Nitartha Digital Library
Tibetan
 
previousཔཎྜི་ཏ་བི་མ་ལས་མཛད་པའི་གསང་བ་སྙིང་པོའི་འགྲེལ་ཆུང་།next

པཎྜི་ཏ་བི་མ་ལས་མཛད་པའི་གསང་བ་སྙིང་པོའི་འགྲེལ་ཆུང་།

གུ ཧྱ ག རྦྷཾ སྟོ ཀ བྲྀ ཏྟི པི ཎྜཱ རྠ ཿ པ ཎྜི ཏ བི མ ལེ ན ཀྲྀ ཏྟཾ བི ཧ ར ཏི སྨ།
པཎྜི་ཏ་བི་མ་ལས་མཛད་པའི་གསང་བ་སྙིང་པོའི་འགྲེལ་ཆུང་བིཎྜཱརྠ་བཞུགས་སོ། །
བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མཉམ་ཉིད་དབྱིངས་སུ་བདུད་བཞི་ངང་གིས་བཅོམ། །ཕྱག་རྒྱའི་རང་བཞིན་གཉིས་མེད་རྫོགས་པར་ལྡན། ཡོད མེད་མཐའ་འདས་བདག་གཞན་ཡོངས་ཀྱི་དཔལ། །ཐམས་ཅད་རང་བཞིན་རྟོགས་དང་ཐུགས་རྗེ་བཟང་། །ཀུན་བཟང་ལྷ་ཡི་ལྷ་ཁྱོད་དབྱེར་མེད་ལ། །རྟོགས་དང་གྲུབ་པས་རབ་ཏུ་ཕྱག་འཚལ་ལོ། །གང་ཞིག་སྒྱུ་འཕྲུལ་དྲ་བའི་རྒྱུད་འདི་ཉིད། །དོན་རྟོགས་གསལ་བར་བྱ་ཕྱིར་བདག་གིས་ནི། །དོན་བསྡུས་རབ་ཏུ་དབྱེ་བས་འདི་བརྩོམས་པས། །དངོས་གྲུབ་མཆོག་གཉིས་ཐོབ་པར་བྱ་ཕྱིར་བཤད། །གང་གིས་རྒྱུད་འདི་རྟོགས་དཀའ་བས། །བདེ་བླག་ཏུ་ནི་རྟོགས་པར་འགྱུར། །འདི་ཡི་རང་བཞིན་ཆེ་བ་དང་། །མཚན་ཉིད་དང་ནི་དོན་བསྟན་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཆེན་ཉིད། །མདོར་བསྡུས་གཏན་ལ་ཕབ་པ་ཡིན། །རང་བཞིན་གསང་བ་ཞེས་བྱ་སྟེ། །ཆེ་བ་ཞེས་ནི་སྙིང་པོའི་དོན། །དེ་ཁོ་ན་ཉིད་མཚན་ཉིད་དོ། །ངེས་པས་ངེས་དོན་མདོར་བསྟན་པ། །དེ་ལྟར་རྣམ་པ་བཞི་པོ་རུ། །མདོ་བསྡུས་སྤྱི་ཡི་དོན་དུ་བཤད། །རང་བཞིན་གབ་དང་སྦས་པ་དང་། བསྟན་མིན་ཞེས་བྱའི་རང་བཞིན་ནི། །མཉམ་པ་ཉིད་དང་དགོངས་པའི་དོན། །མཛད་སྤྱོད་གསང་བའི་ཐེག་པ་ཉིད། །རྣམ་བཞི་གསང་བ་ཞེས་པའི་མཚན། །སྡེ་སྣོད་རྒྱུད་ཀུན་འབྱུང་ཕྱིར་དང་། །བསྟན་ལ་འབེབས་དང་ཁྱད་པར་ཆེ། །སྟོན་པ་འཁོར་དང་གནས་དུས་སོགས། །མཆོག་ཏུ་གྱུར་པས་ཆེ་བ་བཤད། །རྒྱུ་དང་འབྲས་བུ་དབྱེར་མེད་པ། །དོན་དམ་ཀུན་རྫོབ་གཉིས་མེད་ནི། །མཚན་ཉིད་ཅེས་བྱ་རྣམས་པ་གསུམ། །ལུང་དང་མན་ངག་ངེས་པ་ཡང་། །ངེས་པའི་དབྱིངས་ནས་ཕྱུང་བས་ན། །ངེས་དོན་དོན་ནི་བསྟན་པ་ཡིན། །ངེས་དོན་སྤྱི་ཡི་མཚན་ཉིད་ནི། །སོ་སོ་རྣམ་གྲངས་དོན་རྣམས་ཀྱི། །སྔོན་དུ་འགྲོ་བའི་བདག་ཉིད་པས། །མིང་ཉིད་ཐོག་མར་སྨོས་པ་གཅེས། །རྒྱུ་དང་རྐྱེན་དང་གཞུང་ཉིད་དང་། །འགྲོ་བའི་དོན་དུ་སྣང་བའི་ཕྱིར། །གླེང་གཞི་དང་ནི་གླེང་བསླངས་ཏེ། །དོན་དང་ཡོངས་སུ་གཟུང་བ་དང་། །རྣམ་པ་བཞིས་ནི་བསྡུས་པ་ཡིན། །གླེང་གཞི་རྣམ་པ་ལྔར་བཤད་དེ། །གང་ཚེ་གང་གིས་གང་དུ་བཤད། །གང་ལ་གང་གིས་བསྡུས་པ་སྟེ། །འབྱུང་བ་དུས་དང་སྟོན་པ་དང་། །གནས་དང་འཁོར་དུ་སྡུད་པའོ། །སྒྲོ་དང་སྐུར་པ་ཞི་བས་ན། །འདི་ལས་ཞེས་སུ་བཤད་པ་ཡིན། །སྐུ་གསུང་ཐུགས་ཀྱིས་བཤད་པས་ན། །མ་རྟོགས་སྐྱོན་དང་གསུང་ཐོས་སྐྱོན། །བཤད་ཅེས་པས་ནི་སྤངས་པ་ཡིན། །བླ་མེད་འཁོར་ལོ་བསྐོར་བའི་ཚེ། །དེ་ཚེ་དུས་ཞེས་བྱ་བར་གྲགས། །སྟོན་པ་ཞེས་བྱའི་མཚན་ཉིད་ནི། །རང་བཞིན་དང་ནི་མཛད་སྤྱོད་དང་། །རྣལ་འབྱོར་རྣམ་གཉིས་དོན་ལ་སྣང་། །བྱང་ཆུབ་ཆེན་པོའི་རང་བཞིན་དང་། །ཆོས་རྣམས་རོལ་པར་ལོངས་སྤྱོད་དང་། །ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཆོས་སོ་ཅོག་དང་དབྱེར་མེད་པ། །སྟོན་པའི་རང་བཞིན་རྣམ་པ་བཞིན། །དོན་དམ་ཆོས་ཀྱི་སྐུ་ཡི་མཚན། །མཛད་སྤྱོད་གཟུགས་སྐུ་རྣམ་གཉིས་ཏེ། །ལོངས་སྤྱོད་རྫོགས་དང་སྤྲུལ་སྐུའོ། །ལོངས་སྤྱོད་སྔགས་ཀྱི་བདག་པོའི་ཚུལ། །རྒྱལ་པོ་རྒྱལ་མོ་ཡང་དག་ལྡན། །སྤྲུལ་པ་རྡུལ་སྙེད་ཐུབ་པ་དང་། །ཁྲོ་རྒྱལ་སོགས་ཏེ་གྲངས་མེད་ཡིན། །བདག་པོ་སྐུ་ཡི་མཚན་ཉིད་དང་། །ཞལ་དང་མཚན་དང་དཔེ་བྱད་དང་། །བསམ་འདས་ཞབས་དང་ཕྱག་ཕྱག་མཚན། །དབུ་དང་སྐུ་དང་ཁ་དོག་དང་། །རྒྱལ་མོའི་ཚོགས་དང་བཞུགས་པའི་དཔེ། །བཅུ་དང་གསུམ་གྱིས་རྫོགས་པར་རོལ། །ཡེ་ཤེས་ཕྱི་ནང་མེད་པ་དང་། །ཐམས་ཅད་མཉམ་པར་དགོངས་པ་དང་། །སེམས་དཔའ་སེམས་མར་ལྡན་པ་དང་། །བཅུ་དྲུག་རྒྱས་བཏབ་དཔེ་བྱད་དང་། །ལུས་དང་ངག་སེམས་ཅིས་འདུལ་བར། །དེ་སྙེད་སྐུ་གསུམ་སྣང་བ་དང་། །ཐབས་དང་ཤེས་རབ་སྣང་བ་དང་། །ཡེ་ཤེས་དྲུག་དང་ཕྱག་རྒྱ་དྲུག །རྣམ་ཐར་སྐུ་གསུམ་བསམ་ཡས་དང་། །ཕུང་པོ་ལྔ་པོའི་ངོ་བོ་ཉིད། །རྒྱལ་བ་ལྔ་རུ་རྫོགས་སངས་རྒྱས། །ཀུན་ཀྱང་ཁ་དོག་ལྔ་པ་སྟེ། །ཉི་ཤུ་རྩ་ལྔ་རིན་ཆེན་མདོག །སྣང་སྲ་མཉེན་དྲོ་བསྐྱོད་དང་ལྔ། །དབྱིངས་ཀྱི་ངོ་བོ་རྒྱལ་མོ་སྟེ། །དེ་བཞིན་ཀྲོ་ཏི་རྣམ་ལྔ་ཡིན། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པ། །སྟོན་པའི་མཛད་སྤྱོད་རོལ་མོ་ཡིས། །ཏིལ་གྱི་གང་བུ་བཞིན་དུ་ཁྱབ། །སྟོན་པའི་ཁྱད་པར་ཡིན་པར་གྲགས། །གནས་ནི་རྣམ་པ་གསུམ་དུ་གྲགས། །ཆོས་ཀྱི་དབྱིངས་དང་གཞལ་ཡས་ཁང་། །བ་ག་ཆོས་འབྱུང་ཞེས་སུ་བྱ། །མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས། །དེ་ནི་གནས་ཀྱི་བླ་མར་འདོད། །གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད་གདན་གྱི་རྣམ་པ་སྟེ། །བཅུ་གཅིག་དག་གིས་རྣམ་པར་དབྱེའོ། །གཞི་ཡང་ཚད་མེད་འཁོར་ལོ་སྟེ། །ཡེ་ཤེས་ལྔ་ཡི་རང་བཞིན་ཡིན། །ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་པས། །རིན་ཆེན་ལས་བྱས་གཞལ་ཡས་ཁང་། །ཆེ་ཆུང་ཡོངས་སུ་མ་བྱས་པ། །ཆོས་དབྱིངས་མཐའ་ལ་ཁྱབ་པར་སྣང་། །རྒྱས་པར་རྒྱས་ཕྱིར་གྲུ་བཞི་པའོ། །ཀུན་ལས་སྒྲགས་པའི་གཟུགས་བཞི་དང་། །ཡེ་ཤེས་བཞི་ཡི་ངོ་བོ་ཉིད། །གཅིག་ལའང་ཡེ་ཤེས་ཀུན་གནས་དང་། །གཞལ་ཡས་མཛེས་པར་བྱ་བའི་ཕྱིར། །གློ་འབུར་བཞི་ཡང་མཁར་ཐབས་ཚུལ། །བུམ་པ་རྩེ་མོ་ཆོས་ཀྱི་ཏོག །ཆོས་ཀྱི་དབྱིངས་སུ་ཀུན་ནས་གནས། །གློ་འབུར་ལྔ་ཡི་རྒྱན་རྣམས་ཀྱང་། །དབྱིབས་དང་ཁ་དོག་བྱེ་བྲག་དག །རིགས་ཀྱི་ཁྱད་པར་གྱིས་ནི་དབྱེ། །གནས་མཆོག་ཉིད་ཀྱི་རྒྱན་མཆོག་ཀྱང་། །གཟུགས་སྒྲ་དྲི་རོ་རེག་གི་རྣམས། །རིགས་ཀྱི་ཁྱད་པར་གྱིས་ནི་བརྟག །སོ་སོར་མ་བསྒྲིབས་ངང་གིས་གསལ། །བར་ཆད་མེད་པར་ཕྱོགས་བཅུར་འཁྲིགས། །སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་ཁྱུད་ཅན། །ཉན་ཐོས་རང་རྒྱལ་བྱང་ཆུབ་དང་། །བྱ་བའི་རྒྱུད་དང་གཉིས་ཀའི་རྒྱུད། །རྣལ་འབྱོར་བསྐྱེད་དང་རྫོགས་པ་ཡི། །རྣམ་ཐར་བརྒྱད་ཕྱིར་རྟ་བབས་བརྒྱད། །གནས་མཆོག་མཚན་ཉིད་བརྗོད་པ་ནི། །གཞལ་ཡས་ཕྱི་དང་ཆོས་དབྱིངས་ནང་། །བ་ག་ཉིད་དུ་བསྡུས་པས་ན། །ཀུན་ཏུ་ནང་ཞེས་བཤད་པ་ཡིན། །དེ་ན་གནས་པའི་གདན་མཆོག་ཀྱང་། །སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ལྔ་བརྩེགས་ཉི་ཤུ་རྩ་ལྔ་ལྡན། །རྒྱལ་པོ་རྒྱལ་མོའི་གདན་མཆོག་ལ། །མི་འཇིགས་བཞི་དང་སྟོབས་བཅུ་དང་། །རྫུ་འཕྲུལ་བཞི་དང་དབང་རྣམ་བཅུ། །ཐོགས་མེད་ཕྲིན་ལས་རྣམ་བཞིའོ། །ཐབས་དང་ཤེས་རབ་འོད་གསལ་འབར། །སྐྱོན་གྱིས་མ་གོས་ཟད་མི་ཤེས། །མངོན་སངས་རྒྱས་དང་ཟག་པ་ཟད། །བར་མི་ཆོད་དང་ངེས་པར་འབྱུང་། །འཇིག་རྟེན་འཇིག་རྟེན་འདས་བཅས་པ། །འཇིགས་མེད་པ་ཡིས་སེམས་ཀྱིས་སུ། །ཆོས་ཀྱི་འཁོར་ལོར་རབ་ཏུ་བསྐོར། །གནས་དང་གནས་མིན་ཡང་དག་མཁྱེན། །དུས་གསུམ་ལས་འདས་རྣམ་སྨིན་མཁྱེན། །ཁམས་གསུམ་སྣ་ཚོགས་མཁྱེན་པ་དང་། །ཆ་རོལ་མོས་པ་མཁྱེན་པའི་སྟོབས། །དབང་པོ་མཆོག་དང་མཆོག་མིན་མཁྱེན། །ཀུན་ཏུ་འགྲོ་ལམ་མཁྱེན་པའི་སྟོབས། །བསམ་གཏན་ཐར་དང་ཉོན་མོངས་མཁྱེན། །སྔོན་གྱི་གནས་མཁྱེན་སྟོབས་དང་ནི། །སྐྱེ་དང་འཆི་འཕོ་མཁྱེན་པ་དང་། །ཟག་པ་ཟད་མེད་སེམས་གྲོལ་མཁྱེན། །དེ་བཅུ་སྟོབས་བཅུར་གྱུར་པས་ན། །འབྲས་བུ་མངོན་ཤེས་དྲུག་ཡིན་ནོ། །འདུན་དང་བརྩོན་འགྲུས་སེམས་དང་ནི། །དཔྱོད་པའི་ཏིང་འཛིན་སྤོང་བ་ཡི། །འདུ་བྱེད་རྣམས་ཏེ་རྐང་པ་བཞི། །ཡེ་ཤེས་བཞི་གྲུབ་འབྲས་བུ་སྟེ། །ཆོས་དབྱིངས་ཡེ་ཤེས་ཀུན་ལ་ཁྱབ། །ཡོ་བྱད་སྐྱེ་བ་ཚེ་ལ་དབང་། །ཡེ་ཤེས་ཆོས་དང་སེམས་དང་ལས། །རྫུ་འཕྲུལ་སྨོན་ལམ་མོས་རྣམས་ཀྱིས། །ཁམས་ཀུན་གྱི་ནི་དབང་ཕྱུག་རྒྱལ། །ཞི་རྒྱས་དབང་དྲག་ལས་རྣམས་ཀྱིས། །ཐོགས་མེད་ལས་རྣམས་ལྷུན་གྱིས་གྲུབ། །ཅི་ལ་ཐོགས་པ་མེད་པར་སྤྱོད། །གནས་མཆོག་ཁྱད་པར་དེ་ཉིད་ཀྱང་། །དབྱིངས་ཕྱུག་བ་གར་བསྟན་པ་ཡིན། །འཁོར་རྣམས་བཀོད་པ་ཇི་སྙེད་པ། །ཁམས་དང་སྐྱེ་མཆེད་ཡིན་པར་གྲགས། །རྣམ་ཤེས་ཡུལ་དང་དབང་པོ་དང་། །དུས་དང་ཕྱིན་ཅི་མ་ལོག་རྣམས། །བྱང་ཆུབ་ཆེན་པོའི་རང་བཞིན་དུ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན། །མཐོང་དང་ཐོས་དང་སྣོམ་དང་མྱོང་། །རྣམ་ཤེས་བཞི་པོ་སེམས་དཔར་ཤར། །མཐོང་བྱ་ཐོས་བྱ་སྣམ་བྱ་དང་། །མྱང་བྱ་འདོད་པའི་ལྷ་མོ་རྣམས། །རྣམ་ཤེས་བཞི་དང་དབྱེར་མེད་པར། །མཛེས་པའི་གློ་འབུར་བཞི་པོ་ལ། །ཉི་ཟླ་པདྨ་རིན་ཆེན་གདན། །མཐོང་བྱེད་ཐོས་བྱེད་སྣོམ་བྱེད་དང་། །མྱོང་བྱེད་དབང་པོའི་སེམས་དཔའ་དང་། །འདས་དང་ད་ལྟར་འབྱུང་འོངས་དང་། །འབྱུང་བར་མ་ངེས་ལྷ་མོ་བཞི། །དབྱེར་མེད་ཚུལ་དུ་གྲལ་བཞིར་གནས། །རེག་པ་རེག་བྱེད་རེག་བྱ་དང་། །ཡིད་ཀྱི་ཁམས་ཏེ་འཇམ་བྱེད་དང་། །རྟག་ཆད་བདག་ཏུ་མ་ཡིན་དང་། །མཚན་མ་མ་ཡིན་འཇམ་པ་རྣམས། །སྒོ་བཞི་ཕྱོགས་སུ་དེ་བཞིན་གནས། །ཀུན་བཟང་ཡིད་ཀྱི་རྣམ་ཤེས་དང་། །ཆོས་ནི་བྱ་བ་ཀུན་ཏུ་བཟང་། །མདུན་དང་རྒྱབ་ཏུ་རྣམ་པར་གནས། །དེ་ཉིད་སྡུད་པ་ཕུན་སུམ་ཚོགས། །བསྡུ་བྱའི་ཡུལ་ནི་ཆོས་ཡིན་ཏེ། །བྱེད་པ་པོ་ནི་ཀུན་ཏུ་བཟང་། །ཐུགས་ཀྱི་ཐུགས་ཏེ་ཐུགས་ཡིན་ནོ། །སྲིད་གསུམ་འགྲོ་བ་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དག །བརྗོད་མེད་བརྗོད་ཀྱིས་མི་ལུངས་པ། །དེ་སྙེད་འཁོར་ལོའི་དཀྱིལ་འཁོར་དུ། །མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །གཉིས་མེད་ལྷུན་གྲུབ་དཀྱིལ་འཁོར་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །བདེ་བས་སྟོན་པ་བདེར་གཤེགས་རྣམས། །བཙུན་མོའི་ཚོགས་དང་གཉིས་མེད་པའི། །གསང་བ་མཆོག་གི་དཀྱིལ་འཁོར་རྣམས། །རྒྱུད་འདི་ཉིད་ཀྱི་མདོ་དོན་ཏེ། །དཀྱིལ་འཁོར་ཀུན་གྱི་གསང་བ་འདི། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐུགས། །རྡོ་རྗེ་ལས་ནི་ངེས་པར་ཕྱུང་། །ངོ་མཚར་དཀྱིལ་འཁོར་བརྗོད་པའི་ཚིག །ཨེ་ཞེས་བྱ་བ་དམ་པའི་དོན། །ཨེ་མ་ཞེས་བྱ་རབ་ཏུ་ངམ། །ཨེ་མ་ཧོ་ཞེས་བྱ་བ་ཤིན་ཏུ་ངམ། །དཀྱིལ་འཁོར་རྣམ་པ་བཅུ་གཉིས་ཏེ། །དེ་བཞིན་ཉིད་དང་རང་བཞིན་དང་། །ཐུགས་རྗེས་འདུལ་བའི་དཀྱིལ་འཁོར་དང་། །ཏིང་ངེ་འཛིན་དང་གཟུགས་བརྙན་དང་། །ལྷག་པ་ཏིང་འཛིན་གཟུགས་བརྙན་དང་། །བྱང་ཆུབ་སེམས་དང་ལྷག་བྱང་སེམས། །ཚོགས་དང་ལྷུན་གྲུབ་དཀྱིལ་འཁོར་རོ། །ཆོས་ཀྱི་དབྱིངས་ཉིད་དེ་བཞིན་ཉིད། །ཡེ་ཤེས་ཀྱིས་ནི་དབང་བསྒྱུར་བ། །རང་བཞིན་ཐབས་ཀྱི་དཀྱིལ་འཁོར་ཉིད། །ཐུགས་རྗེ་འབྱུང་བ་ཐུགས་རྗེའོ། །དེ་ཉིད་ཐུགས་རྗེས་འདུལ་བའི་ངང་། །རང་སྣང་དབྱེར་མེད་དཀྱིལ་འཁོར་དུ། །ཏིང་ངེ་འཛིན་གྱི་རྣམ་པར་བསྒོམ། །རྟེན་འབྱུང་མཚོན་པར་བྱེད་པས་ན། །གཟུགས་བརྙན་སྒྱུ་མའི་དཀྱིལ་འཁོར་ནི། །སྒྱུ་མ་ཡིན་ཞེས་རྒྱལ་བས་གསུངས། །མཁའ་དབྱིངས་གསལ་བར་རྣམ་སྦྱང་བས། །དེ་ཡང་རང་སྣང་ཞེས་སུ་བཤད། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །དེ་ཉིད་མཚོན་པའི་ཐབས་ཚུལ་དུ། །ས་ལ་སོགས་པ་ཕྱག་རྒྱ་བྱས། །ལྷག་པའི་གཟུགས་བརྙན་ཡིན་པར་གྲགས། །ངེས་པའི་དོན་གྱི་བྱང་ཆུབ་སེམས། །ཏིལ་འབྲུ་བཞིན་ནི་ཀུན་ལ་ཁྱབ། །ཨ་ཡི་བོ་དེ་རབ་ཏུ་བསྡུས། །བྱང་ཆུབ་རྡོ་རྗེ་དྲི་ལས་བྱུང་། །ལྷག་པ་ཡིད་བཞིན་རིན་པོ་ཆེ། །སྐུ་གསུང་ཐུགས་ནི་མི་ཟད་པ། །གཏེར་ལྡན་རྒྱན་གྱི་འཁོར་ལོ་ཉིད། །ཚོགས་ཆེན་རྫོགས་པ་ཞེས་སུ་བཤད། །ཆོས་སྐུ་རྡོ་རྗེ་མཆོག་ཉིད་དེ། །མ་བཅོས་ལྷུན་གྲུབ་བདག་ཉིད་དོ། །མཉམ་ཉིད་དབྱིངས་ཀྱི་དེ་བཞིན་ཉིད། །མཎྜ་ཞེས་བྱ་བ་སྙིང་པོའི་དོན། །ཌལ་ཞེས་བྱ་བ་ལན་པའོ། །ཡུལ་དང་དབང་པོ་ཡིན་པར་དགོངས། །སྤྱོད་ཡུལ་ཀུན་ཏུ་མཎྜ་ལ། །རྡོ་རྗེ་གསང་བས་གསུངས་པ་དང་། །བརྗོད་དཀའ་དེ་ཉིད་བརྗོད་པས་ན། །རྡོ་རྗེ་གསང་བའི་ཚིག་ཏུའོ། །བརྗོད་དུ་མེད་པའི་ངོ་བོ་ཉིད། །ཚིག་ཏུ་བརྗོད་པ་མ་ཡིན་ཡང་། །མཛུབ་མོ་སྒྲོན་མེ་ཟླ་བ་གསེར། །དོན་མཚན་ཚིག་ནི་དོན་དང་འདྲ། །དོན་ནི་མི་རྟོགས་མེད་མིན་པའོ། །དབུལ་པོའི་གཏེར་དང་གྱད་ནོར་འདྲ། །ཚིག་ནི་མེ་ལོང་སྒྲོན་མེའི་ཚུལ། །འགྲོ་བའི་དོན་ལ་བརྗོད་པར་བཤད། །དེས་ན་བདེ་གཤེགས་རྒྱལ་བ་རྣམས། །ཉིད་ལ་ཉིད་ཀྱིས་གསུང་མོད་ཀྱི། །འགྲོ་ལ་ཕན་པའི་དོན་གྱི་ཕྱིིར། །བརྗོད་པ་ཉིད་དུ་རྒྱལ་བས་གསུངས། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་སྟོན་པ་རྒྱལ་མཆོག་གིས། །དཀྱིལ་འཁོར་མདོ་ཡི་དོན་གླིང་བ། །དེ་ཉིད་དོན་འདི་བསྡུས་འདོད་ནས། །ཡབ་ཡུམ་གཉིས་པོ་གླེང་བ་ཡིན། །ཡབ་ཀྱིས་ཡེ་ཤེས་དོན་གླེང་བ། །གང་གིས་ཇི་ལྟར་གང་གླེང་དང་། །གླེངས་པའི་འབྲས་བུ་ཉིད་དང་བཞི། །ཐམས་ཅད་ཀུན་གྱི་བྱེད་པ་པོ། །ཀུན་བཟང་ཡིད་ཉིད་རྡོ་རྗེ་སྟེ། །ཡེ་ཤེས་རྡོ་རྗེ་འདུས་པའི་ཚུལ། །རང་རིག་དབྱིངས་ལ་འཇུག་གྱུར་ཏེ། །སྲིད་དང་རྣམ་གྲོལ་ཐམས་ཅད་ཀུན། །ཐིག་ལེའི་ཚུལ་དུ་དབྱེར་མེད་པས། །སྟོན་པ་རྡོ་རྗེ་བདེ་གཤེགས་ལ། །ཀུན་བཟང་བདེ་བར་གཤེགས་ཉིད་ཀྱིས། །འགྲོ་བའི་ཆེད་དུ་འདི་སྐད་བརྗོད། །རང་རིག་འཁོར་ལོའི་དཀྱིལ་འཁོར་ལ། །ངོ་མཚར་གྱི་ནི་ཚིག་བརྗོད་དེ། །སྲིད་ན་རྣམ་གྲོལ་ཐམས་ཅད་ཀྱི། །ཕུང་པོའི་ཡན་ལག་རྣམ་པ་ལྔ། །ཆོས་སྐུ་རྡོ་རྗེ་ཡིན་པའི་ཕྱིར། །རྒྱལ་པོ་ལྔ་རུ་རྣམ་པར་གྲགས། །འགྲོ་བའི་འགྲོ་བ་ཐམས་ཅད་ཀྱི། །ཁམས་དང་སྐྱེ་མཆེད་རྣམ་པ་ཀུན། །སེམས་དཔའ་སེམས་མའི་དཀྱིལ་འཁོར་ཡིན། །ཁམས་ལྔ་དབྱིངས་ཕྱུག་རྒྱལ་མོ་ལྔ། །མདོར་ན་སྲིད་གསུམ་ཐམས་ཅད་ཀུན། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །འདི་སྐད་ཚིག་ཏུ་གླེང་བའི་ཚེ། །རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་རྣམས། །འགྲོ་བའི་ཆེད་དུ་མཉེས་གྱུར་ནས། །ཡུམ་གྱིས་དབྱིངས་ཀྱི་དོན་གླེང་བ། །གང་གིས་ཇི་ལྟར་ཇི་སྐད་གླེང་། །གླེངས་པའི་འབྲས་བུ་ཉིད་དང་བཞི། །བྱ་བ་མོ་ནི་ཀུན་ཏུ་བཟང་། །ཡེ་ཤེས་ལ་ནི་དབྱིངས་ཕྱུག་འགྱུར། །འགྲོ་བའི་ཆེད་དུ་གླེང་བ་ནི། །སྟོང་གསུམ་རྡུལ་སྙེད་ཕྱོགས་བཅུ་ཀུན། །དངོས་པོར་མ་གྲུབ་ཡེ་ནས་དབེན། །སྲིད་གསུམ་འགྲོ་བའི་གནས་ཉིད་ལས། །ཞིང་ཁམས་དག་ལས་གུད་ན་མེད། །ཉོན་མོངས་དུས་ཚེ་ལྟ་བ་སེམས་ཅན་ཉིད། །སྙིགས་མ་ལྔ་པོ་འགྲོ་བའི་སྡུག་བསྔལ་ཏེ། །བདེ་ཆེན་གནས་ཉིད་ལ་ནི་གཞན་མ་ཡིན། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ལས། །བདེ་གཤེགས་གུད་ན་ཡོད་མ་ཡིན། །དེ་བས་ཐམས་ཅད་སྙིང་པོའི་མཆོག །གཞན་དུ་སངས་རྒྱས་བཙལ་མ་ཡིན། །དེ་སྐད་ཚིག་ཏུ་གླེང་བའི་ཚེ། །བདེ་ཆེན་དབྱིངས་སུ་སངས་རྒྱས་པར། །སྟོན་པ་རྒྱལ་མཆོག་ཉིད་ཀྱིས་མཁྱེན། །དེ་ནས་རྒྱལ་པོ་མངོན་སངས་རྒྱས། །བཙུན་མོའི་ཚོགས་དང་གཉིས་མེད་པས། །རྣམ་གཉིས་གླད་དོན་ཐུགས་ཆུད་དེ། །གཞུང་དོན་རྣམ་པར་བཤད་པ་མཛད། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །རྟོག་སྤྱོད་རྣམ་པ་ཉི་ཤུ་ཡིས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །ཐོག་མར་འགྲོ་བའི་ལམ་མཆོག་ཡིན། །བྱང་ཆུབ་མཆོག་ལྡན་རྣལ་འབྱོར་དེས། །ཆོས་ཀུན་ངེས་དོན་གཏན་ལ་ཕབ། །ངེས་པའི་དོན་ཉིད་རྟོགས་པའི་ཚེ། །མིང་ཙམ་སྣང་བའི་ཆོས་རྣམས་ཀུན། །ཡི་གེ་འཁོར་ལོ་མངོན་སངས་རྒྱས། །མངོན་རྫོགས་ཡི་གེ་དེ་ཉིད་ལས། །ཏིང་འཛིན་རོལ་མོ་མཐའ་ཡས་འཕྲོས༥། །སྤྲོས་ཉིད་དཀྱིལ་འཁོར་བསམ་ཡས་གསལ༦། །གསལ་བྱེད་སྔགས་ཀྱི་ཡི་གེ་བརྗོད༧། །དེ་ཉིད་ཐུགས་རྟགས་ཕྱག་རྒྱས་གསལ༨། །མ་མཐོང་རྨོངས་ལ་བསྟན་པའི་ཕྱིར། །འབྲི་དང་རྡུལ་ཚོན་ཚོམ་བུ་བཅས༩། །དཀྱིལ་འཁོར་དག་ལ་བརྟེན་པའི་མི། །དབང་མཆོག་སྦྱིན་པ་མཆོག་ཡིན་ནོ༡༠། །དབང་མཆོག་རྫོགས་ནས་ཚོགས་ལ་འཇུག༡༡། །ཚོགས་སྒྲུབ་ཡོན་ཏན་བསམ་མི་ཁྱབ༡༢། །ཚོགས་མཆོག་རྒྱ་ཆེར་སྤེལ་བ་ཡང་། །མན་ངག་སྙིང་པོ་ཅན་གྱི་བྱ༡༣། །ཚོགས་དུས་བསྟོད་པ་གླུ་ཡིས་བྱ༡༤། །གལ་ཏེ་ཞི་བས་མི་འདུལ་ན། །རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་སྤྲོ༡༥། །ཁྲོས་པའི་སྔགས་ཀྱིས་སྐུར་སྟོན་ནས༡༦། །དཀྱིལ་འཁོར་ཉིད་དུ་བཀོད་པར་བྱ༡༧། །དེ་ཉིད་ལ་ནི་མཆོད་པ་འབུལ༡༨། །ཞི་ཁྲོ་རབ་འབྱམས་མཆོད་པའི་ཚེ། །སྡོམ་ལ་གནས་པ་ཤིན་ཏུ་གཅེས༡༩། །དམ་ཚིག་ལྡན་པའི་སྐྱེས་བུ་དེས། །རྣམ་བཞི་ལས་ཀྱིས་གཞན་དོན་བྱ༢༠། །ཁྲོས་པའི་གླུ་ཡིས་བསྟོད་པ་བྱ༢༡། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས། །རྣམ་པ་གཉིས་སུ་སྟོན་པས་གསུངས་། །རྨད་དུ་བྱུང་བའི་བྱང་ཆུབ་སེམས། །སངས་རྒྱས་ཀུན་གྱིས་གསང་བའི་ཐུགས། །ཡེ་ཤེས་ལྔ་ཡི་རང་བཞིན་ནི། །སྐྱེ་འགག་གནས་དམིགས་འགྲོ་འོང་རྣམས། །དོན་དམ་མེད་ལས་ཀུན་སྒྲིབ་ཡོད། །དོན་དམ་ཀུན་སྒྲིབ་དབྱེར་མེད་དོན། །དམ་པའི་དོན་དུ་བདེ་གཤེགས་གསུངས། །བརྗོད་མེད་དེ་ཉིད་བརྗོད་པའི་ཚེ། །ཉིད་ཀྱི་གཙོ་གཟུངས་འཁོར་ལོར་མཉེས། །དོན་མ་རྟོགས་དང་སྙིང་རྗེ་དང་། །དོན་མཛད་ཀུན་རྫོབ་རྣམ་པ་གསུམ། །རྒྱལ་པོ་རྒྱལ་མོ་འཁོར་བཅས་པས། །རྟོགས་དཀའི་གསང་བ་རྣམ་བཞིར་བརྗོད། །ཡིད་ལ་རྟོགས་དཀའི་གསང་བ་དང་། །སྣ་ཚོགས་ཆོས་རྣམས་ཐམས་ཅད་ཀྱི། །རང་ནི་དེ་ཉིད་གསང་བ་དང་། །རང་རང་ཆོས་ཀྱི་ངོ་བོ་ཉིད། །མཚན་ཉིད་སོ་སོ་རྟོགས་པ་གསང་། །སྣོད་མིན་གཞན་ལ་མི་བསྟན་གསང་། །མ་རྟོགས་དོན་ཉིད་བརྗོད་པ་ཡིན། །ཆོས་ཀུན་རང་བཞིན་སངས་རྒྱས་ཀྱང་། །དེ་ཉིད་མ་རྟོགས་འཁྲུལ་འཁོར་ཁྱབ། །ཞེན་པ་བཟློག་ཕྱིར་སྙིང་རྗེ་བསྐྱེད། །རང་བཞིན་གསང་བ་བསྟན་པའི་ཕྱིར། །ཆོས་སྒོ་བསམ་ཡས་སྤྲོས་པ་མཛད། །རང་བཞིན་མེད་པའི་ཆོས་ཉིད་ལས། །འགྲོ་བ་འཁྲུལ་འཁོར་སྣང་བ་ཡང་། །བདག་འཛིན་ཙམ་ལས་མ་གཏོགས་པ། །འཁྲུལ་འཁོར་དངོས་ཉིད་ག་ལ་ཡོད། །དཔེར་ན་ནམ་མཁའི་མདུད་མདོར་འདྲ། །བདག་འཛིན་འཆིང་བ་དམ་པོ་ཡང་། །འཆིང་བྱེད་བཅིང་བ་ག་ལ་ཡོད། །དེ་བས་ལྷུན་གྲུབ་དཀྱིལ་འཁོར་ཆེ། །དེ་ཉིད་བསྟན་ཕྱིར་བཤད་པ་མཛད། །དེ་སྐད་བདེ་གཤེགས་རྒྱལ་མཆོག་གིས། །འཁོར་རྣམས་བདེ་གཤེགས་དཀྱིལ་འཁོར་ལ། །འགྲོ་བ་རྣམས་ཀྱི་ཆེད་དུ་གསུངས། །སེམས་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །།གཏན་ལ་དབབ་པར་བྱ་བ་དང་། །གཏན་ལ་ཕབ་པ་གཉིས་སུ་བཤད། །དབབ་བྱ་སྤྲུལ་སྐུས་འདུལ་བསྟན་ལ། །ངེས་པའི་དོན་གྱིས་གཏན་ལ་ཕེབ་ཅེས་བྱ། །གང་ལས་གང་འཐོན་གང་དུ་ཅི་བྱེད་དང་། །གང་གིས་དོན་མཛད་ཡིན་ཏེ་རྣམ་ལྔའོ། །གང་ལས་རྒྱལ་མཆོག་སྐུ་གསུང་ལས། །ཐུགས་རྗེ་རིག་པའི་ཐུབ་དྲུག་འཐོན། །གང་དུ་ལས་ཀྱི་འབྲས་བུ་སྟེ། །སྟོང་གསུམ་གཅིག་ལ་ཆགས་ཚུལ་དྲུག །སྤྲུལ་སྐུ་གཅིག་གི་ཞིང་དུ་གྲགས། །དྲུག་གི་འཇིག་རྟེན་དེ་ཉིད་ན། །གླིང་རྣམས་བྱེ་བ་ཕྲག་བརྒྱ་ཡིན། །སྤྲུལ་པ་བྱེ་བ་ཕྲག་བརྒྱར་སྣང་། །གླིང་རྣམས་རེ་རེར་སྤྲུལ་པ་རེ་རེ་ཡང་། །འགྲོ་དྲུག་ལས་ཀྱིས་དྲུག་ཏུ་སྣང་བ་ཡང་། །དཔེར་ན་བར་སྣང་ཟླ་བ་གཅིག་ཤར་བས། །འཛམ་གླིང་ཆུ་རྣམས་ཀུན་ཏུ་ཆུ་ཟླར་སྣང་། །ཆུ་གཅིག་ནང་ན་སྣང་བའི་ཟླ་བ་ཡང་། །འགྲོ་བ་སོ་སོས་བལྟས་ན་རེ་རེར་སྣང་། །དེ་བཞིན་སྤྲུལ་སྐུ་གཅིག་ལ་གླིང་རྣམས་སྣང་། །གླིང་རྣམས་གཅིག་ལས་འགྲོ་བ་དྲུག་ཏུ་སྣང་། །ཐ་དད་དེ་ཀུན་རྣམ་པ་གཅིག་ཏུ་གྲགས། །དེ་འདྲའི་སྟོང་གསུམ་མཐའ་ཡས་མུ་མེད་ན། །དེ་འདྲའི་སྤྲུལ་པས་འགྲོ་དོན་དེ་ལྟར་མཛད། །ཅི་མཛད་འདུལ་བ་རྣམ་པ་བཞིས། །གང་གིས་འགྲོ་བ་ལྔ་དོན་མཛད། །མངོན་སུམ་རྫུ་འཕྲུལ་བསོད་ནམས་རིགས་པ་བཞིས། །ཐེག་ལྔའི་རིགས་ཅན་འགྲོ་ལྔའི་དོན་རྣམས་མཛད། །མངོན་སུམ་འདུལ་བས་སངས་རྒྱས་མཛད་པ་སྟོན། །རྫུལ་འཕྲུལ་ཐུན་མོང་མ་ཡིན་མངོན་ཤེས་དྲུག །བསོད་ནམས་ཀུན་ཏུ་སྐུ་དང་གསུང་ཐུགས་ཞལ། །བསམ་གྱིས་མི་ཁྱབ་གྲངས་མེད་ཕྱོགས་བཅུར་སྣང་། །རིགས་པས་ཐེག་པ་བརྒྱད་ཅུ་བཞིར་གསུངས་པ། །འདུལ་བའི་དབང་གིས་ཐེག་ལྔའི་རིགས་དང་སྦྱར། །ཉོན་མོངས་གཉེན་པོར་སྒོ་མང་དུས་གསུམ་གསུངས། །གཟུང་འཛིན་ཕྱི་ནང་རྟེན་འབྲེལ་འཁྲུལ་རྣམས་ལ། །མི་དང་ལྷ་དང་ཉན་ཐོས་རང་རྒྱལ་བསྟན། །འཁྲུལ་འདོགས་ལས་འབྲས་ཆུད་མི་ཟས་འདུལ་ལ། །བྱང་ཆུབ་སེམས་དཔའི་ཐེག་པས་ཕན་འདོགས་སོ། །ལས་འབྲས་མི་གསོག་རྟོགས་པའི་བློ་ལྡན་ལ། །བླ་མེད་རྡོ་རྗེ་ཐེག་པའི་མཐར་ཐུག་གོ། །དེ་ཀུན་འདུལ་བའི་དབང་སྟེ་བཀྲི་བའི་དོན། །དེ་དག་ངེས་པར་གཏན་ལ་དབབ་པ་ཡང་། །བདེ་གཤེགས་རྒྱལ་བས་འགྲོ་བའི་ཆེད་བརྗོད་པ། །ལྷ་མི་ཉན་ཐོས་རང་རྒྱལ་ཐེག་པ་ལ། །མ་རིག་གཟུང་འཛིན་ཕྱི་ནང་རྟེན་འབྲེལ་འཁོར། །མི་མཐུན་བདེ་དང་སྡུག་བསྔལ་སྣ་ཚོགས་ཀྱང་། །འཁྲུལ་པ་དེ་ཉིད་སྣང་བ་མ་གཏོགས་པ། །རང་བཞིན་དབྱིངས་ལས་ཉ ེས་པ་མེད་ཅེས་གསུངས། །བདེན་པ་གཉིས་རྟོགས་བྱང་ཆུབ་སེམས་དཔའ་ཡང་། །གཉིས་ཚུལ་བདག་དང་བདག་གི་གཞན་མེད་དེ། །རྣམ་དག་ཆོས་ཀྱི་དབྱིངས་ལས་གཉིས་སུ་མེད། །བདག་གཞན་རྟོག་པ་ཙམ་སྟེ་དོན་ཏུ་མེད། །ལོག་རྒྱུད་ཉིད་རྟོག་རང་སེམས་སྐད་ཅིག་མ། །སྐད་ཅིག་གཞི་རྩ་མེད་པས་ཆོས་ཀྱི་དབྱིངས། །བླ་མེད་དངོས་གྲུབ་གཞན་ནས་རེ་བ་ཡང་། །བདག་དང་གཞན་དུ་རྟོག་པའི་རྒྱུན་ཡིན་པས། །ཉིད་ལ་ཉིད་སྦྱོར་ཉིད་ལ་ཉིད་དབང་བསྐུར། །ཐེག་པའི་ཁྱད་པར་རྣམ་ལྔས་བསྟན་པ་ཡང་། །འབྲས་བུ་རྫོགས་ཆེན་ཐེག་པ་གཅིག་ཏུ་གནས། །བསོད་ནམས་བསམ་གྱིས་མི་ཁྱབ་སྣང་བ་དང་། །ཁྱད་པར་མངོན་ཤེས་དྲུག་ཏུ་སྣང་བ་ཡང་། །བསོད་ནམས་རྒྱུད་ལས་གྲུབ་པ་མ་ཡིན་ཏེ། །དེ་ཉིད་ཡང་དག་རྟོགས་པའི་བྱིན་རླབས་ལས། །རང་བཞིན་མེད་ལས་ཅིར་ཡང་གྲུབ། །སངས་རྒྱས་མཛད་པའི་རིམ་པས་སྟོན་པ་ཡང་། །འགྲོ་བ་འདུལ་བའི་ཐབས་ལས་མ་གཏོགས་པ། །སངས་རྒྱས་ཞེས་བྱ་མྱ་ངན་ཅི་ལ་འདའ། །ཆོས་ཀྱི་དབྱིངས་ཀྱང་ནུབ་པར་མི་འགྱུར་རོ། །འདི་སྐད་བཤད་པ་ཞེས་ཀྱང་དེ་ཕྱིར་བརྗོད། །ཞིང་ཁམས་ཀུན་ཏུ་གྲགས་པའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་འབྱུང་བའི་ཡུམ། །དེ་ཕྱིར་སྙིང་པོ་ཞེས་སུ་རྒྱལ་བས་གསུངས། །དེ་དག་གཏན་ལ་འབེབ་པས་ངེས་པའང་ཡིན། །དེ་ཕྱིར་བསྟན་པ་ཡོངས་ཀྱི་འབྱུང་གནས་ཡིན། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གཉེན་པོ་རུ། །མིང་དང་ཚིག་ཏུ་སྒོ་རྣམས་བསྟན་པ་ཡང་། །འགྲོ་བ་འདུལ་བའི་དབང་ཙམ་མ་གཏོང་བ། །སྟོན་མིང་ཚིག་ལ་དངོས་པོ་ག་ལ་ཡོད། །དེ་ཀུན་ཐ་སྙད་ཡིན་ཞེས་རྒྱལ་བས་ཆེད་དུ་བརྗོད། །དེ་ནས་ཉིད་ཀྱི་གསང་བ་ཡི། །དཀྱིལ་འཁོར་ཀུན་གྱི་གསང་བ་འདི། །སྐུ་གསུང་རྡོ་རྗེ་ཉིད་ལས་ཕྱུང་། །ཨ་ནི་སྐྱེ་མེད་ཤེས་རབ་དབྱིངས། །ཧོ་ནི་ཐབས་མཆོག་ཆོ་འཕྲུལ་རོལ། །སྲིད་གསུམ་འཁྲུལ་འཁོར་ཐམས་ཅད་ཀུན། །ལོག་རྟོག་ཉིད་ལས་ཅི་ཡང་མིན། །ལོག་རྟོག་གཞི་རྩ་མེད་དབྱིངས་ཡིན། །རང་རིག་ཡེ་ཤེས་བདག་མེད་ཐུགས། །བྱ་བྱེད་མེད་པ་ཀུན་དབང་བསྒྱུར། །དེ་ཉིད་ཡོན་ཏན་ཞིང་ཁམས་ལས། །གཞན་མེད་རང་རིག་དེ་ལྟར་སྣང་། །རྡུལ་སྙེད་སྤྲུལ་པ་བསམ་ཡས་ཀྱིས། །འདུལ་བའི་དབང་གིས་གསུངས་པ་ཀུན། །བླ་མེད་ངེས་པའི་དོན་འདི་རུ། །འདུས་པར་བདེ་གཤེགས་ཉིད་ཀྱིས་མཁྱེན། །གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའོ།། །།ཡི་གེ་འཁོར་ལོའི་དཀྱིལ་འཁོར་འདི། །གང་ལས་ཇི་ལྟར་གང་བྱུང་བྱུང་བའི་མཐུ། །དོན་བཤད་གསང་བའི་དཀྱིལ་འཁོར་ཕྱུང་བ་དང་། །རྣམ་པ་འདི་དག་ཡི་གེ་འཁོར་ལོ་བཤད། ། གང་ལས་བྱུང་བ་རྣམ་བཞིར་ཤེས་བྱ་སྟེ། །དགོངས་དང་ཏིང་འཛིན་མིང་དང་འབྱུང་ཁུངས་སོ། །བདེ་གཤེགས་མཉམ་ཉིད་དགོངས་པ་གཅིག་ཏུ་གྱུར། །མཉམ་ཉིད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཆོས་ཀུན་ཡེ་ནས་སངས་རྒྱས་ཏིང་འཛིན་བསྟན། །ཀུན་རྫོབ་མིང་ཙམ་ཡི་གེ་ཕྲིང་ཞེས་བྱ། །བྱུང་ཁུངས་སྟོན་པའི་སྐུ་གསུང་ཐུགས་རྡོ་རྗེ། །ཇི་ལྟར་ཨ་བྱུང་ཨ་ལས་མིང་ཚོགས་བྱུང་། །ཨ་དཀར་གཞི་ལས་ཨ་རྣམ་ཕྱོགས་བཅུར་འཕྲོས། །ཕྱོགས་ཀུན་གསལ་ནས་སླར་འདུས་གཞི་ལ་ཐིམ། །འཕྲོས་པས་འགྲིབ་མེད་བསྡུས་པས་འཕེལ་མེད་པ། །སྤྲོས་པས་གཞན་དོན་བསྡུས་པས་བདག་གི་དོན། །ཨཱ་དི་ཀ་ལ་སོགས་པ་བཞི་བཅུ་གཉིས། །ཤིན་ཏུ་ཕྲ་བའི་ཚུལ་གྱིས་སྤྲོ་བསྡུ་བ། །མི་འགྲིབ་མི་འཕེལ་བདག་གཞན་དོན་དུ་བཤད། །ཨ་ཉིད་རྒྱུ་སྟེ་མིང་ཚོགས་འབྲས་བུར་གསུངས། །སྐུ་གསུང་ཐུགས་ཀྱི་ཀློང་ནས་ཨ་འབྱུང་སྟེ། །ཨ་ནི་ཁང་ནས་འབྱུང་བས་སྐྱེ་བ་མེད། །ཨ་ལས་འོད་ཟེར་མགུར་ཡི་གསང་བར་འཁྱིལ། །འོད་འཕྲོས་ཀ་ལ་སོགས་པ་འབྲུ་ལྔ་ཤར། །ཨ་ཡི་འོད་ཟེར་ཟླ་ཁམ་ལྟར་གསལ་འཁྱིལ། །འོད་འཕྲོས་ཙ་ལ་སོགས་པ་འབྲུ་ལྔར་ཤར། །ཨ་ཡི་འོད་ཟེར་ལྗགས་ཀྱི་རྩེར་འཕྲོས་པས། །ཆོ་འཕྲུལ་ཏ་ལ་སོགས་པ་འབྲུ་བཅུར་ཤར། །ཞལ་གྱི་སྒོ་མོར་ཨ་ཡི་འོད་འཕྲོས་པས། །ཆོ་འཕྲུལ་པ་ལ་སོགས་པ་འབྲུ་ལྔ་ཡིན། །ཨ་ལས་ཕྱི་རོལ་ཡུལ་ལ་འོད་འཕྲོས་པས། །ཆོ་འཕྲུལ་ཡི་གེ་ཉི་ཤུ་སྐུ་ལས་འཕྲོས། །ཡ་ནི་བྱིན་པ་ལས་བྱུང་ཝ་ནི་དཀུ་ལས་བྱུང་། །ར་ནི་སྟ་ཟུར་ལ་ནི་དཔུང་པ་ལས་ནི་བྱུང་། །ཐུགས་ཀའི་འོད་ལས་ཤ་བྱུང་ཕྱག་མཐིལ་ལས་ནི་ཥ། །མཛོད་སྤུའི་འོད་ལས་ས་བྱུང་ཞབས་མཐིལ་གཉིས་ལས་ཧ། །གསང་བའི་འོད་ཟེར་ལས་ནི་ཆོ་འཕྲུལ་ཀྵ་རུ་ཤར། །སྤྱན་གཉིས་ལས་ནི་ཆོ་འཕྲུལ་ཨི་གཉིས་ཤར། །སྙན་གཉིས་ལས་ནི་ཆོ་འཕྲུལ་ཨུ་གཉིས་ཤར། །ཚེམས་གཉིས་ལས་ནི་འོད་འཕྲོས་ཨེ་གཉིས་ཤར། །ཤངས་གཉིས་ལས་ནི་འོད་འཕྲོས་ཨོ་གཉིས་ཤར། །སྐྱེས་བུའི་སྤྱི་གཙུག་འོད་འཕྲོས་མགོ་ཞེས་བྱ། །འཁྲུ་ཚད་ལྟ་བ་ལས་ནི་འོད་འཕྲོས་ཤད་ཅེས་བྱ། །སྐྱེས་བུ་ཆེན་པོའི་མཚོགས་མའི་འོད་ལས་ཏིག་ཅེས་བྱ། །གང་བྱུང་བཞི་བཅུ་རྩ་ལྔ་དེ་ཉིད་ཡིན། །བྱུང་བའི་ནུས་མཐུ་འཇིག་རྟེན་བསམ་ཡས་གཡོ། །དོན་བཤད་རྣམ་པ་གཉིས་སུ་ཤེས་བྱ་སྟེ། །སྤྱི་དང་རང་གི་མཚན་ཉིད་དོན་བཤད་པའོ། །སྤྱི་ཡི་དོན་ནི་རྣམ་དགུར་ཤེས་བྱ་སྟེ། །དོན་དང་ཆེ་བ་ལས་དང་མཚན་ཉིད་གྲངས། །དབྱེ་བ་རང་བཞིན་ཆོ་འཕྲུལ་ངེས་ཚིག་གི། །དོན་ནི་བདེན་པ་གཉིས་སུ་ཤེས་བྱ་སྟེ། །ཨ་ནི་དོན་དམ་མཐའ་གཉིས་དབུས་མི་དམིགས། །ཀུན་རྫོབ་མིང་ཙམ་ཡི་གེ་འཕྲེང་བ་ཉིད། །ཆོས་ཀུན་སྒྱུ་མ་མིང་ཙམ་ཉིད་ལ་གནས། །ཨ་ལས་ཡི་གེའི་ཚོགས་འབྱུང་ས་དང་བཅས། །མིང་ཙམ་ཚིག་གིས་བསྡུས་པའི་མངོན་རྫོགས་ཉིད། །རྫོགས་སངས་རྒྱས་ཡི་གེའི་ཆེ་བར་གསུངས། །ལས་ནི་ཡ་མཚན་བཞི་བཅུ་རྩ་ལྔ་ཡིས། །མིང་ཚིག་དོན་མཚན་སྣ་ཚོགས་སྨྲ་ཞིང་སྟོན། །མཚན་ཉིད་དོན་དམ་དབྱིངས་ལས་མི་དམིགས་ཀྱང་། །ཁ་དོག་མིང་དབྱིབས་རོལ་པ་སྤྲུལ་ཅིང་སྟོན། །རྣམ་གྲངས་དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །རེ་རེ་ལ་ཡང་སྐུ་གསུང་ཐུགས་སུ་བཤད། །ཐུགས་ནི་རྒྱུད་ཉིད་ཨ་ཡིས་ཀུན་ལ་ཁྱབ། །སྐུ་ནི་སོ་སོའི་ཁ་དོག་དབྱིབས་སུ་ལྡན། །གསུང་ནི་སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །དེ་ཕྱིར་ཕྱོགས་བཅུར་རྒྱལ་བའི་སྐུ་གསུང་ཐུགས། །བཞི་བཅུ་རྩ་ལྔ་གསུམ་འཕྲོས་འགྱུར་ཞེས་གསུངས། །དབྱེ་བ་ལུས་དང་ཡན་ལག་གཉིས་སུ་དབྱེ། །ལུས་ནི་མགོ་ནས་ཀྵ་ཡི་བར་དུ་རྫོགས། །ཡན་ལག་འགྲེང་དང་གུག་པོ་བཞི་གཉིས་ཡིན། །རང་བཞིན་སེམས་ཉིད་ཡི་གེའི་རང་བཞིན་ཏེ། །སེམས་དང་ཡི་གེའི་དངོས་པོ་ཡོད་མ་ཡིན། །ཆོ་འཕྲུལ་མཚན་མ་དབྱིངས་ལས་སྣ་ཚོགས་སྤྲུལ། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་རྣམས། །ཡི་གེའི་མཐུ་ཡིས་འགུགས་ཤིང་བྱེད་ནུས་ན། །འཇིག་རྟེན་ཆོ་འཕྲུལ་གཞན་ལྟ་སྨོས་ཅི་དགོས། །ངེས་ཚིག་བྲིས་པའི་ཕྱིར་ན་ཡི་གེ་སྟེ། །མཚན་ཉིད་དབྱིངས་ལ་དབྱིངས་ཀྱིས་བྲིས་པ་ཡང་། །ཨ་ཉིད་དབྱིངས་ལས་སྣ་ཚོགས་འབྱུང་ཕྱིར་རོ། །རང་གི་མཚན་ཉིད་སོ་སོར་བཤད་པ་ནི། །བཞི་བཅུ་རྩ་དྲུག་རང་བཞིན་ལས་རྣམས་ཡིན། །མགོ་ཡི་རང་བཞིན་མ་ནོར་དེ་ཉིད་རྣམ་པ་གསུམ། །ལས་ནི་ལམ་ཡིན་རྟོགས་པ་རྣམ་པ་བཞི། །ཏིག་གི་རང་བཞིན་ཤེས་རབ་རྣམ་པ་གསུམ། །ལས་ནི་དེ་ཉིད་མཚོན་བྱེད་མིང་དུ་སྐྱེ། །ཤད་ཀྱི་རང་བཞིན་ཐབས་ཆེན་བསྙེན་སྒྲུབ་བཞི། །ལས་ནི་མཚོན་པའི་མིང་རྣམ་ཚིག་ཏུ་གཅོད། །ཨ་ཡི་རང་བཞིན་སྐྱེ་མེད་དབུ་མའི་ངང་། །ལས་ནི་དེ་བཞིན་ཉིད་མཚོན་དག་མཉམ་བཞི། །མགོ་ཏིག་ཤད་ནི་ཏིང་འཛིན་བཞིར་བཤད་དེ། །དེ་བཞིན་ཉིད་ཀུན་སྣང་རྒྱུ་རྫོགས་ཞེས་བྱ། །དེས་ན་མངོན་རྫོགས་ཕྱག་རྒྱའི་རྒྱུ་བཞིན་ངེས། །ཋ་སོགས་བདེ་གཤེགས་ལྔ་རྫོགས་ཕུང་པོ་ལྔའི། །རང་བཞིན་སྒྱུ་འཕྲུལ་ཡིན་ཏེ་ལས་ནི་རིགས་ལྔའོ། །ཐ་སོགས་ལྔ་ནི་བཙུན་མོའི་དབྱིངས་རྣམ་ལྔ་། །རང་བཞིན་དྲྭ་བ་ལས་ནི་འབྱུང་ལྔ་ཉིད། །སྒྱུ་འཕྲུལ་དྲྭ་བ་ཞེས་ཀྱང་གཙོ་དང་གཟུངས་ལ་གྲགས། །ཀ་ལ་སོགས་པ་སེམས་པའི་ཡི་གེ་ལྔ། །རང་བཞིན་ཐུགས་ཏེ་ལས་ནི་རྣམ་ཤེས་ཁམས་ལྔ་ཡིན། །ཙ་སོགས་ཡུལ་གྱི་སེམས་བཞི་རིགས་དང་རྣམ་ལྔའོ། །རང་བཞིན་སྐུ་སྟེ་ལས་ནི་ཡུལ་གྱི་ཁམས་ལྔ་ཡིན། །པ་ལ་སོགས་པ་སེམས་དཔའི་ཡི་གེ་ལྔའི། །རང་བཞིན་གསུང་སྟེ་ལས་ནི་དབང་པོའི་ཁམས་ལྔ་ཡིན། །ཡ་ལ་སོགས་པ་རིག་མའི་ཡི་གེ་བཞི། །རང་བཞིན་དག་པ་བཞི་སྟེ་ལས་ནི་དུས་རྣམས་བཞི། །ཤ་ལ་སོགས་པ་རིག་མའི་ཡི་གེ་བཞི། །རང་བཞིན་མེད་པ་བཞི་སྟེ་ལས་ནི་མཐའ་བཞི་འཇམས། །ཀྵ་ནི་སྡུད་པའི་རང་བཞིན་ཐུགས་ཏེ་ལས་ནི་ཡེ་ཤེས་ཡིན། །ཨི་ལ་སོགས་པ་སྤྲུལ་པའི་ཡི་གེ་རྣམ་དྲུག་གོ། །སྤྲུལ་པའི་རང་བཞིན་བསམ་ཡས་རྡུལ་སྙེད་ལས་ནི་རིགས་དྲུག་འདུལ། །ༀ་ནི་ཡིད་དབང་རིག་པའི་རྒྱལ་པོའི་ཡི་གེ་སྟེ། །རང་བཞིན་བྱང་ཆུབ་སེམས་ཏེ་ལས་ནི་ཐམས་ཅད་འཇིག །ༀ་ནི་སྟོང་བྱ་ཀུན་ཏུ་བཟང་མོའི་ཡི་གེ་སྟེ། །རང་བཞིན་ཆོས་རྣམས་ཐམས་ཅད་ལས་ནི་ཀུན་གཞི་ཡིན། །ལས་དང་རང་བཞིན་འབྲེལ་བའི་འཁོར་ལོ་ཚོགས་ཆེན་འདི། །རེ་རེ་ལ་ཡང་སྐུ་གསུང་ཐུགས་ཀྱི་མཎྜལ་རྫོགས་པའི་ཕྲེང་། །ཡི་གེ་འཁོར་ལོ་ཚོགས་ཆེན་ཞེས་སུ་བརྗོད། །ཡིག་འབྲུ་གསང་བའི་དཀྱིལ་འཁོར་ནི། །གང་བྱུང་གང་ལས་ཇི་ལྟར་བྱུང་། །བྱུང་བའི་འབྲས་བུ་ཉིད་རང་བཞིན། །གང་བྱུང་བདེར་གཤེགས་ཐམས་ཅད་ཀྱི། །རབ་ཏུ་གསང་བའི་དཀྱིལ་འཁོར་ཡིན། །གང་ལས་སྐུ་གསུང་རྡོ་རྗེ་ལས། །ཇི་ལྟར་ཡབ་ཡུམ་དགྱེས་སྤྲིན་ལས། །ཡང་གསལ་ཨ་ལས་ཡིག་འབྲུའིི་ཚོགས། །དེ་ལ་མངོན་རྫོགས་སྐུར་གསལ་བ། །ཡུམ་གྱི་མཁའ་ལ་རྫོགས་པར་རོལ། །ལྷག་པའི་ཏིང་འཛིན་ཞེས་སུ་གྲགས། །དེ་ཉིད་ལས་ནི་ཕྱི་རོལ་གྱི། །དཀྱིལ་འཁོར་འདོན་པ་རྒྱལ་བས་གསུངས། །བྷ་ག་དཀྱིལ་འཁོར་ལིངྒ་ཨ། །འདུས་མ་བྱས་ཉིད་རྡོ་རྗེ་ལས། །འདུས་བྱས་རྡོ་རྗེའི་དཀྱིལ་འཁོར་ཚོགས། །འབྱིན་པའི་དམ་ཚིག་འདའ་མི་འགྱུར། །ཅི་ཕྱིར་ཐབས་དང་ཤེས་རབ་ཀྱི། །རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན། །དེ་ཡི་འབྲས་བུ་ཡི་གེ་ཉིད། །རྒྱལ་བ་མངོན་པར་རྫོགས་པའི་སྐུ། །དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ། །ཡི་གེའི་ཕྲེང་བ་བཀོད་པའི་ལེའུ་སྟེ་བཞི་པའོ།། །།སྣ་ཚོགས་སྒྱུ་འཕྲུལ་སྤྲོས་པ་འདི། །གང་ལས་གང་སྤྲོས་ཐབས་དང་མཉེས་པ་བཞི། །གང་ལས་སྒྱུ་འཕྲུལ་དཀྱིལ་འཁོར་བཀོད་པ་ལས། །གང་སྤྲོས་ཏིང་འཛིན་རྣམ་པར་སྤྲོས་པ་འདི། །ཐབས་ནི་བདུན་གྱིས་སྒྲུབ་ཐབས་སྡེབས་བཤད་པ། །ཏིང་ངེ་འཛིན་དང་རྫོགས་དང་ཐུན་མོང་དང་། །དཔེ་དང་རྒྱུ་དང་གགས་བསལ་མཆོག་རྫོགས་འགྱུར། །ཏིང་འཛིན་དེ་བཞིན་ཉིད་དང་ཀུན་སྣང་རྒྱུ་ཡིན་ཏེ། །ཏིང་འཛིན་དེ་བཞིན་རང་སེམས་མཚན་ཉིད་ནི། །གང་གིས་མི་ཤེས་ཆོས་ཀྱི་དབྱིངས་མི་ཤེས། །དམིགས་མེད་མི་ཤེས་རྟག་ཆད་འཇིག་མི་འགྱུར། །དེ་ཕྱིར་རང་སེམས་དབྱིངས་ཉིད་ཐབས་ཀྱི་རྒྱུད། །དངོས་པོ་རྣམ་པ་བརྒྱད་སོགས་གང་ཡང་མིན། །མིན་པ་དེ་ཉིད་དེ་བཞིན་ཉིད་ཅེས་བྱ། །དེ་ཉིད་གསལ་བར་བསྒོམ་པ་ཐབས་ཀྱི་རྒྱུད། །ཀུན་ཁྱབ་སྙིང་རྗེ་རང་བཞིན་ཀུན་སྣང་ཡིན། །རྒྱུ་ནི་སེམས་ཉིད་ཨ་ཡི་རང་བཞིན་ཏེ། །ཨ་ཉིད་ཡིད་བཞིན་རིན་ཆེན་སྤྲིན་དང་མཚུངས། །ཨ་ལས་སྒྱུ་འཕྲུལ་བཞི་བཅུ་རྩ་གཉིས་འབྱུང་། །དེ་ཉིད་ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཐབས་ཉིད་དྲྭ་བའི་དཀྱིལ་འཁོར་རྫོགས་པའི་སྐུ། །རྫོགས་པའི་ཡིག་འབྲུ་ཕྱག་མཚན་མངོན་རྫོགས་སྐུ། །དོན་དམ་དབྱེར་མེད་ཀུན་རྫོབ་ཐ་དད་པའི། །ནང་གི་རྣམ་ཤེས་ནང་གི་དབང་པོ་དང་། །ཕྱི་རོལ་ཡུལ་གྱི་རྣམ་པ་ཐམས་ཅད་ཀུན། །བསམ་ཡས་དཀྱིལ་འཁོར་ཀུན་བཟང་ཕྱག་རྒྱར་རོལ། །དེ་ཉིད་སྒྱུ་འཕྲུལ་མངོན་རྫོགས་རྒྱལ་པོར་ངེས། །དངོས་གྲུབ་ཐུན་མོང་རྣམ་པ་སྣ་ཚོགས་ཀུན། །གླང་ཆེན་མྱོས་འདྲའི་སེམས་ནི་ཏིང་ངེ་འཛིན་གྱིས་བཏུལ་ནས་སུ། །སྒྱུ་འཕྲུལ་སྔགས་དང་ཕྱག་རྒྱ་རབ་ཏུ་བརྟན་བྱས་ན། །ཐུན་མོང་དངོས་གྲུབ་ཡ་མཚན་འདི་ཀུན་འགྲུབ། །ཕྱོགས་དུས་རྒྱལ་བའི་དཀྱིལ་འཁོར་གྲུབ་ནས་རྒྱལ་བའི་དཔལ། །ཉི་ཤུ་རྩ་གཅིག་ཏིང་འཛིན་མཐུ་ཡིས་གྲུབ། །དཔེར་ན་སྒྲོན་མ་གསེར་འགྱུར་སྨན་གྱིས་དུག་སེལ་དང་། །ཟངས་ལས་གསེར་འགྱུར་དུག་ལས་སྨན་འགྱུར་ལྟར། །ཡེ་ཤེས་རང་སྣང་མིང་ཆོས་གཟུགས་སོགས་ལས། །ཡིད་བཞིན་དངོས་གྲུབ་ཇི་ལྟར་སྒྲུབ་བས་འགྲུབ། །བླ་མ་མཆོད་ལྡན་རྟོགས་གསལ་དམ་ཚིག་ལྡན། །སྔགས་ཤེས་ཕྱག་རྒྱར་ཤེས་ཤིང་ཡོ་བྱད་ལྔ་ལྡན་ན། །ཐུན་མོང་མཆོག་གི་དངོས་གྲུབ་ཡོད་པར་རྒྱལ་བས་གསུངས། །དེ་ཉིད་མི་ལྡན་དངོས་གྲུབ་མེད་དེ་དེ་ཉིད་བརླག་པར་འགྱུར། །དེ་དག་ཐོབ་པའི་རྒྱུ་དང་མི་ཐོབ་གེགས་ཞེས་བཤད། །མཆོག་དེ་ཉིད་ནི་རྒྱལ་བའི་ཐུགས་ཆུད་དངོས་གྲུབ་སྙིང་པོ་སྟེ། །མི་བཟད་འཕེལ་འགྲིབ་མེད་པ་ཡིད་བཞིན་མཛོད་དང་འདྲ། །དངོས་མེད་ཏིང་ངེ་འཛིན་ལས་དངོས་པོ་ཡི་གེ་སྤྲིན། །མཆོག་གི་རྣམ་པ་སྣ་ཚོགས་ཇི་ལྟར་འདོད་འབྱུང་འགྱུར། །དངོས་མེད་དངོས་ཉིད་རྟོགས་པའི་ཏིང་འཛིན་མཆོག་གི་མཐུས། །དབང་བསྒྱུར་བདེ་གཤེགས་ཀུན་གྱི་བདག་ཉིད་དེ་ཡིན་ནོ། །དེ་སྐད་གསུངས་པས་འཁོར་གྱི་བདེ་གཤེགས་ཐམས་ཅད་ཀུན། །མཆོག་དང་ཐུན་མོང་དངོས་གྲུབ་གཟིགས་མོས་མཉེས་པར་འགྱུར། །སྒྱུ་འཕྲུལ་སྒྲུབ་པ་ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སྒྱུ་འཕྲུལ་དཀྱིལ་འཁོར་སྤྲོས་བཤད་པ། །གང་གིས་གང་དུ་གང་སྤྲོས་ཇི་ལྟར་འགྱུར། །གསང་བའི་དཀྱིལ་འཁོར་སྤྲོས་ཏེ་རྣམ་ལྔ་ཡིན། །གང་གིས་སྟོན་པ་བདེ་གཤེགས་ཐམས་ཅད་ཀྱང་། །རང་བཞིན་གཅིག་དང་དུ་མེད་བདེན་གཉིས་དབྱེར་མེད་པས། །གང་དུ་འཇིག་རྟེན་དྲུག་གོ་བསམ་ཡས་ཐམས་ཅད་ལ། །རྒྱལ་བ་ཉིད་ཀྱི་རྫུ་འཕྲུལ་ཆེ་བའི་དཀྱིལ་འཁོར་འབྱིན་པར་དགོངས། །གང་སྤྲོས་རྟོགས་དང་སྤྱོད་པ་གཉིས་སུ་བཤད། །རྟོག་པ་ཇི་ལྟར་གང་བརྟགས་གང་གིས་བརྟགས་ནས་དོན་འབྱུང་བའོ། །ཇི་ལྟར་ཕྱོགས་བཞིན་དབུས་ལྔར་ཡེ་ཤེས་ལྔར་བརྟགས་ཏེ། །གང་བརྟགས་བསམ་ཡས་འཇིག་རྟེན་ལྷུན་གྱིས་གྲུབ་ཉིད་པར། །གང་གིས་བདེ་གཤེགས་རྫོགས་པ་རྟོགས་པའི་རྣལ་འབྱོར་བདེ་གཤེགས་མཚུངས། །བརྟགས་ནས་དོན་འབྱུང་ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །མཛད་སྤྱོད་རྣམ་པ་བཅུ་ཡི་ལྷུན་གྱིས་གྲུབ། །གཞལ་ཡས་རྒྱན་དང་གདན་ཁྲི་བཞུགས་ཚུལ་དང་། །བཞུགས་གནས་ཐུགས་མཚན་སྐུ་མདོག་ཚུལ་དགུ་དང་། །འོད་ཟེར་འཕྲོ་དང་ཁྱབ་པ་ཆེ་བའོ། །གཞལ་ཡས་འཁོར་ཁྱུད་གྲ་ཁྱམས་གྲུ་བཞི་སྒོ་ཁྱུད་བཞི། །རྒྱན་ནི་རོལ་མོའི་སྤྲིན་ཕུང་ལྷ་མཆོག་བཞི་བཅུ་གཉིས་སོགས་ཡིན། །གདན་མཆོག་ལྔ་བརྩེག་ཉི་ཤུ་རྩ་ལྔ་པོ། །བཞུགས་ཚུལ་སངས་རྒྱས་རྫོགས་སྐྱིལ་བྱང་ཆུབ་སེམས་དཔའི་ཚུལ། །སྤྲུལ་པ་བཞེངས་ཚུལ་སྒོ་སྲུང་སྟངས་སྟབས་ཚུལ། །གནས་ནི་འཁོར་ལོ་རྩིབས་ལ་རྒྱལ་པོ་རྒྱལ་མོ་བཅུ། །གློ་འབུར་བཞི་ལ་རིག་བཞི་ཡུལ་བཞི་ཟུང་བཞི་འཁྲིལ། །གྲ་བཞིར་དབང་པོ་བཞི་དང་དུས་བཞི་ཟུང་འཁྲིལ་ནས། །ཁྱམས་ལ་ཐུབ་དྲུག་བྱ་བྱེད་ནུབ་དང་ཤར། །སྒོ་བཞིར་འཇོམས་པ་འཇོམས་མ་དེ་བཞིན་དུ། །ཐུགས་མཚན་རྒྱལ་པོ་ཕྱག་དྲུག་ཕྱག་རྒྱ་དྲུག །དྲུག་ལྔ་སུམ་ཅུ་ཡེ་ཤེས་རྟགས་སུ་བསྟན། །རྣམ་ཤེས་རྡོ་རྗེ་རལ་གྲི་འཁོར་ལོར་གཡས། །དྲིལ་བུ་རིན་ཆེན་པདྨ་གཡོན་ན་འཛིན། །གཟུགས་ནི་འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །དྲིལ་བུ་པདྨ་རིན་ཆེན་གཡོན་ན་འཛིན། །ཚོར་བ་རིན་ཆེན་འཁོར་ལོར་རྡོ་རྗེ་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན་ན་འཛིན། །འདུ་ཤེས་པདྨ་འཁོར་ལོ་རྡོ་རྗེ་གཡས། །དྲིལ་བུ་འདུ་བྱེད་རལ་གྲི་འཁོར་ལོ་རྡོ་རྗེ་གཡས། །དྲིལ་བུ་རིན་ཆེན་པདྨ་གཡོན་ན་འཛིན། །རྒྱལ་མོ་གཡས་ཀྱི་དང་པོ་དྲིལ་བུ་སྟེ། །གཡོན་པ་རང་རྟགས་བཞི་བཞི་གཙོ་དང་མཐུན། །ཤེས་རབ་ཡུམ་ཡང་དྲུག་ལྔ་སུམ་ཅུ་བཤད། །ཨུཏྤལ་ཀླུ་ཤིང་པོ་ཏི་པདྨ་དཀར། །དྲི་སྤོས་མེ་ཏོག་མར་མེ་དབང་བཞི་དུས་བཞི་ཡིན། །ཤེས་བཞི་མྱུ་གུ་རལ་གྲི་པདྨ་རྡོ་རྗེ་དང་། །མཛེས་ཕྲེང་གཱི་རྟི་གར་ནི་ཡུལ་བཞིའོ། །པི་ཝཾ་གསེག་པར་གོ་ཆ་པོ་ཏི་དང་། །རིན་ཆེན་སྒྲོམ་དང་མེ་ཆུ་ཐུབ་པར་གྲགས། །མཉམ་གཞག་ཏིང་འཛིན་ཕྱག་རྒྱ་ཡིད་ཆོས་འཛིན། །འཇམས་ནི་མགོ་དང་ཐོད་སྦྲུལ་རྡོ་རྗེ་རྒྱ་གྲམ་གནོན། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཇམས་མཚན། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་མཛེས་པའི་ཡོ་བྱད་འཛིན། །མདོག་ནི་གཙོ་གཟུངས་རང་རིག་ཁ་དོག་ལྔ། །གཅིག་ལའང་ལྔ་ལྔ་ཉི་ཤུ་རྩ་ལྔར་བརྟག །ཐུབ་དྲུག་མདོག་ནི་ཅིས་འདུལ་ངེས་པ་མེད། །ཡིད་ཆོས་མཐིང་ག་ནམ་མཁའི་མདོག་ཏུ་བསྟན། །གཞན་རྣམས་རིགས་ཀྱི་བྱེ་བྲག་དག་གིས་དབྱེ། །ཚུལ་ནི་མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཆས་ཅན། །གསལ་ལ་འཚེལ་ལ་ལྷུན་སྡུག་གཟི་བྱིན་ལྡན། །འཇམས་པ་འཇམས་མ་དྲག་པོའི་ཚུལ་དགུ་པོ། །འོད་ཟེར་འཁྱིལ་ཅིང་རྒྱན་ཡང་འཁྱིལ་པ་སྟེ། །འོད་ཟེར་ལྔ་ལ་ཉི་ཤུ་རྩ་ལྔར་འཕྲོས་ཤིང་འཁྱིལ། །སྟོང་རྩ་ལྔ་བཅུ་ཕྱོགས་བཅུར་འཕྲོས་གྱུར་ཀྱང་། །སྟོང་ཕྲག་བཅུ་དང་བརྒྱ་ཕྲག་ལྔ་ཡིན་ནོ། །འབྱུང་བའི་གནས་ཀྱིས་ཐ་དད་བརྩིས་གྱུར་ན། །བཅུ་པོ་གཅིག་ལའང་སྤྱན་དྲུག་སྙན་དྲུག་སྟེ། །དེ་བཞིན་ཤངས་ལྗགས་སྐུ་དང་ཐུགས་མཚན་དྲུག །སུམ་ཅུ་དྲུག་ལ་ཉི་ཤུ་ལྔ་ལྔར་འཕྲོས། །ཕྱིར་ནི་སྟོང་ཕྲག་དགུ་ནི་བཤད་པ་ཡིན། །སུམ་ཅུ་གཉིས་པོ་གཅིག་ལའང་བཅུ་དང་གཉིས། །དེ་བཞིན་སྤྲོས་ན་སྟོང་དགུ་བརྒྱ་ཕྲག་དྲུག །སྟོང་ཕྲག་བཅོ་བརྒྱད་བརྒྱ་ཕྲག་དྲུག་ཅེས་བྱ། །དེ་ལས་ཕྱོགས་བཅུར་སྤྲོས་ན་ཁྲི་ཕྲག་ནི། །བཅོ་བརྒྱད་སྟོང་ཕྲག་དྲུག་ཏུ་བཤད་པ་ཡིན། །དེ་ལྟར་ཕྱོགས་བཅུར་འགྲོ་དྲུག་དོན་བྱེད་ཚེ། །བྱེ་བ་ཕྲག་ཁྲིག་དྲུག་ཅུ་འཕྲོས་ཤིང་འཁྱིལ། །ཡན་ལག་ཉིང་ལག་ཚུལ་དགུའི་རྒྱན་རྣམས་ལས། །ལེགས་པར་བརྩིས་ན་རྩིས་ལས་འདས་པ་ཡིན། །དཀྱིལ་འཁོར་བསམ་ཡས་ཞེས་ཀྱང་དེ་ལ་བྱ། །རྒྱན་ནི་དབུ་རྒྱན་སྙན་ཆ་མགུར་ཆུ་དཔུང་རྒྱན་དང་། །ཕྱག་གདུབ་ཞབས་གདུབ་སྐུ་རེག་སེ་མོ་དོ། །རིན་ཆེན་རྒྱུ་ལས་གྲུབ་སྟེ་དབྱིངས་དང་ཡེ་ཤེས་རྒྱན། །བཅུ་པོ་དག་ལའང་དབུ་རྒྱན་རིགས་ལྔ་སྟེ། །སུམ་ཅུ་གཉིས་ལ་བདག་པོ་རེ་རེ་ཡིན། །བཅུ་པོ་ལ་ནི་སྙན་ཆ་དྲུག་དྲུག་སྟེ། །གཞན་ཡང་གཉིས་གཉིས་མགུར་ཆུ་གསུམ་དང་གཅིག །དཔུང་རྒྱན་ཕྱག་གདུབ་དྲུག་དང་གཉིས་དེ་བཞིན། །ཀུན་ལ་ཞབས་གདུབ་གཉིས་གཉིས་བརྒྱན་པར་བཤད། །སྐུ་རེགས་སེ་མོ་དོ་ནི་རེ་རེའོ། །བཅུ་པོ་རེ་རེ་ལ་ཡང་སུམ་ཅུ་སྟེ། །གཞན་དག་ལ་ནི་བཅུ་དང་གཉིས་ཀྱིས་བརྒྱན། །སྤྱིར་ནི་བརྒྱ་བརྒྱ་དང་ནི་བརྒྱད་ཅུ་བཞི། །དེས་ན་རྒྱན་གྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཁྱབ་པའི་ཆེ་བ་ནམ་མཁའ་གར་ཁྱབ་པའི། །བསམ་ཡས་དཀྱིལ་འཁོར་གྱིས་ནི་ཁྱབ་པར་གྲགས། །དྲུག་ཅུ་རྩ་གཉིས་སྤྱན་གྱིས་དྲུག་ཅུ་རྩ་གཉིས་མཐའ་ལ་གཟིགས། །དེ་བཞིན་སྙན་རྣམས་ཀྱིས་ནི་དྲུག་ཅུ་རྩ་གཉིས་མཐའ་གསན་ཅིང་། །ཤངས་ནས་དྲུག་ཅུ་རྩ་གཉིས་སྤྲུལ་པ་འགྱེད། །ལྗགས་ཀྱིས་དྲུག་ཅུ་རྩ་གཉིས་གདུལ་ཐབས་འཆད། །སྐུ་ནི་དྲུག་ཅུ་རྩ་གཉིས་འདུལ་བ་མཛད། །ཐུགས་ནི་དྲུག་ཅུ་རྩ་གཉིས་ཕྱིན་ཅི་མ་ལོག་མཁྱེན། །སུམ་བརྒྱ་བདུན་ཅུ་རྩ་གཉིས་གོམས་པ་བསམ་མི་ཁྱབ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ཅེས་ཀྱང་དེ་བྱའོ། །ཇི་ལྟར་འགྱུར་ན་འདི་ལྟར་སྤྲོས་པའི་ཚེ། །འཇིག་རྟེན་མཐའ་ཡས་མུ་མེད་ཐམས་ཅད་ཀུན། །རྡུལ་སྙེད་བརྗོད་ཀྱིས་མི་ལང་དཀྱིལ་འཁོར་རྫོགས། །ཁམས་གསུམ་སེམས་ཅན་གཅིག་གི་རྒྱུད་ལ་ཡང་། །དེ་སྙེད་དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཏིང་འཛིན་གསང་བའི་དཀྱིལ་འཁོར་སྤྲོས་པ་ཡང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཉིད་ལས་འབྱུང་། །དཀྱིལ་འཁོར་ཤེས་པར་བྱ་བ་བྱེད་པ་མི་དམིགས་ཏེ། །ཡི་གེ་ཅི་དང་བསམ་འདས་བརྗོད་མེད་དཀྱིལ་འཁོར་དེ་ཉིད་རང་རིག་ཡིན། །དེ་ཉིད་མཉམ་དང་མི་མཉམ་ཆོས་ལ་ཁྱབ་ཙམ་ཉིད་ན་ཁྱབ་པ་མེད། །ཁྱབ་མེད་དེ་ཉིད་ཁྱབ་པའི་དགོངས་ཏེ་རང་རིག་ཀུན་ལ་གསལ། །དཀྱིལ་འཁོར་བསམ་ཡས་རྣམ་པར་སྤྲོས་ཀྱང་སྤྲོས་པ་རྡུལ་ཙམ་ཉིད། །དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་དྲུག་པའོ།། །།སྙིང་པོ་འབྱུང་དང་བྱིན་བསྡུ་རྣམ་པ་གཉིས། །སྙིང་པོ་འབྱུང་བ་རྣམ་པ་དྲུག་ཡིན་ཏེ། །གཞལ་ཡས་བསྐྱེད་དང་སྐུ་བསྐྱེད་སྤྱན་དྲངས་དང་། །དངོས་གྲུབ་བླང་དང་གསང་དབང་བསྐུར། །སྐུ་གསུང་ཐུགས་ཉིད་རྡོ་རྗེའི་དཀྱིལ་འཁོར་ལས། །གཞལ་ཡས་ས་བོན་ཡི་གེ་བྷྲཱུྂ་ཡིན་ཏེ། །གཙུག་ཏོར་འཁོར་ལོ་སྨོན་ལམ་རང་གི་སྔགས། །སྔགས་ཀྱི་ཚོགས་ཀྱིས་གཞལ་ཡས་རྫོགས་པར་བསྒོམ། །དཔེར་ན་ས་བོན་འབྱུང་བས་བསྐྱེད་ལས་འབྲས་བུ་སྨིན་ཚུལ་དུ། །ས་བོན་ཡིག་འབྲུ་ལས་ནི་འབྲས་བུ་སྔགས་ཀྱིས་རྫོགས། །ས་བོན་བཞི་བཅུ་རྩ་གཉིས་རྒྱུ་ཡིན་ཏེ། །སྔགས་ཚིག་སྐུ་བསྐྱེད་རྐྱེན་གྱི་སྔགས་ཞེས་བྱ། །ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ། །ས་མ་ལ་སྟྭཾ། ཛཿཧཱུྃ་བྂ་ཧོ་ཞེས་སྤྱན་ཡང་དྲངས། །ༀ་བཛྲ་ས་མ་ཡ་ༀ་ཞེས་པ་ལ་སོགས་པས་བསྐུལ་ཡིན། །དངོས་གྲུབ་ཚེ་ན་ཚིག་བཤད་སྒྲ་བཅས་བརྗོད། །རྒྱལ་བའི་སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དག་དང་ལྔ་པོ་རེ་རེ་ཡང་། །རྣམ་པ་ལྔ་ལྔ་མཁས་པས་བཤད་པའོ། །དེ་རྟོགས་པ་དང་བདག་ཉིད་མཉམ་པར་སྦྱོར་བ་ཡིན། །སྐུ་ལྔ་རྨད་དུ་བྱུང་བར་བསྟན་པ་ནི། །ཆོས་སྐུ་ལོངས་སྤྱོད་རྫོགས་དང་སྤྲུལ་སྐུ་དང་། །མངོན་པར་བྱང་ཆུབ་རྡོ་རྗེའི་སྐུ་དང་ལྔ ། །རྟག་ཏུ་མཁའ་འདོད་བདེ་སྤྱོད་ཟས་སྦྱིན་འདོད། །མངོན་པར་བྱང་ཆུབ་ལྔ་སོགས་འདུས་མ་བྱས། །གསུང་ལྔ་རྨད་དུ་བྱུང་བར་བསྟན་པ་ནི། །ཡི་གེ་མེད་རིགས་ལོངས་སྤྱོད་རྫོགས་གསུང་དང་། །ཚངས་དབྱངས་ཡན་ལག་གསུང་དང་རྡོ་རྗེའི་གསུང་། །བརྗོད་བྲལ་རྟོག་མེད་མེ་ལོང་གཟུགས་ལྟ་ཞིང་། །ཡན་ལག་དྲུག་ཅུ་བརྗོད་སྒྲ་འདུས་མ་བྱས། །ཐུགས་ལྔ་རྨད་དུ་བྱུང་ཞེས་བརྗོད་པ་ནི། །མི་རྟོག་ཅི་ཡང་གསལ་བ་བདེ་བ་ཆེ། །འགྲོ་བ་སྒྲོལ་དང་རྡོ་རྗེའི་ཐུགས་དང་ལྔ། །མེ་ལོང་མི་རྟོག་ཀུན་མཁྱེན་མཉམ་པ་ཉིད། །ནན་ཏན་ལས་ཏེ་མ་སྐྱེས་ཆོས་ཀྱི་དབྱིངས། །ཡོན་ཏན་རྨད་དུ་བྱུང་བ་ལྔར་བསྟན་པ། །ཞིང་ཁམས་གཞལ་ཡས་འོད་ཟེར་གདན་ཁྲི་དང་། །ཆེ་བའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ། །ཐུགས་རྗེ་སྤྲུལ་ཅིང་བྱམས་པའི་ཁྱིམ་དུ་སྡུད། །བཏང་སྙོམས་ཟེར་འཕྲོས་སྒྲིབ་བསལ་ཡོན་ཏན་རྟགས། །ཁར་ཞུགས་དག་པ་ལྷ་སྤྱོད་རེ་འདོད་སྐོང་། །ཕྲིན་ལས་རྨད་དུ་བྱུང་བ་ལྔར་བསྟན་པ། །ཞི་རྒྱས་དབང་དང་མངོན་སྤྱོད་ལྷུན་གྲུབ་པ། །མ་སྐྱེས་ཀུན་ཏུ་བཟང་པོ་རང་བཞིན་མངོན་དུ་གྱུར། །རྒྱུ་རྐྱེན་འབད་རྩོལ་མེད་པ་ཡེ་ནས་ཡིན། །སྡུག་བཀྲེན་ལོག་ལྟ་ཁེངས་སེམས་ཐམས་ཅད་འཇམས། །དེ་དག་གཅིག་ལའང་ད་ལྟར་བརྩབ་གྱུར་ན། །ཐུག་པ་མེད་པར་མི་ཟད་རྒྱན་དུ་སྣང་། །རྨད་བྱུང་ཆེན་པོ་ཞེས་ཀྱང་དེ་ལ་བྱའོ། །གྲགས་པས་བསམ་ཡས་གསུང་གི་དཀྱིལ་འཁོར་གྱིས། །བསམ་ཡས་དཀྱིལ་འཁོར་དག་ཏུ་རབ་ཏུ་གྲགས། །གསང་བའི་དབང་ནི་རྣམ་པ་བཞི་ཡིན་ཏེ། །གང་གིས་གང་ཞིག་གང་ལ་ཇི་ལྟར་བསྐུར། །གང་གིས་རྒྱལ་པོ་རྒྱལ་མོ་གཙོ་གཟུངས་ཀྱིས། །གསང་བ་དེ་ཉིད་ཐུགས་ལ་བསྡུ་བའི་ཕྱིར། །གང་ཞིག་གིས་ནི་ལྷག་པའི་སྦྱོར་བསམ་གྱིས། །ལྷ་མོ་བརྒྱད་ཀྱིས་སྦྱོར་བ་བརྡ་སྤྲོས་ཏེ། །ས་མ་ཡ་སྟེ་ཡུལ་གྱིས་བསྐུལ་བ་ཡིན། །བདག་ནི་དམ་ཚིག་བརྟན་མ་ཞེས་ནི་དེ་ལ་བྱ། །ས་མ་ཡ་ཧོ་གཙོ་བོས་ལན་བྱིན་ཏེ། །ཁྱེད་ནི་དམ་ཚིག་དགའ་མ་ཞེས་སུ་བྱ། །ར་ཧོ་ཧཾ་ནི་གཙོ་ལ་བསྐུལ་བ་སྟེ། །བདག་ནི་ཆགས་པ་ཅན་པས་ཆགས་མཛད་ཅེའོ། །རཱ་ག་ཡ་ནི་བསྐུར་བའི་ལན་ཡིན་ཏེ། །ཁྱེད་ནི་ཆགས་པ་ཆགས་པའི་གནས་ཞེས་བྱའོ། །སྨོན་དང་འཇུག་དང་ལྡན་དང་གནས་པའི་བྱང་ཆུབ་རྣམ་པ་བཞིར་ཡང་མཁས་པས་བཤད། །ཛཿནི་ལྕགས་ཀྱུས་གཟུངས་ཉིད་འདྲེན་པ་ཡིན། །ཧཱུྃ་ནི་ཞགས་པའི་ཕྱག་རྒྱས་ཁྱུད་པ་མཛད། །བྂ་ནི་སྒྲོག་སྟེ་དབང་པོ་བསྡོམ་པ་ཡིན། །ཧོཿནི་དྲིལ་བུས་མཉེས་པར་བྱས་པའི་བརྡའ། །ཕྱག་རྒྱ་བཞི་ཞེས་ཀྱང་ནི་མཁས་པས་བཤད། །གང་ལ་ཡིད་ཆོས་གཙོ་གཟུངས་དེ་ཉིད་ལ། །ཇི་ལྟར་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དེ། །གསང་བ་བསྡུ་ཕྱིར་གཉིས་མེད་དབྱིངས་སུ་བསྟིམ། །གསང་བ་སྡུད་པ་ཡིན་ཞེས་དེ་ཕྱིར་བརྗོད། །ཡེ་ཤེས་བྱིན་བསྡུ་ཞེས་བྱ་བ། །གང་ལས་གང་བྱུང་ཇི་ལྟར་གྱུར་པ་དང་། །གསང་གི་རང་བཞིན་བསྟན་ཏེ་རྣམ་པ་བཞི། །གང་ལས་སྐུ་གསུང་ཐུགས་ཀྱི་སྒྱུ་འཕྲུལ་ལས། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས་ཉིད་དང་། །ཚོགས་དང་མཆོད་པ་བྱིན་རློབ་སྙིང་པོ་འགྱུར། །ཇི་ལྟར་ཡེ་ཤེས་ཀྱིས་ནི་ཐིམ་པར་འགྱུར། །སྐུ་གསུང་ཐུགས་སུ་དབང་བསྐུར་གསལ་བར་འགྱུར། །ཚོགས་དང་མཆོད་པ་ཤིན་ཏུ་གསལ་བར་འགྱུར། །རང་བཞིན་ངོ་མཚར་སངས་རྒྱས་ཀུན་གྱི་གསང་། །སྒྲ་དང་མིང་ཚོགས་ཀུན་ལས་འདས་ཀྱིས་ཀྱང་། །ཚིག་གིས་སྣ་ཚོགས་སྒྲ་རྣམས་གོ་བར་བསྒྲགས། །དེ་ཕྱིར་ལྗགས་ཉིད་དྲུག་ཅུ་རྩ་གཉིས་ཡིན། །དེ་དག་གཅིག་ལའང་འགྲོ་དྲུག་སོ་སོའི་སྐད། །དྲུག་པོ་དེ་ཉིད་ཕྱོགས་བཅུར་བསྒྲགས་སྣང་བས། །གསུང་དབྱངས་ཡན་ལག་དྲུག་ཅུ་དེ་ལ་བྱ། །འགྲོ་དྲུག་གཅིག་ལའང་སྒྲ་སྐད་ཐ་དད་པས། །བསམ་གྱིས་མི་ཁྱབ་སྒྲ་སྐད་ཐ་དད་གྲགས། །དེ་ཕྱིར་གསུང་གི་དཀྱིལ་འཁོར་མཐའ་ཡས་མཆོག་ཅེས་གསུངས། །སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །།ཕྱག་རྒྱའི་དཀྱིལ་འཁོར་བཤད་བྱ་བ། །གང་གིས་ཇི་ལྟར་གང་གསུངས་པ། །གང་གིས་རྒྱལ་བ་ཉིད་ཀྱིས་གསུངས། །ཇི་ལྟར་ཡན་ལག་དཀྱིལ་འཁོར་དེ། །དབུ་ནི་བདེ་གཤེགས་རིགས་ཡིན་ཏེ། །ལག་གཡས་རྡོ་རྗེ་མི་བསྐྱོད་པ། །ལག་གཡོན་རིན་ཆེན་སེམས་པའི་རིགས། །རྐང་གཡོན་ཆོས་ཀྱི་སེམས་དཔའ་སྟེ། རྐང་གཡས་ལས་ཀྱི་སེམས་དཔའ་འོ། །དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ། །དེ་ནི་ལྷུན་གྲུབ་ཕྱག་རྒྱ་ཡིན། །ལག་སོར་གཡས་གཡོན་ཡབ་ཡུམ་བཅུ། །ཉི་ཟླའི་འོད་བཀོད་འབྲུ་བྱིན་རླབས། །གུང་གཉིས་ལ་ནི་ཧཱུྃ་དང་མཱུྂ། །མཛུབ་མོ་གཉིས་ལ་ༀ་དང་ལཱྂ། །དབང་མོ་གཉིས་ལ་སྭཱ་དང་མཱྂ། །ཆུང་ངུ་ལ་ནི་ཨཱྂ་དང་པྱྂ། །སྦོམ་པོ་གཉིས་ལ་ཧཱ་དང་ཏཱྂ། །དེ་ལྟར་བྱིན་གྱིས་བརླབ་བྱ་སྟེ། །ཕྱག་རྒྱ་བཅིངས་པར་གསུངས་པ་ཡང་། །ངེས་པའི་ཚིག་དང་འབྱུང་བའི་རྒྱུ། །སྤྱི་དང་སོ་སོ་རྣམ་བཞིའོ། །ངེས་ཚིག་སྒྱུ་འཕྲུལ་ཕྱག་རྒྱ་ཀུན་རྫོགས་དང་། །དོན་དམ་ཆོས་སྐུ་བྱང་ཆུབ་མཆོག་གི་རྒྱ། །གསང་འདིས་ཕྱག་རྒྱ་མ་ལུས་རྒྱས་བཏབ་པས། །ཐམས་ཅད་ཕྱག་རྒྱ་ཉིད་ལས་ག་ལ་འདའ། །ལག་ཉིད་གཡས་གཡོན་ཉི་ཟླ་སྦྱོར་སྤྲོ་བསྡུ། །སྤྱི་ནི་ཕྱག་རྒྱ་མ་ངེས་སྤྲོས་པ་སྟེ། །ༀ་དང་མཱུྂ་སྦྱར་ཧཱུྃ་དང་ལཱྂ་དུ་སྦྱར། །ཨཱྂ་དང་ཏཱྂ་སྦྱར་ཧཱ་དང་པྱྂ་སྦྱར་བ། །སྭཱ་དང་མཱྂ་སྦྱར་ཡབ་ཀྱི་སྤྱི་རྒྱ་སྟེ། །དབང་མཆོག་སྦྱིན་པ་དུས་སུ་བསྔགས་པ་ཡིན། །ཡང་ན་དེ་ཉིད་ཐལ་མོ་སྦྱར་བ་ལས། །སྭཱ་དང་པྱཱཾ་སྦྱར་ཨཱྂ་དང་མཱུྂ་དུ་སྦྱར། །ཧཱ་དང་ཏཱྂ་དུ་སྦྱར་ཏེ་གཉིས་ཇི་བཞིན། །ཡུམ་གྱི་སྤྱི་རྒྱ་ཡིན་ཏེ་ལས་མཆོག་དུས་སུ་སྦྱར། །སོ་སོའི་ཕྱག་རྒྱ་བཅུ་པོ་རེ་རེ་ལ། །རིགས་ནི་ལྔ་ལྔ་དག་དང་ལྡན་པར་བཤད། །ཐུགས་ཀར་བཀན་པ་བདེ་གཤེགས་རིགས་ཡིན་ཏེ། །རང་རིགས་སོར་མོ་ཡིག་འབྲུ་རྡོ་རྗེའི་རིགས། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་རིན་ཆེན་རིགས། །འཁྲིལ་ཚུལ་ཆོས་ལ་བརྟེན་པ་པདྨའི་རིགས། །དེ་ཉིད་བྱེད་པ་ལས་ཀྱི་རིགས། །ཡུམ་ཡང་ཐུགས་བརྟེན་བདེ་བར་གཤེགས་པའི་རིགས། །དྲིལ་གསིལ་རྡོ་རྗེ་ལས་འཁྲིལ་ལས་སུ་བཤད། །འཛུམ་པའི་མདངས་ལྡན་རིན་ཆེན་རིགས་ཞེས་བྱ། །ཡུམ་གྱི་རྒྱ་བཅས་གསུང་སྟེ་པདྨའི་རིགས། །དེ་ལྟར་བཅིངས་པས་ལྔ་བཅུའི་ཕྱག་རྒྱ་རྫོགས། །སེམས་དཔའ་ལ་སོགས་འཆིངས་དང་དམ་ཚིག་རྒྱ། །ཀུན་བཟང་ཡབ་ཡུམ་རྡོར་འཛིན་ཕྱག་རྒྱ་བྱ། །མངོན་སུམ་ཀུན་བཟང་ཡབ་ཀྱི་སྤྱི་རྒྱར་བཤད། །ཡུམ་ནི་ཐལ་མོ་ཡུམ་གྱི་སྤྱི་རྒྱ་ཡིན། །རིགས་ཀྱི་བྱེ་བྲག་ཀུན་ལ་ཤེས་བྱ་སྟེ། །དེ་ལྟར་བརྩིས་ན་ཉིས་བརྒྱ་བཅུ་ཡིན་ནོ། །དེ་ལྟར་སྤྲོས་པས་ཕྱག་རྒྱ་བསམ་མི་ཁྱབ། །ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བརྙན་མའི་དཀྱིལ་འཁོར་བཤད་བྱ་བ། །གང་གིས་ཇི་ལྟར་གང་བཤད་རྣམ་པ་གསུམ། །གང་གིས་བདེ་གཤེགས་ཡབ་ཡུམ་དགྱེས་ཆེན་པོས། །ཇི་ལྟར་ཕྱི་རབས་རྣལ་འབྱོར་སྙོམས་འཇུག་ཕྱིར། །གསང་བ་དམ་ཚིག་བཀོད་ལ་སྙོམས་ཞུགས་ནས། །འགྲོ་བའི་ཆེད་དུ་འདི་དག་བཤད་པ་མཛད། །གདུལ་དཔལ་ཆེ་ཆུང་རིམ་པའི་བྱེ་བྲག་ནི། །སོར་བཞི་པ་དང་སོར་བརྒྱད་ཁྲུ་གང་དང་། །ཁྲུ་བཞི་པ་དང་ཁྲུ་ནི་བཅུ་གཉིས་དང་། །བཅུ་དྲུག་ཉི་ཤུ་ཉི་ཤུ་རྩ་ལྔར་བྱས། །རྒྱང་གྲགས་དཔག་ཚད་མཐའ་མཉམ་པར། །ཆེ་ཆུང་རིམ་པ་བཅུ་གཅིག་རྣམ་གྲངས་ཡིན། །སོར་བཞིའི་དཀྱིལ་འཁོར་འབྲི་དང་མཆོད་པ་དང་། །འཇུག་དང་སློབ་མ་དབང་བསྐུར་རྣམ་བཞི་ཡིན། །དགོངས་དང་གང་དུ་གང་བྲི་ཇི་ཙམ་ཚད། །གོ་མ་ཡེ་དང་ཐིག་གདབ་དབྱིབས་དང་ནི། །གདན་དང་དགོད་ཐབས་རྒྱན་དགོད་དང་ནི་བཅུའོ། །དགོངས་པ་ཤིན་ཏུ་ཕྲ་ལ་རབ་སྦྱངས་ནས། །ཏིང་འཛིན་ལས་སུ་རང་ཞེས་མཁས་པས་བཤད། །རྟེན་བཅས་དངོས་གྲུབ་མི་འདའ་ཐོབ་པར་བཤད། །གང་དུ་བདག་ཉིད་རྣམ་འབྱོར་རབ་ལྡན་པ། །ཕྱག་མཐིལ་ཉིད་དང་ཤིང་ལེབ་ལྟ་བུ་རང་། །སར་འབྲི་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་ཉིད། །དཀྱིལ་འཁོར་ཀྱི་རྩ་གཞི་ཡིན་པས་ཐུགས། །ཚད་ནི་མ་ངེས་འདིར་ནི་སོར་བཞི་པའོ། །སྐུ་ལྔ་ལས་ལྔ་ཡོན་ཏན་ལྔ་ཐུགས་ལྔ། །གསང་ལྔའི་རིགས་ནི་རྣམ་ལྔར་བྱིན་བརླབས་ལས། །འབྲུ་སྤོས་རིན་ཆེན་སྙིང་པོ་སྨན་བདུད་རྩི། །སུམ་ཅུ་ཆ་བསྙམས་གོ་མ་ཡེ་ཆེད་དུ། །རིག་པས་བཅད་བྲིའམ་སེམས་ཀྱིས་དགོད། །གཟུགས་བརྙན་ཉིད་ཀྱི་དཀྱིལ་འཁོར་ཞེས་ཀྱང་བྱ། །དབྱིབས་ནི་རང་བཞིན་ཏིང་འཛིན་ཅི་འདྲ་དེ་ཉིད་ཡིན། །གདན་ལྔ་ཕྲ་མོ་ཙམ་དུ་རིམ་པས་དགོད། །ཡིག་འབྲུ་ཕྱག་རྒྱ་དགོད་པ་དེ་བཞིན་ནོ། །རྒྱན་ནི་ཁ་དོག་བཅོས་པའི་སྣ་ཚོགས་རས། །བླ་རྒྱན་འོག་རྒྱན་བར་རྒྱན་མཛེས་པ་དང་། །རིན་ཆེན་སྣ་ཚོགས་མཛེས་པའི་ཕྲེང་བས་བསྐོར། །གཟུགས་སྒྲ་དྲི་རོ་བཟའ་བཏུང་དེ་བཞིན་བསྐོར། །མཆོད་པ་ཕྱི་དང་ནང་དང་སྦྱིན་སྲེག་དང་། །ཏིང་ངེ་འཛིན་དང་ཀུན་བཟང་མཆོད་པའི་སྤྲིན། །གསང་བའི་དཀྱིལ་འཁོར་སྤྱན་དྲངས་མཆོད་པ་དང་། །ཁྱད་པར་ཆེན་པོའི་མཆོད་པ་དང་། །ཡོན་ཏན་དང་ནི་མི་དམིགས་བསྒོམ། །རྣམ་པ་དགུ་པོར་ཤེས་པར་བྱའོ། །ཕྱི་ཚུལ་གླུ་ཚིག་བྲོ་གར་རོལ་མོ་ཡི། །ཚོགས་མཆོག་སྤྲིན་ཕུང་དག་གིས་མཆོད་པར་བྱ། །ནང་ཚུལ་ལྷ་མོ་རྣམ་པ་བཅུ་གསུམ་རྣམས། །ཇི་ལྟར་འཚམས་པའི་ལས་བཞིན་བྱིན་བརླབས་མཆོད། །སྦྱིན་སྲེག་རིམ་པར་མཆོད་སྦྱིན་རྣམས་ཀྱི་མཆོག །ཟླུམ་པོ་གྲུ་བཞི་ཟླ་གམ་གྲུ་གསུམ་དབྱིབས། །དཀར་སེར་དམར་ནག་བསྒྱུར་བའི་དཀྱིལ་འཁོར་དུ། །རྡོ་རྗེ་རིན་ཆེན་མདའ་གཞུ་ཐོད་པས་མཚན། །ལྷ་ཚོགས་ཀུན་གྱི་ཞལ་ནི་མེ་རྣམས་འབོད། །བཟའ་བཏུང་ལས་བཞིའི་མཆོད་སྦྱིན་མཆོག་ཡིན་ནོ། །ཞི་དང་རྒྱས་པ་ཞི་བའི་ཚོགས་ལ་སྟེ། །དབང་དྲག་གཉིས་ལ་ཁྲོས་པའི་དཀྱིལ་འཁོར་བྱ། །དེ་ཡང་སོར་བཞི་པ་ལས་བརྩམས་ནས་སུ། །ནམ་མཁའ་མཐའ་མཉམ་བར་དུ་དེ་བཞིན་བྱ། །ཏིང་འཛིན་ཆོ་འཕྲུལ་མཆོད་པ་བྱ་བ་དང་། །རང་རིག་མཆོད་སྤྲིན་ལ་སོགས་སྣང་བས་ན། །ཞིང་ཁམས་ལོངས་སྤྱོད་སྣ་ཚོགས་ལྡན་པ་རུ། །རིན་ཆེན་གཞལ་ཡས་རྒྱན་མཆོག་མཛེས་སྤྲས་པ། །དེར་ནི་ལྷ་དང་ལྷ་མོ་མཛེས་ལྡན་རྡུལ་སྙེད་དག །བྲོ་གར་གླུ་ཚིག་ཚོགས་རོལ་འཇིག་རྟེན་ཁམས་བཀང་འབུལ། །ཀུན་བཟང་མཆོད་པས་སྐལ་ལྡན་རྟོགས་ཁྱད་པར། །བློ་ཡི་ཁྱད་པར་དུས་གཅིག་གོ་རིམ་གྱིས། །ཆོས་དབྱིངས་མཉམ་སྦྱོར་མཆོད་སྤྲིན་ཕྱག་རྒྱ་བསྒོམ། །གསང་བའི་དཀྱིལ་འཁོར་རྣལ་འབྱོར་མའམ་བྱིན་གྱིས་བརླབས། །གནས་ལྔ་རིགས་ཡུམ་ལྔ་དང་ཡན་ལག་ཁྲོ་མོ་བཞི། །ཡབ་ཡུམ་གཉིས་མེད་ལྷག་པའི་སྦྱོར་སེམས་ལས། །གཞལ་ཡས་དཀྱིལ་འཁོར་རྫོགས་པའི་དཔེར་བརྗོད་པ། །ཉུངས་འབྲུ་ནང་དུ་སྟོང་གསུམ་ཤོང་ཚུལ་དུ། །ཡུམ་གྱི་མཁའ་དབྱིངས་གཉིས་ལས་བརྙན་མར་གསལ་བཏོན་ཏེ། །གཉིས་མེད་ལྷག་པའི་སེམས་ཀྱིས་མཆོད་པར་བྱ། །མཉེས་ནས་གྲུབ་སྟེ་དམ་ཚིག་མཆོག་ཏུ་གསུངས། །ཁྱད་པར་བདག་ཉིད་མཆོད་པས་རྒྱལ་བ་མཉེས། །འགྲོ་རྣམས་དགའ་བས་སྦྱིན་པས་ཁྱད་པར་འགྱུར། །དེ་བས་ཐམས་ཅད་མཉམ་པས་དབྱིངས་གཅིག་གོ། །ཡོན་ཏན་སྒྱུ་འཕྲུལ་དཀྱིལ་འཁོར་བརྟན་བྱས་ན། །ཕྱོགས་བཅུ་རྒྱལ་བའི་དཀྱིལ་འཁོར་དང་། །འགྲོ་རྣམས་བསོད་ནམས་མངོན་ཐོབ་འགྱུར། །བདག་གི་ལུས་ངག་སེམས་དང་ཕྱི་ནང་ཆོས་རྣམས་ཀུན། །དོན་དམ་མི་དམིགས་ཀུན་རྫོབ་མིག་ཡོར་ཚུལ་སྣང་བ། །དམིགས་མེད་ནམ་མཁའ་ལ་ནི་སྒྱུ་འཕྲུལ་ནམ་མཁའ་བསྒོམ། །འཇུག་པའི་དང་པོ་བདག་ཉིད་དེ་ནས་སློབ་མ་འཇུག །ལས་རྣམས་ཀུན་བྱས་བདག་པོ་རིག་པས་འཇུག །དེ་ནས་སློབ་མའི་སྤྱི་བོར་དཀྱིལ་འཁོར་བཞག་པ་སློབ་མ་འཇུག་པ་ཡིན། །དེ་ནས་དབང་བསྐུར་ཕྱིར་ནི་ཡོན་མཆོག་དབུལ་བར་བྱ། །བདེ་གཤེགས་རིགས་ཀྱི་རྒྱལ་སྲིད་ཡོད་ཡིན་ཏེ། །རང་ལུས་རྡོ་རྗེའི་རིགས་ཏེ་བུ་དང་ཆུང་མ་པདྨའི་རིགས། །ནོར་ནི་རིན་ཆེན་གཅེས་དང་ཡིད་འཐད་ལས་རིགས་ཡིན། །འདོད་ཡོན་ལྔ་ནི་ལྷ་མོའི་རང་བཞིན་བླ་མ་མཆོད་བྱས་ན། །ཕྱོགས་བཅུའི་དཀྱིལ་འཁོར་མཉེས་ཏེ་བླ་མ་དེ་ཉིད་དཀྱིལ་འཁོར་ནི། །ཉེ་བའི་རྡོ་རྗེ་སློབ་དཔོན་མཉེས་པ་སྨོས་ཅི་དགོས། །སློབ་དཔོན་མཉེས་ན་འདི་དང་གཞན་མའི་ཉེས་པ་དག་པར་འགྱུར། །སློབ་མ་དད་དང་བརྩོན་འགྲུས་བརྟུལ་ཞུགས་རྟོགས་པ་མཆོག་ལྡན་ན། །ཕན་དང་ནུས་པ་ཕྱི་ནང་གསང་བའི་དབང་རྣམས་ཀྱང་། །སྣོད་ཀྱི་རིམ་པར་སྦྱར་ཏེ་ཆུད་མ་ཟོས་པར་སྦྱིན། །ཐལ་མོ་རབ་བསྣོལ་སོར་བརྒྱད་དཀྱིལ་འཁོར་ཡང་ནི་དེ་ལྟར་བྱ། །ཁྲུ་གང་བཞི་དང་བཅུ་གཉིས་ས་གཞིར་རབ་བསྙམས་ཏེ། །ས་གཞི་གཟུགས་ཕུར་དང་ནི་ཐིག་སྐུད་ཚོན་ཕྱེ་དང་། །ཆས་གོས་ལྔ་དང་ཚད་ལྡན་སྔགས་གཡོན་ལྡན་པར་བྱ། །ཐིག་གདབ་ཆོ་ག་ལ་སོགས་མཁས་པས་བསྒྲིམས་ཏེ་བྱ། །ཁྲུས་ནི་བཅུ་དྲུག་ཉི་ཤུ་རྩ་ལྔའམ་དེ་བཞིན་བྱ། །དཀྱིལ་འཁོར་དེ་ཉིད་ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །རྒྱལ་བའི་གཟུགས་དང་ཡི་གེ་ཕྱག་མཚན་ལྡན་པའི་གཟུགས་ཀྱང་དགོད། །འཁོར་རྣམས་ཕྱག་མཚན་ཕལ་པ་ལ་ནི་ཡི་གེ་དགོད། །རྒྱང་གྲགས་དཔག་ཚད་མཁའ་དབྱིངས་བསམ་ཡས་ནི། །རིག་པས་དཔགས་ཏེ་འདི་ཡང་གཟུགས་བརྙན་ཡིན་ཞེས་བྱ། །རྡུལ་མཚོན་བྲི་བའི་དགོས་པ་དང་ནི་ཚོན་དགྱེ་དང་། །ཆེན་པོ་གསུམ་གྱིས་དགོངས་དང་བྱིན་གྱིས་བརླབས་པ་དང་། །སྤྱན་དྲང་བསྙེན་པར་བྱ་དང་དངོས་གྲུབ་མཚན་ཉིད་དང་། །སྒྲུབ་པའི་ཡན་ལག་ཡོ་བྱད་དུས་དང་འབྲས་བུ་དང་། །ཡི་དམ་གཟུགས་དང་མེ་ཏོག་དོར་དང་གེགས་བསྟན་པ། །རྣམ་པ་བཅུ་གསུམ་གྱིས་ནི་འགྲུབ་པར་གསུངས། །ཚོན་གྱི་དགོངས་པ་རང་བཞིན་ཏིང་འཛིན་ཉིད། །གསང་བ་མ་མཐོང་རྨོངས་ལ་བསྟན་པ་ཡིན། །ཚོན་སྣ་ལྔའམ་ཉི་ཤུ་རྩ་ལྔ་ཉིད། །དཀར་དམར་སེར་ལྗང་མཐིང་ག་རིམ་བཞིན་དགྱེ། །དེ་ཉིད་འབྲུ་ལྔ་ཡེ་ཤེས་ལྔར་བྱིན་བརླབས། །རྒྱང་གྲགས་དཔག་ཚད་ནམ་མཁའི་མཐའ་མཉམ་པ། །ཏིང་འཛིན་རྒྱ་ཆེར་བློ་སྦྱངས་རོལ་མོ་མཐའ་ཡས་མཆོག་གི་ཕྱིར། །བྱིན་རླབས་ཐ་ཚིག་ཡི་གེའམ་ཉི་ཟླའི་གདན། །ཧཱ་སོགས་སྙིང་པོའི་རྡོ་རྗེ་ལ་སོགས་ཐུགས་ཀྱི་རྒྱ། །གཟུགས་ཀྱི་སྐུ་དང་ཡིག་འབྲུ་ཕྱག་མཚན་ལྡན་པར་བྱའོ། །དེ་ཡང་ཏིང་འཛིན་བརྟན་པས་བྱིན་རླབས་བྱ། །ཆེན་པོ་གསུམ་ཡང་དངོས་སུ་བྱ་བར་དཀའ། །འདི་ཡང་བྱིན་གྱིས་བརླབས་ཏེ་ཡིད་ཀྱིས་དགོད་བྱ་ན། །ཡ་མཚན་རྨད་ཀྱི་དངོས་གྲུབ་སངས་རྒྱས་ཀུན་གྱི་དམ། །མི་འདའ་ས་ལ་སོགས་པ་གཟུགས་བརྙན་ལུགས་ལ་སོགས་བྱ་སྟོག །མཚན་མའི་རྟེན་དུ་བྱས་ན་རྣམ་གྲོལ་རིམ་འགྲུབ་ནི། །རང་རིག་ཡེ་ཤེས་ཀྱིས་ན་རིམ་བཞིན་བྱིན་བརླབས་ཏེ། །སེམས་ཀྱིས་སྦྱངས་ན་ཅི་སྨོས་དེ་ཉིད་ཡེ་ཤེས་ཡིན། །སྤྱན་དྲང་ཕྱོགས་དུས་རང་བཞིན་ཐུགས་ཀྱི་དཀྱིལ་འཁོར་ལས། །བསྙེན་པའི་དཀྱིལ་འཁོར་ཉིད་དུ་ཐམས་ཅད་སྤྱན་དྲངས་པ། །སྒྱུ་འཕྲུལ་ཉིད་ལས་ཛཿཧྱིས་ཐམས་ཅད་དགུག་པར་འགྱུར། །བསྙེན་པའི་མཚན་ཉིད་རང་རིག་དཀྱིལ་འཁོར་ལ། །གཉིས་མེད་འཇུག་པའི་མཚན་ཉིད་རབ་སྦྱོར་བས། །བཟླས་བརྗོད་བྱིན་དང་བསྡུ་བའི་བསྙེན་པ་ཡིས། །ཕྱོགས་བཅུ་བདེ་གཤེགས་དཀྱིལ་འཁོར་ཐམས་ཅད་ཀྱང་། །མཚན་མ་དུས་དང་གྲངས་ཀྱི་བསྙེན་པར་རབ་ཏུ་རྫོགས། །དཀྱིལ་འཁོར་ཉེ་བར་གྱུར་ཏེ་མཆོག་གི་དངོས་གྲུབ་ཐར་མེ་དྷ་འགྲུབ་ལ། །དངོས་གྲུབ་མཚན་ཉིད་རང་སེམས་བསོད་ནམས་ཉིད། །ཐུན་མོང་མཆོག་གི་དངོས་གྲུབ་ཡིན་ཏེ་གཞན་ན་མེད། །འཁོར་ལོ་སྒྱུར་རྒྱལ་དཔག་བསམ་ཤིང་དང་བུམ་པ་བཟང་། །འདོད་པའི་ལོངས་སྤྱོད་དེ་དག་རང་སེམས་སྣང་ལས་གཞན་མ་ཡིན། །རྒྱས་སངས་ཆོ་འཕྲུལ་ངོ་མཚར་རྨད་བྱུང་ཡང་། །རང་རིག་ཤེས་རབ་ཐབས་ཉིད་དེ་ལྟ་དེ་བཞིན་ཉིད་ལས་ཐབས་ཀྱི་ཕྱག་རྒྱར་སྣང་བ་ཡང་། །ཡེ་ཤེས་རབ་སྣང་ལ་ནི་ཡེ་ཤེས་རོལ་པ་བཟང་། །ཡེ་ཤེས་ཉིད་ཀྱང་སྒྱུ་མ་ཡིན་ཕྱིར་གསོག །རང་སྣང་བསོད་ནམས་ཡེ་ཤེས་དེ་ཉིད་འཇིག་རྟེན་འདས་སོགས་དངོས་གྲུབ་བོ། །རྒྱལ་བ་གཟུགས་སྐུ་མངོན་འབྱུང་སྐྱོབ་དང་བྱིན་རླབས་སྟོན་པ་ཡང་། །རང་སེམས་རྣམ་པ་ཡིན་ཏེ་གུད་ན་ཡང་། །རང་སྣང་སྒྱུ་མའི་དཀྱིལ་འཁོར་བྱ་བ་བྱེད་ནུས་ལ། །གཟི་བྱིན་བྱིན་རླབས་འགྲོ་ལ་ཕན་འདོག་པ། །དེ་བཞིན་ཉིད་ལས་མི་གཉིས་འདུས་བྱས་པའང་། །མདོར་ན་རང་སྣང་སེམས་ཉིད་དེ་བཞིན་ཡིན་ཕྱིར་རོ། །སེམས་ཉིད་སྣང་བ་ཀུན་ཀྱང་རྡོ་རྗེ་འདུས་མ་བྱས་སུ་མཁས་པས་བཤད། །སྒྲུབ་པའི་ཡན་ལག་ཆོ་ག་རྣམ་ལྔ་རྫོགས་པར་བྱ། །དང་པོ་སྟོང་པ་བྱང་ཆུབ་གཉིས་པ་སྙིང་རྗེ་ཆེན་པོ་ཡིན། །གསུམ་པ་ཡི་གེ་བཞི་པ་ལ་ནི་དམ་ཚིག་རྒྱ། །ལྔ་པ་ལ་ནི་གཟུགས་རྫོགས་གཟུགས་ལྡན་ཡིན། །ཡོ་བྱད་གནས་མཆོག་ཡིད་འོང་གདན་མཆོག་ཉི་ཟླ་པད་སོགས་དང་། །ཕྱག་མཚན་རྡོ་རྗེ་དྲིལ་བུ་གཟུངས་མ་མཚན་ལྡན་དང་། །ཨ་མྲྀ་ཏ་སོགས་ཕྱི་ནང་འབྱོར་པའི་ཡོ་བྱད་དང་ལྡན་བྱ། །སྙིང་གར་ཡེ་ཤེས་སེམས་དཔའ་བསྒོམ་དེའི་སྙིང་གར་ཉི་ཟླའི་དཀྱིལ། །དམ་ཚིག་ཕྱག་རྒྱ་བཞག་སྟེ་དེ་སྟེང་ཡིག་འབྲུ་བཞག །བཟླ་ཚེ་སྤྲོ་བསྡུས་བཟླས་པའི་ཡན་ལག་ཡིན། །བཅོ་ལྔ་ལྡན་ཞིང་མ་ཉམས་བསྒྲུབ་ལ་བརྩོན་ན་འགྲུབ། །དུས་ནི་ཟླ་བ་དྲུག་དང་བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །ཚེ་ལ་དབང་སོགས་རིག་འཛིན་རབ་འབྲིང་ཐ་མ་འགྲུབ། །འབྲས་བུ་ཚེ་དབང་རིག་འཛིན་དེ་ཉིད་ཀྱིས། །ཚེ་ལོ་བཅུ་དྲུག་གིས་ནི་སྐུ་ལྔ་ལྷུན་གྱིས་གྲུབ། །དེ་ལྟར་རིག་འཛིན་ཁྱད་པར་དེ་དག་ཀྱང་། །ཡེ་ཤེས་ཉིད་ལ་ཉིད་སྣང་བསམ་ཡས་མཆོག །ཞིང་ཁམས་མི་ཟད་རྒྱན་གྱི་འཁོར་ལོ་ན། །སྤྲུལ་པ་བསམ་ཡས་ཞལ་མཐོང་དང་། །མཉེས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན། །རིག་འཛིན་རྩལ་གྱིི་ཁྱད་པར་དེ་ཉིད་ཀྱང་། །ཚོགས་གཉིས་མཐུན་ཏེ་ཡེ་ཤེས་རང་སྣང་བའོ། །གཅིག་དང་དུ་མ་བྲལ་བའི་མཐའ་འདས་དེ་བཞིན་ཉིད། །རྒྱལ་བས་ཀྱང་ནི་གཟིགས་པ་མ་ཡིན་ཏེ། །རང་བྱུང་ཡེ་ཤེས་ཉིད་ལ་མི་གནས་ཚུལ་ཙམ་སྣང་བར་ཟད། །ལོག་པར་རྟོག་པས་བརྟགས་པ་ཀུན་ཀྱང་ཡེ་ནས་རྣམ་མེད་ཅིང་། །རང་སྣང་ཡེ་ཤེས་དབྱིངས་དང་དེ་བཞིན་ཉིད་ལས་གུད་ན་ཡོད་མ་ཡིན། །དེ་ཕྱིར་ཐུགས་རྗེ་ཆེན་པོས་འབྲེལ་བ་ཡི། །འགྲོ་དྲུག་དུས་གནས་མུན་སེལ་སྣང་། །དེས་ན་འབྲས་བུ་རང་སྣང་དཀྱིལ་འཁོར་ཉིད་དུ་ཆོས་ཀུན་འབྱུང་བར་དེས། །དོན་དམ་དཀྱིལ་འཁོར་ཉིད་ནི་སྟངས་དཔྱལ་གཉིས་སམ་བཅུ། །གསལ་བྱས་དད་པས་ཞུགས་ན་དངོས་གྲུབ་ཡིད་འོང་མཉམ་པར་འགྱུར། །མེ་ཏོག་དོར་ཏེ་སྐལ་མཉམ་ཡེ་ཤེས་གང་གཉེར་བ། །གང་ཉེར་ཡ་མཚན་དངོས་གྲུབ་འབྱུང་བར་ངེས། །བཅོ་ལྔ་མི་ལྡན་དམ་མེད་དམ་ཚིག་ཉེས་ན་བརླག་པར་གྱུར་ཏ་རེ། །མི་འགྲུབ་བགེགས་སུ་འགྱུར་ཞེས་རྒྱལ་བས་གསུངས། །རྡོ་རྗེ་དམ་ཚིག་བཀོད་པོའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དགྱེས་ཆེན་རྒྱལ་པོའི་སྤྲིན་ལ་སྙོམས་ཞུགས་ཏེ། །དབང་མཆོག་སྦྱིན་པ་འདི་ཉིད་འགྲོ་བའི་ཆེད་དུ་བརྗོད། །སྤྱི་དང་ཁྱད་པར་མ་ཐོབ་སྐྱོན་དང་རྫས་དང་འབྲས་བུ་ལྔའོ། །སྤྱིར་ནི་ཡབ་ཡུམ་ཕྱག་རྒྱར་བསྒོམས་ཏེ་སྦྱོར་བ་ལས། །བདེ་མཆོག་ཡིག་འབྲུའི་ཚོགས་སུ་རྡོ་རྗེའི་ལམ་ནས་མཁའ་ལ་འཁྱིིལ། །རྡོ་རྗེའི་རྩེ་ནས་གནས་སུ་བསྟིམ་ཞིང་སོ་སོའི་དཀྱིལ་འཁོར་བསྒྱུར། །སོ་སོ་ཉན་དང་བསྒྲུབ་དང་ལས་འཆད་སློབ་དཔོན་ཉིད་དང་ལྔའོ། །ཉན་པ་རྣ་བར་སེམས་སྤྲོས་གཞལ་ཡས་གདན་དང་བཅས། །ཏྲཱྂ་གཉིས་ལ་ནི་རིན་ཆེན་ཕྱག་རྒྱའི་སྐུ་གྱུར་གསལ་སྤྲོ་ཐིམ། །གསང་གསུམ་མཉན་ཆ་མི་སྨྲ་ཚིག་བཤད་བསྒྲགས། །བསྒྲུབ་པ་སྙིང་གར་དེ་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ཉིད། །རྡོ་རྗེ་གཟུངས་དང་མཆོད་དང་སྦྱོར་དང་ཚིག་བཤད་བསྒྲགས། །ལས་ནི་ལག་པར་དེ་བཞིན་ལས་རིགས་སྤྲོ་བསྟིམ་བྱ། །ལས་དང་ཕོ་ཉ་བྱེད་པར་བཀའ་ཡིས་རབ་ཏུ་བསྒྲགས། །འཆད་པ་ལྕེ་ལ་པདྨའི་རིགས་ཡིན་ཏེ། །སྣོད་མཐུན་གསང་བ་བསྒྲག་པའི་ཚིག་བཤད་བརྗོད། །སློབ་དཔོན་ཡན་ལག་ལྔ་ལ་ཞི་ཁྲོའི་ཚོམ་བུ་ལྔས། དཀྱིལ་འཁོར་བྱེད་དང་དབང་སྦྱིན་ཅེས་པར་བཀའ་ཡིས་བསྒྲགས། །སྐྱོན་ནི་བླ་མ་མ་མཉེས་ལྔ་པོ་མ་ཐོབ་པར། །ལྔ་པོར་རྩོམ་པས་དངོས་གྲུབ་མི་ཐོབ་བརླག་པར་ངེས། །དེ་རུས་རྫས་ཀྱི་རྣམ་པ་དགོས་པ་ཡང་། །ཆོས་ཀྱི་རྒྱལ་མཚན་ཐོབ་ཕྱིར་རིགས་ལྔའི་དབུ་རྒྱན་སྦྱིན། །ཤེས་བྱར་མ་རྨོངས་སྣ་ཚོགས་དར་གྱི་ཅོད་པན་ཏེ། །གཟུངས་དང་ཏིང་འཛིན་མེ་ཏོག་ཕྲེང་བ་བཏག །གཞན་གྱི་མི་ཐུབ་བརྒྱ་ཕྲག་གོ་ཆ་བསྐོན། །བདུན་ལས་རྒྱལ་བའི་ཆུ་སྲིན་རྒྱལ་མཚན་གཏད། །མི་འདའ་མི་ཤིགས་རིགས་ཀྱི་ཕྱག་རྒྱས་བཏབ། །ཚ་གདུང་སེལ་ཕྱིར་སྐྱོབ་པ་གདུགས་ཀྱིས་དགབ། །བག་ཆགས་སྦྱང་ཕྱིར་ལྔའི་བུམ་པ་བསྟེན། །འདོད་པའི་ཡོན་ཏན་ལོངས་སྤྱོད་བཟའ་བཏུང་བསྟབ། །ངེས་པའི་འབྲས་བུ་སྨིན་ཕྱིར་སྙིང་པོ་ལྔ། །འདི་དག་རྫས་སུ་སྦྱིན་ཅེས་རྒྱལ་བས་གསུངས། །འབྲས་བུ་རྒྱལ་སྲས་ངན་སོང་མེད་པ་དང་། །འཇིག་རྟེན་ཚེ་དང་བདེ་བ་ཐོབ་པ་དང་། །མཐོ་རིས་ལྷ་མི་ཐར་པའི་ཆོས་ཀྱི་རྒྱལ་པོར་འགྱུར། །དབང་སྦྱིན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། །རྒྱལ་པོའི་ཚོགས་སུ་དབང་བསྐུར་མཉམ་བཞག་སྟེ། །བདེ་བ་མཆོག་གི་ལེའུ་འདི་འགྲོ་བ་ཆེད་དུ་བརྗོད། །རྣལ་འབྱོར་དགོངས་པའི་ཁྱད་པར་དང་། །བྱིན་རླབས་བྱ་དང་སྦྱོར་སྒྲོལ་དང་། །འཇུག་པ་འབྲས་བུ་བཅས་པ་དང་། །ཞི་ཁྲོ་ཚོམ་བུའི་གྲངས་བསྟན་པ། །རྣམ་པ་དྲུག་གིས་ཡང་དག་བཤད། །དགོངས་པ་རྒྱུ་གཅིག་ཡིག་འབྲུ་བྱིན་རླབས་མངོན་སུམ་རྟོགས་རྣམ་བཞི། །རྒྱུ་གཅིག་དོན་དམ་ཀུན་རྫོབ་དབྱེར་མེད་པ། །མ་སྐྱེས་སྒྱུ་མ་སྣང་དང་རང་བཞིན་མེད་པར་གཅིག །ཨ་ཨོ་ཨཱོཾ་སྟེ་སྐུ་གསུང་ཐུགས་རང་བཞིན། །མ་སྐྱེས་སྒྱུ་མ་དབྱེར་མེད་ཡིག་འབྲུའི་ཚུལ། །རས་དཀར་དམར་པོའི་ཚོན་གྱིས་བསྒྱུར་ཚུལ་དུ། །རྒྱུ་གཅིག་ཡིག་འབྲུས་ཆོས་ཀུན་བྱིན་གྱིས་རློབ། །ལུང་དང་མན་ངན་མི་བསྟེན་མི་འགལ་བར། །རང་རིག་བློ་ཡིས་མངོན་སུམ་རྟོགས་ཞེས་བཤད། །རྟོགས་བཞིས་ཆོས་ཀུན་མངོན་རྫོགས་རྒྱལ་པོ་ཆེ། །གང་ཞིག་དེ་རྟོགས་ཚོགས་ཀྱི་བདག་པོར་གསུངས། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་ཞེས་ཀྱང་དེ་ལ་བྱ། །ཇི་ལྟར་ཡན་ལག་ལྔ་དབང་པོ། །ཡེ་ཤེས་ལྔས་བསྡུས་རྣམ་མིན་ༀ་དུ་བསྒོམ། །ཞི་ཁྲོ་རྒྱལ་བ་ཡབ་ཡུམ་བྱིན་གྱིས་བརླབས། །འདོད་ཡོན་ལྔ་སོགས་ཡུལ་གྱི་རྣམ་པ་ཀུན། །རྣམ་པ་མ་ཡིན་ཡི་གེ་མཱུྂ་དུ་བསྒོམ། །ཞི་ཁྲོ་དབྱིངས་ཕྱུག་ཡུམ་དུ་བསྒོམ་པར་བྱ། །གོས་རྒྱན་བཟའ་བཏུང་གླུ་ཚིག་བྲོ་གར་སྤྲིན་ཚོགས་ཀུན། །བྱང་ཆུབ་སེམས་ཚོགས་ཡི་གེ་ཧཱུྃ་དུ་རབ་བསྒོམས་ཏེ། །སྤྱད་ན་དངོས་གྲུབ་འབྱུང་བའི་དཀྱིལ་འཁོར་མཉེས། །ༀ་མཱུྂ་ཧཱུྃ་ཉིད་སྐུ་གསུང་ཐུགས་ཉིད་བྱིན་རླབས་བྱ། །སྦྱོར་བའི་གཟུངས་མ་ལྷ་ཀླུའི་བུ་མོའམ་རིགས་ངན་སོགས། །ཞི་རྒྱས་དག་ལ་དབྱེ་བའམ་དབང་དྲག་དག་ལ་མི་དབྱེ་བར། །བསྙེན་སྒྲུབ་རྣམ་བཞིའི་རིམ་པ་རབ་ཏུ་བརྩམ། །བསྙེན་པ་དོན་དམ་བྱང་ཆུབ་སེམས་ཤེས་ཡིན། །ཉེ་བའི་བསྙེན་པ་བདག་ཉིད་ཕྱག་རྒྱར་བསྒོམ། །སྒྲུབ་པ་ཡུམ་ཉིད་གཟུངས་སུ་བྱིན་བརླབ་བྱ། །སྒྲུབ་ཆེན་ཡབ་ཡུམ་གཉིས་མེད་བྱིན་བརླབས་ལ། །མཁའ་ལས་སེམས་འཕྲོས་བདག་མཆོད་རྒྱལ་བ་མཉེས། །འགྲོ་ཚིམ་ཉི་ཟླ་ལྕེ་ཡིས་དངོས་ཟོས་ན། །ནམ་མཁའ་འགྲོ་དང་མདོག་བཟང་ཚེ་རིང་བ། །ཐུན་མོང་མཆོག་གི་གྲུབ་པ་ཡིད་བཞིན་བདག་པོར་འགྱུར། །བསྒྲལ་བའི་ཞིང་གྱུར་རྒྱུ་མཆོག་རྣམ་ལྔ་པ། །ཨ་འབྲས་རྒུན་འབྲུམ་པ་ན་སེ་དང་གེ་རྒྱས་ཨ་ག་རུ། །མཆོག་ཕྲན་གཞན་ཡང་མཆོག་གིས་བསྡུས་པ་བསྟན། །བློ་ངན་འཇིག་རྟེན་ཞེས་སུ་བདེ་གཤེགས་གསུངས། །མཁས་པས་ཨེ་ལས་ཉི་ཟླའི་སྟེང་དུ་བཞག །གཙུག་ཏུ་ཡེ་ཤེས་སེམས་དཔའ་ངན་སོང་སྦྱོང་། །ཆེ་བའི་ང་རྒྱལ་བསྐྱེད་ཅིང་སོར་མོ་འབྲུ་བཅུ་བསྒོམ། །འབྲུ་བཅུའི་འོད་ཀྱིས་རྣམ་ཤེས་བསྲེགས་ནས་ཧཱུྃ་དུ་དག །ཧཱུྃ་ཉིད་མཁའ་ལ་ཐིམ་པར་འཕངས་ཏེ་ཕྱག་རྒྱར་བསྒྱུར། །དེ་ལས་སྐུ་གསལ་འོད་འཕྲོས་རྒྱན་དང་ལྡན། །གཉིས་སུ་མེད་པར་བསྒྲལ་ཞེས་དེ་ལ་བྱ། །དོན་དམ་སྐྱེ་མེད་ཀུན་རྫོབ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱས་ཀྱང་རྡུལ་ཙམ་བྱས་མི་དམིགས། །འཇུག་པ་འབྲས་བཅས་དག་མཉམ་གསུམ་དང་བཞི། །སྣོད་ནི་འབྱུང་ལྔ་གཞལ་ཡས་ཡུམ་དུ་དག །ཕུང་པོ་བཅུད་རྣམས་རྒྱལ་བ་ཡབ་ཏུ་དག །ཚོགས་བརྒྱད་སེམས་དག་ཡེ་ཤེས་ལྔར་དག་རྟོག །དེ་ཚེ་དོན་དམ་མ་སྐྱེས་དབྱིངས་སུ་མཉམ། །ཀུན་རྫོབ་སྒྱུ་མ་ཕྱག་རྒྱ་ཆེན་པོར་མཉམ། །ཤེས་རིག་ལྷ་དང་ཡུལ་རྣམས་ལྷ་མོར་མཉམ། །དེས་ན་ཐམས་ཅད་དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །བྱེད་སྤྱོད་ཉིད་ཀྱང་ཚོགས་གཉིས་རྫོགས་པར་རོལ། །དེ་ཕྱིར་རང་བཞིན་ལྷུན་གྲུབ་ཚོགས་ཞེས་གསུངས། །བཀྲི་དྲང་ཚོགས་དེ་དཀྱིལ་འཁོར་བྱེད་པའི་ཚེ། །ཡན་ལག་ལྔ་པོ་མ་ཉམས་ཡོ་བྱད་རྣམ་ལྔར་ལྡན། །ཆོ་ག་ལྔ་རྫོགས་ཚོགས་འདུས་དཀྱིལ་འཁོར་ཀྱིས། །ངེས་པར་ལེགས་པའི་དངོས་གྲུབ་དགོངས་པ་འགྲུབ། །ཚོམ་བུའི་གྲངས་ཀྱང་ལྔ་དང་གསུམ་དང་གཅིག །རིགས་ལྔ་རིགས་གསུམ་རིགས་གཅིག་ཚོམ་བུ་ལ། །ཁྲོ་བོ་ཁྲོ་མོ་ཉི་ཤུའི་འཁོར་ལོ་བསྐོར། །ཚོམ་བུ་དེ་ཀུན་གཙོ་གཟུངས་ཟུང་དུ་འཁྲིལ། །ཁྲོ་བོའི་ཚོམ་བུ་གྲངས་ཀྱང་དེ་བཞིན་ཏེ། །ཕོ་ཉ་ཕྱག་བརྙན་བཀའ་ཉན་ཅི་བགྱི་རྣམས། །འཁོར་བར་དངོས་གྲུབ་ལས་རྣམས་རྫོགས་པར་བྱེད། །ཚོགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྒྱལ་པོ་དགྱེས་ཆེན་པོས། །རོལ་མོ་སྤྲིན་འཕྲོ་རྒྱན་བཀོད་སྙོམས་ཞུགས་ཏེ། །ཚོགས་སྒྲུབ་ལེའུ་འདི་འགྲོ་བའི་ཆེད་དུ་བརྗོད། །ལོངས་སྤྱོད་སོ་སོར་འགྲུབ་པའི་ཁྱད་པར་དང་། །རིག་འཛིན་ཕྱི་དང་རིགས་ཀྱི་རྣལ་འབྱོར་དང་། །འབྲས་བུའི་ཁྱད་པར་གེགས་མེད་ཁྱད་ལྔའོ། །སོ་སོའི་སྒྱུ་འཕྲུལ་བརྟན་པའི་ཏིང་འཛིན་གྱིས། །ཕྱག་རྒྱའི་དངོས་གྲུབ་རྣམ་པ་ལྔ། །ལྷུན་གྱིས་གྲུབ་པར་བདེ་གཤེགས་རྒྱལ་བས་གསུངས། །རིག་འཛིན་ཤེས་འཇུག་འབྲས་བུ་ཁྱད་པར་བསམ་ཡས་པ། །རྟོགས་གཞིའི་ཚུལ་རིག་ཤེས་པའི་མཚན་ཉིད་ཡིན། །ཡང་དང་ཡང་དུ་གོམས་པ་འཇུག་པ་སྟེ། །གོམས་མཐུས་མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་ཡིན། །རྒྱུ་རྐྱེན་འབྲས་བུ་ནུས་མཐུ་གང་གྱུར་པ། །རིག་འཛིན་ཞེས་སུ་རྒྱལ་བའི་ཞིང་དུ་གྲགས། །འདོད་ཁམས་ལྷ་མི་ཚངས་པའི་སྐྱེ་གནས་སུ། །སྐྱེ་གཞི་རྣམ་པར་དག་པ་འཛིན་མོད་ཀྱི། །རྟོགས་པའི་ཁྱད་པར་ས་ལ་གནས་འགྱུར་ཡིན། །བྱང་ཆུབ་ས་བཅུ་བདེ་གཤེགས་པ་གསུམ་སྟེ། །དེ་ཉིད་དུས་ནི་ཕ་རོལ་ཕྱིན་བཅུ་བྱང་ཆུབ་པ་ཡི་རྒྱུ། །སྦྱིན་སོགས་རབ་དགའ་ལ་སོགས་ལྷུན་གྱིས་གྲུབ། །ཐབས་ཀྱི་ཀུན་ཏུ་འོད་ཡིན་ཤེས་རབ་པདྨ་ཅན། །ཐབས་དང་ཤེས་རབ་ས་མཆོག་འཁོར་ལོ་ཚོགས་ཆེན་ཏེ། །རྒྱུ་འབྲས་རིམ་དོན་མ་ཡིན་ལྷུན་གྱིས་གྲུབ། །ཁྱད་པར་ས་ཞེས་ལྷུན་གྲུབ་ཉིད་ལ་བརྗོད། །རིགས་ཀྱི་རྣལ་འབྱོར་རྡོ་རྗེ་སེམས་དཔའ་ཉིད། །སྟངས་དཔྱལ་མཁའ་དབྱིངས་ཉི་ཟླའི་སྟེང་བསྒོམ་ན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་བསྒོམ་པར་འགྱུར། །དེ་ཕྱིར་རིགས་ཀྱི་རིགས་ཞེས་བརྗོད་པ་ཡིན། །ཕྱོགས་དུས་ཀུན་ནས་སངས་རྒྱས་བཙལ་ཀྱང་མི་རྙེད་དེ། །རང་རིག་སེམས་ཉིད་རྫོགས་སངས་རྒྱས་ཀྱི་དཀྱིལ་འཁོར་ཡིན། །དེ་ཕྱིར་སེམས་ལས་མ་གཏོགས་སངས་རྒྱས་གཞན་དུ་མ་འཚལ་ཅིག །རང་སེམས་རྒྱལ་བའི་དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བས། །དེ་ཕྱིར་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་ཞེས་རྒྱལ་བས་གསུངས། །རང་སེམས་དཀྱིལ་འཁོར་ཉིད་དུ་རྟོགས་ཆུབ་ན། །ཆོ་ག་ལྷག་ཆད་སྐྱོན་མན་གེགས་མེད་ཡིན། །དེ་སྐད་བརྗོད་ཚེ་རོལ་མོས་བདེ་གཤེགས་མཉེས། །ཚོགས་སྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བདེ་གཤེགས་ཀུན་ཀྱང་གཅིག་ཏུ་དགོངས་འདུས་ན། །ལྷུན་གྲུབ་དམ་ཚིག་སྙིང་པོའི་སྤྲིན་ལ་སྙོམས་ཞུགས་ནས། །མདོར་བསྡུས་གསང་བ་འདི་ཉིད་འགྲོ་བའི་ཆེད་དུ་བརྗོད། །གསང་བའི་སྤྱི་དང་མདོ་དང་རྒྱས་དང་མོས་པའི་ཡོན་ཏན་དང་། །རྙེད་དཀའ་ལམ་གྱུར་གཏད་དང་སྐྱོན་དང་རྣམ་པ་བརྒྱད། །སྤྱི་ནི་མ་རྟོགས་ཕྱལ་པ་རྒྱང་འཕེན་དང་། །ལོག་པར་རྟོགས་པ་མུར་ཐུག་མུ་སྟེགས་དང་། །ཕྱོགས་རྟོགས་ཉན་ཐོས་རང་རྒྱལ་རིགས་ཅན་དང་། །ཡང་དག་མ་རྟོགས་བྱང་ཆུབ་ཤེས་བྱའི་སྒྲིབ། །འདུལ་བའི་ལས་ནི་བྱ་བ་གཉི་གའི་རྒྱུད། །དགོངས་པའི་དོན་གསང་ཕྱི་པ་ཐུབ་པའི་རྒྱུད། །རང་བཞིན་སྐུ་གསུང་ཐུགས་གསང་རྒྱུད་རྣམས་ཀུན། །བཀྲི་ཕྱིར་རང་བཞིན་གསང་དོན་རྒྱས་པ་རྣམས། །ཡི་གེ་སྒྲ་བཏང་ཚོགས་འབྲེལ་མིང་ཚོགས་ལ། །བརྟེན་པའི་ཚིག་རྣམས་ཀྱིས་ནི་རབ་མཚོན་ཏེ། །དགོངས་པའི་དབང་གིས་དོན་གཉིས་གབ་ཅིང་སྦས། །ཀུན་གྱི་ཁོངས་ན་གནས་པའི་དོན་དེ་གསལ་བར་འདི་ལས་འབྱིན་མཛད་པའི། །ཐེག་པ་ཀུན་ལ་མཁས་པ་སྟོན་པའི་ཐུགས་ལ་གནས། །དེ་ཕྱིར་གསང་བའི་སྙིང་པོ་དེ་ཁོ་ན། །དེ་ཉིད་ངེས་པའི་ཁོངས་ནས་ཕྱུང་ཞེས་སྟོན་པས་གསུངས། །འབྱུང་གནས་གཏན་ལ་ཕེབ་ཅེས་དེ་ཉིད་ཡིན། །སྣ་ཚོགས་དོན་འཆང་སྨྲ་ཞིང་སྟོན་ཅེས་དེ་ལ་བྱ། །མདོ་དོན་དཀྱིལ་འཁོར་བཅུ་གཉིས་བསྡུས་བཤད་པ། །དཀྱིལ་འཁོར་དེ་བཞིན་ཉིད་ཅེས་བྱ་བར་ཤར། །དེ་བཞིན་ཉིད་ལྡན་རང་བཞིན་དཀྱིལ་འཁོར་གྱིས། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དཀྱིལ་འཁོར་ལ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དཀྱིལ་འཁོར་བསྒོམ། །ཚོགས་ཆེན་བྱ་བ་དཀྱིལ་འཁོར་ཉིད་ཡིན་ཏེ། །དཀྱིལ་འཁོར་ལས་བྱུང་ཐུགས་རྗེས་འདུལ་བར་བཤད། །ཐུགས་ནི་བྱང་ཆུབ་རྣམ་གཉིས་དཀྱིལ་འཁོར་ཡིན། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མཆོག་ཏུ་གསུངས། །བཅུ་གཉིས་ཉིད་དུ་རྒྱུད་ཀྱི་དོན་རྫོགས་ཏེ། །གསང་བའི་མན་ངག་ཅེས་ཀྱང་དེ་ཕྱིར་བརྗོད། །རྒྱས་པ་དེ་བཞིན་ཉིད་ནི་རྟོགས་དཀའ་གསང་བ་སྤྲོས་མེད་ཐིག་ལེ་སྟེ། །དཀྱིལ་འཁོར་ཀུན་འབྱུང་ཞེས་ནི་དབྱིངས་ཞེས་གསུངས། །རང་བཞིན་འབྱུང་ལྔ་དངོས་མེད་ཤེས་རབ་ཡུམ། །ཆེན་པོ་རག་པ་ཐབས་ཏེ་ཡབ་ལྔ་ཡིན། །གཉིས་མེད་སེམས་ལས་སྤྲུལ་པའི་ལྷ་ཚོགས་ནི། །དབང་དྲུག་ཡུལ་དྲུག་དུས་བཞི་རིག་པ་རྣམ་པ་དྲུག །ཕྱིན་ཅི་མ་ལོག་རང་བཞིན་དཀྱིལ་འཁོར་ཡིན། །རང་བཞིན་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །ཐུགས་ཀྱི་ཡེ་ཤེས་ལྔ་ཉིད་བྱང་ཆུབ་སེམས་ཡིན་ཏེ། །རྣལ་འབྱོར་བདག་ཉིད་ཆེན་པོའི་བྱང་ཆུབ་སེམས། །སྙིང་པོའི་ཐིག་ལེར་ཆོས་ཀུན་མཉམ་སྦྱོར་ལྷག་པར་བཤད། །རྣལ་འབྱོར་བདེ་བའི་ཚོགས་མཆོག་མི་ཟད་རོལ་མོ་ཡིས། །ཡེ་ཤེས་དགྱེས་པའི་ལྷ་ལ་མཆོད་འབུལ་ཚོགས་ཞེས་བྱ། །ཟག་མེད་རང་རིག་བསོད་ནམས་རྒྱུ་ཉིད་ཀྱིས། །ཡེ་ཤེས་རང་སྣང་སྒྱུ་མའི་དཀྱིལ་འཁོར་རོལ་མོ་མཐའ་ཡས་མཆོག །དེ་ཉིད་ཏིང་ངེ་འཛིན་དེ་ལྷག་པའི་ཏིང་འཛིན་གསང་བའི་ཐིག་ལེ་ཡུམ་གྱི་དབྱིངས། །ཐིག་ལེ་དེ་ཉིད་སངས་རྒྱས་ཀུན་གྱི་དངོས་གཞི་ཡིན། །བདེ་གཤེགས་སྐུ་སོགས་བདག་གི་ཞལ་མཐོང་བ། །རིག་པས་དབང་བསྒྱུར་དངོས་གྲུབ་དམ་པ་གཟུགས་བརྙན་རྣམ་གཉིས་ཡིན། །ལྷུན་གྲུབ་དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་མ་ལུས་ཤིང་། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་མ་ལུས་ལྷུན་གྱིས་གྲུབ། །དེས་ན་དཀྱིལ་འཁོར་མི་བཟད་རྒྱན་དུ་མ་ལུས་དེ་དག་བདག་གིས་ཐོགས། ཐུགས་རྗེ་རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་ལས། །སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་འཁོར་མི་ཟད་ཡོངས་ཀྱིས་འབྱུང་། །ཕྱོགས་དུས་འགྲོ་བའི་དཀྱིལ་འཁོར་སྤྲུལ་པས་འདུལ་པ་ཡི། །མགོན་པོ་ཇི་སྙེད་སྒྱུ་མའི་དཀྱིལ་འཁོར་ཐབས་ཀྱིས་སྒྲོལ་བ་ཡང་། །བྱ་བྱེད་མེད་པར་སྤྱོད་པས་འདུལ་བའི་དཀྱིལ་འཁོར་ཡིན་པར་བདེ་གཤེགས་གསུངས། །ཞེས་པའི་ཡོན་ཏན་བཅུ་གཉིས་ཤེས་རབ་གསུམ་གྱིས་མཉམ་སྦྱོར་བས། །རང་བྱུང་དཀྱིལ་འཁོར་སྟོད་དམ་ལྷུན་གྱིས་གྲུབ། །འདི་ལས་རྒྱལ་རྣམས་ཅིས་ཀྱང་འདའ་བར་ག་ལ་མཛད། །གང་ཞིག་དཀྱིལ་འཁོར་འདི་དག་ཀུན་ལ་མོས་པའི་སྐྱེས་བུ་ལ། །ཕྱོགས་དུས་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན། །སྲས་ཀྱི་དམ་པ་མཆོག་ཏུ་དགོངས་པར་འགྱུར། །འདི་ནི་རྙེད་དཀའ་བསྐལ་པ་རྡུལ་སྙེད་སྦྱངས་པས་རྙེད་པའོ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་ངེས་པ་འདི་ཡིན་ཏེ། །དྲུག་གི་འཇིག་རྟེན་ཕྱོགས་བཅུ་འདས་དང་ད་ལྟར་རྒྱལ་བ་ཡང་། །གསང་བ་འདི་བསྙེན་སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡིན། །དེ་བཞིན་འབྱུང་དང་མ་འོངས་འདི་ཡིས་གྲུབ། །དེའི་ཕྱིར་འདི་ནི་གསང་ཆེན་ངེས་པའི་འབྲས་བུར་ལམ་གྱུར་ཡིན། །རྒྱལ་བ་སྲས་བཅས་ཀུན་ལའང་འདི་ལས་ངེས་དོན་གཞན་མི་མངའ། །གཞན་ནས་བཙལ་བས་རྒྱལ་བས་ཀྱང་ནི་རྙེད་པར་ག་ལ་འགྱུར། །འདི་གཏད་རྒྱུད་ཀུན་ལས་ནི་འབྱུང་བའི་ཕྱག་རྒྱའི་མཆོག །ཤེས་རབ་གསུམ་གྱིས་སྦྱངས་པའི་དམིག་ལྡན་རྣམས་ཀྱིས་གཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་བློ་བརྟན་པ། །ལུས་དང་ལོངས་སྤྱོད་གཏོང་ཕོད་ཙམ་ལས་མ་གཏོགས་གཞན་དུ་མི་སྦྱིན་ནོ། །གལ་ཏེ་བྱིན་ན་རྨོངས་འཕྱར་དེ་ཉིད་སྲོག་ཟད་ངན་འགྲོར་ལྟུང་། །ཤིན་ཏུ་གསང་བ་མན་ངག་སྙིང་པོའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་དགྱེས་པ་ཆེན་པོས་གླུ་འདི་བླངས། །གླུ་དྲུག་བླངས་པས་སངས་རྒྱས་ཆེ་བའི་ཡོན་ཏན་ཀུན་རྫོགས་ཕྱིར། །དང་པོ་ཚོགས་ཆེན་གཉིས་སུ་བསྟན་པ་དང་། །གཉིས་པ་རྡོ་རྗེ་རྣམ་བཞི་བརྗོད་པ་ཡིན། །གསུམ་པ་རྫོགས་པ་རྣམ་པ་བཞིར་གྲགས་སོ། །བཞི་པ་ལས་ནི་མཐའ་ཡས་བཞི་ཞེས་བཤད། །ལྔ་པ་རྡུལ་སྙེད་རྣམ་པ་བཞིར་བསྟོད་པ། །དྲུག་པ་སྐུ་གསུང་ཐུགས་ནི་རྣམ་པ་བཞི། །ཉི་ཤུ་རྩ་བཞི་བསྟོད་པའི་དཀྱིལ་འཁོར་རྫོགས། །མཉེས་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བདེ་གཤེགས་རྒྱལ་པོའི་རྒྱལ་བ་བདག་པོ་དེས། །ཁྲོ་བོའི་དཀྱིལ་འཁོར་ཉིད་དུ་མངོན་པར་འདུ་མཛོད་དེ། །ཅི་ཕྱིར་ཇི་ལྟར་བཏུལ་ནས་ལས་བསྒོས་མཛད་དང་གསུམ། །ཅི་ཕྱི་འདུལ་མཛད་རྣམ་པ་གསུམ་ཡིན་ཏེ། །ཁམས་གསུམ་པ་ཡི་རྒྱུ་དང་རྐྱེན་དང་འབྲས་བུའོ། །རྒྱུ་ནི་བདག་རྟོག་ལ་སོགས་རྨོངས་པའི་བར། །སྲིད་པའི་ས་བོན་རྩུབ་མོས་འཕངས་པ་རྐྱེན་ཡིན་ཏེ། །འབྲས་བུ་དམྱལ་བ་ཡི་དྭགས་སྲིན་པོ་གསུམ། །རུ་དྲ་རྣམ་གསུམ་ཞེས་ཀྱང་དེ་ལ་བྱ། །ཇི་ལྟར་འདུལ་དབང་ངག་གིས་དུས་འདུལ་ཏེ། །ཆེ་མཆོག་ཉིད་འང་ཁྲོ་བོ་འཆོལ་བ་དང་། །རྡོ་རྗེ་ཞེ་སྡང་དང་ནི་རྡོ་རྗེ་སྲིན་པོ་དང་། །རྡོ་རྗེ་ཁྲོ་བོ་དང་ནི་འཇིགས་བྱེད་ཁྲོ་བོའོ། །ཆེ་མཆོག་ཁྲོ་བོའི་ཏིང་འཛིན་སྙོམས་ཞུགས་ནས། །གཉིས་མེད་མཐའ་ལས་ཁྲོ་བོ་འཆོལ་བ་བཏོན། །དེ་ནི་ཆེ་མཆོག་དཀྱིལ་འཁོར་དང་པོ་ཡིན། །ཁྲོ་བོ་འཆོལ་བས་རྡུལ་སྙེད་ཆོ་འཕྲུལ་སྟོན། །ཕྱོགས་བཅུའི་དེ་ཝ་ཐམས་ཅད་འདུལ་བར་མཛད། །དཀྱིལ་འཁོར་གཉིས་པ་ཞེས་ནི་དེ་ལ་བྱ། །དེ་ནས་ཆེ་མཆོག་དབུས་ཀྱི་གཙོར་བསྒྱུར་ཏེ། །ཕྱོགས་བཅུའི་ཁྲོ་བོ་འདུས་ནས་རིགས་བཞིར་གྱུར། །གཟུངས་བཅས་དྲེགས་པ་གནོན་པའི་ཕྲིན་ལས་མཛད། །ཞེ་སྡང་རྡོ་རྗེ་ཞེས་བྱའི་དཀྱིལ་འཁོར་གསུམ་པའོ། །དྲེགས་པ་ང་རྒྱལ་སྟོན་པ་འདུལ་བའི་ཕྱིར། །དེ་ཉིད་དབུ་དགུ་སྲིན་པོར་སྣང་བར་གྱུར། །རྡོ་རྗེ་སྲིན་པོས་བསྒྲལ་ནས་ཞལ་དུ་སྟོབ། །དབང་ཕྱུག་མ་རྣམས་སྔགས་ཀྱིས་བསྡུ་བ་མཛད། །དེ་ནི་སྲིན་པོའི་དཀྱིལ་འཁོར་བཞི་པའོ། །དེ་ཉིད་ཁྲག་འཐུང་རིགས་ལྔར་སྣང་བྱས་ཏེ། །དབང་ཕྱུག་མ་རྣམས་སོ་སོའི་སྐུ་ལ་འཁྲིལ། །རེ་རེ་ལས་ཀྱང་ཕྲ་མེན་ཉི་ཤུའི་ཚོགས་བཏོན་ཏེ། །རང་རང་གནས་ནས་སྟན་ལ་འཁོད་པར་བྱས། །དེ་ཕྱིར་བྱི་མོ་ཞེས་ཀྱང་དེ་ལ་བྱ། །ཕྲ་མེན་རེ་རེ་ལ་ཡང་ཚོགས་ཞེས་དེ་ཕྱིར་བརྗོད། །དེ་ནས་འབྱུང་མོ་རང་རང་གནས་སུ་ཕཊ་ཀྱིས་འཕངས། །དབང་ཕྱུག་ཆེན་པོ་ཀུན་ཀྱང་མི་གཙང་སྣམས་སུ་བསྟོན། །སྣམས་ནས་ཨུ་རྩུས་ཕྱུང་སྟེ་འདམ་འཐུང་སླར་དྲན་རྙེད། །དེ་ནི་དཀྱིལ་འཁོར་ལྔ་པ་ཞེས་སུ་བཤད། །དེ་ལ་འཇིག་བྱེད་དབུ་ནི་དགུ་བརྒྱད་པ། །ཀུན་ལས་ཕྱག་རྒྱ་སྤྲུལ་ལས་འཇིགས་པར་སྟོན། །དེ་ཚེ་འདུལ་ཐབས་བསམ་ཡས་ཐ་དད་པས། །ཕྱི་ནང་བདུད་ཚོགས་ཐམས་ཅད་དུས་གཅིག་བཏུལ། །དེ་ནི་འཇིགས་བྱེད་ཅེས་ཀྱང་དྲུག་པར་བཤད། །ལས་བསྒྲོལ་བས་ནི་དེ་དག་འདར་བྱེད་ནས། །འབངས་སུ་གནས་སོ་དཀྱིལ་འཁོར་གདན་ལ་བཞག །རང་རང་གནས་སུ་མ་སྲིང་བུ་མོ་ཆུང་མ་རྣམས། །ཕུལ་ཏེ་ཚོགས་ཀྱང་ཁས་བླངས་མནའ་བོར་རོ། །གྲུབ་པ་ལངྒའི་ཚོགས་སུ་ཁས་འཆེས་སོ། །མ་སྲིང་བུ་མོའི་ཚོགས་རྣམས་ཀྱིས། །འཁོར་དུ་འདུས་ཏེ་ལས་ཀྱི་དངོས་གྲུབ་མནོས། །མིང་བཏགས་ལག་ཏུ་རྡོ་རྗེ་བྱིན་ནས་དཀྱིལ་འཁོར་ཕྱི་རོལ་བཀོད། །ཁྲོ་བོའི་དཀྱིལ་འཁོར་གྱི་རྣམ་པར་འཕྲོས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་དགེས་པ་ཆེན་པོས་ཁྲོས་བོའི་གསུང་ཕྱུང་བ། ཅིའི་ཕྱིར་གང་ལས་གང་ཕྱུང་ཕྱུང་བའི་མཐུ་དང་བཞི། །ཅི་ཕྱིར་ཁྲོ་ཚོགས་བྱང་ཆུབ་བསྒྲུབ་པའི་ཕྱིར། །གང་ལས་ཁྲག་འཐུང་སྐུ་གསུང་ཐུགས་རྡོ་རྗེ་ལས། །གང་ཕྱུང་ལྔ་བཅུ་རྩ་བརྒྱད་གསང་སྔགས་དང་། །སྤྱན་དྲངས་བཞུགས་དང་དངོས་གྲུབ་བླངས་པ་དང་། །མཆོད་དང་དཀྱིལ་འཁོར་བཏོན་ཏེ་རྣམ་དྲུག་ཡིན། །ལྔ་བཅུ་རྩ་བརྒྱད་ཁྲོ་རྒྱལ་ཡབ་ཡུམ་བཅུའི། །ཏ་ཐཱ་ག་ཏ་བཛྲ་རཏྣ་དང་། །པདྨ་ཀརྨ་རྩ་བའི་སྙིང་པོ་སྟེ། །མ་ཧཱ་ཙ ཎྜ་ལ་སོགས་ལས་ཀྱི་ཡིན། །དཀར་མོ་ལ་སོགས་ས་བོན་ཧ་བརྒྱད་དེ། །བཛྲ་ཀ་རི་ལ་སོགས་རྩ་བའི་སྔགས་སུ་བཤད། །སིདྷ་ལ་སོགས་བརྒྱད་ཀྱང་དེ་བཞིན་ནོ། །ཛཿཧཱུྃ་བྂ་ཧོ་སྒོ་སྲུང་ས་བོན་ཡིན། །རང་རང་རིགས་ཞེས་རྩ་བའི་སྔགས་ཞེས་གསུངས། །ཕྲ་མེན་ཉི་ཤུའི་ཚོགས་ལ་མགོ་དང་འཇུག་ཉིད་དུ། །ༀ་དང་ཧཱུྃ་ཕཊ་བརྒྱན་ཏེ་བཟླས་བྱས་ན། །ཅི་འདོད་ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཉི་ཤུ་རྩ་བརྒྱད་བྷྱོ་ཡིས་བསྐུལ་བར་གསུངས། །ཨེ་ཧྱ་ཧི་ཨ་ན་ཡ་ཛཿཧཱུྃ་བཾ་ཧོ་རྃ་གྱིས་སྤྱན་ཡང་དྲངས། ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ་གིས་འཇུག་པ་ཉིད་དུ་བྱ། དངོས་གྲུབ་བླང་ཕྱིར་བསྐུལ་ཚིག་འདི་ཡང་བརྗོད། །དྲེགས་པས་ཁྲོ་ལ་ཐུགས་རྗེའི་ཁྲོས་པས་དྲེགས་པ་ངང་གིས་ཞི་མཛད་པ། །ཐུགས་རྗེ་དཔལ་ཆེན་རྔམས་པའི་ཆ་ལུགས་འཛིན་པ་རྣམས། །ཁྲོ་རྒྱལ་རྔམས་པའི་སྐུ་གསུང་ཐུགས་ཡིན་ཕྲིན་ལས་རྨད་པོ་ཆེ། དུས་འདི་ཉིད་དུ་རྣལ་འབྱོར་བདག་ལ་སྩལ་དུ་གསོལ། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་སྟཾ་ཕཊ་ཧོཿཞེས་པས་བླང་བར་བྱ། དེ་ཉིད་ཁྲག་འཐུང་སྦྱོར་བའི་བརྡར་ཡང་མཁས་པས་བཤད། །ཨ་ལི་ཨུ་ལི་ཏ་པ་ཏི་དཾ་ཥཾ་ར་ཏྲི་ཁ་རཾ་ཡོ་གི་ནི་ཁ་ཧི་ཧོ་ཞེས་མཆོད་པར་བྱ། དེ་ཉིད་གཉིས་མེད་པོ་དེ་བསྟིམ་པའི་བརྡར་ཡང་མཁས་པས་བཤད། །ཧཱུྃ་ཧ་ཧེ་ཕཊ་ཅེས་སྙིང་པོས་གདོན། དེ་ཉིད་མཁས་ལ་གདོན་པར་ཡང་ནི་རྒྱལ་བས་གསུངས། །ནུས་མཐུས་ཚིག་འབར་གང་བར་ཆེ་འབྲིང་རྣམ་པ་དགུའོ། །ཁྲོ་བོའི་སྔགས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།བཅོམ་འདས་དགྱེས་པས་ཉིད་ཀྱིས་དཀྱིལ་འཁོར་བསྟན་པའི་ཕྱིར། །འགྲོ་བའི་ཆེད་དུ་དཀྱིལ་འཁོར་དེ་ཉིད་ཆེད་དུ་བརྗོད་པར་མཛད། །དབྱིབས་རྒྱན་གདན་དང་མདོག་དང་ཆ་ལུགས་དང་། །ཆས་དང་གསུང་སྒྲ་ཕྱག་མཚན་བཙུན་མོ་ཉིད་དང་འཁོར། །རྣམ་པ་འདི་བཅུས་འབར་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །དབྱིབས་ནི་ཡེ་ཤེས་མེ་འབར་བ་ཡི་འཁོར་ལོ་རྩིབས་བཞི་པ། །མུ་ཁྱུད་གྲུ་ཆད་སྒོ་བཞི་བར་ཁྱམས་གཉིས་ཀྱིས་གྲུ་བཞི་མཛེས། །གནས་ཀྱི་རྒྱན་མཆོག་ཐོད་པའི་ཕྲེང་བ་ཚར་གསུམ་དབང་ཚག་སྒྲོམ། །སྦྲུལ་ལྔ་རིགས་ལྔ་མངའ་བརྙེས་དུག་ལྔ་ལྷུན་གྱིས་གྲུབ། །ཉི་མ་གསལ་བསྲེག་རང་བཞིན་མཛད་པར་བཤད། །མེ་ཡི་རང་བཞིན་འབར་བ་ལ་ནི་འཕྲོ་བ་མང་པོ་འཁྲུག །གདན་མཆོག་གདུལ་དཀའ་མི་འཇིགས་ཁྱུ་མཆོག་དང་། །སྟོབས་མཆོག་མ་ཧེ་ཐིག་ལེའི་ཀློང་ཡངས་གཟིག །དཔའ་གཏུལ་ཟ་བྱེད་སྟག་དང་གཏུམ་རྔམས་དོམ་གྱི་སྡེར་མོ་ཡིས། །དབང་ཕྱུག་ཆེ་དང་དྲི་ཟ་གནོད་སྦྱིན་སྲིན་པོ་གཤིན་རྗེ་སོ་སོར་གཟུང་། །དེ་ཕྱིར་ཆེ་བའི་ཆེ་བ་དབང་ཕྱུག་ཀྱང་ཆེས་གནོན་ཅེས་བཤད། །སྐུ་མདོག་དྲག་པོའི་ཁ་དོག་ལྔར་སྣང་བ། །ཉི་ཤུ་རྩ་ལྔ་དྲག་པོའི་མདོག་ཡིན་ནོ། །ཚུལ་དགུ་ལྡན་ཕྱིར་འཇིགས་པའི་སྐུ་ཞེས་བཤད། །ཆ་ལུགས་རྣམ་ཐར་དབུ་གསུམ་ཕ་རོལ་ཕྱིན་དྲུག་ཕྱག །ཞབས་བཞི་བགྲོད་མེད་མཐར་ཕྱིན་ལམ་ཞེས་བཤད། །ཆས་ནི་ཞིང་དང་གླང་ཆེན་ཀོ་རློན་སྟག་སོགས་སྐུ་ལ་གསོལ། །ཐོད་སྦྲུལ་ཉི་མས་དབུ་དང་མགུལ་ཆུ་ཕྱག་ཞབས་བརྗིད་པར་བརྒྱན། །གསུང་སྒྲ་ཧཱུྃ་ཕཊ་ལ་སོགས་འཇིགས་པར་བསྒྲགས། །སྟོང་གི་འཇིག་རྟེན་ལ་སོགས་ཕྱག་མཚོན་ཆར་བ་རྣམས། །ཅེས་འདུལ་ཐབས་ཀྱི་རང་རང་ལག་ཆ་མ་ངེས་སྣ་ཚོགས་བསྣམས། །བཙུན་མོའི་ཚོགས་ནི་ཆ་ལུགས་ཡབ་དང་མཐུན་པར་འཁྲིལ། །དེ་ལྟར་ཡབ་ཡུམ་བཅུ་པོ་ཆེ་བར་བརྩིས་གྱུར་ན། །དབུ་ནི་སུམ་ཅུས་རྣམ་ཐར་སུམ་ཅུ་མཚན་པ་སྟེ། །རིགས་ལྔ་དབྱིངས་དང་ཡེ་ཤེས་རྣམ་ཐར་སུམ་ཅུ་ཡིན། །དགུ་བཅུའི་སྤྱན་གྱིས་ཉོན་མོངས་དགུ་བཅུའི་མཐའ་ལ་གཟིགས། །དྲུག་ཅུའི་སྙན་གྱིས་ལྟ་བ་བཅུ་དྲུག་མཐའ་གསན་ཅིང་། །དྲུག་ཅུའི་ཤངས་ནས་དྲུག་ཅུའི་འདུལ་བ་སྤྲུལ་པ་འཕྲོ། །དྲུག་ཅུའི་ལྗགས་ཀྱིས་ལྟ་བ་དྲུག་ཅུའི་འདུལ་ཐབས་འཆད། །དྲུག་ཅུའི་གནས་སུ་དྲུག་ཅུའི་སྐུར་སྟོན་པ། །དྲུག་ཅུའི་ཐུགས་ཀྱིས་དྲུག་ཅུའི་འདུལ་ཐབས་མངའ། །ཞབས་ནི་བཞི་བཅུ་ལམ་ཡང་བཞི་བཅུ་བགྲོད་མེད་དགྲོལ། །དབྱིངས་དང་ཡེ་ཤེས་ཀྱིས་ནི་རྟག་ཆད་མཐའ་བཅོམ་པས། །ལྷ་གནས་དྲུག་ཅུ་རྩ་གཉིས་འཇམས་ཞེས་མཁས་པས་བཤད། །སྤྱིར་ན་བཞི་བརྒྱ་དྲུག་ཅུའི་དགོངས་པ་བསམ་མི་ཁྱབ། །བསྣམས་པ་རྒྱན་གྱི་ཆེ་བ་བཤད་པ་ཡང་། །དབུ་རྒྱན་དང་ནི་མགུར་ཆུ་གསུམ་གསུམ་སྟེ། །དཔུང་རྒྱན་དང་ནི་ཕྱག་གདུབ་དྲུག་དྲུག་ཡིན། །སྐུ་ལ་གཡང་གཞི་ཀོ་རློན་ཤམ་ཐབས་སྐེད་བཅིངས་བཞི་བཞིས་བརྒྱན་པའོ། །ཞབས་གདུབ་བཞི་ཡིན་མེ་རིས་བརྒྱན་པ་སྟེ། །ལྔ་གཉིས་དག་ལ་ཕྱིར་ན་ཉིས་བརྒྱ་བདུན་ཅུས་བརྒྱན། །དེ་དག་མཚན་མའི་གཉེར་གྱིས་ཅི་རིགས་བཤད་པར་བྱ། །གནས་དང་ཡུལ་སྐྱོང་སླས་དང་བྱི་མོའི་ཚོགས། །ཞིང་གི་སྟན་དང་རང་རང་ལག་ཆར་བཅས། །ཅི་བགྱི་ཞེས་ཏེ་མངག་གཞུག་ཆས་ནས་གནས། །དེ་ཉིད་དབུ་གཅིག་སྤྱན་གསུམ་སྙན་ཤངས་ལྗགས་དང་ནི། །སྐུ་དང་ཐུགས་དང་ཞབས་ནི་གཉིས་གཉིས་ཏེ། །རེ་རེ་ལ་ཡང་བཅུ་དྲུག་ཆ་དང་ལྡན། །བཞི་བཅུ་རྩ་བརྒྱད་ཚོགས་ལ་བརྩིས་གྱུར་ན། །བདུན་བརྒྱ་དྲུག་ཅུ་རྩ་བརྒྱད་རྫོགས་པར་བཤད། །སྤྱིར་ན་བརྒྱ་ཕྲག་བཅུ་གཉིས་དང་ནི་ཉི་ཤུ་རྩ་བཞིར་བཤད། །དབུ་རྒྱན་མགུར་ཆུ་དག་ནི་རེ་རེ་སྟེ། །དཔུང་རྒྱན་ཞབས་གདུབ་ཕྱག་གདུབ་གཉིས་གཉིས་ཡིན། །གཡང་གཞི་ལ་སོགས་ལྔ་པོ་གཙོ་དང་མཐུན། །དེ་ལྟར་བརྩིས་ན་དྲུག་བརྒྱ་ཉི་ཤུ་རྩ་བཞི་ཡིན། །སྤྱིར་ན་རྒྱན་གྱི་ཆེ་བ་བརྒྱད་བརྒྱ་དང་ནི་དགུ་བཅུ་བཞིའོ། །དེ་ལྟར་སྟོང་ཕྲག་གཉིས་དང་བརྒྱ་དང་བཅོ་བརྒྱད་ཀྱིས། །གདུལ་བྱའི་དགོངས་པ་བསམ་ཡས་ལྷུན་གྱིས་གྲུབ། །འགྲོ་བ་གཅིག་ལའང་དེ་ཀུན་ཚང་བས་ན། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ། །འབར་བའི་དཀྱིལ་འཁོར་ཡིན་ཅེས་རྒྱལ་བས་དེ་ཕྱིར་གསུངས། །དེ་བས་དེ་ཕྱིར་རྩིས་ལས་འདས་ཞེས་མཁས་པས་བཤད། །ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་སྟོན་པས་མཉེས་པའི་མཆོད་པ་འགྲོ་བའི་དོན་དུ་འདི་བརྗོད་པ། །སྦྱོར་དང་སྒྲོལ་དང་བདུད་རྩི་འདོད་ཡོན་དང་། །འབྲས་བུ་དང་ནི་ཐེ་ཚོམ་བསལ་བ་རྣམ་དྲུག་ཡིན། །སྒྲོལ་བ་བདག་གཞན་གཉིས་སུ་མེད་པ་སྟེ། །ཐོག་མར་བདག་ཉིད་མཉམ་པའི་དོན་རྟོགས་དང་། །བརྟན་པར་བསྒོམ་སྟེ་བསྒྲལ་ཅེས་རྒྱལ་བས་གསུངས། །གཞན་གྱི་རྟོག་ངན་གཉིས་མེད་བློ་ཅན་གྱིས། །མ་རྟོགས་སེམས་ཅན་སྙིང་རྗེས་བསྒྲལ་བའི་ཕྱིར། །བདག་གཞན་གཉིས་མེད་དབྱིངས་སུ་གཅིག་པར་བསྒྲལ། །གཉིས་མེད་འཁྲིལ་བའི་ལྷག་སེམས་མཉམ་སྦྱོར་གྱིས། །བདག་ཉིད་བདེ་མྱོང་བདེ་གཤེགས་མཆོག་སྦྱོར་ཡིན། །མཉམ་པའི་གྲུབ་རྫས་བདུད་རྩི་རྣམ་ལྔ་པོ། །བདག་དང་མཉམ་པའི་བདེ་གཤེགས་ཚོགས་ལ་འབུལ། །འདོད་ཡོན་བཟའ་བཏུང་བགོ་དང་ལོངས་སྤྱོད་ལྔ། །དེ་ཉིད་དཀྱིལ་འཁོར་ཡིན་ཏེ་དཀྱིལ་འཁོར་ཚོགས་ལ་འབུལ། །འབྲས་བུ་རང་སེམས་བདེ་གཤེགས་ཡོན་ཏན་ཏེ། །ལྷ་ཀླུ་མཐུ་ཆེན་གཞན་ལས་ག་ལ་འབྱུང་། །དེ་ཕྱིར་སེམས་ཉིད་ལས་སུ་རང་བའི་རྣལ་འབྱོར་པས། །རང་ལུས་ཕྱག་རྒྱར་གསལ་ཞིང་སོམ་ཉི་མེད་གྱུར་ན། །རྒྱལ་བའི་དཀྱིལ་འཁོར་དངོས་གྲུབ་འབར་བ་འགྲུབ། །དེ་སྐད་བརྗོད་པས་མཆོད་པ་ཐམས་ཅད་ཀུན་ཏུ་ཁྱབ། །མཆོད་སྦྱིན་དམ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དོན་རྣམས་ཡོད་པར་བྱ་བའི་ཕྱིར། །དམ་ཚིག་འགྲོ་བའི་ཆེད་དུ་བརྗོད། །ཕུན་སུམ་ཚོགས་པ་རྣམ་དག་དང་ནི་མཉམ་ཉིད་དང་། །རྩ་དང་ཡན་ལག་ཉམས་སྐྱོན་ཡོན་ཏན་དང་། །གྲོགས་ངན་སྤངས་དང་རང་བཞིན་དབྱེ་བ་དང་། །དགོངས་པའི་དོན་དང་གྲུབ་དང་ཡོན་ཏན་རྣམས། །རྣམ་པ་བཅུ་གསུམ་གྱིས་ནི་ཡང་དག་བཤད། །ཕུན་སུམ་ཚོགས་པ་བླ་མེད་ཐེག་འདི་ལ། །ཉོན་མོངས་སྤྱད་ཀྱང་འབྲས་བུ་ཚོགས་འགྱུར་ཏེ། །ཚོགས་ཀུན་རྫོགས་པ་ཚུལ་ཁྲིམས་ཕུན་སུམ་ཚོགས། །རྣམ་དག་བླ་མེད་མཆོག་གི་དམ་ཚིག་འདིས། །འདུལ་དབང་སྡོམ་པ་ཇི་སྙེད་གསུངས་པ་ཡང་། །འདིར་འདུས་འདིས་གསུང་ངང་དུ་རྣམ་པར་དག །མཉམ་ཉིད་ཅེས་པ་བཞི་པོ་མ་གྲུབ་སྟེ། །དོན་དམ་ཡོད་མེད་དབུ་མར་མི་དམིགས་ཤིང་། །ཀུན་རྫོབ་སྣང་བ་སྒྱུ་མ་མིག་ཡོར་ཚུལ་ཡིན་པས། །སྲོག་དང་སྲོག་གཅོད་གཅད་པ་ག་ལ་ཡོད། །སྲོག་དང་སྐྱེས་བུར་བརྟགས་པའང་ལོག་པར་བརྟགས། །བདེན་གཉིས་དབྱེར་མེད་དབྱིངས་སུ་རོ་གཅིག་པས། །ཐམས་ཅད་རང་ལས་སྤྲུལ་ཏེ་ལོངས་སྤྱོད་དེ། །དེ་བས་རྫས་དང་མ་བྱིན་ལེན་དང་བླང་མི་དམིགས། །ཆོས་ཀུན་སྒྱུ་མ་མིང་ཚིག་བཏགས་ཀུན་བརྫུན། །བརྫུན་ལ་རྫུན་སྤྱོད་བརྫུན་བཏགས་ག་ལ་ཡོད། །ཆགས་མེད་དབྱིངས་ལ་རིག་པས་ཆགས་པ་དང་། །ཆགས་སྤྱོད་ཉིད་ན་ཆགས་དང་ཆག་མེད་ཆག་ཡུལ་མེད། །ཚངས་པར་སྤྱོད་ཉིད་ཚངས་མཆོག་ཚངས་ཆེན་ཡིན། །དེ་བས་བྱེད་སྤྱོད་ཐམས་ཅད་ཚོགས་ཆེན་རྫོགས་པར་རོལ། །རྩ་བ་རྣམ་ལྔ་བསྒྲུབ་དང་བསྲུང་བའི་དམ་ཚིག་ཡིན། །ཡན་ལག་བཅུ་ནི་ཡེ་ནས་དག་མཉམ་རྟོགས་པས་སྤྱོད། །རྩ་བ་ལྔ་ཉམས་སངས་རྒྱས་རིགས་མེད་སྐྱོན། །འདིར་ཡང་སྒྲུབ་པའི་ལོག་འགྱུར་ཕྱི་མ་ཡིད་དུ་མི་འོང་འགྱུར། །ཡན་ལག་འདའ་དཀའ་འབྲས་བུ་མེད་དེ་ངན་སོང་ལྟུང་རྣམས་ཉམས། །ཡོན་ཏན་སངས་རྒྱས་མཉམ་ཐོབ་འགྱུར། །གྲོགས་ངན་རྩ་བའི་དམ་ཚིག་ཉམས་པའི་འཆལ་བ་དག །ཉམས་ན་མྱུར་དུ་གསོ་ལ་མི་བརྩོན་པ་ཡི་གང་ཟག་དང་། སྐད་ཅིག་སྨྲས་པ་ཙམ་གྱིས་ཉེས་པ་འགོ་བ་ཡོང་། །རང་བཞིན་རྡོ་རྗེ་སངས་རྒྱས་བདག་ཉིད་ཡིན། །དབྱེ་བ་རྩ་བའི་དམ་ཚིག་ལྔ་པོ་གཅིག་ལ་ཡང་། །རང་གི་མཚན་ཉིད་ཐབས་དང་རང་བཞིན་མེད་པར་ཤེས་རབ་གཉིས་ཞེས་བྱ། །གཅིག་ལའང་རང་རིག་དེ་ལ་སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །གཞི་དང་ཡན་ལག་དེ་ལྟར་བཅུ་ཕྲག་གསུམ་ཞེས་བྱ། །དེ་ཡི་སྟེང་དུ་གཞི་མོ་སུམ་ཅུ་བསྣན་ནས་བརྒྱ་དྲུག་ཅུ། །ཡན་ལག་བཅུ་པོ་གཅིག་ལ་ཡང་ནི་རིགས་ལྔ་སྟེ། །དེ་ལས་སྐུ་གསུང་ཐུགས་ཏེ་ཉི་ཤུ་འགྱུར། །དེ་ལྟར་སྤྱིར་ན་སུམ་བརྒྱ་དྲུག་ཅུར་འགྱུར། །དགོངས་པས་འགྲོ་བའི་རྣམ་རྟོག་ཇི་སྙེད་པ། །དེ་འདུལ་གཉེན་པོར་དམ་ཚིག་དེ་སྙེད་འཕྲོ། །ཀུན་བཟང་ཆེན་པོ་ཡོན་ཏན་ཇི་སྙེད་པ། །བསམ་ཡས་དམ་ཚིག་འདིས་ནི་འགྲུབ་པར་གསུངས། །ཡོན་ཏན་དམ་ཚིག་བསྲུང་བའི་རིག་འཛིན་དེ། །སྲིད་གསུམ་གཙོ་དང་ང་ཡི་འཁོར་གྱིས་བཀུར། །སངས་རྒྱས་སྲས་མཆོག་དཔའ་བོས་སྤུན་དུ་དགོངས། །བདེ་གཤེགས་ཐུན་མོང་མིན་པའི་ཡུལ་དུ་ཞུགས། །ཀུན་བཟང་འཇིགས་མེད་ཕྱག་རྒྱ་ཆེན་པོར་སྦྱོར། །བདེ་གཤེགས་སྦྱོར་དང་འདུལ་ཐབས་བསམ་ཡས་པ། །དེ་དག་ཀུན་ཀྱང་རྣམ་དག་ལྷུན་གྱིས་གྲུབ། །དམ་ཚིག་ཉམས་ཀྱང་གསོ་རུ་རུང་ཞེས་བདེ་གཤེགས་གསུངས། །གཞན་ཡང་བསམ་ཡས་ཡོན་ཏན་བརྗོད་མི་ལང་། །དེ་སྐད་བརྗོད་པས་སངས་རྒྱས་ཉིད་དུ་འགྱུར། །དམ་ཚིག་གི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་བདེ་གཤེགས་དགྱེས་ཆེན་པོས། །ལྷུན་གྲུབ་བྱིན་གྱིས་རློབ་པར་མཉམ་བཞག་གནས། །རྣམ་པ་བཞི་ཡི་ཕྲིན་ལས་འགྲོ་བའི་ཕྱིར་དུ་བརྗོད། །ཐབས་ཀྱི་བྱེ་བྲག་དང་ནི་ཁྱད་པར་ཕྲིན་ལས་དང་། །ཕྱི་ནང་གསང་བ་གནས་ཀྱི་ཁྱད་པར་གསུམ། །ཐབས་ཀྱི་བྱེ་བྲག་སོ་སོའི་མཎྜལ་དང་། །ལྷ་ཡི་ཁྱད་པར་དང་ནི་ཏིང་འཛིན་དང་། །མཆོད་སྦྱིན་དང་ནི་རྒྱུ་དང་གཟུགས་བྱད་དང་། །དགུག་དང་གདབ་དང་ཚོགས་ལ་དབུལ་བ་དང་། །ཕྱག་རྒྱ་དང་ནི་དགོངས་པ་གང་ཡིན་པས། །ལྷག་མ་བྱིན་ཏེ་རྣམ་པ་བཅུ་གཉིས་ཡིན། །དཀྱིལ་འཁོར་ཨེ་ཝྂ་མ་ཡའི་ཚོགས་མཆོག་རྣམས། །གྲུ་གསུམ་ཟླ་གམ་གྲུ་བཞི་ཟླུམ་པོར་བཤད། །གཏུམ་ཆེན་རྔམས་དང་གཟི་བརྗིད་ལྷུན་ཆེན་དང་། །འདུ་འཕྲོ་གཟི་ཆེན་གསལ་བའི་གཟི་བརྗིད་ནི། །དྲག་དབང་རྒྱས་ཞི་ལྷ་ཡི་ཁྱད་པར་ཡིན། །ཁྲོ་ཆགས་དགའ་བ་དྭང་བའི་ཏིང་འཛིན་དང་། །དེ་དུས་འཕགས་པ་མཆོད་ཅིང་འགྲོ་ཚིམ་བྱ། །ལིངྒའི་རྒྱུ་ནི་བདུད་རྩི་ལྔའམ་ཟས་ལྔ་ལས། །གང་འདོད་གཟུགས་བྱས་སྙིང་གར་མིང་བྲིས་ཏེ། །དེ་ཡི་རྣམ་པར་ཤེས་པ་དགུག་སྟེ་དབབ། །ཁྲོ་དང་ཆགས་དང་ང་རྒྱལ་དགའ་འཕྲོ་དང་། །ལྷན་ནེར་གསལ་བ་གྲུབ་པ་ལས་བཞིའོ། །དབྱིབས་དང་ཁ་དོག་མཚན་ལྡན་རབ་ཏུ་གདབ། །དེ་ཉིད་སོ་སོའི་ཚོགས་ལ་བསྟིམས་པར་དབུལ། །དེར་ནི་ལུ་གུ་རྒྱུད་དུ་འབྲེལ་བསྡམས་བཅིངས་བསྐྱོད་བྱ། །དགོངས་པ་སངས་རྒྱས་སྐུ་ཡང་མྱོས་འགས་ཚིག་པ་དང་། །དགུག་འགྱུར་ཕྱིར་འབྲེང་དབང་དུ་གྱུར་པ་དང་། །ཡིད་བཞིན་གཏེར་གྱིས་ནམ་མཁའ་འགེངས་པ་དང་། །གཏུམ་ཆེན་ཏམས་པའང་མི་གཡོ་ལྷན་ནེར་འགྱུར། །སླས་དང་བྱི་མོ་བྲན་མོ་བྲན་དུ་བཅས་པ་ལ། །ལྷག་མ་བྱིན་ཏེ་གང་འདོད་དེ་ལ་སྒོ། །ཁྱད་པར་ཕྲིན་ལས་ཁྲག་འཐུང་ཚོགས་རྣམས་ཀྱིས། །བསྐྱོད་པའི་བྲོ་དང་ཕྱག་རྒྱ་གར་དང་ནི། །སྙན་པའི་གླུ་བླངས་སྔགས་ཀྱི་ཚིག་རྣམས་ཀྱིས། །ཅི་འདོད་ལ་སོགས་ལས་རྣམས་འགྲུབ་པར་གསུངས། །ཞི་རྒྱས་དབང་དྲག་ཕྱི་ནང་གསང་བའི་གནས། །ལྗོན་ཤིང་ཅན་དང་ལྕུག་ཕྲན་རྒྱས་པའི་ཚལ། །ཤིང་གཅིག་དྲུང་དང་མེས་ཚིག་ཕྱི་ཡི་གནས། །མ་རྨས་པ་དང་པུ་ཏྲ་མང་འཕེལ་དང་། །སྐྱེ་རྒྱུད་མེད་དང་བཀྲ་མི་ཤིས་གསང་བ། །ཏིང་འཛིན་རྣམ་པ་བཞི་ནི་ནང་གི་ཡིན། །ཕྲིན་ལས་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བདེ་གཤེགས་ཉིད་ཀྱིས་ནི། །དཀྱིལ་འཁོར་ཆེ་བའི་གླུ་བླངས་པ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ཀྱི། །རང་བཞིན་སྤྱིར་བསྟོད་པ་སྟེ་དྲུག་ཡིན། །རེ་རེ་ལ་ཡང་དབྱེ་ན་བཞི་བཞི་སྟེ། །ཆེ་བ་ཉི་ཤུ་རྩ་བཞིར་ཤེས་པར་བྱ། །དེ་ཀུན་ལས་དང་རང་བཞིན་མཐུན་དཔེས་བཤད། །ཁྲོ་བོ་ལ་བསྟོད་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་དགྱེས་ཆེན་པོས། །གསང་བ་འདི་ཉིད་སྣང་བྱའི་ཕྱིར། །སྡུག་པ་ཀུན་ཏུ་བཟང་པོ་ལ། །བསྟན་པ་གཟུང་བར་ཆེ་བར་བརྗོད། །ཀྱེ་ཀྱེ་ཞེས་སུ་བོས་ནས་སུ། །གསང་བ་བསྡུ་བར་གཏད་པར་མཛད། །ཕྱོགས་བཅུ་དུས་བཞི་བདེ་གཤེགས་ངོ་བོ་ལ། །གཟུང་འཛིན་སྤྲོས་པ་མཆིས་པའི་ངོ་བོར་འཁོར། །དེ་ཉིད་བཟློག་ཕྱིར་ཁྱད་པར་རིམ་བཀོད་པ། །གསང་བ་སྙིང་པོའི་བར་དུ་བཀོད་པར་ཟད། །བདེ་གཤེགས་ངོ་མཚར་བསམ་ཡས་དཀྱིལ་འཁོར་ཀུན་གྱིས་བཤད་པ་ཡང་། །འགྲོ་བའི་དོན་དུ་འགྱུར་ཞེས་རྒྱལ་བས་བཤད། །དེ་ཀུན་ནང་ན་བདེ་གཤེགས་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་མཆོག་ཏུ་གསུངས། །མཆོག་འདི་རྟོགས་ནས་འཆད་པར་བྱེད་པའི་སྐྱེས་བུ་ནི། །རྡོ་རྗེ་སེམས་དཔའ་དེ་ཉིད་ཡིན་ཏེ་གསང་བའི་དབང་ཡང་རྫོགས། །ཅི་ཕྱིར་ཞེ་ན་རྒྱལ་བ་ཀུན་ལ་ཡང་། །གསང་བ་འདི་ལས་གཞན་མི་མངའ། །ཡོད་མེད་སྒྲོ་སྐུར་ཞི་བའི་གསང་བ་འདི། །རྒྱལ་བ་ཀུན་གྱི་དགོངས་པའི་ཀློང་ནས་ཕྱུང་། །གསང་བའི་འདི་ཉིད་སུས་འཛིན་དེ་ནི་ངེས་པར་ལུང་བསྟན་ཏེ། །རྒྱལ་བའི་ཐུགས་ལས་སྐྱེས་པའི་སྲས་མཆོག་ཡིན། །སངས་རྒྱས་སར་གནས་རིག་འཛིན་དེ་ལ་གསང་བ་འདི་ཉིད་གནས། །དེ་སྐད་བརྗོད་པས་རྒྱལ་བ་ཐམས་ཅད་གཉིས་མེད་དོན་ལ་རབ་དགྱེས་ནས། །དུས་བཞི་མཉམ་པ་ཉིད་དེ་ཆོས་ཀྱི་དབྱིངས་ཉིད་དུ། །སྟུག་པོ་བཀོད་པའི་རྒྱན་ལ་ཐིམ་སྟེ་བཞུགས། །ཡོངས་སུ་གཟུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།བཀའ་གསང་རྒྱལ་པོ་ཐུགས་ཀྱི་ཡང་གསང་འདི། །བདེ་གཤེགས་དགོངས་རྒྱུད་ཐུན་མོང་མ་ཡིན་པས། །རྟོག་གེ་བདག་འདྲའི་སྤྱོད་ཡུལ་མ་ཡིན་ཞིང་། །རྩིང་པོའི་བློ་ཡིས་དཔྱད་པར་མི་འོས་ཀྱང་། །ཕྱི་རབས་དད་པ་ཅན་ལ་ཕན་གདགས་ཕྱིར། །མདོར་བསྡུས་དབྱེ་བའི་རིམ་པ་འདི་བརྩམས་པས། །ཚིག་དོན་གསང་བ་ཅི་དང་ཅི་འགལ་བ། །རྣལ་འབྱོར་དབང་ཕྱུག་སྤྱི་ལ་བཟོད་པར་གསོལ། །ཐུགས་ཀྱི་སྒྲོན་མ་གསང་བའི་འགྲེལ་པ་འདི། །ལུང་དང་མན་ངག་རིགས་པས་གཏན་ལ་ཕབ། །དྭངས་པའི་བློ་ལ་རང་གཞུང་རྣམ་ཕྱེ་བས། །རྟོགས་དཀའ་གསང་བའི་ཐེག་པའི་དོན་རྟོགས་ནས། །ཤེས་དཀའ་གསང་བའི་ཐེག་པའི་དོན་ཤེས་ཤིང་། །གསང་སྔགས་རྒྱ་མཚོ་ཁོང་དུ་ཆུད་པར་ཤོག །གང་གིས་གསང་བའི་རྒྱུད་འདི་རབ་ཏུ་རྟོགས་དཀའ་བས། །ཚིག་གི་སྒྲོན་མས་དོན་གྱི་གསེར་འཚོལ་ཏེ། །བདེ་བླག་ཏུ་ནི་རྟོགས་པའི་བསོད་ནམས་གང་། །མཐའ་ཡས་སེམས་ཅན་ཀུན་གྱི་ཐོབ་པར་ཤོག །འཕགས་པ་རྟོག་པའི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལས། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། །ཐམས་ཅད་མ་ལུས་པར་འཕྲོས་ཏེ་འཁོར་ལོར་བསྐོར་བ་དེ་དག་གི་འབྲས་བུ་མཆོག་གི་རྒྱུད་ཀྱི་དོན་བསྡུས་འགྲེལ་པ་པིཎྜརྠ་ར་ཞེས་བྱ་བ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་མཛད་པ། པཎྜི་ཏ་དེ་ཉིད་དང་། ཞུས་ཆེན་གྱི་ལོ་ཙཱ་བ་རིན་ཆེན་ཨ་ཙརྻ་རྨ་རིན་ཆེན་མཆོག་དང་གཉག་ཛྙཱ་ན་ཀུ་མཱ་རས་དཔལ་བསམ་ཡས་དབུ་རྩེའི་སྟེང་ཁང་དུ་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།


previousཔཎྜི་ཏ་བི་མ་ལས་མཛད་པའི་གསང་བ་སྙིང་པོའི་འགྲེལ་ཆུང་།next