཁྱམས་ཐ་མ་སྒོ་དང་བཅས་པ་ལ་དབང་ཕྱུག་མ་རྣམས་བཀའ་སྡོད་ཕོ་ཉ་གནས་པའོ། །སྟི་ར་རྒྱུ་མའི་ཞགས་པ་དང་། །ཅེས་པ། ལག་ཆ་འདི་དག་ཐོགས་པའི་ཕོ་ཉའོ། །ཤིན་ཏུ་རྔམས་པའི་གཟུགས་སུ་གནས་ཞེས་པ་རྣམས། སྐུ་ཆ་ལུགས་དང་རལ་པ་ཁ་ནག་མེ་འབར་བ་དང་། རྡོ་རྗེ་ཁྱུང་གཤོགས་གཙོ་བོ་རྣམས་སོ། །རྡོ་རྗེ་གཏགས་པན་འོག་གི་གདན་མེ་དཔུང་ཅན་ནོ། །སོ་སོར་རང་སྐད་ཅེས་པ་རྣམས། །སོ་སོ་རང་སྔགས་ཧཱུྃ་དང་ཧ་དང་ཧེ་དང་ཕཊ་དང་བྷྱོ་ལ་རུ་ལུ་བརྟགས་པ་འདོན་པའོ། །ཁྲོ་བོ་ཆེན་པོ་འཚོགས་པ་ཞེས་པ་རྣམས། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཚངས་པའི་དཀྱིལ་འཁོར་གཞན་མ་ཡིན་ཏེ། རང་རིག་གི་འཕྲུལ་སྣང་བས་ཡུལ་མེད་པར་གསལ་བའོ། །སོ་སོ་རང་སྔགས་བཟླས་ནས་སུ་ཞེས་པ་འཛབ་བྱ་བའོ། །རྒྱུད་དྲུག་སེམས་ཅན་ཐམས་ཅད་དང་། །ཞེས་པའི་ཚིག་བཤད་ལྔས་གཟས་པ་སྤྱི་དང་ཁྱད་པར་རྒྱ་བཞིས་བཀུག་ལ་ལན་གྲངས་མེད་པར་ལིང་ཀ་ལ་དབབ་པའོ། །རྗེས་ཐོགས་སུ་ཕུར་བུ་ལས་བྱས་ལ་དུག་གསུམ་མཆོད་པ་འབུལ་བའོ། །དེའི་ཡོན་ཏན་ནི། ལྷའང་རུང་སྟེ་བརླག་པར་འགྱུར་བ་དྲག་པོའི་འོ། །གཞན་ཡང་མཆོད་པའི་ཞལ་ཟས་ན་ཞེས་པ་དག །ལས་བཞིའི་ཡོ་བྱད་འཆད་དེ། ལང་ཀ་ཤ་རུས་ཁྲག་ལས་མི་མཐུན་པའི་མཆོད་པ་ནི། མེའི་རྫས་དང་གཏོར་མ་རྫས་རྣམས་བསྲེག་རྫས་འབྱོར་ཚད་འབུལ་ལོ། །ཁྱད་པར་དུ་དྲག་པོ་ལ་ནི་ཚིལ་ཆེན་དང་ཏིལ་མར་དབུལ་ལོ། །ཧ་ཨ་ཧོ། ཞེས་པ། འཁོར་གསུམ་ཡོངས་སུ་དག་པའི་མཆོད་པས་དགྱེས་པ་ཆེན་པོར་གྱུར་པའོ། །གྲངས་ནི་སྒྲ་ཇི་བཞིན་ཏེ། སྤྱི་དང་ཁྱད་པར་དབྱེའོ། །མེའི་རྫས་གཉིས་ནི། ནག་པོ་ཚེར་མ་ཅན་དང་དུག་གི་ཤིང་། །ཞེས་པ། དྲག་པོ་ལའོ། །གཞན་ཡང་བསྲེག་རྫས་དུག་གསུམ་དང་ཞེས་པ། ལིང་ཀ་ཕྱི་མ་དུག་གསུམ་མཆོད་པར་དབུལ་བ་བརྔའོ། །སྒྲ་ཇི་ལྟ་བར་ན་གདུག་པའི་ཕྱི་མ་དང་། གདུག་པའི་གཏོར་མ་དང་། གདུག་པའི་དུག་ར་བརྩ་ན་དུག་གོ། །སྡུད་པ་ན་གནན་པའི་ཚེའང་དགོས་པའོ། །གནན་པའི་ཆོ་ག་ཀུན་གྱིས་བྱ། །ཞེས་པ། ལས་བཞི་གང་རུང་འཇུག་གི་ལས་ཏེ། རྒྱ་གྲམ་ལམ་དང་རྐང་ཅིག་ཤིང་ལ་སོགས་པ་ཐབས་དབྱིངས་སུ་བྲུས་ལ་དེར་ལིང་ག་མཚན་མ་བས་བཅན་བཅུག་སྟེ། གཡམ་གནག་རྡོ་རྗེ་རྒྱ་གྲམ་ཅན་གྱིས་ཁ་བཅད་ལ། སུ་ལས་གསེར་གྱི་རི་རབ་ལས་ཀྱིས་རྒྱལ་པོ་ཕོ་བྲང་ཆས་པར་བསྐྱེད་པ། ལུ་གུ་རྒྱུད་ཀྱིས་ལས། མཆེད་ཀུན་གྱིས་བྱའོ། །དེ་ནས་སླར་ལོག་པ་དང་། བསྡུ་བ་ལ་སོགས་པ་སྟེ། མི་མངོན་པར་བྱའོ། །ཐུགས་རྗེ་རོལ་པ་དཀྱིལ་སྤྱིར་སྟོན་པའི་ཧོཾ། །ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་པ་དག །ལས་བཞིའི་སྤྱིར་སྟོན་པའི་ཕྱིར་ལས་ལྔ་ཚང་བས། གཙོ་བོ་རྩ་སྔགས་སྨོས་པ་སྟེ། །ལུང་གི་ལས་ཀྱི་ལུས་མདོར་གཞགས། །བཞི་ག་ལེའུ་འདིར་ཚང་བྱའོ། །ལེའུ་བརྒྱད་པའི་སྤྱན་རྣམ་པར་འགྲེལ་བའོ།། །།ལས་ཁྱད་པར་དུ་ཧོཾ་གྱི་སྒོ་ནས་བྱ་བ་དྲུག་པོའི་ལས་བསྟན་པའི་ཕྱིར། ལེའུ་དགུ་པའི་རྣམ་པར་བཤད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོ་རྒྱལ་པོས་ཐམས་ཅད་རྡོ་རྗེར་བསྡུས་ནས། ཞེས་དག །ཚིག་གི་འབྲེལ་པ་བཤད་པ་བཞིན་ནོ། །འདིར་དྲུག་པའི་སྟོན་པ་ཉིད་ཁྲོ་བོ་རྒྱལ་པོར་སྣང་བས་ལྷ་ཀུན་རྡོ་རྗེ་རིགས་སུ་བསྡུས་པ་ན། ཁྱད་པར་དྲག་པོའི་ལས་ཀྱི་ཕྱིར་རོ། །སྔོན་དུ་བསྒོམ་པའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། དག་པ་རྣམ་གསུམ་ཚུལ་བསྒོམ་ཞིང་། །སྒྱུ་འཕྲུལ་དྲྭ་བ་བསྟན་པར་གནས་ཞེས་པ། ལྟ་བས་ཐག་ཆོད་ནས་ཅིར་ཆར་བསྒོམ་པ་ལས་སུ་རུང་བ་དང་། ཡང་རྗེས་སུ་བསྒོམ་ལམ་བཞི་གང་ཡང་རུང་བ་བསྟན་ཟིན་པས་བརྩམ་ཏེ། དེ་མ་ཡིན་པ་ལ་སྟོབས་མེད་པའི་ཕྱིར་རོ། །ལམ་ངོ་བོའི་དབང་དུ་ན། དང་པོ་གཉིས་ན་ལྷ་ལ་རྟེན་པ་མ་ཡིན་པའི་ཕྱིར། ཕྲ་བ་ལས་སུ་རུང་བ་ཡན་ཆད་ཀྱིས་བརྩམ་པའོ། །ཐམས་ཅད་ཧཱུྃ་དུ་བསྡུས་ནས་ཞེས་པ། དྲག་པོའི་སེམས་ཏེ་སྨོས་ཀྱང་། དང་པོ་པ་ཆེད་དུ་བཀའ་ལུང་གི་རིམ་པར་རིང་དུ་བཞག་སྟེ། མན་ངག་གི་རིམ་པ་ལ་འཇུག་པ་བརྩམ་པར་བྱའོ། །དཀྱིལ་འཁོར་རྩོམ་པའི་གནས་དང་པོར་གཞུང་དང་མཐུན་པར་དུས་མ་ནོར་པ་ལ་གཏད་དེ། བྱ་བའང་། དང་པོར་ཡོ་བྱད་བསག་སྟེ། ཡོ་བྱད་གཞན་ནི་སྤྱི་དང་མཐུན་ཞེས་པ། ལྷག་པ་སྤྱིའི་ཧོཾ་ལྟར་ལིང་གའི་རྫས་དང་མེའི་རྫས་དང་། ཐབ་ཀྱི་རྒྱན་རྫས་དང་། གཏོར་མ་རྫས་དང་བསྲེག་རྫས་དང་སྔགས་མཁན་གྱི་རྫས་རྣམས་གཞི་ནག་པོ་ལས་བསོག་པའོ། །དེར་ས་བྱ་བ་རྫོགས་ནས་ཅི་བྱེད་ཞེ་ན། དཀྱིལ་འཁོར་གྲུ་གསུམ་འབར་བར་བསྒོམ། ཞེས་པ། ལྷག་པ་གཟུགས་བརྙན་ལས་ཀྱི་འཁོར་གྲུ་གསུམ་ཁྲུ་གང་བ་གསུམ་རྩེག་དུ་བྱ། ནང་དུ་ཧཱུྃ་བྲི། བང་རིམ་བར་མ་རྡོ་རྗེ་གདེང་པོ། ནང་མེ་རི། ཕྱི་ལྕགས་ཀྱུར་བྲིའོ། །དེར་རྩངས་རྣམས་དང་། མདའ་བཞི་ཞགས་པ་ནག་པོས་བྲེ། །མེ་དར་སྔོན་པོས་གདབ་པོ། །ཤིང་ཐབ་དབྱིབས་སུ་རྩིག་གོ། །ལྷག་པའི་ཏིང་ངེ་འཛིན་ལས་ཀྱི་དཀྱིལ་འཁོར་གྱི་དབང་དུ། སྤྱོད་ཡུལ་རང་རིག་པ་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ལས། ཨེ་རམ་གྱིས་གཟུགས་བརྙན་ཅི་འདྲ་བར་བསྐྱེད་པ་ནི་མེ་ལྷའི་བཞུགས་གནས་སོ། །དཀྱིལ་འཁོར་འདི་ལྟར་ཡང་བརྩམ་སྟེ། གཞན་ཡང་དཀྱིལ་འཁོར་བསམ་ཡས་ཀྱི་ཧཱུྃ། ཞལ་དགྲད་སྤྱན་གདངས་ཁྲོ་ཞལ་བསྒོམ། །རྡོ་རྗེ་གཏམས་པ་གདེངས་པ། ཞེས་པ་དག་གྲུ་གསུམ་ལས་མི་མཐུན་པའི་གཟུགས་བརྙན་ཁྲོ་ཞལ་སུམ་རྩིག་ཏུ་བྱ། ནང་མ་རྡོ་རྗེ་གདེང་བོ། བར་མ་ལ་ཐོད་པ། ཕྱི་རོལ་ལྕགས་ཀྱུས་བསྒོར་ཏེ་བསྒོམ་པ་རྗེས་སུ་མཐུན་ནོ། །དེ་དག་གི་ལྷོ་ཕྱོགས་སུ་ཐབ་དང་མཐུན་པའི་འབྲུབ་ཁུང་དུ་ལིང་ཁྲ་གཞག །རང་གི་ཕུར་པ་གསུམ་འམ་ཉེར་གཅིག་གིས་བསྐོར། དེ་ནས་དཔལ་གྱི་མཆོད་པ་རྣམ་གསུམ་ལོགས་སུ་བཞག་སྟེ་ལས་ཀྱི་དཀྱིལ་འཁོར་བསྐྱེད་ལ། ལས་གཞུང་བསྲང་བའི་ཕྱིར། ཁྲོ་བོ་ཚོགས་ཀྱི་སྔགས་རྣམས་དང་ཅེས་པ་ནས་ཧ་ཧེ་བྱོ་ཅེས་པའི་བར་ནི་ཁྲོ་བོའི་ལས་གཞུང་སྲང་མཆོད་པའི་རིམ་པ་ཟིན་ནས་འཛབ་བྱའོ། །ཕོ་ཉའི་རྗེས་སུའང་མི་འདོད་པ་མ་ཡིན་ནོ། །དེ་ནས་འགུག་འདྲེན་བྱ་བའི་ཕྱིར། །ཛ་ཧཱུྃ་བཾ་ཧོས་བཀུག་ནས་སུ། །རྒྱུ་དྲུག་སེམས་ཅན་ཀུན་བཀུག་ནས་ཞེས་པ་ཕྱག་རྒྱ་བཞིས་རྗེ་དབང་གིས་རྒྱུ་དྲུག་དགུག་པའོ། །ཧཱུྃ་སྒྲ་དྲག་པོའི་ཚོགས་ཀྱིས་འབར། །འཛིན་པའི་ཕྱག་རྒྱ་ཞེས་པ་ནས། །གཏོད་པའི་ཚུལ་དུ་སྦོད་གཏོང་བྱ་ཞེས་པ་དག །ཨེ་རཾ་གྱིས་སྣོད་བཅུད་དཀྱིལ་འཁོར་ང་རོ་དང་ཆས་པར་བསྐྱེད་ལ། ཕོ་ཉ་བསྐྱེད་ལ་ལྕགས་ཀྱུས་བཟུང་སྟེ་དགུག །འཁོར་གྱི་ཚོགས་ཀྱང་སྔ་མ་བཞིན་ཕོ་ཉར་བཀྱེ་ལ་དགུག་གོ། །གཏུམ་པོ་དམར་སྨུག་མཆུ་རིང་པོ་ཞེས་པ་ནས་བརྡུབས་ཧཱུྃ། ཞེས་པ། དྲག་པོའི་ལྷའི་མཚན་ཉིད་དང་སྐུ་མདོག་དང་མེ་དཔུང་རྩེ་ལྔར་འབར་བ་དང་། འོད་ཟེར་དང་ཆས་པས་གདུག་པ་བཀུག་སྟེ་ཞལ་དུ་གསོལ་བར་བྱེད་པའོ། །དེ་སྟིམས་ལ་ལྷ་དང་ཕྲལ་ནས་གཟིར་བའི་ཐབས་ཀྱང་གོང་མ་བཞིན་ཞེས་པ། ལྷག་མ་སྤྱི་དང་མཐུན་པར་ཕུར་བའི་ལས་བྱ་བའོ། །དེ་ནས་རྣལ་འབྱོར་གྱི་ལོངས་སྤྱོད་རོལ་པ་དང་། མེ་མཆོད་བརྩམ་སྟེ། མེ་དཔུང་འབར་བའི་ཚོགས་ཆེད་དུ་ཞེས་པ་དག་ནི། ཐབས་གཞལ་ཡས་སུ་གསལ་བའི་དེར་མེ་ལྷ་གདན་བསྐྱེད། ཏིང་ངེ་འཛིན་གྱི་མེ་ལྷ། ཡན་ལག་ལྷ་དང་ལྡན་པར་བསྐྱེད་དོ། །དེ་ནས་མེ་སྤར་བ་ལ། ཡེ་ཤེས་ཀྱི་མེ་ལྷ་ཨ་ནི་དེ་བ་རི་ཤི་ཛའས་སྤྱན་དྲངས་བསྟིམས་བརྟན་པ་ལ་མེ་མཆོད་རྫོགས་པར་བྱའོ། །དེ་ནས་མེ་ལྷའི་ལྟོ་སྙིང་ལ་དཀྱིལ་འཁོར་བསྐྱེད་ལ་སྦྱིན་སྲེག་བྱ་བའི་ཆེད་དུ་ཁྲོ་བོའི་དཀྱིལ་འཁོར་མ་ལུས་ཀུན། ཞེ་སྡང་རྡོ་རྗེར་བསྒོམ་པར་བྱ་ཞེས་པ་ནས། གསལ་འདྲིས་བློ་ཡིས་རྟག་ཏུ་བསྒོམ་ཞེས་པ། ཁྲག་འཐུང་དཀྱིལ་འཁོར་རིལ་དྲག་པོའི་སྐབས་སུ་ཞེ་སྡང་རྡོ་རྗེ་གཙོ་བོ་བྱས་པ་རྡོ་རྗེ་རིགས་སུ་བསྒོམ་པ་ནི། རིགས་ལྔ་ཧཱུྃ་ལས་བསྐྱེད་དོ། །དེ་དག་མེ་དཔུང་འབར་བ་མདོག་གནག་པ། མེ་སྟག་འཁྲུག་པ། ཆས་བརྒྱད་ཚང་བ། སེམས་ཅན་གསོན་མ་སྤོང་གཏོང་ཕོ་ཉའི་ཕྱག་རྒྱ་ཐོག་པ་མཚོན་ཆ་མང་པོ་ཐོགས་པ་དག་ལྟོ་བའི་གཞལ་ཡས་ན་རིམ་པར་བཞུགས་པར་རང་རང་ཡི་གེ་ལས་བསྐྱེད་དེ་ཁྲོས་པར་བསྒོམ་པའང་། གཞན་མ་ཡིན་རང་རིག་ཁྲོ་ཚོགས་ཀྱི་ངང་དུ་ཤར་བ་དེ་ལ་གསལ་ལ་འདྲིས་པར་བསྒོམ་པ་སྔོན་དུ་སྙོན་པ་ཡང་ཡིན་ནོ། །དེ་ཡན་ལག་ལྷ་དང་ལྡན་པ་ལ་སྤྱན་དྲང་བསྟིམ་སོགས་བྱའོ། །དེ་ལ་སྦྱིན་སྲེག་དབུལ་བའི་ཕྱིར། །མཆོད་སའི་གྲངས་སྤྱི་དང་མཐུན། ཞེས་པ། སོ་སོའི་བསྟོད་ཚིག་དང་བཅས་པའི་སྔགས་འཇུག་ལ་ཆེ་གེ་མ་ར་ཡ་ཕཊ་ཅེས་གཙོ་འཁོར་ཆ་ཕྱེ་ལ་དབུལ་ལོ། །ཨ་ནི་དེ་ཉིད་དུ་འདུས་མ་བྱས་པའི་དགེ་བའི་རྩ་བ་ཆེན་པོར་འགྱུར་བའོ། །ཁྲོ་བོའི་ཚོགས་ལ་དབུལ་བར་བྱ། །ཞེས་པས། ལིང་ཁ་དུག་གསུམ་མཆོད་པར་དབུལ་ལོ། །ཡོན་ཏན་ནི་ལྷ་ཡང་རུང་སྟེ་ཀླག་པར་འགྱུར། ཞེས་གསུངས་སོ། །ཡང་ཞལ་དུ་གཏིམས་ནི་ལྷག་པར་འགྲུབ། རྡུལ་ཆ་ཙམ་ཡང་མེད་པར་བྱེད། །ཞེས་གསུངས་པའོ། །དེ་ནས་དབུལ་ཐབས་ཀྱི་ལས་བྱ་བ་བསྟན་པའི་ཕྱིར། གཞན་ཡང་བསྟོད་ཚིག་འདི་དག་གིས་ཞེས་པ་ནས། བརླག་པར་མ་གྱུར་གང་ཡང་མེད་ཧཱུྃ་ཞེས་པ། དོན་གྱིས་བསྲེག་པའི་ཚེ་བསྟོད་པའི་ལས་མི་མཐུན་བྲོ་ཐབས་ལས་མཆེད་ཀུན་ཧོཾ་ཐ་མར་རྡོ་རྗེ་ལུ་གུ་རྒྱུད་དུ་སྦྲེལ། ཨེ་རཾ་གྱིས་དཀྱིལ་འཁོར་བསྐྱེད་ལ། ཚིག་བཞི་གོང་འོག་གང་རུང་བརྗོད་དེ། སུམ་མན་ནེས་བསྐུལ་བས་སྟོང་ཁམས་མེར་མེར་གཡོས་སྤྲུལ་པས་གང་བྱ་བེ་དེ་བཀུག་ལ་བོད་ཀྱིས་གཏིམས་ཏེ་ལས་འགྲུབ་པར་བྱ། མེ་ལྷ་ལ་གཏང་རག་གཏང་། དཀྱིལ་འཁོར་བསྡུ་བ་ལས་སོགས་པ་བྱའོ། །ལེའུ་དགུ་པའི་སྤྱན་འགྲེལ་པའོ།། །།དབང་གི་ལས་བསྟན་པའི་ཕྱིར། ལེའུ་བཅུ་པའི་རྣམ་པ་བཤད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་ཁྲོ་བོའི་རྒྱལ་པོ་པདྨ་སྡུད་པ། ཞེས་བྱ་བས། འདི་བརྗོད་དོ། །ཞེས་པར་སྦྱར་ཏོ། །འདི་སྐབས་ཀྱི་སྟོན་པ་པདྨ་ཧེ་རུ་ཀར་སྣང་ནས་དབང་གི་ལས་བྱེད་པས་འགྲོ་དོན་དུ་གསུངས་པ་ཁོ་ནའོ། །དེ་ཡང་རྣལ་འབྱོར་པ་གང་ཞིག་གིས་དོན་གྱི་སེམས་གང་དང་ལྡན་པས་བྱ་ཞེ་ན། ཤེས་རབ་ཐབས་སུ་འབྱོར་པ་ཡིས་ཞེས་པ་ནས། དབྱིངས་སུ་སྦྱོར་ཧྲཱི། ཞེས་པ། དེ་བཞིན་ཉིད་དང་སྒྱུ་མ་ལས་སུ་རུང་བ་ནི་རྣལ་འབྱོར་བའི་བརྩམ། དངོས་པོ་བཟང་ངན་རིལ་རིག་པར་མ་བསྡུས་གཅིག་པར་རྟོགས་པ་དོན་གྱི་སེམས་ཡོད་པས། རང་རིག་ཐམས་ཅད་ཀྱི་རྒྱུ་ཉིད་ཅིར་ཡང་མ་འགགས་ལ་དེ་ཉིད་ཡུལ་སེམས་དང་དངོས་པོ་གཉིས་པ་རིལ་རིག་པ་གཉིས་མེད་རྟོགས་པས་ཐག་བཅད་དེ་བསྙེན་པ་གོམས་པར་བྱའོ། །དཀྱིལ་འཁོར་ཟླ་གམ་གདེངས་པ་ལ། །ཞེས་པ་དག །མན་ངག་གི་རིམ་པར་འཆད་དེ། །དབང་གི་གནས་སུ་སའི་བྱ་བ་བྱས་ཏེ། །ལྷག་པ་གཟུགས་བརྙན་ལས་ཀྱི་དཀྱིལ་འཁོར་བརྩམ་པ་ཟླ་གམ་སུམ་རྩེག་གི་ནང་དུ་འཇིམ་པའི་པདྨ་ལ་ཧྲཱི་བྲིས་པ་གཞག་ཟབས་དང་གྱེན་ཚན་མཐུན། བང་རིམ་ནང་མ་ལ་མེ་རི་དམར་པོ་གཏང་། བར་མ་ལ་རྡོ་རྗེ། ཐ་མ་ལྗོན་ཤིང་བྲིའོ། །གཞན་ཡང་དཀྱིལ་འཁོར་མང་པོའི་ཚོགས། །དཀྱིལ་འཁོར་པདྨའི་ཞལ་འདྲ་བ་ཞེས་པ་དག་དཀྱིལ་འཁོར་པདྨ་འདབ་བརྒྱད་ལ་ལྟེ་བའི་བང་རིམ་སུམ་རྩེག་ནང་དུ་ཧྲཱི་བྲི། བང་རིམ་ནང་ལ་པདྨ། བར་མ་རྡོ་རྗེ། ཐ་མ་ལ་ལྗོན་ཤིང་བྲིའོ། །གཞན་ཡང་རྒྱན་གྱི་དམ་པའི་མཆོག །ཀུན་གྱིས་དེ་ལ་བརྒྱན་ཅིང་སྐོར་ཞེས་པ་དང་། གཞན་ཡང་རྒྱན་མཆོག་མཛེས་པ་ཡིས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་བརྒྱན་ཞེས་པ་མེ་དར་དམར་པོ། མདའ་བཞི་ཞགས་པ་དམར་པོས་བྲིའོ། །ལས་དང་བསྟན་པ་ཐབས་བཞི་ཀ་ལ་བརྒྱན་པའོ། །ཡང་འབྲུབ་ཁུང་ཟླ་གམ་དུ་ལིང་ཁ་གཞག །དེར་ཕུར་པ་ལྔས་བསྐོར་བར་བྱའོ། །ཤིང་ལ་སོགས་པའི་རྫས་ལྔ་ཚང་བར་དགྲམ་མོ། །དེ་ནས་ལས་གཞུང་བསྲང་བའི་ཕྱིར། བདག་ཉིད་མ་ཆགས་རྡོ་རྗེ་སྟེ། །ཞེས་པ་ལ་སོགས་པ། ཕྱི་རོལ་ཏུ་མགོན་པོ་ཚིམ་བྱས་ལས་བཅོལ་བ་བྱས་ཏེ། འདུས་པ་དང་དཀྱིལ་འཁོར་བསྐྱེད་ལ་བདག་གཙོ་བོ་པདྨ་ཧེ་རུ་ཀར་བསྒོམ། ཚིག་གི་རིམ་པས་གོང་དུ་སྨོས་པའི་ལྷ་ལྔ་བཅུ་རྩ་བརྒྱད་པདྨ་རིགས་སུ་བསྒོམས་ལ་མཆ ོད་པ་རྫོགས་པར་བྱའོ། །དེ་ནས་དགུག་པའི་ཕྱིར། གདུག་པ་ཡིད་ཅན་མ་ལུས་ཀུན། །ཛ་ཧཱུྃ་བྂ་ཧོས་བཀུག་ནས་སུ། །ཞེས་པ། དབང་གི་གཟས་པ་ཕོ་ཉས་དགུག་པའོ། །དེ་ལ་ཕུར་པའི་ལས་ལ་སོགས་པ་རྫོགས་ནས་སྦྱིན་བསྲེག་བརྩམ་པའི་ཕྱིར། མ་ལྷ་སྤྱན་དང་སྔ་མ་བཞིན། །ཞེས་པ། བཾ་རཾ་གྱིས་ཐབ་གཞལ་ཡས་སུ་བསྐྱེད་དེ་གདན་པར་བྱས། དེར་དབང་གི་མེ་ལྷ་བསྐྱེད་ཡེ་ཤེས་མེ་ལྷ་སྤྱན་དྲང་བ་ཁྲོ་བོ་དང་མཐུན་པར་བྱས་ཏེ་མེ་མཆོད་བརྩམ་མོ། །ཟིན་ནས་སྦྱིན་སྲེག་བྱ་བའི་ཕྱིར། །ཁྲོ་བོའི་དཀྱིལ་འཁོར་མ་ལུས་ཀུན། །ཞེས་པ་ལ་སོགས་པ། མེ་ལྷའི་ལྟོ་བར་དབང་གི་གཞལ་ཡས་ཁང་བསྐྱེད་ལ་དེར་ལྷ་རྣམས་པདྨ་རིགས་སུ་བསྐྱེད་པའོ། །དེ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཞུགས་པར་བྱའོ། །དེ་ལམ་མཆོད་པ་ནི་བདག་ཉིད་པདྨའི་ལྷར་གྱུར་པས། ཞེས་པ་ནས། ལན་གྲངས་གོང་དུ་སྨོས་པ་བཞིན་ཞེས་པ། སྲེག་བརྫས་སུ་གཏོགས་རིལ་བདག་ལྷ་གསལ་བས་སྟོད་ཚིག་བྱ་ཞིང་སོ་སོའི་སྔགས་མཇུག་ལ་པ་ཤི་མན་ཡེ་བ་ཤམ་ཀུ་རུ་སྭཱ་ཧཱ། ཞེས་དབུལ་ལོ། །དེ་ཡང་སྔགས་ནི་ཡི་གེ་རང་དང་ཧྲི། །ཞེས་པ་རྩ་བའི་ཉིད་དམ་ཧྲིའི་ས་བྱའོ། །དེ་ནི་བསྐྱེད་སྔགས་ཀྱང་མི་འདོད་པ་མ་ཡིན་ནོ། །མདོག་ནི་དམར་སྨུག་ཅེས་པ་དག་ཡི་གེའི་ཁ་དོག་སྟེ་འཛབ་ཀྱི་འཕྲོ་འདུའི་ཚེ་ན་འདིར་ལྟར་བྱའོ། །དགྱེས་པའི་གླུ་དང་གར་གྱིས་མཆོད་ཞེས་པ། །བསྟོད་ཚིག་སྦྱངས་དང་ཆས་པས་གར་བྱ་ཞིང་མཆོད་པ་རྡོས་སོ། །ལིང་ཁ་དབུལ་བའི་ཕྱིར། དཀྱིལ་འཁོར་ལ་ནི་དབུལ་བར་བྱ་ཞེས་པ་དུག་གསུམ་མཆོད་པ་དགོས་ཆེད་དང་བཅས་ཡོན་ཏན་དང་བཅས་པའོ། །དེ་ལྟར་སྤྱིར་མཆོད་པའི་ཡོན་ཏན་བསྟན་པའི་ཕྱིར། རྟག་ཏུ་མཆོད་པ་བྱས་ན་ནི། །ཞེས་པ་གསུམ་གསུངས་སོ། །དབང་གི་ཡོན་ཏན་ནི། ཧྲི་རྡོ་རྗེ་པདྨ་འབར་བ་ཡིས། ཞེས་པ་ནས་སྨོས་ཅི་དགོས་ཞེས་པ་བསྟོད་ཚིག་དང་ཐུན་མོང་དུ་སྟོན་ཏོ། །བྲོ་ཐབས་བྱ་བའི་ཚིག་ནི། ཧྲི་འདོད་ཆགས་རྡོ་རྗེ་འཁོར་བཅས་པས་ཞེས་པ་དག་སྟེ། བསམ་པ་རྗེས་སུ་མཐུན་ཏེ་སྐབས་བསྒྱུར་རོ། །དེ་ནས་དཀྱིལ་འཁོར་སྙིང་ལ་བསྡུ་བ་ལ་སོགས་པ་རྗེས་སུ་མཐུན་པར་སྦྱར་ཏོ། །ལེའུ་བཅུ་པའི་སྤྱན་འགྲེལ་པའོ།། །།རྒྱས་པའི་ལས་བསྟན་པའི་ཕྱིར་ལེའུ་བཅུ་གཅིག་པའི་རྣམ་པ་བཤད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོའི་རྒྱལ་པོ་རྣམ་པར་འཕྲོ་བ། ཞེས་བྱ་བའི་དཀྱིལ་འཁོར་འདི་ཉིད་ཀྱི་དབྱིངས་ནས་ཕྱུང་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ། ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་ལེགས་པའི་ཡོན་ཏན་དུ་བྱ་བ་དུ་མར་སྣང་བའི་ཐབས་རྒྱས་པའི་ལྷའི་དཀྱིལ་འཁོར་གྱི་འཕྲིན་གདུལ་བྱ་ལ་སྣང་བའོ། །མན་ངག་གི་རིམ་པ་བརྩམ་པར་བྱ་བའི་ཆེད་དུ། །ཏྲམ་ཡེ་ཤེས་ཕྱོགས་བཞི་དབུས་འོད་འབར་ཞེས་པ་ལ་སོགས་པ། རྒྱས་པའི་གནས་སུ་ས་ཆོག་བྱས་དུས་མ་ནོར་བར་ཡེ་ཤེས་བཞིའི་ཕྱིར་ཐབ་གྲུ་བཞིར་བརྩམ་པའང་ཁྲུ་གང་སུམ་རྩེག་དུ་བྱ། ནང་མ་རིན་པོ་ཆེ། བར་མ་རྡོ་རྗེའམ་སྒྲོམ། ཐ་མ་ཞགས་པས་བསྐོར། གཞན་མདའ་བཞི་ཞགས་པ་སེར་པོས་བྲི་བ་ལས་སོགས་པ་བྱའོ། །ནང་དུ་འཇིམ་པའི་ཟུར་བརྒྱད་ལ་ཏྲཾ་བྲིས་པ་གཞག་གོ། །ཡང་བཟོ་དང་མོས་པའི་དབང་གིས་འདི་ལྟར་བརྩམ་སྟེ། གཞན་ཡང་དཀྱིལ་འཁོར་བསམ་ཡས་ནི། །རིན་ཆེན་དབྱིབས་ལ་རྡོ་རྗེ་འབར། །ཞེས་པ་དག །གྲུ་བཞི་ལས་མི་མཐུན་པར་དཀྱིལ་འཁོར་རིན་པོ་ཆེ་ཟུར་བརྒྱད་དུ་བརྩམ་མོ། །ཧོ་ཁུང་བང་རིམ་གཅིག་སྟེ་བ་ལ་རྡོ་རྗེས་བསྐོར། དེ་དར་ལ་སོགས་པ་བཤད་པ་བཞིན་ནོ། །དེར་འབྲུབ་ཁུང་ཐབ་ལྟ་བུར་ལིང་ཁའི་མཐའ་ཕུར་པ་བཞིས་བསྐོར་བའོ། །ལས་ཀྱི་དཀྱིལ་འཁོར་ལས་གཞུང་བསྲང་བའི་ཕྱིར། བདག་ཉིད་རིན་ཆེན་རབ་འབར་ནས། ཏྲཱཾ་དཀར་ཡི་གེ་འོད་དུ་འབར་ཞེས་པ་ལ་སོགས་པ་མགོན་པོ་མཆོད་མཚམས་བཅད་ནས། གཞལ་ཡས་ཁང་བསྐྱེད་དེ་ནས་བདག་རཏྣ་ཧེ་རུ་ཀར་གསལ་བའི་ཐུགས་ཀར་རིན་པོ་ཆེ་ལྟེ་བ་ལ་ཏ་མ་འོད་འབར་བའི་ཐ་མ་བཟླས་པའི་ཡི་གེས་བསྐོར་བར་བསམ། ཁྲོ་བོའི་དཀྱིལ་འཁོར་རིལ་ཀྱང་རིན་པོ་ཆེ་རིགས་ཀྱི་ལྷ་ཚོགས་སུ་གསལ་བར་བསྒོམ་སྟེ། མཆོད་འཛབ་ཀུན་ཟིན་ནས་ཚོགས་རོལ་པ་དང་། དགུག་པའི་ཕྱིར། མངོན་དུ་བྱུང་བའི་དཀྱིལ་འཁོར་དུ། །ཞེས་པ་ནས། འོད་འཕྲོ་བསྒོམ་ཞེས་པ། ལྷ་གསལ་བས་ཕྱག་རྒྱ་བཞིས་རྒྱས་པའི་གཟས་པ་བཀུག་ལིང་ག་ལ་བསྟིམས་ཏེ། བཅིང་ཕུར་བས་བཏབ་ཚེ་སོགས་ཡོན་ཏན་སྙིང་ཀར་བདག་ལ་གཏིམས་སྟེ་བདག་གཟི་བྱིན་བྱ་དང་ལྡན་པར་བསམ་མོ། །དེ་ནས་མེ་མཆོད་མཐུན་པར་བརྩམས་ལ་སྦྱིན་སྲེག་བྱ་བ་ནི། ཁྲོ་བོ་ཀུན་ཀྱང་དགའ་འཕྲོ་སྟེ། །འོད་ཆེན་དཀར་པོ་འབར་བ་དང་། །ཞེས་པའི་ཚིག་བཤད་གཅིག་གིས། མེ་ལྷའི་ལྟོ་བར་ཁྲོ་བོ་རིལ་རཏྣ་ཧེ་རུ་ཀ་འཁོར་བཅས་གཞལ་ཡས་ཁང་གདན་དང་བཅས་པར་བསྐྱེད། སྤྱན་དྲང་སྟིམས་བརྟན་པར་བྱའོ། །དེ་ལ་སྦྱིན་སྲེག་དབུལ་བའི་ཕྱིར། །མཆོད་པའི་ཡོ་བྱད་སྣ་ཚོགས་དང་ཞེས་པ་ནས་དབུལ་ཞེས་པ། རྒྱས་པའི་བསྲེག་རྫས་རིལ་དང་། ཡམ་ཤིང་དཀར་པོ་དང་། འོད་ནི་ཞི་བ་དང་བསྣོལ་ཏེ་འདིར་སེར་པོའོ། །མཆོད་པ་འབྱོར་གྱིས་ལྷ་རྣམས་ལ་ཐིམ་པར། །བསྟོད་ཚིག་དང་རང་གི་སྔགས་ཀྱི་རྗེས་ལ་པུས་ཏིང་ཀུ་རུ་སྭཱ་ཧཱ་ཞེས་སྲེག་གོ། །གཞན་ཡང་ལྷ་དང་ལྷ་མོ་ཡིས་ཞེས་པ་ནས། གླུ་དང་གར་གྱིས་མཆོད་པ་བྱ་ཞེས་པ་མཆོད་པའི་ཚེ་རྒྱས་པའི་དཀྱིལ་འཁོར་ལས་མཆོད་པ་སྤྲོས་པ་དེ་ཕྱོགས་བཅུ་རྒྱལ་བ་ལའང་མཆོད་པ་ནི་སྐབས་གཉི་གར་རོ། །ཡོན་ཏན་ནི་མཆོད་པའི་འོ། ཏྲཱྂ་ས་བོན་ནོ། །གླུ་གར་རྗེས་སུ་མཐུན་པའོ། །ཡོན་ཏན་རྒྱས་པར་བསྟན་པའི་ཕྱིར། །བདེ་བ་ཆེན་པོའི་དཀྱིལ་འཁོར་འབར། །འོད་ཟེར་འཕྲོ་བ་མང་པོ་འཁྲུག་ཅེས་པ་ནས་མཉམ་ཞེས་པ། རྒྱས་པའི་དཀྱིལ་འཁོར་འོད་ཟེར་དང་བཅས་པ་དོན་གཉིས་ཀྱི་ཕྱིར་བསྣོལ་མར་འབྱུང་བ་དེ་ལྟར་བསྒོམ་པ་ནི་ཡོན་ཏན་གྱི་རྒྱུ་ཁོ་ན་སྟེ་མཆོག་ཏུ་རྒྱས་པར་བྱེད་པའི་ལས་བརྩམས་ན། རྒྱལ་བ་ཉིད་དུ་འགྱུར་བའོ། །འོ་ན་མ་ཐོབ་པ་ཐོབ་པར་བྱར་ཡོད་དམ་ཞེ་ན། ཐམས་ཅད་སངས་རྒྱས་ཞིང་དང་མཉམ། །གཞན་ནས་ཡོད་འོང་མ་ཡིན། །སྒྱུ་མའི་ཡེ་ཤེས་བརྟན་པ་ཡིན། །ཞེས་པ། རིལ་འབྲས་བུའི་ངོ་བོ་བས་རྒྱུ་འབྲས་དབྱེར་མེད་པའི་ཕྱིར། རག་གཞན་དུ་མ་ལུས་ཏེ། རྟོགས་པ་བརྟན་པའི་རིག་པ་འབྲས་བུར་སྣང་བ་སྟེ་ལས་ཀུན་མཐུན་པའོ། །གླུ་ཚིག་དང་ཡོན་ཏན་ཐུན་མོང་དུ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ཁམས་མ་ལུས་ཀུན། མཆོད་ཡོན་རིན་ཆེན་ཞེས་པ་ལ་སོགས། ནམ་མཁའི་ཁམས་རྒྱས་པའི་མཆོད་པས་གང་བར་ཕུལ་བ་བཞེས་ལ་དགྱེས་པར་མཛོད་ཅིག་པའོ། །ཧྲཱཾ་ང་རྒྱལ་རྡོ་རྗེ་ཞེས་པ་དག་བློའི་ལས་བྱ་བ་སྟེ། ཏིང་ངེ་འཛིན་གྱིས་དབུས་སུ་བཀུག་པ་ལ་འོད་སེར་པོ་ཕབ་སྟེ་རྒྱས་པར་བྱའོ། །དེ་དག་ཕན་ཡོན་གྱི་སྔོན་དུ་འབྱུང་བའོ། །དེ་ནས་དཀྱིལ་འཁོར་བསྡུ་གཏང་རག་བྱས་ཏེ་མེ་ལྷ་གཤེགས་པ་ལས་སོགས་པ་བྱའོ། །ལེའུ་བཅུ་གཅིག་པའི་སྤྱན་རྣམ་པར་འགྲེལ་པའོ།། །།ཞི་བ་ལྷག་པའི་གཟུགས་བརྙན་དང་ཏིང་ངེ་འཛིན་གྱི་ལས་བསྟན་པའི་ཕྱིར། ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པ་བརྩམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་སྣང་མཛད་ཁྲོ་བོ་ཆེན་པོ་འདི་བརྗོད་དོ། །ཞེས་པར་སྦྱར་ཏོ། །གང་གི་ཆེད་དུ་ཞེན་འཁོར་གཉིས་ཀྱི་ཆེད་དུ་དཀྱིལ་འཁོར་ཐམས་ཅད་ཞི་བའི་དཀྱིལ་འཁོར་དུ་བྱ་ལ་སྣང་བའོ། །དྲུག་པའི་སྟོན་པའང་སྐབས་ཀྱིས་རྣམ་པར་སྣང་མཛད་དུ་འབྱུང་བའོ། །ཡེ་ཤེས་དཀྱིལ་འཁོར་མཐའ་དབུས་མེད་བསམ་ཡས་ལྷུན་གྱིས་གྲུབ་པ་ཡིས། རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན། །བདེ་གཤེགས་ཉིད་ལས་མི་གཞན་པས་ཞེས་པ། ཞི་བའི་དོན་འཆད་དེ། མན་ངག་གི་རིམ་པ་རྗེས་སུ་གོ་སླ་བས་མ་སྦྱར་ཏོ། །རང་འབྱུང་བའི་ཡེ་ཤེས་ནི་ཡེ་ཤེས་རིལ་གྱི་སྙིང་པོ་བས་མཐའ་གསུམ་ལས་འདས་པས་རང་གིས་ཞི་བའི་ཕྱིར་ཐབ་ཀྱི་དོན་ཏོ། །དེ་ཉིད་ལ་རྒྱལ་བའི་དཀྱིལ་འཁོར་མང་པོ་ལྷུན་གྱིས་གྲུབ་པའི་ཕྱིར། ཁྲོ་ཞི་ལྷ་ཀུན་དྲུག་པའི་རྒྱལ་བ་ཉིད་ལས་མི་གཞན་པའི་ཕྱིར་ཞི་བའི་ལྷར་བྱུང་བའོ། །དེ་བས་ན་དེ་ཉིད་ནི་གཞན་མ་ཡིན་རང་རིག་ངོས་ཞི་བ་ཉིད་ལྷར་ཤར་བའོ། །ༀ་དཀྱིལ་འཁོར་ཟླུམ་པོར་འབར་བ་ལ། །འཁོར་ལོ་འབར་བས་རབ་བསྐོར་ནས། །འོད་ནི་སེར་པོ་རབ་ཏུ་འབར། །ཞེས་པ། མེ་ཐབ་ཟླུམ་པོ་ཁྲུ་གང་ཟབས་དང་ཕྱིན་དུ་ཕྱེད་ཕྱེད་བང་རིམ་གསུམ་དུ་བྱའོ། །བང་རིམ་ནང་མ་ལ་འཁོར་ལོ། །བར་མ་ལ་རྡོ་རྗེ། ཐ་མ་ལ་འོད་སེར་པོ་རྒྱས་པ་དང་བསྣོར་ཏེ་དཀར་པོའོ། །ནང་དུ་འཇིམ་པའི་འཁོར་ལོ་ལ་བྲིས་པ་གཞུག་གོ། །ལྷོ་རུ་འབྲུབ་ཁུང་ཐབ་དབྱིབས་ལ་ལིང་ཁ་གཞུག །ཕུར་པ་དཀར་པོ་དྲུག་གིས་བསྐོར། །ཐབ་ཏུ་ཤིང་བརྩིག །མདའ་བཞི་ཞགས་པ་དཀར་པོས་བྲི། །མེ་དར་དཀར་པོས་དགབ་པའོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་མཆོད་པའི་ཕྱིར་རྨད་དུ་བྱུང་བའི་སྐུ་ལ་སོགས། ཞེས་པ་ནས། འགྱུར་ཞེས་པ། དེ་ནས་མགོན་པོ་མཆོད་དེ་ཕྱི་ནང་མཚམས་བཅད་ལ། བདག་ཉིད་སྣང་མཛད་མཚན་དཔེས་ཁྱད་པར་དུ་འཕགས་པའམ་འབུ་ཏ་ཧེ་རུ་ཀ་ལ་སོགས་བཞི་བའི་དཀྱིལ་འཁོར་དུ་རིག་པའི་ཆོ་འཕྲུལ་རང་སྣང་བར་བསྒོམ་སྟེ། མཆོད་བསྟོད་བཟླས་པ་དང་ཚོགས་ཀྱི་འཁོར་ལོ་བྱས་ན་ཞི་བའི་དངོས་གྲུབ་ཐོབ་བོ། །དེ་ནས་འགུག་གདབ་གཏུབ་པའི་ལས་ལ་སྦྱར་རོ། །མེ་མཆོད་བྱ་པའི་ཕྱིར་ས་བོན་ཡི་གེ་ༀ་སེར་པོ། མེ་ལྷ་སྤྱན་དྲང་སྔ་མ་བཞིན། །ཞེས་པ། ཐབ་ཡར་གྱིས་གཞལ་ཡས་ཁང་བསྐྱེད་རྡོ་རྗེ་བྲག་སྟེང་དུ་དིམ་ཨ་ལས་ར་སྐྱེས་ཉི་ཟླ་དང་ཆས་པར་བསྐྱེད་པའི་སྟེང་དུ་ༀ་གྱི་ས་བོན་དཀར་པོ་ལས་བཞི་བའི་མེ་ལྷ་ཞི་བའི་ཚུལ་ཅན་འགུན་ནེ་འགྲང་འཕྲེང་ཅན་ཡན་ལག་དང་བཅས་པར་བསྐྱེད། དེ་ནས་ཡེ་ཤེས་མེ་ལྷ་སྦྱན་དྲངས་བསྟིམས་མཆོད་པ་རྫས་སུ་མཐུན་པར་བྱའོ། །སྦྱིན་སྲེག་བྱའི་ཕྱིར། ཁྲོ་བོའི་དཀྱིལ་འཁོར་མ་ལུས་ཀུན། །ཀུན་ཀྱང་གཏི་མུག་རྡོ་རྗེ་སྟེ། །ཞེས་པ་ནས། དབྱིངས་ཉིད་དེ་ཞེས་པ། ལྷའི་ལྟོ་སྙིང་ཞི་བའི་གཞལ་ཡས་སུ་བསྐྱེད། ཁྲོ་བོའི་ལྷེ་རིལ་འབུ་ཏ་ཧེ་རུ་ཀས་གཙོ་བོ་བྱས་པའི་ཞི་བའི་ཆ་ལུག་གཙོ་དང་མཐུན་པ་ཤ་སྟག་གོ། །དེ་ཡང་ཀུན་སྐུ་ལ་འོད་སྣ་ལྔ་འཕྲོ་ཞིང་འཁོར་ལོ་ཐོགས་པ་གཙོ་བོ་འཁོར་དུ་རིགས་བཞི་ཡབ་ཡུམ་ནས་སྒོ་མ་དབང་ཕྱུག་མ་ཡན་ཅད་ཀྱིས་བསྐོར་བ། ལྷའི་གདན་དང་གཞལ་ཡས་ཁང་ཡང་ཞི་བའི་ཆ་ལུགས་ཁོ་ནར་བསྐྱེད་པའོ། །རྒྱལ་བའི་དཀྱིལ་འཁོར་དེ་དག་ཏུ། །ཕྱོགས་བཅུ་གནས་པ་ཞེས་པ་ནས། །ཞི་བར་གྱུར་ཞེས་པ་དགུག་གདབ་ཀྱི་ལས་ཡོན་ཏན་དང་བཅས་པར་སྟོན་ཏེ། སྔ་ལས་ཀྱི་འཁོར་བསྐྱེད་པ་དེ་དེ་དག་གིས་ཞི་བའི་གཟས་པ་བཀུག་འབྲུབ་ཁུང་གི་ལིང་ཁ་ལ་ཕབ་བཅིངས་གཏུབས་སྤར་ཏེ། དེ་དག་དུག་གསུམ་མཆོད་པ་ཕུལ་ན་ལས་ཀྱི་ཁྲོ་བོ་རིལ་ཞི་བ་ཁོ་ནར་གྱུར་བའོ། །ༀ་གཞན་ཡང་དཀྱིལ་འཁོར་བསམ་ཡས་ཏེ། དཀྱིལ་འཁོར་འཁོར་ལོ་འབར་བའི་ཞེས་པ་ལ་སོགས་པ། ཐབ་ཟླུམ་པོ་ལས་མི་མཐུན་པར་འཁོར་ལོ་རྩིབས་བརྒྱད་དུ་བྱ། ལྟེ་བ་བང་རིམ་སུམ་རྩེག་དུ་བྱ། ནང་དུ་འཇིམ་འཁོར་ལོ་ལ་ཨཱོཾ་བྲི་བ་མཐུན། ནང་དང་བར་མ་མཐུན་ཨཱོཾ་དང་སེར་འགོ་སྤེལ་མས་ཕྱི་རིམ་སྐོར། དེར་རྫས་རྣམས་ཚང་བར་བྱའི་ཕྱིར། །རྫོགས་ལྡན་ཞི་བས་བསྐོར་བར་བྱ། །ཞེས་གསུངས་སོ། །རོ་བསྲེག་པའི་ལས་བརྩོམ་ན། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། །གང་ཞིག་འཕོ་བར་གྱུར་སྦྱོད་ན། །སྤོས་དང་བདུད་རྩི་ཆུ་བཀྲུས་ཏེ། །བར་མའི་ཤེས་པ་བཀུག་བསྟིམས་ལ། །ཕྱག་རྒྱ་གནས་སུ་ཚང་བར་གདགས། །ལས་ཀྱི་དཀྱིལ་འཁོར་གཞུང་བསྲང་ལ། །ས་བོན་ལྷར་བསྐྱེད་འཕྲོ་འདུས་སྦྱང་། །ཚོགས་ཀྱི་འཁོར་ལོ་ལེགས་པར་བརྟག །ཕུན་ནུས་སྐལ་པས་སྦྱིན་བྱས་ཏེ། །མནའ་འདལ་འཁོར་ཡུག་རན་ཙམ་ལ། །བརྒོ་དང་ཁ་ཁྱེར་ཚུལ་བཞིན་བྱ། །རྒྱལ་བའི་ཕོ་བྲང་གང་ཡིན་བྲི། །སྟེང་དུ་འོག་མིན་མཚན་མ་གདགས། །དཀྱིལ་འཁོར་གཉིས་པོ་གསལ་བྱས་ལ། །གཉིས་མེད་དཀྱིལ་འཁོར་གཉིས་ལ་བསྟབ། །ཐུགས་རྗེ་ལྕགས་ཀྱུས་གྲངས་ཏེ་གཞུག །མེ་ལ་སྤྱན་དྲངས་མཆོད་སོགས་བྱ། །རྡོ་རྗེ་རྒྱལ་པོས་འཕྲོ་འདུ་བྱ། །གཞན་རྣམས་གདུང་བས་ཉེས་བྱས་བཤགས། །གར་མས་གླུ་བླངས་གར་བསྟོད་བསྲེགས་ཏེ། །གནས་ཀྱི་སྨོན་ལམ་ཚུལ་བཞིན་བྱ། །དམ་པ་ཞིག་ན་གདུང་ཡང་བརྟག །རྒྱལ་མཚན་རྩེ་མོར་མཆོད་བསོགས་བྱ། །ཐལ་བ་ཟབ་མོའི་སྐུ་གདུང་དང་། །བདུད་རྩི་སྨན་དུ་བསྒྲུབ་པར་བྱ། །ཞེས་གསུངས་སོ། །རྒྱལ་པོ་ལུས་འཇོམ་འཁོར་ལོ་འབར། །རྒྱན་རྣམས་བཞི་ལ་དཀར་བ་དང་། བྱང་ཆུབ་ཞེས་པ་དག །ཞི་བའི་གཙོ་བོ་ཤིན་ཏུ་དོད་པ་རྒྱན་ཚང་བ་འཁོར་ལོ་ཅན་རྒྱན་ཀུན་རིན་ཆེན་འཕྲེང་བ་ཟླུམ་ལ་དཀར་བཞི་བའི་ཚུལ་ཅན་ལྟར་འཁོར་ཀུན་དེ་བཞིན་པའོ། །མཁའ་ལ་རྒྱུ་ཅེས་པ་དག་ཡོན་ཏན་ཏེ་སྒྲ་ཇི་བཞིན་ནོ། །བདེ་ལྡན་བྱང་ཆུབ་འོད་འཕྲོ་འབར། །ཞེས་པ། གདུག་རྩུབ་ལ་སོགས་ཞི་བའི་དངོས་ཐོབ་པར་དགྱེས་པའོ། །བྲོ་ཐབས་ཀྱིས་བྱ་བ་ནི། ༀ་གཏི་མུག་རྡོ་རྗེ་འཁོར་བཅས་པས། ཞེས་པ་ལ་སོགས་པ། ཡང་རཾ་གྱིས་དཀྱིལ་འཁོར་གསལ་བར་བྱས་ལུ་གུ་རྒྱུད་དུ་སྦྲེལ་ལ། བརྗོད་དེ་སུམ་བན་ནེས་བསྐུལ་བས་སྟོང་གསུམ་གཡོས་པའི་གཟས་དབུས་སུ་བཀུག་པ་ལ་འོད་དཀར་པོ་གཏིམས་ཏེ་ཞི་བར་བྱ་བའོ། །དེ་ནས་བསྡུ་བ་ལ་སོགས་རྗེས་སུ་སྦྱར་ཏོ། །ལེའུ་བཅུ་གཉིས་པའི་སྤྱན་རྣམ་པར་འགྲེལ་པའོ།། །།བདག་གཞན་གྱི་དོན་དུ་ཚེ་བསྒྲུབ་པ་བསྟན་པའི་ཕྱིར། ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པ་བརྩམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པས་རྒྱལ་པོ་ཚེ་མཐའ་ཡས་སུ་སྤྲུལ་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ་ཞེས་པ་ཀུན་ཏུ་བཟང་པོ་ཉིད་ཚེ་སྒྲུབ་པའི་སྐབས་སུ་ཚེ་བདག་ཉིད་སྣང་བ་མཐའ་ཡས་སུ་གདུལ་བྱ་ལ་སྐབས་ཀྱིས་སྣང་ནས་གསུངས་པ་ལྟར་སྣང་བའང་ཆེད་གཉིས་ཀྱི་ཕྱིར་རོ། །སྤྱིར་ཚེ་སྒྲུབ་བའང་ཏིང་ངེ་འཛིན་གཉིས་ཀྱིས་སྒྲུབ་པ་དང་། ཐབས་ཀྱིས་སྒྲུབ་པ་དང་། རྫས་ལ་བརྟེན་ཏེ་བསྒྲུབ་པའོ། །རྫས་ཀྱང་བདུད་རྩི་སྨན་ལ་བརྟེན་ཏེ་བསྒྲུབ་པ་དང་། ཟླ་རྒྱས་དང་འཛའ་གང་ལ་བརྟེན་ཏེ་བསྒྲུབ་པའོ། །དེ་ཡང་སྒྱུ་འཕྲུལ་རྒྱ་མཚོ་ལས། བདག་ཉིད་མཐའ་ལམ་འདོད་པ་ཡིས། །སྟོང་པ་ཆེན་པོར་གོམས་གྱུར་ནས། །རྒྱལ་བའི་སྐུ་ཚེ་མི་འཆི་ཉིད། །མཚན་མའི་རྒྱུན་གྱིས་ཚེ་བསྡུས་ནའང་། །འདོད་པ་ཡིད་འོང་ཐོབ་པར་འགྱུར། །སྟེང་སྒོ་རླུང་ལ་དབང་ཐོབ་པ། །བར་མའི་རྐྱེན་གྱིས་སླུ་བ་མེད། །མཚན་བཟངས་ཐིག་ལེ་བཅུ་དྲུག་སོགས། །དབེན་པའི་གནས་སུ་ཟླ་དང་བཅས། །ཞུ་ཆེན་ལ་སོགས་བཅུད་ཀྱིས་གསོ། །གང་རྒྱས་བདུད་རྩི་གསལ་བའི་ལྕེས། །བརྔུབས་ན་མི་འཆི་ངེས་པར་མྱོང་། །ལྔའི་རྩ་བ་ཡན་ལག་བཅས། །བདུད་རྩི་རིགས་བརྒྱ་ལྔ་གཅིག་སྦྱངས། །རྟགས་ཕྱིན་འཐུངས་ནའང་ཐེ་ཚོམ་མེད། །ར་ས་ཡ་ན་སྣ་ཚོགས་ལ། །བསྒྲུབ་ཅིང་བརྟེན་ནའང་དེ་བཞིན་ནོ། །ཚེ་མཆོག་ལས་བྱས་ཟླ་རྒྱས་སོགས། །རྟགས་ལྡན་ཟོས་པའང་ངེས་པར་འགྱུར། །གཞན་པ་ཐ་མ་ལ་སྦྱར་ཏེ། །བདག་ཉིད་ཀུན་ལ་ངེས་པར་འགྲོ། །སྔོན་སོང་པའི་སྔ་རོལ་ཉིད། །ཡང་ན་མཐར་ཉེའི་ལམ་གནས་ཚོའོ། །ཞེས་གསུངས་སོ། །དེ་ལ་འདིར་བདག་གཞན་དོན་དུ་བྱ་བའང་མན་ངག་གི་རིམ་པ་ལ་འཇུག་པར་བྱ་སྟེ་ཐོག་མར་གང་ཟག་གང་གིིས་བྱ་ཞེ་ན། སྔགས་མཁན་རབ་ལྡན་བློ་བརྟན་པས། །ཡན་ལག་མ་ཉམས་སྔགས་བཟླས་བསྒོམ་ཞེས་པ་རྣལ་འབྱོར་པ་ཤེས་རབ་ཡོད་ཅིང་ཏིང་ངེ་འཛིན་བརྟན་པས་སྤྲོས་བཅས་ཀྱི་རྣལ་འབྱོར་ལ་དབང་ཐོབ་སྟེ། སྔགས་ཀྱི་ཡན་ལག་ལྔ་ལྷ་གསུམ་དང་དབུ་རྒྱན་ལྷ་དང་ཡེ་ཤེས་སེམས་དཔའ་གསལ་བ་བཟླས་པ་ཚད་དུ་ཕྱིན་པས་ཆོ་ག་ལྔ་དང་ཡོ་བྱད་ལྔ་ཚང་བས་བརྩམ་པའོ། །སྐབས་གཞན་དུ་ཕྲ་མོ་མན་ཆད་ཀྱང་འགལ་བ་མ་ཡིན་ནོ། །དེས་གཞུང་དང་མཐུན་པའི་གནས་སུ་བསྒྲུབ་བཞིས་གཞུང་གཟུགས་པའི་ཕྱིར། ཚེ་བསྙེན་དང་ནི་ཉེ་བསྙེན་དང་། །ཚེ་བསྒྲུབ་དང་ནི་ཚེ་བསྒྲུབ་པའི། །ཐབས་དང་ཤེས་རབ་འབྱོར་པ་ཡིས། །ཅི་འདོད་ལས་རྣམས་འགྲུབ་པར་འགྱུར། །ཞེས་པ། དེ་ཡང་ཡོ་བྱད་བཙལ་ཞིང་བསོགས་པ་དང་སྟེགས་བུ་བརྩིགས་ཏེེ་བྲིས་ནས་རྫས་བགོད་པ་དང་། འཕྲོ་འདུས་དགུག་བསྟིམ་ལས་བར་ཆད་མེད་པར་བྱེད་པ་དང་། ཚེ་བསྟིམ་ཞིང་དངོས་གྲུབ་བླང་བའི་ལས་སོ། །ལས་ཀྱི་བྱེ་བྲག་ཅིའང་མི་འགོག་པ་ཉིད་རང་རིག་དུ་ཤེས་པས་བསྒྲུབ་ན་འགྲུབ་པའོ། །གཞན་དུ་ན་སྒྱུ་འཕྲུལ་ཕྱི་མ་ལས། བཅུ་དྲུག་ཕྱག་རྒྱ་མཚན་བཅུད་ཅན། །ཟླ་གསལ་དཀར་དམར་རླུང་ཀར་ལྕི། །བརྩལ་ནས་དགག་བསློབ་བསྙེན་པའོ། །གསལ་ལྡན་མའམ་བྱིན་རླབས་ནས། །ཚེ་ཡིས་སྐུལ་བ་ཉེ་བའོ། །ཕྱག་བརྒྱ་བཞིའི་གར་ཐབས་ཀྱིས། །ཧཱུྃ་ཕཊ་བསྐྱོད་པ་བསྒྲུབ་པའོ། །རླུང་གིས་སྦྱོར་བས་རྡུབ་བྱེད་པ། །བསྒྲུབ་པ་ཆེན་པོ་བརྗོད་པ་ཡིན། །དེ་ལྟར་ཡབ་ཡུམ་འབྱོར་དགྱེས་པས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ་ཅེས་གསུངས་སོ། །དེ་ལ་ཕྱི་རོལ་གྱི་བསྙེན་པའི་དབང་དུ་ཡོ་བྱད་བསྟན་པའི་ཕྱིར། ཡིད་བཞིན་ཐུབ་པ་རིན་པོ་ཆེ། །རྒྱན་དང་རིན་ཆེན་འཕྲེང་བས་བརྒྱན། །ཞེས་པ་ལས་བསོགས་པ། ཡོ་བྱད་ཕྱིར་ན་བསྒྲུབ་པ་རྫས་ཀྱི་ཡོ་བྱད་དང་། རྐྱེན་བཟློག་དགོས་པའི་ཡོ་བྱད་དང་། །འཚོ་བ་ཟས་ཀྱི་ཡོ་བྱད་དོ། །དེ་ལ་བསྒྲུབ་རྫས་ལ་དཀྱིལ་འཁོར་རྒྱན་དང་། བསྒྲུབ་པའི་རྫས་དང་། སྔགས་པའི་ཆས་གོས་སོ། །རྐྱེན་ཟློག་ལའང་དགྲ་བཟློག་པའི་གོ་མཚོན་དང་། ནད་བཟློག་པའི་སྨན་ཆ་དང་། བགེགས་བཟློག་པའི་གུ་གུལ་དང་ཉུང་ཀར་རྒྱལ་པོ་དང་བསྲུང་བའི་ཐབས་རྣམས་སོ། །དེ་ལ་འདིར་བསྒྲུབ་པའི་རྫས་ཏེ། བུབ་རྒྱུ་ལྕགས་གསུམ་ལས་བྱས་པ་ལྟོ་འགྲིན་ཕྱེད་པ་ལ། རིན་པོ་ཆེ་རྒྱན་དང་འཕྲེང་བས་བརྒྱན་པར་རྫས་བཅུ་གཉིས་དང་ཉུངས་ཀར་བསླུགས་ཏེ་མར་རམ་མཆང་གིས་བསྟམ་པ་གཅིག་གམ་ལྷ་གྲངས་དང་མཐུན་པའོ། །རྫས་གཞན་པ་གཅིག་གོ། །སྔགས་པའི་ཆས་ནི། རྒྱན་ཆས་ལྔ་ལྡན་བྱས་ནས་ཞེས་པ། དབུ་རྒྱན་སྟོད་སྨད་ཀྱི་གཡོགས་དང་། །ཕྱག་རྒྱ་ཕུ་རུང་། གསང་འབོབ་བཤམ་པའོ། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་ཞེས་པ། སྔགས་བརྒྱན་ལྡན་གྱིས་འགྲུབ་ངེས་པའི་ཡོན་ཏན་བོད་པ་ལ་བསྐུལ་བའོ། །ཡོ་བྱད་ཚང་ནས་ལྷག་པ་གཟུགས་བརྙན་བསྒྲུབ་པའི་ཕྱིར་དཀྱིལ་འཁོར་བརྩམ་པ་བསྟན་པའི་ཕྱིར། སྒྱུ་འཕྲུལ་དྲྭ་བ་བསྟན་བསྡུས་ཏེ། །བྲུམ་དང་བི་ཤིའི་དཀྱིལ་འཁོར་དུ་ཞེས་པ་ནས། རབ་བསྒོར་ནས་ཞེས་པ། ཉེ་བའི་བསྙེན་པ་སྟེ། སློབ་དཔོན་སྒྱུ་འཕྲུལ་དྲ་བའི་སྒོམ་ལམ་གྱི་ཏིང་ངེ་འཛིན་བརྟན་པས་རྫས་དང་ཡོ་བྱད་ཀུན་བསོགས་ནས་སྟེགས་བུ་བརྩམ་པ་ནི། དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་དབུས་དང་མཐར་རྡོ་རྗེ་འཕྲེང་བ་གཉིས་སྒོ་རྒྱན་ཡན་ཆད་ལྡན་པ། དབུས་སུ་ཟླ་གམ་སྒོ་ཁྱུད་ཅན་ཁ་སྤྲོད། །གཞན་བུ་བ་དང་བསྟུན། སྟེགས་བུ་བརྩིགས་ཐིག་དང་བྲི་བ་ལ་སོགས་པ་ཚུལ་བཞིན་བྱའོ། །གདན་ནི་མ་དང་ཨའི་སྒྲས་ཉི་ཟླ་བྲིའོ། །འདི་དག་ལྷག་པ་གཟུགས་བརྙན་ལ་བུམ་པ་བཞག་ནས། ཕྱི་ནང་འཚམས་བཅད་དེ། ལྷག་པ་ཏིང་ངེ་འཛིན་བསྒྲུབ་པའི་དཀྱིལ་འཁོར་དུ་བརྩོམ་ན། སྔགས་པ་ཏིང་ངེ་འཛིན་བརྟན་པས་ཆོས་སོ་ཅོག་རང་རིག་པར་གསལ་བའི་ངང་ལས། བྲུྂ་བི་ཤྭ་བི་ཤུ་དེ་དེས་དཀྱིལ་འཁོར་གདན་དང་ལྡན་པ་འབྱུང་བ་རིམས་རྩེགས་དང་བཅས་པར་བསྐྱེད་པའོ། །ཡི་གེ་གཉིས་ནི་མཁའ་ལ་ཚེ་རྟེན་བཅས་རྒྱ་གྲམ་གྱིས་བསྡམས་པའི་མདོའ་ཞེས་ཀྱང་འཆད་དོ། །བདག་གཞན་དོན་དུ་རྟེན་གཞག་པའི་ཕྱིར། །ནྲི་ཉིད་དངོས་སམ་ཡིད་བཞིན་མཛོད། །བུམ་པའི་མཆོག་ནི་བཟང་པོའི། །ཚེ་གཞག་གནས་ནི་འདི་ཡིན་ཏེ། །ཞེས་པ། ཚེ་བརྟེན་ནི་བདག་རྒྱུན་གྱི་ཏིང་ངེ་འཛིན་བྱེད་དམ་གཞན་འབྱོར་པ་དང་མ་ལྡན་ནམ་བཙལ་རྐན་ཪྣྲི་ཉིད་དོ། །འདམ་ཁ་ནི་འབྱོར་ཅིང་སྒྲུབ་ན་བུམ་པ་འདིས་བྱའོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་བཤད་པ་ལྟར་བསྐྱེད་དེ། ལས་གཞུང་བསྲང་ངོ་། །དེ་ནས་ཚེ་བསྒྲུབ་པའི་ཞི་བའི་དཀྱིལ་འཁོར་དུ་བསྒྲུབ་པ་དང་། ཁྲོ་བོའི་དཀྱིལ་འཁོར་དུ་བསྒྲུབ་པ་སྟེ། དེའང་དར་ལ་ཞི་བའི་དཀྱིལ་འཁོར་དུ་བསྒྲུབ་པ་བསྟན་པའི་ཕྱིར། སངས་རྒྱས་མ་ལུས་ཐམས་ཅད་ཀུན། །རྒྱལ་པོ་ཚེ་དཔག་མེད་པར་བསྒོམ། །ཞེས་པ་ལ་སོགས་པ། དེ་ལ་ལས་ཀྱི་དཀྱིལ་འཁོར་མཆོད་པ་རྫོགས་ནས། གཟུགས་བརྙན་གྱིས་མཚོན་པས་ཅི་འདྲ་བ་ཅིག །བུམ་པ་གཞལ་ཡས་ཁང་དུ་བསྐྱེད་གདན་དང་ལྡན་པར་བྱས་པ་དེར་སངས་རྒྱས་ཀུན་གྱི གཙོ་བོ་བདག་ཉིད་ཚེ་དཔག་མེད་དཀར་པོ་རིན་པོ་ཆེ་རྒྱན་འཕྲེང་མང་པོ་ཕྱག་ན་བདུད་རྩི་བུམ་པ་རིན་པོ་ཆེ་རྒྱུ་ལས་བྱས་པ་ཐོགས་པ་ཡབ་ཡུམ་བསྐྱེད་དོ། །ཡིད་བཞིན་རིན་ཆེན་འཕྲེང་བ་དང་། །ཞེས་པ་ནས། མཐའ་ཡས་མཆོག་ཅེས་པ། རྡོ་རྗེ་ཉི་མ་རིན་པོ་ཆེ་བསྣབས་པ་དང་། སྣང་མཛད་རིན་ཆེན་འཕྲེང་བ་བསྣབས་པ་དང་། མི་བསྐྱོད་པ་ཟ་མ་ཏོག་ཐོགས་པ་དང་། རྒྱལ་བུ་ཅན་གྱི་དོན་གྲུབ་ཡབ་ཡུམ་གཡས་ཀུན་རང་རྟགས་བསྣབས་པའི་རིགས་བཞི་རང་རང་གི་བུམ་པའམ་དེ་ཉིད་ཀྱི་ཕྱོགས་བཞིར་བསྐྱེད་པའོ། །བུམ་པ་ནི་བཤད་ཟིན་ཏོ། །གཞན་འགྲོ་དོན་དུ་ཕྱག་མཚན་གཡས་རང་རྟགས་གཡོན་བུམ་པ་ཟླ་ཚེས་ཅན་ཐོགས་པའི་སྒོ་སྲུངས་དང་ཐུབ་པ་ཡན་ཅད་བསྐྱེད་དོ། །དེ་དག་གཙོ་བོའི་ཕྱག་མཚན་ངེས་མེད་དུའང་འཆད་དོ། །གཙོ་བོ་ལ་དེར་ཨ་ཡུ་གནས་པ་མཁའ་ལ་ཚེ་རྟེན་བཅའ་བའོ། །དེ་ལ་མཆོད་པ་རྫོགས་ནས། དེས་ཨ་དགུག་པའི་ཕྱིར། བཞི་བཅུ་རྩ་ལྔའི་དོན་བསྒོམས་ཏེ། །དེ་ཡིས་ཕྱོགས་བཅུ་གང་བར་གནས། །བྲུྂ་ཛ་ཧཱུྃ་དང་བྂ་ཧོས་དགུག་ཞེས་པ་དེ་ལྟར་བཞི་བཅུ་གཉིས་ལ་བྱིན་རླབས་གསུམ་གྱི་ལྷ་བསྒོམ་སྟེ་དེའི་སྤྲུལ་པས་ཕྱོགས་བཅུ་གང་བས་ཕྱག་རྒྱ་བཞིས་ཚེ་དཔག་བཙོ་མ་སྟེ་ཕྲོགས་ལ་ཚེ་བརྟེན་ལ་བསྟིམས་ཏེ། རྒྱ་གྲམ་ལྕགས་སྒྲོག་གིས་བསྡམས་ལ་རྟ་མགྲིན་བསྲུང་བ་བྱའོ། །དེ་ནས་ཚེ་འཛབ་བྱ་བའི་ཕྱིར། །དེའི་བཟླས་པ་འཕྲུལ་ཆེན་ནི། རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བར་ཞེས་པ་ལས་སོགས་པ། དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཀྱི་ཚེ་འཛབ་བྱ་བ་ནི་གསལ་བ་གསུམ་དང་ལྡན་ཞིང་སྐྱོན་བཅུ་སྤངས་པས་བྱ་བ་ཡང་མི་ཚིག་བསལ་སྦྲིད་ལ་སོགས་པས་བར་མ་ཆོད་པར་སྔགས་དང་ཏིང་ངེ་འཛིན་ལྔ་འདྲིས་ལ་གསལ་བར་བྱའོ། །དེ་གང་ཞེ་ན། ༀ་ལྔ་ལས་སོགས་པ། རིགས་སོ་སོའི་བཟླས་པའི་དབང་དུ་བསྟན་པ་སྟེ། དེའང་བསྣོར་ལ་དང་པོར་ༀ་བྲུྂ་བཛྲ་ཨ་ཡུ་ཤེ་ཧཱུྃ་ཨ། ཞེས་བཟླས། དེ་ནས་ༀ་བྲུྂ་བཛྲ་ཨ་ཤེ་ཧཱུྃ་ཨ། སྭ་བྲུྂ་བཛྲ་ཨ་ཡུ་ཤེ་ཨ། ཧཱུྃ་བྲུྂ་བཛྲ་ཨ་ཡུ་ཤེ་ཧཱུྃ་ཨ། ཧཱུྃ་བྲུྂ་བཛྲ་ཨ་ཡུ་ཤེ་ཧཱུྃ་ཨ། ཞེས་བྱའོ། །དེ་ལྟར་ཨ་ཡུ་བཟླས་པའི་གློ་གློར་དགུག་བསྡམ་བསྲུང་བའོ། །རྟགས་ནི་ཡང་ནས་ཡང་དུ་བཀུག་བྱས་ཏེ། མངོན་དུ་སྨིན་པར་གྱུར་པ་དང་། །ཞེས་པ་དང་། ཕོ་ཉ་དང་ཏིང་ངེས་ཨ་ཡུ་བརྣན་ཞིང་བཀུག་པས། རྟགས་མངོན་དུ་བྱུང་སྟེ་བུམ་པ་བདུད་རྩིར་ཁོལ་བ་དང་། འོད་འབར་བ་ལས་སོགས་པ་འབྱུང་བ་དང་། ཨ་ཡུ་ག་ཏི་མ་པ་ནི། སྐུ་གསུང་ཐུགས་ཀྱི་སྙིང་པོ་མཆོག །ལུས་དང་སེམས་ལ་གཏིམ་པར་བྱ། །ཞེས་པ། ཚེའི་དངོས་པོ་འབྲུ་གསུམ་དུ་གསལ་བ་བདག་གམ་གཞན་གྱི་ལུས་ངག་ཡིད་གསུམ་ལ་བསྟིམས་པའོ། །དེ་ནས་ཨ་ཡུ་སྦ་བར་ནི། དབྱིངས་སུ་ཡང་ནི་སྦ་བར་བྱ། །ཞེས་པ། འབྲུ་གསུམ་ཧཱུྃ་ལ་ཐིམ་པ་ཞུ་ནས་མི་དམིགས་པ་མཐའ་བྲལ་དུ་གསལ་བའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ཏི་ཏ་སྟི་སྭཱ་ཧཱ། །ཞེས་ཚེ་སྦས་པ་དེ་བསྟན་པར་བྱའོ། །དེ་ནས་ཨ་ཡུ་བསྲུང་བ་ནི། །རྡོ་རྗེ་གོ་ཆ་བསྲུང་བ་ཡིས། །བརྟན་ཞིང་འཁོར་ལོས་གདབ་པར་བྱ། །ཞེས་པ། དེའི་ངང་ལས་ཚེ་དཔག་མེད་དུ་བསྐྱེད་ལ་རྒྱ་རམ་གྱི་གོ་བསྒོ་ན། འཁོར་ལོའི་ཕྱག་རྒྱས་ལུས་བསྲུང་བའོ། །དེ་འདི་ༀ་བཛྲ་ཀ་པ་ཙ་རག་ཀྴ་ཧཱུྃ། །ༀ་མ་ཏུམ་ཞེས་གོ་བགོ་ལུས་བསྲུང་ངོ་། །བསྟིམ་ལུགས་གཅིག་ནི། སྙིང་པོ་འབྲུ་ལྔའི་ནང་དུ་གཏིམ། །ཞེས་པ། ཚེ་འབྲུ་ལྔར་བསྡུས་ལ་འབྲུ་ལྔ་གནས་ལྔར་ཐིམ་ནས་འབྲུ་ལྔ་གཅིག་དུ་གྱུར་པ་མི་དམིགས་པའི་སྦ་བའོ། །དེ་ནས་འབྲུ་ལྔ་ཡི་གེ་འབྲུ་གཅིག་སྟེ། །འབྲུ་གཅིག་དམིགས་མེད་དབྱིངས་སུ་ཐིམ་ཨ་ཞེས་གསུངས་སོ། །དེ་ནས་བུམ་པས་དབང་བསྐུར་ཏེ་དངོས་གྲུབ་ལེན་པ་ནི་བསྒྲུབ་པ་ཆེན་པའོ། །ཞི་བའི་མ་གྲུབ་ན་སྤོགས་པའི་ཆོ་ག་བསྟན་པའི་ཕྱིར། ཚེ་རྣམས་དབང་དུ་མ་གྲུབ་ན། །བདེ་གཤེགས་ལྔའང་ཚེ་དཔག་མེད། །ཞེས་པ་ལ་སོགས་པ། ཐབས་དེ་དག་གིས་མ་གྲུབ་ན་རིགས་ལྔ་ཚེ་དཔག་མེད་ཤེ་དག་དུ་བསྒོམས་ལ། ཨ་ཡུ་དགུག་སྟེ་དེའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པས་དགུག་པ་གོ་སླའོ། །ཕྱི་མ་སྔ་མ་ཇི་བཞིན་ནོ། །ཚེ་ཁྲོ་བོས་བསྒྲུབ་པ་ནི། བགེགས་ཀྱི་ནྲི་རྣམས་མི་སྟེར་ན། །ཚེ་དཔག་མེད་ཀྱང་ཁྲོ་བ་སྟེ་ཞེས་པ་ལ་སོགས་པ། ཞི་བས་མ་གྲུབ་ན་ཚེ་སྤོགས་པའང་ཡིན་ལ་དང་པོ་ནས་ཀྱང་རུང་སྟེ། འདིར་སྤོགས་པའི་དབང་དུ་བགེགས་ཀྱིས་ནྲིའི་ཚེ་མ་སྟེར་ན། ཞི་བའི་དཀྱིལ་འཁོར་ཁྲོ་བོར་བསྒྱུར་ལ། གཙོ་བོ་པདྨ་ཧེ་རུ་ཀར་བྱས་ཏེ་ཨ་ཡུ་གནས་པར་བྱའོ། །དེ་ནས་ཨ་ཡུ་དགུག་ཅིང་འཕྲོག་པ་ནི། བི་ཤ་བཛྲའི་སྔགས་བརྗོད་དེ་ཁྲོ་བོ་སྤྲུལ་པས་བགེགས་བཏུལ་ཚེ་དབང་དུ་བྱས་ཏེ་བསྒྲུབ་པའང་བསྡམ་བསྲུང་བརྟན་པ་བྱའོ། །ཨ་ཡུ་བཟླས་པ་ནི། ཚེ་དབང་མོ་ནི་རྒྱུད་འཕེལ་མ། །དཀར་མོའི་མདོག་ལ་འོད་འཕྲོ་འབར། །ཞེས་པ་ལས་སོགས་པ། ཚེ་ལ་དབང་བྱེད་པའི་ཙན་ད་ལི་ནི་རྒྱུད་འཕེལ་བའི་ལས་ཀྱང་བྱེད་དེ། སྐུ་མདོག་དཀར་མོ་གཡས་ཀྱི་ག་ཏ་གཡོན་རིན་པོ་ཆེ་བུམ་པའོ། །གཞན་མཚེ་བདག་འཇོམས་པའི་ཕྱག་རྒྱ་སྣ་ཚོགས་བསྣབས་པའོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་གནས་པའི་འགྲོ་དྲུག་མ་ལུས་ལ་ཞེས་པ་དག །འགྲོ་དྲུག་ལ་ཚེ་དབང་སྟེར་བའི་ལྷ་མོ་འདི་ལས་ལྷག་པའི་ལྷ་མེད་པས་འདི་བསྒོམ་བཟླས་ལ་བསྐུལ་བའི་ཕྱིར་རོ། །འདིའི་བཟླས་པ་ནི་འཁྲུལ་པ་མེད་པར། ༀ་བཛྲ་ཙན་ད་ལི་ཧ་ཛ་ཛ་ཧཱུྃ་ནྲི་བྲུྂ་བཛྲ་ཨ་ཡུ་ཤེ་ཨ་ཞེས་སྲོག་དང་ལྡན་པར་བྱའོ། །ཡུམ་བཞི་བསྐུལ་ཞིང་བསྡམ་བསྲུང་བྱའོ། །དེའི་སྤྲུལ་པས་ཨ་ཡུ་དབྲོག་པ་བསྟན་པའི་ཕྱིར། ཕྱག་རྒྱ་གཤོལ་ལ་སོགས་པ་ཡིས་ཞེས་པ་ལ་སོགས་པ། འོག་གི་གཤིན་རྗེ་གཤེད་སོགས་དང་། །སྟེང་གི་བགེགས་མ་ཧཱ་དེ་བ་དང་མཁའ་འགྲོ་བྱད་མ་ལ་སོགས་པ་བཅོམ་ལ་དགུག་པ་སྟེ་ཁྲོ་བོས་བརྩམ་པའོ། །ཨ་ཡུ་བསྟིམ་པ་ནི་འཁོར་ལོའི་འབྲུ་ལ་གཏིབས་ནས་ནི། དེ་ནས་ཡི་གེ་འབྲུ་ལྔ་དེ། ནྲིའི་གནས་ལྔར་གཏིམ་པར་བྱ། ཞེས་པ། ཚེ་བཀུག་པ་བུམ་པའི་ཚེ་རྟེན་ལ་བསྟིམས་ལ། བུམ་པའི་ལྷ་ཡང་ཞུ་བ་འབྲུ་ལྔར་གསལ་བ་བདག་གཞན་གྱི་གནས་ལྔར་བསྟིམས་པས་འབྲུ་ལྔར་གསལ་ནས་ལུས་མེད་པ་དེ་འབྲུ་གཅིག་དུ་གྱུར་པ་དེ་ཡོངས་སུ་གྱུར་པ་ནི་ཨ་ཡུ་སྦ་བ་ཡང་ཡིན་ནོ། །གཞན་དག་ཞི་བའི་རྗེས་སུ་སྦྱར་རོ། །དེ་དངོས་གྲུབ་བླང་བའི་ལས་བརྩམ་པར་བྱའོ། །དེ་ལྟར་དབང་མཆོག་སྟེར་བའི་བླ་མ་ལ་བཏང་རག་གཏང་བའི་ཕྱིར། དེ་ནས་རིགས་ཀྱི་བུ་དེ་ཡིས། །ཞེས་པ་ལ་སོགས་པ་ཡོན་ཏན་བཅས་པར་བསྟན་ཏོ། །ཚེའི་ཆོ་ག་དབང་པ་ཤིན་ཏུ་གསང་བ་ཞེས་པ། ཚེ་ལའང་གཉིས་གསུམ་སྟེ། གཡུང་དྲུང་ལྷུན་གྱི་ཚེ་དང་། འགྱུར་བ་ལས་ཀྱི་ཚེ་དང་། མཐར་ཕྱིན་བདེ་ཆེན་རྡོ་རྗེའི་ཚེའོ། །དེ་ལ་འགྱུར་བ་ལས་ཀྱི་ཚེ་ངོ་བོ་ཡེ་ཤེས་སྙིང་པོ་ཐིག་ལེ་རླུང་གི་ངོ་བོས་ཀུན་རྫོབ་ཀྱི་རླུང་རྩ་བ་དང་ཡན་ལག་ཕྱི་ནང་དུ་རྒྱུ་བ་འབྱུང་བ་བཞིའི་དབུས་སུ་སྣང་བའོ། །འོན་ཀྱང་རླུང་བཅུད་གཉིས་སྟེ་གནས་པ་ཡུན་རིང་ཐུང་གི་དུས་ལ་བྱའོ། །ཆོ་ག་ནི་སྒྲུབ་ཐབས་བཤད་པའི་ལས་རྣམས་སོ། །དེའང་དངོས་པོ་ལ་དཀྱིལ་འཁོར་སྙིང་པོ་གསེར་སྒྲོམ་ཉི་ཟླའི་ནང་ན་ཡེ་ཤེས་སྙིང་པོ་ཐིག་ལེ་གནས་ལ། དེ་གཤིར་བཞི་རྒྱ་གྲམ་སྣ་དེ་ཉིད་མདུད་སྒྲོག་གིས་བསྡམས་པའི་ལྟེ་བ་ན་ཁྲག་ཤ་སྲན་ཆུང་ཙམ་དབང་གི་ཁྲོ་བོས་བསྲུངས་པའི་ཕྱིར་བསྒྲུབས་པས་འགྲུབ་ཏུ་བཏུབ་པའི་ཐབས་ཐུན་མོང་མ་ཡིན་པའོ། །ལེའུ་བཅུ་གསུམ་པའི་སྤྱན་འགྲེལ་པའོ།། །།བདག་གཞན་གྱི་ལེགས་ཉེས་དྲི་བའི་ཕྱིར། ལེའུ་བཅུ་བཞི་པའི་རྣམ་པར་བཤད་པ་བརྩམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སྡུད་པ་པོས་འགྲོ་བ་ལྔ་རང་དབང་མེད་པར་སྨྲ་བ། ཞེས་བྱ་བར་བསྡུས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་པོས་བརྗོད་དོ། །ཞེས་པར་སྦྱར་ཏེ། དགོས་པ་གཉིས་ཀྱི་ཕྱིར། དབྲ་བཤད་པའང་རིལ་རང་རིག་པའི་ཕྱིར་རང་བཞིན་གྱིས་འགྲེལ་པའི་ཐབས་ཀྱིས་འགྲོ་བ་ལྔ་རང་ལ་དབང་མེད་པར་ལེགས་ཉེས་སྟོན་པའི་དོན་ཚིག་དོན་འདུས་པར་བསྟན་པའོ། །སྐབས་ཀྱིས་སྟོན་པ་ནི་རྡོ་རྗེ་རིགས་ལྟ་བུར་སྣང་བ་ལས་ཀྱི་གཞག་པའོ། །སྔགས་མཁན་ཇི་ལྟ་བས་བྱ་སྙམ་པ་ལ། །སྔོན་གོམས་བློ་བརྟན་འདྲིས་པ་ཡིས། །ཡང་ནས་ཡང་དུ་མང་མངོན་གསལ་དུ་ཞེས་པ་ལ་སོགས་པ། རྣལ་འབྱོར་པ་བསྒྲུབ་པའི་སྔོན་རོལ་དུ་ཅིག་ཆར་དང་རིམ་གྱིས་པ་དང་། ཐབས་ལམ་གཉིས་པོ་གང་རུང་ལ་གོམས་བརྡེད་ཅན་དུ་གྱུར་པས། ལམ་གྱི་རིམ་པ་ལ་གོམས་པར་བྱ་བའམ། བྲའི་ཏིང་ངེ་འཛིན་ཀྱང་ལྷ་བསྒོམས་ཏེ། སྔོན་དུ་སྙེན་པ་གྱིས་ཤིག་པའོ། །སྔོན་དུ་བྱ་བ་རྔོས་བསྟན་པའི་ཕྱིར། གསང་བའི་དཀྱིལ་འཁོར་ཉིད་ཀྱི་དབྱིངས་ཞེས་པ་ནས་སྦྱར་བར་བྱ་ཞེས་པ། རང་གིས་མཐོང་དཀའ་བ་ནི་བླང་དོར་མེད་པ་ཡོངས་སུ་རྫོགས་པའི་རྒྱུ་ཉིད་དེ། དེ་ངོ་བོ་ཉིད་སྤྱོད་ཡུལ་ཡོངས་སུ་དག་པས་རིལ་གཉིས་མེད་དུ་འགྲེལ་པའི་ངོ་བོ་ལྷུན་གྱིས་གྲུབ་པའི་བླར་གྱུར་དེ་བདག་ཉིད་ཡིན་པས་གསུམ་མེད་པར་ཐག་བཅད་དོ། །ཏིང་ངེ་འཛིན་ལ་སྦྱར་བའི་ཕྱིར། །རྡོ་རྗེ་རབ་ཏུ་གསང་བ་ཡིས། །ཞེས་པ་ནས། ཐམས་ཅད་དབྱིངས་སུ་ཐིམ་པར་བྱ་ཞེས་པ། ཡེ་ཤེས་རྡོ་རྗེ་རྟོགས་རྐ་བའི་དོན་མཐོང་བའི་མིས། ཁམས་གསུམ་ཉིད་རྡོ་རྗེ་ལྔའི་ངོ་བོར་རྟོགས་པ་གསལ་བའི་རིག་པ་ཉིད་ཐབས་ཤེས་རབ་ཀྱི་བདག་ཉིད་ཀྱི་ཕྱིར། ཡི་གེ་ས་བོན་གཉིས་ལས་སྐད་ཅིག་གམ་རིམ་པས་ལྷ་ཡབ་ཡུམ་དུ་བསྒོམ་སྟེ་ཞེན་པའི་ཡུལ་མེད་པར་ལྷར་བསྒོམ་པའོ། །ཐབས་ཀྱིས་ལམ་ལ་འཇུག་པའང་མི་འདོད་པ་མ་ཡིན་ནོ། །དེ་ལྟར་བསྟན་པས་དང་པོར་བྲ་དབབ་པའི་གནས་བཙལ་བའི་བསྟན་པའི་ཕྱིར་གཞག་ཅིང་དབབ་པའི་ས་དེ་ནི། བྱིས་པ་ལོ་གྲངས་བཅུ་གཉིས་པ། ཞེས་པ་ལ་སོགས་པ། པྲའི་བྱིས་པ་གཙང་བ་ལོ་གྲངས་ངེས་པ་ནི་གཡོ་རྫུན་དང་ལྡབ་ལྡིབ་སྤང་བའི་ཕྱིར་རོ། །གྲངས་རྙེད་ན་ལྔའམ་མ་རྙེད་ན་གཅིག་ལ་བྱའོ། །ཡང་ན་ཐིག་ལེ་བོ་མོའམ་རྔོས་སོ། །མེ་ལོང་དང་བུམ་པ་དང་པར་བུ་དང་། །དེ་དག་མ་ཡིན་པའི་དབབ་རྟེན་གང་ཡང་རུང་བ་ལ་བྲའི་ཆོ་ག་རྫོགས་པར་བྱས་ཏེ་གོམས་པའི་ཡུལ་དེ་ཡོ་བྱད་དུའང་འཆད་དོ། །དེ་ནས་གཞུང་དང་མཐུན་པའི་གནས་སུ་དཀྱིལ་འཁོར་བརྩམ་པའི་ཕྱིར། གསང་བའི་དཀྱིལ་འཁོར་དམ་པ་དང་། ཐིག་ལེ་མན་ཏྲ་དེ་དག་ཏུ། ཞེས་ནས་རྒྱུ་དང་ལྡན་པ་བྱ་ཞེས་པ། ལྷག་པ་གཟུགས་བརྙན་བསྒྲུབ་པའི་དཀྱིལ་འཁོར་ཐུན་མོང་མ་ཡིན་བརྩོན་པ་དང་འདི་ལྟར་བྱ་སྟེ། བརྡའི་དོན་སྔགས་ཀྱི་སྟེགས་བུ་ཚད་དང་མཐུན་པ་སྟེ། མ་གོ་མ་ཡེང་བྱ། དེར་རྒྱུ་བྲེད་ཀྱི་ཐིག་སྐུད་བྱིན་གྱིས་བརླབས་ལ། ཐལ་ཆེན་གྱིས་ཐིག་ཆལ་བྱས་ལ་གདབ་བོ། །འདེབས་པའི་ཚེ་མན་ཏྲའི་སྔགས་བཟླའམ། ས་དང་ཡེ་ཤེས་ཀྱི་སྔགས་རྔོས་སུ་བརྗོད་ལ་གདབ་བོ། །བྲི་བའང་འཁོར་ལོ་རྩིབས་བཞི་རྟ་བབས་བརྒྱན་དང་ཆས་པར་བྲིའོ། །མགོ་བོ་རྡོ་རྗེ་རྩེ་གཅིག་པ་ཅན་གྱི་ཀྱོ་བཟུང་རེ་སྒོ ར་བྲི། རྡོ་རྗེ་རྩེ་གསུམ་པས་རབ་དང་གུར་དུ་བསྐོར་བའོ། །དེ་ལྟ་བུའང་རྩ་བའི་རྒྱུད་ལེའུ་དགུ་པ་ལྟར་གཞུང་མ་ནོར་བར་རྩམས་ཏེ་རྒྱན་དགྲམ་མོ། །དེར་བུམ་པ་ལྔ་བྱིན་གྱིས་རླབས་ལ་གཟུགས། ཐལ་ཆེན་ཉུངས་ཀར་གཡས་སུ་གཞག་གོ། །བྱིས་པ་རྣམས་ཀྱང་ཁྲུས་བྱས་ལ་དཀྱིལ་འཁོར་ལྷ་ལ་ཕྱག་བཙལ་ཏེ་གཞག་གོ། །མཆོད་ཡོན་སྣ་ཚོགས་མཆོད་པར་བྱ། །ཞེས་པ་རྨད་དུ་འབྱུང་བའི་མཆོད་བ་ལ་སོགས་པ་དང་། དྲིས་པའི་ལྷ་མཆོད་པའི་རྫས་བཤམས་ཏེ་སྐབས་ལ་བབ་པར་མཆོད་པའོ། །དེ་ནས་ཕྱི་ནང་མཚམས་བཅད་དེ་རྟགས་གསུམ་གདབ་པའང་བྱ། ལས་ཀྱི་དཀྱིལ་འཁོར་གཞུང་ཁྲོ་བོར་བརྩམས་ཏེ་རྫོགས་པར་བྱའོ། །བདག་ཉིད་རྟ་ཀའི་ཧཱུྃ་བསྒོམས་ལ། ཞེས་པ་བདག་ཉིད་གཙོ་བོ་ཏ་ཀི་ར་ཙ་འམ་ཧཱུྃ་ཀ་ར་གང་རུང་དུ་བསྒོམ། ཏ་ཀི་ཧཱུྃ་དང་རང་སྔགས་ཀྱིས། ལན་འབུམ་བཟླས་ཤིང་བགུག་པར་བྱ། །ཞེས་པ། ཁྲོ་བོ་གཉིས་ཀྱི་སྔགས་ལས་དང་བཅས་པ་གང་རུང་བའི་འཇུག་ལ། འཇིག་རྟེན་པ་རང་གང་འབེབས་པའི་སྲོག་སྙིང་བཏགས་ཏེ་བཟླས་པའོ། །ཡང་ན། ༀ་བཛྲ་ཀྲོ་ཏ་ཏ་ཀི་ར་ཙ་ཧཱུྃ་ཆྒཻ་མོ་ཛ་ཛ་ཧཱུྃ་པྲ་བེ་ཤ་ཡ་ཛ་ཧཱུྃ་བྃ་ཧོ། ཞེས་བཟླས་སོ། །བུམ་བྱ་བ་ནི་སྔོན་དུ་བྱ་བ་དང་བསྙེན་པ་གཉིས་གར་སྦྱར་རོ། །ཨ་དང་ནྲི་ལ་སོགས་པའི། ལམ་ལྔའི་སེམས་ཅན་གང་ཡང་རུང་། །ཞེས་པ། འཇིག་རྟེན་པ་གང་རུང་སྲོག་སྙིང་དང་ཏིང་ངེ་འཛིན་གྱིས་དགུག་པའོ། །པྲ་བེ་ཤས་ཀྱང་བཟླས་པར་བྱ། ཞེས་པ། ཁུགས་པར་བྱས་པའི་ཁོང་ཕྱེ་ལ་བསྟིམ་པའོ། །གཞན་ཡང་ཛ་ཧཱུྃ་བྃ་ཧོ་སྟེ། །ཞེས་པ། དགུག་ཐབས་ཕྱག་རྒྱ་བཞིས་དགུག་པའོ། །བཟླས་པའི་དབང་དུ་ན་སྔགས་དེ་ཀུན་སྦྲེལ་བ་བཤད་ཟིན་ཏོ། །དེའི་ཚེ་ཏིང་ངེ་འཛིན་གྱིས་གང་དགུག་པའི་ཐབས་ནི། ཡཾ་བདུད་ཀ་ཡེ་ཤེས་འོད་འཕྲོས་ནས། ཞེས་པ་ནས། གཞུག་པར་བྱ་ཞེས་པ། ཡཾ་ལས་བསྒྲུབ་བྱ་འོག་དུ་རླུང་བསྐྱེད་པའང་ཡཾ་གྱི་འཕྲོ་འདུ་ལས་དུད་ཀར་གྱུར་པའོ། །ཨ་གྱུར་པ་ལས་ཟླ་བའི་སྟེང་དུ་གཞག་པ་དེ། བདག་གི་ཐུགས་ཁར་འཆད་པ་ལྟར་ཉི་སྟེང་དུ་ཛ་བསམ་པའི་འོད་བཀྱེ་བར་གྱུར་བས་བཟུང་སྟེ་བྱིས་པའི་སྙིང་ལ་ཞུགས་པར་བསམ་མོ། །ཡང་ན་ཨ་ཛ་ཟླ་བ་ཀྱོ་ག་ཏ་བྱིས་པའི་སྙིང་ལ་བསམ་སྟེ་དགུག་ཞེས་ལ་ལ་དག་འཆད་དོ། །བདག་ལ་བསྒོམ་པའི་ཕྱིར། མ་ལས་ཉི་མའི་དཀྱིལ་འཁོར་དུ། །ཞེས་པ་ནས། ཁར་གཞུག་པ་བྱ་ཞེས་པ། བདག་ལྷར་གསལ་བའི་སྙིང་ཁར་མ་ཡོངས་སུ་གྱུར་པ་ལས་ཉི་མའི་སྟེང་ཛ་ཛ་དམར་པོ་བསམ་ལ་དེ་ལས་ཀྱོ་ག་ཏ་རྒྱུད་དམར་སྤྲོས་ཏེ་ལྷ་ཆེན་པོ་ལ་སོགས་པ་གང་དགུག་པ་དེའི་སྙིང་ནས་ཀྱོགས་གྲངས་ཏེ་བྱིས་པའི་ངག་ལམ་ལ་བསྟིམ་པར་བྱའོ། །དེའི་ཚེ་སྔགས་འདི་རབ་ཏུ་བརྗོད་པར་བྱ། །ཞེས་པ་ནས། བཟླས་པ་བྱ་ཞེས་པ། སྨྲར་གཞུགས་པའི་སྔགས་ཏེ་གང་ལྟར་འདོད་པ་སྨྲོས་ཤིག་པའོ། །དབབ་པའི་སྔགས་དང་ཕྱག་རྒྱ་བསྟན་པའི་ཕྱིར། །ལག་གཉིས་སོར་མོ་ཕྱིར་བསྣོལ་ཏེ། །ཞེས་པ་ནས། ཨ་ཨ་ཞེས་པ་དག་གསུངས་ཏེ་བསྟིམས་པའོ། །ཐལ་བ་ཉུངས་དཀར་དྲག་དུ་བརྡེག །མི་དེའི་ཁོང་དུ་གཞུག་པར་བྱ། །ཞེས་པ། རྟགས་འདར་བ་འབྱུང་ན་རྫས་གཉིས་བྱིས་པ་ལ་བྲབ་ཅིང་བྱིས་པའི་ཁོང་དུ་ཞུགས་པར་བསམ་མོ། །དགུག་ཐབས་གཞན་ཡང་ཕྱག་རྒྱ་རྡོ་རྗེ་སྤར་མོ་སྟེ། ཞེས་པ་ནས། བཅོལ་ཞིང་བྱ་བའང་དེ་བཞིན་ནོ་ཞེས་པ། སྦར་ཤད་ཀྱི་ཕྱག་རྒྱ་བཅས་ལ་གཡབ་པའི་ཚུལ་དུ་བྱ་སྟེ་དགུག །གཞན་ཕྱག་རྒྱ་བཞི་ལས་སོགས་པས་དགུག་སྟེ་ཡི་གེ་ནི་ཕྱག་རྒྱ་གཉིས་ཀྱི་བརྡའོ། །དངོས་མ་ཧ་དེ་བ་དང་བསྡུ་བའི་དོན་གྱིས་རྒྱལ་པོ་བཞི་ལ་སོགས་པ་དགུག་པའོ། །དེ་ལ་སྨྲ་བ་ལ་སོགས་པའི་ལས་བཅོས་པའང་བྱའོ། །བབས་པ་བརྟན་པར་བྱ་བའི་ཕྱིར། །བབས་ན་ཞགས་པ་རྡོ་རྗེ་ལྕགས་སྒྲོག་ཅིང་ཞེས་པ། འོད་ཟེར་གྱི་ཕྱག་རྒྱ་བཞིས་བསྡམ་པའོ། །ཤན་དགྱེ་བའི་ཕྱིར། གང་ཡིན་ཞེས་ནི་དྲིས་ནས་ནི། །ཞེས་པ་ལ་སོགས་པ། དངོས་སུ་སྨྲ་ན་ལེགས། དེ་མ་ཡིན་ན་ལྷ་འདྲེ་གང་ཡིན་པ་དང་ལ་དྲི། ལྷ་མ་ཧ་དེ་བ་ལས་སོགས་པ་ཡིན་ན་གོང་གི་མཆོད་ཡོན་གྱིས་དགྱེས་པར་བྱས་ན་རྫུན་མི་འབྱུང་ངོ་། །གདོན་ཡིན་ན་དམ་ཆུ་བླུད་ན་དམ་ལས་མི་འདའ་བར་དྲང་པོར་སྨྲ་བའི་ཕྱིར་རོ། །དེ་ནས་གང་འདོད་པ་དྲིའོ། །གལ་ཏེ་སྨྲ་མ་བཏུབ་ན་རང་དབང་མེད་པར་སྨྲ་གཞུག་པར་བྱ་བ་བསྟན་པའི་ཕྱིར། གལ་ཏེ་སྨྲ་རུ་མ་བཏུབ་ན་ཞེས་པ་ལ་སོགས་པ་དབབ་པའི་སྔགས་དང་ཕྱག་རྒྱ་དྲག་ཏུ་བྱ་བའོ། །བསམ་པ་ནི་ཡེ་ཤེས་ཐོགས་མེད་སྒྲིབ་མི་མངའ། བདེན་པའི་ཚིག་དེར་ཞུགས་པར་བསམ། །ཞེས་པ་ནས་སྨྲ་བར་འགྱུར་ཞེས་པ། ཏིང་ངེ་འཛིན་གྱིས་རྒྱལ་བའི་གསུང་བདེན་པའི་བྱིས་པའི་ཁོང་དུ་ཞུགས་པར་བསྒོམ། བྱིས་པའི་ལྕེ་རྩེ་ལ་ཨར་གྱུར་པའི་ཟླ་སྟེང་དུ་ཨཱོཾ་དི་དམར་པོ་བསམས་ན་དང་མེད་པར་སྨྲ་སྟེ་ལེགས་ཉེས་དྲི་བར་བྱའོ། །གམ་གྲུབ་ན་སྤོགས་པའི་ཆོ་ག་བསྟན་པའི་ཕྱིར། ཏ་ཀི་ཧཱུྃ་ཛས་མི་བཏུབ་ན། །ཧ་ཡ་གྲི་བ་གནས་དང་ཡུལ། །ཟུར་ཕྱིན་མགོ་འཇུག་བསྣན་ནས་ནི། །ཞེས་པ་ལ་སོགས་པ། བཤད་པའི་ཁྲོ་བོས་མ་གྲུབ་ན་རྟ་མགྲིན་ལ་བྲ་མོ་ཧ་དང་སྲི་ལ་མ་དང་བཅས་པ་བསྒོམ་སྟེ། དགུག་པ་ནི་ལྷའི་རང་སྔགས་ལ་ༀ་དང་ཆེ་གེ་མོ་ཛ་ཛ་མགོ་མཇུག་ཏུ་བསྣན་ཏེ་དགུག་པའང་བཟླས་པ་ཟུར་ཕྱིན་པ་དྲག་ཏུ་བྱ་ཞིང་གང་ཡིན་དགུག །འཇིག་རྟེན་པ་གང་ཡིན་པའི་སྲོག་སྙིང་མ་ནོར་བ་ནས་གྲངས་ཏེ་བྱིས་པ་ལ་གཞུག་གོ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །དགུག་པའི་ཞེས་པ་དག །གཞན་དགུག་ཐབས་གཉིས་པོ་གང་ཡོད་པས་ལེ་ལོ་མེད་པར་བཀུག་སྟེ། དབབ་པའི་སྔགས་དང་ཕྱག་རྒྱ་གྱིས་བ་ལ་དབབ་པ་ནི། ཕྱག་རྒྱ་སྤར་ཤད་དུའང་སྦྲེལ་ལོ། །དེ་ནས་ལེགས་ཉེས་དྲི་བ་ལ་སོགས་པ་བྱའོ། །བྱིས་པ་ཆུད་མི་གསན་པའི་ཕྱིར། །བགེགས་ཕྱེ་སྟེ་དབང་བསྐུར་བ་བསྟན་པའི་ཕྱིར། དབབ་བའི་ལས་ཀྱི་རིམ་པ་རྫོགས་ནས་སྔར་བྱས་བུམ་པ་ལྔ་ལ་སྙིང་པོ་བླུགས་པ་ཡུམ་ལྔར་བརླབས་པ་དེས་དབང་བསྐུར། ལས་ཐམས་ཅད་པའི་བུམ་པ་བདུད་རྩི་འཁྱིལ་བར་བརླབས་པ་བགེགས་བསད་པའོ། །དེའང་འབུ་ཏ་ཡོ་ཙ་ནི་སྭཱ་ཧཱ། ཞེས་པ་ལྔ་སྟེ་དབང་ངོ་། །ༀ་བཛྲ་ཨ་མྲྀ་ཏ། ཞེས་པ་བསད་པའི་སྔགས་སོ། །ཡོན་ཏན་ནི་ཅི་འདོད་ལས་རྣམས་ཐམས་ཅད་དང་། གཞན་ཡང་དགོས་པ་ཅི་ཡང་ཞེས་པའོ། །དབུའི་གསང་བའི་གསང་བའི་དཀྱིལ་འཁོར་གྱི་ངེས་ཚིག་དང་གདམ་ངག་དང་དབང་གི་ཡོན་ཏན་དུའང་བསྟན་པའི་ཕྱིར། གསང་བའི་དཀྱིལ་འཁོར་དམ་པ་དེ། །ཡེ་ཤེས་ལྔ་ཞེས་པ་གསུམ་གསུངས་ཏེ། །སྡུད་པ་འཁོར་དང་མ་འོངས་པ་ལ་བརྒྱུད་དེ་གདམ་པའོ། །པྲའི་དངོས་གྲུབ་བསྟན་པའི་ཕྱིར། །དེ་ལྟར་བྱས་པའི་དངོས་གྲུབ་ནི། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཞེས་པ་ལ་སོགས་པ། པྲ་བསྒྲུབ་པ་ལྔ་བཞིན་བྱས་ན། །ཀུན་དང་སྨྲ་བའི་དངོས་ལ་ཐེ་ཚོམ་མེད་པས་བརྩོན་པ་ལ་བསྐུལ་བའི་ཕྱིར་རོ། །འདི་དག་ནི་བདག་དོན་དུ་ཚེ་བསྒྲུབ་ལ་སོགས་པ་གང་བྱེད་པའི་སྔ་རོལ་ཏུ་བརྩམ་མོ་ཞེའོ། །ལེའུ་བཅུ་བཞི་པའི་སྤྱན་རྣམ་པར་འགྲེལ་པའོ།། །།ཕྱག་རྒྱ་གཅིག་པའི་རྣལ་འབྱོར་དང་ལམ་རིམ་ཐུན་མོང་དུ་བསྟན་པའི་ཕྱིར། ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པར་བརྩམ་པར་བྱའོ། །དང་པོ་དེ་བཞིན་ཉིད་གསལ་ཞིང་འགྲིས་པར་བསྒོམ་ཞེས་པ་ཕྲ་མོའི་སྔོན་དུ་བྱའོ། །དེ་ནས་བདག་གི་སྙིང་ཀར་ཨ་ཀར་ཞིང་འཚེར་བ་ཅིག་བསྒོམ་ཞེས་པ་རྟེན་དང་བརྟེན་པ་མེད་པར་རིག་པ་ཉིད་ཨར་གསལ་བའོ། །ཨ་དེ་ཤིན་ཏུ། ཞེས་པ་ཨ་ལ་བློ་བརྟན་ནས་ཨ་ཕྱོགས་བཅུར་སྤྲོས་ཏེ་སླར་གཞི་པོ་ལ་ཐིམ་པར་བྱའོ། །གདན་བསྐྱེད་པ་བསྟན་པའི་ཕྱིར། མ་དང་ཨ་ལས་ཉི་མ་ཟླ་བ། ཞེས་པ་ལ་སོགས་པ། ནང་དུ་འདབ་བརྒྱད་རྩ་དང ཙི་ཏི་དཀར་དམར་རོ། །གསང་བར་དཀར་དམར་ས་བོན་ཆུ་སྐྱེས་བརྒྱད་ཐིག་ལེ་ཆེན་པོའི་གདན་གྱི་ཕྱིར། ཡི་གེ་གསུམ་དུ་གྱུར་པ་ལས་གདན་གསུམ་ཕྱི་རོལ་དུའང་བསམ་པའོ། །ཧཱུྃ་ཤིན་ཏུ་འོད་འབར་བ་བསྒོམ། ཞེས་པ། དེ་ནས་གདན་ཐོག་ཏུ་རིག་པ་ཧཱུྃ་ཉིད་སྔོན་པོར་བསམ་པ་བསྟན་པ་ནི། ཕྲ་མོ་གཉིས་ཀྱི་རྒྱུའོ། །དེ་ནས་སྐུ་ཡོངས་སུ་རྫོགས་པ་འཕྲལ་འདུས་པར་འཆད་པ་བཞིན་བསྐྱེད་པའི་སྙིང་ལ་ཡེ་ཤེས་སེམས་དཔའ་བསྒོམ། དེ་ལ་དབང་དང་བྱིན་རླབས་ཀྱི་ལྷ་བརྒྱད་ཀྱང་བསམ་མོ། །དེ་ནས་སྤྲོས་བཅས་ལ་བསླབ་པའི་ཕྱིར། བཞི་བཅུ་རྩ་གཉིས་ཀྱི་སྔགས་དང་། །ཞེས་པ་དག་གསུངས་སོ། །འབྲུ་གསུམ་དང་འབྲུ་ལྔའམ་བཟླས། ཞེས་པ། ཕྲ་མོའི་བཤད་པ་ལྷག་པའི་ལྷ་བརྒྱད་དོ། །དེའང་བསྐྱར་ཅིང་བསྒོམ་པའོ། །ཕྱོགས་གཞན་དུ་རྡོ་རྗེ་གསུམ་གྱི་སྔགས་འབྱུང་རྡུབ་འདུག་པ་ལ་འབད་པ་དང་། རིགས་ལྔ་སོ་སོ་ལའང་དེ་ལྟར་བྱའོ། །སྤྲོས་བཅས་ལྟར་བཞི་བཅུ་རྩ་གཉིས་སུ་མ་འཕྲོར་གྱུར་པ་དང་། སྟོང་གི་ལྷ་ལ་སོགས་པ་ལ་ཡང་སྦྱར་རོ། །བར་ཆད་བསྲུང་བའི་ཕྱིར། འདུག་ན་འབྲུ་བཞིས་འཚམས་གཅད་ཅེས་པ། ལྟེ་སྙིང་ཁ་དང་སྤྱི་གཙུག་ཏུ་ཧཱུྃ་བཞི་བཀོད་ལ་ཁྲོ་བོ་བཞིའི་སྔགས་བརྗོད་ལ་བསྲུང་བའོ། །རྐྱེན་རྟག་ཏུ་ཧོ་བྱ། ཞེས་པ་ལོངས་སྤྱོད་ཀྱི་ཧོཾ་བྱ་བའོ། །བཟའ་བཏུང་གི་ཏིང་ངེ་འཛིན་ཏེ་ལྷག་པར་སྐབས་འདིར་རོ། །ཚོགས་དང་མཆོད་པ་ཡང་དབུལ་ཞེས་པ། བཟའ་བཏུང་ཚོགས་གཉིས་སུ་གྱུར་པ་དང་། མཆོད་པའི་ལས་བཞི་གང་བྱེད་ཀྱང་ལས་ཀྱི་དཀྱིལ་འཁོར་ལྟོ་བར་གསལ་བའི་གཙོ་བོ་ལས་དང་སྦྱར་རོ། །བཟའ་བཏུང་སྣ་ཚོགས་གཡས་གཡོན་གཟར་བུ་གཉིས་ཀྱིས་བླངས་ལ། མེ་ལྷ་མྱོང་བྱེད་ཞལ་ནས་དབུལ་བའང་ལས་བཞི་སྔགས་ཡིས་བྱའོ། །དེ་དག་ལྷག་པར་གཟུགས་བརྙན་ལྟར་བྱ་བ་ནི་འདི་སློབ་པའི་ཚེ་འགལ་ཏེ། གོམས་ནས་དོན་གཉིས་ཕྱིར་མི་འདོད་པ་མ་ཡིན་པའོ། །དེའི་སུའི་ཡུལ་ཡིན་ཞེ་ན། མང་པོ་མི་ནུས་པའི་དོན་དུའོ། །ཞེས་པ། དམན་པ་ཉིད་དམ་ཕྱག་རྒྱ་གཅིག་པའི་ཆེད་དུ་བསྟན་པའོ། །མང་པོ་མི་ནུས་པའི་ཆ་རྐྱེན་ཕྱག་རྒྱ་གང་ཞེ་ན། ཕྱག་རྒྱ་བདུན་ལ། ཕྱག་རྒྱ་ཆེན་པོ་དང་ཆོས་ཀྱི་ཕྱག་རྒྱ་དང་དམ་ཚིག་གི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་དང་། ཞེས་པ། ཆོས་ཀྱི་སྐུ་དང་། རང་བཞིན་གཟུགས་སྐུ་དང་། མཚན་མ་གཟུགས་སྐུ་དང་། བསྒོམ་པ་གཟུགས་ཀྱི་སྐུའོ། །རང་བཞིན་ཆོས་ཉིད་དང་། བསམ་པ་ཆོས་ཉིད་དང་བདེན་པའི་ཆོས་ཉིད་དང་བཟླས་པའི་ཆོས་སོ། །ཡུམ་དམ་ཚིག་དང་འཛིན་པ་དམ་ཚིག་དང་བཅའ་བ་དང་བསམ་པ་དམ་ཚིག་གོ། །བསམ་པའི་ལས་དང་བཅའ་བའི་ལས་དང་། འཕྲོ་འདུའི་ལས་སོ། །དོན་གྱིས་རྣལ་འབྱོར་གསུམ་ཀར་འགྱུར་ཏེ་སྐུ་གཅིག་ལ་ཚང་བ་ནི་མང་པོ་མི་ནུས་པའི་དབང་ངོ་། །རྒྱས་པ་ནི་སྤྲོས་བཅས་ཀྱི་རྣལ་འབྱོར་དུའང་འགྱུར་བའོ། །ཐམས་ཅད་ཐབས་དང་ཤེས་རབ་དུ་འབྱོར་པའི་ཕྱག་རྒྱ་ཞེས་པ་དེ་ཉིད་བཞི་དང་ལྡན་པ་ཡབ་ཡུམ་འབྲེལ་པར་བསྒོམ་པའོ། །རྟོགས་པའི་དོན་དུ་འདི་ཉིད་ལས་རང་བཞིན་ཕྱག་རྒྱ་ཆེན་པོ་ནི། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །ཐབས་དང་ཤེས་རབ་ངང་དུ་གནས། །ཞེས་གསུངས་ཏེ་གཞིའོ། །ཏིང་ངེ་འཛིན་ཕྱག་རྒྱ། ཞེས་པ། མཆོད་རྟེན་གདབ་པའི་ལེའུ་ལས་དེ་བཞིན་ཏིང་ངེ་འཛིན་དཀྱིལ་འཁོར་གྱིས། ཐམས་ཅད་དབྱིངས་སུ་བསྡུས་ནས་ནི། །ཉིད་ཀྱི་ཐུགས་ལ་གཏིམ་བྱས་ཏེ། །ཡང་དག་ཆོས་སྐུའི་ཕྱག་རྒྱ་ཆེ་ཞེས་གསུངས་སོ། །ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ། ཞེས་པ། ཕྱག་རྒྱ་དམ་ཚིག་གི་ལེའུ་ལས། །ལྷག་པའི་ཕྱག་རྒྱ་ཆེན་པོ་ནི། །ནང་གི་རྟགས་ནི་ཕྱི་རུ་སྟེ། །མདོར་བསྡུས་ཕྱག་རྒྱ་དྲུག་པ་དང་། །ཞེས་གསུངས་སོ། །དེ་དག་ནི་འདིའི་བཞི་དང་སྔོན་དུ་སོང་བ་དང་ངོས་གཟུང་བའམ་ཕྱིས་བསླབ་པའི་ཕྱིར་བསྟན་པའོ། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་མང་པོ་བསྒོམ་མི་ནུས་པའི་ལེའུ་ཞེས། རིམ་པར་འཇུག་པ་རེ་རེ་ནས་སློབ་པ་དང་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ཏེ་ལེའུ་མཚན་བསྟན་པའོ། །ལེའུ་བཅོ་ལྔ་པའི་སྤྱན་རྣམ་པར་འགྲེལ་པའོ།། །།བསྒོམ་ལམ་གྱི་རིམ་པ་བསྟན་པའི་ཕྱིར། ལེའུ་བཅུ་དྲུག་པའི་རྣམ་པར་བཤད་པ་བརྩམ་པར་བྱའོ། །ལྷག་པ་ཏིང་ངེ་འཛིན་གྱི་དངོས་གྲུབ་མྱུར་དུ་ལེན་པའི་ཐབས་འདི་གསུངས་སོ་ཞེས་པ། དཀྱིལ་འཁོར་དང་ཕྱག་རྒྱ་ཐུན་མོང་ཚེ་འདི་ལ་མཐར་ཕྱིན་པ་ལམ་ཐོབ་པ་ཉིད་ཀྱིས་གོ་འཕང་ཆེན་པོ་འཐོབ་པའི་ཐབས་ཆེན་གཉིས་ཕྱིར་བཀའ་གསལ་པའོ། །དང་པོའི་ཕྱིར་མན་ངག་གི་རིམ་པ་ལ་འཇུག་པ་མཐོང་ལམ་ཐག་གཅད་ནས་བསྒོམ་པ་བསྟན་པའི་ཕྱིར། དམ་པའི་དོན་ཞེས་པ་བསྒོམ་ལམ་གྱི་དགོས་བྱེད་དང་དམ་བཅའ་བར་འགྲེལ་ཏོ། །ལམ་གཉིས་བསྒོམ་པ་བསྟན་པའི་ཕྱིར། །བྱང་ཆུབ་ཚོགས་ལ་གཟུང་བར་གནས་ཞེས་པ་ནས་གཟུང་ཞེས་པ། གདམ་པ་སྟེ་དེ་བཞིན་ཉིད་དང་སྒྱུ་མ་ནི་བྱང་ཆུབ་སེམས་རྣམ་གཉིས་ཏེ་གཅིག་ཀྱང་ངོ་བོས་གཉིས་སུ་མེད་པའི་དོན་ལས་ཡེངས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་སྐུ་དང་ཡེ་ཤེས་ཀུན་གྱི་འབྱུང་གནས་སུ་གྱུར་པའི་ཕྱིར། བཟང་ངན་མེད་པར་རྫོགས་པའི་དོན་ལ་རིམ་པར་བསྒོམས་ཏེ་རིང་ངེ་འཛིན་གྱི་སྐྱོན་ལྔའི་དབང་དུ་མི་གཏང་བར་གདམ་པའོ། །བསྒོམ་པ་ལ་གཞག་ཐབས་གང་སྙམ་པ་ལ། །བྱ་བ་མེད་ལས་བྱ་མེད་བྱའོ། །མི་གནས་གནས་ལ་གནས་པར་བསྒོམ། །ཞེས་པ། ཡལ་བར་མི་དོར་བའི་བྱ་བ་མེད་པའི་བརྩོན་འགྲུས་ཀྱིས་བསྒོམ་པ་ནི་ལམ་དང་པོ་སྤྱོད་པའང་ཡིན་ཏེ། དེས་བྱང་སེམས་རྣམ་གཉིས་མཚན་ཉིད་མཐའ་བྲལ་དུ་ཐ་སྙད་ཙམ་དུ་གནས་པ་ལ། དེ་ཉིད་རིག་པ་ཡིན་པས་ཡུལ་དུ་འཇུག་ཏུ་མེད་པར་ཤེས་པས་རང་མི་གཡོ་བ་ནི་འཇུག་ཐབས་དམ་པའོ། །དེ་ནས་ཕྲ་བ་ལ་བློ་སྦྱང་བའི་ཕྱིར། །བྷ་གའི་དཀྱིལ་དུ་ལིང་ག་ཨ། །ཞེས་པ་ནས། བྷ་གའི་དཀྱིལ་དུ་འོད་འཕྲོ་ཐིམ་ཞེས་པ། དཀྱིལ་འཁོར་སྙིང་གསེར་སྒྲོམ་ནང་དུ་ཆུ་སྐྱེས་འདབ་བརྒྱད་ཀྱི་ལྟེ་བ་ལ་ཨ་ཐུང་དུ་དཀར་ལ་འཚེར་བ་གཅིག་རང་གསལ་དུ་བསྒོམ། བརྟན་པ་དང་ཨ་འཕྲ་མོ་འོད་དང་བཅས་པ་འཕྲོས། ཕྱོགས་བཅུ་གང་སྟེ་འདུས་པས་དེ་ཉིད་གང་དེའི་ཚེ་དུག་གསུམ་དང་ས་བོན་དྲུག་ཤེས་པ་བཞི་དང་གཉིད་དུ་བཅས་པ་སྦྱངས། དེ་ནས་ལུས་གང་དེ་ལས་སྒོ་གསུམ་མ་དམིགས། དེ་ནས་ཕྱོགས་བཅུ་རང་རིག་གི་ཕྱིར་རྡུལ་ཕྲ་རབ་རིལ་ཨར་གསལ་བས། གཞན་པའི་ལས་དང་ཉོན་མོངས་པ་ཀུན་སྦྱངས། སླར་བཞི་པོ་ལ་ཐིམ་ནས་འཕེལ་འགྲིབ་མེད་པ་ལས། མ་སྐྱེས་པའི་ངོ་བོར་གསལ་བར་བྱའོ། །རྩ་བའི་རྒྱུད་ལས་ཀྱང་། ཨ་རབ་ཏུ་བརྟན་འགྱུར་ཨ་དཀར་ལས། ཞེས་པ་དག་གསུངས་སོ། །དེ་ནས་གདན་བསྐྱེད་པའི་ཕྱིར། ཐིམ་འགྱུར་དབྱིངས་ནས་ཕྱག་རྒྱ་འབར་ཞེས་པ་ནས། རོལ་པའི་ཕྱག་རྒྱ་བསམ་མི་ཁྱབ། །ཞེས། མ་སྐྱེས་པའི་ངང་ལས་རང་རིག་པ་ཉིད་གསུང་གི་ཕྱག་རྒྱ་ཨ་མ་དཀར་དམར་དུ་གསལ་བ་ལས། སྤྲོས་པས་དོན་གཉིས་བྱས། བསྡུས་པས་ཉི་ཟླ་གང་བརྩེགས་མར་གྱུར་པས། ཉི་མས་མ་རིག་པ་སེལ་བ་དང་། ཟླ་བས་གདུང་བ་གསལ་བ་ལ་སོགས་པའི་ཐུགས་རྗེ་དང་མཛད་པ་བསམ་ཡས་པའོ། །གཞལ་ཡས་བསྐྱེད་པར་བསྟན་པའི་ཕྱིར། །གཞལ་ཡས་འོད་ཟེར་འབར་བ་ཁང་། །པདྨའི་གདན་དང་རིན་པོ་ཆེ། །ཞེས་པ། རང་རིག་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར། གདན་ལ་འོད་ཀྱི་གཞལ་ཡས་ཁང་དུ་གྱུར་པ་དེར། རང་རིག་མ་གོས་དག་ལ་ཡོན་ཏན་གྱི་བདག་ཉིད་ཀྱི་ཕྱིར། ཁྲིས་སྟོང་འདབ་བཏེག་སྟེ་བཞི་རྩེག་ཏུ་གྱུར་པའོ། །དེར་ཆོག་དང་པོ་བསམ་པའི་ཕྱིར། །མཁའ་ལ་མཇའ་སྤྲིན་མང་ཡང་ཞེས་པ་གཉིས་རྒྱུ་མ་གོམས་པས་སྤྱོད་ཡུལ་ཧཱུྃ་ཅིག་ཏུ་བསྡུར་བཏུབ་པའི་མཐུན་པའི་དཔེའོ། །ཐམས་ཅད་མཁྱེན་ཉིད་བསམ་ཡས་ཀྱང་ཞེས་པ་དག །རང་བཞིན་ཐམས་ཅད་མཁྱེན་པ་དང་། མངོན་གསུམ་དུ་ཐམས་ཅད་མཁྱེན་པའི་སྐུ་ཇི་སྙེད་དུ་རིག་མ་རིག་ལ་སྣང་ཡང་། རང་རིག་པ་ཉིད་ཀྱི་ཕྱིར་མཐའ་གསུམ་བྲལ་བའི་དེ་ཁོ་ན་ཉིད་དུ་ཐ་མི་དད་པ་ནི་གཏན་ཚིགས་སོ། །ཐམས་ཅད་ཡི་གེ་ཧཱུྃ་དུ་འགྱུར་ཞེས་པ། །དངོས་པོ་རིལ་བྱང་ཆུབ་སེམས་ཉིད་ཧཱུྃ་དུ་རང་ཤར་པས་རྣམ་པ་མེད་པའི་ཕྱིར་རོ། །དེ་གང་དུ་ཞེ་ན་གདན་རྣམས་རིག་པ་མཐའ་བྲལ་བ་རྟག་དཀའ་བའི་དཀྱིལ་དུ་བསམ་པའི་ཕྱིར། ཧཱུྃ་ཉིད་གསང་བ་ཐུགས་ཀྱི་དཀྱིལ་ཞེས་གསུངས་སོ། །དེ་སྤྲོ་བསྡུ་བྱ་བ་བསྟན་པའི་ཕྱིར། ཤེས་རབ་སྤྱན་ལ་འགྲིས་པ་དང་། །ཞེས་པ་ལ་སོགས་པ་རང་རིག་ཧཱུྃ་དུ་ཡུལ་དུ་མེད་པར་གསལ་བ་སྤྱན་ལྔའི་དམ་པ་དེ་གོམས་པ་དང་། ནྲིའི་དབང་པོ་མངོན་གསུམ་དུ་ཧཱུྃ་ཕྲ་མོ་བརྟན་པར་ཡོད་པ་ནི་བརྟན་པའི་ཚད་དོ། །དེ་ལྟར་བརྟན་ཞིང་གོམས་ནས། ཧཱུྃ་ཕྲ་མོ་ཕྱོགས་བཅུར་སྤྲོས་ཀྱང་རིག་པའི་ཕྱིར་གཞི་པོ་ལ་འགྲིབ་པ་མེད་སླར་བསྡུས་པས་གཞིར་འཕེལ་ཞིང་ཕྱོགས་བཅུ་འགྲིབ་པ་མེད་དེ་འཕེལ་འགྲིབ་མེད་པ་གཅིག་མ་བྲལ་བའི་རིག་པར་གསལ་བ་དེ་འོད་དུ་གྱུར་ཏེ་ཆོས་ཉིད་གསལ་བའོ། །ཐུགས་ཀྱི་ཆོ་ག་བསྟན་པའི་ཕྱིར། །ཐིམ་འགྱུར་དབྱིངས་ནས་ཕྱག་རྒྱར་འཕང་། །ཤིན་ཏུ་གསལ་ཞེས་པ། རྡོ་རྗེ་དྲིལ་བུ་ནས་ཙམ་དུ་གྱུར་པ་བརྟན་པའི་འཕྲོ་འདུ་ལས་སྐུ་འཕྲ་མོ་བསྒོམ་སྟེ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དང་ཆས་པ་ཞལ་གཅིག་གམ་གསུམ་འཆད་པ་ལྟར་བསྒོམ་པའི་ཕྱིར། ཕྱག་རྒྱ་སྐུ་ཉིད་གསལ་བར་བསྒོམ། །ཞེས་པ་བཞི་གསུངས་སོ། །དེ་ལ་ཡན་ལག་གི་ལྷ་བསྒོམ་པ་བསྟན་པའི་ཕྱིར། །གནས་གཅིག་དང་ནི་གནས་གསུམ་དང་། །གནས་ལྔ་དག་ཏུ་བསྒོམ་ཞེས་པ། །སྙིང་ལ་ཡེ་ཤེས་སེམས་དཔའ་བསམ། །གླང་འགྲིན་སྙིང་རྩེ་ལ་ལྷ་གསུམ་སྒྱུ་འཕྲུལ་དང་གི་རྒྱུད་ལྟར་བསམ། སྤྱི་བོ་གནས་ལྔ་དབང་གི་ལྷ་ལྔ་བསམ་པའོ། །དེ་ལ་གནས་གཅིག་དུ་བསམ་པ་གང་ཞེ་ན། སེན་ཟླུམ་ཟླ་བ་གང་བའི། ཐུགས་ཀྱི་དཀྱིལ་དུ་གནས་པར་བྱ་ཞེས་པ་གདན་དེའི་སྟེང་ཡེ་ཤེས་སེམས་དཔའ་ཚན་གང་བ་བསམ། དེའི་ཐུགས་ཀར་རྡོ་རྗེ་ཉི་སྟེང་དུ་བསམ་པའི་ཕྱིར། ཉི་མའི་དཀྱིལ་དུ་འཁོར་གང་བའི་ཞེས་གསུངས་སོ། །དེའི་བུམ་པ་ལ་ཧཱུྃ་གི་མཐའ་མ་གཡས་སྐོར་དུ་བཟླས་པའི་སྙིང་པོ་བསྐོར་བའི་ཕྱིར་རོ། །དེ་དཀྱིལ་ཡི་གེ་ཧཱུྃ་གནས་པ་ཞེས་པ་གཉིས་གསུངས་སོ། །དེ་ལ་ཡེ་ཤེས་སེམས་དཔའ་སྙན་གསན་དབབ། སྤྱན་དྲངས་བསྟིམ། བརྟན་པར་བྱ་རིམ་པར་མཆོད་བསྟོད་ལ། རྡོ་རྗེ་བཟླས་པ་དང་། ཕྱི་ནང་གི་བཟླས་པ་དང་། གནས་གསུམ་གྱི་བཟླས་པ་བྱས་ཏེ། །སྤྱོད་ལམ་ལ་འབད། སྐྱོན་རྫོགས་རིམ་ལ་འབད་པ་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཕྱག་རྒྱ་གཅིག་པ་འཕྲབ་བརྟན་ནས་རགས་པ་བསྒོམ་པ་བསྟན་པའི་ཕྱིར། ཡང་ན་ཕྱག་རྒྱ་ཆེན་པོ་སྟེ། བདག་ཉིད་ཞེས་པ། མི་མཐུན་པའི་སྒྲས་དང་པོ་ནས། །འཕྲ་བ་དོར་ཏེ་རགས་པ་འབའ་ཞིག་བསླབ་པའང་ཡིན་ནོ། །དེའི་གཞལ་ཡས་དང་གདན་དང་། བསྐྱེད་རིམ་མཁོ་ན་ལྟར་བྱའོ། །རྡོ་རྗེ་འཁོར་ལོ་རལ་གྲི་འབར། །ཞེས་པ་གཡས་གསུམ་མོ། །དྲིལ་བུ་རིན་ཆེན་པདྨ་འབར། །ཞེས་པ་གཡོན་གསུམ་མོ། །འདིར་གཙོ་བོ་ལ་བསྟན་དུ་ཟད་ཀྱི་རིགས་གང་ལ་དགའ་བར་བྱའོ། །ཁྲོ་བོ་ལ་སློབ་ནའང་དེ་ལྟར་རིམ་པ་ངེས་པར་འབད་དོ། །དེ་ནས་སྤྲོས་པའི་རྣལ་འབྱོར་ལ་སློབ་པ་བསྟན་པའི་ཕྱིར། འོད་ཟེར་འཕྲོ་བ་འབྲུ་གསུམ་སྟེ། །ཡང་ན་ཡི་གེ་འབྲུ་ལྔའོ། །ལྔ་པོ་དོན་སྤྲོས་བཞི་བཅུ་གཉིས། །ཞེས་པ། རིགས་ལྔ་ལ་བསླབ་པའི་རིམ་པ་དང་། ཚོམ་བུ་ལ་བསླབ་པ་ཐུན་མོང་དུ་བསྟན་པའོ། །རིགས་ཀྱི་དབང་དུ་ལྔ་གོམས་ནས་བཞི་བཅུ་གཉིས་ལ་བསླབ་པའོ། །མཐར་ཕྱིན་པའི་ཚད་ནི། གཞན་ཡང་དཀྱིལ་འཁོར་བསམ་ཡས་མཆོག །མ་བཅོས་དང་གིས། ཞེས་པ་དག །དེ་གོམས་ནས་བསླབ་པ་མི་མཐུན་པ་མང་པོར་བསླབ་པ་ནི། བདག་ཉིད་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ་གནས་པའི་ཕྱིར། གཞི་དེ་ལ་ལྷག་པའི་ཏིང་ངེ་འཛིན་གྱིས་ཡན་ལག་སྟོང་ལ་སོགས་པ་བསྒོམ་སྟེ། བཤད་པའི་རྩ་བའི་རྒྱུད་ལས་གསུངས་པ་དང་། སྒྱུ་འཕྲུལ་དབང་གི་རྒྱུད་ལས་གསུངས་པ། སྟངས་དཔྱལ་གཉིས་ཀྱི་ཕྱག་རྒྱ་དང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་ཡང་། །རི་རབ་ཏིལ་འབྲུའི་ཚུལ་བཞིན་དུ། །དཔེ་བྱད་མཚན་གྱིས་བརྒྱན་སྤྲས་པའོ། །ཞེས་གསུངས་སོ། །མཐར་ཕྱིན་པའི་ལམ་བརྩིས་ལས་འདས་པའམ་དབང་སྒྱུར་གྱི་ཏིང་ངེ་འཛིན་བསྟན་པའི་ཕྱིར། ཕྱག་རྒྱ་ཆེན་པོ་དེ་དག་ལས། ཕྱོགས་བཅུ་མ་ལུས་མི་ལུས་གཞལ་ཡས་ཁང་། །ཞེས་པ་ལ་སོགས་པ། སྤྲོས་བཅས་ཀྱི་ལྷ་མང་ཡང་དྲངས་ངེས་པར་བསྒོམ་པ་དེ་བརྟན་ནས་གཞི་དེ་ལས་ཚོགས་སྒྲུབ་བས་དབང་སྒྱུར་གྱི་རྣལ་འབྱོར་ཐོབ་པའི་ཏིང་ངེ་འཛིན་ནི། སྣོད་བཅུད་གཞལ་ཡས་ཁང་གི་ངོ་བོ་ལ། །ཉི་ཟླ་བརྒྱད་དང་བཅུ་གཉིས་བརྒྱད་ཀྱི་གཟའ་སྐར་ལ་སོགས་པ་ལྷའི་གདན་དང་། དཀྱིལ་འཁོར་གྱི་རྒྱན་ནོ། །ལྷའང་རྩིས་ལས་འདས་ཏེ་ཞི་ཁྲོ་ལ་སོགས་ཀུན་དུས་གཅིག་གསལ་བའོ། །དེའི་སྤྱོད་པ་ནི། ཐུགས་རྗེའི་བྱིན་རླབས་འགྲོ་དོན་མཛད་ཞེས་པ་ནས། དག་པ་བྱེད་ཞེས་པ། ཚེ་ལ་དབང་ཐོབ་པ་ཡན་ཅད་ཀྱིས་དྲོད་རྟགས་དང་ཆོ་འཕྲུལ་བཞི་དང་མངོན་ཤེས་ཐོབ་པས། ཐབས་མང་པོས་འགྲོ་བ་རྣམས་ཀྱི་དོན་ཡང་མཛད། འཕགས་པ་ཉན་ཐོས་དང་རང་རྒྱལ་བའང་ཆོས་བསྟན་ནས་ཐེག་པ་ཆེན་པོ་ལ་བསྐུལ་བ། ཐབས་གཉིས་ལམ་གྱིས་བྱེད་དོ། །ས་བཅུ་པའི་ཤེས་བྱའང་གསང་སྔགས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྟན་པས་སྦྱངས་ཏེ། བདེན་པ་གཉིས་མེད་ས་དང་པོ་ལ་སྦྱོར་བར་བྱེད་པའོ། །སྤྲུལ་པའི་འཁོར་མོས་པ་དང་ལོངས་སྤྱོད་ཀྱི་འཁོར་དེ་དག་ལའང་ཆ་ལུགས་དེ་ཉིད་ཀྱིས་སྟོན་ནུས་ཏེ། བཤད་པའི་ཏིང་ངེ་འཛིན་འཁོར་ལོའི་ས་ལ་ཉེ་བ་ཡོད་པའི་ཕྱིར་རོ། །ལམ་བསྒོམ་པའི་ཕན་ཡོན་བསྟན་པའི་ཕྱིར། འདི་ལྟར་བསྒྲུབ་པའི་རིགས་མཆོག་སྟེེ། ཞེས་པ་ལ་སོགས་པ་གསུངས་ཏེ་གོ་སླའོ། །རྡོ་རྗེ་སེམས་དཔའ་བསྒྲུབ་པའི་ལེའུ་ཞེས་པ། གཙོ་བོའི་དབང་དུ་སྟེ། འདི་ལྟར་སྔར་རྒྱལ་པོ་ཛ་དང་། སྲས་དང་སློན་དཔོན་འབུ་ཏ་ཀུ་ག་ཏ་ལ་སོགས་པ། སོ་སོའི་ཚོམ་བུ་དང་བཅས་པ་རྡོ་རྗེ་འཆང་བའི་དྲལ་འཐོབ་པས་མཆོད་ཅིག་པའོ། །ལེའུ་བཅུ་དྲུག་པའི་སྤྱན་རྣམ་པར་འགྲེལ་བའོ།། །།བདག་གཞན་གྱི་དོན་དུ་བདུད་རྩི་སྨན་སྒྲུབ་པ་བསྟན་པའི་ཕྱིར། ལེའུ་བཅུ་བདུན་པའི་རྣམ་པར་བཤད་པ་བརྩམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་སྒྱུ་འཕྲུལ་དྲ་བ་ལས་ཐུགས་རྗེ་འགྲོ་བ་འདུལ་བའི་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཞེས་པ་རྒྱུད་དང་སྟོན་པ་ཐ་མི་དད་པའི་ངང་ལས་གདུལ་བྱ་ལ་བདུད་རྩི་བསྒྲུབ་ཐབས་ཕན་ཡོན་དང་བཅས་པ་འབྱུང་བའང་དགོངས་པ་དེ་ཉིད་ཀྱི་ངོ་བོར་བཞུགས་པ་གདུལ་བྱ་ལ་སྐབས་བསྒྱུར་བལྟ་བུར་གནས་པའོ། །ཨེ་མ་ཧོ་ཡེ་ནས་དག་ཆོས་ལས། །ཞེས་པ་དང་། དང་པོ་བླ་མས་གཞི་རྟོགས་པར་བྱས་ལམ་ཐོབ་པར་བྱ་བ་དང་། དེ་ནས་རྒོས་ཆེད་གང་ཡིན་པ་དང་། བདུད་རྩི་རྒྱུ་གང་ལས་བསྒྲུབ་པ་དང་། བན་ད་ལྔར་སྨན་རིགས་དབྱེ་བའམ་སིབ་ལུགས་སུ་བྱ་བ་དང་། ཕྱི་མཚམས་བཅད་དཀྱིལ་འཁོར་བྲིས་པའི་སྟེང་དུ་བཀོད་ལ། དམ་པ་རིགས་བརྒྱའི་བསྙེན་པས་སྦྱང་བ་དང་། བདག་བཙག་བྱས་ལ་དམ་རིགས་ལྔའི་བསྙེན་པས་སྦྱང་བ་དང་། བུམ་པ་ཅིག་ཏུ་དྲིལ་ལ་དེ་ཁོ་ན་ཉིད་གསང་ཆེན་རིགས་གཅིག་པའི་བསྙེན་པས་སྦྱང་བ་དང་། ནང་ནུབ་ཚོགས་གྲང་ཞིང་བརླབ་ལ་སོགས་པ་བྱ་བ་དང་། རྟགས་བྱུང་ནས་དངོས་གྲུབ་བླང་བའི་ཐབས་རྣམས་དང་། གཞན་དོན་བྱ་བའི་ཐབས་དང་། བདུད་རྩིའི་ཆེ་བ་དང་། བསྒྲུབས་པའི་ཡོན་ཏན་རྣམས་སུ་ཤེས་པར་བྱའོ། །དེ་ལ་དང་པོའི་དོན་ཉིད་འདིས་འཆད་དེ། དམ་པ་ནི་འཆད་པའི་དོན་བདུད་རྩི་བདེ་བ་ཆེན་པོར་གསུམའམ་བཞི་ཀར་དག་པའི་གཞི་ལ་མ་རྟོག་འཁོར་བ་ལང་མ་པ་སྟེ། ངེས་པའི་ཤེས་པ་མེད་པ ས་དུག་སྨན་དང་གཙང་སྨེར་ནན་གྱིས་མཐོང་བའོ། །དེ་གང་ཞེ་ན་ཐམས་ཅད་འབྱུང་བ་ལྔ་ལས་སྐྱེས། ཞེས་པ་ནས་གང་ཡང་མེད་ཞེས་པ་རིལ་རིག་པ་ཉིད་སྣང་བའི་འབྱུང་བ་ལྔ་ལས་སྐྱེས་པའི་རིལ། གཞི་དངོས་པོ་གཉིས་དག་པ་ལས་རྟོག་པའི་རྐྱེན་གྱིས་སྣང་བ་ནི་ལན་ཚ་དུག་ལྟ་བུའི་ཕྱིར་ན་དངོས་པོ་མ་ངེས་པའོ། །འོ་ན་ཐ་དད་དོ་ཞེས་ན། །ཐམས་ཅད་མ་ལུས་རྒྱུ་གཅིག་ལས་ཞེས་པ། ངོ་བོ་ཉིད་ཀྱི་རིག་པ་ཅིའང་མ་ཡིན་པའི་ཕྱིར་ཅིར་ཡང་སྣང་དུ་བཏུབ་པའི་ཕྱིར་སྣང་ངོ་། །ཅིར་ཡང་སྣང་བ་ཉིད་འཁྲུལ་ཏོག་ཙམ་ལས་བྱེད་པ་པོ་མེད་པའི་ཕྱིར། སུས་ཀྱང་མ་བྱས་སུ་བྱེད་ཡོད། །ཅེས་པ་གཉིས་གསུངས་སོ། །དེ་བས་ན་རྟོག་པ་ཙམ་ལས་ངོ་བོ་དེ་ཉིད་ན་བདུད་རྩི་བདེ་བ་ཆེན་པོ་ཡིན་པའི་དོན་ཁོ་ན་ཐག་ཆོད་པར་བྱའོ། །དགོས་ཆེད་ལ་གཉིས་ལས་སྤྱིའི་དགོས་ཆེད་བསྟན་པའི་ཕྱིར། རྣམ་རྟོག་ཞགས་པས་སོ་སོར་བཅིངས། །ལུས་གནས་ལོངས་སྤྱོད་སྣ་ཚོགས་དང་ཞེས་པ་ནས་སྦྱོང་ཞེས་པ། སྨན་བསྒྲུབས་པས་འཁོར་བའི་རྒྱུ་འབྲས་དག་པར་བྱེད་པའི་ཕྱིར་གཉེར་བའོ། །རྣམ་པར་ཐར་པ་ལྟ་རྫོགས་བྱེད། །ཞེས་པ་ལ་སོགས་པ། གང་ཐུན་མོང་བརྒྱད་དང་སྒོ་གསུམ་ལ་གནས་པ་རྣམས་ཐེག་པ་ཆེན་པོ་བདེན་པ་གསུམ་མཐར་ཐུག་ལ་སྦྱོར་ཞིང་། བཅུ་པའི་སེམས་དཔའ་ཆེན་པོའང་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་མཐར་འབྱིན་པར་བྱེད་ལ། བཅུད་དང་གསུམ་གྱིས་དུས་གཅིག་ཏུ་མཐར་ཕྱིན་པར་བྱེད་པའི་ཕྱིར། ཉེ་ལམ་དམ་པ་ཡིས་འདི་དོན་དུ་གཉེར་རོ། །ཀུན་ལ་ཕན། ཞེས་པ་སྤྱོད་པ་བླང་དོར་མེད་པར་གདམ་པའོ། །རྩ་བ་བྱང་ཆུབ་སེམས་ཉིད་རྟོགས། །ཞེ་པ་ནས། ཟུང་ཞེས་པ། སེམས་ཉིད་ཀྱི་དོན་མཐོང་བསྒོམ་ལ་བསྐུལ་བ་དང་སྤྱོད་པའི་སྙིང་པོ་ཆེན་པོས་ཟིན་ཆགས་མེད་པར་སྤྱོད་ཅིག་པར་གདམས་པ་སྟེ་བསྒོམ་ལམ་གཉིས་པའི་འང་སྤྱོད་པའོ། །བདུད་རྩིའི་ཆེ་བའི་ཡོན་ཏན་བསྟན་པའི་ཕྱིར། །བདུད་རྩི་མཆོག་ནི་མཉམ་པའི་དབྱིངས། །ཞེས་པ་ལ་སོགས། རྫས་ཀྱི་བདུད་རྩི་སྤྱི་དང་ཁྱད་པར་ལ་དྲགས་པའི་ཕྱི་ནང་དང་། ཆོས་ཀྱི་བདུད་རྩི་ཐུན་མོང་དང་ཟབ་མོ་དག་གིའང་བདུད་རྩིར་གྱུར་པ་བདེན་པ་གཉིས་མེད་པ་ཉིད་དེ། ལྔའི་ངོ་བོ་ཉིད་དོ། །དེ་བས་ན་དེ་ལ་རྒྱུ་རྐྱེན་གྱིས་སྐད་ཅིག་མའི་རྒྱུན་མེད་པ་ནི་བསྒྲུབ་ཤེས་པར་བྱའོོ། །དོན་དེ་འབྱུང་བའི་གནས་ནི་ཉི་ཟླ་གཉིས་ཏེ། གྲགས་པའི་ལྔ་འབྱུང་བའང་ཡིན་ནོ། །དེའི་ལས་གཙང་སྨེ་ལ་སོགས་པ་མ་སྤངས་བྲལ་བའོ། །དེ་བས་ན་བདག་གི་བསྒྲུབ་བྱ་ཕུན་སུམ་ཚོགས་པའི་བདག་ཉིད་འགྲོ་བ་རིགས་ལྔའི་དོན་ཇི་ལྟ་བར་མཛད་པ་དང་། ལྔ་ལ་སོགས་པའི་ཕྱིར་བྱིན་རླབས་ཚད་མེད་དེ་དགོས་པ་གཉིས་ཀྱང་ཡོད་དོ། །གསེར་སྒྱུར་སྨན་དང་མུན་སེལ་ཞིང་། །ཞེས་པ་རྟག་པ་བདུད་རྩི་གནས་འགྱུར་གྱི་དཔེའ་བསྟན་པའོ། །ཁྱད་པར་གྱི་དཔེའ་བསྟན་པའི་ཕྱིར། །གཞན་ཡང་དགོས་པ་སྣ་ཚོགས་འགྲུབ་པ་ཞེས་པ་སྤྱིའི་དགོས་པ་གཉིས་ལས་མི་མཐུན་པ་དག་ཀྱང་འགྲུབ་པའི་ཕྱིར། ཁྱད་པར་དུ་དུག་གདུལ་བ་གང་ཞེ་ན། །རྐྱེན་ལས་བྱུང་བའི་དུག་རྣམས་དང་། །ཞེས་པ་ནས་གདུལ་བའི་ཕྱིར། ཞེས་པ། ཁ་ཟས་མི་འཕྲོད་པ་ལས་གྱུར་པ་ལ་སོགས་པ་དག་དང་། གང་དག་རྩ་བ་ལས་གྱུར་པ་དངོས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་མཐུ་ཅན་འདུས་པ་དང་། ཀླུ་དུག་དངོས་དང་། གཞན་དག་གི་རིགས་ངན་པའི་སྦྱོར་བ་དང་། །གཞན་བསྡུ་བ་ནི་དབྱིག་དུག་དང་། །སྦྲང་བུ་ཏྲཻ་མ་ཏིའ་དུག་ལ་སོགས་པ་ཕྱིའིའོ། །གཞན་དུ་ན་ཆགས་སྡང་རྐྱེན་གྱིས་བསླང་བ་དང་། གསུམ་ལྔའི་ཉོན་མོངས་པ་དང་། གཟུང་འཛིན་དང་། གཏི་མུག་དང་། རྐྱེན་རྒྱུ་ལས་བྱུང་བའི་རྟོག་ཚོགས་རོལ་ལོ། །དེ་དག་ཉིད་བདུད་རྩི་ཆེན་པོར་གདོད་ནས་ལྷུན་གྱིས་གྲུབ་པ་ཉིད་དེ་ཉིད་སྨན་ཆེན་དུ་རང་སྨད་པའི་ཐབས་ཀྱིས་སྦྱང་པའི་ཆེད་དུ་དཀྱིལ་འཁོར་མ་ལུས་ཚང་བར་བསྒོམ་ཞེས་པ། རྩ་བ་ཡན་ལག་རང་རང་ལས་ལྷར་བསྐྱེད་དེ་བསྙེན་པ་གསུམ་གྱི་ལྷ་རིམ་པར་བསྒོམ་པའོ། །བདག་གཞན་དོན་དུ་དངོས་གྲུབ་བླང་བ་བསྟན་པའི་ཕྱིར། གནས་ལྔ་དག་ཏུ་འབྲུ་ལྔས་གཏིམ། །ཞེས་པ་རྟགས་དྲུག་ཐོན་ནས་བུམ་པ་ཉིད་སྤྱི་བོ་སྙིང་ཁ་ལྟེ་གསང་ལ་གདུགས་འབྲུ་ལྔ་པོས་གཏིམ་སྟེ་ཡོངས་སུ་གྱུར་པས་འབྲས་བུ་ལྔ་ཐོབ་པར་བསམ་པའོ། །བདག་གཞན་དོན་དུ་དེ་ལས་མི་མཐུན་པར། ཡི་གེ་གཉིས་གང་རུང་ལས་བདུད་རྩི་གཏིམ་པ་སྤྱི་བོ་ནས་བརྩམས་ཏེ་ཁྱད་པར་དུ་བཤད་པའི་དུག་གིས་ཟིན་པ་ལ་དེ་ཉིད་བདུད་རྩིར་གྱུར་པར་བྱ་སྟེ། སྤྲོས་བཅས་ཐོབ་པའི་ཡུལ་ཕྱིར། རྩ་བའི་རྒྱུད་ལེའུ་ལྔ་པར་སྦྱར་རོ། །མཉམ་པའི་དབྱིངས་སུ་ཐིམ་པར་བྱ་ཨ་ཧོ་ཞེས་པ། དེ་ལྟར་བདུད་རྩིས་དབང་བསྐུར་བས་དེའི་སྒོ་ནས་ལྷུན་གྲུབ་ཉིད་མངོན་དུ་གྱུར་པར་བྱའོ། །དབང་གི་ཡོན་ཏན་ནི་ཡན་ལག་ལ་གཏིམས་ན་ཐམས་ཅད་ལ་ཐོགས་མེད་པར་འགྲོ་བ་ཐོབ། ངག་ལ་གཏིམས་ན་སྨྲ་བའི་འཁོར་ལོ་འཐོབ་པའོ། །མ་ཐོབ་པ་ཐོབ་པར་བྱར་ཡང་མེད་པའི་ངང་ལས་དངོས་གྲུབ་སྣ་ཚོགས་འཐོབ་པའི་དགྱེས་པ་དང་ལྡན་པའོ། །རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་པ། བཤད་པ་བཞིན་འོག་མིན་དུ་གསང་སྔགས་ཀྱི་བདག་པོ་ལག་ན་རྡོ་རྗེས་བསྡུས་ཏེ་སྐལ་ལྡན་མི་ལ་ཚིག་དུ་བསྟན་པའོ། །ཞི་བའི་རིགས་ལྔས་སྦྱང་བའི་ཚིག་བསྟན་པའི་ཕྱིར། ཧཱུྃ་བདག་ཉིད་ཞེ་སྡང་རྡོ་རྗེ་སྟེ། ཞེས་པ་ལ་སོགས་པ། འཆད་པ་ལྟར་སྨན་བན་ད་རྩ་བ་ཡན་ལག་བཀོད། འཕྲད་སྐྱོབས་ཚང་བར་བྱས་པའམ། འཁྲོལ་འུ་བསྲེས་པ་ལ་དར་རིགས་དང་མཐུན་བཀབ་ལ་སྦྱང་ན། དབུས་ཀྱི་བྱང་ཆུབ་སེམས་དཔའ་ལ་སོགས་པ་འཕྲུ་བཅུ་བཀོད་པ་ལས་ཆོ་ག་གསུམ་གྱིས་རིགས་ལྔ་ཡབ་ཡུམ་དུ་བསྐྱེད་དེ། སོ་སོའི་སྔགས་ཀྱིས་སྦྱང་ཞིང་བན་དྷ་ལག་ཏུ་ཐོགས་ཏེ་ཚིག་འདི་དག་རེ་རེ་ནས་བརྗོད་དེ་དེ་སྲོག་དང་ལྡན་པར་བྱའོ། །བདག་ཉིད་ཀྱི་རིག་པ་སྣང་བའི། །བྱང་ཆུབ་ཀྱི་སེམས་ཞེ་སྡང་དག་པ་རྡོ་རྗེ་རིགས་སུ་བསྐྱེད་པ་སྟེ། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་པས་རིལ་བྱམས་སྡང་གཉིས་མེད་པ་ལ་སྦྱར་བ་ནི་རིགས་སྦྱངས་པས་བྱམས་པ་ཆེན་པོའི་ཐུགས་སོ། །ༀ་བདག་ཉིད་གཏི་མུག་ཆོས་སྐུ་སྟེ་ཞེས་པ་ལ་སོགས་པ། དྲི་ཆེན་ༀ་ལས་དེ་བཞིན་རིགས་སུ་བསྐྱེད་པ་དེས་གཏི་མུག་དག་པའི་ཕྱིར་མ་རིག་སེལ་ཏེ་རང་བྱུང་བའི་ཡེ་ཤེས་སྒྲུབ་བྱེད་དང་བྲལ་བ་ནི་སྐུའི་རིགས་ཀྱི་ཕྱིར་རིལ་རྒྱུན་མི་འཆད་པར་འབྱུང་བའོ། །ཏྲི་བདག་ཉིད་ང་རྒྱལ་ཡོན་ཏན་ཏེ། ཞེས་པ་ལ་སོགས་པ། མང་ས་ཏྲཾ་གི་ས་བོན་ལས་རང་རིག་ཡོན་ཏན་རིགས་ང་རྒྱལ་དག་པར་བསྐྱེད་སྦྱང་ན། ཡོན་ཏན་ནི་སྙིང་རྗེ་ཆེན་པོས་དོན་རྒྱ་ཆེན་པོར་འགྲུབ་པ་དང་། ཉན་ཐོས་རང་རྒྱལ་ཐེག་པ་ཆེན་པོ་ལ་སྐུལ་བ་དང་། བློ་མཆོག་དག་ནི་ས་ལ་འགོད་པ་ལ་སོགས་པ་ཚང་དང་བྲལ་བའོ། །ཧྲཱི་བདག་ཉིད་ཞེས་པ་དག་རག་ཏ་གསུང་པ་དེ་མ་རིགས་སུ་བསྐྱེད་པ་སྟེ། ཡོན་ཏན་དང་ངོ་བོ་འདོད་ཆགས་མ་སྤངས་བྲལ་བའོ། །ཨཱ་བདག་ཉིད་ལས་ཀྱི་སེམས་དཔའ་སྟེ་ཞེས་པ། དྲི་ཆུ་རང་རིག་པ་ཉིད་དོན་ཡོད་གྲུབ་པར་བསྐྱེད་པའི་འཕྲིན་ལས་ཀྱིས་དོན་གཉིས་རྫོགས་པར་བྱེད་ཅིང་བཅུ་བཞིར་དོན་མཛད་པའོ། །མུ་ཞེས་པ་ཡུམ་གྱི་ཡི་གེ་སྟེ་བདུད་རྩི་མཚན་ཉིད་འཛིན་པ་ལ་ཡུམ་ལྔར་བསྐྱེད་པའོ། །ཕྱི་མའི་སྐབས་སུ་ཁོས་བོས་སྤྱད་པར་ཡང་མི་འདོད་པ་མ་ཡིན་ཞེས་སྨྲའོ། །བདག་ཉིད་ཤེས་རབ་འོད་གསལ་ཏེ། ཐོགས་མེད་པའོ་ཞེས་པ། ཆ་ཕྲ་བ་ལྔའང་རང་རིག་པ་རང་བཞིན་གྱིས་འོད་གསལ་བ་ངོ་བོ་ཉིད་ཀྱི་ཤེས་རབ་ཆེན་པོ་ཡི་ཡུམ་དུ་བསྐྱེད་དོ། །དེས་ཡོན་ཏན་ནི་ལེ་ལོ་གཉིས་དང་གཡེང་བ་དྲུག་སྤོང་སྟེ་ངོ་བོ་ཉིད་ལ་གཉིས་པ་མེད་པའི་ཕྱིར་རོ། །དེ་མེད་པའི་ཐུགས་རྗེ་ནི་གང་དུའང་ཐོགས་པ་མེད་པ་ལ་ཟིན་ཆགས་མེད་པའི་གཞིར་གྱུར་པའི་ཕྱིར་རོ། །སྤྱིའི་ཡོན་ཏན་ནི། ཡེ་ཤེས་དྲུག་གིས་ཉོན་མོངས་སྦྱངས་ཞེས་པ་ཡབ་ཡུམ་གྱི་ཡེ་ཤེས་ལྔ་དང་དེ་བཞིན་ཉིད་ཀྱི་ཡེ་ཤེས་དང་དྲུག་གིས་ཉོན་མོངས་པ་ལྔ་དང་འདུ་བྱེད་སྦྱངས་ཏེ། དེ་ཁོ་ན་ཉིད་མཐོང་བར་བྱེད་པའོ། །ཁ་ཅིག་ན་རེ་ར་ས་ཡ་ན་ལ་མུ་མ་ལས་སྨན་གྱི་ལྷ་འཇམ་དཔལ་བསྐྱེད་ལ་སྦྱང་ཞེས་འཆད་ན་རགས་པར་མི་འདོད་དོ། །སྒྲལ་བའི་སྐབས་སུ་འཇམ་དཔལ་བྱིན་གྱིས་རླབ་པར་ནི་འདོད་པའང་མ་ཡིན་ཏེ། རྒྱུ་མཆོག་ལྔའང་ཅིག་སྔོན་དུ་བསྒྲལ་ལ་བདུད་རྩིའི་རྒྱུ་བྱ་བ་དང་། སྐབས་སུ་ཐུགས་དམ་བསྐང་བ་གཉི་གའི་ཕྱིར་རོ། །དེ་བསྒྲལ་བའང་། དུག་གསུམ་སྦྱོང་བ་སྐུ་གསུམ་སྟེ་ལམ་ལྔ་སྦྱོང་བ་ཡེ་ཤེས་ལྔ། འཁོར་བའི་རྩད་གཅོད་ཤེས་རབ་མཚོན་ཞེས་པ། གོ་རིམས་བསྒྱུར་ཏེ་གང་ཞིག་བསྒྲལ་བར་བྱ་བའི་སྙིང་གི་པདྨའི་འདབ་བཞི་ལྟེ་བ་དང་བཅས་པ། ཨ་སུ་ནྲི་ཏྲི་པྲི་དུ་ཟུང་རེ་གོ་རིམ་བཞིན་གནས་པ་དེ་གསལ་བར་བྱས་ལ། དེ་ལ་རིམ་པ་དབུས་ནས་ཨཱོཾ་པྱཾ། སྭ་མཾ། ཧཱུྃ་ལཾ། ཧཾ་ཏཾ། བསམ་ལ། དེ་དག་བྱང་ནས་ཆོ་ག་གསུམ་གྱི་རིམ་པས་ས་བོན་དང་ལུང་ངག་ཡིད་སྦྱངས་ཏེ་རིགས་ལྔར་རིམ་པར་གསལ་བ་སྦྱོར་བས་རེ་མོས་ཐིམ་སྟེ། དབུས་སྣང་མཛད་ཀྱང་མ་དམིགས་པར་གྱུར་ཏེ། དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་རིགས་ལྔས་ས་བོན་ལྔ་སྦྱངས་ནས། རཾ་ཡཾ་ཁཾ་གསུམ་གྱིས་བསྲེག་གཏོར་བཀྲུས་པས་ཆོས་ཉིད་དུ་སྦྱངས་པ་ནི། སྐུ་གསུམ་གྱི་མཛད་པས་དུག་གསུམ་བསྒྲལ་བའོ། །ཞེས་ཟེར། དེ་བས་ན་འཁོར་བའི་བག་ཆགས་རྩད་ནས་གཅོད་པ་ཤེས་རབ་ཀྱི་རལ་གྲིའོ། །ཧཱུྃ་དུ་བསྡུ་ཞིང་ཧོ་ཡིས་གཡེངས། །རཾ་གྱིས་བསྲེག་ཅིང་ཕཊ་ཀྱིས་འཕང་། །ཐབས་དང་ཤེས་རབ་འབྲེལ་བའི། ཐིག་ལེ་དབྱིངས་སུ་ཐིམ་པར་བྱ། །དེ་ནས་གཉིས་མེད་དབྱིངས་གྱུར་ནས། །ཡེ་ཤེས་སེམས་དཔའི་སྐུ་རུ་བསྒོམ་ཞེས་པ་ཡི་གེ་གསུམ་གྱིས་ཆོས་ཉིད་དུ་བསྒྲལ་ཏེ་ཤེས་པ་ས་བོན་དྲུག་བསྲེགས་ཧཱུྃ་དྲུག་ཏུ་གྱུར་པ་ཧཱུྃ་ཅིག་ཏུ་དྲངས་ཏེ་ཤངས་ནས་བརྒྱད་དེ་ཡུམ་གྱི་མཁའ་ལ་ཕྱིན་པ་ལ་ཆོ་གའི་སྦྱོར་བས་སྐུ་ཚོན་གང་བར་གསལ་བ་དེ་ཟླ་རླུང་གིས་བཏེག་སྟེ་ཕཊ་ཀྱིས། འོག་མིན་དུ་འཕངས་པ་འཕགས་པ་ཐབས་ཀྱི་ཞགས་པ་ལྟར་བརྩམ་མོ། །སྨན་སྤྱད་པ་བསྟན་པའི་ཕྱིར། འབྲུ་གཅིག་འབྲུ་གསུམ་འབྲུ་ལྔ་བསྒོམ། །བཞི་བཅུ་རྩ་གཉིས་མ་ལུས་དང་། །ཞེས་པ་ནས་ཕྱག་རྒྱ་གསལ་ཞེས་པ། གོ་རིམ་བསྒྱུར་ཏེ། ཁྲོ་བོས་ཀྱང་སྦྱང་བ་ནི་དམ་པའི་རིགས་བརྒྱས་སྦྱངས་པའོ། །ལྷ་བཞི་བཅུ་རྩ་གཉིས་བསྐྱེད་དེ་དེ་ལ་ཡེ་ཤེས་སེམས་དཔའ་དང་བྱིན་རླབས་ལྷ་གསུམ་དང་དབང་གི་ལྷ་ལྔ་བསམས་ཏེ་སྦྱང་། ཚང་བའི་སྒྲས་དང་སྡུད་པའི་སྒྲས་ཞི་བ་ལས་ཁྲོ་བོར་ཡང་བསྒྱུར་ཏེ། ཁྲོ་བོས་ཀྱང་སྦྱང་བ་ནི་དམ་པའི་རིགས་བརྒྱས་སྦྱང་བའོ། །དེ་བས་ན་ལྷ་ཉིད་བདག་ཉིད་པའི་ཕྱིར་དེ་ཉིད་ཀྱི་འདུ་ཤེས་དང་བྲལ་བར་གསལ་བའོ། །བཟའ་བཏུང་ལ་སོགས་པ་བྱིན་གྱིས་བརླབ་པ་བསྟན་པའི་ཕྱིར། དེ་ནས་ལོངས་སྤྱོད་ལྔ་ཀུན་ལ་ཞེས་པ་ལ་སོགས་པ་སྦྱང་བའི་དེ་མ་ཐག་པར་ཚོགས་ཀྱི་མཆོད་པ་ལ་སོགས་པ། འོག་གི་འབྲུ་ལྔ་བཀོད་དེ་ཡེ་ཤེས་ལྔའི་ངོ་བོར་བྱ་བ་དང་། རིགས་ལྔའི་ངོ་བོར་བསྐྱེད་པ་དང་། །འདོད་ཡོན་ལྷ་མོ་ལྔའམ། སྨན་ལྔ་བདུད་རྩི་ཆེན་པོ་ལྔར་བསམ་པ་གང་རུང་དུ་བྱ་བའམ་སྐབས་བསྒྱུར་བའོ། །དེའི་སྔགས་པའི་ཕྱིར། ༀ་ཧཱུྃ་ཅེས་པ་ལྔ་དགོད་པའོ། །ༀ་བཛྲ་ཨ་མྲྀ་ཏ་ཞེས་པ་བདུད་རྩི་འཁྱིལ་པས་གཏོགས་ཤིག་སྡུས་ལ་བསྲེགས་ཤིག་པ་སྟེ། ཆུའི་རྡུལ་ཕྲ་རབ་ཁྲོ་བོ་སྔོ་ནག་མཚོན་ཆ་ཅན་དུ་གྱུར་པས་བསྐྲད་པའོ། །ༀ་བི་ཤུད་ཏེ་ཨ་མྲྀ་ཏ་ཧཱུྃ་ཕཊ། ཞེས་པ་ནས་གྱུར་ཏོ་ཞེས་པ། སྒྲའི་སྣ་ཚོགས་དག་པའི་བདུད་རྩིས་ཐམས་ཅད་དག་པ་དང་། ཆོས་ཀྱི་བདུད་རྩི་ཆོས་ཉིད་དུ་གྱུར། འབྲུ་གསུམ་གྱིས་རིལ་སྐུ་གསུམ་ཐུགས་སུ་གསལ་བ་བདུད་རྩི་བདེ་བ་ཆེན་པོ་སྟེ། བསྒྲུབ་པ་པོ་རྫས་གཉི་ག་སྦྱངས་པས་ཉམས་ཆག་ཐམས་ཅད་བསྐང་བའོ། །སྨན་སྦྱངས་བའི་ཏིང་ངེ་འཛིན་གྱིས་རིམ་པ་བསྟན་པའི་ཕྱིར། ས་ཆུ་མེ་རླུང་ནམ་མཁའ་རྣམས་ཞེས་པ་ནས་ཐིམ་པར་བྱ་ཞེས་པ། གཞལ་བྱ་དགོས་ཆེད་རྣམ་པར་ཕྱེ་བའི་གཏན་ཚིགས་ཀྱིས་ལྟ་བ་རྟོགས་པས་དང་པོར་དེ་བཞིན་ཉིད་བསྒོམས་པར་ཁོ་ནའོ། །ཕྱོགས་གཞན་དུ་ན། མན་ངག་ལས་དབྱིངས་ཕྱུག་བསྐུལ་བའི་གར་ཐབས་ཀྱིས། ཡི་གེ་ལྔའི་གནས་སུ་གསང་ཐིག་ལེ། ཁམས་བདེ་གཅིག་ཀྱང་ལྔར་ལྡན་པ། །ཉི་ཤུ་ལྔར་གསལ་ཐིག་ལེ་ཡིས། །ཡེ་ཤེས་ནམ་མཁའི་གཟུགས་སུ་སྐྱེ། །ཞེས་གསུངས་སོ། །དེའི་རྗེས་ལ་སྙིང་རྗེའི་རྣལ་འབྱོར་གསལ་བར་བྱས་ལ་དམ་བཅའ་བའི་ཕྱིར། འབྱུང་བ་ཆེ་རྣམས་དེ་དག་ལ། །ལྷག་པའི་ཏིང་འཛིན་བསྐྱེད་པར་བྱ་ཞེས་པ་དང་ཡན་ལག་ཏུ་བཅས་པ་ལ་ལྷག་པའི་ཏིང་ངེ་འཛིན་བསྒྲུབ་པའི་དཀྱིལ་འཁོར་བསྐྱེད་པར་དམ་བཅའ་བའོ། །ཐབས་བསྟན་པའི་ཕྱིར། རགས་པ་ཐབས་ཀྱི་ཕྱག་རྒྱ་སྟེ་ཞེས་པ་ནས། བསྒོམ་པར་བྱ་ཞེས་པ། སྨན་རགས་པ་དང་། མཚན་ཉིད་འཛིན་པ་ཆ་བཅུ་ལ་རིགས་ལྔ་ཡབ་ཡུམ་བསྐྱེད་པར་བྱའོ། །དེ་རིག་ཡེ་ཤེས་ལྔ་ཉིད་དོ། །ཞེས་པ། དེ་ལྟར་བསྒོམ་པའི་དོན་མཐོང་བ་ནི། དེ་དག་ཉིད་རང་རིག་པའི་ཡེ་ཤེས་ལྔའི་ངོ་བོར་གསལ་བས་ཐེར་ཟུག་པར་གསལ་བ་མེད་པའོ། །འབྱུང་བ་ལས་གྱུར་པ་ར་ས་ཡ་ན་སྣ་ཚོགས་ཀྱང་། ལྷར་བསྐྱེད་པ་བསྟན་པའི་ཕྱིར། རྒྱུར་བྱས་གཟུགས་སོགས་བཞི་བཅུ་གཉིས་ཞེས་པ་ནས། ཨ་ཧོ་ཞེས་པ་འབྱུང་བ་ལྔས་རྒྱུར་བྱས་པ་གཟུགས་ཀྱི་ཕུང་པོ་དང་བསྡུ་བའི་སྒྲས་རྟོག་པ་བཞི་བཅུ་རྩ་གཉིས་ཀྱི་ལྷའི་སྨད་བཀོད་པ་དང་། སྣོད་བཅུད་རིལ་རང་རིག་རིག་པ་དེ་ཁོ་ན་ཉིད་དུ་བྱེ་བྲག་མེད་པར་སངས་རྒྱས་པའི་ཕྱིར། ར་ས་ཡ་ན་སྣ་ཚོགས་ལྷའི་ངོ་བོ་ཡིན་པ་ལ་ཐེ་ཚོམ་མེད་པར་དེ་ངོ་བོ་ཉིད་ཡིན་པའི་ཕྱིར་བསྒོམ་པར་བྱའོ། །ངོ་བོ་གཟུང་རྐ་བའི་རིག་པ་ཉིད་བདུད་རྩི་ཆེན་པོའི་ལྷར་གསལ་བས་དགྱེས་པའི་ཕྱིར་ཡི་གེ་གཉིས་སོ། །ཐ་མར་དཀྱིལ་འཁོར་བསྡུ་བ་བསྟན་པའི་ཕྱིར། ཀྱེ་མ་ལྷག་པའི་བྱིན་རླབས་ཀྱིས། །བདག་ལ་ལྷ་རྣམས་བསྡུ་བར་བསྒོམ། །ཞེས་པ། རང་རིག་ལྷར་བྱུང་བ་ལ་དམ་ཞིང་ཏིང་ངེ་འཛིན་གསལ་བར་ཡེ་ནས་ཡོད་པ་ཅིར་ཡང་སྣང་བས་རྟག་ཆད་གསལ་བའི་ཕྱིར་བདག་ལ་རིམ་པ་བསྡུའོ། །རྣམ་པ་གཞན་དུ་ཐམས་ཅད་བདག་ཉིད་དུ་གསལ་བ་ལྷུན་གྲུབ་ཀྱི་གསང་ཆེན་རིག་གཅིག་ཕྱིར་སྙེན་པའི་དོན་དམ་བཅའ་བའོ། །གསང་ཆེན་རིགས་གཅིག་པའི་བསྙེན་པ་བསྟན་པའི་ཕྱིར། དེ་ནས་ལྷ་དང་གཉིས་མེད་ནས། །བདག་ཉིད་ཡི་གེ་ༀ་དང་མཱུྂཿ ཞེས་པ། བར་མ་ལ་གོམས་ཏེ་བསྡུས་ནས་ཞེས་སམ། བདག་ཉིད་ཆེན་པོར་གསལ་བའི་ཏིང་འཛིན་བསྟན་ནས། སྨན་བདུད་རྩི་མུན་པ་ཅིག་ཏུ་དྲིལ་རྒྱས་བཏབ་ལ་སྦྱང་བའི་ཕྱིར། བདག་ཉིད་ཀྱི་རིག་པ་ཉིད་ཡི་གེ་གཉིས་སུ་བྱུང་བ་དེ་ཡོངས་སུ་གྱུར་པས་བདག་འཛིན་མེད་པ་ནི་གསུང་གི་ཆོ་གའི་ཕྱིར། གཉིས་དང་བདག་དང་དབྱིབས་སུ་ཐིམ། །ཞེས་གསུངས་སོ། །བདག་ཉིད་བདུད་རྩི་འཁྱིལ་པར་བསྒོམ། །ཞེས་པ་ནས། གདན་ཁྲི་ལྡན་ཞེས་པ་གོ་སླ་སྟེ། ཆོ་ག་གསུམ་ལས་བསྐྱེད་དོ། །གོམ་ན་སྐད་ཅིག་མས་ༀ་མཱུྂཿལས་བསྐྱེད་པའོ། །ཕོ་བྲང་བུམ་པ་ལ་བསྐྱེད་ན་བདུད་རྩི་འཁྱིལ་པའི་ཡུམ་གྱི་མཁའ་གསང་བའི་བུ་ག་རྒྱ་དང་སྒོ་སྲུང་སུ་ལྡན་པ། དེར་ཡབ་ཀྱི་རྡོ་རྗེ་བཅུག་པ་ནས་སྒོ་སྲུངས་ཞལ་དུ་བབས་པར་བསམ་པའོ། །འཛབ་བཤད་པའི་བསྐྲད་སྔགས་གཅིག་པུས་བྱའོ། །ལས་ཀྱི་དཀྱིལ་འཁོར་ལའང་བསྐྱེད་པ་མཐུན། ཅིག་ཤོས་མི་དགོས་སོ། །འཁོར་བསྐྱེད་པའི་ཕྱིར། ལྷ་དང་ལྷ་མོ་ཞེས་པ་གོ་སླའོ། །བསྒྲུབ་པའི་དཀྱིལ་འཁོར་ནི། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས་ཞེས་པ། འཁོར་ལོ་ལྔ་བཅུ་བརྒྱད་ཀྱིས་གཟུགས་བརྙན་དུ་བརྩམ་པའོ། །དགོད་ལུགས་གང་སྙམས་ལ། བྲི་བསྒོམ་གཉི་གའི་དབང་དུ་དབུས་སུ་བདུད་རྩི་འཁྱིལ་པ་སྟེ། ཞེས་པ་ལ་སོགས་པ་གོ་སླའོ། །ཐབས་དང་ཤེས་རབ་ནི་ཡབ་ཡུམ་མོ། །ཕྱག་རྒྱ་ནི་བཞི་ལྡན་པར་རོ། །སྙིང་པོ་འབྲི་ཚིག་གསལ་བར་བཟླས་ཞེས་པ། ལས་ཀྱི་དཀྱིལ་འཁོར་ལ་སོ་སོའི་འཛབ་བོ། །ཕོ་བྲང་ལ་འཆད་པའི་དགུ་བའམ་བཤད་པ་ཉིད་ཡན་ལག་མ་ཉམས་པར་བྱའོ། །གཙོ་བོའི་ཕྱག་མཚན་བསྟན་པའི་ཕྱིར། །དེ་ལ་བདུད་རྩིའི་ཕྱག་རྒྱ་ནི། །ཞེས་པ་ལ་སོགས་པ་ནས། སྐུ་མདོག་གི་རྗེས་སུ་ཕྱག་མཚན་ནི་གཡས་ནི་ཡིད་བཞིན་ནོར་བུ་རིན་པོ་ཆེ། གཡོན་པ་བདུད་རྩི་བུམ་པ་ཐོགས་པའོ། །དེའི་ལས་ནི་གདུལ་བྱའི་རེ་བ་སྐོང་བ་དང་། ཉོན་མོངས་པའི་རྒྱུ་འབྲས་དག་པར་བྱེད་པ་ནི་རིམ་བཞིན་ནོ། །འདོད་པ་ལྔའི་ཡོན་ཏན་ཅི་འདོད་པ་འབྱུང་བར་བྱེད་དོ། །དངོས་གྲུབ་ཆེན་པོ་ལ་མེད་པའོ། །ཞེས་པ་གོང་ན་མེད་པའི་དངོས་གྲུབ་འཐོབ་པའོ། །བདུད་རྩི་ཆར་བཞིན་འབེབས་པར་བྱེད་ཞེས་པ། གདུལ་བྱ་ལའང་འབེབས་འཕྲོ་འདུའི་ཆེ་ནའང་ཕྱོགས་བཅུའི་བདུད་རྩི་བསྡུས་ནས་བུམ་པར་འབེབ་པའོ། །སྒོ་བཞི་ཕྱག་རྒྱ་དག་དང་ལྡན་ཞེས་པ་ཕྱག་དྲུག་ཏུ་བྱེད་ན་འོག་མ་བཞིན་ལྕགས་ཀྱུ་ཞགས་པ་དང་། ལྕགས་སྒྲོག་དྲིལ་བུ་བསྣམས་པའོ། །འོག་ཏུ་གཙོ་བོ་རྣམས་སྨོས་ཀྱི་འཁོར་གྱི་ལྷ་མ་སྨོས་པས་འདི་ཁ་སྐོང་དུ་འཐད་པར་གསུངས་སོ། །བདུད་རྩིའི་རྒྱུ་བསྟན་པའི་ཕྱིར། ཨ་མྲྀ་ཏའི་རྒྱུ་ཉིད་ནི། བྱང་ཆུབ་སེམས་དང་ཤ་ཆེན་དང་ཞེས་པ་ལ་སོགས་པ་བན་ད་ལྔར་བྱང་ཆུབ་སེམས་ལ་སོགས་པ་དམ་རྫས་ལྔ་རེ་རེའང་རྩ་བ་བརྒྱད་དང་ཆས་པ་བགོད། བསྡུ་བ་ནི་མ་འོངས་པ་བསྡུ་བ་སྟེ། གཞན་འདོད་ཡོན་སྣ་ཚོགས་རྣམས། །དབྱེའམ་ཞེས་པ། རྩ་བ་དེ་དག་གི་ཕྲད་དང་སྐྱོབས་དང་ཡན་ལག་ཏུ་དབྱེའོ། །ར་ས་ཡ་ན་སྣ་ཚོགས་ཡང་དྲི་དང་རོ་དང་ཁ་དོག་གིས་ཀྱང་དབྱེའོ། །མི་དབྱེ་བར་ཞེས་པ། སྣོད་གཅིག་ཏུ་ཀུན་བསྡུ་བའོ། །བདུད་རྩི་ཉིད་དུ་བྱིན་གྱིས་རླབས་ཞེས་པ། གཉིས་པོ་གང་ཀྱང་བསྙེན་པ་གསུམ་གྱིས་སྦྱང་བའོ། །སྤྱོད་པ་ནི། རྟོག་པའི་བག་ཆགས་སྦྱང་བའི་ཕྱིར་ཞེས་པ་གོ་སླའོ། །བཟའ་བའི་ཏིང་འཛིན་ནི། དབྱིངས་སུ་ཡང་ནི་གཏིམ་པར་བྱ་ཞེས་པ་མི་རྟོགས་པས་སྤྱད་པའོ། །ཕྱག་རྒྱ་འོད་ཟེར་འབར་སྒོམ། ཞེས་པ་ལྷ་ལ་ལྷ་རོལ་པར་སྤྱད་པའོ། །བསྒྲུབ་པའི་ཕན་ཡོན་བསྟན་པའི་ཕྱིར། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཅིང་ཞེས་པ་ལ་སོགས་པ། ཡོན་ཏན་བཞི་གོ་སླའོ། །བྱིན་གྱིས་བརླབ་པ་བསྟན་པའི་ཕྱིར། །བདག་ཉིད་ཡི་གེ་ཧཱུྃ་གྱུར་ནས། ཞེས་པ་ནས་རྩེ་གཅིག་བསྒོམ་ཞེས་པ། བདག་ལྷ་གསལ་བའི་ཐུགས་ཁ་ནས་ཧཱུྃ་འགྲོ་བ་མེད་པར་སྤྲོས་པས། སྨན་ནམ་བཟའ་བཏུང་སྐབས་གང་ཡིན་པ་ལ་ཕོག་སྟེ་སྦྱང་ཟེར། འདིར་དེ་ཉིད་རང་རིག་སྣང་བའི་ཕྱིར་གདན་ཐོག་ཏུ་ཧཱུྃ་དུ་གསལ་བ་ལ་འཕྲོས་འདུས་མཐའ་གཉིས་བྲལ་བར་སྦྱང་། ཡང་ཨཱྂ་གསལ་བའི་འཕྲོ་འདུས་བདུད་རྩིར་བྱ། ཨཱོཾ་གསལ་བས་འཕྲོས་འདུས་ཡེ་ཤེས་ལྔ་དང་ལྡན་པར་གསལ་བའང་ཡུལ་མེད་པས་སོམ་ཉི་དང་ཡིད་ལ་བྱེད་པ་བྲལ་བའོ། །གཞན་ཡང་ཡི་གེ་འཚོགས་པས་གདབ་ཞེས་པ། ཁྲོལ་བུལ་རྟགས་ཕྱིན་ནས་ཕྱེ་མ་ཀྱང་རྟགས་ཕྱིན་ཏེ་རིལ་ལུའམ་བུམ་པར་བྱས་པའི་ཚེ། བཤད་པ་དགར་ཞིང་མི་མཐུན་པའི་འཛབ་དགུ་པའི་སྔགས་སོ། །ཚོགས་པའི་སྒྲས་ཁྲོལ་བུ་ཉིད་དེ་ལྔ་ཚང་བ་རིགས་བརྒྱའི་སྔགས་ཀྱིས་སྤྱད་པའོ། །རྟགས་དྲུག་ཐོན་ནས་དངོས་གྲུབ་བླང་བ་བསྟན་པའི་ཕྱིར། འཐུངས་ན་ངན་སོང་སྒྲིབ་པ་འབྱང་ཞེས་པ། དང་པོ་ཆ་གསུམ་དུ་བགོས་ལ་ཆ་གཅིག་དུས་གསུམ་དུ་སངས་རྒྱས་ལ་མཆོད། སུམ་ཆ་བླ་མ་ལ་འབུལ། སུམ་ཆ་འཐུང་ན་སྒྲིབ་པ་འདྲལ་བའོ། །རྟག་ཏུ་བསྟེན་ཅེས་པ་དེ་ཁ་ཟས་སུ་བསྟེན་ན་ཚེའི་རིག་འཛིན་དམ་པ་འགྲུབ་པའོ། །ལུས་ཀྱི་ནང་རྣམས་ཐམས་ཅད་འབྱང་། །ཞེས་པ་ནས་བཞིན་དུ་འགྲུབ་ཞེས་པ་བདུད་རྩིར་གྱུར་པའི་ཕྱིར་དང་རྟག་ཏུ་གཉིས་མེད་དུ་བསྒོམ་ཞིང་མཆོད་པའི་ཕྱིར་དང་། ལས་སུ་རུང་ཞིང་སེམས་ལ་དབང་ཐོབ་པའི་ཕྱིར་རོ། །གདམ་པ་ནི། སངས་རྒྱས་ཞེས་པ་ཐུན་མོང་མ་ཡིན་པའི་དངོས་གྲུབ་གོ་སླའོ། །ལེའུ་བཅུ་བདུན་པའི་སྤྱན་རྣམ་པར་འགྲེལ་པའོ།། །།ཡན་ལག་དཀྱིལ་འཁོར་བསྟན་པའི་ཕྱིར། ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པ་བརྩམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ལས་ཞེས་པ་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ་ཞེས་པ། དེ་ཉིད་དང་དེ་ཉིད་དུ་སྦྱར་ཏོ། །དེའང་རྒྱུད་སྟོན་པ་ཐུན་མོང་པའི་གཞི་ལས་གསུངས་པའང་ལམ་པའི་ཆེད་དུ་ལྷག་པའི་དཀྱིལ་འཁོར་གཉིས་ཀྱི་དངོས་པོ་ཉེ་བར་བསྟན་པ་རང་བཞིན་མངོན་དུ་བྱེད་པའོ། །དེས་ན་གསུམ་ཐུན་མོང་དུ་སྟོན་ཏེ་སྐབས་འགྱུར་བའོ། །ནང་དང་གསང་བའི་གནས་བསྟན་པའི་ཕྱིར། ཨེ་མ་ཧོ་ཡེ་ནས་རྣམ་པར་དག་པའི། །ཞེས་པ་ནས་གསུངས་ཞེས་པ། རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ཡེ་ཡིན་པ་ལ་ངམ་པའོ། །དེ་ནི་མཐའ་ལས་གྲོལ་བའི་ཕྱིར། །དཀྱིལ་འཁོར་སྙིང་པོ་གསེར་སྒྲོམ་ཐབས་ཤེས་རབ་དབྱེར་མེད་པས། ཉི་ཟླ་ཁ་སྤྲོད་དུ་ཤར་བའི་ནང་བཞི་བརྒྱ་རྩ་ཉིད་དཀྱིལ་འཁོར་རོ། །ཅིག་ཤོས་ལྟར་ཡབ་ཡུམ་གྱི་ཉི་ཟླ་བཅུ་གཉིས་བཅུ་དྲུག་ལ་དུས་གཅིག་ཤེར་བ་ནི། ཡེ་ཤེས་དྲུག་པའི་བདག་ཉིད་པས་གནས་ཀྱི་དམ་པར་བཀའ་གསལ་བ་སྟེ། རང་བཞིན་ཐབས་ཀྱི་དོན་ཏོ། །གསུམ་ཐུན་མོང་དུ་དབྱིབས་དང་དོན་བསྟན་པའི་ཕྱིར། ཆོས་རྣམས་ཐམས་ཅད་གཉིས་མིན་པའི། །དབྱིངས་སུ་ཐིམ་པའི་འོད་ཟེར་གསལ། །གཅིག་དང་ཞེས་པ་དག །རྟགས་ཀྱི་རྟོགས་པར་བྱ་བའང་ཡིན་ཏེ། དངོས་པོ་གཉིས་པ་རིལ་ངོ་བོས་རང་རིག་པར་བྱེ་བྲག་མེད་པར་རང་གསལ་བ་ནི། འདྲ་བའི་གཅིག་པ་ཙམ་མ་ཡིན་ཏེ། མཚན་ཉིད་གཅིག་པའོ། །དེའི་ངོ་བོ་ནི་སྡུད་པའི་སྒྲས་བྱེ་བྲག་དུ་མར་ཡང་མ་འདྲེས་ལ། ངོ་བོ་དང་མཚན་ཉིད་ཀྱི་སྤྲོས་པ་དང་ཡུལ་ཤེས་ཀྱི་སྤྲོས་པ་དང་། རྒྱུ་འབྲས་ཀྱི་སྤྲོས་པ་བྲལ་བས་མཐའ་གཉིས་གམ་སྤངས་བྲལ་བ་ནི་ལྟེ་བའི་དོན་ཏོ། །འཁོར་ལོ་བསྟན་པའི་ཕྱིར། ཡེ་ནས་མྱ་ངན་འདས་པའི་ཆོས། །ཞེས་པ་ནས། ཡོང་གིས་བསྐོར། ཞེས་པ། རང་བཞིན་གྱི་གཏན་ཚིགས་ཀྱིས་སངས་རྒྱས་པའི་ཆོས་རང་འབྱུང་བའི་ཡེ་ཤེས་ནི་རྒྱུ་འབྲས་ཀྱི་ཆོས་ཀུན་གྱི་བདག་ཉིད་པའི་ཕྱིར་བཞིར་རང་སྣང་བའི་འོག་རྩིབས་ཆེན་བཞིའི་འཁོར་ལོ་རང་སྣང་བའོ། །ཐུགས་རྗེ་བྱིན་རླབས་སྤྲོས་པ་ཡིས་ཞེས་པ་ནས། སྤྲོ་ཞེས་པ། དྲུག་པའི་ཡེ་ཤེས་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་བཞི་དང་རེ་རེའང་བཞི་བཞིར་གསལ་བས་རྒྱས་པའི་དབང་རྩིབས་བཞི་ཕོ་བྲང་ལྔར་སྣང་བའོ། །འབྲིང་བསྡུས་རྩ་བ་བཞིའི་ཕྱིར་གློ་བུར་དུ་སྣང་བའོ། །འོན་ཀྱང་སྣང་བས་ཕྱེའི་བདེན་པ་རེས་འཇོག་ཏུ་ཐལ་བ་ནི་མེད་དེ་དེ་ཉིད་དེ་རང་སྣང་བའི་ཕྱིར་འཆད་པའི་དོན་ཏོ། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས་ཞེས་པ་ནས་ཐབས་ཐབས་ལས་བྱུང་ཞེས་པ། ལྔའི་ཕྱིར་པ་ན་ཙ་རང་གིའ་རྩིག་པར་རང་སྣང་བ་དང་། མི་ཟད་རྒྱན་གྱི་འཁོར་ལོའི་ཡོན་ཏན་རང་སྣང་བ་ནི་ལོགས་ལ་དབྱིབས་དང་ཁ་དོག་མང་བའི་རི་མོ་དང་རྒྱན་དུ་བྱུང་བའོ། །དབྱིབས་བསྟན་པའི་ཕྱིར། བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི། །ཐུགས་རྗེ་རྒྱས་པའི་ཞེས་པ། སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མཐའ་དབུས་བྲལ་བས་མ་ཁྱབ་པ་མེད་པའི་ཕྱིར་དབྱིབས་གྱུར་པའི་དོན་ཏོ། །ཁྱོད་ནི་ཚད་དང་བྲལ་བའི་ཕྱིར། །མཐའ་དབུས་མེད་པར་ཁྱབ་པར་གནས། །ཞེས་པའི་དོན་ཏོ། །སྒོ་བསྟན་པའི་ཕྱིར་སྟོང་སྨོན་མཚན་མེད་འོད་གསལ་འཇུག་ཞེས་པ་དག །རྣལ་འབྱོར་གསུམ་ཀར་ཡང་སྦྱར་ཏེ། བཤད་པ་དང་དང་པོ་ཡུལ་དུས་ལེའུ་ལས་འཆད་པར་འགྱུར་རོ། །གཞན་དུ་གསང་བའི་དགའ་བ་བཞིའི་རིམ་པས་ཡེ་ཤེས་ཆེན་པོའི་གཞལ་ཡས་སུ་འཇུག་པའོ། །དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། ཞེས་པ་རྟ་བབས་འཆད་དེ། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། ཐེག་པ་བརྒྱད་ཀྱིས་ངེས་འབྱུང་བའང་། རྒྱུ་འབྲས་ཆའི་ས་ཕྱི་ནང་གི་ཐིམ་སྐས་བརྒྱད་དུ་རྣམ་པར་སྣང་། དེ་དེ་གྲུབ་པའི་མཐའ་རྫོགས་པའི། །ཡོན་ཏན་བརྒྱད་ཕྱིར་རྟ་རྐང་དང་། །ཆུ་སྐྱེས་སྒྲོམ་དང་ཟ་ར་ཚགས། །སྣ་འབྱོང་ཆུ་འཕྱང་ཤར་བུ་དང་། །ཁྱུང་མགོ་མཛེས་པས་རིམ་པར་འཁྲིགས། །ཞེས་གསུངས་སོ། །གདན་བསྟན་པའི་ཕྱིར་རང་བཞིན་ཡེ་ནས་འོད་གསལ་ཞིང་། ཞེས་པ་ལ་སོགས་པ་གོ་སླའོ། །རིན་པོ་ཆེ་འབར་བ་ནི་གདུང་སྟེང་ན་བཏགས་པ་སྟེ། གདུང་ལ་མཛེ་དང་མིགས་བདུན་བདུན་ནོ། །ཡེ་ནས་མཉམ་ཉིད་མི་འདིའི་ཕྱིར། །ཏ་ལའི་འཇོན་ཤིང་རང་བཞིན་གནས་ཞེས་པ། བདེན་པ་གསུམ་པའི་ངང་ལ་དུས་གསུམ་དུ་སྐྱེ་བ་མེད་པའི་ཕྱིར་ཏ་ལ་ཟུང་བཞིས། བརྒྱན་པའོ། །དཔག་བསམ་ཤིང་། གོ་སླའོ། །ཡིད་བཞིན་རིན་ཆེན་རྒྱན་གྱིས་སྐོར་ཞེས་པ། །རེ་བ་སྐོང་ཕྱིར་རིན་པོ་ཆེ་ཕུང་པོ་བརྒྱད་ཀྱིས་སྐོར་བ་སྟེ། ལོགས་ཀྱི་རྒྱན་ཡང་མི་འདོད་པ་མ་ཡིན་ནོ། །ཐམས་ཅད་ལ་ནི་དབང་སྒྱུར་ཕྱིར་འཇིག་རྟེན། །ཞེས་པ། འཁོར་བའི་ཆོས་རྣམས་ཀྱང་བདག་ཉིད་དུ་རང་སྣང་བའི་ཕྱིར་ཕྱི་རོལ་དུ་མ་ཧཱ་དེ་བ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱིས་བསྐོར་ཏེ་རང་རང་གི་མཆོད་ཡོན་དང་རྒྱན་དང་ལྡན་པར་འཁོད་པའོ། །དེ་བས་ན་རང་བཞིན་ཀྱང་འདི་ལྟར་བཞུགས་པ་བྲི་བའང་འདི་ཁོ་ན་ལྟར་བྲིའོ། །སྒོམ་པའང་དེ་བཞིན་སྟེ་ལྷག་པ་གཉིས་ཐུན་མོང་བའོ། །གསང་བ་དེ་ཉིད་ངེས་པ་ལས་ཞེས་པ་ནས་མཆོག་ཅེས་པ། རྒྱུད་འདིའི་དཀྱིལ་འཁོར་ལྷག་པ་གཉིས་བྱས་པས། སྤྱོད་ཡུལ་ཡོངས་སུ་དག་པ་ཡིན་ནོ། །འདི་ནི་རང་བཞིན་དཀྱིལ་འཁོར་དང་ཞེས་པ་ལ་སོགས་པ་རྣམ་གྲངས་འཆད་པ་དེ། རང་བཞིན་གཉིས་ཀྱིས་བྱེ་བྲག་ཅིག་ཤོས་ལས་ཕྱེ་བ་ལྔ་སྟེ་ལྷག་པ་སྦྱར་ཏོ། །ལྷག་པ་གཉིས་ལ་ལྔ་ལྔ་སྟེ་ཞི་ཁྲོ་ལ་གསུམ་ལས་ལ་བཞི་བཞི། བསྒྲུབ་པ་ལྔ་ལྔའོ། །བྱང་ཆུབ་སེམས་ལ་གསུམ། ཚོགས་ལ་གཉིས་ལས་ཕྱེ་བ་གསུམ་གསུམ་མོ། །ཤིན་ཏུ་གང་བའི་དཀྱིལ་འཁོར་བསྡུས་ནས་ཞེས་པ། རྒྱུད་འདི་ལ་སྐབས་ཀྱི་དཀྱིལ་འཁོར་བཅུ་གཉིས་སུའང་འཆད་ན་ཆ་རྐྱེན་ངེས་པ་བདུན་བསྡུས་པའོ། །ལེའུ་བཅོ་བརྒྱད་པའི་སྤྱན་རྣམ་པར་འགྲེལ་པའོ།། །།ཁྲོ་བོ་ལྷག་པའི་ཏིང་ངེ་འཛིན་ཐུགས་ཀྱི་དཀྱིལ་འཁོར་སྤྲོས་བཅས་རྣལ་འབྱོར་གྱི་དབང་དུ་བསྟན་པའི་ཕྱིར། ལེའུ་བཅུ་དགུ་པའི་རྣམ་པར་བཤད་པ་བརྩམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོ་ཆེན་པོའི་བྱིན་གྱིས་རླབས་ཕྱག་རྒྱ་འབྱུང་བ། ཞེས་པ་ནས་འདི་བརྗོད་དོ། །ཞེས་པ། སྐབས་འདིར་བདག་པོ་ཉིད་ཁྲོ་བོར་སྣང་བའི་བྱིན་རླབས་གདུལ་བྱ་ལ་ཕྱག་རྒྱ་བཞི་ལས་ཀྱང་བཅའ་བ་དང་འཛིན་པ་སྣང་བར་བྱེད་པའི་དགོངས་པ་ལ་ཞུགས་པ་ལྟར་སྣང་བའོ། །མཐོང་ལམ་པའི་ཕྱག་རྒྱ་བསྟན་པའི་ཕྱིར། དབང་པོ་ཡུལ་དུས་རིག་པའི་རྣམས་ཞེས་པ་ནས། བདེ་བ་ཆེན་པོའི་རྒྱ་ཞེས་པ་དབང་པོ་ལྔ་དང་ཡུལ་ལྔ་དང་དུས་བཞི་དང་ཤེས་པ་བརྒྱད་ཀྱི་ངོ་བོ་རིག་པ་གཅིག་དང་དུ་མ་ལས་གྲོལ་བའི་ཕྱིར་ལྷ་ཡབ་ཡུམ་གཉིས་སུ་མེད་པ་ཡེ་ནས་ཡིན་པའི་དོན་ཡོད་པ་དང་། དེ་ཉིད་བདེན་པ་གསུམ་པའི་དོན་སྤྱོད་ཡུལ་མེད་པར་ཐག་ཆོད་དེ་གསལ་ན། སྣོད་བཅུད་གཉིས་པའི་ཆོས་རིལ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་དགྱེས་པ་ཆེན་པོའི་ཕྱག་རྒྱར་གསལ་བའོ། །དེ་དག་ངོ་བོ་དང་སྤྱོད་ཡུལ་གྱིས་རང་བཞིན་དང་ལྟ་བའི་ཕྱག་རྒྱའོ། །སྤྲོས་བཅས་ཐོབས་པའི་ཡུལ་ཏིང་ངེ་འཛིན་གྱིས་ཚད་བསྟན་པའི་ཕྱིར། བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ་ཞེས་པ་ནས་དེ་སྐད་གསུངས་ཞེས་པ། འཆད་པ་ལྟར་ཡན་ལག་ལྔ་ལ་དཀྱིལ་འཁོར་གདན་དང་ལྡན་པར་བསྐྱེད་དེ། རིགས་ལྔ་ཡབ་ཡུམ་བཅུ་གཙོ་བོར་བསྒྱུར་ཏེ་ཡན་ལག་ལྔ་ལ་བཀོད་པའི་ཏིང་ངེ་འཛིན་གསལ་ཞིང་འོད་ཟེར་འཕྲོ་འདུ་བསྒོམ་པ་རྟོགས་པས་བརྟན་པ་རིལ་ལྷའི་ཕྱག་རྒྱར་མ་གྱུར་པ་མེད་པའོ། །ཞེས་སྟོན་པས་བཀའ་གསལ་ཏོ། །ལས་བཞིའི་ཕྱག་རྒྱ་བསྟན་པའི་ཕྱིར། ཡན་ལག་སྙིང་པོ་རྩེ་གཅིག་དང་། །རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ། །ལས་རྣམས་སོ་སོར་ཞེས་པ། བསམ་པ་དང་བཅས་པ་དམ་ཚིག་གི་མ་ཡིན་ཏེ་ལས་ཀྱི་ཕྱག་རྒྱ་འདི་མགོ་བོ་རྡོ་རྗེ་རྩེ་གཅིག་པར་བསམ་པ་དང་། བཅས་པ་དང་། གཞན་སོར་མོ་གཡས་གཡོན་དབྲི་སྣན་གྱིས་རྩེ་ལྔ་པ་དང་། དགུ་པ་དང་བཅུ་གཅིག་པ་ནི། ཞི་རྒྱས་དབང་དྲག་གི་རིམ་པ་བཞིན་ནོ། །སྤྲོས་བཅས་ཤིན་ཏུའང་བརྟན་པའི་ཕྱག་རྒྱས། འགྲོ་དོན་བྱེད་པའི་ཚུལ་བསྟན་པའི་ཕྱིར། ཐབས་དང་ཤེས་རབ་ལྡན་པའི་ཞབས། །རྟག་ཏུ་རྡོ་རྗེ་ཞེས་པ་ནས། །བྱང་ཆུབ་ཤིང་དྲུང་སྐྱེ་བར་འགྱུར་ཞེས་པ། ཚོགས་ལ་སྤྱོད་པའི་ཡབ་ཡུམ་གྱི་ཞབས་གཡས་གཡོན་ཉིད་ཀྱང་ཐབས་ཤེས་རབ་བོ། །དེ་འགྲོ་བའི་ཚེ་ནའང་སོར་མོ་ཡིས་རྡོ་རྗེ་རྩེ་ལྔ་བའི་ངོ་བོ་ཉིད་འོད་འབར་བའོ། །དེ་གོམས་ཐབས་རེ་བསྐྱོད་པའི་ཚེ་བག་ཆགས་མི་སོགས་པའི་རྟགས་པདྨའི་རྗེས་འབྱུང་ངོ་། །རྐང་པ་རྡོ་རྗེ་དང་ས་གཞི་པདྨ་འབྱོར་བའི་བར་ཅི་སོང་བའི་འགྲོ་བ་རིལ་ཡང་བསྒྲལ་ཏེ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་གོ་འཕང་འཐོབ་པར་འགྱུར་བའོ། །བཤད་པའི་ཕྱོགས་གཞན་དུ། ཐབས་དང་ཤེས་རབ་ཀྱི་ཞབས་སྦྱོར་བས་གསང་བའི་ཡེ་ཤེས་རྡོ་རྗེ་གསལ་བར་འཆར་བའང་། སྦྱོར་བ་བསྐྱེད་པའི་ཐབས་ཀྱིས་ཟིན་ན་འདོད་ཆགས་ཀྱིས་སེགས་པའི། ཡེ་ཤེས་པདྨ་ལྟ་བུའི་ཐེགས་བྱུང་སྟེ། ཐབས་དང་ལྡན་ན་བདག་གཞན་རིལ་གྲོལ་ཐར་བར་བྱེད་དོ། །སྤྱིའི་ཕྱག་རྒྱ་ཡན་ལག་ལྔ་ལ་ལྷ་བཀོད་པས་དོན་བྱེད་ཚུལ་ཡོན་ཏན་དང་བཅས་པར་བསྟན་པའི་ཕྱིར། རང་བཞིན་དཀྱིལ་འཁོར་ལྷ་རྣམས་ཀྱང་། ཁྲོ་བོའི་དཀྱིལ་འཁོར་བསྒོམ་སྟེ་ཞེས་པ་ནས། ཐམས་ཅད་དམན་ཞེས་པ། བདག་ཉིད་ལ་རང་བཞིན་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་ལྷ་རྣམས་ངོ་བོ་མཐའ་ལས་འདས་པས་གང་དུའང་སྣང་བ་དེ་འདིར་ཁྲོ་བོར་བསྒོམ་སྟེ་འབྲས་བུ་མཐར་ཕྱིན་པའང་དེ་བཞིན་བསྒྱུར་ཏེ་དྲང་བསྟིམ་བརྟན་པ་བྱའོ། །དེ་ལ་ཡན་ལག་ལྔ་དབུ་ལ་རྒྱལ་བ་རིགས། ལག་པ་གཡས་པ་རྡོ་རྗེ་རིགས། །གཡོན་རིན་ཆེན་རིགས། རྐང་པ་གཡས་ལས། གཡོན་ཆོས་ཀྱི་དཀྱིལ་འཁོར་དུ་བསམ་པའི། རྒྱལ་བའི་དཀྱིལ་འཁོར་བསྐུལ་བསྐྱོད་ན། །སངས་རྒྱས་ཀྱི་ཞིང་ཁམས་གཡོས་ཏེ་འགྲོ་དོན་མཛད་པར་འགྱུར་རོ། །རྡོ་རྗེ་དང་རིན་པོ་ཆེ་དཀྱིལ་འཁོར་གར་ཐབས་བསྐྱོད་ན། རིག་པ་འཛིན་པ་རྣམས་གཞན་དོན་མཛད་བདག་དུས་འཕར་བར་འགྱུར་རོ། །ལས་དང་པདྨའི་དཀྱིལ་འཁོར་བྲོ་ཐབས་མནན་ཞིང་མཆོངས་པར་བྱས་ན། དྲུག་གི་སྡུག་བསྔལ་རྒྱ་མཚོ་དང་། །བདུད་སྡེ་དང་མུ་སྟེགས་ཟིལ་གྱིས་མནན་ཏེ་ལྡང་མི་ནུས་པའོ། །མཐོན་དམན་ནི་གནས་ཀྱིས་ཕྱེ་བའི་དཀྱིལ་འཁོར་རྩལ་ཆེ་ཆུང་དུ་མི་སྦྱར་རོ། །སྤྱིའི་ལས་ནི་ཡན་ལག་ཐམས་ཅད་སྒུལ་བསིགས་ན་ཞེས་པ་ནས། ཐུགས་རྗེ་འདུལ་ཞིང་དབྱིངས་སུ་གཏིམ་ཞེས་པ་གོ་སླའོ། །ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་དང་ཞེས་པ་ནས་འདི་ནི་སྤྱི་རྒྱ་ཆེན་པོ་ཡིན་ཞེས་པ། རིལ་ཁྲོ་བོ་ཁྲོ་མོར་མ་གྱུར་པ་མེད་པས་སྤྱོད་ཡུལ་དག་པ་ནི་དེ་དག་རྡོ་རྗེ་བྲག་སྟེང་ན་མེ་དཔུང་འབར་བར་བཞུགས་པར་བསམ་མོ། །ལྷ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་གང་སྙམ་པ་ལ། སྟེང་གི་བགེགས་རྣམས་འདུལ་བའི་ཕྱིར། །རྡོ་རྗེ་འཁོར་ལོ་ཪྣྲི་མགོ་གདེངས། །ཞེས་པ་ལ་སོགས་པ། ཕྱོགས་སྐྱོང་བཅུ་འདུལ་ཆེད་དུ་ཁྲོ་བཅུའི་ཕྱག་རྒྱ་བསྟན་པ་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ། །ཀུན་ཀྱང་དང་པོ་བན་དམར་འཁྲུག །ཧཱུྃ་ཆེན་གཡས་གཉིས་རྡོ་རྗེ་སྐོར། །གཡོན་གཉིས་སྤུ་གྲི་ཐོད་པ་གདེངས། །ཀ་མ་ཀུ་ན་གཡས་གཉིས་ན། རྡོ་རྗེ་ནྲི་སྤར་འཛིན་པའོ། །གཡོན་གཉིས་མཐོང་གཤོལ་གཏུམ་ཆེན་འགྲིལ། །རྣམ་རྒྱལ་དཀར་པོ་གཡས་གཉིས་ན། །རྡོ་རྗེ་མེ་དཔུང་འབར་བ་འཛིན། །གཡོན་གཉིས་སྟིར་དབྱུག་རྒྱ་བྱིན་བསྣམས། །གཤེད་པོ་མཐིང་ནག་གཡས་གཉིས་ན།'།རིན་ཆེན་ནྲི་མགོའི་དབྱུག་པ་ཐོགས། །བ་ཚོན་གཤིན་རྗེའི་ད་རྐང་གཟུང་བའོ། །རྟ་མགྲིན་དམར་པོ་གཡས་གཉིས་ན། །སྦྲུལ་དང་སྟི་རའི་དབྱུག་པ་ཐོག །དེ་བཞིན་ཉ་དབྱུག་ཁྱུང་གཤོག་གདེང་། །བདུད་རྩི་འཁྱིལ་པ་ལྗང་ནག་ཞལ། །གཡས་གཉིས་རིན་ཆེན་དབྱུག་ཏོ་དང་། །ནྲི་མགོ་གསུམ་པའི་དབྱུག་ཏོ་འཛིན། །གཡོན་པ་གནོད་སྦྱིན་དབྱུག་ཏོ་དང་། །དེ་ཉིད་ཕྱག་ན་ཐོགས་པའོ། །ཁམས་གསུམ་རྣམ་རྒྱལ་དཀར་ལྗང་ཞལ། །གཡས་གཉིས་རྡོ་རྗེ་དྲི་ཤུལ་དང་། །གཡོན་གཉིས་ནི་མགོ་ཁ་གདེངས་དང་། །དབང་ལྡན་ཉིད་ཀྱི་རྐང་བཟུང་བའོ། །དབྱུག་པ་སྔོན་པོ་གཡས་གཉིས་ན། །རྡོ་རྗེ་དང་ནི་མེ་དཔུང་འབར། །གཡོན་གཉིས་ཞུགས་གླིང་མེ་ལྷ་ཐོགས། །མི་གཡོ་ལྗང་སྔོན་གཡས་གཉིས་ན། །རྡོ་རྗེ་སྲིན་པོའི་མགོ་ལྡན་དང་། །རལ་གྲི་འབར་བ་འཛིན་པའོ། །གཡོན་གཉིས་བན་དམར་སྲིན་པོ་ཐོགས། །དཔལ་ལྡན་དམར་སྐྱ་གཡས་པ་ན། །རླུང་ལྷའི་བ་དན་ནྲི་མགོ་གདེངས། །གཡོན་པ་རག་ཏ་རླུང་ལྷ་བསྣམས། །ཡང་ན་འོག་གི་ཁྲོ་བོ་ནི། །དུ་དཀའོ་གཡས་ན་རི་རབ་དང་། །ཐོ་བའི་གཡོན་ན་རཀྟ་དང་། །ཕག་ཆེན་ས་བདག་བསྣབས་པའོ། །ཞེས་གསུངས་སྟེ། འདི་དག་རྒྱས་པ་དང་འཚམས་ཀྱི་དུས་སུ་གཅེས་པར་བསྟན་ཏོ། །གཞན་ཡང་ཉི་ཟླའི་དཀྱིལ་འཁོར་གྱིས་ཞེས་པ་ལ་སོགས་པ། འགྲོ་བ་འདུལ་བའི་ཕྱག་རྒྱ་དབུ་ལ་ཉི་ཟླ་དང་། །ཁྲོ་བོ་གུར་གྱི་ཕྱི་རོལ་ཏུ། མེ་ཆུ་རླུང་གིས་བསྐོར་བའི་དོན་མཛད་ཚུལ་ལོ། །རྡོ་རྗེ་འཁོར་ལོ་གྲི་དབྱུག་ཏོ་བཅས་ཞེས་པ་ན། གཞན་ཡང་ཕྱག་རྒྱ་སྣ་ཚོགས་སོ་ཞེས་པ། འདི་དག་ཕྱག་མཚན་མ་ངེས་པར་འདུལ་བའི་དབང་གིས་ཐོགས་ཏེ་ཐ་མའི་ས་གསལ་ལོ། །གཞན་དག་སོ་སོར་ངོ་སྤྲད་པ་ནི་ངེས་པར་རིགས་པ་ཡིན་པའོ། །རིགས་ལྔ་ཁྲོ་བོའི་ཕྱག་རྒྱ་བསྟན་པའི་ཕྱིར། །དབུས་ཀྱི་ཧེ་རུ་ཀའི་ཕྱག་རྒྱ་ནི། ཞེས་པ་ནས། ཁྲོ་མོ་རྣམས་ཀྱང་ཁྲོ་དང་འཐུན་ཞེས་པ་དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། ཁྲོ་མཆོག་འབུ་ཏ་ཧེ་རུ་ཀ །སྨུག་ནག་གཞལ་གསུམ་ཕྱག་དྲུག་སྟེ། འཁོར་ལོ་རྡོ་རྗེ་སྟི་ར་དབྱུག་གཡས་དྲིལ་བུ་བན་དམར་འཁོར་གཡུག་གཡོན། དཔལ་ཆེན་བཛྲ་ཧེ་རུ། སྔོན་ནག་ཞལ་གསུམ་ཕྱག་དྲུག་སྟེ། །གཡས་པ་རྡོ་རྗེ་རྡོ་རྗེ་དང་། །སྟིར་དབྱུག་རབ་ཏུ་བསྣབས་པའོ། །གཡོན་པ་དྲིལ་བུ་བན་དམར་དང་། །གཤོལ་ཆེན་པོ་ཉིད་ཐོགས་པའོ། །རཏ་ན་སེར་ནག་ཞལ་གསུམ་དྲུག །གཡས་པ་རིན་ཆེན་རྡོ་རྗེ་སྟིར་དབྱུག་ནང་། །གཡོན་པ་རྒྱུ་ཞགས་དུང་དམར་དང་། །དགྲ་སྟ་རབ་ཏུ་རྡེབས་པའོ། །པདྨ་དམར་ནག་ཞལ་ཕྱག་ནི། །གསུམ་དྲུག་གཡས་པ་པདྨོ་འབར། །རྡོ་རྗེ་སྟི་ར་རྡེབས་པའོ། །གཡོན་པ་དྲིལ་བུ་རག་ཏ་དང་། །དགྲ་སྟ་རབ་ཏུ་འཕྱར་བའོ། །དཔལ་ཆེན་ཀརྨ་ཧེ་རུ་ཀ །དབུ་གསུམ་ཕྱག་དྲུག་ལྗང་ནག་ཆེ། །གཡས་པ་རྡོ་རྗེ་རྒྱ་གྲམ་དང་། །སྟིར་དབྱུག་རབ་ཏུ་རྡེབས་པའོ། །གཤོལ་ཆེན་བན་དམར་རལ་གྲི་གཡོན། །ཀུན་ཀྱང་བན་དམར་འཁྲུག་ཅིང་གསོལ། །ཡུམ་རྣམས་སྐུ་མདོག་གཙོ་བོ་བཞིན། །གཡས་འཁྱུད་གཡོན་པ་རཀྟ་སྟོབ། །ཞེས་གསུངས་སོ། །འཁོར་ཀྱི་ཁྲོ་མོ་ཕྱག་རྒྱ་བསྟན་པའི་ཕྱིར། །གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །རྒྱུད་དག་ཞན་དག་དང་མཐུན་པར་བཤད། ཞེས་པ་སྒྱུ་འཕྲུལ་མའི་རྒྱུད་དེ་ཕྱི་མ་ཡ་ཛྲ་ལ་དང་། སྒྱུ་འཕྲུལ་དབང་གི་རྒྱུད་ནས་གསལ་ལོ། །ཚིགས་ཐམས་འདི་ནི་སྟོན་པའི་བཀའ་མ་ཡིན་ཏེ། ན་པེ་ཀའོ་སྙམ་པས་རྒྱུད་ལ་ཐེ་ཚོམ་ཟ་བ་དགའ་བྱུང་སྲིད་ན་སྒྱུ་འཕྲུལ་ཉིད་ལས་ལུང་བསྟན་པའི་ཚིག་ཏུ་འགལ་བ་མེད་པས་བསལ་ཏོ། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །འཇིག་རྟེན་འདས་མདོ་ཆེ་ལས་བཤད། །ཞེས་པ་ཐེ་ཚོམ་ཟ་བ་ནི་སྔ་མའི་ཚིག་གིས་བསལ་ཏོ། དེ་དངོས་བསྟན་པ་ནི། སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཚངས་མ་དམར་སེར་པདྨ་བསྣབས། །ལྷ་ཆེན་དཀར་ལྗང་དྲི་ཤུལ་ལ། །གཏོགས་མདོ་སྔོན་མོ་འཁོར་ལོ་འཆང་། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །བརྒྱ་བྱིན་དཀར་ཨ་ནྲི་ཏྲ་གདེངས་ཞེས་པ་ལ་སོགས་པ་གསུངས་སོ། །ལེའུ་བཅུ་དགུ་པའི་སྤྱན་རྣམ་པར་འགྲེལ་པའོ།། །།ཐུན་མོང་སྒྲུབ་པ་བསྟན་པའི་ཕྱིར། །ལེའུ་ཉི་ཤུ་པའི་རྣམ་པར་བཤད་པ་རྩམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོའི་རྒྱལ་པོ་དཔལ་ཤྲི་ཧེ་རུ་ཀས། ཡུམ་ཀྲོ་ཏི་ཤྭ་རི་དང་གཉིས་སུ་མེད་པའི་འདུ་བ་མཛད་ནས། ཞེས་པ་ནས་སྤྲོས་ནས་ཞེས་པ། ལས་ཀྱི་ཁྲོ་བོ་ཐར་པ་ནག་པོ་གོལ་བ་དེ་གདུལ་བའི་ཆེད་དུ། དཔལ་ཧེ་རུ་ཀས་ཡུམ་དང་ཐབས་ཤེས་རབ་ཀྱི་རོལ་བ་མཛད་པའི་བྱང་ཆུབ་སེམས་ལས། རུ་ཏྲའི་སྣང་བ་ལ་ཁྲོ་བོ་སྤྲུལ་པའི་དཀྱིལ་འཁོར་སྔས་སུ་བྱུང་བས། འཇིག་རྟེན་ཁམས་ཤིག་ཤིག་ཏོར་ཏོར་ལ་སོགས་པར་གྱུར་པ་ནི་བརྙེན་པོ་སྟེ་རྩ་བའི་རྒྱུད་ལེའུ་བཅོ་ལྔ་པར་སྦྱར་ཏོ། །དེའང་སྤྲུལ་པ་འབྱུང་བའི་གཞི་དང་རྒྱུ་དང་ངོ་བོ་དང་མཛད་པར་འགྲེལ་ཏེ། མཛད་པ་ནི་བསྒྲལ་བ་དང་དབང་དུ་བྱེད་པ་ལས། དབང་དུ་བསྡུ་བ་བསྟན་པའི་ཕྱིར། །འཇིག་དབང་མེད་དང་བདག་པོ་དང་ཞེས་པ་ལ་སོགས་པ། དབང་དུ་བསྡུ་བྱ་སྟེ་གོ་སླའོ། །ལས་ལ་བཙུད་པ་བསྟན་པའི་ཕྱིར། །ད་ལྟར་དང་ཕྱི་མའི་དུས་སུ། །ལ་ལ་ནི་ཚེ་འཕེལ་བའི་ལས་སུ་བསྐོས་ཞེས་པ་ལ་སོགས་པ། འདི་དང་ཕྱི་མ་དག་ཏུ་བསྒྲུབ་པ་པོ་རྣམས་ལ་ཕན་བདག་ཤིང་བཀའ་སྲུང་བའི་ཆེད་དུ་སྒོ་སྒོའི་ལས་མི་མཐུན་པས་བཀར་ཏེ་རྒྱས་པའི་ལས་གཉིས་དང་། རྫུ་འཕྲུལ་ཀྱི་ལས་གསུམ་བྱེད་པ་དང་། དབང་གི་ལས་དང་མངོན་སྤྱོད་གཉིས་དང་། སྤྱིར་ཅི་བསམ་པ་འགྲུབ་པར་བྱེད་པའི་ལས་སུ་སོ་སོར་ལས་ཀྱི་དབང་ཕྱིན་དམ་ཚིག་ཕོག་མ་ནས་བསྒྲགས་པས། ད་ལྟར་བསྒྲུབ་པ་པོས་གནད་ཐོབ་ཅིང་དམ་ལ་གནས་ན་ཅི་བསམ་པ་འགྲུབ་པའི་ཕྱིར་སེར་སྣ་སྤངས་ཏེ་བརྩོན་པར་བྱའོ། །བྱེད་པའི་སྒྲ་ནི་དེ་ལྟར་དམ་ལ་ཐོགས་པས་མི་འདའ་མི་བསླུ་བའི་ཕྱིར་བསྒྲུབ་ཐབས་འདི་གསུངས་པའོ། །དེ་ནས་ལྷ་ཆེན་པོ་མ་ཧ་དེ་བ་བསྒྲུབ་པའི་ཐབས་བསྟན་པའི་ཕྱིར། མཉམ་ཉིད་རིག་པའི་རྡོ་རྗེ་ཡིས། །འཇིག་རྟེན་གཙོ་མཆོག་དབང་བསྡུས་ནས་ཞེས་པ་དག །སྔོན་འབྱུང་གི་ལས་འཆད་དེ་སྟོན་པས་ལས་ཀྱི་ཁྲོ་བོ་ཁྱུ་ཤུག་རྣམས་བཏུལ་ནས། སྲས་སུ་མཛད་དེ་ཐུགས་རྗེ་ཆེན་པོའི་སྤྲུལ་པས་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་བསྟན་ཅིང་མཛད་དོ། །དེའི་རྗེས་སུ་རྣལ་འབྱོར་པས་ལ་བླས་བུ་ཡིས་བླངས་ཏེ། བརྩམ་པ་བསྟན་པའི་ཕྱིར། ཐབས་དང་ཤེས་རབ་ལྡན་འགྱུར་བས། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ་ཞེས་པ། སྐབས་གཉིས་སུ་ཏིང་ངེ་འཛིན་དང་པོ་གཉིས་དང་ཕྱག་རྒྱ་གཅིག་པ་ཐོབ་བསྟན་པ་དང་། སྒོམ་ལས་ཐ་མ་ཐོབ་པས། ཡོ་བྱད་མཆོག་དང་ལྡན་པ་དེས་བསྒྲུབས་ན་གང་བསམ་པ་འགྲུབ་སྟེ་སེམས་ལས་སུ་རུང་བའི་ཕྱིར་རོ། །འདིར་ནི་རང་འབྱུང་ལྷ་ཡི་ལྷ། །བྱམས་དང་སྙིང་རྗེ་ལྡན་པར་རོལ་ཞེས་པ། ལྷ་ཆེན་དང་བཞི་པོ་བསྒྲུབ་པའི་ཚེ་ན་ཧེ་རུ་ཀ་བསྒོམ་པའང་རང་རིག་ལྷར་རང་ཤར་བ་ནི་དྲུག་པའི་རྒྱལ་བ་དངོས་སྟེ། གསུམ་ལས་སྤགས་པའི་ཡེ་ཤེས་ཆེན་པོར་རིལ་འཕེལ་ཅིང་བསྐྱབས་པ་དང་། སྡོང་ལེན་རིམ་བྲལ་བར་རྟོགས་པས་བདག་གཞན་གྱི་དོན་གྱིས་ཤིག་པའོ། །བསམ་པ་དེས་ཅི་སྤྱད་པ་རྣམ་སྨིན་མི་སོགས་པའི་ཕྱིར། ཐུགས་རྗེ་ཆེན་པོ། ཞེས་པ་བཞི་གསུངས་སོ། །དེའི་ཕྱིར་འཇིག་རྟེན་པ་བསྒྲུབ་པའང་མི་འགལ་ལོ། །ཐབས་མཁས་སྤྱོད་པ་མ་གཏོགས་པ་ཞེས་པ་དག །གསང་སྔགས་ཀྱི་ཡབ་བརྩིས་ཟིན་ལ་ལོག་སྤྱོད་མིང་ཡང་མེད་པའི་ཕྱིར་རོ། །མོས་སློབ་དང་མངོན་གསུམ་པའི་དབང་གིས་ལམ་དང་པོ་གཉིས་དང་བར་མའི་སྤྱོད་པ་དང་། ཅིག་ཆར་བའི་ཡོད་པ་ཐུན་མོང་དུ་བསྟན་ཏོ། །དེ་བཞིན་ཉིད་དང་དབྱེར་མེད་ཕྱིར། །ཞེས་པ་དག །བློས་དེ་ཁོ་ན་ཉིད་མངོན་དུ་བྱ་བའི་ཆེད་དུ། །དུས་ཕྱད་དེ་བཞིན་ཉིད་རིག་པ་རང་གསལ་དུ་བསྒོམ་པའོ། །སྔོན་དུ་བྱ་བའི་བསྙེན་པ་བསྟན་པའི་ཕྱིར། །དེ་ནས་བདག་ཉིད་རྒྱུད་དོན་གོང་ནས་འབྱུང་བའི་ལྷ་ཁྲོ་བོ་དང་ཞི་བ་གང་ལ་གོམས་དེ་དག །ཞེས་པ་ནས། འབུམ་གདོན་ཏོ་ཞེས་པ། ལམ་གཉིས་གང་ཡང་རུང་བ་དེ་ཁོ་ན་ཉིད་བརྟན་པ་དང་། བསྐྱེད་པའི་ལྷ་ལམ་གང་ལ་བསླབས་པ་ལས་སུ་རུང་སྟེ། ཡུལ་གྱིས་མི་འཕྲོགས་པར་འདུ་ཤེས་ཀླུངས་སུ་ཞུགས་དང་། གཟོད་ལྷ་ཆེན་འགྲུབ་པའི་ཕྱིར། སྣང་མཛད་དམ་འབུ་ཏ་ཧེ་རུ་ཀར་བསྐྱེད་དེ་བཟླས་པ་འབུམ་བྱ་བ་ནི་བྱིན་བསྐྱེད་པའི་ཕྱིར་སྔོན་དུ་བྱའོ། །དེ་ནས་མན་ངག་གི་རིམ་པར་འཇུག་སྟེ། །གནས་དབེན་པར་ཡོ་བྱད་དང་ལྷ་ཆེན་པོའི་མཐུན་པའི་ཡོ་བྱད་བཤམས་སྟེགས་བུ་བརྩིག །ལྷ་ཆེན་པོའི་གཟུགས་བཅས་ཏེ་བཞག །དེ་ནས་མཚམས་བཅས་ནས་བདག་ལྷར་བསྐྱེད་པ་བསྟན་པའི་ཕྱིར། བདག་ཉིད་སྣང་མཛད་གཞལ་ཡས་ཁང་ཞེས་པ་ནས། བཟླས་པར་བྱ་ཞེས་པ། ཞི་བས་བསྒྲུབ་ན་རྣམ་པར་སྣང་མཛད་ས་བོན་ༀ་ལས་བསྐྱེད་དེ། གཞལ་ཡས་ཁང་དང་སྐུ་མདོག་ཕྱག་མཚན་སྔོན་དུ་བསྒོམ་པ་ལྟར་བྱའོ། །དེ་ནས་ཨཱོཾ་འཛི་ན་འཛིག་ལམ་ཏེ་ཤ་ར་ཏི་ཞེས་པའམ། བཟླས་སྔགས་གསལ་བ་གསུམ་གྱི་ཏིང་ངེ་འཛིན་དང་ལྡན་པར་བསྒྲུབ་པའི་སྔོན་ནམ་དུས་སུ་གདོན། ཞེས་ཟེར་འདིར་སྣང་མཛད་དུ་གསལ་བས་བསྙེན་པ་སྔོན་དུ་ཐོངས་པས། མ་ཧཱ་དེ་བའི་སྐུ་མདོག་ཕྱག་མཚན་ནི། ལྷ་གཟུགས་མདོག་ནི་འཚེར་ལ་དཀར་ཞེས་པ་ནས། རྟག་ཏུ་འདོད་ཡོན་ལྔ་དང་ལྡན། །ཞེས་པའི་ཚིག་སྔ་མ་ལྟར་བྱས་ཏེ་སྲོག་ཤིང་འབུམ་བསྒྲུབ་པའི་ཚེ་གདོན་ནོ། །དེ་ཡང་ལྷ་ཆེན་པོ་ནི་དགུག་པའི་ཕྱིར། ཞེས་པ་ནས། ཧཱུྃ་ཧཱུྃ་ཧཱུྃ། ཞེས་གསུངས་ཏེ། དེ་བསམ་པས་རང་དབང་མེད་པར་འོང་བར་བསམ་མོ། །སྔགས་དང་ཕྱག་རྒྱས་དགུག་པ་བསྟན་པའི་ཕྱིར། མདུན་ནས་ཛ་ཧཱུྃ་བཾ་ཧོས་གྲངས། །ཞེས་པ་དག །ཕྱག་རྒྱ་བཞི་བཅས་ལ། དྲང་བའམ་བསམ་པ་འབའ་ཞིག་སྟེ་འོད་ཟེར་འཕྲོས་པ་བཞིས་བཟུང་ནས་གྲང་། ཏིང་ངེ་འཛིན་གྱིས་ལྷ་ཆེན་རྒྱབ་ནས་ཕྱག་ན་རྡོ་རྗེས་ཕུལ་ཏེ་གམ་ཇེ་ཉེ་འོངས་པ་གཟུགས་ལ་བསྟིམ་ཅིང་བྱའོ། །རྔོས་སུ་འོངས་པ་དང་། མཆོད་དམ་ཆུ་བླུད་བསྡམས་ཏེ་ལས་ལ་གཞུགས་པའི་ཕྱིར། ལྷ་ཆེན་པོ་ནི་གསལ་གྱུར་ནས། །ཞེས་པ་དག་གསུངས་སོ། །ཡོན་ཏན་ནི་ལྷ་ཆེན་འཁོར་བཅས་ཐམས་ཅད་ཀྱང་ཞེས་པ་དག་གོ་སླའོ། །ཁྲོ་བོས་བསྒྲུབ་ན་འབུ་ཏ་ཧེ་རུ་ཀ་བསྒོམས་པ་ཚད་དུ་ཕྱིན་པ་དང་། ལྷ་ཆེན་པོ་ནི་དགུག་པའི་ཕྱིར། །ལྕགས་ཀྱུ་ཞགས་པ་སྤོད་པ། ཞེས་པ་ལ་སོགས་པ། དགོས་ཆེད་དང་དགུག་པའི་ཐབས་དང་ཏིང་ངེ་འཛིན་དང་སྲོག་སྙིང་རྔོས་སོ། །མ་ཧཱ་དེའི་སྐུ་མདོག་ཕྱག་མཚན་བསྟན་པའི་ཕྱིར། ལྷ་ཆེན་གཟུགས་མདོག་ནི་འཚེར་ལ་དཀར་ཞེས་པ་ནས། རྟག་ཏུ་འདོད་ཡོན་ལྔ་དང་ལྡན། །ཞེས་པ་གོ་སླ་སྟེ་དེ་འདྲ་བ་ཅིག་གསལ་བར་བྱས་ལ་དགུག་པའི་ཕྱིར་རོ། །ལས་གཞན་དག་རྗེས་སུ་མཐུན་པར་སྦྱར་ཏོ། །རྒྱལ་པོ་བཞི་བསྒྲུབ་པ་བསྟན་པའི་ཕྱིར། དེ་ནས་རྒྱལ་པོ་བདེ་བཞི་བསྒྲུབ་པའི་ཐབས་འདི་གསུངས་སོ། །ཞེས་པ་སྡུད་པོའི་ཚིག་སྟེ་ལྷ་ཆེན་པོའི་དེ་མ་ཐག་པར་རོ། །རྒྱལ་པོར་སྒྲུབ་པར་སྤྱིའི་ཐབས་བསྟན་པའི་ཕྱིར་བྱང་ཆུབ་སེམས་མཆོག་ཏིང་འཛིན་གྱིས། ཕྱོགས་བཞི་མ་ལུས་ཐམས་ཅད་ཀུན། །ཞེས་པ་ནས། ཡང་དག་དོན་དུ་ལྡན་པར་བསྒོམ་ཞེས་པ། སྒྲུབ་པ་པོ་ནི་བདེན་པ་རྣམ་གཉིས་དབྱེར་མེད་པའི་ཏིང་ངེ་འཛིན་བརྟན་པས་བྱའོ། །རྒྱལ་པོ་བཞི་ཕྱོགས་བཞིན་གནས་པ་དེ། རིགས་སྔགས་འཆང་བ་རྣམས་དོན་གཉིས་གྲུབ་པར་བྱ་བའི་ཕྱིར། བཞི་འཁོར་བཅས་དབང་དུ་བསྡུའོ། །དེ་སྔོན་དུ་བྱ་བ་ནི། བཛྲ་ཧེ་རུ་ཀ་དང་། རཏྣ་ཧེ་རུ་ཀ་དང་། པདྨ་ཧེ་རུ་ཀ་དང་། ཀརྨ་ཧེ་རུ་ཀ་ཕྱོགས་བཞི་དང་མཐུན་པར་བསྒོམས། ལྷ་ཆེན་པོའི་སྐབས་དང་མཐུན་པར་ལྷའི་བཟླས་པ་འབུམ་གདོན། མདོར་ལྷ་དང་རང་རིག་རང་གསལ་དུ་གོམས་པར་བྱས་པས་བྱིན་རྙེད་པ་དང་གཟོད་གང་རུང་སྒྲུབ་པའོ། །རྒྱས་པར་སོ་སོ་ནས་བསྙེན་པའི་རྗེས་སུ་བསྒྲུབ་ཐབས་བསྟན་པའི་ཕྱིར། དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་། །ཞེས་པ་ལ་སོགས་པ། སྙིང་རྗེ་ལས་མཚན་བཏགས་པ་དང་། །སྐུ་མདོག་དང་ལོངས་སྤྱོད་ན་མ་རེ་ལ་མི་མཐུན་པ་བརྒྱ་བརྒྱ་སྟེར་བ་དང་། ཕྱག་མཚན་སྲོག་གི་སྙིང་པོ་ངོ་བོ་དང་གྲངས་ཚད་དང་། དེའི་ཚེ་ལྷ་བསྒོམ་པ་དང་། དགུག་པའི་ཏིང་ངེ་འཛིན་དང་དབང་དུ་བྱས་ཏེ་ལས་བཅོལ་བ་དང་བསྒྲུབ་པའི་ཕན་ཡོན་དུ་འགྲེལ་ཏེ་གོ་རིམས་བཤད་པའི་རྗེས་སུ་ཀུན་སྦྱར་ཏོ། །ལྷོའི་འཕགས་སྐྱེས་པོ་བསྒྲུབ་པ་བསྟན་པའི་ཕྱིར། །རྒྱལ་པོ་འཕགས་སྐྱེས་སྒྲུབ་པ་ནི། བདག་ཉིད་ཞེས་པ་ལྷ་གང་སྒོམ་པ་སྟེ་རད་ན་ཧེ་རུ་ཀ་རྩ་བའི་རྒྱུད་ལྷར་སེར་ནག་ཏུ་བསྒོམ་པའོ། །ཕྱག་རྒྱ་རྣམས་ཀྱང་དེ་བཞིན་ཏེ་ཞེས་པ་ལ་སོགས་པ། ཕྱག་རྒྱ་བཞིས་དགུག་ཐབས་སྔ་མ་ལྟར་འོད་ཟེར་གྱིས་བྱ་བ་དང་། སྲོག་སྙིང་བཟླས་པའི་ཚད་དང་ཏིང་ངེ་འཛིན་དང་། ལྷ་གསལ་བས་དགུག་པའི་ཏིང་ངེ་འཛིན་དང་། འོངས་ནས་བསྡམས་མཆོད་ཕོག་སྟེ་ལས་བཅོལ་བ་དང་། དབང་དུ་བྱ་ཐབས་དང་། ཕན་ཡོན་དུ་འགྲེལ་ཏོ། །ནུབ་ཀྱི་རྒྱལ་པོ་སྒྲུབས་ཐབས་བསྟན་པའི་ཕྱིར། རྒྱལ་པོ་མིག་ངན་བསྒྲུབ་པ་ནི། །ཞེས་པ་ནས་གསལ་འགྱུར། ཞེས་པ། པདྨ་ཧེ་རུ་ཀ་རྩ་བའི་རྒྱུད་ལྟར་དམར་ནག་ཏུ་བསྒོམས་ཏེ་བསྙེན་པ་ཚད་དུ་བྱས་ཏིང་ངེ་འཛིན་ལ་དབང་ཐོབ་པ་དང་བསྒྲུབ་པ་བརྩམས་ཏེ་སྔོན་དུ་བྱ་བའི་ལས་བསྟན་པའོ། །རྒྱལ་པོ་དེའི་གཟུགས་མདོག་ནི། ཞེས་པ་ལ་སོགས་པ། རྒྱལ་པོའི་ཆ་ལུགས་དང་དགོས་ཆེད་དང་ཆས་པས་བཟླས་པའི་སྲོག་སྙིང་གི་གྲངས་དང་། དགུག་པའི་ཏིང་ངེ་འཛིན་དང་། གྲུབ་ནས་སྔ་མ་ལྟར་བརྩམ་པ་དང་། ཕན་ཡོན་ནོ། །བྱང་གི་རྒྱལ་པོ་བསྒྲུབ་པའི་ཕྱིར། རྒྱལ་པོ་རྣམ་ཐོས་སྒྲུབ་པ་ནི། བདག་ཉིད་ཁྲོ་བོ་བདུད་རྩི་འཁྱིལ་ཞེས་པ་ལ་སོགས་པ། འདིར་ཀརྨ་ཧེ་རུ་ཀའམ་བདུད་རྩི་འཁྱིལ་བར་བསྒོམ་སྟེ་སྔོན་དུ་བསྙེན་པ་བྱས་པ་ལ་སོགས་པ་རྗེས་སུ་མཐུན་པར་འགྲེལ་པའོ། །རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་བཀོད་ཅིང་བསྒྲུབ་པ་ཞེས་པ། སྤྱི་སྡོམ་དཀྱིལ་འཁོར་གཟུགས་བརྙན་དབུས་སུ་ལྷ་ཆེན་པོ་དགོད། ཕྱོགས་བཞིར་རྒྱལ་པོ་འཁོར་བཅས་དགོད། ལྷ་དུས་གཅིག་ཏུ་གསལ་བས་བསྙེན་པ་དྲིལ་ཚད་དུ་བྱ། སྲོག་སྙིང་སྦྲེལ་ལོ་ཞེས་ཟེར། དགོས་པ་གཅིག་གིས་རྫོགས་པའི་ཕྱིར། རང་གི་གཙོ་བོ་ལ་འཁོར་གྱིས་མིང་ཐོབ་པར་འགྱུར་བར་འདོད་དོ། །ལེའུ་ཉི་ཤུ་པའི་སྤྱན་རྣམ་པར་འགྲེལ་བའོ།། །།ལྷག་པ་གཟུགས་བརྙན་བསོད་ནམས་རྟེན་གྱི་དཀྱིལ་འཁོར་བསྟན་པའི་ཕྱིར། ལེའུ་ཉེར་གཅིག་པའི་རྣམ་པར་བཤད་པ་བརྩམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ཞེས་པ་ལ་སོགས་པ་འདི་གསུངས་སོ། །ཞེས་པར་སྦྱང་སྟེ། གང་ཞེ་ན་ལྷག་པ་གཟུགས་བརྙན་བསོད་ནམས་རྟེན་གྱི་དཀྱིལ་འཁོར་གྱིས་དངོས་གྲུབ་རྣམ་གསུམ་བླང་བའི་ཐབས་བཀའ་སྩལ་པའོ། །དེ་ལ་མཆོད་རྟེན་གདབ་པའི་ལས་ཀྱི་མན་ངག་ལས་ལྟ་བ་དང་ནི་རྒྱུ་དག་དང་། བྱ་བའི་ཐབས་དང་ལས་རིམ་དང་། རབ་གནས་དགོས་ཆེད་ཡོན་ཏན་ནོ། །ཞེས་འབྱུང་བས། དོན་བདུན་ཏེ་དེ་དག་ལས་རྣམ་པར་ཕྱེ་བ་ནི། ལྟ་བ་གཅིག་རྒྱུ་ལྔ་དང་རིན་པོ་ཆེ་སྟེ་དྲུག་བྱ་ཐབས་ལ་གསུམ། ལས་རིམ་ལ་བྱིན་གྱིས་བརླབ་པ་གསུམ། རབ་གནས་ལ་གསུམ། དགོས་ཆེད་ལ་གཉིས། ཡོན་ཏན་གཅིག་སྟེ་དེ་དག་གི་ཡན་ལག་དང་ཉིང་ལག་ཏུ་བཅས་པ་མན་ངག་གིས་ཤེས་པར་བྱའོ། །དེ་ལ་རྣལ་འབྱོར་པ་གང་གིས་བྱ་བའི་ལྟ་བ་བསྟན་པའི་ཕྱིར། ཡེ་ནས་མཉམ་ཉིད་དཀྱིལ་འཁོར་ལ། །ཐབས་དང་ཤེས་རབ་ལྡན་བྱས་ཏེ་ཞེས་པ་ནས། ཆོས་སྐུའི་ཕྱག་རྒྱ་ཆེན་པོ་བསྒོམ། །ཞེས་པ་རང་བཞིན་ཆོས་གཅིག་ལྷུན་གྱིས་གྲུབ་པའི་ངང་ཤེས་བྱ་དེ་རྟོགས་པ་ཚད་དུ་ཕྱིན་པར་བྱས་ལ། བྱང་ཆུབ་སེམས་རྣམ་གཉིས་ཀྱི་ཏིང་ངེ་འཛིན་ལས་རུང་བའི་རིག་པ་རང་འབྱུང་ཡེ་ཤེས་དེས། བཞི་སྤྱོད་ཡུལ་རིལ་མི་ཟད་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་དེ་བཞིན་ཉིད་རྒྱལ་བ་བཞུགས་གནས་ཀྱི་ངོ་བོ་ཡེ་ཡིན་པ་ལ། དེ་ཉིད་མངོན་དུ་བྱས་པའི་རིག་པས་ངོ་བོས་མཉམ་པ་ལ་དེ་ཉིད་ཙམ་ཡང་ཡུལ་དུ་མི་བྱེད་པའི་ཕྱིར་མཆོད་རྟེན་གདབ་པར་བྱའོ། །མཆོད་རྟེན་གདབ་པའི་སྤྱིའི་དགོས་པ་གང་སྙམ་པ་ལ། འཇིག་རྟེན་བརྟན་གཡོ་ཐམས་ཅད་ལ། །ཞེས་པ་དག་གོ་སླའོ། །རྟོག་དང་མི་རྟོག་རང་རིག་དང་། །ཡང་དག་ཐབས་ཆེན་རྫོགས་པའི་དོན། །ཞེས་པ། རྟོག་པ་བཞི་དང་མི་རྟོག་པ་བཞི་ལས་འདས་པའི་རང་རིག་པ་མངོན་དུ་བྱ་བ་དང་། མ་ནོར་བའི་ལམ་དང་། འབྲས་བུའི་ཆོས་མཆོད་རྟེན་ལ་རྫོགས་པ་མངོན་དུ་བྱས་པའི་ཕྱིར་ཏེ་དགོས་ཆེད་དང་ཆེ་བ་ཐུན་མོང་པའོ། །དེ་ནས་རྒྱུ་འབྱུང་བ་བྱིན་གྱིས་རླབ་པ་བསྟན་པའི་ཕྱིར། རིན་ཆེན་སྣ་ཚོགས་དང་། ཞེས་པ་ནས། རྒྱུ་ཞེས་པ། རིན་པོ་ཆེ་དུ་མ་དང་། བསྡུ་བ་ནི་མ་འོངས་པ་སྟེ། འབྱུང་བ་ལྔ་དང་བཞི་ལས་སྐྱེས་པའི་རྭ་དང་བ་སོ་དང་རས་དང་ཤིང་ལ་སོགས་རིལ་རང་རིག་པའི་ཕྱིར་དེ་དག་རིལ་མཆོད་རྟེན་རྫོགས་པའི་རྒྱུ་ཡིན་པས། ཧཱུྃ་གི་འཕྲོ་འདུས་གང་ལ་བྱ་དེ་རང་རིག་ཅིར་ཡང་སྣང་ཞིང་བསྒྱུར་དུ་རུང་བར་བསམས་ཏེ་སོ་སོའི་སྔགས་ཀྱིས་བརླབ་པའོ། །འོ་ན་དེ་ལ་དགོས་པ་ཅི་ཞིག་སྙམ་པ་ལ། །གཟུགས་སོགས་རི་མོར་བྲིས་པ་དག་ཞེས་པ་ནས། གསུངས་ཞེས་པ། འཇིམ་པ་ལས་དངོས་སུ་བྱས་པ་དང་བསྡུ་བའི་སྒྲས་རོ་དང་བ་སོ་ཤེལ་རྡོ་དུང་ལ་སོགས་པ་ལ་འབུར་དུ་བྱ་བ་དང་། རི་མོ་གསུམ་པོ་དག་ཏུ་བྱ་བ་ནི། ཀུན་ཏུ་བཟང་པོ་ཉིད་ཀྱིས་དོན་དུ་འགྱུར་བ་བཞི་དང་ལྡན་པར་གསུངས་པས། བརྩམ་དགོས་པའི་ཕྱིར་བྲུྂ་གི་འདུ་འཕྲོས་སྐོར་ཕོར་གཞལ་ཡས་ཁང་དུ་རླབ་པའོ། །དེའང་ཐོག་མར་དེ་བཞིན་ཉིད་བསྒོམ་པ་བསྟན་པའི་ཕྱིར། དེ་བཞིན་ཉིད་ཏིང་འཛིན་དཀྱིལ་འཁོར་གྱིས་ཞེས་པ་ནས། ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་ཞེས་པ་གཞི་ཇི་ལྟ་བ་ལྟར་རྟོགས་པའི་ཏིང་ངེ་འཛིན་རིག་པ་ཡེ་ཤེས་ལྔའི་མ་འདལ་དུ་ཤར་བ་དེས། དངོས་པོ་གཉིས་པ་རིལ་རང་རིག་ཏུ་བྱེ་བྲག་མེད་པར་རྟོགས་པས་ཐ་དད་མེད་པར་སེམས་ཉིད་དུ་གཅིག་པ་ནི་ཆོས་ཀྱི་སྐུ་ཆེན་པོས་རྒྱས་བཏབ་པ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །ནམ་མཁའ་ལ་གདབ་པ་བསྟན་པའི་ཕྱིར། དཀྱིལ་འཁོར་རྣམ་གསུམ་དག་བྱས་ནས། མཁའ་ལ་འཕྱོ་བའི་དཀྱིལ་འཁོར་དུ་ཞེས་པ་རང་བཞིན་དང་ཏིང་ངེ་འཛིན་དང་གཟུགས་བརྙན་རྣམས་རང་རིག་པ་མཐའ་གསུམ་དང་བྲལ་བར་རྟོགས་པའི་དོན་བསྒོམ། དེ་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་བསྐྱེད། ནུས་པ་དང་ལྡན་པར་བྱས། ཡེ་ཤེས་སྐུ་དང་ཐ་མི་དད་པར་དེས། བྱིན་གྱིས་རླབ་པ་གཉིས་བྱས་པའི་གཅིག་ཤོས་ལ་གདབ་པའོ། །གང་གིས་གང་ལྟར་ཞེ་ན། རང་རིག་ཡེ་ཤེས་འཕྲོ་ཡིས། ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་ཆེ་ཞེས་པ། རང་རིག་བས་ནམ་མཁའ་རིག་པའི་ངོ་བོ་ཉིད་སྐུ་གཟུགས་སུ་ལྦོལ་ལྦལ་གསལ་བའི་ནང་ན་གཙོ་བོ་ཡབ་ཡུམ་བཞུགས་པར་བསྒྱུར་བའོ། །དེ་ཉིད་རྒྱུ་འབྲས་རིལ་རྫོགས་པ་སྤྱིར་དམ་བྱེ་བྲག་བརླབས། ཡེ་ཤེས་ཀྱི་སྐུ་བཅུག་བདེ་ལ་མཆོད་བསྟོད་བརྟན་པར་བྱའོ། །ཆུ་ལ་གདབ་པ་བསྟན་པའི་ཕྱིར། ཡང་དག་རྟོགས་པའི་ཁྱད་པར་གྱིས། །ཞེས་པ་ནས། ཡང་དག་ཆོས་སྐུའི་ཕྱག་རྒྱ་ཆེ། །ཞེས་པ། ལྟ་བས་རྟོགས་པས། ཏིང་ངེ་འཛིན་ལྔའི་རིམ་པ་གསལ་བར་བྱས་ཏེ། གདབ་གཞི་ཆུ་མ་མ་ཀི་ངོ་བོ་ཉིད་རིག་པའི་སྐུར་གྱུར་པར་བྱ་བའོ། །རླུང་ལ་གདབ་པ་བསྟན་པའི་ཕྱིར། དེ་བཞིན་ཏིང་འཛིན་གསལ་སྒོམས་ནས་ཞེས་པ་ནས། དྲི་མེད་ཆོས་སྐུའི་ཕྱག་རྒྱ་གསལ་ཞེས་པ། ལྟ་བ་ཏིང་ངེ་འཛིན་སྔ་མ་ལྟར་བསྒོམས་པ་དེས་བདག་གཞན་དོན་རིལ་མཐར་ཕྱིན་པར་བྱ་བའི་ཆེད་དུ། རླུང་ཉིད་རང་རིག་ཅིར་ཡང་སྣང་བས་མཆོད་རྟེན་དུ་བྱུང་གི་རྟེན་རྟེན་ཅན་བྲལ་བའོ། །མེ་ལ་གདབ་པ་བསྟན་པའི་ཕྱིར། །རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཏིང་ངེ་འཛིན་རིམ་པར་གསལ་བསྒོམས་སྟེ། གོས་དཀར་གསལ་བའི་དཀྱིལ་འཁོར་དུ། །ཡང་དག་ཆོས་སྐུའི་ཕྱག་རྒྱ་གསལ་ཞེས་པ། རིམ་པ་དེ་ཉིད་ཀྱིས་མེན་མཐའ་དཀར་མོའི་ངོ་བོ་ཉིད་ཕྱག་རྒྱར་གྱུར་པར་བསམ་པའོ། །ས་ལ་གདབ་པ་བསྟན་པར་ཕྱིར། །དེ་ཉིད་མཐོང་བས་གསལ་བསྒོམས་ཏེ། །བསྒྲུབ་བྱ་མ་ལུས་ལྷུན་རྫོགས་ཕྱིར། །སྲ་བརྟན་སྤྱན་གྱི་རང་བཞིན་ལ། །ཆོས་སྐུ་ཕྱག་རྒྱའི་གཟུགས་སུ་བསྒྱུར་ཞེས་པ་ཏིང་ངེ་འཛིན་རྗེས་སུ་མཐུན་ཏེ། ས་ཡུམ་སངས་རྒྱས་སྤྱན་གྱི་ངོ་བོ་ཉིད་སེམས་ཉིད་ཀྱི་ཕྱིར། ལུགས་ཆུ་ལུགས་སྐུའི་ཚུལ་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་མཆོད་རྟེན་དུ་བྱའོ། །སྤྱིར་བྱ་བའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། དབྱིངས་དང་དེ་བཞིན་ཉིད་མེད་པར། ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས་ཁ་དོག་དབྱིབས་དང་གཟུགས་སུ་བསྒྱུར་ཞེས་པ། དབྱིངས་དང་ཡེ་ཤེས་བྱ་བའི་ཡུལ་དང་ཡུལ་ཅན་མེད་པར་གནད་ཆུད་ནས། རིག་པ་ཉིད་ཐམས་ཅད་དུ་མ་འགྲེས་པར་ཡེ་ཤེས་སྒྱུ་མའི་ངོ་བོར་སྣང་བའི་ཕྱིར། འབྱུང་བ་ལྔ་པོ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མཆོད་རྟེན་དུ་རིག་པ་ཉིད་ཀྱི་ཕྱིར་སྣང་བ་ནི་བྱས་པར་ཐལ་བ་མེད་པའོ། །མཆོད་རྟེན་གྱི་ཚེ་བའི་ཡོན་ཏན་བསྟོད། ཚིག་དང་ཐུན་མོང་དུ་བསྟན་པའི་ཕྱིར། སྣ་ཚོགས་འཕྲིན་ལས་རྣམ་པར་རོལ་ཞེས་པ་ནས། ཨ་ཧོ་ཞེས་པ། མཆོད་རྟེན་གྱིས་དོན་མང་པོ་མཛད་པའི་ཕྱིར། འཁོར་བ་མ་སྟོང་བར་དུ་མཛད་དུ་གསོལ་ལོ་བར་ཡང་བྱའོ། །སྐུ་གདུང་ལ་འབྲས་བུའི་ཆོས་རྣམས་དང་། རྒྱུའི་ཆོས་སུམ་བཅུ་རྩ་བདུན་ལ་སོགས་པ་རྫོགས་པའི་ཕྱིར། དེ་ལྟར་བྱིན་གྱིས་རླབས་དགོས་པ་ཡང་ཡིན་ནོ། །དེ་བས་ན་དངོས་པོ་གཉིས་ཀྱི འང་བདག་ཉིད་པའི་ཕྱིར་ལྷ་ཆེན་པོ་རྣམས་ཀྱིས་ཀྱང་བསྐོར་བའོ། །ངོ་བོ་རིག་པའི་རྒྱུ་རྐྱེན་དང་བྲལ་བ་ཉིད་ཡོན་ཏན་དེ་སྙེད་དང་བཅས་པར་ཤར་བས་དགྱེས་པའི་སྒྲའོ། །དེ་དག་ནི་ལམ་གྱི་སྔོན་དང་སྐབས་གཉིས་དགོས་ཆེད་ཀྱིས་སྦྱང་བའོ། །མཆོད་རྟེན་གྱི་སྒོ་ནས་གཉིས་གའི་དོན་དུ་འཕྲིན་ལས་བྱས་པ་བསྟན་པའི་ཕྱིར། ཆོས་སྐུའི་ཕྱག་རྒྱ་དེ་དག་ལས། །ཞེས་པ་ནས། བསྒྲུབ་ཞེས་པ། བཤད་པ་ལྟར་མཆོད་རྟེན་གདབ་པའི་ཐབས་དེ་ལས་ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པའི་ལས་བྱར་བ་དམ་བཅའ་བའོ། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས། །ཞེས་པ་དག །བསྒྲུབ་ཏུ་བཏུབ་པར་ཐེ་ཚོམ་གསལ་བའོ། །དྲག་པོའི་ལས་བྱ་བསྟན་པའི་ཕྱིར། །དྲག་པོ་བཏུམ་པོ་གདུལ་བའི་ཕྱིར། །ཞེས་པ་ནས། ཤིན་ཏུ་སྟོབས་དྲག་ཆེ་དང་ལྡན་འགྱུར་ཞེས་པ། དགོས་ཆེད་དང་ལྡན་པས་བདག་མི་རྟོག་པ་ལས་བཛྲ་ཧེ་རུ་ཀར་བསྐྱེད་དེ་བཤད་པ་བཞིན་ཏིང་ངེ་འཛིན་གྱི་རིམ་པ་ཚང་བར་སྦྱར་ནས་མཆོད་རྟེན་འབྱུང་བ་ལ་འདེབས་ཀྱང་ནག་པོ་གྲུ་གསུམ་ལ་ཁྲོ་བོ་སྐུ་དང་ཆས་པར་བསམ་པའི་འོད་ཀྱིས་བགེགས་སོགས་བཀུག་ལ་གནན་པར་བསམ། འཇིམ་པ་ལ་རྔོས་སུའང་མི་འདོད་པ་མ་ཡིན་པ་ཏེ་ཕན་ཡོན་གོ་སླའོ། །དབང་གིས་ལས་བསྟན་པའི་ཕྱིར། ཐམས་ཅད་མ་ལུས་གཉིས་མེད་དབྱིངས་བསྡུ་ཕྱིར་ཞེས་པ་ནས། ཅི་འདོད་ལས་རྣམས་བྱེད་པར་འགྱུར་ཞེས་པ། བསྡུ་བ་ཆེ་ཆུང་གཉིས་ཀྱི་ཆེད་དུ་དབང་གི་ལས་རྩོམ་པས་རྟ་མགྲིན་དུ་གསལ་བར་བྱས་ཏེ། མཆོད་རྟེན་དམར་པོ་ཟླ་གམ་ལྷ་དང་ཆས་པར་བཏབ་པའི་འོད་ཀྱིས་དབང་གི་གཟས་པ་བཀུག་སྟེ་མནན་པ་གསལ་བས་སེམས་མ་སྐྱེས་བར་དུ་མི་གཏང་བར་བྱས་ན། ཕྱག་ན་རྡོ་རྗེའང་དབང་དུ་འདུ་ན་གཞན་ཅི་སྨོས་པའོ། །རྒྱས་པ་བསྟན་པའི་ཕྱིར། ཐམས་ཅད་ཡོན་ཏན་འཕེལ་བྱའི་ཕྱིར། །བདག་ཉིད་རྒྱལ་བའི་ཁྱུ་མཆོག་སྟེ་ཞེས་པ་ནས། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཞེས་པ། རྒྱལ་བ་ལ་བདག་ཡོན་ཏན་གྱིས་མངོན་པར་ཐོབ་པའི་རཏྣ་ཧེ་རུ་ཀར་བསྐྱེད་དེ་མཆོད་རྟེན་སེར་པོ་གྲུ་བཞི་གདབ་བོ། །ཞི་བའི་ལས་བསྟན་པའི་ཕྱིར། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །གཏུམ་འཁྲོ་མ་ལུས་ཞི་བྱའི་ཕྱིར། །ཞེས་པ་ནས། ཞི་ཞིང་དུལ་བ་ཉིད་དུ་འགྱུར་ཞེས་པ། །བདག་འབུ་ཏ་ཧེ་རུ་ཀར་བསྐྱེད་དེ་མཆོད་རྟེན་བཏབ་པའི་བྱིན་བརླབས་ཀྱིས་གདུག་པ་ཀུན་ཞི་བར་བྱའི་ཆེད་དུ་མཆོད་རྟེན་དཀར་པོར་བཏབ་སྟེ་ལས་བྱས་ན་ཞི་བར་འགྱུར་པའོ། །གལ་ཏེ་མཆོད་རྟེན་ལས་ཞི་ལྟར་རྔོས་སུ་བཞེངས་ལ་སྦྱིན་སྲེག་བཞི་བྱས་པས་ལས་འགྲུབ་པར་གསུངས་ཏེ། རྒྱུད་ཀྱི་རྒྱལ་པོ་ཕྱི་མ། ཞི་བའི་མཆོད་རྟེན་ཟླུམ་པོ་དཀར། །རྒྱས་པའི་མཆོད་རྟེན་གྲུ་བཞི་སེར། །དབང་གི་དམར་པོ་ཟླ་གམ་བརྩེགས། །དྲག་པོ་གྲུ་གསུམ་ནག་པོའི་མདོག །ཐབ་སྤྱི་བས་མཆོད་རྟེན་ཉིད་འདྲར་བྱ། །ཡམ་ཤིང་བུད་ཤིང་ལས་བཞིན་ཏེ། །རྫས་ཀྱི་ཁ་དོག་ལས་དང་སྦྱར། །ལས་བཞི་གཟས་པའི་མིང་རུང་དག །གྲོག་ཤོག་དུག་གི་ལོ་མ་སོགས། །བྲིས་ཏེ་ལས་བཞི་སྔགས་ཀྱིས་བསྲེགས། །ཡང་ན་བཀུག་སྟེ་བབ་བཅིངས་ལ། །སོ་སོའི་མཆོད་རྟེན་འོག་ཏུ་གཞུག །སྦྱིན་སྲེག་རེ་ལའང་དེ་བཞིན་བསྲེག །འདོད་བཞིན་འགྲུབ་པར་གདོན་མི་ཟ། །ཞེས་གསུངས་པའོ། །ལྷུན་གྱིས་འགྲུབ་པའི་འཕྲིན་ལས་བསྟན་པའི་ཕྱིར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །ཞེས་པ་ནས། ལྷུན་གྲུབ་དཀྱིལ་འཁོར་ཡེ་ནས་རྫོགས། ཨ་ཧོ། ཞེས་པ། སྤྱིར་ལས་ལྔ་རྣལ་འབྱོར་གསུམ་ཆར་དུ་འགྱུར་ནའང་། བར་མའི་དབང་ན། རང་རིག་པ་ཉིད་ཡེ་ཤེས་སྒྱུ་མར་རང་གསལ་བར་རྟོགས་པའི་རིག་པས། རིག་པ་མཉམ་པའི་དབྱིངས་ཉིད་ལས། གཞིའི་དངོས་གཞི་ཡིན་པར་རྟོགས་བས་མ་འདྲེས་པ་ལ་ཡོངས་སུ་རྫོགས་པར་རིག་ནས། ལས་གང་བྱེད་ཀྱང་རྩོལ་བར་ཐར་པ་མེད་དེ་བྱས་ལ་མི་འཛིན་པས་དོན་མཛད་པས་བཞི་ཀའི་འབྲས་བུ་འགྲུབ་པའང་བྱས་ནས་བྱུང་བ་མིན་ཏེ། ལྷུན་གྲུབ་རང་ལ་ཤར་བའོ། །དེ་བས་ན་ལས་ཅིག་བྱས་པས་འབྲས་བུ་བཞི་འགྲུབ་པའང་མི་འདོད་པ་མ་ཡིན་ནོ། །ཡི་གེ་གཉིས་ལྷུན་གྲུབ་ཀྱི་དགྱེས་པའོ། །མཆོད་རྟེན་གྱི་སྒོ་ནས་ཅི་བསམས་པ་ཐམས་ཅད་འགྲུབ་པས། བསྒྲུབ་པར་མགོ་འདྲེན་པའི་ཕྱིར། ཆོས་སྐུའི་ཕྱག་རྒྱ་ཆེན་པོས་ནི། །དངོས་གྲུབ་གང་འདོད་སྦྱིན་པར་ངེས། །ཞེས་གསུངས་ཏེ། ཐེ་ཚོམ་དགག་པ་དང་བཤད་པའི་ཡོན་ཏན་དུའང་མ་འགག་གོ། །མཆོད་རྟེན་གྱི་སྒོ་ནས་བདག་དོན་དུ་ཡི་དམ་ལྷ་བསྒྲུབ་པའི་ཕྱིར། ཉེ་བའི་ལྷ་ནི་གང་སྒྲུབ་པ་ཞེས་པ་ནས། ངེས་འགྲུབ་འགྱུར་ཞེས་པ། འཇིམ་པ་ལ་བརྩམས་ཏེ་ཡི་དམ་ལྷའི་གྲོག་ཤོག་ལ་བྲིས་ཏེ་ནང་དུའང་བཅུ་ག་བཤད་པ་ལྟར་གསལ་བར་ཡང་བསྒོམས་ན། ལྷ་གང་ཡིན་པ་ངེས་པར་འགྲུབ་སྟེ་ཡོན་ཏན་ནི་རྒྱལ་བ་རྣམས་ཆ་གཉིས་ལས་གྲོལ་བས་ཀུན་འགྲུབ་པའང་དོན་དུ་གཉེར་བའི་སྒོ་ནས་སོ། །འཇིག་རྟེན་པའི་ལྷ་འགྲུབ་ན། ཞེས་པ་ནས། ལྷ་དེ་ཉེ་བར་འགྲུབ་པར་འགྱུར་ཞེས་པ། །བཤད་པའི་མ་ཧཱ་དེ་བ་ལ་སོགས་པའི་སྲོག་གི་སྙིང་པོ་བྲིས་ཏེ་ནང་དུ་བཅུག་ཅིང་བཏབ་ནས་བསྒོམས་མཆོད་མྱུར་དུ་འགྲུབ་སྟེ་ཐུན་མོང་གི་དངོས་གྲུབ་བསམ་པར་འགྱུར་རོ། །བདག་དོན་དུ་བརྒྱུད་ནས་ཆོས་ཉིད་རྟོགས་པར་བྱ་བའི་ཐབས་བསྟན་བསྟན་པའི་ཕྱིར། ཆོས་ཉིད་རྟེན་ཅིང་འབྲེལ་བྲིས་ན་ཞེས་པ་ནས། སྐྱེ་རྒ་ན་འཆི་མེད་པར་རྟོགས་ཞེས་པ། ཤུ་ནྱ་ཏའི་སྔགས་སམ་རྟེན་འབྲེལ་གྱི་སྙིང་པོ་བྲིས་ཏེ་ནང་དུ་བཅུག་ནས་བཏབ་ན་ཐ་མལ་པའི་ནང་དུ་བཅུག་ནས་བཏབ་ན་ཐ་མལ་པའི་རྒྱུད་ཐག་ཉེ་བའི་རྒྱུར་འགྱུར་བ་སྟེ་ངོ་བོས་འབྲེལ་བ་དང་ངོ་བོ་ཉིད་ཀྱི་མཐུ་དང་ལྡན་པའི་ཕྱིར་རོ། །ཚེ་འདས་པའི་སྒྲིབ་པ་སྦྱང་བ་གཞན་དོན་བསྟན་པའི་ཕྱིར། ཕྱག་རྒྱ་ཆེན་པོ་དེ་དག་ལ་ཞེས་པ་ནས། ངན་སོང་སྡུག་བསྔལ་མེད་པར་འགྱུར་ཞེས་པ། ཏིང་ངེ་འཛིན་རིམ་པར་བརྩམས་ཏེ། ངན་སོང་རྣམ་གསུམ་སྦྱོར་སྔགས་གསུམ་བྲིས་ཏེ་མཆོད་རྟེན་ནང་དུ་བཅུག་ཏེ་བཏབ་ཅིང་། ཏིང་ངེ་འཛིན་གྱི་གནས་དྲུག་ནས་བདག་དང་སྐུའི་འོད་ཀྱིས་ཆ་ལུགས་སྔ་མར་བཀུག་འོད་ཀྱི་ས་བོན་དྲུག་སྦྱངས་ན་ངན་འགྲོ་ལས་ཐར་བར་འགྱུར་ཏེ། བདག་གི་འང་མི་འདོད་པ་མ་ཡིན་ནོ། །ལས་ཀྱིས་རིམ་པ་ཀུན་ཡང་སྦྱར་ཏོ། །དེ་ཡང་ཡི་དམ་ནར་མ་རྩོམ་པ་དང་སྐབས་སུ་དཔུང་བསྐྱེད་པ་ནི་འབྱོར་པས་རྒྱས་བསྡུས་སུ་སྦྱར་ཏེ། རྒྱས་པར་མན་དལ་ནོ་བོ་ཀའི་མངའ་དབུལ་བའང་བཙོམ་མོ། །ལས་མང་པོའང་འགྲུབ་པར་བསྟན་པའི་ཕྱིར། གཞན་ཡང་དཀྱིལ་འཁོར་བསམ་ཡས་དང་། །ཚད་དཔག་མེད་པའི་ཕྱག་རྒྱ་ཆེ་ཞེས་པ། །མི་མཐུན་པར་ན་ལྷའི་དཀྱིལ་འཁོར་མང་པོ་བསྒྲུབ་པ་འདིས་བྱ་བ་དང་། ཆོས་ཀྱི་སྐུ་ཆེན་པོ་ཉིད་ཀྱང་འདིས་འགྲུབ་པའི་ཡོན་ཏན་དང་། སྐུ་གསུང་ཐུགས་ནི་རྒྱུན་མི་འཆད། ཞིང་ཁམས་བྱེ་བ་རྡུལ་དང་མཉམ་ཞེས་པ། མི་ཟད་རྒྱན་གྱི་འཁོར་ལོའི་དངོས་གྲུབ་བྱུང་འཇུག་བྲལ་བའི་ཡོན་ཏན་གྱི་ཚད་ནི་སངས་རྒྱས་བྱ་བ་ཞིང་ཁམས་བྱེ་བའི་རྡུལ་གྱི་གྲངས་དང་མཉམ་སྟེ་ཚད་མེད་པའོ། །ཨ་ཧོ་ཞེས་པ། ཐོབ་པར་བྱ་བ་མེད་པའི་ངང་ལས་ཅིར་ཡང་ཐོབ་པ་ལྟར་སྣང་བའི་དགྱེས་པ་ཆེན་པོའོ། །དངོས་གྲུབ་ལེན་པ་ཞེས་ལེའུའི་མཚན་ཏེ། ངོ་བོ་བཞིན་དུ་དངོས་གྲུབ་ཀྱི་གྲངས་ཐོབ་པའོ། །ལེའུ་ཉེར་གཅིག་པའི་སྤྱན་རྣམ་པར་འགྲེལ་པའོ།། །།ཐབས་ཀྱི་ལམ་དང་དཀྱིལ་འཁོར་དྲུག་པ་བསྟན་པའི་ཕྱིར། ལེའུ་ཉེར་གཉིས་པའི་རྣམ་པར་བཤད་པ་བརྩམས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་བརྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ཞེས་པ་ལ་སོགས་པ། གོ་རིམས་བསྒྱུར་ཏེ། གསང་སྔགས་ཕྱི་པ་གསུམ་དང་བསྟན་ཆོས་ཀྱིས་གཙུག་ལག་ལས་ཡུལ་དབང་པོ་ཤེས་པ་དྲུག་གསུམ་བཅོ་བརྒྱད་དུ་བསྟན་ན། ཚེ་བ་འདོད་པའི་གཏན་ཚིགས་གཉིས་ཀྱིས། ཉི་ཤུ་རྩ་གཅིག་དུ་བསྟན་པ་ནི། གསང་བའི་ཁམས་གསུམ་བསྣན་པའོ། །འོ་ན་འདིར་རྩ་བའི་ཁམས་གསུམ་པོ་ཁོ་ན་གཙོ་བསྟན་པ་ཅི་དགོས་ཆེ་ན། བཅོ་བརྒྱད་འབྱུང་བ་དང་བསྟན་པ་འབྱུང་བ་ཆོས་མཐུན་བསྐད་ཟེར་བ་ནི་ཐབས་ཀྱི་ལམ་འདིར་གཉིས་ངོ་བོ་གཅིག་པ་དང་ལས་ཀྱིས་བསྟན་པས་རིགས་ཀྱི་ཅིག་ཤོས་འཐད་པ་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བསྟན་པའི་དགོས་ཆེད་གཉིས་ཡོད་པས་གསུངས་པའོ། །དེ་བས་ན་གསུམ་གྱི་ངེས་ཚིག་ཀྱང་ལས་དང་ངོ་བོས་རྫོགས་པར་འགྱུར་རོ། །དབང་གི་དོན་དུ་ན་གསང་དབང་གི་ངེས་ཚིག་དང་། ཐབས་ཀྱི་ཆེ་བ་ཐུན་མོང་དུ་བསྟན་པའི ། ཀྱེ་མའོ་ཡེ་ནས་གསང་བའི་ཆོས། །ཐམས་ཅད་ཀུན་ལ་རང་བཞིན་གནས། ། ཞེས་པ་ནས། འདི་ནི་བྱང་ཆུབ་སྙིང་པོའི་མཆོག །ཞེས་པ་ཁམས་གསུམ་འདོད་ཆགས་ཀྱི་སྤྱོད་པ་ཉིད་ཐབས་ཀྱི་དམ་པ་རང་ཆས་སུ་ཡོད་པ་མ་མཐོང་བ་ལ་ངོ་མཚར་བ་ནི། དཔེར་སྒྲམ་པོ་སྤྱོད་ལོག་བྱེད་པ་ལ་ཡ་མཚན་སྐྱེས་པ་ལྟ་བུའོ། །འདོད་ཆགས་ཀྱི་ཁུ་བ་བརྒྱུད་པས་བདེ་བ་མྱོང་བ་གདོད་ནས་རང་ཆས་སུ་ཡོད་ཀྱང་ཐབས་མེད་པས་མིག་གིས་མིག་མ་མཐོང་བ་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱི་གཏན་ཚིགས་ཀྱིས་གསུམ་བཞི་དང་། བཞི་ལྔའི་དོན་མ་རྟོགས་པས་རང་གསང་ཐབས་ཀྱིས་བཅད་དེ། བདག་ཉིད་ཀྱི་ཕྱིར་ཤིན་ཏུའང་མཐོང་བར་རྐ་བའི་ངེས་ཚིག་ནི། སྤྱོད་ཡུལ་དུ་མེད་པའི་དོན་དང་ངོ་བོ་གཟུང་རྐ་བའི་དོན་གྱིས་གསང་བའི་གཞིར་གྱུར་པར་སྟོན་པས་བཀའ་གསལ་བའོ། །དེ་བས་ན་ཁམས་གསུམ་ཉེ་བར་བསྟན་པ་ནི་ཐབས་དང་འབྲས་བུའི་གཞི་རྩར་གྱུར་པས་ཆེ་བ་སྟེ། ཁམས་གསུམ་ཟུང་དུ་འབྲེལ་བས་དགྱེས་པ་ཆེན་པོ་སྐྱེ་བ་ནི་ངོ་བོ་དང་སྡུད་པ་པོའི་ཕྱིར་ཨ་ཧོ། གསང་བའི་ཚིག་ཏུའོ་ཞེས་གསུངས་སོ། ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་ངོ་བོ་བསྟན་པའི་ཕྱིར། དབང་པོ་ཡུལ་དུས་གསང་བའི་རྣམས། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད་ཞེས་པ་ལ་སོགས་པ། བཅོ་བརྒྱད་ཀྱི་རྩ་བ་ཕྱག་རྒྱའི་ཡོན་ཏན་རིལ་དང་བར་བྱེད་པའི་རྟེན་གྱིས་ལས་ཅན་རྡོ་རྗེ་དང་། ཡོན་ཏན་གྱི་ཚོགས་དང་ལྡན་པའི་པདྨོ་དང་། རླུང་གི་ཐབས་མཉམ་དུ་གྱུར་པ་ལས་སྐྱེས་པའི་ཡེ་ཤེས་ནི་རྟེན་དང་རྟེན་ཅན་གྱི་སྒོ་ནས་ནང་དང་གསང་བའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། ལས་ཀྱི་དཔའ་བར་བརྗོད་པའོ། །དེ་ལས་ཐབས་ཀྱིས་མ་ཟིན་པ་ལ་སྣང་བའི་རྟོག་ཚོགས་རིལ་ལྷའི་དཀྱིལ་འཁོར་དུ་བསྟན་པའི་ཕྱིར། ཕུང་པོ་ལྔ་དང་འབྱུང་བ་ལྔ། །རིགས་ལྔ་ཡབ་ཡུམ་བཅུ་རུ་སྦྱོར། །ཞེས་པ་ལ་སོགས་པ། རྟོག་པ་བཞི་བཅུ་རྩ་གཉིས་ངོ་བོ་བོས་རིག་པ་ཉིད་ཀྱི་ཕྱིར་ལྷའི་ངོ་བོ་ཉིད་མཐའ་བྲལ་ཡེ་ཡིན་པ་དེ་དག་དམན་པ་ངོ་སྤྲད་དེ་པྲི་ར་ཏ་བསྟན་པའང་བྱས་པར་ཐལ་བ་མེད་པའོ། །ལྷག་མ་ནི་ངོ་བོ་དང་འགྲེལ་ཏེ་དེ་འདིས་སྣང་བར་བྱེད་པའོ། །ཁམས་གསུམ་གྱི་ངོ་བོ་བསྟན་པའི་ཕྱིར། ཐམས་ཅད་འབྱུང་བ་རྡོ་རྗེ་གསང་བའི་དབང་། །ཞེས་པ། ཟིན་པ་དང་མ་ཟིན་པས་དངོས་པོ་གཉི་ག་འབྱུང་བར་བྱེད་པ་རྡོ་རྗེ་སྟེ་ངེས་ཚིག་བཤད་ཟིན་ཏོ། །དེས་རིས་སུ་བཅད་པའི་དབང་དུ་བྱ་བའི་ཡུལ་ནི་ལས་དང་ངོ་བོས་ཤེས་རབ་སྟེ་འདབ་བརྒྱད་ཚང་བ་ཡོན་ཏན་ཀུན་གྱི་རྒྱུར་གྱུར་པའོ། །དེ་བས་ན་གཉིས་སྤྲད་བསྐྱོད་ལས་སྐྱེས་པའི་ཡེ་ཤེས་ནི་རྡོ་རྗེ་ལྔའི་ངོ་བོར་གསལ་བ་མི་ཡོ་བའི་ལས་ཀྱིས་མཚན་འདི་སྐད་དུ་བཏགས་པའོ། །དེ་དག་ལས་ཀྱིས་གསང་བའི་སྐུ་གསུང་ཐུགས་སུ་འདོགས་པའང་རིགས་པའོ། །ཁམས་གསུམ་གྱི་ཆེ་བ་བསྟན་པའི་ཕྱིར། ཐམས་ཅད་འབྱུང་བའི་གཏེར་ཉིད་དང་། །ཐམས་ཅད་འགྲོ་བའི་གནས་ཉིད་དོ། །ཞེས་པ་ནས། དངོས་གྲུབ་ཐམས་ཅད་འབྱུང་བའི་གནས་ཞེས་པ། ཇི་ལྟར་བའི་ཐབས་ཀྱིས་ཟིན་ན་མི་ཟད་རྒྱན་གྱི་འཁོར་ལོའི་དངོས་གྲུབ་ཟད་འཕེལ་མེད་པ་འཆར་བས་ཀུན་གྱིས་གྲུབ་པའི་མཐའ་འར་ཡེ་ཤེས་སོ། །འཁོར་བའི་ཆོས་ཀྱིའང་རྩ་བར་གྱུར་པས་ཁམས་གསུམ་ཐབས་དང་ལྡན་མི་ལྡན་ལས་རིལ་འབྱུང་བའི་ཕྱིར། རྒྱལ་བ་ཀུན་གྱི་སྐུ་ཕྱག་རྒྱ་ཡི་གེ་འཁོར་ལོའི་ས་སྣང་བའི་ཡང་ཡོངས་སུ་རྫོགས་པའི་རྒྱུ་དང་གསལ་བྱེད་ཀྱི་རྒྱུ་གཉི་གའོ། །དེ་བས་ན་ཉི་ཟླ་གཉིས་དགའ་བ་གསུམ་ལས་འཕགས་པའི་དགྱེས་པ་ཆེན་པོ་འགྲུབ་པའི་ཡོ་བྱད་པས་རྟེན་ཀྱང་བཞི་ལས་འཕགས་པས་ལྷག་པའི་མིང་འཐོབ་བོ། །དེ་བས་ན་དངོས་པོ་གཉིས་ཀྱི་རྒྱུ་གནས་ཀྱང་ཡིན་ལ། ལམ་པས་དཀྱིལ་འཁོར་བསྐྱེད་པ་དང་སྤྲུལ་པ་སྤྲོ་བའང་དེའི་ཁྱད་པར་ལས་བྱ་སྟེ། དབང་ཡུལ་པད་པ་ལས་རབ་འབྲིང་གསུམ་གྱིའང་འབྱུང་གནས་སུ་གྱུར་པའི་ཕྱིར་རོ། །ཐབས་དབང་བཞི་པ་དང་ལྔ་ཐུན་མོང་དུ་བསྟན་པའི་ཕྱིར། དབང་པོ་རྡོ་རྗེ་པདྨ་ལྡན། །གཉིས་མེད་བྱང་ཆུབ་སེམས་འཕྲོ་ན། །ཞེས་པ། ཡོན་ཏན་དང་ཆས་པར་འཆད་དེ། །ཟླ་བ་རྣམ་གཉིས་འཛག་པའི་དབང་ཡུལ་ཕྲད་པས་འགྲེས་ཏེ་ཁྱམས་ལ་མ་ལྷུང་བས་གནས་གཉིས་སུ་སླེབ་པ་ནི་འཕྲོ་བའི་དུས་ཏེ། དེའི་རོལ་རྟོག་པ་མེད་པའི་བདེ་བ་དང་། །དགྱེས་པ་ཆེན་པོའི་ལོངས་སྤྱོད་དང་ཅིར་ཡང་སྣང་བའི་སྤྲུལ་པའི་སྐུ་གསུམ་རྫོགས་པའི་ཕྱིར་མི་དམིགས་པ་དེ་དང་ལོངས་སྤྱོད་སྤྲོ། ཞེས་གསུངས་སོ། །ལྔའི་དོན་ཏུ་ན་ཉི་ཟླ་ཤར་བའི་དུས་སུ་དབང་པོ་དང་ཡུལ་འབྱོར་པའི་ཐིག་ལེ་འཕྲད་པའི་ཚེ། སྐུ་གསུམ་རྫོགས་པར་འདོད་པ་ནི་ཐུན་མོང་པའི་བཞི་ལྔ་རིས་སུ་བསྟན་པ་སྟེ། འདིར་དམ་པ་མ་ཡིན་ནོ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ་ཞེས་པ། དེའི་ཚེ་སྒོ་གསུམ་དང་ཁམས་ལྔའི་བཅུད་གནས་སུ་ཟིན་པ་ལས་སྐུ་གསུང་ཐུགས་དང་ཡེ་ཤེས་ལྔར་ཤར་བ་ནི་དཔེའི་བདེ་བ་མཚོན་བྱེད་ཤ་སྟག་གོ། །མཐར་ཐུག་པར་ན། སྒྱུ་འཕྲུལ་རྒྱ་མཚོ་གསང་བ་བསྟན་པ་ལས། བཅུ་གཉིས་ས་ལ་ཉི་ཤར་ཚེ། །ལུས་ཀྱི་ཆོས་བཞི་འདུས་སྤྱད་པས། །ཐིག་ལེ་ཁ་བསྒྱུར་ཕན་ཚུན་དུ། །འགོད་པའི་སྟོབས་ཀྱིས་གནས་ཕྱིན་ཚེ། །གསུམ་སྐུ་མི་ཟད་འཁོར་ལོ་སོགས། །འབད་པ་མེད་པར་ཤུགས་ཀྱིས་འབྱུང་། །གནས་ཀྱི་བཞི་ལྔ་འབྲས་བུའང་། །ཐ་དད་རྒྱུ་མེད་དུས་ཅིག་འཐོབ། །ཐབས་ཀྱིའང་དམ་པར་ང་ཡིས་བརྗོད། །ཞེས་གསུངས་སོ། །ལྷ་མོ་བརྒྱད་རྫོགས་པར་བསྟན་པའི་ཕྱིར། །གསང་བའི་ལྷ་མོ་བཞི་རྣམས་དང་། །མཆོད་པའི་ལྷ་མོ་རྫོགས་ལྡན་བཞི། །ཞེས་པ། རྒྱས་པར་འཆད་པར་འགྱུར་བས་འདིར་མདོ་ཙམ་སྟེ། ལྱ་སྱེ་ལ་སོགས་པ་བཞི་ནི། གྲགས་པའི་དབང་དུ་སྦྱོར་བའི་མཆོད་པའི་ཕྱིར་དང་། དུ་བེ་ལ་སོགས་པ་བཞི་ནི་ཕྱིའི་མཆོད་པས་མཉེས་པར་བྱེད་པའི་ཕྱིར་ཏེ། དེ་དག་སྐབས་འདིར་རྫོགས་པར་ལྡན་པའོ། །དེ་དག་གི་རིམ་པ་ནི། གང་ཞེ་ན་སེམས་ལྔས་སྟོན་པའི་ཕྱིར། །འཇིག་དང་གནས་དང་ལྡང་སྨོན་པའི། །གཡོ་དང་བསྐྱོད་དང་འཇུག་དང་བདེ་གནས་པ་ཞེས་པ། འདིར་གྲོལ་ལམ་མ་ཡིན་ཕྱིར་གསང་བའི་བྱང་ཆུབ་སེམས་ཏེ། བདག་གིས་བསྟན་པར་མི་ནུས་ཀྱང་སྒྱུ་འཕྲུལ་ཐལ་བའི་རྒྱུད་ལས། ལྔ་བཞི་བྱེ་བྲག་ཆས་བསྐུལ་བས། །གནས་ནས་ལྡང་ཞིང་བདེ་གཡོ་བ། །རང་གི་ལམ་འཇུག་རྟོག་འགག་ཅིང་། །རང་གི་འཕྲོ་བས་ས་གནས་ཚེ། །ཕྱི་མིའི་བདེ་བ་སྐྱེ་བར་འདོད། །གོམས་ཐབས་རླུང་མཐུས་སླར་བསྐྱེད་དེ། །ས་གསུམ་བདེ་བར་རང་གསལ་བ། །ཁམས་གསུམ་ལས་ཀྱིས་འཐོབ་པའི་ཕྱིར། །ཐབས་ལ་ཡོན་ཏན་ཀུན་རྫོགས་བས། །ཡི་གེ་ས་དང་བློ་མའང་རྫོགས། །ཞེས་གསུངས་པའི་ཕྱིར། གསང་བའི་དབང་པོ་ཞེས་པ་གསུམ་གསུངས་སོ། །དེ་བཞིན་ཉིད་ཀྱི་གསང་བ་ལས། །ཞེས་པ་དག་རྒྱུད་འདི་ཁམས་གསུམ་བསྟན་པའི་ཁུངས་སོ། །རྡོ་རྗེ་གསང་བའི་དབང་པོ་དང་། །ཞེས་པ་དག་ངོ་བོ་དང་གྲངས་ཏེ་གོ་སླའོ། །ཁས་བླངས་བའི་རྒྱས་པར་བསྟན་པ་སྟོན་པའི་ཕྱིར། སྐབས་འདི་ན་མར་མི་མཐུན་པ་འདི་སྐད་ཀྱང་འབྱུང་། འཇིག་དང་ཞེས་པ་དག་རྒྱས་པར་སྟོན་པ་སྟེ་གོ་སླའོ། །དགུག་དང་འཛིན་དང་དེ་བཞིན་ཏེ། །ཞེས་ནས་བདེ་བ་སྒྲ་སྙན་ཕྱོགས་བཅུ་སྒྲོགས་ཞེས་པ། སྒོ་མ་བཞིའང་ཚང་བར་འཆད་དེ། སྒྱུ་འཕྲུལ་རྒྱ་མཚོ་ལས། ཤེས་རབ་ཐབས་ཀྱི་གཡས་བཟུངས་སྟེ། །སྟོད་སྨད་དགུག་པ་ཀྱོ་ག་ཏ། །དབང་པོ་ཡུལ་བསྡུས་འཁྱུད་པ་ནི། །གསང་བ་ཆེན་པོའི་ཞགས་པའོ། །སྟོད་སྨད་ཤིན་ཏུ་བསྡམ་བྱས་ཏེ། །མ་སྐྱེས་མི་གཏོང་སྒྲོག་གི་ལས། །བསྐྱོད་པ་ཧ་སའི་བདེ་སྒྲ་བ་སྲོགས། །ཀུན་ཏུ་གྲག་ཅིང་བདེ་མྱོང་ཧོ། །ཞེས་གསུངས་པའོ། །གསང་བའི་ལྷ་མོ་བསྟན་པའི་ཕྱིར་ཤིན་ཏུ་བསྒེགས་པའི་གཟི་བརྗིད་འབར་ཞེས་པ་ནས། གཟུགས་མཛེས་བསྐྱོད་པས་ཕྱོགས་བཅུར་གཡོ་ཞེས་པ་ཕྱི་རོལ་ཏུ་ཡུམ་ཆས་གཉིས་ཀྱིས་མཛེས་པ་དང་། ཆགས་པའི་གདུང་བ་འཕྲེང་བ་དང་། དབྱངས་ཀྱིས་སྐུལ་བས་ཤེས་པ་རང་དབང་མེད་པ་སྐྱེ་བ་དང་། ཆ་དང་བསྐྱོད་པས་བབབ་པ་ལ་བཤད་ཟེར་འདིར་ན་ཐབས་དམ་པའི་བདེ་བ་ཉིད་ལ་འདོད་དེ་དེ་ཉིད་ལས། ཉི་ལྡན་ཧཱུྃ་ཕཊ་ༀ་དང་མཱུྂ། །བསྐྱོད་འདྲེས་བདེ་བ་ངོམས་པ་མེད། །ཐིག་ལེ་འཕོ་བའི་རྒྱུན་བཞིན་དུ། །དགའ་བའི་འཕྲེང་བའི་རྒྱུ་འབྲས་འབྱུང་། །བརྗོད་དང་འདྲ་བར་ཀུན་གསལ་བ། །རིག་པའི་གསུང་སྦྱངས་གཉིས་མེད་རྫོགས། །ཉི་ཟླ་མཛེས་པ་སླད་བསྐྱོད་པས། །ས་ཡ་བཅུ་གསུམ་བཅུ་གསུམ་ལྟར། །ཕྱོགས་རིས་མེད་པར་ཀུན་ནས་ལྡང་། །དགྱེས་པ་ཆེན་པོའི་ག་ཡིན་ནོ། །ཞེས་གསུངས་སོ། །མཆོད་པའི་ལྷ་མོ་རྒྱས་པར་བསྟན་པའི་ཕྱིར། །ཀུན་ཏུ་ཚིམ་བྱེད་བྲོ་བསྲུང་ཐིམ། །ཞེས་པ་ནས། བདུད་རྩི་བསིལ་དྲོ་འཇམ་པའི་དབྱིངས་ཞེས་པ་དེ་ཉིད་ལས་འབྱུང་བཟློག་བདེ་བ་དགྱེས་པ་ཆེ། མུ་གི་སྒོ་ཕྱེ་ལས་འབྱུང་བའོ། །ཀུན་དྷ་ར་གའི་མེ་ཏོག་དང་། །གནས་སུ་འཕྲོས་པའི་ཆུ་སྐྱེས་དགའ། །དེ་ཉིད་སླར་བསྟིམས་ཐབས་ལས་སྐྱེས། །དེ་ཚེ་ཡེ་ཤེས་གཉིས་གསལ་མེ། །བདེ་བ་ཆེན་པོར་ཀུན་ཏུ་གསལ། །མཐའ་གཉིས་རོ་མཉམ་ལྷུན་རྫོགས་པའི། །ཡེ་ཤེས་རྒྱལ་བ་ཀུན་གྱི་ཐུགས་ཞེས་གསུངས་སོ། །ཨ་ལ་ལ་ཧོ། །ཞེས་པ་ཁམས་གསུམ་ལ་ལྷ་མོ་བཞི་གསུམ་རྫོགས་པས་དགྱེས་པའི་དོན་དོ། །ཁམས་གསུམ་ལ་རྒྱུ་འབྲས་ཀྱི་ཆོས་ཀུན་རྫོགས་པར་བསྟན་པའི་ཕྱིར། གསང་བའི་དབང་པོ་པདྨར་ལྡན་འགྱུར་ནས། ཆགས་པ་མེད་པའི་ཚུལ་གྱིས་སུ། །ཞེས་པ་ལ་སོགས་པ། བཞི་ལྔའི་ཚེ་ཁམས་གསུམ་སྤྱོད་པ་ལ། ཐབས་དང་ལྡན་པའི་ཚེ། སྤྱོད་ལ་མ་ཆགས་པའི་ཚུལ་གྱིས། །རྒྱུ་འབྲས་རྫོགས་པའི་ཚུལ་གཉིས་ཏེ། །བྱེ་བྲག་བསྟན་པའི་མན་ངག་ལས། །རིམས་འབྱུང་དགའ་བཞི་བཅུ་དྲུག་འགྱུར། །དང་པོ་བཞི་རྣམས་ཚོགས་ཡིན་ཏེ། །གཉིས་ཅིག་སྦྱོར་བའི་གཉིས་པ་གཉིས། །རབ་དགའ་མི་མཐའ་དང་པོར་ནི། །ཕ་རོལ་ཕྱིན་དང་ས་མཚན་ཉིད། །རིམས་མཚུངས་ལས་ཀྱིས་བཤིད་པ་ཡིན། །གང་མཐར་དེ་ལས་སླར་བཟློག་པ། །སངས་རྒྱས་དང་པོ་བརྒྱད་ཚོགས་ལམ། །བདུན་པོའི་ས་ནི་སྦྱོར་ལམ་སྟེ། །ཡས་བཟློག་གཉིས་པའི་གཉིས་པ་སོགས། །བཅུ་རིམ་མཐའ་ནས་སྤྲུལ་པའི་བར། །བཅུ་གཅིག་གཉིས་ཀྱི་བདེ་བའི་སར། །དེས་མྱོང་སྤྲུལ་པ་ནས་བཀྱེ་བ། །བཅུ་གསུམ་སྣང་བའི་ཕྱག་རྒྱར་གསལ། །དེ་ཉིད་རང་འབྱུང་ཡེ་ཤེས་གསལ། །སྐུ་ལྔ་ལྷུན་གྱིས་རྫོགས་པས་ན། །རིམ་པ་རྩོལ་བས་མ་བསྒྲུབ་རྫོགས། །ཐབས་ཆེན་ཐེག་པར་འདི་ལུང་བསྟན། །ཞེས་གསུངས་པའི་ཕྱིར། བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་རོལ་ཅེས་པའི་བར་དུ་གསུངས་པའོ། །ཐབས་ཆེན་པོའི་འབྲས་བུས་དགྱེས་པར་སྟོན་པའི་ཕྱིར། ཡི་གེ་གཉིས་སོ། །དེ་བཞིན་ཉིད་ཀྱི་གསང་མཆོག་ལས། །ཞེས་པ་ལ་སོགས་པ། ཁུངས་དང་ཆེ་བ་སྟེ་བཤད་ཟིན་ཏོ། །ཁམས་གསུམ་གྱི་མཚན་ཉིད་བསྟན་པའི་ཕྱིར། །གསང་བའི་མཚན་ཉིད་བརྗོད་པ་ནི། །ཞེས་པ་བཞི་གསུངས་ཏེ་གོ་སླའོ། །དབང་ལྔའི་དོན་བསྟན་པའི་ཕྱིར། དབང་པོ་ཡུལ་སེམས་ལྡན་འགྱུར་ན། །ཞེས་པ་ནས། འབྱིན་པར་བྱེད་ཞེས་པ། ཁམས་གཉིས་རང་གི་བཅུད་དང་ལྡན་པའི་ཚེ་སྦྱོར་བས། །སེམས་མཐའ་འགྲོ་འོང་བསྐྱོད་པ་ལ་གནས་ན། །ཡོན་ཏན་དང་འབྲས་བུ་ཅིར་ཡང་འཆར་ཏེ་གང་ཞེ་ན། ལྷའི་དཀྱིལ་འཁོར་ཚད་ལས་འདས་པ་དང་། ཉི་ཤུ་རྩ་ལྔའི་འབྲས་བུའི་བྱེ་བྲག་མ་འདྲེས་ལ་ཡོངས་སུ་རྫོགས་པ་དེ་ཁམས་གསུམ་གྱི་ལས་ཀྱི་དུས་ཅིག་ཏུ་སྣང་བར་བྱེད་པའོ། །འདི་ནི་ཞེས་པ་གྲངས་འདོད་པའོ། །གསང་བའི་དོན་མཆོག་འདི་དག་ནི། །ཞེས་པ་ནས་ལེའུའི་མཐར་གཏུགས་པར། སྣོད་ངན་ལ་བྱིན་པའི་ཉེས་པ་གཉིས་ཡོད་པས་སྤང་བ་དང་། སྣོད་བཟང་པོ་ལ་བསྟན་པ་སྟེ་གོ་སླའོ། །ཐམས་ཅད་མ་ལུས་དབྱིངས་སུ་བསྡུས། །ཞེས་པ་ལེའུའི་མཚན་ཏེ་དངོས་པོའི་གཉིས་ཀྱི་རྒྱུར་ཁམས་གསུམ་བསྟན་པའོ། །ལེའུ་ཉེར་གཉིས་པའི་སྤྱན་རྣམ་པར་འགྲེལ་པའོ།། །།ཅིག་ཆར་བ་དང་། ལྟ་བ་ཐུན་མོང་དུ་ལམ་བསྟན་པའི་ཕྱིར། །ལེའུ་ཉེར་གསུམ་པའི་རྣམ་པར་བཤད་པ་ལ་འཇུག་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ཞེས་བྱ་བ་ལ་སོགས་པ། ཡང་འདི་སྐད་བརྗོད་དོ། །ཞེས་པར་འགྲེལ་ཏོ། །གང་ལྟར་བརྗོད་ཅེ་ན། ཚིག་མགོ་འཇུག་གི་དོན་བསྡུས་ནས་བརྗོད། གང་དུ་འདུས་ཞེ་ན། ཆོས་ཐམས་ཅད་དབྱིངས་དང་དབྱིངས་གྱི་ཡེ་ཤེས་སུ་འདུས་པར་བསྟན་ནས། ཞེས་པ། དབུ་ཞབས་ཀྱི་ཚིག་གིས་མངོན་གསུམ་དང་བརྒྱུད་པ་རྟེན་གྱིས་ཐབས་ཀྱིས་སྙད་པའི་དོན་ཁོ་ནའི་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཡིན་པ་དེ་བསྟན་པར་དགོངས་ནས་ཞེའོ། །འདུས་ལུགས་ཅི་ཞེ་ན། ཆོས་ཐམས་ཅད་ཡིད་དང་ཆོས་སུ་འདུས་པར་བསྟན་པ་དང་། ཤེས་རབ་ཐམས་ཅད་ཡུམ་བཞིར་འདུས། །ཞེས་པ་ལ་སོགས་པ། སྐྱེ་བོ་པའི་ཆོས་ཀྱི་རྩ་བ་ཡིད་ཆོས་གཉིས་མཐའ་ལས་གྲོལ་བ། དཀྱིལ་འཁོར་གྱི་རྩ་བ་ཀུན་བཟང་ཡབ་ཡུམ་ཡིན་པའང་། རང་རྒྱུད་པའི་ལམ་ཡིན་ཏེ། གཅིག་དང་སུམ་ལས་གྲོལ་བ་ཡིན་པའི་ཕྱིར། གདུལ་བྱའི་སྣང་བ་ལ་ལྷ་མང་པོའང་ཡབ་ཡུམ་བརྒྱད་ཉིད་ཡིན་ལ། བརྒྱད་ཀྱང་གཉིས་མེད་ཡིན་པ་དེ་གྲངས་ལ་འཕེལ་འགྲིབ་ཡོད་པ་མིན་ཏེ། དེ་ཉིད་མ་སྐྱེས་པ་ཉིད་ཡེ་ཤེས་སུ་གསལ་བའི་དོན་བསྟན་པར་དགོངས་ནས། གསུངས་སོ། །དེ་དག་གི་དོན་རྒྱས་པར་བསྟན་པ་ལས། གཉིས་མེད་ཀྱི་དོན་བསྟན་པའི་ཕྱིར་དོན་གྱི་རྩ་བ་མཆོག་ཡིན་ནོ། །ཐམས་ཅད་མ་ལུས་མི་ལུས་མི་དམིགས་མ་ཆགས་ཆོས་ཉིད་དེ། ཞེས་པ། ཤེས་གྲུབ་ཀྱི་གཞིར་གྱུར་བ་ནི་གཉིས་སུ་མེད་པ་དམ་པ་ཡིན་ཏེ། དེ་ཉིད་ཇི་ལྟར་ཞེ་ན། དངོས་པོ་འཁོར་བ་དང་མྱ་ངན་འདས་པ་དང་། ཡབ་དང་ཡུམ་གྱི་རིས་མ་སྤངས་བྲལ་བ་ངོ་བོ་མི་རྙེད་པས་ངོ་བོ་ཉིད་ཡུལ་མེད་པས་འདུ་ཤེས་ཀྱི་ཟིན་ཆགས་དང་ངང་གིས་བྲལ་བའོ། །འོ་ན་སྣང་བ་འགོག་གོ་བར་དོག་པ་ལ། དེ་བཞིན་ཉིད་དབྱིངས་སྣ་ཚོགས་མང་པོ་ཐབས་སུ་སྣང་། ཞེས་པ་གཉིས་སུ་མེད་པའི་དེ་བཞིན་ཉིད་མུ་མཐའ་མེད་པ་ཉིད་འབྱུང་ཁུངས་རྣམ་པར་བཅད་དེ། རིགས་དང་ཡབ་ཡུམ་དང་བྱེ་བྲག་གི་ཆོས་ཐམས་ཅད་དུ་ཆོ་འཕྲུལ་ཉིད་རང་སྣང་བས་སྟོང་པའི་མཐའ་འང་མེད་ལ་ཐབས་འདུས་པའང་དེ་ཉིད་དོ། །འོ་ན་སྣང་བ་དུ་མའི་ཆོས་འབའ་ཞིག་གོ་སྙམ་པ་ལ། ཐབས་ཉིད་སྒྱུ་མ་མིག་ཡོར་ཆུ་ཟླ་གཟུགས་བརྙན་ཡིན། ཞེས་པ། དེ་ལྟར་རིག་པ་ཉིད་བྱེ་བྲག་ཆོས་སུ་སྣང་ཙམ་ཉིད་ན་རྒྱུ་རྐྱེན་འདུས་པ་ལས་བྱུང་བ་མ་ཡིན། མི་བདེན་པ་མ་ཡིན། རྟེན་ཅན་མ་ཡིན། རྟེན་ལས་འབྱུང་མ་ཡིན་པས་མི་མཐུན་པའི་དཔེས་མ་གྲུབ་པ་དང་། ཡང་ཅིར་ཡང་སྣང་ལ་ཅིར་ཡང་མི་ཟིན་པ་དང་། སྣང་བ་ཉིད་ན་མེད་པ་དང་། འགྲོ་འོང་མེད་པ་དང་། གསལ་སྟོང་པས་མཐུན་པའི་དཔེ་མ་གྲུབ་པའོ། །དོན་ཅིག་ལ་མཚོན་པ་བཞི་མཚོན་ལུགས་མི་མཐུན་པ་དང་བསམ་པའི་དབང་གཉི་གའོ། །དེ་བས་ན་སྣང་བ་གྲོལ་བ་དང་ཤེས་རབ་འདུས་པའོ། །དེ་བས་ན་གཉིས་སུ་མེད་པར་བསྟན་པའི་ཕྱིར། དེ་ཉིད་རང་རིག་ཡེ་ཤེས་ཆགས་མེད་སྣ་ཚོགས་སྣང་། །ཞེས་པ། སྣང་སྟོང་གི་མཐའ་དང་བྲལ་བར་བསྟན་པའི་དོན་ཉིད་ཡེ་ཤེས་དྲུག་པ་ཡུལ་དང་བྲལ་བ་གཉིས་ལྡན་བསམ་བརྗོད་ལས་འདས་པར་རང་སྣང་བ་ལ་ཐ་སྙད་ཙམ་དུ་ཡིད་ཆོས་དབྱེར་མེད་པ་ཞེས་བྱའོ། །དོན་རྟོགས་པ་ལ་བག་ཆགས་མི་སོགས་པར་བསྟན་པའི་ཕྱིར། ཐབས་དང་ཤེས་རབ་ལྡན་པ་མཆོག་གི་གནས་གྱུར་པས། ཇི་ལྟར་སྤྱད་ཀྱང་ཟག་མེད་གཉིས་གྲུབ་སྒྲིབ་མི་འགྱུར། །ཞེས་པ། དོན་དེ་སུ་ལ་ཡོད་པའི་སྐྱེས་མཆོག་ནི་སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པས་འདུ་ཤེས་མེད་པའི་ཕྱིར། སྤྱོད་པ་ཅི་བྱས་ཀྱང་ཟག་པ་གསུམ་མི་འབྱུང་ཞིང་། ཚོགས་གཉིས་རྫོགས་ནས་སྒྲུབ་གཉིས་འབྱང་བར་གྱུར་པའོ། །དེ་བྱས་པ་མ་ཡིན་པའི་ཕྱིར། །ཤེས་རབ་ཐབས་ཆེན་མཆོག་ཝ་ཡེ་ནས་རོལ་པ་ཡིན། །ཞེས་པ། རང་རིག་པ་ཅིར་ཡང་ཤར་ལ་ཟིན་ཆགས་མེད་པ་ཡེ་ཡིན་པའི་ཕྱིར་དེ་ལྟར་གྱུར་པའོ། །དེས་ན་ལམ་རིམ་པ་མེད་པས་ཅིག་ཆར་གྱི་དོན་བསྟན་པའི་ཕྱིར། དེ་ཉིད་ཕྱག་རྒྱ་སྣ་ཚོགས་སྤྲུལ་པ་རང་རིག་སྟེ། །ཞེས་པ། ཡེ་ཅི་ཡིན་པའི་དོན་རྟོགས་པའི་རིག་པ་ཉིད་སྐད་ཅིག་ལ་དབུགས་འབྱིན་པའི་དཀྱིལ་འཁོར་ཞི་ཁྲོ་ལ་སོགས་པ་དུ་མར་སྣང་བའི་རིག་པ་ཉིད་སྣང་བའོ། །རྒྱུ་འབྲས་ཡེ་ནས་དབྱེར་མེད་སྔ་ཕྱི་མ་ཡིན་པས། །འབྲས་བུ་ལམ་དུ་གྱུར་ནས་དུས་ཅིག་མཉམ་པར་སྦྱོར། ཞེས་པ་རང་བཞིན་ཡེ་ནས་རྒྱུ་འབྲས་དབྱེར་མེད་པས། དུས་བཞི་མཉམ་པ་ཉིད་ཡིན་པ་ནི་གཏན་ཚིགས་སོ། །དེས་ན་ལམ་བས་ཀྱང་དེ་ཤེས་པ་མཐར་ཕྱིན་ནས། འཇུག་པ་ལ་རིམ་པ་བཞི་མེད་དེ། རང་བཞིན་གྱི་དཀྱིལ་འཁོར་སྐད་ཅིག་མས་སྐྱེད་པ་རང་རིག་སྣང་བ་ཉིད་མངོན་དུ་བྱས་པ་ཙམ་གྱི་ཕྱིར། སྔ་ཕྱི་དང་ཆེ་ཆུང་མེད་པར་ཆུད་པ་ནི་ས་ནོན་པའོ། །དེའི་ཆེ་བ་བསྟན་པའི་ཕྱིར། འདི་ནི་ཡིད་བཞིན་རིན་ཆེན་ཐམས་ཅད་འབྱུང་བའི་གནས། ཐམས་ཅད་འདུས་པའི་གཏེར་དང་ཡིད་བཞིན་མཛོད། ཞེས་པ། གཉིས་མེད་དུ་རྟོགས་པའི་དོན་རང་རིག་པ་ཉེ་བར་བསྟན་པ་ནི། མི་ཟད་རྒྱན་གྱི་འཁོར་ལོ་འཕེལ་འགྲིབ་མེད་པའི་བདག་ཉིད་པས། རིལ་གྱི་གཞི་རྩ་དང་ངོ་བོ་ཉིད་དེ། འགྲོ་འོང་འཕེལ་འགྲིབ་ངང་གི་བྲལ་བའོ། །རིག་པ་རང་བྱུང་གི་ཡེ་ཤེས་ཉིད་སྣང་གཞིར་བསྟན་པའི་ཕྱིར། གཉིས་བྲལ་མཉམ་དང་མི་མཉམ་ཐམས་ཅད་མཉམ་ཉིད་ཀྱི་དབྱིངས། ཞེས་པ། ངང་གིས་མཐའ་དང་བྲལ་བའི་ཡེ་ཤེས་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་རིས་མེད་དེ། རིལ་རང་བྱུང་གི་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་ཉིད་དོ། །ང་དང་བདག་མེད་སྣ་ཚོགས་མཚན་མ་དབྱེར་མེད་པ་ཞེས་པ། ཐམས་ཅད་བདག་ལ་བདག་ཐམས་ཅད་པའི་ཕྱིར་རྣམ་པ་མེད་པས། རང་བཞིན་ལ་རྟོག་པ་དང་དེ་ཁོ་ན་ཉིད་ལ་རྟོག་པའི་མཚན་མ་ལ་སོགས་པའི་བྱེ་བྲག་གདོད་ནས་མེད་པའི་ཕྱིར། དེ་ཁོ་ན་ཉིད་འབའ་ཞིག་པས། །སྟོང་དང་མི་སྟོང་མི་གནས་དེ་ཉིད་དུ་རྡུབས། །ཞེས་གསུངས་སོ། །འོན་ཀྱང་ཉི་ཚེ་བའི་སྟོང་པ་དང་སྣང་བ་བསལ་བ་མ་ཡིན་པའི་ཕྱིར། རང་འབྱུང་རྡོ་རྗེའི་དཀྱིལ་འཁོར་མི་ཟད་སྟེར་ཆེན་འཕྲོ། །ཞེས་པ། དེ་ཉིད་གདུལ་བྱ་ལ་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་ཐ་དད་དུ་འགྲོ་འོང་མེད་པར་རང་སྣང་བའོ། །དེ་ཉིད་དང་མཐུན་པར་དང་པོའི་རྣལ་འབྱོར་གྱི་དོན་དུ་དབུ་ཞབས་ཀྱི་དོན་འདུས་ལུགས་བསྟན་པའི་ཕྱིར། འདས་དང་མ་འདས་དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་དང་། ཞེས་པ། ཆོས་རིལ་འཁོར་བ་དང་མྱ་ངན་ལས་འདས་པའི་དཀྱིལ་འཁོར་གཉིས་སུ་འདུས་ལ། དེ་ཉིད་ངོ་བོ་ཐ་མི་དད་པས། དཀྱིལ་འཁོར་རྣམ་པ་བདུན་གྱི་བྱེ་བྲག་ཇི་སྙེད་པ་ཡང་མ་འདྲེས་ལ་ཡོངས་སུ་རྫོགས་པ་ནི། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་རིགས་ཀྱི་བདག་པོ་དང་དྲུག་པ་འཕེལ་འགྲིབ་བྲལ་བའི་བདག་ཉིད་པའི་ཕྱིར། མི་ཟད་པར་ལྡན་རྒྱན་ཀྱི་འཁོར་ལོ་དྲུག་རྫོགས་པ་ཞེས་གསུངས་སོ། །སྐྱེ་མེད་དབྱིངས་ཀྱི་རང་འབྱུང་འོད་གསལ་འཕྲེང་ལྡན་མགོ། ཡེ་ནས་མ་བཅོས་མ་བྱས་རང་རིག་ངང་གིས་གསལ། ཐམས་ཅད་འབྱུང་འཇུག་རང་རིག་གཏེར་ཆེན་ནང་དུ་བསྡུས། །ཞེས་པ། གང་རྒྱུ་རྐྱེན་བྲལ་བས་དངོས་གཞི་ཡོངས་སུ་མི་ཟིན་པ་ནི། སེམས་རང་འབྱུང་གི་ཡེ་ཤེས་ཏེ། །ཉི་མ་འབུམ་གྱི་གཟི་བརྗིད་ཀྱིས་ཀྱང་བསྒྲུན་དུ་མེད་པ་ཉིད་རྒྱན་གྱི་འཁོར་ལོ་རྒྱུན་མི་འཆད་པར་སྣང་བའི་སྙིང་པོའོ། །དེ་ནི་ལེགས་པ་ཆེན་པོར་བཞུགས་པས་བྱེད་པ་པོ་མེད་པ་དང་རྒྱུ་རྐྱེན་འདུས་པ་མ་ཡིན་དུས་གློ་བུར་པར་མིན་པར་གདོད་ནས་རང་གི་མཚན་ཉིད་རིག་པར་གསལ་བའང་རང་བཞིན་གྱི་གཏན་ཚིགས་ཀྱིས་ཏེ་ངོ་བོའི་སྒྲིབ་བྱེད་དང་བྲལ་བའོ། །དེའི་ཕྱིར་དངོས་པོ་འགྲོ་འོང་དང་ཤེས་པའི་སྒྱུ་འཕྲུལ་ལ་སོགས་པའི་ངོ་བོ་ཉིད་རིག་པ་ལྷུན་གྲུབ་ཏུ་བྱེ་བྲག་མེད་པས་མ་བསྡུས་རྫོགས་པ་ནི། འདྲ་བའི་ཅིག་པ་ཙམ་མ་ཡིན་ཏེ། སྒྱུ་འཕྲུལ་དྲ་བའི་གསང་བའི་སྙིང་པོའང་དེ་ཉིད་དོ། །དེ་བས་ན་དངོས་པོ་གཉིས་གཉིས་མེད་དུ་བསྟན་བསྟན་པའི་ཕྱིར། ཕྱོགས་བཅུ་མ་ལུས་མི་ལུས་ཐམས་ཅད་ཀུན་འདུས་དང་། །ཞེས་པ་ལ་སོགས་པ། བཅུའི་ཆོས་ཕྱི་ནང་སྣོད་བཅུད་མཐོ་རིས་ངན་སོང་ལ་སོགས་པ་འཁོར་བའི་ཆོས་རིལ་ངོ་བོ་ངང་གིས་མཐའ་དང་བྲལ་བའི་ཕྱིར་མི་གནས་པའི་ཡེ་ཤེས་མིང་བཞིའི་ངོ་བོ་ཉིད་དོ། །ཞིང་ཁམས་གཞལ་ཡས་བསམ་ཡས་རིན་ཆེན་མཆོག་ཆེན་ཡིན་ཞེས་པ། གཞི་ལ་མིང་ལ་ཞེན་པའི་ལས་ནོར་བ་ཙམ་ལས་འཁོར་བ་མེད་པའི་ཕྱིར་འཁོར་བ་ཉིད་རྒྱལ་བའི་ཞིང་ས་ཕྱོགས་ཉིད་དོ། །དེའི་ཕྱིར་སྐྱེ་མེད་དབྱིངས་དང་རང་རིག་གཉིས་སུ་ཡང་དག་འུབ། ཞེས་པ་ཡིད་དང་ཆོས་ཀྱི་ངོ་བོ་ཉིད་ཐ་སྙད་ཀྱིས་ཕྱེ་བས་དབྱིངས་དང་ཡེ་ཤེས་སུ་བསྙད་ཀྱང་ངོ་བོ་དེ་གཉིས་བྱས་པ་མིན་པར་དབྱེར་མེད་པ་ནི་རིལ་གྱི་དངོས་གཞི་སྟེ། ལྟ་བ་དང་རིགས་དང་པོ་བཤད་པའོ། །ལམ་གྱི་ཆོས་རྣམས་དུས་ཅིག་རྫོགས་པར་བསྟན་པ་ནི་ཕྱིར། མོས་སྤྱོད་སྟོང་ཉིད་རྒྱུ་འབྲས་ཡང་ནས་སྦྱངས་མི་དམིགས་པ། ཞེས་པ། ཐུན་མོང་དང་ཁྱད་པར་གྱི་མོས་པ་སྤྱོད་པ་དྲོད་རྩེ་མོ་བཟོད་པ་འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང་། སྣང་བ་ཐོབ་པ་དང་མཆེད་པ་དང་། དེ་ཁོ་ན་ཉིད་ཀྱི་དོན་ཀྱི་ཕྱོགས་ཅིག་ལ་ཞུགས་པ་དང་། བར་ཆད་མེད་པའི་ལམ་ཡན་ཆད་ནས། ཆོས་ཀྱི་སྤྲིན་མན་ཆད་དུ་ཕ་རོལ་ཕྱིན་པ་བཅུ་དང་ས་བཅུ་ཞེའམ། ས་དེ་དག་ཉིད་གསལ་བྱ་གསལ་བྱེད་དང་རྟེན་དང་བ རྟེན་པའི་རྒྱུ་འབྲས་སུ་གྱུར་པས་རིམ་པར་ལམ་གསུམ་སྐབས་སུ་འབབ་པས། ཀུན་ཏུ་འོད་ཆོས་སྐུ་མི་དམིགས་པ་ཆེན་པོ་ཐོབ་པ་དང་། ཡེ་ནས་འོད་གསལ་ཆགས་མ་ཆགས་དཀོན་མཆོག་གནས། ཞེས་པ། དེ་ལྟར་མི་དམིགས་པ་འོད་གསལ་ས་དང་པོ་ལས་གཞན་པ་རིག་པ་ཡུལ་དང་བྲལ་བ་ཅི་སྤྱད་ཀྱང་ཐོགས་པ་མེད་པས་ཐོགས་པ་དང་བྲལ་བ་ནི་པདྨ་སྤྱན་ཏེ། སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་རྙེད་དཀའ་བའོ། །མིང་ཙམ་མཆོག་རོལ་ཐབས་དང་ཤེས་རབ་མཆོག་གིས་རྫོགས། ཞེས་པ་སྙད་དུ་འགྲོ་དོན་མི་འགོག་པར་མཛད་པའི་སྐུ་ཕྱག་རྒྱར་སྣང་བའི་ཡི་གེ་འཁོར་ལོའི་སའོ། །དེ་ཉིད་ན་ངོ་བོ་བཙལ་བར་དཀའ་བར་གསལ་བ། ཡེས་དྲུག་པ་ནི་མཚན་ལྔའི་བདག་ཉིད་པ། དེ་ཡེ་ཤེས་བླ་མའི་སའོ། །དེ་དག་གི་ཡིད་དང་ཆོས་དབྱེར་མེད་པ་ཉིད་བུལ་དམ་པ་ཡིན་པའི་དོན་གྱིས་རྫོགས་པས་ལམ་དང་འབྲས་བུ་འདུས་པའོ། །ཐུན་མོང་གི་ལམ་བསྟན་པའི་ཕྱིར། །ལམ་སྟེགས་ཉིད་དུ་ཕ་རོལ་ཕྱིན་བཅུ་རྫོགས་པར་རྒྱུ་འབྲས་སྤྱོད་ཞེས་པ། འདི་དང་ལྔ་ཕན་ཆོད་དུ་སོང་བ་དང་ཆེད་དུ་བདག་གཞན་དོན་དུ་བརྩམ་པ་སྟེ། སྔོན་དུ་བྱ་བའི་ལས་ཀྱང་ཡིན་ནོ། །དོན་དེ་སུས་བཤད་པའི་སྟོན་པ་པོ་བསྟན་པའི་ཕྱིར། མཉམ་ཉིད་རིག་པའི་རྡོ་རྗེ་ཐབས་ཆེན་ཡང་དག་ལྡན། འགྲོ་མེད་འོང་མེད་མི་གནས་ཀུན་ཁྱབ་ཁྱབ་མེད་ཉིད་ཀྱིས་བཤད། ཞེས་པ། བདེན་པ་གསུམ་པ་མངོན་དུ་བྱ་བའི་ཡེ་ཤེས་ནི་མཚན་ཉིད་དང་ངོ་བོ་དང་ལས་ཀྱིས་རྡོ་རྗེ་ལྟ་བུ་ཆེན་པོ་སྟེ། དེ་ཉིད་བདག་ཉིད་ཡིན་པ་ནི་ཐ་དད་པའི་ལྡན་པ་མ་ཡིན་པའི་ཕྱིར། སྟོན་པ་ཀུན་ཏུ་བཟང་པོའི་མཚན་ཉིད་ཡེ་ཤེས་རྒྱུད་ཅིག་ནས་མི་སྐྱེ་བ་དང་། མས་མ་རེག་པ་དང་། རིལ་ལ་བསྣུབས་པ་དང་། དེའང་ཕན་ཚུན་བསྒོས་པ་མེད་པའི་ངོ་བོར་བཞུགས་པའི་སྟོན་པས་གསུངས་པའོ། །ཨ་ཧོ་ཞེས་པ། ཡིད་ཆོས་དབྱེར་མེད་པའི་དོན་ཏོ། །ལེའུའི་མཚན་བཤད་པར་ངོས་གཟུང་བ་གོ་སླའོ། །དྲུག་ཅུ་རོ་གཉིས་ཞེས་པ། སྒྱུ་འཕྲུལ་བརྒྱད་ཅུ་པའི་ལེའུ་ཤོར་བས་མཚན་ངེས་པའོ། །ལེའུ་ཉེར་གསུམ་པའི་སྤྱན་རྣམ་པར་འགྲེལ་པའོ།། །།རྡོ་རྗེ་ཞིང་ཆེན་བསྒྲུབ་པ་བསྟན་པའི་ཕྱིར། ལེའུ་ཉེར་བཞི་པའི་རྣམ་པར་བཤད་པ་བརྩམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མི་འཆི་བ་རྡོ་རྗེར་བསྒྲུབ་པ་འདི་གསུངས་སོ། །ཞེས་པ། སྟོན་པ་ཀུན་ཏུ་བཟང་པོས་སྐྱེ་ཤི་མེད་པར་བྱ་བའི་ཐབས་གསུངས་པའང་། སྒྱུ་འཕྲུལ་བསྒྲུབ་པའི་མན་ངག་ཉིད་དུ་ཤེས་པར་བྱ་སྟེ། ཁུངས་ཀྱིས་བླ་མ་ལ་མཉེས་པས་ཕོག་པར་གྱིས་ལ་ཞུས་ཤིག་པའོ། །འདིར་མན་ངག་ཡོད་པའི་ཕྱིར་རྒྱུད་ཀྱི་རིམ་པ་སྤང་མ་དགོས་ཏེ། གནས་དང་སྒྲུབ་པ་པོ་དང་། ཡོ་བྱད་རྣམས་དང་། གྲུབ་རྫས་དང་། སྔོན་དུ་བྱ་བ་དང་། བསྙེན་བསྒྲུབ་བྱ་བའི་ལས་ཀྱི་རིམ་པ་དང་། སྤགས་པའི་ཚིག་དང་། རྟག་དང་ལས་ལ་སྦྱར་བ་དང་། །དངོས་གྲུབ་བླང་ཐབས་དང་། ལས་མངོན་དུ་དབྱུང་དུས་དང་། ཡོན་ཏན་ཙམ་དུ་རེ་ཞིག་ཤེས་པར་བྱའོ། །དེ་ལ་དང་པོ་སྔོན་དུ་བསྒོམ་པ་བསྟན་པའི་ཕྱིར། རྡོ་རྗེ་ཞིང་ཆེན་བསྒྲུབ་འདོད་པས། །ཞེས་པ་ལ་སོགས་པ་སྔོན་དུ་སྒོ་ནས་ཚེ་དང་རྫུ་འཕྲུལ་འགྲུབ་པར་འདོད་པས་འཆི་འཕོ་གྲོལ་བའི་དོན་དམ་པའམ་བདེན་པ་གསུམ་པ་རྟོགས་ནས་གོམས་པར་བྱའོ། །བསྙེན་བསྒྲུབ་ཀྱི་ལྷ་བསྟན་པའི་ཕྱིར། ཁྲོ་བོ་བདུད་རྩི་འཁྱིལ་པའི་ཞེས་པ་ལྗང་ནག་རྒྱ་གྲམ་དབྱུག་ཏོ་ཅན་དུ་བསམ་པར་བྱའོ། །དེ་གསལ་ནས་ཕྱག་རྒྱ་བཞིས་ཤེས་པ་རོལ་དབབ་པའི་ཕྱིར། ཛ་ཧཱུྃ་བཾ་ཧོས་དགུག་པར་བྱ་ཞེས་གསུངས་གསུངས་སོ། །བདག་དང་ཁྲོ་བོ་གཉིས་མེད་པར། ཞེས་པ་ལ་སོགས་པ་སྔོན་དུ་བསྙེན་པ་བྱའོ། །དང་ནི་གདམས་ངག་སྟེ་ཕྱག་རྒྱ་ཅིག་པའི་རྣལ་འབྱོར་ཡན་ཆད་ཐོབ་དང་བསྙེན་པ་རྟགས་ཕྱིན་ནས་རོའི་སྟེང་དུ་འདུག་པའི་ཕྱིར། ཞིང་ཆེན་འོག་ཏུ་གཞུག་པར་བྱ་ཞེས་གསུངས་སོ། །དཀྱིལ་འཁོར་མ་ལུས་དེར་བཀོད་ནས། །ཁྲོ་བོ་ཁྲོ་མོ་འཁོར་དུ་བསྒོམ་ཞེས་པ། །རང་རང་གི་རྟོག་པའི་གནས་སམ་ཡན་ལག་ལྔ་ལ་ཚོམ་བུ་ལྔ་བཀོད། དེའི་ཕྱི་སྐོར་དུ་ཧཱུྃ་ཆེན་ཉི་ཤུ་དགོས་པའོ། །མངག་པའི་ཕོ་ཉ་ཕྱོགས་བཅུར་གཏང་། །ཞེས་པ། ཡེ་ཤེས་དང་ལས་དང་ཏིང་ངེ་འཛིན་གྱི་ཕོ་ཉ་བཀྱེ་ལ་མཐོན་དམན་གྱི་འགྲོ་བ་ཀུན་བཀུག་སྟེ་རོལ་བསྟིམས་མོ། །བསྒྲུབ་པའི་གྲངས་བསྟན་པའི་ཕྱིར། བསྒྲུབ་པ་ཅིག་གམ་ཡང་ན་གཉིས། །ཞེས་པ་ལ་སོགས་པ། སྒྲ་ཇི་བཞིན་ཏེ་སྤྱོད་མཐུན་པ་སྲན་ཚུགས་ཤིང་དཔའ་བས་བྱ་བའོ། །གཞན་དུ་ན་ཏིང་ངེ་འཛིན་གྱི་རིམ་པས་འགྲུབ་པ་ལོ་ཟླའི་དུས་ནས་འཆད་དེ། འདོད་པ་མིན་ནོ། །རྟགས་བསྟན་པའི་ཕྱིར། སྣར་དང་སེར་དང་མདོག་སྣུམ་འབྱུང་། །ཞེས་པ་གསུངས་པའོ། །བཟླས་པ་བསྟན་པའི་ཕྱིར། དེ་ནས་ཏིང་འཛིན་བདུད་རྩི་ཡིས། །ལན་གྲངས་ཞེས་པ། བཀུག་པའི་རྗེས་སུ་ལས་ཀྱི་ལྷ་བདུད་རྩི་འཁྱིལ་བར་གསལ་བའི་ཏིང་འཛིན་གྱིས། བཟླས་པའི་ཚད་ཁྲི་ཕྲག་བཅུ་པའམ། །འབུམ་ཕྲག་བདུན་དང་བཅུ་ལ་སོགས་པར་བཟླས་བའོ། །སྔགས་ནི་ཁྲོ་བོ་དེ་ཉིད་ཀྱི་ལས་དང་། །བཅས་པའི་སྔགས་ཏེ་སྲོག་དང་ལྡན་པར་བྱའོ། །ཚུལ་ཇི་ལྟར་བཟླས་སྙམ་པ་ལ། །བཟླས་པའི་ཚུལ་ནི་རྣམ་གསུམ་དང་། །ཞེས་པ་ལ་སོགས་པ། གསལ་བ་གསུམ་བཤད་ཟིན་ཏེ། སྨྲ་བྱེད་གསུམ་རྡོ་རྗེ་གསུམ་པའི་བར་ནས་སྒྲ་འབྱུང་བར་བསམ་མོ། །དེ་ཉིད་ལ་ཡེ་ཤེས་ལྔའི་འོད་ཟེར་དང་ལྡན་པར་བསམ་པའོ། །ཞིང་དེ་ལྟིམ་ལྟེམ་ཞེས་བདག་མཉེན་པར་གྱུར་པ་དང་། དམ་རྫས་ཨ་མྲི་ཏས་བྱུག་སྟེ་བགེགས་མི་གནས་པའི་ཕྱིར་རོ། །དེ་ནས་ཡི་གེ་འབྲུ་ལྔ་འགོད་ཞེས་པ། ཡན་ལག་དང་དབང་པོ་ལྔ་ལ་འགོད་པའོ། །དབང་པོ་ལྔ་ལ་དབང་པོའི་ཚུལ་ཞེས་པ། དབང་པོ་གཡས་གཡོན་ལ་ཕྱི་ནང་གི་སེམས་པ་ཡབ་ཡུམ་འགོད་པའོ། །སྤོག་པའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞིང་དེ་འགུལ་འགྱུར་ནས། །ཞེས་པ་ནས། ཕྱོགས་བཞི་དག་ཏུ་ཐོད་པ་བསྟན་ཞེས་པ་ལ་སོགས་པ་གོ་སླ་སྟེ། བསམ་པ་གོམས་པས་དབང་དུ་བྱ་བའི་ཕྱིར། །ཐོད་པ་དངོས་སམ་ཕྱག་རྒྱ་འཇུག་ནུབ་ཕྱོགས་སུ་བསྟན་ཏེ་བདུད་རྩི་འཁྱིལ་པ་ལས་མ་གྲུབ་ན་རྟ་མཆོག་བསྒོོམ་སྟེ། བསྙེན་པའི་ཚད་མཐུན་ཏེ་དེ་ཉིད་ཀྱི་ལས་དང་བཅས་པའི་སྔགས་སོ། །ཏིང་ངེ་འཛིན་ནི་ཕྱོགས་བཅུར་འཕྲོ་ཞི་ཞིང་ལ་བསྟིམ། ཞེས་པ་གསལ་བ་གསུམ་གྱི་ངོ་བོ་ལས། དང་སྤྲུལ་པ་ཕྱོགས་བཅུར་འཕྲོས། ཤེས་པ་བཀུག་སྟེ་རོལ་བསྟིམ་པར་བསམ་མོ། །རོ་འགུལ་ནས་སེམས་བསྟན་པར་བྱ་བ་ནི། བར་ཆད་དུ་མི་འགྱུར་བར་བྱ་བའི་ཕྱིར། དེ་ནས་ཞིང་དེ་དྲག་འགུལ་ནས་ཞེས་པ་གསུམ་གསུངས་སོ། །སུ་ཡིན་དྲི་བ་ནི། དེ་ནས་བར་བར་བྱེད་པ་དང་། །ཞེས་པ་ལ་སོགས་པ། རོ་འཕར་བ་དང་ཏིང་ངེ་འཛིན་པས་རི་ལ་རྡོ་རྗེས་དྲག་ཏུ་བརྡབ་ཅིང་ཁྱོད་ལམ་དུ་རྒྱུད་ལྔ་གང་ཡིན་དྲི་བའོ། །དངོས་གྲུབ་བླང་བ་བསྟན་པའི་ཕྱིར། །ཐོད་པ་ཁ་ནས་ཧྲི་བྱུང་ན། །ཞེས་པ་དག །ཐོད་པའི་ཁ་ནས་ལྕེ་བརྐྱང་ནས། །བསྒྲུབ་པ་པོས་རྡོ་རྗེ་རྩེ་གསུམ་པར་བསམས་པའི་སོས་བཅད་དེ་མིད་ན་བདག་དང་གཉིས་སུ་མེད་པར་གྱུར་ཏེ། རྐང་འགྱོགས་དང་རྫུ་འཕྲུལ་ཀུན་བདག་གིས་ཐོབ་པའོ། །ཡང་སེམས་ཅིག་པས་བཀའ་ཉན་པར་ཡང་འགྱུར་རོ། །ལྕེ་རོ་ལ་བརྡབས་ན་གསེར་དུ་འགྱུར་ཏེ་ནོར་བསྒྲུབ་བོ། །དེ་ནས་ཞིང་དེ་ལངས་པ་དང་། །ཞེས་པ་ལ་སོགས་པ། རྟགས་ལྔ་པ་དངོས་སུ་ལངས་ན། རྡོ་རྗེ་ལག་དུ་གཏད་དེ་ལས་ཀྱིས་ཤིག་པར་དབང་བསྐུར ། དམ་ཆུ་བླུད་དེ་དམ་ལས་མི་འདའ་བར་བྱའོ། །དེ་ནས་གང་འདོད་བཅོལ་བའོ། །དེར་རོ་ཡིས་ཀྱང་ཁས་བླངས་པ་བསྒྲུབ་པ་པོ་མི་དགོས་པ་དང་མི་འཆི་བའི་ཚེ་དང་། སྐྱེ་བ་མེད་པའི་ཆོས་འགྲུབ་པ་ལ་སོགས་པ་ཁས་བླངས་པར་ཡང་རྒྱས་པའི་རྒྱུད་ལས་འབྱུང་ངོ་། །ཡོན་ཏན་ནི་དེ་ལྟར་བསྒྲུབས་པའི་ཞེས་པ་གཉིས་གསུངས་སོ། །གནས་ནི་གོ་སླའོ། །མྱུ་དུ་འགྲུབ་པའི་ཆེད་ཡོད་པའི་ཕྱིར་ཞེས་སོ། །དུས་ནི། དགུ་དང་བཅུ་གཉིས་བཅུ་གསུམ་དང་ཞེས་པ། ཟླ་གྲངས་མཚན་བཞི་ཏིང་ངེ་འཛིན་དང་། བརྩོན་པའི་རིམ་པས་ཕྱེ་བའོ། །ཡོ་བྱད་བརྩལ་བ་ནི། ཕྱི་ནང་འཚོ་བའི་ཡོ་བྱད་རྣམས། །ཞེས་པ་ལ་སོགས་པ། འབྲུ་སྨན་དང་དམ་རྫས་ཤ་ལྔ་ལྔའོ། །གཞན་ཡོ་བྱད་གཉིས་པོ་དང་། ལམ་རྒྱུད་ལྔའི་རོ་དང་ཤ་དང་སྨན་དང་འབྲུ་དང་ཁྱད་པར་དུ་བསྒྲུབ་རྫས་རྨ་རྨེན་མེད་པའི་བཀྲ་ཤིས་པའི་ཞིང་བསམ་པ་བཙལ་ལོ། །རྟག་ཏུ་ཚོགས་ཆེན་མཆོད་པ་བྱ་ཞེས་པ་དག་དེ་ལྟར་གཙོར་བྱ། དེ་མ་ལྕོགས་ན་ཞག་རེ་ལ་གསུམ་མམ་ལྔ་རུ་བྱ་སྟེ། ཚོགས་སྐྱེད་པ་དང་ལྷ་ཉེ་བའི་ཕྱིར། ཁ་ཟས་རྣམས་ཀྱང་ཐོད་པ་བཟའ་ཞེས་པ་ནས། བདག་ནི་པན་གླང་ཅན་ལ་ཡོད་ཞེས་པའི་གོ་སླའོ། །མཚམས་བཅད་པ་བསྟན་པའི་ཕྱིར། རྡོ་རྗེ་བསྒྲུབ་པ་བར་ཆོད་ཀྱིས་རྟག་ཏུ་མཚམས་ནི་གཅད་པར་བྱ་ཞེས་པ་ལ་སོགས་པ། དགོས་ཆེད་ཡོད་པས་བསྲུང་བའི་འཁོར་ལོས་གཅད་པའོ། །ཕུར་པའི་རྒྱུ་གོ་སླའོ། །དེ་བྱིན་གྱིས་བརླབ་པ་ནི། ཕུར་བུའི་སྔགས་དང་ཁྲོ་སྔགས་ཀྱིས། །ཞེས་པ་ལ་སོགས་པ། ༀ་བཛྲ་ཀི་ལ་ཡ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ་གར་རྫ་གར་རྫ་ཧཱུྃ་ཕཊ། ཞེས་པ་སོགས་པ་ཕུར་པ་ལན་རེ་ལ་ལན་འབུམ་འབུམ་བཟླས་ཏེ་སྔོན་དུ་མཚམས་ཕུར་གདབ་པའོ། །ལག་པ་གཡས་གཡོན་ཐལ་སོར་ལ། ཞེས་པ་ལ་སོགས་པ། ལག་པ་གཉིས་ཀྱི་མཐིལ་སོར་ལ་ཨ་མ་ལས་ཉི་ཟླའི་སྟེང་དུ་ཧཱུྃ་ཟུང་བཅུ་བཀོད་པ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་སྐུར་གྱུར་པའི་བར་དུ་ཕུར་བུ་བཟུང་ལ། དེ་ལ་སྦྱོར་བའི་སེམས་སྐུར་གྱུར་པ་དང་བཅས་པ་ཕུར་པ་ལ་ཐིམ་ནས། བསྒྲུབ་པ་པོས་ཕུར་པ་རྡོ་རྗེ་ཕུར་བུ་ཀི་ལ་ཡ་ཡབ་ཡུམ་གྱི་སྐུ་མི་ཟད་པར་བསྒོམས་ཏེ། བདག་ཅག་མ་ཡིན་པ་གཞན་མི་མ་ཡིན་པའི་བར་ཆད་མཚམས་བཅད་དེ་ཕྱོགས་བཅུར་བཏབ་པ་ལ་གཞག་གོ། །བརྩོན་འགྲུས་བྱ་བ་གོ་སླའོ། །ཡོན་ཏན་བསྟན་པའི་ཕྱིར། དེ་ལྟར་བསྒྲུབ་པའི་རིགས་མཆོག་གིས། །ཞེས་པ་ལ་སོགས་ལ། རྡོ་རྗེ་ཐེག་པ་བསྒྲུབ་པའི་ཆ་རྐྱེན་ཡིད་ལ་ཅི་འདོད་པ་རེ་དེས་འབྱིན་པ་ཡན་ཆད་གསུམ་མོ། །རྫུ་འཕྲུལ་ཆེན་པོ་འདི་དག་ནི། །ཞེས་པ་ལ་སོགས་པ། མངོན་དུ་འབྱུང་བའི་དུས་ཏེ། རྐང་འགྱོགས་དང་འཕུལ་པ་ལ་སོགས་པའང་། ཚེའང་གྲུབ། ལུས་སྦེད་ནུས་ནས་བར་ཆད་དུ་མི་འགྱུར་བས། མངོན་དུ་འབྱུང་སྟེ་གོ་སླའོ། །ལེའུ་ཉེར་བཞི་པའི་སྤྱན་རྣམ་པར་འགྲེལ་པའོ།། །།ལམ་གྱི་རྣལ་འབྱོར་གཉིས་བསྟན་པའི་ཕྱིར། ལེའུ་ཉེར་ལྔ་པའི་རྣམ་པར་བཤད་པ་བརྩམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་སྒྱུ་འཕྲུལ་དྲ་བ་ལས། ཏིང་ངེ་འཛིན་གྱིས་རིམ་པར་སྦྱོར་ཞིང་དངོས་གྲུབ་མྱུར་དུ་ལེན་པའི་ཐབས་དྲ་བ་ལས་འདི་སྐད་ཅེས་གསུངས་སོ། །ཞེས་པ། རྒྱུད་གཞི་ལས་སྐབས་སུ་བསྒོམ་ལམ་རིམ་པ་བཞིས་སྦྱོང་བ་གཙོ་སྟོན་པའང་། སྦྱོར་ལམ་ཐབས་སྒྱུ་འཕྲུལ་དྲ་བ་ལས་མང་ན་ཡང་། འདིར་ལམ་གཉིས་དང་གསུམ་གྱི་རིམ་པ་ཉེར་བར་བཀའ་སྩལ་པའོ། །ཅིག་ཆར་འཇུག་པ་དང་མདོར་བསྟན་པ་ཐུན་མོང་དུ་བསྟན་པའི་ཕྱིར། དཀྱིལ་འཁོར་བསམ་ཡས་དངོས་གྲུབ་པ། །མི་དམིགས་དབྱིངས་ནས་དོན་འབྱིན་ཏེ། །ཞེས་པ་ལ་སོགས་པ་རྒྱལ་བའི་དཀྱིལ་འཁོར་ཇི་སྙེད་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དོན་དུ་གཉེར་བར་བྱའང་གང་གིས་ཐོབ་ཅེ་ན། མི་དམིགས་པ་གསུམ་མངོན་དུ་བྱས་པའི་རིག་པ་ཉིད་འབྲས་བུར་རང་ཆར་ཏེ། དེ་བས་ན་བློ་ཆེད་དུ་བྱ་བའི་རྩོལ་བས་མ་བསླད་པར་རང་བཞིན་གྱིས་དེ་ལྟར་རང་གསལ་བའོ། །གདམ་ངག་ནི་བསྒོམ་པ་ལས་དངོས་གྲུབ་འབྱུང་བས་བསྒོམ་པ་ལ་བསྐུལ་པ་སྟེ། ཅིག་ཆར་བའི་མི་རྟོག་པའོ། །ལྷར་བསྐྱེད་པ་བསྟན་པའི་ཕྱིར། མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །ཞེས་པ་ལ་སོགས་པ། རིག་པ་ཡུལ་དང་བྲལ་བ་ཡེ་ཤེས་ལྷའི་དཀྱིལ་འཁོར་གསལ་བ་མི་རྟོག་པའི་ཏིང་ངེ་འཛིན་ནོ། །འབྱུང་ཁུང་སྐད་ཟེར་ཡང་དེ་ཉིད་རིག་པ་ཅིར་ཡང་མ་འགགས་པར་ཡེ་གསལ་བར་རྟོགས་པ་ཉིད་ལྷར་རང་ཤར་བ་ནི་དའང་སྒྱུར་བ་སྟེ། གཉིས་པ་མེད་པས་མི་ཟད་པས་བརྒྱན་གྱི་འཁོར་ལོ་འགྲུབ་པས་ཅིག་ཅར་དང་རིམ་པའི་མདོར་ཐུན་མོང་དུ་སྟོན་ཏེ་བསྐུལ་བའི་ཕྱིར་རོ། །སྤྱོད་ཡུལ་ཐམས་ཅད་མན་འདའ་ལ། །ཞེས་པ་ལ་སོགས་པ། སྤྲོས་བཅས་ཀྱི་རྣལ་འབྱོར་མཐར་ཕྱིན་པས་སྤྱོད་ཡུལ་དག་པ་ནི་མཐར་ཕྱིན་པའི་ལམ་པ་སྟེ། དེའི་འཕྲིན་ལས་ནི་ཐུགས་རྗེ་ཆེན་པོས་ཐར་བསྐུར་ཞིང་ངན་སོང་སྦྱོང་བའོ། །ལོངས་སྤྱོད་སྐུ་དང་སངས་རྒྱས་ཞིང་ཞེས་པ་འབྲས་བུའོ། །ཇི་ལྟར་འདོད་པ་སྨོན་ན་འགྲུབ་ཞེས་པ། དང་དུ་བླངས་ན་འགྲུབ་པར་སྨྲ་སྟེ། ལོགས་སུ་སྨོན་པ་ནི་རིགས་པ་མ་ཡིན་ནོ། །དེ་བས་ན་འཆད་པའི་ལམ་རིམ་ལ་འབོད་ཅིག་པའོ། །མཚན་ཉིད་དང་པོ་མཐོང་ལམ་བསྟན་པའི་ཕྱིར། ཡང་ཤིང་རྒྱ་ཆེ་ལྷུན་གྲུབ་ནི། །ཞེས་པ་ནས། འདི་ནི་རྡོ་རྗེ་མཉམ་ཡིན་ནོ་ཞེས་པ། ལྷུན་གྲུབ་བདེན་པ་དབྱེར་མེད་ནི། མི་ཤོང་བ་དང་མ་ཁྱབ་མེད་དེ། དངོས་པོ་གཉིས་གདོད་ནས་མཐའ་གསུམ་དང་བྲལ་བ་ནི་ཤེས་བྱའོ། །དེ་ལས་ཤེས་བྱེད་མི་གཞན་པའི་ཕྱིར། དེ་མཐོང་བ་མེད་པར་མཐོང་བའི་རིག་པ་ངོ་བོ་ཉིད་མཉམ་པའི་དབྱིངས་ཡིན་པས། ཡུལ་དང་ཡུལ་ཅན་མི་ཕྱེད་པ་ནི་སྤྱན་ལྔའི་མཆོག་མངོན་སུམ་པར་རྟོགས་པ་སྟེ་ཐོག་མར་རྡེང་ཆུད་པར་བྱའོ། །རིམ་གྱིས་འཇུག་པའི་མཚན་ཉིད་བསྒོམ་པའི་ལམ་བསྟན་པའི་ཕྱིར། དངོས་གྲུབ་མྱུར་དུ་སྒྲུབ་འདོད་པ་ནི། ཤིན་ཏུ་འཕྲ་ཞིང་ཟབ་པར་བསྒོམ། །ཞེས་པ་ལ་སོགས་པ། ཡང་དག་པའི་ས་ཚེ་འདི་ལ་གྲུབ་པར་འདོད་ན་ཡན་ལག་གཉིས་པ་མཚན་ཉིད་དང་པོའི་རྗེས་སུ་འབྲེལ་དགོས་ཡོད་པས། བསྒོམས་ཤིག་པར་གདམ་པ་ནི། འཇུག་པའི་ཐོག་མར་མི་དམིགས་པའི་རྣལ་འབྱོར་ལ། འཇུག་པ་གཉིས་ཀྱི་ཐབས་ལ། ཤེས་རབ་ཀྱིས་འཇུག་ན། ཆོས་ཇི་བཞིན་པའི། ངོ་བོ་གཟུང་ཞིང་བརྟག་པར་དཀའ་བ་དེ་བསྒོམ་མོ། །དེ་ཡང་ཡུལ་དུ་མིན་པའི་ཕྱིར་ཤེས་པ་དང་། ཆོས་དང་། གཉི་ག་ཐ་དད་པ་མེད་པས་རང་གི་ངོ་བོ་གང་ཡང་དང་དུ་ལེན་པ་མེད་པ་ནི་བསྒོམ་པའོ། །དེ་ཡང་སྐྱོན་དང་བཅོས་ཐབས་དང་། ཉམས་དྲུག་གསུམ་གཉིས་ཀྱིས་བརྟན་པར་བྱ་སྟེ། ལམ་སྐབས་སུ་མཐར་ཕྱིན་ནས། སྙིང་རྗེ་སྒྱུ་མའི་རྣལ་འབྱོར། བསྒོམ་པ་ལ་ལྡང་བའི་དུས་ནི། ཏིང་ངེ་འཛིན་དེ་ནི་གོམས་པ་དང་། ཞེས་པ་དོན་གྱིས་གདམས་ངག་ཏུ་འཆད་དོ། །ཐམས་ཅད་སྒྱུ་མ་མིག་ཡོར་དང་། །སྤྲུལ་པའི་ཚུལ་དུ་ཤེས་པར་བྱ། །ཞེས་པ། རྒྱུ་དེ་བརྟན་པས་བདག་གཞན་གྱི་རྣམ་པ་རིལ། སྒྱུ་མ་ལྟར་མེད་བཞིན་སྣང་བ་དང་། མ་འགགས་ལ་མེད་པ་དང་། མ་ངེས་པ་ཅིར་ཡང་སྣང་བ་ནི། ཅིག་ཤོས་དེ་དག་གི་སྒྱུ་མ་མ་ཡིན་ཏེ། རིག་པ་ཉིད་བྱེ་བྲག་གི་ཆོས་སུ་རང་ཤར་བ་ལ་གཉིས་མེད་ལ་མ་འགགས་པའི་སྙིང་རྗེ་ཆེན་པོ་ཡེ་ཤེས་སྒྱུ་མའོ། །དེ་ལྟར་ཐག་ཆོད་ནས་དེ་ཉིད་དུ་རང་གསལ་བ་ལས་སྤོང་ལེན་གྱི་འདུ་ཤེས་མེད་པ་ནི་བསྒོམ་པའོ། །དེ་བཞིན་ཡང་དང་ཡང་གོམས་ནས། ཞེས་པ་ཏིང་ངེ་འཛིན་གཉིས་གོམས་པ། མཐར་ཕྱིན་པའང་ཕྲ་མོའི་རྒྱུ་དང་ལྡན་པའི་དུས་སོ། །དེ་ནས་འཕྲ་བའི་ཏིང་འཛིན་བསྒོམ། །ཕྱི་ནང་སྣོད་བཅུད་ཧཱུྃ་དུ་བསྡུ། །ཞེས་པ་ལ་སོགས་པ། རྗེས་ཐོགས་སུ་རྒྱུ་དེས་སྟོང གསུམ་ཉུངས་འབྲུ་ལྟར་ཕྲ་བ་གསུམ་བསྒོམ་པའང་རིལ་ཐེར་ཟུག་སྤངས་པའི་ཕྱིར་ཧཱུྃ་གི་རྣམ་པ་ཅིག་ཏུ་གསལ་ནི་རྣམ་པ་གཞན་པ་མེད་པའི་ཕྱིར་བསྡུས་པའོ། །རིགས་གང་བྱེད་པའི་ཡི་གེ་ལ་སློབ་ཀྱིས་ཀྱང་། འདིར་གཙོ་བོའི་དབང་དུ་རྡོ་རྗེ་སེམས་དཔར་བསྒོམ་པ་སྟེ། ཡན་ལག་ལྔ་དང་རྣམ་ཤེས་ཉིད། །ཡི་གེ་ཧཱུྃ་དུ་ཤིན་ཏུ་བསྡུ། ཞེས་པ། དངོས་པོ་དྲུག་གི་ཆོས་རྟོག་པས་ཕྱེ་བ་ལས་ངོ་བོ་རང་རིག་པའི་ཕྱིར་དེ་ཉིད་ཧཱུྃ་དུ་བྱུང་བ་རིག་པའི་དངོས་པོ་སྟེ། བསྡུ་བ་བཤད་ཟིན་ཏོ། །གོམས་པའི་ཚད་ནི། ནྲིའི་དམིགས་ཞེས་སུ་གཉིས་གསུངས་ཏེ། འཕྲོ་འདུ་བྱ་བའི་འང་དུས་སོ། །འོད་ཟེར་མང་པོ་སྤྲོ་བར་བྱ་ཞེས་པ་ལ་སོགས་པ། ཧཱུྃ་གི་འཕྲོ་འདུས་ཧཱུྃ་ཉིད་ཡོངས་སུ་གྱུར་པ་མི་དམིགས་པར་བྱའོ། །གདན་བསྐྱེད་པ་བསྟན་པའི་ཕྱིར། ཐིམ་འགྱུར་དབྱིངས་ནས་ཨ་དཀར་འབར་ཞེས་པ་ལ་སོགས་པ་བཤད་ཟིན་ཏོ། །རིན་ཆེན་འབར་བའི་གཞལ་ཡས་བསྒོམ་ཞེས་པ། གདན་གྱི་རྒྱུ་ལས་རིན་པོ་ཆེ་འོད་སྣ་ལྔ་གཞལ་ཡས་སུ་རང་རིག་པ་ཉིད་ཤར་བའོ། །ཉི་ཟླའི་གདན་དང་གཞལ་ཡས་ཁང་། ཐམས་ཅད་འདུས་ཤིང་འཕྲ་བར་བསྒོམ། །ཞེས་པ། རྒྱུན་ཚང་བ་ལ་ཕབ་སྟེ་སྣོད་ཕྲ་བའོ། །ཕྲ་མོ་ངོ་བོ་གསུམ་བསྟན་པའི་ཕྱིར་དེ་དཀྱིལ་འཁོར་ཡི་གེ་ཧཱུྃ་གནས་པ། ཞེས་པ་ལ་སོགས་པ། ཆོ་ག་གསུམ་སྐུ་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ཚོན་གང་ཚད་རྒྱན་ཚང་བ་གོ་སླ་སྟེ་བཤད་ཟིན་ཏོ། །ཕྱག་རྒྱ་ཅིག་པའི་ངེས་ཚིག་བསྟན་པའི་ཕྱིར། དེ་བཞིན་གཉིས་མེད་གསལ་གྱུར་ནས། ཞེས་པ་གཉིས་ནི། རྡོ་རྗེ་ཆོ་ག་ཐ་མ་བསྟན་ནས། དེ་གྱུར་པ་ལས་མི་སྐྱོད་པའི་སྐུ་མཐིང་ཀ་རྡོ་རྗེ་དྲིལ་བུ་ཅན་དུ་བསྒོམ་པའོ། །དེ་བཞིན་ཉིད་དུ་གྱུར་པ་དང་། །ཞེས་པ། དེ་གོམས་ནས་ཐར་ཆགས་སུ་སློབ་པའོ། །ཡང་ན་བཤད་པ་ལྟར་དེ་ལ་ཚུལ་གཉིས་ཏེ། དང་པོ་ཉིད་ནས་རགས་པ་སྒོམ་དུའང་རུང་སྟེ། ཆོ་ག་ལས་བསྐྱེད་པའོ། །རྒྱུ་དེས་སྤྲོས་བཅས་རྣལ་འབྱོར་ལ་བསླབ་པའི་ཕྱིར། ཞལ་གསུམ་ཕྱག་དྲུག་ཉིད་དུ་བསྒོམ། ཞེས་པ། དེའི་ཚེ་ཉིད་ནི་བསྒོམ་པའང་འགོག་པ་མིན་ན། སྤྲོས་བཅས་དཀྱིལ་འཁོར་ལ་སློབ་པ་དང་། རིགས་ཀྱི་གྲངས་ལས་སློབ་པ་དང་། དབུ་དང་ཕྱག་གི་རིམ་པ་ལས་སློབ་པའི་ཚུལ་གྱིས་འདིར་སྤྲོས་བཅས་ལ་སློབ་པའོ། །ལམ་དེ་ཚད་དུ་ཕྱིན་པ་སྟོང་གི་དཀྱིལ་དང་། བཞི་བཅུ་གཉིས་རེ་རེའང་དེ་ཉིད་ལྡན་པ་དང་། རྒྱན་གྱི་འཁོར་ལོའི་ལྷ་གསུམ་ལྡན་པ་དང་། ཡེ་ཤེས་སེམས་པ་དང་དབང་གི་ལྷ་ལྔ་ལྔའི་གྲངས་ལ་སོགས་པ་རི་རབ་ཏིལ་འབྲུའི་ཚུལ་དུ་གསལ་བའོ། །ཁྲོ་བོའི་བསླབ་པ་བསྟན་པའི་ཕྱིར། གཞན་ཡང་འཁྲོ་འདུལ་སྣ་ཚོགས་བསྒོམ་ཞེས་པ། རིམ་པ་དེ་ཁོ་ན་ལྟར་བསླབས་པའི་མཐའ་སྤྲོས་བཅས་ཁྲོ་བོའི་དཀྱིལ་འཁོར་མང་པོ་བསྒོམ་པ་སྟེ། རྒྱས་པའི་རྒྱུད་ལས་གསལ་བ་ཚོམ་བུའི་གྲངས་ཀུན་སྟོན་ཏོ། །དེ་དག་ཀྱང་སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། ལྔ་དང་ལྔ་ཞིང་སྦྱོར་བ་ཡང་། །སྐབས་ཀྱིས་བཞི་དང་བཞི་སྦྱོར་བ། །བཞི་དང་མཐར་ཕྱིན་དུས་འཕོ་བའི། །ཏིང་འཛིན་སྤྱོད་པ་ལ་སོགས་ཏེ། །སྣང་བ་དང་ནི་ནུབ་པ་དང་། །བར་མ་མིང་གཟུགས་རྫོགས་སངས་རྒྱས། །སྲིད་པ་སྐྱེ་བའི་རིམ་པ་ཉིད། །ལོག་རྟོག་ངོ་བོ་མིང་ཙམ་ཉིད། །ལྷུན་གྲུབ་རྒྱལ་བའི་མཛད་ཕྱིར་གཞི། །ལས་དང་སློབ་མཐོང་གོམས་མཐར་ཕྱིན། །འབྲས་བུ་མཐར་ཕྱིན་དུས་ཀྱང་དེའོ། །དེ་ཐོབ་དེ་དུས་གསུམ་དུའང་འགྱུར། །བར་མ་དེ་གཉིས་རྣམ་བཞིར་འགྱུར། །གང་དག་རྐྱེན་གྱིས་ལམ་བཅད་པ། །འཕོ་བའི་བསམ་པ་དེ་ཉིད་དམ། །ཡང་ན་སྐབས་ཀྱིས་རྣམ་པར་ཕྱེ། །རྗེས་ཐོགས་ལམ་ཕྲད་གདོན་མི་ཟའོ། །རྗེས་མཐུན་སྤྱོད་སོགས་ལྡན་འགྱུར་འཐོབ་ཞེས་གསུངས་པ་གོ་སླའོ། །ལམ་གཉིས་སུ་དབྱེ་བའི་དགོས་ཆེད་བསྟན་པའི་ཕྱིར། བློའི་ཤེས་རབ་ཆེ་ཆུང་ལས། ཞེས་པ་གཉིས་གསུངས་པའོ། །ཅིག་ཅར་འཇུག་པའི་བསྟན་པའི་ཕྱིར། །ཡང་ན་ཅིག་ཅར་བསྒོམ་པར་བྱ། །ཞེས་པ་ལ་སོགས་པ། མི་མཐུན་པའི་རིམ་པ་ལས་ཁྱད་པར་དུ་སྟོན་པ་སྟེ། སྦྱངས་པ་སྔར་བྱས་པ་དག་འདི་ལ་དང་པོ་ནས་སྐད་ཅིག་མས་དཀྱིལ་འཁོར་རྒྱ་མཚོ་དྭངས་བར་གཟའ་སྐར་ཤར་བ་ལྟར། བསྒོམ་པ་ནི་སྤྲོས་བཅས་ཉིད་ལ་ཐོག་མ་ནས་ཞུགས་པའོ། །གཞན་དག་སྤྲོས་བཅས་རྗེས་སུ་འདོད་པ་ནི། མི་མཐུན་པའི་ཚིག་གིས་འགོག་པས་མི་རིགས་ཏེ། འདིའི་ངོ་བོ་ནི་མི་འདོད་པ་མ་ཡིན་ནོ། །མཐར་ཕྱིན་པའི་ལམ་བསྟན་པའི་ཕྱིར། །དེ་ལྟར་གོམས་རྟོགས་རིགས་མཆོག་དེས། །ཞེས་པ་ལ་སོགས་པ། ལམ་གཉིས་ཀྱི་མཐོང་སྒོམ་མཐར་ཕྱིན་པའི་གང་ཟག་ནི་རྒྱུད་དུ་ངེས་པར་འབྱུང་བའི་ཕྱིར་ཏེ། རིགས་བརྒྱད་ཀྱི་དམ་པ་དེས། ཚོགས་ལ་སྤྱད་དམ་བཤད་པའི་བསྒྲུབ་པ་བསྩམས་པས། བསམ་པས་ཇི་ལྟར་འདོད་པ་འགྲུབ་སྟེ། ནམ་མཁར་འགྲོ་བ་དང་ཚེའི་རིག་འཛིན་ལ་སོགས་པ་འགྲུབ་པའོ། །ལམ་པ་འདིའི་མཐུ་རྩལ་དང་། ཆོ་འཕྲུལ་གྱི་སྤྱོད་པ་བསྟན་པའི་ཕྱིར། ཆུ་རྒྱུན་བཟློག་དང་རླུང་མི་འགུལ་ཞེས་པའི་ཚིག་བཤད་བཅོ་ལྔས། རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་ཏེ། ཆོ་འཕྲུལ་གསུམ་དང་ཡང་ལྡན་པ་གོ་སླའོ། །དུས་བསྟན་པའི་ཕྱིར། ལུས་མ་སྤངས་པར་རིག་འཛིན་ས་ཞེས་པ། །རྩ་བའི་རྒྱུད་ལས། བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་གསུངས་ཏེ། བསྒོམ་ལམ་ཐམས་ཅད་མཐར་ཕྱིན་གྱི་ལམ་དང་པོ་འགྲུབ་པའི་དུས་སོ། །འབྲས་བུ་མཐར་ཐུག་པ་ཉིད་བསྟན་པའི་ཕྱིར། ཡེ་ཤེས་བསོད་ནམས་ལོངས་སྤྱོད་ཀྱིས། །ཞེས་པ་དག །སྤྱོད་ལམ་ཅི་ཡང་ཚོགས་གཉིས་སུ་མ་གྱུར་པ་མེད་པས་ཚོགས་ཆེན་འདུས་པར་སྤྱད་པའི། ཡོན་ཏན་གྱིས་བཅུ་གསུམ་ས་ཐོབ་པ་ནི་གཉིས་མེད་པར་ཕུལ་བའོ། །དེས་འགྲོ་དོན་བྱེད་པའི་ཚུལ་ནི། །ཐུགས་རྗེའི་སྤྲུལ་པ་བྱིན་རླབས་ཀྱིས། །སོ་སོར་ཐར་པའི་ལམ་ཡང་སྟོན། །ཞེས་པ་ལ་སོགས་པ། སྤྲོས་བཅས་ལ་སློབ་པའི་ཚེ་དང་ཐོབ་པའི་དུས་སུ་རྨད་དུ་བྱུང་བའི་སྤྱོད་པ་དང་། ཚོགས་སྤྱོད་དེ། འདིར་མཐར་ལམ་ཐོབ་པས་རྫུ་འཕྲུལ་བཞི་དང་ལྡན་པས། སོ་སོའི་སྐད་དུ་ཆོས་སྟོན་ཅིང་དོན་སྣ་ཚོགས་ཀྱི་བྱ་བ་རྫོགས་ནས་དྲུག་པའི་རྒྱལ་བ་སྤྱི་གཟུགས་ཉིད་དུ་གྱུར་པ་ནི་སྐད་ཅིག་མའི་མི་རྟག་པ་བྲལ་བ་ནི་རྡོ་རྗེའི་སྐུའོ། །མཚན་དང་དཔེ་འབྱེད་ཅེས་པ་ཐུན་མོང་མ་ཡིན་པས་བརྒྱས་པ་ལོངས་སྤྱོད་སྐུ་ཐོབ་པའོ། །མཐར་ཕྱིན་བྱ་བ་མེད་པ་འགྲུབ། །ཞེས་པ། བྱ་བ་བྱས་ཟིན་པའི་ཕྱིར། རྣལ་འབྱོར་ཐ་མ་དབྱེ་བ་མེད་པའི་ས་འཐོབ་པའོ། །འོ་ན་འཐོབ་པར་བྱ་བ་ཞིག་ཡོད་པར་དོགས་པ་ལ། བསྒྲུབ་མེད་སྤང་མེད་ཆོས་ཀྱི་དབྱིངས། །འགྲོ་མེད་འོང་མེད་དེ་བཞིན་ཉིད། །ཞེས་པ་གདོད་ནས་བཟང་ངན་རིས་མེད་པར་ལྷུན་གྱིས་རྫོགས་པའི་ཕྱིར། གཉིས་གཉེར་ཞིང་གཉིས་དོན་དུ་ངོ་བོས་མེད་ཕྱིར། ས་འོང་བ་དང་འགྲོ་བའི་དོན་ལ་ཕན་ཚུན་འགྲོ་བ་མེད་དེ་དེ་ཁོ་ན་ཉིད་ཡེ་ནས་རྒྱུ་འབྲས་དབྱེར་པའི་ཕྱིར་རོ། །བློ་དང་བརྩོན་པ་ཐ་མ་བས་ཀྱང་བརྩོན་པར་བྱས་ན་མི་སླུ་བའི་ཕྱིར། འདི་ལྟར་བསྒྲུབས་ཏེ་བསྒོམ་བྱས་ན། །ཞེས་པ་ལ་སོགས་པ། ལྟ་བ་གཏན་ཚིགས་གསུམ་བཞི་ལ་སོགས་པས་ཐག་བཅད་དེ། རིམ་གྱིས་བསྒོམས་ན། ཚེ་འདི་ཉིད་ལ་འབྲས་བུ་མ་སྣང་ཡང་། །འདི་ལྟར་འགྱུར་བ་གོ་སླའོ། །དངོས་གྲུབ་མྱུར་དུ་འཐོབ་ཞེས་པ། བརྩོན་པ་ཅན་རྣམས་གཞལ་ལྟར་ཕྱི་མར་རག་མ་ལུས་པས། རྒྱས་པའི་རྒྱུད་ལས། ལུས་དང་ཕུང་ཕོར་བཅས་པ་ཡིས། །རིག་པ་འཛིན་པའི་ཚེ་ཉིད་འཐོབ། །རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །བླ་མེད་ཀུན་ཏུ་བཟང་པོར་འགྱུར། །ཞེས་གསུངས་སོ། །ལེའུ་ཉེར་ལྔ་པའི་སྤྱན་རྣམ་པར་འགྲེལ་པའོ།། །།ལམ་དེའི་མཐར་ཐུག་གི་འབྲས་བུ་བསྟན་པའི་ཕྱིར། ལེའུ་ཉེར་དྲུག་པའི་རྣམ་པར་བརྩམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ནས་འདི་སྐད་ཅེས་གསུངས་སོ། །ཞེས་པ། རྣམ་པ་ལྔའི་དཀྱིལ་འཁོར་གྱི་དོན་གདུལ་བྱ་ལ་མངོན་དུ་སྣང་བ་ཉེ་བར་བསྟན་པའོ། །རྒྱལ་བའི་སྣང་བ་བསྟན་པའི་ཕྱིར། །དེ་བཞིན་ཉིད་ཀྱི་དབྱིངས་ལྡན་ལས། །རྒྱུ་དང་དྲ་བ་འབྲེལ་འགྱུར་ནས། །ཞེས་པ་ལ་སོགས་པ། སྐུ་སྣང་བའི་རྒྱུ་ནི་གང་དེ་ཁོ་ན་ཉིད་མངོན་དུ་བྱས་པས། གྲོལ་ཐབས་ཀྱི་སྒྱུ་འཕྲུལ་དྲ་བ་གཉིས་མངོན་དུ་བྱས་པ་ལས། སྐུ་ལྔའི་འབྲས་བུ་མི་ཕྱེད་མ་འཇིག་པར་ཐོབ་པར་སྣང་བ་ནི། གཞན་མིན་ཏེ། རང་བཞིན་ཡོ་ཡིན་པ་དེ་ཉིད་མངོན་དུ་བྱས་པའི་རིག་པ་རང་སྣང་བས། འགྲོ་བའི་དོན་ཐབས་ལ་ཡེ་ཤེས་ཀྱི་རྒྱུད་མ་འདྲེས་ལ་ངོ་བོ་གཅིག་པའོ། །རྩ་བའི་རྒྱུད་ལས། ཐབས་ལ་བརྟན་པའི་ཤེས་རབ་ཉིད། །དེ་ལྟ་བུའི་ངང་དུ་བྱུང་ཞེས་གསུངས་པའོ། །འཁྲུལ་བའི་བསྟན་པའི་ཕྱིར། རྒྱུ་དྲུག་འཁོར་བའི་ལུས་སྣང་བ་ཞེས་པ་གཉིས་གསུངས་ཏེ། ལས་མ་དག་པ་ལ་སྐུ་སྣང་བའང་ཡིན་ནོ། །སྐུ་ལྔའི་གྲངས་བསྟན་པའི་ཕྱིར། །དེ་བཞིན་སྐུ་མཆོག་དྲི་བྲལ་དང་། །བདེར་གཤེགས་སྐུ་ལྔ་མདོར་བསྡུས་ཏེ། །ཞེས་པ་ལ་སོགས་པ་དེ་བཞིན་གཤེགས་པའི་སྐུ་ལྔའི་མཆོག་མཐའི་དྲི་མས་མ་གོས་པ་ཆོས་ཀྱི་སྐུ། སྡུད་པ་ནི་སྐུ་བཞི་དང་ལྔར་མདོར་བསྡུས་ཏེ་བསྟན་པའི་སྐུ་བཞི་ནི། བཅོམ་ལྡན་འདས་ལོངས་སྤྱོད་རྫོགས་པའི་སྐུའོ། །བྱང་ཆུབ་ནི་བྱང་ཆུབ་པའི་སྐུའོ། །དེ་བླ་མེད་གཟུགས་སྤྲུལ་པའི་དང་ལོངས་སྤྱོད་གཉི་གའོ། །རྡོ་རྗེའི་སྐུ་དང་ལྔའོ། །དེ་ལ་སོགས་ཏེ་སྐུ་བསམ་ཡས། །ཞེས་པ། འདས་པ་བསྡུ་བ་སྟེ་ལྔ་མ་ཡིན་པའང་མེད་སྟོན་པའོ། །དེ་དག་ནི་སྤྱིར་ལམ་གྱི་ཆོས་ཀྱི་སྐུ་དང་། ཐུན་མོང་གི་སྐུ་དང་དབྱིངས་ཀྱི་ཆོས་སྐུ་དང་། ཡེ་ཤེས་ཀྱི་ཆོས་སྐུ་དང་། ཆོས་སྐུ་ཆེན་པོ་དང་། ཡེ་ཤེས་ཀྱི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་ལོངས་སྤྱོད་རྫོགས་པ་དང་། གསང་བའི་ལོངས་སྤྱོད་རྫོགས་པ་དང་། །ལོངས་སྤྱོད་ཆེན་པོའོ། །སྤྲུལ་པའང་ཐུན་མོང་གི་སྤྲུལ་པ་དང་། རྗེས་སུ་མཐུན་པའི་སྤྲུལ་པའི་སྐུ་དང་། སྤྲུལ་པའི་སྐུ་ཆེན་པོ་ཞེས་པ་དང་གསང་བ་དང་། ལོངས་སྤྱོད་ཀྱི་སྤྲུལ་པ་ལ་སོགས་པ་ཐ་དད་པའོ། །སྐུས་དོན་མཛད་པའི་ཚུལ་པའི་ཚུལ་གང་སྙམ་པ་ལ། ཕྱོགས་བཅུ་དུས་བཞི་སྐུ་སྟོན་པ། །ཐབས་ཀྱིས་འགྲོ་འདུལ་སྐུར་སྟོན་ཏེ། །ཞེས་ལ་སོགས་པ། ཐུགས་རྗེ་ཆེན་པའི་བྱིན་རླབས་ནོར་བུ་རིན་པོ་ཆེ་ལྟ་བུའི་ཕྱིར། གདུལ་བྱའི་གནས་རིས་ཀུན་ཏུ་ཇི་ལྟར་འདུལ་བ་ལྟར་འགྲོ་འོང་མེད་པར་རང་སྣང་བའི་ཕྱིར་སྟོན་པ་སྟེ། དེ་གང་ཞེ་ན། བྱང་ཆུབ་མཆོག་ནི་རྡོ་རྗེའི་སྐུ། །ཆགས་མེད་ཞིང་དུ་སྐུ་སྟོན་པ། །ཞེས་པ་ལ་སོགས་པ། བདེན་གཉིས་དབྱེར་མེད་པའི་སྐུ་སྐྱེ་འཇིག་དང་བྲལ་བ་ནི་ལོངས་སྤྱོད་ཆེན་པོ་དྲུག་པའི་སྐུ་སྟེ། དེ་ནི་ལས་མཐར་ཟད་པའི་གདུལ་བྱ་འོག་མིན་ཆེན་པོར་སྣང་བའོ། །དེ་ལས་གཞན་པ་འཇིག་རྟེན་གྱི་འོག་མིན་དུ་བཅུ་པའི་སེམས་དཔའ་ལ། ཡེ་ཤེས་ཀྱི་ལོངས་སྤྱོད་རྫོགས་པར་སྣང་བ་དང་། སེམས་ཅན་ཀྱི་ཞིང་དུ་མོས་པའི་འཁོར་ལ་ཐུབ་པའི་དབང་པོར་སྣང་བ་ལ་སོགས་པ་ཐ་དད་པའོ། །སྐུའི་མཚན་ཉིད་སྣང་སྟོང་ལས་གྲོལ་བའི་ཕྱིར། དབྱིངས་ལས་མ་གཡོས་བཞིན་དུ་སྣང་། །སྐུ་སྣང་དེ་བཞིན་ཉིད་ཀྱི་དབྱིངས། །ཞེས་གསུངས་ཏེ། ཆོས་སྐུ་ཡང་ཡིན་ཏེ། ལ་ལ་དག་ཡེ་ཤེས་སྐད་ཅིག་མའི་རྒྱུད་སྔ་མ་ལ་གོ་ཕྱེ་ནས་སྣང་བར་འདོད་པ་ནི་རིགས་པ་ཡིན་ཏེ། ས་དང་ཕ་རོལ་ཕྱིན་པ་ལས་མ་འཕགས་པའི་ཕྱིར་རོ། །ལས་མ་དག་པའི་གདུལ་བྱ་ལས་མཚན་པར་དོན་མཛད་པ་བསྟན་པའི་ཕྱིར། རྣམ་དག་སྐུ་སྟོན་མ་ཡིན་ཏེ། །ཞེས་པ་གསུམ་གསུངས་ཏེ། འདུལ་བ་ལ་ཕྱོགས་མེད་པོ། །ལྔའི་མཚན་ཉིད་ཀྱི་ཕྱིར་གྲངས་བསྟན་པ་ནི། དེ་ཚེ་སྐྱེ་ཤི་མེད་པའི་སྐུ། །ལས་དང་མ་ཆགས་པདྨའི་སྐུ། །ཐར་དང་མཐར་ཞེས་པ་ལ་སོགས་པ། འགྲོ་བའི་དོན་མཛད་པའི་དུས་ཉིད་ན། ཡེ་ཤེས་ཀྱི་སྐུ་ངོ་བོས་རྟག་པ་རྡོ་རྗེའི་སྐུའོ། །ལས་དང་རྣམ་པར་སྨིིན་པས་མ་གོས་པར་འབྲས་བུ་མངོན་སུམ་རྫོགས་པ་ནི། མངོན་པར་བྱང་ཆུབ་པའི་སྐུ་སྟེ་དེ་ལྟར་ལྔ། མཚན་ཉིད་དེ་ལས་དག་མ་དག་ལ་སྣང་བའི་སྐུ་རིལ་བཤད་པ་བཞིན་ནོ། །ལམ་དག་པའི་སྐུ་ལྔ་བསྟན་པའི་ཕྱིར། དེ་ལྟར་རྟོགས་པའི་རིགས་ནི། །བཛྲར་ཞེས་བཏག་པ་ཡིན། ཞེས་པ། སྐུ་ལྔའི་མཚན་ཉིད་བཤད་པ་བཞིན། །ཆུད་པའི་སྐྱེས་མཆོག་ནི། ལུས་མི་ཡང་སེམས་སངས་རྒྱས་པའི་ཕྱིར། རྒྱུད་ངེས་པར་འཚོ་བ་སྟེ། དེ་ལ་ནི་སྐྱེས་བུ་རྡོ་རྗེ་སེམས་དཔའ་ཉིད་དུ་བརྗོད་པས་རྡོ་རྗེའི་སྐུའོ། །ཐམས་ཅད་དུ་རང་སྣང་བ་རིལ་རང་རིག་པ་འཇིག་བྲལ་བར་དབྱེར་མེད་པར་རྟོགས་པས། དེ་བཞིན་གཤེགས་པའི་རིགས་ཀྱང་ཡིན་ལ་ཆོས་ཀྱི་སྐུའང་དེཉིད་དོ། །དེ་ལ་སོགས་ཏེ་སྐུ་བསམ་ཡས། །ཞེས་པ། དངོས་པོ་གཞན་བསྡུ་བ་ནི། རྟོགས་པའི་རིག་པ་ཉིད་ནས། ཡོན་ཏན་ཀུན་འབྱུང་ཞིང་མ་ཆགས་པར་དོན་གཉིས་རྫོགས་པས་རིགས་གསུམ་དང་སྐུ་གསུམ་པོ་ལ་སོགས་པ་རྫོགས་པའང་ཡིན་ལ་གྲངས་ལས་འདས་པའི་སྐུར་ཡང་འདྲེན་ཏོ། །བྱང་ཆུབ་ཐུགས་ཀྱི་དཀྱིལ་ནས་བྱུང་ཞེས་པ། དེ་དག་སྣང་བའང་ཡེ་ཤེས་དྲུག་པའི་མཐའ་གསུམ་བྲལ་བའི་བླ་དྭགས་དཀྱིལ་ཏེ། དེ་ཉིད་དེ་དག་ཏུ་རང་ཤར་བ་ནི་འབྱུང་བ་སྟེ་གཉིས་པ་སྤངས་པའོ། །རྟོགས་པའི་ཡུལ་བསྟན་པའི་ཕྱིར། སྐུ་ནི་སྣ་ཚོགས་ཐམས་ཅད་ཀྱང་། །ཞེས་པ་གསུམ་གསུངས་ཏེ། སྐུ་རིལ་བྱེ་བྲག་མ་འདྲེས་ལ་རང་བཞིན་མེད་པས་འགྲོ་འོང་བྲལ་བར་རིག་ན་ཐ་དད་ཅིང་ལ་ཅིག་སྣང་བ་མེད་པའོ། །སྐུ་གསུང་ཐུགས་ཀྱང་ཅིག་དང་དུ་མ་ལས་གྲོལ་བ་བསྟན་པའི་ཕྱིར། ཐུགས་ཉིད་གསུང་གི་དཀྱིལ་འཁོར་སྣང་། །ཞེས་པ་ལ་སོགས་པ། གསུམ་ཉིད་ལྷུན་གྲུབ་མཐའ་དང་བྲལ་བའི་ཕྱིར། ཅིག་ཀྱང་གསུམ་དུ་སྣང་བས་ངོ་བོ་རྒྱ་ཆད་པ་མེད་པ་ནི་རིས་སུ་དབྱེར་མེད་དེ་གདུལ་བྱའི་སྣང་བས་ཕྱེ་བ་ཙམ་མོ། །གདམས་ངག་བསྟན་པའི་ཕྱིར། དཀྱིལ་འཁོར་བཟང་པོ་བསྒྲུབ་འདོད་པས། རྟག་ཏུ་དུས་གནས་ཐམས་ཅད་དུ། །བདག་དང་བདག་གི་དབྱེར་མེད་པས། །ཡེ་ནས་དཀྱིལ་འཁོར་ཡིན་པས་བརྟག །ཅེས་པོ། །རེ་བའི་ལྟ་ངན་གཅོད་པའི་ཕྱིར་ཏེ། སྐུ་ལྔ་ཐོབ་པར་འདོད་པའི་རྣལ་འབྱོར་པས་སྤྱོད་ལམ་ཀུན་ཏུ་བསྒྲུབ་བྱེད་བསྒྲུབ་བྱ་དབྱེར་མེད་ཏེ། སྐུ་ལྔའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པས་མ་ཐོབ་པ་ཐོབ་པར་བྱར་མེད་པའི་དོན་ལས་བསམ་པ་མི་ཉམས་པར་བྱའོ། །འདི་ནི་དངོས་གྲུབ་མཆོག་ཡིན་པར། ཀུན་ཏུ་རྒྱལ་ཞེས་པ། དེ་ལྟར་རྟོགས་པ་ཉིད་དངོས་གྲུབ་ཀྱི་སྙིང་པོ་ཡིན་པར་སྟོན་པས་དང་པོ་གསུངས་པའོ། །ལེའུ་ཉེར་དྲུག་པའི་སྤྱན་རྣམ་པར་འགྲེལ་བའོ།། །།གཞི་དམ་ཚིག་གིས་གཟུང་བའི་རྩ་བ་གཙོར་བསྟན་པའི་ཕྱིར། ལེའུ་ཉེར་བདུན་པའི་རྣམ་པར་བཤད་པ་བརྩམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ལས། ཞེས་པ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པར་སྦྱར་ཏོ། །གང་ཞེ་ན། ཡན་ལག་སུམ་བརྒྱའི་རྩ་བ་བཅོ་ལྔར་བསྡུས་ནས་དགོས་ཆེད་ལམ་པའི་འབྲས་བུ་ཆུད་མི་ཟ་བའི་ཕྱིར་གསུངས་པའོ། །དམ་ཚིག་གི་སྤྱིའི་དགོས་ཆེད་བསྟན་པའི་ཕྱིར། །ཕྱོགས་བཅུའི་འཇིག་རྟེན་རྡུལ་རྙེད་དུ། །ཞེས་པ་ནས། དེ་འདུལ་དོན་ཕྱིར་འཚམས་པར་བསྟན། །ཞེས་པ། སྤྱིར་རྟོག་པ་འདུལ་བའི་གཉེན་པོ་མི་མཐུན་པ་ཉན་ཐོས་ཀྱིས་འདུལ་བ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། སྔགས་ཕྱི་ནང་གི་དམ་ཚིག་ཇི་སྙེད་པ་རྣམས། དེ་ཁོ་ན་ཉིད་ཡེ་ཤེས་དྲུག་པའི་ངང་ལ་འགྲོ་འོང་མེད་ཀྱང་། རྒྱུ་མ་རིག་པས་ལྟ་བ་ཐ་དད་དུ་ཕྱེ་བ་ལ་ཇི་ལྟར་འཚམས་པར་སྣང་བ་ནི་ཐ་ན་དགེ་བཅུ་དང་མིའི་ཆོས་འཇིག་རྟེན་པ་ལ་ཆད་མདོ་བརྩན་པ་ལྟ་བུ་སྣང་བའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ཐ་དད་རང་རྒྱུད་དུ་ཡོད་ན་བསྟན་པ་འབྱུང་བ་ལ་དགོས་པ་མེད་པའི་སྐྱོན་བསྟན་པའི་ཕྱིར། ཡང་དག་ཉིད་དང་ལོག་རྟོག་ཉིད། །ཞེས་གསུམ་གསུངས་ཏེ། བཅོས་སུ་མེད་པས་ངོ་བོ་དབྱེར་མེད་དོ། །ལས་ནོར་བས་བཅལ་བ་ཙམ་མོ། །ཡེ་ནས་ངོ་བོ་ཡོད་ཡིན་ན། །ཞེས་པ་གཉིས། དངོས་པོ་གཉིས་ཐ་དད་ན་བསྒྲུབ་ཏུ་མི་བཏུབ་པའི་སྐྱོན་འབྱུང་ངོ་། །ཐམས་ཅད་མ་ལུས་རོ་ཅིག་འགྱུར། །ཞེས་པ་བརྟགས་པར་ཐ་དད་ལས་དངོས་པོ་གཉིས་ངོ་བོར་དབྱེར་མེད་པའོ། །བདེན་པ་གཉིས་ཐ་སྙད་ཀྱིས་ཕྱེ་བ་ཙམ་དུའང་དབྱེར་མེད་པར་བསྟན་པའི་ཕྱིར། ཀུན་རྫོབ་ཆུ་ཟླ་ལྟར་ཡིན་པས། །ཞེས་པ་ནས། ཀུན་རྫོབ་སྒྱུ་མ་ཅིར་ཡང་འགྲུབ་ཅེས་པ། བྱང་ཆུབ་སེམས་ཉིད་དངོས་གཞི་མ་ངེས་པའི་འདི་ཞེས་པ་མེད་པ་ནི་དཔེ་ཇི་ལྟར་བ་སྟེ། ཅི་ཡང་སྣང་བ་ལ་ཀུན་རྫོབ་པ་ཞེས་བསྙད་ཀྱི་ངོ་བོ་འགྱུར་བ་ནི་འདོད་པ་མ་ཡིན་ནོ། །དེ་བས་ཡ་མ་དང་པོ་རྡེང་ཅན་གྱིས་དེ་ཉིད་ན་དངོས་གཞི་མ་ཟིན་པ་དང་བྱེད་པ་པོ་དང་རྒྱུ་རྐྱེན་མེད་པས་གློ་བུར་བ་མ་ཡིན་པར་དོན་དམ་དུ་མཐོང་ལ། དེ་ཉིད་ཚེ་བའི་སྟོང་པ་མ་ཡིན་པས་ཅིར་ཡང་མ་འགགས་ཏེ་གཉིས་མེད་པའོ། །གནས་ངན་དུས་ན་ལོག་རྟོག་ཉིད། །ཅེས་པ་ལ་སོགས་པ། རིགས་ཆད་པ་པ་དག་དང་། མ་ངེས་པ་ཕྱོགས་གཅིག་གི་ཡུལ་བརྟག་པ་སྣང་བ་ཉིད་རྟོག་པའི་ཚེ་མ་སྤངས་པར་སྤྱོད་ཡུལ་བའི་ཡེ་ཤེས་པས་ངོ་བོ་ལ་འཁྲུལ་པས་རང་རྒྱུད་པ་མེད་པའོ། །སྙིང་རྗེ་ཐབས་མཁས་ཏིང་འཛིན་གྱིས། །ཞེས་པ་ལ་སོགས་པ། ཡེ་ཤེས་སྒྱུ་མའི་རྣལ་འབྱོར་ལས་སུ་རུང་བའི་བསམ་སྤྱོད་ཀྱིས་བདག་གཞན་བྱ་བ་གང་ཡང་འགྲུབ་བོ། །སོ་སོར་རང་བཞིན་ངེས་ཞེ་ན། །ཞེས་པ། དངོས་པོ་གཉིས་ཐ་དད་ན་སྒོ་གསུམ་གྱི་ཆོས་རྣམས་བསྟན་པ་ལ་དགོས་ཆེད་མེད་པའོ། །དེ་བས་ཡང་དག་བློ་ཆེན་གྱིས། །ཐམས་ཅད་དངོས་པོ་མེད་པར་བཤད། །བཤད་པ་བཞིན་པས་སྟོན་པས་ཀྱང་ཆོས་རྣམས་ལ་མཐའ་གང་གིས་ཀྱང་དངོས་པོ་མེད་པར་གསུངས་གྲུབ་པའི་མཐའ་སྟེ་ལྟ་བའོ། །དེ་ཡོད་པས་བཅོ་ལྔ་སྤྱད་ཀྱང་མི་གོས་པར་བསྟན་པའི་ཕྱིར། དཔེར་ན་དུག་གི་རིགས་ཤེས་པ་ཅེས་པ་གོ་སླ་སྟེ། རྡེང་མེད་ཀྱང་སྙིང་རྗེ་དང་བཀའ་ལ་ཡིད་ཆེས་པའི་སྤྱོད་པས་སྒོ་སྒུར་མི་ལྟུང་བར་སྟོབས་ཆེན་པོར་གྱུར་པ་དེ་མི་འདོད་པ་མ་ཡིན་ཏེ། སྤྱོད་ཡུལ་དང་བསྐུལ་བའི་ཕྱིར་ཐོག་མར་ཁྲུས་ཆེན་པོ་སྨོས་སོ། །རྩ་བ་གསུམ་གྱི་ཉོན་མོངས་པའི་རྩ་བ་མདོར་བསྟན་པའི་ཕྱིར། ཉོན་མོངས་རང་དང་སྤྱི་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །ཞེས་པ། ལྔའི་མཚན་ཉིད་འཆད་པ་ལྟར་རིག་ན་ལམ་དང་འབྲས་བུ་གཉི་ག་འདི་ཉིད་ཡིན་པས་འོག་གི་མདོར་བསྟན་པའི་ཕྱིར་བསྲུང་གོ་སླའོ། །ནང་གི་ཆེན་པོ་ལྔ་ཉིད་ཀྱང་ཞེས་པ་ནས། ཤེས་རབ་དབྱིངས་སུ་རྣམ་པར་སྦྱོར་ཞེས་པ། །ཤེས་རབ་ལས་བྱུང་བའི་ཆོས་འདུ་བྱེད་ལྔའི་རང་གི་མཚན་ཉིད་དངོས་པོར་ཞེན་པས་རྨོངས་པ་ཡུལ་བརླག་པར་བྱས་པར་སེམས་པ། གྲོང་ཁྱེར་དྲེགས་པ། འདོད་པའི་དངོས་པོ་རྣམས་དང་ཕྲད་པར་བཀའ་ཞིང་གཏོར་མི་ཕོད་པ། གཞན་ལ་ཡོན་ཏན་གྱི་ཕྱོགས་ཡོད་པར་མི་དགའ་བ་དང་། སྤྱིའི་མཚན་ཉིད་ཞེན་རྟོགས་སྐད་གཅིག་མ་དེ་དག་རྒྱུ་རྐྱེན་ལས་བྱུང་བའི་ཕྱིར་དང་། ལུས་སེམས་གདུང་ཞིང་ཉམས་ཐག་པར་བྱེད་པ་དང་། བྱས་པའི་ཕྱིར་དང་། སྐད་ཅིག་མའི་དངོས་པོ་གཞི་མི་ཟིན་པས་དེ་ཉིད་མཐའ་དང་བྲལ་བའི་ཕྱིར་དང་། ཐམས་ཅད་རང་རིག་པ་སྣང་བའི་ཕྱིར། རྣམ་པའི་རྩ་བ་མེད་པར་རྟོགས་པའི་ཚེ། ཡུལ་དང་བྲལ་བའི་ཕྱིར་མཚན་ཉིད་ཞེན་པ་མེད་དེ། མ་སྤངས་བྲལ་བའི་ཁྲུས་ཆེན་པོའོ། །དེའི་ཕྱིར་རང་རིག་པ་མཚན་ཉིད་ལྔར་མ་འདྲེས་པ་ཤར་བ་ཉིད་ཡང་དག་པའི་ཐབས་ཆེན་པོ་འགྲོ་དོན་མཛད་པ་སྟེ། བྱེ་བྲག་མེད་པ་ལམ་འགགས་པའི་ཕྱིར་རོ། །དེ་ཉིད་ན་སྐྱེ་བོ་བས་བརྟགས་པའི་སྒྲ་དོན་རང་སྤྱིར་མི་གནས་ཏེ། ངོ་བོ་མི་ཟིན་པས་ཤེས་རབ་སྟེ། ངོ་བོས་ཐབས་དང་ཤེས་རབ་གཉིིས་སུ་མེད་པར་གནས་པ་ལ་སྤང་བླང་མེད་པའི་ཕྱིར་ཐར་པའི་ལམ་གྱི་མཆོག་སྟེ་མདོ་དེ་དག་གོ། །འབྲས་བུ་རང་ལ་རྒྱས་པར་བསྟན་པའི་ཕྱིར། །གཏི་མུག་ཅེས་ནི་བརྗོད་པ་ཡང་། །མ་རིག་མིང་གི་རྣམ་གྲངས་ཏེ། །གཉིས་མེད་དོན་ཅིག་ཡིན་པར་བཤད། །ཞེས་པ་ནས། ཕྲ་དོག་མཚན་ཉིད་རྟོགས་པ་ཉིད། །རྣམ་པར་བྱང་བའི་མཚན་ཉིད་དེ། །དོག་པ་སྤང་ཞིང་ཡངས་བསྒྲུབ་མེད། །ཅེས་པ་གཅིག་ཏུ་ཆོད་པར་འགྲེལ་བ་མདོ་རྒྱས་པར་འཆད་པ་སྟེ། ཉོན་མོངས་པ་ལྔ་རང་སྤྱི་རྒྱས་པར་བསྟན་བཤད་ཟིན་ཏེ་གོ་སླའོ། །ཉོན་མོངས་པ་ལྔར་སྣང་བ་ཉིད་ན་ངོ་བོ་བཤད་པ་ལྟར་བདེན་པ་གཉིས་མེད་དུ་སངས་རྒྱས་པ་ལ་མི་སྐྲག་པ་དང་། དེ་ལྟར་ཤེས་པ་ནི་ཟབ་མོའི་ཆོས་ལ་བཟོད་པ་ཐོབ་པའང་ཡིན་དེ་མཐོང་བའི་ཤེས་རབ་ཀྱི་སྤྱན་ཡོད་པའང་ཡིན་ནོ། །དེ་ལྟར་རིག་པ་ལ་སྤང་བླང་མེད་དོ། །ཉོན་མོངས་པ་ལྔ་ལོག་རྟོག་སྒྱུ་མར་རང་གི་མཚན་ཉིད་ལྔར་སྣང་བ་ཉིད་ན། ངོ་བོ་རང་རིག་པ་ཉིད་རང་སྣང་བའི་ཕྱིར་ལྔར་སྐྱེས་པའང་མེད་ལ། ངོ་བོ་མ་སྐྱེས་པ་བཞིན་དུ་ལྔར་རིག་པ་རང་སྣང་མི་འགོག་སྟེ་སྣང་སྟོང་གཉིས་སུ་མེད་ཅིང་བདེན་པའི་རིས་དང་བྲལ་བས་རྣམ་གྲངས་སུ་མཉམ་པའི་དབྱིངས་དང་། གཉིས་སུ་མེད་པའི་དེ་བཞིན་ཉིད་དང་། ཆོས་ཉིད་དང་མི་དམིགས་པ་ཆེན་པོར་ཡང་བརྗོད་པ་དེ་ཉིད་ཆོས་ཀྱི་སྐུ་ཡིན་པས་ༀ་སྟེ་སྐུའི་དངོས་གྲུབ་གཞན་མེད་པའི་དོན་རྒྱས་པའོ། །ངོ་བོ་སྤྱོད་ཡུལ་དང་བྲལ་བཞིན་ངེས་པའི་ཤེས་པ་མེད་པས་ལྔར་ཞེན་ལྔར་སྣང་བའི་དངོས་པོ་ཉིད་རང་གི་རིག་པ་ངོ་བོས་ཡུལ་དང་བྲལ་བ་ནི་དོན་དམ་པ་ཆེན་པོར་དག་པའོ། །ལོག་རྟོག་ཏུ་སྣང་བ་ཉིད་ཡེ་ཤེས་རང་སྣང་གི་དུག་ལྔའི་ཕྱིར་ཀུན་རྫོབ་དག་པའོ། །དེ་ཉིད་ནི་ངོ་བོས་སྣང་སྟོང་རིས་སུ་མེད་པའི་བདེན་པ་གསུམ་པ་ནི་ངོ་བོ་ཉིད་ཀྱི་ཐུགས་སོ། །དེ་ཉིད་དུ་རིག་པ་རང་ཤར་བས། ཡུལ་དུ་མི་འབྱེད་པ་ནི་ཨཱོཾ་སྟེ་ཐུགས་ཀྱི་དངོས་གྲུབ་ཐོབ་པ་སྟེ་རིག་གཞན་དུ་མ་ལུས་སོ། །ཉོན་མོངས་པ་ལྔ་ངོ་བོས་མི་དམིགས་པ་ཆེན་པོ་ཡིན་བཞིན་ལོག་རྟོག་ལྔར་ཤར་བ་ཉིད་མཐའ་དང་བྲལ་བས་དག་པའི་དུག་ལྔར་མ་འགགས་པ་ཉིད་དེ། རང་གི་མཚན་ཉིད་ལ་རྒྱུ་ནས་དག་པས་འབྲས་བུ་ལྔའང་འགྲོ་དོན་ཀྱི་མཛད་སྤྱོད་དུ་ཤར་ནས་གདུལ་བྱའི་རིག་པ་ལ་སོ་སོར་བརྗོད་པ་དང་འདྲ་བར་མཇལ་བར་བྱེད་པས་ཨ་སྟེ་གསུང་གི་དངོས་གྲུབ་ཀྱང་དེ་ཉིད་འབྲས་བུ་རྒྱས་པའོ། །ཐབས་ཤེས་རབ་ཀྱི་དོན་རྒྱས་པའང་དེའོ། །དེ་ལྟར་ཉོན་མོངས་པ་ལྔ་ཉིད་འབྲས་བུ་གསུམ་དང་། རིགས་ལྔ་ཡིན་པས་ངོ་བོ་གཅུག་པའི་ཕྱིར་དུག་ལྔ་སྤངས་ཞིང་ཉི་ཤུའི་དངོས་གྲུབ་སྒྲུབ་དུ་མེད་པས་བླང་དོར་བྲལ་བ་ཉིད་རྣམ་པར་བྱང་བ་ཡིན་པའི་དོན་རྒྱས་པར་བསྟན་པའོ། །དེ་ལྟར་མ་ཤེས་པའི་སྐྱོན་ཀྱིས་ཐབས་ཤེས་རབ་རྒྱས་པར་བསྟན་པའི་ཕྱིར། ཐབས་དང་ཤེས་རབ་མ་རྟོགས་པས། །མ་གྲོལ་འཁོར་གསུམ་འཁོར་བ་ཡིན། །ཞེས་པ་ལ་སོགས་པ། ཉོན་མོངས་པ་ལྔ་བཤད་པ་ལྟར་ཐབས་དང་ཤེས་རབ་དབྱེར་མེད་པའང་ཡིན་པའི་དོན་འགྲོ་བས་མ་མཐོང་བས་འཁོར་བའི་གཏན་ཚིགས་ནི་མི་མཐུན་པའི་དཔེ་འདོན་གྱིས་གསལ་ཏེ། དེ་མེད་ན་ལམ་སྟེགས་ཀྱིས་ལྷ་མི་འཐོབ་ཀྱང་འཚང་མི་རྒྱའོ། །གཞན་གོ་སླའོ། །འདོད་ཆགས་ཞེ་སྡང་ཞེས་པ་ནས་གང་ཕྱིར་བྱང་ཆུབ་སེམས་དཔའ་དེ་ནི། རྡོ་རྗེ་དེ་བཞིན་གཤེགས་པར་གསལ། །ཞེས་པ་ལ་སོགས་པ་ཉོན་མོངས་པ་ལྔ་རང་བཞིན་གྱི་གཏན་ཚིགས་ཀྱིས་བཤད་པ་བཞིན་ཡེ་ཤེས་རྡོ་རྗེའི་ངོ་བོ་ཕྱིར་རིགས་ལྔ་སངས་རྒྱས་པས་བྲི་ཏར་ངོ་སྤྲད་མོད་ཀྱི་ཅིག་དང་དུ་མ་ལས་གྲོལ་བ་ཁོ་ནར་བཀའ་སྩལ་བའོ། །ཆོས་ཀུན་རང་བཞིན་དག་པའི་ཕྱིར། །འཁོར་བ་ཡོངས་སུ་དག་པར་འགྱུར། །ཞེས་པ་ནས། སྔགས་མཆོག་ཤིན་ཏུ་ཟབ་པ་ཡིན། ། སྐྱེ་བོ་ཀུན་གྱིས་བྱ་བར་འབྱུང་། །ཞེས་པ་ནས་བར་དུ་གོ་སླ་སྟེ། རང་བཞིན་གྱི་གཏན་ཚིགས་ཀྱིས་འཁོར་བ་ཉིད་སངས་རྒྱས་པ་ཡིན་པ་དང་། བདེན་པ་གསུམ་པ་རྟོགས་པ་ཡོད་ན་ཇི་ལྟ་བུའི་ཉོན་མོངས་སྤྱོད་ཀྱང་ཚོགས་སུ་འགྱུར་བ་དང་། རང་བཞིན་གྱི་གཏན་ཚིགས་ཀྱིས་འཁོར་བ་དཀར་དག་པའི་སངས་རྒྱས། ཚད་ལས་འདས་པ་དང་། ལྟ་བ་ཡོད་ན་ལོག་སྤྱོད་ཡང་དག་པའི་ལམ་དུ་བསྟན་པ་དང་། རང་བཞིན་གྱི་གཏན་ཚིགས་ཀྱི་དངོས་པོ་གཉིས་དབྱེར་མེད་པར་དང་། ཐེག་པ་ཆེན་པོ་ལ་ཐབས་ཡོད་ན་ཇི་ལྟར་སྤྱད་ཀྱང་འགྲུབ་པས་ཆེ་བ་དང་། ཐབས་ཚད་ལས་འདས་པས་སྤྱོད་པ་མ་ངེས་པ་དང་། བདེན་པ་གཉིས་དབྱེར་མེད་པ་དང་། ཐབས་ཀྱིས་ཟིན་མ་ཟིན་གྱི་ཁྱད་པར་དང་། རྟོགས་ན་འཁོར་བ་ཉིད་ཡང་དག་པའི་སར་བསྟན་པ་དང་། ཐབས་ཀྱིས་ཟིན་ཀྱང་མི་གྲོལ་འཆིང་ངོ་ཞེས་རྒོལ་བ་དག་ལ་གྲོལ་བའི་གཏན་ཚིགས་ཀྱིས་ལན་གདབ་པ་དང་། དེ་ལྟར་ལྔའི་སྤྱོད་པའང་སློབ་པ་དང་མངོན་སུམ་པའི་ཡུལ་གྱིས་ཐེག་པ་ཆེན་པོའི་ལམ་ཀུན་གྱིས་སྤྱད་པར་ལུང་བསྟན་པ་སྟེ། འཆད་པ་དང་བཤད་པ་ཀུན་ལའང་སྦྱར་ཏོ། །རྩ་བ་གཉིས་པ་བདུད་རྩི་ལྔ་དང་དུ་བླང་བའི་དོན་བསྟན་པར་བྱ་བའི་ཕྱིར། བདུད་རྩི་དང་དུ་བླང་བར་གསུངས། །མཉམ་དང་མི་མཉམ་དབྱེར་མེད་ན། །ཞེས་པ་ལ་སོགས་པ། རྟོགས་པའི་གེགས་ཡེ་ཤེས་སུ་སློང་བར་བྱེད་པའི་ལས་དང་། ངོ་བོ་སྨན་ཆེན་དུ་གྱུར་པ། ལྔ་དང་དུ་བླང་བ་བཀའ་སྩལ་བའང་ཅིའི་ཕྱིར་བླང་ཞེ་ན། གཙང་བ་དང་མི་གཙང་བ་གཉིས་མེད་དུ་གོ་ན་སྤྱད་པ་ཉིད་ཀྱིས་རྡོ་རྗེ་གསུམ་དང་ཡེ་ཤེས་ལྔའི་འབྲས་བུ་ཐོབ་པའི་ཕྱིར་གྲུབ་རྫས་ཡིན་པས་བླང་བའོ། །དེ་ལའང་བྱས་པ་མིན་ཏེ། མཐུན་དང་ངོ་བོ་ཉིད་དང་རང་བཞིན་དང་བྱིན་གྱིས་རླབས་ཀྱི་ཕྱིར་རོ། །གཞན་དུ་ན། བླང་པོ་རབ་འབོག་ཏན་ཏྲ་ལས། བཅུད་ལྔ་འདུས་པའི་ཐིག་ལེ་ནི། །ལས་དང་ངོ་བོས་གྲུབ་པའི་ཕྱིར། །སྒོ་གཉིས་ཡ་མལ་དབང་ཐོབ་པས། །བཅུ་གཉིས་ཐིག་ལེ་སྤྱད་པས་འགྲུབ་ཞེས་གསུངས་སོ། །དོན་མ་རྟོགས་ན་སྤངས་པས་མི་འགྲུབ་པའི་ཕྱིར། མཉམ་པའི་དོན་ཉིད་མ་རྟོགས་པར་ཞེས་པ་ལྔ་གསུངས་སོ། །རྨད་པའི་རྫས་ལྔ་རང་འབྱུང་གདོད་ནས་དག་པ་བསྟན་པའི་ཕྱིར། ཆོས་རྣམས་ཡོངས་ཀྱིས་དག་པའི། རྣམ་བཞི་ཚུལ་གྱིས་དོན་རྟོགས་མངོན། །ཞེས་པ་དག་པ་བཞིའི་གཏན་ཚིགས་གྱིས་གསལ་ཏེ། སྐབས་སྐྱེས་དོན་དང་གཉི་གང་འགྱུར་རོ། །དེ་གང་ཞེ་ན། རྒྱུ་རྣམས་རབ་ཏུ་དག་པ་དང་། །ཞེས་པ་གྲངས་མདོའི། རྒྱས་པར་བསྟན་པའི་ཕྱིར། རྒྱུའི་མཚན་ཉིད་དག་པ་ནི། ཞེས་པ་ནས། འབྱུང་བ་ཆེན་པོ་རྒྱུ་ལས་དག་ཞེས་པ། །རྒྱུ་འབྱུང་བ་ལྔ་ཉིད་ངོ་བོ་རང་རིག་པའི་ཕྱིར་ཞེན་པ་ནི་གཟུང་ཆ་སྣང་ཙམ་ནའང་མཐའ་ལས་གྲོལ་བའི་རྒྱུའི་རྒྱུ་ནས་དག་པས་རྫས་ཅན་མེད་དེ་རིག་པའི་ཆོ་འཕྲུལ་རང་སྣང་བའོ། །འབྲས་བུ་ཡོངས་སུ་དག་པ་ནི། །ཞེས་པ་ནས། སོ་སོའི་ལུས་ལ་གནས་པས་དག་ཞེས་པ། །རྒྱུ་འབྱུང་བ་ལྔ་ལས་བྱུང་བའི་འབྲས་བུ་དམ་རྫས་ལྔའང་འབྱུང་བ་ལྔས་རྒྱུར་བྱས་པའི་ལུས་ཉིད་ཡིན་པའི་ཕྱིར་རྒྱུ་ནས་མཐའ་ལས་གྲོལ་བས་རྐྱེན་གྱིས་མ་བྱས་པའོ། །དོན་དམ་དམིགས་མེད་དག་པ་ནི་ཞེས་པ་ནི། སྐྱེ་འགག་མེད་པར་ཡེ་ནས་དག་ཞེས་པ། །ཡེ་ཤེས་དང་རང་བཞིན་དང་འབྲས་བུ་མཆོག་ཏུ་གྱུར་པའི་ངོ་བོ་གདོད་ནས་མི་སྙེད་པ་ལ་མཐའི་དྲི་མ་མེད་པའི་ལུགས་ཉིད་ནི། ཡུལ་དང་ཤེས་པ་འཁྲུལ་སྣང་ཀུན་ཀྱང་མཐའི་ངོ་བོ་གང་དུ་ཡང་མི་རྙེད་དེ། ཆོས་བཞིས་སྐྱེ་བ་མེད་པའི་ཕྱིར་རྒྱུ་མེད་པས་འགག་པ་མེད་དེ་གཉི་ག་མ་སྤངས་བྲལ་བའི་ངོ་བོ་ནི་བླ་དགས་ཙམ་དུ་དག་པ་གསུམ་པའོ། །ཀུན་རྫོབ་ཡེ་ནས་དག་པ་ནི། ཞེས་པས་ནས། དེ་བཞིན་གཤེགས་པ་ཡེ་ནས་མཉམ། །ཞེས་པ། ཡེ་ཤེས་སྒྱུ་མའང་ཐེར་ཟུག་མེད་པ་དང་། དོན་བྱེད་པ་དང་། སྣང་བ་མ་འགགས་པ་དང་། རང་གིས་དབེན་པས་ངེས་ཚིག་འགྲུབ་སྟེ། སྐབས་དེར་བྱས་པ་མེད་པར་རིག་པ་ཉིད་བྱེ་བྲག་ཏུ་ཤར་བས། རང་དག་པའི་ཚུལ་ནི། ངོ་བོ་མ་ངེས་པ་ལས་གདུལ་བྱ་ལ་མི་ཟད་རྒྱན་གྱི་འཁོར་ལོར་སྣང་ཙམ་ན། དཔེར་ན་ཇི་ལྟ་བར་རང་བཞིན་མི་རྙེད་ལ། དེ་ཉིད་ན་མ་འགགས་ཡེ་ཤེས་ཀྱི་དམ་རྫས་ལྷ་གདོད་ནས་རིགས་ལྔའི་དཀྱིལ་འཁོར་བས། ངོ་བོ་ལ་ལྷ་རང་བཟང་ངན་མེད་པས་ནི་ལྷག་པའི་མཉམ་པ་གཉིས་སོ། །དེ་ལ་གཙང་སྨེ་མེད་པར་སྤྱོད། །ཞེས་པ་ལ་སོགས་པ་དགོས་ཆེད་ཀྱི་ཕྱིར་གདམ་པའོ། །དེ་བས་སེམས་ཅན་ཕྱིན་ཅི་ལོག །ཞེས་པ་ལ་སོགས་པ། མ་རྟོགས་པས་ཁྱི་ཕག་ལྟར་སྤྱད་ཀྱང་དོན་མེད་པར་འགྲེལ་བའོ། །རྟོགས་ལྡན་ལ་གདམས་པ་བསྟན་པའི་ཕྱིར། རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི། །ཞེས་པ་ནས། ཐེ་ཚོམ་མེད་པར་འགྲུབ་པར་འགྱུར་ཞེས་པ། །ཡང་དག་པའི་ལྟ་བ་སུ་ལ་ཡོད་པས། །ལྔ་བཤད་པ་ལྟར་བཞིས་དག་པའི་དོན་གསལ་བར་གྱིས་ལ། ལྟ་སྤྱོད་ཟུང་དུ་གྱུར་པས་སྤྱད་པ་འབྲས་བུ་མི་སླུ་བའི་ཐ་ཚིག་གོ། ངེས་ཚིག་བསྟན་པའི་ཕྱིར། དངོས་དང་དངོས་མེད་རྟོག་པའང་མཚན། །ཞེས་པ་ནས། བསྒྲུབ་པའི་རྫས་སུ་ཡང་དག་གསུངས། །ཞེས་པ་རྟོག་ན་དངོས་པོ་དང་ཅི་སྨོས་ཀྱི་དངོས་པོ་མེད་པར་རྟོག་ནའང་མཚན་མའོ། །དེ་བས་གཙང་མའི་གཙང་ཡང་མཚན་མས་བཟུང་བའི་ཞེན་སྣང་གི་ཕྱིར། སྐབས་འདིར་ལོག་པ་དང་ཡང་དག་པའི་ཞེན་པ་གཉིས་ངང་གི་བྲལ་བས། ལྟོས་བྱེད་ཀྱི་རྒྱུ་མེད་པའི་ཕྱིར། །དབུས་སུ་ཞེན་པ་མེད་དེ། མཐའ་གསུམ་ལས་འདས་པའི་ཕྱིར་འདི་ལྔའི་ངོ་བོ་ཉིད་ལས། དེ་ལྟར་བརྟེན་ནས་དོན་དུ་གཉེར་བའི་ཕྱིར། །མིང་འགྲུབ་པའོ། །ངོ་བོ་བླང་ཐབས་བསྟན་པའི་ཕྱིར། །བྱང་ཆུབ་སེམས་དང་ཤ་ཆེན་དང་། །ཞེས་པ་ལ་སོགས་པ། ཐུན་མོང་གི་དགོས་པ་གཉིས་དང་། །ཁྱད་པར་དགོས་པ་ཡོད་པའི་ཕྱིར་བླང་བའོ། །དུས་ནི་སྤྲོས་བཅས་ཐོབ་པ་ནའོ། །མཆོག་ནི་མ་ངེས་སོ། །ཕྱི་རོལ་དུ་བརྟེན་པ་ནི། སྤྱི་དང་སོ་སོའོ། །གངས་ལྟར་བཅུད་ལྔ་ཐབས་ཀྱིས་གནས་སུ་བསྡུ་བའོ། །སྤྱོད་པའི་ཡོན་ཏན་ནི། དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ། །ཞེས་པ་དག་གོ་སླ་སྟེ། མཐར་ཐུག་པའི་འབྲས་བུ་དང་བཅས་པར་བསྟན་པའོ། །རྩ་བ་གསུམ་པ་ལྔ་བསྟན་པའི་ཕྱིར། །གསང་བའི་སྙིང་པོ་དོན་ཉིད་ཀྱིས། །ཡི་དམ་མི་སྤང་རྟག་བསྒོམ་ཞིང་། །ཞེས་པ་ལ་སོགས་པ། ཉེས་པས་བསྒོམས་ཤིག་པར་གདམ་པ་སྟེ། རྒྱུད་འདིའི་གཞིང་གི་ལྷ་མི་སྤང་བའང་། ལྷའི་མཚན་ཉིད་གཅིག་དང་དུ་མ་ལས་གྲོལ་བས། རྒྱལ་བ་ཀུན་གྱི་དངོས་གཞི་ཡིན་པའི་ཕྱིར། །འདི་སྤངས་ན་ཀུན་སྤངས་པའི་ཕྱིར། །དཔེར་ན་ས་བོན་ཚིག་པ་ལས། །མྱུ་གུ་རེ་བ་དང་འདྲའ་འོ། །ལྷ་ནི་མི་སྤང་དོན་ཉིད་ནི་ཞེས་པ་ནས། ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་བསྒོམ་པའི་དོན་ཞེས་པ། དོན་ཉེ་བར་བཤད་པ་ནི། མཚན་ཉིད་བཤད་པ་ལྟ་བུའི་ཕྱིར། ལྷུན་གྱིས་གྲུབ་པའི་སྐུ་བརྙེས་པའི་རྒྱལ་བ་འཁོར་དང་བཅས་པ། ཐམས་ཅད་ཀྱི་བདག་ཉིད་དང་ཡི་དམ་ལྷ་ངོ་བོས་སོ་སོ་མ་ཡིན་པའང་སྐུ་གསུང་ཐུགས་གསུམ་ཆར་གྱི་ངོ་བོ་མི་ཕྱེད་པའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་སྤྱིའི་གཟུགས་ཅན་རིགས་ཀྱི་བདག་པོ་ཡིན་པའི་ཕྱིར་ཕྱག་རྒྱ་བཞི་སྐུ་ཡོངས་རྫོགས་པར་བསྒོམ་པའི་དོན་ཏོ། །དེ་བས་ན་དེ་སྤངས་ན་སྐུ་གསུང་ཐུགས་སྤངས་བའི་ཡིན་པའི་ཆགས་པ་སྤོང་བ་ལ་སོགས་པ་རྣམ་པར་དཀའ་བ་ཅི་སྤྱད་ཀྱང་མི་འགྲུབ་སྟེ། དཔེར་སྨན་འཚོ་བྱེད་གཞོན་ནུ་མཁས་པས་བོར་བའི་ནད་པ་ནི། མི་མཁས་པའི་མི་འཚོ་བ་བཞིན་གྱི་ཕྱིར། དཀོན་མཆོག་གསུམ་སྤངས་ཚངས་པར་སྤྱོད་པ་དོན་མེད་འགྱུར། ཞེས་གསུངས་སོ། །བདག་ཉིད་ལྷ་དང་མཉམ་སྦྱོར་བས་ཞེས་པ་ལ་སོགས་པ་ཡོན་ཏན་དང་། དང་དུ་བླང་བ་དང་། འབྲས་བུར་འགྲེལ་ཏེ་གོ་སླའོ། །བླ་མ་བཀུར་བར་བསྟན་པའི་ཕྱིར། །རྡོ་རྗེ་སློབ་དཔོན་སྨད་མི་བྱ། །ཞེས་པ་ལ་སོགས་པ། སློབ་དཔོན་དུ་གྱུར་པ་བཞི་ནི། ཡོན་ཏན་བཞི་ལ་སོགས་པ་དང་ལྡན་པའི་ཕྱིར། གྲུ་དང་འདྲ། སྨན་དང་འདྲ། མཁར་དང་འདྲ། དམིགས་མཁན་དང་འདྲ་བ་ལ་སོགས་པའི་ཕྱིར་མི་སྤང་སྟེ། སྤང་བའི་སྐྱོན་དང་བཀུར་ཐབས་སུ་འགྲེལ་ཏོ། །ཡང་དག་ལམ་དུ་ཞུགས་པ་ལ་བྱམས་པར་བྱ་བ་བསྟན་པའི་ཕྱིར། རྡོ་རྗེ་མཆེད་ལྕམ་དྲལ་ནི། བླ་མེད་བྱང་ཆུབ་འགྲོ་བའི་སྤུན། །ཞེས་པ་ལ་སོགས་པ་རྣལ་འབྱོར་ཕོ་མོ་ནི་བྱང་ཆུབ་ཆེན་པོར་འགྲོགས་པའི་ཕྱིར་ངེས་ཚིག་འགྲུབ་སྟེ། སྔ་མ་ནས་ལྟ་བ་དང་། དམ་ཚིག་དང་སྨོན་ལམ་མཐུན་པས་མཐུན་པར་སྐྱེ་སྟེ། ཐེག་པ་ཆེན་པོར་རིགས་ངེས་པའི་སྤུན་དུ་གྱུར་པས། གྲུབ་ཅིག་བཞིན་ལྷན་ཅིག་སྤྱོད། ཞེས་པ་ལ་སོགས་པ་བཀུར་ཐབས་སུ་འགྲེལ་ཏེ། བྱང་ཆུབ་གྲུབ་བར་བྱེད་པའི་ཐབས་གསུམ་ལ་སོགས་པ་གཅིག་པས་གྲུབ་གང་མི་བཞིན་ཐབས་གཅིག་ཏུ་སྤྱོད་གཅིག་པའོ། །དེ་ནས་བསམ་སྤྱོད་མི་སྤྱོད་པས་གཅིག་བཞིན་སྤྱོད་པ་ནི་མཆེད་དེ། དེས་རྒྱལ་བའི་དཀྱིལ་འཁོར་འགྲུབ་པའི་ཕྱིར་གདུང་སེམས་རྒྱུན་མི་གཅོད་དོ། །སྐྱོན་ནི་གོ་སླའོ། །གསང་བ་གཞན་ལ་མི་བསྒྲགས་ཞིང་། །ཞེས་པ་ལ་སོགས་པ། གསང་བ་བདག་ཉིད་ཀྱིས་དང་དུ་བླང་བར་ཆད་དོ། །གསང་བཅུར་བསྡུ་བའི་དངོས་པོ་དང་རྩ་བ་གསུམ་པོ་དག །རྣལ་འབྱོར་བ་ལྷག་པའི་མཉམ་པ་གཉིས་ཀྱི་གཏན་ཚིགས་ཀྱི་བདེན་པ་གསུམ་པ་མཐོང་ནས། སྤྱོད་པ་བླང་དོར་མེད་པར་སྤྱོད་དོ། །ལྟ་སྤྱོད་ཟབ་མོའི་ཐེག་པ་གཞན་བས་བརྣག་པར་བྱེ་བར་རིག་པར་བྱས་ཏེ་བསྡམ་མོ། །མ་རྟོགས་ཅེས་པ་གསང་བའི་ཡུལ་སྤྱིའི་བཞི་དང་ཁྱད་པར་བརྒྱད་ལ་སོགས་པ་གསང་བའོ། །བསྟན་ལུགས་ཀྱིས་དགོས་ཆེད་ནི། གསང་ཕྱིར་བརྡ་ངག་སྣ་ཚོགས་གསུངས། །ཞེས་པ། བརྡ་ལ་ཡོན་ཏན་བཞི་ཡོད་པའི་ཕྱིར་བརྡ་གཉིས་ལས་ཀྱང་ངག་གི་རྡ་རྣམས་ནི་སྦྱོར་བའི་བརྡ་རྣམས་དང་། ལོངས་སྤྱོད་ཀྱི་བརྡ་རྣམས་དང་། རྒྱན་གྱི་བརྡ་རྣམས་དང་། སྤྱོད་ལམ་གྱི་བརྡ་རྣམས་ལ་སོགས་པ་བཀའ་སྩལ་པའི་ཡི་གེ་མང་བའི་སྒྲས་འཇིགས་ནས་མ་ནུས་སོ། །དགོས་ཆེད་དང་སྐྱོན་གཉིས་གོ་སླའོ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །སྔགས་ཞེས་རབ་ཏུ་བསྒྲགས་པ་ཡིན། །ཞེས་པ་ལ་སོགས་པ། སྤྱིར་གསུང་བ་གཉིས་དུས་ཀྱི་རྒྱན་རབ་འབྲིངས་གསུམ་དུ་ཕྱེ་ལ་མི་བཅད་པ་ལས། ཁྱད་པར་དུ་སྔགས་ཀྱི་ངོ་བོ་དང་ངེས་ཚིག་ནི། བདེན་པ་གསུམ་པ་ལྷུན་གྱིས་གྲུབ་པའང་ཉིད་མཐུ་དང་བྱིན་རླབས་ཐམས་ཅད་ཀྱི་བདག་པོའི་ཕྱིར་སྔགས་ཀྱི་ངོ་བོ་བྱུང་བས། སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཉིད། ༀ་ལ་སོགས་པའི་སྔགས་བཞི་བཅུ་རྩ་གཉིས་སུ་རང་ཤར་བའང་བདེན་པ་གསུམ་པ་ཉིད་ཀྱི་ཕྱིར་མཐུན་བྱིན་དང་ལྡན་པས་ཕྱོགས་ཙམ་བཟུང་བའོ། །དེའང་གྲངས་གསུམ་དུ་འགྱུར་རོ། །ཕྱག་རྒྱ་བསྟན་པའི་ཕྱིར། ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི། །ཞེས་པ་ནས། ཕྱག་རྒྱ་ཆེ་ཞེས་པ། སྦྱོར་བཞིའང་ཆེན་པོ་ནི་གྲངས་བཞི་ལས་རང་བཞིན་གཟུགས་ཀྱི་སྐུའི་ཕྱག་སྟེ། རྒྱལ་བ་ཐམས་ཅད་རྒྱན་གྱི་འཁོར་ལོའི་ལྷ་གསུམ་དང་། དབང་གི་ལྷ་ལྔ་དང་ལྡན་པའང་རང་རང་རིགས་ཀྱི་རྒྱས་བཏབ་པའི་ཕྱིར་དབུས་སུ་རང་གི་མཚན་པས་ངེས་ཚིག་འགྲུབ་སྟེ། དོན་རང་རིགས་པས་རྒྱས་བཏབ་པའི་ཕྱིར། རིག་པ་ཉིད་དེ་རང་ཤར་བའང་རང་གསལ་དུ་བསྒོམ་པའི་དོན་ཏོ། །གསལ་ལ་བརྩོན་པའི་ཡེ་ཤེས་ལྡན། །ཡིད་བཞིན་མ་ཆགས་དབང་སྒྱུར་ཏེ། །ཞེས་པ་ལ་སོགས་པ། གོ་རིམ་བཞིན་རིགས་ལྔའི་སྐུ་ཕྱག་རྒྱ་ལས་སུ་རུང་བར་བསྒོམ་པར་གདམ་མོ། །ཕྱོགས་གཞན་དུ་ནའང་སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། རྩ་བརྒྱུད་ཡི་གེ་སྔགས་རྣམས་ནི། །ཐབས་ཀྱིས་འདྲེས་ཚེ་བྱིན་རླབས་འབྱུང་། །ལས་དང་ངོ་བོས་སྔགས་འགྲུབ་པ། །རྣམ་རྟོག་འཇོམས་ཤིང་སྦྱོར་བའང་ཡིན། །ས་བོན་སྐུ་སྟེ་བདེ་བ་ཐུགས། །ཡིག་གསུང་ཅིག་ཀྱང་བདེ་བ་ལྔའི་རྒྱས་བཏབ་ཕྱག་རྒྱ་ཆེན་པོར་བརྗོད། ཞེས་གསུངས་སོ། །སྔགས་དང་ཕྱག་རྒྱ་ལེ་ལོ་གྱུར་པའི། སྐྱོན་བསྟན་པའི་ཕྱིར། དེ་བས་བར་ཆད་བརྩོན་མེད་ན། །ཞེས་པ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ཚིག་ལྷག་མ་ནི་སྐྱོན་ལས་གྲོལ་བར་བྱ་བའི་ཕྱིར། ལྟ་བ་ནི་སྐུལ་བ་ནི་འབྲེལ་པར་སྦྱོར་བའོ། །ལྟ་བའི་ཕྱག་རྒྱ་བསྟན་པའི་ཕྱིར། རྣལ་འབྱོར་ཆེན་མོ་ལ་ཞུགས་པས་བཞེས་པ་ནས། ངོ་བོ་ཉིད་མེད་མཚན་ཉིད་མེད་ཞེས་པས། ཐེག་པ་མཆོག་ལ་ཞུགས་པའི་རྣལ་འབྱོར་ཆེན་མོས་ཆོས་སོ་ཅོག་གི་མཚན་ཉིད་ཅིག་དང་དུ་མ་ལས་འདས་པ་དང་མཐའ་གསུམ་ལ་མ་འདས་པས་བསམ་སྦྱོར་ལས་འདས་པའི་དོན་རྟོགས་པར་བྱའོ། །དེ་ཡང་ལྷག་པ་མཉམ་པ་གཉིས་ཀྱི་སྒོ་ནས་རྟོགས་པར་བྱ་བའི་ཕྱིར། མཉམ་པ་ཆེན་པོའི་ཕྱག་རྒྱའི་ས་ཞེས་པ་ན། གང་གི་ངོ་བོར་མ་གྲུབ་མཉམ། །ཞེས་པ་དོན་དམ་པ་འཆད་དེ། རིལ་ཀྱང་སེམས་ཀྱི་ཡེ་ཤེས་ཆེན་པོའི་བྱེ་བྲག་མེད་པར་གསལ་བ། རང་བཞིན་གྱི་གཏན་ཚིགས་ཀྱིས་གཉིས་པའི་མཐའ་དང་བྲལ་བས་ཡེ་ཤེས་ཆེན་པོའི་ངོ་བོ་བརྟག་དཀའ་བ་བསམ་བརྗོད་བྲལ་བ་ལྷུན་གྲུབ་དོན་དམ་པ་ཆེན་པོའོ། །ཀུན་རྫོབ་ཆོས་ཉིད་དབྱེར་མེད་པ། །ཞེས་པ་ནས། སྒྱུ་མར་མཉམ་པར་ཡེ་ནས་གནས། །ཞེས་པ། ཀུན་རྫོབ་ཉིད་ཆོས་ཉིད་བས་ངོ་བོ་མཐའ་དང་བྲལ་བཞིན་འབྱུང་འཇུག་མེད་པར་རིག་པའི་ཆོ་འཕྲུལ་བྱེ་བྲག་གི་ཆོས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་ཤར་བས་ཆུ་ཟླ་ལྟ་བུ་དེས་འགྲོ་དོན་མི་འགོག་པ། དེ་ཉིད་ན་དངོས་པོ་གཉིས་པ་རིལ་ཡེ་ཤེས་སྒྱུ་མའི་ངོ་བོར་བྱེ་བྲག་མེད་པ་ནི་ལྷག་པའི་ཀུན་རྫོབ་བོ། །རྟོགས་པ་ཉིད་ཕྱག་རྒྱ་ཡིན་པས་མཚན་མའི་སྐུ་མ་བསྒོམས་ཀྱང་ཉམས་པ་མེད་པར་བསྟན་པའི་ཕྱིར། སྔགས་འཆངས་ལ་པོར་རྟོགས་བྱས་ནས། བདག་ཉིད་ཆོས་ཉིད་སྐྱེ་འགག་མེད་ཞེས་པ་ལ་སོགས་པ། བདེན་པ་གཉིས་དབྱེར་མེད་པའི་དོན་སུ་ལ་ཡོད་པས་ལྟ་བ་མཐའ་ཕྱིན་ནས། གོམས་པ་མཐའ་ཕྱིན་པ་བསྒོམ་པ་ཚུལ་འདི་ནི་གཅིག་ཆར་འཇུག་པར་སྟེ་བསྒོམ་པ་པོ་ཉིད་མཐའ་ལས་གྲོལ་བས་བསྒོམ་བྱ་སྒོམ་བྱེད་མེད་པར་རང་བཞིན་རང་གསལ་གཡོ་བ་མེད་པར་ནི་བསྒོམ་པའོ། །དེ་ལྟ་བུ་ཡོད་ན་བསྒོམ་པའི་རིག་པ་དེ་ཉིད་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་དངོས་གཞི་བས་དུས་ཅིག་ཏུ་མ་འདྲེས་ལ་ཡོངས་སུ་རྫོགས་པར་བསྒོམས་པ་ཡིན་པའི་ཕྱིར། ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱང་། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་དམ་ཚིག་ཅེས་པ་སྤྱིར་བསྲུངས་པའི་ཡོན་ཏན་ནོ། །སྤྱོད་ལམ་བསྟན་པའི་ཕྱིར། ཡན་ལག་མ་ཉམས་སྔགས་བཟླས་ཤིང་ཞེས་པ་ལ་སོགས་པ། སྔགས་ཀྱི་གྲྭ་ཟུར་མ་ཆགས་པར་བཟླས་ཤིང་། ལོངས་སྤྱོད་ཀུན་ལ་སྲོག་དང་བཅས་པས་ལོངས་སྤྱོད་པས། སྔགས་དང་ཕྱག་རྒྱ་བརྟན་ན། དངོས་གྲུབ་ཆེན་པོ་ཐོབ་པ་སྤྱོད་ལམ་གྱི་ཡོན་ཏན་ནོ། །སྤྱིའི་སྐྱོན་གོ་སླའོ། །དམ་ཚིག་བསྲུང་དང་སྔགས་བཟླས་དང་། །ཞེས་པ་ལ་སོགས། གདམ་པ་སྟེ་རྩ་བ་དང་ཡན་ལག་བསྲུང་ཞིང་བཟླས་པར་བྱེད་པ་དང་ཕྱག་རྒྱ་བསྒོམ་པ་དང་བཞི་རྒྱན་བཅད་པའོ། །ཁྱད་པར་དུ་ཕྱག་རྒྱ་བཞི་ཉིད་དོ། །སྐྱོན་དང་ཡོན་ཏན་གོ་སླའོ། །ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་གྱི་སྤྱོད་པ་བསྟན་པའི་ཕྱིར། སྔགས་བསྒོམ་མ་ཉམས་ཕྱག་རྒྱ་གསལ། །ཞེས་པ་ལ་སོགས་པ། བདེན་པ་གསུམ་པའི་སྐུ་བསྒོམས་ཏེ་སྔགས་གྱི་ཡན་ལག་གི་ལྷ་དགུ་མ་ཉམས་པར་བཞི་དུས་ཅིག་ཏུ་གསལ་ན། ཆོ་གའི་རིམ་པ་དང་རྫས་རྣམས་གཙོར་མ་གསུངས་པས་ཏིང་ངེ་འཛིན་གྱི་སྤྱོད་པའོ། །འོ་ན་ཡོ་ག་ཕྱི་པ་དང་འདྲ་མོད་སྙམ་པ་ལ། ཚོགས་ན་ཡང་ནི་ཉེས་པ་མེད། །མ་འཚོགས་ནའང་འགྲུབ་པར་འགྱུར། ཞེས་པ་ནང་གི་ཧཾ་བཏབ་པས་ཚོགས་གཉིས་སུ་གྱུར་པ་དང་། མ་འབྱོར་ནའང་རག་མ་ལུས་པའི་ཕྱིར། །ལྷ་ཉིད་ནས་སྤངས་སོ། །ཆོ ག་ལྷག་མ་གམ་མཚང་ནའང་། ཞེས་པ་དག་སྤྲོས་བཅས་ཐོབ་པའི་ཡུལ་ཏེ། སྨྲ་གསུང་སྔགས་ཚིག་ཏུའང་ཤེས་ལ་བརྗོད་དུ་མེད་པར་ཡང་ཤེས་པ་མངོན་དུ་གསལ་བས་ཅི་སྤྱོད་ཀྱང་ཚོགས་སུ་འགྱུར་བའི་ཕྱིར་རོ། །ཉེར་བདུན་པའི་སྤྱན་རྣམས་པར་འགྲེལ་བའོ།། །།ཡང་དག་པའི་དུག་ལྔ་ལ་སོགས་པའི་རྩ་བ་བཅོ་ལྔ་བཤད་པའི་ཕྱིར། ལེའུ་ཉེར་བརྒྱད་པའི་སྤྱན་རྣམ་པར་བཤད་པ་ལ་འཇུག་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ཀྱི་རྒྱལ་པོ་འདི་ལྟར་ཡང་བཤད་དེ་ཞེས་པར་སྦྱར་ཏེ་རྩ་བ་བཅོ་ལྔ་ཤས་བསྡུས་ནས་མི་མཐུན་པའི་བཀའ་སྩལ་བའོ། །དགོས་ཆེད་བསྟན་པའི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་གྱིས་ཞེས་པ་ནས། དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་པ་སྟོན་པས་ཆོས་སོ་ཅོག་མཉམ་པའི་དབྱིངས་ལས་མ་གཏོགས་པའི་གཉིས་སུ་མེད་པའི་དོན་ཆུད་དེ། རིལ་ཀྱང་དེ་ཉིད་ཀྱི་ངོ་བོ་ལ་བླང་དོར་མེད་པའི་དོན་ཀུན་ཀྱིས་ཀྱང་མཆོད་དུ་བཏུབ་པའི་ཕྱེད་བཅོ་ལྔ་ལ་སོགས་པ་དོན་དུ་མི་འགྱུར་བ་མེད་པར་བསྟན་ཏོ། །མི་སྤང་བ་ལྔའི་འདོད་ཆགས་བསྟན་པའི་ཕྱིར། །ཡོན་ཏན་མཆོག་གི་འདོད་པ་ནི། །ཞེས་པ་ལ་སོགས་ཡོན་ཏན་གྱི་འབྱུང་གནས་སུ་གྱུར་པའི་ཡང་དག་པའི་འདོད་ཆགས་དང་གཉིས་ཏེ། ལྟ་བ་གཉིས་མེད་ཀྱི་ཆགས་པ་ཆེན་པོ་དང་། སྤྱོད་པས་སྤྱད་པ་ཅི་ལའང་ཟིན་ཆགས་མེད་པས་གང་དང་ཡང་མི་བྱེད་པ་དང་ཆགས་པ་ཉིད་ཀྱིས་མི་འཆིང་བའོ། །ཡོན་ཏན་འདི་ནི་རྣམ་དག་ལེགས་པའི་ལམ་ཞེས་པ་ནས། རྡོ་རྗེའི་སྐུ་ཞེས་པ། ཆགས་པ་མ་སྤང་སྤྱད་པས་གྲོལ་བ་ནི་ཉེས་ཟད་ཀྱི་ཤུལ་ཏེ། སྐད་ཅིག་གིས་བདེན་པ་གཉིས་དབྱེར་མེད་པའི་ས་ཐོབ་ནས་ཡོན་ཏན་གྱི་མཛད་སྐྱེ་འཇིག་དང་བྲལ་བ་ཉིད་ཐོབ་བོ། །ཉོན་མོངས་སྡུག་བསྔལ་འདོད་ཆགས་ནི་ཞེས་པ་ལ་སོགས་པ། ཐབས་དང་བྲལ་བའི་སྐྱོན་ཏེ། འཁོར་བའི་ལྷན་གཅིག་བྱེད་རྒྱུ་དང་རྐྱེན་དུའང་སྟོན་ཏོ། །ཐུགས་རྗེ་ཆེན་པོའི་ཞེ་སྡང་ནི། །ཞེས་པ་ནས། ཤིན་ཏུ་མཉམ་པའི་རང་དུ་འཇོག །ཅེས་པ་ལྟ་བས་དངོས་པོ་ཀུན་བརྟགས་བཅོམ་སྟེ། བདག་བསྒྲལ་ནས་ཞིང་བཅུ་ལ་བསྒྲལ་ཐབས་བཞིས་ས་བོན་དྲུག་བསྲེགས་སྒོ་ལྔ་སྐྱེ་བའི་རྒྱུ་རྩད་བཅད་ནས། ཤེས་པ་འོག་མིན་དུ་འཕངས་ནས་རིགས་ངེས་པར་དུ་བྱས་ཏེ་བདེ་བ་ལ་བཀོད་པ་ནི་ཐུགས་རྗེས་ཁྲོས་པ འི་མཛད་པ་གཞན་དོན་མཛད་པའོ། །འབྲས་བུ་ནི་རྡོ་རྗེ་སེམས་བཞི་པའི་ས་ཡང་དག་མཆོག་གི་བདེ་བ་འགྲུབ། ཞེས་བྱམས་པ་ཆེན་པོ་ཐོབ་པས་རྡོ་རྗེ་སེམས་པ་མཚན་ཡོངས་སུ་རྫོགས་པའི་ས་ཐོབ་བོ། །ཡེ་ཤེས་གསལ་བའི་གཏི་མུག་ནི། །ཞེས་པ་ནས། ཤིན་ཏུ་འོད་གསལ་རྣམ་དག་ལམ་ཞེས་པ། །རང་འབྱུང་བའི་ཡེ་ཤེས་བདག་ཉིད་སྤྱོད་ཡུལ་དུ་དབྱེར་མེད་པ་ནི། མཐའི་ཞེན་པ་མེད་པར་ཞུགས་པས། །རིལ་གྱི་ངོ་བོ་ཚིག་གི་ཕེབས་པར་བཀའ་བ་ནི་ཆོས་སྐུ་ཆེན་པོ་མ་བསྒོམ་ཀུན་ལ་ཁྱབ་པ་ནི་ཡེ་ནས་རང་གསལ་བ་སྟེ་ཉེ་ལམ་དམ་པ་ལྟ་བའི་གཏི་མུག་གོ། །དེས་ནས་འབྱེད་པ་མེད་པའང་དེའོ། །འབྲས་བུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྒྲིབ་པ་སྦྱོང་། །སེམས་ཅན་ཉོན་མོངས་དུག་སེལ་འགྱུར། །ཞེས་པ། ས་བའི་སྒྲིབ་པ་ནི་བདེན་པ་ངེས་འཇོག་ཡིན་ལ། འདིར་གཏི་མུག་ཆེན་པོ་རིས་དང་བྲལ་བ་ནི་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཆེན་པོ་ཡིན་པའི་ཕྱིར་དང་། རྒྱུ་མ་རིག་པ་ཡེ་ཤེས་ཀྱི་གཏི་མུག་ཏུ་རང་དག་པས་དེ་ལས་འབྱུང་བའང་སེལ་བར་འགྱུར་ཏེ་མེད་ན་མི་འབྱུང་བའི་འང་ཕྱིར་རོ། །ཐམས་ཅད་ཞིང་སྦྱོར་ང་རྒྱལ་ནི། །ཞེས་པ་ལ་སོགས་པ། མཉམ་པ་ཆེན་པོ་རྟོགས་པའི་ལྟ་བ་སྲན་ཚུགས་པས་ཆོས་སོ་ཅོག་དག་པར་བྱེད་པ་ནི། འབྲས་བུའི་འབྱུང་གནས་སོ། །དེས་ན་སྤྱོད་པའང་བདག་གཞན་མ་དམིགས་པའི་དོན་མཐོང་བའི་སྤྱན་ཅན་ཞི་བ་ཆེན་པོར་སྤྱད་པ་ནི་ང་རྒྱལ་བྱར་མེད་པའི། ཡོན་ཏན་གྱིས་མངོན་པར་མཐོ་བ་སྟེ། ཁྲོ་བོས་འདུལ་བའང་མི་འདོད་པ་མ་ཡིན་ནོ། །འབྲས་བུ་ནི་དཔུང་བཞི་ཚོགས་ཀྱིས་མི་ཐུབ་པའི་ཞེས་པ་ནས། དཔའ་བར་འགྲོ་བའི་ཏིང་འཛིན་འཐོབ་ཞེས་པ། རྟ་གླང་གྲུ་དང་རྐང་ཐང་གི་ཚོགས་དང་བདུད་སྡེ་བཞི་བཏུལ་ནས་ཡོན་ཏན་གྱིས་མངོན་པར་མཐོ་བའི་རིན་ཆེན་རིགས་འགྲུབ་པ་དང་ཁྲོ་བོ་སྐུ་འཐོབ་པའོ། །ཕྲག་དོག་སྤངས་པའི་དོན་སྦྱོར་བ་ཞེས་པ་ལ་སོགས་པ། ངོ་བོའི་ཞེན་པ་ཕྲག་དོག་ཉིད་གང་ཡང་བཀོལ་སྤངས་མེད་པར་རྡེང་ཆུད་པ་ལ་བདག་གཞན་མ་མཐོང་བས་སྤང་བླང་དང་ཕྲག་དོག་དང་ཡུལ་དབྱེར་མེད་དུ་མཐོང་བ་ལ་ལོག་ལྟ་ངང་གིས་མི་ཚུད་པའོ། །སྤྱོད་པས་ཀྱང་དེའི་སྐལ་པ་མེད་པ་ལ་མི་སྟོན་པའོ། །དེས་འབྲས་བུ་ཉོན་མོངས་ཉིད་ཡེ་ཤེས་ཀྱི་ཀློང་ཡིན་པར་འགྲུབ་པའི་ཕྱིར། བདེ་མཆོག་དཀྱིལ་འཁོར་ཡངས་པ་འགྲུབ་ཞེས་གསུངས་སོ། །ཕྲག་དོག་ཡང་དག་རྟོགས་པ་ནི། །ཞེས་པ་ལ་སོགས་པ་ཡང་དག་པའི་ཕྲག་དོག་གི་ཡུལ་གྱི་སྒོ་ནས་ངེས་ཚིག་འགྲུབ་པའོ། །དེ་དག་གོ་སླ་སྟེ། དེ་ལྟར་ལྟ་སྤྱོད་གཉིས་ཀྱི་དོན་དང་ནམ་དུའང་མི་འབྲལ་བ་ནི་བསྲུང་པ་སྟེ། ལམ་གསུམ་ཀའི་ཐུན་མོང་དུ་འགྱུར་ཏེ། སྟོབས་ཀྱི་ཁྱད་པར་ཡོད་དོ། །བླ་མེད་མི་སྤངས་བླ་མ་བཀུར་བའི་དོན་བསྟན་པའི་ཕྱིར། ཡི་དམ་ལྷ་ནི་རྟགས་བསྒོམས་ན། །ཞེས་པ་དག་བསྲུང་པ་བསྒྲུབ་ལྔར་སྦྱར་ཏེ་སྒྲ་ཇི་བཞིན་ནོ། །རྩ་བ་གསུམ་པའི་ལྔ་བསྟན་པའི་ཕྱིར། བདུད་རྩི་སྨན་རྣམས་རྟག་ཏུ་སྤྱད་ཅེས་པ་ལ་སོགས་པ། དགོས་ཆེད་དང་བརྟེན་ཐབས་དང་འབྲས་བུར་འགྲེལ་ཏེ། ཁྱད་པ་དུ་ཡང་སྤྲོས་བཅས་ཐོབ་པ་ཡན་ཆད་ཀྱི་ཡུལ་ལོ། །མི་སྤང་བའི་དམ་ཚིག་གི་ངེས་ཚིག་དང་དགོས་ཆེད་བསྟན་པའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་དང་ཞེས་པ་བཞི་གསུངས་སོ། །སྤྱིའི་དམ་ཚིག་ཆེན་པོ་མདོ་གཅིག་ཏུའང་བསྟན་པའི་ཕྱིར། དམ་ཚིག་དམ་ཚིག་ཞེས་བྱ་བ་ཚིག་གསུམ་གསུངས་ཏེ། རྟོགས་པའི་ཤེས་རབ་འདའ་ཉམས་མི་དམིགས་པ་ཉིད་དོ། །ངེས་ཚིག་བསྟན་པའི་ཕྱིར། མི་གཏོང་ཕྱིར་ཡང་དམ་ཞེས་བྱ། །ཞེས་བྱ་བ་ལ་སོགས་པ། རྩ་བ་དང་ཡན་ལག་ཏུ་ལྡན་ན་དམན་པའི་གནས་སུ་མི་འཚོར་བའི་ཕྱིར་དང་། མི་འབྲལ་བའི་གཟུངས་སུ་འགྱུར་བའི་ཕྱིར་དམ་པ་གཉིས་སོ། །འདི་དག་རྡོ་རྗེ་ཐེག་པ་ཆེན་པོའི་བདེན་ཚིག་ཡིན་པའི་ཕྱིར་དང་། ལམ་མ་ནོར་བས་རྒྱུ་འབྲས་རྩུབ་མོ་སྦྱོང་བའི་འང་ཕྱིར་རོ། །སྐྱོན་ལས་མཚན་ངེས་པར་འགྲུབ་པའི་ཕྱིར། ཡང་ན་ཞེས་པ་གསུམ་གསུངས་སོ། །སྤྱད་པར་བྱ་བ་ཡན་ལག་གི་དམ་ཚིག་བསྟན་པའི་ཕྱིར། རྡོ་རྗེ་རིགས་ཀྱི་བསྒྲུབ་བྱ་བ། །སྦྱོར་དང་སྒྲོལ་བས་མཐར་ཕྱིན་འགྱུར་ཞེས་པ། །དོན་གྱིས་སྤྱད་པའི་དགོས་ཆེད་འཆད་དེ། ཐེག་པ་ཆེན་པོར་རིགས་ངེས་པའི་རྣལ་འབྱོར་ཡོངས་ཀྱིས་བདག་གཞན་གྱི་དོན་བྱ་ནའང་སྤྱོད་པ་གཉིས་ཀྱིས་གྲུབ་པའི་ཕྱིར་དཔྱད་པའོ། །སྦྱོར་སྒྲོལ་ངོ་བོ་ཐ་དད་མ་ཡིན་པར་བསྟན་པའི་ཕྱིར། སྦྱོར་བ་ཉིད་ན་སྒྲོལ་བ་ཡིན། །སྒྲོལ་བ་ཉིད་ན་སྦྱོར་བ་ཡིན། །ཞེས་པ། ལྔ་པོ་ངོ་བོའི་ཟུང་དུ་སྤྲོས་པ་བཅུའང་གང་གཉིས་སུ་མེད་པའི་སྐབས་ཉིད་སྦྱོར་བའང་ཡིན་ལ་དེ་ཉིད་ན་དེ་ཉིད་ཀྱི་ཞེན་མཐའ་བྲལ་བས་སྒྲོལ་བའང་ཡོད་སྐབས་ལས་བཏགས་ཀྱི་རང་རྒྱུད་གཉིས་མེད་པའོ། །རྣམས་གྲངས་བསྟན་པའི་ཕྱིར་རང་བཞིན་གྱི་ནི་སྦྱོར་སྒྲོལ་དང་། ཞེས་པ་ལ་སོགས་པ། དངོས་པོ་གཉིས་པ་རིལ་སུས་ཀྱང་བྱས་པ་མེད་པར་གཉིས་སུ་མེད་པར་དཀྱིལ་འཁོར་ཡིན་པའི་ཕྱིར་དང་། གཞི་ལ་འཁོར་བ་མ་གྲུབ་པར་ངང་གིས་སངས་རྒྱས་པའི་ཕྱིར་ཏེ་རིགས་དང་རྣལ་འབྱོར་དང་པོའི་དོན་ཏོ། །ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དང་། ཞེས་པ། རིགས་ཀྱི་ཡུམ་བསྐྱེད་པ་དེ་རོལ་པ་དང་། ཡི་གེ་རམ་ཐུགས་ཀར་བསམས་པའི་འཕྲོ་འདུས་མེ་སྤྲོས་ནས་དྲུག་གི་ས་བོན་སྦྱངས་ཏེ་རང་རང་གི་སེམས་ཉིད་མཐོང་བར་བསྒྱུར་བ་ཕྱག་རྒྱ་གཅིག་པ་དང་སྤྲོས་བཅས་མཐུན་མོང་པའོ། །དེ་ལ་ཤེས་རབ་དང་ཏིང་ངེ་འཛིན་གཉིས་ཀྱི་སྦྱོར་སྒྲོལ་དུ་བསྙད་ན་མཐོང་ལམ་དང་དེ་བཞིན་ཉིད་ཀྱི་ཡུལ་ལོ། །དབང་བ་ཡུལ་དུས་ཀྱི་སྦྱོར་སྒྲོལ་དང་ཞེས་པ། དབང་པོ་ལྔ་དང་ཡུལ་ལྔ་སེམས་པ་དང་སེམས་མ་དང་རིགས་ཀྱི་ལྷ་ཡབ་ཡུམ་དུ་གསལ་བ་ནི་ཕྲད་པས་སྦྱོར་ཞིང་ཞེན་རྟོག་དེ་ཉིད་དེར་བསྒྲལ་བ་སྤྱོད་ལམ་གྱི་ཏིང་ངེ་འཛིན་ཏེ། སྒོམ་ལམ་ཐ་མ་གཉིས་ཀྱི་སློབ་པའི་ཡུལ་ལོ། །མངོན་གསུམ་པའི་ཡུལ་ནི་མཐར་ལམ་གྱི་ཆེའོ། །ཐབས་ཆེན་དག་གི་སྦྱོར་སྒྲོལ་དང་། །ཞེས་པ་རྗེས་འཇུག་དང་སྔོན་བྱུང་གཉིས་ཏེ། སྔོན་བྱུང་ནི་དཔལ་ཆེན་པོའི་མཛད་པ་སྟེ། རྣལ་འབྱོར་ཐ་མའོ། །རྗེས་འཇུག་གཉིས་ལ་སྤྱོད་ལ་མི་གོས་པ་ཁྱད་པར་དུ་སྤྲོས་བཅས་ཡན་ཆད་དོ། །ཐབས་ཀྱི་ཐུགས་རྗེས་བྱ་བ་ཁ་ཅིག་ཏུ་སྒྱུ་མ་ལྟ་བུའི་ཡང་ཡུལ་ལོ། །མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ལོ་ཞེས་པ། །ཞིང་བཅུ་དང་རིགས་བཞི་ཐིག་ལེ་ལ་སྦྱོར་སྒྲོལ་བྱེད་པ་ནི་ལམ་ཀུན་གྱི་ཐུན་མོང་བ་སྟེ། སློབ་པ་དང་མངོན་སུམ་ཡུལ་གཉིས་སུ་དབྱེ་བའོ། །ཐབས་ཀྱི་ལམ་གྱི་དབང་དུ་ན། །སྒྱུ་འཕྲུལ་ཕྱི་མ་ལས་ཀྱང་། །དཀྱིལ་འཁོར་དང་པོར་ལས་ཀྱི་ཡུམ། །མངོན་དུ་སྦྱར་བ་དྲོད་ཐོབ་འགྱུར། །རླུང་ཐབས་གྲུབས་པས་སྦྱོར་བའི་ཚེ། །རང་རང་སྐྱེ་མཆེད་བྱིན་རླབས་དང་། །ཕྱི་དང་གསང་བའི་དབང་ཡུལ་སྦྱར། །ཡེ་ཤེས་རབ་སྐྱེས་སྤར་བའི་ཚོགས། །དེ་བཞིན་ཏིང་ངེ་འཛིན་དཀྱིལ་འཁོར་དུ། །དྲོད་ཐོབ་རིག་པའི་ཡུམ་སྦྱོར་བས། །རིག་པ་འཛིན་པའི་ས་ལ་སྒྲོལ། །དེ་བརྟེན་རང་བཞིན་དཀྱིལ་འཁོར་དུ། །ཡེ་ཤེས་ཕྱག་རྒྱར་སྦྱོར་བ་ཡིས། །ཡང་དག་རྫོགས་པའི་ས་ལ་སྤོར། །དབང་པོ་ཐབས་ནི་ཀུན་ཏུའང་འགྲོ། །དེས་ན་སྦྱོར་ཉིད་སྒྲོལ་བའོ། །ཞེས་གསུངས་སོ། །སྦྱོར་སྒྲོལ་བདག་ཉིད་པས་ཡུལ་མ་ཡིན་པར་བསྟན་པའི་ཕྱིར། ཡང་ན་སྦྱོར་སྒྲོལ་བདག་ལ་རྫོགས་ཞེས་པ་ལ་སོགས་པ་མི་མཐུན་པ་ནི་སྤྱོད་པ་གཉིས་བདག་ཉིད་དུ་བསྟན་པ་སྟེ། རང་རིག་པས་ཇི་བཞིན་པར་ཐག་ཆོད་པས་ཡུལ་མེད་པར་གསལ་ལ་མི་གཡོ་བའི་ཕྱིར། རིག་པ་ཉིད་བྱེ་བྲག་གི་ཆོས་ཐམས་ཅད་དུ་རང་ཤར་བས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རྟོགས་པ་སྒྲོལ་བའོ། །དེས་ནས་རིག་པའི་ངོ་བོ་ཡེ་ཤེས་སྒྱུ་མའི་མཛད་པ་ཚད་ལས་འདས་པས་ངོ་བོ་མ་ངེས་པས་དབང་བསྒྱུར་བའི་ཕྱིར་བདག་ལ་རྫོགས་ཏེ། ཡེ་ཡིན་པ་དང་། རྟོགས་པ་མི་གཡོ་བ་དང་། མངོན་དུ་བྱས་པའི་སྐབས་ཀྱིས་རྣལ་འབྱོར་གསུམ་ཆར་དུའང་འགྱུར་བར་རིགས་སོ། །དོན་མཛད་པའི་ཚུལ་བསྟན་པའི་ཕྱིར། །བྱང་ཆུབ་སེམས་སྤྲུལ་ཕྱོགས་བཅུར་འཕྲོ། །ཞེས་པ་ལ་སོགས་པ། རང་རིག་པ་ཉིད་ཡེ་ཤེས་སྒྱུ་མའི་སྤྲུལ་པར་འགྲོ་བ་མེད་པར་ཀུན་ཏུ་ཕྱིན་པས། གསུམ་གྱི་གནས་སྟོངས་ཐེག་པ་ཆེན་པོའི་མཐར་ལམ་ལ་སྦྱོར་བ་དང་། དག་པའི་གདུལ་བྱ་རྒྱལ་བ་ཉིད་དུ་སྦྱོར་བ་སྒྲོལ་བའོ། །སྐུ་གསུང་ལྷུན་གྲུབ་ཕྱོགས་བཅུར་འདུལ་ཞེས་པ་ལ་སོགས་པ། རང་རིག་པ་ཉིད་སྐུ་གསུང་ཐུགས་ཀྱི་དངོས་གཞིར་ཤར་བས་བཅུའི་གནས་སུ་འགྲོ་བ་མེད་པར་དོན་མཛད་དེ། ངོ་བོ་མི་ཕྱེད་པ་ལ་སོགས་པ་ལྔ་དང་ལྡན་པས་གང་ཡང་སྤངས་བཀོལ་མེད་པའི་ཕྱིར། རྡོ་རྗེ་ཐེག་པ་ཞེས་བསྙད་དེ། དམན་པ་དག་འདི་ལ་འཛུད་པར་བྱེད་པའོ། །དེ་ལྟར་སྦྱོར་སྒྲོལ་མཛད་པའི་འབྲས་བུ་ནི། ཟད་མི་ཤེས་ཀྱི་གཏེར་དུའང་འགྱུར་ཞེས་པ་ལ་སོགས་པ། ཆོས་ཀྱི་ལོངས་སྤྱོད་ཆེན་པོའི་སྐུ་དང་། རྡོ་རྗེའི་སྐུ་དང་། ཆོས་ཀྱི་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ་དང་། སྤྲུལ་པའི་སྐུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས་གདུལ་བྱ་ཉིད་ལས་མི་གཞན་པ་ལ་སོགས་པ་མཁྱེན་པ་གསུམ་མངའ་བས་དོན་མཛད་པའོ། །ཆོས་ཀྱི་དབྱིངས་དང་སེམས་ཅན་མཐའ་ཞེས་པ། །གཉིས་རང་བཞིན་གྱི་སྦྱོར་སྒྲོལ་གྱི་དམ་ཚིག་ལས་འཆད་པར་འགྱུར་རོ། །སྒྱུ་འཕྲུལ་དྲ་བ་ལས་རྣམ་པར་སྤྲོས་པ་སུམ་རྒྱ་དྲུག་ཅུའི་རྩ་བ་བཅོ་ལྔ་མདོར་བཤད་པའི་ལེའུ་ཞེས་པ། མི་སྤང་བ་དང་དང་དུ་བླང་པ་ལ་དགོས་ཆེད་དང་མཚན་ཉིད་ཀྱིས་ཕྱེས་པས་ཉིས་བརྒྱ། རྩ་བ་ལྔ་ལ་བརྒྱ་དྲུག་ཅུར་དབྱེ་བ་སྒྲ་གསང་འཇིགས་པས་མ་བཀོད་དོ། །ལེའུ་ཉེར་བརྒྱད་པའི་སྤྱན་རྣམ་པར་འགྲེལ་པའོ།། །།རྣལ་འབྱོར་གསུམ་དང་དམ་ཚིག་རྒྱས་པར་བསྟན་པའི་ཕྱིར། ཉེར་དགུ་པའི་རྣམ་པར་བཤད་པ་བརྩམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་སྒྱུ་འཕྲུལ་དྲ་བ་ལས། དམ་ཚིག་རྣམ་པར་སྤྲོས་པ་འདི་ཆེད་དུ་བརྗོད་དོ། །ཞེས་པའི་བཤད་པ་བཞིན་འབྲེལ་ཏེ། ཡན་ལག་འདི་དག་རྒྱས་པར་འཆད་དེ། མི་སྤང་བ་དང་དུ་བླང་བ་དང་། བསྲུང་བསྒྲུབ་ལྔ་དང་། ཤེས་པར་བྱ་བ་ལྔ་དང་སྤྱད་པར་བྱ་བ་ལྔ་དང་། བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་དག་ལས་རྣལ་འབྱོར་གསུམ་དུ་བསྡུས་ཏེ་འགྲེལ་གྱི་བཤད་པའི་གྲངས་འདོད་པ་ནི་མ་ཡིན་པའོ། །དེ་ལ་མི་སྤང་བའི་དམ་ཚིག་ལྔ་ལ་ཞེ་སྡང་བསྟན་པའི་ཕྱིར། སྤོང་པ་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ནི། ཞེ་སྡང་རྡོ་རྗེ་ཐུགས་རྗེའི་དང་། །ཞེས་བྱ་བ་ལ་སོགས་པ། ཞེ་སྡང་གི་རྒྱུ་འབྲས་འཇོམས་པར་བྱེད་པའི་ཕྱིར་རྡོ་རྗེ་སྟེ། དེའང་ལྟ་སྤྱོད་ཀྱི་ཞེ་སྡང་རྣམ་གཉིས་ནི། ལས་དང་ངོ་བོས་ཐུགས་རྗེའང་རྡོ་རྗེ་ཡིན་ཏེ། ཡོན་ཏན་དང་མཛད་པ་ནི་དམྱལ་བའི་རྒྱུ་ཞེ་སྡང་མ་སྤངས་དག་པས་འབྲས་བུ་ཚ་གྲང་བཅུ་དྲུག་ཉིད་རྒྱལ་བའི་ཞིང་ཁམས་ཡང་དག་པའི་སར་དུས་གཅིག་ཏུ་བཀོད་པའོ། །དེ་ན་ཚ་གྲང་གི་སྡུག་བསྔལ་དྲན་པ་ཙམ་གྱིས་མདོ་ལ་རྗེད་པའང་། དེ་ཉིད་ཀྱི་ངོ་བོ་རྒྱལ་བ་དང་ཐ་དད་མིན་པའི་ཕྱིར་ཐུགས་རྗེ་ཆེན་པོ་སྟེ་ངོ་བོ་ཞེས་བྱ་བའི་ཚིག་ཉིད་ཚ་གྲང་རྡོ་ཙམ་ན་དེ་ལས་གྲོལ་བར་གྱུར་པའི་སྣང་བས། ཅིའང་བྱིན་ཆགས་པ་ཉིད་སྣང་བས་དེ་ལྟར་ན་རག་དོང་སྤྲུག་པ་ལ་དམ་པ་སྟེ། ལམ་བས་ཀྱང་དེ་ཕྱིར་མི་སྤང་བའོ། །ཆགས་པ་ཡེ་ཤེས་ཞེས་བྱ་བའི་དམ་ཚིག་ནི། ཆགས་པ་མེད་པའི་ཚུལ་གྱིས་ནི། །ཞེས་པ་ལ་སོགས་པ། འདོད་ཆགས་རང་བྱུང་གི་ཡེ་ཤེས་ཡིན་པས་མི་སྤང་བ་ནི། ངོ་བོ་ཉིད་ཆགས་པའི་སྤྱོད་ཡུལ་ལས་གྲོལ་བས་དེ་རྟོགས་པའི་རིག་པ་དེ་ཉིད་ཇི་ལྟ་བས་ལྔ་པོ་གང་ཡང་མི་སྤོང་བར་སྤྱད་པས་ཚོགས་གཉིས་རྫོགས་པའི་ཡོན་ཏན་ནོ། །མཛད་པ་ནི་དེས་བདག་གཞན་གྱི་ཡི་དྭགས་གནས་སྟོངས་པར་བྱེད་དོ། །གཏི་མུག་ཞེས་བྱ་བའི་དམ་ཚིག་ནི། ང་དང་བདག་མེད་དབྱེར་མེད་པའི། །ཤེས་རབ་ཆེན་པོ་འོད་གསལ་གྱིས། །ཞེས་པ་ལ་སོགས་པ། བདག་གཞན་ངོ་བོས་དབྱེར་མེད་པས། །རྟོགས་པའི་ཤེས་རབ་དབྱེར་མེད་པའང་གཏི་མུག་པ་སྟེ་དེས་གླེན་དཀུག་པ་མ་སྤངས་དག་པར་འགྱུར་རོ། །དེ་ན་མ་རིག་པ་མེད་པས་སྒྲིབ་གཉིས་སྦྱངས་ཏེ། རང་བྱུང་ཡེ་ཤེས་པ་འབྱེད་པ་མེད་པའི་ཐུགས་རྗེ་མ་བརྩལ་བར་བདག་གཞན་གྱི་ཉོན་མོངས་པ་དག་པར་མཛད་པའོ། །ཕྲག་དོག་ཆེན་པོ་ཞེས་བྱ་བའི་དམ་ཚིག་ནི། ཡངས་པ་ཆེན་པོའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ། དོག་ཡངས་བྲལ་བའི་ངང་དུ་ལོག་ལྟ་མི་ཆུང་པས་དེ་ཉིད་ཀྱང་མི་སྤངས་པ་ནི་ཕྲག་དོག་ཅན་དག་ཕྲག་དོག་ཡངས་པ་ཆེན་པོ་ལ་སྤང་བླང་མེད་པས་གང་ཡང་མ་བཀོལ་བར་རྟོགས་པའི་བློས། རིལ་ངང་དེར་འགོད་ཅིང་། ལྷ་མ་ཡིན་གྱི་སྐྱེ་བའི་རྒྱུན་གཅོད་པའོ། །ང་རྒྱལ་བདེ་མཆོག་ཞེས་བྱ་བའི་དམ་ཚིག་ནི། ཡེ་ནས་ཆོས་ཉིད་དུ་མཉམ་པ་ལ་སོགས་པ། ང་རྒྱལ་ཉིད་ནི་ཞི་བ་ཆེན་པོ་ཡིན་པས་མི་སྤོང་བ་ནི། ངོ་བོ་ཉིད་གཞི་ལ་ང་རྒྱལ་དང་ཡུལ་བྲལ་བས། ཉེས་མེད་པ་ལ་ང་རྒྱལ་སྐྱེ་བའི་གཞི་མེད་པས་ཆེ་བའི་ང་རྒྱལ་བྱར་མེད་པའི་ངང་ལ། ཐ་མལ་པའི་ང་རྒྱལ་གྱི་རྩོལ་བ་མེད་པས། ཆེ་བཙན་གཅིག་པུ་ནི་ངོ་བོ་ཉིད་ཀྱི་ང་རྒྱལ་ལྔའང་དེ་བཞིན་དུ་འགྱུར་པའོ། །ལམ་པས་དེ་ལྟར་རྟོགས་པའི་རིགས་པ་ནི་ང་རྒྱལ་ཆེན་པོ་སྟེ། ལྟ་སྤྱོད་ཀྱི་ང་རྒྱལ་གྱིས་ལྷའི་སྐྱེ་བའི་རྒྱུད་གཅོད་པར་བྱེད་པའི་ཕྱིར་མི་སྤངས་བར་ཐ་ཚིགས་སུ་བསྡམ་པའོ། །རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདི་ན་ཅི་ཡོད་པའི། །ཞེས་པ་ལ་སོགས་པ། ཐ་མ་གཉིས་ངེས་ཚིག་འགྲུབ་པ་ནི། རྣལ་འབྱོར་དང་པོ་སྟེ་མཐོང་ལམ་པའི་ཡུལ་ལོ། །དེས་ནས་གཞལ་བྱ་རྣམས་དངོས་པོ་ཉིད་ཀྱི་རང་དང་སྤྱིས་གཞལ་ན་གྲུབ་པའི་མཐའ་བདེན་པ་གཉིས་གང་ཡང་མིན་པས་མེད་དུ་རྟོགས་པའི་ཡེ་ཤེས་ཀྱིས་སྤྱོད་ཡུལ་ཡོངས་སུ་དག་པར་བྱས་པ་ནི། མེད་པར་ཡིན་པར་བསྒྱུར་བ་མེད་དེ་བྱེད་པ་པོ་དང་རྒྱུ་རྐྱེན་ངང་གིས་བྲལ་བས་གདོད་ནས་རང་འབྱུང་ཡེ་ཤེས་སུ་གསལ་བ་ཉིད་དེ། ཉིད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི། རང་རིག་ཉིད་ལ་གནས་པ་ནི་སུས་ཀྱང་མ་བྱས་རང་བྱུང་སྟེ། ཞེས་པ་ལ་སོགས་པ། རྗེས་སུ་མཐུན་པར་འཆད་དོ། །ཐམས་ཅད་ཀྱང་དྲུག་པའི་ཡེ་ཤེས་འབའ་ཤིག་པ་ལས་མི་འདའ་བ་ནི། རིལ་རིག་པའི་ངོ་བོའི་ཕྱིར་རྟེན་དང་རྟེན་ཅན་མེད་པར་བཞུགས་པ་ནི་བྱེད་པ་པོ་དང་རྒྱུ་རྐྱེན་ཀྱིས་ནི་མ་བྱས་ཏེ། ངོ་བོ་ཉིད་ཀྱིས་རིལ་གཉིས་སུ་མེད་པར་དེ་བཞིན་དུ་གཅིག་པུས་ངོ་བོ་སོ་སོ་བ་མེད་དོ། །དེས་ནས་རྒྱུ་རྐྱེན་བྲལ་བའི་ཡེ་ཤེས་ལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྫོགས་པས་རིལ་དེ་ཉིད་དུ་གཅིག་པ་ལ་ཕན་ཚུན་བསྡུས་པའང་མེད་དེ། སྤྱོད་ཡུལ་ཡོངས་སུ་དག་པ་ནི་ལྟ་བའོ། །བདེ་བའི་ངང་ཉིད་ཅེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མ་ལུས་རྣམ་པར་དག །ཞེས་པ་ནས། དེ་བཞིན་ཉིད་དུ་ཡང་དགའ་དུ་ཞེས་པ། རིགས་དང་པོར་འགྲེལ་ཏེ། ངང་གི་བདེ་བ་ཆེན་པོར་གསལ་བའི་ཚུལ་ནི། རང་བཞིན་གྱི་གཏན་ཚིགས་ཀྱིས་བདེ་སྡུག་ལས་གྲོལ་བས་མཉམ་པའི་དབྱིངས་སུ་གསལ་བས་བདེ་བའོ། །མ་བསླད་རྣལ་མའི་ངོ་བོ་ཚིག་གིས་མི་ཕེབས་པས་ངང་སྟེ། དེའི་དབང་བརྩན་དུ་སྟོན་པ་དང་འཁོར་དང་བརྗོད་པ་མེད་དེ་རིལ་ཆོས་ཉིད་ཀྱི་རིགས་སུ་གཅིག་པའོ། །དུས་བཞི་རྒྱལ་མཆོག་ཞེས་བྱ་བའི་དམ་ཚིག་ནི། གོང་ན་མེད་པའི་ཡེ་ཤེས་མཆོག །ཞེས་པ་ལ་སོགས་པ། ཡོན་ཏན་གྱིས་མངོན་པར་མཐོ་བའི་རང་འབྱུང་གི་ཡེ་ཤེས་ཀྱིས་ཆོས་སོ་ཅོག་དེ་ཉིད་དུ་སྣང་བར་མཛད་དེ། རིལ་བཟང་ངན་དང་བྲལ་བར་གསལ་བས་དུས་བཞི་མཉམ་པ་ཉིད་དོ། །དེ་མངོན་དུ་བྱས་པས་ལྟ་བ་མེད་པར་ལྟ་བས་རིལ་དེ་ཉིད་དུ་གསལ་བ་རྒྱལ་བ་སངས་རྒྱས་ཉིད་ཀྱི་གཙོ་བོའོ། །དེ་ནས་མཐོང་ལམ་དུ་འགྲེལ་ཏོ། །ལྷུན་འགྲུབ་ཡེ་ཤེས་ཞེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཞེས་བྱ་བ་ལ་སོགས་པ། རིགས་དང་པོ་འཆད་དེ། དངོས་པོ་གཉིས་གདོད་ནས་ཆོས་སྐུ་ཆེན་པོར་དག་པས་མ་བྱས་པར་འབྲས་བུ་ལྷུན་གྱིས་གྲུབ་པ་ཉིད་ལམ་མ་ནོར་པའང་ཡིན་ལ། དེ་ལ་མཚན་ཉིད་ཐ་དད་དུ་མི་ཕྱེ་པས་འབྲས་བུ་རིལ་གདོད་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ནོར་བུ་རིན་པོ་ཆེ་ལྟ་བུ་གསལ་བས་བདེ་བ་ཆེན་པོའི་ཞིང་ཁམས་སུ་གཅིག་པའོ། །རྡོ་རྗེ་སྐྱེ་གནས་ཞེས་བྱ་བའི་དམ་ཚིག་ནི། ཐེག་པ་མཆོག་རིགས་སུ་ངེས། རིགས་དང་། ཞེས་པ་ལ་སོགས་པ་རྣལ་འབྱོར་ཐ་མར་འགྲེལ་ཏེ། རིལ་རང་བཞིན་གསང་བའི་སྙིང་པོ་ཡིན་པའི་ཕྱིར། རྡོ་རྗེ་ཐེག་པས་བདེན་པས་མི་འགྱུར་མ་ཆད་པའི་དོན་ཏོ། །ཡང་རབ་ཀྱི་བློས་ངེས་པར་བྱས་པས་རྡེང་ཆུད་ན། རྣལ་འབྱོར་ཡོངས་ཀྱི་འབྲས་བུའི་འབྱུང་གནས་ཡིན་པའོ། །འོ་ན་གནས་འཕོ་བར་དོགས་པ་ལ། སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཞེས་པ་ལ་སོགས་པ། རྟོགས་པ་མངོན་དུ་བྱས་པས། །ཐོབ་པ་ཉིད་ན་ལོགས་སུ་འཕོས་པ་མེད་དེ། ངོ་བོ་ལས་གསུམ་དང་བག་ཆགས་གཉིས་མེད་པར། བསྐོ་རུ་མེད་དེ་ཤེས་རབ་དེས་སྒྲིབ་པའི་དྲ་བ་བྲལ་ནས་མཐར་ཡེ་ཤེས་བླ་མའི་ས་ཐོབ་པ་ནི་སྐྱེ་གནས་དམ་པའོ། །བྱང་ཆུབ་ཀྱི་ཞིང་བཀོད་པ་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞེས་པ་ལ་སོགས་པ། རྣལ་འབྱོར་ཐ་མ་གྲུབ་པར་བྱ་བ་ལྔའི འང་རེ་རེ་ཡང་ལྔ་ལྔའི་ཕྱིར། ཞིང་ཁམས་འཆད་དེ་ཚིག་བཞི་ནི་མཉམ་པའི་ཞིང་སྟེ་རྒྱལ་བའི་སྣང་བའོ། །མདོར་ན་ཞེས་པ་དག་གདུལ་བྱའི་སྣང་བ་བཀོད་པ་སྟེ། སྒྲ་ཇི་བཞིན་ནོ། །ཡེ་ཤེས་བཞུགས་གནས་ཞེས་བྱ་བའི་དམ་ཚིག་ནི། གཟུང་འཛིན་བྲལ་བའི་ཡེ་ཤེས་ནིི་ཞེས་བྱ་བ་ལ་སོགས་པ། གཞལ་ཡས་ཁང་འཆད་དེ། ཡེ་ཤེས་ཆེན་པོ་ནི་རྒྱལ་བ་ཀུན་གྱི་དངོས་གཞིའི་ཕྱིར་ཡང་དག་པའི་གཞལ་ཡས་ཁང་སྟེ་ངེས་ཚིག་ཀྱང་འགྲུབ་བོ། །ལམ་པ་གནས་ཏེ་རྟོགས་པར་བསྐུལ་བའི་ཕྱིར། །གསང་སྔགས་ཆེན་པོ་འགྲུབ་འདོད་པས། །ཞེས་པ་དག་གསུངས་ཏེ། རྟོགས་པའི་རིག་པ་ཉིད་ཡང་དག་པའི་གནས་སོ། །མི་འཇིགས་རྒྱལ་མཆོག་ཅེས་བྱ་བའི་དམ་ཚིག་ནི། རྣམ་པར་བྱང་དང་ཉོན་མོངས་གཉིས། །ཞེས་བྱ་བ་ལ་གནས་ཏེ་རྟོགས་པ་བསྐུལ་བའི་ཕྱིར། ཚིག་དྲུག་དང་གཉིས་ཀྱི་ངེས་ཚིག་འགྲུབ་སྟེ། རྣལ་འབྱོར་དང་པོའི་དོན་དང་མཐོང་ལམ་མོ། །གཞལ་ཡས་ཁང་བརྟེན་ཞེས་བྱ་བའི་དམ་ཚིག་ནི་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀུན། ཞེས་པ་ལ་སོགས་ཡོན་ཏན་འཆད་དེ། ཚིག་དྲུག་དང་གཉིས་ཀྱི་རིམ་པར་ངེས་ཚིག་འགྲུབ་སྟེ། སྣོད་བཅུད་རང་གི་རིག་པའི་ཕྱིར་བཞུགས་གནས་རྒྱ་དང་བྲལ་བས་ཚད་གཟུང་རྐ་བ་ནི་བྱང་ཆུབ་སེམས་དཔའ་དཔལ་སྟོབས་ཀྱིས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་བལྟས་པས་མ་མཐོང་བ་དང་འདྲ་སྟེ་ཡེ་ཤེས་སྣང་བའི་ཕྱིར་གདུལ་བྱ་གང་ལྟར་བལྟས་པར་སྣང་བས་བསྟན་པའི་དོན་ཏོ། །སྣ་ཚོགས་ཀུན་སྒྱུར་ཞེས་བྱ་བའི་དམ་ཚིག་ནི་བརྡོས་བ་ཅན་གྱི་ཆོས་མིན་པས་ཞེས་པ་ནས། བསམ་ཡས་མཐའ་དབུས་མེད་པའོ་ཞེས་པ། ལྟ་བས་འགྲེལ་ཏེ་གཞི་ལ་ཐེར་ཟུག་མེད་པའི་ཕྱིར་རིག་པ་ལ་དབང་ཐོབ་པས་གང་ལྟར་ཡང་བསྒྱུར་དུ་བཏུབ་པ་ནི། བྱེ་མ་གསེར་དང་སྐམ་ཆུ་དང་སྟོང་གསུམ་ཉུངས་འབྲུར་གཞུགས་པ་ལ་སོགས་པའི་རྫུ་འཕྲུལ་འགྲུབ་པས་མཐའ་ལམ་པའི་སྤྱོད་པའང་ཡིན་པའོ། །འདྲེན་བྱེད་གནས་སྟོབས་ཞེས་བྱ་བའི་དམ་ཚིག་ནི། མ་རིག་ལོག་རྟོག་བསམ་ཡས་ཀྱིས། །ཞེས་པ་ལ་སོགས་པ། འཁོར་བའི་རྒྱུ་འབྲས་མིང་ཙམ་ལ་རྟེན་གཞི་དང་སྐྱེད་རྒྱུ་མེད་དེ། མ་བཅོས་པའི་སྐད་ཅིག་མར་རྡོང་ཆུད་པས་འཁོར་བ་ཉིད་བེད་བ་ཆེན་པོར་བྱུང་ཐེབས་མིང་ཙམ་ལས་མ་གྲུབ་པ་ནི་བསྒྲལ་ཏེ་ལྟ་བའོ། །ལམ་ལ་རྟོག་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཏིང་ངེ་འཛིན་རྣམ་གསུམ་སྒོམ་བྱས་ཏེ། ཞེས་པ་ལ་སོགས་པ། སྒོམ་ལམ་འཆད་དེ། སྟོང་པ་ཆེན་པོའི་རྣལ་འབྱོར་དང་། །སྙིང་རྗེ་སྒྱུ་མའི་རྣལ་འབྱོར་དང་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་གོམས་པར་བྱས་པས་བདག་གི་ས་བོན་ལྔའི་རྐྱེན་ཉོན་མོངས་པ་དག་པས། གཞན་ཡང་སྒྲོལ་བའི་སྐྱེས་བུ་དམ་པ་ནི། མི་རྟོག་པ་ཉིད་ཀྱང་དང་དུ་ལེན་པའི་ལམ་མ་ནོར་བ་སྣང་སྟོང་དབྱེར་མེད་པ་རྟོགས་ནས་གོམས་པར་བྱའོ། །ཡང་དག་དོན་སྟོན་ཞེས་བྱ་བའི་དམ་ཚིག་ནི། ཐེག་པ་བསམ་ཡས་གསུངས་པ་ཡང་ཞེས་པ། གསུང་རྒྱུད་ཀྱི་ཆེ་བ་འགྲེལ་ཏེ། །ལྔ་ལྷུན་གྱིས་གྲུབ་པའི་གསུངས་མངའ་བས། ཆེད་དུ་བརྗོད་པ་མེད་པར་འཚམ་ཚད་དུ་བསྟན་པ་སྣང་བའི་གཞི་རྡོ་རྗེའི་ཐེག་པ་རྒྱུད་འདི་ཉིད་པས་འབྲས་བུ་གྲུབ་མཐའི་ཐུགས་འདིའོ། །རབ་ཏུ་རྟོགས་བྱེད་ཅེས་བྱ་བའི་དམ་ཚིག་ནི་ཞེས་པ་ལ་སོགས་པ། ཆོས་ཉིད་ཀྱི་རིགས་རྟོགས་པར་བྱེད་པ། ཤེས་རབ་དང་རྐྱེན་གྱི་རྒྱུད་དེ། །སྟོན་པས་བསྟན་པ་ཀུན་ཡངས་དོན་དུ་འགྱུར་བར་གསུངས་པའི་ཕྱིར། ཐུགས་རྗེས་བསྟན་པའི་སྒོ་མོ་བསམ་པ་དང་། །མཐུན་པར་བསྟན་པས། བརྒྱུད་པ་དང་མངོན་གསུམ་པའི་སྒོ་ནས་གདུལ་བྱ་གཉིས་མཐར་ཕྱིན་པར་བྱེད་པའི་ཕྱིར། རྩ་བ་ཤེས་རབ་ཀྱི་རྡེང་ལ་འདུག་པ་སྟེ་ལྟ་བའོ། །བསྒྱུར་བྱེད་བྱང་ཆུབ་ཞེས་བྱ་བའི་དམ་ཚིག་ནི། རང་རིག་ཡེ་ཤེས་དབང་ཐོབ་པ། །ཞེས་པ་ལ་སོགས་པ། གང་གིས་ཞེས་ན་ལྟ་བ་ལས་སུ་རུང་བ་སྤྲོས་བཅས་ཡན་ཆད་དོ། །བྱིན་གྱིས་རླབས་ཀྱིས་རྟོགས་པ་ནི་བདག་གཞན་གྱི་ཉོན་མོངས་པ་གནས་བསྒྱུར་བའི་དཔེ་དོན་གོ་སླ་སྟེ་སྒྲོལ་བའོ། །དེ་བཏུབ་པས་མ་ཞེན་ཐར་དང་མཐར་གཉིས་མེད། ཞེས་པ་གཉིས་གསུངས་ཏེ། བཞི་འབྲས་བུ་འབའ་ཞིག་པས་གཉི་ག་མེད་ཞེས་གསུངས་ཏེ། གཞི་འབྲས་བུ་འབའ་ཞིག་པས་ཡོངས་སུ་རྫོགས་པའི་རྒྱུའི་ཕྱིར་རོ། །མཉམ་རྫོགས་ལྷུན་ཞེས་བྱ་བའི་དམ་ཚིག་ནི། ཡེ་ཤེས་སྒྱུ་མར་སྣང་བ་དང་། ཞེས་པ་ལ་སོགས་ངེས་ཚིག་ཕྱེད་ཕྱེད་ཀྱིས་འགྲུབ་སྟེ། ལྷག་པའི་ཀུན་རྫོབ་ཏུ་མཉམ་པ་དང་། སངས་རྒྱས་སེམས་ཅན་གྱི་ངོ་བོ་སྣང་ལ་མ་གྲུབ་སྟེ་མཐའ་བྲལ་བས་དེ་ཉིད་ལ་མི་འཆའ་བ་དོན་དམ་པར་མཉམ་པའོ། །དེའི་ཕྱིར་ཚོགས་གཉིས་ལྷུན་གྱིས་རྫོགས་པའི་ངོ་བོ་ཉིད་ལ་འབྲས་བུ་རིལ་རྫོགས་པ་བརྒྱ་དང་བཅུ་གསུམ་གཉིས་ལ་སོགས་པ་ཚད་མེད་པས་འབྲས་བུའོ། །ཐམས་ཅད་དབང་སྒྱུར་ཞེས་བྱ་བའི་དམ་ཚིག་ནི། ཤིན་ཏུ་རྟོགས་པའི་ཁྱད་པར་གྱིས། །ཞེས་པ་ལ་སོགས་པ། ཅིག་ཅར་འཇུག་པར་འགྲེལ་ཏེ། གང་གིས་གསང་སྔགས་མངོན་གསུམ་བར་རྟོགས་པའི་རྩལ་གྱིས། དངོས་པོ་གཉིས་པ་རྟགས་རང་གི་རིག་པར་རྟོགས་པས། ཆོས་ཉིད་དང་ཀུན་བརྟགས་རིལ། དེ་ཉིད་དུ་དབང་སྒྱུར་བས་རིལ་སངས་རྒྱས་ཀྱི་སར་གསལ་བས། འཁོར་བ་མིང་ཡང་མེད་པར་འགྱུར་བ་སྟེ། །དེའང་གཞི་ཅིའང་མ་ཡིན་པའི་ཕྱིར་ཅིར་ཡང་སྣང་བས་འགྲུབ་ཏུ་བཏབ་པའོ། །རིག་འཛིན་གནས་སྟོབས་ཞེས་བྱ་བའི་དམ་ཚིག་ནི། ཤེས་རབ་རྣམ་གསུམ་གོམས་བྱས་ནས། །ཞེས་པ་ལ་སོགས་དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་བཞིའི་གསུམ་ལ་གོམས་པས་རྟོགས་པ་བསྒོམ་པ་ལས་སུ་རུང་བ་ནི་སྤྲོས་བཅས་ཐོབ་པ་སྟེ་རྒྱུ་གནས་སྟོབས་བྱེད་དོ། །ཅིག་ཅར་གྱི་དབང་དུ་ན་བདེན་པ་གཉིས་མེད་ཀྱི་རྟོག་པ་བསྒོམས་པས་ཚེ་འགྲུབ་པའོ། །འབྲས་བུ་མཐར་ཕྱིན་པའི་ལམ་ཚེའི་རིག་འཛིན་འདི་ཉིད་ལ་འགྲུབ་པའོ། །ཟད་མེད་གཏེར་ལྡན་ཞེས་བྱ་བའི་དམ་ཚིག་ནི། ཤེས་རབ་ཆེན་པོ་རྣམ་དག་པས། །ཞེས་བྱ་བ་ལ་སོགས་པ། འབྲས་བུ་ཡོན་ཏན་འཆད་དེ། ཡུལ་དང་ཡུལ་ཅན་གཉིས་མེད་པའི་ལྟ་བ་མངོན་དུ་གྱུར་པས་ལྷུན་གྲུབ་ཀྱིས་འབྲས་བུ་བརྙེས་པའི་ཕྱིར་རོ། །བསྒྲུབ་མེད་མཉམ་རྫོགས་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མཉམ་པའི་དཀྱིལ་འཁོར་ལ། །ཞེས་པ་ལ་སོགས་པ། མཉམ་པའི་དབྱིངས་ལ་ཡེ་ཤེས་དྲུག་པ་ལ་ཡུལ་མེད་པར་བརྡལ་བའི་དོན་སྐལ་པ་མཆོག་གི་རིག་པས་རྟོགས་པས་རྒྱུ་འབྲས་གདོད་ནས་དབྱེར་མེད་པ་ལ་གཞན་ནས་དོན་དུ་གཉེར་བ་དང་གྲུབ་མཐའ་མེད་པས་རྩོལ་བའི་ལམ་གྱིས་མིན་པ་ལ་ཡིན་པར་བསྒྱུར་དུ་མེད་པ་མཚན་ཉིད་དང་པོའི་བྱེ་བྲག་གཉིས་སུ་འགྲེལ་ཏེ། ཐམས་ཅད་བྱིན་ཀྱིས་རློབས་པ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་ཡེ་ནས་དག་འགྱུར་ཡང་། །ཞེས་པ་ལ་སོགས་པ། ཕྲིན་ལས་སུ་འགྲེལ་ཏེ། ཞེན་པ་བཟློག་ཕྱིར་གསང་སྔགས་ལམ་ཆེན་པོ་ཉིད་སྟོན་ཏེ། ངོ་བོ་ལ་བཟློག་བྱ་མེད་དོ། །གསུང་མཆོག་མཐའ་ཡས་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ཞེས་པ་ལ་སོགས་པ། རྡོ་རྗེ་གསུང་གྲགས་སྟོང་བྲལ་བ་དང་། རིག་པའི་གསུང་ཡེ་ཤེས་ཆེན་པོའི་བྱིན་རླབས་སྣང་བ་དང་། དོན་ཀྱི་གསུང་བརྗོད་དུ་མེད་པས་མཐའ་མ་གོས་པར་འགྲེལ་ཏེ་གོ་སླའོ། །བསྒྱུར་བཟད་མེད་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །ཞེས་པ་ལ་སོགས་པ། ཡོན་ཏན་འཆད་དེ། ཆོས་སོ་ཅོག་རང་འབྱུང་གི་ཡེ་ཤེས་སུ་བྱུང་ཐེབས་པ་ནི་ཐ་སྙད་དུ་བསྒྱུར་བ་ཞེས་བྱ་སྟེ། དེ་ལྟར་མངོན་དུ་བྱས་པའི་ཡེ་ཤེས་ཀྱི། ཡོན་ཏན་འཕེལ་འགྲིབ་མེད་པ་ནི་དངོས་པོ་གཉིས་ཀྱི་རང་གི་མཚན་ཉིད་མངོན་དུ་བྱས་པ་ལས་རང་བྱུང་བའོ། །ཐམས་ཅད་སྐད་མཇལ་ཞེས་བྱ་བའི་དམ་ཚིག་ནི། ཐར་པའི་དཀྱིལ་འཁོར་འབུམ་ཕྲག་དང་། །ཞེས་པ་ལ་སོགས་པ། གསུང་འཆད་དེ། གདུལ་བྱ་ལས་དག་པ། མ་དག་པ་ཐམས་ཅད་ཆེད་དུ་མ་བརྗོད་པར་གདོད་ནས་ལྷུན་གྱིས་གྲུབ་པའི་ཕྱིར། མཚན་མ་བཞིན་བརྡལ་མཇལ་བར་སྟོན་པས་ལས་གཉིས་བྱེད་པའོ། །རང་རིག་དབང་བསྒྱུར་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་དུས་བསམ་གྱིས་མི་ཁྱབ་པའི། །ཞེས་བྱ་བ་ལ་སོགས་པ། མཚན་ཉིད་དང་པོར་འགྲེལ་ཏེ། འཁོར་བའི་ཐ་སྙད་རིལ་འཁྲུལ་པའི་རིག་པས་སྣང་ལ། འདས་པའི་ཆོས་བརྟགས་པའི་རིག་པས་སྣང་སྟེ། རྒྱུ་གཅིག་ལས་གཉིས་ཀྱིས་ཅིར་ཡང་སྣང་བའོ། །ཡི་གེ་མེད་མཇལ་ཞེས་བྱ་བའི་དམ་ཚིག་ནི། ཡི་གེ་ཚིག་དང་སྒྲ་སྤངས་པའི་ཞེས་བྱ་བ་ལ་སོགས་པ། རང་རིག་པ་ནི་བརྗོད་དུ་ཚིག་གིས་བརྗོད་དུ་མི་བཏུབ་པའི་ངོ་བོར་གནས་པས། སྒྲ་ཉིད་གྲགས་སྟོང་དང་བྲལ་བས་བརྗོད་པ་ཉིད་ན་བརྗོད་རྒྱུ་མེད་པ་རང་འབྱུང་གི་ཡེ་ཤེས་ཏེ། དེ་ཉིད་ཡུལ་དང་བྲལ་བ་བཞིན་ཐམས་ཅད་དུ་སྙིང་པོ་བྱང་ཆུབ་ལ་དགོངས་ངེས་པར་འགྲེལ་པའོ། །བདུད་སྡེ་ཚར་གཅོད་ཞེས་བྱ་བའི་དམ་ཚིག་ནི། ཉོན་མོངས་པ་ཉིད་རྣམ་པར་དག །ཞེས་པ་ལ་སོགས་པ། འཕྲིན་ལས་འཆད་དེ། གང་སྐྱེ་བོ་ལ་ཡོད་པའི་དུག་ལྔ་དང་། །ལུས་ཀྱི་བདེ་སྡུག་དང་། འཕོ་འགྱུར་དང་། བག་ཆགས་དག་བྱང་ཆུབ་ཀྱི་བགེགས་ཏེ། དག་མཉམ་ཡེ་ཡིན་པའི་དོན་གྱིས། རང་སྤྱི་རྟོགས་ན་དུག་ལྔ་ཡེ་ཤེས་ལྔར་དག་པའི་ཕྱིར་དང་། ལྔ་ཕུང་སངས་རྒྱས་ལྔར་མངོན་དུ་སངས་རྒྱས་པའི་ཕྱིར་དང་། རང་རིག་སྣང་བའི་རིལ་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པས་ཡེ་ཤེས་སྐད་ཅིག་མའི་མི་རྟག་པ་ལས་གྲོལ་བར་རྟོགས་པས། བདུད་བཞི་གཏན་ནས་ཚར་གཅོད་པས་བདུད་མ་དམིགས་པས་འབྲས་བུ་དང་ལམ་གཉི་གའོ། །སྟོང་གསུམ་ཀུན་གྲགས་དེས་བྱ་བའི་དམ་ཚིག་ནི། ཐུགས་རྗེ་ཆེན་པོའི་བྱིན་རློབས་ཀྱིས། །ཞེས་པ་ལ་སོགས་པ། གདུལ་བྱའི་གནས་ཀུན་ཏུ་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱིས་ཁྱབ་པས། གདུལ་བྱ་ཆུད་མི་གསོན་པར་བདེ་བ་འགོད་ཅིང་། ཚིག་གཉིས་རྫོགས་པའི་མཐས་སྟོན་པའོ། །ཡེ་ཤེས་གསུང་མཆོག་ཞེས་བྱ་བའི་དམ་ཚིག་ནི། འདས་དང་མ་འདས་ཐམས་ཅད་ཀུན། །ཞེས་པ་ལ་སོགས་པ། རིགས་པའི་གསུང་འཆད་དེ། དངོས་པོ་ཀུན་རྟོགས་ན་རང་རིག་མཉམ་པའི་དབྱིངས་ཡིན་ལ་དེ་ཉིད་རྟོགས་པའི་རིག་པ་ཉིད་དེ་ངོ་བོ་ཐེར་ཟུག་མེད་པས་རང་རིག་པར་གསལ་བའོ། །བསམ་ཡས་རྡོ་རྗེ་གསུང་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་བསམ་གྱིས་མི་ཁྱབ་སྟེ། །ཞེས་པ་ལ་སོགས་པ། རྡོ་རྗེའི་གསུང་དུ་འགྲེལ་ཏེ། །ཆོས་སོ་ཅོག་མཐའ་གསུམ་ལས་འདས་པས་སྐྱེ་འཇིག་མེད་པ་རྡོ་རྗེ་སྐུ་ཡིན་པའི་ཕྱིར། སྒྲ་རིལ་གྲགས་སྟོང་མི་ཕྱེད་ཅིང་། །ངོ་བོ་འདུས་མ་བྱས་པ་རྡོ་རྗེ་གསུང་ངོ་། །ཕྱོགས་དུས་དབྱེར་མེད་ཅེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་མ་ལུས་ཐམས་ཅད་ལ། །ཞེས་པ་ལ་སོགས་པ། བཅུ་བཞིས་བསྡུས་པའི་ཆོས་རིལ་ངོ་བོ་མ་སྐྱེས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཐམས་ཅད་ཉིད་ལ་བདག་ཉིད་ཐམས་ཅད་པས་རྣལ་འབྱོར་དང་པོར་འགྲེལ་ཏོ། །འཇིགས་བྱེད་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ནི། འདུས་མ་བྱས་ཉིད་འདུས་བྱས་ཡིན། །ཞེས་པ་ལ་སོགས་པ། རྡོ་རྗེའི་སྐུ་འཆད་དེ། རང་རིག་པའི་ཆོ་འཕྲུལ་ཉིད་ཐམས་ཅད་དུ་སྣང་བས། །སྣང་བ་ཉིད་ཀྱང་མ་གསལ་བར་རིག་པའི་ཕྱིར། མཐའ་བཞི་དབྱེར་མེད་པའི་ངོ་བོ་རྒྱུ་རྐྱེན་བྱེད་པོ་དང་བྲལ་བར་རང་བཞིན་གྱི་འོད་གསལ་བའི་ཡེ་ཤེས་བརྙེན་པོ་དང་རྒྱུ་ལས་གྲོལ་བའི་ཕྱིར། རྡོ་རྗེ་སྐུའོ། །དེ་བཞིན་སྐུ་ཉིད་ཅེས་བྱ་བའི་དམ་ཚིག་ནི། དེ་བཞིན་ཞིང་ཁམས་བསམ་ཡས་དང་། །ཞེས་པ་ལ་སོགས་པ། ངོ་བོ་ཉིད་ཀྱི་སྐུའི་བྱིན་བ རླབས་འཆད་དེ། །ལས་དག་མ་དག་ལ་ཇི་ལྟར་སྣང་བ་རིལ་དེ་བཞིན་གཤེགས་པའི་སྐུ་ཉིད་དེ་སྐུར་མ་གྱུར་པ་མེད་པས་འགྲོ་འོང་མེད་པར་སྣང་བ་གི་དེ་ལྟར་ཤེས་པར་གྱིས་ཤིག་པར་གདམ་པའོ། །ལྷུན་གྲུབ་བདེ་གནས་ཞེས་བྱ་བའི་དམ་ཚིག་གི་ཆོས་རྣམས་མ་ལུས་ཐམས་ཅད་ལ། ཞེས་པ་ལ་སོགས་པ། མཚན་ཉིད་དང་པོར་འགྲེལ་ཏེ། རིལ་སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་ཉིད་དུ་རང་གསལ་བར་ལྷུན་གྱིས་གྲུབ་པའི་ཕྱིར། རིག་བདག་ཉིད་ཆེན་པོ་བས་རང་རིག་ཅིར་སྣང་བའི་དོན་བརྩོན་པ་ཆེ་ན་རྟོགས་པར་འགྱུར་བའོ། །ཆེ་མཆོག་རྣམ་དག་ཅེས་བྱ་བའི་དམ་ཚིག་ནི། རིག་པ་རང་དབང་སྒྱུར་བས་ན། །ཞེས་བྱ་བ་ལ་སོགས་པ། འབྲས་བུ་པདྨ་སྤྱན་གྱི་སར་འགྲེལ་ཏེ། །མཐར་ལམ་མངོན་དུ་བྱས་པས་སེམས་ལ་དབང་ཐོབ་པའི་རིག་པ་ཅིར་ཡང་སྤྱོད་ཅིང་སྣང་ལ་མ་གོས་པ་ནི་ས་མཆོག་བཅུ་གཉིས་པ་ནོན་པའོ། །དེས་ཡུལ་ཤེས་དབྱེར་མེད་པའི་ཕྱིར་བག་ཆགས་མེད་སྩོགས་པའི་དོན་མངོན་དུ་བྱས་པས་སྤྱོད་ཡུལ་དག་པར་གྲུབ་པའི་དམ་ཚིག་གོ། །ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི། ཕྱི་ནང་སྣོད་བཅུད་རྣམས་བདག་རྣམས་ལ། ཞེས་པ་ལ་སོགས་པ། དཀྱིལ་འཁོར་དང་རྣལ་འབྱོར་དང་པོར་འཆད་དེ། །སྣོད་བཅུད་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཡིན་པའི་རིགས་པ་དང་མཚན་ཉིད་འཛིན་པ་ཡབ་ཡུམ་བཅུ་རྣམ་ཤེས་དབང་པོ་སེམས་དཔའ་སེམས་མར་སངས་རྒྱས་པས་དཀྱིལ་འཁོར་དུ་མ་གྱུར་པ་མེད་པའོ། །ཟད་མེད་གཏེར་ཆེན་ཞེས་བྱ་བའི་དམ་ཚིག་ནི། ཟག་བཅས་གནོད་སྦྱིན་ནོར་འདྲ་བ། །ཞེས་པ་ལ་སོགས་པ། ཡོན་ཏན་འཆད་དེ། མཉམ་པའི་དབྱིངས་མངོན་དུ་བྱས་པའི་ཡོན་ཏན་ཟག་པ་བྲལ་བའི་ཕྱིར། འཕེལ་འགྲིབ་མེད་པར་འཇིག་རྟེན་ལས་འཕགས་པའོ། །རྣམ་དག་བྱང་ཆུབ་ཅེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ཞེས་བྱ་བ་ལ་སོགས་པ། ལྟ་བ་སྟེ། ཆོས་སོ་ཅོག་ངང་གིས་དག་མ་མཐོང་བས་འཁོར་བ་ཉིད། ཇི་བཞིན་པ་མཐོང་བ་ཡིས་བལྟས་ན། དངོས་པོ་གཉིས་དབྱེར་མེད་པར་རང་གསལ་བ། སྤྱན་གྱི་མཆོག་ཡོངས་སུ་དག་པའོ། །གཟུང་འཛིན་དྲལ་བྱེད་ཅེས་པའི་དམ་ཚིག་ནི། ཕྱིན་ཅི་ལོག་ཏུ་རྣམ་བརྟགས་པ། །ཞེས་བྱ་བ་ལ་སོགས་པ། ལྟ་བས་ཞེས་པ་གང་འཇོམས་པ་འཆད་དེ། གཞི་ཡེ་སངས་རྒྱས་པས་མ་རྟོགས་པའི་སྤྱོད་ཡུལ་རང་རིག་པ་ཉིད་ལ་གཟུང་འཛིན་ཡེ་ཤེས་པ་གཉིས་ཀྱི་སྤྱོད་ཡུལ་གཉིས་སུ་སྣང་བ་ནི་ཞགས་པ་དང་རྒྱ་མོའོ། །དེ་ཉིད་རྟོགས་པས་མཐའ་གཉིས་ལས་གྲོལ་བའོ། །ཡུམ་འགྱུར་དབྱིངས་ཕྱུག་མ་ཞེས་བྱ་བའི་དམ་ཚིག་ནི། འབྱུང་བ་ལྔ་ལ་བརྟེན་འགྱུར་ན། །ཞེས་བྱ་བ་ལ་སོགས་པ། གཉིས་མེད་ཀྱི་ལྟ་བའི་ཆེ་བ་འཆད་དེ། །དཔེར་འབྱུང་བ་ལྔའི་ལས་ལྟ་བུར། །མཉམ་པས་བསམས་བསྒོམས་པའི་གཞི་ལ་བརྩོན་པས་བརྐྱེན་པ་ལས་བྱུང་བའི་ལྟ་བས་རྡེང་ཆུད་ན། རྒྱལ་བ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པས་གཅེས་སོ། །ཆོས་ལ་སྐྱོན་མེད་ཅེས་བྱ་བའི་དམ་ཚིག་ནི། བླ་ན་མེད་པའི་དཀྱིལ་འཁོར་དང་། །ཞེས་པ་ལ་སོགས་པ། ཆོས་ཀྱི་དངོས་པོ་གཉིས་རྒྱུ་སེམས་ཉིད་ནས་དག་པའི་ཕྱིར། འབྲས་བུ་བརྟགས་སྣང་གཉིས་ཀྱང་སྣང་བ་མ་བསལ་བར་ཆོས་སྐུར་དག་པས་ངེས་ཚིག་འགྲུབ་སྟེ། གཞི་དང་པོའི་རིགས་བཤད་པའོ། །སེམས་ཅན་དོན་བྱེད་ཅེས་བྱ་བའི་དམ་ཚིག་ནི། བྱང་ཆུབ་སེམས་སུ་རྒྱུ་ཅིག་པས། །ཞེས་པ་ལ་སོགས་པ། ཁྱད་པར་དུ་བསྒོམ་ལམ་གཉིས་པའི་སྤྱོད་པ་འཆད་དེ། བདག་གཞན་རང་འབྱུང་ཡེ་ཤེས་ལྷུན་གྱིས་རྫོགས་པའི་རྒྱུར་ངོ་བོ་ཐ་མི་དད་པའི་ཕྱིར་གདུང་བ་མེད་པའི་སྙིང་རྗེ་ཆོས་སོ་ཅོག་གི་རྩ་བ་འབྱུང་དུ་བཏུབ་པས་སྣ་ཚོགས་ཀྱི་དོན་བྱེད་ལ་ཆུད་མ་ཟོས་པར་བྱས་པའོ། །གདུལ་བྱ་ལོག་རྟོགས་ཙམ་སྣང་བའི་མཚན་ཉིད་རིག་པ་དང་བྱས་པ་ནི་གཉི་ག་ཐར་པ་ལ་བཀོད་པའི་ཕྱིར་རོ། །རྟོགས་ན་དོན་འཛིན་ཅེས་བྱ་བའི་དམ་ཚིག་ནི། ཐམས་ཅད་ལྷུན་གྱིས་གྲུབ་པ་དང་། ཞེས་པ་ལ་སོགས་པ། གཞི་དང་རྟོགས་པའི་རིག་པ་ལ་བདེན་གཉིས་ཐ་དད་མིན་པས་ཡུལ་ལས་གྲོལ་བ་ནི་མ་ནོར་བའི་ལྟ་བའོ། །དེ་ཚིག་གིས་མི་ཕེབས་པས་བརྗོད་པ་ཉིད་དོན་མ་ཡིན་པའི་ཕྱིར། མངོན་སུམ་པར་རྟོགས་པར་བསྐུལ་བ་སྟེ། ཆུ་སྲིན་ཕྱག་རྒྱ་ལྟ་བུའི་ཕྱིར་རོ། །སེམས་ལ་གནས་བཅས་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མ་ལུས་ཆོས་སོ་ཅོག །ཞེས་པ་ལ་སོགས་པ། རིགས་དང་པོ་འཆད་དེ། ལྟ་བ་དང་ཐུན་མོང་པའོ། །རིལ་རང་རིག་པའི་ཕྱིར་འབྲས་བུ་དེ་ཉིད་ཡིན་པར་རྟོགས་ན་ཉེ་ལམ་དམ་པའོ། །དེའི་མཚན་ཉིད་ནི། ཡུལ་རྟེན་དང་ངོ་བོ་བྲལ་བས་འགྲོ་འོང་མེད་དེ་ངོ་བོས་དེ་ཉིད་ཙམ་དུའང་མི་འཛིན་པས་རྟོག་པའི་སྒྲ་འགོག་སྟེ། རིལ་རིག་པ་གཉིས་མེད་དོ། །བརྗོད་མེད་སྤྲོས་མེད་ཞེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཞེས་པ་ལ་སོགས་པ། ཚིག་བཞི་བཞིས་སོ་སོར་འཆད་དེ། དངོས་པོ་གཉིས་ཀྱི་སྒྲ་ཇི་སྙེད་དུ་གྲགས་ཀྱང་ངོ་བོ་བསྟན་དུ་མེད་པ་དང་། བརྗོད་པ་ཉིད་ན་བརྗོད་རྒྱུ་མེད་པའི་ཕྱིར། །རང་གི་མཚན་ཉིད་ཙམ་སྣང་བ་ཡང་གྲགས་སྟོང་བྲལ་བའོ། །དེ་བས་ན་རྟོགས་ཙམ་མ་རྟོགས་ཙམ་གྱི་འཁོར་བ་དང་སངས་རྒྱས་སུ་སྣང་ཡང་ངོ་བོའི་སྤྲོས་པ་དང་མཚན་ཉིད་ཀྱི་སྤྲོས་པ་དང་བྲལ་བའོ། །དེའི་ཕྱིར་ཤེས་བྱའི་དམ་ཚིག་རིགས་དང་པོའོ། །མི་འགྱུར་རྡོ་རྗེ་གསུང་ཞེས་བྱ་བའི་དམ་ཚིག་ནི། རྣམ་དག་སྐུ་གསུང་སྤྲུལ་པ་དང་། །ཞེས་པ་ལ་སོགས་པ། སྣང་བ་དང་པོ་སྟོན་ཏེ། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དང་། །ཆེ་བའི་ཡོན་ཏན་དང་འཁོར་བའི་རྒྱུ་འབྲས་གཉི་ག་རྐྱེན་གྱིས་སོ་སོར་སྣང་ཡང་། ངོ་བོ་རང་རིག་ཆོ་འཕྲུལ་སྣང་བས་གཞན་པ་མེད་པས་ངོ་བོ་མི་འགྱུར་བའོ། །ཡེ་ནས་མ་བཅོས་པ་ཞེས་བྱ་བའི་དམ་ཚིག་ནི་བླ་མེད་བྱང་ཆུབ་སྨོས་ཅི་དགོས། ཞེས་པ་ལ་སོགས་པ། དངོས་པོ་གཉིས་སྙིང་པོ་བྱང་ཆུབ་ཡིན་པ་ནི། བྱས་བསླད་མེད་དེ་ཐམས་ཅད་ལ་སྣུམས་པའོ། །ལྷུན་གྱིས་གྲུབ་པའི་ངང་དེ་ཡུལ་དུ་མེད་པར་རིག་པའང་བཅོས་བསླད་ཀྱི་བྱེད་པ་པོ་མེད་པར་རིག་པའང་བཅོས་བསླད་ཀྱི་བྱེད་པ་པོ་མེད་པ་མཚན་ཉིད་དང་པོའི་དོན་ཏོ། །རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ཞེས་བྱ་བ་ལ་སོགས་པ། རྗེས་སུ་མཐུན་པར་འཆད་དེ། ཆོས་སོ་ཅོག་རང་འབྱུང་ཡེ་ཤེས་རང་རིག་རང་བཞིན་གྱིས་འོད་གསལ་བ་དེ་མཐའ་རིས་མ་སྤངས་བྲལ་བ་ཆུ་སྐྱེས་ལྟ་བུ་དེ་རྒྱལ་བའི་མངོན་སུམ་པའི་ཡུལ་ཡིན་པའི་ཕྱིར། གང་ཟག་ཕལ་དང་ཐེག་པ་ཕལ་པ་ཕྱི་བ་མན་ཆད་ཀྱི་ཡུལ་མ་ཡིན་ནོ། །འོ་ན་གང་ཟག་གིས་རིག་པའི་ཐབས་མེད་དོ་བར་དོགས་པ་ལ་ཚིག་གཉིས་ཀྱིས་གསལ་ཏེ། བློ་རབ་ཀྱིས་རང་འབྱུང་ཡེ་ཤེས་ཡུལ་དང་བྲལ་བ་ད་ལྟ་ཉིད་ནས་རྟོགས་པར་ངེས་ཏེ། གཞན་དག་བརྒྱུད་པའི་ཡུལ་དུ་སྨྲ་བ་ནི་ཚི་ཆད་དེ། གཞུང་ཉམས་པའོ། །ཐམས་ཅད་དབྱིངས་ཕྱུག་མ་ཞེས་བྱ་བའི་དམ་ཚིག་ནི། ཞེས་པ་ལ་སོགས་པ་ནི། རྟོགས་པའི་ཡོན་ཏན་ཏེ། ངོ་བོ་ཉིད་ལྷུན་གྲུབ་པའི་ཕྱིར་རྟོགས་པའི་རིག་པ་ཉིད་སྐུ་དང་ཡེ་ཤེས་སུ་རང་སྣང་བས། རྟོགས་པའི་ཡོན་ཏན་ཚད་གཟུང་དུ་མེད་ལ། དེས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་འགྲུབ་པས་རྟོགས་པར་གྱིས་ཤིག་པའོ། །བྱང་ཆུབ་སྡོམ་བྱེད་ཅེས་བྱ་བའི་དམ་ཚིག་ནི། གཟུང་འཛིན་བྲལ་བའི་ཡེ་ཤེས་ཀྱིས། །ཞེས་པ་ལ་སོགས་པ། ཏིང་ངེ་འཛིན་གྱི་ཡོན་ཏན་དང་རྟོགས་པའི་ལས་འཆད་དེ། སྤྱོད་ཡུལ་བྲལ་བའི་རྟོགས་པའི་རིག་པ་གང་དུའང་མ་གཡོས་ན། སྤྱོད་ཡུལ་རང་གནས་སུ་དག་པས་གདུང་བ་སྐྱེ་བའི་ས་བོན་མེད་དེ། དེ་ལྟར་ཐག་ཆོད་ནས། གཞན་དོན་ཐབས་མང་པོས་ལོག་པ་གཉིས་དང་རང་རྒྱུད་དང་ལྟོས་པའི་ཐེག་དམན་ཡང་ཐབས་ཀྱིས་འདིར་གཟུང་ངོ་། །ཕྱོགས་བསྡུས་གཉིས་མེད་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུར་དུས་བཞི་ཐམས་ཅད་ཀྱང་། །ཞེས་པ་ལ་སོགས་པ། དང་པོའི་རིགས་ཏེ། བཅུ་བཞིར་འཁྲུལ་སེམས་སྣང་བ་ཉིད་ན་མཐའ་བཞི་ལས་གྲོལ་བའི་རིག་པ་འགྲོ་འོང་མེད་བྲལ་བར་གཅིག་པའི་མཚན་ཉིད་ཅིར་ཡང་མ་ཟིན་པ་རྟེན་དང་བྲལ་བའོ། །ཐམས་ཅད་འབྱོར་ལྡན་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་སོ་སོར་རྟོགས་བྱས་ཤིང་། །ཞེས་བྱ་བ་ལ་སོགས་པ། རྟོགས་པའི་འབྲས་བུ་དང་སྒོམ་པའི་ཡོན་ཏན་འཆད་དེ། མཐོང་བསྒོམ་པོར་འབྲེལ་ཏེ་གོ་སླའོ། །ཐབས་ཉིད་ཤེས་རབ་ཞེས་བྱ་བའི་དམ་ཚིག་ནི། འདི་ལྟར་སྣང་བ་ཐམས་ཅད་ཀུན། །ཞེས་པ་ལ་སོགས་པ། རྣལ་འབྱོར་དང་པོའི་དོན་ཏེ། རང་རིག་ཅིར་ཡང་སྣང་བ་ནི་རང་བཞིན་གྱི་ཐབས་ཀྱི་ཕྱིར། ཐབས་ལ་ཐབས་རོལ་པ་ལ། ཡུལ་མེད་པས། སྣང་བ་ཉིད་ན་ཞེན་མཐའ་ལས་འདས་པའི་ངོ་བོ་ཉིད་ཀྱི་ཤེས་རབ་སྟེ་དབྱེར་མེད་པའོ། །ཤེས་རབ་ཉིད་ན་ཐབས་སུ་སྦྱོར་བ་ཞེས་བྱ་བའི་དམ་ཚིག་ནི། དེ་བཞིན་ཉིད་ཀྱི་ལམ་གྱི་དབྱིངས་ཉིད་ལས། ཞེས་པ་ལ་སོགས་པ། ངོ་བོ་ཉིད་ཀྱི་སྣང་བ་ལ་རང་བཞིན་མེད་པ་ཉིད་ཅིར་ཡང་སྣང་བ། དབྱེར་མེད་པ་དེ་རྟོགས་པར་བསྐུལ་བ་དེ་སོ་སོ་བའི་ཞེན་པ་མི་སྐྱེའོ། །དེ་ཉིད་ཐབས་ཀྱི་ལམ་གྱི་དབང་དུ་སྦྱོར་བ་ནི། ཟླ་བ་ལས་མི་དམིགས་པའི་ཆོས་སྐྱེ་བའི་ཕྱིར་དང་། ཉི་མ་ལས་སྣ་ཚོགས་སུ་སྣང་བའི་ཕྱིར་ཏེ་བཤད་ཟིན་ཏོ། །གཉིས་མེད་བྱང་ཆུབ་སེམས་ཞེས་བྱ་བའི་དམ་ཚིག་ནི། ཐབས་དང་ཤེས་རབ་ལྡན་འགྱུར་ན། ཞེས་པ་ལ་སོགས་པ། བདེན་པ་གཉིས་དབྱེར་མེད་པ་རྟོགས་པ་གཞི་ལས་དེ་ཉིད་ཐམས་ཅད་དུ་སྣང་བ་ནི། ཡོངས་སུ་རྫོགས་པའི་རྒྱུའོ། །དེའི་མཚན་ཉིད་ཅིའང་ཡིན་པའི་ཕྱིར་རྣམ་པ་གང་ཡང་མིན་པས་བརྟག་དཀའ་སྟེ་མི་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡུལ་དུ་མེད་པས་དམིགས་གིས་དམིགས་མི་མཐོང་བ་ལྟ་བུའི་ཕྱིར་གཞན་པས་རིགས་པར་མི་འགྱུར་བ་ལྟ་བུའི་དོན་ཏོ། །ཕྱོགས་གཞན་དུ་སྒྱུ་འཕྲུལ་ཐལ་བའི་ལེའུ་དྲུག་པ་ལས། ཐམས་ཅད་ཐབས་ལ་བཅུ་དྲུག་རྒྱ། །བཅུ་གཉིས་བཞི་ཡིས་རོལ་པའི་ཚེ། །རག་ཏ་བྱང་ཆུབ་དུས་གཅིག་འབར། །ལྷུན་གྲུབ་དཀྱིལ་འཁོར་རང་ལས་འཆར། །རྒྱལ་བ་སེམས་དཔའ་ཀུན་ཀྱི་མེས། །ཐམས་ཅད་ཐུན་མོང་མ་ཡིན་པ། །དམན་པས་རྙེད་པར་ག་ལ་འགྱུར་ཞེས་གསུངས་སོ། །ཐམས་ཅད་སྦྱོར་བ་ཞེས་བྱ་བའི་དམ་ཚིག་ནི། ཡེ་ནས་ལྷ་དང་ལྷ་མོ་ཡིས། ཞེས་པ་ལ་སོགས་པ། གསང་ཆེན་ལ་སྦྱོར་བའི་ལྡེམ་དགོངས་ཀྱིས་གཞན་གཟུད་པ་དང་དངོས་སུའང་སྤྱད་པའི་དམ་ཚིག་འཆད་དེ། རང་བཞིན་གྱི་སྦྱར་བ་མདོ་གཉིས་དང་རྒྱས་པར་བཞི་ས་འགྲེལ་ཏེ། དབང་པོ་ཡུལ་དུ་བཤད་ཟིན་ཏོ། །ཐམས་ཅད་མ་ལུས་ཅེས་པ་གཉིས་ཏིང་ངེ་འཛིན་གྱི་སྦྱོར་པའི་ཆའོ། །ཡང་ན་ཤེས་རབ་དབྱིངས་མ་ལས། །ཞེས་པ་ལ་སོགས་པ། མངོན་དུ་བྱུང་བའི་སྦྱོར་བ་སྟེ། །ཡུམ་བྱིན་གྱིས་བརླབས་སྟེ་རོལ་པ་ཐབས་ཀྱིས་ཟིན་པའི་ཉི་ཟླ་འདྲེས་པའི་ཐིག་ལེ་གནས་སུ་ཟིན་པས་ཨཱོཾ་མུཾ་རྩེ་མོར་སླེབ་པས་སྤྲས་པས། ཡོན་ཏན་རང་བཞིན་གཉིས་དང་ལྷག་པའི་ཏིང་ངེ་འཛིན་གྱི་ལྷ་རྣམས་དགྱེས་པ་ཆེན་པོའི་རོས་མཉེས་པ་ནི་ཕུལ་བའོ། །རྟོག་ཚོགས་ཡེ་ཤེས་ཀྱི་སྐུར་ཤར་བའི་བདེ་བའི་རྩེ་མོར་སྐྱེས་ནས། སླར་གནས་སུ་དྲངས་པས་ཡི་གེ་འཁོར་ལོའི་ས་ཐོབ་པའི་ཚེ་ཡེ་ཤེས་བླ་མའི་སའང་ཐོབ་ལ་རིགས་ལྔ་དང་རྒྱལ་བ་དྲུག་པའི་སྐུའང་འཐོབ་སྟེ། སྐུ་གསུམ་མངོན་དུ་བྱས་པའི་སྦྱོར་བས། ཕྱིར་མི་ལྡོག་པ་ཆེན་པོའི་ཕྱིར་སྦྱོར་སྒྲོལ་དབྱེར་མེད་པའི་དོན་ཏོ། །གཉིས་ནི་གོ་སླ་རིས་སུ་ལྟ་བ་བཟློག་པའོ། །ཐམས་ཅད་མ་ལུས་པར་བསྒྲལ་བ་ཞེས་བྱ་བའི་དམ་ཚིག་ནི། ཕྱི་ནང་སྣོད་བཅུད་མ་ལུས་པ། ཞེས་པ་ལ་སོགས་པ། རང་བཞིན་དང་ཏིང་ངེ་འཛིན་ཐུན་མོང་དུ་སྟོན་ཏོ། །ཤིན་ཏུ་ཁྲོ་བོ་ཆེན་པོ་ཡིས་ཞེས་པ་བཞི་ཐབས་ཀྱིས་བསྒྲལ་ཐབས་སྔོན་བྱུང་དང་རྗེས་འཇུག་ཏུ་འགྲེལ་ཏོ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཞེས་པ་ལ་སོགས་པ། མངོན་སུམ་པའི་སྒྲོལ་བ་ལམ་ལྔ་ཞིང་ལ་བསྟིམས་ཏེ་བསྒྲལ་བའོ། །རི་རབ་ཆེན་པོ་གླིང་བཞི་ལ་ཞེས་པ་ལ་སོགས་པ། རང་རིག་སྤྱོད་ཡུལ་ལྷར་གསལ་བའི་གཙོ་བོའི་ཐུགས་ཀའི་རཾ་ལས་ཡེ་ཤེས་མེས་བསྒྲལ་བའི་ཏིང་ངེ་འཛིན་གྱིས་སྒྲོལ་བའོ། །དབྱིངས་སུ་ཡང་ནི་བཏིམ་པར་བྱ། །ཞེས་པ་ལ་སོགས་པ། མངོན་བྱུང་གི་ཚེ་ཆོས་ཉིད་དུ་རྂ་ཡྂ་ཁྂ་གིས་བསྒྲལ་ནས་ཤེས་པ་མཁས་ལ་ཆོས་གསུམ་གྱིས་ལྷར་བསྐྱེད། འོག་མིན་དུ་འཕངས་ནས་བྱང་ཆུབ་སེམས་ཀྱིས་དབང་བྱིན་ཏེ་རིགས་ངེས་པའི་སྲས་སུ་བྱ་བའོ། །དེ་ལྟར་བསྒྲལ་བ་ཞེས་པ་གཉིས་ཀྱིས་མི་སོགས་པར་སྟེན་ཏོ། །ཕུང་པོ་ལྔ་པོ་བཤིགས་པ་ལས། །ཞེས་པ་ལ་སོགས་པ། གཏན་ཚིགས་ཀྱིས་གཞལ་རུང་། མ་གཞལ་རུང་། བསྒྲལ་བྱ་རང་རིག་ངོ་བོ་མེད་པས་བསྒྲལ་ལོ་བའི་ཟིན་ཆགས་མེད་པའི་ཕྱིར་བསྒྲལ་ཙམ་ན་བསྒྲལ་རྒྱུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཀྱི་རང་བཞིན་དེ་ལ་ནི་ཞེས་པ་ལ་སོགས་པ། བསྒྲལ་བྱ་མི་དམིགས་པའས་བསྒྲལ་དུ་མེད་པའོ། །འོ་ན་ཐུགས་རྗེས་གང་བསྒྲལ་ན། །ཞེས་པ་ལ་སོགས་པ། སྒྲོལ་བའི་ངེས་ཚིག་དུ་འགྲེལ་ཏེ། མ་རངས་པའི་སྒྲས་གང་བསྒྲལ་དྲིས་པའི་ལན་དུ་ཕྱིན་ཅི་ལོག་གི་བག་ཆགས་རྐྱེན་གསུམ་ལ་གོམས་པས་ཡང་དགས་ལ་བསྒྲལ་བ་ལ་བྱའོ། །བསྒྲལ་བ་ཉིད་ན་སྤྱོད་པ་ཡོད། །ཞེས་པ་ལ་སོགས་པ། སྦྱོར་སྒྲོལ་ཐ་མེད་རང་ངོར་སྟོན་པ་གོ་སླའོ། །བདག་གཞན་དུ་ལྟ་བ་དགྲོལ་བའི་ཕྱིར། མ་བྱིན་པར་ལེན་པ་ཞེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི་ཞེས་པ་ལ་སོགས་པ། དོན་དངོས་པོ་གཉིས། རང་རིགས་པར་བྱེ་བྲག་མེད་པར་ངོ་བོས་བླངས་པའོ། །དེ་རྟོགས་པས་ཐག་བཅད་ནས་སྤྱོད་པ་བསླངས་ལ་མ་གོས་པར་བྱའོ། །ཏིང་ངེ་འཛིན་གྱིས་ཀྱང་བླངས་ཏེ་སྤྱོད་ཡུལ་དབྱེའོ། །སྤྱོད་པའི་ཡོན་ཏན་ཚོགས་གཉིས་སུ་གྱུར་པའི་ཕྱིར། ཐམས་ཅད་ཡེ་ནས་སྟོང་པ་ལ། །ཞེས་པ་ལ་སོགས་པ་དྲུག་གསུངས་པའོ། །མ་ལུས་ཐམས་ཅད་ཆོས་ཀྱི་དབྱིངས་ཞེས་པ་བཞི་ནི། རང་བཞིན་གྱི་གཏན་ཚིགས་ཀྱིས། རང་རིག་པར་གཅིག་པར་རྟོགས་པས་བླངས་ཀྱང་བག་ཆགས་མི་སོག་སྟེ་སྤྱོད་ཡུལ་དག་པར་འགྱུར་རོ། །ཐེར་དྲུག་ངེས་པར་ལྟ་བས་དགྲོལ་བའི་ཕྱིར། །རྫུན་དུ་སྨྲ་བ་ཞེས་བྱ་བའི་དམ་ཚིག་ནི། ངོ་བོ་ཉིད་དང་དངོས་གཞི་ཅིར་ཡང་མ་ངེས་པའི་རྫུན་དང་། དེ་རྟོགས་པའི་རྫུན་དང་། དོན་བཞིའི་ཕྱིར་སྤྱད་པ་ཚིག་གི་རྫུན་དུ་འགྲེལ་ཏེ་གོ་སླའོ། །གྲུབ་པར་བྱ་བའི་དམ་ཚིག་བསྟན་པའི་ཕྱིར། རྡོ་རྗེ་འཇོམས་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཐོག་མ་མེད་ནས་ཕྱིན་ཅི་ལོག་ཞེས་པ་ལ་སོགས་པ། རྩོམ་པ་མེད་པ་ནས་དངོས་པོ་རྟོག་པ་མ་གྲུབ་བཞིན་ནན་གྱིས་འཛིན་པའི་མཚན་མ་གཞོམ་པའི་ཆེད་དུ་བདེན་པ་དབྱེར་མེད་དུ་རྟོགས་པའི་ཡེ་ཤེས་ནི་ལས་དང་ངོ་བོས་གཉེན་པོ་སྟེ། དེ་བག་ཆགས་ལྔ་དང་ཞེན་པ་གཉིས་བཅོམ་ནས་སྐྱེ་ཤི་མེད་པའི་སལ་འགོད་པའོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་དམ་ཚིག་ནི། ཞེས་པ་ལ་སོགས་པ། རང་གིས་བསླད་པས་འཁོར་བ་དག་གྲོལ་བར་བྱ་བའི་ཕྱིར། སྟོན་པས་གསུངས་པའི་བཀའ་དམ་པའི་རྒྱུད་འདི་ལྟ་བུ་ཉོན་ལ། འཁོར་བ་ཉིད་སངས་རྒྱས་ཀྱིས་ཡིན་པའི་དོན་འདྲིས་པས་དེ་བཞིན་དུ་སོན་པར་འགྱུར་པའོ། །རིན་ཆེན་འབྱུང་བ་ཞེས་བྱ་བའི་དམ་ཚིག་ནི། ཞེས་པ་ལ་སོགས་པ་བཤད་འཆད་ཀྱི་དཀོར་བདུན་གཞན་ནས་མི་འབྱུང་བའི་ཕྱིར་ཆོས་སོ་ཅོག་གཉིས་སུ་མེད་པ་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པས་མཐའ་དང་བྲལ་བའི་དོན་ཟིན་ཆགས་བྲལ་བར་རིག་ན་རིག་པ་དེ་ཉིད་བརྟན་པས་ཡོན་ཏན་གྱི་ཆོས་རྣམས་སུ་འཆད་པའོ། །དེ་ཉིད་ལ་ཡོན་ཏན་ནོ་ཅོག་རྫོགས་པར་ཡོད་པའོ། །པདྨ་ཆགས་མེད་ཅེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཞེས་པ་ལ་སོགས་པ། དངོས་པོ་གཉིས་ཀྱི་ཆོས་རིལ་ལ་ཡུལ་དང་ཤེས་པ་ཐ་དད་ངང་གིས་མེད་པའི་ཕྱིར། དག་པ་ཆེན་པོ་དཔེ་པདྨ་འདྲ་བའང་། ཐམས་ཅད་རང་རིག་ལ་རང་རིག་མཐའ་ལས་འདས་པས་རྒྱལ་བའི་ཞིང་ཉིད་ཡིན་པའོ། །དོན་རྣམས་གྲུབ་པ་ཞེས་བྱ་བའི་དམ་ཚིག་ནི། རྡོ་རྗེ་རིགས་ཀྱི་ཐམས་ཅད་བཅོམ། །ཞེས་བྱ་བའི་སོགས་པ། རང་འབྱུང་གི་ཡེ་ཤེས་ཉིད་ཅིག་དང་དུ་མ་ལས་གྲོལ་བའི་ཡོན་ཏན་ལྔའི་ཕྱིར་རིགས་ལྔར་གསལ་བས། རིགས་ཀུན་ཏུའང་གྲུབ་པའོ། །དེ་བས་ན་འབྲས་བུ་ལྔ་དང་ཡེ་ཤེས་ལྔའང་ལྷུན་གྱིས་གྲུབ་སྟེ། སྒྱུ་འཕྲུལ་ཡོན་ཏན་རྒྱས་པའི་རྒྱུད་ལས། མི་རྟོགས་ཆོས་ཀྱི་མེ་ལོང་གསལ། །གཉིས་སུ་མེད་པར་ཐམས་ཅད་མཉམ། །སོར་སོར་རྟོག་པ་མ་འདྲེས་གསལ། །བྱ་བ་ནན་ཏན་མཐར་ཕྱིན་པ། །མཐའ་གཉིས་བྲལ་བས་སྟོང་པ་ཆེ། །ཞེས་པ་ལ་སོགས། དེ་བས་ན་དོན་གཉིས་མ་བརྩལ་གྲུབ་པར་མཛད་པའོ། །ཡེ་ཤེས་དྲུག་པའི་ཉིད་ལས་འབྲས་བུ་ལྔ་རྣམས་གཞན་ན་མེད་པར་བསྟན་པའི་ཕྱིར། གཟུང་དང་འཛིན་པ་རྣམས་སྤངས་ཏེ། །ཞེས་པ་ལ་སོགས་པ། ལོག་རྟོག་དང་ཡང་དག་པའི་སྤྱོད་ཡུལ་དུ་ཞེན་པ་གཉི་ག་བྲལ་བས་རིག་པ་མཉམ་པའི་དབྱིངས་སུ་གསལ་བ་ནི་སྤྱོད་དམ་པའོ། །དེའི་འབྲས་བུ་སྐྱེ་འཇིགས་པ་ལྔའང་རང་རིག་ལས་གཞན་ནས་མི་འབྱུང་སྟེ། རིག་པ་རང་བྱུང་ཡེ་ཤེས་ཉིད་དེ་དག་ཏུ་རང་ཤར་བའོ། །དེ་དག་རྒྱས་པར་བསྟན་པའི་ཕྱིར། ནོར་བདུན་ཆེན་པོ་ཞེས་བྱ་བའི་དམ་ཚིག་ནི། མཐོན་དམན་ཀུན་གྱིས་གཟུགས་སྣང་དང་། །ཞེས་པ་ལ་སོགས་པ། སྐུའི་རིགས་འཆད་དེ། དཔེ་མེ་ལོང་ལྟར་རང་རིག་པའི་ཆོ་འཕྲུལ་ཉིད་སྐུ་སྣ་ཚོགས་ཀྱི་ངོ་བོར་ཡུལ་མེད་པར་ཤར་བའོ། །དེ་བཞིན་གཤེགས་པའི་གསུང་རྣམས་ནི། །ཞེས་པ་ལ་སོགས་པ། གསུང་འཆད་དེ། རྒྱལ་བའི་གསུང་ལྔའི་ངོ་བོ་ཉིད་ཚིག་གིས་མཚོན་པ་ལས་གྲོལ་ཞིང་བྱིན་རླབས་ཀུན་ལ་བརྡའ་མཇལ་བ་གྲགས་སྟོང་ལས་གྲོལ་བས་བརྗོད་མེད་པ་བརྗོད་པ་ཀུན་འབྱུང་བའོ། །ཐམས་ཅད་མཁྱེན་པའི་ཐུགས་ལྡན་པ། །ཞེས་པ་ལ་སོགས་པ་ཐུགས་འཆད་དེ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མངའ་བས་མ་ལྟས་ན། ཆོས་སོ་ཅོག་རྒྱུ་རྐྱེན་མེད་པར་ཅིར་ཡང་གོ་མི་འགོགས་པས། མཐའ་ལས་འདས་པའི་རིག་པ་ངོ་བོ་ཉིད་ཀྱི་རྒྱུ་དེ་ཉིད་བྱེད་པ་པོ་དང་རྒྱུ་རྐྱེན་ལ་རག་མ་ལུས་པར་རང་གསལ་ཡུལ་ལས་གྲོལ་བ་ཉིད་ཐུགས་ཀྱི་མཆོག་གོ། །དངོས་མེད་ཀུན་ལ་དབང་སྒྱུར་ཞེས་པ་ནས། ངོ་དེ་དཀོར་ནི་རིན་པོ་ཆེ། །ཞེས་པ། ཡོན་ཏན་འཆད་དེ། རང་རིག་ཅིར་ཡང་མ་ཡིན་ལ་ཅིར་ཡང་སྣང་བ་འབྲས་བུ་གསུམ་གྱི་བདག་ཉིད་དུ་རྟོགས་ན། དེ་བཞིན་གཤེགས་པ་ཉིད་ཡིན་པས་ཡོན་ཏན་ཚད་མེད་དེ་སྤྱོད་ཡུལ་དག་པས་འབྲས་བུ་བསམས་བཞིན་འཕེལ་འགྲིབ་མེད་པར་སྣང་བ་ལ། བདུད་ཀྱིས་ཀྱང་གླན་ཀ་མི་རྙེད་པ་ནི་ཡང་དག་པའི་རིན་པོ་ཆེའོ། །ཐུགས་རྗེ་ཆེན་པོ་བྱིན་རླབས་ཀྱིས། །ཞེས་པ་ནས། བྱེད་པ་ཉིད་ན་ཆུ་ཟླ་བའི་ཚུལ། ཞེས་པ་ནས། འཕྲིན་ལས་བཞི་ལྷུན་གྱིས་གྲུབ་པས་ཅིར་ཡང་འདུལ་བཞིན་སྣང་བའི་རྩལ་བ་མེད་པར་དོན་མཛད་ཀྱང་། གཞི་བྱ་བྱེད་ལས་གྲོལ་བས་རྟོག་མེད་དུ་ཅིར་ཡང་དོན་མཛད་པ་ལ་མི་དགོས་པས་འཕྲིན་ལས་འགྲོ་འོང་མེད་པར་དོན་མཛད་པའོ། །གཟུང་འཛིན་བྲལ་བའི་ཡེ་ཤེས་ཀྱིས། །ཞེས་པ་ནས། དེ་ཉིད་ཐམས་ཅད་མཁྱེན་པ་ཡིན། །ཞེས་པ། ཐུགས་ཡེ་ཤེས་འཆད་དེ། དབྱིངས་ཡེ་ཤེས་ཉིད་དུའང་འཛིན་པ་མེད་པ་ནི། མ་རྟོགས་པའི་ཡེ་ཤེས་ཏེ། ཡེ་ཤེས་ཀྱི་གྲངས་བསྡུས་པ་ལྔར་བརྗོད་ཀྱང་ངོ་བོ་དུ་མ་ལས་གྲོལ་ཅིག་ལས་ཀྱང་གྲོལ་བར་གསལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །ཀུན་ལ་ཁྱབ་ཅིང་མི་གནས་པ། །ཞེས་པ་ལ་སོགས་པ། དབྱིངས་འཆད་དེ། མཚན་ཉིད་ཀུན་ཁྱབ་བཀོལ་མེད་གཟུང་བ་ལས་འདས་པ་འདི། མཉམ་པའི་དབྱིངས་ཏེ་རིག་པ་རང་དབང་དུ་གྱུར་པས་དེ་མངོན་དུ་བྱ་བ་ནི་བསམ་པའི་ཡུལ་ལས་གྲོལ་བའོ། །ཤེས་པར་བྱ་བའི་དམ་ཚིག་འབྱུང་བ་ལྔ་བསྟན་པའི་ཕྱིར། ནམ་མཁའ་སྣང་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ལ། །ཞེས་པ་ལ་སོགས་པ། རང་བཞིན་གྱི་རྟགས་དང་དཔེས་རྟོགས་པར་བྱ་བ་འཆད་དེ། ཆོས་སོ་ཅོག་དེ་བཞིན་ཉིད་ཀྱིིི་ནམ་མཁར་གསལ་བས་མཚན་ཉིད་བརྟག་དཀའ་བ་ནམ་མཁའ་ལྟ་བུ་དེའི་ངོ་བོ་ནི་རང་རིག་པའི་ནམ་མཁའ་འོ། །རྟེན་བྱེད་ས་ཆེན་པོ་ཞེས་བྱ་བའི་དམ་ཚིག་ནི། ཇི་ལྟར་ས་གཞི་ཆེན་པོ་ལ། །ཞེས་པ་ལ་སོགས་པ། དཔེ་ས་གཞི་ལྟ་བུར་ཐེག་པ་ཆེན་པོ། གསང་སྔགས་ངེས་པའི་ལུང་གི་ངོ་བོ་ནི་རྒྱལ་བ་སེམས་པའི་ཡུལ་ཐེག་པའི་འབྱུང་གནས་ཏེ་རྒྱུད་ཀྱི་ཆེ་བའོ། །སྲེག་བྱེད་ཡེ་ཤེས་མེ་བཞིས་བྱ་བའི་དམ་ཚིག་ནི། བདག་མེད་ཡེ་ཤེས་རང་རིག་ཀྱིས། །ཞེས་པ་ལ་སོགས་པ། མེ་ལྟ་བུར་ངོ་བོ་ཉིད་ཀྱི་མངོན་དུ་བྱས་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་མེས་བག་ཆགས་དང་རྟོག་པ་ཕྲ་རགས་རིལ་སྦྱངས་ནས་ཡེ་ཤེས་སུ་གསལ་བ་ནི་ནང་གི་ཧྂ་མོ། ཐམས་ཅད་འཁྲུ་བྱེད་ཅེས་བྱ་བའི་དམ་ཚིག་ནི། སེམས་ཅན་མ་ལུས་ཐམས་ཅད་ནི། །ཞེས་པ་ལ་སོགས་པ། དག་པར་བྱ་བ་ནི་འཁོར་བའི་སྒྲིབ་པ་ཆ་འཕྲ་བའོ། །ཆུ་ལྟ་བུའི་ཁྲུས་ནི་གསུམ་ལས་འབྱུང་བའི་ལྷག་མཐོང་གིས་སྦྱིན་སོགས་བཅུ་དུས་གཅིག་ཏུ་རྫོགས་ཤིང་ས་བཅུ་དུས་གཅིག་ནོན་པའི་རིག་པས་ས་གསུམ་ཐོབ་པའི་ས་གཞན་རྣམས་ཐུན་མོང་ལམ་བཅུ་དང་འབྲས་བུ་ལ་བསྟན་པ་ནི་ཁྲུས་ཀྱི་དམ་པ་སྟེ་ཐབས་ཀྱི་སྤྱོད་པའོ། །གཡེང་བྱེད་ཆེན་པོ་ཞེས་བྱ་བའི་དམ་ཚིག་ནི། སེམས་ཅན་ཡེ་ནས་དག་པ་ལ། །ཞེས་པ་ལ་སོགས་པ། ཐ་སྙད་དུ་གཏོར་བྱ་བ་རང་བཞིན་དག་པའི་དོན་མ་རྟོགས་པའི་རྟོག་དྲུལ་དེ་ཉིད་རང་རིག་པའི་ཡེ་ཤེས་སུ་རྟོགས་པའི་ལྟ་བས་བརླག་པར་བྱས་པས་ཀུན་རྫོབ་རླུང་གི་ལས་དང་འདྲའོ། །དཔེ་རླུང་གི་མཚན་ཉིད་མི་ཟིན་པ་ལྟར། ཆོས་སོ་ཅོག་ཅི་ཡང་ཡིན་པ་ཡི་ཡིན་པའི་དོན་རིག་པ་གདམ་པའོ། །ཐམས་ཅད་ཀུན་ལ་དབང་སྒྱུར་ཞེས་བྱ་བའི་དམ་ཚིག་ནི། རང་རིག་ཕྱིན་ཅི་མ་ལོག་པའི། །ཞེས་པ་ལ་སོགས་པ། ལྟ་བ་མཐའ་ཕྱིན་པས་ཏིང་ངེ་འཛིན་ལས་སུ་རུང་བའི་ཚེ། སྤྱོད་ཡུལ་རང་རིག་ཏུ་གསལ་བས་ཅི་སྦྱོང་པ་ཚོགས་གཉིས་སུ་འགྱུར་བ་ནི། ཅིག་ཅར་བ་དང་ཚོགས་ཀྱི་སྤྱོད་པ་སྟེ་སྤྲོས་བཅས་ཐོབ་པའི་སྤྱོད་ཡུལ་ལོ། །ཤེས་བྱ་འདོད་ཡོན་ལྔ་བསྟན་པའི་ཕྱིར། ཆོས་ཐམས་ཅད་གཟུགས་བརྙན་ལྟར་ཤེས་པ་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། །ཞེས་པ་ལ་སོགས་པ་རིག་པ་སྣང་ལ་རང་བཞིན་མེད་པ་ཉིད་ཀུན་གྱི་གཞིའི་ཕྱིར་ངོ་བོ་ཉིད་སྣང་ལ་རང་བཞིན་མེད་པ་ནི་ཆོས་ཀྱི་སྐུ་མཐའ་དང་བྲལ་བའོ། །དེའི་བྱིན་རླབས་དག་མ་དག་ཅིར་ཡང་སྣང་བའི་དབྱིངས། ཁ་དོག་ཉིད་རྟོག་མེད་ཀྱི་རིག་པ་རང་སྣང་བའི་ངོ་བོ་ཉིད་ཀྱི་སྣང་བའོ། །ཆོས་རྣམས་ཐམས་ཅད་སྒྲ་ལྟར་ཤེས་བྱ་བའི་དམ་ཚིག་ནི། སྒྲ་རྣམས་ཇི་སྙེད་བརྗོད་པའང་། །ཞེས་པ་ལ་སོགས་པ། སྒྲའི་དཔེ་ལྟར་བརྗོད་མེད་བརྗོད་པ་ཀུན་འབྱུང་གི་ངོ་བོ་གྲགས་སྟོང་གྲལ་བར་ཆོས་ཀུན་རིག་པར་གྱིས་ཤིག་པར་གདམ་པ་དང་། སྒྲ་དོན་གཅིག་ཐ་དད་ལས་གྲོལ་བར་བསྟན་ཏེ། བསམ་པའི་དབང་དང་ངོ་བོས་ཕྱེས་པའོ། །ཆོས་རྣམས་དྲིའི་དམ་ཚིག་ཏུ་ཤེས་པ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ཞེས་པ་ལ་སོགས་པ། ཆོས་སོ་ཅོག་ལ་རོའི་ངོ་བོ་མེད་པ་ལས་རང་རིག་རོར་ཤར་བ་བྲོ་སྟོང་ལས་གྲོལ་བཞིན་རྟོགས་པའི་ཤེས་ཡུལ་ཕྲད་པས་རོ་སྣ་ཚོགས་སུ་གྲུབ་པས་རོ་དང་ལྕེའི་ཤེས་པར་སྣང་ལ། དེ་ཉིད་ན་བཤད་པ་བཞིན་མ་གྲུབ་པ་ནི་དེ་ཉིད་དུའང་འདོད་པ་མེད་པའི་དོན་མཚན་ཉིད་དང་པོར་སྟོན་ཏོ། །ཆོས་ཐམས་ཅད་རེག་བྱ་ལྟར་ཤེས་པ་བཞིན་བྱ་བའི་དམ་ཚིག་ནི། གཟུགས་རྣམས་དབུ་བ་བརྡོས་དང་འདྲ། །ཞེས་པ་ལ་སོགས་པ། གཟུགས་སྙིང་པོ་མེད་པ་དང་། ཚེ་རབ་སྐྱེ་འཇིག་ཅན་དང་འདུ་ཤེས་མེད་པ་ལས་མཚན་མར་བྱེད་པ་དང་། རྣམ་ཤེས་རྐྱེན་བཞིས་སྐྱེ་བ་དང་། རྒྱུ་དེས་འདུ་བྱེད་རྫབ་ལྟར་ལས་སྣ་ཚོགས་བྱེད་པར་སྐྱེས་པའི་ཕུང་པོ་ལྔ་ཉིད་དཔེ་དེ་ཉིད་ཀྱིས་མཐའ་ལས་གྲོལ་བར་ཡང་སྟོན་པས། རེག་ཚོགས་རིལ་རེག་སྟོང་ལས་འདས་པས། ཉམས་སུ་མྱོང་ལ་མ་ཆགས་པས་ཚོགས་གཉིས་དུས་ཅིག་ཏུ་རྫོགས་པའི་ཕྱིར་འདོད་ལྔའི་ངོ་བོ་རིག་ནས་མི་སྤོང་བའོ། །དེས་ན་ལྔའང་རིག་པའི་ཡེ་ཤེས་ཉིད་རང་སྣང་གི་འདོད་ཡོན་ལྔའོ། །འདུས་བྱས་རྣམ་པར་དག་པ་ཞེས་བྱ་བའི་དམ་ཚིག་ནི། ཡང་དག་ཉིད་ལ་གནས་བཅས་ནས། །ཞེས་པ་ལ་སོགས་པ། ལྟ་བ་སྟེ་རྟོགས་ནས་གཞལ་བྱ་འབྱུང་བ་ཕྲ་རག་སངས་རྒྱས་ལ། འདུལ་བྱས་ཀྱི་གཟུགས་མེད་པའོ། །རྟོགས་པའི་ཐབས་རེ་རེ་ལ་ལྔ་ལྔ་ཚང་བས་གཅིག་ཏུ་མ་ལས་གྲོལ་བའི་ཆོས་ཉིད་མཐོང་ངོ་། །འདུས་མ་བྱས་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་དམ་ཚིག་ནི། གཤེགས་སྐུ་སྒྱུ་མར་སྣང་བ་དང་། །ཞེས་པ་ལ་སོགས་པ། སངས་རྒྱས་སེམས་ཅན་གྱི་སྐུ་གཟུགས། །གཞི་ལ་ཐ་དད་མེད་པའི་ཕྱིར། །རང་རྒྱུག་བྲལ་བའི་ངོ་བོ་རང་རིག་པ་ནི་འདུས་མ་བྱས་པའོ། །དེ་ཉིད་མཐོན་གཟུགས་སུ་སྣང་བ་ནི་སྣང་བ་དང་པོའི་ཕྱིར་ཆོས་སྐུ་སྟེ་མཚན་ཉིད་མ་ངེས་པའི་ཕྱིར་དོན་དམ་པ་རྒྱུའོ། །གླང་པོ་བརྗིད་གནོན་ཞེས་བྱ་བའི་དམ་ཚིག་ནི། ཞེས་པ་ལ་སོགས་པ། བསྒོམ་ལམ་དང་པོའི་སེམས་བཅོས་ཐབས་འཆད་དེ། དཔེར་འཇིག་རྟེན་བྱིས་པའི་བྱ་བྱེད་ལྟར་སྐྱེ་བོ་པ་ཆེ་ཕྲའང་རྟོག་པའི་དུས་བྱེད་ཀྱིས་གཡེངས་པའི་ཕྱིར། ལམ་དང་པོ་ལ། རྩ་བའི་སྐྱོན་གྱིས་རང་བཞིན་གྱི་རྒྱུ་དང་། རྐྱེན་གྱིས་བསླང་བ་རྣམས་དང་། ཆེད་དུ་བྱས་པ་དང་། ཤུགས་ཀྱིས་སྣང་བའི་སྐྱོན་གྱིས་རྣལ་དུ་མ་ཕེབས་པ་ནི་གཡེང་བའོ། །དེ་བཅོས་ཐབས་ནི་ཡིད་ཀྱི་གླང་པོ་ཀློག་དང་འདྲ་བར་འགྲོ་བ་དེ། ཐབས་གསུམ་གྱིས་འདོགས་པ་ལས་འདིར་ཐག་ཆོད་པའི་རྒྱུས་རྔ་རོལ་དུ་སྐྱོན་ཤེས་པས་སྐྱེ་མ་ཐག་ཤུགས་ཀྱིས་ངོས་ཟིན་པས་དེ་ཉིད་ལྷག་མཐོང་གསལ་བའི་སྟོབས་ཀྱིས་མེ་ལ་ཤིང་བསྣན་པ་ལྟར་མཉམ་པར་གསལ་བས་མི་ལྡང་བའི་ཕྱིར་དང་། དམན་པས་དྲན་མ་ཐག་རྩད་བཅད་པས་ངོ་བོ་ཤེས་པས་མི་ལྡང་བའི་ཕྱིར་རོ། ། ཐབས་ཀྱིས་ལམ་བསྟན་པའི་ཕྱིར། དབང་ལྔ་རྫོགས་པ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་ཐམས་ཅད་སྐྱེ་མེད་པས། །ཞེས་བྱ་བ་ལ་སོགས་པ། བདག་གིས་བསྟན་པར་མི་ནུས་ཀྱང་། རྒྱུད་ཀྱི་རྒྱལ་པོ་ཕྱི་མ་ཉིད་ལས། དབང་ལྔ་རང་ལ་མངོན་རྫོགས་པར། །ཀུན་ཏུ་རྒྱལ་བ་ཉིད་ཀྱི་བཤད། །རང་རིག་ལྷུན་གྲུབ་བཞི་བྲལ་བ། །ངོ་བོ་གཟུང་རྐ་གདོད་ནས་བརྟན། །དེ་ཕྱིར་དེ་ལ་སྣང་བར་འགྱུར། །སེམས་ཀྱི་ཡེ་ཤེས་བཞི་བྲལ་བ། །ཡེ་ནས་མིན་ཕྱིར་ཐམས་ཅད་མཁྱེན། །ཆོས་ཀུན་རང་རིག་དབྱེར་མེད་པས། །བླང་དོར་མེད་པས་ཀུན་སྤྱོད་ཕྱིར། །ཁུ་བ་བརྒྱུད་པས་སྣང་བར་འགྱུར། །ཐེག་ཆེན་དོན་གཉིས་ལྷུན་གྲུབ་ཕྱིར། །བདག་གཞན་དོན་དབང་ལྔ་ཐོབ་འགྱུར། །བྱས་ལ་ཟིན་ཆགས་བྲལ་བ་མཆོག །དབང་བཅུ་བདག་ལ་རྫོགས་པའི་ཕྱིར། །ཐབས་ཀྱིས་སློད་པའང་རིགས་པར་འགྱུར། །ལྔའི་རིམ་པ་བཟློག་བརྩམས་པས། །མངོན་རྫོགས་ས་ལ་གདོན་མི་ཟ། །ཐབས་ཆེན་ཐེག་པ་བྲེག་པའི་མཆོག །ཞེས་གསུངས་སོ། །ཐམས་ཅད་རྒྱས་འདེབས་ཞེས་བྱ་བའི་དམ་ཚིག་ནི། ཞེས་པ་ལ་སོགས་པ། རང་བཞིན་སྟོན་ཏེ། རིལ་རང་འབྱུང་ཡེ་ཤེས་པས་ངོ་བོ་གཟུང་རྐ་བ་ཉིད་ཐམས་ཅད་ཀྱི་གཞིར་གྱུར་པ་ངོ་བོ་ཉིད་ཀྱི་རྒྱུའོ། །རྒྱུ་དེ་བློས་རེག་དཀའ་སྟེ། ཡུལ་མེད་པས་དག་པའི་ཞིང་ལས་མི་འདའ་བའི་ཕྱིར་རོ། །ཆོས་རྣམས་དབྱེར་མེད་ཅེས་བྱ་བའི་དམ་ཚིག་ནི། ཞེས་པ་ལ་སོགས་པ། གྲུབ་མཐས་མ་བསྒྱུར་བློ་ལ་ལྟ་སྤྱོད་གཉི་གའི་གདམ་པ་སྟེ་གོ་སླའོ། །ཐམས་ཅད་འཇིག་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཤེས་རབ་བློ་རྩལ་ལྡན་པ་ཡིས། །ཞེས་པ་ལ་སོགས་པ་མཐོང་ལམ་གྱི་རྒྱུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དོན་ཚོལ་བ་སྟེ་སྣང་སྟོང་མཐའ་ལས་གྲོལ་བར་རྟོགས་པ་དངོས་པོ་གཉིས་བཤིག་པའོ། །གཡུ་རུང་ཚེ་འཕེལ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་ཐམས་ཅད་བདག་ཡིན་པས། །ཞེས་པ་ལ་སོགས་པ། རང་བཞིན་གྱི་གཏན་ཚིགས་ཀྱིས་སྐྱེ་འཇིག་བྲལ་བ་ལ་གསད་བྱ་མེད་པས། སྐྱེ་ཤི་འཁྲུལ་རྟོག་ཙམ་སྟེ། ཇི་ལྟ་བར་རྟོགས་ན་སྐྱེ་ཤི་བརྡོའང་འཕོ་འགྱུར་མེད་པ་ཁོ་ན་སྟེ་ངོ་བོ་དང་ལམ་གཉི་ག་སྟེ། མཐོང་ལམ་ཡན་ཆད་ཀྱི་ཡུལ་ལོ། །ཐམས་ཅད་མི་འགོག་པ་ཞེས་བྱ་བའི་དམ་ཚིག་ནི། ཞེས་པས་སྤྱོད་པ་བླང་དོར་མེད་པ་སྟེ་གོ་སླའོ། །ཐམས་ཅད་སྤྱོད་པ་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་ཀུན་ཏུ་བཟང་པོ་ཡིས། །ཞེས་པ་ལ་སོགས་པ། སྤྱོད་པ་ཅིར་ཡང་རིམ་པས་སྤྱོད་ལམ་ཁྱད་པར་བསྒོམས་ལམ་བཞི་པའི་སྤྱོད་པ་སྟེ་གོ་སླའོ། །ཐམས་ཅད་མི་ཆུད་པ་ཞེས་བྱ་བའི་དམ་ཚིག་ནི། ཤེས་པ་ལ་སོགས་པ། ལྟ་བ་དམན་པ་ས་བཅུ་བཞིའི་མཉམ་པའི་དོན་མི་རྟོགས་པས་ངོ་བོ་ཉིད་ཀྱི་ཕྲག་དོག་གོ། །སྤྱོད་པས་དམན་པ་གཉིས་ལ་གསང་བའི་ཐབས་ཀྱི་ཕྲག་དོག་སྟེ། དོན་རང་བཞིན་དུ་འགྲེལ་ཏོ། །ཐམས་ཅད་བསྲུང་དུ་མེད་པ་ཞེས་བྱ་བའི་དམ་ཚིག་ནི། ཞེས་པ་ལ་སོགས་པ། གཞི་རིལ་སྙིང་པོ་བྱང་ཆུབ་ཀྱི། རང་ལ་གཉིས་མེད་པའི་བྱ་བྱེད་ཅིའང་མེད་པ་ངོ་བོ་ཉིད་ཀྱི་རླུང་ངོ་། །འདིར་རླུང་གསུམ་ལྡན་པའི་སྐྱེས་མཆོག་ལ་རིལ་ཐ་དད་མེད་ཅིང་དག་མཉམ་གསུམ་བཞིར་གནས་པས་བསྡོམ་བསྲུང་མེད་པ་སྐལ་བ་མཆོག་གི་ཡུལ་ལོ། །ཐམས་ཅད་བསྲུང་བ་ཞེས་བྱ་བའི་དམ་ཚིག་ནི། སེམས་ཅན་ཁམས་གསུམ་འཁོར་བའི། །ཞེས་པ་ལ་སོགས་པ། ཡལ་བར་དོགས་པ་ལ། འདིར་སྐྱེ་བོ་པའི་ལེ་ལོ་གཉིས་དང་བྲལ་བའི་མིས་བདག་ཉིད་གདོད་ནས་གྲོལ་བས་འཛིན་པ་མེད་པའི་ཕྱིར་ཆེ་ཆུང་དང་བྲལ་བའི་ངང་ལས་མི་མཉམ་པར་བྱ་བ་དང་པོའི་རྒྱུན་གྱི་ཏིང་ངེ་འཛིན་ཡང་ཡིན་ནོ། །ཐམས་ཅད་འཇིགས་བྱེད་ཅེས་པ། བློ་དང་སྤྱོད་པ་རྩིང་པོ་ལ། འདི་དང་ཕྱི་མའི་ཉེན་བསྟན་པས་བསྲུང་བར་བསྐུལ་བ་སྟེ་གོ་སླའོ། །དམ་རྫས་སོ་སོར་སྦྱང་ནས་བྱ་བའི་དམ་ཚིག་ནི། །ཞེས་པ་ལ་སོགས་པ། སྨན་བསྒྲུབ་པ་སྟེ། ཕྱག་བརྒྱ་གཅིག་པའི་ཏིང་ངེ་འཛིན་གྱི་ཆེ་རིགས་ཕྱེ་ལ་བསྟེན་པ་དང་། སྤྱིར་དང་དུ་བླངས་ཏེ་བཟའ་བ་དང་། དེ་ལྟར་བསམས་ཏེ་སྤྱོད་དམ། ཡང་ན་མི་རྟོགས་པས་རོལ་ཏེ་ལམ་གྱི་སྐབས་བསྒྱུར་ལ་སྤྱོད་དོ། །ཏིང་ངེ་འཛིན་གྱི་དམ་ཚིག་ནི། ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། །དེ་ནས་འཁོར་ལོ་རྣམ་པར་བསམ། །ཞེས་པ་ལ་སོགས་པ་རིམ་གྱིས་འཇུག་པའོ། །ཡང་ན་ཅིག་ཆར་བསྒོམ་པར་བྱ། །ཐམས་ཅད་རང་རིག་ཕྱག་རྒྱ་ཆེ། །ཞེས་པ་ཅིག་ཅར་འཇུག་པའི། ཕྱག་རྒྱའི་དམ་ཚིག་ནི། བདེར་གཤེགས་དཀྱིལ་འཁོར་མ་ལུས་ཀུན། །ཞེས་པ་ལ་སོགས་པ། གསུམ་གྱིས་རང་བཞིན་གྱི་ཕྱག་རྒྱར་འགྲེལ་ཏོ། །དེའི་ཕྱིར་ཡི་དམ་ལྷའི་སྐུར་འཁོར་དང་བཅས་པ་དོན་དུ་གཉེར་བ་དང་། བསྒོམ་པའི་ཡོན་ཏན་དང་། ལྷ་སྤངས་པའི་སྐྱོན་དུ་འགྲེལ་ཏོ། །རྩ་བ་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་བསྒྲུབ་འདོད་པས། །ཞེས་པ་ལ་སོགས་པ་བསྒོམ་པའི་ཚུལ་འཆད་དོ། །སྐུ་རང་རིག་སྣང་བས་མཐའ་གཉིས་ལས་གྲོལ་བར་བསྒོམ་ཞིང་སྐུ་གསལ་བའོ། །དེའི་ཡོན་ཏན་བསྟན་པའི་ཕྱིར། ལྷའི་སྐུ་ནི་གསལ་བསྒོམས་པ། །ཞེས་པ་བཞི་གསུངས་ཏེ། འབྲས་བུར་སྐུ་ལྔ་ཐོབ་པར་འགྲེལ་ཏོ། །གཞན་ཉམས་སུ་བླངས་པ་དང་། སྤངས་པའི་སྐྱོན་དུ་འགྲེལ་ཏོ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པའི་དོན་ནི། ཞེས་པ་ལ་སོགས་པ། དེ་ཉིད་དུས་ཀྱི་རྒྱུན་དུ་བྱ་བ་ནི། ཡོན་ཏན་གསུམ་དང་ལྡན་པའི་ཕྱིར། ངོ་བོ་དང་ལས་དུས་བྱད་པར་མཉམ་པ་ཉིད་ལས་མི་འདའ་བ་དེ་དག་གསུམ་སྒྲིབ་པ་འཇོམས་པའི་ཕྱིར་ངེས་ཚིག་འགྲུབ་པ་དང་དུ་བླང་ངོ་། །ཡང་དག་དོན་ཆེན་རླུང་འདོད་པས། །ཞེས་པ་ལ་སོགས་པ། དུས་ཀྱི་རྒྱུན་དུ་བརྩོན་པ་བསྐྱེད་པའི་ཡོན་ཏན་དང་ཐབས་ནི་ཕྱག་རྒྱ་ཆོ་གའི་ཡན་ལག་གིས་བསྐྱེད་དེ། སྔགས་བདེན་པ་གསུམ་པའི་ངོ་བོ་ༀ་ལ་སོགས་པ་ས་བོན་བྱས་ཏེ་བཟླས་སོ། །རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བསྟན་པ། །ཞེས་པ་ལ་སོགས་པ། བླ་མ་ལ་བསྡུས་པའི་ཡོན་ཏན་བརྒྱད་ཡོད་པའི་ཕྱིར་བཀུར་བ་དང་། དེ་སྒོ་གསུམ་གྱིས་མཉེས་པར་བྱ་བའི་ཡོན་ཏན་དུ་འགྲེལ་ཏོ། །རྡོ་རྗེ་མཆེད་དང་ལྕམ་དྲལ་གྱི་མཚན་ཉིད་བསྟན་པ། །ཞེས་པ་ལ་སོགས་པ། སྤུན་ཡིན་པའི་གཏན་ཚིགས་དང་བཀུར་ཐབས་དང་ཉེས་སྐྱོན་དུ་འགྲེལ་ཏོ། །གསང་བའི་མཚན་ཉིད་བསྟན་པའི་ཕྱིར། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི་ཞེས་པ་ལ་སོགས་པ་རང་བཞིན་གྱི་གསང་བ་དཔེ་གཉིས་ཀྱིས་མཚོན་པ་སྟེ། དེའི་ཕྱིར་ཕལ་གྱིས་གོ་བར་དཀའ་བས་གསང་བའི་དགོས་ཆེད་དང་། ཉེས་པས་དོན་དུ་མི་འགྱུར་བའི་ཕྱིར་གསང་བ་དང་། སྒོ་ཀུན་ལ་མཁས་པས་གསང་བ་སྤེལ་ཐབས་ཆུད་མི་གསན་པར་བྱས་པ་དང་། བཞིར་འགྲེལ་ཏོ། །དེ་དག་བརྡའ་ཕྲད་སླབ་དང་། ཡི་གེ་མངས་པས་འཇིགས་པའི་ཕྱིར་མ་བཀོད་དེ། ཞིབ་ཏུ་ནི་སྒྱུ་འཕྲུལ་ཆེན་པོའི་སློབ་དཔོན་འབུ་ཏ་ཀུ་ག་ཏའི་ཏྲིཀ་ལམ་འགྲེལ་ཏོ། །དང་དུ་བླང་དང་མི་བླང་བ། །རྣལ་འབྱོར་པ་ཡིས་རྟག་ཏུ་སྦྱར། །ཞེས་པ། ཡན་ལག་བཅུ་ཉིད་འདིར་རྩ་བ་བཅུར་བསྟན་པ་དེ་ལམ་པ་ཡོངས་ཀྱིས་སྤྱད་པས། ལས་སུ་རུང་མི་རྟོག་པ་རྙེད་པའི་དངོས་གྲུབ་རྩ་བ་བཅོ་ལྔའི་ལེའུ་ལས་བསྟན་ཟིན་ཏོ། །སྐྱོན་གོ་སླའོ། །ཡང་ན་དམ་ཚིག་འདི་ལྟ་བུ་ཞེས་པ་ནས། རྟག་ཏུ་གྱིས་ཞེས་པ། རྟོགས་པས་གང་ལྟར་སྤྱོད་ཀྱང་མི་ཉམས་པས། མ་ནོར་བའི་བློ་ཅན་གྱིས་སྤྱོད་ལམ་དུ་མི་འབྲལ་བར་བྱ་བར་གདམས་པའོ། །ལྟ་བའི་གདམ་ངག་བསྟན་པའི་ཕྱིར། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ཞེས་པ་ནས། བློའི་གཏིང་དུ་སྦོས་ཞེས་པ། དཔེ་གསུམ་གྱི་སྒོ་ནས་རྟོག་པ་གསུམ་གྱི་ཟིན་ཆགས་མེད་པར་རིག་པ་རང་གསལ་དུ་གྱིས་ཤིག་པར་གདམས་པ་གསུམ་དང་། རྡེང་ཅན་དུ་བྱས་ཏེ་བཙའ་བར་གདམ་པའོ། །རྡོ་རྗེ་ཞེས་པ་དག་གིས་སྐྱོན་སྟོན་ཏོ། །མཉམ་པའི་དོན་ཉིད་ཇི་ལྟ་བུ། །ཞེས་པ་ངོ་བོས་མཉམ་པའི་མཚན་ཉིད་ཅིའང་མ་ཡིན་པས། དེ་རྟོག་པ་དང་འཛིན་རྟོག་ལས་གྲོལ་བའོ། །དེ་ནས་སྤྱོད་པའང་། ཅི་ལའང་མི་གནས་ཀུན་ལ་སྤྱོད། །ཞེས་པ་དག་འཛིན་རྟོག་མེད་པས། བླང་དོར་མེད་པར་སྤྱད་ལ། ཡུལ་དང་ཡུལ་ཅན་མེད་པའོ། །དེ་ལྟར་རྟོགས་པའི་རིགས་མཆོག་ནི། །ཞེས་པ་ལ་སོགས་པ། ཡོན་ཏན་འབྲས་བུར་འགྲེལ་ཏེ། ཅིག་ཆར་བ་དང་བསྒོམ་ལམ་ཐ་མའི་ཡུལ་ལོ། །དེ་དག་གསང་བའི་ཐེག་པ་ཆེན་པོའོ། །རྒྱུའི་ཐེག་པའི་རིགས་གསུམ་དང་། ལྷ་མིའི་ཐེག་པ་རྣམས་དང་། མི་སྤང་བ་ཉམས་བས་ངན་འགྲོའི་རྒྱུ་དང་རིགས་སྒྲ་ཇི་ལྟ་བ་ཉིད་དེ་གོ་སླའོ། །ལྟ་བ་ཐ་དད་པར་སྣང་བའི་གཞི་སེམས་ཀྱི་དེ་ཁོ་ན་ཉིད་ལ་སྣང་བ། གང་གི་ཡུལ་ཡིན་པ་བསྟན་པའི་ཕྱིར། ཐེག་མཆོག་མཐོ་དམན་ཐམས་ཅད་དང་། ཞེས་པ་ལྔ་གསུངས་སོ། །ཤེས་རབ་ཆེན་པོའི་དམིག་ལྟ་བ། །ཞེས་པ་ལ་སོགས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས་གཞི་ཅིའང་མ་ཡིན་པ་ལས། ཐེག་པ་མཐོ་དམན་དང་འགྲོ་བ་དྲུག་སོ་སོར། རྩོལ་བ་དང་སྡུག་བསྔལ་གྱི་ཁ་འཁོར་བར་གཟིགས་ཏེ། འདི་ཉིད་ཀྱི་ལྟ་བའི་ཆེ་བ་མ་འདྲེས་པར་འདོད་པའི་ཕྱིར་རོ། །འོ་ན་གཞན་ལས་སྤགས་པའི་ལྟ་བ་ཇི་ལྟ་བུ་སྙམས་པ་ལ། སྔགས་མཆོག་བླ་ན་མེད་པས་ནི། །ཞེས་པ་ནས། བརྗོད་མི་བྱ་ཞེས་པ། ཐེག་པ་ཆེན་པོ་བས་སྣང་སྟོང་རེག་འཇོག་གི་ལྟ་བ་གང་དུ་ཡང་མི་ལྔ་སྟེ། ཡུལ་དུ་མེད་པས། ལྟ་བ་སོ་སོར་ཇི་སྙེད་པ། །ཐ་སྙད་ཙམ་ལས་སྤང་བླང་མེད་པའི་ཕྱིར། །ཚིག་ཏུ་མི་བརྗོད་དོན་དུ་ཐ་དད་པར་མི་བསམ་མོ། །སྤྱིར་ནི་ལོག་རྟོག་ཞེས་པ་ལ་སོགས་གོ་སླའོ། །ཁ་ཅིག་ལྟ་བ་མཉམ་གནས་ཀྱང་ཞེས་པ་ནས་གཉི་ག་མེད་ཞེས་པས། ཡ་ཆ་བས་མི་འགྲུབ་པའི་ཕྱིར། །དབུ་མ་དང་ཡོ་ག་ཁྱི་པ་ལྟ་བ་མཉམ་པར་སྨྲ་ཡང་སྤྱོད་པ་བླང་དོར་མེད་པས་ཡ་ཆའོ། །མུ་སྟེགས་དག་སྤྱོད་པ་བླང་པོ་བྱེད་ཀྱང་ལྟ་བ་ཡོ་ག་སྟེ་ཡ་ཆའོ། །ཉན་ཐོས་རང་རྒྱལ་བ་ལ་ལྟ་སྤྱོད་ཟབ་མོ་གཉི་ག་མེད་དེ། དེ་དག་ནི་འཁྲུལ་པའོ། །དེ་བས་ན་མ་ནོར་བའི་ལྟ་སྤྱོད་ནི། ཡང་དག་སྐྱེས་མཆོག་དམ་པ་ཡིས། །ཞེས་པ་གསུམ་གོ་སླའོ། །ཐེག་པ་ཆེན་པོ་གཉིས་ཀྱི་ཁྱད་པར་བསྟན་པའི་ཕྱིར། བླ་མེད་ཐེག་པའི་ནང་ནས་ནི། །ཞེས་པ་ནས། གཉི་གར་འཛིན་ཞེས་པ། དབུ་མའི་ལུགས་ནི། མན་ངག་ལས་ཐེག་པ་ཆེན་དམན་པ་སྒྱུ་མ་སྨིག་རྒྱུའི་ཚུལ། དགེ་སྡིག་ལས་ཀྱང་སྤོང་དང་ལེན་པར་བྱེད། །ས་དང་ཕ་རོལ་ཕྱིན་པའི་ལམ་ཡང་སྤུན། །རང་བཞིན་དོན་དམ་སྐྱེ་འགག་མེད་པ་སྟེ། །ཅི་ཡང་མི་འདོད་པ་ཉིད་སྐྱོན་མི་འདོད། །དེ་ནི་འཁྲུལ་པ་ཡིན་པས་བཏུབ་མ་ཡིན། །ཞེས་གསུངས་སོ། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །ཞེས་པ་ནས། དེ་ཙམ་མོ་ཞེས་པ། ལྟ་བའི་ཁྱད་པར་སྟེ། འདིར་བདེན་པ་གཉིས་མིང་ཙམ་གྱིས་ཕྱེ་ཡང་རེ་མོས་མེད་པས། རྒྱུ་དགེ་སྡིག་དང་འབྲས་བུ་འཁོར་བ་དང་མྱ་ངན་ལས་འདས་པ། དོན་དམ་པ་ཆེན་པོར་ཐ་མི་དད་པ་ལྟ་ཅི་སྨོས་ཀྱི། ཀུན་རྫོབ་ཉིད་དུ་ཡང་སྐུ་དང་ཡེ་ཤེས་སུ་ཡང་སངས་རྒྱས་པ། སྤོང་ལེན་མི་བྱེད་པས་འཕགས་སོ། །དེ་བས་ན་བདེན་པ་གཉིས་ཀྱང་སྒྲ་གཅིག་ཀྱང་དོན་ཐ་དད་པས། ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །ཞེས་པ་བཞི་གསུངས་ཏེ། ལྟོས་པའི་བླ་ན་མེད་པའི་ཐེག་པ་དབུ་མའི་བདེན་པ་གཉིས་ལས་ལྷག་པ་དོན་དམ་པ་སྐྱེ་མེད་ཟང་མ་མ་ཡིན་པས་བཤད་པའི་དཀོར་བདུན་ལྷུན་རྫོགས་རྒྱུ་ཉིད་དོ། །ཀུན་རྫོབ་བདུན་ནི་སྐུ་དང་ཡེ་ཤེས་སུ་མཉམ་པར་རྫོགས་པར་རང་རིག་པ་ལས་མ་གཡོས་པ་ལྷའི་དཀྱིལ་འཁོར་དུ་སྣང་བའི་ཕྱིར། མཉམ་པ་ཉིད་ལས་མ་གཡོས་བཞིན། །ཞེས་པ་གཉིས་གསུངས་སོ། །དེ་བས་ན་ཐེག་པ་ཆེན་པོ་བདེན་གཉིས་མེད་པར་ལས་སྣང་བ་བསལ་མི་དགོས་པར་སྤྱོད་ཡུལ་དག་པའི་ཕྱིར། ཐབས་དང་ཤེས་རབ་རྣམ་པར་དག །ཞེས་པ་བཞི་གསུངས་སོ། །དེའི་ཕྱིར་ཐབས་དང་གྲོལ་ལམ་གཉི་གའི་ལྟ་སྤྱོད་གྲུབ་པའི་མཐས་དཔགས་ཏེ་ཆེ་བར་བཞུགས་པའོ། །དེ་ལྟ་བུ་ལ་དུས་དེང་སང་གི་གསང་སྔགས་བ་རྒྱུ་ལ་ཁ་ལྕེ་བྱང་བ་བདག་ཐབས་ལ་ནི་ཁྱད་པར་ཅན་གྱི་ལྟ་བ་དང་གྲུབ་པའི་མཐའ་མཉམ་མོ་ཞེས་སྨྲ་བ་ཤ་སྟག་འབྱུང་སྟེ། དེ་དག་ནི་རང་གི་ཚིག་གིས་འགལ་ཏེ། གཉིས་མཉམ་ན་ཐབས་ཀྱི་ཁྱད་པར་ཅི་ཞིག་དགོས་ཏེ་དོན་མེད་དོ། །དེ་བས་ན་དེ་དག་རྒྱལ་དམངས་སུ་བབས་པ་ལྟ་བུའི་ཕྱིར་ཤིན་ཏུ་གོལ་ཏེ་མདོངས་སོ། །གྲུབ་པར་བྱ་བའི་དམ་ཚིག་བསྟན་པའི་ཕྱིར། །དམ་ཚིག་ཆེན་པོའི་མདོ་རྣམས་ལས། །རིགས་ལྔ་དག་ཏུ་བསྟན་པ་ཡི། །ཞེས་པ་ལ་སོགས་པ། རྩ་བ་བཅོ་ལྔ་མདོར་བཤད་པའི་ལེའུ་ལས། རིགས་ཀྱི་བདག་པོ་རྒྱལ་བ་དྲུག་པར་འདུས་ཏེ། དེ་ཉིད་གཅིག་ཏུ་མ་ལས་གྲོལ་བའི་ཡོན་ཏན་ཆ་ལྔ་རིགས་ལྔར་སྣང་སྟེ། ཡེ་ཤེས་དྲུག་པོ་ཉིད་སྐྱེ་འཇིག་མེད་ཅིང་སྒྲིབ་པའི་ཕུང་པོ་འཇོམས་པའི་ཕྱིར་དང་། ལྷུན་གྲུབ་ཉིད་ཡོན་ཏན་ཅིར་ཡང་སྣང་བ་འཕེལ་འགྲིབ་མེད་པའི་ཕྱིར་དང་། དེ་ཉིད་ཡུལ་ཤེས་མེད་པས་བག་ཆགས་ཀྱིས་བདག་གཞན་གྱིས་མ་གོས་པའི་ཕྱིར་དང་། བྱ་བ་རྩལ་མེད་པར་ལས་ཞེས་དོན་གཉིས་གྲུབ་པ་དང་ཇི་བཞིན་པར་སོན་པའི་ཕྱིར་རིགས་ལྔ་སྟེ། ཅི་ཀྱང་མི་ཚུགས་རྡོ་རྗེ་ཡིན། །ཞེས་པ་ལ་སོགས་པ་གསུངས་སོ། །ཤེས་པར་བྱ་བའི་དམ་ཚིག་འབྱུང་བ་ལྔ་བསྟན་པའི་ཕྱིར། སྣང་སྲིད་མ་ལུས་ཐམས་ཅད་ལ། །ཞེས་པ་ནས་བཤད་ཞེན་པ། རང་རིག་པ་ཅིར་ཡང་མ་འགགས་པ་ངོ་བོ་ཉིད་ཀྱི་མེ་སྟེ། ལས་མཐའ་གདོད་ནས་བསྲེགས་པའོ། །དེ་རྟོགས་པའི་ཤེས་རབ་ཀྱི་མེ། །གོམས་པ་ཏིང་ངེ་འཛིན་གྱི་མེ། །སྒྲིབ་པ་བསྲེགས་པའི་ཕྱིར་རོ། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །ཞེས་པ་ལ་སོགས་པ། ཆོས་སོ་ཅོག་ངང་གིས་རང་རིག་པར་སྡུད་པའི་ལས་སོ། །ཅིར་ཡང་སྣང་བས་མཉེས་ཞིང་རྒྱུན་དང་བྲལ་བར་མི་རྟག་པ་མེད་པ་མཚན་ཉིད་དོ། །དེས་རྟོག་ཚོགས་ཀྱི་སྡུག་བསྔལ་དག་པས། ཡེ་ཤེས་ཀྱི་ཆུ་གསུམ་གོང་གི་རྗེས་སུ་མཐུན་པར་སྦྱར་རོ། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །ཞེས་པ་ལ་སོགས་པ། ཆོས་སོ་ཅོག་ཅིར་སྣང་ཡང་རང་གི་ངོ་བོ་གཟུང་དུ་མེད་པ་རླུང་གི་མཚན་ཉིད། ངོ་བོ་ཉིད་སྐད་ཅིག་མས་ཅིར་ཡང་མི་གནས་པར་ཐམས་ཅད་དུ་སྣང་ཞིང་སྒྲ་བརྗོད་མི་འགོག་པ་ལས་ཏེ་ཆེན་པོ་ནི་ཡེ་ཤེས་ཀྱི་རླུང་འདོད་པ་དེ་ལྟར་ཤེས་པར་བྱའོ། །དམ་ཚིག་ཆེན་པོའི་མདོ་རྣམས་ལ། །ཞེས་པ་ལ་སོགས་པ། རང་འབྱུང་ཡེ་ཤེས་ཆོས་སོ་ཅོག་གི་མཚན་ཉིད་དམ་ངོ་བོ་སྐྱེ་འཇིག་མེད་པ། མཚན་ཉིད་ས་ལས་ཏེ། ས་དངོས་པོ་ཉིད་ཀྱི་ངོ་བོ་དེ་ལྟ་བུའོ། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །ཞེས་པ་ནས། འུབ་ཞེས་པ་ནམ་མཁའ་སྟེ། ཆོས་སོ་ཅོག་མ་བཅོས་པའི་སྐད་ཅིག་མས། །གོ་ཕྱེས་ནས་རང་སྣང་བ་ལས་སོ། །ངོ་བོ་མེད་པར་རང་གསལ་བས། །སྟོང་པ་ཆེན་པོར་གཅིག་པས་མཚན་ཉིད་སྟེ། །ནམ་མཁའ་ཆེན་པོར་ཤེས་པར་བྱའོ། །དེ་བས་ན་གསང་སྔགས་མཚོན་པའི་སྒོར་མ་གྱུར་པ་མེད་པས་ཀུན་ཀྱང་སྒྱུ་འཕྲུལ་དྲ་བའི་རྒྱུད་མ་ཡིན་པ་མེད་པའོ། །དེ་ཉིད་ཀྱི་རྗེས་སུ་བསྟན་པའི་ཕྱིར། ཉོན་མོངས་པ་ལྔ་ཞེས་བྱ་བའི་དམ་ཚིག་ནི། ཞེས་པ་ནས། ཐམས་ཅད་སངས་རྒྱས་ཞིང་དུ་སྦྱོར་ཞེས་པ། ལྔ་ཉོན་མོངས་པ་ནི། ངོ་བོ་ཉོན་རིགས་པ་རང་སྣང་ལ། ཕྱིན་ཅི་ལོག་ལྔ་མིང་མེད་པའི་ཕྱིར། ཡེ་ཤེས་ལྔ་དང་རིགས་ལྔ་ཡིན་པས། མ་རིག་པ་དང་ཉོན་མོངས་པ་ཀ་ནས་དག་པ་ཉིད་རྟོགས་ན། མ་ནོར་བའི་ལམ་ཉིད་ཡིན་ལ། མ་རྟོགས་ན་སྒོ་ལྔར་ལྟུང་བས། ཤེས་རབ་གསུམ་གྱིས་རྡེང་ཆུད་ནས་བསྒོམས་ཤིག་པར་སྤྱིར་གདམས་པའོ། །འདོད་ཆགས་རང་བཞིན་མེད་པས་ན་ཞེས་པ་ནས། རྡོ་རྗེ་འཛིན་པའི་ས་རུ་སྐྱེ། །ཞེས་པ་ལོག་པའི་འདོད་ཆགས་ཉིད་མཐའ་གསུམ་ལས་འདས་པས། ཐམས་ཅད་ཀྱང་བདེན་པ་གཉིས་མེད་དུ་གསལ་བས་ཡང་དག་པའི་འདོད་ཆགས་སྟེ། ཡུལ་མེད་པ་ཤིན་ཏུ་ཆགས་པའོ། །དེ་ལྟར་ཤེས་པའི་འབྲས་བུ་གོ་སླའོ། །ཞེ་སྡང་ཆེན་པོའི་མཚན་ཉིད་ནི། །ཞེས་པ་ནས། ཞེ་སྡང་ཐུགས་རྗེ་ཆེན་པོ་ཡིན། །ཞེས་པ། ཁྱད་པར་གྱི་སྒྲས་ལོག་པ་ཞེ་སྡང་མཐའ་ལས་གྲོལ་བར་རྟོགས་པ་ཡང་དག་པའི་ཞེ་སྡང་གི་ལས་དང་ཡུལ་ནི། ལོག་རྟོག་གི་ལྟ་བ་དང་ཞེ་སྡང་རང་ཁམ་གཉིས་སུ་འཇོམས་པས་རྡོ་རྗེའི་རིགས་སོ། །དེ་བས་ན་རྟོགས་པ་ཡང་དག་ཞེ་སྡང་ཐུགས་རྗེ་ཆེན་པོ་ལ་མ་རྟོགས་པས་རང་ཁར་མཐོང་བ་འཁྲུལ་ཏེ། གཏི་མུག་རྨོངས་པས་ཞེས་བརྗོད་པས་ཞེས་པ་ནས། དེ་རྟོགས་དེ་བཞིན་གཤེགས་པའོ། །ཞེས་པ། སྐྱེ་བོ་པའི་མ་རིགས་པར་བརྗོད་པ་ཉིད། ཆོས་སོ་ཅོག་བདེན་པ་གཉིས་གར་དབྱེར་མེད་པའི་ཕྱིར། དེ་ཉིད་ཡེ་ཤེས་གསལ་བ་ལ་སྤྱོད་ཡུལ་དུ་འབྱེད་པ་མེད་པ་ནི་ངོ་བོ་ཉིད་དོ། །དེ་མཐོང་བ་ནི་ལྟ་བའི་གཏི་མུག་སྟེ། །དེ་ཉིད་དུ་སོན་པས་འབྲས་བུ་དེ་བཞིན་རིགས་སོ། །ང་རྒྱལ་གྱི་མཚན་ཉིད་བརྗོད་པ་ནི། ཞེས་པ་ནས། དེ་བཞིན་ཡང་དག་ཤེས་པར་བྱོས། །ཞེས་པ། ཐ་མལ་བའི་ང་རྒྱལ་མ་སྤངས་དག་པའི་དོན་ལ་གནས་པས་སྤང་ལེན་བྲལ་བར་རྟོགས་པས་ཡུལ་གཉིས་ཟིལ་གྱིས་གནོན་ཅིང་སྤགས་པས། ངེས་ཚིག་འགྲུབ་པའོ། །ངོ་བོ་གཉིས་མེད་པར་རྟོགས་པ་ནི། འབྲས་བུའི་འབྱུང་གནས་སོ། །ཕྲག་དོག་མཚན་ཉིད་བརྗོད་པ་ནི་ཞེས་པ་ནས། དེ་ཉིད་ཤེས་པས་ལས་དབང་འགྲུབ་ཞེས་པ། ལོག་རྟོག་གི་འཕྲག་དོག་མཚན་ཉིད་མ་གྲུབ་པར་ཤེས་པ་ནི། ལོག་ལྟ་མི་ཆུང་བས་ངེས་ཚིག་འགྲུབ་སྟེ། དེ་སྤྱོད་པས་ཀྱང་སྣོད་མེད་ལ་མི་བསྟན་པས། ལོག་རྟོགས་གི་དོག་པ་ལས་སྦགས་ཏེ་དོག་ཡངས་མེད་པར་ལྷུན་གྱིས་རྫོགས་པས་ལས་ཀྱི་རིགས་ཀྱང་འགྲུབ་པའོ། །ཤེས་བྱ་ཕུང་པོ་ལྔ་བསྟན་པའི་ཕྱིར། ཕུང་པོ་ལྔ་ཞེས་བྱ་བའི་དམ་ཚིག་ནི། །ཞེས་པ་ནས། ངན་སོང་གསུམ་དུ་སྐྱེ་བར་འགྱུར། །ཞེས་པ། ལྔ་ཕུང་ལོག་པའི་ཀུན་རྫོབ་ཏུ་རང་གི་བྱ་བྱེད་ཅིང་ཡུལ་གཉིས་ཉམས་སུ་མྱོང་བ་དེ་ཉིད། རང་གི་ལོ་རྒྱུས་མཚན་ཉིད་ཀྱིས་གཞལ་བས་དོན་དམ་པར་སྣང་ལ་མ་གྲུབ་པས་བདེན་གཉིས་དབྱེར་མེད་པའི་མཐའ་གསུམ་ལས་འདས་པའི་དོན་ལ་ཞེན་པ་ལོག་ན་འཁོར་བ་སྟེ། མ་རྟོགས་པའི་སྐྱོན་གྱིས་བསྟན་པ་སྟེ། ཤེས་པ་ལ་བསྐུལ་བའི་ཕྱིར་རོ། །རེ་རེ་ནས་རྒྱས་པར་བསྟན་པའི་ཕྱིར། དེ་ལ་གཟུགས་ཀྱི་མཚན་ཉིད་ནི། སྣང་བ་ཉིད་ན་རང་བཞིན་མེད། །ཞེས་པ་ལ་སོགས་པ། གཟུགས་ཐ་མལ་པ་ཀུན་རྫོབ་ཏུ་རང་སྤྱིའི་མཚན་ཉིད་དུ་སྣང་ཙམ་ན། དོན་དམ་པར་རང་རིག་མཐའ་ལས་གྲོལ་བ་ནི་རྒྱུའོ། །དེ་གཉིས་དབྱེར་མེད་པ་མ་ནོར་བའི་ལམ་ཡང་ཡིན་ལ། ཡེ་ཤེས་ཀྱི་སྐུའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་འང་ཡིན་པར་ཤེས་པར་བྱའོ། །ཚར་བའི་མཚན་ཉིད་བརྗོད་པ་ནི་ཀུན་ལ་རྣམ་གསུམ་འབྱུང་མོད་ཀྱི། །ཞེས་པ་ལ་སོགས་པ། ཐ་མལ་པའི་ཚོར་བ་དང་བདེ་སྡུག་གཉི་ག་མ་ཡིན་པ་ཉིད་ན། ཚོར་སྟོང་ལས་གྲོལ་བར་རྟོགས་པ་ནི། སྟོང་པའི་གོ་ཆ་ཅན་ཏེ་བདུད་ཀྱི་ཀླག་ཀ་མི་རྙེད་པའོ། །འདུ་ཤེས་མཚན་ཉིད་བཤད་པ་ནི། །ཞེས་པ་ལ་སོགས་པ། རང་གི་མཚན་ཉི་རྒྱ་ཆེ་བ་དང་། ཡུལ་ཚད་མེད་པས་ཡུལ་ཀུན་ལ་མཚན་མར་བྱེད་བཞིན་ན་མཚན་སྟོང་དབྱེར་མེད་པར་རྟོགས་ན། ཡེ་ཤེས་ཀྱི་འདུ་ཤེས་ཡིན་པས་རིག་པར་བྱའོ། །འདུ་བྱེད་མཚན་ཉིད་འདི་ལྟར་གནས་རྩ་བ་བརྒྱད་པོ་གླང་འགྱུར་ཏེ། ཞེས་པ་ལ་སོགས་པ། འདུ་བྱེད་ཀྱི་རྩ་བ་སེམས་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས་བྱུང་བའི་ངོ་བོ་ལྔ་བཅུ་རྩ་གཉིས་ཀྱི་བོ་བལ་སྐྱེ་བ་ཉིད་དང་། ངོ་བོ་མ་གྲུབ་པས་གཞིལ་མེད་ཀྱང་ལོག་རྟོག་ཅན་ལ་སྣང་བས་འཁོར་བ་ཉིད་ཀྱི་དོན་ཇི་ལྟར་བར་རྟོགས་པ་རྣལ་འབྱོར་པས་བརྟགས་པ་རྩ་བ་ཤེས་པ་ཉིད་ཇི་བཞིན་པ་ཡིན་པས་ཚོགས་བརྒྱད་སྐྱེ་བའི་སྐད་གཅིག་མའི་རྒྱུན་འཆད་པ་ལྟར་ཡེ་ཤེས་ལྔར་དག་པས་ཆོས་ཉིད་དང་དབྱེར་མེད་པར་འདུ་བྱེད་ཀྱང་འབྱུང་ཡང་སྤྲུལ་སྐུའོ། །ཀུན་གྱི་འབྱུང་གནས་རྣམ་ཤེས་ཏེ། །ཞེས་པ་ན། དེ་ནི་ཡེ་ཤེས་ཆེན་པོ་ཡིན་ཞེས་པ། འདུ་བྱེད་དུ་ཆོས་ཀུན་གྱི་རྩ་བ་སེམས་ལ་ངོ་བོ་གང་ཡང་མེད་པར་ཅིར་ཡང་སྣང་བ་ལས་མཐོ་རིས་ངན་སོང་སྐྱེ་བར་སྣང་བ་རིག་མ་རིག་གི་ཁྱད་པར་ཏེ། ངོ་བོ་ལ་སྐྱེ་བ་མང་པས་ཚོགས་བཞིའི་ཤེས་པ་ཉིད་རྟོགས་ན་ཡེ་ཤེས་དྲུག་པའོ། །ཁ་དོག་ལྔའི་དམ་ཚིག་ནི་ཞེས་པ་ནས། ནག་པོར་བསྟན་ཞེས་པ་སྤྱིའི་དགོས་ཆེད་དོ། །སོ་སོ་ནས་བསྟན་པའི་ཕྱིར། ཆོས་རྣམས་བདག་མེད་རྟོགས་བྱས་ནས། །ཞེས་པ་ནས། ཁ་དོག་གིས་མཐས་གཏུགས་པའི་བར་དུ་ཅིག་གིས་ཆོད་པར་འགྲེལ་ཏེ ། རང་རིག་པ་མི་གནས་པའི་ཡེ་ཤེས་ཉིད་མཐའ་རྣམས་ངང་གི་དག་དང་། ཆགས་པའི་སྤྱོད་ཡུལ་གྲོལ་བའི་ཆགས་ཆེན་དང་། ཡོན་ཏན་འཕེལ་འགྲིབ་བྲལ་བ་དང་། རིལ་ཡང་དག་པའི་ས་ལ་བཀོད་ཟིན་པ་དང་། ངོ་བོ་ཉིད་རྟགས་པ་ཆེན་པོ་རྣམས་མཚོན་པའི་ཕྱིར་དང་། དེ་རྟོགས་པར་བྱ་བའི་ཕྱིར་ཁ་དོག་ལྔར་བསྟན་ཏེ། རིག་པ་རང་སྣང་བའི་ཁ་དོག་དེ་ལྟར་ཤེས་པར་བྱའོ། །རིགས་ཀྱི་སྐུ་མདོག་གི་ཡང་དོན་ཏོ། །ཕྱོགས་ལྔ་ཞེས་བྱ་བའི་དམ་ཚིག་ནི་ཞེས་པ་ནས། ཕྱོགས་དང་དབུས་སུ་གནས་པར་བྱ། །ཞེས་པ། ཕྱོགས་སྤྱིར་བསྟན་པའི་དགོས་པར་འདྲེན་ཏོ། །སེམས་ཉིད་མ་རིག་མདོངས་པ་ལ། །ཞེས་པ་ནས། ཕྱོགས་མཐར་ཐུག་པས། སེམས་ཉིད་ཕྱོགས་ལྔའི་རྔོས་གཞི་རང་སྣང་བས་རྦོག་གོས་ཆེད་ལྔའི་ཕྱིར་རང་རིག་པ་གདོད་ནས་གསལ་བ་དང་། སྒྲིབ་པ་ནུབ་པ་དང་། བདག་འཛིན་ཉོན་མོངས་བྱང་བ་དང་། དེས་ན་ཡོན་ཏན་རྫོགས་པ་དང་། ཀུན་ལྷུན་གྱིས་གྲུབ་པའི་ཐིག་ལེར་གཅིག་པའི་མཚན་ཉིད་མ་འདྲེས་པས་ཕྱོགས་ཏེ། དེ་ལྟར་རྟོགས་པས་དེ་ལྟར་གྱུར་པ་ཤེས་པའི་མཚན་ཉིད་ལྔའོ། །དོན་དེ་ཉིད་ལ་ཞེན་བློས་རིས་སུ་བཟུང་ན་འབྱམ་པའོ། །དབང་པོ་ལྔ་ཞེས་བྱ་བའི་དམ་ཚིག་ནི། །ཞེས་པ་ལ་སོགས་པ། ངེས་ཚིག་དང་ཞེན་པའི་སྐྱོན་དུ་འགྲེལ་ཏོ། །གཟུགས་རྣམས་མ་ལུས་ཐམས་ཅད་ཀུན། སྣང་ཞིང་དངོས་པོ་མེད་པ་དང་། །ཞེས་ནས། དབང་པོ་མཐར་ཐུག་གི་བར་དུ་འདོད་ཡོན་དབང་པོ་ལྔའི་ཡུལ་དུ་སྣང་བ་ཉིད་ན་མཐའ་ལས་གྲོལ་བཞིན་རང་རིག་མ་འགགས་རང་སྣང་ཡེ་ཤེས་ཀྱི་འདོད་ཡོན་ལྔ་ཡིན་པས། དེ་ཉིད་དམ་འདོད་ཡོན་ལྔའི་ལྷར་གསལ་བས། དབང་ཡུལ་ཕྲད་པ་དེ་ཉིད་ཀྱི་སྦྱོར་སྒྲོལ་ཏེ་ལོངས་སྤྱོད་ཆེན་པོར་རིག་པར་བྱའོ། །མི་ཤེས་ཕྱིན་ཅི་ལོག་རྣམས་ཀྱིས་ཞེས་པ་ལ་སོགས་པ། སྤྱོད་ཡུལ་རང་ཁར་གྱུར་པའི་སྐྱོན་དང་ཚོགས་ཀྱི་སྤྱོད་པའི་དོན་དུ་འགྲེལ་ཏོ། །མཉམ་པ་ལྔ་ཞེས་བྱ་བའི་དམ་ཚིག་ནི། །ཞེས་པ་དག་རྣམས་གྲངས་སོ། །དེ་ལ་དོན་དམ་པར་སྐྱེ་བ་མེད་པར་མཉམ་པ་ནི། ཞེས་པ་ལ་སོགས་པ། ཆོས་སོ་ཅོག་དེ་ཁོ་ན་ཉིད་ཡིན་པའི་ཡོན་ཏན་ཆ་རེའི་ཚུལ་ནས་རྣམ་གྲངས་ཀྱི་དོན་དམ་པར་སངས་རྒྱས་པའི་ཐ་སྙད་ཉིད་ལས་ཀྱང་གྲོལ་ཏེ། མཚན་ཉིད་གང་ཡང་མ་སྤངས་པའི་ཕྱིར། གང་དུའང་གཟུང་དུ་མེད་པ་ནམ་མཁའ་ལྟ་བུའོ། །ཀུན་རྫོབ་སྒྱུ་མར་མཉམ་པ་ནི། །ཞེས་པ་ལ་སོགས་པ། ལོག་པའི་ཀུན་རྫོབ་སྐྱེ་ལ་བདེན་པར་སྣང་བ་ཉིད་ན། རང་རིག་པའི་གཟུགས་བརྙན་ཡིན་པས། ལྷའི་དཀྱིལ་འཁོར་དུ་སངས་རྒྱས་པས་འགྲོ་དོན་བྱེད་པ་ཉིད་སྣང་ལ་རང་བཞིན་མེད་པར་མཉམ་པའོ། །དོན་དམ་ཀུན་རྫོབ་དབྱེར་མེད་པར་མཉམ་པ་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ཞེས་པ་ལ་སོགས་པ། རང་གི་ངོ་བོ་མ་གྲུབ་པའི་ཆོ་འཕྲུལ་ཅིར་ཡང་ཤར་ཙམ་ན། ངོ་བོ་མེད་པས་གཉི་ག་མ་སྤངས་བྲལ་བར་བྱེ་བྲག་མེད་པའི་ཕྱིར། འབྱུང་བ་ཆེན་པོ་ལྔ་དེ་བཞིན་གཤེགས་པ་ལྔར་མཉམ་པ་ནི། ས་ཆུ་མེ་རླུང་ནམ་མཁར་ལས། །ཞེས་པ་ལ་སོགས་པ། འབྱུང་བ་ལྔ་རྒྱུ་ནས་དག་པའི་ཕྱིར་འབྱུང་བ་ལ་ལས་གྱུར་པ་དང་བཅས་པ་རང་རྒྱུད་མེད་པར་རང་རིག་པ་ལྷུན་གྱིས་གྲུབ་པ་ངང་གི་ས་ལྔར་སྣང་བས་ལྔའི་འཕྲ་རགས་ཡབ་ཡུམ་དུ་སངས་རྒྱས་པས་སྤང་བླང་ཡེ་བྲལ་བའོ། །རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་ལྔར་མཉམ་པ་ནི། རྣམ་རྟོག་ཀུན་གཞི་མ་ཡིན་པ། །ཞེས་པ་ལ་སོགས་པ། ཚོགས་བརྒྱད་ཀའི་རང་བཞིན་དྲན་སྟོང་ལས་གྲོལ་བའི་རིག་པ་གསལ་བ་ནི། རང་བཞིན་མེད་པའི་རྣམ་པར་ཤེས་པ་ཚོགས་དགུ་སྟེ། དེ་བཞིན་ཉིད་ཀྱི་ཡེ་ཤེས་སྟེ་ཀུན་གཞིའི་རྒྱུའོ། །གཞན་ཀུན་གཞི་བག་ཆགས་ཀྱི་གཟུང་འཛིན་དང་བྲལ་བས། རང་རིག་གསལ་ལ་རྟོག་པ་མེད་ཕྱིར་མེ་ལོང་ལྟ་བུ་ཡེ་ཡིན་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀུན་ལ་བདག་ཏུ་རྟོག་པ་ཉིད་ན། ཞེན་པའི་སྤྱོད་ཡུལ་ལས་གྲོལ་ཕྱིར་བླང་དོར་ཆེ་ཆུང་མེད་པའི་ངོ་བོ་ཡིན་པ་དང་། ཡིད་ཀྱི་རྣམ་ཤེས་སྤྱི་དང་ཁྱད་པར་གྱི་ཡུལ་གསལ་བ་ཉིད་ན། ངོ་བོ་རང་རིག་སྤྱོད་ཡུལ་མེད་པར། ཞེན་པ་དག་པའི་ཡེ་ཤེས་རང་སྤྱི་དུས་ཅིག་ཏུ་གསལ་བ་ཡིན་པ་དང་། སྒོ་ལྔ་བླུན་པའི་ཤེས་པ་ཡུལ་སོ་སོ་ལ་དམིགས་པའི་ཉིད་ངང་གིས་མཐའ་ལས་འདས་པས་བྱ་བ་ཐམས་ཅད་དུས་ཅིག་ཏུ་རྫོགས་པའི་ཡེ་ཤེས་སུ་བྱས་པ་མེད་པར་གསལ་བ་ནི་མཉམ་པ་ལྔའོ། །དེ་བས་ན་ཆོས་རྣམས་མ་ལུས་ཐམས་ཅད་ཀུན། ཞེས་པ་ལ་སོགས་པ། སྒོ་ལྔ་ཡུལ་དང་བཅས་པ་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་པས་གོ་རིམས་བསྒྱུར་རོ། །མཚན་ཉིད་དང་པོར་འགྲེལ་ཏོ། །ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི། ཞེས་པ་ལ་སོགས་པ། དཀྱིལ་འཁོར་གྱི་ངེས་ཚིག་འཆད་དེ། དང་པོ་གསུམ་གྱིས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། རང་བཞིན་ཉིད་ཀྱི་ངེས་ཚིག་ཏུ་འགྲེལ་ཏོ། །ཡང་གསུམ་གྱིས་ལྷག་པ་གཉིས་དང་གཟུགས་བརྙན་དང་རང་བཞིན་འབྲས་བུ་མཐར་ཕྱིན་པའི་ངེས་ཚིག་ཏུ་འགྲེལ་ཏོ། །ཐ་མ་གཉིས་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་གྱི་ངེས་ཚིག་ཏུ་འགྲེལ་ཏེ། ཚོགས་ཀྱང་དབུ་མར་བཤད་དོ། །ཚོགས་ཀྱི་མཆོད་པ་ཞེས་བྱ་བའི་དམ་ཚིག་ནི། ཐབས་དང་ཤེས་རབ་ལྡན་གྱུར་ཅིག །ཞེས་པ་ལ་སོགས་པ། ཁྱད་པར་དུའང་སྤྲོས་བཅས་ཐོབ་པ་ཚོགས་བསྒྲུབ་པའི་ཡུལ་དུ་འཆད་དེ། དང་པོ་བཞིས་ཡོན་ཏན་སྟོན་པ་ནི། གྲོལ་ལམ་དུ་འདོད་ཡོན་ལྔ་སྣང་སྟོང་དང་གྲགས་སྟོང་དང་། ཚིམ་སྟོང་དང་། རོ་སྣང་དང་། རེག་སྟོང་གྲོལ་བའི་ལྟ་བས་ཟིན་ཆགས་མེད་པར་མཆོད་པ་སྟོབས་ན་ཚོགས་གཉིས་འགྲུབ་པའོ། །ཡོ་བྱད་ལྔའི་དབང་དུ་ཨ་ལི་ཀ་ལིའི་ཡོ་བྱད་ཐབས་ཤེས་རབ་ཀྱི་ས་བོན་གཉིས་འདྲེས་པའི་ས་གར་ཐབས་ཀྱིས་མཆོད་པའི་ཡོན་ཏན་ནོ། །འདོད་ཡོན་ལྔ་པོ་ཐམས་ཅད་དང་། །ཞེས་པ་ལ་སོགས་པ། གཟུགས་རིལ་ལྷ་ཡབ་བམ་འདོད་ཡོན་ལྷ་མོར་བརླབས་ལ་དབུལ་ལོ། །ཐམས་ཅད་མ་ལུས་སྒྲ་རྣམས་ནི་ཞེས་པ་ལ་སོགས་པ། སྒྲ་རིལ་མཚན་ཉིད་གྲགས་སྟོང་གཉིས་སུ་མེད་པས་གདུལ་བྱ་གཉིས་ལ་འཚམ་པ་བཞིན་དུ་གོ་མཇལ་དུ་ཆོས་སྟོན་པའང་ཡིན་ལ་ཚོགས་གཉིས་སུའང་འགྱུར་བས་སྒྲའི་ལྷ་མོར་ཡང་དབུལ་བའོ། །ཆོས་ཉིད་དངོས་པོ་མེད་པ་ལ། །དྲི་ཡི་མཆོག་ཏུ་ཚིམ་བྱེད་པ། །ཞེས་པ་སོགས་པ། དྲི་ཉིད་མཐའ་ལས་འདས་པའི་ཕྱིར། །ཡེ་ཤེས་ཀྱི་དྲིས་ཟེར་བ་བསྐུལ་ཞིང་ངན་སོང་སྦྱོང་བ་དང་། ཚོགས་གཉིས་འགྲུབ་པའི་ཕྱིར། དྲིའི་ལྷ་མོར་ཡང་དབུལ་ལོ། །བདེར་གཤེགས་དཀྱིལ་འཁོར་མ་ལུས་ལ། བདེ་བའི་རོ་ཡིས་ཚིམ་པར་འགྱུར། །ཞེས་པ་ལ་སོགས་པ། རོའི་ལྷ་མོར་ཕུལ་བས་ཚོགས་གཉིས་རྫོགས་པ་དང་། ཡེ་ཤེས་ཀྱི་རོའི་བྱིན་རླབས་བཀྲེས་སྐོམ་སེལ་བ་དང་། བདེ་ཆེན་འགྲུབ་པའོ། །རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །ཞེས་པ་ལ་སོགས་པ། བསྒོམ་ལམ་ཐ་མ་ལས་སུ་རུང་བས། གོས་རྒྱན་གྱི་རེག་བྱ་རེག་གི་ལྷ་མོར་ཕུལ་བས། ལུས་ལ་མེ་དཔུང་འབར་བ་དང་། སྔོ་བས་མི་ཐུབ་པ་འགྲུབ་པར་འགྱུར་རོ། །ཡང་ན་འདོད་ཡོན་ལྔ་ཉིད་རྩ་བ་ཉིད་རྒྱུད་ཀྱི་ལེའུ་བཅུ་གཉིས་པའི་ཡོ་བྱད་ལྔའི་དོན་འབྲས་བུ་དང་བཅས་པར་སྦྱོར་རོ། །ཚོགས་ཀྱི་འཕྲིན་ལས་ཞེས་བྱ་བའི་དམ་ཚིག་ནི། བྱ་བྱེད་མེད་པའི་ཚུལ་གྱིས་ནི། །ཞེས་པ་ལ་སོགས་པ། སྤྲོས་བཅས་ཀྱི་ཏིང་ངེ་འཛིན་ལ་དབང་ཐོབ་པས་ཚོགས་བསྒྲུབ་པའི་ཚེ་ལས་བཞི་བྱ་བ་ནི། ཅི་ལ་ཡང་ཟིན་ཆགས་སྤོང་ལེན་མེད་པར་སྤྱོད་པའི་ཚེ། སྤྱོད་པ་དང་ཏིང་ངེ་འཛིན་དེ་ལས་བཞི་དུས་ཅིག་ཏུ་འགྲུབ་པས་ལྷུན་གྱིས་གྲུབ་པ་ཡང་ཡིན་ཏེ། གང་ལའང་ལོངས་སྤྱོད་དུ་མཛད་ལ་བསྒོམ་པ་མེད་པའོ། །དབྱིངས་སུ་བསྡུ་བས་དཀྱིལ་འཁོར་ཡིན་ཏེ་ཞེས་པ་གཉིས་ངེས་ཚིག་སྟེ། ཚོགས་ཀྱི་ལོངས་སྤྱོད་རིལ་རིག་པ་མཉམ་པའི་དབྱིངས་སུ་དབྱེར་མེད་པས་ཡང་དག་པར་རྫོགས་པའི་ཕྱིར་ན་མི་སྤོང་ལྡན་པའོ། །དེ་ཉིད་རང་བཞིན་གྱི་ཚོགས་ཆེན་པོའི་ཕྱིར། མཉམ་པ་ཆེན་པོ་ཞེས་པ་གཉིས་གསུངས་སོ། །འཁོར་གྱི་འཕྲ་མེན་ཚིམ་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཞེས་པ་ལ་སོགས་པ། རྩ་བའི་རྒྱུད་ལེའུ་བཅོ་ལྔ་པ་དང་། ཉི་ཤུ་པའི་ལྷག་མའི་ལྷ་མཆོག་དེ་ཚིམ་པར་བྱ་བའི་ཐབས་ནི། བདག་ཉིད་འདུལ་བའི་དབང་ཕྱུག་ཏུ། །ཞེས་པ་ལ་སོགས་པ། བདག་རྩ་བའི་དཀྱིལ་འཁོར་གསལ་བས་ལྷག་མའི་སྣོད་དུ་ཁྲོ་བོའི་གཞལ་ཡས་ཁང་བསྐྱེད་དེ། འཁོར་གྱི་སྒོམ་ཡན་ཆད་བསྐྱེད་དེ། རྩ་བའི་སྔགས་འཚང་བར་བརྗོད་ལ་སྐུ་ཕྱག་རྒྱ་གསལ་བར་བྱའོ། །དེ་ནས་འཕྲ་མེན་འཁོར་བསྡུས་ནས། །ཞེས་པ་ལ་སོགས་པ། ཏ་ཀའི་ཕྱག་རྒྱ་བཅས་ལ་སྔགས་བརྗོད་དེ་དབང་ཕྱུག་མ་འཁོར་དང་བཅས་པ་སྤྱན་དྲངས་ལ་སོགས་དང་ལྡན་པར་བྱས་ཏེ། རང་རང་གདན་ཐོག་ཏུ་ཕྱོགས་ཀྱི་གྲངས་ངེས་པར་བཞག་གོ། །དབང་དུ་བསྡུ་དང་བསྒོ་བའི་ཐབས། །ཞེས་པ་ལ་སོགས་པ། རྟ་གདོང་གི་སྔགས་དང་ཕྱག་རྒྱ་དང་། ཁྱུ་གཤོགས་གི་སྔགས་དང་ཕྱག་རྒྱས་སྲོག་དང་ལྡན་པར་བརྩམས་པས་དབང་དུ་བསྡུས་ཏེ་ཟིལ་གྱིས་གནོན་ནོ། །དེ་ནས་དམ་རྫས་གསང་བའི་ལོངས་སྤྱོད་ཀྱིས་ཚུལ་བཞིན་དུ་མཆོད་པ། ལས་ཀྱི་དབང་བྱིན་ཏེ་ལས་བསྒོ་བ་བྱས་ཏེ། ལས་ལ་དཀྱིལ་རྩ་བའི་དཀྱིལ་འཁོར་ལ་ལྷག་མའི་མཆོད་སྦྱིན་བསྡུའོ། །གཞན་ཡང་འགྲོ་བ་ཐམས་ཅད་ལ། །ཞེས་པ་ལ་སོགས་པ། གཏོར་མ་ཉིད་རང་རིག་པ་ལོངས་སྤྱོད་ཐམས་ཅད་ཀྱི་བདག་ཉིད་པའི་ཕྱིར། འདོད་ཡོན་ལ་སོགས་པ་ཅི་འདོད་པ་འབྱུང་བར་བསམས་ལ་གཏོར་མ་བརྩམས་པའོ། །དེ་ནས་དཀྱིལ་འཁོར་བསྡུ་བ་བསྟན་པའི་ཕྱིར། དེ་ནས་ལས་རྣམས་རྫོགས་བྱས་ནས། །ཞེས་པ་ལ་སོགས་པར་བསྔོ་བའི་ཡན་ཆད་རྫོགས་པའི་རྗེས་སུ། དཀྱིལ་འཁོར་བླ་མས་གོང་ནས་བཟུང་བ་གསལ་བཏབ་ལ། དཀྱིལ་འཁོར་ཕྱི་ནས་རིམ་བཞིན་བསྡུའོ། །བདག་ཀྱང་རིམ་བཞིན་མ་དམིགས་པ་ལས་ལྷར་བསྐྱེད་དེ་གོ་བགོ་ལུས་བསྲུང་དབང་བསྐུར་བཤགས་པ། དགེ་བའི་རྩ་བ་བསྔོ་སྟེ། རྒྱུན་གྱི་ཏིང་ངེ་འཛིན་ལས་མི་ཉམས་པར་བྱའོ། །འབྲས་བུའི་ཕན་ཡོན་བསྟན་པའི་ཕྱིར། །དེ་ལྟར་བསྒྲུབ་པའི་ངང་འཆང་བས། །ཡེ་ཤེས་ཚོགས་གཉིས་རྫོགས་བྱས་ནས། །ཞེས་པ་ལ་སོགས་པ། བསྐལ་པ་མཆོག་གིས་གཞུང་བཞིན་བསྒྲུབས་ནས་ཚོགས་ལ་སྤྱད་པས། འདི་ཉིད་ལ་ཚེའི་རིག་འཛིན་ཐོབ་བོ། །བརྩོན་པ་ཆུང་ངུ་ཞིག་ན། ཚེ་གསུམ་ལས་མི་ཐོགས་པར་འགྲུབ་སྟེ། དེའི་ཕྱི་མར་འདི་ཉིད་ཀྱི་རྒྱུས་དམན་པའི་ཐེག་པ་དང་། ངན་སོང་བརྒྱད་དུ་མི་སྐྱེ་བར་གསང་སྔགས་སྤྱད་པས་ཡང་དག་པའི་སངས་རྒྱས་འཕོ་འགྱུར་མེད་པ་ཉིད་ཐོབ་པར་འགྱུར་རོ། །ལམ་ལས་སུ་མ་རུང་བར་འཕོ་ན་འདའ་ཀའི་ཏིང་ངེ་འཛིན་ཡང་མི་འདོད་པ་ཡིན་ཏེ་དེས་སྦྱོར་བ་སྐབས་དང་སྦྱར་རོ། །དེས་འགྲོ་དོན་བྱེད་པའི་ཚུལ་ནི། སངས་རྒྱས་ཞིང་ཡང་སྦྱོང་བར་བྱེད། །ཞེས་པ་ལ་སོགས་པ། རིག་པ་འཛིན་པའི་ཚེ་ན། བདག་གཞན་གྱི་བསྒྲུབ་བྱ་རྫོགས་པ་དང་། མཐར་ཕྱིན་པ་ཉིད་ཀྱི་ཚེ་ན། སྤྱོད་པ་གཉི་གར་འགྱུར་རོ། །ལེའུ་ཉེར་དགུ་པའི་སྤྱན་རྣམ་པར་འགྲེལ་པའོ། །ལམ་དང་འབྲས་བུ་བསྟན་པའི་ཕྱིར། ལེའུ་སུམ་ཅུ་པའི་རྣམ་པར་བཤད་པ་བརྩམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འདི་གསུངས་སོ། །ཞེས་བྱ་བར་སྦྱར་ཏོ། །ཆེད་གང་གི་ཕྱིར་ཞེ་ན། བདག་དང་རྡོ་རྗེ་སེམས་དཔའ་ངོ་བོས་མི་ཕྱེད་པས་རང་རིག་པའི་མངོན་སུམ་དུ་མཐོང་བ་བདུན་གྱི་དོན་བསྟན་པའི་ཕྱིར་རོ། །མཐོང་བ་དང་བསྟན་པའི་ཕྱིར། །ཀུན་རྫོབ་སྒྱུ་མར་ཞལ་མཐོང་བའི། །ཐམས་ཅད་མི་གཡོར་སྒྱུ་མའི་ཚུལ། །ཞེས་པ་ནས། ལྟ་སྤྱོད་མཐུན་པས་ཞལ་མཐོང་ཡིན། །ཞེས་པ། རང་རིག་པ་ཉིད་ཀྱི་ཆོ་འཕྲུལ་བྱེ་བྲག་གི་ཆོས་ཅིར་ཡང་སྣང་ལ། རང་བཞིན་མེད་པ་ཡེ་ཤེས་སྒྱུ་མ་ཐེར་ཟུག་བྲལ་བ་ནི་ལྷག་པའི་ཀུན་རྫོབ་བོ། །དེས་ན་ཆོས་ས་ཅིག་འགྲོ་འོང་མེད་པར་རང་རིག་སྣང་བ་ཉིད་ཡུལ་དང་བྲལ་བར་རྟོགས་པའི་རིག་པ། རྒྱུ་རྐྱེན་བྲལ་བས་ཡེ་ཤེས་སྐད་ཅིག་མའི་རྒྱུན་མེད་པ་ནི། དེ་ཉིད་གཉིས་སུ་མེད་པ་དེ་བཞིན་ཉིད་ཡིན་པས། མི་ཕྱེད་འཇོམས་པ་མི་འགྱུར་བའི་ཕྱིར། དེ་ཉིད་རྡོ་རྗེ་སེམས་པའི་ངོ་བོར་གནས་པའི་དོན་མཐོང་བ་དེ་རྡོ་རྗེ་སེམས་དཔའ་དང་རྣལ་འབྱོར་པ་ལྟ་སྤྱོད་གཅིག་པས་ཞལ་མཐོང་བའོ། །གཉིས་པ་བསྟན་པའི་ཕྱིར། རང་བཞིན་དཀྱིལ་འཁོར་ཡང་དག་ཞིང་ཆོས་དབྱིངས་དག་དང་དབྱེར་མེད་པའི། ཞེས་པ་ནས། དེ་ལྟར་རྟོགས་ན་ཞལ་མཐོང་ཡིན་ཞེས་པ། བདག་ཉིད་གདོད་ནས་མིང་ཙམ་ལས་ངོ་བོ་ཅི་ཡང་མིན་པའི་ཕྱིར། ཆོས་ཇི་བཞིན་པའི་ངོ་བོ་ཉིད་དང་། ཐ་མི་དད་པས་ཐམས་ཅད་སེམས་ཉིད་དུ་ཅིག་པའི། དོན་སྤྱོད་ཡུལ་མེད་པར་རིག་པ་ནི། དོན་དམ་པ་མཐོང་བའི་སྤྱན་དང་ལྡན་པའོ། །རིག་པ་དེ་ཉིད་རྡོ་རྗེ་ལྟ་བུར་མཚན་ཉིད་གཉིས་སུ་གསལ་མི་གཡོ་བས། མཐའི་ལྟ་བ་བཅོས་པའི་ཕྱིར། རྡོ་རྗེ་སེམས་པ་ཉིད་ཡིན་པའི་དོན་རྟོགས་པའི་ཕྱིར་རོ། །མཐོང་བའིི་ལམ་པའི་ཞལ་མཐོང་ལུགས་སུ་འགྲེལ་ཏེ། བསྒོམ་ལམ་གྱིས་མཐོང་བ་གསུམ་པ་བསྟན་པའི་ཕྱིར། དེ་བཞིན་མཉམ་རྫོགས་ལྷུན་གྲུབ་ཀྱིས། །དེ་བཞིན་གཤེགས་དང་ཡེ་ཤེས་ལྔ། །ཞེས་པ་ལ་སོགས་པ། རང་བཞིན་རྟོགས་པས་བསྒོམས་པའང་ཚུལ་གཉིས་གང་ཡང་རུང་སྟེ། ཐོག་མར་ཡེ་ཤེས་ལྔ་ལྷུན་གྱིས་རྫོགས་པའི་ཡེ་ཤེས་དྲུག་པ་རང་སྣང་བའི་རིགས་ལྔ་བསྒོམ་པའི་གཙོ་བོ་མི་བསྐྱོད་པའོ། །རྟག་གཉིས་བྲལ་བའི་ཐབས་མཁས་ཀྱིས། །ཞེས་པ་ལ་སོགས་པ། ཆེད་དུ་བྱས་པ་དང་མ་བྱས་པའི་ཞེན་པ་གཉིས་དང་བྲལ་བའི་སྐྱེས་བུས་སྤྱོད་ལམ་ཀུན་ཏུའང་སྐུ་སྣང་ལ་རང་བཞིན་མེད་པར་བསྒོམས་ན་དྲུག་གི་སྦྱོར་ཡུལ་རང་འདག་པའོ། །རང་གི་ཡེ་ཤེས་གསལ་བསྒོམས་ན། །ཞེས་པ་ལ་སོགས་པ། རང་རིག་ལྷར་གསལ་བས་ལྟ་ཉིད་ཀྱང་མཐའ་གཉིས་ལས་གྲོལ་བའོ། །ཇི་ལྟར་བཅོམ་ལྡན་དེ་བཞིན་གྱིས། །ཞེས་པ་ལ་སོགས་པ། ལོ་རྒྱུས་སྟོན་པ་སྟེ་སྔོན་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་དཔུང་གི་དཀྱིལ་དུ་བྱང་ཆུབ་ཤིང་བཙུགས་འགྲོ་བ་རིལ་ཡང་དག་པའི་ལམ་ལ་བཀོད་པས། བདུད་འཁྲུགས་ནས་ཏལ་དེ་བཅད་པས་མཆོད་པ་ལྟར། ལྷ་བསྒོམ་པ་ལས་སུ་རུང་བའི་རིག་པ་སྐྱེ་འཇིག་དང་བྲལ་བ་ཉིད་མི་བསྐྱོད་པའོ། །དེ་བས་ན་རྡོ་རྗེ་སེམས་དཔའི་དགོངས་པའང་རང་རིག་ལྷར་གསལ་བའི་གཉིས་མེད་དེ་ཉིད་ལས་ཐ་སྙད་དུ་མཐུན་པ་མཐོང་ཞེའོ། །བཞི་པ་གོམས་པས་མཐོང་བ་བསྟན་པའི་ཕྱིར། །རྡོ་རྗེ་སེམས་དཔའ་ཉིད་བསྒོམས་ཏེ། །ཏིང་འཛིན་ཤིན་ཏུ་འདྲིས་གསལ་ན། །ཞེས་པ་ལ་སོགས་པ། བདག་རྡོ་རྗེ་སེམས་དཔར་བསྒོམས་པ་ལས་སུ་རུང་ན། སྤྱོད་ཡུལ་རྡོ་རྗེ་སེམས་དཔའ་འབའ་ཤིག་ཏུ་གསལ་ཞིང་། བདག་ཉིད་དེ་ཉིད་དུ་གྱུར་ནས་སྐྱེ་འཇིག་མེད་པར་འགྱུར་དུ་བཏུབ་པ་ནི། དཔེར་ན་ཀུན་རྫོབ་ཀྱི་སེམས་ཅན་ཞེན་པ་མཐུན་པ་རྣམས་སྤྱོད་ཡུལ་མཐུན་པར་སྣང་དུ་འདོད་པ་བཞིན་ནོ། །དེ་ཕྱིར་བདག་དེ་ཉིད་དུ་གསལ་བར་གྱུར་བ་མཐོང་བ་མེད་པ་མཐོང་བ་དམ་པའོ། །གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། ཆེན་པོ་རགས་པ་ཐབས་སུ་གཏོགས། །ཞེས་པ་ལ་སོགས་པ། ལྔ་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བདེན་པ་གཉིས་མེད་ཀྱི་རིགས་གཅིག་པར་རྟོགས་པས་ཞལ་མཐོང་བར་སྟོན་ཏེ། གཟུགས་བརྙན་གྱི་དཀྱིལ་འཁོར་མ་ནོར་བ་ནི། དངོས་པོ་འཕྲ་རགས་རིག་པ་སྣང་བ་ཉིད་རང་རིག་པའི་གཟུགས་བརྙན་ལྷའི་དཀྱིལ་འཁོར་དུ་ཡེ་སངས་རྒྱས་པས་ཐབས་དང་ཤེས་རབ་དབྱེར་མེད་པས། རང་བཞིན་གྱི་གཏན་ཚིགས་ཀྱིས། རིལ་ངོ་བོ་ཉིད་རང་བཞིན་མེད་པའོ། །དེའི་མཚན་ཉིད་བདེན་པ་གཉིས་མེད་ཉིད་ཡིན་པའི་ཕྱིར། སྣང་དང་གནས་པ་ཐམས་ཅད་ཀུན། །ཞེས་པ་ལ་སོགས་པ། རང་བཞིན་གྱི་གཏན་ཚིགས་ཀྱིས་མཐའ་བཞི་དང་བྲལ་བས་མཉམ་པའི་དབྱིངས་སུ་བདག་དང་སེམས་པ་དབྱེར་མེད་པའོ། །འདུས་ཉིད་གནས་སུ་ཕེབས་པའི་ཐམས་ཅད་དེ་ལྟ་བུའི་ངང་། ཞེས་པ་ལ་སོགས་པ། དོན་དེ་ཉིད་ཡུལ་མ་ཡིན་པར་རྟོགས་པས་སྤྱོད་ཡུལ་དག་པའི་རིག་པ་ཉིད་མཚན་ཉིད་གཉིས་ཀྱི་ཕྱིར་རྡོ་རྗེ་སེམས་དཔའ་སྟེ། རིགས་གཅིག་ཏུ་རྟོགས་བས་མཐོང་བ་ཞེས་བསྙད་པའོ། །དྲུག་པ་ཏིང་ངེ་འཛིན་མཐུན་པས་སྤྱོད་ཡུལ་དག་པའི་སྒོ་ནས་ཞལ་མཐོང་བར་བསྟན་པའི་ཕྱིར། སྒྱུར་བྱས་ཕུང་པོ་ཁམས་རྣམས་ལ། གཞི་རྩ་དེ་བཞིན་ཉིད་དུ་གཅིག་ཞེས་པ་ལ་སོགས་པ། འབྱུང་བ་ལྔས་རྒྱུར་བྱས་པའི་ཕུང་པོ་བཞི་དང་ཁམས་བཅོ་བརྒྱད་སྐྱེ་མཆེད་བཅུ་གཉིས་རིལ་ངང་གིས་རང་རིག་པ་དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་མ་བཅོས་པའི་སྐད་ཅིག་མ་སྣང་བ་ཡེ་ཤེས་སྒྱུ་མར་སྣང་ཙམ་ན་ངོ་བོའང་མེད་ལ། དེ་ཉིད་ལྷའི་དཀྱིལ་འཁོར་སྣ་ཚོགས་སུའང་སྣང་བས་མཐའ་དང་བྲལ་བའོ། །ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས། །ཞེས་པ་ནས། རྟག་ཆད་མུ་བཞི་ཁྲོ་མོའོ། །ཞེས་པ། དམན་པའི་དབང་ངོ་སྤྲད་པ་ནི། རང་རྒྱུད་མིན་ཏེ། ངོ་བོ་ཉིད་གཅིག་དུ་མ་ལས་གྲོལ་བའི་ཕྱིར་རྟོག་པ་བཞི་བཅུ་རྩ་གཉིས་ལྷ་བཞི་བཅུ་རྩ་གཉིས་སུ་བསྟན་པའོ། །ཕྱོགས་གཞན་དུ་ན། སྒྱུ་འཕྲུལ་རྡོ་རྗེའི་རྟོག་པའི་ལེའུ་ལས། ཕུང་པོ་འབྱུང་བའི་གསལ་ལམ་ནས། །བཅུད་རྣམས་འདུས་པའི་ཐིག་ལེ་ཆེ། །བཟློག་པས་གནས་ཐིམ་དེ་ཉིད་གསལ། །ལས་དང་ངོ་བོས་ཡབ་ཡུམ་འགྱུར། །དམིགས་སོགས་ཤྲཱི་བཅུད་འདུས་པ། །གནས་སུ་ཕེབས་པས་སྤྱོད་ཡུལ་རྣམས། །ལྷར་གསལ་ཐིག་ལེ་ཆེ་འཕྲ་ཡི། །རྟེན་དང་བདེ་བའི་ངོ་བོ་དང་། །ལས་ཀྱི་གཙོ་འཁོར་རང་བཞིན་སྣང་། །དུས་བཞི་རླུང་གི་འཕོ་བ་ཡིས། །ལས་དང་ངོ་བོས་ཡུམ་དུ་འགྱུར། །བདག་འཛིན་གཞི་ལས་ཐབས་སྤྱོད་པའི། །ཁམས་བཞི་ལས་ཀྱི་ཁྲོ་བོར་བཤད། །དེ་དག་མཚན་མ་བཞིས་བསྐྱེད་ཕྱིར། །བཙུན་མོ་འཇོམས་མ་ཉིད་དུ་ངེས། །ཞེས་གསུངས་སོ། །དེ་སེམས་རང་རིག་ཉིད་ཅེས་བྱ། །ཞེས་པ་ལ་སོགས་པ། རྟོག་ཚོགས་དཀྱིལ་འཁོར་དུ་གསལ་བའང་སེམས་ཉིད་བས་རིལ་མཉམ་པའི་ངང་མུ་མཐའ་མེད་པའི་སྤྱོད་ཡུལ་དག་པར་མཇལ་བ་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་སེམས་དཔའི་དགོངས་པའང་དེ་ཉིད་ཀྱི་ངོ་བོར་བཞུགས་སོ། །དེ་བས་ན་བཤད་པ་དང་འཆད་པ་རིལ་གཞིར་ངར་རྟོགས་པ་གཉིས་སུ་འགྱུར་རོ། །བདུན་པ་རང་རིག་མཐའ་ལས་གྲོལ་བར་རྟོགས་པ་ཉིད་ཞལ་མཐོང་བ་ཡིན་པའི་དོན་བསྟན་པའི་ཕྱིར། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ཞེས་པ་ལ་སོགས་པ། ཆོས་སོ་ཅོག་མཚོན་བྱེད་བཞི་ཡིས་མཚོན་པའི་དོན་བཏགས་པ་ཙམ་ལས། ངོ་བོ་མེད་པའོ། །མེད་པ་ཉི་ཚེ་བ་མ་ཡིན་པས་ཅིར་ཡང་སྣང་བས་མཐའ་གཉིས་ག་ལས་གྲོལ་བ་ཉིད་སྐྱེ་འཇིག་མེད་ལ་མི་གཡོ་གསལ་ཞིང་མཐའ་དང་བྲལ་བས་ངེས་ཚིག་འགྲུབ་སྟེ། བདེན་པ་གསུམ་གྱི་གཏན་ཚིགས་ཀྱིས་བདག་དང་རྡོ་རྗེ་སེམས་དཔའ་ངོ་བོས་ཐ་མི་དད་པའི་རང་བཞིན་རྡོ་རྗེ་སེམས་དཔའི་ཕྱིར། དངོས་མེད་དེ་ཉིད་སྣ་ཚོགས་སྣང་། །ཞེས་པ་ལ་སོགས་པ་བརྒྱད་གསུངས་སོ། །གང་གིས་དེ་ལྟར་རྟོགས་པ་དེ། །ཞེས་པ་ལ་སོགས་པ། སུ་ཞིག་གིས་དོན་དེ་རང་རིག་པའི་མངོན་སུམ་དུ་བྱས་པ་ནི་ཞལ་མཐོང་བ་སྟེ། བདག་དང་ཐ་མི་དད་པའི་ཕྱིར་རོ། །རྣམ་པར་སྨིན་པའི་རིག་འཛིན་བསྟན་པའི་ཕྱིར། སྐྱེས་བུ་བློ་རྩལ་རབ་ལྡན་པས། ཀུན་དང་དབྱེར་མེད་དོན་རྟོགས་ཏེ། །ཞེས་པ་ལ་སོགས་པ། ཤེས་རབ་མཆོག་ཏུ་གྱུར་པས་ལྟ་བས་བཤད་པ་ལྟར་རྡེང་ཆུད་པ་དེས། དེ་ལྟར་གྱི་ཚེ་འདི་ཉིད་ཀྱིས་ཚེའི་རིག་པ་རིག་པ་འཛིན་པ་ཐོབ་སྟེ། ངེས་སྦྱོར་རོ། །གལ་ཏེ་བརྩོན་པ་ཆུང་ངམ་རྐྱེན་གྱི་དབང་གིས་འབྲས་བུ་ཚེ་འདི་ལ་མ་ཐོབ་ཀྱང་། ཐོན་དེ་དང་མ་བྲལ་བས་སྲིད་པ་བར་མ་ལ་ཐོབ་པ་ནི་སེང་གེ་དང་ཁྱུང་ཕྲུག་ལྟར་འགྱུར་བ་ཐེ་ཚོམ་མེད་དེ། འདའ་ཀའི་མན་ངག་ཀྱང་མི་འདོད་པ་མ་ཡིན་ནོ། །དེའི་ཡོན་ཏན་བསྟན་པ་དང་། འབྲས་བུ་དང་འཕྲིན་ལས་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་དང་མཉམ་པའི། །དངོས་གྲུབ་མཆོག་རྣམས་ཡོངས་སུ་རྫོགས། །ཞེས་པ་ལ་སོགས་པ་གོ་སླ་སྟེ། སངས་རྒྱས་གཉིས་པ་དེས་མཐུན་པར་དོན་ཡང་མཛད་པའོ། །ལྷུན་གྲུབ་རྣམས་ལ་རྡོ་རྗེའི་དབྱིངས། །ཞེས་པ་ལ་སོགས་པ། ཐེག་པ་ཆེན་པོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འདུལ་བ་ལ་དེ་ཉིད་དུ་སྣང་བའོ། །དགོངས་པ་མ་གཡོས་བར་ཅིར་ཡང་དོན་མཛད་སྤྱོད་པས། ཕ་རོལ་ཕྱིན་པའི་ཐེག་པར་བཅུ་བའི་སེམས་དཔའ་ཆེན་པོས་མཛད་པ་བཅུ་གཉིས་ཀྱི་དོན་སྤྱོད་པ་ལས་ཁྱད་པར་དུ་གྱུར་ཏེ། དེ་ལྟ་བུར་ཡང་འདིའི་བྱིན་རླབས་སྟོན་ཏེ། ཡང་དག་རྫོགས་པར་སངས་རྒྱས་པའི་རྩལ་བ་མེད་པའི་མཛད་སྤྱོད་དུ་ཡང་མི་འདོད་བ་མ་ཡིན་ཏེ། ཐུན་མོང་པའོ། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ཞེས་པ་ལ་སོགས་པ། མཐའ་བྲལ་ལྷུན་གྲུབ་ཏུ་དུས་གསུམ་དུ་མི་འགྱུར་བར་སྟོན་པའོ། །ལེའུ་སུམ་ཅུ་པའི་སྤྱན་རྣམ་པར་འགྲེལ་པའོ། །མཚན་ཉིད་གསུམ་པ་བསྟན་པའི་ཕྱིར། །ལེའུ་སོ་གཅིག་པའི་སྤྱན་རྣམ་པར་བཤད་པ་བརྩམ་པར་བྱའོ། །དབང་པོ་ཡུལ་འདུས་སྣང་བ་ཀུན། ཡུལ་རྣམས་ཡོད་པ་མ་ཡིན་ཏེ། །ཞེས་པ་ལ་སོགས་པ། ལོག་རྟོག་གི་ཡུལ་སྣང་བ་རིལ་རང་རྒྱུད་དུ་ཡོད་པ་མིན་ཏེ། འཁྲུལ་པའི་རྣམ་ཤེས་སྣང་ངོ་ཞེས། །གསུངས་བའི། སྤྱོད་ཡུལ་འཁྲུལ་སྣང་དེ་ཉིད་ངོ་བོའི་སྣང་བ་ཉིད་ཡིན་པའི་ཕྱིར། དག་མཉམ་དང་ལོ་རྒྱུས་ཀྱིས་གཏན་ཚིགས་སམ་རྣམ་པར་དབྱེ་བ འི་གཏན་ཚིགས་ཀྱིས་གཞིགས་ན་སྣང་བ་ཉིད་ན་འབྱུང་བའི་གཞི་ཀུན་ཏུ་བརྟགས་པའི་མཚན་ཉིད་གཞིའི་ངོ་བོ་མེད་དེ་མཐའ་ལས་གྲོལ་ལོ། །ནམ་མཁའ་དེ་ཉིད་ལྔས་གཞིགས་ན། །ཞེས་པ་གཉིས་ནི། ཀུན་བརྟགས་ཀྱི་ནམ་མཁའ་ཉིད་ལ་འབྱུང་བ་ལྔ་ཚད་བས། ནམ་མཁར་བརྟགས་པ་དང་བྲལ་ཏེ་མི་དམིགས་པ་ནི་དོན་དམ་པའོ། །འོ་ན་ཡུལ་ནི་མ་གྲུབ་ཀྱི་ཤེས་པ་ནི་སྐད་ཅིག་མར་ཡོད་དོ་སྙམ་པ་ལ། ཐམས་ཅད་ཀུན་གྱི་འབྱུང་གནས་པའོ། །གཞི་རྩ་མེད་པའི་སྐད་ཅིག་མ། །ཞེས་པ་ལ་སོགས། ཀུན་གཞི་འཁོར་བ་དང་མྱ་ངན་ལས་འདས་པར་རྟོགས་མ་རྟོགས་ཀྱི་སྣང་བའི་རྒྱུ་བསྟན་པ་ཉིད། རིགས་རྒྱུད་དང་གཟུགས་མེད་པའི་ཕྱིར་རང་འབྱུང་གི་ཡེ་ཤེས། རྣམ་ཤེས་དགུ་པའི་ངོ་བོ་རྒྱུ་རྐྱེན་དང་བྲལ་བས་ཉིད་ཅིར་ཡང་གོ་མི་འགོག་པས་ངོ་བོ་ཉིད་ཀྱི་སྐད་ཅིག་མ་རང་སྣང་བ་ནི་ཐབས་ཡིན་མཐའ་གང་གི་ཡང་ངོ་བོ་མེད་པ་ཤེས་རབ་སྟེ་གཉིས་སུ་མེད་པའོ། །ཉོན་མོངས་རྣམ་པར་ཤེས་པ་ནི། ཀུན་གཞི་ཉིད་སྣང་སྤྱོད་ཡུལ་ལ། །ཞེས་པ་ནས་ཁམས་གསུམ་བརྩོན་རར་རྟོགས་པར་འཁོར་ཞེས་པ། ཉོན་མོངས་པའི་ཡིད་ཁྱད་པར་གྱི་ཡུལ་ཀུན་གཞི་ལ་འཁོར་བ་བཞི་ནང་བཅས་པས་བདག་བདེ་སྡུག་ཏུ་རྟོག་པའི་ཞེན་མ་གྲུབ་སྟེ། ཀུན་གཞི་རྣམ་པར་ཤེས་པ་དགུ་བའི་ངོ་བོ་རྒྱུན་དང་བྲལ་བས་གཏན་ཚན་ལ་རྩི་སྤུར་བཞིན་བག་ཆགས་བསག་པའི་གཞི་མེད་པས་ཉོན་མོངས་པའི་བློས་བདག་འཛིན་མི་སྐྱེ་བས། ཀུན་གཞི་དང་བག་ཆགས་གཉིས་སུ་མེད་པ་ལ། ཞེན་པའི་ཤེས་པས་བསྒོར་མེད་དེ། །ངང་གིས་རྣམ་པར་དག་པ་ལ། །རྟོག་པ་པོ་ནི་ཐར་དཀའ་བའི་གནས་སུ་འཁྱམ་མོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི། སྣང་དང་མི་སྣང་གཉི་ག་ལ། །ཞེས་པ་ནས། འདི་ནི་ཀུན་ཏུ་འབྱུང་བ་ཡིན་ཞེས་པ། ཡིད་ཁྱད་པར་གྱི་ཡུལ་འདུས་བྱས་དང་། འདུས་མ་བྱས་ལ། སེ་གོལ་དང་ཉུངས་ཀར་བསྒོར་བའི་ཡུན་ལ་གསུམ་གྱིས་རིམ་པས་གཅོད་པའོ། །དེ་ལྟར་ཞེན་རྟོག་བརྡོ་བའི་རྟོག་པ་ཉིད་ངོ་བོས་མ་གྲུབ་པའི་ཚུལ་ནི། ཡིད་རང་འབྱུང་ཡེ་ཤེས་རང་སྣང་བ་ལ། ཆོས་བརྒྱད་རང་རྒྱུད་པ་མེད་ཕྱིར་ཡུལ་དང་ཤེས་པ་གཉིས་མེད་དོ། །དེ་ཉིད་མ་གྲུབ་པའི་ཚུལ་ནི། དུས་གསུམ་དུ་རང་རིག་ངོ་བོ་མཐའ་དང་བྲལ་བའི་ཕྱིར་རྙེད་པར་དཀའོ། །སྣང་ལ་མ་གྲུབ་པ་དཔེ་རླུང་ལྟ་བུའོ། །རྟོག་པའི་དབང་དུ་སྐད་ཅིག་མ་རྒྱུན་གྱི་ཡིད་དེ་ཤེས་པ་ལྔའི་རྗེས་སུ་འབྱུང་བའི་སྐད་ཅིག་མ་མེད་པར་རྒྱུན་དང་བཅས་པ་དེ་དུས་བཞི་ཆོས་ཀུན་ཏུ་རང་སྣང་བའི་ཕྱིར། ངོ་བོས་བྲལ་བས། དེ་ལྟར་དོན་རྣམས་དངོས་པོ་མེད། །ཞེས་གསུངས་སོ། །ཆུ་དང་རླུང་དང་རླབས་འདྲ་བ། །ཞེས་པ་ནས་སོ་སོ་མིན་ཞེས་པ། ཤེས་པ་གསུམ་ཅིག་དང་དུ་མ་ལས་གྲོལ་བར་སྟོན་ཏོ། །ཆོས་ཀྱི་དབྱིངས་དང་མཉམ་པའི་དབྱིངས་ཞེས་པ་ལ་སོགས་པ། ཤེས་པ་གསུམ་གྱི་ངོ་བོ་དབྱིངས་གཉིས་དང་ཡེ་ཤེས་ཆེན་པོའི་ངོ་བོར་ཐ་མི་དད་པ་དུ་མ་མེད་ལ། དེའང་ཚུལ་གྱིས་མ་འདྲེས་པའི་ཕྱིར། ངོ་བོ་ཅིག་ཏུ འང་སྨར་མེད་པས་ཅིག་ལས་ཀྱང་གྲོལ་བས་མཐའ་བྲལ་བརྗོད་ལས་འདས་པའོ། །དེ་སྤྱོད་ཡུལ་གང་གི་ཡིན་བསྟན་པའི་ཕྱིར། བྱང་ཆུབ་སེམས་ཀྱི་དེ་བཞིན་ནི། །ཤིན་ཏུ་མི་དམིགས་བརྟག་དཀའ་བ། །ཞེས་པ་ལ་སོགས་པ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རང་གི་ངོ་བོ་མི་རྙེད་པ་དང་། ཡུལ་དུ་མ་གྱུར་པ་དང་། ཅི་ཡང་ཡིན་པ་དང་། ངོ་བོ་བློས་དཀའ་བས་རྟོག་པར་རབ་ཏུ་དཀའོ། །འོ་ན་མི་རྙེད་དམ་ཞེ་ན། སྐལ་པ་རབ་ཀྱིས་ཡུལ་བ་བདེན་པ་གཉིས་སུ་མེད་པ་དེ་ད་ལྟ་ཉིད་མཐོང་བར་འགྱུར་རོ། །གང་ནས་མ་འོངས་གར་མི་འགྲོ། །ཞེས་པ་ལ་སོགས་པ། རྟོགས་པར་བྱ་བའི་སེམས་ཉིད་ཀྱང་རྐྱེན་དང་བྲལ་བས་འགྲོ་འོང་དང་བྲལ་ཏེ་འབྲས་བུ་བདག་ཉིད་ཀྱི་ཕྱིར་རོ། །དེས་ན་བཤད་པ་བཞིན་པས་མཐའ་གསུམ་བྲལ་བར་རང་གསལ་བ་མཐོང་ལམ་མོ། །སྒོམ་ལམ་དང་པོ་བསྟན་པའི་ཕྱིར། གཟུང་འཛིན་བྲལ་བའི་རང་རིག་ཉིད། །ཞེས་པ་ལ་སོགས་པ། དབྱིངས་དང་ཡེ་ཤེས་ཙམ་དུ་ཡང་འཛིན་པ་མེད་པ་ཉིད་ཀྱི་རིག་པ་ཇི་བཞིན་པར་རང་གསལ་བ་ལ་ཡུལ་དུ་བསྒོམ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་ཀྱང་། །ཞེས་པ་གསུམ་གསུངས་སོ། །འབྲས་བུ་ནི། ཉོན་མོངས་སྡུག་བསྔལ་མེད་པ་དང་། ཞེས་པ་གཉིས་གསུངས་སོ། །ཐབས་མཁས་ཚད་མེད་ཀྱི་སྤྱོད་པ་གཉིས་པའི་དབང་བསྟན་པའི་ཕྱིར། སེམས་ཅན་མ་ལུས་ཐམས་ཅད་ལ། །སྙིང་རྗེ་ཐག་པ་མ་ཆད་པ། །ཉོན་མོངས་ལམ་ལས་གྲོལ་བྱེད་ཅིང་། །ཞེས་པ་ལ་སོགས་པ། བྱམས་པ་ཆེན་པོའི་མཚན་ཉིད་ནི་འབྱེད་པ་མེད་པ། ལས་ནི་འགྲོ་བ་ཉམས་ཐག་པ་བསྒྲལ་ཏེ་ཕན་འདོགས་པའོ། །སྙིང་རྗེ་ཆེན་པོའི་ལས་དང་། མཚན་ཉིད་ནི་བདག་ཉིད་དུ་ཤེས་པའི་ཡེ་ཤེས་གང་དང་ཡང་མ་བྲལ་བ་དང་། ཡང་དག་པའི་ས་ལ་བཏོན་ཏེ་སྐྱོབ་པའོ། །དགའ་བ་ཆེན་པོའི་ལས་དང་མཚན་ཉིད་ནི། གདུལ་བྱ་སངས་རྒྱས་ས་ལ་བསྒྲལ་བས། བདེ་བ་བསྐྱེད་པ་དང་། འཕྲིན་ལས་ལ་འགྱོད་པ་བྲལ་བའོ། །བཏང་སྙོམས་ཆེན་པོའི་ལས་དང་། མཚན་ནི་བདག་གཞན་གཉིས་མེད་དུ་རིག་པས་བུ་ཅིག་པ་ལྟར་གང་ཡང་ཡལ་བར་མི་འདོར་བ་དང་། བརྩལ་བ་མེད་པར་འགྲོ་དོན་རྒྱུན་མ་ཆད་པའོ། །སྒོ་བཞི་ཐར་པའི་ལམ་ཡིན་ནོ་རྒྱས་པར་བསྟན་པའི་ཕྱིར། ཆོས་རྣམས་ཐམས་ཅད་སྟོང་པ་ལས། །དེ་ལ་དངོས་དང་རྟག་པ་མེད། །ཞེས་པ་ནས། མཚན་མ་མེད་པས་མི་དམིགས་སོ། །ཞེས་པ། ཆོས་སོ་ཅོག་ངོ་བོ་མཐའ་གཉིས་བྲལ་བའི་ཕྱིར་དེ་ལྟ་བུ་ལ་ཡུལ་དང་ཡུལ་ཅན་གྱི་ཞེན་པ་བྲལ་བ་ནམ་མཁའ་ལྟ་བུར་ཡེ་ནས་མ་བྱས་པར་གནས་པས། ཤིན་ཏུ་བརྟག་དཀའ་སྟེ་སྣང་སྟོང་གི་མཐའ་གང་དུ་ཡང་མི་དམིགས་པར་གསལ་ལ་མི་གཡོ་བ་དེ་བཞིན་ཉིད། སྟོང་པའི་རྣལ་འབྱོར་རོ། །སྨྱོན་པ་མེད་པ་བསྟན་པའི་ཕྱིར། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཆོས་རྣམས་སྣ་ཚོགས་སྣང་བ་ཡང་། །ཞེས་པ་ལ་སོགས་པ། རྒྱུ་འབྲས་ཀྱི་ཆོས་སོ་ཅོག་བདག་ཉིད་པས། རང་རིག་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གསལ་བས་རེ་བ་དང་བྲལ་བའི་ཕྱིར། སྒོམ་ལམ་གསུམ་དང་བཞི་པ་ལས། རང་གི་ལྷར་བསྐྱེད་དེ་བསྒོམ་པའོ། །བྱང་ཆུབ་སེམས་རྣམས་ཐམས་ཅད་ནི། ཤིན་ཏུ་བརྟགས་དཀའ་གཏིང་ཟབ་པས། །ཞེས་པ་ལ་སོགས་པ། གཉིས་སུ་མེད་པའི་བྱང་ཆུབ་སེམས་ནི། རང་རྒྱུད་པ་དང་ལྟོས་པའི་རྟོག་གེ་བའི་ཡུལ་མ་ཡིན་པའོ། །མ་དམིགས་མི་དམིགས་སུ་མེད། ཞེས་པ་ལ་སོགས་པ། རང་བཞིན་འཆད་དེ། རང་རིག་པ་དུས་གསུམ་དུ་ངོ་བོ་མི་རྙེད་པས་བསྒོམ་བྱ་དང་སྒོམ་བྱེད་སྒོམ་པའི་ངོ་བོ་བྲལ་བ་ཇི་ལྟ་བ་དེ་ཉིད་ནི། བྱང་ཆུབ་སེམས་ཡིན་པའི་ཕྱིར། ཆོས་སོ་ཅོག་བྱང་ཆུབ་སེམས་སུ་ཐ་མི་དད་པ་ནི་སྡུད་པ་སྟེ། སྡུས་པ་མེད་པར་རྫོགས་པར་སྟོན་པས་གསུངས་པའོ། །བསྒོམ་ལམ་དང་པོའི་སྤྱོད་པ་བསྟན་པའི་ཕྱིར། སྐྱེས་བུ་བློ་རྩལ་རབ་ལྡན་པས། །ཅི་ལའང་ཐོབ་པ་མེད་པར་སྤྱད། །ཞེས་པ་ལ་སོགས་པ། སྤྱོད་པ་ཅིའང་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་ཆགས་མེད་པར་སྤྱོད་པ་སྤྱོད་ལམ་བཞིར་མ་ཉམས་པར་བྱ་བའོ། །འདི་ལྟར་སྣང་བ་ཐམས་ཅད་ལ། །ཞེས་པ་ལ་སོགས་པ། སྐྱེ་བོ་པའི་ཚད་མར་རྟག་པར་མཐོང་ཐོས་ཀྱི་ཆོས་རིལ་དེ་ཁོ་ན་ཉིད་དུ་བརྟགས་པ་ལས་མི་ཉམས་པར་གདམས་པའོ། །མཚན་མ་མེད་པའི་སྒོ་བསྟན་པའི་ཕྱིར། གང་ཞིག་སྟོང་པའི་ངང་ཡོད་ཅེས། །མེད་པའི་རང་བཞིན་རྟོགས་པ་སྟེ། །ཞེས་པ་ལ་སོགས་པ། མཚན་མ་བཞི་ལས་འདིར་སྟོང་པ་ཉིད་དུ་རྟོགས་པ། མཚན་མའི་ཕྱིར་སྟོང་པར་མི་རྟོག་པའི་ཤེས་པ་ཡེ་ཤེས་སྒྱུ་མར་གསལ་བ་བསྒོམ་ལམ་གཉིས་པའོ། །རང་བཞིན་གྱིས་འོད་གསལ་བ་བསྟན་པའི་ཕྱིར། ཐམས་ཅད་མ་ལུས་སྟོང་ཞེས་སྟེ། དྲན་མེད་གདོས་པ་མ་ཡིན་པས། །ཞེས་པ་ལ་སོགས་པ། སྟོང་པ་སླུན་པའམ་བརྒྱུད་པའི་བརྡོས་ཆོས་ངང་གིས་མེད་དེ་རང་རིག་པ་རང་བཞིན་གྱིས་མ་འདྲེས་ལ་ཡོངས་སུ་རྫོགས་པར་འོད་གསལ་བའི་ཡེ་ཤེས་འབའ་ཤིག་གི་ཕྱིར། བསྒོམ་ལམ་ཐ་མ་དང་མཐར་ལམ་རང་རིག་དཀྱིལ་འཁོར་ཐམས་ཅད་དུ་ཤར་བའོ། །ཅིག་ཅར་བ་ལ་ལམ་བཞི་དུས་ཅིག་ཏུ་རྫོགས་པར་བརྗོད་དོ། །མཐོང་ལམ་རྟོགས་པར་བྱ་བའི་ཐབས་བསྙན་པའི་ཕྱིར། ཐམས་ཅད་གཉིས་མེད་རྟོགས་འགྱུར་ན། །ཞེས་པ་ལ་སོགས་པ་གོ་སླའོ། །འོ་ན་ཅི་ཞེ་ན། རྣམ་པར་རྟོག་པ་མི་མངའ་སྟེ། །ཞེས་པ་ལ་སོགས་པ། མཐའ་གསུམ་མ་སྤངས་བྲལ་བའི་རིག་པ། ཐམས་ཅད་དུ་འཛིན་རྟོག་མེད་པར་གསལ་བ་སྤྱན་ལྔའི་དམ་པའོ། །ཅིག་ཅར་བའི་བསྒོམ་ལམ་བསྟན་པའི་ཕྱིར། རྣལ་འབྱོར་ལྟ་བ་ད་ལྟ་བ། །ཞེས་པ་ལ་སོགས་པ། བསྒོ་བཞི་དུས་གཅིག་ཏུ་གསལ་བའོ། །སྤྱོད་ལམ་ནི་འགྲོ་ཉལ་འདུག་སྡོད་ཅེས་པ་གཉིས་གསུངས་སོ། །སྤྱོད་ལམ་བྲལ་བའི་སྐྱོན་སྤྱོད་པ་རྩིངས་ན་ལྟུང་བའི་ཕྱིར། གོང་གི་དོན་ལྟར་མ་རྟོགས་པའི། །ཞེས་པ་ལ་སོགས་པ་གོ་སླ་སྟེ། ཚིག་ཙམ་ལ་རྟེན་པས་མི་འགྲུབ་པས་གདམ་ངག་བྱ་བ་དང་། སོམ་ཉི་མེད་པས་འགྲུབ་པས་བསྒོམ་པ་ལ་བསྐུལ་བ་དང་། དེའི་ཡོན་ཏན་དུ་འགྲེལ་ཏོ། །བྱ་བྱེད་མེད་པའི་བརྩོན་འགྲུས་ཀྱིས། །དེས་ནི་བྱང་ཆུབ་སྙིང་པོ་ལེན། །ཞེས་པ། བཤད་པ་ལྟར་གསུམ་དུ་མ་མཐོང་བས་བསྒྲིམས་པ་མེད་ལ་ཡེངས་པ་བྲལ་བ་ནི་བརྩོན་འགྲུས་མཆོག་སྟེ། དེས་སྙིང་པོ་བྱང་ཆུབ་འགྲུབ་པར་ཐེ་ཚོམ་མེད་པས། བསྒོམ་ལམ་དང་པོའི་སྤྱོད་པའི་ཡོན་ཏན་དང་ཅིག་ཆར་བ་ཐུན་མོང་དུ་བསྟན་པའོ། །ལེའུ་སུམ་ཅུ་གཅིག་པའི་སྤྱན་རྣམ་པར་འགྲེལ་པའོ། །ཐུགས་ཀྱི་དཀྱིལ་འཁོར་གྱི་རྣལ་འབྱོར་གསུམ་གྱི་ཆར་བསྟན་པའི་ཕྱིར། ལེའུ་སོ་གཉིས་པ་རྣམ་པར་བཤད་པ་བརྩམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འདི་བརྗོད་དོ་ཞེས་པ་སྦྱར་ཏོ། །དགོས་ཆེད་ལམ་པའི་གྲུབ་པ་ཆུད་མི་ཟ་བའི་ཆེད་དུ། དོན་ཐབས་ནི་རང་བཞིན་ཕྱག་རྒྱ་ཐམས་ཅད་གཅིག་པའི་དོན་རྟོགས་པར་བྱ་བ་དང་། དེ་ལས་མི་འདའ་བ་དང་། ཕྱག་རྒྱ་འབྲས་བུའི་གཞི་ཡིན་པས་ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་འཕྲོ་འདུ་བྱ་བ་དག་བཀའ་སྩལ་བའོ། །གསང་བ་དེ་ཉིད་ངེས་པ་ལས། །ཞེས་པ་གཉིས་ཁུང་དང་རྟོགས་ཐབས་བསྟན་པའོ། །ཐམས་ཅད་ཕྱག་རྒྱར་བསྡུ་བའི་དོན་བསྟན་པའི་ཕྱིར། མཉམ་པ་ཆེན་པོའི་དཀྱིལ་འཁོར་ནི། ཕྱོགས་བཅུ་དུས་བཞི་མ་ལུས་བར། །ཞེས་པ་ལ་སོགས་པ། ཆོས་སོ་ཅོག་གདོད་ནས་མཉམ་པ་ཆེན་པོ་ལ་མི་མཉམ་པ་ངང་གིས་མི་དམིགས་པའི་ཕྱིར་མཉམ་པའི་ཐ་སྙད་ལས་ཀྱང་གྲོལ་བར་དབྱེར་མེད་པའོ། །དེའི་མཚན་ཉིད་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པར་བསྟན་པའི་ཕྱིར། འཇིག་རྟེན་འདས་དང་འཇིག་རྟེན་བའི། །ཞེས་པ་བཞི་གསུངས་ཏེ། གཞི་ལ་འཁོར་བ་ངང་གིས་མ་གྲུབ་པའི་མཚན་ཉིད་སྨྲ་དཀའ་བའི་ཕྱིར། ཕྱི་ནང་སྣོད་བཅུད་དེ་ལྟར་ཤེས་པར་བྱའོ། །ཕྱག་རྒྱར་བསྡུ་ཞིང་སྤྲོ་བའི་དོན་བསྟན་པའི་ཕྱིར། ཕྱག་རྒྱ་སྣ་ཚོགས་འོད་འབར་ཡང་། །དེ་བཞིན་ཉིད་ལས་མ་གཡོས་ཏེ། །ཞེས་པ་ལ་སོགས་པ། སྐུ་ཕྱག་རྒྱ་ཇི་སྙེད་པར་གསལ་ཡང་རང་རིག་པའི་ཕྱིར་བདག་ཉིད་དུ་གཅིག་པར་རྟོགས་པས། དོན་ཉིད་ཡུལ་དུ་མི་བྱེད་པར་བསྒོམ་པ་རྣམ་གསུམ་རིམ་པར་བསྒོམས། སྐུ་ཕྱག་རྒྱ་བཞི་དང་ལྡན་པར་བསྐྱེད་བསྟན་པ་ལས་སྤྲོས་ཏེ་གདུག་པ་འདུལ་བའོ། །དེའི་ཡོན་ཏན་ནི། བྱ་བྱེད་མེད་པའི་ཚུལ་གྱིས་སུ། །ཞེས་པ་ལ་གསུམ་གསུངས་སོ། །དམ་ཚིག་གི་གནས་ཡིན་པར་བསྟན་པའི་ཕྱིར། བདག་ཉིད་ཕྱག་རྒྱ་སྐུ་ཡི་མཆོག །ཡེ་ནས་རང་བཞིན་འོད་གསལ་བ། །ཞེས་པ་ལ་སོགས་པ། ཕྱག་རྒྱ་བདུན་པོ་རིལ་རང་རིག་པའི་ཕྱིར། བདག་ཉིད་ཆེན་པོ་རིལ་གྱི་སྙིང་པོར་གསལ་བས། ལས་དང་དངོས་གྲུབ་ཐམས་ཅད་འབྱུང་བ་ལས་མི་འདའ་བའི་ཕྱིར་གནས་ཏེ། འབྲས་བུ་ལྷུན་གྲུབ་ཏུ་བཞུགས་པའོ། །རྒྱུ་འབྲས་དབྱེར་མེད་རྡོ་རྗེའི་ས། །བཅུ་གསུམ་དོན་གྲུབ་བདེ་གནས་པ། །མཐར་ཕྱིན་བྱ་བ་མེད་པ་འགྲུབ། །ཞེས་པ། རྒྱུ་འབྲས་དབྱེར་མེད་པས་རྣམ་པ་མེད་པའི་པདྨ་སྤྱན་དང་། ཡི་གེ་འཁོར་ལོའི་ས་དང་། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ནི་འབྲས་བུའི་ངོ་བོ། །རང་བཞིན་ཕྱག་རྒྱ་ཆེན་པོ་ནི། ཕྱི་ནང་སྣོད་བཅུར་ཐམས་ཅད་ལ། །ཞེས་པ་ལ་སོགས་པ། རྣལ་འབྱོར་དང་བཅུ་ཆད་དེ་སྣོད་བཅུད་རིལ་རང་རིག་སྣང་སྟོང་དབྱེར་མེད་པ་ཉིད་ཡིན་པའི་ཕྱིར། འཕྲ་རགས་ཡབ་ཡུམ་བཅུར་ཡེ་ནས་སངས་རྒྱས་པས་ཐབས་ཤེས་རབ་དབྱེར་མེད་པའི་ངོ་བོས་རྒྱས་བཏབ་པའི་དོན་ཡེ་ཟིན་ཆགས་དང་བྲལ་བར་བཏབ་པ་ལ། སྐུ་གསུམ་དང་ལྔའང་མ་རྩལ་བར་དེ་ལྟ་བུའི་ཕྱག་རྒྱ་ལ་ལྷུན་གྱི་རྫོགས་པའོ། །ཐམས་ཅད་ཕྱག་རྒྱར་བསྡུ་ཞིང་སྤྲོ་བ་ཡང་ཡིན་པའི་དོན་བསྟན་པའི་དོན་བསྟན་པའི་ཕྱིར། ལྷག་པའི་ཕྱག་རྒྱ་ཆེན་པོ་ནི། ནང་གི་རྟགས་ནི་ཕྱི་རུ་སྟེ། །ཞེས་པ་ལ་སོགས་པ། ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཞི་དང་བཅས་པ་ནི། རང་རིག་པ་ལ་ལྷུན་གྱིས་རྫོགས་པའི་རྟགས་ཕྱིར་སྣང་བའང་བདེན་པ་རེ་མོས་པ་མེད་དེ། དེའང་གྲངས་ཀྱི་མདོ་རིགས་ལྔ་ཀུན་ཏུ་བཟང་པོ་དང་དྲུག་གི་ཕྱག་རྒྱའོ། །དེ་ལས་སྤྲོས་བཅས་ཀྱི་ལྷ་སྒྲུ་འཕྲུལ་ཞི་ཁྲོའི་སྐུ་མང་པོའོ། །ལྷག་མ་ནི་བཅའ་བའི་ཕྱག་རྒྱ་སྟོན་པའོ། །ལག་གི་འདུ་འཕྲོ་བསམ་ཡས་ནས། །རང་བཞིན་ཉིད་ཀྱི་དེ་ལྟར་གནས། །ཞེས་པ། ཡན་ལག་ལ་ཚོམ་བུ་ལྔ་བཀོད་པའི་བྲོ་གར་ལ་སོགས་པའི་བསྐྱོད་དོ་ཅོག་ཕྱག་རྒྱ་ཡིན་པ་ནི་བྱས་པ་མིན་ཏེ། རང་རིག་པ་ལ་གཡོ་བསྒུལ་མེད་ཀྱང་། ཕུང་སོགས་ལྷའི་ཕྱིར་བསྐྱོད་པ་ཕྱག་རྒྱར་ཡེ་གནས་པའོ། །རིགས་དྲུག་རྒྱས་པར་བསྟན་པའི་ཕྱིར། །འཇོམས་ཤིང་ཅིས་ཀྱང་མི་ཚུགས་པའི། །རང་འབྱུང་ཆེན་པོ་ལྷའི་ལྷ། །ཞེས་པ་ལ་སོགས་པ། རྟོགས་པའི་རིག་པ་ཡེ་ཤེས་དྲུག་པའི་ངོ་བོ་ནི་སྒྲིབ་པའི་དྲ་བ་གཅོད་པ་དང་། སྐད་ཅིག་མི་རྟོག་པ་བྲལ་བས་རྡོ་རྗེ་རིགས་སོ། །ལས་དང་ལས་ཀྱིས་མི་གོས་པའི། །གཉིས་མེད་དབྱིངས་ཀྱི་དོན་རྟོགས་ཤིང་། །ཞེས་པ་ལ་སོགས་པ། རྟོགས་པའི་ཡེ་ཤེས་ཆེན་པོ་སྤྱོད་ཡུལ་འདས་པའི་ཕྱིར། །ལས་ཀྱི་བག་ཆགས་དང་རྣམ་སྨིན་མི་ཐོབ་པས་ཀུན་དང་མི་ཕྱེད་བྲལ་བའི་ཕྱིར་པདྨའི་རིགས་སུ་འགྲེལ་ཏོ། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ལ། །སྐུ་གསུང་ཐུགས་ལྡན་ཟད་མི་ཤེས། །ཞེས་པ་ལ་སོགས་པ། ལྷུན་གྲུབ་ཀྱི་ཡེ་ཤེས་འཕེལ་འགྲིབ་དང་བྲལ་བའི་ཕྱིར་དེ་མངོན་དུ་བྱས་པའི་ཡེ་ཤེས་འབྲས་བུ་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་རིན་པོ་ཆེའི་རིགས་སོ། །རྣམ་པར་རྟོག་མེད་ཚུལ་གྱིས་ནི། །ཐམས་ཅད་ཀུན་ལ་ཆགས་མེད་རོལ། །ཞེས་པ་ལ་སོགས་པ། རྣམ་པར་རྟོག་པ་མེད་པར་འགྲོ་དོན་གྱི་བྱ་བ་མཐའ་ཡས་པ་རྫོགས་པ་ལས་ཀྱི་རིགས་སོ། །དེ་བཞིན་གཤེགས་པའི་རིགས་བསྟན་པའི་ཕྱིར། འཇོམས་དང་མ་ཆགས་ཀུན་འབྱུང་དང་། །ཞེས་པ་ནས། ཀུན་ནས་ཟླུམ་ཞིང་འོད་ཟེར་འཕྲོ། །ཞེས་པ། རིགས་བཞི་རང་རིག་པ་ཇི་བཞིན་བར་སོན་པས། བྱེ་བྲག་མེད་པར་གཞིར་ཡང་སྣང་བའི་ཕྱིར་རྒྱལ་བའི་རིགས་ཁོ་ནའོ། །རིགས་དྲུག་པ་བསྟན་པའི་ཕྱིར། རིགས་བཞི་མ་ལུས་ཐམས་ཅད་ཀུན། །མཉམ་རྫོགས་དབྱིངས་སུ་ཐམས་ཅད་འདུས། །ཞེས་པ་ལ་སོགས་པ། རིགས་བཞི་ཡབ་ཡུམ་དང་རྒྱས་པའི་རིགས་ལ་སོགས་པ་རིལ་ཡེ་ཤེས་དྲུག་པར་ཐ་མི་དད་པས་རིགས་ཀྱི་བདག་པོ་སྤྱིའི་གཟུགས་ཅན་དུ་གཅིག་པའི་ཕྱིར། རིགས་ཀུན་ཅིག་དང་ཐ་དད་པས་གྲོལ་བའང་ལྷུན་གྱིས་གྲུབ་པའི་ངང་དུ་གཅིག་པ་དང་བདག་པོའི་རིགས་སོ། །ཕྱག་རྒྱའི་དམ་ཚིག་མཚན་ཉིད་ནི། །ཐུགས་ཀྱི་རྟགས་སུ་བསྟན་པ་ཡི། །ཞེས་པ། མི་འདའ་བ་དང་མཚོན་པ་ལས་འདིར་མཚོན་པའི་ཕྱག་རྒྱའོ། །གཅིག་ཤོས་བསྟན་པའི་ཕྱིར། དཔེར་ན་རྒྱལ་པོ་བཏབ་པ། ཞེས་པ། དཔེ་སྟེ་རྒྱལ་པོའི་ཕྱག་རྒྱ་བདུན་ལས་དམངས་མི་འདའ་བའོ། །དེ་བཞིན་མཉམ་ཉིད་ཕྱག་རྒྱ་ཡིས། །ཞེས་པ་ལ་སོགས་པ། རྟོགས་པའི་རིགས་པས་རིལ་དེ་ཉིད་ལས་མི་འདའ་བར་སྣང་བ་དང་། ལྷག་པའི་ཏིང་ངེ་འཛིན་གསུམ་གྱི་ཕྱག་རྒྱ་རིལ་གསལ་ན་ལོག་སྡེས་མི་ཚུགས་པ་སྟེ། རྫས་ལ་བརྟེན་ཏེ་བསྒྲུབ་པའི་སྐབས་སུའང་རིགས་པའོ། །ཕྱག་རྒྱ་རྟོགས་པ་ཡོད་མེད་ཀྱི་སྐྱོན་ཡོན་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་རིགས་ངེས་ན། །ཞེས་པ་བཞི་གསུངས་སོ། །ལེའུ་སོ་གཉིས་པའི་སྤྱན་རྣམ་པར་འགྲེལ་བའོ། །ཐབས་ཀྱི་ལམ་དང་ཚོགས་བསྒྲུབ་པ་བསྟན་པའི་ཕྱིར། ལེའུ་སུམ་ཅུ་གསུམ་པའི་རྣམ་པར་བཤད་པ་བརྩམ་པར་བྱའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། འདི་བརྗོད་དོ། །ཞེས་པར་སྦྱར་ཏེ། ཚོགས་བསྒྲུབ་པའི་ཆེད་དུ། གླུ་ཚིག་བྲོ་གར་དང་ཨ་ལི་ཀ་ལི་རྩེ་འཇོ་ལ་སོགས་པ་ཡོ་བྱད་ལྔས་ཚོགས་བསྒྲུབ་པ་ལས། མི་འདའ་བ་འདི་གསུངས་ཏེ། ཚོགས་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡང་སྟོན་ནོ། །ཕྱོགས་བཅུ་མཐའ་ཡས་དུས་བཞི་ཡི། །ཐམས་ཅད་དབྱེར་མེད་མན་འདའ་ལ། །ཞེས་པ་ལ་སོགས་པ། སྤྲོས་བཅས་རྣལ་འབྱོར་ཐོབ་པས་སྤྱོད་ཡུལ་ཡོངས་སུ་དག་པར། ཕྱོགས་བཅུ་གཞལ་ཡས་ཁང་དུ་གསལ་བ་ལ་གདན་བཞི་རྩེག་གམ་སུམ་རྩེག་བསམས། གཞལ་ཡས་ཁང་རྒྱུ་རིན་པོ་ཆེ་ལས་བྱས་པ། རྩེ་མོ་ངར་ཁྱོད་བློས་དཔག་པར་དཀའ་བ། རྒྱན་སྣ་ཚོགས་ཅན་གྱི་དཀྱིལ་འཁོར་དུ་ལྷ་རྣམས་བཀོད་དེ། སྤྱོད་ཡུལ་རིལ་ངོ་བོ་དེར་གསལ་བས། གནས་ཁང་སུམ་རིམ་ལྕོགས་ཚད་དུ་བརྩིགས། རྒྱན་སྣ་ཚོགས་ཀྱིས་བརྒྱན། ཡོ་བྱད་ལྔ་བསོག །རས་ཀྱི་པེ་པར་སྟན་བེ་ཏེང་སྟེ། བྱེད་པའི་སྒྲས། དགའ་བདེ་བའི་གནས་སུ་ལོངས་སྤྱོད་ལྔས་ཚོགས་བསྒྲུབ་པའོ། །ཕྱོགས་གཞན་དུ་ཐལ་བའི་རྒྱུད་འགའ་ནའི་ལེའུ་ལས། ཡོན་ཏན་བཅུ་དང་ངར་ལྡན་ཞིང་། །ཡིད་འོང་རིགས་བཞིའི་ཐིག་ལེ་ནི། །པདྨ་དང་ནི་ཧ་སྟི་ནི། །ཤང་ཀ་དང་ནི་ཙི་ཏ་ནི། །ལོ་གྲངས་བཅུ་དྲུག་ལོན་པ་ཡིས། །ནུབ་ཕྱོགས་འོག་མིན་བདེ་ལྡན་དུ། །མི་ཆགས་པདྨའི་གདན་གཏིང་བ། །ཉི་མ་ཤར་བའི་གཞལ་ཡས་ཁང་། །ཡུངས་དཀར་ཚད་ཀྱི་བུམ་པ་ནི། །ཡོན་ཏན་ཟད་མེད་འབྱུང་བའི་གཏེར། །ལས་དང་ངོ་བོས་ཚད་བྲལ་བར། །བདག་ཉིད་ངོ་བོར་ཙན་ལྡན་པས། །བཅུ་དྲུག་བཞི་ཆས་བདེ་བསྐུལ་ཏེ། །གཞི་གའི་གནས་སུ་ཡབ་ཡུམ་དག །ཕྱག་རྒྱ་དགུ་གཉིས་མཚན་མས་གདག །ས་ཡ་བཅུ་གསུམ་གཉིས་ཀྱི་བཅུར། །བསྐྱོད་བསྒུལ་བྲོ་ཐབས་གར་གྱིས་དབབ། །ཉི་ཟླ་དུས་ཅིག་འདྲེས་ཤར་བ། །དེ་ཉིད་གཞི་ལ་སླར་བསྡུས་ན། །དབང་པོ་སྤྱོད་ཡུལ་ཐམས་ཅད་ཀུན། །བཅུ་གསུམ་ཕྱག་རྒྱའི་དཀྱིལ་འཁོར་གསལ། །ཞེས་གསུངས་པའི་ཕྱིར། གསུམ་པོ་ཡང་འགྲེལ་ཏོ། །ལུས་བསྐྱོད་ཡན་ལག་བསྒུལ་གསིགས་ནི། །ཞེས་པ་ལ་སོགས་པ། ཡན་ལག་ལྔ་རིགས་ལྔར་གསལ་བའི་བསྒུལ་བསྐྱོད་ཕྱག་རྒྱར་གསལ་བ་ལྟ་བས་ཐག་བཅད་པ་དང་སྤྲོས་བཅས་ཐོབ་པ་སྟེ་ཚོགས་སྒྲུབ་པ་སྦྱོར་བའི་དུས་སོ། །ཡོ་བྱད་ལྔ་ལ་སྤྱོད་པའི་སྤྱིའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། གོང་གི་དཀྱིལ་འཁོར་གསལ་བསྒོམས་ནས། །ཞེས་པ་ནས། ལྷག་པའི་ཏིང་འཛིན་གསལ་བསྒོམས་ནས། །ཞེས་པ། སྤྱོད་ཡུལ་ལྷར་གསལ་བའི་ཏིང་ངེ་འཛིན་གསལ་ནས། ཡོ་བྱད་ལ་སྤྱོད་པའི་ཚེ་མི་རྟོག་པ་ཆེན་པོའི་ངང་ལས་ལྷའི་དཀྱིལ་འཁོར་སྤྲོས་བཅས་ཏིང་ངེ་འཛིན་རང་རིག་པ་ཉིད་བསྐྱེད་དེ་བྲོ་གར་བྱའོ། །བྲོ་གར་ཐབས་ཀྱི་ཕྱག་རྒྱ་དང་། །གླུ་དབྱངས་ཚིག་གི་སྒྲ་བསྒྲགས་ན། །ཞེས་པ་ནས། བསོད་ནམས་ཚོགས་ཆེན་འགྲུབ་པར་འགྱུར། །ཞེས་པ། ཡོ་བྱད་གཉིས་ལ་སྲོག་དང་ལྡན་པར་སྤྱད་པའི་ཡོན་ཏན་ནི། བདག་གཞན་གྱིས་ཡོ་བྱད་ཀྱི་གོ་རིམ་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་གྱི་སྐུ་མཐོང་གསུང་ཐོས་ཏེ། གྲགས་པ་དང་བདེ་མཐོང་སྟེ་སྒྲིབ་གཉིས་བྲལ་བའི་ཚོགས་གཉིས་འགྲུབ་པའང་སོ་སོར་སྦྱར་ཏོ། །ཨ་ལི་ཀ་ལི་ཡོ་བྱད་བསྟན་པའི་ཕྱིར། །ཐབས་དང་ཤེས་རབ་ལྡན་འགྱུར་ནས། །ཐམས་ཅད་གཉིས་མེད་དབྱིངས་སུ་སྦྱོར། །གཉིས་མེད་དབྱིངས་ནས་བྱང་ཆུབ་འབར། །ཞེས་པ་ལ་སོགས་པ། ལྟ་སྤྱོད་འཇོམས་པ་དང་། བདེན་གཉིས་དབྱེར་མེད་ཀྱིས། དགོངས་པ་ཅན་གྱིས་འགྲུབ་པར་སྟོན་པ་གོ་སླའོ། །གཞན་དུ་ན། ཡུམ་ཆེན་ལྡན་རྙེད་ནས། ལས་ཀྱི་རིམ་པ་ཚང་བར་བྱ་སྟེ་རོལ་པས། ཐིག་ལེ་གཉིས་འདྲེས་པས་བརྒྱད་ཕྱེད་མཐའི་གནས་སུ། བདེན་པ་གཉིས་སུ་མེད་པའི་བདེ་བའི་དཔེའི་ཚུལ་སྐྱེའོ། །འོད་འཕྲོ་འབར་བས་ཕྱོགས་བཅུར་གསལ། །ཞེས་པ་འཁྱུད་པའི་གར་ཐབས་ཀྱིས་སླར་བཟློག་པའི་དུས་ན། རྒྱུ་འབྲས་བཟློག་པའི་ཚེ། དོན་གྱིས་བདེ་བ་བཟློག་པའི་བརྒྱད་ཕྱེད་མཐའི་གནས་སུ་ཕྱིན་པའི་ཚེ། སངས་རྒྱས་དང་པོ་ཀུན་ཏུ་འོད་ཀྱི་ས་ཐོབ། དེ་ནས་གནས་ཀུན་དེ་ལྟ་བུར་གསལ་བ་ནི་དབང་བཞི་པའོ། །དེའི་བྱིན་རླབས་ནི། སངས་རྒྱས་ཞིང་སྦྱངས་རིག་འཛིན་བསྐུལ། །ངན་སོང་གནས་རྣམས་དག་པར་བྱེད། །ཞེས་པ་རྒྱུད་ཐ་དད་པའི་དབང་དུ་གོ་སླའོ། །བདག་གི་དབང་དུ་སྤྱོད་ཡུལ་དག་པས་རིག་པ་བསྐྱེད་དུ་གྱུར་ཏེ་ཞེན་པ་དག་པར་སྦྱངས་བའོ། །འབྲས་བུ་ནི་ཐབས་དང་ཤེས་རབ་ལྡན་གྱུར་ནི། ཞེས་པ་གཉིས་བཤད་ཟིན་ཏོ། །རྒྱུར་བྱས་འབྲས་བུ་སྨིན་འགྲུབ་ན། །དཀྱིལ་འཁོར་བཞི་བཅུ་རྩ་ལྔ་རྫོགས། །ཞེས་པ་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་རྟོག་པ་བཅུ་བཞི་དང་། ལྔ་ཐབས་ཐམས་ཟིན་ན་ལྷའི་དཀྱིལ་འཁོར་དུ་རྫོགས་པར་གསལ་བའོ། །དེ་བས་ཐབས་ཆེན་ཐབས་ཀྱི་མཆོག །ཤེས་རབ་བདེ་མཆོག་བསྟན་ལྡན་རྫོགས། །ཞེས་པ། ལྔ་པའི་དབང་དགྱེས་པ་ཆེན་པོ་ཡེ་ནས་རང་ལ་རྫོགས་པས། བྱེད་པ་སྡོམ་པའི་མན་ངག་ཐབས་ཁྱད་པར་ཅན་གྱིས་བཅུ་གསུམ་ས་དང་ཡེ་ཤེས་བླ་མ་ཐོབ་པ་ནི་ཤིན་ཏུ་བརྟན་པའི་མཐར་ཕྱིན་པར་འགྱུར་རོ། །དེ་གང་ཞེ་ན། རྡོ་རྗེ་དྲིལ་བུ་ཡང་དག་ལྡན། །ཞེས་པ་བཞི་གསུངས་པ་གོ་སླ་སྟེ། གཙོ་བོའི་ཡོ་བྱད་འདིས་ས་ལ་སྦྱོར་ཏེ། དེའི་ཡན་ལག་ཡིད་དུ་འོང་བར་བྱེད་པ་གསུམ་དང་བཅུད་སྐྱེད་པར་བྱེད་པ་ཅིག་གིས་ཆ་རྐྱེན་བྱས་ཏེ། ཐབས་ཀྱི་དམ་པས་ཚེ་ལའང་སྦྱར་ནས་འཚང་རྒྱའོ། །གོས་བརྒྱན་གྱི་ཡོ་བྱད་བསྟན་པའི་ཕྱིར། །རྣལ་འབྱོར་ཐབས་དང་ཤེས་རབ་ལྡན། །རྒྱན་མཆོག་མཛེས་པས་ཀུན་བརྒྱན་ནས། །ཞེས་པ་ལ་སོགས་པ། རྣལ་འབྱོར་ཕོ་མོའི་ཚོམ་བུ་དུ་ཡོད་པས་ལུས་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ། ཚོམ་བུའི་དཀྱིལ་འཁོར་ཞི་ཁྲོ་གང་ཡིན་པ་བསྐྱེད་དེ། སྤྲུལ་པས་ཕྱོགས་བཅུར་དོན་བྱ་ཞིང་སྤྱོད་ཡུལ་དཀྱིལ་འཁོར་དུ་གསལ་བས་རང་རིག་སྣང་བས་དེ་ལྟར་གསལ་ན། ལུས་ལ་འོད་འབར་བ་དང་མི་ཐུབ་པ་འགྲུབ་བོ། །བཟའ་བཏུང་གི་ཡོ་བྱད་བསྟན་པའི་ཕྱིར། །མི་དམིགས་དབྱིངས་ནས་དཀྱིལ་འཁོར་མཆོད། །སྤྱན་གྱིས་གཟིགས་དང་སྙན་གྱིས་གསན། །ཞེས་པ་ལ་སོགས་པ། དེའི་ཚེ་བདག་ཉིད་ལྷར་བསྐྱེད་རང་བཞིན་སྤྱན་དྲངས་བསྟིམས་ཏེ་བརྟན་པར་བྱས་ནས་ལོངས་སྤྱོད་ཀྱིས་མཆོད་པའང་། བཟའ་བཏུང་ཉིད་འདོད་ཡོན་གྱི་ལྷ་མོ་ནམ་མཁའ་གང་བར་བྱིན་གྱིས་བརླབས་ཏེ། མཆོད་པའང་བཟའ་བཏུང་ཉིད་གདོད་ནས་སྣང་སྟོང་གི་མཐའ་ལས་གྲོལ་བའི་ངོ་བོ་སྤྱོད་པའི་ཚེ་ཚོགས་གཉིས་མ་བརྩལ་བར་རྫོགས་པས་ཚོགས་ལ་སྤྱོད་པ་ཞེས་ཀྱང་བྱའོ། །ཚོམ་བུའི་གནས་དང་སྤྱོད་པ་བསྟན་པའི་ཕྱིར། བྲུྂ་དང་ཙག་ཀྲའི་དཀྱིལ་འཁོར་དུ། །ཉི་ཟླ་འཕྲུགས་པའི་ས་གཞི་ལའང་། །ཞེས་པ་ལ་སོགས་པ། གྲོལ་ཐབས་གཉིས་ཀའི་དབང་དུ་བཤད་པ་ཡིན་ནོ། །ཚོམ་བུའི་སྤྱི་དོན་བསྟན་པའི་ཕྱིར། །ཡན་ལག་ལྔ་པོ་ཐམས་ཅད་ཀུན། །ཞེས་པ་ན། ཡེ་ནས་མ་བཅོས་ཡོངས་ཀྱིས་སྟེ། །ཞེས་པ། ཡན་ལག་ལྔ་ཉིད་རང་རིག་མཐའ་གསུམ་ལས་གྲོལ་བའི་ངོ་བོ་བས་ལམ་པས་ལྔ་ལ་ཚོམ་བུ་ལྔ་བཀོད་དེ། བསྒོམ་པའང་འཕྲལ་དུ་བྱས་པ་ནི་མ་ཡིན་ཏེ། ཡེ་ནས་ཡིན་པ་ཉིད་རང་གསལ་བར་བྱས་པའོ། །ལྷག་པ་ཏིང་འཛིན་དཀྱིལ་འཁོར་གྱིས། །དབུ་ལ་དེ་བཞིན་གཤེགས་པའི་འཁོར། །ཞེས་པ་ལ་སོགས་པ། དབུ་ལ་རྒྱལ་བ་རིགས། ལག་པ་གཡས་པ་རྡོ་རྗེའི་རིགས། གཡོན་པ་རིན་པོ་རིགས། རྐང་པ་གཡོན་པ་པདྨའི་རིགས། གཡས་ལས་ཀྱི་རིགས། སྐུ་མདོག་དང་ཕྱག་མཚན་གསལ་བར་འཁོར་ཡན་ཆད་ཡབ་ཡུམ་གསལ་བར་བསྒོམས་ཏེ། སྤྲོ་བསྡུ་ནི་དོན་གཉི་ག་སྦྱར་ཏོ། །ཏིང་ངེ་འཛིན་གྱི་ལས་ནི། །འདས་དང་མ་འདས་ཐམས་ཅད་ཀུན། །ཞེས་པ་གཉིས། དངོས་པོ་གཉིས་པ་རིལ་ཡང་དག་པའི་ས་ལ་འཁོད་པར་མཛད་པའོ། །ཡན་ལག་ལྔའི་དཀྱིལ་འཁོར་གྱི་སྤྱིའི་ལས་བསྟན་པའི་ཕྱིར། ཡན་ལག་ཆེན་པོ་ལྔ་བསྐྱོད་ན། །ཞེས་པ་བཞི་གསུངས་ཏེ། དུས་དང་ཚེ་དང་ལས་དང་ཟས་དང་སེམས་ཅན་དག་དང་། དེ་ཉིད་དུ་ཞེན་པ་ལྔ་སྦྱོང་བ་ནི་སྤྲུལ་པས་བྱེད་པའོ། །བཟང་མཛེས་ལེགས་པའི་གོ་བགོས་ན། །འོད་ཟེར་སྣ་ཚོགས་འཕྲོ་བར་འགྱུར། །ཞེས་པ་ལ་སོགས་པ། རྣམ་པར་སྨིན་པར་ནི། མི་འདོད་དེ་འདིར་རྒྱན་དང་བགོ་བའི་ལོངས་སྤྱོད་ལ་རོལ་པས་ལུས་ལ་འོད་འབར་བ་དང་། ཡེ་ཤེས་དྲུག་པ་མངོན་དུ་བྱེད་པ་ནི་ཡེ་ཡིན་པ་མཐར་ཕྱིན་པའོ། །སྐྱེས་བུ་བློ་རྩལ་རབ་ལྡན་པས། །ཞེས་པ་ལ་སོགས་པས། མཐར་ཉེ་བའི་ལམ་པ་ལ་གདམ་པ་གཉིས་དང་འབྲས་བུ་བསྟན་པའོ། །པདྨ་རིགས་ཀྱི་ཐོ་སྟབས་བསྟན་པའི་ཕྱིར། །ཐབས་དང་ཤེས་རབ་ལྡན་འགྱུར་ནས། །ཤར་ཕྱོགས་སུ་ནི་ཁ་བལྟས་ཏེ། །ཞེས་པ་ལ་སོགས་པ། བྲོའི་ཏིང་ངེ་འཛིན་གྱིས། མངོན་ཤེས་གྲུབ་པའི་ཚུལ་འཆད་དེ། སྤྲོས་བཅས་ཐོབ་བའི་ཕོ་མོས་བྲོ་སེང་གེ་འགྱིངས་སྟབས་ཀྱིས། ཤར་དུ་བསྡུངས་པའི་ཚེ། ལྕེ་ལ་ཧྲི་གསལ་བའི་འཕྲོ་འདུས་ཆོས་ཀྱི་དངོས་གྲུབ་ཐོབ་སྟེ། ཀུན་དང་མཐུན་པའི་སྐད་ཐོབ་པས་ཐར་བ་དང་མཐར་པའི་གདུལ་བྱ་ལ་སོ་སོ་སྐད་དང་མཐུན་པར་བརྡའ་མཇལ་བའི་ཆོས་སྟོན་པ་ཐོབ་སྟེ། ངོ་བོ་བརྗོད་དུ་མེད་པར་མངོན་དུ་འགྱུར་རོ། །རིན་པོ་ཆེའི་བྲོ་བསྟན་པའི་ཕྱིར། །རྣ་བའི་དབང་པོའི་དཀྱིལ་འཁོར་དུ། །ཏྲྂ་གི་ཡི་གེ་གསལ་བསྒོམས་ནས། །ཞེས་པ་ལ་སོགས་པ། རྣ་པར་གཞལ་ཡས་བསྐྱེད་ཏྲང་སེར་བོ་བསམས། དེ་ལས་ཕྱོགས་བཅུའི་རྣ་པར་སྤྲོས་བཅུད་བསྡུས་སླར་ཏྲཾ་ལ་ཐིམ་ཡོངས་སུ་གྱུར་པས། སྒྲ་རིལ་ཐོས་ཏེ། རྣ་བའི་མངོན་ཤེས་ཐོབ་ཀྱང་། ཐུན་མོང་མ་ཡིན་པས་སྤྱོད་ཡུལ་ལས་གྲོལ་བར་ཐོས་པར་འགྱུར་རོ། །རིགས་གསུམ་པོའི་བྲོ་བསྟན་པའི་ཕྱིར། །དེ་བཞིན་དྲི་དང་རོ་རེག་རྣམས། །སོ་སོའི་མཚན་ཉིད་གསལ་བསྒོམས་ནས། །ཞེས་པ་ལ་སོགས་པ། དབང་པོ་གསུམ་ལ་ཁང་པ་བསྐྱེད་པའི་སྟེང་དུ། དབང་པོ་གསུམ་ཉིད་རིགས་ཀྱི་ཡི་གེར་གསལ་བར་བྱ་སྟེ། ཁའང་སོ་སོར་བལྟས་ཏེ། ཕྱོགས་བཅུའི་དབང་པོ་གསུམ་ལ་སྤྲོས་ཏེ་བཅུད་བསྡུས་འབྲུ་གསུམ་ཡོངས་སུ་གྱུར་པ་ལས། སངས་རྒྱས་སེམས་ཅན་གྱི་དབང་པོ་གསུམ་བདག་ཉིད་དུ་གྱུར་པའི་ཕྱིར། མངོན་ཤེས་གསུམ་ཤར་ནས་ཇི་ལྟར་འཚམ་པ་བཞིན་དོན་བྱེད་པར་འགྱུར་པའོ། །དེ་ལྟར་བདག་གཞན་བྱ་བ་ཟིན་ནས་བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་དང་། ཐམས་ཅད་མཁྱེན་པ་དང་། རྡོ་རྗེ་ལྟ་བུ་ཆེན་པོ་གྲུབ་པའི་ཕྱིར། ཀུན་བྱས་བྱང་ཆུབ་ཉིད་དུ་འོང་། །ཞེས་གསུངས་སོ། །ཚོམ་བུའི་གྲངས་བསྟན་པའི་ཕྱིར། དེ་བཞིན་རིགས་དང་རྡོ་རྗེ་རིགས། །མ་ཆགས་ལ་སོགས་ཤེས་རབ་ལྡན། །ཞེས་པ་ལ་སོགས་པ། རྣལ་འབྱོར་ཕོ་མོས་ཚོམ་བུ་ལྔ་པ་ལ་རིགས་ལྔ་དང་ཡུམ་ལྔའི་དཀྱིལ་འཁོར་སོ་སོའི་སེམས་པ་ཡབ་ཡུམ་བརྒྱད་དང་བཅས་པ་བསྒོམ། ཁྲོ་བོ་ལ་གཙོ་བོ་བསྒྱུར་བའོ། །གོ་རིམས་བསྒྱུར་ཏེ། ཚོམ་བུ་གཅིག་པ་ནི་རྡོ་རྗེའི་རིགས་དང་དྲུག་པ་གང་རུང་བའོ། །གསུམ་ཚོམ་བུ་པ་ལ་སྐུ་གསུང་ཐུགས་ཀྱི་རིགས་སོ། །དེ་ལ་ཁྲོ་བོ་དང་ཁྲོ་མོ་འཁོར་ལོའི་ཚུལ་དུ་བསྒོམ་པ། རྩ་བའི་རྒྱུད་ལེའུ་བཅུ་གཅིག་པ་ལྟར་བྱའོ། །ཐབས་དང་ཤེས་རབ་ཕན་ཚུན་དུ། །ཞེས་པ་སྦྱོར་བའི་མཆོད་པའོ། །གོ་སླ་བས་མ་སྦྱར་ཏོ། དེ་ནས་རིགས་ལྔའི་བྲོ་བསྟབས་བསྟན་པའི་ཕྱིར། དེ་ནས་ཐབས་དང་ཤེས་རབ་གཉིས། །ཞེས་པས། གསུམ་ཡབ་ཡུམ་དུ་ཡོད་པས་ཡན་ལག་དཀྱིལ་འཁོར་བསྐྱོད་པའོ། །དེའང་རྡོ་རྗེ་རིགས་ཀྱི་བྲོ་གར་བསྟན་པའི་ཕྱིར། དབུས་ནས་ཤར་ཕྱོགས་ཁ་བལྟས་ནས། །ཞེས་པ་ལ་སོགས་པ། ཡན་ལག་བསྐྱོད་ནས་བྲོ་གར་བྱ་བ་ནི་སྤྱོད་པའོ། །བྲོ་ཚིག་བསྟན་པའི་ཕྱིར། དཀྱིལ་འཁོར་འོད་ཟེར་དཀར་སྤྲོས་པ། །ཞེས་པ། སྐུ་མདོག་ནི་ཚིག་དོན་དུ་འགྲེལ་ཏོ། །ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡི་ཞེས་པ་ལ་སོགས་པ། རིགས་ཀྱི་བྲོ་ཚིག་གི་དོན་ཏེ་རིག་འཛིན་དུ་གྱུར་ཅིག་པའོ། །མཉམ་ཉིད་རིག་པའི་རྡོ་རྗེ་ཡི། །ཞེས་པ་ལ་སོགས་པ། ཡེ་ཤེས་ཀྱི་སྒོ་ནས་བླང་བའི་བྲོ་ཚིག་གོ། །ཉོན་མོངས་སྡུག་བསྔལ་རྩད་བཅད་ནས། །ཞེས་པ་ལ་སོགས་པ། ཕྱོགས་ཀྱི་སྒོ་ནས་དོན་བརྗོད་པའི་བྲོ་ཚིག་གོ། །ཤིན་ཏུ་སྲ་ཞིང་སྐྱེ་ཤི་མེད། །ཞེས་པ་ལ་སོགས་པ། ཚད་མེད་བཞིའི་ཐུགས་རྗེ་ལས་བྱམས་པ་ཆེན་པོས་དོན་བྱ་བའི་བྲོ་ཚིག་གོ། །དེ་ལྟར་རྣམ་པར་བཅད་པ་དྲུག་དྲུག་འཆད་པའི་རིགས་གཞན་ལ་ཡང་ཆ་སྦྱར་རོ། །འཇུག་གི་ཐབས་དང་ཤེས་རབ་བདེ་འགྲུབ་ཤོག་ཅེས་པ། འབའ་ཤིག་བརྗོད་པ་ནི། ཆགས་སྤྱོད་པའི་ཕོ་མོས་བྲོ་ཚིག་གི་འབྲས་བུ་གང་ཡིན་པ་དེ་ལྟ་བུ་གྲུབ་པར་ཤོག་ཅིག་པར་སྨོན་པ་ཀུན་མཐུན་པར་འགྲེལ་ཏོ། །རིན་པོ་ཆེ་རིགས་ཀྱི་བྲོ་གར་བསྟན་པའི་ཕྱིར། ཐབས་དང་ཤེས་རབ་ལྡན་གྱུར་པས། །ཡོན་ཏན་ཕྱོགས་སུ་ཁ་བསྟན་ཏེ། །ཞེས་པ་ལ་སོགས་པ། ཕོ་མོ་དུ་ཡོད་པས་སྲོག་དང་ལྡན་པའི་བྲོ་གར་བྱ་བའི་ཐབས་དང་པོ་བཞིས་འགྲེལ་ཏོ། །དཀྱིལ་འཁོར་མ་ལུས་འབྱུང་བའི་གཏེར། །ཞེས་པ་ལ་སོགས་པ། ཡོན་ཏན་གྱི་རིགས་ཐོབ་པར་ཤོག་པའི་ཚིག་བླང་བའོ། །ནམ་མཁའི་དཀྱིལ་གྱི་མདོག་བསྟན་པ། །ཞེས་པ་ལ་སོགས་པ། སྐུ་མདོག་སྔོ་སེར་གྱི་ཡོན་ཏན་གྲུབ་པར་ཤོག་ཅིག་པར་བླང་བའོ། །བདེར་གཤེགས་དཀྱིལ་འཁོར་མ་ལུས་ལ། །ཞེས་པ་སོགས་པ། རིག་འཛིན་ཐོབ་པར་ཤོག་ཅིག་པའི་ཚིག་གོ། །བདེ་གཤེགས་དཀྱིལ་འཁོར་མ་ལུས་པ། །ཞེས་པ་ལ་སོགས་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་མྱུར་དུ་ཐོབ་པར་ཤོག་ཅིག་པའོ། །བདེར་གཤེགས་ཡོན་ཏན་རྨད་པོ་ཆེ། །ཞེས་པ་དག་ཞིང་ཁམས་ཕྱོགས་ཀྱི་དོན་ཐོབ་པར་ཤོག་ཅིག་པའོ། །པདྨ་རིགས་ཀྱི་བྲོ་གར་བསྟན་པའི་ཕྱིར། །ཐབས་དང་ཤེས་རབ་ལྡན་གྱུར་ནས། །ནུབ་ཀྱི་ཕྱོགས་སུ་ཁ་བསྟན་ཏེ། །ཞེས་པ་ལ་སོགས་པ། པདྨ་རིགས་ཀྱི་བྲོ་གར་བྱ་བའི་ཐབས་ཀྱི་སྤྱོད་པ་སྤྲོས་བསྟན་པའོ། །ཆོས་རྣམས་མ་ལུས་ཀུན་བསྐྱོད་ཀྱང་། །ཞེས་པ་ལ་སོགས་པ། པདྨ་རིགས་ཀྱི་རྣལ་འབྱོར་ཐོབ་པར་གྱུར་ཅིག་པའི་གླུ་ཚིག་གོ། །ལས་དང་ཉོན་མོངས་ནུབ་གྱུར་པའོ། །ཞེས་པ་ལ་སོགས་པ། ཕྱོགས་ཀྱི་ཡོན་ཏན་གྲུབ་པར་གྱུར་ཅིག་པའོ། །བྱང་ཆུབ་སེམས་མེད་དཀྱིལ་འཁོར་ནི། །ཞེས་ལ་སོགས་པ། སོ་སོར་རྟོག་པའི་ཡེ་ཤེས་སྤྱོད་ཡུལ་དང་བྲལ་བ་གྲུབ་པར་གྱུར་ཅིག་པའོ། །སྒྱུ་འཕྲུལ་ཕྱི་མ་ལས་ནི་སྐུ་མདོག་དང་ཐུགས་རྗེ་དགའ་བ་ཚད་མེད་པའི་ཚིག་ཀྱང་གསུངས་ཏེ། ཆོས་རྣམས་མ་ལུས་ཐམས་ཅད་ལ། །སྤྱོད་ཅིང་ཆགས་པ་མེད་པའི་ཚུལ། །པདྨ་ར་ག་ཞེས་བརྗོད་པ། །ཐབས་དང་ཤེས་རབ་མྱུར་གྲུབ་ཤོག །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཆོས་རྣམས་པདྨའི་ཞིང་སྦྱོར་བའི། །དགའ་བ་ཆེན་པོ་ཆགས་བྲལ་བ། །ཐབས་དང་ཤེས་རབ་བདེ་གྲུབ་ཤོག །ཅེས་གསུངས་སོ། །ལས་ཀྱི་རིགས་ཀྱི་བྲོ་གར་བསྟན་པའི་ཕྱིར། །ཐབས་དང་ཤེས་རབ་ལྡན་གྱུར་པས། །བྱང་ཕྱོགས་སུ་ནི་ཁ་བསྟན་ནས། །ཞེས་པ་ལ་སོགས་པ་སྲོག་དང་མཛད་སྤྱོད་ཀྱིས་ཐབས་སོ། །ཡང་དག་རྟོགས་པའི་ཤེས་རབ་ཀྱིས། །ཞེས་པ་ལ་སོགས་པ། བྱང་ཕྱོགས་ཀྱི་ཡོན་ཏན་ཐོབ་པར་གྱུར་ཅིག་པའོ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ཞེས་པ་ལ་སོགས་པ། རིགས་འགྲུབ་པར་སྨོན་པའོ། །ཐམས་ཅད་མ་ལུས་རྫོགས་བྱེད་པ། །ཞེས་པ་ལ་སོགས་པ། སྐུ་མདོག་དག་གི་དོན་ཏོ། །ཐམས་ཅད་མ་ལུས་དོན་འགྲུབ་པ། །ཞེས་པ་ལ་སོགས་པ། བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་པར་སྨོན་པའོ། །སྡུག་བསྔལ་དྲ་བ་ཚར་བཅད་དེ། །ཞེས་པ་ལ་སོགས་པ། འཕྲིན་ལས་ཀྱིས་དོན་བྱེད་པ་ཐོབ་པར་སྨོན་པའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་བྲོ་གར་བསྟན་པའི་ཕྱིར། བདེར་གཤེགས་མ་ལུས་ཐམས་ཅད་ཀུན། །ཞེས་པ་བཞི། ཡེ་ཤེས་བཞི་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་གཅིག་པའི་ཕྱིར། རིགས་ཀྱི་རྩ་བར་སྟོན་པའོ། །ཐབས་ཆེན་དཀྱིལ་འཁོར་ཡང་དག་པ་ཞེས་པ་ལ་སོགས་པ། སྲོག་དང་མཛད་སྤྱོད་ཀྱིས་དོན་བྱ་ཞིང་། དབུས་སུ་བྲོ་བརྡུང་བའོ། །ཐམས་ཅད་མ་ལུས་རིགས་བཞི་ཡི། །ཞེས་པ་ལ་སོགས་པ། རིགས་ཀྱི་དོན་ཏོ། །རིགས་ལྔའི་དཀྱིལ་འཁོར་དབུས་བསྡུས་ཤིང་། །ཞེས་པ་ལ་སོགས་པ། དབུས་ཕྱོགས་ཀྱི་དོན་འགྲུབ་པར་སྨོན་པའོ། །དེ་བཞིན་རིགས་མཆོག་འཛིན་པ་ནི། །ཞེས་པ་ལ་སོགས་པ། ཁྱད་པར་གྱི་རིག་འཛིན་ཐོབ་པར་སྨོན་པའོ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཞེས་པ་ལ་སོགས་པ། ཐུགས་མཚན་འཁོར་ལོའི་དོན་འགྲུབ་པར་རོ། །འགྲོ་བ་མ་ལུས་ཐམས་ཅད་ལ། །ཞེས་པ་ལ་སོགས་པ། སྐུ་མདོག་གི་དོན་ཏོ། །སྐུ་ནི་སྣ་ཚོགས་ཅིར་ཡང་སྣང་། །ཐེག་ཆེན་རྣམས་ལ་མཉམ་པའི་ཚུལ། །ཞེས་པ་ལ་སོགས་པ། ཐེག་པ་མཆོག་གསང་སྔགས་ཀྱིས་འདུལ་བ་ལ། ངོ་བོ་ཉིད་ཀྱི་སྐུ་དང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བདེན་པ་གཉིས་མེད་ཀྱི་སྐུ་སྣང་བ་ལ་སོགས་པ་ལས་དག་མ་དག་ལ་འཚམ་པར་དོན་མཛད་པའི་འཕྲིན་ལས་གྲུབ་པར་སྨོན་པའི་གླུ་ཚིག་གོ། །ཆོས་དབྱིངས་དམ་པ་དག་མེད་པ། །ཞེས་པ་ལ་སོགས་པ། མཉམ་པའི་དབྱིངས་བདག་ཉིད་དང་བྲལ་བས་སྤྱོད་ཡུལ་མེད་པའི་ངང་དུ་ཐ་མི་དད་པས་ཐ་སྙད་མཐོན་དམན་དང་བྲལ་བའི་ཡེ་ཤེས་མིང་ལྔ་པ་འགྲུབ་པར་སྨོན་པའི་གླུ་ཚིག་གོ། །བདེར་གཤེགས་དཀྱིལ་འཁོར་དགུ་བསྐྱོད་ན། །ཞེས་པ་ལ་སོགས་པ། ཚོམ་བུ་སོ་སོ་འཕྲིན་ལས་གྲུབ་པར་སྨོན་པའི་གླུ་ཚིག་སྟེ། ཚོམ་བུ་བསྒོམས་གནས་ཀྱི་གྲལ་རིམ་གྱིས་གཞག་གི་ལས་ལ་ནུས་མཐུ་ཆེ་ཆུང་ཚོམ་བུ་ལ་ཡོད་པ་ནི་མ་ཡིན་ནོ། །ཐམས་ཅད་མ་ལུས་དེ་བཞིན་ཏེ། དེ་ནི་ཡང་དག་དམིགས་པ་མེད་ཞེས་པ་ལ་སོགས་པ། འཕྲིན་ལས་འཆད་དེ། དེ་ལྟར་གསལ་བས་ཅི་བྱས་ཅི་སྤྱད་པ་རིལ་འཕྲིན་ལས་སུ་མི་འགྱུར་བ་མེད་དེ། དེ་ཉིད་ཀྱང་རང་རིག་པའི་ཕྱིར་བྱས་འཛིན་མེད་པ་ལ། དངོས་གཞིའི་ཟིན་པ་དང་། ངོ་བོ་ཉིད་རྟག་པ་དང་། མཚན་ཉིད་དང་བྲལ་བ་དང་། སྤྱོད་ཡུལ་མེད་པས་ཕྱིན་ཅི་ལོག་བཞི་ལས་གྲོལ་བའི་བྲོ་གར་ཟིན་ཆགས་བྲལ་བས་དོན་བྱེད་པའི་ཡོན་ཏན་གྲུབ་པར་གྱུར་ཅིག་པར་བླང་བའོ། །ལོངས་སྤྱོད་པའི་ཡོན་ཏན་འགྲུབ་པར་བླང་བའི་ཚིག་བསྟན་པའི་ཕྱིར། རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས། །དེ་ལྟ་བུ་ཡི་ལོངས་སྤྱོད་ན། །ཞེས་པ་ལ་སོགས་པ། ཡོ་བྱད་ལྔ་ལ་ལོངས་སྤྱད་ན། སྤྱད་བྱ་སྤྱོད་བྱེད་སྤྱོད་པ་གསུམ་མ་དམིགས་པས། སངས་རྒྱས་སེམས་ཅན་རིལ་དང་རང་རིག་པར་བྱེ་བྲག་མི་ཕྱེད་པའི་ཕྱིར་མཆོད་སྦྱིན་རྣམ་གཉིས་འགྲུབ་པ་དང་། ལུས་མ་སྤངས་པར་རིགས་འཛིན་ས། །ཞེས་པ་གཉིས། འདི་ལྟར་སྤྱོད་པས་མཐར་ཕྱིན་པའི་ལམ་ཚོགས་ལ་སྦྱོར་བའི་ཡོན་ཏན་དང་། དེས་བསྣུར་ཞིང་བསྒྲུབས་པས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་འབྲས་བུ་མཐར་ཐུག་ཐོབ་ནས་ཐུན་མོང་མ་ཡིན་པའི་མཚན་དཔེ་དང་མངོན་ཤེས་དྲུག་རྫོགས་པའི་ཆོས་ཀྱི་རྒྱལ་པོ་དྲུག་པའི་སྐུ་བཅུ་གསུམ་པ་རྡོ་རྗེ་སེམས་དཔའ་མཚན་ཡོངས་སུ་རྫོགས་པའི་ས་འགྲུབ་པའི་ཡོན་ཏན་འགྲུབ་པའི་ཕྱིར། བླ་མེད་རྡོ་རྗེ་སེམས་དཔའི་ས། །ཞེས་པ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །ཞེས་པ་ལ་སོགས་པ། གལ་ཏེ་བརྩོན་པའང་འབྲིང་ལ་བར་ཆད་རྣམས་ཀྱི་དབང་དུ་གྱུར་ཀྱང་། འདི་ལྟར་སྤྱོད་པས་རྣམ་པར་སྨིན་པའི་རིགས་ཆེར་འགྲུབ། གལ་ཏེ་མ་གྲུབ་ན་ཡོན་ཏན་དགུ་གཉིས་ཐོབ་སྒྲ་ཇི་ལྟ་བས་འགྲེལ་ཏོ། །དེ་ལྟར་སྐྱེ་བ་ངན་པས་བར་མ་ཆོད་པར་གསང་སྔགས་སྤྱད་པའི་ཐ་མ་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་འགྲུབ་པའི་ཕྱིར། མཐར་ཕྱིན་སྐྱེ་ཤི་མེད་པའི་ས། །སངས་རྒྱས་ཡོན་ཏན་རིན་པོ་ཆེ། །ཞེས་པ་ལ་སོགས་པ། གདུལ་བྱའི་སྣང་བ་ལ་ཕྱོགས་བཅུར་རྒྱལ་བའི་ཞིང་སོ་སོར་བཀོད་པ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་ཞིང་། མནན་ན་ནེམ་པ་བཏེག་ན་འཕར་ཞིང་ཝོབ། རིན་པོ་ཆེ་དམིགས་མངས་རིས་སུ་སྦྲས་པ་ལ་སོགས་པ་ཀུན་ཏུ་རང་རིག་པ་ཉིད་སྣང་བའི་དངོས་གྲུབ་འཐོབ་བོ། །རྒྱུད་པ་འདི་བཤད་པའི་ཡོན་ཏན་བསྟན་པའི་ཕྱིར། རྣལ་འབྱོར་གང་ཞིག་འདི་འདྲའི་དོན། །ཞེས་པ་ལ་སོགས་པ། རྒྱུད་འདི་ལྟ་བུ་མ་ནོར་བར་གཞན་དག་ལ་སྟོན་པའི་དགེ་བའི་བཤེས་གཉེན་ནི། སྟོན་པ་མངོན་དུ་བྱུང་བ་ཉིད་ཡིན་པའི་ཕྱིར། ས་བ་ལས་ཀྱང་ཁྱད་པར་དུ་གྱུར་པ་ཡིན་པས་དེ་ལྟ་བུ་གྲུབ་པར་གྱུར་ཅིག་པའོ། །བླ་མེད་བྱང་ཆུབ་ཐོར་ཚུགས་ཅན། །མུ་སྟེགས་རླུང་གིས་ཚུགས་མི་འགྱུར། །ཐེག་མཆོག་རྡོ་རྗེ་དེ་ལྟ་བུ། །ཞེས་པ། གསང་བའི་སྙིང་པོའི་བསྟན་པ་སྒྲོ་སྐུར་བྲལ་བ་ནི་ཚད་མའི་ཚད་མར་གྱུར་པའི་ཕྱིར། རྒོལ་བ་ངན་པས་མི་ཚུགས་པས་བསྟན་པའོ། །དེའི་གྲུབ་པའི་ཡོན་ཏན་ནི། དཀྱིལ་འཁོར་མི་ཟད་འབྱུང་བའི་གཏེར། །ཡིད་བཞིན་ནོར་བུ་རིན་པོ་ཆེ་ཞེས་པ་ལ་སོགས་པ། བྲོ་གར་ལ་སྤྱད་པས་དཀྱིལ་འཁོར་ཀུན་གྱི་དངོས་གཞིར་གྱུར་པ་ནི། ཡོན་ཏན་འཕེལ་འགྲིབ་མེད་པའི་སྐུ་ནོར་བུ་རིན་པོ་ཆེ། མུན་སེལ་ལྟར་ཤིན་ཏུ་གསལ་ཞིང་། གཞོན་ཚུལ་ཅན་ཚེའི་རིགས་གྲུབ་ན། མཐར་འབྲས་བུ་ནི། སྐྱེ་ཤི་མེད་པའི་རྡོ་རྗེ་ཡི། །ཐམས་ཅད་འབྱུང་བའི་གཏེར་ཡིན་ཏེ། །ཞེས་པ་ལ་སོགས་པ་གསུངས་སོ། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །ཐམས་ཅད་ཀུན་ཀྱང་སྟོན་པ་པོ། །ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས། །སངས་རྒྱས་ཞིང་ལ་དབང་བྱེད་ཤོག །ཞེས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་ཅིག་པའོ། །དེ་རྟོགས་ཀུན་ཀྱང་རྡོ་རྗེའི་རིགས། སྐུ་གསུང་ཐུགས་ཀྱང་གྲུབ་པར་ཤོག་ཞེས་པ་བཤད་པ་ལྟར་རྒྱུད་འདི་དོན་མཐོང་བའི་རྣལ་འབྱོར་རིལ་ཕྱིར་མི་ལྡོག་པས་རིགས་ངེས་པའོ། །དེས་ན་བདག་གཞན་རིལ་གྱི་སྐུ་གསུང་ཐུགས་ཀྱི་དངོས་སུ་ཐོབ་པར་གྱུར་ཅིག་པའོ། །དེ་དག་རང་རིག་པ་ལྟར་གསལ་བ་ཐོབ་བས་སྤྱོད་པའི་ཕྱིར། འདི་དག་ཆེ་སྦུབས་ཀྱིས་ལུས་ལྟའི་ཆ་་བྱད་དུ་བསྒྱུར་བདག་ལས་ཁྱད་པར་དུ་གྱུར་པའོ། །རྣལ་འབྱོར་ཐབས་དང་ཤེས་རབ་ཏུ་ལྡན་པ་རྣམས་ཀྱིས། དུས་ཐམས་ཅད་དུ་འདོད་པའི་ཡོན་ཏན་ལྔ་ལ་སྤྱད་ཅིང་། གླུ་གར་དང་བྲོ་ཐབས་བྱའོ། །ཞེས་པ། གདམ་ངག་འཆད་དེ། མཐར་ཉེ་ལམ་པ་ཕོ་མོ་ཚོམ་བུ་ཇི་ལྟར་དམ་བཅའ་པ་ཀུན་གྱིས་ཚོགས་བསྒྲུབ་པའི་དུས་ཁྱད་པར་ཡོ་བྱད་ལྔ་ལ་རེ་མོས་སུ་སྤྱད་ཅིང་བྲོ་གར་དེ་ལྟར་འབད་དེ་ཡོན་ཏན་དེ་དག་ཡོད་པའི་ཕྱིར་རོ། །དེ་བས་ན་ཚིག་དེ་དག་ལ་གཞན་དོན་དུ་སྨོན་གྱི། བདག་ཉིད་ཀྱི་གྲུབ་པ་ལ་སོགས་ནས་ངོ་བོ་རྣམ་པར་ཆད་པས་བརྗོད་དུ་ཟད་པས་ཐུན་མོང་མ་ཡིན་པའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། བྲོ་གར་དང་རྩེ་འཇོའི་ལེའུ་སྟེ་ཞེས་པ། ལེའུ་མཚན་འགྲེལ་བའོ། །ལེའུ་སུམ་ཅུ་གསུམ་པའི་སྤྱན་རྣམ་པར་འགྲེལ་པའོ། །རྫོགས་སོ།། །།དགེའོ།།