cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཅིག་པ།

གླེགས་བམ། ཞུ༽

བི་མ་ལ། སློབ་དཔོན་བི་མ་ལ་མི་ཏྲ། སློབ་དཔོན་རྒྱལ་བ་བཟང་པོ། དྲི་མེད་ཟླ་ཤར། སློབ་དཔོན་ནམ་མཁའི་སྙིང་པོ། ཨིནྡྲ་བྷཱུ་ཏིའམ་སྐལ་ལྡན་རྒྱལ་པོ། ཆོས་ཀྱི་བློ་གྲོས། སློབ་དཔོན་སྒེག་པ་རྡོ་རྗེ། པཎྜི་ཏ་བི་མ་ལ། རྒྱལ་པོ་ཨིཎྡྲ་བྷུ་ཏི། སྟི་ར་མ་ཏི།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

གནས་ཀྱི་ལུང་ཕྲན་བཅུ་དྲུག བི་མ་ལ།

སྠཱ ནཱ ག མ ཀ ལ ཥོ ཌ ཤཱཾ ནཱ མཱ སྶུ བི ཧ ར ཏི སྨ། །
གནས་ཀྱི་ལུང་ཕྲན་བཅུ་དྲུག་ཅེས་བྱ་བ་རྣམས་ལེགས་པར་བཞུགས་སོ། །
ༀ་སྭ་སྟི་སིདྡྷི། གནས་ཀྱི་གཞུང་དལ་བསྟན་པའི་ལུང་ཕྲན་དང་། །གཟུགས་བརྙན་དཀྱིལ་འཁོར་རྒྱན་གྱི་ལུང་ཕྲན་དང་། །དཀྱིལ་འཁོར་ཕོ་བྲང་བུམ་པའི་ལུང་ཕྲན་དང་། །ཚེ་འདས་རྣམ་ཤེས་དགུག་པའི་ལུང་ཕྲན་དང་། །རྣམ་ཤེས་དགུག་པའི་གཏན་ཚིགས་ལུང་ཕྲན་དང་། །གཤིན་བླ་འགུགས་པ་མན་ངག་ལུང་ཕྲན་དང་། །ཐུགས་རྗེ་ཆེན་པོས་སྦྱང་བའི་ལུང་ཕྲན་དང་། །ཐབས་དང་ཤེས་རབ་མདའ་གཞུའི་ལུང་ཕྲན་དང་། །གནས་ཀྱི་ས་དང་ལམ་གྱི་ལུང་ཕྲན་དང་། །ཧཱུྃ་ཉིད་རིང་པོར་སྤར་བའི་ལུང་ཕྲན་དང་། །བཅོལ་དང་བསྐང་བར་བྱ་བའི་ལུང་ཕྲན་དང་། །དགེ་བའི་བཤེས་གཉེན་མངའ་དབུལ་ལུང་ཕྲན་དང་། །ཚེ་འདས་རྣམ་རྟོག་གྲི་འདུལ་ལུང་ཕྲན་དང་། །སྦུབ་འཇུག་བཤིག་པ་སྲི་འདུལ་ལུང་ཕྲན་དང་། །གདོས་བཅས་བསྲེག་སྦྱང་མི་ཡི་ལུང་ཕྲན་དང་། །མཆོད་རྟེན་གདབ་པའི་རུས་ཆོག་ལུང་ཕྲན་དང་། །སྒྱུ་ལུས་རང་སར་གྲོལ་བའི་ལུང་ཕྲན་དང་། །གཟུངས་མ་རང་བཞིན་ཁུག་པའི་ལུང་ཕྲན་དང་། །བཅོ་བརྒྱད་ཡོད་པ་ལས། གཞུག་མ་གཉིས་བོད་ལ་བསྟན་པའི་སྣོད་མེད་པར་སླར་རྒྱ་གར་དུ་བསྣམས་སོ། །ལུང་ཕྲན་ཞེས་བྱ་བ་ནི། བཀའི་དོན་སྒྲོ་སྐུར་དང་བྲལ་བའི་ལུང་ཆ་ཤས་སྟོན་པས་ན་ཕྲན་ཞེས་བྱའོ། །ལུང་ཕྲན་བཅོ་བརྒྱད་པའི་སྡོམ་ཚིག་རྫོགས་སོ།། ༈ །།གནས་ཀྱི་གཞུང་དཀྱིལ་བསྟན་པའི་ལུང་ཕྲན། རྒྱ་གར་སྐད་དུ། བྷྲཱུཾ་ཨ་ནུ་ཏནྟྲ་ཧྲྀ་ཏ་པཉྩ་ནཱ་མ། བོད་སྐད་དུ། གནས་ལུང་རྒྱུད་ཀྱི་སྙིང་པོ་བསྡུས་པ་ཞེས་བྱ་བ། སངས་རྒྱས་བཅོམ་ལྡན་འདས་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ། །འདི་སྐད་ལུང་དུ་བསྟན་པའི་དུས་གཅིག་ན། བཅོམ་ལྡན་འདས་སྟེང་གི་ཕྱོགས་ན་ཐམས་ཅད་སྒྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དཀྱིལ་འཁོར་དྲུག་མ་འོངས་པའི་དོན་ཕྱི་མ་དང་བདུན། ཐུགས་ཀྱི་དཀྱིལ་འཁོར་ནས་ཕྱུངས་ཏེ། །མ་ལུས་པར་བྱིན་གྱིས་བརླབས་པར་མཛད་དོ། །དང་པོ་བརྟག་པའི་གནས་ཆེན་དུ། །སྔགས་མཁན་བྱ་བ་ཀུན་བྱས་ཏེ། །ཁྲོ་བོ་མང་པོ་བཀྲམ་ནས་ནི། །བགེགས་རྣམས་རྡུལ་དུ་རློག་བཞིན་བྱེར། །དཀྱིལ་འཁོར་བརྒྱད་པ་ཚུལ་བཞིན་བཞག །བུམ་པ་བྱིན་རླབས་བཟང་མོས་བརྒྱན། །མ་ནོར་ལྷ་ནི་བསྙེན་བྱས་ཏེ། །ཆ་མེད་སངས་རྒྱས་ཀུན་ལ་ཞུ། །བྱིན་དབབ་གསལ་བར་རྫོགས་ནས་ནི། །ཕྱོགས་སྐྱོད་ལན་ཆགས་གཏང་བར་བྱ། །རྒྱུད་ལྔའི་ལམ་ནས་དྲག་པོས་བསྒྲལ། །གསལ་བའི་ཐུགས་རྗེ་སེམས་ལ་གཟུང་། །ཙིཏྟ་ལ་ནི་ལྷན་ནེ་བོས། །ཐབས་དང་ཤེས་རབ་མ་གཡོས་པའི། །གྲུ་གསུམ་པར་ནི་བསྒྲལ་བར་བྱ། །བཅས་ཏེ་སྔགས་དང་ཕྱག་རྒྱ་ཡིས། །ཡབ་ཡུམ་གནས་སུ་ཕཊ་ཀྱིས་འཕང་། །བོ་དེ་ཙིཏྟས་དབང་བསྐུར་ཏེ། །ལྷག་མ་བཤགས་སྦྱངས་སྨན་བཅོས་བསྐང་། །ཧཱུྃ་མཛད་ཀྱི་རྒྱུད་ཆེན་པོ་ལས། མ་ཧཱ་རཀྟ་ག་ན་ཡི་ལེའུ་རྣོ་ངར་གྱི་གནས་ཀྱི་ལུང་ཉི་ཚེ་ཞིག །ཨ་ཙརྨ་གུ་རུ་རྡོ་རྗེ་གྲོ་བོ་ལོད་དང་ལོཙྪ་བ་རྡོ་རྗེ་ཞང་དྲུང་གིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ༈ །།གཟུགས་བརྙན་དཀྱིལ་འཁོར་རྒྱན་གྱི་ལུང་ཕྲན། རྒྱ་གར་སྐད་དུ། རུ་པ་མཎྜལ་ལ་ཨ་ལཾ་ཀ་ར་ཨ་ཏི་ཀ་རཀྵ་ཌ་ཀ་ནཱ་དྲི་མེད་ཟླ་ནན་མ། བོད་སྐད་དུ། གཟུགས་བརྙན་དཀྱིལ་འཁོར་རྒྱན་གྱི་ལུང་ཕྲན་ཞེས་བྱ་བ། བཅོམ་ལྡན་སྒྲོལ་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ། །འཁོར་བའི་སྡུག་བསྔལ་སེལ་བྱེད་ཅིང་། །ཐར་པའི་ལམ་མཆོག་མངོན་འཐོབ་བྱེད། །དཀྱིལ་འཁོར་ཆོ་ག་གསུངས་པ་ལས། །རྒྱན་དགོད་ཡོ་ག་གཉིས་དགོད་བསྟན། །དཀྱིལ་འཁོར་ལ་སོགས་གཟུགས་བརྙན་གྱི། །རྒྱན་ལ་དོན་རྟགས་གཉིས་སུ་ཤེས། །དོན་ནི་གཉིས་མེད་སྣང་སྟོང་ལ། །དཀོར་བདུན་ལྷུན་གྲུབ་རང་སྣང་བརྒྱན། །གོས་ལ་གནས་དང་གང་ཟག་དང་། །དཀྱིལ་འཁོར་མཆོད་པ་འདིར་ཤེས་བྱ། །དང་པོ་ཁང་བཟང་བྱི་དོར་བྱ། །སྟེང་རྒྱན་འཕན་གདུགས་བླ་རེ་བྲེས། །བ་དན་ལྷབ་ལྷུབ་ཕྱེ་ཕུར་དང་། །རིན་ཆེན་ལྷ་མོས་བར་སྣང་བརྒྱན། །ལོགས་རྒྱན་རྒྱབ་ཡོལ་ཟ་ར་ཚགས། །ཁྲི་གདན་མཆོད་ཆ་འོག་གི་རྒྱན། །བྱིན་ཅན་སྐུ་གཟུགས་ཐང་སྐུ་དགྲམ། །གང་ཟག་སྒྲུབ་པ་པོ་ཡི་རྒྱན། །སྟོད་གཡོགས་སྨད་དཀྲིས་ཐུགས་ཁེབས་སོགས། །རྒྱན་ཆ་བཅུ་གསུམ་གྱིས་བརྒྱན་བྱ། །ཐམས་ཅད་དངོས་པོ་བཟང་ཞིང་མཛེས། །གསང་ཞིང་བྱིན་གྱིས་བརླབ་པར་བྱ། །ཡང་ན་ཁྲོ་བོའི་ཆ་བྱད་དགོད། །མཎྜལ་ལས་རྣམས་བྱ་བ་ནི། །བརྩེགས་སྟེང་ཞལ་ཞལ་ཆག་ཆག་གདབ། །ཐིག་ཚོན་གཞུང་བཞིན་ལེགས་བྲིས་ལ། །རྣམ་པ་འཆོད་དང་རྒྱན་དགོད་པའོ། །ཁྲོ་བོ་ཡོངས་རྫོགས་སྐུ་རྣམས་དང་། །ཡང་ན་ཐུགས་ཀྱི་ཕྱག་མཚན་དགོད། །བསྡུ་ན་ཡིག་འབྲུ་བྲི་བར་བྱ། །མ་ནོར་རང་དང་གནས་སུའོ། །རྒྱན་ལ་སྟེང་རྒྱན་ལྡིང་བུ་ནི། །ཡེ་ཤེས་བླ་མ་མཚོན་མའི་ཕྱིར། །མཐིང་ག་ཨ་མཚོན་སྟེང་ནས་དགབ། །འཁོར་ལོ་ཚོགས་ཆེན་ས་མཚོན་པའི། །ཞི་བ་ཐུགས་རྗེའི་དཀྱིལ་འཁོར་བཞུགས། །མ་ཆགས་པད་སྤྱན་དམར་པོ་ཡིས། །གཟུགས་བརྙན་དཀྱིལ་དཀྱིལ་འགེབས་པའི་ཚུལ། །དཀྱིལ་འཁོར་རྣམས་གཉིས་དབྱེར་མེད་ཕྱིར། །བུམ་པ་རྒྱན་རྣམས་རབ་གནས་རྫོགས། །ཞི་ཁྲོ་བྱིན་ཅན་དབུས་སུའོ། །མཐའ་སྐོར་ལོགས་ཀྱི་རྒྱན་པ་ནི། །རང་བཞིན་དངོས་གྲུབ་ཐོབ་བྱའི་ཕྱིར། །མཚན་ལྡན་བྷནྡྷ་བཟང་པོ་བརྒྱད། །སྨན་འབྲུ་རཏྣས་བཀང་ལ་བཞག །བར་ཆད་མི་ཚུགས་མཚམས་གཅོད་རྒྱན། །ཁྲོ་བཅུ་བསྐྱེད་པའི་ཕུར་པ་བཅུ། །ཕྱོགས་མཚམས་སྟེང་འོག་བཅུ་རུ་གདབ། །འཇིག་རྟེན་གཙོ་བོ་གུས་པའི་རྒྱན། །མདའ་བརྒྱད་ལྷ་ཆེན་བརྒྱད་དུ་བསྐྱེད། །ཕྱོགས་མཚམས་བརྒྱད་དུ་དྲང་པོར་གཟུགས། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་རྒྱན། །རིགས་ལྔ་མཚོན་པའི་སྐུད་པ་ཡིས། །སྟེང་འོག་ཁ་ཁྱེར་རིས་སུ་བྲེས། །མཆོད་སྤྲིན་རྒྱུན་མི་འཆད་པའི་རྒྱན། །གཟུགས་སོགས་ལྷ་མོར་བསྒོམས་པ་ཡིས། །དར་སྣ་བརྒྱད་ཀྱང་གདབ་པར་བྱ། །དོན་གསལ་བདེ་བ་བསྐྱེད་པའི་རྒྱན། །ནང་གསལ་ལྷ་མོར་གསལ་བ་ཡི། །མེ་ལོང་བརྒྱད་ཀྱང་གོང་བཞིན་ནོ། །འདོད་ཡོན་ལྷུན་གྱིས་གྲུབ་པའི་རྒྱན། །རིན་ཆེན་སྣ་བདུན་གཏེར་བུམ་པ། །བརྒྱད་ཀྱིས་མཐའ་མ་བསྐོར་བ་ཡིན། །ཐུན་མོང་ཡོན་ཏན་ཀུན་རྫོགས་རྒྱན། །སྔོན་ཚེ་རྒྱལ་བ་ལས་བྱུང་བའི། །བཀྲ་ཤིས་རྟགས་བརྒྱད་དགྲམ་པར་བྱ། །མི་ནུབ་འགྲོ་དོན་མཛད་པའི་རྒྱན། །དོམ་དང་སེང་གེ་སྟག་དང་གཟིག །རྒྱལ་མཚན་བཞི་ནི་ཕྱོགས་བཞིར་བསླང་། །ཆོས་སྐྱོང་མཁའ་འགྲོ་དགྱེས་པའི་རྒྱན། །དཀར་ཁྲ་སེར་ཁྲ་དམར་ཁྲ་དང་། །སྔོ་ཁྲ་དར་བཞི་མཚམས་བཞིར་ཕྱར། །སྲིད་པའི་དྲྭ་བ་གཅོད་པའི་རྒྱན། །སྒོ་བཞིར་ཁྲོ་བོ་བསྐྱེད་པ་ཡི། །རལ་གྲི་བཞི་ཡང་ཕྱོགས་བཞི་སྟེ། །མ་རིག་མུན་པ་སེལ་བའི་རྒྱན། །ཀུན་སྣང་གསལ་བའི་མར་མེ་བརྒྱད། །དཀྱིལ་འཁོར་མཐའ་ནས་བཀོད་པར་བྱ། །ཁམས་གསུམ་དབང་དུ་སྡུད་པའི་རྒྱན། །ཕྱོགས་སྐྱོང་རྒྱལ་ཆེན་བཅུ་བཞི་ཡང་། །མཐའ་ནས་བསྐོར་ཞིང་གུས་པར་གསལ། །དེ་དག་ཐུན་མོང་རྒྱན་ཞེས་བྱ། །ཁྱད་པར་དུར་ཁྲོད་བརྒྱད་ཀྱི་རྒྱན། །གནས་བརྒྱད་ཤིང་དང་ཞིང་སྐྱོང་དང་། །ཕྱོགས་སྐྱོང་རྣལ་འབྱོར་མཚོ་དང་སྤྲིན། །ཀླུ་བརྒྱད་དེ་དག་ལ་སོགས་སུ། །ཤ་ཟ་སྲིན་པོ་གཤིན་རྗེ་དང་། །མཁའ་འགྲོ་བྱ་ཁྱི་རོ་ལངས་སོགས། །ཅེ་སྤྱང་ཁྲོས་པའི་སྒྲ་འབྱིན་ཅིང་། །རོ་ཡི་ཚོགས་ལ་ལོངས་སྤྱོད་མཛད། །རང་བྱུང་མཚོ་ཆེན་དང་བཅས་པ། །ཕྲེང་བ་རིམ་གསུམ་ཕྱི་རོལ་གནས། །ཀུན་འབྱུང་བརྒྱད་ཀྱིས་མཚམས་སྤྲས་ཏེ། །དཔག་བསམ་རིན་ཆེན་ལྗོན་ཤིང་དང་། །ཉི་ཟླ་འདོད་འཇོ་བ་མོ་དང་། །རིན་ཆེན་ས་གཞི་ཁྲུས་ཀྱི་རྫིང་། །ཡིད་བཞིན་བསམ་འཕེལ་ནོར་བུ་དང་། །འབྲུ་ཚོགས་ཞིང་ཀུན་མཛེས་པར་བརྒྱན། །བླ་མེད་རྒྱན་ནི་ཞིང་ཆེན་བླ་རེ་དང་། །ཞིང་གི་རྒྱལ་མཚན་ཞིང་ཕྲན་འཕན་གདུགས་དང་། །དཀྱིལ་འཁོར་ལེགས་རྣམས་ཀེང་རུས་རི་རབ་དང་། །རཀྟའི་མཚོ་དང་ཞིང་ཆེན་ལང་ལིང་དང་། །རྒྱུ་མའི་དྲྭ་ཕྱེད་ཙིཏྟའི་ཕྲེང་བའོ། །ཐོད་པ་སྐམ་རློན་ལ་སོགས་བསམ་ཡས་པ། །རྒྱུད་ནས་བཤད་པ་བཞིན་དུ་འདིར་བསྒྲུབ་བྱ། །མཆོད་པའི་རྒྱན་ལ་ཕྱི་ནང་གསང་གསུམ་སྟེ། །རང་བཞིན་དག་པའི་པུ་ཙ་རྣམ་པ་བདུན། །ཞབས་བསིལ་ཆུ་གཙང་ཙནྡན་སྦྱར་བ་དང་། །ཆུ་སྐྱེས་ཐང་སྐྱེས་ཡིད་འོང་མེ་ཏོག་དང་། །ལྷན་སྐྱེས་སྦྱར་བྱུང་བདུག་སྤོས་དུ་མ་དང་། །བྱུག་པ་ཆུ་གཙང་དཀར་གསུམ་སྨན་སྣས་བྲན། །ཞལ་ཟས་ལྷ་བཤོས་རོ་མཆོག་ཕུན་སུམ་ཚོགས། །སྣང་གསལ་འབྲུ་མར་ཞུན་མར་ཁུ་བའི་མེ། །ཆ་ལང་གླིང་བུ་སྒྲ་སྙན་སྣ་ཚོགས་བཤམས། །ནང་གི་པུ་ཙ་འདོད་ཡོན་རྣམ་ལྔས་ཏེ། །གཟུགས་མཛེས་མེ་ལོང་ལ་སོགས་མང་པོ་དང་། །སྒྲ་སྙན་ཟིན་དང་མ་ཟིན་མང་པོ་དང་། །དྲི་ཞིམ་ཚིམ་བྱེད་སྤོས་མཆོག་སྣ་ཚོགས་དང་། །རོ་བཅུད་ལྡན་པའི་ཞལ་ཟས་བསམ་ཡས་དང་། །རེག་བྱ་འཇམ་ཞིང་བདེ་བ་མ་ལུས་བཤམས། །གསང་བའི་མཆོད་པ་མ་ལུས་ཐམས་ཅད་ཀུན། །ཁྱད་པར་རྨད་དུ་བྱུང་བའི་མཆོད་པ་སྟེ། །དམ་རྫས་ལྡན་པའི་དཔལ་གཏོར་ཆེན་པོ་དང་། །འབྲུ་བཅུད་བཞི་བཅས་རྩ་བརྒྱད་སྟོང་སྦྱར་སྨན། །མཱཾ་སར་བཅས་པའི་རཀྟ་ཆེན་པོ་དང་། །སྲུང་མ་མཆོད་པའི་དཀར་གཏོར་དམར་གཏོར་དང་། །མཚན་ལྡན་གཟུངས་མ་ཁྲུས་དབྱུང་རྒྱན་ཆ་བསྟར། །བསྐང་བའི་རྫས་ལ་བྱ་ལུག་ཤེལ་སྒོང་དང་། །འཇིག་རྟེན་ལོངས་སྤྱོད་རུ་ཚད་འདིར་བསྡུའོ། བདག་དོན་དངོས་གྲུབ་སྒྲུབ་པའི་ཆོ་ག་དང་། །གཞན་དོན་དབང་དང་རབ་གནས་ཀུན་ལ་གཅེས། །མི་སྣང་གཤིན་པོའི་ཆོ་ག་འདིར་བསྟན་ཡིན། །ཕྲིན་ལས་གང་སྒྲུབ་རྫས་རྣམས་རང་གཞུང་ལྟོས། །འདི་ནི་སྤྱི་ཡི་གདམས་པ་ཐོབ་ཙམ་ཡིན། །བསྟན་པའི་དོན་འདི་རྒྱུན་དུ་བཀོད་ཙམ་གྱིས། །བདེ་གཤེགས་རྒྱལ་བ་ཀུན་ཀྱང་མཉེས་གྱུར་ཏེ། །རིག་འཛིན་བྱང་སེམས་རྣམས་ཀྱིས་བྱིན་རློབ་འགྱུར། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་མྱུར་འགྲུབ་ལ། །འཇིག་རྟེན་གཙོ་དང་འཁོར་གྱིས་བསྐོར་བར་བྱེད། །དབང་སྒྲུབ་དབང་བྱེད་རྡོ་རྗེ་འཆང་པར་སྒྲོལ། །དགེ་བས་སྣང་དང་མི་སྣང་དོན་ཡོད་ཤོག །གཟུགས་བརྙན་དཀྱིལ་འཁོར་རྒྱན་གྱི་ལུང་ཕྲན་ཞེས་བྱ་བ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། །བོད་ཀྱི་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་རས་བསྒྱུར་བའོ།། ༈ །།དཀྱིལ་འཁོར་ཕོ་བྲང་བུམ་པའི་ལུང་ཕྲན། ཡེ་ཤེས་རང་གནས་ལ་ཕྱག་འཚལ་ལོ། །གནས་ལུང་རྒྱུད་དུ་གསུངས་པ་ཡིས། །བུམ་པ་བྱིན་རླབས་བཟང་མོས་བརྒྱན། །མདོ་ཙམ་བསྡུས་ཏེ་བསྟན་པར་བྱ། །ངེས་ཚིག་བཤམ་ལུགས་བྱིན་རླབས་ཏེ། །རབ་གནས་གཞུགས་སུ་གསོལ་བ་ཡིས། །བུམ་པའི་ཆོ་ག་ཤེས་པར་བྱ། །དང་པོ་ཕྱི་ནང་རྣམ་པ་གཉིས། །ཕྱི་ཡང་ཤེས་རབ་ཡུམ་གྱི་དབྱིངས། །ལམ་ལྔ་བགྲོད་ཅིང་དབྱིངས་སུ་ཕྱིན། །བྱང་ཆུབ་ཆོས་རྣམས་ཡོངས་སུ་རྫོགས། །རང་ཉིད་ལྷ་དང་ཡབ་ཀྱི་ཚུལ། །ཐབས་དང་ཤེས་རབ་གཉིས་མེད་པས། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། །གཟུང་འཛིན་དག་ཅིང་སངས་རྒྱས་རྒྱུ། །བྱང་སེམས་དབང་གི་ད་ལ་ཡང་། །ཕྱི་ནང་གསང་བ་གསུམ་དུ་རྫོགས། །རིན་ཆེན་ལྔའམ་ཁམ་ས་ལ། །ལྟོ་དང་མགྲིན་པ་ཚད་ལྡན་ཞིང་། །གུར་གུམ་རྒྱ་སྤོས་དྲི་ཞིམ་པས། །སྔགས་བཟླས་ཤིན་ཏུ་དག་པར་བཀྲུ། །བདུད་འཁྱིལ་ཡབ་ལྔའི་སྔགས་བཟླས་ཤིང་། །གུ་གུལ་ལ་སོགས་དུད་པས་བདུག །དཀར་ཞལ་བཏང་སྟེ་ཡུམ་བཞི་ཡི། །ཕྱག་རྒྱའམ་སྙིང་པོའི་སྔགས་རྣམས་བྲི། །ཆ་རྐྱེན་ཆུ་དང་འོ་མ་དང་། །དྲི་ལྔ་སྨན་ལྔ་སྤོས་ལྔ་དང་། །རིན་ཆེན་ལྔ་དང་འབྲུ་ལྔ་དང་། །སྙིང་པོ་ལྔ་དང་ཁ་རྒྱན་བཅས། །དར་རས་ལ་སོགས་མགུལ་ཆིངས་དང་། །རིན་ཆེན་བརྒྱུས་པའི་གཟུངས་ཐག་བཤམས། །དྲི་མ་བཟུང་ཞིང་བརྐྱང་ཕྱག་དང་། །ལྷ་བསྐྱེད་གསང་བརླབ་བདེན་པ་བདར། །སྤྲུལ་བཀྱེ་བར་དུ་གཅོད་པ་སྲུངས། །བདུད་འཁྱིལ་སྔགས་བཟླས་དུད་པས་བདུག །ཕྱག་གཡོན་འཁྱུད་ཅིང་གཡས་པ་ཡིས། །གུས་པས་བུམ་པའི་ཁ་བཀག་སྟེ། །ཡུམ་གྱི་སྔགས་བཟླས་ཟབ་མོའི་མཁའ། །ཐུགས་ནས་བྷྲཱུྃ་བཏོན་སྔགས་བཟླས་པས། །འཁོར་ལོ་ཟླུམ་པོ་རིན་ཆེན་དང་། །པདྨ་རྒྱ་གྲམ་ལ་སོགས་བཞི། །གཞལ་ཡས་གདན་དང་བཅས་པ་བསྐྱེད། །ཉུངས་དཀར་བླུགས་ཤིང་སྔགས་བརྗོད་པས། །དབུས་སུ་མི་བསྐྱོད་ཤར་ལྷོ་ལ། །ཀུན་བཟང་ཡབ་ཡུམ་སྟེང་འོག་གི། །ཐུབ་པ་ནུབ་དང་བྱང་དུའོ། །ཤར་དུ་རྣམ་སྣང་ཡབ་ཡུམ་ལ། །ས་སྙིང་བྱམས་པ་ཡབ་ཡུམ་ལྷོ། །གཤིན་རྗེ་ཡབ་ཡུམ་མི་ཐུབ་བྱང་། །ལྷོར་ནི་འབྱུང་ལྡན་ཡབ་ཡུམ་ལ། །ནམ་སྙིང་སྒྲིབ་སེལ་ཡབ་ཡུམ་གཉིས། །ཤར་དང་ལྷོ་བསྐྱེད་སྟོབས་ཆེན་ནུབ། །བྱོལ་སོང་ཐུབ་པ་བྱང་དུའོ། །ནུབ་ཏུ་མཐའ་ཡས་སྤྱན་རས་དང་། །ཀུན་བཟང་ཡབ་ཡུམ་ཤར་དང་ལྷོ། །རྟ་མགྲིན་ནུབ་ལ་ཡི་དྭགས་བྱང་། །བྱང་དུ་དོན་གྲུབ་ཕྱག་རྡོ་རྗེ། །འཇམ་དཔལ་ཡབ་ཡུམ་ཤར་ལྷོ་དང་། །ནུབ་ཏུ་བདུད་འཁྱིལ་ལྷ་མིན་བྱང་། །དབུས་ཀྱི་སྔགས་བཟླས་སྙིང་པོ་ལྔ། །ཕྱི་ནང་དྲང་ཞིང་ནུབ་ཏུ་བླུགས། །རྣམ་སྣང་སྤོས་ལ་སྤོང་བ་སྐུ། །འབྱུང་ལྡན་རིན་ཆེན་རྫུ་འཕྲུལ་ཡོན། །འབྲུ་ལྔ་མཐའ་ཡས་གསུང་ལྔ་དབང་། །དོན་གྲུབ་སྨན་ལྔ་ཕྲིན་ལས་སྟོབས། །ཆུ་བླུགས་ཐིམ་ཞིང་བྱིན་གྱིས་བརླབ། །ཁ་རྒྱན་ཏྲཱྃ་གིས་བྱིན་བརླབས་ཏེ། །སྒོ་སྔགས་བྱང་ཆུབ་ཡན་ལག་བདུན། །མགུལ་ཆིངས་ཧཱུྃ་བཀོད་སེམས་དཔའ་ཡི། །སྔགས་བཟླས་དྲན་པའི་གཟུངས་སུ་གྱུར། །གཟུགས་ཐག་ༀ་ལྡན་ཡེ་ཤེས་ལྔ། །འཕགས་པའི་ལམ་དང་ཡན་ལག་བརྒྱད། །ཐུམ་པའི་སྔགས་བཟླས་གཟུངས་དང་ལྡན། །ཕྱག་བཞེས་སྤྱི་བཏེགས་སྔགས་བཟླས་པས། །མཐུ་བྱིན་རབ་ཏུ་བསྐྱེད་པའོ། །མདུན་བཞག་གཞལ་ཡས་ལྷ་གསལ་གདབ། །བྱིན་བརླབས་དབང་བསྐུར་སྤྱན་དྲངས་བསྟིམས། །ཕྱག་དང་མཆོད་པ་ལ་སོགས་བྱ། །སྨོན་ལམ་གདབ་ཅིང་སྦྱོར་བཟླས་བསྐུལ། །རྒྱལ་མཚན་རོལ་མོས་སྣ་དྲངས་ལ། །བསྐོར་ཞིང་བསྟོད་བྱས་དབུས་སུ་བཞུགས། །དེས་ནི་དགོངས་པ་རྫོགས་པ་ཡིན། །སློབ་དཔོན་ཆེན་པོ་དུར་ཁྲོད་བདེ་བའི་བུམ་ལུང་ནས་བསྐོལ་ནས། བི་མ་ལས་མཛད་པ། ཞུང་དྲུང་གིས་བསྒྱུར་བའོ།། ༈ །།ཚེ་འདས་རྣམ་ཤེས་འགུགས་པའི་ལུང་ཕྲན། རྒྱ་གར་སྐད་དུ། ཨ་ཡུ་ག་ཏ་བི་ཛྙཱ་ན་ཨ་ཏྲི་ཀྲ། ཨ་ཏི་ཀ་རཀྵ་ཌ་ཀ་ནཱ་མ། བོད་སྐད་དུ། ཚེ་འདས་ཀྱི་རྣམ་པར་ཤེས་པ་འགུགས་པའི་ལུང་ཕྲན་ཞེས་བྱ་བ། ཡེ་ཤེས་ཐུགས་རྗེས་འདྲེན་པ་ཆེན་པོ་ལ་ཕྱག་འཚལ་ལོ། །རྒྱུད་ཆེན་གཉིས་ལས་གཞན་དོན་དུ། །གནས་ཀྱི་ཆོ་ག་གསུངས་པ་ཡི། །ཞི་བས་སྒྲོལ་དང་དྲག་པོས་བསྐྲད། །དངོས་གཞི་དགུག་དང་གསུམ་དུ་བསྟན། །མྱང་འདས་མཆོད་ལ་ཚོགས་བསག་ཅིང་། །ཆོས་སྐྱོང་མཆོད་ལ་ཕྲིན་ལས་ཞུ། །རིགས་དྲུག་རྣམས་ལ་མཆོད་སྦྱིན་བྱ། །བགེགས་རིགས་རྣམས་ལ་གླུད་གཏོར་བཏང་། །གསུང་རབ་རྒྱས་འབྲིང་འབུམ་ལྔ་གདོན། །ཕྱི་ནང་སྤང་སྐོང་ཐམས་ཅད་བསྒྲགས། །ཁྱད་པར་གསེར་སྐྱེམས་གླུད་གཏོར་གྱིས། །གཤེད་མའི་རྒྱབ་རྟེན་མ་བྱེད་བྱ། །ཟ་འདྲེའི་གླུད་དུ་བཏང་ལ་བསླུ། །ཤེས་པ་རང་ཐོང་ཅིག་ཅེས་བསྒོ། །ཡུལ་ལྷ་རྣམས་ལ་སྟོང་གྱིས་བྱ། །ཆུ་གཏོར་གླུད་གཏོར་བདེན་པ་བསྒྲགས། །གཉིས་པ་བསྐྲད་པ་གང་ཡིན་པ། །བཀའ་མི་ཉན་ཅིང་བགེགས་བྱེད་པའི། །ལྷན་སྐྱེས་འདྲེ་དང་ཡི་དྭགས་ཁོག་བསྲུང་དང་། །གཤིན་རྗེ་ཁྲམ་འཛིན་ཆོས་རྒྱལ་རྩིས་ལ་སོགས། །གསོན་བདུད་གཤིན་ལྕགས་བྱེད་པ་ཐམས་ཅད་ལ། །གཉེན་པོ་ལྷ་དང་འདུལ་བྱེད་བཏང་བ་དང་། །སྤྲུལ་པ་ཁྲོ་ཆུ་འགུགས་པའི་མཚོན་ཆ་དང་། །རྟོག་འཇོམས་ཁྲོ་བོ་དྲག་པོའི་ལས་དང་ནི། །སྒྲོལ་བྱེད་ཁྲོ་བོ་གཏུབ་པའི་མཚོན་ཆ་དང་། །བརྡུང་བ་མཚོན་དྲུག་བཏབ་པ་ལ་སོགས་ཀྱིས། །བདུད་གཅོད་སྲོག་ལེན་བྱེད་པ་ཐམས་ཅད་འདུལ། །རྣོ་ལ་གུལ་གུལ་ཡུངས་ཀར་དྲག་པོའི་སྔགས། །གསུམ་པ་དངོས་གཞི་ཐབས་དང་རྟེན་ཡིན་ཏེ། །དྲི་མ་ཡིད་འཐད་ཤེས་ཆགས་གོ་ལོག་ལ། །ཕོ་མོའི་རྟགས་དང་བཅས་པའི་ཙོག་པུ་བྱ། །མཚན་བྱང་མིང་རུས་ནྲི་དང་བཅས་པ་བྲི། །ཞི་ཁྲོ་གསང་བའི་དཀྱིལ་འཁོར་ལྷ་ཚོགས་ལ། །ཕྱག་འཚལ་སྐྱབས་གསོལ་མཐུས་བཏང་དང་། །བྱིན་རླབས་གནས་སྤར་སྒྲིབ་སྦྱོང་དང་། །དབང་བསྐུར་པ་རྣམས་སྒྲོལ་གསོལ་འདེབས། །སྐྱོབ་པའི་གདུགས་དང་ལུས་ཚད་འཕན། །པད་གདན་སྨྱུག་མ་མེ་ལོང་ལ། །བགེགས་ཀྱིས་མི་ཚུགས་སྤོས་ཆེན་དང་། །དྲི་ཞིམ་བླ་ཚགས་སྤོས་ཀྱིས་བདུག །རྣམ་ཤེས་མི་འཁྱམས་རྟེན་དུ་བྱ། །ཐབས་ལ་རྣམ་པ་བཞི་ཡིན་ཏེ། །ཐུགས་རྗེ་སྟོབས་ཀྱིས་དགུག་པ་ནི། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །རང་རྒྱུད་དག་པའི་བདེན་པ་ཡིས། །རིགས་དྲུག་བར་དོ་གཤེགས་ལ་སོགས། །གར་སྐྱེས་གང་ན་གནས་གྱུར་ཀྱང་། །ངན་སོང་སྒོ་གཅོད་མཐོ་རིས་ཀྱི། །གསང་བའི་དཀྱིལ་འཁོར་གཉན་དྲུང་དུ། སྐད་ཅིག་ཡུད་ཀྱིས་དགུག་པར་བྱ། །སྔགས་དང་ཕྱག་རྒྱས་དགུག་པ་ནི། །འགུག་བྱེད་ལྕགས་ཀྱུའི་ཕྱག་རྒྱ་བཅས། །ཨ་སུ་ནྲྀ་ཏྲི་པྲེ་དུ་དང་། །ནྲྀ་ཡཾ་བཛྲ་ཨཾ་ཀུ་ཤ་ཛཿ བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད། །ཤོག་སྐྱ་རླུང་གིས་བསྐྱོད་པ་བཞིན། །དེ་ཉིད་ལ་ཡང་ཁུག་པར་འགྱུར། །རིག་པ་རྩལ་གྱིས་དགུག་པ་ནི། །བདག་གི་ཐུགས་ཀའི་ཛཿའཕྲོས་ཏེ། །དེ་ལས་སྤྲུལ་པ་གྲངས་མེད་སྤྲོས། ། འོད་ཟེར་ལྕགས་ཀྱུ་འདྲ་བྱུང་ནས། །གཤིན་གྱི་ཐང་ཁ་ནས་བཟུང་སྟེ། །བདག་གི་མདུན་དུ་འོངས་པར་བསམ། །རྣོ་མྱུར་འདི་ཡིས་ཁུག་པར་འགྱུར། །ཚད་ལ་ཕེབས་རྟགས་གཞན་དུ་ཤེས། །དེ་ནས་རྟེན་ལ་བསྟིམས་བྱས་ཏེ། །ཁོག་པ་དབྲལ་ཞིང་གཉིས་མེད་བསྟིམ། །ལྕགས་ཀྱུས་བཟུང་ནས་ཞགས་པས་བཅིངས། །ལྕགས་སྒྲོག་གིས་བསྡོམས་དྲིལ་དགྱེས་བསྐྱེད། །སྐྱོ་བས་བར་དོའི་འདུ་ཤེས་བསྒྱུར། །སྔོན་དུ་སྲིད་པའི་ཤ་གཟུགས་ཅན། །བར་དོའི་ཤེས་པ་བསྒྱུར་སླ་བས། །དེ་ཉིད་དུ་ནི་ཤེས་པར་བྱ། །ཆོ་ག་འདི་དག་མི་ལྡན་ན། །ཚེ་འདས་ཕན་བྱས་དོན་མེད་འགྱུར། །སེམས་ཅན་མ་ལུས་ཐམས་ཅད་ཀྱིས། །བླ་མེད་རང་གནས་ཐོབ་པར་ཤོག །རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲིའི་ཞལ་སྔ་ནས་གསུངས་ཤིང་ཞང་དྲུང་ཛྙཱ་ཀུ་མཱ་རས་བསྒྱུར་བའོ།། ༈ །།རྣམ་ཤེས་འགུགས་པའི་གཏན་ཚིགས་ལུང་ཕྲན། རྒྱ་གར་སྐད་དུ། ཨ་ཡུ་ག་ཏ་བི་ཛྙཱ་ན་ཧེ་ཏུ་ཨ་བྲི་ཏ་ཨ་ཏི་ཀ་རཀྵ་ཌ་ཀ་ན་མ། བོད་སྐད་དུ། ཚེ་འདས་ཀྱི་རྣམ་པར་ཤེས་པ་དགུག་པའི་གཏན་ཚིགས་ཀྱི་ལུང་ཕྲན་ཞེས་བྱ་བ། ཡི་དམ་གྱི་ལྷ་ལ་ཕྱག་འཚལ་ལོ། །གཤིན་པོའི་དོན་དུ་ལས་བྱ་བ། །བསོད་ནམས་རྒྱལ་པོ་མ་སྐྱེས་དགྲས། །སུམ་ཅུ་རྩ་གསུམ་ལྷ་གནས་ནས། །ལྷ་བུ་ནོར་བུ་དྲི་མ་མེད། །སྔོན་གྱི་ཕ་བསད་ལས་སྙེགས་ཀྱིས། །ངན་སོང་གནས་སུ་ལྟུང་བ་ལས། །རྟེན་བཅས་ཤེས་པ་བཀུག་པ་ཡིས། །ངན་སོང་གནས་ནས་འདྲོངས་པ་བཞིན། །དེ་བས་གང་ཡིན་རྟེན་བཅས་ནས། །ཏིང་འཛིན་ཡིད་ཀྱིས་བཀུག་ནས་ཀྱང་། །རྟེན་སྦྱངས་ཤེས་པ་འབྲས་ཐོབ་ཅེས། །སྟོན་པའི་བཀའ་ལས་གསུངས་པ་ཡིན། །ཤེས་དགུག་ཐབས་ཆེན་གཞན་ནས་འབྱུང་། །རྟགས་ལ་རྣམ་པ་གསུམ་ཡིན་ཏེ། །རབ་ལ་དངོས་དང་འབྲིང་ལ་ཉམས། །ཐ་མ་རྨི་ལམ་པྲ་སྒྲུབ་བྱ། །དང་པོ་སྟོབས་ནུས་ཆེ་ལྡན་ལ། །བག་ཆགས་ལུས་དེ་དག་པར་སྣང་། །དྲི་མ་ལྡོག་དང་སྨྱུག་མ་འགུལ། །མེ་ལོང་མཚན་བྱང་འདར་བ་སྲིད། །ཉམས་ལ་ཉམས་སྣང་གོང་དང་འདྲ། །ཆ་མཐུན་སྣང་ཉམས་ཡིད་ཡུལ་དུ ། །རྟེན་དེ་མི་སྙམས་ཡིད་ཡུལ་དུ། །དེ་འདྲ་རྨི་ལམ་གཞན་མཐོང་འགྱུར། །བྱང་ཆུབ་སེམས་དང་རབ་ལྡན་པའི། །སྐྱེས་བུ་གཞན་དོན་ཆོ་ག་མཁས། །གནས་ཁང་རྟེན་མཆོད་ཡིག་འབྲུ་ལྷ། །ༀ་བུདྡྷ་ཙུ་རུ་ཙུ་རུ་མ་ཧཱ་ཙུ་རུ་ཀེ་སྭཱ་ཧཱ། འབུམ་ཚོ་བཅུ་གསུམ་སྨྲ་བཅད་བཟླས། །དངོས་གཞི་ཡར་ངོའི་དུས་བཟང་ལ། །སྐུ་ཁྲུས་གསོལ་ཞིང་གསོལ་བ་གདབ། །དཀར་གསུམ་བཟའ་ཞིང་ན་བཟའ་གསོལ། །བྱང་ཆུབ་ཆེན་པོར་ཁ་བལྟས་ལ། །བྱང་དུ་ཉལ་ལ་རྨི་ལམ་བརྟག །གར་སྐྱེ་བལྟ་ཞིང་གཞན་དོན་བྱ། །འབུམ་ཕྲག་བདུན་དུ་བྱ་བ་རྣམས། །གཞུང་དང་མཐུན་པར་མཁས་པས་བྱ། །ཡང་ན་མཁའ་འགྲོའི་པྲ་ཕབ་སྟེ། །གཙང་ཞིང་དྲི་མེད་གནས་དག་ཏུ། །རྟེན་བཤམས་མཆོད་དང་ཚོགས་འཁོར་བསྐོར། །མེ་ལོང་དག་བཀྲུ་དྲི་ཐིག་བྱ། །ཌ་ཀི་ལྔ་ཡི་རང་བཞིན་བསམ། །ཌ་མ་རུ་དང་མེ་ལོང་འཛིན། །མཐོ་བོང་རྒྱ་སྐྱེགས་ཐིག་ལེ་བྱ། །མིག་ལ་ལྟས་སྟོན་བྱུག་པས་གསལ། །རང་གིས་ཁྲི་ཚོ་གསུམ་དུ་བཟླས། །ༀ་དྷི་རི་དྷི་རི། དྷུ་རུ་དྷུ་རུ་ཤག་ཤག །ཚལ་པ་ཚལ་པ། པྲ་མོ་ཤག་ཚལ་པ། ཡ་ཤུག་རི་ནིར་ཏི་ཕོབ་ཕོབ་ཡ་ཡ། དེ་ནས་བུ་མོ་གཙང་མ་ལྔ། །ཁྲུས་བྱས་ཌཱ་ཱཀི་ལྔ་རུ་བསམ། །ཉུངས་དཀར་སྔགས་བཅས་དྲག་ཏུ་དབབ། །ལེགས་ཉེས་ལྟས་སྟོན་སྨྲ་བར་འགྱུར། །དོམ་དྲེད་སྟག་བྱུང་རྒྱལ་པོ་བསྐྲད། །མཁས་པས་མྱུར་དུ་འདྲི་ཞིང་བརྟག །ཤིན་ཏུ་མངོན་ཤེས་གསལ་བར་འབྱུང་། །རྟགས་མཚན་ངན་ན་བཟློག་པར་བྱ། །དགེ་བྱས་རང་སྣང་མངོན་ཐོབ་འགྱུར། །མི་སྣང་རྐྱེན་གསལ་བླ་མེད་ཤོག །རྣམ་པར་ཤེས་པ་ཁུགས་རྟགས་དང་། །རང་གར་སྐྱེ་བ་བརྟག་པའི་ལུང་ཕྲན། གནོད་སྦྱིན་མོ་བྱང་ཆུབ་ཀྱིས་མཛད་པ་རྫོགས་སོ།། ༈ །།གཤིན་བླ་འགུགས་པ་མན་ངག་ལུང་ཕྲན། རྒྱ་གར་སྐད་དུ། ཡ་མ་བི་ཛྙཱ་ན་ཀ་རཀྵ་ཨུ་པན་ཏེ་ཤ་ཌ་ཀ་ན་མ། བོད་སྐད་དུ། གཤིན་བླ་འགུགས་པའི་ལུང་ཕྲན་ཞེས་བྱ་བ། ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །དུས་ཐ་མ་ལ་རྣལ་འབྱོར་པ་དགོངས་པ་མི་དྲན་པར། ཁེང་དྲེགས་དང་ཡིན་ལོ་འགྲན་པའི་དུས་སོ། །དེའི་དུས་གཤིན་པོའི་བླ་དབབ་པ་ནི། གནས་ལུགས་གཞུང་བསྲངས། རྫས་སུ་ཕུར་པ་ཁོང་གསེང་ཅན་གཅིག་ལ། །དར་སྣ་ལྔ་ཚང་བར་བཏགས་ལ། །ཕུར་པ་གཤིན་པོའི་སེམས་ཡིན་པར་བསྒོམ། དར་སྣ་ལྔ་ཡིད་ཡིན་པར་བསྒོམ། །ཁོང་གསེང་དུ་བླ་འཁོར་བར་བསྒོམ། །སྔགས་པའི་ལུས་རི་རབ་ཙམ་དུ་བསྒོམ། །ཕུར་པའི་རྩེ་མོ་གནམ་དུ་བསྟན་ལ། །སྟེང་ཚངས་པའི་གནས་ནས་བླ་ཁུགས་པར་བསམ། །ཕྱོགས་མཚམས་ཐམས་ཅད་དུ་དེ་ལྟར་བསམ། ཕུར་པ་རྐེད་པ་ལ་བསྐོར་ལ་གཤེད་མའི་ལག་ནས་བླ་ཕྲལ་བར་བསྒོམ། བླ་གཤེད་དང་བྲལ་བའི་སྔགས་ནི། ༀ་ཨཱཿཧཱུྃ། ཕར་ནན། ཟིན་ཏི་ནན། སན་ཙེ་དུན་དུན། ཞབ་ནི་ཞུབ་ནི་ཐུལ་ཅན། ཞེས་ལན་བདུན་བརྗོད་ལ། ཞོ་ཕུད་ཞིག་འོག་ཏུ་གཞུག་ཆང་ཕུད་འཁུར་བས་ཁ་བཅད་ལ་བཞག །ཁྱེའུ་གཙང་མའམ་ཉེ་དུ་ལ་སོགས་པ་བདུན་ཁྲུས་བྱས་ལ། མགོ་བོ་ཕུར། མིག་བཙུམ་ལ་བཞག །སྤྲེའུའི་འཇུག་མ་དང་རྣ་བ། །ཕག་བློ་སྐྱེག་གི་རྔ་མ། །བདག་སྔགས་པའི་ལུས་ལ་བཅངས། །དབབ་པ་ཁྲུས་གསོལ། བདུན་པོ་ལ་དམ་བཅའ། ༀ་བཛྲ་ཤག་ནི་ལི་བྷྱོ། ཨ་པར་ཨ་ཡུར་ནན། །པྲོ་མོར་དུན་ཤག་ཏ་དུལ་བྱིལ་ནན། །ཨ་པར་ཨ་ལོན་འུར་ཏེ། དུན་ཙེ་དུན་ཙེ་སད། མ་བན་ཡ་ནེ་ཤག །ཅེས་བརྗོད་ཅིང་། ནས་དཀར་དང་། ཤག་པོའི་ཐོད་རས་གཏོར་བས། །གཤིན་ངག་གསོལ་སྨྲའོ། །གསོན་ཚེ་གང་བྱས་སྨྲ། གྲོགས་མཚང་བྱ། བུ་ལོན་སྨྲ་ངོ་བོ་དང་གསོན་ལ་འདུག་གི་སྨྲ། ཐམས་ཅད་ཀྱིས་དེར་མི་དྲི། །བླ་མའི་ཉེ་དྲུང་སྙིང་རེག་མས་དྲི་ཐམས་ཅད་དུ་མི་བྱ། དགེ་སྦྱོར་བུང་ཆེ་བའམ་དམ་ཚིག་འབྲེལ་པ་བྱའོ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། བློན་པོ་འགོས་རྒན་དོན་དུ་མཛད་པའོ། །གཤིན་བླ་འགུགས་པའི་ལུང་ཕྲན་ཞེས་བྱ་བ་རྫོགས་སོ།། ༈ །།ཐུགས་རྗེ་ཆེན་པོ་སྦྱང་བའི་ལུང་ཕྲན། རྒྱ་གར་སྐད་དུ། མ་ཧཱ་ཀ་རུ་ཨ་ཧཱ་ཨ་ཀ་རཀྵ་ཌ་ཀ་ནཱ་མ། བོད་སྐད་དུ། ཐུགས་རྗེ་ཆེན་པོས་སྦྱང་བའི་ལུང་ཕྲན་ཞེས་བྱ་བ། བཅོམ་ལྡན་འདས་སྦྱོང་བྱེད་ཐུགས་རྗེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཡེ་ཤེས་རང་གནས་འདུས་མ་བྱས། །ཅིར་ཡང་སྣང་བས་གཞན་དུ་འགྱུར། །གཉིས་ལ་དྲུག་སྣང་བཞི་ཉིད་དུ། །བར་མ་སྲིད་པའི་མཚམས་སྦྱོར་ཞིང་། །འཁོར་བར་སྲིད་པའི་རྒྱུ་རྣམས་ནི། །རིན་ཆེན་ཙིཏྟའི་ཕོ་བྲང་ནང་། །རྩ་བ་ས་བོན་དབྱིབས་དང་འོད། །སོ་སོར་སྲིད་པའི་ཉོན་མོངས་དྲུག །རང་དང་གཞན་གྱིས་བསགས་ཤིང་གནས། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །ཟབ་མོའི་ལུང་གིས་སྦྱངས་བྱས་ཏེ། །སྔོན་དུ་བུམ་པར་བསྙེན་བྱས་ན། །སྐད་ཅིག་དྲག་པོའི་ལྷ་གསལ་ནས། །རྣམ་ཤེས་བསྡུ་ཞིང་བར་ཆད་བསལ། །ཕྱི་ནང་སྔགས་ཀྱི་སྦྱོར་བ་ཡིས། །རྒྱུད་དྲུག་འདུས་པའི་དུག་སྦྱངས་ནས། །ཏིང་འཛིན་སྐབས་བསྒྱུར་ལུང་ཚིག་བསྐུལ། །མཐར་ཕྱིན་པ་ནས་གཞན་དོན་དབང་། །ལས་ཀྱི་མཇུག་སྡུད་རྫོགས་པར་བྱ། །བི་མ་ལའི་བདུན་ཚིགས་གནས་བུ་ཆུང་། །ཞེས་བྱ་བ། ཨ་ཙ་ར་ཛྙཱ་ནས་ཞུས་ཏེ་བསྒྱུར་ཅིང་གཏན་ལ་ཕབ་པའོ། །བི་མ་ལ་ཡིས་འབྲེལ་བ་ཕྱི་མའི་དོན་དུ་བདུན་ཚིགས་རྩ་བ་མཛད། ཨཐྎ།། ༈ །།ཐབས་དང་ཤེས་རབ་མདའ་གཞུའི་ལུང་ཕྲ ན། ཡེ་ཤེས་རང་སྣང་ལ་ཕྱག་འཚལ་ལོ། །ས་ཡི་འོག་ཏུ་མདའ་འཕངས་པས། །སྟེང་གི་ལྷ་བྲན་ཐམས་ཅད་འཆི། །དེ་ཡང་ཕྱི་ནང་གསང་བ་སྟེ། །ཕྱི་ནི་དངོས་སུ་སྣང་བ་ལབ། །རྒྱུད་དང་བྱིན་རླབས་ཡོན་ཏན་གསུམ། །རྒྱུ་ནི་འོད་མ་ལས་བྱས་པ། །མཆོག་མ་རྟེན་ཅིང་འབྲེལ་བར་བྱས། །བྱིན་རླབས་ཡོན་ཏན་བསམ་མི་ཁྱབ། །ཡི་གེ་ཨ་བཅུའི་འཕྲོ་འདུ་ལས། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་སོ། །དབུས་སུ་ཤེས་རབ་ཕ་རོལ་ཕྱིན། །གཞན་ནི་གོ་རིམ་བཞིན་དུའོ། །ཀུན་ཀྱང་ཁ་དོག་སེར་མོ་སྟེ། །གཡས་པ་ཆོས་འཆད་ཕྱག་རྒྱ་ལ། །གཡོན་པ་པོ་ཏི་བསྣམས་པའོ། །གཡས་པ་ས་ནུ་ཧེ་རུ་ཀ །གཡས་གསུམ་རྡོ་རྗེ་རྔེའུ་ཆུང་མདའ། །གཡོན་གསུམ་དྲིལ་བུ་རལ་གྲི་གཞུ། །གཡོན་དུ་ཡུམ་ཆེན་ནམ་མཁའ་སྤྱན། །ཆ་ལུགས་ཡབ་དང་འདྲ་བའོ། །དམ་རྒྱན་མཆོག་མ་གཡས་པ་ལ། །ཁྲོ་ཆེན་རཏྣ་ཧེ་རུ་ཀ །སེར་ནག་ཞལ་གསུམ་ཕྱག་དྲུག་པ། །རིན་ཆེན་ཏྲི་ཤུལ་དང་པོ་གཉིས། །བར་གཉིས་རྡོ་རྗེ་དུང་དམར་འཁྲུག །ཐ་མ་གཉིས་ན་ཏི་ར་རྔ། །མཆོག་མ་གཡོན་ན་རྩི་རི་ཏེ། །སེར་མོ་ལག་ན་མདའ་གཞུའོ། །རྒྱུད་གཡས་པདྨ་ཧེ་རུ་ཀ །གཡོན་ན་རྡོ་རྗེ་སྒྲ་སྒྲོགས་ལ། །གཉིས་ཀ་དབུ་སྟོང་ཕྱག་སྟོང་སྟེ། །ཕྱག་ན་པོ་ཏི་བསྣམས་པའོ། །གཡས་པ་མཐེབ་ཀྱི་འབྱེད་ཚུལ་ལ། །ཞལ་ནས་ཆོས་ཀྱི་སྒྲ་སྒྲོགས་པས། །ཐེག་པ་སྣ་ཚོགས་སྟོན་པའོ། །མདའ་ཡང་དོན་གསུམ་གོང་དང་འདྲ། །ལྟོང་ནས་མདེའུའི་བར་དུ་ནི། །ཧཱུྃ་མཛད་ལ་སོགས་ཁྲོ་བཅུ་བསམ། །བདག་པོ་བཞི་དང་དོན་མཛད་བཞི། །ཐབས་དང་ཤེས་རབ་ཁྲོ་བོ་གཉིས། །ཕ་རོལ་ཕྱིན་པ་བཅུ་པོ་དང་། །ཡབ་ཡུམ་ཚུལ་དུ་སྦྱོར་བ་སྟེ། །ལྟོང་རྒྱུད་སྦྱོར་བར་བྱས་པ་ཡིས། །ཡབ་ཡུམ་ཀུན་ཀྱང་སྦྱོར་བ་མཛད། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །སྨྱུག་མའི་སྦུབས་ན་ཡར་ལ་དྲངས། །ཤེས་པ་མདེའུའི་རྩེ་ལ་བླངས། །དེས་ཀྱང་སྤོར་བའི་ལས་རྣམས་བྱེད། །མི་དགེ་བཅུ་པོ་ཚར་བཅད་ནས། །དགེ་བ་བཅུ་ལ་བཀོད་ནས་ནི། །དབང་བཅུ་མཐར་ཕྱིན་ས་བཅུ་རྫོགས། །གདེངས་དང་མི་ལྡན་ཐུན་མོང་སྟེ། །སྲིན་པོ་ལག་ནས་མཚོན་ཐོགས་འདྲ། །བི་མ་ལ་མི་ཏྲས་པ་ཧཱུྃ་མཛད་རྟོག་པ་ཕྱི་མ་ལས་བཏུས་ནས་མཛད་པ་རྫོགས་སོ།། ༈ །།གནས་ཀྱི་ས་དང་ལམ་གྱི་ལུང་ཕྲན། རྒྱ་གར་སྐད་དུ། བྷུ་མ་མ་ར་ག་བ་ད་ཨ་ཏི་ཀ་རཀྵ་ཌ་ཀ་ནཱ་མ། བོད་སྐད་དུ། གནས་ཀྱི་ས་དང་ལམ་གྱི་ལུང་ཕྲན་ཞེས་བྱ་བ། ཡེ་ཤེས་རང་གནས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཚེ་འདས་གནས་བསྟོད་ཆོ་ག་ལས། །སྤྱིར་དུ་ལུང་ལས་བྱུང་བ་ཡི། །ཐུགས་རྗེ་གཏོར་སྦྱིན་དཀྱིལ་འཁོར་དང་། །འབར་བ་མཚམས་ཀྱི་དཀྱིལ་འཁོར་དང་། །འཁོར་ལོ་བསྒྱུར་བའི་དཀྱིལ་འཁོར་དང་། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། །རྒྱུད་དྲུག་སྒྲོལ་བའི་དཀྱིལ་འཁོར་དང་། །གུ་ཡ་དབང་གི་ད་ལ་དྲུག །རེ་རེའང་ལྔ་ལྔར་ཤེས་བྱས་ཏེ། །སྒྲིབ་ལམ་ས་དབང་གནས་བཞིར་བསྟོད། །ལས་སྒྲིབ་དག་ཅིང་ཚོགས་ལམ་ཞུགས། །དང་པོའི་ས་ནོན་རྟེན་དབང་ཐོབ། །སྒྲིབ་སྦྱང་ཚོགས་ཀྱི་གནས་བཞིར་བསྟོད། །སྐྱེ་གནས་སྒྲིབ་དག་སྦྱོར་ལམ་ཞུགས། །མོས་སྤྱོད་ས་ནོན་རྟོག་འཇོམས་དབང་། །སྟོང་པ་ཆོས་ཉིད་གནས་བཞིར་བསྟོད། །དང་པོ་ལས་དག་མཐོང་ལམ་ཞུགས། །རབ་དགའི་ས་ནོན་ལྷ་དབང་ཐོབ། །རྟོག་འཇོམས་ཁྲོ་བོའི་གནས་བཞིར་བསྟོད། །ཤེས་བྱའི་སྒྲིབ་དག་སྒོམས་ལམ་ཞུགས། །མི་རྟོགས་ས་ནོན་གསང་དབང་ཐོབ། །བྱིན་རླབས་ཐུགས་རྗེའི་གནས་བཞིར་བསྟོད། །ཤེས་སྒྲིབ་འབྲིང་དག་ཐར་ལམ་ཞུགས། །ས་བཅུ་ཉིད་ནོན་ཤེས་དབང་ཐོབ། །བསྒྲལ་བ་རིགས་མེ་གནས་བཞིར་བསྟོད། །ཤེས་བྱའི་སྒྲིབ་དག་ཕྱིར་ལམ་ཞུགས། །སངས་རྒྱས་ས་ནོན་བདེ་བ་ཐོབ། །རང་གནས་གདལ་བའི་གནས་བཞིར་བསྟོད། །ཁྱད་པར་རྒྱུད་དྲུག་སྒྲོལ་བ་ནི། །ལུང་གི་ཚད་མས་སྦྱངས་པ་ལས། །ལྷ་མིའི་ཐེག་པ་ཚོགས་གནས་བཞི། །སྦྱིན་པའི་དལ་འབྲེལ་སྐྱེ་སྒྲིབ་དག །དགྲ་བཅོམ་ས་ནོན་གཞན་ཐོབ་མིན། །ནང་པ་ཕར་དགོངས་རྣམ་པ་ལྔ། །ཀུན་ཏུ་འོད་ཀྱི་ས་བསྒྲལ་བས། །ཚོགས་ལམ་བྱང་སེམས་ཐེག་པ་སྟེ། །ཆོས་ཉིད་གནས་བསྟོད་བར་མཚམས་འབྲེལ། །ཡོངས་རྫོགས་དབང་ཐོབ་ཉོན་རང་དག །ཀུན་ས་ཆོས་སྐུ་སྟོང་ཡེ་ཤེས། །སྟུག་པོ་བཀོད་པར་བསྒྲལ་སྐབས་སུ། །སྦྱོར་ལམ་ཕྱི་རྒྱུད་རིང་ངེས་བསྟོད། །སྒྲོལ་བྱེད་ཆུས་དབང་ཉོན་སྒྲིབ་དག །སྟུག་པོ་ལོངས་སྐུ་མེ་ལོང་གསལ། །པདྨ་ཅན་དུ་བསྒྲལ་སྐབས་སུ། །མཐོང་ལམ་མ་ཡོག་ཁྲོ་ནས་བསྟོད། །རྒྱུར་འགྲེལ་གསང་བདག་ཀུན་འགྲོ་དག །པདྨ་མངོན་བྱང་མཉམ་པ་ཉིད། །འཁོར་ལོ་ཚོགས་ཆེན་བསྒྲལ་སྐབས་སུ། །སྒོམ་ལམ་ཨ་ནུ་ཕྱིན་ཐུགས་རྗེ། །རྡོ་རྗེ་དབྱིངས་ཤེར་ལྷན་སྐྱེས་དག །འཁོར་ལོ་སྤྲུལ་སྐུ་བྱ་གྲུབ་གསལ། །ཡེ་ཤེས་བླ་མར་བསྒྲལ་སྐབས་སུ། །མཐར་ལམ་ཨ་ཏིར་རང་གནས་བསྟོད། །ལྷུན་གྲུབ་བདེ་ཆེན་རང་གནས་དག །ཀུན་བཟང་རྡོ་རྗེ་ཀུན་རྟོག་གསལ། །མདོར་ན་ལམ་ཐོག་གནས་བཞི་དལ། །དབང་སྒྲིབ་ས་ནོན་སྐུ་དང་ནི། །ཡེ་ཤེས་དང་ནི་དགུ་ཞེས་བྱ། །གདུལ་བྱ་རང་མཚན་མངོན་ཐོབ་ཤོག །རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲའི་དགོངས་པ་ལས། དྲི་མེད་ཟླ་ཤར་ཉིད་ཀྱིས་གགས་སེལ་བཅོ་བརྒྱད་པའི་རྗེས་ཐོགས་སུ་གསུང་པ་རྫོགས་སོ།། ༈ །།ཧཱུྃ་ཉིད་རིང་པོར་སྤར་བའི་ལུང་ཕྲན། འཁོར་དང་མྱ་ངན་འདས་པའི་བཅུད་འདུས་ཤིང་། །བག་ཆགས་ཚོགས་འཇོམས་ཡོན་ཏན་རྫོགས་པར་ལྡན། །བརྗོད་མེད་ཧཱུྃ་ལ་གུས་པས་ཕྱག་འཚལ་ནས། །རང་གནས་མ་མཐོང་ལོག་འཁྱམས་དོན་ཕྱིར་དུ། །ཡི་གེ་ཧཱུྃ་གི་མཚན་ཉིད་བསྟན་པར་བྱ། །ཁོང་ནས་གབ་པའི་དོན་འབྱིན་བྱ་བའི་ཕྱིར། །ཧཱུྃ་ཉིད་རྣམ་གསུམ་ཚུལ་དུ་ཤེས་བྱས་ཏེ། །གནས་དང་མངོན་བྱེད་མཐར་ཕྱིན་གྱིས། །རིམ་འདི་ཡོངས་སུ་རྫོགས་པར་འགྱུར། །གནས་པ་དབྱིངས་སྒྲ་དོན་ཉིད་དོ། །འབྱི་མ་འདུ་མ་ང་ཚེས་དང་། །དབྱུག་པ་ཧ་གཉིས་དབང་སྡུད་རིང་པོ་དག །རིན་ཆེན་སྨུག་པོའི་ནང་ནས་སྲོག་ཤིང་ཚུལ། །འབྱི་མ་ཡབ་ཀྱི་བྱང་ཆུབ་སེམས། །འདུ་མ་ཡུམ་གྱི་བྱང་ཆུབ་སེམས། །ང་ཚེས་གཉིས་མེད་བྱང་ཆུབ་སེམས། །དབྱུག་པ་གཉིས་ནི་རྟོག་པའི་མཆོག །ཧ་ཡིས་དོན་བྱེད་རིན་ཆེན་གསལ་བར་བྱེད། །ཧུ་ཡིས་ཐམས་ཅད་སྡུད་པར་བྱེད། །ཞབས་ཀྱུ་ཡིས་ནི་གཉིས་མེད་འགྱུར། །རིང་པོ་དེ་ཉིད་ཀུན་མཁས་པ། །ཐོག་མ་དབུ་མ་རྣམ་གཉིས་ཏེ། །སྒྲ་དང་སྒྲ་ཚུལ་རྣམ་གཉིས་པོ། །གང་དང་གང་དུ་བརྗོད་པའི་སྒྲ། །རིང་པོར་འཁྱམས་པས་རིང་པོ་ཉིད། །སྒྲ་རྣམས་མཐའ་སྟོང་ཇི་བཞིན་དུ། །ཐིག་ལེ་རྩོལ་བར་བཅས་པ་དག །གདོད་ནས་སྙིང་པོ་བྱང་ཆུབ་བོ། །ཀུན་གཞི་ལས་འདས་སྙིང་པོ་མཆོག །ཡེ་ཤེས་ཆེན་པོ་བདེ་བའི་མཆོག །དོན་གྱི་སེམས་ཉིད་འདུས་མ་བྱས། །ཡི་གེ་ཡིད་འོང་དུ་སྣང་བའོ། །དབུ་མ་རྣམ་གཉིས་ཤེས་བྱས་ཏེ། །བདག་གཞན་དོན་དུ་ཉམས་སུ་བླངས། །བདག་གི་ཉམས་སུ་བླངས་པའི་དོན། །ཕྱི་ནང་གསང་བ་གསུམ་དུ་གསུངས། །རང་ལུས་ཡི་གེ་ཧཱུྃ་དུ་བསྡུ། །ཧཱུྃ་ཉིད་ཨ་ཡིས་མཚམས་སྦྱར་ནས། །རྡོ་རྗེ་འཛིན་པའི་རྒྱུར་གྱུར་ཏེ། །དམིགས་སུ་མེད་པའི་ངང་དུ་གནས། །རིན་ཆེན་སྨུག་པོའི་གཞལ་གཡས་སུ། །ཨ་བ་དྷུ་ཏིའི་རྩ་གནས་སུ། །རྣམ་གཉིས་ཆོས་ཀུན་ཧཱུྃ་དུ་བསྡུ། །བདུད་བཞིའི་སྲས་སུ་བསྐྱེད་ནས་ཀྱང་། །བདེ་བ་ཆེན་པོའི་ངང་དུ་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །བདག་བདེ་བ་ཡི་ཀློང་ཡོངས་སུ། །ཧཱུྃ་ཉིད་ཟླ་བའི་ངོ་འབྱོར་ཚེ། །རྩོལ་བ་རྔུབ་སྡོམ་སྦྱོར་བ་ཡིས། །བུདྷཱའི་ས་གསུམ་རྫོགས་པའོ། །རྣམ་ཤེས་འཕོ་བར་གྱུར་པའི་ཚེ། །རྣམ་ཤེས་གསུམ་པོ་ཧཱུྃ་དུ་བསྡུ། །ཧཱུྃ་ཉིད་ན་བཟའ་ལམ་བྱུང་ནས། །བདེ་གཤེགས་ཐུགས་ཀར་ཐིམ་ནས་ཀྱང་། །རྣམ་ཤེས་བ་གར་ཤུལ་བྱུང་སྟེ། །རྒྱལ་བའི་སྲས་སུ་རང་ཉིད་བསྐྱེད། །བདེ་བ་ཆེན་པོའི་ངང་དུ་གནས། །སངས་རྒྱས་ས་ལ་གདོན་མི་ཟ། །དངོས་པོ་གཞན་གྱི་དོན་དུ་ནི། །འཁོར་རྒྱུད་རྩད་ནས་བཅད་པའི་ཕྱིར། །རྣམ་པར་ཤེས་པ་བསྡུས་པ་ཡི། །རྣམ་ཤེས་ཧཱུྃ་གི་རྟག་པ་སྟེ། །སྐུར་གྱུར་ཡེ་ཤེས་སེམས་དཔའ་ལ། །བདེ་ཆེན་འོད་ཟེར་འཕྲོ་བས་བརྗིད། །རྡོ་རྗེ་སྔོན་པོ་རྩེ་ལྔ་པ། །ལེབ་རྒན་ཧཱུྃ་གིས་མཚམས་སྦྱར་ནས། །སྲས་སུ་གྱུར་པ་བདེ་བའི་མཆོག །ཧཱུྃ་འདོད་མཁར་ནུབ་གྲུབ་པར་འགྱུར། །ཐ་མ་འབྲས་བུ་མཐར་ཐུག་དོན། །ཡེ་ཤེས་དགུ་ཡི་བདག་ཉིད་ལ། །ཡི་གེ་ཧཱུྃ་དང་མཚོན་པར་སྣང་། །ཀུན་གསལ་རང་བཞིན་མེད་དང་དངོས་པོ་བྲལ། །འཁོར་བའི་སྐྱོན་རྣམས་མ་སྤངས་དབྱིངས་སུ་དག །ཐམས་ཅད་གསལ་དང་མ་རྨོངས་ཡོན་ཏན་ལྷུན་གྱིས་རྫོགས། །དངོས་པོ་མཐར་མི་གནས་དང་སྡུག་བསྔལ་ངང་གིས་བྲལ། །ཆོས་རྣམས་མ་ལུས་ཡེ་ནས་དབྱེར་མེད་ལ། །འཛིན་མེད་རྡོ་རྗེ་སྔོན་པོ་ཡེ་ཤེས་སྐུ། །མ་བསྒྲུབས་ཐོས་པ་བསྒྲུབ་བྱ་དམ་པའོ། །བདག་འདྲ་དམན་པས་བསྡུ་བར་མི་འོས་ཀྱང་། །ཁུངས་དང་མན་ངག་རྗེས་སུ་ལེགས་འབྲངས་ནས། །གསུམ་ཤེས་གཉིས་བླངས་བསྒྲུབ་པར་བྱ་བའི་ཐབས། །ཚིག་བསྡུས་དོན་རྒྱས་བློ་མཆོག་དོན་བསྡུས་པས། །ཕྱི་རབས་སེམས་ཅན་བདེ་མཆོག་མངོན་ཐོབ་ཤོག །ཕངས་མེད་སེར་སྣ་སྤངས་དང་རྟོགས་པ་གསལ། །གསང་ཐུབ་སྤྱོད་པ་དམ་དང་དམ་ཚིག་བསྲུང་། །དེ་འདྲའི་རྣལ་འབྱོར་གཅིག་དང་འཕྲད་པར་ཤོག །ཧཱུྃ་ཉིད་རིང་པོར་སྤར་བའི་ལུང་ཕྲན་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། ༈ །།བཅོལ་དང་བསྐང་བའི་ལུང་ཕྲན། བཅོམ་ལྡན་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གནས་ལུང་རྒྱུད་ཀྱི་གཤེགས་གསོལ་དང་། །བཅོལ་དང་བསྐང་བའི་ལུང་ཕྲན་ནི། །ༀ་པྲི་པ་མན་ཏྲ་པ་ཏྲ་བུདྡྷ་སྥ་ར་ན་ཡ་མ། ཞེས་པ་དྲི་མ་དང་མཚན་བྱང་གི་རྡོ་རྗེ་སེམས་དཔའ་ཕྱེ་ལ་ཆོས་ཀྱི་དབྱིངས་སུ་གཤེགས་སུ་གསོལ། དེ་ནས་ཉོན་མོངས་བའི་སེམས་ཅན་འཁོར་བ་གནས་པ་རྣམས་སྙིང་པོ་བྱང་ཆུབ་ལ་དགོད་པར་ཐུགས་རྗེས་བཟུང་ཞིང་ལས་བཅོལ་བ་ནི། ཧཱུྃ། ཁ་དོག་སྣ་ལྔའི་དངོས་པོ་ཅིར་སྣང་ཡང་། །གཟུགས་བརྙན་ད་ལ་དངོས་སུ་བྲིས་པའི་མཐུས། །རང་བཞིན་ད་ལ་ཆེན་པོའི་དོན་རྟོགས་ནས། །ཏིང་འཛིན་ད་ལ་ལྷུན་གྱིས་གྲུབ་པར་བཅོལ། །སྣོད་ཀྱི་འཇིག་རྟེན་དངོས་པོ་ཅིར་སྣང་ཡང་། །དབང་ཆེན་གཞལ་ཡས་ཁང་དུ་བསྒོམས་པའི་མཐུས། །ཆོས་ཉིད་མཐའ་དབུས་མེད་པའི་དོན་རྟོགས་ནས། །འོག་མིན་གནས་སུ་ལྷུན་གྱིས་གྲུབ་པར་བཅོལ། །ཕུང་པོ་ལྔ་དང་འབྱུང་ལྔ་ཅིར་སྣང་ཡང་། །རིགས་ལྔ་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །ཡབ་ཡུམ་གཉིས་སུ་མེད་པའི་དོན་རྟོགས་ནས། །ཐབས་དང་ཤེས་རབ་གཉིས་སུ་མེད་པར་བཅོལ། །རྣམ་ཤེས་དབང་པོའི་ཡུལ་དུ་ཅིར་སྣང་ཡང་། །སེམས་དཔའ་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །ཐམས་ཅད་ལྷ་དང་ལྷ་མོའི་དོན་རྟོགས་ནས། །རྒྱལ་བའི་སྲས་སུ་ལྷུན་གྱིས་གྲུབ་པར་བཅོལ། །ཕྱིན་ཅི་ལོག་རྟོག་དངོས་པོ་ཅིར་སྣང་ཡང་། །སྒོ་བ་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །རྣམ་པར་ཐར་པ་བརྒྱད་ཀྱི་དོན་རྟོགས་ནས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་བཅོལ། །འགྲོ་བ་རིགས་དྲུག་དངོས་པོ་ཅི་སྣང་ཡང་། །ཐུབ་པ་དྲུག་ཏུ་བསྒོམ་པའི་བྱིན་རླབས་ཀྱིས། །ལོངས་སྤྱོད་རྫོགས་དང་སྤྲུལ་སྐུའི་དོན་རྟོགས་ནས། །སངས་རྒྱས་མཛད་པ་ལྷུན་གྱིས་གྲུབ་པར་བཅོལ། །ཡུལ་དང་སེམས་ཀྱི་རྣམ་པ་ཅིར་སྣང་ཡང་། །ཀུན་བཟང་ཡབ་ཡུམ་བསྒོམས་པའི་བྱིན་རླབས་ཀྱིས། །དབྱིངས་དང་ཡེ་ཤེས་གཉིས་མེད་དོན་རྟོགས་ནས། །ཆོས་སྐུ་འགྱུར་མེད་ལྷུན་གྱིས་གྲུབ་པར་བཅོལ། །ལྷ་དང་བདག་དང་གཞན་དུ་ཅིར་སྣང་ཡང་། །བདེ་གཤེགས་སྤྱན་དྲངས་ཕྱག་འཚལ་མཆོད་པའི་མཐུས། །ཡེ་ནས་སངས་རྒྱས་ཡིན་པའི་དོན་རྟོགས་ནས། །རིག་འཛིན་རྣམ་བཞི་ལྷུན་གྱིས་གྲུབ་པར་བཅོལ། །ཧཱུྃ། བྱང་སེམས་བདེ་བ་ཆེན་པོའི་ད་ལ་ནས། །བཅོམ་ལྡན་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ཡིད་ཀྱིས་ཐུགས་དམ་བསྐང་། །བདེ་བ་ཆེན་པོའི་དངོས་གྲུབ་རྩོལ། །མཁའ་མཉམ་ཀློང་གི་ད་ལ་ནས། །ཡུམ་ཆེན་ཀུན་ཏུ་བཟང་མོ་ལ། །ཚེ་འདས་ཆོས་ཀྱི་ཐུགས་དམ་བསྐང་། །གཉིས་སུ་མེད་པའི་དངོས་གྲུབ་རྩོལ། །སྤྲོས་མེད་ཐིག་ལེ་ཡངས་པ་ཆེན་པོ་ནས། །བཅོམ་ལྡན་རྣམ་པར་སྣང་མཛད་ལ། །གཟུགས་ཀྱི་ཕུང་པོས་ཐུགས་དམ་བསྐང་། །སྟོང་པ་ཉིད་ཀྱི་ཡེ་ཤེས་ལ། །དེ་བཞིན་རིགས་ཀྱི་དངོས་གྲུབ་སྩོལ། །བཅོམ་ལྡན་རྡོ་རྗེ་མི་བསྐྱོད་ལ། །རྣམ་ཤེས་ཕུང་པོས་ཐུགས་དམ་བསྐང་། །མེ་ལོང་ལྟ་བུའི་ཡེ་ཤེས་ལ། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་རྩོལ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལ། །ཚོར་བའི་ཕུང་པོས་ཐུགས་དམ་བསྐང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལས། །རིན་ཆེན་རིགས་ཀྱི་དངོས་གྲུབ་སྩོལ། །བཅོམ་ལྡན་སྣང་བ་མཐའ་ཡས་ལ། །འདུ་ཤེས་ཕུང་པོས་ཐུགས་དམ་བསྐང་། །སོ་སོར་རྟོག་པའི་ཡེ་ཤེས་ལ། །པདྨ་རིགས་ཀྱི་དངོས་གྲུབ་སྩོལ། །བཅོམ་ལྡན་དོན་ཡོད་གྲུབ་པ་ལ། །འདུ་བྱེད་ཕུང་པོས་ཐུགས་དམ་བསྐང་། །བྱ་བ་གྲུབ་པའི་ཡེ་ཤེས་ལས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་སྩོལ། །ཀུན་ཏུ་བཟང་མོ་ལ་སོགས་ཡུམ་ལྔ་ལ། །འབྱུང་བ་ལྔ་ཡིས་ཐུགས་དམ་བསྐང་། །སྐྱེ་བ་མེད་པའི་དབྱིངས་ཉིད་ལས། །རིགས་ཀྱི་ཡུམ་ལྔའི་དངོས་གྲུབ་སྩོལ། །ཆོས་ཉིད་རིགས་པས་རྟོགས་པའི་དཀྱིལ་འཁོར་ནས། །ས་སྙིང་ལ་སོགས་སེམས་དཔའ་བརྒྱད་རྣམས་ལ། །རྣམ་ཤེས་ཡུལ་དང་བཅས་པས་ཐུགས་དམ་བསྐང་། །ཡེ་ཤེས་བརྒྱད་ཀྱི་དངོས་གྲུབ་སྩོལ། །ཚད་མེད་བཞི་ཡི་ད་ལ་ནས། །འཇོམས་པ་ཆེན་པོ་བཞི་རྣམས་ཀྱང་། །ཚད་མེད་ལྷ་མོ་བཞི་རྣམས་ལ། །ཕྱིན་ཅི་ལོག་བཞིས་ཐུགས་དམ་བསྐང་། །འཕྲིན་ལས་བཞི་ཡི་དངོས་གྲུབ་སྩོལ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འགྲོ་བ་དྲུག་གི་སྒྲིབ་སྦྱང་བའི། །བཅོམ་ལྡན་ཐུབ་པ་དྲུག་རྣམས་ལ། །ཉོན་མོངས་དྲུག་གིས་ཐུགས་དམ་བསྐང་། །ཡེ་ཤེས་དྲུག་གི་དངོས་གྲུབ་སྩོལ། །བཅོལ་དང་བསྐང་བའི་ལུང་ཕྲན། ཧཱུྃ་མཛད་ཕྱི་མའི་ལུང་ཉི་ཚེ་ཞིག་རྫོགས་སོ།། ༈ །།དགེ་བའི་བཤེས་གཉེན་ལ་མངའ་དབུལ་གི་ལུང་ཕྲན། རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ། །དགེ་བའི་བཤེས་གཉེན་ལ་མངའ་དབུལ་བའི་ལུང་ཕྲན་ནི། སྤྱིའི་གཞུང་དང་མཐུན་པར་བྱས་ལ། དབང་རྣམས་ཡོངས་སུ་རྫོགས་པའི་རྗེས་ལ། རིག་འཛིན་གྱི་གྲལ་དུ་མངའ་དབུལ་བ། ཞི་བའི་ཚོགས་ཀྱི་བར་དུ། རྒྱུད་བཞིན་དུ། བྲོ་གར་རྩེ་འཇོའི་ཚིག་ལྕོགས་ན་ལེགས། མ་ལྕོགས་ན། ཨ་ཐབས་དང་ཤེས་རབ་ཅེས་པས། འདོད་པའི་ཡོན་ཏན་ལྔའི་ལྷ་མོས། །རྐང་པའི་སྟབས་བྱེད་ལག་གར་བསྒྱུར། །ཅེས་པའི་ཚིག་གི་ཞབས་སུ། རིག་འཛིན་ཁྱེད་ལ་མཆོད་པར་འབུལ། །ཅེས་པ་བཏགས་ལ་འབུལ་ལོ། །པུ་ཙའི་ལྷ་མོ་བཅུ་གཉིས་དང་། སུ་ར་ཏོ་བཅུ་དྲུག་གི་གར་བྱ། བྲོ་གར་འདུ་འཕྲོའི་མཆོད་པ་དབུལ་བ་ནི། ཧཱུྃ། རྣལ་འབྱོར་ཆེན་པོ་ཆྒཻ་ཁྱོད། རིག་འཛིན་རྡོ་རྗེའི་གྲལ་དུ་གཤེགས་པ་ལ། །བྲོ་གར་འདུ་འཕྲོའི་ཕྱག་རྒྱས་མངའ་དབུལ་བས། །འཛུམ་ལམ་ནམ་མཁར་འགྲོ་བ་ཐོབ་པར་ཤོག །ༀ་སྥ་ར་ན་མ་ཧཱ་པུ་ཙ་ཧཱུྃ། ཏ་ཐཱ་ཐམས་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། རིག་འཛིན་རྡོ་རྗེ་ཆྒཻ་ཁྱོད་ལ་བྲོ་གར་འདུ་འཕྲོའི་མངའ་དབུལ་བས། རིག་འཛིན་གྲལ་ནས་ཐོགས་པ་མེད་པར་བྱ་བཞིན་མཁའ་ལ་འཕུར་བ་དང་། ས་ལ་བྱི་བཞིན་འཛུལ་བ་དང་། རྫུ་འཕྲུལ་གྱིས་འགྲོ་བའི་དོན་བྱེད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དེ་ནས་གླུ་ཚིག་སྒྲ་ཡི་མངའ་དབུལ་ཏེ། སྒྲ་བསྒྱུར་མཉམ་ཉིད་མི་གཡོ་ཞེས་པ་ནས། དམ་ཚིག་མཆོག་གི་དངོས་གྲུབ་སྩོལ་ཅེས་པའི་བར་བརྗོད་དོ། གླུ་ཡེ་ཤེས་དང་། རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ཕུལ་བས་མཉེས་ཏེ། ཧཱུྃ། རྣལ་འབྱོར་ཆེན་པོ་ཆྒཻ་ཁྱོད། །རིག་འཛིན་རྡོ་རྗེའི་གྲལ་དུ་གཤེགས་པ་ལ། །སྒྲ་ཚིག་ཕྱག་རྒྱས་མངའ་དབུལ་བས། །གསུང་ལྔ་ཆོས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ༀ་པྲ་ན་ན་མ་ཧཱུྃ་སུ་ཀ་ཧཱུྃ༔ ཧཱུྃ། རྣལ་འབྱོར་ཆེན་པོ་ཆྒཻ་ཁྱེད། རིག་འཛིན་རྡོ་རྗེའི་གྲལ་དུ་གཤེགས་པ་ལ། །གླུ་ཚིག་སྒྲ་ཡི་མཆོད་པས་མངའ་དབུལ་བས། །སྣང་མཐའ་གསུང་གི་དངོས་གྲུབ་ཐོབ་པར་ཤོག །ༀ་པྲ་མ་ན་མ་ཧཱ་སུ་ཀ་ཧཱུྃ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་ཀྱིས། རིག་འཛིན་རྡོ་རྗེ་ཆྒཻ་ཁྱོད་ལ། གླུ་ཚིག་གི་སྒྲ་དང་ཕྱག་རྒྱས་མངའ་དབུལ་བས། རིག་འཛིན་རྡོ་རྗེ་འཆང་གི་གྲལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། འགྲོ་བ་ཐ་དག་གི་ཤེས་པའི་རྒྱུད་ཁྲོལ་བའི་སྐལ་པ་དང་ལྡན་པར་གྱུར་ཅིག །དེ་ནས་རྒྱན་དང་བགོ་བའི་ཕྱག་རྒྱས་མངའ་དབུལ་ཏེ། ཧཱུྃ། རྣལ་འབྱོར་རྡོ་རྗེ་ཆྒཻ་ཁྱོད། རིག་འཛིན་གྲལ་དུ་གཤེགས་པ་ལ། །རྒྱན་དང་བགོ་བའི་མངའ་དབུལ་བས། །ཕས་ཀྱི་རྒོལ་བས་མི་ཚུགས་ཐོབ་པར་ཤོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོས་བྱིན་གྱིས་རླབས་ཀྱིས། རིག་འཛིན་རྡོ་རྗེ་ཆྒཻ་ཁྱོད་ལ། རྒྱན་དང་བགོ་བ་ལ་སོགས་པའི་མངའ་དབུལ་བས། ཕས་ཀྱི་རྒོལ་བས་མི་ཚུགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དེ་ནས་བཟའ་བ་དང་བཏུང་བའི་མངའ་དབུལ་ཏེ། མཉམ་པའི་གྲུབ་རྫས་ཆེན་པོ་དག །ཅེས་པས་འདོད་ཡོན་དང་། དགྱེས་མཆོག་གི་ཞལ་ཟས་བསྟབ་ལ་མངའ་དབུལ་བ་ནི། ཧཱུྃ། རྣལ་འབྱོར་ཆེན་པོ་ཆྒཻ་ཁྱོད། །རིག་འཛིན་གྲལ་དུ་གཤེགས་པ་ལ། །བཟའ་དང་བཏུང་བའི་མངའ་དབུལ་བས། །ཕྱག་རྒྱ་ཆེན་པོའི་ལྷུན་གྱིས་གྲུབ་པ་ཡི། །ལས་དང་འབྲས་བུའི་དངོས་གྲུབ་ཐོབ་པར་ཤོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོས་བྱིན་གྱིས་རླབས་ཀྱིས། རིག་འཛིན་རྡོ་རྗེ་ཆྒཻ་ཁྱོད་ལ། བཟའ་དང་བཏུང་བའི་མངའ་དབུལ་བས། རིག་འཛིན་རྡོ་རྗེ་འཆང་གྱི་གྲལ་དུ། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ནས། བདུད་རྩིའི་ཞལ་ཟས་ལ། ལོངས་སྤྱོད་ཅིང་འགྲོ་བའི་དོན་མཛད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ༈ །དེ་ནས་ཨཱ་ལི་ཀཱ་ལིའི་ཕྱག་རྒྱས་མངའ་དབུལ་བ་ནི། སྦྱོར་བའི་པུ་ཙ་དབུལ། བོ་དྷི་ཡོད་ན་ལེགས་སོ། །མེད་ན་མེ་ལོང་ཁུད་དུ་བདུད་རྩི་བླུགས་ལ་བདག་གཙོ་བོ་ཡབ་ཡུམ་གྱིས་བྱང་སེམས་སུ་བསམས་ལ། དབྱིངས་དང་ཡེ་ཤེས་གཉིས་མེད་སྦྱར། །ཐབས་དང་ཤེས་རབ་འཁྱིལ་པ་ལ། །འབྱུང་བ་ར་སཱ་ཡ་ན་འདི། །རིག་འཛིན་ཁྱོད་ལ་མཆོད་པར་འབུལ། །ཅེས་བདུད་བརྩི་གཏོར་ཞིང་དབུལ་བ་ནི། ཧཱུྃ། རྣལ་འབྱོར་རྡོ་རྗེ་ཆྒཻ་ཁྱོད། རིག་འཛིན་རྡོ་རྗེའི་གྲལ་དུ་གཤེགས་པ་ལ། །ཨཱ་ལི་ཀཱ་ལིའི་ཕྱག་རྒྱས་མངའ་དབུལ་བས། །ཕྱག་རྒྱ་ཆེན་པོའི་རིག་འཛིན་མཛད་པ་དང་། །ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཐོབ་ནས་ཀྱང་། །ལས་དང་འབྲས་བུ་ཐམས་ཅད་རྫོགས་པར་ཤོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོས་བྱིན་གྱིས་རླབས་ཀྱིས། རིག་འཛིན་རྡོ་རྗེ་ཆྒཻ་ཁྱོད་ལ་ཨ་ལི་ཀཱ་ལིའི་ཕྱག་རྒྱས་མངའ་དབུལ་བས། རིག་འཛིན་མཛད་པ་སྤྱོད་ལམ་མཐར་ཕྱིན་པར་གྱུར་ཅིག །རིག་འཛིན་མངའ་དབུལ་བའི་ལུང་ཕྲན་ཞེས་བྱ་བ་རྫོགས་སོ།། ༈ །།ཚེ་འདས་རྣམ་རྟོག་གྲི་འདུལ་ལུང་ཕྲན། རྒྱ་གར་སྐད་དུ། ཨ་ཡུ་ག་ཏ་བི་ཀལ྄ས྅྅྅་མ་རི་གྷ་རི་ཨ་ཏི་ཀ་རཀྵ་ཌ་ཀ་ནཱ་མ། བོད་སྐད་དུ། ཚེ་འདས་པའི་རྣམ་པར་རྟོག་གྲི་འདུལ་བའི་ལུང་ཕྲན་ཞེས་བྱ་བ། དཔལ་གྲོལ་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ། །གནས་ནི་ས་བདག་གི་གླིང་། བཙན་གྱི་འགྲུལ་ས། བགེགས་ཀྱི་འདུན་ས་མ་ཡིན་པར། །ས་ཆོག་དང་ཆ་གསུམ་གསེར་སྐྱེམས་བཏང་། གླུད་གཏོར་ཡང་བཏང་། ཧོམ་གྱི་ཐབ་རྩིག་པ་དང་། བསྲེག་རྫས་གཞུང་བཞིན་དུ་བསོག །ཁྱད་པར་ར་སོག་ལ་གཤེད་མ་བགེགས་ཀྱི་མིང་རུས་བྲི། ཤོག་བུ་གྲུ་གསུམ་ལ་གཤེད་ཀྱི་ལིངྒ་བྲི། དེ་འབྲུབ་ཁུངས་དུ་བཞག་གོ། །མཚོན་གམ་དུང་བཞག་ཞི་ཁྲོའི་ཕྲིན་ལས་གཞུང་བསྲང་། ཚོགས་ཟིན་ནས་ཕོ་ཉའི་སྐབས་སུ་གྲི་ཐབས་བཅུ་གསུམ་དང་། དགྲ་བགེགས་དགུག་ཅིང་བསྒྲལ་ཏེ། ཧཱུྃ། མདའ་གི་གཟེར་བ་མེ་གྲི་ཚིག་འབར་དང་། །རྟ་གྲི་ཞུན་མར་དལ་གྲི་དུབ་པ་དང་། །ཆུ་གྲི་འདར་ཤང་གད་གྲི་འཕྱམ་པ་དང་། །པུ་གྲི་འགབ་དམར་གྲི་གྲི་སྨུག་པོ་དང་། །ཐོག་གྲི་ཚིག་པ་འགགས་གྲི་མིག་འབུར་དང་། །ནིབས་གྲི་སུབས་པ་རྡོ་གྲི་གདན་དམར་དང་། །དུག་གྲི་སྤོས་པ་ལ་སོགས་རྐྱེན་རྣམས་དང་། །ཕུང་པའི་སྲི་དང་ཟ་བའི་འདྲེ་ལ་སོགས། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་རྣམས་དང་། །རྒན་རྒོན་གྲི་སྲི་གཞོན་བདུད་མ་ལུས་པ། །གནོད་བྱེད་དམིགས་པ་གནས་ནས་ཁུག་ལ་ཤོག །ཅེས་པ་ལ་སོགས་པ་ཕུར་བསྐོར་དང་གཏོར་ཐུན་དང་། མཚོན་ཆའི་ཆར་བས་བཏུལ་ལོ། །བསྲེག་རྫས་བྱིན་གྱིས་བརླབས་རྣམས་ནི། །མེ་ལྷའི་ཚོགས་ལ་རྒྱས་པར་དབུལ་ལོ། །མེ་ལྷའི་ལྟོ་བར་ལྷ་བསྐྱེད་ལ། དལ་གྱི་ལྷ་འགོད་ཅིང་གྲི་འདུལ་སྟེ། བསྟོད་པའི་གཞུག་ཏུ། ཧཱུྃ། ཉོན་མོངས་འཁོར་བའི་རྒྱུན་གཅོད་ཅིང་། །ཚེ་འདས་གྲི་ཡི་བག་ཆགས་བསྲེག་ཏུ་གསོལ། །དམ་ཉམས་དམ་སྐོང་དབང་དང་དངོས་གྲུབ་རྣམས། །ཚེ་འདས་འདི་ལ་འགྲུབ་པར་སྩལ་དུ་གསོལ། །ཅེས་པ་དང་། རྒྱས་པར་ལྷ་རེའི་བསྟོད་པའི་གཞུག་ཏུ་གྲི་ཐབས་བཅུ་གསུམ་གྱི་ཚིག་ཀྱང་གཞུག་ཅིང་། གཤེད་ཀྱི་ལིངྒ་དང་མིང་བྱང་བསྲེག་གོ། །འགྲོ་བ་རིགས་དྲུག་གི་ས་བོན་ཨ་ཎྀ་སུ་ཏྲི་པྲེ་དུ་དྲུག་བྲིས་ལ་བསྲེག་ཅིང་། ཧཱུྃ། ཞེ་སྡང་རྒྱུ་བྱས་མི་དགེ་བཅུ་ཡི་ལས། །དམྱལ་བ་ཚ་གྲང་ལ་སོགས་རང་བསད་དང་། །དམྱལ་བའི་ལས་ཉོན་བག་ཆགས་གྲི་འདུལ་ལོ། །ཚེ་འདས་འཁོར་བའི་སྡུག་བསྔལ་ཐར་གྱུར་ཅིག །ཧཱུྃ། སེར་སྣས་རྒྱུ་བྱས་མི་དགེ་བཅུ་ཡི་ལས། །ཡི་དྭགས་བཀྲེས་སྐོམ་ལ་སོགས་ངལ་དུབ་དང་། །ཡི་དྭགས་ལས་ཉོན་བག་ཆགས་གྲི་འདུལ་ལོ། །ཚེ་འདས་འཁོར་བའི་སྡུག་བསྔལ་ཐར་གྱུར་ཅིག །ཧཱུྃ། གཏི་མུག་རྒྱུ་བྱས་མི་དགེ་བཅུ་ཡི་ལས། །དུད་འགྲོ་གླེན་ལྐུགས་ལ་སོགས་བཀོལ་སྤྱད་དང་། །དུད་འགྲོའི་ལས་ཉོན་བག་ཆགས་གྲི་འདུལ་ལོ། །ཚེ་འདས་འཁོར་བའི་སྡུག་བསྔལ་ཐར་གྱུར་ཅིག །ཧཱུྃ། འདོད་ཆགས་རྒྱུ་བྱས་མི་དགེ་བཅུ་ཡི་ལས། །མི་ཡི་ཆགས་སྡང་ལ་སོགས་རྒྱུད་ཉམས་དང་། །མི་ཡི་ལས་ཉོན་བག་ཆགས་གྲི་འདུལ་ལོ། །ཚེ་འདས་འཁོར་བའི་སྡུག་བསྔལ་ཐར་གྱུར་ཅིག །ཧཱུྃ། ང་རྒྱལ་རྒྱུ་བྱས་མི་དགེ་བཅུ་ཡི་ལས། །ལྷ་མིན་འཐབ་རྩོད་ལ་སོགས་ཁྲོ་འཁྲུག་དང་། །ལྷ་མིན་ལས་ཉོན་བག་ཆགས་གྲི་འདུལ་ལོ། །ཚེ་འདས་འཁོར་བའི་སྡུག་བསྔལ་ཐར་གྱུར་ཅིག །ཧཱུྃ། ཕྲག་དོག་རྒྱུ་བྱས་མི་དགེ་བཅུ་ཡི་ལས། །ལྷ་ཡི་འཆི་འཕོ་ལ་སོགས་ལྟུང་འཇིགས་དང་། །ལྷ་ཡི་ལས་ཉོན་བག་ཆགས་གྲི་འདུལ་ལོ། །ཚེ་འདས་འཁོར་བའི་སྡུག་བསྔལ་ཐར་གྱུར་ཅིག །དེ་ནས་སྨན་གྱིས་གསོ་བ་ནི། མཚན་བྱང་དང་བར་སྣང་ལ་གཏོར་ཞིང་། ཧཱུྃ། ཚེ་འདས་གྲི་ཡི་སྐྱོན་གྱིས་ཕོག་པ་ཡི། །རྨ་རྣམས་བདུད་རྩི་སྨན་གྱི་སོས་གྱུར་ཅིག །གཉན་རིགས་ལྷ་ཀླུ་སྨན་བཙན་བདུད་སྡེ་བརྒྱད། །མི་མཐུན་གྲི་དང་མེ་ལྕེས་རྨས་པ་སྨན་གྱིས་གསོ། །ༀ་ཨ་མྲི་ཏ་ཧཱུྃ༔ དེ་ནས་ལུང་ལས་བྱུང་བའི་སྤར་ཆོག་ཀུན་རྫོགས་པར་བྱའོ། །དེ་ནས་གྲི་མནན་ཏེ། ཐེམ་འོག་གམ། ལམ་རྒྱ་གྲམ་མམ། དགྲའི་སོ་མཚམས་སམ། གང་ཡང་རུང་བར་དོང་གྲུ་གསུམ་བྲུས་ལ། གོང་གི་ར་སོག་ལ་གཤེད་མའི་མིང་རུས་བྲིས་པ་དེ། སྔགས་ཀྱིས་བསྡུས་ལ་གཞུག་རྡོ་རྗེ་རྒྱ་གྲམ་གྱིས་ཁར་བཅད་ཅིང་། ཧཱུྃ། མནན་ཅིང་གཟེར་བའི་དུས་ལ་བབས། ནམ་ཡང་ཐོན་པར་མ་གྱུར་ཅིག །ཅེས་ལས་བཞིའི་བྲོ་བརྡུང་ངོ་། །དེ་ནས་གྲི་བཟློག་མཚོན་བསྒྱུར་བྱས་ཏེ། གཏོར་མ་དང་མེ་དང་གོ་མཚོན་མང་པོས་དགྲ་ཕྱོགས་སུ་བསྡིགས་ཤིང་། དབྱུག་མའི་སྔགས་དང་། བཀའ་བསྒྱུར་གྱི་གཤམ་དུ་གོང་གི་ཚིག་རྣམས་ཀྱང་བརྗོད་དོ། །ལས་འདིར་གྲི་ཐབས་ཐམས་ཅད་མ་བཏུལ་ནས། །མི་རབས་བདུན་དུ་མི་བརྒྱུད་གྲིར་འཆི་བས། །དེ་ཕྱིར་བཏུལ་བའི་ཡོན་ཏན་བསམ་མི་ཁྱབ། །རིགས་དྲུག་གནས་སུ་སྐྱེས་ཀྱང་གྲི་ལས་ཐར། །ཚེ་འཕོས་ལུས་བརྗེས་བདེ་བའི་གནས་སུ་འགྲོ། །ཚེ་འདས་ཀྱི་རྣམ་རྟོག་གྲི་འདུལ་བའི་ལུང་ཕྲན་ཞེས་བྱ་བ་ཨུ་རྒྱན་པདྨས་སེམས་ཅན་གྱི་དོན་དུ་མཛད་པ་རྫོགས་སོ།། ༈ །།སྦུབས་འཇུག་བཤིག་པ་སྲི་འདུལ་ལུང་ཕྲན། སངས་རྒྱས་བཅོམ་ལྡན་འདས་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ། །སྦུབས་འཇུག་བཤིག་པར་འདོད་པས། སྲི་ཅན་ལ་གཏོར་མ་གཏོང་ན། སྲི་ཅན་དེ་གང་ཉེ་བའི་ཁ་ཕོར་ཁ་ཆགས་ཏུ་འབྲུ་སྣ་ལྔའམ། འགུགས་གཞུག་ཚད་ལ་ཆང་བུ་ལྔའམ། བདུན་ནམ་ཉེར་གཅིག་བྱ་བ། སྦང་མ། ལོ་མ། སྒོག་སྐྱ། ལ་ཕུག །འབྲས། ཚོད་མ། ཉ་ཤ་ཆང་། བུ་རམ། འོ་མ། ཞོ་བླུགས་ལ། དེའི་ཁར་ཐལ་བ་བག་ཙམ་བླུག་ལ། དེ་ནས་བདག་ཉིད་ཡི་དམ་གྱི་ང་རྒྱལ་དང་ལྡན་པར་བྱས་ལ། སྔགས་ཀྱི་གཞུག་ཏུ། སྲི་ཅན་ཆྒཻ་མོ་བཛྲ་ཨངྐུ་ཤ་ཛཿ ཞེས་བརྒྱ་རྩ་དང་། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། སྙིང་ག་ནས་ལྕགས་ཀྱུ་དྲངས་ལ། བདག་གི་དྲུང་དུ་བཀའ་སྡོད་པར་བསམས་ལ། དེ་ནས་གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། ༀ་ཨ་ཆེ་གེ་མོ་པྲ་ཏི་བྷ་ལིངྟ། པྲི་བྷ་ལིངྟ་ཁ་ཁ་ཁཱ་ཧི་སྭཱ་ཧཱ། ཞེས་ཉེར་གཅིག་བརྗོད་ལ། སྲི་ཅན་གྱི་སྦུབས་འཇུག་གི་གཟུགས་གང་ཡིན་པ་དེས་ཟོས་པས་ཚིམ་ཞིང་དགའ་བ་དང་། བདག་གི་བཀའ་ཉན་པར་བསམས་ལ། བཀའ་བསྒོ་བ་ནི། སྲི་ཅན་ཁྱོད་རྣམས་རྣལ་འབྱོར་བཀའ་ཉོན་ཅིག །དེང་ཕྱིན་ཆད་སྦུབས་འཇུག་གི་སྤྲུལ་པ་དོར་ཅིག་བསམ་པ་ངན་དང་སྦྱོར་བ་རྩུབ་མོ་ཐམས་ཅད་དོར་ཞིག །བསམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིག །དེ་ལྟར་མ་བྱས་ན་རྡོ་རྗེ་འཆང་གི་བཀའ་ཁྱེད་ཀྱི་མགོ་དང་སྙིང་འགས་པར་འགྱུར་རོ། །དེ་བས་ཁྱེད་ལས་ངན་པ་འདི་རྣམས་དྲན་པར་གྱིས་ལ་སྦུབས་འཇུག་གི་སྤྲུལ་པའི་སེམས་དོར་ཅིག །དེ་རིང་ཕན་ཆད་གནས་འདིར་ལས་ངན་པའི་བསམ་པ་མ་བྱེད་ཅིག །དེ་ལྟར་ཉན་ན་གཏོར་མ་འདི་ཁྱོད་ཀྱིས་འདོད་ཡོན་ལྔར་གྱུར་ནས་མཐོ་རིས་ཐར་པའི་གྲོགས་སུ་འགྱུར་རོ། །ༀ་ཀརྨ་ཤན་ཏིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་དེ། དེའི་རྗེས་ལ། དྲག་སྔགས་བཟླས་པས། ཁྲོ་བོ་དཔག་ཏུ་མེད་པ་འཕྲོས་ཏེ་གླིང་གཞན་དུ་བསྐྱལ་ལོ། །ཇི་ལྟར་སྲི་ཅན་ཡུན་རིང་ཆགས་པ་ཡིན་ཡང་། ལན་གསུམ་བྱས་ན་ངེས་པར་འདོར་བར་འགྱུར་རོ། །ཤིན་ཏུ་གལ་ཆེ་གསུངས། སློབ་དཔོན་པདྨས་བསམ་ཡས་སུ་ངམ་རྟ་ར་ཀླུང་གོང་ནག་པོའི་སྦུབས་བཤིག་པ་ལ་མཛད་པ་རྫོགས་སོ།། ༈ །།མཆོད་རྟེན་གདབ་པ་རུས་ཆོག་གི་ལུང་ཕྲན། རྒྱ་གར་སྐད་དུ། ཨ་ཡུ་ག་ཏཱ་ར་ཏེ་ཧེ་རུ་ཙ་ཏི་ཀ་ཨ་ཏི་ཀ་རཀྵ་ཏྲ་ཀ་ནཱ་མ། བོད་སྐད་དུ། ཚེ་འདས་ཀྱི་དོན་དུ་མཆོད་རྟེན་གདབ་པའི་རུས་ཆོག་ལུང་ཕྲན་ཞེས་བྱ་བ། བཅོམ་ལྡན་འདས་སྒྲོལ་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ། །གཞུང་ལས། གང་ཞིག་ཚེ་འཕོས་དོན་བྱའི་ཕྱིར། །རྣལ་འབྱོར་ཐུགས་རྗེའི་སེམས་ལྡན་པས། །སྔོན་དུ་བྱ་བ་ཀུན་བྱས་ཏེ། །བདག་ཉིད་ལས་ཀྱི་ལྷར་བསྐྱེད་ནས། །གཤེད་དབྲལ་ཤེས་པ་བཀུག་ནས་ནི། །ཁྲུས་བྱ་རྟོག་སྦྱང་སྒྲིབ་པ་དྲལ། །ལྷར་བསྐྱེད་དབང་སྐུར་གནས་ངན་བསྒྲལ། །ཆོས་སྐུར་བཞེངས་ལ་མཆོད་སོགས་སྦྱར། །ལོག་ནོན་ཕན་ཡོན་ཤེས་པར་བྱ། །སྙིང་རྗེ་ལྡན་པས་སེམས་བསྐྱེད་ནས། །ཞེས་འབྱུང་བས། ཚེ་འཕོས་གང་ཡིན་པ་བསྲེགས་སྦྱངས་པའི་རུས་པ་དང་ཐལ་བ་ལ། ཆོ་ག་དང་མཆོད་རྟེན་བྱ་སྟེ། རུས་ཐལ། ས་ཞག །ཉུངས་དཀར། བུམ་ཆུ། མཆོད་གཏོར། པདྨ་འདབ་བརྒྱད་ཀྱི་གདན་བཤམ། དེ་ནས་མི་རྟོག་པའི་ངང་ལས་ལྷར་བསྐྱེད། དེ་ནས་བདེན་པ་བདར་ཞིང་། དྲག་པོའི་རྫས་དང་སྔགས་ཕོ་ཉས་ཁྲོ་བོའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པས། ཕྱོགས་བཅུའི་བདུད་བགེགས་དྲེགས་པ་ཐམས་ཅད་བཏུལ་ཞིང་། ཚེ་འདས་ཀྱི་ཤེས་པ་སྲོག་གཅོད་ཀྱི་བདུད་ལྷ་སྲིན་སྡེ་བརྒྱད་ལ་སོགས་པ་གང་གི་ལག་ན་གནས་པ་དེ་ནས་རང་དབང་མེད་པར་བཀུག་པར་བསམ་ཞིང་། ཨ་སུ་ནྲི་ཏྲི་པྲེ་དུ་ཛཿ ཪྣྲི་བཛྲ་ཨཾ་གུ་ཤ་ཛ་ཛ༔ ཞེས་པས་བསྟིམས་ལ། གསོན་པོའི་ལུས་བཞིན་གནས་པ་བསྒོམས། དེ་ནས་བུམ་ཆུས་ཚིག་དང་ལྡན་པས་བཀྲུ་ཞིང་། ལས་ཀྱི་སྒྲིབ་པ་རྣལ་འབྱོར་སྦྱང་བ་དང་། ངན་སོང་སྦྱོང་རྒྱུད་དང་། དཔལ་ན་རག་ནས་གསུངས་པའི་སྔགས་ཀྱིས་བྲབས་པས། ལས་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་པར་བསམ། སྡིག་སྒྲིབ་དང་ཉེས་ལྟུང་ཉམས་ཆགས་ཐམས་ཅད་ཡོངས་སུ་དག་པར་གྱུར་ཅིག །ཅེས་བརྗོད། དེ་ནས་ཡུངས་དཀར་དང་བྱེ་མ་ལ། ངན་སོང་སྒོ་གཅོད་ཀྱི་སྔགས་བཟླས་པས། ལས་དང་ཉོན་མོངས་པ་དྲུག་གི་རྟོགས་པ་ངན་པ་སྦྱངས་ཤིང་། འགྲོ་དྲུག་གི་གནས་ངན་པར་སྐྱེ་བའི་སྒོ་དགག་གོ། །དེ་ནས་རིང་ལྔར་བསྐྱེད་པའི་འཕྲོ་འདུས། བདེན་པའི་སྟོབས་བརྗོད་དེ། བཛྲ་བྷནྡྷ་ཊ་ཋ་ས་སྒྲིབ་པ་དབྲལ་ལོ། །དེ་ནས་ཡི་དམ་ལྷར། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་སྐུ་ཡོངས་སུ་རྫོགས་པར་བསྐྱེད། སྐུ་གསུང་ཐུགས་ཀྱི་ལྷ་དང་། དབུ་རྒྱན་གྱི་ལྷ་བསྒོམ། བཛྲ་ཀ་བ་ཙ་རཀྵ་ཧཱུྃ་གིས་རྡོ་རྗེ་ཆོ་ག་དང་ལྡན་པར་བྱའོ། །དེ་ནས་ངན་སོང་ལས་རྒྱལ་བ་དང་། ཁམས་གསུམ་དུ་ཕྱིར་མི་ལྡོག་པར་དབང་བསྐུར་རོ། །དེ་ནས་ཨ་ལས་ཟླ་བའི་གདན་ཐོག་ཏུ་བཞག་ཡཾ་ལས་རླུང་གི་བཏེག་སྟེ་བར་སྣང་ལ་བཞག་གོ། །དེ་ནས་ཡི་དམ་གྱི་ལྷ་ཡི་སྙིང་པོ་དང་། ངན་སོང་སྦྱོང་བའི་སྔགས་ཀྱིས་བཏུལ་ཐལ་བརྡུངས་ལ། ཡང་དག་པའི་ས་ལ་བསྒྲལ་ཞིང་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་བཅོམ་པར་བསྒོམ་མོ། །རུས་ཆོག་རྫོགས་སོ།། ༈ །།དེ་ནས་མཆོད་རྟེན་གདབ་པ་ནི། རུས་ཐལ་དང་འཇིམ་པ་བསྲེག་ཏེ། བྱིན་རླབས་གཞན་དང་མཐུན་པར་བྱ། འབི་འབི་བྱེད་པ་ནས་འདེབས་པའི་དུས་སུ་ཚེ་འདས་གོང་དུ་ལྷར་བསྐྱེད་ནས་བར་སྣང་གི་ཟླ་དལ་བཞུགས་པ་དེ་མཆོད་རྟེན་གྱི་ནང་གི་ལྷར་བསྐྱེད་དེ། ནང་རིན་པོ་ཆེའི་གཞལ་ཡས་ཁང་ལ་ཕྱི་མཆོད་རྟེན་ཆོས་ཀྱི་སྐུ་ཡི་གཟུགས་བརྙན་ལ་འཇིག་རྟེན་ལྷ་ཆེན་བརྒྱད་ཀྱིས་བསྐོར་ནས་མཆོད་པ་བྱེད་པར་བསམ་ཞིང་གདབ། ཡི་དམ་གྱི་སྙིང་པོ་དང་། ངན་སོང་སྦྱོང་བའི་སྒོ་གཅོད་ཀྱི་སྔགས་བརྗོད་ཅིང་བཏབ་པས། ནང་གི་ལྷ་ལ་འོད་འཕྲོས་ཏེ། ཁམས་གསུམ་གྱི་སེམས་ཅན་དང་ཚེ་འདས་པའི་སྙིང་ལ་རིགས་དྲུག་གི་ས་བོན་ཡོད་པ་བསྲེགས་ནས་བསྒྲིབས་པ་དང་། སེམས་ཀྱི་ཆོས་ཉིད་མངོན་དུ་བྱས་ཏེ། ཡི་དམ་གྱི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ཐོབ་པར་བསྒོམ་མོ། །དེ་ནས་ཆོས་སྐུར་བྱིན་གྱིས་བརླབས་པ་དང་། རབ་གནས་བྱ་བ་དང་། དེ་ལ་པུ་ཙ་དབུལ་བའི་རིམ་པ་རྣམས་གཞུང་གཞན་དང་མཐུན་པར་ཤེས་སོ། །དེ་ནས་གཉིས་པ་ལོག་ནོན་ནི། །གཤིན་གྱི་སྐེགས་དབུད་པ་ཞེས་བྱ་སྟེ། དེས་ཀྱང་མ་ཕན་ན་གོང་གི་དེ་གཤེགས་གསོལ་བྱས་ལ། མགོ་དང་བརླའི་རུས་པ་ལ་སཱཙྪ་རེ་བཏབ་ལ། ཚོན་དཀར་པོ་དང་ནག་པོ་སྟེང་འོག་ཏུ་ཞབས་སྤྲད་དེ། མ་ཐེམ་འོག་ཏུ་གྲུ་གསུམ་བྲུས་ལ་དེར་བཞག་གོ། །དེས་ཤི་ཁ་ཆོད་ཅིང་འདྲེ་རྒྱུན་ཆད་དོ། །དེ་ནས་སྤྱི་ཡི་ཕན་ཡོན་ནི། རྒྱུད་སྡེ་ལས་བསམ་གྱིས་མི་ཁྱབ་པ་བཤད་པས་དེར་བལྟ་བར་བྱའོ། །མཆོད་རྟེན་གདབ་པ་རུས་ཆོག་ལུང་ཕྲན་ཞེས་བྱ་བ། སློབ་དཔོན་བི་མ་ལ་མི་ཏྲའི་ཞལ་སྔ་ནས་གསུངས་པ་ཞང་དྲུང་གཉགས་ཛྙཱ་ནས་དཀར་ཆག་ཏུ་བཏབ་པ་རྫོགས་སོ།། ༈ །།རོ་སྲེག་ལས་ཀྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་ཐུགས་རྗེས་འདྲེན་པར་བྱེད་པ་ལ་ཕྱག་འཚལ་ལོ། །སྒྱུ་འཕྲུལ་ཆེན་པོའི་རྒྱུད་སྡེ་ལས། །རྟོག་པའི་དྲྭ་བ་བསྲེག་པ་དང་། །གདོས་བཅས་ཐུགས་རྗེས་སྦྱོང་བའི་ཕྱིར། །རོ་བསྲེག་ལས་ཀྱི་ཕྲེང་བ་བརྩམས། །རྟག་པའི་དྲྭ་བ་བསལ་ནས་ནི། །སྐུ་ལྔ་ལྷུན་གྱིས་གྲུབ་པར་ཤོག །དང་པོར་དེ་ཉིད་ལུས་གཞག་ལ། །བགེགས་བསྐྲད་པ་དང་བཅའ་བ་དང་། །གདགས་དང་སྦྱང་དང་དབང་བསྐུར་དང་། །ཐབ་ཁུང་བསྲེག་ཁང་སློབ་དཔོན་དང་། །ལས་གཞུང་སྦྱིན་སྲེག་བསྡུ་བ་སྟེ། །ལྔ་གཉིས་གཅིག་གིས་དོན་རྫོགས་པས། །མདོར་བསྡུས་སྤྱི་ཡི་སྡོམ་དུ་འདོད། ༈ །དེ་དག་རྒྱས་པར་བཤད་པ་ནི། །ཅི་ནུས་ས་ཡིས་རྣམ་པར་དབྱེ། །ཨེ་རཾ་ཁཾ་གསུམ་མ་ལུས་ཀུན། །ཟ་བྱེད་འབར་བའི་དཀྱིལ་འཁོར་གྱིས། །ཁོག་བསྲུང་ལྷན་ཅིག་སྐྱེས་སོགས་ལ། །བརྡེག་དང་བསྣུན་དང་གཞོམ་པ་དང་། །ཕྲོགས་ཏེ་བརྟེན་པ་གཉིས་མེད་བྱ། །བསྲུང་བའི་འཁོར་ལོའི་ཆོ་ག་ཡིས། །དམ་ཚིག་སེམས་དཔའ་བསྲུངས་ཏེ་བཞག །དེ་ལྟར་གྲངས་དང་ཞག་དུས་སུ། །ཡང་ནས་ཡང་དུ་བཟླ་སྟེ་བྱ། །ཁྲུས་དང་རྒྱན་དང་བྱུག་པ་དང་། །ཕྱི་དང་ནང་གི་ལྔ་གཉིས་ལ། །བརྒྱ་པ་གཉིས་དང་དག་པ་ཡིས། །ཆུ་ལ་ལན་གྲངས་མང་བཟླས་ཏེ། །རྟེན་མཆོག་དེ་ལ་བཀྲུ་བར་བྱ། །མི་འཆིང་བཅུ་ཕྱེད་སྤོས་མར་དང་། །དྲི་ཡིས་དེ་ལ་ཡང་དག་བྱུག །ཞུ་ཆེན་ཁུ་བས་བཙོས་པ་ཡི། །རས་ཀྱིས་རྟེན་ལ་ཡང་དག་དཀྲི། །སྤོས་མར་ཐོར་ཅོག་དེ་ལ་བསྐོན། །མགུལ་དེར་རྒྱན་ཡང་གདགས་པར་བྱ། །ཕུང་པོ་ལྔ་ཡི་གནས་དག་ཏུ། །རྒྱལ་བ་ལྔ་ཡི་ཕྱག་རྒྱ་དགོད། །རྩ་རུ་ཡུམ་གྱི་ཕྱག་རྒྱ་དགོད། །དབང་པོ་རྣམ་ཤེས་ཡུལ་རྣམས་སུ། །སེམས་དཔའ་སེམས་མ་འཇོམས་པ་དང་། །འཇོམས་མ་རིམ་པར་དགོད་དོ་ཞེས། །རྔམ་པའི་རྒྱུད་ལས་གསུངས་པ་ཡིན། །རྒྱུད་དྲུག་འཁོར་བའི་གནས་རྣམས་སུ། །ཐུབ་དྲུག་ས་བོན་དགོད་པ་ཡིན། །ཀུན་བཟང་ཡབ་ཡུམ་དེ་བཞིན་ཏེ། །སྡོང་བུ་རེ་ལ་ལྷ་རྣམས་ཀྱི། །མ་ནོར་རྩ་བའི་སྙིང་པོ་དག །རས་ཆེན་རྒྱུ་ལས་བྱས་ཏེ་གདགས། །མྱ་ངན་འདས་པར་གསུངས་པ་ཡིན། །རོ་ཡི་ཕྱི་རོལ་ཤུན་པ་ལ། །འགྲོ་དྲུག་ས་བོན་བཀོད་ནས་ནི། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡི། །རིམ་གྱིས་སྦྱང་བའི་ལས་སུ་བྱ། །དབུ་རྒྱན་ཅོད་པན་ཕྲེང་བ་དང་། །རྡོ་རྗེ་དྲིལ་བུ་ལ་སོགས་པ། །དབང་མཆོག་བྱིན་ལ་སྟེགས་ལ་བཞག །དེ་ནས་མེ་ཐབ་བརྩམ་བྱ་བ། །ཁྲུ་བཞི་དེ་ཡི་ཚད་བྱས་ལ། །ཐུར་དུ་བྲུས་ཏེ་དཀྱིལ་འཁོར་གྱི། །ཟ་བྱེད་དཀྱིལ་འཁོར་ཕྱག་རྒྱ་དགོད། །རྡོ་རྗེ་མེ་ཡིས་མཚན་པ་དེ། །ཐབ་ཁུང་ཡིན་པར་གསལ་བར་གསུངས། །ཕྱི་རོལ་ཀ་བ་བཞི་བཙུགས་ལ། །འོག་མ་བགྲངས་སབ་སུམ་བརྩེག་བྱ། །བར་པ་ཤིག་གིས་བརྫང་དབུས་སུ། །པདྨ་འདབ་མ་བརྒྱད་པ་ལ། །ཁྲོ་བ་བརྒྱད་ཀྱི་སྙིང་པོ་དགོད། །དབུས་སུ་མེ་ཡི་ས་བོན་དགོད། །བཞིན་ཕྱོགས་ཤར་དུ་བསྟན་ཏེ་བཞག །རོ་ལ་གཟུངས་ཐག་བཏགས་ནས་ནི། །གློ་སྐར་བཞི་ནས་དྲངས་བྱས་ལ། །བླ་མ་བཞི་ཡི་ཕྱག་ཏུ་ཕུལ། །སུམ་བརྩེགས་ཡང་ཐོག་ཆེན་པོ་དེ། །རས་སམ་གྲོ་ག་ཤིང་ཤུན་ལ། །ཐུགས་རྗེའི་དཀྱིལ་འཁོར་བཞི་བཅུ་གཉིས། །ལྡིང་བུ་བཅས་ཏེ་གདགས་པར་བྱ། །དེ་ནས་རྡོ་རྗེ་རྒྱལ་པོ་ཡིས། །རང་བཞིན་མེ་ཡི་འཕྲོ་འདུ་བྱ། །རྡོ་རྗེ་ཀརྨ་ལས་མཁན་གྱིས། །བསྲུང་དང་བསྐྲད་པའི་ལས་བརྩམས་ཏེ། །ལས་ཀྱི་ཕྲེང་བ་རྫོགས་པར་བྱ། །རྡོ་རྗེ་རྒྱལ་ཐེབས་བླ་མ་ཡིས། །མཚམས་མེད་ལྔ་དང་ཉེ་བ་ལྔ། །ལྕི་བཞི་ལོག་བརྒྱད་ལ་སོགས་པ། །རོ་ཡི་ཉེས་པ་བགྲང་ཞིང་བཤགས། །རྡོ་རྗེ་སྐབས་སྦྱོར་བླ་མ་ཡིས། །སྐབས་སྐབས་ཀུན་ཏུ་མཆོད་པ་དབུལ། །བཀྲ་ཤིས་གནས་ཀྱི་སྨོན་ལམ་གདབ། །སྐབས་སམ་ཀུན་གྱི་མཇུག་ཏུ་གདབ། །རྡོ་རྗེ་གྲངས་ཀྱི་ལྟངས་འཛིན་པས། །གྲངས་བཟུག་དཀར་བྱང་བླ་མར་དབུལ། །སྡིག་པའི་གནག་བྱང་བཤགས་ཤིང་བསྲེག །བཟླས་བརྗོད་འཕྲོ་འདུས་རྟོག་ཚོགས་རྣམས། །སྦྱང་ཏེ་རང་རང་ལྷ་རུ་བརླབ། །ཚོགས་དང་པོ་བྱེད་མཆོད་པ་ཀུན། །རིམ་པར་མདུན་དུ་བརླབས་བྱས་ལ། །དེ་ལས་ར་སྐྱེས་རྃ་ལས་མེ། །བསྐྱེད་དེ་རང་བཞིན་སྤྱན་དྲངས་བསྟིམ། །ཨ་ལི་ཨུ་ལི་ཏ་པ་ཡིས། །ཚོགས་ཀྱི་མཆོད་པ་སྐབས་སུ་བྱ། །མཆོད་དང་བསྟོད་པའི་རིམ་པ་བཞིན། །མེ་ལྷའི་ལྟོ་བར་གཞལ་ཡས་ཁང་། །ལྷ་དང་བཅས་པ་རིམ་པར་བསྐྱེད། །གོང་གི་དཀྱིལ་འཁོར་གསལ་བཏབ་ལ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ། །གཉིས་སུ་མེད་པར་བསྟིམ་པར་བྱ། །མཆོད་པའི་རིམ་པ་གོང་བཞིན་ཕུལ། །བསྟོད་པ་ལ་སོགས་དེ་དང་མཚུངས། །མེ་ཡི་ལྟས་དང་བཟང་དང་ངན། །རིམ་པ་བཞིན་དུ་བརྟག་པར་བྱ། །དེ་ནས་རྡོ་རྗེ་བསྡུ་བ་ཡིས། །རིམ་པ་བཞིན་དུ་བསྡུས་བྱས་ལ། །དམ་པ་ཡིན་ན་སྐུ་གདུང་ཡང་། །ལྷག་མ་བསྡུས་ཏེ་མཆོད་རྟེན་ནམ། །སྐུའམ་གཙུག་ལག་ཞལ་ཞལ་ལམ། །ཐང་ཀའི་རི་མོ་བྱ་བ་འམ། །རྫས་དང་བསྲེས་ལ་རིལ་བུ་བྱ། །སྦྱིན་སྲེག་བྱ་བར་མཁས་པས་བཤད། །དེ་ནས་བསྡུ་དང་བཤགས་པ་དང་། །གཤེགས་སུ་གསོལ་བ་རིམ་བཞིན་བྱ། །ཚོན་རྩི་བསྡུས་ཏེ་རོལ་མོ་ཡིས། །རྒྱ་མཚོ་ཆེན་པོར་བསྐྱལ་ཏེ་བཏང་། །འཁོར་བའི་སེམས་ཅན་ལོག་པར་འཁྲུལ་བ་ཤིན་ཏུ་ཉོན་མོངས་དང་བཅས་པ། དྲལ་ཞིང་བསྲེག་ཕྱིར་གདོས་བཅས་སྦྱང་ཕྱིར་དྲི་མེད་བཤེས་གཉེན་གདུང་བ་བདག་གིས་ཀྱང་། སྒྱུ་འཕྲུལ་རྒྱུ་མཚོ་རྟོགས་དཀའ་རྔམ་པ་མཐའ་ཡས་རྒྱུད་ཆེན་ལས་བཏུས་པའི། རྒྱ་མཚོ་སེམས་ཅན་རྟོག་བཅས་འདི་ཀུན་ཟག་མེད་ཤོག །སྒྱུ་འཕྲུལ་དྲྭ་བའི་རོ་སྲེག་ལས་ཀྱི་ཕྲེང་བ་ཞེས་བྱ་བ་བི་མ་ལས་མཛད་པ་རྫོགས་སོ།། །།

སྦྱིན་སྲེག་གལ་འགགས།

སྦྱིན་སྲེག་གལ་འགགས་བཞུགས་སོ། །སྦྱིན་བསྲེག་པའི་ངེས་ཚིག་གང་ཡིན། བསྲེག་པའི་དགོས་པ། བསྲེག་པའི་ཐབས། རོ་བསྲེགས་པའི་འབྲས་བུ་ཇི་ལྟར་ཐོབ་ཅེས་བརྒལ་བ་ལས། ངེས་ཚིག་ནི། སྤྱིར་རོ་ལ་གཉིས་ཉམས་སུ་མྱོང་བའི་རོ་དང་། ལྷག་མར་བོར་བའི་རོ། གོང་མ་ནི་ལྕེའི་རྣམ་པར་ཤེས་པས་རོ་ཁ་མངར་ལ་སོགས་པ་མྱངས་ནས་ཚོར་བ་ནི་ཉམས་སུ་མྱོང་བའི་རོ་ཞེས་བྱའོ། །ལྷག་མ་བོར་བའི་རོ་ནི་རྣམ་པར་ཤེས་པ་ཚེ་ཕ་རོལ་དུ་འཕོས་ནས་གཟུགས་ཀྱི་ཕུང་པོ་གདོས་པ་དང་བཅས་པ་ས་རྡོ་དང་འདྲ་བ་འཇིག་རྟེན་འདིར་བོར་ནས་ཨ་ཚ་ཨ་ན་མི་ཤེས་པ་དེ་ལ་རོ་ཞེས་བྱའོ། །བསྲེག་བྱའི་ངེས་ཚིག་གང་ཡིན་ཞེ་ན། བསྲེག་པ་ལ་རྣམ་པ་གསུམ་སྟེ། རྒྱུན་བསྲེག་པ་ནི་ལྟ་བའི་རྣམས་སྐབས་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་ཆོ་ག་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་དུ་རྟོགས་ཙ་ན་ཀུན་སྐད་ཅིག་མ་རྒྱུན་དང་བྲལ་བར་རྟོགས་པ་ནི་རྒྱུན་བསྲེགས་པ་བྱ་བ་ཡིན་ཏེ། དེ་ཡང་ཅིས་མངོན་ན། ཐབས་ཀྱི་ཞགས་པ་ལས། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །དངོས་དང་དངོས་མིན་བག་ཆགས་བསྲེགས། །དེ་མིན་ཡེ་ཤེས་མེད་ཞེས་བྱ། །ཞེས་པས་མངོན་ནོ། །སྤྱོད་ཡུལ་བསྲེག་པ་ཞེས་བྱ་བ་ནི། ཕྲིན་ལས་ཀྱི་གནས་སྐབས་ན་བདག་ཉིད་ལྷར་བསྒོམས་པའི་ཐུགས་ཀ་ནས། རཾ་ལས་ཡེ་ཤེས་ཀྱི་མེ་བྱུང་ནས་ཕྱི་ནང་གི་སྤྱོད་ཡུལ་བསྲེག་པ་ལས། སྤྱོད་ཡུལ་བསྲེགས་པ་ཞེས་བྱའོ། །དེ་ཡང་ལེ་ལག་ལས། སྲིད་གསུམ་བསྲེག་པ་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །ཞེས་གསུངས་སོ། །རོ་བསྲེག་པའི་མིང་ནི་རྫས་བསྲེག་པ་ཞེས་བྱ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕུང་པོ་རྡོ་དང་འདྲ་བའི་རྫས་འདི་དངོས་པོ་མེས་བསྲེག་པས་ན་རྫས་བསྲེག་པ་ཞེས་བྱ་སྟེ། དེ་ཡང་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས། ལྷག་མར་བཅས་པའི་ཕུང་པོ་འདི། །ཡེ་ཤེས་མེ་ཡི་ཀློང་དུ་བསྲེག །ཅེས་དང་། ཀུན་འདུས་ལས། རོ་ཡི་རྫས་རྣམས་བསྲེག་སྦྱངས་ནས། །རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཤིན་ཏུ་དྲི་ཞིམ་སྣ་ཚོགས་ཀྱིས། །རོ་ལ་བྱུག་ཅིང་བསྐུ་བར་བྱ། །ཞེས་གསུངས་ཏེ་དེ་ནི་རོ་བསྲེག་པའི་ངེས་ཚིག་གོ། །རོ་བསྲེག་པའི་དགོས་ཆེད་ནི། སྤྱིར་འབྱུང་བ་ས་ལ་སྦང་བ་མི་འགལ་མོད། ཡུམ་སངས་རྒྱས་སྤྱན་མའི་རང་བཞིན་ཡིན། འབྱུང་བ་ཆུ་ལ་བསྐྱུར་དང་འགལ་བ་ཅི་ཡོད། ཡུམ་མཱ་ཀིའི་རང་བཞིན་ཡིན། རི་དང་སྤོ་ཡང་འབྱུང་བ་ལྔ་ལས་བྱུང་ཡིན་ན། ད་ལྟ་འབྱུང་བ་མེ་གཅིག་བུས་བསྲེག་པ་དགོས་པ་ཅི་ཡིན། དེ་ནི་འབྱུང་བ་རླུང་དང་ནམ་མཁའ་གཉིས་ལ་བསྐྱུར་དུ་མི་བཏུབ་པས། འབྱུང་བ་ས་ལ་སྦས་ན་སྲོག་ཆགས་ཀྱི་ཕུང་པོ་ཆེན་པོ་བསྐྱེད་པའི་ཉེས་དམིགས་ཡོད། ཆུ་ལ་བསྐྱུར་ན་ཐལ་བ་མ ཆོད་རྟེན་དུ་བཞེངས་པའི་གཞི་མེད་པར་འགྱུར། དེའི་ཕྱིར་མེ་ལ་སྲོག་ཆགས་བསྐྱེད་པའི་གཞིར་མེད་པ་དང་། ཐལ་བ་མཆོད་རྟེན་དུ་བཏབ་ན་བྱང་ཆུབ་ཐོབ་པའི་རྒྱུར་འགྱུར་བས་རོ་མེས་བསྲེག་པ་ལ་དགོས་པ་དེ་ལྟ་བུ་ཡོད། རོ་བསྲེག་པའི་ཐབས་ནི། ཆོ་ག་གཞུང་དུ་བྱེད་པ་ཡིན་ཏེ། དེ་ཡང་དང་པོ་སྤོས་ཆུ་དང་བདུད་རྩིས་བཀྲུས་པ་ལ་དགོས་པ་ཅི་ཡོད། སྤོས་ཆུས་བཀྲུ་བ་ནི་ཞི་བའི་ལྷ་ཚོགས་མཉེས་པར་བྱང་བའི་ཕྱིར་བཀྲུ་ལ། བདུད་རྩིས་ཁྲོ་བོའི་ཕྱིར་རོ། །འོ་ན་རོ་ལ་ཡི་གེ་བརྒྱ་པ་ལ་དགོས་པ་ཅི་ཡོད། རོ་ལ་བཏག་ནས་མེ་ལ་བསྲེགས་པ་མི་འགལ་ལམ། ཡི་གེ་འདོགས་པའི་དགོས་པ་ནི། རྟོག་པ་བཞི་བཅུ་རྩ་གཉིས་བསྲེག་པའི་དགོས་པ་ཡོད་པའི་ཕྱིར་དང་། ཡི་གེ་བཏགས་ནས་མེ་ལ་བསྲེག་པ་མི་འགལ་ཏེ། ཡི་གེ་ཡེ་ཤེས་ཀྱི་ལྷར་བསྐྱེད་ནས་མེ་དཔུང་འབར་བའི་གཞལ་ཡས་ཁང་དུ་བཞུགས་པ་མི་འགལ་ལོ། །ཡི་གེ་གདགས་གནས་ཀྱི་དགོས་པ་གང་། འདོགས་པའི་དགོས་པ་ནི་ཉི་དལ་རེ་བསམ། དེའི་སྟེང་དུ་གསུང་ཡི་གེ་བཀོད་པའི་འོད་ཟེར་གྱིས་རྟོག་པའི་གནས་ཀུན་བསྲེག་པར་བསམ་ཞིང་དགོས། འོ་སྤོས་མར་མགོ་ལ་བཀབ་པ་དགོས་པ་ཅི་ཡོད། དེ་ནི་ཀླད་པ་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ་པའི་དོན་ཡིན། འོ་ན་དཀར་བྱང་གནག་བྱང་གི་དགོས་པ་གང་། དཀར་བྱང་བཀླགས་ནས་རུའི་ལག་ཏུ་གཏད་པས་རུའི་དགོངས་པས་གཤིན་པོ་དེའི་དགེ་བ་ཅི་བྱས་པ་ཐམས་ཅད་སེམས་ཅན་ལ་བསྔོ་བའི་དགོས་པ་ཡོད། གནག་བྱང་བཤགས་པ་བྱས་ནས་ཐབ་ཏུ་བསྲེགས་པས་གཤིན་པོའི་སྡིག་པ་བསྲེགས་པའི་དགོས་པ་ཡོད། རོ་བསྲེག་པའི་དུས་སུ་ཆོ་ག་མཁན་གྱི་དགོངས་པ་ཇི་ལྟར་བྱེད། དེ་ནི་རུ་ཤར་དུ་བཞུགས། ལས་མཁན་བྱང་དུ། སྦྱིན་སྲེག་མཁན་ལྷོ་རུ། བཤགས་པ་མཁན་ནུབ་ཏུ་བཞུགས་ཞེས་པ་ཀུན་ལས་གསུངས་སོ། །འོ་ན་རོ་བསྲེག་པའི་མེ་ལྷ་གང་གིས་བྱེད། །སྤྱིར་མེ་ལྷ་ལ་གཉིས་ཡོད། འཇིག་རྟེན་པའི་མེ་ལྷ་དང་། །འདས་པའི་མེ་ལྷའོ། །རོ་བསྲེག་པའི་འཇིག་རྟེན་པའི་མེ་ལྷ་གང་ཡིན་ན་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་གིས་མི་བྱེད་དེ། འཇིག་རྟེན་ལས་འདས་པའི་ལྷ་སྣང་བ་མཐའ་ཡས་ཡབ་ཡུམ་གྱིས་བྱེད་དོ། །དེ་ཡང་ཀུན་འདུས་ལས། མེ་ཡི་ལྷ་ནི་སྣང་མཐའ་ཡས། །མེ་ཡི་ལྷ་མོ་གོས་དཀར་མོ། །འབྱུང་བ་མེ་ལ་དབང་བསྒྱུར་ཞིང་། །སྲིད་གསུམ་བསྲེག་པར་ཞལ་འཆེས་མ། །ཐམས་ཅད་ཀུན་གྱི་འོད་མཆོག་ཡིན། །ཅེས་གསུངས་སོ། །འོ་ན་བསྲེག་པའི་བརྟག་པ་ལ་དུ་ཡོད། རྟགས་རྣམ་པ་དྲུག་ཡོད་དེ། མེ་འབར་བའི་སྒྲ་འུར་རྒྱངས་ཚེག་རྒྱངས་ཆེ་ན། གཤིན་པོ་དེ་ལ་སྒྲིབ་པ་ཆེ་བ་ཡིན་ཏེ། དམྱལ་བར་འགྲོ་བ་ཡིན་པས་སྦྱིན་སྲེག་མང་པོ་བྱ་དགོས། མེ་ཁོག་དལ་བར་བྱས་ནས་འུ་རུ་རུ་ཟེར་ན་སྒྲིབ་པ་མེད་དེ་ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཞིང་ཁམས་སུ་སྐྱེ་བ་ཡིན། མེ་ལྕེ་མི་གསལ་བར་གྱུར་ཅིང་མདོག་ནག་ན་སྒྲིབ་པ་ཡོད་དོ། །ཡི་དྭགས་སུ་སྐྱེ་བ་ཡིན་པས་ལན་ཆགས་ཀྱི་གཏོར་མ་མང་དུ་བཏང་། མེ་ལྕེ་དཀར་བར་བྱས་ནས་མེ་ལྕེ་ཆད་ཅིང་འགྲོ་ན་ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཞིང་ཁམས་སུ་སྐྱེ་བ་ཡིན་ནོ། །མེ་ལྕེ་སྔོ་ནག་ཏུ་བྱས་ནས་རླུང་གི་འཚུབ་མ་བཞིན་དུ་དྲག་པོར་འབར་ན། ལྷ་མ་ཡིན་གྱི་གནས་སུ་སྐྱེ་བ་ཡིན་པས་ཛབ྄་བཟླས་ཤིང་སྦྱིན་སྲེག་མང་དུ་བྱ། མེ་ལྕེ་དམར་ལ་རང་ལུགས་སུ་འབར་ན་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ། མེ་ལྕེ་རྩེ་མོ་མང་པོར་འབར་ན་སྒྲིབ་པ་ཡོད་པའི་ཞད་ཡིན་ཏེ། ཡུལ་མཐའ་འཁོབ་ཀྱི་ཀླ་ཀློར་སྐྱེ་བ་ཡིན་པས་ཕྲིན་ལས་རྣམ་བཞི་བྱ། རྩེ་མོ་གཅིག་ཏུ་འཁྱིལ་ནས་འབར་ན་འོག་མིན་བྱང་ཕྱོགས་དོན་ཡོད་གྲུབ་པའི་ཞིང་དུ་སྐྱེ་བ་ཡིན། མེ་འབར་དུ་མི་བཏུབ་པར་དུ་བ་འཚུབ་ཅིང་ནག་མུག་གེ་འདུག་ན་སྒྲིབ་པ་ཤས་ཡོད་པས་བྱོལ་སོང་དུ་སྐྱེ་བ་ཡིན་པས་རྣམ་པར་མི་རྟོག་པ་བསྒོམ་ཞིང་རུས་པའི་ཐལ་བ་ལ་སཙྪ་མང་དུ་གདབ། མེ་ལྕེ་རྡོ་རྗེ་འཁོར་ལོ་ལ་སོགས་པ་ཕྱག་མཚན་གྱི་དབྱིབས་སུ་འབར་ན་འོག་མིན་ལ་སོགས་པ་ལྷ་གནས་སུ་སྐྱེ་བས་ཚོགས་མཆོད་བསྟར་བར་བྱ། རོ་བསྲེགས་པའི་འབྲས་བུ་ནི་འཇིག་རྟེན་འདིར་ནད་དང་གདོན་ཉུང་སྡིག་པ་འདགས། ཕྱི་མ་རྣམ་པ་སྨིན་པའི་རིག་འཛིན་ཐོབ་པ་གདོན་མི་ཟའོ། །རོ་སྲེག་གི་གལ་འགགས་རྫོགས་སོ།། །།ས་མ་ཡ་ཐམ།། །།

སྒྱུ་འཕྲུལ་དྲྭ་བའི་སྦྱིན་སྲེག་གི་རིམ་པ་གཏན་ཚིགས་གཉིས་པ། སློབ་དཔོན་བི་མ་ལ་མི་ཏྲ།

སྒྱུ་འཕྲུལ་དྲྭ་བའི་སྦྱིན་སྲེག་གི་རིམ་པ་གཏན་ཚིགས་གཉིས་པ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གཏན་ཚིགས་གཉིས་རྗེས་རིགས་འབྲངས་ནས། །རང་ཉམས་གོམས་པའི་རིག་པ་ཡིས། །རྣམ་པ་མཚན་ཉིད་འབྲས་བཅས་པའི། །སྦྱིན་སྲེག་རིམ་པ་བཤད་པར་བྱ། །ལས་འདི་ལུང་གིས་བསྒྲུབ་བྱས་ན། །སྦྱིན་སྲེག་རྣམ་པ་ངེས་ཚིག་དང་། །ཡོན་ཏན་རྣམ་པ་གསུམ་དུ་མཚུངས། །དང་པོ་ཕྱི་ནང་གསང་བ་ལ། །རང་བཞིན་ཐུགས་རྗེ་ཆེན་པོ་དང་། །ལྷག་པའི་གཟུགས་བརྙན་གསུམ་དུ་བཤད། །ཏིང་འཛིན་ལྷག་པའི་ལོངས་སྤྱོད་ན། །ཁམས་བཞི་ཁམས་གསུམ་གསང་བར་བཤད། །རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུ་མ་ལུས་རྒྱས་བཏབ་པས། །མ་དམིགས་མི་དམིགས་དམིགས་སུ་མེད། །ཐམས་ཅད་རང་རིག་ཁྲོ་བོར་གསལ། །དམིགས་མེད་ཉིད་ལས་དབང་བསྒྱུར་བས། །ཇི་ལྟར་བལྟས་པ་དེར་སྣང་སྟེ། །ཐབས་དང་ཤེས་རབ་ལྡན་པ་ལས། །མཛད་མའི་སྤྲོས་པ་ངང་གིས་མེད། །ནམ་མཁའི་མཁའ་དབྱིངས་དང་བ་ཡི། །ཡིད་བཞིན་སྤྲིན་ཚོགས་རྣམ་འབྱུང་བ། །སྣ་ཚོགས་འབྱུང་ཞིང་འོད་འཕྲོ་འབར། །ཐུགས་རྗེའི་བྱིན་རླབས་རྨད་པོ་ཆེ། །འགྲོ་བ་སྣ་ཚོགས་དོན་བྱེད་པ། །འདི་ནི་བྱང་ཆུབ་མཆོག་ཏུ་གསུངས། །ཅིག་ཤེས་ལས་ཀྱི་གཙོར་གྱུར་པ། །རྒྱས་པར་ཕྱེ་ནས་ཤེས་པར་བྱ། །དབུ་མའི་དང་པོ་གཉིས་ཡིན་ཏེ། །ཡེ་ཤེས་རང་རིག་རྟགས་ཀྱི་ཧོམ། །རང་དང་སྤྱི་རུ་བསྟན་པ་དང་། །སེམས་ཀྱི་ཕྲག་དོག་ཐམས་ཅད་ཀུན། །བདག་མེད་རང་རིག་ཡེ་ཤེས་ཀྱིས། །དངོས་པོ་གཉིས་མེད་རྟོགས་བྱས་པས། །དངོས་པོ་དངོས་མེད་བག་ཆགས་བསྲེགས། །དེ་མིང་ཡེ་ཤེས་མེ་ཞེས་བྱ། །སྲིད་གསུམ་བསྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །སྨན་བཅུད་ལེན་གྱི་དུག་སྦྱོང་བཞིན། །ཕྱི་དང་ནང་གི་དྲི་མ་དག །བདག་དོན་གཉིས་ཀྱིས་འདག་པར་བྱེད། །གསལ་ཞིང་བཞག་པར་བྱ་བ་མེད། །རང་སྣང་ཏིང་འཛིན་ཡེ་ཤེས་རམ། །རི་རབ་གླིང་སོགས་ཁམས་གསུམ་སྦྱོང་། །རི་རབ་དག་པའི་རང་རིག་གིས། །སྐུ་གསུམ་རང་བཞིན་མཐོང་བར་འགྱུར། །གོམས་པས་བཞི་འཇོམས་ངན་སོང་སྤྱོད། །ཏིང་འཛིན་ལས་ཀྱི་མཆོག་ཏུ་བཤད། །ཤེས་རབ་དབང་གི་དཀྱིལ་འཁོར་དུ། །སྤྱོད་ཡུལ་རྫས་རྣམས་བསྡུས་ནས་ནི། །ལྷང་ངེ་ལྷན་ནེ་འོད་དུ་ཞི། །ཞི་གྱུར་དབྱིངས་ནས་ཕྱག་རྒྱ་འབར། །རིགས་ཚོགས་ལྷ་ཡི་དཀྱིལ་འཁོར་དུ། །གསལ་བར་གྱུར་ཀྱང་དེ་བཞིན་པས། །སྤྱོད་ཡུལ་དག་པས་ནང་དུ་གསུངས། །རང་ལུས་འབྱུང་བའི་དཀྱིལ་འཁོར་དུ། །ལུས་ལ་རྩ་དང་དུར་ཁྲོད་ཀྱི། །གཞལ་ཡས་ཁང་ལ་གོམས་པར་བསྒོམ། །མྱོང་བྱེད་ཀུན་གྱི་ཞལ་བསམས་ཏེ། །རྫོགས་དང་བཀོད་པའི་ལྷ་རྣམས་ཀུན། །ཏིང་འཛིན་གསལ་བར་ཡིད་ཀྱིས་སྦྱར། །ཡེ་ཤེས་དཀྱིལ་འཁོར་ཞུགས་པར་བྱ། །བསྒྲུབ་བྱ་འོད་ཀྱི་ངེས་སྦྱར་བའི། །ལོངས་སྤྱོད་ཡེ་ཤེས་ལྔས་སྦྱངས་ལ། །བྲིས་སྤར་རྩེ་ལྔའི་དགང་བླུགས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །བསམ་གཏན་བཞི་བཅས་ལས་ཉིད་ཀྱིས། །འབྲས་ལྡན་སྤྱོད་ཡུལ་དག་འགྱུར་ཞིང་། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །མཆོད་སྦྱིན་རྒྱ་ཆེ་རྣམ་གཉིས་ཀྱིས། །ཚོགས་གཉིས་རྒྱུན་དུ་རྫོགས་པར་བྱེད། །སུམ་མདོག་སྙིང་ལྐོག་ལྟེ་འབྱུང་བཞི། །ཁ་དོག་ལས་བཞིའི་དཀྱིལ་འཁོར་ལ། །ཡེ་ཤེས་སྙིང་པོ་མ་ལུས་ཞལ། །ཐུགས་ལས་ཡེ་ཤེས་མེ་འབར་བས། །ལས་ཀྱི་མེ་བསྐུལ་བདེ་བ་དྲངས། །ངེས་པར་ཞལ་དུ་ཆུད་པ་ན། །མ་ལུས་མཉེས་པའི་དགྱེས་པ་ཡིས། །ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་འགྱུར། །མཚན་མ་རྣམ་རྟོག་ཀུན་སྦྱོང་ཞིང་། །རྟོགས་དཀའ་ཡེ་ཤེས་མངོན་དུ་འགྱུར། །ཁམས་གསུམ་བཅོ་བརྒྱད་བདག་ཉིད་དེ། །མ་ལུས་རྩ་བར་འདི་ཞེས་བྱ། །གསལ་ལྡན་མ་འམ་བྱིན་བརླབས་ལ། །རྣམ་བཞི་དབྱིབས་དང་ཧོཾ་ཁུང་དུ། །ལས་ཀྱི་བདེ་བ་ལྷ་བསྐྱེད་ཅིང་། །སྟོང་གསུམ་ཡུངས་འབྲུར་ཞུགས་ཚུལ་ཏུ། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་ཏེ། །ཡུངས་འབྲུ་མེ་ལྷའི་ཞལ་ཉིད་དུ། །རྡོ་རྗེ་དགང་བླུགས་བཅས་པ་ཡིས། །དཀར་དམར་དག་གི་མཆོད་སྦྱར་ནས། །རང་བཞིན་རྣམ་པ་གཉིས་ཀྱི་ལྷ། །མཉེས་དང་འགྲོ་མང་བདེ་ཐོབ་འགྱུར། །དུས་བཞིར་སྦྱིན་སྲེག་མཆོད་སྦྱར་ན། །ཐུན་མོང་མཆོག་གི་ཡོན་ཏན་རྣམས། །དཀའ་བ་མེད་པར་ལེན་པར་གསུངས། །འཇིག་རྟེན་དམ་ཚིག་རྣམ་སྤངས་པ། །ཇི་བཞིན་དོན་སྟོན་མིང་ངེས་ཚིག །དེ་ཕྱིར་སྦྱིན་གཉིས་སྟོང་དང་ཐོབ། །རྫས་རྒྱུན་ཤེས་རབ་ཏིང་འཛིན་མེ། །བྱིན་རླབས་གཏོང་དང་རྣམ་པ་ལྔ། །འཛིན་མེད་བློ་ནི་དོན་གྱི་མིང་། །བྱིན་རླབ་ཡོན་ཏན་རྣམ་པ་གསུམ། །གཟུགས་བརྙན་མེ་ལོང་ཚུལ་བཞིན་དུ། །སྣང་བས་ཐོབ་པས་རིམ་པར་བཤད། །རྫས་སྦྱོར་བ་དང་བདག་གཞན་གྱི། །སྤྱོད་ཡུལ་རྒྱུ་རྐྱེན་བཅས་པ་ཡི། །དག་བྱེད་མིང་ངེས་ཚིག་ཅེས་བྱ། །ལྷག་པའི་གཟུགས་བརྙན་ཁས་བླངས་པ། །གནས་རྫས་ཐབ་ཀྱི་རྣམ་པ་དང་། །གཟུགས་དང་གཙོ་སེམས་བསྒྲུབ་བྱ་དང་། །ཕུར་བུ་ལྷ་དུས་ལས་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །རི་བོ་འདུས་པའི་རྩེ་དག་དང་། །ཆུ་གླིང་འཇམ་པའི་ས་ཕྱོགས་སུ། །དང་བར་བྱེད་པའི་ལས་རྣམས་བརྩམས། །ནགས་ཚལ་སྨན་ལྗོངས་མེ་ཏོག་ཚལ། །ལྷུན་སྡུག་རི་བོ་རྒྱས་པར་བཤད། །སུམ་མདོ་ཆུ་བོ་འདུས་པ་དང་། །བཞི་མདོ་ཁང་སྟོང་སྡུད་ཤེས་བྱ། །དུར་ཁྲོད་གནས་པའི་ས་ཕྱོགས་སུ། །ལྷག་མ་བརྩམས་ན་ངེས་པར་འགྲུབ། །རང་བཞིན་ནུས་མཐུ་ལྡན་པའི་ཕྱིར། །ཤིན་ཏུ་གཅེས་པར་བསྟན་པ་ཡིན། །གཉིས་པ་རྣམ་པ་ལྔར་བཤད་དེ། །མེ་ཡི་རྫས་ཉིད་སྲེག་ཤིང་ནི། །རྩེ་མོ་ཞི་བྱེད་ཡལ་ག་རྒྱས། །སྡོང་པོ་དབང་རྩ་མངོན་སྤྱོད་དོ། །ཁ་དོག་ལས་ཀྱི་སྦྱར་བར་བྱ། །ཤུག་པ་ཙན་དན་དཀར་པོ་དང་། །ཨུ་དུམ་བ་ར་འོད་མའི་ཤིང་། །ཞི་རྒྱས་ཡམ་ཤིང་ཤེས་པར་བྱ། །དམར་ལ་དྲི་ཞིམ་ཤིང་རྣམས་དང་། །དུག་ཤིང་ཚེར་མ་ཅན་དག་ལ། །ཚིལ་བྱུག་དབང་དྲག་མེ་སྦར་རོ། །བསྒྲུབ་བྱའི་དམ་རྫས་གོས་སོགས་དང་། །ལོངས་སྤྱོད་དེ་བཞིན་ཤེས་པར་བྱ། །དུག་དང་ཚང་བ་ས་གསུམ་དང་། །ཤ་ཆེན་ར་དང་བ་གླང་ཤ །མཆོག་ཏུ་གསོད་པར་བྱེད་པ་ཡིན། །སྐྱུར་བ་དབང་སྟེ་ལིངྒའི་རྫས། །འོ་མ་འབྲས་ཆན་དངུལ་ཕྱེ་དང་། །མེ་ཏོག་དཀར་པོའི་གཏོར་མ་ཞི། །ལྡོང་རོས་བྲོ་ཆན་ཞོ་དང་ཕྲུམ། །མེ་ཏོག་གསེར་ཕྱེ་རྒྱས་པའོ། །ཟངས་ཕྱེ་བུ་རམ་འབྲས་དམར་ཆན། །རམ་བུ་པདྨ་རཀྟ་སྦྱར། །ཐམས་ཅད་སྡུད་པའི་གཏོར་མ་ཡིན། །དུག་རྣམས་ལྕགས་ཕྱེ་རྡོ་ཕྱེ་དང་། །ར་ཁྱིའི་ཁྲག་དང་ཤ་ཆེན་དང་། །དུར་སོལ་མུ་ཀའི་ཆན་རྣམས་ནི། །གསོད་བར་བྱེད་པའི་གཏོར་མ་ཡིན། །མར་དཀར་ཏིལ་དཀར་འབྲས་ཆན་དཀར། །མངར་གསུམ་ཙན་དན་དཀར་པོའི་ཤིང་། །ཐམས་ཅད་ཡེ་ཤེས་བདུད་རྩི་སྟེ། །ཐམས་ཅད་ཡེ་ཤེས་མེར་སྐྱེད་དོ། །ཞོ་དང་མར་རྙིང་བུ་རམ་སྦྲང་། །རྒུན་འབྲུམ་སྟར་ཀ་ཤ་ཆེན་དང་། །དྲི་ཞིམ་གསེར་ཤིང་རྒྱས་པ་སྟེ། །དན་ཏི་ལི་དང་ཤང་ཚེ་དང་། །སྐེ་ཚེ་ཚ་བའི་མར་དག་དང་། །དམར་པོའི་ཤིང་དང་འབྲས་དག་གིས། །ཐམས་ཅད་འགུགས་པའི་མཆོག་ཏུ་གསུངས། །དུག་དང་ཚིལ་ཆེན་སྐེ་ཚེའི་མར། །སྲན་ཆེན་ཁྲག་སྣ་ཚོགས་པ་དང་། །ཚེར་མ་བ་གླང་ཤ་ཡིས་གསོད། །འབྲས་བུ་དོན་ཕྱིར་འཚོགས་པར་བྱའོ། །ས་གཞི་ལེགས་པར་སྦྱངས་བྱས་ནས། །དཀྱིལ་འཁོར་ཟླུམ་པོ་རིམ་པ་གསུམ། །ཁྲུ་གང་དཔངས་དང་ཞེང་དུ་ཡིན། །ཟབ་དང་གྱེན་ནི་ཕྱེད་དུ་བཤད། །འཁོར་ལོ་ༀ་གྱི་སྙིང་པོ་ཅན། །རྡོ་རྗེ་འཁོར་ལོ་མེ་འོད་རིམ། །མདའ་བཞི་ཞགས་པ་དཀར་པོས་དཀྲིས། །གཞན་ཡང་འཁོར་ལོ་རྩིབས་བཞི་ལ། །རིགས་བཞི་ཕྱག་རྒྱ་རིམ་ཤེས་བྱ། །ༀ་དང་སེང་མགོ་སྤེལ་བ་ཡིས། །མུ་ཁྱུད་བསྐོར་བ་ཕྱི་རུ་བཤད། །ཐམས་ཅད་ཞི་བྱེད་དཀྱིལ་འཁོར་ཡིན། ༈ །ཡེ་ཤེས་ཕྱོགས་བཞི་དབུས་འོད་འབར། །ཁྲུ་གང་ལ་སོགས་རྗེས་སུ་མཐུན། །རྡོ་རྗེ་རིན་ཆེན་ཞགས་པས་བསྐོར། །དབུས་སུ་རིན་ཆེན་ཏྲཱཾ་སྙིང་ལྡན། །གཞན་ཡང་རིན་ཆེན་གཉིས་དབྱིབས་སུ། །རིམ་པ་ལ་སོགས་རྗེས་སུ་སྦྱོར། །ཞགས་པ་སེར་པོ་མདའ་བཞིས་བསྐོར། ཐམས་ཅད་འཕེལ་བྱེད་དཀྱིལ་འཁོར་ཡིན། ༈ །ཧོཾ་ཁུང་ཟླ་གམ་གདེངས་པ་ལ། །རྡོ་རྗེ་པདྨ་འོད་འབར་དང་། །ལྕགས་སྒྲོག་གཏམ་པས་མཛེས་པར་བྱ། །པདྨ་ཧྲཱིཿཡི་སྙིང་པོར་ལྡན། །གཞན་ཡང་འདབ་བརྒྱད་དེ་བཞིན་དུ། །མཐའ་མ་ལྗོན་ཤིང་མཛེས་པར་བསྐོར། །མདའ་བཞི་ཞགས་དམར་སྡུད་པ་ཡིན། །དཀྱིལ་འཁོར་གྲུ་གསུམ་བརྩེགས་པ་ལ། །དུར་ཁྲོད་ཐལ་སོགས་ཁྱབ་པར་སྦྱོར། །རྩེ་གསུམ་རྡོ་རྗེ་གདེངས་པ་དང་། །ཐོ་བ་ལྕགས་ཀྱུ་གཏམ་པས་བསྐོར། །ཧཱུཾ་བཅས་རྡོ་རྗེ་སྙིང་པོ་ཡིན། །མདའ་བཞི་ཞགས་པ་ནག་པོ་དཀྲི། །གཞན་ཡང་ཞལ་གདངས་སྤྱན་བགྲད་པའི། །ཁྲོ་ཞལ་ཤིན་ཏུ་འཇིགས་པར་བྱ། །མེ་དཔུང་འབར་བས་རབ་མཛེས་པ། ༈ །འདི་ནི་གསོད་པའི་མཆོག་ཏུ་གསུངས། །བོངས་ཆུང་ལུས་མཛེས་ཟླ་བའི་མདོག །གཡས་འཁྱིལ་ལུས་ཀྱང་དེ་བཞིན་ཤེས། །སྐད་གསལ་སྔགས་ཟློས་ཡིད་མི་སྐྱོ། །ཁྲོ་སྤངས་དེ་ནི་ཞི་བར་སྦྱར། །བན་གླང་སོར་མོ་གྲུ་བཞི་མ། །རྣ་བ་འགྲམ་གླང་རིང་ཤ་རྒྱས། །ཡན་ལག་ཟླ་མང་ལས་ལ་མཁས། །དལ་ཞི་བློ་གྲོས་ལྡན་པ་ནི། །འཕེལ་བའི་དུས་སུ་ཤེས་པར་བྱ། །དམར་པོ་ཟླ་གམ་མཛེས་པའི་ཞལ། །ཡལ་ག་རྒྱུ་ནས་རྣམ་སྤངས་པའི། །ཐབས་མཁས་བརྩོན་འགྲུས་ལྡན་པ་ནི། །ཐམས་ཅད་སྡུད་པར་བྱེད་པའི་མཆོག །ནག་མོ་གྲུ་གསུམ་རྩིད་མགོ་མ། །ཁྲོ་གཉེར་ཅན་ལ་གེགས་བག་ཆགས། །གཏུམ་ཞིང་བརླང་ཚིག་འཛེམ་བག་མེད། །སྔགས་ཟློས་བརྟུལ་ཞུགས་ལྡན་པ་ནི། །ཐ་མའི་དུས་སུ་འདི་ཤེས་བྱ། །རང་རིག་སངས་རྒྱས་ཀུན་གྱི་དངོས། །ཐམས་ཅད་རང་དབང་བསྒྱུར་བདག་ཕྱིར། །བསྒྲུབས་པའི་གཙོར་བོར་འདི་གསུངས་སོ། །མ་ལུས་སེམས་ཕྱིར་མཐའ་བྲལ་ཕྱིར། །རང་བཞིན་རྣམ་དག་མངོན་དུ་བྱ། །སེམས་གཏེར་རྟོག་ཚོགས་དཀྱིལ་འཁོར་ཕྱིར། །བྱིན་རླབས་སྡུད་འཕེལ་སྔོན་དུ་བསྒོམ། །ཐམས་ཅད་བདག་ཕྱིར་ཐ་མི་དད། །ཤིན་ཏུ་ཞེན་པ་ཉིད་ཀྱིས་འགྲུབ། །ཆགས་པ་ཆེན་པོ་ཉིད་དུ་བཤད། །རང་བཞིན་གཅིག་ཕྱིར་དངོས་མེད་འཇིག །ལོག་རྟོག་ཁྲོས་པའི་སེམས་ཀྱིས་བསྐུལ། །ཡང་དག་ཞེ་སྡང་ཆེན་པོར་གསུངས། །བདག་གཞན་གནོད་པའི་སེམས་དང་ནི། །སྦྱོར་བ་ངན་པའི་རིགས་སྔགས་ལས། །ཁམས་རྐྱེན་ལས་གྱུར་གནོད་མང་བ། །ཉོན་མོངས་བག་ཆགས་སྡུག་བསྔལ་རྣམས། །ཐབས་ཕྱིར་ཅིག་ཀྱང་མི་དོར་བྱ། །ཡོན་ཏན་འཕེལ་བ་མེད་ཉུང་ཕྱིར། །ཚེ་དང་ལོངས་སྤྱོད་སྒོ་གསུམ་གྱི། །ཡོན་ཏན་མངོན་པར་མི་ལྡན་པ། །འཇིག་རྟེན་པ་དང་འདས་པ་ཡི། །ཡོན་ཏན་བསྡུས་ཏེ་བསྟིམ་པ་དང་། །སེམས་ནི་རིན་ཆེན་གཏེར་གྱི་ཕྱིར། །བྱིན་རླབས་འཕེལ་བས་སྣང་བར་འགྱུར། །མོས་འདུད་མེད་པའི་ལས་རྐྱེན་ཅན། །ལས་གསུམ་བདག་གཞན་དོན་གྱི་ཕྱིར། །གསུམ་པའི་ལས་ལ་སྦྱར་བྱ་བཞིན། །ལྷ་ཡང་དེ་བཞིན་ཤེས་པར་བྱ། །ཞིང་བཅུར་གྱུར་པའི་སེམས་ཅན་ནི། །དམ་པའི་ཆོས་འཇིགས་མ་རུངས་པ། །དཔའ་བོས་དགོས་པ་ཡོད་པའི་ཕྱིར། །ཀུན་ལ་ཕན་པས་དེ་བསད་བྱ། །དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ། །སྟེང་འོག་ལོགས་སུ་ཁྲོ་བཅུ་བསྒོམ། །འཕྲོ་འདུ་བདེ་གཤེགས་ཕུར་བུ་ལ། །སྔགས་དང་ཕྱག་རྒྱས་བྱིན་རླབས་པ། །མཐའ་བསྐོར་ཡན་ལག་སྙིང་ལ་སྦྱར། །གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་གྲུ་བཞི། །ལྷ་རྣམས་དེ་བཞིན་རིན་ཆེན་ཁྲོ། །ཟུར་བཞིར་གནས་པ་ལུས་གནས་བཞིར། །བཏབ་པས་ཡོན་ཏན་འདུ་བར་བསམ། །ཟངས་སམ་དམར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླ་གམ། །དེ་བཞིན་ཆགས་པའི་ཕུར་བུར་ཤེས། །ཟླ་གམ་མཐའ་ལྔར་དབང་པོ་སྦྱར། །དེ་དག་བསྒྱུར་ཏེ་འདུས་པར་བྱ། །ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །དེ་བཞིན་རྡོ་རྗེ་ཕུར་བརླབས་ལ། །ཟུར་གསུམ་ལུས་ངག་སེམས་ལ་སྦྱར། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ལས་བྱེད་ཉི་ཤུ་གཅིག་ཏུ་གསུངས། །སྦྱིན་དང་བསྲེག་པའི་ལྷ་གཉིས་ཏེ། །སངས་རྒྱས་རིགས་ཀྱི་སྤྲུལ་པའི་ཕྱིར། །ལས་ཐམས་ཅད་ལ་ཐོགས་མེད་འཇུག །སྐུ་མདོག་ཆ་ལུགས་ལས་བཞིས་ཤེས། །གནྡྷེ་སྒྲོམ་ཞགས་ཏྲི་ཤུལ་འཛིན། །རིགས་ཀྱི་ཕྱག་རྒྱས་གདབ་པར་བྱ། །ༀ་ཏྲཱྃ་ཧྲཱི་ཧཱུྃ་ས་བོན་སྙིང་། །ཨགྣེ་དེ་བ་ལས་བཞིའི་སྔགས། །འོད་འཕྲོ་ལྡན་པ་འཁོར་བར་བསྒོམ། །ཞལ་ཕྱིར་སྦྱིན་པའི་ལྟར་བཤད་དོ། །གཟུགས་བརྙན་ལྟ་བུའི་གཞལ་ཡས་ནི། །འོད་ཟེར་འབར་བས་ཁྱད་པར་སྦྱར། །རྒྱལ་པོ་ལུས་མཛེས་འཁོར་ལོ་འཆང་། །རྒྱན་རྣམས་ཞི་ལ་དཀར་བ་དང་། །འོད་ཟེར་མཆོག་རབ་ལྷན་ནེར་བསྒོམ། །ཁྲོ་བོའི་དཀྱིལ་འཁོར་མ་ལུས་པ། །ཀུན་ཀྱང་གཏི་མུག་རྡོ་རྗེའི་ཚུལ། །འཁོར་ལོ་འོད་ཟེར་ལྡན་པ་ཡིས། །ཁམས་གསུམ་མ་ལུས་ཁྱབ་པར་སྦྱར། །ས་བོན་ༀ་དང་རང་སྔགས་ལྡན། །གཞན་ལའང་དེ་བཞིན་ཤེས་པར་བྱ། །རིན་ཆེན་དགའ་འཕྲོ་སེར་སྐྱ་ནི། །འོད་ཟེར་འབར་བ་རིན་ཆེན་ཅན། །སྔགས་སོགས་གཞན་ནི་སྔ་མའི་ཚུལ། །སྤྲུལ་པ་རྗེས་སུ་མཐུན་པ་སྟེ། །ཛཿཧཱུྃ་བྃ་ཧོཿལྡན་པར་བྱ། །འདོད་ཆགས་རྡོ་རྗེ་ལྕགས་སྒྲོག་སད། །མདོག་ནི་དམར་སྨུག་འོད་པོ་ཆེ། །སྔགས་ནི་ཡི་གེ་ར་དང་ཧྲཱིཿ ཕྱོགས་བཅུར་ཁྱབ་ཅིང་ཧྲི་ལ་བསྡུ། །གཞན་ཡང་དེ་བཞིན་ཤེས་པར་བྱ། །ཞེ་སྡང་རྡོ་རྗེ་གཏུམ་ཆེན་འབར། །དུད་ཁང་ནག་པོའི་མདོག་འདྲ་ལ། །འབར་བ་སྔོ་དམར་མེ་སྟག་འཁྲུག །ཉི་མ་ཐོད་སྦྲུལ་གདུག་པས་བརྒྱན། །སེང་གེ་གླང་ཆེན་སྟག་རྔམས་དང་། །སྦོད་སྟོང་རྔམ་པའི་ཕྱག་རྒྱར་ལྡན། །སྒྲ་སྐད་དྲག་པོས་ཁམས་གསུམ་འཁྲུག །སྒྲུབ་བྱེད་ཕྱག་རྒྱ་གོམས་པ་ཡིས། །གང་ལ་དམིགས་པ་འགྲུབ་པར་བྱེད། །དབྱར་སྟོན་རྒུན་དཔྱིད་ལས་རིམ་དང་། །སྔ་དྲོ་གུང་དགོང་ནམ་ཕྱེད་དུས། །ལས་རིམ་བརྩམས་ན་ཤིས་པར་བཤད། །རྫས་དང་ཡོ་བྱད་ལྡན་བྱས་ལ། །ས་གཞི་སྦྱངས་ཏེ་གཟུགས་བརྙན་སྦྱར། །སྟོངས་འགྱུར་མགོན་ལ་ལས་བཅོལ་ཞིང་། །ཀུན་ཀྱང་ཚིམ་ཞིང་བགོ་བྱ་ཞིང་། །ཤིང་གཉིས་མཆོད་རྫས་ལེགས་བཀོད་དེ། །ཁ་དོག་མེ་དར་ལེགས་པར་དགབ། །ལིངྒའི་གནས་ནི་གཟུགས་བརྙན་ཚུལ། །མིང་རུས་ལྡན་པ་ཕུར་བུས་བསྐོར། །རྡོ་རྗེ་གུར་གྱིས་ཕྱོགས་བཅིངས་བྱ། །ཉི་མ་ཟླ་བ་གཉིས་གཉིས་ཀྱིས། །གཞོང་པ་སྣོད་ཀྱི་རྫས་རྣམས་ལ། །ལས་ཀྱི་ཧཱུྃ་ལ་འབྲུ་ལྔ་བཀོད། །འཕྲོ་འདུ་བདུད་རྩི་ཁ་དོག་ལྡན། །མང་ཞིང་སྣ་ཚོགས་རོ་ལྡན་བྱ། །དཀྱིལ་འཁོར་ལས་ཀྱི་གཞུང་བསྲང་ལ། །སྣ་ཚོགས་མཆོད་ཡོན་རྒྱས་པར་འབུལ། །ཚོགས་ཀྱི་འཁོར་ལོ་ལེགས་པར་བརྟག །མཆོད་པ་ཆེན་པོ་སྦྱར་བར་བྱ། །ས་བོན་རང་གི་འབྲུ་འོད་ཟེར། །ཡེ་ཤེས་དཀྱིལ་འཁོར་བསྐུལ་བ་དང་། །ཁམས་གསུམ་བྱིན་རླབས་བསྡུ་བྱ་སྟེ། །བསྒྲུབ་བྱ་ཉེ་བར་སྦྱར་བྱ་ཞིང་། །སྲོག་དང་ལྡན་པའི་བཟླས་པ་ནི། །ཞལ་གྱི་རང་སྔགས་ཁྲི་འབུམ་དུ། །རྣམ་གསུམ་ཚུལ་གྱིས་བྱ་བ་དང་། །ཤིན་ཏུ་སྟོངས་འགྱུར་རྒྱས་པར་བྱའོ། །ཁམས་གསུམ་གང་བའི་དཀྱིལ་འཁོར་ནི། །རྔམ་ཞིང་འོད་ཟེར་འབར་བར་བསྒོམ། །བདག་ཉིད་འཛིན་པའི་ཕྱག་རྒྱ་སྟེ། །མཚན་མ་གཟུངས་ནས་རང་སྔགས་འདོན། །རོལ་པའི་བཀའ་ཉན་ཕོ་ཉའི་ཚོགས། །ཕྱག་རྒྱ་བཞི་ལྡན་སྒྲ་སྐད་དྲགས། །ཁམས་གསུམ་དཀྲུག་ཏེ་ཕྲལ་བྱས་ནས། །བསྒྲུབ་བྱ་མངོན་དུ་སྦྱར་བར་བྱ། །ལན་གསུམ་ལན་བདུན་མདོན་བྱེད་པ། །ཧཱུྃ་དང་ཛཿདང་སྥོ་ལ་སོགས། །འདྲེན་པའི་མཆོག་ཏུ་དེ་གསུངས་སོ། །བརྟན་ནས་རང་བཞིན་གཏོར་མ་སྦྱིན། །ཏིང་འཛིན་སོ་སོར་ལེགས་པར་སྦྱར། །རྣམ་ཤེས་ལུས་བཅུད་ཡིད་བསྡུས་པ། །གསུམ་བསྡུས་ལྷག་མས་སྤྲོ་བྱས་པ། །བརྙན་མའི་ཚུལ་དུ་གསལ་བར་བྱ། །རང་ཕུར་གསལ་བྱས་ས་བོན་རྩེ། །ནྲྀ་སོགས་དེར་བསྡུ་གནས་བསྟིམ་པ། །འདོད་བཞིན་ཏིང་འཛིན་བཞི་ཤེས་བྱ། །ཡུངས་དཀར་བཅས་བསྐུལ་འོད་འཚེར་དབབ། །ཇི་ལྟར་དམིགས་པ་འགྲུབ་པར་བསམ། །མཚན་མ་མིང་དུ་བསྡུས་པ་ལ། །མཁའ་ལ་འོད་འཕྲོས་བག་ཆགས་སྦྱང་། །རང་རྒྱུད་ས་བོན་ཨར་གྱུར་པ། །མ་སྐྱེས་དབྱིངས་ནས་གསལ་བའི་ཧཱུྃ། །ཚོན་གང་འོད་ཀྱི་སེམས་དཔའ་ཆེ། །ཇི་ལྟར་སྔོན་གྱི་དེ་བཞིན་དུ། །སྨོན་པ་བྱང་ཆུབ་ལམ་དུ་ཞུགས། །ལྷག་མའི་སྐབས་ལས་ཤེས་པར་བྱ། །ཕྱེད་ནི་རིལ་བུ་འམ་མཚོན་ཆ་ལྔ། །རྡུལ་དུ་བྱས་ཏེ་ཐོད་པ་དགང་། །རྗེས་སུ་མཐུན་པའི་གཞལ་ཡས་སུ། །སྦྱིན་ལྷ་སོ་སོ་གདན་ལྡན་བསྒོམ། །མེ་དཔུང་འབར་བའི་ཚོགས་ཆེན་དུ། །མེ་ལྷ་ཨགྣེ་ཛཿབཀུག་ནས། །ཕྱག་རྒྱ་བཞི་ཡིས་ངེས་སྦྱར་ལ། །རཾ་ཞེས་བྱ་བས་མེ་སྦར་ཏེ། །གཟར་བུ་རིགས་ཀྱི་མཚན་བཅས་པས། །མཆོད་ཡོན་བདུད་རྩི་རྒྱས་པར་དབུལ། །དེ་དབུས་འཁོར་ལོ་གསལ་བརྟག་སྟེ། །གཉིས་པའི་ལྷ་རྣམས་སྤྱན་དྲངས་བསྟིམ། །མར་དང་ཤིང་བུ་ཆན་ལ་སོགས། །དམར་གྱི་ཨརྒ་རྒྱུན་དུ་དབུལ། །གཅིག་མིན་ཐམས་ཅད་བདུད་བརྩིར་གསོལ། །ཡང་ན་ལན་གསུམ་བརྒྱ་རྩ་བརྒྱད། །སྟོང་ངམ་འབུམ་དུ་དབུལ་བར་བྱ། །དུག་གསུམ་མཆོད་པའང་དེ་བཞིན་ཏེ། །དབང་མེད་ཞལ་དུ་ཐིམ་པར་འགྱུར། །མིང་དང་ལས་བཞིའི་སྔགས་ཀྱིས་དབུལ། །འགྲུབ་འགྱུར་ཐེ་ཚོམ་མེད་པར་བཤད། །གཟུགས་བརྙན་ལུ་གུ་རྒྱུད་བསྐོར་ལ། །ཨེ་ལ་སོང་བའི་དཀྱིལ་འཁོར་དུ། །རྗེས་སུ་མཐུན་པའི་ལྷ་བསྒོམས་ལ། །སླས་དང་བྱི་མོའི་ཚོགས་ཀྱིས་བསྐོར། །ཁམས་གསུམ་གང་བར་སྦྱར་བར་བྱ། །སྲོག་དང་ལྡན་པའི་བྲོ་སྟབས་གར། །ཕྱོགས་བཅུ་མ་ལུས་ཀུན་བཏུལ་ནས། །བསྒྲུབ་བྱ་དབུས་སུ་ལེགས་བརྟགས་ཏེ། །ས་བོན་འོད་ཟེར་ལས་བཞིན་དུ། །བསྟིམས་ནས་བསམ་པ་བཞིན་དུ་འགྲུབ། །རྗེས་སུ་མཐུན་པར་སྨོན་ལམ་གདབ། །ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཐལ་བ་བཞིན་དུ་བརླག་ནས་ཀྱང་། །དྲག་པོའི་ལས་རྣམས་སྒྲུབ་པར་མཛོད། །འདོད་ཆགས་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་མ་ལུས་ཀུན། །སྐད་ཅིག་ཕུད་ཀྱིས་དབང་མཛད་དེ། །དབང་དུ་མ་གྱུར་མེད་པ་མཛོད། །ང་རྒྱལ་རྡོ་རྗེ་འཁོར་བཅས་པས། །གཟི་བརྗིད་ལྡན་པའི་འཇིག་རྟེན་ཀུན། །དཔལ་དང་གཟི་བརྗིད་ཆེན་པོ་རྣམས། །ཡུད་ཙམ་གྱིས་ནི་རྒྱས་པར་མཛོད། །གཏི་མུག་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །ཡུད་ཙམ་གྱིས་ནི་ཞི་མཛད་དེ། །ཐམས་ཅད་ཞི་གྱུར་དབྱིངས་སུ་རོལ། །ཧཱུྃ་གསུམ་བཅས་ཏེ་བསྐུལ་བའི་ལས། །མ་ལུས་གྲུབ་པའི་མཆོག་ཏུ་གསུངས། །རིམ་པ་བཟློག་སྟེ་བརྩམ་པར་བྱ། །ཁྲག་འཐུང་ཆེན་པོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོ་ཡིས། །ལས་དང་དངོས་གྲུབ་ཅི་འདོད་པར། །ཐམས་ཅད་མ་ལུས་བྱེད་པ་ཡིན། །མཛོད་ལྡན་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོ་ནི། །འདུ་བར་འདོད་ན་འདུ་བར་བྱེད། །འཕེལ་བར་འདོད་ན་འཕེལ་བར་བྱེད། །སྤོས་མོ་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོ་ནི། །ལྷན་ནེར་འདོད་ན་ལྷན་ནེར་འགྱུར། །རྨུགས་པར་འདོད་ན་རྨུགས་པར་བྱེད། །སེང་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོ་ཡིས། །ཐམས་ཅད་མ་ལུས་ཟ་བར་བྱེད། །གཞད་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོ་ཡིས། །ཐམས་ཅད་ཀུན་ལ་འབྱིན་པར་བྱེད། །དེ་དག་རབ་ཏུའང་ཉམས་པར་བྱེད། །སླས་དང་བྱི་མིའི་བྲོ་གར་གྱིས། །རྦད་ཅིང་གཏང་བར་བྱ་བ་སྟེ། །བསྐུལ་བ་ཐམས་ཅད་བྱེད་པ་ཡིན། །བྱ་བྱེད་ཡན་ལག་རྫོགས་པ་ཡིས། །སངས་རྒྱས་སྡུད་དང་མཉམ་པ་དང་། །དེ་དག་སྦྱོར་བའང་ཞི་འགྱུར་ཞིང་། །སྐུ་གསུང་རྡོ་རྗེ་འང་འཛིན་འགྱུར་ན། །ཁམས་གསུམ་དེ་དག་སྨོས་ཅི་དགོས། །བདག་ཉིད་འདུ་བའི་དབང་ཕྱུག་ཏུ། །ལས་བཞི་མཉམ་བཞག་ཁྲོ་བོ་ཡི། །འཁོར་གྱི་ཁྲོ་རྣམས་དེ་བཞིན་ཤེས། །ཕྲ་མེན་ཚོགས་རྣམས་བསྐུལ་བསྡུས་ལ། །ལས་བཞིའི་དཀྱིལ་འཁོར་གཉིས་དག་ཏུ། །ལྷག་མ་ཁ་ཆུ་འདོད་པ་སྦྱིན། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །ཤིན་ཏུ་གདུག་ཅིང་གཏུམ་བག་ཅན། །ཁམས་གསུམ་མ་ལུས་འདུལ་མཛད་པའི། །དབང་དང་བྱིན་རླབས་རྨད་པོ་ཆེ། །ལྷ་ཆེན་ལ་སོགས་དབང་བསྡུས་ནས། །དབང་ཕྱུག་འཁོར་རྣམས་སླས་སུ་བྱས། །སོ་སོའི་ལས་རྣམས་བསྐོས་པ་སྟེ། །ཇི་ལྟར་ཁས་བླངས་དམ་བཅའ་བཞིན། །མ་ཐོག་མྱུར་དུ་མངོན་པར་ཕྱུང་། །དམ་བཅས་བཞིན་དུ་མ་བྱས་ན། །ཇི་ལྟར་རང་གི་མནའ་བོར་ལ། །དམ་བཅས་དེ་ལས་འདས་གྱུར་ན། །མགོ་འགས་སྙིང་ཡང་ཚལ་པ་རུ། །ཡཀྴ་ཁྲོ་བོས་གཏབ་པར་འགྱུར། །དེ་བས་རྣལ་འབྱོར་སྔགས་འཆང་གིས། །ཇི་ལྟར་བཅོལ་བ་བཞིན་དུ་བྱོས། །ལས་དེ་མངོན་དུ་མ་བྱས་ན། །རང་གིས་མནའ་བོར་ཁས་བླངས་ཤིང་། །རུལ་མྱགས་ཚིག་ནས་དམྱལ་བར་འགྲོ། །རྣལ་འབྱོར་དམ་ལ་གནས་གྱུར་པའི། །ལས་རྣམས་ཡོངས་སུ་བྱ་བ་དང་། །འཁོར་རྣམས་བུ་གཅིག་བཞིན་དུ་སྐྱོངས། །ཕྲ་མེན་མ་ཡང་དངོས་གྲུབ་ཐོབ། །བཅོལ་པའི་ལས་རྣམས་མྱུར་དུ་གྱིས། །དཀྱིལ་འཁོར་སྙིང་ལ་བསྡུ་བྱ་སྟེ། །ལྷག་མ་མཆོད་ལ་གཤེགས་སུ་གསོལ། །གསང་ཕྱིར་ལེགས་པར་ནན་ཏན་བྱ། །སྒྱུ་འཕྲུལ་དྲྭ་བའི་སྦྱིན་སྲེག་གི་རིམ་པ་མདོར་བསྡུས་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། །།

སྦྱིན་སྲེག་གི་མན་ངག་ཁོང་དོན་དཀྲོལ་བ་ནོར་བུ་ལུགས། སློབ་དཔོན་བི་མ་ལ་མི་ཏྲ།

སྦྱིན་སྲེག་གི་མན་ངག་ཁོང་དོན་དཀྲོལ་བ་ནོར་བུ་ལུགས་ཞེས་བྱ་བ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་གི་མན་ངག་བསྡུས་པ་ནོར་བུ་ལུགས་སུ་བསྟན་ཏེ། སྦྱིན་སྲེག་གི་དོན། རྣམ་གྲངས་དང་། ངེས་ཚིག་དང་། ཡོན་ཏན་དང་། གསུམ་དུ་བསྟན་པ་ཡང་། ཐུན་མོང་གི་སྐབས་ཙམ་སྟེ། དེའི་དོན་རྣམ་གྲངས་ཀྱི་རྗེས་སུ་ངེས་ཚིག་དང་ཡོན་ཏན་བསྟན་ནོ། །དང་པོ་རྣམ་གྲངས་ཕྱི་ནང་གསང་བ་གསུམ་མོ། །ཕྱི་ལ་ཡང་རང་བཞིན་དང་། ཐུགས་རྗེ་ཆེན་པོ་དང་། ལྷག་པ་གཟུགས་བརྙན་ནོ། །དེའི་དོན་ཅིའི་ཕྱིར། ཕྱི་ཞེས་བྱ་ཞེ་ན་སྒོ་སྒོ་ནས་བསྟན་ཏེ། རང་བཞིན་ནི་ངོ་བོ་ཉིད་དག་ཀྱང་སྤྱོད་ཡུལ་རྣམས་ཡོངས་སུ་དག་པར་མ་བྱས་པའི་ཕྱིར་ན་ཕྱི་ཞེས་བྱའོ། །ཐུགས་རྗེ་ནི་འབྱུང་འཇུག་མེད་ཀྱང་གདུལ་བྱ་ལ་ཕྱི་རོལ་དུ་སྐྱེ་བ་ལྟར་སྣང་བའི་ཕྱིར་རོ། །ལག་པ་གཟུགས་བརྙན་ནི་དབང་པོའི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་རོ། །རྒྱས་པར་ཕྱེ་ནས་འཆད་དོ། །དེ་དག་ཀྱང་ཆོས་གསུམ་པོ་དེས་ཕྱི་རོལ་དུ་ཞེས་བྱ་བ་དང་གཏན་ཚིགས་གཅིག་གིས་གསུམ་ཀ་འགྲུབ་པ་ཡིན་ནོ། །ཅིའི་ཕྱིར་མཚན་ཕྱིའི་ཧོཾ་མམ་སྦྱིན་སྲེག་ཅེས་ཤེ་ན། ཧོམ་དུ་བསྟན་པའི་རང་བཞིན་ནི་ངོ་བོ་ཉིད་ཀྱིས་མཐའ་བསྲེགས་ནས་བྲལ་བ་སྟེ། ཐབས་དང་ཤེས་རབ་ལྡན་པ་ལས། །མཚན་མའི་སྤྲོས་པ་ངང་གིས་མེད། །ཅེས་གསུངས་སོ། །ཐུགས་རྗེ་ནི་གདུལ་བྱའི་རྒྱུད་ཀྱི་ལས་སྒྲིབ་བསྲེག་སྟེ། སྣ་ཚོགས་འབྱུང་ཞིང་འོད་འཕྲོ་འབར། །ཐུགས་རྗེའི་བྱིན་རླབས་རྨད་པོ་ཆེ། །འགྲོ་བ་སྣ་ཚོགས་དོན་བྱེད་པ། །འདི་ནི་བྱང་ཆུབ་མཆོག་ཏུ་གསུངས། །ཞེས་སྟོན་ཏོ། །ལྷག་པ་གཟུགས་བརྙན་གྱིས་ནི་རྫས་སྲེག་སྟེ་འོག་ནས་ཁས་ལེན་ཏོ། །སྦྱིན་སྲེག་ཏུ་བསྟན་པ་ནི། འོག་ནས་དེའི་ཕྱིར་སྦྱིན་གཉིས་རྟོགས་དང་ཐོབ་ཅེས་པ་དག་གིས་བསྟན་ཏེ། རང་བཞིན་དང་ཐུགས་རྗེས་བྱིན་རླབས་རྟོགས། ལྷག་པ་གཟུགས་བརྙན་གྱིས་རྫས་རྟོགས་པ་སྟེ། སྦྱིན་བདག་ལྟ་བུ་ཡང་ཡིན། །ཐོབ་པ་ནི། ཆུ་དང་ཉི་ཟླ་ཚུལ་དུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་རང་བཞིན་ཐུགས་རྗེས་གཞན་ལ་སྣང་ལ། གཟུགས་བརྙན་གྱིས་གཉིས་ཀ་ལ་སྣང་བར་བྱེད་པས་ཐོབ་སྟེ། སྦྱིན་གནས་ལྟ་བུ་ཡང་ཡིན་ལ། འདི་ཕྱིར་སྦྱིན་པའོ། །བསྲེག་པ་ནི། རང་བཞིན་ཐུགས་རྗེས་གཞན་གྱི་སྤྱོད་ཡུལ་སྦྱོང་ལ། ལྷག་པ་གཟུགས་བརྙན་གྱིས་གཉིས་ཀ་སྟེ་བཤད་པའི་ཧོམ་བཞིན་དུའང་རུང་ངོ་། །ཁས་བླངས་པ་ནི་ནོར་བུ་ལུགས་སུ་བསྟན་བྱ་བ་ཁོ་ན་ཡིན་ཏེ། སྦྱིན་སྲེག་དེ་དག་གི་དགོས་ཆེད་དང་། སྐབས་གང་དུ་དགོས་པ་དང་། དེ་དག་གི་འབྱུང་ལུགས་དང་། སྐབས་ཀྱི་རྒོལ་ཚིག་བསྟན་པའོ། །དེ་ལ་དགོས་ཆེད་ནི་སྤྱིར་བདག་དོན་དང་གཞན་དོན་ནོ། །དེ་ལ་བདག་དོན་ནི་གཟུགས་བརྙན་སྐབས་སུ་ཚང་ཡང་། གསུམ་ཀ་གཞན་དོན་ཤས་ཆེའོ། །སྐབས་གང་དུ་དགོས་ཤེ་ན། །འདི་ནི་རིམ་པ་གསུམ་དུ་རྫོགས་ཏེ། །རང་བཞིན་ནི་གཞི་མཚན་ཉིད་དང་པོའི་ཆོས་སོ། །ལྷག་པ་གཟུགས་བརྙན་ནི་ལམ་སྟེ་མཚན་ཉིད་བར་མར་རྫོགས་སོ། །འདིར་ནང་དང་གསང་བ་ལཾ་སྟེ་གཉིས་ཀྱི་ཚུལ་དུ་འདུས་སོ། །ཐུགས་རྗེ་ནི་མཐར་ཕྱིན་པ་ཡིན་པས་འབྲས་བུའི་རྒྱུད་རིམ་པའི་མཚན་ཉིད་ཐ་མའོ། །དེ་དག་གི་འབྱུང་ལུགས་ནི། ཧོམ་གསུམ་པོ་འདི་ལས་བྱིན་རླབས་ཅི་ལྟར་འབྱུང་ཞེ་ན། རང་བཞིན་དང་ཐུགས་རྗེ་གཉིས་འབྱུང་ལུགས་དོན་གཉིས་ཀྱིས་འདྲ་ཡང་། བསམ་པས་རྒྱུ་མ་དག་པ་དག་གིས་རེ་ཞིག་དབྱེ་སྟེ། །རང་བཞིན་ལྷུན་གྱིས་གྲུབ་པའི་ངང་ལས་རིག་པ་རང་བྱུང་གི་ཡེ་ཤེས་ཅིར་ཡང་སྣང་བས་དབང་བསྒྱུར་ནས་ཇི་ལྟར་བསམ་པ་ལྟར་ཉིད་དེ། དམིགས་མེད་ཉིད་ལས་དབང་བསྒྱུར་བས། །ཇི་ལྟར་བལྟབ་པ་དེ་ལྟར་སྣང་། །ཞེས་གསུངས་སོ། །ཐུགས་རྗེའི་སྐྱེ་ལུགས་བཞི་སྟེ། རང་བཞིན་ཤུགས་ཀྱིས་སྐྱེ་བ་དང་། །རྟག་པ་རྒྱུན་གྱིས་སྐྱེ་བ་དང་། །ཡུལ་དང་འཕྲད་པ་ལས་སྐྱེ་བ་དང་། །བསྐུལ་ཞིང་གསོལ་བ་གདབ་པ་ལས་སྐྱེ་བའོ། །དེ་ཡང་གདུལ་བྱའི་སྣང་བ་ཙམ་སྟེ་རང་བཞིན་ཤུགས་ཀྱིས་སྐྱེ་བ་ནི་དཔེར་ན་ནོར་བུ་རིན་པོ་ཆེ་དང་འདྲའོ། །དགོངས་པ་ཐམས་ཅད་ལྷུན་གྱིས་གྲུབ་པའི་བྱིན་རླབས་འགྲོ་འོང་མེད་པར་སྣང་བའོ། །དེ་ཡང་ཞགས་པ་ལས། རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ། །སྣ་ཚོགས་ཅིར་ཡང་སྣང་མོད་ཀྱི། །ཀུན་ཏུ་རིན་ཆེན་ལྟ་བུ་སྟེ། །ཞེས་པ་ལ་སོགས་པའོ། །རྟག་པ་རྒྱུན་དུ་སྐྱེ་བ་ནི་དུས་གསུམ་རྒྱུན་དུ་སྐྱེ་བ་སྟེ། དགོངས་འདུས་ལས། ཐུགས་རྗེ་རྒྱུན་དང་བཅས་པའོ། །ཞེས་པ་ལ་སོགས་པས་སྟོན་ནོ། །ཡུལ་དང་འཕྲད་པས་སྐྱེ་བ་ནི་སྒྲིབ་པ་དག་མ་དག་གི་ཁྱད་པར་རོ། །དེ་ཡང་ཞུས་ལན་ལས། དྭངས་བའི་ཆུ་ལ་ཉི་ཟླ་གཟུགས་བརྙན་བཞིན། །ཞེས་པ་ལ་སོགས་པས་བསྟན་ནོ། །བསྐུལ་ཞིང་གསོལ་བ་གདབ་པ་ལས་སྐྱེ་བ་ནི། གསོལ་བ་གདབ་པ་བསྐུལ་བ་ལ་སོགས་པ་སྐྱེ་བ་ལྟར་སྣང་བ་སྟེ། ཡོན་ཏན་བཅུ་ལས། ཡེ་ཤེས་སེམས་དཔའ་རྗེར་དམིགས་ཏེ། །ཞེས་པ་ལ་སོགས་པས་མངོན་ནོ། །ལྷག་པ་གཟུགས་བརྙན་གྱི་སྦྱིན་སྲེག་གི་བྱིན་རླབས་ནི། གང་ཟག་གི་བསམ་ཤུགས་ཀྱིས་མ་ངེས་ཏེ། དཔེར་ན་མར་མེས་མུན་པ་དྭངས་བ་བཞིན་དང་དུག་འགྱུར་གྱི་རྩི་བཞིན་ནོ། །སྐབས་ཀྱི་སྒྲོལ་ཚིག་ནི། རང་བཞིན་གྱི་ཧོཾ་ལ་ནི། དཔེར་ན་ཉི་མའི་སྙིང་པོ་ལ་མུན་པའི་གཞི་མེད་པ་དང་འདྲ་སྟེ། འཁོར་བ་མ་དམིགས་ན་ཐུགས་རྗེ་གང་ལ་འབྱུང་། ཐུགས་རྗེའི་སྐབས་སུ་སངས་རྒྱས་ནས་རྒྱུད་པ་ཉི་མ་དང་འདྲ་ལ། སེམས་ཅན་གྱི་མ་རིག་པ་ནི་མུན་པ་དང་འདྲ་བ་སྟེ། རིག་པ་དང་མ་རིག་པ་རྒྱ་ཆད་པ་འབྲེལ་བ་མེད་པ་ཐུགས་རྗེ་འབྱུང་དུ་བཏུབ་བམ། ལྷག་པ་གཟུགས་བརྙན་ནི། ལས་དང་པོ་བའི་སེམས་རྒོ་སྐྱ་ལྟ་བུ་དང་འདྲ་སྟེ། ལམ་ལོག་ཅན་དད་པ་མེད་པར་བྱིན་རླབས་བདག་གཞན་ལ་ཅི་ལ་སྣང་ཞེས་འདྲིའོ། །ལན་དུ། རང་བཞིན་དག་པ་ཆེན་པོར་བཞུགས་ཀྱང་། འཁོར་བའི་ཆོས་ནི་མ་བཀག་སྟེ། དཔེར་ན་ཆུ་རྙོག་པ་བདོ་ཙམ་ན་དྭངས་པ་གསལ་བ་གར་ཡང་མ་སོང་སྟེ་རྙོག་པ་ཅན་ཉིད་ལ་ཡོད་ལ། ནམ་མཁའི་ཆོ་འཕྲུལ་སྣང་ཙམ་ན་ནམ་མཁའ་གསལ་བ་ལས་མ་གཡོས་པ་བཞིན་ཏེ། འཁོར་བའི་རྣམ་རྟོག་གིས་རྙོག་སྟེ་སྡུག་བསྔལ་བདོ་ཙམ་ན། དེའི་ངོ་བོ་ཉིད་ལྷུན་གྱིས་གྲུབ་པའི་ངང་ཆེན་པོས་བདག་ཉིད་ཀྱི་འབྲེལ་པ་ཡོད་པའི་ཕྱིར་ཐུགས་རྗེའི་བྱིན་རླབས་འབྱུང་ངོ་། །ཐུགས་རྗེའི་སྐབས་སུ་ལན་གསོལ་པ། རིག་པ་དང་མ་རིག་པ་ཕན་ཚུན་སྤངས་ཏེ་གནས་པའི་འགལ་བ་ཡོད་པ་དང་། ལྷན་ཅིག་མི་གནས་པའི་འགལ་བ་ཡོད་དོ་ཞེ་ན། ཐེག་པ་ཆེན་པོ་འདིར་མ་རིག་པ་ཉིད་རྒྱལ་པོའི་ཕྲུ་གུ་ངོ་བོ་ཉིད་ཀྱི་རྒྱལ་པོ་ལས་མ་གཡོས་པ་འདྲ་བ་ལས་ནོར་ཙམ་ན་མ་རིག་པ་བདོ་ཙམ་ན་ཡང་ངོ་བོ་ཉིད་ཡེ་ཤེས་གསལ་བའི་བདག་ཉིད་ཡིན་པ་དང་། དེ་བཞིན་གཤེགས་པ་ནི་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ས་བོན་ཡིན་པ་དང་རང་རྒྱུད་དག་པ་ཡིན་པས་ཡུལ་དང་བྲལ་ཡིན་པས། རིལ་མི་མཁྱེན་པ་མེད་པས་ཐུགས་རྗེ་འབྱུང་བ་ཡང་འགྲོ་འོང་མེད་པར་འབྱུང་ངོ་། །རྒྱུད་ཉིད་ལས། ལོག་པར་རྟོག་པ་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་པས་ན། །འགྲོ་དྲུག་དུས་ཀྱིས་མ་ལུས་སྣང་། །ཞེས་གསུངས་སོ། །གང་ཟག་ལས་དང་པོ་པའི་བསམ་པ་མི་དམིགས་པ་མི་རྟག་པར་གསུངས་པ་ནི། ཕྱོགས་གཅིག་གིས་དབང་སྟེ། འདི་བསྟན་པ་དང་མ་བསྟན་པ་དང་ཀུན་གྱི་ཐུན་མོང་བས་སྟོབས་ཆེ་ཆུང་ཡོད་ཀྱང་མོས་པ་ཡན་ཆད་ཀྱི་སྟོབས་སྔ་མ་བཞིན་འཆར་བས། རྒྱུད་ལས། མུན་ལས་སྣང་འབྱུང་ཇི་བཞིན་དུ། །ཞེས་པ་ལ་སོགས་པ་དང་། ཡང་དཀར་པོའི་ཚོན་གྱིས་མདོག་བསྒྱུར་ནས་ཞེས་པ་ལ་སོགས་པས་མངོན་ནོ། །དེ་ནི་དཔེར་ན་སྐྱེས་བུའི་ལག་པ་དང་། སྤྲ་བ་རླན་མེད་པ་དང་། མེ་ལྕགས་དང་། རྡོ་ངར་ཅན་འཛོམ་ན་མེ་སྣང་ནས་བྱ་བ་གྲུབ་པ་ལྟར། ལྷག་པ་གཟུགས་བསྙན་གྱི་ཧོཾ་ཐབ་དང་རྫས་དང་ཆོ་ག་དང་ཏིང་ངེ་འཛིན་འཛོམ་པས་དེ་བཞིན་དུ་སྒྲིབ་པ་སྦྱོང་ངོ་། །དོན་གསུམ་པ་ཡོན་ཏན་ནི་རང་བཞིན་དང་། ཐུགས་རྗེས་གཞན་དོན་བྱེད་པ་ཁོ་ནའོ། །ལྷག་པ་གཟུགས་བརྙན་ནི་ལས་བཞི་བྱེད་པ་ཁོ་ན་སྟེ། སོ་སོར་འོག་ནས་ཞིབ་ཏུ་འཆད་དོ། །ནང་གི་ཧོཾ་ལའང་གསུམ་སྟེ། ཏིང་ངེ་འཛིན་དང་། ལྷག་པའི་ཏིང་ངེ་འཛིན་དང་ལོངས་སྤྱོད་པའོ། །དེ་དག་ཀྱང་རྣམ་གྲངས་ཀྱི་དོན་ཏེ། ངེས་ཚིག་ཏུ་དེ་ཅིའི་ཕྱིར་ན། །ཞེས་བྱ་ཞེ་ན། དེ་དག་གིས་བདག་གི་སྤྱོད་ཡུལ་རིལ་སྦྱངས་ནས་མི་དམིགས་པར་རང་རིག་པ་ཉིད། དེ་བཞིན་ཉིད་དང་ལྷའི་དཀྱིལ་འཁོར་དུ་གསལ་བའི་ཕྱིར་ཏེ། གསལ་འགྱུར་ཀུན་ཀྱང་དེ་བཞིན་པའོ། །སྤྱོད་ཡུལ་དག་པས་ནང་དུ་གསུངས། །ཞེས་སོ། །ཧོཾ་ཞེས་པ། བདག་གི་སྤྱོད་ཡུལ་མ་དམིགས་པར་སྦྱངས་ཁོ་ན་སྟེ། སྲིད་གསུམ་སྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །ཅེས་པ་སྟེ། འདི་ལ་ལམ་པའི་དུས་སུ་ཡིད་ཡེ་ཤེས་སུ་གསལ་བས་ན་ནང་གི་ཧོཾ་གསུམ་ཀ་ལ་འཇུག་གོ། །སྦྱིན་སྲེག་ཅེས་ཅིའི་ཕྱིར་བྱེད་ཞེ་ན། སྔ་མ་བཞིན་གཏོང་བ་དང་ཐོབ་པའི་ཕྱིར་ཏེ་མི་དམིགས་པའི་ཏིང་ངེ་འཛིན་གྱིས་ཤེས་རབ་གཏོང་། སྤྲོས་བཅས་ཀྱི་ཏིང་ངེ་འཛིན་གྱིས་བྱིན་རླབས་གཏོང་ངོ་། །ལྷག་པའི་ཏིང་ངེ་འཛིན་གྱིས་ཏིང་ངེ་འཛིན་གཏོང་། ལོངས་སྤྱོད་ཀྱིས་རྫས་གཏོང་སྟེ། །དེ་དག་ཀྱང་མི་འཛིན་པའི་ཕྱིར་གཏོང་བ་ཞེས་བྱ་སྟེ། འཛིན་མེད་བློ་ནི་དོན་གྱི་མིང་། །ཞེས་མངོན་ནོ། །དེས་ནི་སྦྱིན་བདག་ཚང་ངོ་། །ཐོབ་པ་ནི་དེ་དག་གི་སྒྲིབ་པ་དག་པས་མངོན་སུམ་རྣམ་པ་གསུམ་མམ་སྐུ་གསུང་ཐུགས་བྱིན་རླབས་གསུམ་ཆུ་དང་ཟླ་བ་བཞིན་རང་དབང་མེད་པར་བདག་ལ་སྣང་བས་ཐོབ་པའོ། །དེ་དག་གིས་བདག་གི་སྤྱོད་ཡུལ་སྦྱོང་བས་སྲེག་པའོ། །དེ་ལ་དེ་དག་གི་རང་གི་ངོ་བོ་གང་ཡིན་པ་དང་། དགོས་ཆེད་དང་། ལམ་གྱི་སྐབས་སུ་གང་དུ་དགོས་པ་དང་། རྒྱུ་རྐྱེན་དང་། ཚོམ་བསྡུའོ། །དེ་ལ་རང་གི་ངོ་བོ་ནི་དང་པོ་ལ་གཉིས་ཏེ། རང་རིག་ཡེ་ཤེས་རྟགས་ཀྱི་ཧོམ། །ཞེས་པས་རང་རིག་ཡེ་ཤེས་ནི། སྤྲོས་མེད་དམ་རང་རིག་ཤེས་རབ་ཀྱི་ཧོཾ་མོ། །རྟགས་ནི་སྤྲོས་བཅས་ཀྱི་ཧོམ་མོ། །དེ་ལ་སྤྲོས་མེད་ནི་དངོས་པོ་རིལ་གྱིས་མཚན་ཉིད་རང་རིག་པས་གཞལ་བས། ངོ་བོ་སྣང་སྟོང་གི་མཐའ་ཐམས་ཅད་དང་བྲལ་བས་རིག་པ་ལ་ཡང་སྤང་ལེན་འཛིན་ཆགས་ཐམས་ཅད་ཀྱང་བྲལ་བས་སྒྲིབ་པ་དག་པའི་ཡེ་ཤེས་སོ། །སྤྲོས་བཅས་ནི་རིག་པ་རང་སྣང་བའི་ལྷའི་དཀྱིལ་འཁོར་བསྐྱེད་པའི་གཙོ་བོའི་ཐུགས་ཀ་ནས་རམ་གྱི་ཡེ་ཤེས་འཕྲོས་པ་ལས། ཡེ་ཤེས་ཀྱི་མེས་སྣོད་བཅུད་རིལ་སྦྱངས་ཏེ། སེམས་ཅན་ཀུན་གྱི་སེམས་ཀྱི་ཆོས་ཉིད་མཐོང་བར་བསྒྱུར་ཏེ། བདག་གི་དོན་དུ་བདུད་བཞིའི་དཔུང་ཡང་དུས་གཅིག་འཇོམས་པའི་ཏིང་ངེ་འཛིན་ནོ། །ལྷག་པའི་ཏིང་ངེ་འཛིན་ནི་དངོས་པོ་རིལ་ལྷུན་གྱིས་གྲུབ་པའི་མི་རྟོག་པར་གསལ་བའི་ངང་ལས་སྐུ་ཕྱག་རྒྱའི་དཀྱིལ་འཁོར་བསྐྱེད་དོ། །སྤྱོད་ཡུལ་རིལ་ལྷར་གསལ་བའོ། །ལོངས་སྤྱོད་ནི་སྤྱོད་ལམ་ལྟ་བུར་ཡང་རུང་སྟེ་ལྟོ་བ་ལ་སོགས་པར་དཀྱིལ་འཁོར་བསྐྱེད། ལྕེ་ལེབ་ལྷ་ལག་གཡས་གཡོན་གཉིས་ཧོམ་གཟར་གཉིས་ཞལ་ཧོཾ་ཁུང་དུ་བསམ། དཀྱིལ་འཁོར་བསྐྱེད་ལ་སྤྱན་དྲངས་བསྟིམ་བརྟན་པར་བྱ། དེ་ནས་བསམ་པས་ལས་བཞིའི་བསྒྲུབ་བྱ་བཀུག་ལ་ལོངས་སྤྱོད་ལ་བསྟིམ། དེ་ནས་ཡི་གེ་ཧཱུྃ་ༀ་སྭཱ་ཧཱ་ཨཱྃ་ལྔས་ལོངས་སྤྱོད་སྦྱང་། དེ་ནས་ལས་བཞིའི་བསམ་པས། ཧོམ་གཟར་གྱིས་བླངས་ལ་མཆོད། །རང་བཞིན་གྱི་ལྷ་དང་ཏིང་ངེ་འཛིན་གྱི་ལྷ་མཉེས་པར་བྱ་བའི་བསམ་པའོ། །དགོས་ཆེད་ནི། བདག་གི་སྤྱོད་ཡུལ་སྦྱང་བའི་ཕྱིར་ཏེ་སྤྲོས་བཅས་ནས་གཞན་དུ་ཡང་བཤད་དོ། །ལམ་གྱི་སྐབས་གང་དུ་དགོས་ཤེ་ན། །སྤྱིར་ཀུན་ཏུ་ཡང་རིགས་ན་རིམ་པ་དྲུག་པའི་ནང་ནས་ཕྲ་མོ་ལ་ལོངས་སྤྱོད་ཀྱི་སྦྱིན་སྲེག་བཤད། །མང་པོ་བསྒོམ་མི་ནུས་པ་ལས་ཀྱང་ཕྲ་མོ་ལ་རྟག་ཏུ་ཧོཾ་བྱས་ཞེས་པའི་ཟུར་གྱིས་དེ་ལྟར་མངོན་ནོ། །སྤྲོས་མེད་དམ་ཤེས་རབ་ཀྱི་ཧོཾ་ནི་དེ་བཞིན་ཉིད་ཀྱི་རིམ་པའོ། །སྤྲོས་བཅས་ནི་དོན་བྱེད་བས་སྒྱུ་མ་ལྟ་བུའི་སྐབས་སུའོ། །ལོངས་སྤྱོད་ནི་ཕྲ་མོའི་སྐབས་སུའོ། །ལྷག་པ་ཏིང་ངེ་འཛིན་སྣང་བ་རྣམ་པར་འབྱེད་པའི་སྐབས་སུ་སྟེ། འདིར་བཞི་ཀ་རྫོགས་སོ། །དེ་དག་རྟོགས་པའི་རྒྱུ་རྐྱེན་བསྟན་པ་ནི། རང་གི་ཤེས་རབ་གསུམ། རྐྱེན་བླ་མ་དང་། ཚིག་བཤད་པ་དང་ཡི་གེས་ཁོང་དུ་ཆུད་པར་བྱའོ། །ཚོམ་ནི་དེ་རྣམས་ཤེས་རབ་ཀྱི་ལམ་དུ་བསྡུའོ། །དེ་དག་གི་ཡོན་ཏན་བསྟན་པ་ནི་རིལ་གྱིས་བྱིན་རླབས་ཀྱིས་དངོས་གྲུབ་རྣམ་གསུམ་ཐོབ་པར་བྱེད་པའི་སྤྱིའི་ཡོན་ཏན་ནོ། །སྒོ་སྒོར་ནི་སྤྲོས་མེད་ཀྱི་ཧོམ་གྱི་ཡོན་ཏན་ནི། སྒྲིབ་གཉིས་མ་སྤངས་དག་པས་ལས་ཀྱིས་མི་གོས་ཏེ། དངོས་དང་དངོས་མེད་བག་ཆགས་བསྲེག །ཕྱི་དང་ནང་གི་དྲི་མ་དག །བདག་མེད་གཉིས་ཀྱིས་དག་པར་བྱེད། །ཅེས་པས་སོ། །སྤྲོས་བཅས་ཀྱིས་གཞན་གྱིས་སྤྱོད་ཡུལ་སྦྱོང་པ་དང་། བདག་གི་དོན་དུ་བདུད་འཇོམས་པ་གཉིས་ཀའོ། །ལྷག་པ་ཏིང་ངེ་འཛིན་གྱིས་བདག་གི་སྤྱོད་ཡུལ་སྦྱངས་བའོ། །ལོངས་སྤྱོད་ཀྱི་སྤྱོད་ཡུལ་དག་པས་ཚོགས་རྫོགས་ཤིང་དངོས་གྲུབ་ཐོབ་སྟེ། འབྲས་ལྡན་སྤྱོད་ཡུལ་དག་འགྱུར་ཞིང་། །ཞེས་པ་གསུངས་སོ། །གསང་བའི་སྦྱིན་སྲེགས་བསྟན་པ་ནི། ཁམས་བཞི་པ་དག་དང་། ཁམས་གསུམ་མོ། །དེ་ཡང་ངེས་ཚིག་ནི། བདག་གི་སྤྱོད་ཡུལ་བསྲེགས་པས་ཧོམ་ཞེས་བྱ་སྟེ། མཚན་མའི་རྣམ་རྟོག་ཀུན་སྤྱོད་དོ། །ཞེས་པས་མངོན་ནོ། །སྦྱིན་སྲེག་ཅེས་པར་སྦྱར་ནས། སྦྱིན་པ་གཏོང་བ་ནི་འདིར་བྱང་ཆུབ་སེམས་ཀྱི་རྒྱུན་རྩའི་ནང་ནས་མར་གཏོང་བས་སྦྱིན་བདག་ལྟ་བུའོ། །དེས་སྒྲིབ་པ་དག་ནས་དངོས་གྲུབ་གསུམ་སྦྱིན་གནས་ལྟ་བུའོ། །སྲེག་པ་ནི། བདག་གི་སྤྱོད་ཡུལ་གྱི་རྣམ་རྟོག་ཐམས་ཅད་དེས་སྲེག་གམ་སྦྱོང་བས་མིང་འགྲུབ་པའོ། །སྤྱིར་ངེས་ཚིག་དེ་དག་རིལ་གཏང་བྱ་གཏ ང་བྱེད་གཉིས་ཀའི་ཆོས་བྲལ་བས་ཆོས་ཇི་བཞིན་པའི་དོན་རྟོགས་པ་ལས་བཏགས་ཏེ། དེ་དག་རིལ་མི་འཛིན་པས་སྦྱིན་བདག །རྡོ་རྗེ་གསུམ་ཐོབ་པས་སྦྱིན་གནས། བསྲེག་པ་མཐུན་ཏེ། འཇིག་རྟེན་མིང་ཚོགས་རྣམས་སྤངས་པ། །ཞེས་པས་སོ། །འོ་ན་གཞན་དང་མི་འགལ་ན་ལྷག་པ་ཏིང་ངེ་འཛིན་མཚོན་པའི་ལྷག་པ་གཟུགས་བརྙན་ལ་རུང་ངམ་ཞེ་ན། རུང་སྟེ་ལྷག་པ་གཟུགས་བརྙན་གྱི་ཧོམ་བྱེད་པ་ལས། མི་དམིགས་པའི་ཤེས་རབ་ཀྱིས་འཛིན་ཆགས་མེད་པར་སྲེག་པས་སྲེག་པ་མི་འགོག་ལ་མི་འཛིན་པས་མཆོག་གི་ཕྱིར་མི་འགལ་ལོ། །གསང་བའི་སྦྱིན་སྲེག་དེ་དག་གི་དགོས་ཆེད་ནི། གང་ཚིམ་ནི་གར་བསྡུ། ལམ་ནི་གང་གི་ཆ་རྐྱེན་ཡིན་ཞེ་ན། དགོངས་པའི་ཏིང་ངེ་འཛིན་ལ་མོས་པ་ལ་ཁམས་བཞི་པའི་ཧོམ་མོ། །ཐབས་ཀྱི་ཐེག་པ་ལ་མོས་པའི་ཁམས་གསུམ་མོ། །ཡང་ན་བདག་གི་དོན་ཆེད་དོ། །འདིར་རང་བཞིན་གྱིས་གནས་པའི་སྐབས་སྟེ་རིམ་པ་དང་པོར་རོ། །ལམ་གྱི་ཆ་རྐྱེན་གང་ཡིན་ཞེ་ན། འདི་ནི་གཉིས་སུ་འཇུག་སྟེ་དང་པོར་རིམ་པ་རྫོགས་ནས་ལམ་ལ་འཇུག་པ་སྔོན་དུ་བྱ་བའི་རིགས་ལས་དབང་སྟེ། ཐོག་མར་བཤད་པ་དང་ལམ་ལ་ཤེས་རབ་ཀྱིས་སྟོབས་ཀྱིས་འཇུག་པ་དང་གདམས་ངག་གི་སྟོབས་ཀྱིས་འཇུག་པ་ཡོད་པས། གདམས་ངག་གི་འཇུག་པའི་དབང་དུ་རིམ་པ་གཉིས་པར་རོ། །སྤྱོད་ཡུལ་གྱི་ཁམས་བཞིའི་རིམ་པ་དང་པོ་གསུམ་སྣང་བ་རྣམ་པར་འབྱེད་པའི་ཨཱ་ལི་ཀཱ་ལིའི་སྤྱོད་པའོ། །རང་གི་ངོ་བོ་ཅི་ཞེ་ན། ཁམས་བཞི་ནི་གནས་བཞིན། འབྱུང་བཞི་རླུང་ལས་མེ་དབྱིབས་གནས་པ་ཧོམ་ཐབ་བོ། །འཁོར་ལོ་རྩིབས་བཞིའི་རྩ་དང་། ཐིག་ལེ་དབུ་མ་མེ་ལྷའི་གཡས་གཡོན་རྩ་གཉིས་གཟར་བུའོ། །བདེ་བ་ཆེན་པོའི་གནས་ཀྱི་བདུད་རྩིའི་བདེ་བ་དང་བཅས་པ་ནི་མཆོད་རྫས་སོ། །རྫོགས་པའི་ལྷ་རྣམས་ནི་སྲེག་ལྷའོ། །རྟོག་ཚོགས་ནི་ཤིང་བུའོ། །ཐབས་ནི་བསམ་པས་ལས་ཀྱི་མེ་གཡས་ནས་བསྐུལ། བདུད་རྩི་ཕབ་ཞལ་དུ་ཆད་པའི་དགྱེས་པ་ཆེན་པོ་རོ་མྱོང་། །ཕྱོགས་བཅུའི་སངས་རྒྱས་མཆོད་པའི་བསམ་པ་དེ་ནི་ཁམས་བཞིའི་ངོ་བོའོ། །ཡོན་ཏན་ནི་རྟོགས་དཀའ་བའི་ཡེ་ཤེས་མངོན་གྱུར་ཅེས་པ་ཉིད་དོ། །ཁམས་གསུམ་གྱི་ངོ་བོ་ནི་མཚན་ལྡན་མའི་མཁའ་གསང་ཡར་མར་གྱི་དབྱིབས་ཅན་ནི་མེ་ཐབ་བོ། །ཉུངས་འབྲུ་སྣ་རྩེ་མོ་ལྷའི། རྡོ་རྗེ་པདྨ་གཟར་བུའོ། །ས་བོན་གཉིས་བདེ་བ་དང་བཅས་པ་རྫས་སོ། །ཆགས་རྟོག་ལ་སོགས་པ་ནི་ཤིང་བུའོ། །ཞིང་བཅུའོ། །རྩ་སྟོང་ཕྲག་ནི་ལྷའོ། །ཐབ་ནི་ཆ་དྲུག་ཅུས་བདེ་བ་རྣམས་སྐྱེད། །རོལ་པས་མཆོད་རྫས་བདེ་བའི་རྡོ་རྗེ་པདྨའི་གཟར་བུ་གནས་ཉུངས་འབྲུ་མེ་ལྷའི་ཞལ་དུ་ཐིམ། སླར་ལྡོག་པའམ་འདྲེས་པས་མཆོད་པའི་ཡེ་ཤེས་ཀྱི་རོས་ཡབ་ཡུམ་རང་བཞིན་རྣམ་པ་གཉིས་ཀྱིས་ལྷ་རྣམ་རོས་མཉེས། རྟོག་པའི་ཤིང་སྲེག །འགྲོ་བ་མང་པོ་བདེ་བའི་ཡེ་ཤེས་ཐོབ་པར་བྱེད་པའི་བདེ་བའོ། །ཡོན་ཏན་ནི་ཐུན་མོང་མཆོག་གི་ཡོན་ཏན་རྣམས། །དཀའ་བ་མེད་པར་ལེན་པར་གསུངས། །ཞེས་པས་མངོན་ནོ། །སྦྱིན་སྲེག་དེ་དག་ཀྱང་བྱ་བའི་དུས་ཚོད་ནི། རང་བཞིན་ཐུགས་རྗེ་ནི་རྟག་པར་རོ། །ལྷག་པ་གཟུགས་བརྙན་ནི་བཞིའོ། །ཤེས་རབ་དང་ཏིང་ངེ་འཛིན་ལ་སོགས་པ་ནི་ལམ་རང་རེའི་སྐབས་ཐོབ་པའི་དུས་སུ་བྱ་བའམ། ཡང་ན་ལོངས་སྤྱོད་པའི་བཟའ་བཏུང་གི་ཚེའོ། །ཏིང་འཛིན་གསུམ་དང་ཁམས་བཞི་ནི་ཐུན་མོང་དུ་མཚམས་བཅད་ལ་ནུས་ཚད་དོ། །ཁམས་གསུམ་ནི་དུས་རང་བཞིར་རོ། །དེ་དག་གི་དུས་གོམས་མ་གོམས་ཀྱིས་མ་ངེས་པར་བསམ་མོ། །ལྷག་པ་གཟུགས་བརྙན་ཕྱིས་ཁས་བླངས་གང་ཞེ་ན། གནས་རྫས་ཐབ་ཀྱི་རྣམ་པ་ལ་སོགས་པ་བཅུ་གཅིག་གོ། །རིམ་པ་ངེས་པར་བཞག་པ་དང་། དགོས་པ་ཅི་ཞེ་ན། དང་པོ་གཞི་བརྟན་པའི་ཕྱིར་གནས་དགོད། རྐྱེན་ཚང་དགོས་པས་རྫས་བསྟན། དེར་ལས་བྱ་བའི་གཞུང་དུ་དབྱེ་བའི་ཕྱིར་ཐབ་བརྩིག་ལས་གྲུབ་པའི་གྲོགས་ཡིན་པས་གཟུངས། དེ་ལ་སྦྱོར་བའི་སེམས་བཞིས་བྱ་བའི་ཕྱིར་སེམས་བསྟེན། དེའི་དམིགས་ཤེས་པར་བྱ་བའི་ཕྱིར་བསྒྲུབ་བྱ། དེ་ལ་གྲུབ་པར་བྱ་བའི་ཕྱིར་ཕུར་པ། དེ་ལྟར་བསྐྱེད་པ་དང་བྱིན་དང་ལྡན་པར་བྱ་བའི་ཕྱིར་ལྷའོ། །ལས་ལ་ནུས་མཐུ་ཡོད་པར་བྱ་བའི་ཕྱིར་དུས་ངེས་པའོ། །གཞུང་སྲོང་བར་བྱ་བའི་ཕྱིར་ལས་ཀྱི་རིམ་པའོ། །མཁའ་འགྲོ་མ་འགྲུབ་པས་ལས་འགྲུབ་པ་དང་། ལྟ་བའི་གོལ་ས་རྟག་ཆད་བསལ་བའི་ལྷག་པའི་ལས་སོ། །ཞེས་བསྟན་ནས་ཤེས་པར་བྱ་བ་བཅུ་གཅིག་བཀོད་ཀྱང་གྲལ་གྱི་གོ་རིམས་ཀྱི་འགྲེལ་པ་ནི་རེ་ཞིག་ཙམ་ཕལ་ཆེའི་དབང་ལས་མ་ངེས་པ་ཁོ་ནར་ནོར་དུ་མི་རུང་བར་བྱེད་དོ། །དེ་ལ་གནས་ལ་ངོ་བོ་དང་། དགོས་ཆེད་གཉིས་ཏེ། ངོ་བོ་ཆུ་གླིང་ལ་སོགས་ཏེ་ཞི་བའོ། །ནགས་ཚལ་རྒྱས་པ། སུམ་མདོ་དབང་། དུར་ཁྲོད་ངན་པ་དྲག་པོའོ། །དགོས་ཆེད་ནི་དེ་བཞི་ལ་ལས་བཞི་གྲུབ་པའི་ནུས་པ་རང་བཞིན་གྱིས་ཡོད་པའི་ཕྱིར་གཅེས་སོ། །རྫས་ནི་ལྔར་འདུས་ཏེ། མེ་ལྷའི་རྫས་གཉིས། བསྒྲུབ་པའི་རྫས། ལིངྒའི་རྫས། མཆོད་པའི་རྫས། གཏོར་མའི་རྫས། དེ་ལ་མེ་ལྷའི་རྫས་ནི། བསྲེག་ཤིང་ཡམ་ཤིང་གཉིས་སོ། །དེ་ལ་བསྲེག་ཤིང་ནི་ཤིང་གཅིག་ལས་ལ་དབྱེ་བ་དང་ཐ་དད་ལ་དབྱེ་བའོ། །དེའི་དགོས་པ་ནི། རང་བཞིན་གྱིས་ལས་གྲུབ་པའི་ནུས་མཐུ་དང་ལྡན་པའི་ཕྱིར་རོ། །ཆོས་མཐུན་པའང་བཤད་དེ་འོག་གི་ཕལ་ཆེ་བ་དགོས་པའང་མཐུན་ནོ། །ཡམ་ཤིང་ལ་ངོ་བོ་དང་དགོས་པའོ། །ངོ་བོ་ནི་ཤུག་པ་ཙནྡན་དཀར་པོ་ལ་སོགས་པ་གོ་སླའོ། །དགོས་པ་ནི་ལས་བཞིའི་ཡེ་ཤེས་ཀྱི་མེ་སྐྱེད་པའོ། །གྲུབ་པའི་རྫས་ནི། ལས་སོ་སོའི་ཆས་གོས་གཞུང་དང་མཐུན་པར་ཡང་གསུངས་ལ། ལིངྒའི་རྫས་ལ་སྤྱི་དང་ཁྱད་པར་རོ། །སྤྱིར་ནི་དྲི་མ་དྲུག་དང་གོས་ཟས་ནོན་ཏེ་གོ་སླའོ། །ཁྱད་པར་ནི་དེའི་སྟེང་དུ་དྲག་པོ་ལ་ནི་དུག །ཚ་བ་གསུམ་ལ་སོགས་པའོ། །དགོས་པ་ནི་མཆོག་ཏུ་གསོད་པར་བྱེད་པ་ཡིན་ཅེས་པའོ། །དབང་ལ་སྒྱུར་དགོས་པའམ་མཆོག་ཏུ་འགུགས་པའོ། །གཏོར་མའི་རྫས་ཀྱང་། ངོ་བོ་དང་དགོས་པའོ། །ངོ་བོ་ནི། ཞི་བ་ལ་འོ་མ་ལ་སོགས་པ་གོ་སླའོ། །དགོས་པ་ནི་གོང་དང་མཐུན་ནོ། །བསྲེག་རྫས་ནི། ངོ་བོ་དང་དགོས་པའོ། །ངོ་བོ་ནི་མར་དཀར་ལ་སོགས་པ་བཞི་གོ་སླའོ། །དགོས་པ་ནི། ཡེ་ཤེས་བདུད་རྩིར་ཕུལ་བས་མཉེས་པའི་མཆོག་ཏུ་གྱུར་པས་ལས་གྲུབ་པའོ། །འོ་ན་གཏོར་མའི་རྫས་དང་མཆོད་པའི་བསྲེག་རྫས་དེ་ལྷ་གང་ལ་དབུལ་ཞེ་ན། བསྲེག་རྫས་སྦྱིན་ལྷ་གཅིག་བུ་ལ ། བསྲེག་རྫས་གཏོར་མ་གཉིས་ནི་སྲེག་པའི་ལྷ་རྣམས་ལ་མཆོད་དོ། །མེ་ཐབ་བརྩིག་པའང་སྔོན་དུ་ལས་སོ་སོའི་དབྱིབས་དང་ཁ་དོག་དང་ཕྱག་རྒྱ་ལ་སོགས་པ་དགོད་ལུགས་དང་ཚད་དོ། །དེ་ནས་སྔོན་དུ་བྱ་བ་ནི། སའི་ཆོ་གའོ། །སོ་སོའི་དབྱིབས་ནི་ཞི་བ་ལ་ཟླུམ་པོ་དང་རྩིབ་བརྒྱད། རྒྱས་པ་ལ་གྲུ་བཞི་དང་རིན་པོ་ཆེ། དབང་ལ་ཟླ་གམ་དང་འདབ་བརྒྱད། དྲག་པོ་གྲུ་གསུམ་དང་ཁྲོ་ཞལ། ཁ་དོག་ལས་བཞི་ཀ་སྤྱི་དང་མཐུན། ཕྱག་རྒྱ་དགོད་ལུགས་ནི། ཞི་བ་ལ་རིམ་གསུམ་ལ་རྡོ་རྗེ་ནང་། བར་མ་ལ་འཁོར་ལོ། ཐ་མ་ལ་མེ་འོད། དེའི་ཕྱི་རིམ་ཟུར་བཞི་ལ་མདའ་བཞི། ཞགས་པ་དཀར་པོ། རྩིབས་བཞི་ལ་རིགས་བཞིའི་ཕྱག་རྒྱའོ། །མུ་ཁྱུད་ལ་ༀ་དང་སེང་མགོ་སྤེལ་བའོ། །ཤིང་ཡང་ཧོམ་ཐབས་ཀྱི་དབྱིབས་སུ་བརྩིག །མེ་དར་དཀར་པོས་དགབ་བོ། །རྒྱས་པ་རྡོ་རྗེ་ནང་རིན་ཆེན་ཞགས་པ་ཕྱེའོ། །མེ་དར་རིགས་དང་མཐུན། གོ་སླའོ། །དབང་ལ་རྡོ་རྗེ་ནང་པདྨ་ལྕགས་སྒྲོག་ཕྱེ་ལའོ། །འདབ་བརྒྱད་ཐ་མ་ལྗོན་ཤིང་ངོ་། །ཤིང་ལ་སོགས་པ་གོ་སླའོ། །དྲག་པོ་ལ་རྡོ་རྗེ་རྩེ་གསུམ་ནང་ཐོད་པ་བར་མ་ལ་ལྕགས་ཀྱུ། ཕྱི་རོལ་ཁྲོ་ཞལ། ཐ་མ་མེ་དཔུང་ངོ་། །དེ་དག་དབུས་རང་རང་གི་གཙོ་བོའི་ས་བོན་དགོད། ཚད་ནི་ཡར་བརྩིག་མར་བརྐོ་བ་ནི་ཁྲུ་ཕྱེད་ཕྱེད་དེ། བསྡོམ་པས་གང་ཕྲེད་དང་ཞེང་དུ་ཁྲུ་རེ་རེ། བང་རིམ་དབང་དང་ཞེང་དུ་སོར་གསུམ་གསུམ་དགོས་པ་མཐུན། གཟུངས་ནི་སོ་སོའི་དབྱེ་བ་དང་དགོས་པའོ། །དབྱེ་བ་བོང་ཆུང་ལུས་མཛེས་ལ་སོགས་པ་གོ་སླའོ། །མདོར་ཞི་བ་ལ་དུང་ཅན་མ། རྒྱས་པ་ལ་བ་གླང་ཅན། དབང་ལ་པདྨ་ཅན། དྲག་པོ་ལ་རི་མོ་ཅན། ཞི་བ་ལ་གཞོན། རྒྱས་པ་ལ་བུ་ཚ་མང་བ། དབང་བུ་མེད་དྲག་པོ་ཟླ་བྲལ་བའོ། །དགོས་པ་ནི་ལས་གྲུབ་པའི་ནུས་མཐུ་ཅན་ནོ། །གོ་སླའོ། །ལས་བཞི་གཙོ་བོའི་སེམས་བསྟན་པ་ནི། དོན་གྱི་སེམས་ཆེན་པོ་དང་། སྟོངས་ཀྱི་སེམས་སོ། །དོན་གྱི་སེམས་རང་རིག་མཐའ་རིལ་བྲལ་བར་རྟོགས་པ་དང་། རིག་པ་སྐུ་དང་ཡེ་ཤེས་ཀྱི་འབྲས་བུ་མ་བཙལ་བར་རྫོགས་པ་དང་། ཐམས་ཅད་བདག་ཉིད་ཆེན་པོར་རྟོགས་པ་དང་། དངོས་པོ་རིལ་མ་གྲུབ་པ་ཞིག་པས་མཐའ་མེད་པར་རྟོགས་པ་ནི་རིག་པ་གཅིག་ལ་རྫོགས་ཀྱང་སྐབས་ཀྱི་སྒོམ་པ་སྟེ་གཙོ་སེམས་སོ། །སྟོངས་ཀྱི་སེམས་ནི། དེ་ལྟར་རྟོགས་པས་དངོས་སུ་ཡང་ཤིན་ཏུ་ཡང་ང་བ་དང་དྭགས་པ་དགའ་བ་ཆགས་པས་གྲུབ་སྟེ། ལོག་རྟོག་ཁྲོས་པའི་སེམས་ཀྱིས་བསྐུལ་ཅེས་པའི་ཟུར་གྱི་བཞི་ཀ་ལ་སྦྱོར། དགོས་པ་མ་བཤད་དེ་མཐུན་ནོ། །བསྒྲུབ་བྱའི་ངོ་བོ་དང་དགོས་པའོ། །དེ་ལ་ཞི་བ་ནི། བདག་དང་གཞན་ལ་གནོད་པའི་སེམས་ཅན་རིགས་སྔགས་ཀྱིས་བསམ་པ་སྦྱོར་བ་ངན་པ་བྱེད་པ་རྣམས་དང་། གནོད་པ་མང་པོ་དང་སྡུག་བསྔལ་ལ་སོགས་པ་རྣམས་ཏེ། མདོར་བདག་གི་རྒྱུད་ལ་གནས་པའི་བསྒྲུབ་བྱ་དང་། དེ་ལས་གཞན་པ་སྟེ་ལས་བཞིར་སྦྱར་རོ། །དགོས་པ་ནི་དེ་དག་ཞི་བར་སྦྱར་ཏེ། བདག་གཞན་གཉིས་ཀར་སྦྱར་རོ། །རྒྱས་པ་ནི། སེམས་ཉིད་གཏེར་ཆེན་པོ་ནི་བདག་གི་རྒྱུད་ལ་ཡོད་པའི་བསྒྲུབ་བྱ་དེ། བྱིན་རླབས་འབྲེལ་པ་སྟེ། ཐམས་ཅད་ཐོབ་ཏུ་འདོད་པའི་རྒྱུའོ། །དེ་ལས་གཞན་པ་ནི་རེ་ཞིག་འཇིག་རྟེན་དང་། འདས་པའི་ཡོན་ཏན་ནོ། །དགོས་པ་འགྲེ་དབང་ལ། མོས་འདུད་མེད་པའི་གཟས་པ་བདག་གི་ལས་ལ་གྱུར་པ་དང་རྐྱེན་ལས་གྱུར་པ་ནི་གཞན་པའོ། །བདག་ཉིད་ཀྱི་རྟོག་པའི་དབང་དུ་བྱ་བ་ནི་རྒྱུད་ལ་ཡོད་པའོ། །དགོས་པ་ནི། བདག་གཞན་གྱི་དོན་གྱི་ཕྱིར་རོ། །དྲག་པོ་ཞིང་བཅུ་ལ་སོགས་པ་གཞན་པའོ། །བདག་གི་ལོག་རྟོག་ཞེན་པ་བསྒྲལ་བ་རྒྱུད་ལ་ཡོད་པའོ། །དེའི་དགོས་པ་བདག་གཞན་གཉིས་ཏེ། དཔའ་བོས་དགོས་པ་ཡོད་པའི་ཕྱིར། །ཅེས་པས་མངོན་ནོ། །བསྒྲུབ་བྱ་གཉིས་གཉིས་སུ་སྦྱར་བ་ནི། ལས་བཞིའི་སེམས་ག ཉིས་གཉིས་ཕྱིར་ཡང་བསྟན་ནོ། །ཕུར་པ་ནི་སྤྱི་དང་སྒོས་སོ། །སྒོས་ནི་དོན་བདུན་ཏེ། སོ་སོའི་ཕུར་པའི་རྒྱུ་དང་། ཕུར་པའི་དབྱིབས་དང་། རབ་གནས་དང་། བྱིན་གྱིས་བརླབ་པ་དང་། དགོད་གནས་དང་། ཕུར་པའི་གྲངས་དང་། གདབ་པའི་གནས་སོ། །དེ་ལ་རྒྱུ་ནི། ཞི་བ་ལ་དངུལ་ལམ་དཀར་པོའི་ཤིང་། དབྱིབས་ཟླུམ་པོ། རབ་གནས་ལྕིམ་ཞོག་བརྒྱད་ལ་ཏ་ཀྲིད་བརྒྱད། སྟེང་གི་རྒྱ་མདུད་ཧཱུྃ་ཀཱ་ར། འོག་གི་ཀ་མ་ལི་ཀུཎྜ་ལིའོ། །བྱིན་གྱིས་བརླབ་པ་ནི། སྟོད་བུདྷ་ཀཱི་ལ་ཡ། སྨད་ཕུར་པ་ཟླུམ་པོ་ལ་སྐུ་གསུང་ཐུགས་སུ་བརླབ་བོ། །དགོད་གནས་འབྲུབ་ཁུང་མཐའ་ལ་བསྐོར་རོ། །ཕུར་པའི་གྲངས་དྲུག་གོ། །གདབ་པའི་གནས་ཡན་ལག་ལྔ་སྙིང་དང་དྲུག་གོ། །དགོས་ཆེད་མཐུན་པས་མ་སྦྱར་ཏེ། གདབ་ན་གནས་ངེས་པ་དང་། གྲངས་ངེས་པའི་སྒོ་ནས་དགོས་ཆེད་དང་ནུས་པ་ཆེ་བར་སྦྱར་བ་དེ་ལས། དེ་བཞིན་དུ་གྲངས་མཐུན་ཏེ་རྒྱས་པ་ལ་རྒྱུ་གསེར་རམ་སེར་པོའི་དབྱིབས་གྲུ་བཞི། རབ་གནས་མཐུན། རཏྣ་ཀཱི་ལ་ཡར་བརླབ། འབྲུབ་ཁུང་གྲུ་བཞི། དགོད་གྲངས་བཞི། གདབ་པའི་གནས་ལྟེ་བ་སྙིང་ག་དཔྲལ་བའོ། །ཡོན་ཏན་ཞི་བ་ལ་སྦྱར་ན། འདིར་སྨོས་པ་ཀུན་ལ་དོན་བརྒྱད་དུ་སྦྱར་དུ་རུང་ངོ་། །དབང་ལ་རྒྱུ་ཟངས་སམ་དམར་པོ། དབྱིབས་ཟླ་གམ། རབ་གནས་མཐུན། པདྨ་ཀཱི་ལ་ཡར་བརླབས། དགོད་གནས་ཟླ་གམ་རྒུར་པོ་ལ་གསུམ། དྲང་པོ་ལ་གཉིས་ཏེ་ལྔའོ། །གྲངས་ཀྱང་ལྔའོ། །གདབ་གནས་ཀྱང་དབང་པོ་ལྔ་སྟེ་ལུས་ཀྱི་ལྟེ་བ་ལའོ། །དྲག་པོ་ནི་ལྕགས་སམ་ནག་པོའི་ཤིང་། དབྱིབས་ཟུར་གསུམ་མོ། །རབ་གནས་འདྲ། བརླབ་པ་སྟོད་བཛྲ་ཀཱི་ལ་ཡ། སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་མོ། །གདབ་གནས་ལུས་ངག་ཡིད་གསུམ་སྟེ་ལྟེ་སྙིང་ལྕེའོ། །སྤྱིར་ནི་ཕུར་པ་ལས་བྱེད་ཉི་ཤུ་རྩ་གཅིག་ཏུའང་གསུངས། ཞེས་སོ། །དེ་ལ་དྲག་པོ་གཅིག་ཕུར་སྨོས་པ་ཡོད་ན་གཞུང་མང་བས་མི་འགལ་ལོ། །ལྷ་ལ་དབྱེ་བ་དང་ངེས་ཚིག་གོ། །དེ་ལ་དབྱེ་བ་ནི། སྦྱིན་ལྷ་དང་སྲེག་ལྷའོ། །དེ་ལ་སྦྱིན་ལྷ་ཡང་ལས་ཀྱི་སྐབས་ཀྱི་བཞིར་སྣང་སྟེ། རིགས་བཞིའི་སྤྲུལ་པ་བཤད་པས་ཞི་བ་དཀར་པོ་གཡས་སུ་གནྡྷེ། གཡོན་དུ་ཀུན་བགྲང་ཕྲེང་དུ་མཐུན། རྒྱས་པ་སེར་པོ་གཡས་རིན་པོ་ཆེའི་སྒྲོམ་བུ། དབང་གི་དམར་པོ་གཡས་ཞགས་པ། དྲག་པོའི་གཡས་ཏྲི་ཤུ་ལ། སྲེག་པའི་ལྷ་ནི་དལ་གྱི་ལྷ་རྣམས་ཏེ། ཞི་བ་ལ་བུདྷ་ཧེ་རུ་ཀ་གཙོ་བོའི་ཐམས་ཅད་མདོག་དཀར་པོ་ཞི་བའི་ཚུལ་དུ་འདུག །དེས་གོ་སླ་སྟེ་དཀྱུས་ཉིད་ན་གསལ་ལོ། །ངེས་ཚིག་མེ་ལྷ་ནི། ལྷ་ཐམས་ཅད་ཞལ་ནང་དུ་གྱུར་པས་དང་པོར་མེ་ལྷ་ལ་ཕུལ་ནས་སྲེག་ལྷ་ལ་མཆོད་པ་བྱས་ཏེ། ཞལ་ཕྱིར་སྦྱིན་པའི་ལྷར་བཤད་དོ། །ཞེས་འབྱུང་། སྲེག་པའི་ལྷ་ནི་མེ་ལྷའི་ལྟོ་སྙིང་ལ་བསྐྱེད་པའི་རྩ་བའི་ལྷ་རྣམས་ཏེ། དེ་ཅིའི་ཕྱིར་ཞེ་ན། ལྷག་པ་གཟུགས་བརྙན་གྱིས་བསྲེག་པ་དང་། བདག་གཞན་གྱི་སྤྱོད་ཡུལ་དག་པར་བྱེད་པའི་བྱིན་གྱིས་རླབས་ཀྱིས་དག་པར་བྱ་བའི་ཕྱིར་རོ། །དུས་ནི་ངོ་བོ་དང་དགོས་པའོ། །ངོ་བོ་ནི་དབྱར་རྒུན་སྟོན་དཔྱིད་བཞིའོ། །སྔ་དྲོ་གུང་དང་དགོང་ནམ་ཕྱེད་དོ། །དེ་ལ་རིམ་བཞིན་ནོ། །དགོས་པ་ནི་རང་བཞིན་གྱིས་ཆོས་མཐུན་པས་རང་བཞིན་གྱི་གྲུབ་པའི་ནུས་མཐུ་ཡོད་པའི་ཕྱིར་རོ། །ལས་ཀྱི་རིམ་པ་ལས་གང་བྱེད་ཀྱང་། དང་པོར་མཐུན་པའི་གནས་བཙལ། དེར་རྫས་རྣམས་བསོག །ས་ཆོག་རྡོ་རྗེ་ལས་རིམ་བཞིན་བྱ། ཧོམ་ཐབ་བརྩིགས། ཤིང་གཉིས་བརྩིགས། མཆོད་རྫས་དགོད། མེ་དར་དགབ་འབྲུབ་ཁུང་བྱ། ལིངྒ་བཅས་ལ་མིང་བྱང་གླན་ལ་བཞག །ཕུར་བུས་བསྐོར། ཕྱི་རུ་ཆ་གསུམ་བཏང་། ནང་དུ་འདུས་ནས་མཚམས་བཅད། ལས་ཀྱི་ལྷ་བསྐྱེད་ལ་མཆོད་རྫས་བརླབ། དེ་ནས་ཆོ་ག་ལྟར་གཞུང་བསྲང་། ཛབ྄་བྱ། ཚོགས་བྱ། གྲུབ་ན་སྟན་གྷན་བྱ། ཛབ྄་བྱ། དེ་ནས། ཨེ་རཾ་ལ་སོགས་སྣོད་བཅུད་ལྷ་རུ་གསལ་བ་དང་། ལས་ལ་གཟུད། བདེན་པ་བདར་བ་སྤྲུལ་པ་དང་ཕོ་ཉ་དང་སྔགས་དང་ཏིང་ངེ་འཛིན་གྱིས་དགུག །ལན་བདུན་ཡན་ཆད་གསལ་གསལ་དུ་བྱ་ཞིང་། ལིངྒ་ལ་ཁ་ཕྱེ་ལ་བསྟིམ། ཕྱག་རྒྱ་བཞིས་བཅིང་གཏོར་མས་གདབ། དེ་ལས་གང་བྱེད་པའི་ཏིང་ངེ་འཛིན་གྱི་སྐབས་དང་སྦྱར་ཏེ། ཨེ་རཾ་བྃ་རཾ་ཡ་རཾ་མ་རཾ་ལ་སོགས་པ་དང་། ལྷ་དང་རྫས་ཀུན་གཞུང་ལྟར་རོ། །དེ་ནས་ཕུར་པ་བརླབ། གསལ་བ་གསུམ་དང་ལྡན་པ་ལས་གཞུང་བཞིན་དུ་གདབ། ཉུངས་དཀར་གྱིས་བྲབ། མཚོན་ཆས་གཏུབ། གནས་ཚུལ་བཞིན་སྦྱང་། བདག་ལས་ཀྱི་དཀྱིལ་འཁོར་གསལ་གདབ་མ་ཟུར་ཙམ་མཆོད། དེ་ནས་ལས་བཞི་གང་བྱེད་པའི་ཐབ་གཞལ་ཡས་དུ་བསྐྱེད་ལས་བཞི་གང་ཡང་རུང་བའི་མེ་ལྷའི་གདན་བཏིང་། དམ་ཚིག་གི་མེ་ལྷ་བསྐྱེད། ཡན་ལག་གི་ལྷ་དང་ལྡན་པར་བྱ། ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས། བསྟིམ་བརྟན་པར་བྱ། མེ་ལྷར་མཆོད་པ་རྒྱས་པར་བྱ། བསྟོད་པ་བྱས་ལ་ལས་བཅོལ་ལ་བཞག་གོ། །དེ་ནས་མེ་ལྷའི་ལྟོ་སྙིང་ལ་གཞལ་ཡས་བསྐྱེད། སྲེག་ལྷ་རྣམས་ལེགས་པར་བསྐྱེད། ཡན་ལག་གི་ལྷ་བསྒོམ། རང་བཞིན་དལ་ནས་སྤྱན་དྲང་བསྟིམ་བརྟན་པར་བྱའོ། །དེ་ལ་རྫས་རྣམས་ཐོག་ལ་བསྟོད་ཚིག་གིས་མཆོད་པ་རྣམས་ལུགས་བཞིན་འབུལ་ལོ། །གྲངས་ནི་ལྕོགས་ན་ལྷ་རེ་རེ་ལ་བརྒྱ་རྩ་བརྒྱད་དབུལ། དེ་མེད་ན་ལྷ་རེ་རེ་ལ་ལན་བདུན་ནམ་གསུམ་དབུལ། གཞུང་ལ་ལིངྒ་དུག་གསུམ་མཆོད་པ་དབུལ་ཏེ། ཚིག་བརྗོད་ལ་ཆེ་གེ་མོ་མཱ་ཱར་ཡ་ཕཊ། པ་ཤཾ་ཀུ་རུ་ལ་སོགས་པ་ལས་བཞི་གང་བྱེད་པའི་སྔགས་ཀྱིས་དབུལ་ལོ། །དེ་ནས་སྦྱིན་སྲེག་ཟིན་པ་དང་མཆེད་རྣམས་རྡོ་རྗེ་ལུ་གུ་རྒྱུད་དུ་སྦྲེལ་ལ། ཨེ་རཾ་ལ་སོགས་པ་ལས་བཞི་ཐབ་དང་འདྲ་བར་གསལ་གདབ། ལས་བཞི་གང་བྱེད་ཀྱི་ལྷ་བསྒོམ། བསྐུལ་ཚིག་དང་སྔགས་བརྗོད་ཅིང་བྲོ་གར་སྟབས་བྱ། བསམ་པས་ལས་གང་བྱེད་པའི་སྤྲུལ་པས་འཇིག་རྟེན་རྡུལ་དཀྲུག་ནས་བསྒྲུབ་བྱ་རང་དབང་མེད་པར་བདག་ཅག་གི་མདུན་དུ་བཀུག་སྟེ་བསྐུལ་ཚིག་སྔགས་གང་རུང་བརྗོད་ཅིང་འོད་ཟེར་བསྟིམ་པས་ཞི་བ་ལ་སོགས་པར་བསམ་མོ། །དེའི་རྗེས་སུ་མཐུན་པའི་སྨོན་ལམ་བྱའོ། །དེ་ནས་མེ་ལྷ་ལ་གཏང་རག་ཏུ་མཆོད། མེ་དེ་ནས་རབ་ཏུ་བསྐུལ། མཆོད། ཡེ་ཤེས་མེ་ལྷ་གཤེགས་སུ་གསོལ། དམ་ཚིག་མེ་ལྷ་འོད་དུ་ཞུ་ནས་བདག་ལ་བསྡུ་བར་བྱའོ། །བྲོའི་ཡོན་ཏན་ཞོར་ལ་བཤད་པ་ནི། ཁྲག་འཐུང་ཆེན་པོ་ཞེས་པ་ནས་མར་རོ། །ལས་བཞིའི་ཡོན་ཏན་ནི་སངས་རྒྱས་ཀུན་དང་མཉམ་པ་དང་ཞེས་པས་སོ། །ལྷག་མའི་ལས་ནི་ལྷག་ཕུད་བསྲེ་གཏོར་གཞོང་གཞལ་ཡས་ཁང་དུ་བསྐྱེད། དེར་བདག་རྩ་བའི་ལྷར་བསྐྱེད། མཁའ་འགྲོ་མའི་གདན་བཤམ། ལྕགས་ཀྱུའི་ཕྱག་རྒྱས་གནས་སོ་སོ་ནས་དགུག །ལས་བཞི་གང་བྱེད་པའི་གནས་དེ་རུ་འོངས་པ་དང་། ཟིལ་གྱིས་མནན་དབང་དུ་བསྡུས། ལྷག་མའི་ཁ་ཆུ་སྦྱིན། དམ་ཚིག་བསྒྲག །ལས་བཅོལ་ལ་རང་རང་གནས་སུ་དགྱེ། གཞོང་གཏོང་གི་དཀྱིལ་འཁོར་བསྡུ། ཚེ་བརྟན་པར་བྱ། སླར་ལོགས་པ་དང་། དཀྱིལ་འཁོར་བསྡུ། གོ་བགོ་ལུས་སྲུང་། དགེ་བའི་རྩ་བ་བསྔོ། སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་གནས་པར་བྱའོ། །བསྟན་པའི་སྙིང་པོ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། ངང་པས་འོ་མ་བླངས་པའི་དཔེ་བཞིན་དུ། །རྣམ་པ་ངེས་ཚིག་ཡོན་ཏན་གསུམ་དུ་བསྡུས། །དེ་ལ་བརྩམས་ནས་དྲི་མེད་བཤེས་གཉེན་གྱིས། །ལུང་དང་རིགས་པའི་རྗེས་སུ་བློ་ཞུགས་ཏེ། །སྦྱིན་སྲེག་ཁོང་དཀྲོལ་དོན་དུ་འགྲེལ་པ་བརྩམས། །དགེ་རྩ་ཇི་ཡོད་ཕྱི་རབས་དོན་དུ་བསྔོ། །དད་མེད་སེར་སྣས་བཅིངས་པ་རྣམས་དང་མ་འཕྲད་ཅིག །སྒྱུ་འཕྲུལ་སྦྱིན་སྲེག་གི་དོན་འགྲེལ་སློབ་དཔོན་གྱི་རྒྱལ་པོ་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། །།གུ་ཧྱ།། །།

གསང་བའི་ཐིག་པའི་མན་ངག་རོ་སྲེག་གི་ལས་ཕྲེང། སློབ་དཔོན་བི་མ་ལ་མི་ཏྲ།

གསང་བའི་ཐིག་པའི་མན་ངག་རོ་སྲེག་གི་ལས་ཕྲེང་། བཅོམ་ལྡན་འདས་ཐུགས་རྗེའི་འདྲེན་པ་བྱེད་པ་པོ་ལ་ཕྱག་འཚལ་ལོ། །སྒྱུ་འཕྲུལ་ཆེན་པོའི་རྒྱུད་དག་ལས། །རྟོག་པའི་དྲྭ་བ་སྲེག་པ་དང་། །བརྡོས་བྱས་ཐུགས་རྗེས་སྦྱང་བའི་ཕྱིར། །རོ་སྲེག་ལས་ཀྱི་ཕྲེང་བ་ཙམ། །རྟོག་པའི་དྲྭ་བ་བསལ་ནས་ནི། །སྐུ་ལྔ་ལྷུན་གྱིས་འགྲུབ་པར་ཤོག །དང་པོ་དེ་ཉིད་ལུས་བཞག་པ། །བགེགས་བསྐྲད་པ་དང་བཅས་པ་དང་། །གདགས་དང་སྦྱང་དང་དབང་བསྐུར་དང་། །ཐབ་ཁུང་སྲེག་ཁང་སློབ་དཔོན་དང་། །ལས་གཞུང་སྦྱིན་སྲེག་བསྡུ་བས་ཏེ། །ལྔ་གཉིས་གཅིག་གིས་དོན་རྫོགས་འགྱུར། །མདོར་བསྡུས་སྤྱི་ཡི་དོན་དུ་འདོད། །དེ་དག་རྒྱས་པར་བཤད་པ་ནི། །ཅི་ནུས་པ་ཡིས་རྣམ་པར་དབྱེ། །ཨེ་རཾ་ཁམས་གསུམ་མ་ལུས་ཀུན། །ཟ་བྱེད་འབར་བའི་དཀྱིལ་འཁོར་གྱིས། །ཁོག་སྲུངས་ལྷན་ཅིག་སྐྱེས་རྫོགས་ལ། །བདེག་དང་བསྣུན་དང་གཞོམ་པ་དང་། །འཕྲོས་སྟེ་རྟེན་ལ་གཉིས་མེད་བྱ། །སྲུང་བའི་འཁོར་ལོའི་ཆོ་ག་ཡིས། །དམ་ཚིག་སེམས་དཔའ་སྲུངས་ཏེ་བཞག །དེ་ལྟར་གྲངས་དང་ཞག་དུས་སུ། །ཡང་དང་ཡང་དུ་གནན་ཏེ་བྱ། །ཁྲུས་དང་རྒྱན་དང་བྱུག་པས་ཏེ། །ཕྱི་དང་ནང་གི་ལྔ་གཉིས་ལ། །བརྒྱ་པ་གཉིས་དང་དག་པ་ནི། །ཆུ་ལ་ལན་གྲངས་མང་བཟླས་ཏེ། །མཆོད་རྟེན་དེ་ལ་བཀྲུ་བར་བྱ། །མི་འཆི་བཅུ་ཕྱེད་སྤོས་མར་དང་། །དྲི་ཡིས་དེ་ལ་ཡང་དག་བྱུག །ཞུན་ཆེན་ལུ་བར་བཙེས་པ་ཡི། །རས་ཀྱིས་སྟེང་ནས་ཡང་དག་དཀྲི། །སྤོས་མར་ཐོར་ལྕོག་དེ་ལ་དཀོན། །མགུལ་དོ་རྒྱན་ཡང་གདགས་བར་བྱ། །ཕུང་པོ་ལྔ་ཡི་གནས་དག་དུ། །རྒྱལ་བ་རིགས་ལྔའི་ཕྱག་རྒྱ་དགོད། །རྩ་རུ་ཡུམ་ལྔའི་ཕྱག་རྒྱ་དགོད། །རྣམ་ཤེས་དབང་པོ་ཡུལ་རྣམས་སུ། །སེམས་དཔའ་སེམས་མ་འཛོམ་པ་དང་། །འཛོམ་པ་རིམ་པར་དགོད་དོ་ཞེས། །མཉམ་པའི་རྒྱུད་ལས་གསུངས་པ་ཡིན། །རྒྱུ་དྲུག་འཁོར་བའི་གནས་རྣམས་སུ། །ཐུབ་དྲུག་ས་བོན་དགོད་པ་ཡིན། །ཀུན་བཟང་ཡབ་ཡུམ་དེ་བཞིན་སྟེ། །སྡོང་བུ་རེ་ལ་ལྷ་རྣམས་ཀྱི། །མ་ནོར་རྩ་བའི་སྙིང་པོ་དག །རས་ཆེན་རྒྱུ་ལས་བྱས་ཏེ་གདགས། །མྱ་ངན་འདས་པར་གསུངས་པ་ཡིན། །རོ་ཡི་ཕྱི་རོལ་ཤུན་པ་ལ། །འགྲོ་དྲུག་ས་བོན་བཀོད་ནས་ནི། །འོད་ཟེར་འཕྲོ་འདུས་སྦྱོར་བ་ཡིས། །རིམ་གྱིས་སྦྱང་བའི་ལས་སུ་བྱ། །དབུ་རྒྱན་ཅོད་པན་འཕྲེང་བ་དང་། །རྡོ་རྗེ་དྲིལ་བུ་ལ་སོགས་པ། །དབང་མཆོག་བྱིན་ལ་སྟེགས་ལ་བཞག །དེ་ནས་མེ་ཐབ་ཙམ་བྱ་བ། །ཁྲུ་བཞི་དོ་ཡི་ཚད་བྱས་ལ། །མཐུར་དུ་བྱས་ཏེ་དཀྱིལ་འཁོར་དུ། །ཟ་བྱེད་དཀྱིལ་འཁོར་ཕྱག་རྒྱ་དགོད། །རྡོ་རྗེ་མེ་རིས་མཚན་པ་ནི། །ཐབ་ཁུང་ཡིན་པར་གསལ་བར་གསུངས། །ཕྱི་རོལ་ཀ་བ་བཞི་བཙུགས་ལ། །འོག་མ་སྒྲེངས་པས་སུམ་རྩེགས་བྱ། །བར་བ་ཤིང་གི་རྫས་དབུས་སུ། །པད་མ་འདབ་མ་བརྒྱད་པ་ལ། །ཁྲོ་བོ་བརྒྱད་ཀྱི་སྙིང་པོར་ལྡན། །དབུས་སུ་མེ་ཡི་ས་བོན་དགོད། །བཞིན་ཕྱོགས་ཤར་དུ་བསྟན་ཏེ་དགོད། །རོ་ལ་གཟུངས་ཐག་བཏགས་ནས་ནི། །བློ་གར་བཞི་ནས་དྲངས་བྱས་ལ། །བླ་མ་བཞི་ཡི་ཕྱག་དུ་གཏད། །སུམ་རྩེགས་ཡང་ཐོག་ཆེན་པོ་དེར། །རས་སམ་གྲོ་ག་ཤིང་ཤུན་ལ། །ཐུགས་རྗེ་དཀྱིལ་འཁོར་བཞི་བཅུ་གཉིས། །ལྡིང་བུར་བྱས་ཏེ་གདགས་པར་བྱ། །དེ་ནས་རྡོ་རྗེ་རྒྱལ་པོ་ཡིས། །རང་བཞིན་མེ་ཡི་འཕྲོ་འདུ་བྱ། །རྡོ་རྗེ་ཀར་མ་ལས་མཁན་གྱིས། །སྲུང་དང་སྐྲད་པ་ནས་རྩམས་ཏེ། །ལས་ཀྱི་ཕྲེང་བ་རྫོགས་པར་བྱ། །རྡོ་རྗེ་རྒྱལ་པོ་བླ་མ་ཡིས། །མཚམས་མེད་ལྔ་དང་ཉེ་བ་ལྔ། །ལྕི་བ་བཞི་དག་ལ་སོགས་པ། །རོ་ཡི་ཉེས་པ་བསྒྲང་ཞིང་བཤགས། །རྡོ་རྗེ་སྐབས་སྦྱོར་བླ་མ་དེས། །སྐབས་སྐབས་དག་ཏུ་མཆོད་པ་འབུལ། །བཀྲ་ཤིས་གནས་ཀྱིས་སྨོན་ལམ་བཏབ། །སྐབས་སམ་ཀུན་གྱི་འཇུག་ཏུ་གདབ། །རྡོ་རྗེ་གྲངས་ཀྱི་ལྟང་འཛིན་པས། །གྲངས་བཟུང་དཀར་བྱང་བླ་མར་དབུལ། །སྡིག་པའི་གནག་བྱང་བཤགས་ཤིང་སྲེག །བཟླས་བརྗོད་འཕྲོ་འདུས་རྟོག་ཚོགས་རྣམས། །སྦྱངས་ཏེ་རང་རང་ལྷ་རུ་བརླབ། །ཚོགས་དང་ཡོ་བྱད་མཆོག་པ་ཀུན། །རིམ་པས་མདུན་དུ་སྣང་བྱས་ལ། །དེ་ལས་རྃ་སྐྱེད་རྃ་ལས་མེ། །སྐྱེད་དེ་རང་བཞིན་སྤྱན་དྲངས་བསྟིམ། །ཨི་ལི་ཨུ་ལི་སྟ་པ་ཏིས། །ཚོགས་ཀྱི་མཆོད་པ་སྐབས་སུ་སྦྱར། །མཆོད་དང་བསྟོད་པ་རིམ་པ་བཞིན། །མེ་ཡི་ལྟོ་བར་གཞལ་ཡས་ཁང་། །ལྷ་དང་བཅས་པ་རིམ་པར་སྐྱེད། །གོང་གི་དཀྱིལ་འཁོར་གསལ་བཏབ་ལ། །གཉིས་སུ་མེད་པར་བསྟིམ་བྱས་ལ། །མཆོད་པའི་རིམ་པ་གོང་མ་བཞིན། །བསྟོད་པ་ལ་སོགས་དེ་དང་མཚུངས། །མེ་ཡི་ལྟས་དང་བཟང་དང་ངན། །རིམ་པ་བཞིན་དུ་བརྟགས་པར་བྱ། །དེ་ནས་རྡོ་རྗེ་བསྡུ་བ་ཡིས། །རིམ་པ་བཞིན་དུ་བསྡུས་བྱས་ལ། །དམ་པ་ཡིན་ན་སྐུ་གདུང་རྟག །ལྷག་མ་བསྡུས་ལ་མཆོད་རྟེན་ནམ། །སྐུའམ་གཙུག་ལག་ཞལ་ཞལ་ལམ། །ཐང་ཀའི་རི་མོ་བྱ་བའམ། །ས་དང་བསྲེས་ལ་རི་ལུ་བྱ། །སྦྱིན་སྲེག་བྱ་བས་མཁས་པས་བཤད། །དེ་ནས་བསྡུ་དང་ཕྱག་པ་དང་། །གཤེགས་སུ་གསོལ་བ་རིམ་བཞིན་བྱ། །ཚོན་རྩི་བསྡུས་ཏེ་རོལ་མོ་ཡིས། །རྒྱ་མཚོ་ཆེན་པོར་སྐྱལ་ཏེ་གཏང་། །འཁོར་བའི་སེམས་ཅན་ལོག་རྟོག་འཁྲུལ་བས་ཤིན་ཏུ་ཉོན་མོངས་བཅས་པ་དེ། དྲལ་ཅིང་སྲེག་དང་བརྡོས་བཅས་སྦྱང་ཕྱིར་དྲི་མེད་བཤེས་གཉེན་གདུང་བ་དག་གིས་ཀྱང་། སྒྱུ་འཕྲུལ་རྟོགས་དཀའ་རྔམ་པ་རྒྱ་མཚོའི་མཐའ་ཡས་རྒྱུད་ཆེན་ལས་པའི། ངལ་བའི་དགེ་རྩས་འགྲོ་དྲུག་རྒྱ་མཚོའི་སེམས་ཅན་བསྡོས་བཅས་འདི་ཀུན་ཟག་མེད་ཤོག །སྒྱུ་འཕྲུལ་དྲྭ་བ་རོ་སྲེག་ལས་ཀྱི་ཕྲེང་བ་རྫོགས་སོ།། །།སློབ་དཔོན་བི་མ་ལ་མི་ཏྲས་མཛད་པའོ།། །།

སྐུ་གདུང་ལས་ཀྱི་ཕྲེང་བ། སློབ་དཔོན་བི་མ་ལ་མི་ཏྲ།

སྐུ་གདུང་ལས་ཀྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གསང་བ་ཆེན་པོའི་རྒྱུད་དག་ལས། །སྐུ་གདུང་སྤེལ་མཆོད་རིམ་པ་ཞིག །བདག་གཞན་སྣང་དང་མི་སྣང་ཕྱིར། །ལེགས་པར་བསྡུས་ཏེ་བསྟན་པར་བྱ། ༈ །ཕ་དང་མ་ཡི་སེམས་ལྡན་མིས། །མཐའ་ཡས་བུ་ཡི་སེམས་བཞག་སྟེ། །ཚོགས་ཆེན་ཟུང་ལ་ལམ་བྱའི་ཕྱིར། །མི་རྟོག་ངང་དུ་རྟོག་མེད་འདུག །དེ་ལས་སྐད་ཅིག་ལས་ཀྱི་ལྷ། །གསལ་བྱས་ལྷ་དགུ་འམ་བཅུ་གཅིག་ལྡན། །འཕྲོ་འདུས་དབང་བྱིན་རློབ་པ་དང་། །གྲངས་ངེས་སྔགས་ཀྱི་ང་རྒྱལ་བསྐྱེད། ༈ །བ་མཱ་ཛཿདང་ཨེ་ཧྱ་ཧི། །སེ་གོལ་ཀྱོ་ག་ཏ་ཡིས་དགུག །ཛ་ཧཱུྃ་བྃ་ཧོཿས་ཐིམ་བྱས་ཏེ། །འབྲུ་བརྒྱད་སྔགས་ཀྱིས་བརྟན་པར་བྱ། ༈ །དེ་ལྟར་གསལ་བའི་རྣལ་འབྱོར་པས། །ཐུགས་ཀའི་ཧཱུྃ་གི་འོད་འཕྲོས་པས། །རྐོས་ཕོར་སྦྱངས་ལ་གནས་གདན་སྔགས། །བརྗོད་པས་གཞལ་ཡས་གདན་གསུམ་ལྡན། ༈ །འབྱུང་ལྔ་རྒྱུ་ཉིད་བྱིན་རློབ་པའང། །སྤྱི་དང་ཁྱད་པར་སྔ་མ་ཉིད། །ཁོང་སྟེང་རྒྱ་ལྡན་རྣམ་དག་སྔགས། །ང་རྒྱལ་ལྡན་བརྗོད་སྟོང་ཆེན་རྒྱུ། །ལྷུན་གྲུབ་ཅིར་བསམ་སྣང་བྱིན་རློབས། །ཕྱི་མ་ལྔ་ཡི་དབྱིངས་ཕྱུག་ལ། །ཁོང་སྟོང་རྒྱ་ལྡན་ༀ་བཱི་ར། །ཛཿདང་བཛྲ་སྭཱ་ཧཱ་ཡིས། །ཡེ་ཤེས་རྡོ་རྗེ་སྲོག་ལྡན་བྱ། །དེ་བཞིན་སྤྱན་མ་འདེབས་པའི་རྒྱ། །ༀ་དང་བཛྲ་ད་ར་ཛ༔ ཨ་དྷ་ར་ཀ་སྭཱ་ཧཱ་ཡིས། །སྔ་མ་བཞིན་དུ་བྱིན་རློབ་བོ། །མ་མཱ་ཀི་ལ་རྡོ་རྗེ་བསྡོམས། །མཐེ་ཆུང་བསྒྲེངས་ཏེ་ༀ་སྨི་རིན། །ད་ར་བཛྲ་སྭཱ་ཧཱ་ཡིས། །ཏིང་འཛིན་སྲོག་དང་ལྡན་པར་བྱ། །གོས་དཀར་ཁོང་སྟོང་སྦྱར་སྤྲོས་པས། །ༀ་དང་བཛྲ་ཨགྣེ་ཨ། ག་ཤ་སྭཱ་ཧཱ་གསང་སྔགས་ཀྱིས། །གོང་མ་བཞིན་དུ་བྱིན་གྱིས་རློབས། ༈ །སྒྲོལ་མ་ཐལ་མོ་སྦྱར་བྱ་ཞིང་། །ༀ་དང་བཛྲ་ཨ་ནི་ལ། པྲ་ཙ་ལ་མོ་ཧུ་ལི་རྒྱ། །ད་ར་སྭཱ་ཧཱས་བྱིན་གྱིས་རློབས། །ཤེས་རབ་གྲངས་འཛིན་ཐབས་ཀྱིས་གདབ། །ཧཱུྃ་དང་བཛྲ་དྷྲིཀ་མཱུྃ་དྷཱ། ཏྭེ་ཤྭ་ར་ཡི་སྔགས་བརྗོད་ཅིང་། །འབྱུང་ལྔ་ཡེ་ཤེས་རྡོ་རྗེ་ལ། །རྐོས་ཕོར་རེག་པས་གཞལ་ཡས་གདན། །ནང་ངོ་ཕྱི་རོལ་སྐུ་གཟུགས་དབྱིབས། །མི་བསྐྱོད་ཡབ་ཡུམ་འཁྲིལ་བཞུགས་པའི། །འོད་ཀྱིས་དོན་མཛད་ལྷ་ཆེན་བསྐོར། །དེ་ཉིད་འབྱུང་ལྔ་གང་ཡིན་མཁའ། །གང་བརླབ་རང་གིས་ལྷ་མོས་གང་། །སོ་སོའི་གསང་སྔགས་བརྗོད་བྱས་ཏེ། །སྲོག་ལྡན་རྣལ་འབྱོར་སྔ་མ་བཞིན། ༈ །ཕྲིན་ལས་ལྔ་རྣམས་གྲུབ་འདོད་ན། །རྒྱུ་ལྔ་བཞི་ལ་ལས་བརྩམས་པའང་། ༈ །གཞི་ལ་སྣང་མཛད་གསང་སྔགས་ལྡན། །ཤཱིནྟི་ཀུ་རུ་སྭཱ་ཧཱས་མཛེས། །ཆོས་སྐུ་ཐིག་ལེ་འོད་དཀར་གྱིས། །གཟས་བཀུག་གདན་བྱས་འོད་ཐིམ་ཞིང་། །རྒྱས་ལ་འབྱུང་ལྡན་ཡབ་ཡུམ་སྔགས། །པིཥྚཾ་ཀུ་རུ་སྭཱ་ཧཱ་ཡིས། །སྐུ་གདུང་སེར་སྐྱས་འོད་ཟེར་འཕྲོས། །བཀུག་གདན་འོད་ཐིམ་བདག་རྒྱས་བྱ། །དབང་ལ་རྟ་མགྲིན་མཐའ་ཡས་སྔགས། །ཆེ་གེ་ཝ་ཤཾ་ཀུ་རུ་ཡིས། །ཟླ་གམ་འོད་དམར་འཕྲོས་བཀུག་པས། །གདན་བྱས་འོད་བསྟིམ་དབང་དུ་བསྡུ། །དྲག་པོ་བཛྲ་ཧེ་རུའི་སྔགས། །ཆེ་གེ་གསོད་པའི་སྔགས་བརྗོད་པས། །ཆོས་སྐུ་གྲུ་གསུམ་འོད་ནག་གིས། །བཀུག་ཅིང་འོད་བསྟིམ་བསྒྲལ་བར་བྱ། ༈ །དོན་ཡོད་གྲུབ་པའི་རྣལ་འབྱོར་རམ། །ཆོས་སྐུ་ལྷུན་གྲུབ་ལ་གནས་བྱ། ༈ །ཆོས་རྣམས་རང་སྤྱི་རྟོགས་འདོད་པས། །མཐའ་ཡས་རྣལ་འབྱོར་རྟེན་འབྲེལ་སྔགས། །འོད་ཀྱིས་སྒྲིབ་སྦྱངས་རྟོགས་སྐལ་ལྡན། །ནང་གདན་གཙོ་བཞུགས་ཀུན་ལའོ། ༈ །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ལྷ་དེ་ཉེ་བར་བསྒྲུབ་པ་ན། །ལྷ་ཡི་འབྲིང་པོ་བྲིས་བཅུག་བརྗོད། །ལྷ་དེ་ཉེ་བར་འགྲུབ་པར་འགྱུར། །འཇིག་རྟེན་ལྷ་དེ་དབང་མེད་དགུག །མཆོད་སོགས་རྫོགས་ལ་ལས་བྱའོ། ༈ །གང་ཞིག་འཕོ་བའི་དོན་བྱེད་པའང་། །གང་གོམས་ལྷ་ཡི་རྣལ་འབྱོར་པས། །གདབ་བྱ་ཐ་མ་གཉིས་མཐའ་རུ། །སརྦ་ཏིརྻ་ག་ཏེ་ཧཱུྃ། ཕཊ་བརྗོད་དུད་འགྲོའི་རྒྱུད་སྦྱང་ངོ་། །པ་ཙ་གཉིས་དང་སརྦ་པྲེ་ཏ་ག །ཏེ་ཧཱུྃ་ཕཊ་ཀྱིས་ཡི་དྭགས་རྒྱུའོ། །ད་ཧཱ་གཉིས་དང་སརྦ་ན་ར་ཀ །ཧེ་ཏུྃ་ཧཱུྃ་བརྗོད་འོད་འཕྲོས་པས། །སྔར་བཞིན་བཀུག་ལ་འོད་ཀྱིས་སྤྱད། །ཡང་ན་མི་བསྐྱོད་རྣལ་འབྱོར་ལྡན། །རྒྱུན་གཅོད་སྔགས་ཀྱིས་སྦྱང་བར་བྱ། ༈ །དེ་ནས་སྐུ་གདུང་བྱིན་རློབ་སྟེ། །ཆོས་ཀྱི་སྐུ་རུ་བྱིན་གྱིས་རློབ་པ་ནི། །རྡོ་རྗེ་བསྡམས་པ་ལས་མཐེ་བོང་བརྩེགས་ཏེ། ༀ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད྄ཏ྅྅྅། ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཞེས་བརྗོད་དེ་ཆོས་ཀྱི་སྐུར་བྱིན་གྱིས་རློབ་བོ། ༈ །རྒྱུ་འབྲས་ཀྱི་ཆོས་སྤྱིའི་སྔགས་རྒྱས་བྱིན་གྱིས་རློབ་པ་ནི། ཕྱག་རྒྱ་དེ་ཉིད་ལས། ༀ་བཛྲ་ཀུ་ཤ་སྨྲྀ་ཏ་ཨུ་པ་སྠ་ས་མ་ཡ་ཀ་ས་ད་རི་དྷི་ཨིནྟྲ་བ་ལ་བྷོ་དྷི་ཨ་གཱརྻ་མརྒ་པ་རི་པུརྞ་བེ་ཎི་ཀ་ཀུ་རུ་སྭཱ་ཧཱ། ཞེས་རྒྱུ་ཡི་ཆོས་ཀུན་རྫོགས་པར་བྱིན་གྱིས་རློབ། ༈ །འབྲས་བུའི་ཆོས་རྫོགས་པར་བྱིན་གྱིས་རློབས་པ་ནི། མཉམ་པའི་ཕྱག་རྒྱ་འོད་འཕྲོ་བར་བྱས་ལ། ༀ་བཛྲ་ཛྙཱ་ན་པཉྩ་ཀ་ཡ་གུ་ཎ་གརྦྷ་སུ་མི་ཏྲ་ཤ་ཏྲི་ནི། ཀུ་རུ་སརྦ་ཛྙཱ་ན་ཝཀ་ས་མ་ཏཱ་ཡ་ཨ་མོ་གྷཱ་ཡ་སྭཱ་ཧཱ། ཞེས་བརྗོད་པས། སྐུ་དང་ཡེ་ཤེས་སུ་གསལ་བ་ལ་འབྲས་བུའི་ཆོས་རྫོགས་པར་བྱིན་གྱིས་རློབ་བོ། །དེ་ལ་རང་བཞིན་རབ་གནས་པའང་། སྤྱན་ལས་བྱས་པ་བརྒྱ་རྩ་བརྒྱད། །སྟོང་ཁྲི་འབུམ་སོགས་འབད་བྱས་ལ། །རབ་གནས་སྦྱིན་སྲེག་རྒྱས་པར་བྱ། །ཡི་དམ་ནར་མའི་སྦྱོར་བ་ལས། །རང་བཞིན་མཆོད་རྟེན་ལྷར་བཅས་པ། །སྙན་དབབ་སྤྱན་དྲངས་བསྟིམ་བརྟན་བྱ། །སྔོན་བཞིན་བྱས་ལ་ཕྱག་གིས་མཆོད། །ཨ་ཏི་པྲ་ཏི་པུ་ཧོཿཡིས། སྤྱི་དཔྲལ་ཕྱག་དང་ལན་རྫོགས་བྱ། །ཀུན་བཟང་མཆོད་པ་ནམ་མཁའ་མཛོད། །སྔགས་དང་ཕྱག་རྒྱས་མཆོད་པ་བྱ། །བཟེད་ཞལ་རྒྱ་ལྡན་ཨ་ཧ་རས། །ཕྱག་དང་ཞབས་བསིལ་གསོལ་བར་བྱ། །ལྷ་མོ་བཞི་ཡི་སྔགས་ཕྱག་རྒྱས། །སྤྱན་ཤངས་སྐུ་ལ་ཐིམ་པ་བྱ། །ༀ། འཇིག་རྟེན་བརྟན་གཡོ་ཐམས་ཅད་ཀུན། །རང་བཞིན་དཀྱིལ་འཁོར་གནས་མོད་ཀྱང་། །གཟུང་འཛིན་རྣམ་རྟོག་ཞགས་པ་ཡིས། །རང་གི་སྒྲིབ་ཤིང་བདག་ཏུ་བཅིང་། །ཀུན་གྱིས་ཡང་དག་རྟོགས་བྱའི་ཕྱིར། །དེ་བཞིན་ཆོས་སྐུའི་གཟུགས་བརྙན་བསྟན། །རྟོག་དང་མི་རྟོག་རང་རིག་དང་། །ཡང་དག་ཐབས་ཆེན་རྫོགས་པའི་དོན། །སྣ་ཚོགས་ཕྲིན་ལས་རྣམ་པར་རོལ། །དོན་གྱི་སྙིང་པོ་མཆོག་རྣམས་དང་། །བྱང་ཆུབ་མཆོག་རྣམས་རབ་ཏུ་རྫོགས། །འཇིག་རྟེན་གཙོ་མཆོག་རྣམས་ཀྱིས་བསྐོར། །ཨ་ཧོཿཐལ་སྦྱར་བརྗོད་དེ་ཀ་ཡ་ཝཀ །ཙིཏྟ་ཏིཥྛ་བཛྲས་བརྟན། བདག་གཞན་གཉིས་ཀའི་དོན་གྱི་ཕྱིར། །འཁོར་ལོ་ངང་མཆུའི་རང་བཞིན་དུ། །བཀའ་ཡི་བཅུད་བསྡུས་བསོད་ནམས་ཀྱིས། །མཐའ་ཡས་སེམས་ཅན་འཚང་རྒྱ་ཤོག །སྐུ་གདུང་ལས་ཀྱི་ཕྲེང་བ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་བི་མ་ལས་མཛད་པ་ལོ་ཙཱ་བ་གཉག་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །མངྒ་ལམ།། །།

རབ་གནས་ཧོམ་ལུ་གུ་རྒྱུད་རྫས་འཇུག་པའི་ལས་རིམ། སློབ་དཔོན་བི་མ་ལ་མི་ཏྲ།

བི་མ་ལའི་རབ་གནས། ཧོཾ། ལུ་གུ་རྒྱུད། རྫས། འཇུག་པའི་ལས་རིམ་རྣམས་བཞུགས་སོ། །རྒྱན་དགྲམ་མཆོད་པ་བཤམས་པ་དང་། །རྒྱས་པའི་སྦྱིན་བསྲེག་ཤར་དུ་བཏང་། །མེ་ལོང་ནང་གི་གཟུགས་བརྙན་ལ། །བ་ཡུ་ལྔ་དང་མར་ཁུ་དང་། །ཤིང་ཤུན་ཕྱེ་མ་ལྔས་བྱུགས་ཏེ། །དྲི་ལྔའི་ཆུ་ཡིས་ངད་བསྐྱེད་ལ། །མཚམས་ནས་བསྒོམ་པའི་དགོས་ཆེད་བར། །ཞི་བའི་ལས་བྱང་གཞུང་དུ་བསྙག །དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ། །སྟོང་པ་ཆེན་པོའི་ཏིང་འཛིན་གྱིས། །སྤྱོད་ཡུལ་ཡོངས་སུ་དག་པར་སྦྱངས། །ཀུན་ཏུ་སྣང་ནས་ལྷ་བསྐྱེད་བར། །རོལ་མོ་ལྟ་བུའི་ཏིང་འཛིན་བསྒོམ། །དཀྱིལ་འཁོར་སྣ་ཚོགས་བསྐྱེད་པའོ། །ཡན་ལག་ལྷ་བསྐྱེད་བུམ་ཆུ་རྣམས། །དབུས་སུ་བསྡུས་ཏེ་ཡེ་ཤེས་ལྔས། །དབང་བསྐུར་བྱིན་གྱིས་བརླབ་པ་རྣམས། །བུམ་ཆུས་མེ་ལོང་གཟུགས་བརྙན་ལ། །དབང་གི་ལག་ལེན་བཞིན་དུ་བྱ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟིམ། །ཐུར་མ་སྙན་གཞར་སྨད་ཚེར་དང་། །ལྗགས་བཞར་སོ་ཤིང་སོ་མང་དང་། །ཆན་པས་དབང་པོའི་སྐྱོན་བདུན་བསལ། །དབུ་རྒྱན་སྙན་ཆ་ཅོད་པན་དང་། །མགུལ་ཆུ་ཕྲེང་བ་དཔུང་རྒྱན་དང་། །ཕྱག་གདུབ་ཞབས་གདུབ་དོ་ཤལ་དང་། །ན་བཟའ་ཤམ་ཐབས་སྐུ་རེག་དང་། །སེམས་ཅན་གདན་དང་རིན་ཆེན་ལྔ། །ཉི་ཟླ་པདྨ་འོད་ཟེར་དང་། །རྒྱབ་བརྟེན་ཟླ་བའི་དཀྱིལ་འཁོར་དང་། །བཅོ་བརྒྱད་རྒྱན་གྱིས་མཛེས་པར་བྱ། །སྐུ་མདོག་དབུ་གསུམ་ཕྱག་དྲུག་དང་། །ཞབས་བཞི་གདན་ལྗགས་མཆེ་བ་དང་། །རལ་པ་སྨིན་མ་ཕྱག་མཚན་དང་། །དགུ་ཡིས་ཆེ་བའི་མངའ་གསོལ་ལོ། །ཡང་ན་མངའ་གསོལ་རྒྱན་གྱིས་མཛེས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟིམ། །ཕྱག་བཙལ་དམ་བཅའ་ཕྱག་རྒྱ་དང་། །ཀུན་བཟང་ཕྱག་རྒྱ་ཞབས་བསིལ་ཚེ། །ཆུ་གཙང་སྲུ་ཆབ་འདག་ཆལ་དང་། །འབྲུ་སྤོས་སྨན་དང་རིན་ཆེན་ཆུས། །ཁྲུས་གསོལ་རས་ཀྱི་སྐུ་ཕྱིའོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །བདུད་རྩི་གསང་མནན་གཏོར་མ་དང་། །ལྷག་པ་ཏིང་འཛིན་སྦྱོར་དང་སྒྲོལ། །འདོད་པའི་ཡོན་ཏན་གླུ་ཡེ་ཤེས། །བྲོ་གར་ཡེ་ཤེས་སུ་ར་ཏོ། །བཅུ་དྲུག་གར་གྱི་མཆོད་པའོ། །ལྷབ་ལྷུབ་རྔ་དང་བ་དན་དང་། །ཕུལ་ཞིང་བྲན་ཕོ་བྲན་མོ་དང་། །བུ་དང་བུ་མོ་ཆུང་མ་དང་། །རོལ་མོ་ཡེ་ཤེས་མཆོད་བཤགས་དང་། །སྨོན་ལམ་འདོད་དོན་གསོལ་བ་གདབ། །ཚོགས་ཀྱི་མཆོད་པ་གཞུང་བཞིན་དབུལ། །ཆོ་ག་དེ་དག་ལས་མཁན་དང་། །བླ་མས་གྱེར་ལེན་བསྣོལ་མར་བྱ། །དེ་ནས་བདེན་པའི་བྱིན་རླབས་ཀྱིས། །བརྟན་པར་བཞུགས་སུ་གསོལ་བ་ནི། །བླ་མས་རྡོ་རྗེ་ཉུངས་དཀར་ཐོགས། །སློབ་མས་མེ་ཏོག་ཐོགས་ནས་ནི། །བདེན་པ་བརྒྱད་ཀྱིས་ཡུན་རིང་དུ། །བཞུགས་པར་གསོལ་བ་གདབ་པར་བྱ། །འབྲུ་བརྒྱད་སྔགས་ཀྱིས་བརྟན་བྱས་ཏེ། །ཉུངས་དཀར་མེ་ཏོག་དོར་བྱས་ནས། །ཡོན་བདག་སློབ་མས་བསྐོར་བར་བྱ། །ཕྱག་བཙལ་མི་འབྲལ་མངོན་གྱུར་པར། །བླ་མས་སྨོན་ལམ་གདབ་པར་བྱ། །རབ་གནས་ལས་ཀྱི་རིམ་པ་རུ་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ། ༈ །བྲི་འམ་བརྩིགས་པའི་ཐབས་བཅས་ལ། །བསྲེག་ཤིང་བརྩེགས་ལ་མེ་དར་དགག །མདའ་བཞི་དང་ནི་ཞགས་པ་བྲི། །ཆ་གསུམ་གཞུང་སྲོང་ཛབ྄་ཚོགས་དག །རྫོགས་ནས་ལྷག་པ་རྫས་ཀྱི་ལས། །བྱས་ཏེ་ཧོམ་གྱི་ལས་རིམ་ནི། །ཐབས་གསང་དེ་ལྷའི་གཞལ་ཡས་བསྐྱེད། །དེ་ནང་རྡོ་རྗེའི་བྲག་སྟེང་དུ། །ར་སྐྱེས་སྒ་གོང་ཉི་ཟླའི་སྟེང་། །ས་བོན་ལས་ནི་དམ་ཚིག་གི། །མེ་ལྷ་མདོག་མཚན་ལྡན་པ་བསྐྱེད། །དབང་བསྐུར་བྱིན་རླབས་མདོག་མཚན་ལྡན། །ཡེ་ཤེས་མེ་ལྷ་སྙན་དབབ་དྲངས། །བསྟིམས་ཏེ་བརྟན་པར་བཞུགས་པ་ལས། །ཐུན་མོང་མཆོག་དང་སྦྱིན་བསྲེག་དབུལ། །བསྟོད་པ་བཟོད་གསོལ་འདོད་པའི་དོན། །གསོལ་གདབ་ལས་བཅོལ་མེ་མཆོད་དོ། །བསྲེག་ལྷ་མཆོད་ལུགས་རྣམ་གསུམ་ལས། །ཕྱག་ཚད་དབང་པོ་མ་ཡིན་ཏེ། །མེ་ལྷའི་ལྟོ་བར་གཞལ་ཡས་ཁང་། །ལྷ་དང་བཅས་པ་རྫོགས་ཚུལ་སྐྱེད། །ཡན་ལག་ལྷར་ལྡན་ཡེ་ཤེས་པ། །དབབ་དྲངས་བསྟིམས་ཏེ་བརྟན་པ་ལ། །ཕྱི་ཡུལ་མཆོད་དང་སྦྱིན་བསྲེག་ནི། །ཚིག་གིས་བསྟོད་ལ་སྔགས་ཀྱི་དབུལ། །དགོས་སྨོན་སྐབས་ལ་སྤྱི་སྨོན་འཇུག །དུག་གསུམ་མཆོད་པའང་དེ་བཞིན་ནོ། །ལྷག་པ་ཧོམ་གྱི་ལས་རིམ་མོ། ༈ །སྲིན་ལག་ལུ་གུ་རྒྱུད་སྦྲེལ་ཏེ། །གཞལ་ཡས་ཁང་དང་ལྷ་བསྐྱེད་ནས། །བྲོ་ཡི་ཚིག་དང་སྔགས་བརྗོད་དེ། །གར་སྟབས་སྐྱོད་ནས་སྤྲུལ་པ་སྤྲོ། །ཞིང་གཡོས་འགོ་བའི་ལྷ་དང་ཕྲལ། །བཀུག་བསྟིམས་བཟས་པར་གསལ་བ་ལ། །གནས་གསུམ་འོད་ཐིམ་འདོད་གྲུབ་པས། །རྗེས་སུ་མཐུན་པའི་སྨོན་ལམ་གདབ། །ལུ་གུ་རྒྱུད་ཀྱི་ལས་རིམ་མོ། །ཨཐྎ། ༈ །སྔོན་དུ་དམིགས་པའི་རྟེན་བཅས་ཏེ། །ཐོད་པར་བཅུག་ལ་འབྲུབ་ཁུང་བཞག །ཁ་ཡི་བལྟ་ཕྱོགས་ཆས་གོས་དང་། །ལས་ཀྱི་དཀྱིལ་འཁོར་བསྐྱེད་ནས་ནི། །ལས་ལ་གཟུད་ཅིང་བདེན་པ་བདར། །སྤྲུལ་པ་སྤྲོས་ཏེ་ཕོ་ཉས་དགུག །དབྱེ་བསྟིམ་རྒྱ་བཞིས་བཅིང་བསྡམས་བྱ། །བཟས་པར་གསལ་བ་གཏོར་མས་བཏུག །ཕུར་པའི་རྒྱུད་དབྱིབས་གྲངས་བྱིན་རླབས། །གནས་གདབ་ཁྲུས་ལུང་ཚེ་ལུང་དང་། །གཉན་པོ་རང་བྱུང་ཁྲོ་བོས་བསྒྲལ། །ཉུངས་དཀར་གྱིས་ནི་ཐུགས་དམ་བསྐུལ། །དམ་རྒྱས་བཏུག་ཅི་རྒྱ་ཁྲམ་བརྡེག །ཤེས་པ་གནས་སྤར་རལ་གྲིས་གཏུབ། །མཚོན་ཆའི་ཆར་དབབ་ཕྱེ་མ་འམ། །རིལ་བུར་ལས་ཀྱི་དཀྱིལ་འཁོར་ལ། །བསམ་པས་དུག་གསུམ་མཆོད་པར་དབུལ། །སྟོབ་ཅིང་ཟད་པར་གསོལ་བར་བསམ། །ལྷག་པ་རྫས་ཀྱི་ལས་རིམ་མོ། །ཨི་ཐི། ༈ ཀུན་མཁྱེན་མི་ཕྱེད་བརྩེ་བའི་ཐུགས། །རྟོག་མེད་མོས་ལྟར་ཀུན་ཏུ་སྣང་། །ཐ་དད་གཅིག་བྲལ་རྒྱལ་བ་ལ། །གུས་པས་ཕྱག་འཚལ་དང་བས་འདུད། །ལྷག་པ་གཟུགས་བརྙན་དཀྱིལ་འཁོར་དུ། །འཇུག་པའི་ལས་རིམ་བྲི་བར་བྱ། །སློབ་དཔོན་ཁྲུས་བྱས་ཆས་གོས་གོན། །དཀྱིལ་འཁོར་ཤར་སྒོར་གུས་པས་འདུག །སྙིམ་པར་རིན་ཆེན་མེ་ཏོག་ལྡན། །དཀྱིལ་འཁོར་གསལ་བྱས་བདུན་པ་ལྟར། །ཞུགས་པས་དཀྱིལ་འཁོར་ལྷ་རྣམས་དང་། །བདག་ཉིད་ཐ་དད་མེད་པའོ། །སློབ་མ་གཞུག་པར་གསོལ་བཏབ་པས། །ལྷ་རྣམས་འཛུམ་བྱས་གནང་ཐོབ་བསམ། །སློབ་མ་ཁྲུས་བྱས་གདོང་གཡོགས་ལྡན། །ཚིག་གིས་གསོལ་བཏབ་རུ་ཡིས་དྲི། །བུ་ཡིས་ལན་གདབ་ལས་མཁན་གྱིས། །ཚིག་གི་དཀྱིལ་འཁོར་དྲུང་དུ་བཀྲི། །སངས་རྒྱས་སློབ་དཔོན་སེམས་ཅན་ལ། །བྱིན་རླབས་སྣོད་དུ་རུང་བྱའི་ཕྱིར། །སྔགས་ཀྱི་ལུས་དབུལ་སྦྱིན་པར་བྱ། །ཚེ་སྦ་སྤྲུལ་སྤྲོ་བར་ཆད་བསྐྲད། །སྒྲིབ་པ་བྲལ་ནས་སེམས་ཉིད་ལ། །ཆོ་ག་གསུམ་གྱིས་ལྷར་བསྐྱེད་དེ། །གོ་བགོ་ལུས་སྲུང་སློབ་མ་ཡིས། །གསོལ་བཏབ་རུ་ཡིས་བདུད་རྩི་བླང་། །ཚིག་གིས་ཞུས་ཏེ་སྔགས་ཀྱི་སྦྱིན། །འཕྲོས་འདུས་བྱིན་བསྡུས་གཞི་མར་ཐིམ། །མཆོག་གསུམ་དམ་ཚིག་ཐོབ་པར་བསམ། །སྙིང་གར་རྡོར་བཞག་ཚིག་རུ་དབོག །ཙནྡན་ཆུ་དང་བདུད་རྩི་ལ། །ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དང་། །རྡོ་རྗེ་སེམས་དཔས་རབ་གནས་བྱ། །ཚིག་དང་སྔགས་སྦྱིན་སྙིང་གར་བཞག །འདི་ཕྱིའི་ལེགས་ཉེས་བྱེད་པར་བསམ། །སྣང་སྟོང་དབྱེར་མེད་དོན་རྟོགས་ནས། །སྤྱོད་པས་འཁོར་བའི་དངོས་པོ་ལ། །སྤྱད་ཀྱང་ཉེས་མེད་ཚོགས་འགྱུར་བསྒྲགས། །ཚིག་དང་སྔགས་ཀྱིས་མེ་ཏོག་དོར། །གང་ལ་ཕོག་པའི་ཡི་དམ་དབོག །སྔགས་ཀྱིས་དམ་དྲན་གཟུགས་སྐུར་བཞེངས། །སྤྱན་དྲངས་མཉེས་ལེགས་ཕྲིན་ལས་དག །གསོལ་གདབ་བསྟིམ་པས་ལྷར་གྱུར་ཏེ། །མཚན་གདགས་ནན་ཏན་བསྒོམ་བཟླས་བྱ། །ཚིག་དང་སྔགས་ཀྱིས་མིག་ཕྱེ་སྟེ། །མ་རིག་མུན་བསལ་རང་གནས་མཐོང་། །ལྷ་རྟོག་ངོ་སྤྲད་དཀྱིལ་འཁོར་བསྟན། །གྲོས་བྱ་ཡུན་གྱི་ཁས་བླངས་བྱ། །ཟག་བཅས་ཚོགས་སྦྱོར་ཞོལ་ཁང་གིས། །ཉོན་མོངས་གདུང་བའི་དམག་མི་བཟློག །མཐོང་སྒོམ་སྐས་ལ་འཛེགས་ནས་ནི། །ཀུན་མཁྱེན་མཁར་གྱི་སྟེང་དུ་ཕྱིན། །འཇུག་པ་ལས་རིམ་བི་མ་ལས་མཛད་པ་ཨི་ཐི། །མངྒ་ལཾ།། །།

རབ་གནས་ཀྱི་ཆོ་ག་རྣམ་པར་བསྲེས་པ་གསུམ་དང་སྦྱར་བ། སློབ་དཔོན་རྒྱལ་བ་བཟང་པོ།

༄༅ ། །རབ་གནས་ཀྱི་ཆོ་ག་རྣམ་པར་བསྲེས་པ་གསུམ་དང་སྦྱར་བ་ཞེས་བྱ་བ་བཞུགས། །རྒྱ་གར་སྐད་དུ། མཱ་ཡཱ་ཛྭ་ལ་སུ་པྲ་ཏིཥྛ་བི་དྷི་ཀྲ་མ་ན་མ། བོད་སྐད་དུ། སྒྱུ་འཕྲུལ་དྲྭ་བའི་རབ་ཏུ་གནས་པའི་ཆོ་གའི་རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་སྐུ་ལྔའི་བདག །འབྲས་བུ་ལྷུན་གྲུབ་འདུས་མ་བྱས། །རིག་འཛིན་རྡོ་རྗེ་འཛིན་པ་ལ། །གཉིས་མེད་རིག་པའི་བདེ་བས་འདུད། ༈ །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ། །ཇི་ལྟར་འདུལ་བའི་གང་ཟག་ལ། །དེ་ཡི་ཆོ་ག་ཤེས་བྱའི་ཕྱིར། །རབ་ཏུ་སྐུ་གསུང་ཐུགས་གནས་པ་མདོར་བསྡུས་བཤད། །སྒྱུ་གཞུང་དོན་ལ་གཉིས་ལས་མན་ངག་གི་དགོས་པ། འཕྲུལ་དྲྭ་བར་ལེགས་ཞུགས་ཏེ། །སློབ་དཔོན་མཉེས་པར་བྱས་པ་དང་། །དབང་རྣམས་རིམ་པར་ཐོབ་པ་དང་། །དོན་གཉིས་མངོན་འདོད་རྣལ་འབྱོར་པས། །དཀྱིལ་འཁོར་ལ་སོགས་ཐམས་ཅད་ལ། །བྱིན་རླབས་དབང་བསྐུར་བྱ་བའི་ཕྱིར། །ཇི་ལྟར་རིགས་པར་དག་ལ་འཇུག །རྫས་གང་གི་གནས་གང་ལ་གང་དག་དུས། །ཚུལ་ཇི་ལྟར་བྱས་པའི་ཡོན་ཏན་དང་། །ལས་སྐྱོན་དུ་རིམ་པར་བདུན་གྱིས་ཤེས་པར་བྱ། །དབང་ལྔ་རིམ་པར་ཐོབ་པ་དང་། །དབང་དང་རབ་གནས་ཀྱི་ལུང་ལྡན་ལས་ལ་ལྷག་ཆད་མེད། །ཏིང་འཛིན་ཡེ་ཤེས་རྐྱེན་ཐུབ་ཀུན་མཁས་གཡོ་སྒྱུ་མེད། །སྟོན་པའི་རྟགས་ཐོབ་ཏིང་འཛིན་དྲོད་ལྡན་པས། །ཇི་ལྟར་འོས་པ་བསྡུ་བར་བྱ། །དཀྱིལ་འཁོར་གླེགས་བམ་རྡོ་རྗེ་དྲིལ། །བྲིས་སྐུ་བྱས་སོགས་གང་ཡང་རུང་། །བུམ་པ་མཆོད་རྟེན་ལ་སོགས་པ། །དེ་ལྟ་དེ་ལྟར་དཔྱད་པར་བྱ། །གནས་ན་རིང་རྡོ་རྗེ་ནམ་མཁའ་འཁོར་ལོ་དང་། །ས་གཞི་པདྨ་ལྟ་བུའི་བདག་ཉིད་ཅན། །དགྲ་བགེགས་ཀྱི་བར་ཆད་མེད་ཅིང་དགའ་བ་རུ། །ཇི་ལྟར་དགའ་བ་དེར་བྱའོ། །ཉ་དང་བརྒྱད་དང་སྟོང་ལ་སོགས། །ར་བ་བཞི་དང་རྒྱལ་སོགས་དང་། །ཡོ་བྱད་འབྱོར་བར་གྱུར་པ་དང་། །བསྙེན་པས་རྟགས་ཐོབ་དུས་སུའོ། །ཇི་ལྟར་བྱ་བའི་ཐབས་ཉིད་ནི། །སྡུན་བྱ་རྫས་དང་སྦྱང་བ་དང་། །རློབ་དང་དབང་བསྐུར་རྫས་ལ་མཆེད་འབུམ། །བརྟན་བྱས་བཞུགས་པའི་མཚན་ཉིད་དོ། །དང་པོ་སྔོན་དུ་བྱ་བ་རྣལ་འབྱོར་དེ་ཉིད་ཀྱི། །དཀྱིལ་འཁོར་བསྡུས་རྒྱས་འབྲིང་སོགས། །བསྐྱེད་པ། དེ་ཉིད་ཀྱིས་མཆོད་བཟླས་ཏིང་འཛིན་རྟགས་ཐོབ་པས། །མདོ་གང་དུ་འཐད་རྒྱས་པའི་གནས་ཉིད་དུ། །དཀྱིལ་འཁོར་གྱི་ས་སྙམ་ལ་ས་ཆོག་སོགས་རྒྱས་པར་བྱ། །དེ་ནས་དཀྱིལ་འཁོར་ནས་གཉིས་པ་སྟ་གོན་བྱ། །དེ་ནས་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་ནམ་མཁའ་ལ་སྟེག་ལ་རྡོ་རྗེ་གོམ་ལྡན་པས། །གང་དེ་མི་འགོམ་སྟེང་དུ་བཞག །དེ་ནས་གཟུངས་ལྡན་ལས་བྱེད་པས། །ཐིག་གི་ལས་ལ་རབ་ཏུ་སྦྱར། །དེ་ནས་ཐིག་སྐུད་ཚོན་ཁ་དོག་ལྔ་ལྡན་པས། །ཉི་ཤུ་རྩ་ལྔའི་མཚན་ཉིད་ལས། །བྱིན་རླབས་གང་ལྟར་རིགས་པར་བྱ། །རྒྱན་ཕྲེང་བཟའ་བཏུང་རས་འཕན་སོགས། །རྒྱན་མཆོག་ལེགས་པར་དགྲམ་པར་བྱ། །དེ་ནས་ཕྱི་ནང་གསང་བ་མཚམས་བཅད་པ་ཡི། །བར་ཆད་བགེགས་བསལ་ལྷར་བདུད་རྩི་འབྱིན་པ་ཞེ་སྡང་རྡོ་རྗེར་གསལ་བས། །ཐུན་མོང་བཤགས་པ་དེའི་བྱིན་དབབ་སོགས་སྤྱི་ཡི་ལས་བྱས་པས། །སྐུ་གསུམ་ཏིང་འཛིན་ས་ལ་བསླབ་པར་བྱ། །སྤྲུལ་པས་མ་དག་པ་སྦྱང་ཞིང་རིམ་བྱིན་རླབས་བསྐྱེད་དེ། །གདན་བཀོད་དེ་སྟེང་རྒྱས་སྦྱར་ཏེ། །ནམ་མཁའི་དཀྱིལ་འཁོར་ཕབ་སྟེ་ཅིང་། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ལ། །བསྟིམ་ཏེ་མཆོད་པ་བཟླས་པ་བྱ། །སྲོག་ཐུན་བཞི་ལ་སོགས་པ་ལྡན་བཟླས་པ་ཚུལ་མཐུན་གྱི། །ཡན་ལག་ལྔ་ལྡན་བར་ཆད་མེད། །མ་ཡེངས་ངག་གིས་རྟག་ཏུ་འབད། །དེ་ཚེ་འབར་རྒྱ་རྫས་ལ་ཞལ་འཛུམ་སྒྲ་ལ་སོགས། །གལ་ཏེ་དབང་རབ་གནས་ཀྱི་གཅིག་པར་ལུང་སྟོན་སྣང་ཐོབ་ནས། །མཆོད་སྦྱར་དངོས་གྲུབ་བླང་བར་བྱ། །དེ་ནས་ཅི་རིགས་ལས་ལ་སྦྱར། །བཞི་པ་རྫས་དང་རབ་གནས་དང་། །མཆོད་པ་གསུམ་དུ་ཤེས་པར་བྱ། །སྐུ་དང་མཆོད་རྟེན་ཕྱག་མཚན་དང་། །གླེགས་བམ་རྡོ་རྗེ་དྲིལ་བུ་དང་། །དཀྱིལ་འཁོར་དབུ་རྒྱན་ཕུར་བུ་སྟེ། །གཞན་རྣམས་རྗེས་སུ་མཐུན་པར་བརྗོད། །བུམ་པ་ཆུ་དང་ཞོ་མར་དང་། །གཅི་བའི་གཅི་བ་ཤིང་ཤུན་ཡུངས་དཀར་ཉིད། །རིན་ཆེན་ཕྲེང་བ་དབུ་རྒྱན་དང་། །གདུ་བུ་དོ་ཤལ་སྐུ་རགས་དང་། །ཅོད་པན་ཞབས་གདན་དེ་བཞིན་ཏེ། །ཐུར་མ་སྙན་གཞར་སྨ་ཚེར་དང་། །ཆན་པ་ཚེམས་ཤིང་མེ་ཏོག་ཕྲེང་། །རས་དང་གདུག་པ་མར་མེ་དང་། །དྲི་ཆབ་དམ་རྫས་གཏོར་མ་དང་། །ཏ་ན་ག་ཎ་འདོད་ཡོན་ལྔ། །བླ་བྲེ་རྒྱལ་མཚན་བ་དན་གདུགས། །ན་བཟའ་ཁང་བུ་བཞུགས་ཁྲི་དང་། །གླིང་བཞིའི་དཀྱིལ་འཁོར་དེ་བཞིན་ནོ། །མཆོད་རྫས་རྒྱན་ཕྲེང་བཏུང་བ་དང་། །བཟའ་དང་བཅའ་དང་བགོ་བ་དང་། །རྟ་དང་བ་གླང་རིན་ཆེན་བདུན། །ཇི་ལྟར་འབྱོར་བའི་ཡོ་བྱད་དང་། །གཟུངས་མ་རིག་པ་ལས་བྱུང་བ། །མཆོད་པའི་རྫས་སུ་ཡང་དག་བཤད། །སྦྱང་བ་ཏིང་འཛིན་རྫས་དང་ནི། །སྔགས་དང་ཕྱག་རྒྱར་ཤེས་པར་བྱ། །ཏིང་འཛིན་ཆོས་དབྱིངས་ཡེ་ཤེས་སོ། །སྟོང་ཉིད་དྲན་པས་སྦྱངས་པ་ཡིན། །རྫས་ནི་བུམ་པའི་ཆུ་ཉིད་ཀྱིས། །བདུད་རྩི་འཁྱིལ་པའི་ཆུ་ཡིས་བཀྲུ། །ཞོ་མར་འོ་མ་ལྗིད་བར་སྦྱར། །འབྲུ་མར་བྱུག་ཅིང་བསྐུ་བར་བྱ། །དཀྱིལ་འཁོར་གླེགས་བམ་བྲིས་གཟུགས་ཉིད། །དངོས་ཡིན་གཟུགས་བརྙན་ལས་ཤེས་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ནི་སྭཱ་ཧཱ། དེ་ནས་སྣུམ་གྱིས་བྱུགས་པར་བྱ། །ཧཱུྃ་ཏྲཱཾ་ཧྲཱིཿཁཾ་ཞེས་བརྗོད་དེ། ཙནྡན་དཀར་དམར་ཨུ་དུམྦ། །ནྱ་གྲོ་ཏ་དང་པཪྤ་ཏ། །ཤིང་ཤུན་ལྔ་ཡིས་བཏབ་བྱས་ལ། །དེ་ནས་རས་ཀྱིས་ལེགས་པར་ཕྱི། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། དེ་ནས་ཡུངས་དཀར་རྒྱལ་པོ་ཡིས། །བར་ཆད་མ་ལུས་བསྐྲད་པར་བྱ། །སྟོང་ཆེན་ཐལ་མོ་ཁང་སྟོང་ཕྱག་རྒྱ་སྔགས་སྭ་བྷཱ་ཝ་ལྡན་པས། །དག་སྟོང་ཆེན་པོ་པ་བཞིན་དུ་དག་པར་སྦྱངས། །སྐུ་ནི་ལོངས་སྤྱོད་སྤྲུལ་པའམ། །སྦྱང་ནི་དེ་དག་ཉིད་དུ་རློབ། །མཆོད་རྟེན་རྒྱུ་འབྲས་ལྷུན་རྫོགས་ལ། །ལྷག་པའི་ལྷའམ་ཕྲིན་ལས་ཤིས་པའོ། །ཕྱག་འཁོར་ལོ་རིན་པོ་ཆེ་པདྨ་རལ་གྲི། མཚན་གོང་གི་མཐུན་པར་རློག །གླེགས་བམ་རྒྱལ་བ་དྲུག་ཆོས་སྐུ་ཀུན་ཏུ་བཟང་པོ་པའམ། །སྤྲུལ་པའི་ཡུལ་ཕ་རོལ་ཕྱིན་མ་སྒྲོན་མར་བརླབ་པར་བྱ། །རྡོ་རྗེ་དྲིལ་བུ་མི་བསྐྱོད་པ། །ཡབ་ཡུམ་འབྲེལ་པར་བྱིན་གྱིས་བརླབས། །དཀྱིལ་འཁོར་དེ་དག་ཉིད་དུ་སྟེ། །དབུ་རྒྱན་རྒྱལ་བ་ཡབ་ཡུམ་བཅུ། །ཕུར་པ་ཁྲོ་བོར་བརླབས་པ་སྟེ། །རྡོ་རྗེ་པདྨར་བྱིན་བརླབ་པ། །གང་ཡིན་བྱུང་བ་ཐུགས་ཀ་ནས་དེ་ལ་བསྟིམ། །ཡེ་ཤེས་དཀྱིལ་འཁོར་བསྟིམས་བྱས་ལ། །དཀྱིལ་འཁོར་ཉིད་འབྲས་བུ་མཐར་ཕྱིན་ཀྱང་ཐིམ་པར་བྱ། །ཕྱག་རྒྱ་བཞི་ལྡན་བསྟན་པ་ལ། །ངེས་སྐུ་གསུང་ཐུགས་ཀྱི་པར་གསལ་ལྡན་ཉིད་དུ་བརླབ། །དེ་ནས་སྒོ་གསུམ་འབྲུ་གསུམ་གྱིས། །སྐུ་གསུང་ཐུགས་ལྡན་པར་བྱིན་གྱིས་རླབས་ཉིད་དུ་བྱ། །ཕྱོགས་བཅུ་དུས་བཞི་སྤྱན་དྲངས་ལ། །ཕྱག་རྒྱ་བཞི་ལྡན་དྲི་མེད་བུམ་པའི་ཆུ། །ཡེ་ཤེས་ལྔ་ལྡན་དེ་ཡི་གནས་ལྔར་ཐིམ། །ཡེ་ཤེས་ལྔ་རྫོགས་ཉིད་དུ་བྱ། །དེ་ལ་ཕྱི་ནང་ཇི་སྙེད་མངའ་འབུམ་ཀུན་པའི། །དབང་རྫས་ཡེ་ཤེས་འདི་དབང་སྐུར་རྣམས་ཀྱིས་བུམ་པ་དང་དཀྱིལ་འཁོར་དབུས་ཀྱི་དབང་བསྐུར་ལ། །རང་རང་ལས་སྐུ་གསུང་ཐུགས་གང་བྱེད་པ་ཡི། །དེ་དང་དེ་ཡི་ནུས་པ་ཅན། །རེ་རེ་སྐུ་གསུང་ཐུགས་ལྡན་པས། །འགྲོ་བའི་དོན་བྱེད་ནུས་དབང་བསྐུར། །དབང་རྒྱས་སྦྱིན་སྲེག་རྒྱས་པར་བྱ། །སྤྲུལ་པ་མ་ཡིན་གཞན་དག་ལ། །ཡབ་ཡུམ་དབུ་རྒྱན་འབྲེལ་པ་ཉིད་དུ་བཤད། །ཐུན་མོང་དབང་སོགས་ཐུན་མོང་མ་ཡིན་པའི་མངའ་དབུལ་བ་མཐའ་ཡས་ལ། །རྫོགས་པར་བསྐུར་བར་བཤད་པ་ཡིན། །བདག་གཞན་དྲི་མ་དག་བྱའི་ཕྱིར། །རིན་ཆེན་བདུན་གྱི་བུམ་པས་བཀྲུ། །བདག་གཞན་དོན་དུ་ཐུན་མོང་མ་ཡིན་པའི་དབང་ཡང་བསྐུར། །མིག་སྨན་ཁཎྜ་བྱུགས་པས་སྤྱན་གསལ་དང་། །སྙན་གསལ་ཤངས་ཏོག་ལྗགས་འདྲིལ་གསལ། །སྤྲུལ་པ་ཉིད་ལ་ཤེས་པར་བྱ། །ལོངས་སྤྱོད་རྫོགས་སྐུ་ལ་རིན་ཆེན་ཕྲེང་བ་དང་། །གོང་དུ་བཤད་པའི་དབུ་རྒྱན་ལ་སོགས་རྫས་རྣམས་ཀུན། །དེ་ཡི་ཡོན་ཏན་རྫོགས་བྱས་ནས། །བདག་ཀྱང་དེ་འདྲ་བྱ་བའི་ཕྱིར། །ཏིང་འཛིན་ཕྱག་རྒྱ་སྔགས་ཉིད་དང་། །རྫས་ཀྱི་དེ་ལྟ་ཉིད་དུ་བྱ། །བདུག་པ་དྲི་ཆབ་མར་མེ་དང་། །དམ་རྫས་སྦྱོར་སྒྲོལ་འདོད་ཡོན་ལྔ། །དེ་ཉིད་ཡོན་ཏན་རྫོགས་པ་དང་། །བདག་གི་ཚོགས་གཉིས་རྫོགས་བྱའི་ཕྱིར། །རིམ་པ་ཉིད་དུ་དབུལ་བར་བྱ། །དེ་ནི་གོས་དང་དར་དང་འཕན། །དེ་ཡང་རིམ་པ་བཞིན་དུ་དབུལ། །ཕྱག་བསིལ་བདུད་རྩི་རྣམ་ལྔ་དང་། །སྦྱོར་སྒྲོལ་གཏོར་མ་རོལ་མོའི་སྒྲ། །འདོད་ཡོན་ལྷབ་ལྷུབ་བླ་བྲེ་གདུགས། །རིན་ཆེན་ཁང་བུ་མཛེས་པ་དང། །གླིང་བཞི་མཎྜལ་རྟ་བབས་ཞི་གཞལ་ཡས་ཁང་དང་བཅས་པ་བྱིན་གྱིས་བརླབས་ལ་དབུལ་རྒྱན། །ཡུལ་ཁང་རྟག་གླང་བྲན་འཁོར་ནོར། །བུ་དང་བུ་མོ་རང་ལུས་དབུལ། །ཚོགས་ཀྱི་དཀྱིལ་འཁོར་ལེགས་པར་བརྟག །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །མཆོད་གནས་ཉིད་དུ་ལེགས་པར་གཏད། །སྲུང་ཆོས་སྐྱོང་མ་བསྟིམས་ལ་རང་རང་དང་མཐུན་པ་མཆོད་བྱས་ལ། །སློབ་དཔོན་གྲོགས་དང་གཟུངས་མ་ཡིས། །རོལ་མོ་ཕྱོགས་བཅུ་དུས་བཞིའི་བསྟོད་པ་ཀུན་བྱས་ལ། །དཀྱིལ་འཁོར་དེ་ལ་བསྐོར་བར་བྱ། །དེ་ནས་དངོས་སམ་གྲིབ་མ་རུང་། །འགོམས་ན་རྒྱལ་བ་བསད་དང་མཚུངས། །དེ་ནས་རང་གི་སྔགས་བསླས་པས། །ཏིཥྛ་བཛྲས་བརྟན་བྱས་ལ། །ཇི་སྲིད་དགོངས་པའི་བར་དུ་ནི། །དེ་དག་བརྟན་པར་བྱས་པའམ། །ཡང་ན་རྫས་དེ་མ་བརླག་པར། །དེ་སྲིད་བརྟན་པར་བྱས་པའམ། །ཡང་ན་འཁོར་བ་གནས་པར་དུ། །ཐུགས་རྗེའི་དབང་གིས་བརྟན་པར་བཞུགས། །གལ་ཏེ་ཞིག་པར་གྱུར་པའི་རྡུལ། །དེ་སྲིད་རྒྱལ་བའི་གཟུགས་སྐུར་ངེས། །དེ་རེ་སྤྲུལ་པ་བསམ་ཡས་པ། །འདུལ་བའི་དབང་གི་བསམ་མི་ཁྱབ། །སྐུ་ཡི་ཕྱག་རྒྱ་ཆེན་པོ་ནི། །ཡང་དག་དབྱིངས་ལས་མ་གཡོས་ཀྱང་། །འགྲོ་བ་མ་ལུས་འདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །དེ་བཞིན་ཉིད་ལ་གཡོས་པ་མེད། །དཔེར་ན་མེ་ལོང་ཆུ་ཟླ་བཞིན། །དེ་ལྟར་ཀུན་ཏུ་སྣང་བྱས་ནས། །བདག་གཞན་དོན་དུ་འགྲུབ་པར་ཤོག །ཀཱ་ཡ་ཝཱཀྐ་ཙིཏྟ་ཏིཥྛ་བཛྲ། །དེ་ལྟར་གནས་པར་གྱུར་ནས་ཀྱང་། །འཁོར་བ་ཇི་སྲིད་བར་དུ་ནི། །རྒྱལ་བའི་གཟུགས་སྐུ་བསམ་ཡས་པས། །བསྟན་པ་ཆོས་ཀྱི་འཁོར་ལོ་ཡིས། །འགྲོ་དོན་ཀུན་ཏུ་གནས་པར་ཤོག །རྒྱལ་བ་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ལྟར་གནས་པར་བརྟག་པར་བྱ། །དེ་ནས་ལྷག་མ་བྱིན་བྱས་ལ། །བསྡུ་དང་གོ་བགོ་ལུས་བསྲུང་ལ། །རྒྱན་གྱི་ཏིང་འཛིན་ལྡན་བྱས་ལ། །སེམས་ཅན་བསྟན་པར་བྱ་བའི་གནས་པའི་མཚན་ཉིད། མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་བྱས་ཀྱང་། །རང་གི་རྣམ་རྟོག་སྒྲིབ་བྱས་ནས། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །འོན་ཀྱང་འཕེལ་འགྲིབ་བྲལ་བའི་ཕྱིར། །འཁོར་བ་སྲིད་དང་མྱ་ངན་འདས། །དེ་སྲིད་བར་དུ་རྟག་པར་གནས། །དེ་བཞིན་རྒྱལ་བའི་དཀྱིལ་འཁོར་ཡང་། །ཐུགས་རྗེ་རྒྱུན་དུ་གནས་གྱུར་ན། །ལས་དང་ཐུགས་རྗེ་འཕྲད་པ་ཡིས། །བསྐལ་པར་གནས་པ་སྨོས་ཅི་དགོས། །ཇི་ལྟར་ནམ་མཁའ་དག་པ་ལ། །གཟུགས་སྐུ་ཉི་མ་འབུམ་བརྡལ་བཞིན། །དེ་བཞིན་ཆོས་སྐུ་དག་པ་ལ། །གཟུགས་སྐུ་སྐྱེ་བ་བསམ་མི་ཁྱབ། །མཚན་དང་དཔེ་བྱད་ཐམས་ཅད་རྩད་དང་ལྡན། །གདུལ་བྱའི་བྱ་བ་ཚིམ་པར་དུ། །འཕོ་འགྱུར་མེད་པར་དེ་ལྟར་གནས། །དུས་རབ་གནས་ཀྱི་ཕན་ཡོན། ས་ལ་སོགས་པར་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་གྱུར་ན། །དག་པའི་ཡེ་ཤེས་ཏིང་ངེ་འཛིན་གསུམ་ཀྱིས་སྦྱངས་པས། །སྨོས་ཅི་དགོས་དེ་དེ་ཉིད་ཡིན། །ཡེ་ཤེས་དག་པའི་བྱིན་རླབས་དང་། །རྣལ་འབྱོར་ཏིང་འཛིན་མཐུ་བྱིན་དང་། །རྒྱལ་བ་བཞུགས་པའི་ནུས་མཐུ་ཡིས། །སྒྲིབ་པ་དག་ཅིང་ཚོགས་གཉིས་རྫོགས། །གང་འཆད་དེ་ཡི་དངོས་གྲུབ་ཐོབ། །སྒྲུབ་པ་མྱུར་ཞིང་ཚེ་ལ་དབང་། །མཐར་ནི་སྐྱེ་མེད་རྡོ་རྗེའི་སར། །འགྲུབ་འགྱུར་ཐེ་ཚོམ་མེད་ཅེས་བཤད། །ཐེག་པ་དམན་པར་མི་སྐྱེ་ཞིང་། །རྒྱལ་བ་ཀུན་གྱིས་དབང་བསྐུར་གྱུར། །དཀྱིལ་འཁོར་རྒྱས་པ་མ་བྱས་པའི་སྐྱོན་གཟུགས་སྐུ་ལ་སོགས་པ། །རབ་གནས་མཐུ་བྱིན་མི་གནས་པར། །བསྟོད་དང་བསྐོར་བ་མ་བྱས་པ། །གསོག་དང་བྲི་བའི་ནུས་མཐུ་མེད། །དེ་ཉིད་ངལ་བ་དོན་མེད་དེ། །རྣལ་འབྱོར་ཏིང་འཛིན་ལྡན་པ་ཡིས། །སྐུ་གཟུགས་བྱིན་རླབས་རབ་གནས་མེད་པ་ཡིས། །ཕྱག་འཚལ་མཆོད་པ་བརླག་པར་འགྱུར། །དེ་ཕྱིར་འབད་དེ་རབ་གནས་བྱ། །གང་དག་དཀྱིལ་འཁོར་ལ་སོགས་རྫས་ལ་བརྟེན། །དེ་ཡི་འབྲས་བུ་སྒྲུབ་པར་འདོད་པ་དེ་དོན་དུ། །ལུང་དང་རིགས་པ་དང་མན་ངག་ཚད་མ་གསུམ་ལྡན་པས། །སྒྱུ་འཕྲུལ་རབ་གནས་ཆོ་ག་ལེགས་བསྡུས་པས། །དེ་དོན་ནུས་མཐུ་ལྡན་པས་འགྲོ་བ་ཀུན། །ཡི་གེ་འཁོར་ལོ་ཚོགས་ཆེན་འགྲུབ་པར་ཤོག །སྒྱུ་འཕྲུལ་དྲྭ་བའི་རབ་གནས་ཀྱི་ཆོ་ག་རྣམ་པར་བསྲེས་པ་གསུམ་དང་སྦྱར་བ་སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ་རྫོགས་སོ། །སིདྡྷུ་རསྟུ།། །།

གནས་ཀྱི་གགས་སེལ་གཟེར་བཅོ་བརྒྱད་པ། དྲི་མེད་ཟླ་ཤར།

ཨ ཥྚ ད ཤ མཾ ཀི ལོ ནཱ མ སྠཱ ནཾ བི གྷྣ སཱུ ད ནཱ སྟི། །
གནས་ཀྱི་གགས་སེལ་གཟེར་བཅོ་བརྒྱད་པ་བཞུགས་སོ། །
བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རྒྱུ་རྐྱེན་ལས་སྐྱེས་སྐྱེས་པ་ཡི། །རྒྱུད་དྲུག་སེམས་ཅན་ཐམས་ཅད་ཀུན། །སྐྱེ་བ་རྣམ་བཞི་ཁ་བརྒྱུད་ཅིང་། །ཕུང་པོ་ཉིང་མཚམས་སྦྱོར་བ་ལ། །གནས་ནས་སྦྱངས་པར་གསུངས་པ་དེ། །གགས་སེལ་རིམ་པ་དགྲོལ་བར་བྱའོ། ༈ །ཁ་ཐོན་མར་མེ་མེ་ལོང་རྒྱ། །ས་བོན་སྐྱུར་དང་ཆགས་པ་ཡིས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཤིང་ཏོག་ཀུ་ཤུའི་རྒྱུ་འབྲས་བཞིན། །འདི་ནས་ཕ་རོལ་གྱུར་པ་ཡང་། །དཔེ་བཞིན་ཚུལ་གྱི་སྣང་བ་ཡང་། །ལ་ལ་ལས་རྩལ་ཆེ་ཆུང་གིས། །དགེ་སྡིག་གར་འགྲོའི་གནས་དེ་རུ། །དཔག་ཆེན་མདའ་བཞིན་འཕངས་ནས་ཀྱང་། །སོ་སོའི་གནས་སུ་སློབ་པར་འགྱུར། །ལ་ལ་སྲོག་གཅོད་གཤེད་མ་ཡིས། །བཙོན་རྫི་ལྟ་བུར་བསྲུང་ནས་འདུག །ལ་ལ་ལས་ཁ་སོགས་པ་ཡིས། །སྲིད་པ་བར་མར་འདུག་པ་ནི། །བདུན་ཕྲག་བཞི་བཅུ་རྩ་དགུར་སྡོད། །དེ་དག་ཁམས་གསུམ་འཁོར་བ་ནས། །དེ་ལས་ཐར་བར་བྱ་བའི་ཕྱིར། །སྟོན་པས་གནས་སྦྱངས་གསུངས་པ་ལས། །སློབ་དཔོན་རྣམས་ཀྱི་མན་ངག་གིས། །གནས་ཀྱི་ཕྲིན་ལས་མཛད་པ་ལ། །བི་མ་ལ་ཡི་མི་ཏྲ་ཡིས། །གགས་སེལ་རིམ་པར་བདར་གཅོད་པ། །རྫྙཱ་ན་ཉིད་ལ་བསྟན་པ་ཡིན། ༈ །ཚེ་འདས་ཁམས་གསུམ་འཁྱམས་པ་ལ། །གནས་ཀྱི་ཆོ་ག་བྱེད་པ་དེ། །རང་ལ་གནས་གཞི་ཡོད་དམ་མེད། །རང་ལ་གནས་གཞི་མེད་གྱུར་ན། །སྤར་བས་གནས་ཐོབ་མི་འགྱུར་ཏེ། །སོལ་བས་བྱི་དོར་བྱས་པ་འདྲ། །གལ་ཏེ་གནས་གཞི་ཡོད་གྱུར་ན། །རང་ལ་རང་ཆས་ཡོད་པའི་ཕྱིར། །གནས་སྤར་བྱ་བ་མི་དགོས་ཏེ། །གྲུབ་ལ་སྒྲུབ་རིགས་མ་ཡིན་ནོ། །གནས་གཞི་རང་ལ་མེད་གྱུར་ན། །སྤར་བས་གནས་ཐོབ་མི་འགྱུར་ཏེ། །བྲ་སྲན་འབྲས་བུ་དབང་བསྐུར་ཡང་། །དེ་ལ་འབྲས་ཀྱི་མངོན་སྣང་མེད། །གནས་གཞི་རང་ལ་ཡོད་གྱུར་ཀྱང་། །རང་གི་རྣམ་པར་རྟོག་པ་ཡིས། །བསྒྲིབས་པས་མེ་ལོང་གཡས་ཕྱོགས་བཞིན། །རང་ལ་ཡོད་པར་མ་མཐོང་བ། །དེ་ཕྱིར་གནས་སྤར་བྱའོ་ཞེས། །ཀུན་ཏུ་བཟང་པོས་གསུངས་པ་ཡིན། །གསུངས་པ་དེ་ཡང་མི་བཙན་ན། །སངས་རྒྱས་བསྟན་པ་རྫུན་པར་རིགས། ༈ །ཚེ་འདས་སེམས་ཅན་ཤེས་པ་དེ། །སོ་སོའི་གནས་སུ་སླེབ་པ་ལ། །སྤྲུལ་པས་དགུག་པར་གསུངས་པ་དེ། །ངེས་པར་ཁུག་པ་ཡིན་ནམ་མིན། །གལ་ཏེ་ཁུག་པར་གྱུར་ན་ནི། །ཤི་བ་སླར་ཡང་ལོག་པར་རིགས། །གཤིན་ཀྱང་མངོན་དུ་འོང་བར་རིགས། །དེ་མིན་ལྡིང་དུ་བཅས་པ་ཡི། །མཚན་བྱང་སྨྱུག་མ་དྲི་མ་ལ། །རྟེན་བཅས་དེ་ལ་ཐིམ་འོངས་ན། །དྲི་མ་མངོན་དུ་འགུལ་བར་རིགས། །མཚན་བྱང་ཚིག་ཏུ་སྨྲ་བར་རིགས། །སྨྱུག་མ་འདར་ཞིང་འཕར་བར་རིགས། །དེ་ལྟར་མངོན་སུམ་མ་བྱུང་ཡང་། །ཏིང་འཛིན་ཡིད་ཀྱིས་བསྟིམ་ཟེར་ན། །ཤེས་པ་རྡོས་མི་མཐུན་པ་ཡིས། །དེ་ཉིད་གཅིག་ཏུ་འདྲེ་མི་སྲིད། །གལ་ཏེ་གཅིག་ཏུ་མ་འདྲེས་ན། །རྟེན་ལ་གནས་སྤར་བྱ་བ་ཡིས། །ཤེས་པ་གནས་སླེབ་མི་འགྱུར་ཏེ། །ཅི་ཕྱིར་འདུག་པ་སོ་སོ་བས། །རྟེན་སྦྱངས་དེ་ལ་ཕན་མི་ནུས། །རྟེན་སྦྱངས་དེ་ལ་ཕན་འགྱུར་ན། །ཁྱིམ་དུ་མེ་བཏང་མེ་ལྕེ་ཡིས། །ཕྱི་རོལ་རི་རབ་ཚིག་པར་འགྱུར། །དེ་གཉིས་གཅིག་ཏུ་མ་འདྲེས་ན། །རྟེན་སྦྱངས་དེ་ལ་མ་ཕན་ན། །སངས་རྒྱས་བཀའ་ཡི་བསྟན་པ་ལ། །དཀོན་མཆོག་དབུ་འཕང་སྨོད་པ་དང་། །ངན་སོང་སྡུག་བསྔལ་ཞི་བྱའི་ཕྱིར། །རྟེན་གྱི་ལིངྒ་བཅས་ནས་ནི། །ཏིང་འཛིན་ཡིད་ཀྱི་ཕོ་ཉ་ཡིས། །གནས་ནས་བཀུག་ནས་རྟེན་ལ་བསྟིམ། །ཕུར་པས་གདབ་སྟེ་གཏུབས་པ་ཡིས། །ཕ་རོལ་བརླག་པར་གསུངས་པ་དེ། །བསྟན་པ་དེ་ཡང་བརྫུན་པར་རིགས། །རྟེན་སྦྱངས་ཤེས་པ་མི་འདྲོངས་ན། །བསོད་ནམས་རྒྱལ་པོ་མ་སྐྱེས་དགྲ། །སུམ་བཅུ་རྩ་གསུམ་ལྷ་གནས་ན། །ལྷ་བུ་ནོར་བུ་དྲི་མ་མེད། །སྔོན་གྱི་ཕ་བསད་ལས་སྙེགས་ཀྱིས། །ངན་སོང་གསུམ་དུ་ལྟུང་བ་ལ། །རྟེན་སྦྱངས་ཤེས་པ་བཀུག་པ་ཡིས། །ངན་སོང་གནས་ནས་དྲངས་པ་རུ། །བསྟན་པ་དེ་ཡང་རྫུན་པར་རིགས། །དེ་བས་གང་ཡིན་རྟེན་བཅས་པས། །ཏིང་འཛིན་ཡིད་ཀྱིས་བཀུག་ནས་ཀྱང་། །རྟེན་སྦྱངས་ཤེས་པ་འབྲས་ཐོབ་ཅེས། །སྟོན་པའི་བཀའ་ལས་གསུངས་པ་ཡིན། ༈ །གནས་ལ་ངེས་ཚིག་སྤར་མཁན་དང་། །སྤར་ཐབས་རྣམ་པ་གསུམ་དུ་གསུངས། །ངེས་ཚིག་གནས་ཞེས་ཅི་ཕྱིར་ན། །འགྲོ་ས་འདུག་ས་གཉིས་ཡིན་ཏེ། །དེ་ཕྱིར་གནས་གཞི་རྣམ་དྲུག་སྟེ། །སྒྲིབ་སྦྱང་ཚོགས་བསགས་གནས་གཞི་དང་། །སྟོང་པ་ཆོས་ཉིད་གནས་གཞི་དང་། །བསྒྲལ་བ་རིགས་ངེས་གནས་གཞི་དང་། །རྟོག་འཇོམས་ཁྲོ་བོའི་གནས་གཞི་དང་། །བྱིན་རླབས་ཐུགས་རྗེའི་གནས་གཞི་དང་། །རང་གནས་བརྡལ་བའི་གནས་དང་དྲུག །ངེས་པར་བཀའ་ལས་གསུངས་པ་ཡིན། །གནས་གཞི་དྲུག་ཏུ་གསུངས་པ་དེ། །གཅིག་ཏུ་འདུག་གམ་ཀུན་ཏུ་འདུག །གལ་ཏེ་ཀུན་ཏུ་འདུག་པ་ན། །གནས་ལ་ངེས་པ་མེད་འགྱུར་པས། །གཅིག་ཏུ་ངེས་པ་མ་རྙེད་ནས། །འབྲས་བུ་ཐོབ་པའང་རྫུན་དུ་རིགས། །གལ་ཏེ་གཅིག་ཏུ་འདུག་གྱུར་ན། །དྲུག་ཏུ་གསུངས་ལ་དགོས་པ་མེད། །གནས་ཞེ་དྲུག་ཏུ་གསུངས་པ་ཡང་། །ལམ་གྱི་གནས་དང་དྲུག་གནས་ཏེ། །དཔེར་ན་མགྲོན་པོ་ཐག་རིང་གཅིག །རང་གི་གནས་སུ་འགྲོ་བ་ཡང་། །ལམ་དུ་ཞག་གཅིག་ངལ་གསོ་བས། །ཐ་མར་འདུག་གནས་སླེབས་པ་བཞིན། །གནས་གཞི་ལྔ་ཡིས་གནས་སྦྱངས་པས། །ཐ་མར་བྱ་བྲལ་རང་གནས་ཐོབ། །དེ་ཕྱིར་གནས་གཞི་དྲུག་ཏུ་གསུངས། །དེ་མེད་མ་སྦྱངས་གནས་ཐོབ་ན། །སྐས་ཀྱི་གདང་བུར་མ་འཛེགས་པར། །ཡང་ཐོག་ཕྱིན་པར་མ་རིགས་བཞིན། །ལམ་གྱི་རིམ་པ་མ་སྦྱངས་པར། །མཐར་ཐུག་གནས་ཐོབ་རིགས་མ་ཡིན། ༈ །སྤོར་བྱེད་སློབ་དཔོན་བློ་ལྡན་ཞིང་། །གསང་བའི་རྒྱུད་ཀྱི་དབང་ཐོབ་ནས། །ལྟ་སྤྱོད་ཏིང་འཛིན་མངོན་གྱུར་པས། །མངོན་སུམ་ཁུག་བའི་རྩལ་ལྡན་ན། །དེ་ཡིས་གནས་སྤར་འབྲས་ཐོབ་འགྱུར། །དེ་མེད་སློབ་དཔོན་གནས་སྤོར་ནི། །ཡོན་ཏན་གང་དང་མི་ལྡན་ཞིང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་རྣམས། །གོམས་པས་ཀློང་དུ་མ་གྱུར་ཅིང་། །གདམས་ངག་ཁུངས་བུ་མ་ཐུབ་པར། །ཆོ་ག་མི་དག་བྱང་སློབ་པར། །བརྟེན་ནས་ཚིག་དང་གྲེ་འགྱུར་གྱིས། །རང་བཟོ་ཐོ་ཅོ་བྱེད་པ་ཡིས། །སྤར་ན་གནས་རྙེད་མི་འགྱུར་ཏེ། །བྱིས་པའི་རྩེ་མོས་འབྲིད་པ་འདྲ། །གྲེ་འགྱུར་ཆོ་གའི་བྱེ་བྲག་གིས། །གཤིན་པོའི་ཤེས་པ་གནས་སྤོར་ན། །བོན་དང་བྲོ་སོགས་རོལ་མོས་ཀྱང་། །ཚེ་འདས་ཤེས་པ་སྤོར་བར་རིགས། ༈ །སྔགས་དང་ཕྱག་རྒྱ་ཏིང་འཛིན་སོགས། །གོམས་པ་ཀློང་དུ་མ་གྱུར་ཀྱང་། །རྒྱལ་བའི་ཐུགས་རྗེས་རྫོགས་མཛད་པས། །དེ་བཞིན་གནས་སྤོར་ཐུགས་རྗེ་ཡིས། །ལུས་ངག་ཡིད་གསུམ་སྒྲིབ་སྦྱངས་ཏེ། །གླུ་ཚིག་ཙམ་ལ་མི་བརྟེན་པར། །སྔགས་དང་ཕྱག་རྒྱ་ཏིང་འཛིན་རྣམས། །དག་པར་སྦྱངས་ན་གནས་ཐོབ་འགྱུར། །དེས་ཀྱང་འབྲས་བུ་མ་ཐོབ་ན། །སྟོན་པའི་བཀའ་ལས་གསུངས་པ་ཡི། །དམ་ཚིག་ལྷ་དང་ཡེ་ཤེས་ལྷ། །ཡིད་ཀྱིས་བསྐྱེད་དང་སྤྱན་དྲངས་བསྟིམ། །མཆོད་པར་འབྲས་ཐོབ་རྫུན་དུ་རིགས། །སྤར་ཐབས་རྣམ་པ་བདུན་བཤད་པ། །དང་པོ་ས་གཞི་བརྟག་པ་ཡང་། །ངེས་པར་བརྟག་ཏུ་མེད་གྱུར་ན། །ཐུན་མོང་ས་བརྟག་རིགས་མ་ཡིན། །གལ་ཏེ་བརྟག་པ་བྱེད་གྱུར་ན། །གསང་སྔགས་བཀའ་ལས་བྱུང་བ་ཡི། །ཕྱོགས་མཚམས་རི་སུལ་གྲོག་མདོ་རྣམས། །ཉེས་པ་བཞི་དང་བཅས་པ་སྟེ། །ཐུན་མོང་བརྟགས་པས་ཇི་ལྟར་རྟོགས། །དེ་ཕྱིར་ས་བརྟག་བཀའ་ལས་གསུངས། །འབར་བ་མཚམས་ཀྱི་དཀྱིལ་འཁོར་དུ། །ཁྲོ་བོ་བཅུ་ཡིས་མཚམས་གཅོད་པ། །ངེས་པར་གཅད་དུ་ཡོད་གྱུར་ན། །ལན་ཆགས་གཏོར་མ་གཏོང་དུས་སུ། །བགེགས་རྣམས་ཚར་བཅད་བསྐྲད་ནས་མེད། །ཁྲོ་བོའི་མཚམས་ཀྱིས་གང་ལ་གཅོད། །ངེས་པར་གཅད་དུ་མེད་གྱུར་ན། །ཁྲོ་བཅུ་བཀོད་ལ་དགོས་པ་མེད། །ལག་དལ་ཐང་ཐོ་བཙག་འདྲར་རིགས། ༈ །ལན་ཆགས་གཏོར་མས་མཚམས་བཅད་ནས། །ཕྱི་བགེགས་མེད་པར་གྱུར་ན་ཡང་། །ཤ་རུས་ལུས་གྲིབ་བཞིན་འགྲོགས་པའི། །ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེ། །བརྩོན་རྫི་ལྟ་བུར་གནས་པ་དེ། །དབྲལ་ཞིང་བསྐྲད་ཕྱིར་མཚམས་བཅད་བྱ། །གལ་ཏེ་དེ་དང་མ་ཕྲོལ་ན། །གནས་སྤར་ཆོ་ག་ཅི་བྱས་ཀྱང་། །འཇིག་རྟེན་བཙོན་ལྕགས་མ་ཐར་ན། །ཁྱིམ་དུ་ངོ་སྤྲོད་བྱེད་པ་འདྲ། ༈ །གསང་སྔགས་དཀྱིལ་འཁོར་མཐའ་དག་ཀུན། །དབང་བསྐུར་སྒྲིབ་སྦྱོང་དོན་མཛད་པ། །རྩ་བའི་དཀྱིལ་འཁོར་རེ་རེས་བྱེད། །གནས་སྤར་དཀྱིལ་འཁོར་བརྩེག་མ་འདི། །གལ་ཏེ་དགོས་པ་ཡོད་གྱུར་ན། །འདི་ཡི་དགོས་པ་གང་གིས་བྱེད། །གལ་ཏེ་དགོས་པ་མེད་གྱུར་ན། །དཀྱིལ་འཁོར་བརྩེགས་མ་དོན་མེད་འགྱུར། །དཀྱིལ་འཁོར་བརྩེག་མ་འགལ་མི་འགལ། །བརྩེག་མར་བཀའ་ལས་གསུངས་པ་མེད། །གལ་ཏེ་བརྩེག་མར་མ་གྱུར་ན། །འདིར་བརྩེགས་པ་ལ་དགོས་པ་མེད། །གལ་ཏེ་དཀྱིལ་འཁོར་ཞལ་སྤྲོད་ན། །ཁྲོ་བོའི་དཀྱིལ་འཁོར་གྱེན་ལ་གཟིགས། །ཐུགས་རྗེའི་དཀྱིལ་འཁོར་ཐུར་ལ་གཟིགས། །དབུ་དང་ཕྱག་ཞབས་སྤྱི་གཙུག་བཏང་། །སངས་རྒྱས་བཞུགས་ཚུལ་ཀུན་དང་འགལ། །འདི་ཡང་རིགས་པ་མ་ཡིན་ནོ། ༈ །དཀྱིལ་འཁོར་བརྩེག་མའི་དགོས་པ་ནི། །གསང་སྔགས་ནང་པས་དོན་བྱེད་པ། །ཐབས་དང་ཤེས་རབ་སྒོ་ནས་བྱེད། །དེ་ཕྱིར་ཁྲོ་བོའི་དཀྱིལ་འཁོར་ནི། །ཤེས་པ་སྡུད་ཕྱིར་ཤེས་རབ་སྟེ། །འོག་ཕྱོགས་དབུས་སུ་གྲུ་གསུམ་བྲིས། །དེ་ཕྱིར་ཐུགས་རྗེའི་དཀྱིལ་འཁོར་ན། །བྱིན་རླབས་འཕྲོ་ཕྱིར་ཐབས་མཆོག་སྟེ། །སྟེང་དུ་ལྡིང་བུ་དཔེ་ཆུང་བྱ། །ཧཱུྃ་མཛད་རྒྱུད་ལས་གསུངས་པ་ཡིན། །ཞལ་སྤྲོད་མ་ཡིན་བརྩེགས་མ་ནི། །དོན་དང་འགལ་བར་མི་འགྱུར་ཏེ། །གལ་ཏེ་བརྩེགས་མ་འགལ་གྱུར་ན། །འཇིག་རྟེན་ཁམས་སུ་བྱུང་བ་ནི། །ཁམས་གསུམ་བརྩེག་མར་བྱུང་བ་ཡང་། །འཇིག་རྟེན་དོན་དང་འགལ་བར་རིགས། །དེ་མིན་བདེ་གཤེགས་དཀྱིལ་འཁོར་ལ། །ཆེ་མཆོག་གསུམ་དུ་བྱུང་བ་ཡང་། །དབུ་མང་བརྩེག་མར་བྱུང་བ་ཡང་། །དབུ་ཐོག་དབུ་བརྒྱན་བཞུགས་པས་འགལ། །དེ་ཕྱིར་གདུལ་བྱའི་སྣང་བ་ལ། །དཀྱིལ་འཁོར་བརྩེགས་མ་འགལ་བ་མིན། ༈ །བསོད་ནམས་གཏེར་སྦྱིན་དཀྱིལ་འཁོར་དུ། །སྒྲིབ་སྦྱོང་ཚོགས་བསགས་བྱ་བ་མིན། །ནང་དུ་སྦྱང་བ་ཅི་ཞིག་དགོས། །མ་སྦྱངས་ན་ཡང་གཞུང་དང་འགལ། ༈ །སྒྲིབ་སྦྱོང་ཚོགས་བསགས་བྱ་བ་ཡང་། །གྲངས་ཀྱི་རིམ་པ་ཇི་བཞིན་དུ། །སྒྲིབ་ལྔ་དང་པོ་སྐྱེ་གནས་སྒྲིབ། །སྦྱང་གཞི་ས་གཉིས་རྫོགས་པའི་རྒྱུ་བསགས་ཕྱིར། །བསོད་ནམས་གཏེར་སྦྱིན་གསུངས་པ་ཡིན། །སྒྲིབ་སྦྱོང་ཚོགས་བསགས་མ་བྱས་པར། །ས་རྣམས་ནོན་པར་ཡིན་ན་ནི། །ས་བཅུ་རིམ་གྱིས་བགྲོད་པ་འགལ། །ནང་གི་དཀྱིལ་འཁོར་ཆེན་པོའི་སྒོར། །ཤེས་བྱ་སྒོ་དབྱེ་སྒྲིབ་བྲལ་ནས། །ཕྱག་བྱས་ཡི་དམ་ལྷར་བསྐྱེད་ནས། །གོང་དུ་སྦྱངས་པ་དགོས་པ་མེད། །སྦྱངས་གཞི་ཡི་དམ་ལྷ་གཅིག་པའང་། །རྒྱ་དངུལ་རྡོ་ཡི་བང་རིམ་བཞིན། །སྒྲིབ་ལྔ་གཉིས་པ་ལས་ཀྱི་སྒྲིབ། །བྲལ་ཞིང་དཀྱིལ་འཁོར་ཞལ་མཐོང་དང་། །ཆ་མེད་སངས་རྒྱས་ཀུན་ཞུའི་ཕྱིར། །ཡི་དམ་ལྷ་དབོག་ཞལ་མཐོང་ཡིན། །གལ་ཏེ་མ་སྦྱངས་ལྷ་མ་མཐོང་། །གསང་སྔགས་དཀྱིལ་འཁོར་འཇུག་པ་ནི། །གསང་སྔགས་སྤྱི་ཡི་དོན་དང་འགལ། །ཛཔ྄་བསྙེན་བྱ་བར་གསུངས་པ་ཡང་། །ཐུགས་རྗེའི་དཀྱིལ་འཁོར་ཆ་གཉིས་ཀྱིས། །བུམ་ལྷ་སྦྱོང་ངམ་དཔེ་ཆུང་སྦྱོང་། །གལ་ཏེ་གཅིག་གིས་སྦྱོང་བ་ན། །གཉིས་སུ་གསུངས་པས་དགོས་པ་མེད། །གལ་ཏེ་གཉིས་ཆར་སྦྱོང་བ་ན། །ཛཔ྄་ཁང་དཀྱིལ་འཁོར་གང་ལ་བྱེད། །བུམ་པར་བྱེད་ན་དཔེ་ཆུང་སྟོང་། །དཔེ་ཆུང་བྱེད་ན་བུམ་པས་དགོས་པ་མེད། ༈ །བསྙེན་པའི་དཀྱིལ་འཁོར་ཆ་གཉིས་ཀྱང་། །ཛཔ྄་ཁང་དཀྱིལ་འཁོར་དཔེ་ཆུང་ལ། །གཉིས་སུ་མེད་པར་བཞུགས་ནས་ནི། །འཕྲོ་འདུས་ཚེ་འདས་རྟོག་པ་སྦྱངས། །ཐུགས་རྗེ་སྤྲུལ་པའི་གནས་གཞི་ཡིན། །སྦྱོར་བའི་བྱང་ཆུབ་སེམས་འཛག་པས། །བུམ་པའི་ལྷ་རྣམས་རིམ་ཞུ་ནས། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། །དབང་བསྐུར་བ་ཡི་མཆོག་ཏུ་གསུངས། །དེ་ཕྱིར་ཐུགས་རྗེའི་དཀྱིལ་འཁོར་གཉིས། །བུམ་ལྷས་ཁྲོ་བོའི་དབུ་རྒྱན་ཚུལ། ༈ །ཚེ་འདས་ངན་སོང་སྒོ་བཅད་པ། །གསང་སྔགས་ནང་གིས་མི་གཅོད་པ། །ཕྱི་ཡི་ངན་སོང་གཅོད་པའི་སྔགས། །ནང་ལ་ཟློས་པ་རིགས་མ་ཡིན། ༈ །ཕྱི་སྔགས་ནང་དུ་མི་རིགས་ཀྱང་། །བྲེ་ཡི་ནང་དུ་ཕུལ་ཤོང་བཞིན། །ཕྱི་ལས་ནང་དུ་འགལ་མེད་པས། །བཀའ་དང་རྒྱུད་ལས་གསུངས་པ་ཡིན། ༈ །སྟུག་པོ་བཀོད་པ་ལས་འདས་པའི། །པདྨ་ཅན་དེ་ཇི་ལྟར་ཡིན། །རིགས་འབྲས་ཐོབ་པ་ཕྱི་ཡི་ཚུལ། །གསང་བ་ཆེན་པོའི་དོན་མ་མཐོང་། །རྒྱུ་ཡི་རྡོ་རྗེ་སེམས་དཔའ་དེ། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིབས། །རྡོ་རྗེའི་ལམ་བྱུང་ཡུམ་གྱི་མཁར། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས། །ལྷན་ཅིག་ཡེ་ཤེས་སྐྱེ་འགྱུར་བས། །མ་ཆགས་པདྨ་ཅན་ཞེས་བྱ། །བསྐྱེད་པའི་དགོངས་པ་མཐར་ཕྱིན་པའོ། ༈ །པདྨ་ཅན་གྱི་ས་ཐོབ་ལ། །མདའ་ཡིས་བརྡེག་པ་མི་འགལ་ལམ། ༈ །པདྨ་ཅན་གྱི་ས་ཐོབ་ཀྱང་། །འཁོར་ལོ་ས་ལ་བསྐུལ་བའི་ཕྱིར། །མདའ་གཞུ་ཐབས་དང་ཤེས་རབ་ཀྱིས། །རིགས་དྲུག་རྒྱུད་སྦྱོང་ཡེ་ཤེས་དྲུག །སངས་རྒྱས་ཁྲོ་བོའི་འོག་མིན་དུ། །བྱང་ཆུབ་སེམས་ཀྱི་མདའ་འཕངས་པས། །སྟེང་ཁྲོ་ཐིག་ལེ་ལྷ་ཞུ་ནས། །བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། །ས་བཅུ་མཐར་ཕྱིན་གནས་ཞེས་བྱ། །དེ་ཕྱིར་ཧྲི་སྟི་གཤམ་ཞེས་བྱ། །ཡེ་ཤེས་འོད་ཀྱི་རྩེ་ལ་བཏེག །ལས་ཀྱི་ཁྲོ་བོ་ཡབ་ཡུམ་གྱི། །མཁའ་གསང་བར་དུ་སྐུ་བསྐྱེད་ལ། །སྔོན་པོ་ཞལ་གསུམ་ཕྱག་དྲུག་སྟེ། ༈ །འབྲས་བུ་རྡོ་རྗེ་འཛིན་ཐོབ་ནས། །དཔེ་ཆུང་ཐུགས་རྗེའི་གནས་གཞི་ལ། །གནས་བསྟབ་གསོལ་བ་བཏབ་ཅི་དགོས། ༈ །འབྲས་བུ་རྡོ་རྗེ་འཛིན་ཐོབ་ཀྱང་། །དེ་ཡི་རྟོག་ཚོགས་བཞི་བཅུ་གཉིས། །བསྟབས་པས་ལྷ་རྣམས་འོད་ཟེར་གྱི། །རྟོག་ཚོགས་བཞི་བཅུ་གཉིས་ལྷར་འགྱུར། །རྫོགས་པའི་དགོངས་པ་མཐར་ཕྱིན་ནས། །འཁོར་ལོ་ཚོགས་ཀྱིས་མནན་པའོ། ༈ །ཡི་གེ་འཁོར་ལོ་ས་ནོན་ནས། །འབྲས་བུ་རྡོ་རྗེ་འཛིན་པ་དེ། །ཐུགས་རྗེའི་དཀྱིལ་འཁོར་ལྷ་རྣམས་ལ། །སྔོན་གྱི་དཀྱིལ་འཁོར་རྒྱུད་བསྐུལ་བ། །འབྲས་བུ་ཐུག་མེད་སྐྱོན་དུ་འགྱུར། །ལྷ་རྣམས་སོ་སོར་སྦྱོར་བ་ཡི། །བྱིན་རླབས་ཡིག་འབྲུ་ཇི་ལྟར་ཡིན། ༈ །ལྷ་རྣམས་ཞུ་བའི་འོད་ཕུང་ལ། །བདུད་རྩི་སྔགས་ཀྱིས་བཏབ་པ་དེ། །ཨ་ཏི་ཡོ་ག་ས་མི་ཐོབ། །ས་རྣམས་རིམ་པར་བགྲོད་པའི་ས། །རྫོགས་ཆེན་ས་ལ་གཏུགས་པའི་ཕྱིར། །ཐུགས་དམ་རྒྱུད་བསྐུལ་མི་འགལ་ཏེ། །ད་དུང་མཐར་ཐུག་མ་ཐོབ་སྟེ། །ཐུག་མེད་སྐྱོན་དུ་མི་འགྱུར་ཏེ། །ལྷ་རྣམས་སྤྱི་ཡི་སྐུ་གསུང་ཐུགས། །ཡིག་འབྲུ་གསུམ་པོས་དབང་བསྐུར་ཕྱིར། །གུ་ཡ་ཛྙཱ་ན་ལ་སོགས་བརྗོད། །འོད་ཕུང་བདུད་རྩི་བཏབ་པ་སྟེ། །རྫོགས་པ་ཆེན་པོའི་ས་འགྱུར་ཏེ། །ཡེ་ཤེས་འོད་ཀྱི་ཕུང་པོ་ལ། །བདུད་རྩི་སྔགས་ཀྱིས་བཏབ་བསྐུལ་བས། །ཡེ་ཤེས་ནམ་མཁའ་མུ་མེད་པས། །ཐམས་ཅད་ཁྱབ་གདལ་ཆེན་པོ་ཡིན། །ཡེ་ཤེས་བླ་མའི་ས་ཞེས་བྱ། །རང་གི་སེམས་ཀྱི་རང་བཞིན་ཏེ། །རང་གིས་རང་ལ་མཐོང་བས་ན། །རང་གནས་ཆེན་པོ་ཞེས་སུ་བརྗོད། །རྫོགས་པ་ཆེན་པོའི་དགོངས་པ་ཡིས། །ཁྱབ་གདལ་ཆོས་སྐུ་མཐར་ཕྱིན་ནས། །གཟུགས་སྐུ་འབྱུང་བ་མི་འགལ་ལམ། ༈ །གཟུགས་སྐུ་འབྱུང་བ་མི་འགལ་ཏེ། །གསང་སྔགས་ཆོས་སྐུ་མི་འགལ་དང་། །ཉན་ཐོས་འབྲས་བུ་མ་ཡིན་ཏེ། ནང་རྒྱུད་ལས་ཀྱང་གསལ་བར་བཤད། ༈ །ངན་སོང་གསུམ་གྱི་ཕུང་པོ་ལ། །འབྲུ་ལྔ་ཡི་གེས་སྦྱོང་བ་དེ། །རིགས་དྲུག་བག་ཆགས་སེམས་ལ་ཡོད། །རྐང་མཐིལ་ལ་སོགས་ལུས་གནས་ལྔར། །སྦྱངས་པས་བག་ཆགས་འབྱོངས་མི་རིགས། །མ་སྦྱངས་པས་ནི་གཞུང་དང་འགལ། ༈ །ལུས་ཀྱི་གནས་ལྔར་སྦྱངས་པ་ཡིས། །སེམས་ཀྱི་བག་ཆགས་མི་འབྱོངས་ཀུན། །རིགས་དྲུག་ལ་སོགས་རྟོག་པའི་གནས། །རྐང་མཐིལ་ལ་སོགས་དྲུག་ཡིན་པ། །བཀའ་རྒྱུད་ཀུན་ལས་གསུངས་པ་ཡིན། །འཇུ་འདུལ་རིམ་པར་བྱས་ནས་ནི། །ཐ་མ་རྃ་ཡྃ་ཁྃ་བསྲེགས་ནས། །སྟོང་པ་ཉིད་དུ་གྱུར་ནས་ནི། །སེམས་ཀྱི་བག་ཆགས་འབྱོངས་པ་ཡིན། །ཉོན་མོངས་སྒྲིབ་གཉིས་རགས་པ་འབྱོངས། །གལ་ཏེ་དེ་ལྟར་མ་ཡིན་ན། །བསྲེགས་ནས་སྟོང་པས་དགོས་པ་མེད། ༈ །སྟོང་པ་ཆོས་ཉིད་གནས་གཞི་ལ། །ཀུན་ཏུ་འོད་ཀྱི་ས་ཐོབ་ནས། །མ་སྦྱངས་སྐད་ཅིག་ཏིང་འཛིན་གྱིས། །ས་ཐོབ་དེ་ཡང་མི་རིགས་ཏེ། །གལ་ཏེ་དེ་ལྟར་མ་ཡིན་ན། །ཐེག་པ་ཆེན་པོའི་མདོ་སྡེ་ལས། །བསྐལ་པ་གསུམ་གྱི་སྦྱངས་གསུངས་པ། །དེ་ཡང་རྫུན་དུ་འགྱུར་བར་རིགས། ༈ །མདོ་སྡེ་བསྐལ་པ་གསུམ་སྦྱོང་ཡང་། །གསང་སྔགས་ཐབས་ཀྱི་ཐེག་པ་ནི། །རིག་པ་སྐད་ཅིག་ཏིང་འཛིན་གྱིས། །ས་རྣམས་དུས་གཅིག་རྫོགས་པ་རུ། །བཀའ་རྒྱུད་ཀུན་ནས་གསུངས་པ་ཡིན། །དེ་ཕྱིར་ཐེག་པ་ཁྱད་པར་འཕགས། །གལ་ཏེ་དེ་ལྟར་མ་ཡིན་ན། །གསང་སྔགས་བཀའ་རྒྱུད་རྫུན་དུ་རིང་། ༈ །བྱིན་རླབས་རིགས་ངེས་གནས་གཞི་ལ། །རྒྱུད་དྲུག་སྒྲོལ་བའི་དཀྱིལ་འཁོར་དུ། །མི་དང་བྱོལ་སོང་ཡི་དྭགས་གསུམ། །ཤེས་པའི་མཚན་ཉིད་གཅིག་པར་རིགས། །ལུག་ལ་མ་ཏཾ་བཀུག་བསྟིམས་ནས། །མི་གནས་སྤོར་བ་རིགས་མ་ཡིན། །གཤིན་གྱི་ཤེས་པ་མི་འཕྱོངས་པས། །གསོན་པོ་སྲོག་གཅོད་མི་འགལ་ལམ། ༈ །དེ་གསུམ་ཤེས་པ་མི་གཅིག་ཀྱང་། །རིགས་དྲུག་སེམས་ཅན་རེ་རེར་ཡང་། །རིགས་དྲུག་ས་བོན་རྫོགས་པར་ཡོད། །སྟོན་པའི་བཀའ་ལས་གསུངས་པ་ཡང་། །དེ་ཕྱིར་གཅིག་པ་འགལ་བ་མེད། །གསོན་པོ་སྲོག་གཅོད་མི་འགལ་ཏེ། །གཏི་མུག་རྣམ་རྟོག་དང་པོ་དེ། །གནས་བསྒྱུར་ས་བོན་བྱས་ནས་ནི། །རྒྱ་མདུད་གྲོལ་ནས་འབྲས་བུ་ཐོབ། །རང་དགར་གསོད་པ་མ་ཡིན་ནོ། །གལ་ཏེ་དེ་ཡང་འགལ་གྱུར་ན། །འཇམ་དཔལ་རལ་གྲི་རྣོན་པོ་ཡིས། །མ་ཧེ་བུ་གསོད་འགལ་བར་རིགས། །དེ་ཕྱིར་ཤེས་པ་སྙིང་དང་བཅས། །ཡེ་ཤེས་སེམས་དཔའི་སྐུར་བསྐྱེད་ནས། །དབུ་ལ་རིགས་ལྔའི་དབུ་རྒྱན་བཞུགས། །དེ་ཕྱིར་བྱིན་རླབས་ཕྱི་ནང་ཀུན། །རིགས་ལྔའི་ལྷ་དགུར་སྟུག་པོ་བཀོད། །ཉོན་མོངས་ཆ་ཕྲའི་སྒྲིབ་པ་སྦྱོང་། །རྡོ་རྗེ་ཐེག་པའི་ས་ནོན་པའོ། །སྟུག་པོ་བཀོད་པའི་ས་ནོན་ན། །རིགས་ལྔའི་སངས་རྒྱས་ཐོབ་པ་བཞིན། །རྟོག་འཇོམས་ཁྲོ་བོའི་གནས་གཞི་ལ། །ཙིཏྟ་གྲུ་གསུམ་སྟེང་བཞག་ནས། །རིགས་འབྲས་ས་ལ་བཀོད་པ་མེད། ༈ །འབྲས་བུ་ཐོབ་ནས་ཐུགས་རྗེ་ཡིས། །འགྲོ་དོན་བྱེད་པར་བཀའ་ལས་བྱུང་། །ས་རྣམས་རྫོགས་པའི་རིག་འཛིན་ལ། །གང་ཟག་སློབ་དཔོན་མཆེད་ལྕམ་གྱིས། །དབང་བསྐུར་བྱེད་པ་མི་འགལ་ལམ། །དབང་རྒྱུ་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་མི་འགྱུར་ཏེ། །གྲོ་སྲན་འབྲས་བུ་དབང་བསྐུར་ཡང་། །དེ་ལ་འབྲས་ཀྱི་མངོན་སྣང་མེད། ༈ །ས་བགྲོད་རིག་འཛིན་ཡིན་གྱུར་ཀྱང་། །བླ་མ་རྡོ་རྗེ་སློབ་དཔོན་ནི། །སངས་རྒྱས་ཀུན་གྱི་སློབ་དཔོན་ཞེས། །འདུས་པ་ཆེན་པོའི་མདོ་ལས་གསུངས། །དེ་ཕྱིར་དབང་བསྐུར་འགལ་མ་ཡིན། །དབང་བསྐུར་རང་ལ་ཡོད་གྱུར་ཀྱང་། །ལྷན་ཅིག་རྐྱེན་གྱིས་མ་བསྐུར་ན། །དབང་ཐོབ་ནུས་པ་མི་ལྡན་ཏེ། །དབང་མ་ཐོབ་པའི་གང་ཟག་ནི། །གཞན་གྱི་ཡོན་ཏན་ཀུན་ཚང་ཡང་། །འཁོར་ལོ་སྲོག་ཤིང་མེད་པ་འདྲ། །དེ་ཕྱིར་དབང་བསྐུར་གཅེས་པ་ཡིན། ༈ །སངས་རྒྱས་ས་ལ་བཞག་པ་ལ། །བཤོས་དང་ཞལ་ཟས་ལོངས་སྤྱོད་ཀྱིས། །དྲང་ཞིང་དབང་བསྐུར་ཅི་ཞིག་དགོས། །འདོད་པ་ཅན་དུ་མི་འགྱུར་རམ། ༈ །སངས་རྒྱས་ས་ཡི་གྲལ་སླེབས་ཀྱང་། །བཤོས་དང་ཞལ་ཟས་ལོངས་སྤྱོད་ཀྱིས། །བསྟང་ཞིང་བསྟབས་པས་མཆོད་པ་སྟེ། །མཆོད་པ་དེ་ཡང་མེད་གྱུར་ན། །ལྷ་ལ་ཚོགས་ཀྱི་མཆོད་འབུལ་འགལ། །ཤེས་པ་དྲི་མ་མཚན་བྱང་ལ། །བཀུག་བསྟིམས་གནས་སྤར་ལྷར་བྱས་ནས། །དྲི་མའི་འོག་ཏུ་འཛུག་པ་དང་། །མཚན་བྱང་ཆུབ་ཡིས་བཀྲུ་བ་ཀུན། །དེ་དག་བྱ་བར་རིགས་མ་ཡིན། ༈ །དྲི་མ་མཚན་བྱང་ལྷར་བྱས་ཀྱང་། །ལྷ་དེ་ཟླ་རླུང་དཀྱིལ་འཁོར་གྱིས། །དྲི་མ་ལ་ཕྱེ་བཏེག་ནས་ཀྱང་། །ཞལ་བྱད་བརྗོད་དེ་གནས་སུ་གཤེགས། །དྲི་མ་གོས་ཀྱི་ལྷན་འདྲ་བ། །འོག་ཏུ་མཉེས་ཀྱང་འགལ་བ་མེད། །ལྷ་མིང་ཆུ་ཡིས་བཀྲུས་པ་དེ། །བུམ་པ་བྷོ་དྷི་ཆུ་རྒྱུན་གྱིས། །གཟུང་འཛིན་དྲི་མ་དག་ནས་ཀྱང་། །གནས་པའི་དབང་ཐོབ་མཆོག་ཏུ་གསུངས། ༈ །ཐུགས་རྗེའི་དཀྱིལ་འཁོར་དཔེ་ཆུང་ལ། །ཡེ་ཤེས་ལྷ་རྣམས་བཞུགས་གསོལ་ནས། །བྱིན་རླབས་གནས་གཞིར་བྱས་པ་དེ། །མེ་ཡིས་བསྲེགས་པ་མི་འགལ་ལམ། །ཁྲོ་བོ་བཀའ་ཡི་དཀྱིལ་འཁོར་ལ། །ཚོན་བརླབས་ཡིག་འབྲུ་བཀོད་ནས་ཀྱང་། །ཛཔ྄་ཀྱི་དཀྱིལ་འཁོར་ཕྱེ་གཞུག་ལ། །རྡུལ་ཚོན་ཕྱགས་པ་མི་འགལ་ལམ། ༈ །ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་ལ། །ཛཔ྄་བསྙེན་དཀྱིལ་འཁོར་རྫོགས་གཞུག་ཀྱང་། །དཀྱིལ་འཁོར་བསྡུ་བའི་ལས་ཉིད་ཀྱིས། །འོད་ཞུ་བདག་ལ་བསྡུས་ནས་ཀྱང་། །དཀྱིལ་འཁོར་གཉིས་ལ་གནས་པའི་ཕྱིར། །བསྲེགས་དང་ཕྱགས་པ་འགལ་བ་མེད། །དེ་ཕྱིར་སྨོན་ལམ་བཤགས་པ་གསུངས། ༈ །གནས་གསུམ་འཁྱམས་པའི་སེམས་ཅན་ལ། །མཐོ་རིས་གནས་སུ་དྲང་བའི་ཕྱིར། །བཀའ་དང་བླ་མའི་མན་ངག་གིས། །གནས་ཆོག་ཕྲིན་ལས་རྒྱས་པར་གསུངས། །དེ་དག་ཐེ་ཚོམ་གེགས་བསལ་བ། །ཕྱི་རབས་རྣམས་ཀྱིས་གྲོལ་འགྱུར་ཏེ། །བདག་གཞན་གཉིས་ཀྱི་དོན་རྫོགས་ཤོག །གནས་ཀྱི་ཕྲིན་ལས་ཀྱི་གགས་སེལ་སློབ་དཔོན་དྲི་མེད་ཟླ་ཤར་གྱིས་མཛད་པ་རྫོགས་སོ།། །།མངྒ་ལཾ།། །།

ཞི་ཁྲོ་ལས་ཀྱི་གལ་ཕྲེང། སློབ་དཔོན་ནམ་མཁའི་སྙིང་པོ།

༄༅ ། །མཱ ལྱཱ རྠཾ ཤཱ ནྟ ཀྲོ དྷ ཀ རྨཱ ཎཱཾ ནཱ མ བི ཧ ར །
ཞི་ཁྲོ་ལས་ཀྱི་གལ་ཕྲེང་ཞེས་བྱ་བ་བཞུགས་སོ། །
བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཁྲག་འཐུང་རྒྱལ་པོ་ལ་ཕྱག་འཚལ་ལོ། །ངེས་པར་འབྱུང་དང་གདུལ་དཀའ་བའི། །ལས་ངན་བྱང་ཐག་ཆད་པ་ལ། །མཛད་སྤྱོད་ཞི་ཁྲོ་རྣམ་གཉིས་ཀྱི། །རྗེས་སུ་འཇུག་པའི་ཏིང་འཛིན་གྱིས། ། གདུལ་བྱའི་ཐབས་སུ་ཇི་སྙེད་ལས། །ལས་ཀྱི་གལ་ཕྲེང་མན་ངག་འདི། །གང་དགོས་ཏིང་འཛིན་སྔགས་ཕྱག་རྒྱ། །བསྡུས་ནས་དྲིས་ལན་ཚུལ་དག་ཏུ། །མ་འོངས་དོན་དུ་བདག་གིས་བརྩམ། ༈ །ཕྱི་ནང་གི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་གནས་ཡེ་ནས་དབེན་པའི་ངོ་བོ་ལ་འཕྲལ་དུ་གནས་དབེན་པ་བཙལ་བའི་དགོས་པ་ཇི་ལྟ་བུ་ལགས། སྣོད་བཅུད་ཆོས་དབྱིངས་ཆེན་པོ་ལ། །མཐའ་རྣམས་ཀུན་ཀྱང་དབེན་གྱུར་ཀྱང་། །དེ་ལྟར་མ་རྟོགས་རྣལ་འབྱོར་པས། །འདུ་འཛི་གཡེང་བ་ཐག་བཅད་ལ། །ཏིང་འཛིན་མངོན་དུ་འགྱུར་བྱའི་ཕྱིར། །རྒྱང་གྲགས་དཔག་ཚད་དབེན་པར་ནི། །སེང་གེའི་དཔེ་བཞིན་གཅིག་པུར་གནས། ༈ །སྔགས་ཀྱི་སྐབས་ན་ཅིར་སྣང་རྣལ་འབྱོར་གྱི་མཆོད་རྫས་དང་ཡོ་བྱད་ཡིན་པ་ལ། ལྷག་པར་ཡོ་བྱད་བཙལ་ཞིང་བཤམ་ཅི་འཚལ། །ཅིར་སྣང་མཆོད་རྫས་ལོངས་སྤྱོད་ལ། །དེ་བཞིན་མ་ཤེས་ཀུན་གྱིས་ཀྱང་། །བར་ཆད་རྣམ་གསུམ་བཟློག་པ་དང་། །ལས་དང་དངོས་གྲུབ་སྟོབས་འགྱུར་ཕྱིར། །ཡོ་བྱད་རྣམ་གསུམ་ཚང་བར་བཙལ། ༈ །ཐམས་ཅད་བདག་ཉིད་ཆེན་པོ་ལ། བདག་གཞན་མིང་ཡང་མེད་པར་མཚམས་བཅད་ཅིང་བགེགས་བསྐྲད་ཅི་འཚལ། ངོ་བོས་བདག་གཞན་གཉིས་མེད་པར། །དང་པོའི་ལས་ཅན་རྣལ་འབྱོར་པའི། །ཏིང་འཛིན་ཉམས་ལེན་བར་གཅོད་དག །ངེས་པར་བསལ་ཕྱིར་མཚམས་གཅད་བྱ། ༈ །སེམས་ཉིད་ཡེ་ནས་དག་པ་ལ་དཔང་པོའི་ལྷ་རྣམས་ལ་ཉམས་ཆགས་བཞི་བཤགས་པ་འགལ་ལམ་མི་འགལ། བྱང་ཆུབ་སེམས་ནི་རྣམ་དག་པས། །ཕྱི་ནང་བཤགས་པར་བྱར་མེད་ཀྱང་། །ལམ་ལ་གནས་པའི་སྒྲུབ་པའོ། །ཉམས་པ་རྣམ་བཞི་བཤགས་པ་དང་། །རྒྱུད་པ་ཁྲུས་ཆེན་གཏོགས་བྱའི་ཕྱིར། །དབང་པོ་གསུམ་ལ་དྭངས་བས་བཤགས། ༈ །བདག་ཉིད་འབྲས་བུ་ལྷུན་གྱིས་གྲུབ་པ་ལ་བྱིན་དབབ་ཅི་འཚལ། སེམས་ཉིད་འབྲས་བུ་ལྷུན་རྫོགས་ལ། །སྐུ་གསུམ་བྱིན་རླབས་བསྡུར་མེད་ན། །མངོན་དུ་མ་གྱུར་འགྲོ་བ་ཡིས། །སྐུ་གསུང་ཚོགས་གཉིས་ཐོབ་བྱའི་ཕྱིར། །སྔགས་བརྗོད་འོད་བསྡུའི་བསམ་པ་ཡིས། །འབྲས་བུ་རྣམ་ལྔའི་བྱིན་རླབས་དབབ། ༈ །ཡེ་ཤེས་དང་ལྡན་པའི་ལྷ་རྣམས་ལ་བརྡ་སྒོ་དབྱེ་ཞིང་ཕྱག་བཙལ་ཅི་འཚལ། །མངོན་ཤེས་དྲུག་ལྡན་དབང་པོ་ལ། །བརྡ་ཡིས་མཚོན་པ་མི་དགོས་ན། །རྣལ་འབྱོར་ཆེན་པོ་ངེས་པའི་སྒོར། །བདག་ལ་དགོས་པ་བཞི་ལྡན་ཕྱིར། །ཏྲི་རྒྱུས་བསྐྱེད་པའི་གཞལ་ཡས་ཁང་། །བདའ་ཚུལ་སྒོ་དབྱེ་ཕྱག་འཚལ་བྱ། ༈ །ཆོས་ཐམས་ཅད་བདུད་རྩིའི་བདེ་བ་ཆེན་པོར་སངས་རྒྱས་པ་ལ། མཆོད་རྫས་བྱིན་གྱིས་བརླབས་པ་ཅིའི་ཕྱིར། །བདུད་རྩི་བདེ་བ་ཆེན་པོ་ལ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །འཕྲལ་དུ་སྦྱངས་སྤེལ་མི་དགོས་ན། །སྒྲུབ་ལ་བརྩོན་པའི་རྣལ་འབྱོར་གྱིས། །མཆོད་པ་ལས་འབྲས་སྒྲུབ་བྱེད་ཕྱིར། །གསང་སྔགས་ཕྱག་རྒྱ་ལྡན་པ་ཡིས། །བདུད་རྩི་རྒྱ་མཚོ་ལྷ་མོར་བརླབ། ༈ །ཐིག་ལེ་ཆེན་པོ་བསྐྱེད་རྫོགས་དང་བྲལ་བ་ལ་ཏིང་ངེ་འཛིན་རྣམ་གསུམ་རིམ་པར་བསྒོམ་པ་མི་འགལ་ལམ། ཅིག་ཆར་འཇུག་པའི་སྐལ་མེད་རྣམས། །རིམ་པར་འཇུག་པའི་བསྐྱེད་ཚུལ་གྱིས། །ཚེ་འཕོས་བར་དོར་ལུས་ལེན་ཞིང་། །སྐུ་དང་ཡེ་ཤེས་ཐོབ་བྱའི་ཕྱིར། །ཏིང་འཛིན་རྣམ་གསུམ་རིམ་པར་བསྒོམ། ༈ །ཐམས་ཅད་དེ་བཞིན་ཉིད་ཀྱི་གཞལ་ཡས་ཁང་ལ་དབང་ཆེན་དང་གཞལ་ཡས་ཁང་བསྐྱེད་ཅི་དགོས། གཟུང་འཛིན་བྲལ་བའི་ཡེ་ཤེས་ཉིད། །སངས་རྒྱས་ཀུན་གྱི་གནས་ཡིན་པས། །མི་ཤེས་པ་ཡི་སྐྱེ་བོ་ཡིས། །མཚན་མ་བསྒོམ་པས་བརྒྱུད་པའི་ཕྱིར། །སྣོད་ཀྱི་སྲིད་པ་བྱུང་ཚུལ་གྱིས། །རིམ་བརྩེགས་གཞལ་ཡས་གཞུང་བཞིན་བསྐྱེད། ༈ །རྟོག་ཚོགས་ཡེ་ནས་ལྷའི་དཀྱིལ་འཁོར་བསྐྱེད་ཅི་འཚལ། རྡོ་རྗེ་ཕུང་པོའི་ཡན་ལག་རྣམས། །ཡེ་ནས་ལྷ་ཡི་དཀྱིལ་འཁོར་ལ། །ཏིང་འཛིན་སྔགས་རྐྱེན་བསྒོམས་པ་ཡིས། །རང་བཞིན་མངོན་དུ་གྱུར་བྱའི་ཕྱིར། །ཕྱག་རྒྱ་ཆེན་པོ་ཚང་བར་བསྐྱེད། ༈ །དལ་གྱི་ལྷ་རྣམས་བྱིན་རླབས་ཀུན་དང་ལྡན་པ་ལ་ཆོ་འཕྲུལ་བཞིས་ནུས་པ་དང་ལྡན་པར་བྱ་ཅི་དགོས། འབྲས་བུ་ལྷུན་གྲུབ་དཀྱིལ་འཁོར་ལ། །ངོ་བོ་བྱིན་རླབས་དབང་ལྡན་ཡང་། །དམ་ཚིག་སེམས་དཔའི་དཀྱིལ་འཁོར་ལ། །ནུས་པ་ཀུན་དང་ལྡན་བྱའི་ཕྱིར། །དབང་དང་བྱིན་རླབས་ཆོ་འཕྲུལ་བསམ། ༈ །ཡེ་ཤེས་ཀྱི་ལྷ་དང་བདག་ངོ་བོ་གཅིག་པ་ལ་སྙན་གསན་དབབ་ཅིང་སྤྱན་དྲངས་ཅི་དགོས། བདག་ཉིད་ཆེན་པོའི་དཀྱིལ་འཁོར་ལ། །སྤྱན་དྲངས་གཤེགས་སུ་གསོལ་མེད་ཀྱང་། །རང་བཞིན་གྲུབ་པའི་དཀྱིལ་འཁོར་ལྷའི་སྐུ་དང་ཡེ་ཤེས་ཐོབ་བྱའི་ཕྱིར། ས་མ་ཛཿདང་ཨེ་ཧ་ཧིས་དགུག ༈ །སྔགས་ནང་པའི་གཞུང་ལུགས་ཀྱི་ལྷ་དང་བདག་གཅིག་པ་ལ་ལྷ་གུད་ནས་བསྟིམ་པ་མི་འགལ་ལམ། དོན་ཉིད་བདག་དང་དབྱེར་མེད་ཀྱང་། །ཏིང་འཛིན་ཡེ་ཤེས་དབྱེར་མེད་དོན། །དེ་ཉིད་སྒོ་ནས་མཐོང་བྱ་དང་། །ལས་དང་དངོས་གྲུབ་ཐོབ་བྱའི་ཕྱིར། །ཇི་སྲིད་ཐོབ་པར་བཞུགས་སུ་གསོལ། ༈ །བདག་ལ་ལྷ་བསྟིམ་བསྟན་པར་བྱས་པ་ལ་ཕྱག་བཙལ་བའི་གནས་མེད་པར་ཕྱག་བཙལ་བ་ཇི་ལྟ་བུ་ལགས། ལྷ་དང་བདག་ཏུ་དབྱེར་མེད་པའི། །དོན་ཉིད་ཕྱག་གིས་རྟོགས་བྱའི་ཕྱིར། །ཇི་ལྟར་མར་ལ་མར་བཞིན་དུ། །གཉིས་མེད་རིག་པས་ཕྱག་འཚལ་ལོ། །བདག་ཉིད་ལྷའི་དལ་དུ་གསལ་བཞིན་དུ་དམ་བཅའ་བ་མི་འགལ་ལམ། དམ་བཅའ་དབང་པོ་གཉིས་མེད་ཀྱང་། །མངོན་དུ་མ་གྱུར་ཚུལ་སྒོ་ནས། །དམ་ཚིག་ཕྱག་རྒྱ་རྩེ་གཅིག་བཅའ། །ཁས་བླངས་དོན་གཉིས་བསྒྲུབས་པ་ཡིས། །བདག་གཞན་དོན་གཉིས་རྫོགས་བྱའི་ཕྱིར། །དངོས་སུ་སྒྲུབ་དང་སྨོན་པར་བྱ། ༈ །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱའི་ངོ་བོ་ལ། །དམ་ཚིག་གི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་རྩེ་གཅིག་པ་བཞི་དང་ལྡན་ནས་མཆོད་པ་ཅིའི་ཕྱིར། མི་བསྐྱོད་ཕྱག་རྒྱའི་ངོ་བོ་ཡང་། །ལམ་བཞིན་བསྒྲུབ་པའི་གང་ཟག་གིས། །དམ་ཚིག་ཕྱག་རྒྱ་བསྐུལ་བ་དང་། །རྣམ་གྲོལ་སྒོ་མཚོན་གསལ་བའི་ཕྱིར། །ཕྱག་རྒྱ་བཞི་གསལ་གཉིས་མེད་མཆོད། ༈ །ཆོས་ཉིད་ཀྱིས་གར་ཁྱབ་པ་མཆོད་པའི་ངོ་བོ་ལ། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་ལྷག་པ་ཀུན་ཏུ་བཟང་པོའི་མཆོད་པ་དབུལ་ཅི་དགོས། ཐམས་ཅད་མཆོད་པའི་ངོ་བོ་ཉིད། །རིག་པས་དབང་ཐོབ་བྱ་ཕྱིར་ན། །ཕྱི་ནང་གསང་བའི་མཆོད་པ་རྣམས། །ནམ་མཁའི་ཁམས་ཀུན་གང་བར་མཆོད། །ཐམས་ཅད་མཆོད་ཕྱིར་ཀུན་ཏུ་བཟང། ༈ །ཐུན་མོང་མ་ཡིན་པའི་ཐེག་པའི་སྐབས་འདིར། ཕྱིའི་མཆོད་པ་ལྔ་འབུལ་ཅི་དགོས། །ཐེག་པ་ཆེན་པོའི་དོན་ཉིད་ཀྱིས། །གང་དག་ཀུན་དང་མཐུན་སྤྱོད་པས། །ཕྱི་རོལ་ཆོས་དང་མཐུན་བྱའི་ཕྱིར། །ལྷ་མོར་གསལ་བས་བསྣོལ་མར་མཆོད། ༈ །ཐམས་ཅད་སྤང་བླང་མེད་པ་ལ་དམ་རྫས་ལྷག་པར་བསྟེན་ཞིང་མཆོད་པ་སྤང་ལེན་དུ་མི་འགྱུར་རམ། མ་རྟོགས་རྣམས་དང་ཐེག་ཆུང་གིས། །ལྷག་མ་དོར་བའི་རྫས་རྣམས་ཀུན། །སྤང་དུ་མེད་པར་སྤྱད་མཆོད་པས། །ཉོན་མོངས་གྲོལ་བར་བྱ་བ་དང་། །བརྟུལ་ཞུགས་དམ་ཚིག་བསྲུང་བ་དང་། །ཁྱི་ཡི་དཔེ་བཞིན་ཞེན་བཟློག་ཕྱིར། །རྣམ་གསུམ་ཚུལ་གྱིས་མཆོད་ཅིང་བཟའ། ༈ །ལུས་ངག་ཡིད་གསུམ་ཉིད་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་ལ་རྫས་ལ་བརྟེན་ནས་དངོས་གྲུབ་བླང་ཅི་དགོས། སྒོ་གསུམ་སྐུ་གསུང་ཐུགས་ཡིན་པའི། །དོན་ཉིད་འཚམས་པའི་ཏིང་འཛིན་གྱིས། །བསྐུལ་ནས་བསྒྲུབ་པར་བྱ་ཕྱིར་དང་། །ལས་ཀྱི་མདོ་དོན་བསྒྲུབ་བྱའི་ཕྱིར། །རྫས་ལ་ཡིག་འབྲུ་བཀོད་ནས་ནི། །བསམ་དང་ལྡན་པས་དངོས་གྲུབ་བླང་། ༈ །དེ་བཞིན་གཤེགས་པ་ནི་སྒྲིབ་སྐྱེམས་དང་བྲལ་བ་ལ་འདོད་ཡོན་ལྔས་བསང་ནན་དབུལ་བ་དང་། གཏོར་མས་མཆོད་ཅི་དགོས། །གཤེགས་སྐུ་སྒྲིབ་སྐྱེམས་ཀུན་བྲལ་ཡང་། །རྣལ་འབྱོར་ཚོགས་གཉིས་རྫོགས་བྱ་དང་། །ཉོན་མོངས་ལམ་དུ་བྱས་པ་ཡིས། །འཆིང་བདུད་གཉིས་ལས་གྲོལ་བྱའི་ཕྱིར། །འདོད་ལྔས་ནམ་མཁའ་གང་བར་མཆོད། །གསང་བའི་ལོངས་སྤྱོད་རྫོགས་བྱའི་ཕྱིར། །བདུད་རྩི་ལྷ་མོར་བྱིན་བརླབས་པས། །ཞལ་ཟས་དབང་པོ་གཉིས་མེད་མཆོད། ༈ །སྣང་སྲིད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ། །མཆོད་པའི་རྒྱུ་མེད་པར་སྟོང་གསུམ་མཆོད་པར་དབུལ་ཅི་འཚལ། ཐམས་ཅད་སེམས་ཀྱི་ངོ་བོར་བས། །ཅིར་སྣང་མཆོད་པའི་རྗེས་ཡིན་པས། །དེ་ལྟར་མཆོད་པའི་ཚུལ་སྒོ་ནས། །སེམས་ལ་དབང་ཐོབ་བྱ་བའི་ཕྱིར། །ཕྱི་ནང་སྣོད་བཅུད་མཆོད་པར་དབུལ། །བསྐྱེད་པའི་རིམ་པ་ལ་གནས་པས་སྦྱོར་སྒྲོལ་གྱི་མཆོད་པ་འབུལ་བ་ཉོན་མོངས་པར་མི་འགྱུར་རམ། བསྐྱེད་པའི་ཏིང་འཛིན་ལེགས་གསལ་བས། །བདག་གཞན་དོན་གཉིས་རྫོགས་བྱ་དང་། །འཆིང་བས་འཆིང་བ་གྲོལ་ཕྱིར་དང་། །ཐབས་དང་ཤེས་རབ་ལྡན་པ་དང་། །གཉིས་མེད་མཆོད་ཕྱིར་ཏིང་འཛིན་བྱ། ༈ །རྡོ་རྗེ་དབྱིངས་ཀྱི་ལྷ་རྣམས་ཡོན་ཏན་གྱི་ངོ་བོ་ལ་བསྟོད་པ་བྱ་ཅི་དགོས། གཤེགས་སྐུ་བསྟོད་དགྱེས་མི་མངའ་ཡང་། །བསམ་ཚིག་ལྡན་པས་བསྟོད་བྱས་ན། །ཚོགས་རྫོགས་དེ་ཉིད་གསལ་འགྱུར་ཕྱིར། །སྐུ་གསུང་ལས་ལྔའི་སྒོ་ནས་བསྟོད། ༈ །ལྷ་རྣམས་འདོད་པ་དང་བྲལ་བ་ལ་རོལ་མོ་དབུལ་ཅི་དགོས། །དེ་བཞིན་གཤེགས་ཉིད་འདོད་བྲལ་བས། །རོལ་མོས་དགྱེས་པ་མི་མངའ་ན། །རྣལ་འབྱོར་བདག་གཞན་དོན་འདོད་པས། །རོལ་མོས་སེམས་ཉིད་གསལ་བ་ཡིས། །སེམས་རྒྱུད་དགྲོལ་དང་བསྟོད་པ་དང་། །མཐུན་པས་འགྲོ་བ་སྒྲོལ་བའི་ཕྱིར། །རོལ་མོའི་མཆོད་པ་ཚུལ་བཞིན་བྱ། ༈ །སྔགས་ཀྱི་སྐབས་ནས་འབྲས་བུ་གཞན་ནས་མི་འཚོལ་བ་ལ་སྨོན་ལམ་གདབ་པ་ཇི་ལྟ་བུ་ལགས། མ་གྲུབ་གྲུབ་པར་བྱ་མེད་ཀྱང་། །དེ་ཉིད་རྟོགས་པར་བྱ་བ་དང་། །དགོངས་གསོལ་མཆོད་དང་བཤགས་པ་དང་། །དངོས་གྲུབ་གསོལ་དང་ལས་བཅོལ་བས། །བསམ་པ་འགྲུབ་པའི་སྟོངས་འགྱུར་ཕྱིར། །བསམ་དང་བཅས་པས་སྨོན་ལམ་གདབ། ༈ །ཏིང་ངེ་འཛིན་གྱི་དལ་དང་རང་བཞིན་གྱི་དལ་དབྱེར་མེད་དུ་འདོད་པའི་དོན་གསོལ་བ་འདེབས་པ་ཀྲི་ཡ་བ་དང་འདྲ་བར་མི་འགྱུར་རམ། དཀྱིལ་འཁོར་རྣམ་གཉིས་དབྱེར་མེད་པས། །གསོལ་བ་གདབ་པའི་གཞི་མེད་ནའང་། །ལྷུན་གྱིས་མ་གྲུབ་དབང་གིས་ན། །བསམ་པས་གསོལ་འདེབས་རེ་རྩོལ་བས། །ལུས་ངག་རྡོ་རྗེ་གྲུབ་ཐོབ་ནས། །མཐའ་ཡས་སེམས་ཅན་དོན་བྱའི་ཕྱིར། །གཉིས་མེད་གསལ་བས་གསོལ་འདེབས་པ། །རྗེ་སྤུན་གྲོགས་ལྟ་མཚུངས་པ་མིན། ༈ །ཅི་བརྗོད་སྔགས་ཀྱི་ངོ་བོ་ཉིད་ལ། །བསྙེན་པའི་གྲངས་ཀྱིས་བྱ་ཅི་དགོས། །ཅི་བརྗོད་སྔགས་ཀྱི་ངོ་བོ་ཉིད། །མངོན་དུ་འགྱུར་བར་བྱ་བ་དང་། །དངོས་གྲུབ་རྣམ་གཉིས་ཐོབ་བྱའི་ཕྱིར། །རྣམ་གསུམ་ཚུལ་གྱིས་བཟླས་པ་བྱ། ༈ །བསྙེན་པ་ཟིན་ནས་བཤགས་པ་བྱ་ཅི་དགོས། །བསྙེན་པས་རྟགས་མཚན་ལྡན་བྱས་ནས། །དངོས་གྲུབ་བླང་བའི་གེགས་གྱུར་པ། །སྦྱངས་ནས་སྣོད་དུ་བྱ་བའི་ཕྱིར། །ཡེ་ཤེས་མཉམ་ཉིད་ཚིག་གིས་བཤགས། ༈ །དཀྱིལ་འཁོར་རྣམ་གཉིས་གཅིག་པ་ལ། །རིག་པའི་མེ་ཏོག་དོར་ཅི་དགོས། །ད་ལ་རྣམ་གཉིས་དབྱེར་མེད་པའི། །དོན་གཉིས་མ་བུ་གསལ་གདབ་ཕྱིར། །ལྷ་དང་དབྱེར་མེད་རིག་པ་ཡིས། །གསལ་བའི་མེ་ཏོག་དོར་བར་བྱ། ༈ །རིག་པའི་མེ་ཏོག་དོར་ནས་དངོས་གྲུབ་གསོལ་ཅི་དགོས། རིག་པ་གསལ་བའི་སྐད་ཅིག་མ། །མངོན་དུ་གྲུབ་པའི་མཐུ་མེད་པས། །སྐུ་གསུམ་དངོས་གྲུབ་བྱ་བའི་ཕྱིར། །སྔགས་ཚིག་ལྡན་པས་དངོས་གྲུབ་གསོལ། །གནས་གསུམ་ཡིག་འབྲུ་སྤྲོས་པ་ཡིས། །སྒོ་གསུམ་སྐུ་གསུང་ཐུགས་འགྱུར་བསམ། ༈ །མཁའ་འགྲོ་སུམ་ཅུ་རྩ་གཉིས་ཞི་བའི་སྐབས་སུ་ལྷག་མ་མཆོད་པ་ཇི་ལྟ་བུ་ལགས། སྔོན་ཚེ་བཅོམ་ལྡན་རིགས་ལྔ་ཡིས། །མཁའ་འགྲོ་སུམ་ཅུ་རྩ་གཉིས་པོ། །བཏུལ་ནས་སླས་དང་གདན་དུ་བྱས། །ད་ལྟ་རྣལ་འབྱོར་ལས་སྟོངས་ཕྱིར། །རིགས་ལྔའི་ཕ་འབགས་གཞུང་བཞིན་མཆོད། ༈ །ཐམས་ཅད་ཆོས་སྐུའི་ངོ་བོ་ལ། །དཀྱིལ་འཁོར་བསྡུ་བ་མི་འགལ་ལམ། །ཆོས་སྐུ་དོན་དུ་དབྱེར་མེད་པའི། །དོན་ལས་མི་འདའ་བྱ་ཕྱིར་དང་། །མཚན་མའི་སྐྱོན་དུ་མི་འགྱུར་ཕྱིར། །དཀྱིལ་འཁོར་ལུགས་བཞིན་བསྡུ་བར་བྱ། ༈ །དཀྱིལ་འཁོར་བསྡུས་ནས་མི་དམིགས་པ་ལ་ལས་ལྷར་བསྐྱེད་ཅི་དགོས། ཆད་པའི་མཐའ་རྣམས་བསལ་བ་དང་། །སྤྱོད་ལམ་རྣམ་བཞི་བསྒོམས་པ་ཡིས། །འགྲོ་བའི་དོན་རྣམས་རྫོགས་བྱའི་ཕྱིར། །གཙོ་བོའི་སྐུ་ཉིད་གསལ་བར་བསྐྱེད། ༈ །བདག་ཉིད་ལྷར་གསལ་བ་ལ་གོ་བགོ་ལུས་བསྲུང་ཅི་དགོས། ལྷ་ཡི་སྐུ་ཉིད་གསལ་གྱུར་ཀྱང་། །རྣམ་སྨིན་ལུས་དང་མ་བྲལ་བས། །དགེ་བའི་བར་ཆད་འབྱུང་བའི་ཕྱིར། །རྒྱ་གྲམ་གོ་བགོད་ཁྲོ་བོས་བསྲུང་། ༈ །བདག་ཉིད་ལྷར་གསལ་བཞིན་ཡི་གེ་བརྒྱ་པས་བཤགས་པ་མི་འགལ་ལམ། སྒྲ་གསུང་སྔགས་ཚིག་བརྗོད་མེད་ཀྱང་། །དེ་བཞིན་མ་རྟོགས་རྣལ་འབྱོར་བས། །ལས་ཀྱི་ལྷག་ཆད་དག་བྱའི་ཕྱིར། །ཡི་གེ་བརྒྱ་པས་གཞུང་བཞིན་བཤགས། ༈ །སྤྱོད་ཡུལ་ཐམས་ཅད་གསལ་བ་ལ། །སེམས་ཅན་མིང་ཡང་མེད་པར་དགེ་བའི་རྩ་བ་སུ་ལ་བསྔོ། །ཁམས་གསུམ་སེམས་ཅན་མ་ལུས་ཀུན། །རང་བཞིན་ལྷུན་རྫོགས་སངས་རྒྱས་ཀྱང་། །མ་རིག་ལིང་རྟོག་བསྒྲིབས་པ་རྣམས། །བདག་གིས་གཞན་དོན་རྫོགས་བྱའི་ཕྱིར། །སེམས་ཅན་དོན་མཆོད་དགེ་རྩར་བསྔོ། ༈ །དེ་བཞིན་གཤེགས་པ་ནི་བྱིན་རླབས་ཀུན་དང་ལྡན་པས། གདུལ་བྱ་ལ་ཇི་ལྟར་འདུལ་བ་བཞིན་དུ་དུས་གཅིག་ཏུ་འདུལ་པ་ཡིན་ན། རྣལ་འབྱོར་པ་རྣམས་ཞི་བ་ལས་ཁྲོ་བོར་བསྒྱུར་ནས་བསྒོམ་པས་མི་འགལ་ལམ། ལྷུན་གྲུབ་རྒྱལ་བ་ཉག་གཅིག་གི། །མཛད་སྤྱོད་ཐམས་ཅད་ལྷུན་གྲུབ་པས། །ཇི་ལྟར་འདུལ་སྣང་དཔག་བསམ་ལྟར། །རྗེས་སུ་འཇུག་པའི་རྣལ་འབྱོར་པས། །ལྷུན་གྱིས་གྲུབ་པ་མ་ཐོབ་པས། །ངེས་འབྱུང་དཔྱང་ཐག་ཆད་དོན་ཕྱིར། །བསམ་པས་ཞི་ཁྲོ་རེས་མོས་བསྒོམ། ༈ །ཁོག་གཞུང་ཞི་ཁྲོ་གཉིས་མཐུན་པ་ལ། །ཁྲོ་བོའི་གནས་སྐབས་བཏུས་པ་རྣམས། །གསལ་བར་བྱ་ཕྱིར་སྒོ་དབྱེ་སྟེ། །ཁྲོ་བོའི་དོན་རྣམས་ཤེས་པར་གྱིས། ༈ །ཁྲོ་བོའི་གནས་སྐབས་ན་དབྱེར་མེད་པར་བསྟིམས་ནས་གཟི་བྱིན་བསྐྱེད་ཅི་དགོས། ཡེ་ཤེས་ལྷ་རྣམས་བྱིན་ལྡན་ཡང་། །དམ་ཚིག་སེམས་དཔའི་དཀྱིལ་འཁོར་དང་། །བྱིན་དང་ལྡན་ན་དོན་སྒྲུབ་ཕྱིར། །སྐུ་དང་གསུང་ཐུགས་གཟི་བྱིན་བསྐྱེད། ༈ །མཆེ་བའི་ཕྱག་རྒྱ་དང་སྔགས་ཀྱིས་གདུག་པ་ཅན་བཟའ་བརྩེའི་ཕྱིར། ཡེ་ཤེས་སྤྱན་དྲངས་གཤེགས་པའི་ཚེ། །ཞོར་ལ་འབྱུང་བའི་ཡི་དྭགས་རྣམས། །རྣལ་འབྱོར་ཏིང་ངེ་འཛིན་བར་གཅོད་ཕྱིར། དཔལ་གྱི་ཞལ་དུ་གདུག་ཅན་གསོལ། ༈ །ཐོད་པ་ཚར་གསུམ་གྱི་དམ་ཚིག་གི་རྒྱ་བསྟན་པ་ལ་དགོས་པ་ཅི་ཡོད། ཁྲག་འཐུང་དཀྱིལ་འཁོར་མ་ལུས་རྣམས། །སྐུ་གསུང་སྒོ་ནས་འབྲས་ཐོབ་ཕྱིར། །དངོས་གྲུབ་རྩོལ་བར་དམ་བཅས་པས། །སྔོན་གྱི་ཐུགས་དམ་གནས་དབབ་པས། །སྐུ་གསུམ་དངོས་གྲུབ་གསལ་མཛད་ཕྱིར། །དམ་ཚིག་ཕྱག་རྒྱ་བསྟན་པར་བྱ། ༈ །བདག་དཔལ་ཁྲག་འཐུང་གི་དཀྱིལ་འཁོར་དུ་གསལ་བས་མཁའ་འགྲོ་མ་ཟིལ་གྱིས་མནན་ཅིང་དབང་དུ་བསྡུ་བ་མི་འགལ་ལམ། དཔལ་ཆེན་ཚོགས་ཀུན་བདག་པོ་ཡི། །རྗེས་སུ་འཇུག་པའི་རྣལ་འབྱོར་པས། །ཟིལ་མནན་དབང་བསྡུས་འཁོར་བྱས་ནས། །རང་དབང་མེད་པར་ལས་བྱེད་ཅིང་། །ཁྱུང་གཤོག་ཕྱག་རྒྱས་བརླབ་པར་བྱ། ༈ །དཔལ་ཆེན་པོའི་སྐུ་ལ་གསང་བའི་ལྷ་མོ་བཞི་དང་ལྡན་པའི་ཚུལ་དུ་མཆོད་པ་ཇི་ལྟ་བུ་ལགས། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །ཡུམ་བཞི་ལྡན་པའི་དངོས་གྲུབ་བརྙེས། །དེ་རྗེས་འཇུག་པའི་རྣལ་འབྱོར་པས། །བཞི་ལྡན་ཚུལ་དུ་གསལ་ཕྱག་འཚལ། ༈ །དེ་ལྟར་མཆོད་པ་རྣམས་ཚུལ་བཞིན་རིམ་པར་ཕུལ་ནས། ཨེ་ས་ཧཱུྃ་གི་སྔགས་ཀྱིས་བཤགས་པ་བྱ་ཅི་དགོས། །མཆོད་པ་ཚུལ་བཞིན་བྱས་གྱུར་ཀྱང་། །དང་པོ་ལས་ཀྱི་རྣལ་འབྱོར་པས། །ཚེ་རབས་སྡིག་དང་ཆོ་ག་ཡི། །ལྷག་ཆད་དམ་ཚིག་ཉམས་པ་རྣམས། །སྐྱོན་དུ་མི་འགྱུར་བྱ་བའི་ཕྱིར། །ཨེ་ས་པ་ས་ཧཱུྃ་ས་མ་བཤགས། ༈ །རྣལ་འབྱོར་པས་བསྐྱེད་ཟིན་ནས་ཚོགས་ཀྱི་མཆོད་པ་བྱ་བའི་དོན་ཆེད་ཇི་ལྟ་བུ་ལགས། བཟའ་དང་བཏུང་བའི་ཡོ་བྱད་རྣམས། །མ་སྤངས་རོལ་པའི་ཚུལ་ཉིད་ཀྱིས། །ཚོགས་གཉིས་རྫོགས་པར་བྱའི་ཕྱིར། །བདག་ཉིད་སྤྱན་ཅིང་ལྷ་ལ་མཆོག ༈ །དབང་ཕྱུག་ཉེར་བརྒྱད་ལ་ལྷག་མ་དང་ཁ་ཆུས་མཆོད་པའི་དོན་ཇི་ལྟ་བུ་ལགས། དབང་ཕྱུག་མིང་སྲིང་འཁོར་བཅས་རྣམས། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །དུར་ཁྲོད་བདག་པོ་བརྟུལ་བའི་ཚེ། །ཁྱོ་རྣམས་བཏུལ་ནས་གདན་དུ་མཛད། །ཆུང་མ་སྦྱོར་ནས་བྱི་མོར་མཛད། །ལྷག་མ་བྱིན་ནས་ལས་དབང་བསྐུར། །མོ་རྣམས་ཀུན་གྱིས་ཁས་བླང་པ། །དབུས་སུ་མཆི་སྐལ་མི་ལྡན་གྱིས། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མི་ལྡན་གྱིས། །ལྷག་མ་ཞལ་ཆབ་མགྲོན་ལ་གསོལ། །དེ་སྐད་ཁས་བླངས་དམ་བཅས་པས། །གཞུང་བཞིན་མཁྱེན་པའི་རྣལ་འབྱོར་པས། །དཔལ་ཆེན་ཁྲག་འཐུང་དཀྱིལ་འཁོར་དུ། །ཏིང་ངེ་འཛིན་གྱི་གསལ་བྱས་ཏེ། །ལས་ཀྱི་དབང་ཕྱུག་གནས་ནས་དགུག །གདན་དབུལ་ཟིལ་མནན་དབང་བསྡུས་ལ། །དཔལ་གྱི་ཕ་འབབ་གཞུང་བཞིན་གསོལ། །ཁ་ཆུས་དཔལ་ཆེན་ཞལ་ཆབ་ཀྱིས། །ཚིམ་བྱས་ལས་ཀྱི་བསྒོ་བ་བྱ། །རང་གི་གནས་སུ་ལས་ལ་དགྱེ། །རྩ་བའི་དཀྱིལ་འཁོར་ཚུལ་ལ་བསྡུ། ༈ །དེ་ལྟ་བུའི་ཕྲིན་ལས་དང་ཏིང་ངེ་འཛིན་བྱས་པའི་འབྲས་བུ་ཇི་ལྟ་བུ་ལགས། ལྷ་མི་སྐུ་ཉིད་གསལ་བསྒོམས་པས། །བསོད་ནམས་ཚོགས་ཆེན་ཐོབ་པར་འགྱུར། །དེ་ཉིད་ཆུ་ཟླ་ལྟར་ཤེས་པས། །ཡེ་ཤེས་ཚོགས་ཆེན་ཐོབ་པར་འགྱུར། །ཚོགས་གཉིས་རྫོགས་པས་སྐུ་གསུམ་འགྲུབ། ༈ །དེ་ལྟར་བསྐྱེད་པའི་ཏིང་འཛིན་སྤྱིར་བསྒོམས་པའི་དགོས་པ་ཇི་ལྟར་ལགས། བསྐྱེད་པའི་ཏིང་འཛིན་གསལ་བ་ཡིས། །ཐུན་མོང་ཞེན་པ་གྲོལ་འགྱུར་སྤང་། །ལས་དང་དངོས་གྲུབ་མཐར་ཕྱིན་འགྱུར། །བསྙེན་པའི་མཚན་མ་རྒྱུན་དུ་བསྒོམ། ༈ །དེ་ལྟ་བུའི་མན་ངག་འདིའི་སྣོད་ཀྱི་མཚན་ཉིད་ཇི་ལྟ་བུ་ལགས། བཀའ་ལས་སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །གཞན་ལ་ནམ་ཡང་སྦྱིན་མི་བྱ། །རྨོངས་ལ་འཚར་བས་གལ་ཏེ་བྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེགས་དང་སྦྲེགས་ལ་ཡུད་རིང་གནས། །དེ་བས་སྣོད་ཀྱི་མཚན་ཉིད་གཅེས། ༈ །མན་ངག་ཞི་ཁྲོ་ལས་ཕྲེང་དོན། །མ་འོངས་དོན་དུ་བགྱིས་པ་ཡིས། །ཕྱི་རབས་རྣལ་འབྱོར་ཇི་སྙེད་པ། །ཞི་ཁྲོ་དོན་བཞིན་སྤྱད་པ་ཡིས། །གདུག་ཅན་ཞི་ཞིང་ཐུལ་གྱུར་ཏེ། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །བདག་ལས་ནམ་ཞིག་ཤི་འཕོས་ཚེ། །ལྷ་ཡི་སྐུ་རྣམས་གསལ་འགྱུར་བས། །ལས་ངན་བར་ཆད་མི་འབྱུང་ཞིང་། །བར་དོར་སྒྱུ་མའི་སྐུ་ཐོབ་པ། །ཁྱུང་དང་སེང་གེའི་དཔེ་བཞིན་དུ། །རྣམ་སྨིན་ལུས་ཀྱི་མདུད་གྲོལ་ནས། །ཕྱག་རྒྱ་ཆེན་པོ་ཐོབ་གྱུར་ཏེ། །མཐར་ཡང་འགྲོ་བའི་དོན་བྱེད་ཤོག །དེ་ལྟར་འགྲོ་དོན་རྫོགས་བྱས་ནས། །ཁམས་གསུམ་གནས་པའི་སེམས་ཅན་ལ། །བྱིན་རླབས་བློ་ལ་མུན་སྒྲོན་བཞིན། །སྣང་ནས་ཀུན་ཀྱང་འབྲས་ལྡན་ཤོག །གསང་སྔགས་ཀྱི་གྲུབ་ཐོབ་ཆེན་པོར་གྲགས་པ་སློབ་དཔོན་ནམ་མཁའི་སྙིང་པོས་མཛད་པ། ཞི་ཁྲོ་ལས་ཀྱི་ཕྲེང་བ་ཞེས་བྱ་བ་རྫོགས་སོ།། །།ཞི་ཁྲོ་མཁན་ལ་འདི་མེད་ན། །ལོང་བས་ལམ་སྣ་ཁྲིད་པ་ཡིན། །ཞི་ཁྲོ་དོན་གཉེར་མཛད་རྣམས་ཀྱིས། །འདི་ལ་བལྟ་རྟོག་ལེགས་པར་མཛོད། །དགེའོ།། །།

མན་ངག་རྣམ་པར་བཀོད་པ། ཨིནྡྲ་བྷཱུ་ཏིའམ་སྐལ་ལྡན་རྒྱལ་པོ།

མན་ངག་རྣམ་པར་བཀོད་པ་ཞེས་བྱ་བ་བཞུགས་སོ། །དཔལ་རྡོ་རྗེ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །རང་གི་ལྷ་ལ་ཕྱག་བཙལ་ནས། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་དག་ལས། །དད་ཅན་སྐལ་ལྡན་དོན་ཕྱིར་དུ། །མན་ངག་རིམ་པ་བརྗོད་པར་བྱ། །ཤར་ཕྱོགས་ཨིནྡྲའི་ལུང་པ་ན། །རྒྱ་ལུང་རྡོ་རྗེ་བརྩེགས་པ་རུ། །རིགས་ཅན་ཨིནྡྲཾ་བྷུ་ཏི་ངས། །གསང་བའི་བདག་པོས་མངོན་བསྟན་པའི། །སྒྱུ་འཕྲུལ་དྲྭ་བའི་སྒྲུབ་པ་ཡང་། །ཚོམ་བུ་ལྔ་བཅུ་སྟོང་དང་བཅས། །ཕྱག་ན་རྡོ་རྗེ་མངོན་བསྒྲུབས་ཏེ། །སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང་། །དགེ་བར་བསྐུར་ནས་སྡིག་པ་མེད། །དེ་ནས་ས་ལ་རེག་པར་བྱས། །དེ་བཞིན་པཉྩ་ཨ་བྷི་ཥེ། །རིམ་པར་ཐོབ་པའི་སྐལ་ལྡན་བུ། །གདུངས་བརྟགས་རིགས་ངེས་སྤྱོས་ཀྱང་བརྟན། །ལྷག་སེམས་ལྡན་ཞིང་བཀའ་ཉན་པ། །བླ་མ་སྲོག་ཏུ་འཛིན་བྱེད་དང་། །མན་ངག་སྙིང་དུ་འཆང་བ་ཡི། །རྣལ་འབྱོར་ཕོ་མོ་ཆགས་པ་ཡིས། །གཞན་དུ་གདུང་སྤང་རྣམས་ལ་སྦྱིན། །ལོང་བ་ཨུ་ལུ་པ་ཤ་ཀས། །འཇུག་ཅིང་སྤྱད་པའི་ཉམས་མེད་ལྟར། །འདོད་པས་སྨོན་པའི་རྣལ་འབྱོར་པ། །བརྗོད་བྲལ་ཚིག་གིས་རྟོགས་མིན་ཡང་། །འཕྲུལ་གྱི་མེ་ལོང་བསྟན་པ་ལྟར། །རྟོགས་བྱེད་ཚིག་གི་མེ་ལོང་གིས། །མཚོན་རྒྱུད་སྤྱན་ལ་སྣང་བྱེད་པའི། །ཨུ་པ་དེ་ཤའི་རིམ་པ་བསྟན། །རྒྱ་མཚོ་ཆུ་ལ་ངང་པ་བཞིན། །བཀའ་ཡི་བདུད་རྩི་བཅུད་བསྡུས་འདི། །སི་ཥུའི་རྒྱུད་ཀྱི་མོས་རིམ་བཞིན། །འཚམས་པར་བསྟན་ན་ཆུད་མི་གསོན། །རིམ་རྫོགས་གྲོལ་འདོད་བརྡའ་ཞེན་ལ། །དེ་ཉིད་གྲོལ་བའི་མན་ངག་བྱིན། །བདེན་པའི་ཚིག་གིས་བྱིན་གྱིས་བརླབ། །དེས་བརླན་རིག་པའི་ཆུ་སྐྱེས་ཡོད། །དེ་ལ་དྲན་རྒྱུན་མན་ངག་སྦྱིན། །དེས་དབུལ་རྟོགས་པའི་སྒྲོལ་མ་ཡིས། །གཡེང་ལ་སྒྲོལ་མའི་མན་ངག་སྦྱིན། །རྣམ་རྟོག་ཆུ་རླུང་འཁྱགས་པ་ལ། །ཐིག་ལེ་དྲོད་དབབ་མན་ངག་བྱིན། །ཆགས་པའི་མེ་ཡིས་གདུངས་པ་ལ། །ཁམས་གསུམ་རོལ་པའི་མན་ངག་བསྟན། །མཚན་མས་མཚན་མ་གྲོལ་འདོད་ལ། །ཕྱག་རྒྱ་བསྒོམ་པའི་མན་ངག་སྦྱིན། །དེ་དག་རྣམ་སྨིན་རེ་བ་ལ། །རྒྱུ་འབྲས་མེད་པར་ཐོབ་ཚུལ་བསྟན། །དེང་སྔོན་མོས་བྲལ་ཐུན་མོང་གི། །ཐེག་པར་སྤྲོས་འཆེལ་མ་ངེས་ལ། །གསང་བའི་ཡོན་ཏན་ཁྱད་པར་ཅན། །ངོ་མཚར་ཚིག་གིས་འདུ་ཤེས་སྒྱུར། །རིམ་པ་བརྒྱད་ཚུལ་བཟློག་བསྟན་པ། །འཇུག་པའི་རིམ་པར་མོས་པ་བདུན། །ཅིག་ཤོས་མཐར་བཞག་གཙོར་སྨྲོས་ཀྱང་། །དེ་སྔོན་བཞག་སྟེ་བརྗོད་ཀྱིས་ཟུངས། ༈ །ཐུན་མོང་སྒྲ་ཡི་སྤྲོས་འཆེལ་བས། །མཆོག་ལ་དད་མེད་གང་ཟག་ལ། །ཁྱད་པར་བཤད་པས་བསྒྱུར་བའི་ཚིག །དེ་ཡང་རྒྱུད་ལས་འདི་སྐད་དུ། །ཁ་ཅིག་ལྟ་བ་མཉམ་གནས་ཀྱང་། །སྤྱོད་པ་དག་དང་ཡོད་མི་མཐུན། །ཁ་ཅིག་སྤྱོད་པ་རྫོགས་བྱེད་ཀྱང་། །མཉམ་པ་ལྟ་བ་ཡོང་མི་ཤེས། །ཁ་ཅིག་ལྟ་སྤྱོད་གཉིས་ཀ་མེད། །བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་དེ། །ཀུན་རྫོབ་དུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །མཉམ་པའི་དོན་ཉིད་མི་ཤེས་ཤིང་། །ཀུན་རྫོབ་དོན་དམ་གཉིས་འབྱེད་ལ། །ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་ས་པ་ཡིན། །དེ་སོགས་ཕྱི་ནང་རྒྱུ་འབྲས་དང་། །འཇིག་རྟེན་ཐུག་པར་འཁྲུལ་པར་བརྗོད། །གསང་ཆེན་ངེས་པའི་རྒྱུད་ཉིད་ལས། །ཡང་དག་སྐྱེས་མཆོག་དམ་པ་ཡིས། །ཀུན་རྫོབ་དོན་དམ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་དུ་ནི་མཉམ་རྫོགས་སོ། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་དུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོགས་ཚིག་གིས་དྲོད་སྐྱེད་ལ། །ངེས་པར་ལྡེམ་དགོངས་བརྒྱད་ཀྱིས་གཞུག ༈ །མཚན་མས་གྲོལ་ལ་རྒྱ་སྦྱིན་པ། །དཀྱིལ་འཁོར་ཆེན་པོར་ཞུགས་པའི་ཚེ། །གང་ལ་བབས་པའི་ལྷ་དེའམ། །ཡང་ན་ལྷ་ཀུན་གཅིག་པའི་ཕྱིར། །གང་མོས་ལྷ་དེ་ཡི་དམ་བྱ། །དེ་ཡང་བློ་ཡིས་གཉིས་འགྱུར་ཏེ། །རིམས་སུ་སྐད་ཅིག་སྤྲོས་བཅད་ལ། །དེ་ནས་ཡི་གེ་ཕྱག་རྒྱ་དང་། །ཕྱག་རྒྱ་ཆེན་པོའི་རིམ་པར་བསམ། །དབང་བསྐུར་ལ་སོགས་ལྷག་པའི་སྐུ། །དགུར་ལྡན་སྤྱན་དྲངས་བསྟིམ་བརྟན་མཆོད། །ཟིན་ནས་བཅུ་སྤངས་བཟླས་པ་བྱ། །གསལ་བ་གསུམ་ལྡན་དྲོད་རྙེད་འགྱུར། །ཡན་ལག་སྔོན་དུ་བདུན་རྫོགས་ནས། །མཆོད་པའི་བྱིན་བསྡུས་བརླབ་པར་བྱ། །རྟག་ཏུ་རྒྱུན་གྱི་ཏིང་འཛིན་སྤྱད། །ལོངས་སྤྱོད་ཧོམ་དང་འབྲལ་མི་བྱ། །གཅིག་བཅར་བ་ནི་རང་གི་གཟུགས། །རབ་གནས་ལྡན་པ་མདུན་བཞག་ལ། །སྤྲོས་བཅད་ཞུགས་པ་སྔོན་བྱས་ལ། །གསལ་བར་སྤྱི་དང་བྱེ་བྲག་བརྟག །དེ་ཅི་འདྲ་བར་མདུན་དུ་བསམ། །ཤིན་ཏུ་གོམས་ནས་རྣམ་སྨིན་གཟུགས། །བསྒྱུར་ལ་དེ་བརྟན་ངེས་པར་བྱ། །དེ་ཚེ་བྱིང་རྨུག་སྐྱོན་དྲུག་སྤང་། །རྒོད་པའི་སྐྱོན་གསུམ་དོར་བྱས་ཏེ། །འགྱུར་བའི་སྐྱོན་བདུན་བྱུང་བ་ན། །སྤྱི་ལ་གནས་མཆོག་མེད་འགྱུར་ན། །བྱེ་བྲག་གང་སྣང་འཕྲོད་ལ་བཟུང་། །དེ་ལྟར་རྟོགས་པའི་གཟེར་ཆེན་པོ། །འགྱུར་ན་རི་ལྟར་གདོས་ཚོན་བྱ། །མི་སྣང་གཟུགས་བརྙན་བསླན་པར་བྱ། །མཚན་སྣང་རྒྱུ་བ་དེ་རུ་བྱ། །ཤིན་ཏུ་གསལ་ལ་མི་གཡོ་བར། །བསྒྱུར་ཐོབ་མི་ལྕོགས་མེད་པ་ན། །ལྷ་ཡི་རྟགས་དང་ལོ་རྒྱུས་ཀྱིས། །ཟུང་དུ་འབྲེལ་བ་ཆེད་དུ་བྱ། །གདོད་མཐའ་མཚན་མ་ལྔ་བརྟགས་ཏེ། །ཉམས་རིམ་ཟིན་པས་བརྩོན་འགྲུས་སྦྱར། །དེ་ཡང་རྒྱུད་ལས་འདི་སྐད་དུ། །གསང་བའི་སྙིང་པོ་དོན་ཉིད་ཀྱིས། །ཡི་དམ་མི་སྤང་རྟག་བསྒོམ་ཞིང་། །ཡི་དམ་ལྷ་ཡི་མཚན་ཉིད་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར། །དཀྱིལ་འཁོར་ཀུན་དང་མཉམ་པའི་ཕྱིར། །སྐུ་གསུམ་ཡེ་ཤེས་ལྔ་རྫོགས་འགྲུབ། །བདག་ཉིད་ལྷ་དང་མཉམ་སྦྱར་ནས། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །ཡེ་ནས་མཉམ་ཉིད་སྦྱོར་བས་སུ། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །བདེ་གཤེགས་ཀུན་དང་མཉམ་སྦྱོར་བས། །དཀྱིལ་འཁོར་ཀུན་དང་མཉམ་པར་འགྱུར། །དཀྱིལ་འཁོར་ཀུན་དང་མཉམ་པའི་ཕྱིར། །སྐུ་གསུམ་ཡེ་ཤེས་ལྔ་རྫོགས་འགྲུབ། །ཡི་དམ་ལྷ་ནི་རྟག་བསྒོམས་ན། །རྒྱུ་འབྲས་ལྷུན་གྱིས་གྲུབ་པ་ཡི། །བདག་གི་ཀུན་ལ་དབང་བསྒྱུར་ཏེ། །རིག་འཛིན་གནས་སུ་སྐྱེ་བར་འགྱུར། །ཕྱག་རྒྱ་ཆེན་པོར་རྟག་ཏུ་བཞག །སྔགས་ནི་རྟག་ཏུ་བརྗོད་པར་བྱ། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །རྣལ་འབྱོར་སྒྲུབ་པའི་ལམ་ཡང་ཡིན། །མི་གཏོང་སྡོམས་ཤིང་འདྲེན་པ་ཡིན། །དོན་མཆོག་རྫོགས་པའི་གནད་ཡིན་ཏེ། །རྟག་ཏུ་མཉམ་བཞག་ཕྱག་རྒྱ་ཡིན། །དུག་གསུམ་གཏིང་འབྱིན་སྔགས་ཡིན་ཏེ། །ཡང་དག་དོན་ཆེན་ཀླུང་འདོད་པས། །དུས་མཚམས་མེད་པར་ཕྱག་རྒྱ་སྔགས། །ཡིད་བརྟན་དྲག་ཏུ་བཟླས་བསྒོམ་བྱ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །རྡོ་རྗེ་སེམས་དཔའ་སྒྲུབ་འདོད་པས། །རྟག་ཏུ་མཉམ་པའི་དོན་རྟོགས་པའི། །སྐུ་ནི་འཇའ་ཚོན་ཚུལ་འདྲ་བའི། །སྣང་ལ་རང་བཞིན་མེད་པར་བསྒོམ། །འཁོར་རྣམས་ཆུ་ཟླའི་ཚུལ་ཤེས་པའི། །གསལ་ལ་རྟོག་པ་མེད་པར་བསྒོམ། །ལྷ་ཡི་སྐུ་ན་གསལ་བསྒོམས་ན། །བསོད་ནམས་ཚོགས་ཆེན་ཐོབ་པར་འགྱུར། །དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་ཐོབ་པར་འགྱུར། །ཡི་དམ་ལྷ་དེ་སྤངས་བྱས་ན། །ངན་སོང་མི་བདེ་རྟག་ཏུ་འཁོར། །བདག་དང་དབྱེར་མེད་ཕྱག་རྒྱ་ཆེ། །གསལ་ལ་བརྩོན་པའི་ཡོན་ཏན་ལྡན། །ཡིད་བཞིན་མ་ཆགས་དབང་བསྒྱུར་ཏེ། །གོམས་ཤིང་བརྟན་པར་བྱ་བ་ཡིན། །དེ་བས་བར་ཆད་བརྩོན་མེད་ན། །དཔེར་ན་ས་བོན་ཚིག་པ་ལས། །འབྲས་བུ་འདོད་པ་དང་འདྲ་སྟེ། །བསྒྲུབ་པའི་འབྲས་བུ་མེད་པར་འགྱུར། །མི་ཁོམ་འཁོར་བར་གནས་པར་འགྱུར། །དམ་ཚིག་བསྲུངས་དང་སྔགས་བཟླས་དང་། །ཕྱག་རྒྱ་རྒྱུན་མི་བཅད་པ་བཞི། །བརྩོན་འགྲུས་ཆེ་ཞིང་བརྟན་པར་གཟུང་། །རྣལ་འབྱོར་བརྩོན་འགྲུས་ཆུང་གྱུར་ན། །མི་འགྲུབ་ཁེ་ཉེན་ཆེ་བར་གསུངས། །རལ་གྲིའི་སོ་ལ་ནན་ཏན་དུ། །སྐྱེས་བུས་མྱུར་དུ་མ་གཟུང་ན། །ལག་པ་ངེས་པར་གཅོད་པར་འགྱུར། །དེ་བཞིན་ནན་ཏན་མེད་པའི་གསང་སྔགས་པ། །འཆིའམ་ཡང་ན་འབྲས་བུ་མེད་པར་འགྱུར། །རྣལ་འབྱོར་དམ་པ་རྣམས་ཀྱིས་ནི། །སྔགས་ཀྱི་ཡན་ལག་མ་ཉམས་གསལ། །དོན་ལྡན་མ་ཉམས་དག་བྱས་ཤིང་། །བརྩོན་འགྲུས་ཆེར་བསྐྱེད་མྱུར་བར་འགྲུབ། །འདི་ལྟར་བསྒྲུབས་ཤིང་བསྒོམ་བྱས་ན། །འབྲས་བུ་ཚེ་ལ་མ་སྦྱར་ཀྱང་། །དཔེར་ན་མངལ་དང་སྒོ་ང་བཞིན། །རྣམ་རྟོག་ལུས་ནི་བོར་མ་ཐག །ཐམས་ཅད་ཀུན་ལ་དབང་བསྒྱུར་ཞིང་། །རིགས་མཆོག་དམ་པ་ལེན་པར་འགྱུར། །རྡོ་རྗེ་སེམས་དཔའ་དང་མཉམ་པའི། །དངོས་གྲུབ་མཆོག་རྣམས་ཡོངས་སུ་རྫོགས། །རྫོགས་སོ། །ཆུང་རླུང་ཅན་ལ་དྲོད་དབབ་པའི། །གནས་དྲུག་འཁོར་ལོ་དྲུག་གནས་པའི། །སྤྲུལ་པའི་གནས་སུ་སོར་ཚད་ལ། །རྩ་གཉིས་རི་བོང་ཅན་ཚེས་འདྲ། །གཉིས་ཀྱི་བར་དུ་བྱང་ཆུབ་སེམས། །ཡུངས་དཀར་ཚད་ཙམ་རྣལ་འབྱོར་བྱ། །ཡང་ན་ཤི་ར་ཐིག་ལེ་གཉིས། །རྐྱང་པ་བསམ་བྱ་སྔོན་སྨོས་པ། །དམ་པའི་ལྟེ་བར་སོར་བཞི་ཚད། །ཐིག་ལེ་ལྡན་དང་མི་ལྡན་གང་། །རུང་བ་རྒྱུས་པ་ནད་འདྲའམ། །བ་ཐག་ཉི་ཟེར་རྐྱང་འདྲར་བསྒོམ། །རྗེས་སུ་བརྟན་པ་དེ་ཉིད་དུ། །སོར་ཕྱེད་ཡུལ་ལ་ཀུན་རྫོབ་སེམས། །ཡུངས་འབྲུ་ཚད་ཙམ་འོད་དང་ནི། །ཁ་དོག་ལ་ཡང་མི་གནས་པར། །སྒོམ་པ་ཡེ་ཤེས་མྱུར་བ་སྟེ། །གསུམ་བཅུ་ཕྲག་དྲུག་ཞག་གི་ཐོབ། །དྷརྨ་ཙཀྲའི་ཕོ་བྲང་དུ། །མཁའ་འགྲོ་ཡོད་མེད་མདོར་བསྐུལ་བཞི། །དེ་ལ་མཁའ་འགྲོ་མེད་པ་ནི། །ཙིཏྟ་རྟ་བདུན་པ་དང་ནི། །རི་བོང་ཅན་སྦྱར་གའུ་ན། །བྱང་སེམས་ཡུངས་དཀར་འབྲིང་ཚད་ཙམ། །དེ་ལ་འཕྲོ་འདུ་གང་ཡིན་པ། །རི་བོང་ཅན་ལ་ཚངས་པ་ཡི། །བུག་ཆུང་སྣང་ངོ་ཐིག་ལེ་ལ། །ནཱ་ད་སྒྲ་ཡོད་དེ་ཉིད་ལས། །ཁ་དོག་སྣ་ཚོགས་འོད་ལྡན་པའི། །སྒྲོལ་མ་ཕྱིར་དབྱུང་ཚེ་ན་གནས། །དེ་ལས་རྡུབས་པས་འདུས་པའི་ཚེ། །བུག་ཆུང་འཕྲོ་བས་གསལ་གདབ་བོ། །དེ་བཞིན་ཡང་དང་ཡང་གོམས་ན། །ཡེ་ཤེས་ནམ་མཁའི་གཟུགས་སུ་སྐྱེ། །དེ་ལས་བཟློག་པ་གང་ཡིན་པ། །འཁོར་ལོ་འདབ་བརྒྱད་ལྟེ་དབུས་ན། །ཡེ་ཤེས་སྙིང་པོའི་ཐིག་ལེ་བཞུགས། །ཕྱོགས་བཞི་རང་བཞིན་མཁའ་འགྲོ་བཞི། །རིགས་དང་མཐུན་པའི་ཁ་དོག་ལ། །དེ་ལས་འོད་བཞི་ལམ་ནས་སྤྲོ། །ཡེ་ཤེས་སྙིང་པོར་ཕོག་པས་གསལ། །མདོར་བསྒོམ་ཡེ་ཤེས་སྙིང་རྩ་ལ། །གཉིས་མེད་བྱང་སེམས་བདེ་ཆེན་པོ། །རྟ་བདུན་པ་ཡི་སྙིང་པོ་ལྟར། །འོད་དང་ཁ་དོག་ཅིར་ཡང་སྣང་། །གང་དུ་མ་ངེས་བསྒོམ་པ་ནི། །ཁམས་གསུམ་དག་པའི་སྣང་བས་འགེངས། །དེ་དག་གང་འཕྲོད་ཕྱིར་བརྟན་མོད། །ཤིན་ཏུ་ཡེ་ཤེས་མྱུར་བ་ནི། །བདེ་ཆེན་ལོངས་སྤྱོད་ཆོས་སྤྲུལ་རྣམས། །གསལ་བྱས་རིག་པས་བསྐྱོད་བྱས་ཏེ། །སྤྲུལ་ཐིག་བཞི་ལས་མ་ཉམས་པར། །དེ་ཚད་ཐིག་ལེས་ཆོས་ལ་བསྐུལ། །ཐིམ་པས་བདེ་བསྐྱེད་དེ་བཞིན་དུ། །ལོངས་སྤྱོད་བདེ་ཆེན་ཐུག་པར་བྱ། །རིམ་པར་བདེ་སྐྱེད་བདེ་ཆེན་དེས། །བདེ་ཆེན་འཁོར་ལོ་བཞུ་བྱས་ཏེ། །རིམ་བཞིན་ཞུ་བ་སྤྲུལ་པར་ཐིམ། །དོན་དམ་ཡེ་ཤེས་དེ་རྒྱུ་མཐོང་། །དེ་དག་ཀུན་ལའང་བྱིང་རྒོད་ཀྱི། །སྐྱོན་སོགས་སྤང་བ་སྔོན་བཞིན་བྱ། །རང་ཉམས་གཡོ་ཐོབ་བརྟན་པ་ཡི། །ཚད་གཟུང་རྩོལ་དང་མི་རྩོལ་བྱ། །འཇིག་རྟེན་ཏིང་འཛིན་རོ་བརྒྱད་སོགས། །ཞི་འགོག་ལ་སོགས་རོ་བརྟགས་ཏེ། །མ་ནོར་ལྷག་པའི་ཤེས་རབ་ཀྱིས། །སྤང་དང་བླང་བའི་བྱེ་བྲག་ཤེས། །འདི་དག་བརྩོན་པའི་རྣལ་འབྱོར་ལ། །རྒྱལ་བ་སྲས་བཅས་བྱིན་རློབས་མཛད། །ཐབས་ཆེན་འདི་དག་གང་ཐོབ་ཀྱང་། །རྣལ་འབྱོར་བརྩོན་འགྲུས་མི་ལྡན་ན། །བུལ་པ་ར་ཡི་འབྲས་བུ་བཞིན། །ནམ་ཡང་དོན་ཡོད་མ་ཡིན་ནོ། །རྟོག་རླུང་གཡོ་ལ་རླུང་བཟུང་ལ། །ཞི་བ་བུམ་པ་དྲག་པོ་སོགས། །སྒྲོལ་མ་བཟུང་བའི་ཐབས་རྣམས་ཀྱིས། །དམིགས་པས་རིག་པ་ཕུར་ལ་གདབ། །དེ་དག་ཐབས་དང་མཚན་ཉིད་དང་། །ཟིན་ནས་ཕྲ་བ་སློབ་པ་དང་། །དགག་དང་ལུས་ཟུངས་བསྲེ་བ་རྣམས། །མཉེས་བྱས་བླ་མའི་ཞལ་ལས་ཞུས། །རྫོགས་སོ། ༈ མེས་ཚིག་མེ་ཡི་གདུངས་པ་ཡིས། །འཚོ་བཞིན་ཆགས་པས་ཆགས་བྲལ་བའང་། །སྔོན་དུ་བྱ་བ་དེ་རྫོགས་པའི། །རྣལ་འབྱོར་ཐབས་དང་ལྡན་པ་ཡིས། །ཡོན་ཏན་ཀུན་ལྡན་མི་མོ་དང་། །མུན་དང་ལྐོག་དུ་སྐྱེ་བོ་དག །རྫས་དང་སྡུག་པས་སེམས་ཕྲོགས་ཀྱང་། །གར་དབེན་འཕྲད་པར་འདོད་མི་བྱེད། །དམ་ཚིག་རྣམ་སྨིན་སེམས་འཇོག་ཅིང་། །གཙོ་ལ་གདུང་བའི་ཕྱག་རྒྱ་བཙལ། །གཏན་དུ་རིགས་ངེས་སྙིང་འདྲ་ན། །འདི་དག་བསྟན་ལ་སྦྱར་བའི་གནས། །བུད་མེད་ཡོན་ཏན་ཀུན་ཡོད་ཀྱང་། །གཉིས་ཀྱི་སེམས་འཕྲོགས་ལྐོག་དབེན་དུ། །འདོད་པ་ཕྱལ་བར་སྤྱོད་པ་ལ། །དམ་པའི་མན་ངག་མི་བརྟན་ཏེ། །མཚམས་པར་ལྷ་ཡི་སྐུ་བསྟན་ནོ། །གཟུགས་སུ་གྱུར་པ་དེ་ཕྱིན་ཆད། །རྣལ་འབྱོར་པས་ཀྱང་རྒྱ་མི་ཕྲལ། །མི་ཡི་སྔན་བཞིན་སེམས་ཕྲོག་ནས། །འདོད་པ་འཆལ་སྤྱོད་ཉམས་བྱེད་པ། །ཚེ་འདིར་མི་བདེ་མྱོང་གྱུར་ནས། །ཕྱི་མར་དམྱལ་བ་ཡ་རེ་ཆ། །དེ་ཡི་སྡུག་བསྔལ་བཟོད་རླག་མེད། །རྡོ་རྗེ་རྒྱལ་པོ་མ་ཡིན་པ། །རྣལ་འབྱོར་པས་ཉམས་དེ་བཞིན་ནོ། །དེ་བས་མི་མོ་གདམ་པ་གཅེས། །ཡིད་འོང་རྙེད་ནས་དབང་བསྐུར་ཏེ། །བསླབ་པའི་རིམ་པ་བསྟན་པར་བྱ། །ཁྲུས་བྱས་གོང་བརྗེ་དམ་ཚིག་སྦྱིན། །ཆོས་བཤད་འདུ་ཤེས་བསྒྱུར་བར་བྱ། །གཞུང་བཞིན་བདག་ཅག་བྱིན་གྱིས་རླབས། །ཉེད་རྡེབ་སྤྲད་དང་ཙུམ་པ་བྱ། །བརྩེ་འཁྱུད་གཞིབ་སོགས་ལས་རྣམས་ཀྱི། །ཡབ་ཡུམ་སྣོལ་མར་ཆ་བསྐྱེད་ལ། །དགྲོལ་དང་རྒྱས་པའི་ཆོ་ག་བྱ། །ཡེ་ཤེས་དབབ་པ་སྔོན་རྫོགས་དེས། །ཆོ་ག་དེས་བསྐུལ་ལས་བྱས་པས། །མགོ་སྤྲུག་སྨིན་ལངས་མིག་མདོག་དམར། །འདར་དང་སྨྲ་མི་ཤེས་སོགས་འབྱུང་། །དེ་ནས་ཕྱག་རྒྱ་བཞིས་རོལ་པའང་། །རྒྱུད་ལས་གསུངས་པ་འདི་སྐད་དུ། །དགུག་དང་འཛིན་པ་དེ་བཞིན་ཏེ། །བསྡུས་དང་འཁྲིལ་བས་དོན་བསྒྲུབ་ཕྱིར། །བསྡམས་དང་མི་གཏང་དབང་བསྒྱུར་ཏེ། །བདེ་བ་སྒྲ་སྙན་ཕྱོགས་བཅུར་སྒྲོགས། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །ཡིད་བཞིན་རིན་ཆེན་འཕྲེང་བ་འབར། །དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར། །གཟུགས་མཛེས་བསྐྱོད་པས་ཕྱོགས་བཅུར་གཡོ། །ཀུན་ཏུ་ཚིམ་བྱེད་བྲོ་བསུང་ཐིམ། །བལྟ་མཛེས་རིན་ཆེན་ཕུང་པོ་འབར། །འོད་གསལ་འཕྲོ་བས་ཀུན་ཏུ་འབར། །བདུད་རྩི་བསིལ་དྲོ་འཇམ་པའི་དབྱིངས། །འཇུག་དང་ལྡང་དང་གནས་པ་དང་། །སྨོན་པ་བྱང་ཆུབ་སེམས་ཡིན་ནོ། ༈ །གསང་དབང་པདྨ་ལྡན་གྱུར་ན། །ཆགས་པ་མེད་པའི་ཚུལ་གྱིས་སུ། །ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་རྫོགས། །ས་བཅུ་རིམ་གྱིས་བགྲོད་མེད་རྫོགས། །ཀུན་ཏུ་འོད་གསལ་པདྨ་ཅན་ཡང་རྫོགས། །ཡི་གེ་འཁོར་ལོ་བསམ་མི་ཁྱབ། །ཡང་དག་རྫོགས་ཆེན་ཐབས་དང་ལྡན། །ཤེས་རབ་བླ་མེད་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་རོལ། །རིག་དང་མཉམ་པའི་ཤུགས་ལྡན་པས། །བདག་དང་ཕྱག་རྒྱ་རིག་སྣང་ཕྱིར། །རང་སྣང་ཤེས་ཉམས་རོལ་བྱས་ཏེ། །ས་རིམ་རེ་རེར་བཀུག་རླུང་བཟུང་། །གཙུག་གཏོར་ཟླ་ཤར་འོད་འདྲེས་པ། །མ་ལྷུང་ཤེས་རབ་ཡེ་ཤེས་མྱོང་། །ཅིག་ཤོས་ཤུགས་ལྡན་དེ་གོམས་པས། །བཅུ་གཉིས་ཚད་ཕྱིན་ཕྱག་རྒྱ་ལ། །རཀྟ་བྱང་ཆུབ་དུས་གཅིག་འབར། །གཉིས་མེད་ཟུང་དུ་འབྲེལ་བ་ལས། །དཀྱིལ་འཁོར་བཞི་བཅུ་རྩ་གཉིས་འབྱུང་། །སེམས་འདྲེས་རྡུབ་པས་ས་རིམ་ཐོབ། །མ་ཧཱ་མམ་ས་འོ་མ་དང་། །གངྒའི་ཉེའུ་ཤིང་བཅུད་ཀྱི་གསོ། །དེ་ཐབས་རྫོགས་པར་མཉེས་བྱས་ལ། །བླ་མའི་ཁ་ལས་ཤེས་པར་བྱ། །རྫོགས་སོ། ༈ །རྣམ་རྟོག་གྲུབ་མཐའ་མ་བསྒྱུར་པའི། །བློ་ལ་བརྡཱ་འགྲོལ་མན་ངག་བརྟན། །བདེན་ཚིག་བརྗོད་པས་བློ་བྱིན་རླབས། །རྡོ་རྗེ་སེམས་དཔའི་ཞལ་བསྟན་པ། །དུས་ཐབས་ངོ་བོ་ཁྱད་པར་དང་། །ཡོན་ཏན་སྐྱོན་གྱིས་རྫོགས་པར་བྱ། །མ་ངེས་པའམ་ཐུན་མོང་ནས། སེམས་ཆེར་བསྐྱེད་པས་འདིར་ཞུགས་པའི། །མཉན་པས་ཐུན་མོང་ཆུབ་པ་དང་། །དབང་ལྔ་རྫོགས་པའི་སིཥུ་མ། །ལྷག་པའི་ལྟ་བ་གཅེས་འཛིན་ཡོད། །ལས་ཀྱི་མཐའ་ལ་འཇུག་འདོད་ཚེ། །བརྡའ་དགྲོལ་བྱིན་གྱིས་རླབས་པར་བྱ། །དགྲོལ་ཐབས་རྣམ་གྲངས་གཞལ་བྱ་དང་། །གྲུབ་མཐའ་དངོས་པོས་ལུས་བཞག་གོ། །རྣམ་པར་དབྱེ་བས་རྣམ་གཉིས་ཏེ། །བརྒྱུད་དང་དངོས་བརྟན་དབབ་པའོ། །བརྒྱུད་པ་ཉེ་རིང་རྣམ་གཉིས་ཏེ། །གང་དག་སོ་སོར་རྟོག་པ་ཡིས། །མཐོང་མི་ལྡན་ལ་སྔོན་སོང་བའི། །གསང་བའི་ཞི་གནས་བརྟན་བྱས་པས། །ཤུགས་དང་དཔྱད་པ་གཉིས་ཀས་མཐོང་། །དེ་མིན་རྒྱུ་ཙམ་གསོག་བྱེད་པ། །རྒྱུད་ལས་འདི་སྐད་གསུངས་པ་སྟེ། །ཆོས་ཉིད་རྟེན་ཅིང་འབྲེལ་བྲིས་ན། །ཆོས་ཉིད་དོན་རྣམས་གསལ་འགྱུར་ཏེ། །རང་དང་སྤྱི་ཡི་དོན་རྟོགས་ནས། །སྐྱེ་རྒ་ན་འཆི་མེད་རྟོགས་འགྱུར། །ཅི་ཕྱིར་ཞེ་ན་མཆོད་རྟེན་དང་། །སྔགས་དང་བདག་རྣམས་སེམས་ཉིད་ཕྱིར། །ངོ་བོ་གཅིག་འབྲེལ་མཐུ་ལྡན་ཞིང་། །གཅིག་དང་དུ་མས་རྟོགས་པར་འགྱུར། ༈ །དངོས་པོ་གཏན་ལ་དབབ་བྱ་བ། །རིམ་པ་བཟློག་ཏེ་གཞལ་བྱ་བརྗོད། །འཇིག་རྟེན་འདི་ན་ཅི་ཡོད་པའི། །མིང་དང་ཐ་སྙད་འཛིན་པ་དག །སོ་སོའི་མཚན་ཉིད་གཞིག་བྱས་ན། །རང་བཞིན་མེད་དེ་ཡང་དག་ཉིད། །རང་བྱུང་ཆེན་པོ་ཡེ་ཤེས་ཀྱིས། །ཐམས་ཅད་སངས་རྒྱས་ཞིང་དུ་སྦྱོར། །མ་བཅོས་མ་བྱས་ངང་གིས་གསལ། །ཡེ་ནས་འོད་གསལ་སངས་རྒྱས་ཞིང་། །ཞེས་པ་རྒྱུད་ལས་འབྱུང་བའི་ཕྱིར། །བརྟགས་པའི་སྤྱོད་ཡུལ་གཉིས་ལ་གཞལ། །རྣམ་པར་བྱང་དང་ཉོན་མོངས་གཉིས། །སོ་སོ་ཡོད་པ་མ་ཡིན་ཏེ། །ཉོན་མོངས་གཉེན་པོས་བཅོས་སུ་མེད། །ཐམས་ཅད་དབྱིངས་སུ་རོ་གཅིག་པས། །ཅིས་ཀྱང་མི་ཚུག་གོང་ན་མེད། །རྒྱུད་ལས་གཞལ་བྱ་རྣམ་གཉིས་དང་། །གྲུབ་མཐའ་གཏན་ཚིགས་བཅས་གསུངས་པའང་། །འཁོར་དང་མྱ་ངན་འདས་པའི་བརྟག །འདས་པ་སྤྱོད་ཡུལ་མ་གྱུར་ཕྱིར། །བརྟག་པའི་ཡུལ་དུ་ཇི་ལྟར་རིགས། །སེམས་ལ་མྱ་ངན་འདས་ཞེན་པ། །དེ་ཉིད་འདས་བར་རུང་མ་ཡིན། །གལ་ཏེ་འདས་པའི་སྣང་བ་ལ། །གཞལ་ན་དང་པོའི་ལྐོག་ཏུ་གྱུར། །དེ་བཞིན་འཁོར་བའི་དངོས་པོའང་། །སྣང་དང་བརྟགས་པ་གང་ལ་གཞལ། །སྣང་བ་རང་གི་མཚན་ཉིད་ནི། །བརྗོད་བྱ་མིན་ཏེ་རིག་སྣང་ཕྱིར། །གཞལ་བྱ་རིག་མིན་སྐྱེ་བོ་ཡི། །ཡུལ་མིན་གྲུབ་པའི་མཐའ་ལྟར་སྣང་། །བརྟགས་པ་ནང་ལ་སྤྱོད་དོ་ཞེས། །བརྟེན་སྤྱད་བཞི་རུ་རིག་པ་མིན། །འོན་ཏེ་རང་ལ་ནང་དུ་ཡང་། །བལྟས་ཏེ་སྦྱང་གཞི་དེ་ཉིད་ནི། །ལོག་རྟོག་སྤྲོས་པའི་སྐད་ཅིག་མ། །སྔ་མ་འདས་དང་ཕྱིས་མ་བྱུང་། །དེ་ལ་བརྟེན་པར་བརྟག་མི་རིགས། །ད་ལྟར་སྐད་ཅིག་མི་བརྟན་པས། །སོ་སོར་རྟོག་པར་གནས་གྱུར་ན། །ཞེན་འགག་རང་ལ་བརྟག་མི་རིགས། །ངེས་པར་བཞག་པའི་གཞལ་བྱ་ནི། འཁོར་དང་མྱང་ངན་འདས་པ་ཡི། །རང་གི་མཚན་ཉིད་མི་འདོད་དེ། །དེ་ལྟར་ནང་ལ་ཞེན་པ་ཡིས། །ཕྱི་རོལ་མེད་ལ་ཡོད་ལྟར་སྣང་། །ཞེན་དང་ལྟ་བ་གཉིས་ལ་བརྟེན། །དེ་དེ་ཤེས་པ་སྐད་ཅིག་མ། །ད་ལྟར་ད་ལྟར་ཐད་ཀར་བཅད། །ལྟ་བའི་ཚེ་ན་གནས་གྱུར་པས། །གཞལ་བྱ་མེད་པར་དོགས་པའང་། །ཞེན་པ་ཤེས་ཀྱི་སྤྱི་ཡུལ་མིན། །སྐད་ཅིག་གནས་གྱུར་ཤེས་ཉིད་དོ། །དེ་བས་ཡུལ་སེམས་མ་འདྲེས་ཕྱིར། །ཞེན་སྣང་འཇལ་ལ་སྐྱོན་པ་མེད། །འོན་ཏེ་ཡིད་འགྱུར་ཞེན་པ་ཡང་། །སྐད་ཅིག་མཉམ་པར་འགགས་པ་མེད། །དེ་ཚེ་བརྟགས་གཞི་ཡོད་མི་རུང་། །དོགས་ན་ཞེན་པའི་ཡུལ་རྣམས་ནི། །གཏན་དུ་དག་པ་མ་ཡིན་ཕྱིར། །སོ་སོར་སྤྱོད་ཀྱང་ཞེན་ཡུལ་མཐོང་། །རང་དང་སྤྱི་མཚན་མ་ལུས་ཀུན། །ཤེས་རབ་དང་པོའི་ཡུལ་ཕྱིར་རྨེལ། །མདོར་ན་ཀུན་བརྟགས་དུས་བཞི་དང་། །འདས་དང་སྡུག་བསྔལ་ཀུན་མིང་ལ། །དོན་དུ་ཞེན་པས་ལྟར་སྣང་ལ། །བརྟེན་ཏེ་རྨེལ་བའི་མཐའ་རྙེད་འགྱུར། །དེ་ལྟར་རང་དང་སྤྱི་ལ་ཡང་། །གཉིས་གཉིས་སྣང་སྟེ་རྒྱུད་ཉིད་ལས། །སྤྱི་ཡི་མཚན་ཉིད་བརྗོད་པ་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །ཞེན་སྡང་སྤྱི་ཡི་མཚན་ཉིད་ནི། །ཡང་དག་ཉིད་ཀྱིས་རབ་བརྟགས་ན། །རྣམ་པར་བྱང་བའི་མཚན་ཉིད་དེ། །དེ་སྐད་སྤྱི་མཚན་གཉིས་སུ་བརྗོད། །རང་གི་མཚན་ཉིད་བརྗོད་པ་ནི། །ཆོས་དང་བདག་དང་དངོས་པོ་རྣམས། །ངོ་བོ་ཡོད་ལ་སོགས་བརྟགས་པས། །རྟོག་པ་སྒྱུ་མ་ཀློང་གྱུར་པས། །ལོག་རྟོག་སྤྲོས་པའི་རྒྱུད་ཉིད་ལས། །མ་རིག་དེ་སོགས་ཉོན་མོངས་ལྔ། །རང་མཚན་ཀུན་བརྟགས་ཉིད་ལ་བརྟེན། །སོ་སོའི་རྩལ་རྣམས་འཛིན་འགྱུར་པས། །ཐབས་ཆེན་དུ་ནི་རྣམ་པར་འཕྲོ། །དེ་སྐད་རང་རིག་རང་སྣང་ཕྱིར། །རང་གི་མཚན་ཉིད་དེ་བཞིན་ཉིད། །དེ་ལྟར་རང་སྤྱི་བཟང་དང་ངན། །གཞལ་བྱ་གྲུབ་མཐར་ལུང་བསྟན་ཏོ། ༈ །དེ་རྗེས་གཏན་ལ་དབབ་བྱ་བ། །དེ་ཉིད་མཚོན་པའི་ཐ་སྙད་ཀྱི། །དེ་ཉིད་གཏན་ལ་དབབ་པ་དང་། །དངོས་པོར་གྲགས་པའི་ཐ་སྙད་ལ། །བརྟེན་ཏེ་གཏན་ལ་དབབ་པའོ། །དེ་ལ་ཇི་བཞིན་ཉིད་དབབ་པ། །གཞི་བཞིན་བརྗོད་པའི་ཚིག་རྣམས་ཀྱིས། །དཀར་པོ་དཀར་པོས་མཚོན་པ་བཞིན། །བསམ་བརྗོད་འདས་པས་དེ་ཉིད་མཚོན། །དེ་ཡང་ཇི་ལྟར་རྒྱུད་ལས་གསུངས། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཐམས་ཅད་མ་ལུས་རྣམ་པར་དག །ཉིད་ཀྱི་དབྱིངས་ལས་མི་གཞན་ཕྱིར། །བདེ་དང་མི་བདེ་གང་ཡང་མེད། །ཐམས་ཅད་དབྱིངས་སུ་རོ་གཅིག་སྟེ། །ཇི་བཞིན་ཉིད་ཀྱི་ངང་བཙན་པར། །ཡང་དག་ཉིད་ཀྱི་དེ་སྐད་བཤད། །བཤད་དང་ཉན་དང་གཉིས་ཀ་མེད། །དེ་བཞིན་ཉིད་དུ་ཡང་དག་འདུ། །ཀུན་གྱི་འབྱུང་གནས་བྱེད་པོ་ཡི། །དེ་ཡིས་མ་བྱས་གང་ཡང་མེད། །ཁ་དོག་དབྱིབས་རིགས་གང་ཡང་མིན། །ཤིན་ཏུ་བརྟག་དཀའ་སུས་མི་རིག །བྱང་ཆུབ་སེམས་ཀྱི་ཐིག་པ་ནི། །ཀུན་ལ་ཁྱབ་ཅིང་མི་གནས་པ། །ཁ་དོག་གནས་དང་དབྱིབས་མ་ཡིན། །ཡོན་ཏན་མཆོག་གི་སྙིང་པོ་ནི། །རྟོག་གེའི་སྤྱོད་ཡུལ་དེ་མ་ཡིན། །བྱང་ཆུབ་སེམས་ཞེས་བརྗོད་པ་ནི། །གང་ནས་མ་འོང་གར་མི་འགྲོ། །རྟོག་མེད་རང་རིག་ཁོ་ན་ཙམ། །མཉམ་པའི་དོན་ཉིད་ཇི་ལྟ་བུ། །མཉམ་ཉིད་རང་བཞིན་གང་ཡང་མིན། །དངོས་རྣམས་ཉིད་ན་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་དོ། །སུས་ཀྱང་མ་བཅིངས་བཅིངས་མེད་ཏེ། །བཅིང་བར་བྱ་བའང་ཡོད་མ་ཡིན། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །རྒྱུད་ལས་དེ་ལྟར་གསུངས་པ་ཡིས། །བཅིངས་པ་བདག་ཉིད་མི་དམིགས་ཕྱིར། །སོ་སོར་རྟོག་པས་གྲོལ་མི་འདོད། །གཞལ་མེད་འཆིང་གྲོལ་མེད་བསྟན་པས། །མ་ནོར་གོ་བ་གཞལ་བའི་མཆོག །བདེན་པའི་ཐ་སྙད་དེ་ཡང་ཡིན། །ཆོས་ཉིད་སྤྲོས་བྲལ་བསམ་བརྗོད་འདས། །སངས་རྒྱས་བྱང་ཆུབ་བླ་དྭགས་རྣམས། །མི་སླུའི་ཕྱིར་ན་བདེན་བརྟགས་ཙམ། །ངོ་བོས་དེ་ལྟར་རྟོག་ཉིད་མཐའ། །བཤད་པའི་དངོས་ལ་རྨེལ་བྱ་བ། །ཐ་སྙད་གླུ་ལ་རྟེན་ནས་ནི། །བློ་རྒྱུ་ཚིག་རྐྱེན་ལྡན་པས་བརྟག །དེ་ཡང་གཏན་ཚིགས་རྣམ་བཞིས་དབབ། །དེ་དེའང་ཐུན་མོང་མིན་དང་ཡིན། །དཔེ་དང་རྟགས་ཀྱིས་ལུས་བཞག་གོ། །དང་པོར་སྨོས་པས་གཞལ་བྱ་བ། །རྟོག་དག་མཉམ་བདེན་བདག་ཉིད་རྒྱུས། །རང་བྱུང་ཡེ་ཤེས་གཏན་ལ་དབབ། །རྟོག་གེའི་ཡུལ་མིན་ཕྱིར་ན་ངེས། །རྟོག་པས་གཞལ་བ་ཅིའི་ཕྱིར་ན། །རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །རྒྱུད་ལས་འབྱུང་ཕྱིར་དེས་རྨེལ་རིགས། །དང་པོའི་སངས་རྒྱས་སེམས་ལ་གནས། །ཕྱི་ནང་སྣོད་བཅུད་སོ་སོ་ཡི། །རྒྱུ་ལས་གྲུབ་པ་དེ་ཡི་ཕྱིར། །མི་གཅིག་རྟོག་ངན་གྲོལ་བྱའི་ཕྱིར། །རྒྱུད་ལས་སྔོན་དུ་གསུངས་པ་དང་། །གཞན་ཡང་གསུངས་པ་འདི་ལྟ་སྟེ། །ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུར། །རང་བྱུང་ཆེན་པོས་ཀུན་ཏུ་ཁྱབ། །རང་བྱུང་དེ་ཉིད་དངོས་མེད་པར། །ཀུན་གྱི་ཕྱག་རྒྱའི་རྒྱུ་ཡིན་ནོ། །མ་བཅོས་རྒྱུན་གྱི་སྐད་ཅིག་མ། །དེ་ཡི་མ་བྱས་གང་ཡང་མེད། །གཞི་རྩ་མེད་དེ་རང་བཞིན་སྟོང་། །རིགས་དང་རྒྱུད་དུ་བརྟག་ཏུ་མེད། །རིགས་དང་ཁ་དོག་དབྱིབས་མེད་ལས། །ཕྱི་ནང་སྣོད་བཅུད་ཐམས་ཅད་གསལ། །འཕྲོ་བའི་གཞི་རྩ་དེ་བཞིན་ཉིད། །དེ་ལས་རྣམ་རིག་བྱུང་བ་ནི། །ཞེས་པ་ལ་སོགས་ངེས་ལུང་གི། །གཏན་ཚིགས་སྨོས་པས་ཡིད་ཆེས་བྱ། །དེ་བས་འཁོར་འདས་སྣོད་བཅུད་རྣམས། །བཞིན་འགྱུར་བཞིན་ལས་གཡོས་མེད་ལྟར། །ཀུན་དངོས་རིག་པ་ཅིར་སྣང་ཕྱིར། །ངོ་བོ་ཉིད་ཀྱི་རྒྱུ་རུ་གཅིག །བདག་གི་སྤྱོད་ཡུལ་སྣང་ངོ་ཅོག །རང་གི་ཀུན་གཞི་དེ་བཞིན་ཉིད། །ཇི་ལྟར་བལྟས་པར་སྣང་བའི་ཕྱིར། །སེམས་ཉིད་འོད་གསལ་གཅིག་པའང་། །དོན་དམ་བདེན་པར་རིགས་པས་བཞག །ཡིག་འབྲུའི་ཚུལ་ནི་ཨ་ཨོ་ཨོཾ། །འབྲུ་གསུམ་སྒྲ་དབྱིབས་ཀྱིས་མཚོན་ནས། །སྐུ་གསུང་ཐུགས་ཀྱིས་འབྲས་བུར་རྟོགས། །དེ་ཡང་འདི་སྐད་གསུངས་པ་སྟེ། །དངོས་ཀུན་ཇི་ལྟར་བརྟགས་བསམ་བཞིན། །འགྱུར་བས་སེམས་སྣང་ཀུན་ངོ་བོ། །སེམས་ཉིད་རིག་སོགས་གང་མིན་ཕྱིར། །འདི་འདྲར་མ་སྐྱེས་སྐད་ཅིག་མེད། །མ་སྐྱེས་ཡི་གེ་དོན་གྱི་གསུང་། །བརྗོད་དང་འདྲར་སྣང་ཕྱིར་ངེས་པའོ། །དོན་དམ་ཉིད་ན་ཐབས་ཆེན་དུ། །འཕྲོ་བ་མ་འགགས་ཡེ་ཤེས་ཏེ། །སྣང་སྟོང་ཐབས་དང་ཤེས་རབ་དོན། །དབྱེར་མེད་ཨོ་སྟེ་ཆོས་ཀྱི་སྐུ། །དེ་ཉིད་ཡེ་ཤེས་ལྔ་རྫོགས་ཏེ། །སྟོང་པའི་ཡེ་ཤེས་དངོས་པོ་མེད། །མེ་ལོང་ཡེ་ཤེས་རྟོག་པ་མེད། །མཉམ་ཉིད་ཡེ་ཤེས་བཟང་ངན་མེད། །སོ་སོར་རྟོག་པ་མ་འདྲེས་གསལ། །བྱ་བ་ནན་ཏན་མཐར་ཕྱིན་པའོ། །དེ་ཕྱིར་ཨཱོཾ་གྱིས་དོན་དབྱིབས་མཚོན། །ལྷག་པའི་དོན་དམ་ཀུན་རྫོབ་གཉིས། །རྟོགས་པའི་ལྟ་བ་བྱིན་བརླབས་ཀྱིས། །ཝཱ་ར་ཎ་སིའི་རས་ཚོན་ལྟར། །རྟོགས་པའི་སྤྱོད་ཡུལ་ཟུང་འཇུག་པར། །བྱིན་རློབས་ཕྱིར་ན་སྒྲ་འཇུག་སྟེ། །རྒྱུད་ལས་འབྱུང་བ་འདི་སྐད་དུ། །དཀར་པོ་མཚོན་གྱིས་མདོག་བསྒྱུར་བཞིན། །དུག་ཀྱང་སྨན་དུ་འགྱུར་བ་ལྟར། །དེ་བཞིན་དུག་གསུམ་བྱང་ཆུབ་སྟེ། །འགྲོ་ལྔ་བྱང་ཆུབ་ལམ་དུ་སྦྱོར། །དེ་ལྟར་ཚུལ་གསུམ་བརྗོད་པ་ཡིས། །མཐོང་བ་གང་ཡིན་ཤེས་རབ་སྤྱན། །དེ་ཡང་མངོན་སུམ་གཞན་སྤགས་ཏེ། །སྒྲ་ཚིག་རྟེན་བྲལ་ཞེན་ཙམ་མིན། །ཡུལ་མིན་རང་རིག་བདེན་དབྱེར་མེད། །བློའི་གཏིང་གོ་བས་མངོན་སུམ་ཕུལ། །མིང་ཚིག་སྒྲ་ལས་མི་བརྟེན་པར། །བློ་ཡི་གཏིང་དུ་གོ་བར་བྱོས། །རྟོགས་པར་བྱེད་དང་བྱས་པའི་ཕྱིར། །མིང་དེས་ཚུལ་ནི་སྒྲ་འཇུག་པའོ། །འོ་ན་བདེན་གསུམ་རིམ་པ་ཡིས། །མཐར་ཕྱིན་བར་དུ་རྟོག་རིམ་ཕྱིར། །གཏན་ཚིགས་འཇོག་པ་རིགས་པས་འགལ། །ལྟ་བའི་ངོ་བོའི་རིམ་པར་དོག །བརྟེན་པས་གཞི་མཐོང་ཡོད་མོད་ཀྱང་། །གསུམ་གྱིས་གསུམ་མཐོང་མཐར་བྱེད་ཕྱིར། །བྱེད་ལ་བརྗོད་པས་ཐེ་ཚོམ་མེད། །རིག་པ་དམ་པ་ཉིད་དུ་ངེས། །དེས་ན་དོན་དང་གཏན་ཚིགས་ཀྱང་། །ངོ་བོ་གཅིག་ལ་ཐབས་ཀྱིས་ཕྱེ། །དཔེར་ན་མེ་དང་ཚ་ཕྱིར་རམ། །ཆུ་དང་བརླན་ཕྱིར་ཇི་བཞིན་ནོ། །ལྟ་བའི་རྣམ་གྲངས་བརྗོད་པ་ཀུན། །རང་བཞིན་ངོ་བོའི་ཆོས་ཚུལ་གྱིས། །མཚོན་པ་ཆ་རེས་སོ་སོར་བསྟན། །ཅི་བརྗོད་མིང་གྲངས་ངོ་བོས་གཅིག ༈ །དག་པའང་གསུམ་དང་བཞིས་གཞལ་བའང་། །སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །དག་མཉམ་རྣམ་གསུམ་དོན་རྟོགས་བསྒོམ་བྱས་ཤིང་། །ཞེས་གསུངས་ཕྱིར་ན་འདིར་སྨོས་ཏེ། །དག་གསུམ་བདེན་གསུམ་བདེན་བཞི་དག །མཉམ་པ་བཞི་ལྔའི་སྐབས་འཆད་དེ། །ཚུལ་གྱིས་དག་མཉམ་སོ་སོར་བརྟགས། །ཉིད་ལ་དབང་བསྒྱུར་ཉིད་སྤྱོད་ཕྱིར། །བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །དག་པའི་སྣང་བ་སྤོང་ཞེ་ན། །ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་གསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག །ཆོས་རྣམས་ཡོངས་ཀྱིས་དག་པ་ནི། །རྣམ་བཞིའི་ཚུལ་གྱིས་དོན་རྟོགས་མངོན། །རྒྱུ་རྣམས་རབ་ཏུ་དག་པ་དང་། །འབྲས་བུ་ཡོངས་སུ་དག་འགྱུར་ཏེ། །དོན་དམ་དམིགས་མེད་རང་བཞིན་དག །ཀུན་རྫོབ་སྒྱུ་མར་ཡེ་ནས་དག །རྒྱུ་ཡི་མཚན་ཉིད་དག་པ་ནི། །ཕྱི་རོལ་ཆེན་པོ་ལྔ་རྣམས་ཏེ། །སེམས་ཉིད་གཟུང་འཛིན་གཉིས་སྣང་བ། །གཟུང་བའི་ཡུལ་ཉིད་འབྱུང་བ་ཆེ། །རྒྱུ་ཉིད་རང་གི་སེམས་ཡིན་པས། །འབྱུང་བ་ཆེན་པོ་རྒྱུ་ནས་དག །འབྲས་བུ་ཡོངས་སུ་དག་པ་ནི། །སེམས་ཅན་ཀུན་གྱི་རྒྱུས་པ་སྟེ། །རྡོ་རྗེ་བྱང་ཆུབ་སེམས་ཡིན་ལ། །ཤ་ནི་པདྨའི་རཀྟ་ཡིན། །དྲི་ཆེན་དྲི་ཆུ་གུར་གུམ་ཆུ། །སོ་སོའི་ལུས་ལ་གནས་པ་དག །དོན་དམ་དམིགས་མེད་དག་པ་ནི། །ཕྱི་ནང་ཆོས་རྣམས་ཐམས་ཅད་ཀྱང་། །གང་གི་ངོ་བོའང་མ་ཡིན་ཏེ། །སྐྱེ་འགག་མེད་པའི་ཡེ་ནས་དག །ཀུན་རྫོབ་ཡེ་ནས་དག་པ་ནི། །སྒྱུ་མའི་རང་བཞིན་ཐམས་ཅད་སྣང་། །ཆུ་ཟླའི་ཚུལ་དུ་མི་དམིགས་གནས། །མི་དམིགས་པ་ཉིད་སྣ་ཚོགས་སྣང་། །དེ་བཞིན་གཤེགས་དང་ཡེ་ནས་མཉམ། །བླ་ན་མེད་པའི་དཀྱིལ་འཁོར་དང་། །ངན་སོང་གནས་རྣམས་མ་ལུས་ཀུན། །རྒྱུ་ཉིད་རང་བཞིན་གཉིས་ཀ་དག །རང་བཞིན་ཡེ་ནས་དེ་བཞིན་ནོ། །འབྲས་བུ་རྣམ་པར་དག་པ་ནི། །འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །གསུམ་དང་བཞིར་བརྗོད་དགོས་ཆེད་ནི། །རྨོངས་པ་གསུམ་བཞི་དག་མ་དག །འཛིན་པའི་ལྟ་ངན་བཟློག་པའི་ཕྱིར། །རྣམ་གྲངས་བརྗོད་ཀྱིས་ངོ་བོ་གཅིག །ཅིས་ཀྱང་མ་གོས་མ་སྤངས་པའི། །སོ་སོར་སྣང་ཞིང་མཐུན་པའི་གཟུགས། །བདག་དང་བདག་ཏུ་མ་བརྟགས་པ། །དེ་ལྟ་བུ་ཡི་ངང་དུ་སྣང་། །རྣམ་པར་རྟོག་པ་མི་མངའ་སྟེ། །དེ་ཡི་མི་མཁྱེན་གང་ཡང་མེད། །རྣལ་འབྱོར་ལྟ་བ་དེ་ལྟ་བུ། །ཚིག་གི་སྔ་ཕྱི་ཡོད་མོད་ཀྱང་། །དོན་གྱིས་ཅིག་ཅར་རྫོགས་པར་བསྒོམ། །མཐོ་དམན་ཀུན་གྱིས་གཟུགས་སྣང་དང་། །བླ་མེད་བྱང་ཆུབ་སྐུར་སྣང་བ། །མེ་ལོང་ལྟ་བུའི་ཚུལ་བཞིན་དུ། །སྣ་ཚོགས་ཁ་དོག་དབྱིངས་སུ་སྣང་། །ཤེས་རབ་ཆེན་པོ་རྣམ་དག་པས། །སྤྱོད་ཡུལ་ཐམས་ཅད་དག་པར་འགྱུར། །ཤེས་དང་སྤྱོད་ཡུལ་གཉིས་སུ་མེད། །དེ་བཞིན་ཉིད་དུ་རོ་གཅིག་གོ། ༈ །མཉམ་པ་གསུམ་བཞི་ལྔ་བཤད་པའི། །གཉིས་ཀྱིས་མཆོད་པ་སྦྱོར་བ་སྟེ། །བདག་གཞན་ཆེ་ཆུང་ལྟ་དགྲོལ་ཕྱིར། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །མཉམ་པ་རྣམ་བཞི་དོན་རྟོགས་མཆོག་གི་གནས། །ཤེས་གསུངས་ཕྱིར་ན་བཞི་ཡིས་རྨེལ། །དེ་ཡང་ཐུན་མོང་མཉམ་གཉིས་ལས། །ལྷག་པའི་མཉམ་གཉིས་སྤགས་པས་འགྲུབ། །ཐུན་མོང་རྒྱུ་ཡི་ཀུན་རྫོབ་ཏུ། །རྐྱེན་བཞི་འདུས་སྣང་སྒྱུ་མ་ཙམ། །ཀུན་བརྟགས་སྤྲོས་པ་ཆད་པའི་ཕྱིར། །རྣམ་གྲངས་དོན་དམ་ཞེས་ཀྱང་བྱ། །སྐབས་ཀྱིས་ཡོངས་སུ་གྲུབ་པར་སྨྲ། །དེ་ལ་རྒྱུ་རྐྱེན་ཆ་ཕྱེ་ན། །འདུས་སྣང་དངོས་པོ་མ་སྐྱེས་པ། །དོན་དམ་མཉམ་པར་འདོད་པ་སྟེ། །རྟེན་ཅིང་འབྲེལ་བས་གྲུབ་པའི་མཐའ། །དེ་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གི་གཞན་མེད་དེ། །དེ་ཉིད་ངོ་བོ་དབྱིངས་ཉིད་པས། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ། །བདག་དང་བདག་གི་གཞན་རྣམས་ནི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། །གཞན་དུ་གཡོ་བ་ཅི་ཡང་མེད། །དེ་བཞིན་བྱ་བ་དང་ནི་ཡོ་ག་བ། །དོན་དམ་རང་རིག་གང་ཡིན་པ། །སྤྲོས་བྲལ་རང་རིག་དག་པ་དང་། །རྣམ་དག་དབྱིངས་ཉིད་ཡེ་ཤེས་ལྔ། །དོན་དམ་འདོད་པ་ས་ཀུན་ཏུ། །རིག་གསུམ་རིག་ལྔར་འདོད་པ་དག །བདག་ཉིད་ཆེན་པོར་མ་རྟོགས་ཕྱིར། །ཐུན་མོང་མཉམ་པར་རང་སྨྲའོ། །ལྷག་པའི་ཀུན་རྫོབ་ཙམ་དུ་ཡང་། །རང་རིག་སྣང་ཕྱིར་འབྲས་བུ་ལྟ། །སྣང་དང་དོན་ནུས་ངང་གིས་དབེན། །དེ་ཕྱིར་ལྷག་པའི་ཀུན་རྫོབ་བོ། །དེ་ཉིད་རང་རིག་དབྱིངས་ཡེ་ཤེས། །འབྲས་བུ་ལྔ་རྫོགས་བརྗོད་བསམ་འདས། །དེ་ཕྱིར་ལྷག་པའི་དོན་དམ་རྒྱུ། །ཡེ་ཤེས་སྒྱུ་མར་སྣང་བ་དང་། །ལོག་རྟོག་སྒྱུ་མར་སྣང་བ་གཉིས། །སྒྱུ་མ་ཡིན་ཕྱིར་རང་བཞིན་མཉམ། །མཉམ་པ་ཉིད་ལ་མི་གནས་པའི། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། །ཡེ་ཤེས་ཉིད་ཀྱི་དཀྱིལ་འཁོར་ལ། །ཐེག་མཆོག་རྡོ་རྗེ་མ་ལུས་རྫོགས། །དཔེ་བྱད་མཚན་རྫོགས་དཔག་ཏུ་མེད། །ཐམས་ཅད་མཉམ་པའི་དཀྱིལ་འཁོར་ལ། །རང་བྱུང་ཡེ་ཤེས་འཕྲོ་བ་ཡིས། །དབྱིངས་དང་རིག་པ་གཉིས་མེད་པའི། །དེ་བཞིན་ཉིད་དུ་རྡོ་རྗེ་རིག །འོན་ཏེ་ཀུན་ཀྱང་གཉིས་མེད་ན། །མཉམ་ཞེས་བརྗོད་པ་ཇི་ལྟ་བུ། །མི་མཉམ་ལྟོས་རྒྱུ་མ་གྲུབ་ཕྱིར། །ཡང་དག་ཐ་སྙད་དེ་ཡང་བརྫུན། །དེ་ཡང་ཀུན་བརྟགས་མི་མཉམ་པས། །ལྟོས་ནས་དེ་བཟློག་མཚོན་ཕྱིར་བཏགས། །དོན་དུ་ཡེ་ནས་མཉམ་ཉིད་ལ། །མཉམ་པར་ཞེན་པས་འདོད་བརྗོད་བྲལ། ༈ །མཉམ་པ་རྣམ་ལྔའི་དམ་ཚིག་ནི། །དོན་དམ་སྐྱེ་འགག་མེད་མཉམ་པ། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་དང་སྟོང་པའི་མཐའ། །ཡང་དག་ཉིད་དང་ཆོས་ཀྱི་དབྱིངས། །མཚན་ཉིད་མེད་དང་དམིགས་སུ་མེད། །གཟུང་དུ་མེད་ཅིང་སྨོན་པ་མེད། །ཡེ་ནས་མྱ་ངན་འདས་པའང་ཡིན། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཀུན་རྫོབ་སྒྱུ་མར་མཉམ་པ་ནི། །འདུས་བྱས་དངོས་པོ་སྣ་ཚོགས་ནི། །སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང་། །འཕྲལ་སྣང་བྱ་བ་ཀུན་ཀྱང་བྱེད། །རྟོག་པ་ཀུན་གྱི་ཚད་མར་སྣང་། །འདི་དག་ཐམས་ཅད་གཟུགས་བརྙན་ཏེ། །བྱ་བྱེད་སྣང་ཞིང་དངོས་པོ་མེད། །ཆུ་ཟླའི་ཚུལ་དུ་ཐམས་ཅད་སྣང་། །ཐམས་ཅད་སྣང་ལ་རང་བཞིན་མེད། །དོན་དམ་ཀུན་རྫོབ་དབྱེར་མེད་ནི། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཞི་རྩ་མེད་ལས་ཐམས་ཅད་འབྱུང་། །མེད་དང་ཡོད་པ་གཉིས་ཀ་མིན། །དོན་དམ་ཀུན་རྫོབ་དབྱེར་མེད་དེ། །འདུས་མ་བྱས་ཉིད་འདུས་བྱས་སྣང་། །སྣང་བ་ཉིད་ན་དངོས་པོ་མེད། །དངོས་མེད་དེ་ཉིད་སྣ་ཚོགས་པ། །དེ་ཉིད་སྒྱུ་མ་མིག་གཡོར་ཚུལ། །འབྱུང་བ་ཆེན་པོ་ལྔ་རྣམས་ནི། །དེ་བཞིན་གཤེགས་པ་ལྔར་མཉམ་པ། །ས་ཆུ་མེ་རླུང་ནམ་མཁའ་ལས། །ཡ་མཚན་སྣ་ཚོགས་འབྱུང་འགྱུར་ཡང་། །གཞི་རྩ་ཡོད་པ་མ་ཡིན་ཏེ། །རང་བཞིན་ངང་གིས་དེ་ལྟར་འབྱུང་། །སོ་སོའི་རགས་ཚོགས་སྣང་བ་ནི། །ཐབས་ཆེན་དག་ཏུ་རྟག་ཏུ་མཉམ། །མཚན་ཉིད་སོ་སོར་གནས་པ་ནི། །ཤེས་རབ་དབྱིངས་ཀྱི་ངང་དུ་མཉམ། །ཚོགས་བརྒྱད་ཡེ་ཤེས་ལྔར་མཉམ་པར། །རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་པ་དོན་གྱི་གཞི། །འདི་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །རྣམ་པར་བྱང་དང་ཉོན་མོངས་དག །གཉིས་ཀ་ཡོད་པ་མ་ཡིན་ཏེ། །གཞི་རྟེན་རྣམ་རྟོག་ཀུན་གཞི་ཡི། །བག་ཆགས་མུན་པ་རང་དངས་པས། །ཐམས་ཅད་མེ་ལོང་ལྟ་བུའི་ཚུལ། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ང་དང་བདག་ཏུ་མི་འཛིན་ཞིང་། །ཀུན་ཀྱང་དབྱེར་མེད་ངང་ཡིན་པས། །ཐམས་ཅད་མཉམ་ཉིད་ཡེ་ཤེས་ཡིན། །ཐམས་ཅད་ཀུན་ལ་ཡུལ་རྟོག་ཅིང་། །རྟོག་དང་བརྟག་པར་བྱ་བ་མེད། །དུས་གསུམ་དུ་ཡང་མི་དམིགས་པ། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །ལོག་རྟོག་དབང་པོའི་སྤྱོད་ཡུལ་སྤངས། །དབང་པོ་ཡུལ་རྣམས་དངོས་མེད་པར། །ཐམས་ཅད་དབྱེར་མེད་དེ་བཞིན་ཉིད། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །མཉམ་ལ་རྣམ་ལྔ་དེ་ལྟར་བརྟག །ཆོས་རྣམས་མ་ལུས་ཐམས་ཅད་ལ། །ཡེ་ནས་རང་བཞིན་མེད་པ་དང་། །ཐབས་ཆེན་ལྷུན་གྱིས་གྲུབ་པར་བརྟགས། །འདི་ནི་ཡང་དག་རྟོགས་པ་ཡིན། །གདོད་ནས་མ་སྐྱེས་རྣམ་དག་བྱང་ཆུབ་སེམས། །རང་བཞིན་དབྱེར་མེད་གདོད་མཐའ་མི་འབྱེད་ཅིང་། །ཡེ་ནས་མཉམ་པས་རྒྱལ་བ་རྒྱ་མཚོ་ཡིན། །འགྲོ་འོང་མེད་པས་དུས་གསུམ་གཅིག་པར་རྫོགས། །དབྱེ་གསལ་མེད་ཕྱིར་བཟང་ངན་བླང་དོར་མེད། །རྣམ་རྟོག་ཉིད་ན་ཡེ་ཤེས་རང་བཞིན་ཏེ། །རྣམ་རྟོག་མི་སྐྱེ་ཡེ་ཤེས་བརྗོད་དུ་མེད། །མ་སྤངས་མཚན་མ་ཀུན་བྲལ་ཡོང་མེད་པས། །དྲན་བྱེད་མི་སྤང་འཁོར་རྒྱུན་མི་འབྱེད་དེ། །མ་སྙིགས་མི་འབྱེད་མངོན་སུམ་སངས་རྒྱས་ལ། །བློ་ཡི་རིགས་པས་དཔྱོད་ཅིང་ནན་ཏན་དང་། །མཚོན་ཅིང་བརྟེན་པས་བྱང་ཆུབ་མངོན་ཐོབ་སྟེ། །ཤེས་རྒྱུད་ཅི་ཡིན་གང་གི་ངོ་ཤེས་ཤིང་། །བྱ་བྱེད་ལས་འཕགས་གྱིན་འདར་འདུག་བྱེད་པ། །གང་ཞིག་བློ་ལ་སྤྱོད་པས་བྱང་ཆུབ་ཐོབ། ༈ །ཆེན་པོ་ཡུམ་ལྔ་དག་པ་དང་། །ཕུང་པོ་སེམས་ཕྱིར་རིགས་ལྔར་དག །ཚོགས་བརྒྱད་ཡེ་ཤེས་ལྔར་མཉམ་པས། །སྣོད་བཅུད་རྒྱུད་ཀྱི་ཀུན་བརྟགས་བྲལ། །བདེན་པ་ཀུན་རྫོབ་དོན་དམ་དང་། །གཉིས་སུ་མེད་དང་རྣམ་གསུམ་ཡང་། །དེ་གསུམ་ཉིད་དུ་མཉམ་པར་གསལ། །སྐབས་ཀྱི་ཀུན་བརྟགས་ཡུལ་རྣམས་ནི། །མིང་ཙམ་ངོ་བོའི་རྒྱུད་མེད་པར། །རིག་པ་ཅིར་སྣང་དོན་བྱེད་དང་། །རྟོགས་ལ་ཐུན་སྣང་མ་ངེས་དང་། །ཕྱག་རྒྱའི་དབྱིབས་མདོག་གསལ་བས་གྲུབ། །དཀོར་བདུན་རྫོགས་དང་བསམ་བརྗོད་འདས། །ངོ་བོ་དགུས་གྲུབ་ཤེས་བྱ་ཡི། །མཆོག་གྱུར་ཤེས་རབ་དམ་པ་ཡིན། །ཡུལ་ཡིན་རྟོག་གེའི་མ་ཡིན་དང་། །མི་བསླུ་ངེས་པས་སྒྲ་འཇུག་སྟེ། །ཐུན་མོང་སྟོང་བརྗོད་བྲལ་ཙམ་མིན། །ལྔ་དགུར་རང་རིག་རང་སྣང་ཕྱིར། །ཚུལ་གྱི་ཕྱེ་བས་ངོ་བོ་ཉིད། །སྨྲ་བརྗོད་བྲལ་ཏེ་བསམ་ཡུལ་མིན། །ཕྱོགས་བྲལ་ངོ་བོས་དབྱེར་མེད་པ། །ཤེས་ཅན་ཡང་རབ་ཡུལ་ཡིན་ཕྱིར། །བདེན་པའི་བདེན་པ་ཆེན་པོར་བཤད། །བདེན་པ་གཉིས་ཀར་དབྱེར་མེད་པས། །འཕྲུལ་དགའི་ཚུལ་དེ་ཐ་དད་མིན། །དེ་བཞིན་བཞི་དང་ལྷག་པ་གཉིས། །རྗེས་དོན་ཐུན་མོང་བདེན་པ་ཡང་། །སྐྱེ་བོའི་ཡུལ་འདས་རིག་པ་ཡིས། །གྲུབ་པ་ཐུན་མོང་གྲགས་པར་ཟད། ༈ །བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས། །ཇི་ལྟར་གཞལ་བྱ་འདིར་བརྗོད་པ། །ལོག་རྟོག་རྒྱུ་འབྲས་བདག་གཞན་ལྟར། །སྣང་བ་འདི་ཀུན་རང་རང་གི། །རང་བཞིན་མེད་པའི་རྣམ་ཤེས་ཉིད། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །མདོར་ན་ཚོགས་བརྒྱད་རྟོག་སྣང་བ། །ཤེས་ཡུལ་གཅིག་ཀྱང་ཇི་ལྟ་བར། །བསམ་པ་བརྟན་ཚེ་དེར་སྣང་ཕྱིར། །ཀུན་དངོས་གཞན་བྲལ་བདག་ཉིད་ཆེ། །ཐམས་ཅད་རིག་ཕྱིར་བདག་བརྗོད་ཀྱི། །སྣང་བཀག་རྣམ་པའི་གཅིག་མ་ཡིན། །གང་ཟག་ཆོས་དང་རྟག་པའི་བདག །རང་རྒྱུད་སྤྱོད་ཡུལ་བྲལ་བས་དག །རྒྱུ་འབྲས་ཡུལ་ལྟ་ལྡོག་ཕྱིར་ལས། །བདག་ཉིད་ཆེན་པོ་འདི་འདྲ་མེད། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཆོས་རྣམས་སྣ་ཚོགས་སྣང་བ་ཡང་། །བདག་ལས་གཞན་པ་མ་ཡིན་པས། །ཀུན་ལ་སྨོན་ཅིང་ཆགས་སུ་མེད། །སེམས་ཉིད་དེ་ནི་ཇི་ལྟ་བུ། །བྱང་ཆུབ་དེ་ནི་སེམས་ཡིན་ནོ། །སེམས་དང་བྱང་ཆུབ་དབྱེར་མེད་པས། །སེམས་ཅན་མ་ལུས་ཐམས་ཅད་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཡིན། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་དང་བྱང་ཆུབ་ཉིད་དུ་འུབ། །དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་ཀྱང་། །རང་རིག་ཁོ་ན་ཙམ་དུ་ཟད། །དགུ་དང་སྟོང་ཕྲག་བརྒྱད་བཅུ་བཞི། །བྱང་ཆུབ་སེམས་ལས་གཞན་དུ་མིན། །གཞལ་ཡས་ཁང་དང་དཀྱིལ་འཁོར་དང་། །ཁྲོ་ཚོགས་འདུ་འཕྲོ་མང་པོ་ཡང་། །སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིན། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཀུན་བརྟགས་ལོ་རྒྱུས་བརྗོད་བྱས་པས། །ཇི་བཞིན་ཉིད་དོན་རྨེལ་བྱ་བ། །དཔེར་ན་འཇིག་རྟེན་མི་འུ་དག །ཕ་མེས་ལོ་རྒྱུས་བཤད་བྱས་ན། །རིགས་རྒྱུད་གཅིག་གི་གཅིག་ཤེས་ལྟར། །ཆོས་ཀུན་གཞི་རྩ་རྨེལ་བྱས་ན། །གསེར་ལས་ཐ་དད་དབྱིབས་སྣང་ལྟར། །རང་རིག་ཅིར་ཡང་སྣང་ཕྱིར་གཞི། །དེ་ཉིད་རྟོག་མེད་རང་སྣང་ལས། །རྒྱུ་མེད་གཞི་རྩ་ག་ལ་རྙེད། །དེས་ན་ལོ་རྒྱུས་བརྟག་བྱས་པས། །གཞན་བྲལ་རིག་སྣང་བཟང་ངན་མེད། །རྟོག་པའི་དྲི་བྲལ་མ་འདྲེས་གསལ། །དོན་ཚུལ་སོ་སོར་མཚོན་ཚིག་ཕྱེ། །དངོས་གཅིག་ཚིག་སྒྲས་ཐ་དད་ཀྱང་། །དོན་དུ་སྨྲ་བསམ་བྲལ་བར་གཅིག །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཞི་རྩ་མེད་ལས་ཐམས་ཅད་བྱུང་། །གཤེགས་སྐུ་སྒྱུ་མར་སྣང་བ་དང་། །ལོག་རྟོག་སྒྱུ་མར་སྣང་བ་གཉིས། །གཞི་རྩ་མེད་དེ་རང་བཞིན་སྟོང་། །རིགས་དང་རྒྱུད་དུ་བརྟག་དུ་མེད། །རིགས་དང་ཁ་དོག་དབྱིབས་མེད་ལས། །ཕྱི་ནང་སྣོད་བཅུད་ཐམས་ཅད་སྣང་། །སྣང་བ་ཉིད་ན་ཆོས་ཀྱི་སྐུ། །ཅིར་ཡང་འགྱུར་ཞིང་ཐམས་ཅད་འགྲུབ། ༈ །གཏན་ཚིགས་གཉིས་པའི་ལུས་བཞག་པ། །རང་བཞིན་རང་སྤྱི་མཐའ་བྲལ་དང་། །རྣམ་པར་དབྱེ་བའི་གཏན་ཚིགས་ཀྱིས། །རང་བྱུང་ཡེ་ཤེས་རྙེད་པར་རྨེལ། །དེ་ཡང་དང་པོ་རང་བཞིན་ལའང་། །རང་བཞིན་དངོས་དང་རྣམ་དབྱེའོ། །དངོས་ནི་སྤྱིར་བཤད་ཆོས་སོ་ཅོག །རྒྱུ་རྐྱེན་བྱེད་པོས་བྱས་མིན་པར། །རང་བཞིན་ཉིད་ཀྱི་སྣང་ཚུལ་གྱིས། །ཕྱེ་བའང་རང་གི་མཐའ་བྲལ་དག །རང་ཚིག་ཡོང་གིས་མཉམ་པ་དང་། །རང་བཞིན་ཐམས་ཅད་མཁྱེན་སོགས་གསལ། །ཆོས་ཀུན་རང་བཞིན་མི་དམིགས་ཕྱིར། །འཁོར་བ་ཡོངས་སུ་དག་པར་འགྱུར། །རང་བཞིན་ཡོངས་ཀྱིས་དག་པའི་ཕྱིར། །མཉམ་པའི་དབྱིངས་སུ་ཡང་དག་རྟོགས། །འཁོར་བ་རང་བཞིན་མི་དམིགས་ཕྱིར། །མྱ་ངན་འདས་པ་ཡོད་མ་ཡིན། །དེ་བཞིན་ཉིད་དང་དབྱེར་མེད་ཕྱིར། །རྟག་ཏུ་རང་བཞིན་འོད་གསལ་གནས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །བདག་དང་བདག་གིར་གཞན་མེད་དོ། །རང་བཞིན་རང་གི་བདག་མེད་པའོ། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །བདག་ལས་གུད་ན་གཅིག་ཀྱང་མེད། །བདག་ཉིད་ཤིན་ཏུ་མི་དམིགས་པས། །ཉོན་མོངས་ཉིད་ཀྱང་བྱང་ཆུབ་ཞིང་། །ཆོས་རྣམས་ཐམས་ཅད་བདག་ཡིན་པས། །གང་དུ་འགྲོ་ཞིང་གང་དུ་སྐྱེ། །འཇིག་དང་སྐྱོབ་པའི་དངོས་པོ་མེད། །དངོས་མེད་དེ་ལས་སུ་ཞིག་གསང་། །རང་བཞིན་རྣམ་པར་དབྱེ་བ་ནི། །དེ་ལྟར་གཏན་ཚིགས་ཀུན་ལ་ཡང་། །ཁྱབ་སྦྱོར་གཞན་ཡང་དངོས་པོ་ཀུན། །རང་རྒྱུད་མེད་དེ་མིང་ཙམ་དང་། །ངོ་བོ་མ་ངེས་ཅིར་ཡང་སྣང་། །རྣམ་བཞིའི་དང་པོ་རྒྱུད་ལས་ཀྱང་། །ཡང་དག་ཉིད་དང་ལོག་རྟོག་ཉིད། །ངོ་བོ་ཉིད་ཀྱི་གནས་འགྱུར་ན། །དེ་ལ་བཅོས་ཤིང་བསྒྱུར་དུ་མེད། །ཡེ་ནས་ངོ་བོ་ཡོད་ཡིན་ན། །ཉོན་མོངས་སྤང་ཞིང་བྱང་བསྒྲུབ་མེད། །ཞེས་གསུངས་དངོས་པོ་རྣམ་གཉིས་ལས། །རིགས་རྒྱུད་ཡོད་ན་དེར་རེད་པས། །སྐྱོན་གཉིས་འབྱུང་ངོ་རྟག་པར་གོལ། །དེ་ཕྱིར་སྣོད་བཅུད་འགྲོ་བའི་རིགས། །སྣང་བ་ཙམ་སྟེ་བརྟན་རེད་མིན། །དེ་ཕྱིར་མིང་ཙམ་རྒྱུད་མེད་དེ། །ཆོས་རྣམས་མིང་དུ་བཏགས་པ་ཙམ། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །མིང་ཚོགས་ཁྱད་པར་སྣང་བ་ཡི། །ཟབ་ཅིང་རྒྱ་ཆེན་སྤྱོད་ཡུལ་ནི། །ལོགས་པར་རྟོག་བརྟགས་མིང་ཙམ་པ། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེ་འཕྲེང་བ་ཉིད་ལ་གནས། །བདག་དང་བདག་གི་གཞན་རྣམས་ནི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པ་ཡོད་མ་ཡིན། །ལོག་རྟོག་ཉིད་ལ་ཉིད་སྦྱོར་དེ། །གཞན་དུ་གཡོ་བ་ཅི་ཡང་མེད། །ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །མ་རིག་པ་ཡི་འཁྲུལ་རྟོག་གིས། །ང་དང་བདག་ཏུ་མེད་པ་ལ། །སོ་སོར་མཚན་མ་དངོས་པོར་གཟུང་། །འཛིན་པའི་དངོས་པོ་ཡང་མེད་དེ། །ཆོས་རྣམས་ཐམས་ཅད་མིང་ཚིག་ཙམ། །སོ་སོའི་རང་བཞིན་ངེས་ཤེ་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། །སྣང་བ་ཉིད་ན་འཇའ་ཚོན་བཞིན། །རང་བཞིན་མེད་པར་ཀུན་ཏུ་སྣང་། །དེ་ཉིད་ཆོས་སྐུ་ཡིན་པར་བཤད། །དེ་དག་མེ་ཡི་ཚ་བ་ལྟར། །རང་བཞིན་ཉིད་ཀྱིས་དེ་ཕྱིར་རོ། ༈ །ཆོས་ཀུན་རང་དང་སྤྱི་བསྟན་པའང་། །སྐབས་ཀྱིས་གཏན་ཚིགས་དེར་རེད་མིན། །ཁ་ཅིག་རང་གི་མཚན་ཉིད་དུ། །ཞེན་པ་སྣང་བ་ལྟ་བུ་ལ། །ས་སྲ་ཆུ་གཤེར་ལ་སོགས་དང་། །ཉོན་མོངས་རང་གའི་མཚན་ཉིད་ལྔ། །སྙིང་རྗེ་སྐྱོབ་པ་གདུང་བ་དང་། །བྱམས་པས་མི་འབྱེད་ཕན་འདོགས་སོགས། །མྱ་ངན་འདས་ལམ་འབྲས་བུ་ཡི། །རང་གི་མཚན་ཉིད་སོ་སོར་འདོད། །ཞེན་ན་དེ་ཉིད་མི་རྟག་བསྔལ། །སྟོང་བདག་མེད་པའི་སྤྱི་རུ་འདོད། །ལ་ལར་རང་རིག་ཐབས་ཆེན་དུ། །མ་འགགས་སྣང་བ་རང་མཚན་ཏེ། །དངོས་ཀུན་རྣམ་པར་བྱང་བ་ཡི། །མཚན་ཉིད་ཡིན་པ་སྤྱི་རུ་སྟོན། །ཉོན་མོངས་རང་དང་སྤྱི་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་བའི་ལུང་དུ་འགྱུར། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་། །གང་ན་མེད་དེ་དེ་ཉིད་ཡིན། །ནང་གི་ཆེན་པོ་ལྔ་ཉིད་ཀྱང་། །རང་དང་སྤྱི་ཡི་དོན་རྟོགས་ན། །མཚན་ཉིད་མེད་པར་རྣམ་པར་དག །རང་གི་མཚན་ཉིད་བརྗོད་པ་ནི། །ཆོས་དང་བདག་དང་དངོས་པོ་རྣམས། །ངོ་བོ་ཡོད་ལ་སོགས་བརྟགས་པས། །རྟོག་པ་སྒྱུ་མའི་ཀློང་འགྱུར་ཏེ། །སྤྱི་ཡི་མཚན་ཉིད་བརྗོད་པ་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །མ་རིག་པ་ནི་སྤང་དུ་མེད། །རིག་པ་ཡང་དག་བསྒྲུབ་ཏུ་མེད། །ཐམས་ཅད་དབྱིངས་སུ་རོ་གཅིག་ཐིམ། ༈ །སོ་སོའི་རྩལ་རྣམས་འཛིན་འགྱུར་པས། །ཐབས་ཆེན་དུ་ནི་རྣམ་པར་འཕྲོ། །མཚན་རྣམས་རང་བཞིན་མི་གནས་པས། །ཤེས་རབ་དབྱིངས་སུ་རྣམ་པར་སྤྱོད། །སྒྱུ་མའི་དངོས་པོར་རྟོག་པ་ནི། །རྟོག་པ་དེ་ཉིད་མི་དམིགས་ཕྱིར། །མི་དམིགས་དེ་ཉིད་སྣ་ཚོགས་སྣང་། །སྐྱེས་པ་ཉིད་ན་ཆོས་ཀུན་གཅིག །ཞེ་སྡང་སྤྱི་ཡི་མཚན་ཉིད་ནི། །ཡང་དག་ཉིད་ཀྱིས་རབ་བརྟགས་ན། །རྣམ་པར་བྱང་བའི་མཚན་ཉིད་དེ། །གཉིས་མེད་ཞེ་སྡང་སྤང་དུ་མེད། །འདོད་ཆགས་མཚན་ཉིད་རྟོགས་པ་ནི། །རྣམ་པར་བྱང་བ་ཡིན་པའི་ཕྱིར། །ཆགས་དང་མ་ཆགས་གཉིས་མེད་པས། །འདོད་ཆགས་མཚན་ཉིད་སྤང་དུ་མེད། །ཕྲག་དོག་མཚན་ཉིད་རྟོགས་པ་ནི། །རྣམ་པར་བྱང་བའི་མཚན་ཉིད་དེ། །དོག་པ་སྤང་མེད་ཡངས་བསྒྲུབ་མེད། ༈ །དེ་བཞིན་མཐའ་བྲལ་གཏན་ཚིགས་ཀྱང་། །ལྟོས་ན་མིང་བརྟགས་ཀུན་མཐའི་ཕྱིར། །ཡོད་མེད་དབུས་དང་རྟག་ཆད་དང་། །གཅིག་དང་དུ་མ་ལ་སོགས་པ། །མཐའ་གསུམ་དང་ནི་བཞིར་གྲགས་པ། །ཐུགས་ལ་ཐུག་ཕྱིར་ཅིག་སྨོས་ཀྱི། །བྲལ་དང་འདས་དང་མེད་བརྗོད་སོགས། །ལྟོས་བཏགས་ཕྱོགས་ཞེན་ཡོད་ཕྱིར་མཐའོ། །དེ་དག་འཁྲུལ་ཕྱིར་འདི་སྐད་དོ། །ཡོད་ལས་བཙལ་ན་སྒྲོ་བཏགས་འགྱུར། །མེད་ལས་བཙལ་ན་སྐུར་བཏབ་སྟེ། །ཡོད་མེད་གཉིས་ལས་བཙལ་བྱས་ན། །དེ་ནི་ལུང་དུ་མ་བསྟན་འགྱུར། །འདི་ལྟར་སྣང་བ་ཐམས་ཅད་ལ། །མངོན་སུམ་ཚད་མས་བརྟགས་མཐོང་ཡང་། །སྣང་བ་ཉིད་ན་དངོས་པོ་མེད། །དེ་བཞིན་ཡང་དག་ཉིད་དུ་རྟོགས། །གང་ཞིག་སྟོང་པའི་ངང་ཡོད་ཅེས། །མེད་པའི་རང་བཞིན་རྟོག་པ་སྟེ། །རི་བོང་རྭ་དང་མོ་གཤམ་བུ། །ཚིག་ཙམ་གདགས་སུ་རུང་མོད་ཀྱི། །ཐམས་ཅད་མིང་ཙམ་སྟོང་ཉིད་མེད། །ཐམས་ཅད་མ་ལུས་སྟོང་ཞེས་ཏེ། །དྲན་མེད་གདོས་པ་མ་ཡིན་པས། །རྟོག་མེད་རང་རིག་འོད་གསལ་བས། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །གདོས་པ་ཅན་གྱི་ཆོས་མིན་ཏེ། །ཤེས་པ་འབའ་ཞིག་ཁོ་ནའོ། །ཐམས་ཅད་མ་ལུས་དེ་བཞིན་ཏེ། །དེ་ནི་གང་ཡང་དམིགས་མེད་ལ། །སྐྱེ་དང་འགག་དང་གནས་པ་དང་། །འོང་དང་འགྲོ་བའི་དངོས་པོ་མེད། །དེ་བཞིན་རང་གི་རིག་པ་ཡང་། །མཐའ་དང་དབུས་མེད་དུ་མ་ཡིན། །གང་དུ་མི་འགྲོ་ཀུན་ཏུ་ཁྱབ། །ཀུན་ལ་དེ་བཞིན་མི་གནས་པའོ། །གདོས་པ་ཅན་གྱི་ཆོས་མིན་པས། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །རིག་པ་རང་དབང་བསྒྱུར་བས་ན། །སྟོང་པར་བྱའམ་མི་སྟོང་བྱ། །ཐམས་ཅད་དབྱེར་མེད་ངང་ཡིན་པས། །ཁ་དོག་དབྱིབས་དང་རིན་པོ་ཆེ། །ཐམས་ཅད་ཁྱབ་དང་ཡུང་འབྲུའི་ཚུལ། །བསམ་ཡས་མཐའ་དབུས་མེད་པའོ། །ཡོད་མེད་དབུ་མའང་མི་དམིགས་ཤིང་། །སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཕྱོགས་འཛིན་ལྟ་ངན་དགྲོལ་ཕྱིར་དང་། །མཐའ་བྲལ་འདོད་པ་འདིར་ཞུག་ཕྱིར། །མཐའ་དང་བྲལ་ཞེས་བརྗོད་མོད་ཀྱི། །མཐའ་ཀུན་རང་རིག་རང་སྣང་ཕྱིར། །འདི་ལ་བྲལ་དང་མ་བྲལ་དང་། །གྲོལ་དང་མ་གྲོལ་ཕྱོགས་ཞེན་མེད། །ཡེ་ནས་མཐའ་ཡིས་མ་བཅིངས་ཕྱིར། །གྲོལ་བར་ཐ་སྙད་འདོགས་པའང་མེད། ༈ །རྣམ་པར་དབྱེ་བའི་ཕུང་པོ་དང་། །འབྱུང་བ་ལ་སོགས་དངོས་ཀུན་ལ། །གདོས་སྣང་རེ་རེའང་བྱེ་བྲག་གིས། །བརྩེགས་པས་རིལ་པོར་ཞེན་གྲོལ་ནས། །གཅིག་ཀྱང་ཀུན་དངོས་དེར་རེད་མེད། །རང་རིག་ལྷུན་གྲུབ་བདག་ཉིད་དབྱིངས། །ཕུང་པོ་ལྔ་པོ་གཞིག་པར་བྱ། །བཤིག་ན་འབྱུང་བའི་བག་ལ་ཞ། །མ་བཤིག་ན་ཡང་འབྱུང་བ་ཡིན། །ས་ཆུ་མེ་རླུང་ནམ་མཁའ་ཀུན། །རང་བཞིན་མེད་པར་གཞིག་པའི་ཕྱིར། །གཅིག་ལ་ལྔས་ལྔར་དབྱེ་བྱ་ཞིང་། །མཱུཾ་གི་དབྱིངས་སུ་ཐིམ་པར་བྱ། །དབང་པོ་ཡུལ་དུ་སྣང་བ་ཀུན། །ཡུལ་རྣམས་ཡོད་པ་མ་ཡིན་ཏེ། །ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་སྟེ། །སྣང་བའི་དངོས་པོ་རྣམ་བཤིག་ན། །སོ་སོའི་མཚན་ཉིད་དངོས་མེད་པས། །གཞིག་ན་ནམ་མཁའི་ངང་དུ་ཞ། །ནམ་མཁའ་དེ་ཉིད་ལྔས་གཞིག་ན། །མཚན་ཉིད་མེད་པའི་དབྱིངས་སུ་ཐིམ། །འདི་ལ་མོས་པ་གཞུག་ཕྱིར་དང་། །གསང་ཆེན་དོན་དམ་མཐོང་བྱའི་ཕྱིར། །བརྗོད་ཀྱི་དངོས་ཀུན་དབྱེར་མེད་ལ། །རྣམ་པར་དབྱེ་བས་གཞན་ནས་མིན། ༈ །དེ་ལྟར་དེ་དག་གང་རུང་གིས། །ཆོས་ཀུན་གཏན་ལ་ཕབ་གྱུར་ན། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །རྒྱུ་རྐྱེན་མ་བྱས་ཡེ་ནས་གསལ། །ཆོས་ཉིད་ཕྱོགས་བྲལ་བསམ་བརྗོད་རྣམས། །བྲལ་ཕྱིར་མཚོན་པར་མི་ནུས་ཀྱང་། །མཚན་མས་མཚོན་ཏེ་བཀྲི་བའི་ཕྱིར། །བཞིན་དང་མེ་ལོང་ཚུལ་ལྟ་བུར། །དངོས་ཀུན་གསང་སྔགས་ཉིད་སྣང་བས། །མཚོན་པར་མ་གྱུར་མེད་པའི་ཕྱིར། །དངོས་ཀུན་མཚན་ཉིད་ཇི་ལྟ་བར། །རང་བྱུང་ཐེག་ཆེན་ཤེས་པར་གྱིས། །ནམ་མཁའ་གཟུང་དུ་མེད་པ་ལྟར། །སྣང་སྲིད་ཐམས་ཅད་དེ་དང་འདྲ། །ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ། །སེམས་ནི་ནམ་མཁའི་རང་བཞིན་ནོ། །ཇི་ལྟར་ས་གཞི་ཆེན་པོ་ལ། །སེམས་ཀྱིས་ཟིན་དང་མ་ཟིན་པའི། །སྐྱེ་འཁྲུངས་མ་ལུས་ཐམས་ཅད་འབྱུང་། །ཐམས་ཅད་ཀུན་གྱི་གནས་རྟེན་ཏེ། །དེ་བཞིན་བླ་མེད་ཐེག་པ་ལ། །སངས་རྒྱས་བྱང་ཆུབ་ཀུན་ཀྱང་གནས། །ཐེག་པ་མཐོ་དམན་ཐམས་ཅད་འབྱུང་། །ཐམས་ཅད་ཐེག་ཆེན་དབྱིངས་སུ་འདུས། །མེ་ཡིས་ཐམས་ཅད་ཀུན་སྲེག་ལྟར། །རྟོག་ཚོགས་ཡེ་ཤེས་ངང་དུ་སྲེག །ཆུ་ཡི་སྡུད་ཅིང་བཀྲུ་བ་ལྟར། །ཀུན་ལ་དེ་ལྟར་རིག་པར་གྱིས། །ཆོས་རྣམས་ཡེ་ནས་རླུང་དང་འདྲ། །དེ་ལ་གཟུང་དུ་མེད་པ་ལྟར། །ཀུན་ལ་དེ་ལྟར་འབྱོར་བར་གྱིས། །མ་བཅོས་ཡེ་ནས་དེ་ལྟར་གནས། །ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། །སྣང་བ་ཉིད་ན་འཇའ་ཚོན་བཞིན། །རང་བཞིན་མེད་པར་ཀུན་ཏུ་སྣང་། །དེ་ཉིད་ཆོས་སྐུ་ཡིན་པར་བཤད། །སྒྲ་རྣམས་ཇི་སྙེད་བརྗོད་པ་ཡང་། །དངོས་པོ་མེད་ལས་དངོས་པོའི་སྒྲ། །བརྗོད་དང་སྒྲ་ཡི་དངོས་པོ་མིན། །ཆོས་རྣམས་སྒྲ་ལྟར་ཤེས་པར་བྱོས། །བསྣམ་བྱ་དྲི་ཡི་དངོས་པོ་ཡང་། །ཡོད་པ་མ་ཡིན་ཀུན་ཏུ་བསྲུང་། །ཆོས་རྣམས་ཐ མས་ཅད་དྲི་དང་འདྲ། །དངོས་མེད་སྣ་ཚོགས་འབྱུང་ཞིང་འཕྲོ། །ཐེ་ཚོམ་མེད་པའི་ཤེས་རབ་ཀྱིས། །ཆོས་ཀུན་དེ་ལྟར་ཤེས་པར་གྱིས། །ཡུལ་དང་དབང་ཤེས་དངོས་མེད་པར། །ཚོགས་པ་རོ་ཡི་དངོས་གྲུབ་ལྟར། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཞི་རྩ་མེད་ལས་ཐམས་ཅད་འབྱུང་། །ཕུང་བཞི་ཤེས་པས་དབང་བསྒྱུར་ན། །རེག་བྱ་སྣ་ཚོགས་མྱོང་བ་ལྟར། །ཆོས་ཀུན་རིག་པས་དབང་བསྒྱུར་ན། །སྣ་ཚོགས་སྣང་བ་དངོས་པོ་མེད། །ཡང་ན་ཐབས་ཆེན་ཐེག་པའི་ཕྱིར། །དངོས་པོས་དངོས་པོ་བཅོམ་པས་རྟོགས། །ཉོན་མོངས་དུག་ལྔས་དུག་ལྔ་གྲོལ། །དུག་ལྔ་རྒྱུ་རྐྱེན་ངོ་བོས་དག །རང་བྱུང་ཡེ་ཤེས་རང་སྣང་ཕྱིར། །དེ་ལྟར་སུས་དྲན་ཉིད་ཀྱིས་གྲོལ། །དེ་ལ་འདོད་ཆགས་འདོད་ཡོན་ལྔ། །མཐོང་ཐོས་དངོས་དང་རྐྱེན་བཞི་ཀུན། །རིག་ཕྱིར་རང་སྣང་མཐོང་ཐོས་བྲལ། །མངོན་པར་ཆགས་པའི་གཟུང་འཛིན་མེད། །གཟུགས་སྣང་རང་རིག་ཡེ་ཤེས་གཟུགས། །སྒྲ་བརྗོད་རིག་པ་རང་སྣང་སྒྲ། །དྲི་ཞིམ་ཆོས་ཉིད་དྲི་ཡིན་ཏེ། །རོར་བྲོ་དེ་བཞིན་ཉིད་ཀྱི་རོ། །རེག་བྱ་རང་བྱུང་ཡེ་ཤེས་རེག །ལོག་རྟོག་ཡུལ་ལྔ་མིང་ཙམ་དུ། །སྣང་བས་རང་རྒྱུད་མེད་པའི་ཕྱིར། །རང་རིག་རང་སྣང་སྤྱོད་ཡུལ་མེད། །ཀུན་ལ་དེ་ལྟར་འབྱོར་བར་གྱིས། །ཡོན་ཏན་ཐམས་ཅད་ཚོགས་གཉིས་འགྱུར། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །འདི་ལ་མི་བྱ་གཅིག་ཀྱང་མེད། །གཞན་དག་ཏིང་འཛིན་བསྒྱུར་བ་དང་། །སྤྱོད་ཐབས་འདུལ་དང་ཆེད་བྱེད་དང་། །ཡང་དག་དུག་ལྔར་བྱེད་སོགས་པའང་། །དྲང་བའི་དོན་ཏེ་ཐར་པའི་ལམ། །སྤྱོད་དང་སྤྱད་པར་བྱ་མེད་པར། །རང་སྣང་གྲོལ་མཐར་ཐབས་ཆེན་མཆོག །དེ་བཞིན་གཟུགས་དང་ཚོར་བ་དང་། །མཚན་འཛིན་འདུ་བྱེད་རྣམ་ལྔ་ཡི། །མཚན་ཉིད་རང་རིག་ཉིད་སྣང་ཕྱིར། །སྣང་སྟོང་དབྱེར་མེད་ཚོར་སྟོང་བྲལ། །མཚན་འཛིན་ཡོད་མེད་བྱ་བྱེད་མེད། །དྲན་སྟོང་དབྱེར་མེད་རང་སྣང་ཕྱིར། །ཕུང་པོ་བཞི་པོ་ཡེ་ཤེས་སུ། །གཅིག་པས་རྣམ་ཤེས་རང་བྱུང་ཆེ། །རྟགས་དང་དབྱེ་བ་བསམ་མི་ཁྱབ། །དམན་ལ་མཚན་མས་གྲོལ་བར་བྱེད། །ཀུན་གྱིས་ཡང་དག་རྟོག་བྱའི་ཕྱིར། །དེ་བཞིན་ཆོས་སྐུའི་གཟུགས་བརྙན་བསྟན། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་བསྒྲིབ་བྱས་ཏེ། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །མ་མཐོང་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་བ་དང་། །ལྗང་ཁུ་ལ་སོགས་ནག་པོར་བསྟན། །བྱང་ཆུབ་སེམས་ཉིད་དག་པའི་ཕྱིར། །ཤིན་ཏུ་མདོག་ནི་དཀར་བར་བསྟན། །དེ་རྟོགས་བྱ་ཕྱིར་དཀར་པོའི་མདོག །ཆགས་དང་ཆགས་པར་བྱ་བ་མེད། །ཆགས་མེད་རྟོགས་ཕྱིར་དམར་པོའོ། །ཟད་མེད་འཕེལ་བ་རྟོགས་བྱའི་ཕྱིར། །མདོག་ནི་གསེར་གྱི་མདོག་ཏུ་བསྟན། །འཕྲིན་ལས་ཀུན་རྫོགས་རྟོག་བྱའི་ཕྱིར། །ལྗང་ཁུའི་མདོག་ཏུ་བསྟན་པ་ཡིན། །བསྒྱུར་དུ་མེད་པར་རྟོག་བྱའི་ཕྱིར། །ཁ་དོག་ནག་པོར་བསྟན་པ་ཡིན། །དེ་བཞིན་ཀུན་ལ་ཤེས་པར་བྱོས། །མཐའ་དང་དབུས་མེད་དེ་བཞིན་ཉིད། །དབྱེར་མེད་ངང་དུ་གནས་པ་ལ། །ཡེ་ཤེས་རྟོགས་པའི་དོན་བྱའི་ཕྱིར། །ཕྱོགས་དང་དབུས་སུ་གནས་པར་བྱས། །ཉོན་མོངས་གསལ་བས་ཡེ་ཤེས་གསལ། །དེ་ཕྱིར་ཤར་གྱིས་མཚོན་པ་ཡིན། །ཉོན་མོངས་མ་རིག་རྒྱུ་འབྲས་ནུབ། །རང་བྱུང་ཡེ་ཤེས་བདག་ཉིད་དང་། །སྡུག་བསྔལ་གདོད་ནས་རང་དག་པའི། །དོན་རྟོགས་བྱ་ཕྱིར་ནུབ་བྱང་བརྗོད། །དེ་ལྟར་རང་རིག་ཤར་ནུབ་བྱང་། །ཡོན་ཏན་རྫོགས་པས་མཚོན་ཕྱིར་ལྷོ། །དེ་ལྟར་ཆོས་རྣམས་མ་ལུས་ཀུན། །དེ་བཞིན་ཉིད་ཀྱི་དབྱིངས་སུ་འདུས། །ཕྱོགས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་ཀྱི་དབྱིངས་སུ་འདུས། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་དེ་ཟླུམ་པའི་ཚུལ། །ཕྱོགས་རྣམས་ཀུན་ལ་དེ་ལྟར་བལྟ། །དེ་བཞིན་རྟེན་དང་བརྟེན་ཅན་གྱི། །བྱེ་བྲག་ནང་རྟགས་ཕྱིར་བསྟན་པ། །མཚོན་ཕྱིར་རྟགས་ཏེ་དེ་སྒོ་ནས། །རང་རིག་སྣང་བས་འཇལ་བར་གྱིས། །གྲུབ་མཐའ་སྐབས་སུ་བརྗོད་ཟིན་ཏེ། །ལྷག་པའི་མཉམ་གཉིས་དབྱེར་མེད་དོན། །མིང་གྲངས་ཅིར་ཡང་བསྟན་མོད་ཀྱང་། །དོན་དུ་སྨྲ་བསམ་ཡུལ་ལས་འདས། ༈ །ཐབས་དེས་རྟོགས་པའི་ངོ་བོ་ཉིད། །ཕྱིན་ཅི་མ་ལོག་ཤེས་རབ་སྤྱན། །མིང་གྲངས་ཤེས་རབ་སྙན་ཤངས་ལྗགས། །སྐུ་ཡིས་དེ་ཉིད་ཐོས་ཚོར་མྱོང་། །དོན་རིག་མཐོང་སོགས་མ་ངེས་པ། །ཀུན་ལ་ཡོད་ཅིང་ངེས་བྱས་པ། །ཡུལ་མེད་མངོན་སུམ་མཆོག་ཏུ་གསལ། །མིང་གྲངས་དག་མཉམ་བདེན་བདག་ཉིད། །ཚུལ་གྱིས་བརྗོད་ཀྱི་ཐ་དད་མིན། །དེ་དག་དབྱེ་བའང་ཆོས་ཅན་གྱི། །གྲངས་དང་བློ་ཡི་ཕྱིར་བཤད་ཀྱི། །དེ་ལ་གྲངས་སུ་ངེས་བཟུང་མེད། །དེ་བས་ངོ་བོ་གཅིག་པས་བདེན། །སྐབས་གོང་དུའང་ངོ་བོ་དོན། །བརྗོད་དེ་འདི་ལྟར་བརྗོད་པའང་ཡུལ། །མེད་ཀྱང་མཐོང་བའི་བྱེ་བྲག་གིས། །བརྗོད་ཀྱི་དོན་འདི་འཇལ་བར་གྱིས། །ཀུན་རྫོབ་སྒྱུ་མར་ཞལ་མཐོང་བ། །ཐམས་ཅད་མིག་ཡོར་སྒྱུ་མའི་ཚུལ། །སྣང་སྲིད་མ་ལུས་ཐམས་ཅད་ཀུན། །ཆུ་ཟླའི་ཚུལ་དུ་འདྲར་ཤེས་ཤིང་། །ཡུལ་དང་རྟོག་པ་གཉིས་མེད་པར། །ངང་གི་དེ་ལྟར་རིག་པ་དེ། །དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན། །རང་བཞིན་དཀྱིལ་འཁོར་ཡང་དག་ནི། །ཆོས་དབྱིངས་བདག་དང་དབྱེར་མེད་པའི། །མཉམ་པར་སྦྱོར་ཞིང་དག་པའོ། །ཐམས་ཅད་བྱང་ཆུབ་ལྷུན་གྲུབ་ཅིང་། །དེ་ལྟར་གང་གིས་རྟོགས་གྱུར་པ། །དེ་ནི་ཡེ་ཤེས་མིག་ཅན་ཡིན། །དེ་ཡིས་ཡང་དག་སྙིང་པོ་མཐོང་། །གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རིག་པ་ཐབས་སུ་རྟོགས། །སོ་སོའི་མཚན་འཛིན་ཤེས་རབ་རྟོགས། །གཉིས་མེད་འབྲེལ་བ་ཐབས་ཆེན་ཡིན། །ཀུན་ཀྱང་ཤེས་རབ་ངང་དུ་གནས། །སྣང་དང་གནས་པ་ཐམས་ཅད་ཀུན། །དེ་བཞིན་ཉིད་ལས་མ་གཡོས་ཕྱིར། །ཡོད་དང་མེད་པ་གཉིས་ཀ་མེད། །གནས་དང་མི་གནས་དབྱེ་རུ་མེད། །མཉམས་པའི་དབྱིངས་སུ་ཐམས་ཅད་འདུས། །འདུས་མེད་གནས་སུ་ཐེབས་པ་ཡིན། །ཐམས་ཅད་དེ་ལྟ་བུ་ཡི་ངང་། །དེ་རྟོགས་རྡོ་རྗེའི་ཞལ་མཐོང་ཡིན། །རྒྱུར་བྱས་ཕུང་པོ་ལྔ་རྣམས་ལ། །གཞི་རྩ་དེ་བཞིན་ཉིད་དུ་གཅིག །སྒྱུ་མར་སྣང་བ་གཟུགས་བརྙན་ཚུལ། །སྣང་བ་ཉིད་ན་དངོས་པོ་མེད། །དངོས་མེད་དེ་ཉིད་སྣ་ཚོགས་མཐོང་། །རྟོག་ཚོགས་ལྷ་ཡི་དཀྱིལ་འཁོར་ཏེ། །དེ་སེམས་རང་རིག་ཉིད་ཅེས་བྱ། །ཐམས་ཅད་དབྱིངས་གྱུར་ཀུན་ཏུ་བཟང་། །དེ་རྟོགས་རྡོ་རྗེའི་ཞལ་མཐོང་ཡིན། །ཀུན་ཀྱང་ཡི་གེ་མིང་ཚིག་ཙམ། །གང་ཡང་དངོས་པོ་ཡོད་མ་ཡིན། །དངོས་མེད་དེ་ཉིད་སྣ་ཚོགས་སྣང་། །སྣང་བ་ཉིད་ན་གང་ཡང་མིན། །བྱ་བྱེད་སྣ་ཚོགས་ཀུན་བྱེད་ཀྱང་། །དངོས་པོ་མེད་དེ་ཡང་དག་ཉིད། །དེ་ནི་ཅིས་ཀྱང་མི་ཚུགས་པའི། །ས་རྡོ་དྲན་མེད་མ་ཡིན་ཏེ། །དེ་ཉིད་ཤིན་ཏུ་འོད་གསལ་ཡིན། །རྡོ་རྗེ་སེམས་དཔའ་དེ་ལྟར་གནས། །རྡོ་རྗེ་རིགས་དང་དབྱེར་མེད་ཕྱིར། །དེ་ཉིད་རྡོ་རྗེའི་ཞལ་མཐོང་ཡིན། །ཐམས་ཅད་མ་ལུས་གཅིག་པའི་ངང་། །བལྟ་དང་བལྟ་བར་བྱ་མེད་པའི། །ཡེ་ཤེས་སྒྲོན་མེ་སྦྲེང་བར་ནི། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །ཐམས་ཅད་ལྷུན་གྱིས་གྲུབ་པ་དང་། །སྒྱུ་མ་མིག་ཡོར་ཚུལ་ཤེས་པ། །གཉིས་ཀ་རང་རིག་ཉིད་དུ་འདུས། །དེ་ཉིད་ཡང་དག་ཡིན་པར་གསུངས། །སྒྲ་དང་ཚིག་ཏུ་བརྗོད་པ་ནི། །ཡང་དག་དོན་གྱི་སྙིང་པོ་མིན། །མིང་ཚིག་སྒྲ་ལ་མི་བརྟེན་པར། །བློ་ཡི་གཏིང་དུ་གོ་བར་བྱོས། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་ཉིད་ལས་ནི་གཞན་མེད་དེ། །སེམས་དང་ཆོས་སུ་དབྱེར་མེད་པས། །བྱང་ཆུབ་ལམ་དེ་རིང་བ་མིན། །བྱང་ཆུབ་སེམས་ཞེས་བརྗོད་པ་ནི། །གང་ནས་མ་འོང་གར་མི་འགྲོ། །རྟོག་མེད་རང་རིག་ཁོ་ན་ཙམ། །སངས་རྒྱས་སེམས་ཅན་སེམས་ལ་གནས། །ཡངས་ཤིང་རྒྱ་ཆེ་ལྷུན་གྲུབ་ནི། །ཕྱི་ནང་སྣོད་བཅུད་ཡེ་ནས་དག །དག་རྟོག་ཉིད་ཀྱང་དབྱིངས་ཉིད་ཡིན། །འདི་ནི་རྡོ་རྗེའི་མཉམ་ཡིན་ནོ། །ཡུལ་མེད་སློབ་པ་གཞི་གཅིག་ལ། །དང་པོ་གཟོད་འཚོལ་ངེས་པ་གསུམ། །མི་དམིགས་ཡེ་ཤེས་ལྟ་བ་དང་། །ཕྱག་རྒྱ་གཅིག་སྤྲོས་བར་ཆད་མེད། །ལྷུན་གྲུབ་བསླབ་པའི་མཐར་ལྟ་གསུམ། །རྣལ་འབྱོར་རིམ་པས་ཕྱེ་བ་ཡིན། །ཁྱད་པར་རྒྱུ་ཡི་ཐེག་པ་དང་། །སྔོན་དུ་བརྗོད་དེ་གཞན་གསུངས་པ། །ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཐེག་པ་དང་པོ་བཅུ་དྲུག་མགོན། །གཉིས་པ་བཞི་ཡི་ལྟ་སྤྱོད་བསྲང་། །གསུམ་པ་བཅུ་གཉིས་ངེས་པར་བསྟན། །བཞི་པ་ཐེག་པ་མདོར་བསྡུས་ནས། །བླ་མེད་ཐེག་པའི་དབྱིངས་སུ་བཙུད། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་རྣམས། །རང་བཞིན་གསང་བ་མ་མཐོང་ཕྱིར། །ལོང་བའི་ཚོགས་ཏེ་ལམ་སྟེགས་ཙམ། །གནས་ཐབས་ཇི་བཞིན་མཐོང་བ་མེད། །ངན་སོང་འགྲོ་དྲུག་སྣ་ཚོགས་རྒྱུ་བ་ཡང་། །འཁྲུལ་བའི་ལོག་རྟོག་ཉིད་སྣང་སྟེ། །དེ་བཞིན་ཉིད་ཀྱི་དབྱིངས་ལས་འགྱུར་བ་མེད། །བདག་དང་བདག་གི་གཞན་རྣམ་ནི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །དམན་དང་ཁྱད་པར་བཤད་པར་ཟད། །བདག་ཉིད་མ་མཐོང་ཤེས་རྒྱུད་མ་འབྱོངས་པས། །གཞན་དུ་འཚོལ་ཞིང་རྨོངས་པའི་སེམས་ཅན་གྱིས། །བསྟན་ཀྱང་མ་ཐོས་མཚོན་ཀྱང་མ་མཐོང་བས། །བདག་དང་གཞན་དུ་འཚོལ་བས་འཚང་མི་རྒྱ། །དེ་དང་མ་བྲལ་སྟོན་པ་མི་མཐོང་ཞིང་། །བགྲོད་པར་འདོད་ཀྱང་ཕྱིན་པར་མི་ནུས་ཏེ། །རྒྱུ་འབྲས་གཉིས་མེད་ཤེས་རབ་བསྒྲིབས་ཕྱིར་རོ། །འདི་ལ་སྣ་ཚོགས་ཞེན་པ་ཡང་། །རྟག་ཆད་བདག་གིས་ལྟ་བ་མེད། །ཆོས་ཙམ་རྡུལ་རྗས་སྐད་ཅིག་མེད། །རྒྱུ་འབྲས་མེད་དེ་ཕྱོགས་སྟོང་གྲོལ། །དམ་པར་སྣང་བ་བྲལ་བ་མིན། །དམིགས་པའི་ལྷ་རུ་འདོད་པ་མིན། ༈ །ལྷུན་གྲུབ་རྣམ་མཁྱེན་རྟོགས་པ་ཡི། །ཡོན་ཏན་བརྗོད་ལས་འདི་སྐད་དུ། །དངོས་གྲུབ་མཆོག་གི་སྙིང་པོ་ནི། །དང་པོ་དོན་རྟོགས་མཐར་མི་གཏོང་། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། །རྣལ་འབྱོར་དོན་དམ་ལྡན་པ་ཡིས། །ཉོན་མོངས་འཆིང་བའི་ཆོས་སྤྱད་ཀྱང་། །རྣམ་པར་གྲོལ་བར་འགྱུར་བ་ཡིན། །ཐབས་དང་ཤེས་རབ་རྟོགས་པ་ཡིས། །དུག་གསུམ་སྡུག་བསྔལ་གནོད་མི་འགྱུར། །ཐབས་དང་ཤེས་རབ་ལྡན་འགྱུར་བས། །ཕྱིན་ཅི་ལོག་ཉིད་བྱང་ཆུབ་ལམ། །དོན་རྟོགས་དོན་བཞི་རྫོགས་པར་འགྱུར། །ཐབས་དང་ཤེས་རབ་མ་རྟོགས་པས། །མ་གྲོལ་ཁམས་གསུམ་འཁོར་བ་ཡིན། །ཐབས་ལ་མཁས་པས་མ་ཟིན་ན། །ལམ་གྱི་དགེ་སྤྱད་སྟེག་སྤྱད་ཀྱང་། །མཐོ་རིས་ལྷ་དང་མི་རུ་སྐྱེ། །སྐྱེ་ཤི་མེད་པའི་ས་མི་ཐོབ། །ཆོས་རྣམས་དག་པར་མ་ཤེས་ཏེ། །ཐབས་དང་ཤེས་རབ་མ་རྟོགས་པས། །ཉོན་མོངས་སྤྱད་དང་སྤངས་ཀྱང་བཅིངས། །མཉམ་པའི་གསང་དོན་མ་རྟོགས་ན། །དབུ་མ་རང་རྒྱལ་ཉན་ཐོས་དང་། །ལྷ་མི་འདོད་དང་ཁམས་གཉིས་ལྷ། །སེམས་ཅན་དུག་ལྔ་སྤྱོད་པ་དག །རང་རང་ལྟ་སྤྱོད་བློ་ཚོད་ཙམ། །སྨིན་གྲོལ་ཐར་དང་ལྟུང་བས་འཁྲུལ། །དེ་རྟོགས་བདེན་པས་བྱིན་བརླབས་ཏེ། །ཟབ་མོ་བརྗོད་པས་དོན་སྣང་བྱེད། །སློབ་མ་ལྷུན་གྲུབ་བྱིན་བརླབས་པ། །ཆོས་རྣམས་ཐམས་ཅད་དབྱེར་མེད་པས། །ཤིན་ཏུ་བརྟན་པའི་དབང་ཐོབ་འགྱུར། །རང་རིག་ཡེ་ཤེས་འོད་གསལ་བས། །ཐམས་ཅད་མཁྱེན་པའི་དབང་ཡང་ཐོབ། །ཆོས་རྣམས་ཐམས་ཅད་དབྱེར་མེད་པས། །ཀུན་ལ་སྤྱོད་ཅིང་གསང་དབང་ཐོབ། །སྤྱོད་ཅིང་ཆགས་པ་མེད་པའི་ཚུལ། །ཀུན་ཀྱང་རང་བཞིན་ཟླུམ་པའི་ཕྱིར། །ཕན་ནུས་བཅོ་ལྔའི་དབང་ཐོབ་སྟེ། །ཐམས་ཅད་བདག་ཉིད་ཆེན་པོ་ཆུས། །ཡུལ་ལྟ་དྲི་སྦྱངས་ཁྲུས་ཀྱི་མཆོག །རང་སེམས་ཡེ་ཤེས་ལྔ་རྫོགས་རྒྱན། །རང་རིག་ཐབས་དང་ཤེས་རབ་ཀྱིས། །ཀུན་ཏུ་ཁྱབ་པ་ཅོད་པན་མཆོག །བདག་ཉིད་འབྲས་བུ་ལྔ་སྙིང་པོར། །ཡེ་སངས་རྒྱས་པ་ཀུན་གྱི་བཅུད། །རྟོག་རྒྱུན་ཡེ་ཤེས་ཕྲེང་བར་ཤར། །སྟོང་ཆེན་བླ་མེད་ཆོ་གའི་མཆོག །ཀུན་གཞི་འགྱུར་མེད་ཏོག་ཆེན་པོ། །སྡུག་བསྔལ་གདུང་བ་ངང་གིས་སངས། །སྣང་གྲགས་དྲན་རྟོག་སྐུ་གསུང་ཐུགས། །སེམས་ཕྱིར་དེ་ཉིད་རྒྱས་བཏབ་བོ། །རང་བྱུང་ཞལ་དུ་ཀུན་རྔུབས་ཕྱིར། །མ་ལུས་ལོངས་སྤྱོད་དབང་ཕྱུག་ཆེ། །རང་རིག་མ་འདྲེས་རྫོགས་གསལ་བཤད། །དེ་ཉིད་ངང་གསལ་མི་གཡོ་བསྒོམ། །བརྗོད་འདྲར་ཐམས་ཅད་རིག་གསལ་ཐོས། །འགྲོ་འོང་མེད་པར་ལས་རྫོགས་དབང་། །ཀུན་གྱི་བདག་གྱུར་སེམས་ཉིད་ནི། །དབང་ཕྱུག་རྒྱལ་པོའི་དབང་རྫོགས་སོ། །དེ་སོགས་ལམ་ཀུན་རང་རྫོགས་ཕྱིར། །འཇུག་དང་བྱ་བ་དོན་གྱིས་མེད། །རྒྱུ་འབྲས་ཡེ་ནས་དབྱེར་མེད་ཕྱིར། །རེ་དང་དོག་པ་ག་ལ་ཡོད། །དེ་བཞིན་མཇལ་ལ་གཡོ་ཐོབ་བརྟན། །བློ་རླབས་འབྱུང་བར་ཐེ་ཚོམ་མེད། ༈ །དེས་བརླན་རིག་པའི་མེ་ཏོག་ཅན། །དེ་ལ་དྲན་རྒྱུན་གཉིས་སྦྱིན་ཏེ། །སྤྱོད་ལམ་བཞིར་སྒོམ་མན་ངག་དང་། །འདའ་ཀའི་དྲན་པ་སྦྱིན་བྱའོ། །དེ་ལྟར་ལྡན་པས་གྲུབ་པའི་ཕྱིར། །སྤྱོད་ལམ་དྲན་དང་ངོ་བོ་དང་། །བཅོས་ཉམས་སྤྱོད་དམ་ལས་གྲུབ་པའོ། །འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་ཀྱང་། །སྐད་ཅིག་དྲན་བསྐུལ་རང་སྣང་དུ། །ཡུལ་མེད་རང་གསལ་མི་གཡོ་བ། །ཐེག་ཆེན་སྒོམ་ལས་མི་ཉམས་པའོ། །རེ་དོགས་བྲལ་བའི་སེམས་ཀྱིས་གཟུང་། །འདུ་འབྲལ་མེད་པས་སེམས་ལ་བརྟན། །གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་རང་སྣང་ངོ་། །རྣམ་རྟོག་ཉིད་ན་ཡེ་ཤེས་ཕྱིར། །གཉེན་པོས་འཆོས་པ་དེ་ཉིད་ནད། །གང་ཡང་བྱ་བྱེད་མེད་པ་ལ། །ཆེད་དུ་བསྟེན་པ་འཁྲུལ་པའི་ལམ། །ཅིར་ཡང་མ་མྱོང་ཡུལ་བྲལ་བ། །ཡང་དག་དོན་རྣམས་མྱོང་བ་སྟེ། །དེ་ཉིད་ཞེན་བྲལ་རིག་པ་ཙམ། །གཡོ་ཐོབ་བརྟན་པར་སྣང་བ་ཡིན། །ཐམས་ཅད་མཉམ་ཉིད་རྒྱས་བཏབ་ཕྱིར། །དེ་ཉིད་མཉམ་ཉིད་འདའ་མི་བྱ། །མཉམ་རྫོགས་ཏིང་འཛིན་གོམས་གྱུར་ན། །རིག་པ་འཛིན་པའི་ས་ཐོབ་འགྱུར། །དེ་ཡང་རྒྱུད་ལས་རིམ་པར་གསུངས། །ཤེས་རྒྱུད་ཅི་ཡིན་གང་གིས་ངོ་ཤེས་ཤིང་། །བྱ་བྱེད་ལས་འཕགས་ཀྱིན་འདར་འདུག་བྱེད་པ། །གང་ཞིག་བློ་ལ་སྤྱོད་པས་བྱང་ཆུབ་ཐོབ། །རྣམ་པར་དག་པའི་གཡུང་དྲུང་སངས་རྒྱས་ལ། །ཐམས་ཅད་ཡེ་ནས་མཉམ་པར་རྣམ་དག་ཅིང་། །མི་རྟོག་ས་ལེར་གནས་ལ་རྟོག་པ་མཛད། །བསྙད་དུ་མེད་པས་སྣ་ཚོགས་འབྱུང་བ་ཡིན། །ནམ་མཁའ་བཟུང་བས་སྤྲིན་གྱིས་ཁེབ་པར་འགྱུར། །ནམ་མཁའ་མེད་པར་གང་གིས་ཤེས་པ་ན། །སྤྲིན་ཞིག་འབྱུང་ཞིང་ཁེབས་པར་མི་སྲིད་དོ། །བདག་མེད་བདག་ཆེན་ཐམས་ཅད་འབྱུང་བའི་གནས། །མ་བཀག་ས་ལས་རྒྱུ་ཞིང་འབྱུང་མེད་པའི། །ཐམས་ཅད་སེམས་ཀྱི་ངང་སྟེ་སེམས་ཞེས་གདགས་སུ་མེད། །མ་བཅོས་ལྷུན་གནས་ཡེ་ནས་བྱང་ཆུབ་ཅིང་། །ཐོབ་རྒྱུ་མེད་པས་ཡེ་ནས་བདེ་གཤེགས་ཡིན། །ཨེ་མ་ཧོ་མ་བསྒྲུབ་གྲུབ་ཆེན་པོ། །བླང་དོར་མེད་པའི་ས་ཆེན་པོ། །གྲུབ་པ་ཆེན་པོ་ཡེ་ཤེས་ཆེ། །མི་གཡོ་འདུ་འབྲལ་མེད་པའི་གཟུངས། །རྟོགས་པའི་ཡེ་ཤེས་ཡིད་བཞིན་གཏེར། །ཐམས་ཅད་ལ་ཡང་མེ་ལོང་བཞིན། །བལྟས་ཀྱང་གཟུགས་བརྙན་མི་སྣང་ངོ་། །བྱ་བྱེད་མེད་པའི་བརྩོན་འགྲུས་ཏེ། །དེས་ནི་བྱང་ཆུབ་སྙིང་པོ་ལེན། །བྱང་ཆུབ་སེམས་སུ་རྒྱུ་གཅིག་པས། །རྩ་བ་སྙིང་རྗེ་ཆེན་པོ་འབྱུང་། །མཉམ་ལ་མཉམ་པར་སྦྱོར་བ་ཡི། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །འདས་ན་སངས་རྒྱས་མ་ཡིན་ནོ། །དེ་བས་རང་སེམས་རྟོགས་བྱས་ཏེ། །ལེ་ལོ་གཡེང་བ་ཡངས་སྤངས་ནས། །ང་དང་བདག་མེད་མཉམ་པར་བསྲུང་། །ཐམས་ཅད་མ་ལུས་སངས་རྒྱས་ལ། །བསྒྲུབ་ཅིང་བསྲུང་བར་བྱ་བ་མེད། །དེ་བཞིན་ཉིད་ལ་གནས་བཅས་ན། །ཉོན་མོངས་སྡུག་བསྔལ་མི་འབྱུང་སྟེ། །རྟག་ཏུ་བདེ་གནས་བྱང་ཆུབ་ཉིད། །མཚན་དང་དཔེ་བྱད་ཀུན་དང་ལྡན། །ཤེས་རབ་རྣམ་གསུམ་གོམས་བྱས་ནས། །ཏིང་འཛིན་མཉམ་པའི་དོན་རྟོགས་ཏེ། །ཀུན་ཏུ་ཡངས་པ་ཆེན་པོར་བསྒོམ། །རྒྱུ་འབྲས་དུས་གཅིག་རྫོགས་པ་ཡིས། །རང་རིག་ཉིད་ལ་དབང་ཐོབ་ཏེ། །ཚེ་ནི་བཅུ་དང་དྲུག་པ་ཡིས། །བརྒྱ་བརྒྱ་དག་ཏུ་སྣང་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་ལ། །སྔགས་འཆང་གསལ་བོར་རྟོགས་བྱས་ནས། །བདག་ཉིད་ཆོས་ཉིད་སྐྱེ་འགག་མེད། །ངང་ལས་མ་གཡོས་པར་གནས་ན། །ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱང་། །རྫོགས་པར་ཕྱོགས་བཅུ་དུས་གསུམ་གྱི། །དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས། །ཐམས་ཅད་དབྱེར་མེད་ཡེ་མཉམ་ལ། །མ་འདྲེས་རྒྱ་ཡོངས་མ་ཆད་པའི། །གཞལ་ཡས་ཁང་དང་ཉི་ཟླ་དང་། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །སྐུ་གསུང་ཐུགས་ནི་བསམ་མི་ཁྱབ། །དེ་བས་ཡང་དག་སྐྱེས་མཆོག་གིས། །སྤྱོད་ལམ་རྣམ་པ་ཐམས་ཅད་དུ། །རྣམ་པར་རྟོག་མེད་ཚུལ་གྱིས་ནི། །ཐམས་ཅད་ཀུན་ལ་ཆགས་མེད་རོལ། །མཐོང་ཐོས་ཡུལ་སོགས་གང་སྣང་ཡང་། །རང་བྱུང་རང་སྣང་རང་རིག་ལས། །གཞན་པའི་དྲན་པ་མི་བྱ་སྟེ། །སྤྱོད་ཡུལ་བྲལ་བས་ཉམས་མི་བྱ། །འཕོ་ཞིང་འགྱུར་བ་མཐོང་བ་ན། །བདག་ཉིད་དྲན་བསྐུལ་ངང་ཉིད་ལས། །མི་གཡོ་དྲན་པ་རྒྱུན་དུ་བཟླས། །རང་གནས་མཐོང་བས་འགྱུར་བ་ཡིན། །སྐལ་ལྡན་གཞན་ཞིག་འཕོ་བ་ན། །བདེན་པའི་ཚིག་སྤྲད་བྱིན་གྱིས་བརླབས། །དྲན་པ་མ་ཉམ་བར་དུ་བྱ། །ལས་ཟད་རང་གནས་མཐོང་བར་འགྱུར། །ཡང་ན་ཟླ་འོད་ཐུགས་ཡིག་རྣམས། །རིམ་བསྡུ་འོད་ཟླུམ་གསང་ལམ་ནས། །ཕྱིར་ཕྱུང་བརྡལ་བས་སྣང་སྲིད་ཀུན། །རང་སེམས་ཆོས་སྐུ་ཉིད་དུ་གསལ། །རྫོགས་སོ། ༈ །དེ་ལྟར་མན་ངག་གང་འཕྲོད་ལ། །འཇུག་ཚེ་སྔོན་དུ་ལུས་བསྲུངས་ནས། །རྣམ་རྟོག་འབྱུང་བའི་ལུས་བརྟས་པས། །རྡོ་རྗེ་དྲག་པོས་བསྲུང་བྱེད་ཅིང་། །རབ་འབྲིང་ཐུན་མཚམས་ཤེས་པ་ཡིས། །ལེགས་པར་བསྒོམ་པའི་རྣལ་འབྱོར་པ། །རྒྱུ་འབྲས་རེ་བ་མ་ཆད་ལ། །རྒྱུ་འབྲས་མེད་པར་བསྟན་པར་བཤད། །ཐོབ་ཚུལ་རྒྱུད་ཀྱི་འདྲེས་ཚུལ་དང་། །ཐམས་ཅད་མཁྱེན་ཚུལ་དོན་མཛད་ཚུལ། །ལེགས་བཤད་དང་པོ་ཐོབ་པའི་ཚུལ། །ལྟ་སྤྱོད་གདེངས་ལྡན་རྣལ་འབྱོར་པས། །བསྒོམས་པས་ཞེན་མཐའ་རིམ་བསལ་སངས། །མཐའ་དབུས་མེད་པའི་ཡེ་ཤེས་གསལ། །བདེ་བ་ཆེན་པོའི་ངང་དུ་གནས། །དེ་བཞིན་ཉིད་དུ་བགྲོད་མེད་གཤེགས། །བདུད་བཞི་མ་བསལ་བཅོམ་པས་རྒྱལ། །ལྷུན་གྲུབ་ཡོན་ཏན་རྫོགས་མངའ་ཡང་། །རང་གི་ངོ་བོ་མཐའ་དབུས་འདས། །ཚུལ་གྱིས་རྣམ་པར་ཕྱེ་བ་ཡིན། །ལྷུན་གྲུབ་ཐམས་ཅད་མཁྱེན་པ་ཡི། །དོན་མཆོག་རང་རིག་མཐོང་གོམས་པས། །རྒྱུ་ལས་འབྲས་བུར་འགྱུར་མིན་གྱི། །འབྲས་བུར་རང་ཉིད་ཤར་བར་ཟད། །རྒྱལ་པོའི་ཕྲུ་གུ་སྤྱོད་ལོག་པ། །ན་ཤེད་བྱེ་ནས་ཐམས་ཅད་ཀྱི། །བདག་གྱུར་ལྟ་བུར་ཁམས་གསུམ་པ། །ཡེ་ཡིན་མཐོང་གོམས་བརྟགས་བྲལ་ན། །ལོག་སྤྱོད་བྲལ་བས་ཀུན་བདག་ཉིད། །ཡེ་ཡིན་མངོན་དུ་བྱས་པར་ཟད། །ཀུན་བརྟགས་གཉིས་ཟད་བརྗོད་པ་ཡང་། །དཔེར་ན་རྨི་ལམ་བདེ་སྡུག་ཅན། །གཉེན་པོ་མི་དགོས་གཉིད་སངས་པས། །དེ་བྲལ་སྔར་གྱི་བདེ་བ་ཐོབ། །དེ་བཞིན་བདེ་དང་སྡུག་བསྔལ་བས། །ཉམས་ཐག་སྤོང་མིན་དེ་དོན་ཉིད། །ཤེས་གོམས་མ་རིག་རང་བྲལ་ན། །གདོད་ནས་ལྷུན་གྲུབ་རྣམ་མཁྱེན་པར། །གྲུབ་ཟིན་ངང་གིས་མངོན་བྱས་ཏེ། །འབྲས་བུ་རང་ཤར་བསྐྱེད་མི་འདོད། །རྟོག་པའི་གྱོང་བྲལ་རིམ་པས་བརྟགས། །མིན་ལས་ཡིན་པར་གྱུར་པ་མེད། །ཐོག་མཐའ་བར་དུ་འབྲས་ཉིད་ཕྱིར། །འབྲས་བུའི་ཐེག་པ་བརྗོད་པ་ཡིན། །ཀུན་བརྟགས་ཟད་ནས་ངེས་བྱས་ལ། །ཐོབ་ཅེས་བརྟགས་ཀྱིས་གཞན་ནས་མིན། །ཨེ་མ་ཧོ་སྙིང་པོ་ལམ་བཅས་པས། །འཇིགས་མེད་དབྱིངས་ཉིད་ཀུན་བཟང་ཕྱག་རྒྱའི་མཆོག །རང་བཞིན་སྐུ་གསུང་ཐུགས་ཆེན་པོ། །བྱང་ཆུབ་ལྷུན་གྲུབ་གདལ་བའི་ངང་། །སྙིང་པོ་ཉིད་ནི་སྙིང་པོར་ཀུན་བཅས་ཀུན་ཏུ་གནས། །དེ་ཉིད་རྫོགས་པའི་ངང་ལས་དངོས་གྲུབ་ཀུན་ཤར་ཀུན་ཏུ་གནས། །དཔག་བསམ་ཤིང་དང་ཡིད་བཞིན་གྱི། །རིན་པོ་ཆེ་དང་འབྱུང་བ་ཀུན། །དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་བརྟན་པ་ཡིན། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོང་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །མདོར་ན་རང་རིག་ཀུན་གཞི་ཉིད། །བྱང་ཆུབ་སྙིང་པོར་རང་བྱུང་གི། །ཡེ་ཤེས་ཀུན་དངོས་ཀུན་བྲལ་བ། །རྒྱལ་བའི་དངོས་གཞི་ཐམས་ཅད་ཀུན། །མཐོང་བཞིན་ངེས་པར་མ་བྱས་པར། །སྟོར་བཏགས་ངེས་ལ་རྙེད་བཏགས་ཟད། ༈ །དེ་ཐོབ་རྒྱུན་རྣམས་ཇི་ལྟ་བ། །སོ་སོར་རྣལ་འབྱོར་ཐ་དད་པས། །བསྒྲུབས་པས་དེ་བཞིན་གཤེགས་པའི་ཚེ། །རྒྱུད་དག་ལྷུན་གྲུབ་རྒྱལ་བ་རྣམས། །རྒྱུད་གཅིག་འདྲེས་ན་འདི་ལྟར་འབྱུང་། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞིང་ཁམས་རྣམ་དག་བསམ་ཡས་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ནས་ཉེ་བ་མཉེས་པ་དང་། །རྒྱ་ཆེན་གསུང་ལ་དོན་འབྱུང་བ། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །རྒྱུད་དྲུག་འཁོར་བའི་ལུས་སྣང་བ། །རྣམ་རྟོག་མཐུན་པའི་ལས་སྣང་ངོ་། །སྐུ་མཆོག་རྡོ་རྗེ་འོད་སྣང་བ། །མཐུན་པའི་ཡེ་ཤེས་རང་སྣང་ངོ་། །དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱང་། །ཡེ་ཤེས་རྒྱུད་ནི་མ་འདྲེས་ཏེ། །གཅིག་ན་ངེས་ལུང་འདི་དག་འགལ། །གཅིག་ལ་མཐུན་སྣང་སྒྲ་མི་འཇུག །གལ་ཏེ་སྔ་ཕྱི་གཅིག་འགྲོ་ན། །སྟོང་པའི་མུར་ཐིམ་རིགས་པས་འགལ། །སྣང་བ་སྤོང་བའི་སྐྱོན་ཏུའང་འགྱུར། །མཐའ་ལ་ཐུག་པར་ཐེ་ཚོམ་མེད། །སོ་སོའི་གྲུབ་མཐའི་ཁྱད་པར་ཡང་། །མི་འབྱུང་མཉམ་པའི་སྐྱོན་དུ་འགྱུར། །སོ་སོར་བསྒྲུབ་ཕྱིར་གཅིག་མི་རུང་། །གལ་ཏེ་རྒྱལ་བ་རང་རྒྱུད་འགྱུར། །རང་བཞིན་ཉིད་ཀྱིས་གཅིག་གོ་ཞེས། །སེམས་ཅན་རྒྱུད་ཀྱང་དེ་འདྲར་འགྱུར། ༈ །འོན་ཏེ་དེ་ལྟར་མི་གཅིག་ནའང་། །རང་རིག་རང་བྱུང་མངོན་བྱས་ལ། །སྔ་ཕྱིར་སངས་རྒྱས་བླ་དགས་བཏགས། །རང་བྱུང་རང་ལས་ཤར་བར་ཟད། །རང་བྱུང་རིག་དང་རྒྱུད་མེད་པས། །སོ་སོར་མ་འདྲེས་གང་གིས་རུང་། །འོན་ཏེ་རང་བྱུང་ཆ་གཉིས་འགྱུར། །དེ་ཕྱིར་གཅིག་པའི་རིག་པས་འགལ། །དོན་མཛད་རེ་མོས་འབྱུང་བར་འགྱུར། །སྤྱན་དྲངས་བྱོན་དང་མ་བྱོན་འགྱུར། །སངས་རྒྱས་སངས་རྒྱས་ཞེས་བརྗོད་པ། །དངོས་པོ་རྣམས་ཀྱི་དེ་ཉིད་ནི། །དེ་ལ་གཉིས་པ་ཡོད་པར་འགྱུར། །དེ་ཕྱིར་གཞི་ཡི་དོན་དང་འགལ། །མི་གཅིག་གཏན་ཚིགས་རྒྱས་པ་མེད། །ལུང་ལས་བྱུང་བ་འདི་སྐད་དུ། །མཁའ་ལ་འཇའ་ཚོན་སྤྲིན་མང་ཡང་། །ནམ་མཁའི་དབྱིངས་སུ་ཐམས་ཅད་བསྡུས། །ཐམས་ཅད་མཁྱེན་ཉིད་བསམ་ཡས་ཀྱང་། །ཆོས་ཀྱི་དབྱིངས་སུ་ཐམས་ཅད་བསྡུས། །རྡོ་རྗེ་མཉམ་ཉིད་ཐུགས་སུ་ཆུད་པའི་ས། །མཉམ་རྫོགས་ཆེན་པོའི་ལྷུན་ལ་རོལ་བ་མཛད། །བདེ་གཤེགས་དབྱིངས་ཉིད་དེ་བཞིན་ཉིད་གནས་པ། །དུས་བཞི་རྒྱལ་བ་ཀུན་དང་མཉམ་པར་འུབ། །རང་བཞིན་དབྱེར་མེད་གདོད་མཐར་མི་འབྱེད་ཅིང་། །ཡེ་ནས་མཉམ་པའི་རྒྱལ་བ་རྒྱ་མཚོ་ཡིན། །ནམ་མཁའ་གང་བའི་རྒྱལ་བ་དང་། །ཉག་གཅིག་སྣང་བའི་རྒྱལ་བ་གཉིས། །སྐུ་དང་གསུང་ཐུགས་གཅིག་ལས་མེད། །གདུལ་བྱའི་ངོ་གང་ཁྱད་པར་ལ། །མི་མཐུན་སོ་སོར་སྣང་བ་ཟད། །དེ་སོགས་མཐུན་གསུངས་བཀའ་དང་འགལ། །སངས་རྒྱས་དུ་མའི་མཐར་འགྱུར་རོ། ༈ །དེ་དེའང་ངེས་པ་འདི་ལྟར་ཞོག །དྲང་དོན་ངེས་དོན་དབང་དུ་ན། །རིགས་ལྔ་ཁྱེའུ་ལྔས་གྲུབ་པ་དང་། །དོན་གྲུབ་སྣང་བྱ་བུ་ལས་ནི། །ཤཱཀྱ་ཐུབ་གྱུར་མྱ་ངན་འདས། །མེ་ཏོག་བཀོད་པར་མ་གྲགས་སྣང་། །ཐུན་མོང་སངས་རྒྱས་རྒྱུད་རེར་སྣང་། །ཡེ་ཤེས་སྐད་ཅིག་གོ་ཕྱེ་ནས། །དོན་མཛད་མཐུན་འདོད་ལྟར་སྣང་བ། །དྲང་བའི་དོན་ཏེ་ངེས་པ་མིན། །ངེས་པར་རྒྱལ་བ་ཐམས་ཅད་ཀུན། །ངོ་བོ་གཅིག་ཏེ་ཐ་དད་མིན། །ངོ་བོ་ཉིད་ནི་ཅི་འདྲ་ན། །བརྗོད་བསམ་འདས་ཀྱང་ཕྱོགས་མཚོན་ན། །ཐབས་ཆེན་མ་འདྲེས་གཅིག་སྟོང་འདས། །ཤེས་རབ་དབྱིངས་གཅིག་ཏུ་མ་དང་། །སྤྲོས་བྲལ་འདི་ཞེས་བསྟན་དཀའ་བའོ། །དེར་གཅིག་བཤད་པའི་མཐར་མི་འགྱུར། །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་དང་ཡེ་ཤེས་རིགས་དང་རྒྱུད། །དབྱིབས་དང་ཁ་དོག་མཚན་གནས་དང་། །རང་བཞིན་ངེས་པར་དེར་མེད་ཕྱིར། །དངོས་པོ་རྣམས་ཀྱི་དེ་ཁོ་ན། །སེམས་ཀྱི་ཆོས་ཉིད་རང་བྱུང་གི། །ཡེ་ཤེས་ཆ་གཉིས་ཡོད་མ་ཡིན། །གཅིག་པ་ཀུན་བྲལ་ཀུན་ལྡན་པའོ། །དེས་ན་ཡེ་ཤེས་འགྲོ་འོང་མེད། །དེ་ཕྱིར་སྤྲུལ་པའང་འགྲོ་འོང་བྲལ། །དེས་ན་གཅིག་དང་དུ་མའི་མཐའ། །དབུས་བྲལ་མ་སྤངས་ངོ་བོར་གཅིག །དེ་ལ་ལ་ལས་གཅིག་པར་ནི། །གཅིག་བདེན་དུ་མའི་ཚུལ་གྱིས་ནི། །མི་གཅིག་ཐེ་ཚོམ་ཟ་བར་འབྱུང་། །དེ་ལྟའི་རྒྱུད་དུ་འཛིན་བྱེད་པ། །ཀུན་རྟོག་སྣང་ངོ་བདེན་པ་ལ། །མཚོ་ཉིད་རླབས་ལྟར་ཐམས་ཅད་ཀུན། །གདོད་ནས་རང་བྱུང་ཡེ་ཤེས་གཅིག །ཡེ་ཤེས་དེ་ཉིད་འདི་འདྲ་དཀའ། །མཐར་བརྗོད་མ་ལུས་དེར་སྣང་ཕྱིར། །དུ་མ་ཉིད་དུ་འང་གཅིག་པའོ། །དུ་མ་རྒྱ་ཆད་ཡོངས་འགྱུར་ན། །རང་བྱུང་ཀུན་སྣང་བདེན་མི་འགྱུར། །བདེ་གཤེགས་མི་གནས་མཉམ་ཉིད་ངང་དུ་བྱོན། །ཐབས་ཆེན་མ་འདྲེས་རྣམ་པར་ཐར་བ་ཡི། །དམིགས་མེད་བདེ་གཤེགས་ཉིད་དབྱིངས་ཐུགས་ཆུད་པའི། །ཐབས་དང་ཤེས་རབ་དབྱིངས་ཉིད་དམ་པའི་མཆོག །རྟོག་མེད་མ་འདྲེས་ཡོངས་རྫོགས་ལ། །རིགས་སུ་བསྟན་དང་ཐིམ་པ་མེད། ༈ །དུས་བཞི་ཆོས་ཀུན་བདག་གཅིག་ཕྱིར། །ཀུན་མཁྱེན་ཐད་ཀའི་དམིགས་ཡུལ་གྲོལ། །དེ་ཕྱིར་སྐད་ཅིག་སྐྱེ་འཇིག་མེད། །འགྲོ་དང་འོང་བའང་དེ་ལ་མེད། །ལོག་པར་རྟོགས་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། ༈ །དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །རྫོགས་པའི་དཀྱིལ་འཁོར་ལྷུན་གྲུབ་ཀྱིས། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས། །ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མགོན། །སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས། །བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། །རྣམ་པར་རྟོག་མེད་ཚུལ་གྱིས་ནི། །ཐམས་ཅད་ཀུན་ལ་ཆགས་མེད་རོལ། །གདུལ་བྱའི་དོན་ཆེན་བསམ་མི་ཁྱབ། །རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ། །སྣ་ཚོགས་ཅིར་ཡང་སྣང་མོད་ཀྱང་། །ཀུན་ཏུ་རིན་ཆེན་ལྟ་བུ་སྟེ། །ཟད་འཕེལ་འགྲོ་འོང་མེད་པར་མཛད། །དཔེར་ན་མེ་ལོང་ཆུ་ཟླ་དང་། །གར་མཁན་ལུས་དང་བྲག་ཅ་དང་། །ཉི་འོད་ལྟ་བུར་དོན་མཛད་པ། །ལྷུན་གྲུབ་དབྱིངས་ལས་མ་གཡོས་ཀྱང་། །སྐུ་གསུང་ཐུགས་སྤྲུལ་ཅིར་ཡང་སྣང་། །དེ་ལ་སྐད་ཅིག་རྒྱུན་མ་བྲལ། །དམིགས་བྱ་དམིགས་བྱེད་མི་དམིགས་དཔག་མེད་བསམ་མི་ཁྱབ། །ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་། །མཉམ་དང་མི་མཉམ་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས། །ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམ་འཕྲོ་སྤྲོས་པ་མེད། །ཡེ་ནས་ཀུན་ཁྱབ་དཀྱིལ་འཁོར་བསམ་ཡས་ཞིང་གི་རྡུལ་སྙེད་དུ། །ཡེ་ནས་རྣམ་སྤྲོས་སྙིང་པོ་ཀུན་གནས་གནས་པ་མེད། །རྫོགས་སོ། ༈ །དེ་ལྟར་སྟོན་པའི་བླ་མ་ཡང་། །ཤེས་རབ་མཆོག་ལྡན་ཏིང་ངེ་འཛིན། །ཐོབ་ཅིང་དམ་པའི་མཛོད་དང་ལྡན། །ཁུངས་སུ་བརྒྱུད་པའི་དབང་ཆུབ་པ། །དམན་པའི་འདུ་བྱེད་སྤངས་ཤིང་དམན། །དང་དེལ་ཐུགས་རྗེ་ཆེ་གཉེར་སྲུང་། །དམ་པ་དེ་དང་འཕྲད་ནས་ནི། །གཞན་གྱི་ཡུལ་ལ་མི་འཇུག་པ། །རིགས་དང་སྐྱོན་ལ་མི་རྟོག་པར། །སྙིང་དུ་གཟུང་ཞིང་སྙིང་དུ་བྱ། །སློབ་མ་མ་ནོར་རིགས་ཅན་ནམ། །རིགས་རྒྱུད་དག་པའི་རྣལ་འབྱོར་པ། །བླ་མ་རིན་ཆེན་སྲོག་ཏུ་འཛིན། །མན་ངག་རིན་ཆེན་གཏེར་དུ་འཆང་། །ཏིང་འཛིན་ཤེས་རབ་རྩལ་དུ་རྫོགས། །ལྷག་པའི་ཡེ་ཤེས་ཉི་མ་འཆར། །དད་དང་བརྩོན་འགྲུས་རྒྱུ་འབྲས་རྫོགས། །རྩོལ་བས་ལུས་ངག་སྟོང་བརླག་ཀྱང་། །མི་སྐྱོ་བླ་མ་མི་སྤོང་བ། །བདེ་བ་ཐོབ་པའི་ཡན་ལག་ཡིན། །བླ་མ་རྡོ་རྗེ་སྲོག་གྱུར་ཏེ། །སྒོ་གསུམ་ཟོལ་སྒྱུ་གཡོ་མེད་པས། །མི་ཕྱེད་རྒྱུན་དུ་བསྟེན་ན་འགྲུབ། །བླ་མའི་དོན་གྱིས་ཉོན་མོངས་ཤིང་། །སྡུག་བསྔལ་གྱུར་བས་ཕ་རོལ་ལ། །མི་སེམས་འདི་ཡི་འདོད་འཚོལ་བས། །དངོས་དང་ཐབས་ཀྱིས་འབྲེལ་བྱེད་ཅིང་། །ཞེ་གཞོག་དངོས་སུ་སྐུར་བ་དག །དེ་ཡི་སྡུག་བསྔལ་བཟོད་བརླགས་ཆད། །རྡོ་རྗེ་བླ་མ་གཞན་སེམས་ཅན། །རྒྱས་སྲས་ཡིད་ཀྱི་བློ་ཅན་དེས། །སྒོ་གསུམ་དྲེགས་དང་ངན་སྤྱོད་པ། །བགས་ཀྱིས་ཚོར་ན་བླ་མ་དེས། །གཏེར་མཛོད་རིག་པའི་སྒོ་བསྡོམ་སྟེ། །མན་ངག་མི་ཐོབ་རྒྱུ་ཡིན་པས། །རྒྱུ་གླང་རྐྱེན་མེད་མི་འགྲུབ་ལྟར། །མན་ངག་མེད་ན་འགྲུབ་མི་འགྱུར། །དེས་ན་བླ་མ་སྲོག་ཡིན་པས། །ལུས་ངག་སེམས་ཀྱིས་དུས་གསུམ་དུ། །རང་སྲོག་འབྲལ་བའི་ལས་མི་བྱེད། །གྲགས་རྙེད་འདོད་པའི་སེམས་ལོག་གིས། །ཉམས་པར་འགྱུར་བའི་ལས་མི་བྱ། །དེ་ལྟར་བྱེད་པའི་སློབ་བུ་གང་། །དྲག་པོས་སྤང་ངམ་ཡང་ནི་ནི། །ཚིག་གིས་བྲིད་ཅིང་བསྐྱང་ལ་བཏང་། །ཐུགས་ཀྱི་བདེ་བ་མི་སྤྲོའོ། །བླ་མེད་དཀྱིལ་འཁོར་སྟོན་པ་པོ། །ཡོན་ཏན་ཟད་མེད་སྦྱིན་པ་ཡིན། །བྱང་ཆུབ་ལམ་ཆེན་འདྲེན་མཛད་པ། །ཆགས་མེད་ཞིང་དུ་འགོད་པ་ཡིན། །ཉོན་མོངས་སྡུག་བསྔལ་རྩད་གཅོད་ཅིང་། །འཁོར་བའི་ལས་རྣམས་སྟོང་པར་བྱེད། །མ་རིག་མུན་སེལ་སྒྲོན་མེ་ཡིན། །ལོང་བ་རྣམས་ཀྱི་དམིགས་བུ་མཁན། །དེ་ལ་རྟག་ཏུ་མཆོད་བྱས་ན། །སངས་རྒྱས་བྱང་ཆུབ་ཐག་མི་རིང་། །རྡོ་རྗེ་སློབ་དཔོན་སྨད་མི་བྱ། །བྱང་ཆུབ་སྟོན་པའི་འདྲེན་པ་པོ། །ལོང་བའི་དམིགས་བུ་འདྲེན་པར་འདྲ། །ཉོན་མོངས་སྡུག་བསྔལ་མཚོ་སྐེམས་ཡིན། །སློབ་དཔོན་དེ་ལ་སྨོད་པ་ནི། །དཔེ་ན་མུན་ཁུང་སྒྲོན་བསད་ན། །མཐོང་བའི་དོན་མི་རྟོགས་པ་བཞིན། །སྡུག་བསྔལ་ཉམས་ཐག་ཡུན་རིང་དུ། །བསྐལ་པ་མང་པོར་མྱོང་བར་འགྱུར། །དེ་བས་གུས་པ་རྟག་ཏུ་གྱིས། །ལུས་ལ་དབང་བའི་རྒྱལ་པོ་བས། །ཤིན་ཏུ་གཙོ་བོར་བླང་བར་བྱ། །དྲིན་ཆགས་ལུས་སྐྱེད་ཕ་མ་བས། །ཤིན་ཏུ་ལྷག་པའི་རི་མོར་བྱ། ༈ །མི་འཁྲུག་བློ་ཟབ་རྐྱེན་ཐུབ་ཅིང་། །སེམས་ཅན་ངང་ཚུལ་ཀུན་བོར་ནས། །གང་གིས་ཡིད་ཀྱང་མི་འཁྲུགས་ཅིང་། །བུད་མེད་འགུགས་པས་གཙོ་ལ་འབུལ། །གཟུངས་ཐུབ་གསང་བ་མཁས་པ་ཡི། །ངེས་པ་ཅན་ལ་ཤིན་ཏུ་གཏད། ༈ །ཐོགས་པ་མེད་པར་འདོད་པ་སྤྱོད། །བུད་མེད་ཡོན་ཏན་ཀུན་ཡོད་ཀྱང་། །འདོད་ཆགས་ཀུན་དང་མཐུན་སྤྱོད་པ། །ནམ་ཡང་འཁོར་བའི་རྟིང་རྡོ་སྟེ། །མན་ངག་བསྟན་པའི་གནས་མིན་པས། །འདི་དག་ནམ་ཡང་སྦྱིན་མི་བྱ། །དད་པ་ཆེ་ཞིང་ཆོས་ལ་གུས། །ཆགས་པ་རན་པར་བཀའ་ཉན་ཞིང་། །གནས་ལ་དགའ་ཞིང་ལུས་ཉན་པ། །རིགས་ངེས་གདུང་བའི་ལག་ཏུ་གཏད། །དམ་ཚིག་མི་ལྡན་སྤྱོད་པ་རྩིང་། །སྤྲོ་ཐུང་འདོད་ཆགས་རབ་ཏུ་ཆེ། །གཉིད་ཆེ་ཆང་དང་བརྩོན་འགྲུས་ཆུང་། །སློབ་ལ་མི་གུས་ནན་ཏན་མེད། །སློབ་དཔོན་མི་དྲན་གདུང་སེམས་ཆུང་། །མུན་དང་ལྐོག་ཏུ་སྐྱེ་བོ་ལ། །གར་དབེན་འཕྲད་པར་འདོད་སྤྱོད་ཅིང་། །འདོད་ཆགས་དགའ་ལམ་དེ་དག་ལ། །ཚིག་རྣམས་གསང་བ་སྨྲ་བྱེད་པ། །འཇིག་རྟེན་འདོད་པ་དགའ་རྣམས་ཕྱིར། །གལ་ཏེ་རྨོངས་པས་བྱིན་ན་ནི། །རིམས་དང་ནད་ཀྱིས་སྲོག་བཅད་དེ། །བསྲེགས་དང་སྦྲེབས་པར་ཡུན་རིང་གནས། །གསང་བའི་དོན་མཆོག་འདི་དག་ནི། །ལྟ་བ་དམན་ལ་བཤད་བྱས་ན། །དུས་མིན་པར་ནི་སྲོག་ཟད་ནས། །མགོ་འགས་སྙིང་ཡང་འཚིག་པར་འགྱུར། །ཁབ་ལེན་གྱིས་ནི་ལྕགས་སྡུད་ལྟར། །མི་འདོད་བཞིན་དུ་དབང་མེད་པར། །ངན་སོང་བསྐལ་པར་ལྟུང་བར་འགྱུར། །དེ་བས་རྡོ་རྗེ་གསང་མཆོག་འདི། །ཐམས་ཅད་མཁྱེན་པའི་ཐུགས་རྗེ་ཡིས། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་ཤིན་ཏུ་གསང་། །ཐེག་པ་དམན་དང་ཕྱིན་ཅི་ལོག །དེ་ལ་གསང་བ་བསྟན་གྱུར་ན། །རང་བཞིན་གསང་དོན་མི་ཤེས་པར། །འཕྲལ་གྱི་སྤྱོད་ཡུལ་དེ་དག་ལ། །ཤིན་ཏུ་ངེས་པའི་དོན་བཟུང་ནས། །མ་རྟོགས་དེ་ཉིད་དམྱལ་བར་འགྲོ། །དཔེར་ན་གཙུབས་ཤིང་མེས་གཙུབས་ན། །གཙུབས་ཤིང་ཉིད་ཀྱང་འཚིགས་པར་འགྱུར། །གཞན་ཡང་འཚིག་པར་འགྱུར་བ་བཞིན། །ཆོས་དོན་བཟང་པོ་དེ་དང་འདྲ། །སྐལ་བ་ཆུང་ཞིང་ཤེས་རབ་དམན། །བློ་ངན་རྒྱུ་འབྲས་རྨོངས་པ་རྣམས། །གསང་ཐོས་མ་རྟོགས་སྡུག་བསྔལ་མྱོང་། །དམ་ཅན་རྡོ་རྗེ་མཁའ་འགྲོའི་ཚོགས། །བོས་པ་བཞིན་དུ་འདུས་གྱུར་ནས། །ཤ་ཁྲག་ཟོས་ཏེ་སྡུག་བསྔལ་འགྱུར། །དེ་བས་རབ་ཏུ་གསང་བར་བྱ། ༈ །ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་བཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཤེས་རབ་རྒྱ་ཆེ་བློ་ཡངས་པའི། །བློ་བརྟན་སྙིང་རྗེ་དད་ལྡན་དང་། །རང་བཞིན་ངང་ཚུལ་བཟང་ལ་བསྟན། །གཞན་དུ་སྦྱིན་པར་བྱ་བ་མིན། ༈ །འདི་ལྟའི་མན་ངག་སྦྱིན་བྱེད་པའི། །བླ་མ་རྡོ་རྗེ་སྲོག་གྱུར་ཏེ། །གསུང་རབས་རྒྱ་མཚོ་མ་བཤད་ཀྱང་། །ནམ་ཞར་སྙིང་དུ་ནན་ཏན་བྱའོ། །འདི་ཐོབ་དེ་ཡི་རྒྱ་ཉམས་ན། །ནམ་ཞར་ཐར་པའི་ཁར་མི་འགྱུར། །གང་ཞིག་འདི་ལ་མོས་འགྱུར་པ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱི། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བསྐོར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །བདེར་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། ༈ །རྒྱུད་ལུང་མན་ངག་དོན་འདུས་པའི། །རྒྱལ་བ་མངོན་དུ་སྟོན་བྱེད་པ། །དུས་མཐའི་སྐད་ཅིག་དེ་ཉིད་ལ། །རང་བྱུང་ཡེ་ཤེས་མངོན་དུ་སྟོན། །བསྟན་པས་རྒྱལ་བའི་གྲལ་དུ་འཇོག །ཡེ་ཤེས་འཕྲུལ་གྱི་ལྡེ་མིག་གིས། །རྡོ་རྗེའི་ཐ་ཚིག་སྒོ་ཕྱེ་ནས། །ཡིད་བཞིན་རིན་ཆེན་གཏེར་ཕྱུང་བ། །སྐལ་ལྡན་མཆོག་གིས་སྤྱད་དུ་གསོལ། །ཁོང་ན་གནས་པའི་ཡང་ཁོང་དུ། །ལྕགས་ཀྱི་སྒྲོམ་བུ་ཁ་བསྡམ་མོ། །གནས་ནི་བྲག་དང་ཆུ་ལ་བཞག །སྲོག་བྲལ་ཁ་བཞིན་བསྡམ་པར་བྱ། །མན་ངག་གི་བཅུད་རྒྱལ་བའི་ཤུལ་རིག་འཛིན་རྣམས་ཀྱི་ཡུམ་རྣལ་འབྱོར་པའི་ལམ་མན་ངག་རྣམ་པར་བཀོད་པ་རྫོགས་སོ། །ཟ་ཧོར་གྱི་ཨིནྡྲ་བྷཱུ་ཏིའམ་སྐལ་ལྡན་རྒྱལ་པོ་ཛས་མཛད་པའོ། །གཉིས་ལ་མི་བསྟན། གཅིག་ལ་མི་ནུབ་བྱ། དགེའོ།། །།

སྨོན་ཚིག་གཞན་ཕན། ཆོས་ཀྱི་བློ་གྲོས།

ཨོ་སྭ་སྟི། དག་པ་གཉིས་ལྡན་ཆོས་སྐུ་ཀུན་ཏུ་བཟང་། །ལྷུན་གྲུབ་ངེས་པ་ལྔ་རྫོགས་ལོངས་སྐུའི་སྤྲིན། །གང་འདུལ་དེར་སྣང་མ་འགགས་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་བླ་མེད་མཆོག་གིས་སྐྱོངས། །གཞི་རྒྱུད་དབང་བཞིས་སྨིན་པའི་བྱང་ཆུབ་སེམས། །ལམ་རྒྱུད་བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་གྱིས། །འབྲས་རྒྱུད་སྐུ་བཞིའི་གོ་སར་སྦྱོར་བྱེད་པའི། །རྒྱུད་སྡེ་བྱེ་བའི་ཡང་བཅུད་འདི་ཁོ་ན། །སྣང་སྲིད་ཡེ་སངས་རྒྱས་པ་ལྟ་བུའི་ལུང་། །དག་མཉམ་བདེན་པ་དབྱེར་མེད་གྲུབ་པའི་མཐའ། །དབང་རྣོན་རིག་འཛིན་རྣམ་བཞིའི་རྒྱལ་ཐབས་ལ། །མིག་འཕྲུལ་བཞིན་དུ་བགྲོད་བྱེད་འདི་མིན་སུ། །ཏནྟྲའི་ཟབ་གནད་རིག་འཛིན་རྒྱལ་པོ་ཡི། །ལུང་དུ་བསྡུས་པའི་མན་ངག་ཡིད་བཞིན་དབང་། །གྲུབ་མཆོག་ཡོངས་ཀྱི་གཤེགས་ཤུལ་ཟླ་མེད་ཕུལ། །སྔ་འགྱུར་བརྒྱུད་པའི་ཁྱད་ནོར་མཚུངས་བྲལ་ཡིན། །གཞན་ཟེར་བྲག་ཅའི་ལད་མོ་མི་མཛད་པར། །རང་ལུགས་འཁྲུལ་པ་ཀུན་བྲལ་མ་ཎི་ཀ །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་མཆོད་མཛེས་ཞེས། །གུས་ལྡན་ཐལ་མོ་སྦྱོར་དང་ཆབ་ཅིག་པར། །མན་ངག་རྣམ་པར་བཀོད་པའི་གཞུང་བཟང་ཆེ། །གཅིག་ལས་དུ་མར་འཆར་བའི་སྤར་གྱི་འཕྲུལ། །བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭར་སྤེལ། །དགེ་བས་འགྲོ་ཀུན་གདོད་གཞིར་ངལ་འཚོ་ཤོག །མཁའ་ལ་རིག་འཛིན་བརྒྱུད་པའི་སྤྲིན་ཆེན་འཁྲིགས། །ས་ལ་དམ་ལྡན་སློབ་མའི་འདུ་ཚོགས་རྒྱས། །བར་ལ་སྨིན་གྲོལ་བདུད་རྩིའི་ཆར་རྒྱུན་འཇོ། །ངེས་གསང་བསྟན་པ་དར་སྨིན་བཀྲ་ཤིས་ཤོག །ཅེས་པའང་རྣམ་དཀར་འདུ་བྱེད་པ་པོ་གཞན་ཕན་ཆོས་ཀྱི་བློ་གྲོས་རང་ཉིད་ཀྱིས་བྲིས་པ་ཛ་ཡནྟུ།། །།བྱེ་སྤར་ལྟར་ཞལ་བཤུས་པའོ། །

རིམ་པ་དྲུག་པ། སློབ་དཔོན་སྒེག་པ་རྡོ་རྗེ།

༄༅ ། །རིམ་པ་དྲུག་པ་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རང་བཞིན་མ་སྐྱེས་ལྷུན་གྲུབ་དམིགས་མེད་རང་རིག་སྣ་ཚོགས་རང་སྣང་ལ། །ཡིད་སོགས་དབང་བསྒྱུར་ཕྲ་མོ་རིམ་སྣང་ཐམས་ཅད་བསམ་ཡས་ལྷུན་གྲུབ་ནི། །ལམ་གཞི་བསྒྲུབ་བྱ་དངོས་གསུམ་རང་རིག་འབྲེལ་བའི་ཚུལ་གྱིས་བསྡུ་མཛད་ལ། །མཉམ་ཤེས་མོས་སྦྱོར་མངོན་བྱེད་བསྐྱེད་ཚུལ་རིམ་གཉིས་རང་སྣང་ཚུལ་ཕྱག་འཚལ། །བསྒྲུབ་བྱ་གཞན་རྒྱུས་མི་བསྐྱེད་དེ། །རང་བཞིན་ཐབས་འབྲེལ་མངོན་བྱེད་པའི། །ཐབས་ཆེན་གསང་བའི་རིམ་འདི་དག །ཐམས་ཅད་རྒྱུད་དུ་མ་བསྟན་པ། །བསྟན་པའི་སྙིང་པོར་གསལ་མཛད་དེ། །ལུས་རྣམས་རིམ་པ་ཡན་ལག་བཅས། །རྒྱས་བཏབ་གཟུ་ལུམས་དོན་མཛད་དེ། །རྡོ་རྗེ་ལས་གཉེར་གཏད་པ་དག །གཏན་ཚིགས་གཉིས་རྗེས་རིགས་འབྲངས་ནས། །རྣམ་གསུམ་དང་བའི་ལས་དག་གིས། །བླ་མ་བསྙེན་བྱེད་དོན་ཕྱིར་དབྱེ། །རིམ་འདི་གཉེར་གཉིས་ཀྱིས་དབྱེ་ན། །ལུས་ནི་རྣམ་པ་གསུམ་གཉིས་ཏེ། །རང་བཞིན་ཏིང་འཛིན་ལྔར་ཤེས་བྱ། །རང་བཞིན་རྐྱེན་གྱིས་མངོན་བྱས་པ། །འབྲས་བུ་རྒྱུ་ལ་མིང་བཏགས་ཀྱང་། །གསལ་ཞིང་གསལ་བྱས་གསུམ་དུ་འགྱུར། །འདི་དག་མཚན་ཉིད་བསྡུ་བ་ཉིད་ནི། །ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །བར་མ་གོམས་པའི་ལུས་ཉིད་ནི། །སྲིད་པ་འབྱུང་བའི་རིམ་ཚུལ་གྱིས། །རང་གི་ཡན་ལག་བཞི་རུ་འགྱུར། ༈ །འདི་དག་འབྲེལ་བའི་མཚན་ཉིད་ནི། །ཕུང་སོགས་རང་གི་ཡེ་ཤེས་ཀྱི། །དཀྱིལ་འཁོར་ཉིད་ཀྱི་དབྱིངས་ཡིན་པས། །ཚད་མ་གསུམ་གྱི་དངོས་པོ་ཡིས། །ཤེས་ན་བསྒྲུབ་པའི་གཞི་རུ་འགྱུར། ༈ །དག་པ་རྣམ་གསུམ་མ་ནོར་ཞིང་། །རང་རིག་རྒྱལ་པོ་གོམས་པ་ཡིས། །བྱང་ཆུབ་མཆོག་འདི་རྙེད་འགྱུར་ཕྱིར། །མཚན་ཉིད་གཉིས་པའི་དང་པོར་བཞག །བདེན་གཉིས་རྒྱུ་འབྲས་ཚུལ་དག་གིས། །དོན་དམ་སྐྱེ་འགག་མེད་པ་སྟེ། །ཀུན་རྫོབ་སྒྱུ་མ་ཅིར་ཡང་འགྲུབ། །མཉམ་ཉིད་གསང་བའི་དཀྱིལ་འཁོར་དབྱིངས། །དབྱིངས་ཉིད་ཡེ་ཤེས་ཐིག་ལེའི་ངང་། །དེ་ཉིད་གཟུགས་བརྙན་སྒྱུ་མའི་ཚུལ། །སྣང་བྱེད་ཉིད་ན་མ་གྲུབ་པས། །ཡེ་ཤེས་དཀྱིལ་འཁོར་བཞི་བཅུ་ལྔ། །བདེན་པ་གཉིས་སུ་མི་འགྱུར་ཕྱིར། །ཡེ་ཤེས་སྒྱུ་མ་རྗེས་སུ་བསྟན། །ཡེ་ཤེས་སྒྱུ་མའི་ལུས་ཉིད་ནི། །རང་བཞིན་གཅིག་ཏུ་མ་ངེས་པས། །ཅི་ཡང་མེད་ལས་ཅིར་ཡང་སྣང་། །རྫུ་འཕྲུལ་མངོན་པར་ཤེས་ཚུལ་གྱིས། །གཅིག་དང་དུ་མར་མ་ངེས་པས། །ཕྱི་ནང་སྣོད་བཅུད་ཧཱུཾ་དུ་བསྡུ། །ཕྲ་མོ་ལུས་སུ་སེམས་དཔའ་གསུངས། །ཕུང་སོགས་རང་བཞིན་དཀྱིལ་འཁོར་ཚོགས། །འདི་ལས་རིམ་པ་ཡོད་མིན་ཏེ། །ཤེས་བྱ་བསྡུས་པའི་ཚུལ་དག་གིས། །དུ་མའི་དངོས་པོ་གཅིག་གིས་སྣང་། །གོལ་བ་དམན་པའི་དོན་ཕྱིར་དུ། །ངེས་ཕྱིར་རྗེས་སུ་བཞག་པ་ཡིན། །ཡན་ལག་མཚན་ཉིད་འདིར་གསུངས་པ། །དུ་མ་གཅིག་བྲལ་ཤེས་རབ་ཀྱིས། །ཟིན་པའི་ཐབས་ནི་མི་འཆིང་ཞིང་། །ངེས་པར་ཚོགས་སུ་འགྱུར་བའི་ཕྱིར། །ཡོ་བྱད་ལྔ་སོགས་ལྡན་པར་བཤད། །འདི་དག་དགོས་པའི་དོན་ཡིན་ནོ། །དེ་ཡི་ཡང་དགོས་བསྟན་པར་བྱ། །ཏིང་འཛིན་སྤྱོད་པ་འབྲེལ་གོམས་དང་། །ཡོ་བྱད་གཅིག་གི་ཐབས་ཆེན་པོས། །འཛིན་པ་ཡོངས་སུ་གྲོལ་བའི་ཕྱིར། །དྲུག་སོགས་མང་པོ་རོ་མྱོང་ཡང་། །མ་ལུས་བདག་ལས་གཞན་མིན་ཕྱིར། །མི་དམིགས་མཁའ་དང་སྙོམས་པ་ཡིས། །དགྱེས་པ་ཆེན་པོར་ལོངས་སྤྱོད་པའི། །དབང་པོའི་ཡུལ་དུ་སྦྱོར་ཞེས་བྱ། །འཁོར་བ་སྤངས་མེད་སངས་རྒྱས་ཤིང་། །རྒྱན་གྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །བདུད་བཞི་བཅོམ་པའི་དཔའ་བོ་ནི། །དེ་ལ་སྣང་ཕྱིར་དེར་བཞག་གོ། །འདི་དག་ཕལ་གྱི་ཡུལ་མིན་ཕྱིར། །གཞན་དག་རྒྱུད་དང་འདི་ཉིད་དུ། །མ་གསུངས་ཤིན་ཏུ་གབ་པ་ཡིན། །ཡུན་དང་རྩོལ་བས་སྐལ་མེད་ཕྱིར། །ངང་གིས་བློ་དམན་སྒྲ་གོམས་ཉུང་། །སེར་སྣ་རང་ཕྱོགས་ཁྱེངས་སེམས་ཀྱིས། །དུལ་བཅས་གུས་པའི་བསྙེན་བཀུར་མེད། །རྡོ་རྗེ་སྤུན་ལའང་དེ་བཞིན་ཏེ། །ལམ་ཀུན་བློ་དང་མི་འཚམས་ཕྱིར། །ཆུང་དུས་མྱ་ངན་བཟླ་བར་ངེས། །གང་ཡང་ཕྱོགས་ཆ་ཆུབ་པས་ན། །སྟོན་པ་གཉིས་ལ་རྒྱབ་ཕྱོགས་པ། །གསང་བའི་སྙིང་པོའི་སྣོད་མིན་ཕྱིར། །ཁམ་སར་སེང་གེའི་ཞོ་མི་བླུགས། །རྨོང་ལ་འཕྱར་བས་གལ་ཏེ་བྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེགས་དང་སྦྲེབས་པར་ཡུན་རིང་གནས། །མགོ་འགས་སྙིང་ཡང་ཚིག་པར་འགྱུར། །ཁབ་ལེན་གྱིས་ནི་ལྕགས་སྡུད་ཕྱིར། །མི་འདོད་བཞིན་དུ་དབང་མེད་པས། །བསྐལ་པར་ངན་སོང་སྡུག་བསྔལ་མྱོང་། །དེ་ཕྱིར་ཤིན་ཏུ་གསང་བར་བྱ། །བྲན་མཐའ་བཞིན་དུ་གསུམ་ནས་ནི། །ཆགས་གཉིས་བྲལ་བའི་བསྙེན་བཀུར་ཅན། །ཤེས་རབ་རྒྱ་ཆེ་བློ་ཡངས་པ། །སྙིང་རྗེས་སེམས་ཅན་མི་བསླུ་ཞིང་། །བློ་བརྟན་ངང་ཚུལ་བཟང་ལ་སྦྱིན། །གསེར་ཕྱིས་བླུགས་པའི་སེང་གེའི་ཞོས། །ཞོ་ངན་ཐམས་ཅད་འཐོར་བས་ནུས། །དེ་བས་ལམ་འདི་སྣོད་བརྟགས་བྱ། །དང་པོ་ཡན་ལག་བཅས་པའི་ལུས། །རྒྱུ་རྐྱེན་བྱེད་པའི་ངོ་བོ་དང་། །རང་བཞིན་མཐའ་དྲུག་གིས་རྫོགས་འགྱུར། །ཡང་དག་གཤེགས་དང་ལོག་རྟོག་གཉིས། །ངོ་བོ་ཉིད་ཀྱིས་གནས་འགྱུར་ན། །དེ་ལ་བཅོས་ཤིང་བསྒྱུར་དུ་མེད། །ཡེ་ནས་རང་བཞིན་དབྱེར་མེད་ཕྱིར། །ཉོན་མོངས་སྤང་ཞིང་བྱང་བསྒྲུབ་མེད། །སོ་སོའི་རང་བཞིན་ངེས་ཤེས་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །དེ་བས་ཡང་དག་བློ་ཅན་གྱིས། །ཐམས་ཅད་དངོས་པོ་མེད་པར་བཤད། །འཁོར་བ་སེམས་ཕྱིར་བདག་མེད་པས། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །ཐབས་དང་ཤེས་རབ་ལྡན་གྱུར་ན། །ཕྱིན་ཅི་ལོག་ཉིད་ཡང་དག་སྟེ། །འཁོར་བའི་རང་བཞིན་མི་དམིགས་ཕྱིར། །མྱ་ངན་འདས་པ་ཡོད་མ་ཡིན། །དེ་ཤེས་བྱ་ཕྱིར་རྒྱུ་སོགས་དབྱེ། །མ་རིག་ལྷན་ཅིག་མཚུངས་པའི་རྒྱུ། །གཏི་མུག་མིང་གི་རྣམ་གྲངས་ཏེ། །རང་རིག་ཉིད་ལས་ཉམས་མེད་ཕྱིར། །གཉིས་མེད་དོན་གཅིག་ཡིན་པར་བཤད། །ཅེས་དང་བདག་དང་དངོས་པོ་རྣམས། །ངོ་བོ་ཡོད་ལ་སོགས་བཏགས་པའི། །རྟོག་པ་སྒྱུ་མའི་ཀླུང་འགྱུར་བས། །ཕྱི་ནང་རྟེན་འབྲེལ་གཉིས་འཁོར་ཕྱིར། །སྲིད་རྩ་ཉེས་དམིགས་བདག་ལས་བྱུང་། །རྣམ་རྟོག་རང་གིས་སེམས་ཡིན་ཕྱིར། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །བྱང་ཆུབ་སྙིང་པོ་ཡོད་པར་བལྟ། །རང་བཞིན་ཡེ་ནས་འོད་གསལ་བའི། །བྱང་ཆུབ་སྙིང་པོར་ཐམས་ཅད་ཐིམ། །དེ་ཕྱིར་རང་བཞིན་མ་སྐྱེས་པས། །ཐམས་ཅད་མིང་ཙམ་སྟོང་ཉིད་ཡིན། །ཐམས་ཅད་མ་ལུས་སྟོང་ཞེས་ཏེ། །ས་རྡོ་དྲན་མེད་མ་ཡིན་ཏེ། །རྟོག་མེད་རང་རིག་འོད་གསལ་བས། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །རྡོས་པ་ཅན་གྱིས་ཆོས་མིན་ཏེ། །ཤེས་པ་འབའ་ཞིག་ཁོ་ནའོ། །དེ་ཕྱིར་བརྟན་གཡོ་མ་ལུས་ཀུན། །སྒྱུ་མའི་རང་བཞིན་བྱ་བྱེད་ཀྱང་། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུར་རང་གནས་པར། །ཀུན་བཟང་རྡོ་རྗེ་སེམས་དཔས་གསུངས། །ཉོན་མོངས་ལས་ཀྱིས་ལྷན་ཅིག་བྱེད། །ཉོན་མོངས་རང་དང་སྤྱིར་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་བའི་ལམ་དུ་འགྱུར། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་། །གང་ན་མེད་དེ་དེ་ཉིད་ཡིན། །སྒྱུ་མ་རྩལ་འཛིན་ཐབས་སུ་འཕྲོས། །མཚན་རྣམས་མི་དམིགས་ཤེས་རབ་སྦྱོར། །གཉིས་མེད་ཡེ་ཤེས་བྱང་ཆུབ་སེམས། །ཉོན་མོངས་སྤྱི་ཡི་མཚན་ཉིད་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །རང་མཚན་ཆགས་སོགས་སྣང་བ་ནི། །རྣམ་རྟོག་ཉིད་ན་ཡེ་ཤེས་ཏེ། །རང་བཞིན་རང་རིག་འོད་གསལ་ཕྱིར། །ཉོན་མོངས་ཡེ་ཤེས་སྤངས་སྒྲུབ་མེད། །རྟོག་ཞེན་ངོ་ལ་རྒྱུ་སྣང་ཡང་། །སེམས་ཕྱིར་རང་བཞིན་མ་སྐྱེས་པས། །དེ་ཉིད་ཡི་གེའི་སྒྲས་མཚོན་ཏེ། །སྣང་སྟོང་གཉིས་མེད་ཆོས་སྐུའི་རྒྱ། །ལས་རྟོག་མི་མཐུན་ཐ་དད་ཕྱིར། །རང་མཚན་སྒྱུ་མ་ལྔ་སྣང་བ། །རང་བཞིན་དབྱིངས་ལས་མ་གཡོས་ཀྱང་། །གདུལ་བྱ་སོ་སོའི་དོན་བྱེད་པ། །ཆ་གཉིས་ལྡན་པའི་ཡིག་ཚུལ་གྱིས། །གསུང་གི་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལྟར་རྒྱུ་ནས་དོན་ལྔར་དག །རང་རིག་སྒྱུ་མ་ལྔར་སྣང་ཡང་། །སེམས་ཕྱིར་གཅིག་དང་དུ་མ་མེད། །བདེན་པ་གཉིས་ཀ་དབྱེར་མེད་ཕྱིར། །དེ་བཞིན་ཏིང་འཛིན་དབང་བསྒྱུར་ན། །ཡེ་ཤེས་ལྔ་རུ་གསལ་བ་ཉིད། །ཡི་གེ་རྫོགས་པའི་ཚུལ་ཉིད་ཀྱིས། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལྟར་དོན་ལྔར་དག་པ་ཉིད། །མྱ་ངན་འདས་པའི་རང་བཞིན་ལ། །ཐབས་དང་ཤེས་རབ་མ་རྟོགས་པས། །མ་གྲོལ་ཁམས་གསུམ་འཁོར་བ་ཡིན། །དེ་ལྟར་ངེས་པར་ཅིས་མངོན་ན། །སྔགས་ཀྱིས་ཡོངས་སུ་ཟིན་པའི་ནད། །ཀུན་ལ་གནོད་པར་བྱེད་མི་ནུས། །ཐབས་དང་ཤེས་རབ་རྟོགས་པ་ཡིས། །དུག་གསུམ་སྡུག་བསྔལ་གནོད་མི་འགྱུར། །ཐབས་དང་ཤེས་རབ་ལྡན་པ་ལ། །ཉོན་མོངས་ཐམས་ཅད་བྱང་ཆུབ་རྒྱུ། །ལུས་ངག་ཡིད་གསུམ་རང་བཞིན་ནི། །སྣང་སྟོང་གཉིས་མེད་སྐུ་གསུང་ཐུགས། །ཆོས་ཀུན་རང་བཞིན་དག་པའི་ཕྱིར། །ལས་རྣམས་ཡོངས་སུ་དག་པར་འགྱུར། །གསང་སྔགས་བླ་ན་མེད་པ་འདི། །ཐབས་ཀྱིས་ཇི་ལྟར་ཟིན་ཞིང་འགྲུབ། །བསམ་གྱིས་མི་ཁྱབ་ངེས་པ་མེད། །ཐབས་ལ་མཁས་པས་མ་ཟིན་ན། །ལམ་གྱི་དགེ་སྤྱད་སྟེགས་བཅས་ཀྱང་། །མཐོ་རིས་ལྷ་དང་མི་རུ་སྐྱེ། །སྐྱེ་ཤི་མེད་པའི་ས་མི་ཐོབ། །ཐབས་མཁས་སྙིང་རྗེས་ཟིན་པ་ནི། །མཚན་མེད་སེམས་ཅན་མ་ལུས་ཀུན། །བྱང་ཆུབ་སྙིང་རྗེས་བསད་ན་ཡང་། །བསོད་ནམས་དཔག་ཏུ་མེད་པ་ཐོབ། །ཉོན་མོངས་ཕྱིན་ཅི་ལོག་གི་ལམ། །ཐབས་ལ་མཁས་པས་ཟིན་གྱུར་ཀྱང་། །གྲོལ་ལམ་ཐར་པར་མི་འགྱུར་ན། །བྱང་ཆུབ་སེམས་དཔའ་རྣམས་ཀུན་གྱིས། །གདུལ་བྱའི་དབང་གི་བྱ་བྱེད་པ། །རྔོན་དང་སྨད་འཚོང་སྟོན་པའང་རུང་། །བྱང་ཆུབ་སེམས་དཔའ་སྤྱོད་ཚུལ་བཟང་། །ཕལ་ལ་མེད་པར་མི་རུང་ཡང་། །སྔགས་མཆོག་ཤིན་ཏུ་ཟབ་པ་ཡི། །སྐྱེ་བོ་ཀུན་གྱིས་བྱ་བར་འགྱུར། །དེས་ན་རང་བཞིན་དག་པ་ཡིན། །དེ་དག་མངོན་དུ་བསྒྲུབ་པ་ནི། །མ་བཅོས་རྒྱུན་གྱི་སྐད་ཅིག་མ། །དེ་ཡིས་མ་བྱས་གང་ཡང་མེད། །དབང་པོ་ཡུལ་དུ་སྣང་བ་ཀུན། །ཡུལ་རྣམས་ཡོད་པ་མ་ཡིན་ཏེ། །ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་སྟེ། །ནད་དང་ནང་གི་ཕྱི་རོལ་གྱིས། །རྣམ་རྟོག་སྣ་ཚོགས་སྣང་བ་ཡང་། །དངོས་པོ་མེད་དབྱིངས་སྐད་ཅིག་མ། །དེ་ཉིད་རྣམ་པར་དག་པའི་ལམ། །ཡང་དག་གཤེགས་དང་ལོག་རྟོག་དང་། །གཞན་ཡང་སྤྲུལ་པ་མང་པོའི་ཚོགས། །ཕྱོགས་བཅུ་མ་ལུས་ཐམས་ཅད་ཀྱིས། །དེ་ལ་བསད་ཅིང་བཟུང་དུ་མེད། །ཁ་དོག་གནས་དང་དབྱིངས་རིགས་མིན། །དེ་ཉིད་ཡེ་ཤེས་རང་སྣང་ཕྱིར། །སྣ་ཚོགས་སྣང་བ་དེ་བཞིན་ལྟ། །རང་རིགས་ཉིད་ལས་གཞན་མིན་ཕྱིར། །སྣང་སྟོང་གཉིས་མེད་བྱང་ཆུབ་སེམས། །སྐྱེས་བུ་དམ་པ་མཆོག་འདོད་པས། །དེ་ལ་བརྩོན་འགྲུས་གསལ་བར་གྱིས། །དེ་ཡི་འབྲས་བུ་མཐར་ཕྱིན་མིན། །རྒྱུ་འབྲས་མེད་པའི་དུས་གཅིག་ཏེ། །ཐམས་ཅད་མིང་ཙམ་མཚན་ཉིད་དུ། །ཡི་གེ་འབྲུ་གསུམ་རྫོགས་པར་འགྱུར། །མི་ཟད་རྒྱན་གྱི་འཁོར་ལོར་བསྡུ། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །སྐྱེ་འཇིག་མེད་པའི་དབྱིངས་ལ་བཞུགས། །དེ་དག་ངོ་བོ་ཉིད་བསྟན་པ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །བདག་དང་བདག་གི་གཞན་རྣམས་ནི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། །གཞན་དུ་གཡོ་བ་ཅི་ཡང་མེད། །ལོག་རྟོག་རང་བཞིན་རང་རིག་ཕྱིར། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་ཉིད་ལས་ནི་གཞན་ན་མེད། །སེམས་དང་ཆོས་སུ་དབྱེར་མེད་པས། །བྱང་ཆུབ་ལམ་དེ་རིང་བ་མེད། །གཅིག་ཕྱིར་རང་རིག་རྐྱེན་བྲལ་བས། །རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཉིད་ལ་དབང་བསྒྱུར་ཉིད་སྤྱོད་ཕྱིར། །བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་སྣོད་བཅུད་རྒྱུན་མི་དམིགས། །ལྔ་ཕུང་ཡན་ལག་ཐམས་ཅད་ནི། །འབྲུ་ལྔར་འདུས་པའི་བྱང་ཆུབ་སྐུ། །འབྱུང་ལྔ་མ་སྐྱེས་ཤེས་རབ་ཡུམ། །སྐྱེ་མཆེད་ཁམས་རྣམས་རྡོ་རྗེའི་ཚོགས། །རྣམ་ཤེས་ཡེ་ཤེས་དཀྱིལ་འཁོར་དུ། །དག་ཕྱིར་འབྲས་བུའི་ཐེག་པ་མཆོག །ངེས་འབྱུང་ཀུན་གྱི་བསྒྲུབ་བྱར་གསུངས། །དམིགས་བྱ་དམིགས་བྱེད་མེད་ཚུལ་གྱིས། །ཤིན་ཏུ་གསལ་བའི་མངོན་གསུམ་པ། །ངོ་བོ་ཉིད་ནི་དམིགས་སུ་མེད། །དེ་ལྟར་འཁོར་བ་ངོ་བོས་དག །དེ་ལྟར་དེ་དག་མཐའ་བརྟགས་ན། །འཁོར་བའི་རང་བཞིན་མ་སྐྱེས་ཕྱིར། །འཁོར་བ་ཡོངས་སུ་ཤེས་པ་ན། །མྱ་ངན་འདས་ཤེས་དེ་ལ་བྱ། །འཇིག་རྟེན་འདི་ན་ཅི་ཡོད་པའི། །མིང་དང་ཐ་སྙད་འཛིན་པ་དེ། །སོ་སོའི་མཚན་ཉིད་གཤིག་བྱས་ན། །རང་བཞིན་མེད་དེ་ཡང་དག་ཉིད། །རང་བྱུང་ཆེན་པོའི་ཡེ་ཤེས་ཀྱིས། །ཐམས་ཅད་སངས་རྒྱས་ཞིང་དུ་སྦྱོར། །མ་བཅོས་མ་བྱས་ངང་གི་གསལ། །ཡེ་ནས་འོད་གསལ་སངས་རྒྱས་ཞིང་། །ཕུང་སོགས་མ་སྐྱེས་ཡེ་ཤེས་པས། །སྣང་སྟོང་གཉིས་མེད་བྱང་ཆུབ་སེམས། །སྐུ་དང་ཡེ་ཤེས་བསམ་མི་ཁྱབ། །གང་གི་དེ་ལྟར་མངོན་སུམ་པ། །མཐའ་རྣམས་ལྟ་བས་ཡོངས་གྲོལ་ཏེ། །སྤྱོད་ཡུལ་ཡོངས་སུ་དག་གྱུར་པས། །མཚན་ཉིད་དང་པོར་ཤེས་པར་བྱ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་བསྡུས་པ། །རང་བཞིན་གྱིས་གནས་པའི་དོན་རྗེས་སུ་ཤེས་པའི་མཚན་དེ་རིམ་པ་དང་པོའོ། ༈ །དེ་ནས་ཉམས་སུ་བླང་བའི་དོན། །མཚན་ཉིད་བར་མ་བཤད་པར་བྱ། །དེ་ཉིད་གཞི་ཡི་དཔེས་མཚོན་ཏེ། །རྒྱུ་འབྲས་ཚུལ་གྱིས་འབྱུང་བ་ཡི། །སྲིད་པ་སྐྱེ་བའི་རིམ་པ་ནི། །ཁམས་དང་ལས་ཀྱི་རྐྱེན་དག་གིས། །སུམ་མདོ་སྙིང་ལྐོག་ལྟེ་རླུང་ལ། །འབྱུང་བཞི་ལས་རླུང་འདུས་པ་ལས། །དོན་རྣམས་སྣང་བ་བྲལ་འགྱུར་ཞིང་། །དངས་མའི་སྙིང་པོར་ཞུགས་པ་ན། །གཉིས་མི་འཛིན་པ་ཉམས་པ་ཡིས། །ཐམས་ཅད་འཛིན་སྣང་བྲལ་བའི་མཐུས། །བར་མ་སྒྱུ་མའི་སྐུ་ཐོབ་སྟེ། །གདོས་དང་བྲལ་བས་ས་སོགས་སྨིན། །ཕྱིས་འབྱུང་ཆ་བྱད་ཡོངས་གཟུང་བ། །རྫུ་འཕྲུལ་ཐོགས་མེད་ལས་ལས་བྱུང་། །དབང་པོ་ཡན་ལག་ཀུན་རྫོགས་པ། །དངོས་པོ་ཀུན་ལ་ཐོགས་མེད་ཅིང་། །འོད་ལྡན་སྣོད་བཅུད་གསལ་བར་སྣང་། །འོད་ཀྱིས་དཔག་ཚད་བྱེ་བ་འགེངས། །ཞག་བདུན་ཉིད་དུ་གནས་པར་གསུངས། །དེ་ཉིད་རྣམ་ཤེས་སྐད་ཅིག་མ། །ཉོན་མོངས་ལས་ཀྱིས་འཕགས་པ་ཡིས། །ས་བོན་གཉིས་དང་ལྷན་ཅིག་པ། །མིང་གཉིས་སུ་ཡང་གྱུར་པ་ཡིན། །སྟོང་ཕྲག་བདུན་བཅུ་གཉིས་གཉིས་བཅུད། །མ་ལུས་འདུས་པའི་ནུས་མཐུ་ཅན། །གསུམ་འདྲེས་ཐ་དད་ཚུལ་གཅིག་པ། །རང་གི་ལས་ཀྱིས་རབ་བསྐུལ་བའི། །རླུང་གིས་འཇུག་པ་འཕེལ་བྱེད་དེ། །གཏུན་ཤིང་ལྟ་བུར་འགྱུར་བ་དཔེ། །དེ་ལ་ཡང་ནི་དེ་བཞིན་པས། །ཡན་ལག་ཆོས་རྣམས་རྫོགས་འགྱུར་པ། །རླུང་གིས་བསྐུལ་ནས་མངོན་སུམ་འགྱུར། །གང་ཡིན་དེ་འདྲར་བདག་འཛིན་སེམས། །ངེས་པར་སྙིང་ལ་གནས་པ་ཡིན། །རིམ་བྲོ་རྣམས་ཀྱིས་ལུས་སྨིན་ཅིང་། །བརྡ་ཡིས་ངག་ཀྱང་གྲོལ་བར་འགྱུར། །དེ་ཉིད་ཀྱིས་ནི་རྣམ་ཤེས་གསལ། །དངོས་པོ་ཀུན་ཀྱང་ཤེས་པ་ཉིད། །ཡུལ་ཟླ་ཟས་ནོར་སྤྱོད་དབང་བས། །ཆགས་གཉིས་ལ་སོགས་འཇུག་པར་བྱེད། །རྐྱེན་ལྡན་ཕུང་སོགས་རྒྱས་པ་དེ། །རིག་པ་ལ་སོགས་རྒྱས་པ་དེས། །ཐམས་ཅད་ལས་ལ་ཐོགས་མེད་ཅིང་། །གཞན་གྱི་དོན་ཡང་བྱེད་པར་ནུས། །ཀུན་ཏུ་ཀུན་ནས་བརྟགས་པ་ཡི། །འཁོར་བ་ལྷུན་གྲུབ་ཉིད་དུ་སྣང་། །རང་བཞིན་དག་པའི་སངས་རྒྱས་ཀྱང་། །ཐབས་དང་ལྷན་ཅིག་མི་གནས་ན། །གཟུང་འཛིན་འཆིང་བས་བཅིངས་པར་འགྱུར། །དེ་ཉིད་ཚུལ་གྱིས་འཇུག་སོགས་པའི། །རིམ་པ་ཡོངས་སུ་རྫོགས་པར་འགྱུར། །ལམ་གྱི་ཚུལ་ཡང་དེ་བཞིན་ཤེས། །རིམ་པ་རྗེས་འཇུག་དོན་ཉིད་ནི། །སྔོན་དུ་བྱ་བའི་ལས་བྱས་ནས། །ཤིན་ཏུ་དབེན་པའི་ས་ཕྱོགས་སུ། །རང་བཞིན་མཉམ་པའི་རྗེས་མཐུན་པར། །དེ་བཞིན་ཉིད་དང་མཉམ་སྦྱོར་ཕྱིར། །དམ་པའི་དོན་ཡིན་བསྒོམ་མ་བྱ། །བྱང་ཆུབ་ཚོགས་ལ་བཟུང་བར་གནས། །མཆོག་ཏུ་བདེ་བའི་ཞི་གནས་པས། །མཉམ་རྫོགས་ཆེན་པོ་ལྷུན་བསྒོམ་ཞིང་། །བྱང་ཆུབ་སེམས་སུ་བརྟན་པར་གཟུང་། །བྱ་བ་མེད་ལས་བྱ་མེད་བྱས། །མི་གནས་པའི་ངང་གནས་པར་བསྒོམ། །གཏན་ཚིགས་རྒྱས་པར་ལུས་བཞག་ན། །དགོས་ཆེད་ཐབས་དང་མི་མཐུན་དང་། །བཅོས་ཉམས་རྗེས་སུ་སྤྱོད་པ་ཡིས། །རིམ་འདི་ཡོངས་སུ་ཤེས་པར་འགྱུར། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཆོས་རྣམས་མ་ལུས་རང་བཞིན་ནི། །མ་སྐྱེས་སེམས་ལས་ཅིར་སྣང་ཡང་། །དེ་ཕྱིར་བདེན་གཉིས་རྒྱུ་འབྲས་ཚུལ། །གསེར་ལས་བྱས་པའི་རྫས་རྣམས་ཀུན། །མིང་ལས་མཚན་མ་སོ་སོ་ཡང་། །ཐམས་ཅད་གསེར་གྱི་ངོ་བོར་གཅིག །སེམས་ཉིད་རིག་དང་མ་རིག་ལས། །འདས་དང་མ་འོང་ཅིར་ཡང་སྣང་། །ཐམས་ཅད་རང་རིག་ངོ་བོའི་ཕྱིར། །རང་བཞིན་ཉིད་ཀྱི་དག་པས་ན། །སྒྱུ་མ་སྟོང་སོགས་རྣམ་གྲངས་དང་། །བདེན་གཉིས་དབྱེར་མེད་ཡེ་ཤེས་དང་། །དཀྱིལ་འཁོར་ལ་སོགས་དོན་རྣམས་ཀུན། །དེ་ཉིད་རྗེས་སུ་བརྗོད་པ་ཡིན། །རང་བཞིན་གཏན་ཚིགས་སྔར་སོང་བས། །གསུམ་སོགས་གཏན་ཚིགས་རྗེས་སུ་གསུངས། །རྡོ་རྗེས་ཉམས་བླངས་དགོས་ཆེད་ནི། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་པ། །མི་དམིགས་དབྱིངས་ནས་དོན་འབྱིན་ཏེ། །མ་བཅོས་ཇི་བཞིན་ངང་བཞག་དང་། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས། །ཡེ་ཤེས་སྤྲུལ་པ་སྣ་ཚོགས་འགྲུབ། །སྤྱོད་ཡུལ་ཐམས་ཅད་མཎྜ་ལ། །ལོངས་སྤྱོད་སྐུ་དང་སངས་རྒྱས་ཞིང་། །ཇི་ལྟར་འདོད་པ་སྨོན་ན་འགྲུབ། །ཡངས་ཤིང་རྒྱ་ཆེ་ལྷུན་གྲུབ་ནི། །ཕྱི་ནང་སྣོད་བཅུད་ཡེ་ནས་དག །དག་རྟོག་ཉིད་ཀྱང་དམིགས་ཉིད་ཡིན། །འདི་ནི་རྡོ་རྗེ་མཉམ་ཡིན་ནོ། །ལྷུན་གྲུབ་ཇི་ལྟར་འདོད་སྣང་བ། །གཉིས་སོགས་མཚན་མས་སྒྲིབས་པའི་ཕྱིར། །ཇི་ལྟར་བྱིས་པ་ཤེད་མ་ཕྱེ། །བྱ་བྱེད་མང་པོས་གཡེངས་པར་གནས། །བྱ་བྱེད་མང་པོས་བདག་མེད་པར། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས། །མཚན་མ་མཉམ་པའི་དབྱིངས་སུ་མནན། །དེ་དག་དང་པོ་ལུས་ཞེས་བྱ། །དངོས་གྲུབ་མྱུར་དུ་གྲུབ་འདོད་ན། །ཤིན་ཏུ་ཕྲ་ཞིང་ཟབ་པར་བསྒོམ། །བདག་དང་བདག་གི་གཞན་རྣམས་ནི། །ཤིན་ཏུ་མི་དམིགས་དབྱིངས་སུ་བསྒོམ། །རང་བཞིན་མཐོང་ལས་དོན་མེད་ཕྱིར། །དེ་ཉིད་རྗེས་སུ་མྱོང་བྱས་པས། །ཐབས་ཀྱི་དམ་པ་དེ་བཤད་དེ། །ཡང་དག་གཉིས་མེད་བྱང་ཆུབ་སེམས། །སྣང་སྟོང་ལ་སོགས་གང་མེད་ཅིང་། །ཕྱོགས་དང་གནས་པ་ཡོད་མིན་པས། །རྗེས་འཇུག་ཅིར་ཡང་མི་བསམ་ཞིང་། །གང་ལ་གནས་པར་བྱ་མ་ཡིན། །གང་ཞིག་དམིགས་པ་གསལ་བ་ནི། །བསྒོམ་པར་བྱ་བ་བསྒོམ་པ་མིན། །ཡོད་མེད་ལ་སོགས་མཐའ་དབུས་ཆོས། །གང་ཡང་དང་དུ་མ་བླངས་ཤིང་། །སེམས་ཀྱིས་མངོན་པར་མ་ཕྱོགས་ལ། །ཐ་སྙད་ཙམ་དུ་མཉམ་གཞག་པའོ། །བསམ་བྱ་དམིགས་སུ་མེད་པས་ན། །གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་རང་སྣང་བ། །བསྒོམ་པའི་མཆོག་ཏུ་འདི་གསུངས་སོ། །ཡིད་ལ་བྱེད་དང་བྱིང་རྒོད་དང་། །མི་གཟུགས་འགོག་དང་དགག་འབྲངས་དང་། །ཆགས་སྡང་རེ་དོགས་བདག་ཉིད་དང་། །འཆོས་དང་གནས་དམིགས་སྡུད་པ་དག །མངོན་བྱེད་ཐེར་ཟུག་ཕྱག་བ་དག །བདག་དབང་འདུ་ཤེས་མཚན་ཉིད་དེ། །འདུ་ཤེས་སྟོང་པའི་ཏིང་འཛིན་མཆོག །སྟོང་པའི་འདུ་ཤེས་མ་རབ་སེམས། །དེ་ཕྱིར་རྒྱུད་རྩིང་ཞི་བ་སོགས། །གཡོ་འཁྲུལ་དབང་གིས་ཅིར་ཡང་སྣང་། །རང་བཞིན་སེམས་ཉིད་ཡིན་ཤེས་པས། །མཚན་ཉིད་གང་དུའང་མིན་དམིགས་ན། །ལས་སུ་བྱ་བ་མེད་པའི་ཕྱིར། །ཐ་སྙད་ཀུན་ལས་གྲོལ་འགྱུར་ཏེ། །མི་རྟོག་ཡེ་ཤེས་གཞན་དུ་མིན། །གང་ཞིག་བསམ་ཞིང་དམིགས་ཡོད་ན། །ངེས་པར་དེ་ཉིད་གཡང་ས་ཡིན། །ཅི་ཡང་ཡིད་ལ་མི་བྱེད་པས། །གོལ་སར་ལྟུང་བ་ཅི་ཞིག་ལྟུང་། །རང་བཞིན་གནས་དམིགས་མེད་གསུངས་ལ། །ཞེས་བློས་གནས་དང་དམིགས་བྱེད་པ། །གཟུང་འཛིན་ཞེས་ནི་དེ་ལ་བརྗོད། །མི་དམིགས་བསམ་པ་གང་སྤོང་བ། །དེ་ཉིད་རྗེས་མཐུན་ཏིང་འཛིན་ཡིན། །རིང་དུ་བྱས་པའི་རང་ཉམས་དག །དྲག་དལ་ཆུ་དང་མཚོ་གཏིང་གི། །སེམས་ཀྱིས་བསྟན་པའི་ཉམས་བཟུངས་ལ། །གཟུགས་སྒྲ་རེག་དང་ལས་རླུང་སོགས། །སྣང་ཡང་དམིགས་པར་མ་གྱུར་ན། །གང་ཡང་ཞེན་པར་འགྱུར་མ་ཡིན། །ལུས་སྒྲ་ཤིན་ཏུ་གཡེངས་འགྱུར་ཡང་། །ཅིག་ཤོས་འཇུག་མེད་ཚུལ་གྱིས་བརྟན། །རང་རིག་ཤིན་ཏུ་གསལ་བ་ཡང་། །ངོ་བོས་དམིགས་སུ་མེད་པར་གསུངས། །དེ་རྗེས་མཐུན་པའི་སྤྱོད་པ་ཡང་། །ལས་དང་སྤྱོད་པ་ཐམས་ཅད་ལ། །རང་བཞིན་བདག་ཕྱིར་མི་དམིགས་ཤིང་། །བྱས་མཐོང་ཟོས་པ་ཅི་ཡང་མེད། །གང་ཡང་བྱེད་མེད་ཚུལ་གྱིས་བྱ། །ཤིན་ཏུའང་ཞི་བར་འགྱུར་བར་རིགས། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་བསྡུས་པ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་རིམ་པ་དེ་གཉིས་པའོ། །དེ་ནས་གསང་བ་བཤད་པར་བྱ། །ཏིང་འཛིན་དེ་ཉིད་གོམས་པ་དང་། །ཐམས་ཅད་རང་སེམས་རྣམ་པའི་ཕྱིར། །ཐམས་ཅད་སྒྱུ་མ་མིག་ཡོར་དང་། །སྤྲུལ་པའི་ཚུལ་དུ་ཤེས་པར་བྱ། །དེ་ཉིད་ཤིན་ཏུ་གོམ་པར་བསྒོམ། །དེ་ཉིད་རྒྱས་པའི་ལུས་བསྟན་པ། །རང་བཞིན་ངོ་བོ་སྤྱོད་པ་ལུས། །འཇིག་རྟེན་སྣ་ཚོགས་སྣང་བ་ཡང་། །རང་རིག་རྣམ་རྟོག་གཟུགས་བརྙན་ཕྱིར། །སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང་། །འབྲས་སྣང་བྱ་བ་ཀུན་བྱེད་ཀྱང་། །རྟོག་པ་ཀུན་གྱི་ཚད་མར་སྣང་། །འདི་ལྟར་ཐམས་ཅད་གཟུགས་བརྙན་ཏེ། །བྱ་བྱེད་སྣང་ཞིང་དངོས་པོ་མེད། །ཆུ་ཟླའི་ཚུལ་དུ་ཐམས་ཅད་གནས། །ཐམས་ཅད་སྣང་ལ་རང་བཞིན་མེད། །རྗེས་སུ་དྲན་པར་བྱེད་པས་ཀྱང་། །ཐམས་ཅད་སེམས་ཀྱི་རྣམ་པ་ནི། །དོན་གྱི་རྩ་བ་མཆོག་ཡིན་ཏེ། །ཐམས་ཅད་དམིགས་མེད་མ་ཆགས་པའི། །རང་རིག་ཡེ་ཤེས་དེ་བཞིན་ཉིད། །ཕུང་སོགས་སྣ་ཚོགས་ཐབས་སྣང་བ། །ཡེ་ཤེས་སྒྱུ་མ་རང་སྣང་ཕྱིར། ། སྣང་སྟོང་གཉིས་སུ་མ་ཡིན་པས། །ཐབས་དང་ཤེས་རབ་ལྡན་པར་གནས། །གོམས་བློས་ཅི་སྤྱོད་མི་གོས་ཏེ། །བསགས་བྱ་དམིགས་སུ་མེད་པར་འགྱུར། །རང་བཞིན་ཡེ་ནས་དེ་བཞིན་ཉིད། །སྔོན་གོམས་རང་རིག་སྣང་བའི་ཆོས། །གདོས་པ་ཅན་གྱི་ཆོས་མིན་པས། །རིག་པ་རང་དབང་བསྒྱུར་བ་ཡིས། །ཁམས་སོགས་ཇི་ལྟར་བརྟས་བཞིན་སྣང་། །རྒྱུ་འབྲས་དབྱེར་མེད་སྔ་ཕྱི་མེད། །དེ་ཉིད་ལམ་ཕྱིར་མཉམ་པར་སྦྱོར། །ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། །ཀུན་ཀྱང་སྐབས་ལས་ཤེས་པར་བྱ། །དེ་ཉིད་འདུ་བར་འགྱུར་བ་ཡིན། །གཉིས་སྣང་བྲལ་བ་མཉམ་པའི་དབྱིངས། །རང་དབང་བསྒྱུར་བའི་ཐབས་ཉིད་ཀྱིས། །དཀྱིལ་འཁོར་ཐམས་ཅད་མི་ཟད་འཕྲོ། །ཐམས་ཅད་རང་རིག་སྒྱུ་མ་ཉིད། །དམིགས་མེད་ཚུལ་གྱི་སྣང་བ་ཡིས། །ཡན་ལག་གསུམ་པ་བཤད་པར་བྱ། །སྲིད་གསུམ་སྒྱུ་མ་འདྲ་བར་ནི། །ཐུགས་རྗེའི་སྤྱན་གྱིས་གཟིགས་པར་འགྱུར། །རྗེས་མཐུན་ཐུགས་རྗེ་གསལ་མཛད་ཀྱང་། །རང་རིག་ཉིད་ལས་མི་གཞན་ཕྱིར། །མངོན་པར་གདུང་བས་ནོན་མི་འགྱུར། །རྩ་བ་བྱང་ཆུབ་སེམས་ཉིད་རྟོགས། །ཐབས་ཀྱིས་ཕ་རོལ་ཕྱིན་པར་སྤྱོད། །དམིགས་མེད་སྙིང་རྗེས་ཆུད་མི་གསན། །མ་ཆགས་ཐབས་མཁས་སྤྱོད་པ་ཡིས། །དོན་དང་མཐུན་པ་འབའ་ཞིག་བྱེད། །མི་མཐུན་ཞགས་པས་འཁོར་བ་གཅོད། །ས་ཡི་སྤྱོད་པར་དེ་གསུངས་སོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ཉིད་ངེས་པ་ལས་བསྡུས་པ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རིམ་པ་སྟེ་གསུམ་པའོ། །ཐབས་དང་ཤེས་རབ་གཉིས་མེད་པའི། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཕྲ་མོའི་ཏིང་འཛིན་བཤད་པར་བྱ། །ཐམས་ཅད་རང་རིག་སྒྱུ་མའི་ཕྱིར། །ཕྱི་ནང་སྣོད་བཅུད་ཧཱུཾ་དུ་བསྡུ། །གང་བསྒྲུབ་ཡི་གེ་སོ་སོ་སྟེ། །སྤྱིར་ནི་གང་བསྒོམས་ཀུན་དང་འདྲ། །རྡོ་རྗེ་སེམས་དཔའ་ཉིད་དུ་འདུ། །ཡན་ལག་ལྔ་དང་རྣམ་ཤེས་ཉིད། །ཡི་གེ་ཧཱུཾ་དུ་ཤིན་ཏུ་བསྡུ། །ནྲྀ་ཡི་མིག་གིས་བལྟར་ཡོད་པས། །རབ་ཏུ་འདྲེས་ནས་སྤྲོ་བར་བྱ། །ཕྱོགས་བཅུ་གང་ནས་སླར་བསྡུས་ཐིམ། །ཧཱུཾ་ཉིད་མི་དམིགས་དབྱིངས་སུ་གསལ། །རྣམ་ཤེས་ལྷུམས་སུ་ཞུགས་པར་བཤད། །ཧཱུཾ་ཉིད་ཨ་དང་མ་གཉིས་ཏེ། །ཤིན་ཏུ་གསལ་ཞིང་འཚེར་བ་དང་། །ཐམས་ཅད་ཡི་གེར་རྒྱུད་བྱས་ཏེ། །བསྡུས་ནས་ཉི་ཟླ་གང་སྒྲིལ་སྒོམ། །ས་བོན་གཉིས་ཀྱི་བདག་ཉིད་པས། །རང་བཞིན་ཧཱུཾ་གི་བདག་ཉིད་དོ། །འདྲེས་ཕྱིར་མིང་གཉིས་ཐོབ་པ་ཡིན། །ཆགས་མཚན་ཧྲཱིཿལས་པདྨར་སྣང་། །ཐམས་ཅད་རང་རིག་རང་སྣང་ཕྱིར། །བྱིན་བརླབས་འོད་ཟེར་གཞལ་ཡས་ཁང་། །དྭངས་སྙིགས་ཚུལ་གྱིས་ཉི་ཟླ་གཉིས། །སྐབས་འདི་མི་ཕྱེད་ཚུལ་ཕྱིར་སྨོས། །ཤེས་རབ་ཐབས་ཅིག་ལས་བྱུང་ཧཱུཾ། །མཐིང་ག་ཚེར་ལ་གསལ་བ་ཡི། །འོད་ཟེར་ཕྱོགས་བཅུའི་ཧཱུཾ་བསྡུས་པ། །རླུང་གི་མཚན་མར་ཤེས་པར་བྱ། །འཚིག་གུ་ལྟ་བུའི་རྡོ་རྗེའི་གཟུགས། །རྗེས་སུ་མཐུན་པའི་འཕྲོ་འདུར་ལྡན། །དེ་ཉིད་སེམས་དཔའ་ཡབ་ཡུམ་སྐུ། །ཤིན་ཏུ་འཕྲོ་ཞིང་འདུས་པར་བསྒོམ། །མཚན་དང་དཔེ་བྱད་ཐམས་ཅད་ལྡན། །ཞལ་གཅིག་ཕྱག་གཉིས་ཡང་ན་དྲུག །རྡོ་རྗེ་འཁོར་ལོ་རལ་གྲི་འབར། །རིན་ཆེན་པདྨ་དྲིལ་བུ་འབར། །ཕྲ་བའི་གཞལ་ཡས་ཉི་ཟླར་ལྡན། །སྙིང་ལ་ངེས་པར་གནས་པར་བྱ། །དེ་ནི་ཡེ་ཤེས་སྙིང་པོ་སྟེ། །དེ་ལྟར་གནས་གཅིག་གནས་གསུམ་དང་། །གནས་ལྔ་དག་ཏུ་བསྒོམ་བྱ་བ། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་། །ཡེ་ཤེས་ལྔ་ཡིས་རྒྱས་གདབ་བྱ། །དེ་ཉིད་ཤིན་ཏུ་གནས་པ་དང་། །དེ་བཞིན་ཕྱག་རྒྱ་ཆེན་པོ་སྟེ། །གཞལ་ཡས་ཕྱག་མཚན་གདན་ལ་སོགས། །པྲ་བའི་ཚུལ་ཏེ་སྔ་མ་བཞིན། །མཚོན་གང་ཡེ་ཤེས་རྡོ་རྗེའི་སྐུ། །རྟག་ཏུ་སྙིང་ལ་གནས་པར་བྱ། །སེན་ཟླུམ་ཉི་ཟླ་གང་བ་དང་། །ཡུངས་འབྲུ་འབར་བའི་ཧཱུཾ་གནས་པའོ། །རང་བཞིན་སེམས་དཔའ་སྤྱན་དྲངས་ནས། །ཡེ་ཤེས་དམ་ཚིག་ལ་གནས་བསྟིམ། །བདག་ཉིད་ཆེན་པོའི་མཆོད་པ་བྱ། །རྟག་ཏུ་ནང་གི་སྦྱིན་སྲེག་བཏང་། །རང་སྔགས་ཕྲེང་བའི་འཁོར་ལོ་ཡིས། །ཤིན་ཏུ་གསལ་ཞིང་བདེ་ལ་གནས། །འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་དེ། །ཐེག་ཆེན་བསྒོམ་ལས་ཉམས་པ་མེད། །ཆོས་སྤྱོད་རྣམས་དགུ་རབ་སྤངས་ནས། །ཕྱོགས་གཅིག་སྤྱོད་ལ་གང་གནས་པ། །རྩེ་གཅིག་ཏིང་འཛིན་ཉིད་དུ་བཤད། །མཆོད་སོགས་རང་གི་དོན་དུ་མིན། །ཡན་ལག་མ་ཉམས་སྔགས་བཟླས་ཤིང་། །འདོད་པ་ཀུན་ལ་ལོངས་སྤྱོད་བྱ། །ལུས་དང་ངག་སེམས་བརྟན་གྱུར་ན། །བྱང་ཆུབ་རབ་འབྱམས་ཐོབ་པར་འགྱུར། །དོན་ལྡན་མ་ཉམས་དག་བྱས་ཤིང་། །བརྩོན་འགྲུས་ཆེར་བསྐྱེད་མྱུར་བར་འགྲུབ། །སྔགས་བསྒོམས་མ་ཉམས་ཕྱག་རྒྱར་གསལ། །ཆོ་ག་ཡོ་བྱད་གཙོར་མ་གསུངས། །ལྷ་ཡི་སྐུ་རྣམས་གསལ་བསྒོམས་པས། །བསོད་ནམས་ཚོགས་ཆེན་རྫོགས་པར་འགྱུར། །དེ་ཉིད་ཆུ་ཟླའི་ཚུལ་སྣང་བས། །ཡེ་ཤེས་ཚོགས་ཆེན་རྫོགས་པར་འགྱུར། །གང་གིས་མཐོང་མོས་མཆོད་པ་ཡིས། །ཐུན་མོང་སྡིག་ལས་གྲོལ་བར་འགྱུར། །འདི་ལྟར་བསྒོམས་ཤིང་བསྒྲུབས་བྱས་ན། །འབྲས་བུ་མངོན་དུ་མ་བྱུང་ཡང་། །ཚེ་རབས་སྐྱེ་བ་ཐམས་ཅད་དུ། །ལྷ་མིའི་མཚན་རྫོགས་སྡུག་བསྔལ་སེལ། །བདེ་གཤེགས་འབྱུང་དང་མི་སྒོལ་ཞིང་། །ཐེག་པ་དམན་པར་འཇུག་མི་འགྱུར། །རྡོ་རྗེའི་རིགས་སུ་ངེས་པ་ཡིན། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་བསྡུས་པ། །ཕྲ་མོའི་ཏིང་ངེ་འཛིན་གྱི་རིམ་པ་སྟེ་བཞི་པའོ། །དེ་ནས་སྤྲོས་བཅས་རྣལ་འབྱོར་བཤད། །དེ་ཉིད་ནུས་མཐུ་ལྡན་པ་ཡིས། །ལྟ་སྤྱོད་འབྲེལ་བར་བསྟན་པའི་ཕྱིར། །དེ་ཉིད་སྐུ་གསུང་ཐུགས་ཀྱི་བདག །དེ་ཉིད་ཐབས་དང་ཤེས་རབ་ལྡན། །ལོངས་སྤྱོད་སྤྲུལ་སྐུ་མཆོག་རྫོགས་ཕྱིར། །བྱང་ཆུབ་མཆོག་ཏུ་ཉི་ཟླ་ཤར། །དེ་ཉིད་བཞུགས་གནས་ཡིན་པར་གསུངས། །གཟུགས་སོགས་རང་བཞིན་སྤྲོས་བཅས་པས། །འོད་ཟེར་འཕྲོ་བ་འབྲུ་གསུམ་སྟེ། །ཡང་ན་འོད་ཟེར་ཕྱག་རྒྱ་ལྔ། །ལྔ་པོའི་དོན་སྤྲོས་བཞི་བཅུ་གཉིས། །གཞན་ཡང་དཀྱིལ་འཁོར་བསམ་ཡས་མཆོག །འཕྲོ་འདུས་སྣ་ཚོགས་དེ་བཞིན་ཏེ། །མ་བཅོས་ངང་གིས་གནས་པ་ལས། །ཡེ་ཤེས་ལྷག་པའི་དཀྱིལ་འཁོར་བསྒོམ། །ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །བཞི་བཅུ་རྩ་གཉིས་གསུམ་འཕྲོས་འགྱུར། །དེ་ལྟར་གཙོ་མཆོག་ལྡན་བྱས་ནས། །རིགས་བཞི་རྒྱལ་མཆོག་དེ་བཞིན་བསྒོམ། །བཅུ་གཉིས་གཉིས་ཀྱང་དེར་ཤེས་ནས། །དྲུག་གི་ཕྱག་རྒྱ་འོད་འཕྲོ་བར། །བློ་ཡི་ཤེས་རབ་ཆེ་ཆུང་གིས། །རིམ་པ་བཞིན་དུ་བསྒོམ་པར་བྱ། །ཕྱོགས་བཅུ་མ་ལུས་གཞལ་ཡས་ཁང་། །ཉི་ཟླ་གཟའ་སྐར་གདན་དང་རྒྱན། །བདེ་གཤེགས་དཀྱིལ་འཁོར་མ་ལུས་བསྒོམ། །ཉི་ཟླ་གཟའ་སྐར་དུས་གཅིག་ཏུ། །མཚོ་དཀྱིལ་དང་བར་འཆར་བ་ལྟར། །དེ་ལྟར་གོམས་རྟོགས་རིགས་མཆོག་དེས། །དེ་ལྟར་དམིགས་པ་བཞིན་དུ་འགྲུབ། །མཁའ་ལ་འཕྱོ་དང་རིག་འཛིན་གནས། །ཆུ་རྒྱུན་བཟློག་དང་རླུང་མི་འགུལ། །རི་བྲག་ལ་སོགས་ཐོགས་མེད་འཛུལ། །དུག་མཚོན་འབྱུང་བས་ཚུགས་མི་འགྱུར། །འབྱུང་བ་ལྔ་ལ་དབང་བསྒྱུར་ཅིང་། །ལྷ་སྲིན་རྣམས་ལ་དབང་བྱེད་འགྱུར། །ནད་སེལ་ལོངས་སྤྱོད་ངན་སོང་སྦྱོང་། །དགུག་གཏང་བཅིང་དགྲོལ་གསོ་བསད་དང་། །ཡུངས་འབྲུ་སྟོང་གསུམ་དགང་བསྡུ་དང་། །བདུད་དང་གཅན་ཟན་ལ་སོགས་པས། །ཚུགས་པར་མི་འགྱུར་བྲན་བཞིན་འགྱུར། །ལུས་མ་སྤངས་པར་རིག་འཛིན་ས། །བསོད་ནམས་ཡེ་ཤེས་ལོངས་སྤྱོད་ཀྱིས། །ཡི་གེ་འཁོར་ལོ་ཚོགས་ཆེན་བརྙེས། །ཐུགས་རྗེ་སྤྲུལ་པའི་བྱིན་བརླབས་ཀྱིས། །སོ་སོ་ཐར་པའི་ལམ་ཡང་སྟོན། །ཞི་བ་ཕྱོགས་གཅིག་ཤེས་བྱ་སྤྱོད། །ས་བཅུ་མཉམ་པར་སྦྱོང་བྱེད་ཅིང་། །བདེ་གཤེགས་འཁོར་བཅས་དག་པར་བྱེད། །ལས་རྣམས་མ་ལུས་ཀུན་བྱས་ནས། །སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ། །མཚན་དང་དཔེ་བྱད་ཀུན་གྱིས་བརྒྱན། །མཐར་ཕྱིན་བྱ་བ་མེད་པར་འགྲུབ། །དེ་ལྟར་ཆོ་ག་རྫོགས་བྱས་ཤིང་། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པའི། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོས་པ་འགྲུབ། །གསང་བ་ལ་སོགས་ཡོ་བྱད་ལྔ། །དགོན་པའི་གནས་སུ་བསྡུ་བྱ་སྟེ། །རིན་ཆེན་སྤྲས་པའི་གཞལ་ཡས་ཁང་། །འཁོར་ཁང་ཕྱི་ནང་བར་ལྡན་བྱ། །བདེ་བ་ཆེན་པོ་བསྐྱེད་པའི་ཕྱིར། །ཡོ་བྱད་རོལ་མོ་བདེ་ལྡན་དགོད། །ཡན་ལག་དབང་པོ་རྣམ་ཤེས་དང་། །གཟུགས་སྒྲ་དྲི་རོ་རེག་རྣམས་ཀུན། །དཀྱིལ་འཁོར་བཤད་བཞིན་གསལ་བར་བྱ། །གོས་སོགས་ཡོ་བྱད་བཞི་པོ་ལ། །སེམས་ཕྱིར་མ་སྐྱེས་ཡེ་ཤེས་བརྟགས། །ཆགས་མེད་ཚུལ་གྱིས་རོལ་མོས་ནས། །ངོ་མཚར་འབྱུང་བའི་དཀྱིལ་འཁོར་བརྙེས། །རྒྱན་དང་བགོ་བས་ལུས་བརྒྱན་ནས། །ཡན་ལག་དཀྱིལ་འཁོར་གསལ་རྫོགས་པས། །བྲོ་གར་གླུ་ཚིག་ལ་སོགས་པ། །ཐམས་ཅད་གཞུང་བཞིན་རྫོགས་པར་བྱ། །བཟའ་དང་བཏུང་བའི་མཆོག་རྣམས་ཀུན། །ཆགས་མེད་ཚུལ་གྱིས་བསྟིམ་པར་བྱ། །བདག་མཆོད་ཀུན་མཉེས་ཐམས་ཅད་འགྲངས། །ཀུན་ལ་ཕན་པའི་སྨན་ཡིན་ཏེ། །རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས། །ཐམས་ཅད་བཟའ་ཞིང་བརྒྱན་པར་བྱ། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དབྱེའམ་ཡང་ན་མི་དབྱེ་བར། །བདེ་བའི་གནས་སུ་སྤྱད་པར་བྱ། །བསྙེན་པ་དང་ནི་ཉེ་བསྙེན་པོ། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོས། །པདྨའི་རྩ་གནས་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །བདག་ཉིད་ཆེན་པོའི་མཆོད་པ་ཡིས། །སངས་རྒྱས་སྤྲིན་ཚོགས་མ་ལུས་མཉེས། །སྲིད་གསུམ་འགྲོ་བ་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །རང་བཞིན་གནས་པའི་དཀྱིལ་འཁོར་ཡང་། །སྐད་ཅིག་གཅིག་གིས་གསལ་བར་བྱེད། །ལམ་དང་ས་གསུམ་ཡོངས་རྫོགས་ཕྱིར། །ཐབས་ཆེན་ཐེག་པ་ཐེག་པའི་མཆོག །མཆོག་དང་མཆོག་ཕྲན་ལ་སོགས་པ། །ཆགས་མེད་ཐུགས་རྗེས་དོར་མི་བྱ། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་འཛིན་ལྡན། །བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཨཱ་ལི་ཀཱ་ལའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་པདྨར་ལྡན་པ་ཡིས། །རཀྟ་བྱང་ཆུབ་དུས་གཅིག་འབར། །གཉིས་མེད་ཟུང་དུ་འབྲེལ་གྱུར་ན། །བདེ་གཤེགས་དཀྱིལ་འཁོར་མ་ལུས་འབྱུང་། །འགྲོ་བའི་དོན་རྣམས་ལྷུན་གྱིས་གྲུབ། །རྣལ་འབྱོར་ཆེན་པོའི་སྤྱོད་པ་ནི། །ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད། །བདེ་བའི་རོ་མཆོག་མྱོང་འགྱུར་ཏེ། །བདག་ཕྱིར་དེ་ལ་ཆགས་པ་མེད། །སྤྱོད་བཞིན་མ་ཆགས་ཡེ་ཤེས་ཡིན། །བདེ་བའི་མཆོག་ཉིད་བསོད་ནམས་ཚོགས། །དེ་བས་ལམ་འདི་ཚོགས་སུ་བཤད། །ལྟ་སྤྱོད་ཡ་ཆར་མ་གྱུར་པས། །སྔགས་འཆང་རྣམས་ཀྱིས་རྟག་ཏུ་སྤྱོད། །བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་དུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་དུ་ཡང་དབྱེར་མེད་པས། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་དུ་ནི་མཉམ་རྫོགས་སོ། །དེ་ཕྱིར་བདེན་གཉིས་དབྱེ་བ་མེད། །ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་བསལ་དག་མ་ཡིན་ཏེ། །སྣང་སྦྱོང་ཉིད་ན་རྣམ་པར་དག །གདོད་ནས་དེ་བཞིན་གོམས་བྱེད་པ། །ལམ་གཞན་རྫོགས་པའི་རྣལ་འབྱོར་པ། །ཚོམ་བུའི་གྲངས་ནི་མ་ངེས་ཏེ། །དང་པོ་དམ་ནོས་བཞིན་དུ་བྱ། །ལེ་ལོ་སྒྱིད་སྙོམས་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབས་བྱས་ན། །བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །དེ་ཚེ་བཅུ་དྲུག་ཚུན་ཆད་དུ། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་ས། །མཐོང་བའི་ཆོས་ལ་མྱ་ངན་འདའ། །སྐུ་ལྔ་ལྷུན་གྱིས་རྫོགས་པར་འགྱུར། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་བསྡུས་པ། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་གྱི་རིམ་པ་སྟེ་ལྔ་པའོ། །དེ་ནས་མཐར་གནས་བཤད་པར་བྱ། །ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །རིམ་པ་ལྔ་ཡི་མཉམ་སྦྱོར་བས། །རང་བྱུང་སྐུ་ལྔ་ལྷུན་གྱིས་གྲུབ། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །རང་རིག་ཉིད་ལ་གནས་པ་ནི། །སུས་ཀྱང་མ་བྱས་རང་བྱུང་སྟེ། །རང་བྱུང་ཆེན་པོའི་ཡེ་ཤེས་ཀྱིས། །མ་ལུས་དེ་བཞིན་ཉིད་དུ་སྦྱོར། །སྦྱོར་དང་སྦྱོར་བ་གཉིས་ཀ་མིན། །གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ། །ཉིད་ལ་མཚན་ཉིད་ཡོད་མ་ཡིན། །ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱར་རང་སྣང་བས། །ཐ་སྙད་མ་ལུས་ཡེ་ཤེས་དངོས། །ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །མ་བཀག་ཚུལ་གྱིས་རང་སྣང་བ། །སོ་སོའི་དོན་བཞིན་རོ་མྱོང་ཡང་། །རང་རིག་ཉིད་ལས་གཞན་མིན་ཕྱིར། །བདེ་བ་ཆེན་པོའི་ཡེ་ཤེས་ལ། །གཟུང་བའི་མཚན་མ་ཡོད་མ་ཡིན། །མི་རྟོག་ཚུལ་གྱིས་ལོངས་སྤྱོད་པ། །མ་ཆགས་པདྨ་དག་པའི་སྐུ། །འདས་དང་མ་འདས་དངོས་པོ་ཀུན། །རང་རིག་ཡེ་ཤེས་བྱང་ཆུབ་སེམས། །སྣང་སྟོང་གཉིས་སུ་མ་ཡིན་པས། །ཡེ་ཤེས་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རང་རིག་བསམ་ཡས་ཅིར་ཡང་སྣང་། །གདུལ་བྱའི་དབང་གིས་བརྗོད་མི་ལང་། །བྱང་སེམས་ལྷུན་གྲུབ་རང་སྣང་བའོ། །འདུ་འཕྲོ་ཚུལ་དུ་བརྡར་བསྟན་ཏོ། །སྤྲོས་བྲལ་ཐུགས་ཀྱི་ཆོས་ཐམས་ཅད། །སྙོམས་པར་ཁྱབ་པས་རྗེ་ཉིད་དེ། །འབྲས་བུ་ལྷུན་གྲུབ་བྱིན་ལྡན་པས། །མཚོ་རླབས་ཚུལ་དུ་ཀུན་ཏུ་སྣང་། །བསམ་ཡས་ལྷུན་གྱིས་གྲུབ་པའི་ཕྱིར། །ཞིང་ཁམས་རྣམས་དང་འགྲོ་ཀུན་ལ། །རྡོ་རྗེ་འཛིན་ནས་རྩི་ཤིང་སོགས། །སོ་སོར་མཐུན་པའི་སྐུར་སྣང་ཡང་། །སྟོང་ཉིད་དངོས་དང་བྱ་བྱེད་མེད། །ཆུ་ཟླའི་ཚུལ་དུ་ཀུན་སྣང་ཡང་། །བྱིན་རླབས་ཁྱབ་ཕྱིར་འགྲོ་འོང་མེད། །རྡོ་རྗེ་འཛིན་པའི་ལུས་ཉིད་ནི། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཏེ། །སྣང་སྟོང་གཉིས་སུ་མ་ཡིན་པས། །གྲངས་དང་ཆེ་ཆུང་མཐའ་དབུས་ཀྱང་། །འདི་ལ་སུས་ཀྱང་དམིགས་མི་ནུས། །ནམ་མཁའ་ལྟ་བུར་མཐའ་བྲལ་བས། །འོད་ཟེར་ཕྱག་རྒྱ་གདན་སོགས་པ། །རྒྱན་དང་བྲལ་བས་གཉིས་མ་ཡིན། །ཞི་ཁྲོ་ལ་སོགས་སྐུ་གཉིས་རྫོགས། །ལྷུན་གྱིས་གྲུབ་པས་ཅིར་ཡང་སྣང་། །རིམ་པའང་རིམ་པ་མེད་ཚུལ་གྱིས། །གདུལ་བྱའི་བསམ་པས་ཕྱེ་བ་ཡིན། །དུས་གསུམ་དུ་ཡང་མི་འགྱུར་ཕྱིར། །རྟག་ཆེན་རྡོ་རྗེའི་སྐུ་ཞེས་གསུངས། །བདེན་པ་གཉིས་ཀྱི་མཐའ་ལས་འདས། །དངོས་པོ་བདག་ཕྱིར་མིང་ཚིག་ཙམ། །ཐམས་ཅད་ཚིག་གིས་སྒྲ་ལྟར་གནས། །དེ་ཉིད་མ་སྐྱེས་སེམས་ཡིན་ཕྱིར། །རང་བཞིན་བརྗོད་མེད་དོན་ཡིན་ཀྱང་། །སྒྲ་རྣམས་སེམས་སུ་ལྷུན་གྲུབ་ཕྱིར། །གསུང་གཅིག་ཚིག་ཏུ་མ་བརྗོད་ཀྱང་། །ཐར་དང་མ་ཐར་ཐམས་ཅད་ལ། །ཇི་ལྟར་འདོད་བཞིན་གསལ་བར་སྣང་། །དེ་ཕྱིར་བརྗོད་ཉིད་བརྗོད་པ་མེད། །གདུལ་བྱ་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་ལས་མི་གཞན་ཕྱིར། །གང་ཞིག་དེ་ཉིད་གྱུར་པ་ཡིས། །དུས་གསུམ་སྡུག་བསྔལ་མ་འདྲེས་པས། །ལོག་རྟོག་རྒྱུན་ཙམ་སྣང་བ་ཡང་། །རང་སྣང་ཚུལ་གྱིས་རྟོགས་མེད་པར། །སྒྱུ་མའི་ཚུལ་གྱིས་གསལ་བར་གསུངས། །དེ་བས་འདས་དང་མ་འདས་ཆོས། །རང་རིག་བྱང་སེམས་ངོ་བོའི་ཕྱིར། །སྔ་ཕྱི་ཅུང་ཟད་ཡོད་མིན་པས། །མཚན་ཉིད་མ་འདྲེས་ཡོངས་རྫོགས་པས། །རྫོགས་སངས་རྒྱས་ཀྱིས་མངོན་ནས་མཁྱེན། །སོ་སོར་སྣང་བ་ཐམས་ཅད་ཀྱང་། །རང་རིག་རྒྱལ་པོར་ཡང་དག་འདུ། །རང་རིག་དེ་ཉིད་ཐམས་ཅད་ཡིན། །སྤྱོད་ཡུལ་ཐམས་ཅད་རང་རིག་ཕྱིར། །རང་སྣང་ཡེ་ཤེས་ངོ་བོས་སྟོང་། །མཐའ་རྣམས་བྲལ་བའི་རང་རིག་ལ། །མ་སྐྱེས་དོན་སྣང་མེ་ལོང་བཞིན། །ཐམས་ཅད་བདག་ཏུ་གྱུར་པའི་ཕྱིར། །ཐ་སྙད་གཉིས་ཀ་ངང་གིས་སྟོང་། །མཚན་ཉིད་བསམ་ཡས་སེམས་སྣང་ཡང་། །སེམས་ཕྱིར་སོ་སོར་དམིགས་སུ་མེད། །རང་བཞིན་རྣམ་དག་ཡེ་ཤེས་ལ། །བྱ་བྱེད་དམིགས་པར་ཡོངས་མི་འགྱུར། །གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །རྩ་བ་ལྔ་ཞེས་བརྗོད་མོད་ཀྱང་། །བརྗོད་པའི་མཚན་ཉིད་ཡོད་མེད་དེ། །མཚན་ཉིད་མེད་པར་སོ་སོར་སྣང་། །དེ་ཉིད་ཐམས་ཅད་མཁྱེན་ཉིད་ཡིན། །མཚན་ཉིད་གཉིས་མེད་དམིགས་མི་འགྱུར། །གནས་པ་མེད་པས་ཀུན་ཏུ་ཁྱབ། །ཕྱོགས་བཅུ་སྣང་གྲགས་བསམ་ཡས་པ། །རང་རིག་ཉིད་ལས་མི་གཞན་ཤར། །ཡོན་ཏན་རིན་ཆེན་བཀོད་པ་དང་། །ཡེ་ཤེས་རྒྱན་གྱིས་སྤྲས་པ་ཡིས། །ཞིང་གི་ཡོན་ཏན་བསམ་མི་ཁྱབ། །ཕྱོགས་བཅུ་དུས་བཞི་ཞིང་སྦྱོར་བས། །དོག་ཡངས་ཚད་དང་དཔག་ཏུ་མེད། །སངས་རྒྱས་སྤྱི་གཙུག་ལྟ་བུའི་མཚན། །ཡེ་ཤེས་རྒྱུ་ལས་གྲུབ་པའི་ཕྱིར། །འདི་ཞེས་གཅིག་ཅེས་བརྗོད་དུ་མེད། །ཟག་མེད་བསོད་ནམས་ལྷུན་གྲུབ་པས། །ཇི་ལྟར་བལྟས་པས་དེར་སྣང་སྟེ། །བརྡོས་པ་ཅན་གྱི་ཆོས་མིན་ཞིང་། །ཐམས་ཅད་རང་རིག་དབང་བསྒྱུར་བས། །སྟོང་པར་བྱའམ་མི་སྟོང་བྱ། །ཐམས་ཅད་དབྱེར་མེད་ངང་ཡིན་པས། །རྟོག་པ་མེད་པར་ཅིར་ཡང་སྣང་། །གཞན་གྱིས་དབྲོག་ཏུ་མེད་པ་ཡི། །བོ་དྷི་དཀོར་ནི་རིན་པོ་ཆེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །བྱ་བྱེད་མེད་པར་རྣམ་བཞི་མཛད། །སྒྱུ་མའི་ཚུལ་དུ་རོལ་མཛད་ཀྱང་། །བྱ་བྱེད་མེད་པའི་དམིགས་སུ་མེད། །འདས་དང་མ་འདས་བསམ་ཡས་པ། །མ་ལུས་སེམས་ཕྱིར་གཟུང་འཛིན་མེད། །གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །གནས་དང་ངོ་བོར་དབྱེར་མེད་དེ། །དེ་ཉིད་རིག་པ་རང་སྣང་བ། །སྣ་ཚོགས་མཚན་ཉིད་རྣམ་པར་རོལ། །ཐམས་ཅད་མཁྱེན་ཉིད་བསམ་ཡས་ཀྱང་། །རང་རིག་དེ་བཞིན་ཉིད་དུ་འདུས། །དེ་ཉིད་ཐམས་ཅད་མ་འདྲེས་སྣང་། །སྤྱོད་ཡུལ་འཕྲོག་མེད་བརྗོད་མི་ལང་། །གཉིས་མེད་ཐུགས་རྗེའི་དབང་གིས་ན། །འགྲོ་དྲུག་དུས་གནས་སྙོམས་པར་ཞུགས། །རང་བཞིན་ཉིད་ལས་མི་གཞན་ཕྱིར། །དུས་བཞི་མཉམ་པ་ཉིད་དུ་གསུངས། །དེ་སོགས་མཚན་ཉིད་ཡོན་ཏན་གྲངས། །སྟོང་གསུམ་གཅིག་དང་ཐམས་ཅད་ཀྱི། །མགོ་ལུས་ཁ་ལྕེ་གཅིག་རྫོགས་པས། །བསྐལ་པ་མཐར་ཀླས་པར་བརྗོད་ཀྱང་། །དེ་དག་མཐར་ཐུག་སྤོང་མི་འགྱུར། །མཚན་ཉིད་རྨོངས་པ་མདོར་བསྡུས་པ། །བསྒྲུབ་བྱ་མ་ལུས་མངོན་འགྱུར་བས། །བྱ་བསམ་བསླབ་པ་ཀུན་ལས་འདས། །ཐམས་ཅད་མ་སྤངས་བདག་ཉིད་ཕྱིར། །གསལ་ཡང་འདུ་ཤེས་ཐམས་ཅད་སྤངས། །གཉིས་མེད་ཐུགས་རྗེ་ཆེན་པོ་ཡིས། །མཛད་པ་གང་ཡང་འགོག་པ་མེད། །སྐུ་གསུང་ཕྱག་རྒྱ་ཅིར་སྣང་ཡང་། །རང་བཞིན་རྫོགས་ཕྱིར་འགྲོ་འོངས་མེད། །ཡུམ་སོགས་བདེ་བ་ཀུན་སྣང་ཡང་། །རང་གི་ངོ་བོ་མི་དམིགས་པས། །མཐའ་རྣམས་ཀུན་ལས་གྲོལ་བ་ཡིན། །ཁམས་གསུམ་བདག་ཉིད་ཆེན་པོའི་ཕྱིར། །སེམས་ཅན་ཀུན་གྱི་སེམས་ལ་སོན། །ས་སོགས་ཞེན་མཐའ་མ་རེག་པས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །དེ་བཞིན་ཉིད་དང་དབྱེར་མེད་ཕྱིར། །འདི་ལ་སྤྱོད་ཡུལ་ཡོད་མ་ཡིན། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་བསྡུས་པ། བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་གྱི་རིམ་པ་སྟེ་དྲུག་པའོ། །དགོས་རྫོགས་རྒྱ་ཆེན་མཚན་ཉིད་རྟོགས་དཀའ་རླབས་ལྡན་རང་རྒྱུད་རྒྱ་མཚོ་ཡིན། །མཚན་ཉིད་རྗེས་མཐུན་གཉིས་བྲལ་ཡི་གེ་གསུམ་གཉིས་གབ་སྤས་ར་ཆོད་དོན། །གཉིས་རྗེས་གོམས་ཞུགས་མཐོང་ཉམས་འབྲེལ་བས་དགོས་དོན་དང་འབྲེལ་གསལ་བྱས་པས། །རྗེས་འཇུག་ལ་སོགས་གཉིས་བཅིངས་མ་ལུས་དེ་ཉིད་ཤེས་གོམས་ཐར་བར་ཤོག །རིམ་པ་དྲུག་པ་ཞེས་བྱ་བ་སློབ་དཔོན་སྒེག་པ་རྡོ་རྗེས་མཛད་པ་རྫོགས་ས྄ོཧ྅྅྅།། །།

རིམ་པ་དྲུག་པའི་འགྲེལ་པ་རིན་པོ་ཆེའི་ཕྲ་བཀོད། པཎྜི་ཏ་བི་མ་ལ།

ཥ ཥྛོ བི ཀྲ མ སྱ བྲྀ ཏྟི ར ཏྣ སྱ ཁ ཙི ཏཾ ནཱ མ སཱ དྷུ བི ཧ ར ཏི སྨ། །
རིམ་པ་དྲུག་པའི་འགྲེལ་པ་རིན་པོ་ཆེའི་ཕྲ་བཀོད་ཅེས་བྱ་བ་ལེགས་པར་བཞུགས་སོ། །
བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རང་སེམས་གདོད་ནས་མ་སྐྱེས་ལྷུན་གྲུབ་ལ། །རྨོངས་པའི་དབང་གིས་བསྒྲིབས་ནས་དོན་མ་མཐོང་། །དངོས་པོ་ཐ་དད་སྣང་ཡང་གསེར་དཔེ་བཞིན། །གནས་པ་ཆ་ཤས་ཙམ་མཐོང་རྒྱས་པར་མ་གྱུར་ཀྱང་། །མི་ཤེས་མདུད་དགྲོལ་རིམ་དྲུག་འགྲེལ་འདི་བརྩམས། །དེ་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་པ། རྩོམ་པའི་སློབ་དཔོན་སྒེག་པ་རྡོ་རྗེ་ཉིད་ཀྱིས་ལྷ་ལ་ཕྱག་བཙལ་བ་ཡིན་ཏེ། དེའང་དགོས་པ་དང་དགོངས་གཞི་གང་ཞེ་ན། རྩོམ་པ་པོས་བརྩམ་པ་འགྲུབ་པ་དང་། རང་བཞིན་ལ་མི་ལྟོས་པ་དང་། དམ་ལས་མི་འདའ་བའི་ཕྱིར་དང་། རྒྱུད་ཀྱི་དོན་བསྟན་པའི་ཕྱིར་ཕྱག་བཙལ་ཞེས་བྱ་སྟེ། དེ་འང་ཆོས་ཐམས་ཅད་རང་རིག་ཏུ་གསལ་བའི་དོན་མཐར་ཐུག་པའི་ཡེ་ཤེས་ལ་དམིགས་པའི་སྤྱོད་ཡུལ་མ་གྲུབ་པས་དམིགས་པ་དང་། ཉོན་མོངས་མི་འབྱུང་བ་དང་། སེམས་རང་རིག་པའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བ་དང་། སྐུར་གསལ་བ་ཡེ་ཤེས་ཉིད་ཀྱི་སྐུ་ཡིན་པས། གཉིས་ལས་འདས་པ་དང་སེམས་ཉིད་ཡེ་ཤེས་སུ་རང་གསལ་བས་དམིགས་པའི་རྐྱེན་མེད་དེ། སྐད་ཅིག་མའི་རྒྱུན་ལས་གྲོལ་ཏེ། དེའང་ཕྱོགས་གཅིག་པའི་སྟོང་པ་མ་ཡིན་ཏེ། བསྒྲུབ་བྱ་ཐམས་ཅད་སེམས་ལ་རྫོགས་པའོ། །དེ་ནི་ཟང་ཟིང་གི་བདག་པོ་ལྟར་མིན་ཏེ་བསྒྲུབ་བྱ་ཉིད་དངོས་པོ་བྲལ་བས་དེ་ལ་དེ་སྐད་ཅེས་བྱའོ། །བརྟགས་པ་ཐམས་ཅད་བསྒྲུབ་བྱར་རྫོགས་པ་དང་། དེ་ཇི་བཞིན་དུ་མངོན་དུ་བྱས་པ་དང་། མཐར་ཐུག་པས་ཉི་ཟེར་ལྟར་གྱུར་པས་དཔལ་ལོ། །དེའང་རྒྱུ་རྐྱེན་དང་བྲལ་བས་རང་རིག་ཉིད་བྲལ་བ་དང་། སྣང་བ་མ་གྲུབ་པས་མཐའ་ལས་འདས་པ་དང་། ཡུལ་དག་ལས་མིང་ཐོབ་བོ། །ཐམས་ཅད་རང་རིག་པར་གསལ་བ་ནི་མ་བསྒྲིབ་པ་དང་། དངོས་པོ་ཐམས་ཅད་སེམས་སུ་བཅོམ་པའི་ཕྱིར་དཔའ་བོ། བྱེད་པ་ལ་ནི་ཕྱག་གོ། །དེའང་རང་བཞིན་ཡོད་པར་གྱུར་པ་ནི། ཆུ་ལ་ཆུ་བླུགས་པ་བཞིན་དུ་གྱུར་པ་དང་། མོས་ཤིང་དད་པ་གཉིས་སུ་འགྱུར་རོ། །རང་བཞིན་མ་སྐྱེས་ལྷུན་གྲུབ་དམིགས་མེད་རང་རིག་སྣ་ཚོགས་རང་སྣང་བ། ཡིག་སོགས་དབང་སྒྱུར་ཕྲ་མོའི་རིམ་སྣང་ཐམས་ཅད་བསམ་ཡས་ལྷུན་གྲུབ་ནི། ཞེས་པ་ལ་སོགས་པ་ནི། ལུང་རིམ་པར་བསྡུས་པའི་དོན་ལ་ཕྱག་བཙལ་བ་ཡིན་ཏེ། དེའང་ལུང་བསྟན་པ་ནི། ཆོས་ཐམས་ཅད་སེམས་རང་བྱུང་གི་རང་མ་བསྒྲིབས་པར་གནས་པ་ནི་སྣང་བ་དང་པོའོ། །དེ་ལྟར་ཐམས་ཅད་དུ་སེམས་རང་སྣང་བས་བརྟགས་པའི་དངོས་པོ་མ་སྐྱེས་ཏེ། སྣང་བའི་དངོས་པོ་ཐམས་ཅད་བསྒྲུབ་བྱར་ལྷུན་གྱིས་གྲུབ་པ་ནི་རང་བཞིན་ཏེ་བཞིའོ། །དེ་ལྟར་ཐམས་ཅད་སེམས་ཉིད་དུ་གསལ་བ་ལ་སྤྱོད་ཡུལ་དང་བྲལ་བས་ཅིར་ཡང་དམིགས་སུ་མེད་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །ཡུལ་དུ་མ་གྱུར་པས་བརྟག་ཏུ་མེད་དམིགས་སུ་མེད་ཀྱང་རང་རིག་པའི་ཡེ་ཤེས་ཉིད་མ་འགགས་པར་སྣ་ཚོགས་སུ་སྣང་བ་དེ་ཡང་རྒྱུ་རྐྱེན་བྲལ་ཏེ་སེམས་རང་སྣང་ལ་མ་གྲུབ་པར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །ཡིག་སོགས་ཞེས་པ། ཡི་གེ་ནི་ཧཱུྃ་ལ་སོགས་པའོ། །བསྡུས་པ་ནི་གཉིས་སོ། །མཆོག་གསུམ་གོང་ནས་གོང་དུ་ལམ་དུ་རུང་ཏེ་དབང་སྒྱུར་བ་ནི་ཕྲ་མོའི་ཏིང་ངེ་འཛིན་ནོ། །རིམ་སྣང་ཞེས་པ། རང་བཞིན་ལ་རིམ་པ་མེད་ཀྱང་ཕྱག་རྒྱ་རིམ་པར་བསྒོམས་པས། ལས་སུ་རུང་ནས་ལྷ་ཐམས་ཅད་གཅིག་ཏུ་སྣང་བ་ཡན་ལག་དང་བཅས་པ་ནི་སྣང་བ་རྣལ་འབྱོར་འབྱེད་བའི་ཏིང་ངེ་འཛིན་ནོ། །བསམ་ཡས་ཞེས་པ། སེམས་རང་སྣང་བའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དོན་དེ་རིག་པ་ལ་གསལ་བར་སྣང་སྟེ། དེ་ཡང་གཞན་མིན་རང་སྣང་བ་ནི་བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ནོ། །དགར་བ་ནི་དྲུག་པའོ། །དེ་ལ་བསྡུ་བ་ཇི་ལྟར་བསྡུ་ཞེ་ན། ལམ་གཞི་ཞེས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་གཞི་ནི་འཇུག་པའི་ཕྱིར་ལམ་མོ། །བཤད་པའི་རང་བཞིན་ནི་བསྒྲུབ་པའི་གཞིའོ། །མཐར་ཕྱིན་པའི་ཏིང་ངེ་འཛིན་བསྒྲུབ་པར་བྱ་སྟེ། དངོས་པོ་གསུམ་མོ། །དངོས་པོ་གསུམ་པོ་དེ་སློབ་དཔོན་ཉིད་ཀྱིས་རྟེང་ཕྱིན་པར་ཆུ་ས་པ་ཚུལ་དུ་འབྲེལ་བའི་དོན་གྱིས་ཚིགས་སུ་བསྡུ་བར་མཛད་པའི་རིམ་པ་དྲུག་པའོ། །ཉེ་བ་ནི་འདས་མ་ཐག་པ་ཉིད་དོ། །བྱེད་པ་ནི་བསྡུ་བའི་དོན་ལ་རྩི་བྱེད་ན་ཕྱག་འཚལ་ཏེ། ཇི་ལྟར་བཙལ་ཞེ་ན། མཉམ་ཞེས་མོས་སྦྱོར་མངོན་བྱེད་ཚུལ་རིམ་གཉིས་རང་སྣང་ཚུལ་ཕྱག་འཚལ་ལོ། །ཞེས་པ་འབྱུང་སྟེ། ཆོས་ཐམས་ཅད་རང་བཞིན་མཉམ་པའི་དོན་རྗེས་སུ་མཐུན་པར་ཤེས་པས་མར་དང་མར་བཞིན་དུ་འགྱུར་བས་རང་བཞིན་བཙལ་ལོ། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་དོན་ལ་མི་དམིགས་པའི་ཚུལ་དུ་བཞག་པས་དབྱེར་མེད་པ་ནི། རྗེས་སུ་མཐུན་ནོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་སེམས་རང་མ་འགགས་པར་གསལ་ཞིང་སྣང་བས་རང་རིག་པས་མངོན་དུ་བྱས་ཏེ་བཙལ་བའོ། ༈ །ད་ནི་བཤད་པར་དམ་བཅའ་བ་བསྟན་ཏེ། བསྒྲུབ་བྱ་གཞན་རྒྱུས་མི་སྐྱེད་དེ། །རང་བཞིན་ཐབས་འབྲེལ་མངོན་བྱེད་པའང་། །ཐབས་ཆེན་གསང་བའི་རིམ་འདི་དག །ཅེས་པ་ནི། དེ་ལ་ལུགས་གཞན་དག་འབྲས་བུ་རྐྱེན་གྱིས་གཞན་གྱིས་ནས་འཚོལ་འདོད་ན། ལུས་ཀྱི་སེམས་རང་སྣང་བའི་ཆོས་ཐམས་འབྲས་བུ་ཐོག་མ་ནས་ལྷུན་གྱིས་གྲུབ་པས་ལུགས་གཞན་དག་ལྟར་རྒྱུ་རྐྱེན་ལས་མི་ཚོལ་ཏེ་རྒྱུ་འབྲས་དུས་གཅིག་པ་ཡིན་ཞེས་བྱ། ལྷག་མ་ནི་ལུགས་ཉིད་ཇི་ལྟ་བུ་གྲུབ་ཅེ་ན། ཆོས་ཐམས་ཅད་རང་བཞིན་ཡེ་དང་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་ལ། དྲུག་པ་རང་ཆས་སུ་ཡོད་པ་དང་། ཁྱད་པར་གྱི་ལམ་གཉིས་སུ་འབྲེལ་བས་འབྲས་བུ་ཐོབ་བྱ་མ་སྤངས་པའི་མངོན་སུམ་དུ་འཐོབ་པར་བྱེད་པའི་ཐབས་ནི་ལུགས་གཞན་ལྟར་འཁོར་བ་མ་སྤངས་པར་དག་པས་ཐབས་ཁྱད་པར་དུ་གྱུར་པའོ། །དེ་ལྟར་འབྲས་བུ་ལ་ལམ་དུ་བྱས་པས་ཐོག་པ་གཞན་ལ་མེད་པས་གསང་བར་གསུངས་སོ། །འབྲེལ་པ་ནི་བཤད་པ་ཉིད་རིམ་པ་དྲུག་པའོ། །ཉེ་བ་ནི་བཤད་པ་ཉིད་དོ། །མང་བའི་སྒྲ་ནི་དངོས་པོ་གསུམ་ཅར་རྗེས་སུ་མཐུན་པའོ། །ཐམས་ཅད་རྒྱུ་དུ་མ་བསྟན་པའོ། །བསྟན་པའི་སྙིང་པོར་གསལ་མཛད་པའང་། ཞེས་འབྱུང་བ་ནི། ཕྱག་ན་རྡོ་རྗེས་གསུངས་པ་དང་། །སང་ཀུ་ཧ་ལ་སོགས་པ་རྣལ་འབྱོར་རྒྱུད་དང་། ཐབས་ཀྱི་རྒྱུད་ཉིད་ལའང་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་རྣམས་སུ་མན་ངག་གི་ལུས་མ་གསུངས་སོ། །དེ་ལྟར་གཞན་དུ་མ་བསྟན་པ་དེའང་ཐེག་པ་ཐམས་ཅད་ཀྱི་འབྱུང་གནས་དང་། བསྒྲུབ་བྱ་ཐམས་ཅད་མཆོག་ཏུ་གྱུར་བའི་རྩ་བ་དང་། བཤད་པར་སྟོན་པ་ཀུན་ཏུ་བཟང་པོས་གཞུང་བཀོད་པ་ཞེས་བྱའོ། །མི་མཐུན་པ་ནི་གཞུང་ཉིད་དུའང་། དངོས་པོ་གསུམ་པོ་རྒྱས་པ་དང་འབྲེལ་བ་ནི་མ་གསུངས་ཞེས་བྱ། ལུས་རྣམས་རིམ་པར་ཡན་ལག་བཅས། །རྒྱས་བཏབ་གཟུ་ལུམས་དོན་མཛད་དེ། །རྡོ་རྗེའི་ལས་གཉེར་གཏད་པ་དག །ཅེས་འབྱུང་བ་ནི། ཏིང་ངེ་འཛིན་སོ་སོའི་ངོ་བོ་དང་། གོང་འོག་གི་འབྲེལ་བ་དང་། རེ་རེ་ལ་འང་ནང་རིས་སུ་དབྱེ་བ་དང་བཅས་པ་ནི་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཕྱི་རབས་པ་ཤེས་རབ་ཕྲ་མོ་ལ་བརྟེན་ནས་མན་ངག་ལ་མི་ལྟོས་པ་སྒྲིབ་པ་ཤིན་ཏུ་ཆེ་བས་བདག་པོས་བསྡུས་སོ། །ལྷག་མ་ནི་སློབ་དཔོན་གྱིས་ཤོད་ཅིག་པར་གཉེར་གཏད་པའོ། །དེ་ཡང་སློབ་དཔོན་གྱིས་དང་ཇི་ལྟར་བཤད་ཅེ་ན། གཏན་ཚིགས་གཉིས་རྗེས་རིགས་འབྲངས་ནས་ཞེས་པ། ཞལ་ནས་གསུངས་པ་དང་། བརྩམས་པ་གཉིས་ཀྱིས་རྗེས་སུ་སློབ་དཔོན་གྱི་དོན་ཇི་བཞིན་པ་ཉིད་ཉམས་སུ་མྱོང་བ་ནི། འབྲངས་པ་སྟེ། གསུམ་དུ་འབྲེལ་པས་བསྡུས་པའི་དོན་འདི་སུ་ཞིག་ལ་བསྟན་ཞེ་ན། རྣམ་གསུམ་དྭངས་པའི་ལས་དག་གིས། །བློ་མ་བསྙེན་ཕྱིར་དོན་ཕྱིར་དབྱེ། །ཞེས་པ། ལུས་ཀྱིས་མ་བསྔགས་པའི་ཆོས་མེད་ཅིང་ལུས་ཀྱིས་གཞུང་བཞིན་དུ་བླ་མ་ལ་བཀུར་བ་དང་། གཉིས་དང་རྗེས་མཐུན་ཏེ། དེ་ལྟ་བུ་ལ་བསྟེན་ན་ཉེས་པ་གཉིས་མེད། དེའི་དོན་དུ་ཞལ་གྱིས་བཞེས་པའོ། །ཞལ་གྱིས་བཞེས་པའི་ལུགས་ཉིད་གང་ཞེ་ན། རིམ་འདི་གཉེར་གཉིས་ཀྱིས་དབྱེ་ན། །ལུས་ཀྱི་རྣམ་པ་གསུམ་ཉིད་དེ། །རང་བཞིན་ཏིང་ངེ་འཛིན་ལྔར་ཤེས་བྱ་ཞེས་པ་ལ་སོགས་པས་བསྟན་ཏེ། རིམ་པ་ནི་དྲུག་གོ། །ཉེ་བ་ནི་འདས་མ་ཐག་པ་ཉིད་དོ། །བཤད་པའི་གཉེར་གཉིས་ཀྱིས་སོ་སོའི་མཚན་ཉིད་བསྟེན་ན་དུ་ཡོད་ཅེ་ན། མན་ངག་རང་གི་ངོ་བོ་གསུམ་ལ་དྲུག་སྟེ། གཞི་དང་། ལམ་གཞི་དང་། བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་དང་ལྔའོ། །འོ་ན་རྒྱུ་འབྲས་ཀྱི་ཚུལ་ཇི་ལྟར་ཞེ་ན། རང་བཞིན་རྐྱེན་གྱིས་མངོན་བྱས་པ། །འབྲས་བུ་རྒྱུ་ལ་མིང་བཏགས་ཀྱང་། །གསལ་ཞིང་གསལ་བས་གསུམ་དུ་འགྱུར། །ཞེས་འབྱུང་སྟེ། ཆོས་ཐམས་ཅད་རང་བཞིན་མ་སྐྱེས་པར་འབྲས་བུ་ལྷུན་གྱིས་གྲུབ་པའི་དོན་ལྷན་ཅིག་བྱེད་པའི་རྒྱུའི་ཏིང་ངེ་འཛིན་བཞི་པོ་དང་། སོ་སོའི་སྤྱོད་པས་མཐར་ཐུག་པར་བྱས་པས་འབྲས་བུ་ཡིན་ཏེ། དེ་ལ་ཐེག་པ་ཆེན་པོའི་ལུགས་ཀྱིས་རྒྱུ་དང་འབྲས་བུ་སྔ་ཕྱི་མེད་དེ། འབྲས་བུ་ཞེས་པ་ཡང་རྒྱུའི་ཆོས་ཇི་སྙེད་པ་ཉིད་སེམས་རང་སྣང་བས་བརྟགས་པས་མ་གྲུབ་སྟེ། སྐུ་དང་ཡེ་ཤེས་སུ་རྫོགས་ཟིན་པ་ལས་འཛིན་པ་དག་པ་ལས་རྐྱེན་དུ་གྱུར་པ་མེད་པས་སྒྲིབ་པ་དག་པ་ཙམ་ལ་འབྲས་བུ་ཞེས་ཐ་སྙད་དུ་གདགས་སོ། །མི་མཐུན་པ་ནི་བཤད་པ་ལྟར་གཞི་སྟེ། །སྐབས་ཀྱི་སྒྱུ་མ་ཡང་ཡིན་ནོ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྣལ་ཞིང་དོན་མཐོང་བའི་རྟོག་པ་དྭངས་པ་ནི་འཇུག་པས་ལམ་ཡིན་ཏེ། སྐབས་ཀྱི་རྐྱེན་ནོ། །འོན་ཏང་དོན་ཆུབ་པས་དཔྱོད་ཡུལ་དག་སྟེ། རང་བཞིན་གྱིས་རང་རིག་པའི་མངོན་སུམ་དུ་གྱུར་པས་བསྒྲུབ་བྱ་ཐམས་ཅད་རྫོགས་པ་ནི་ཐ་སྙད་འབྲས་བུ་ཞེས་བྱའོ། །འདི་དག་མཚན་ཉིད་བསྡུ་བ་ནི། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་འབྱུང་བ་ནི། བཤད་པ་དངོས་པོ་གསུམ་དུ་བསྡུ་བ་བསྟན་ཏོ། །ཉེ་བ་ནི་བཤད་པའོ། །མང་བའི་སྒྲ་ནི་གསུམ་པོ་ཞེས་བྱ། འཆད་པའི་དངོས་པོ་གསུམ་དུ་བསྡུ་བ་ནི་ཇི་ལྟ་ཞེ་ན། རང་བཞིན་ཤེས་པ་ནི་དང་པོའོ། །དེ་ལ་གོམས་པར་བྱེད་པ་ནི་འཇུག་པའོ། །དེ་ལ་ལྟ་བ་དང་སྤྱོད་པ་ཡ་ཆ་བ་ནི་མཐའ་དང་གོལ་ས་གཉིས་ཀྱིས་གཡང་ས་མེད་དེ། དེ་གཉིས་དང་པོ་ངོ་བོ་གཅིག་ལ་སྐབས་ཀྱིས་བཏགས་པ་སྟེ། གཉིས་སུ་ཁས་ལེན་ནོ། །ཡོན་ཏན་རྒྱུ་རྐྱེན་ཚང་བས་འཇུག་པ་པོ་བློ་ལས་རུང་སྟེ་ནུས་པ་ཅན་དུ་གྱུར་པ་ནི། སྤྱོད་ཡུལ་ཐམས་ཅད་སེམས་ཉིད་དུ་གསལ་བ་ལས་མི་མཉམ་པ་དང་། ལུས་མི་ཡང་སེམས་སངས་རྒྱས་པས་དེ་ལ་དེ་སྐད་ཅེས་བྱའོ། །བར་མ་གོམས་པའི་ལུས་ཉིད་ནི། །སྲིད་པ་འབྱུང་བའི་རིམ་ཚུལ་གྱིས། །རང་གིས་ཡན་ལག་བཞི་རུ་འགྱུར། །ཞེས་པ། དེའང་རྐྱེན་འཇུག་པའི་མཚན་ཉིད་རང་གིས་ངོ་བོ་ལ་གཞིའི་དཔེས་མཚོན་པ་གང་ཞེ་ན། དེ་ཡང་དང་པོ་སྲིད་པ་འབྱུང་བ་ནི་ཁམས་དང་། ལས་ཀྱི་རྐྱེན་དག་གིས་འབྱུང་བ་བཞིའི་རླུང་རིམ་པར་འདུས་ནས་འཛིན་སྣང་དང་བྲལ་བ་དང་། སྲིད་པ་བར་དོ་ན་གནས་པ་ལས་ཀྱི་རྫུ་འཕྲུལ་པ་དང་། མཚམས་སྦྱོར་རྣམ་ཤེས་ལྷུམས་སུ་ཞུགས་ནས་རླུང་གིས་བསྐུལ་བས་ལུས་སྨིན་པ་དང་། བལྟམས་ནས་ལུས་དང་ལོངས་སྤྱོད་རྫོགས་པ་དང་བཞི་དང་། དང་པོ་ནམ་མཁའ་སྟོང་པ་ལ། བཏགས་པ་ལས་འབྱུང་བ་བཞི་རིམ་པར་ཆགས་པའི་ཚུལ་གྱིས་ལམ་གྱི་རིམ་པ་ལ། དབྱེ་བ་འང་དེ་བཞིན་ཉིད་དང་། སྒྱུ་མ་ལྟ་བུ་དང་། ཕྲ་མོ་དང་། སྤྲོས་བཅས་ཀྱི་ལམ་དང་བཞི་རུ་གསུངས་སོ། ༈ །ད་ནི་མན་ངག་གི་འབྲེལ་པ་བསྟན་པའི་ཕྱིར། དེ་དག་འབྲེལ་བའི་མཚན་ཉིད་ནི། །ཕུང་སོགས་རང་རིག་ཡེ་ཤེས་ཀྱིས། །དཀྱིལ་འཁོར་ཉིད་ཀྱི་དབྱིངས་ཡིན་པར། །ཚད་མ་གསུམ་གྱི་དངོས་པོ་ཡིས། །ཤེས་ནས་བསྒྲུབ་པའི་གཞི་རུ་བཞག །ཅེས་པ། དེ་ལ་རིམ་པ་དྲུག་པོ་དེ་དག་གིས་གོང་འོག་གི་འབྲེལ་བའི་མཚན་ཉིད་ཇི་ལྟ་ཡིན་ཞེ་ན། ཕུང་ལྔ་དང་། བསྡུ་བ་ནི་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་སོ། །དེ་དག་རང་གི་སེམས་རང་སྣང་བས། སེམས་སུ་གསལ་བ་ནི་རང་བྱུང་གི་ཡེ་ཤེས་སོ། །ཡེ་ཤེས་རང་སྣང་བ་ལས་བཏགས་པའི་ཕུང་པོ་དང་། ཁམས་ལ་སོགས་པ་ཐམས་ཅད་ལྷ་དང་ལྷ་མོར་ཡེ་ནས་ལྷུན་གྱིས་གྲུབ་པ་ནི། སྣང་སྟོང་གཉིས་དང་བྲལ་བས་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་ཡང་ཡེ་ཤེས་སུ་གྱུར་པས་མ་སྐྱེས་པ་ལས་ཁྱད་པར་དུ་གྱུར་པ་མཉམ་པ་ཉིད་ཀྱི་དབྱིངས་སོ། །དོན་དེ་ལྟ་བུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སངས་རྒྱས་པའི་དོན་ནོ། །ཞལ་ནས་གསུངས་པ་ངེས་པའི་ལུང་དང་། ཉམས་ཀྱི་མན་ངག་དང་། རིགས་པ་གསུམ་གྱིས་བཙལ་བས། རང་བཞིན་གྱི་དོན་མཐོང་བས་འབྲས་བུ་འགྲུབ་པའི་གཞི་རུ་གྱུར་བའི་ཕྱིར་རིམ་པ་རྣམས་ཀྱི་དང་པོར་རང་བཞིན་གཞག་གོ། །ཞེས་གསུངས་ནས་ལམ་གྱི་ཚུལ་ཇི་ལྟར་ཞེ་ན། དག་པ་རྣམ་གསུམ་མ་ནོར་ཞིང་། །རང་རིག་རྒྱལ་པོ་གོམས་པ་ཡིས། །བྱང་ཆུབ་མཆོག་འདི་རྙེད་པའི་ཕྱིར། །མཚན་ཉིད་གཉིས་པོ་དང་པོར་བཞག །ཅེས་འབྱུང་བས་བསྟན་ཏེ། འཁྲུལ་པར་སྣང་བའི་རྟོག་ཚོགས་ཉིད་སེམས་ཉིད་རང་སྣང་བས། ཕུང་པོ་ལྔ་མ་སྐྱེས་པའི་ཡེ་ཤེས་སུ་གསལ་བས་སངས་རྒྱས་ལྔར་གསལ་བས་བཅུད་དག་པ་དང་གཉིས་དང་སྣོད་རྒྱུད་བཤད་པ་བཞིན་དུ་གཞུང་ཉིད་ཀྱིས་གསུངས་པ་ནི་གསུམ་མོ། །གསུམ་གྱི་དོན་བཤད་པའི་དོན་གྱི་ཁོང་དུ་ཆུད་པར་བྱ་ཞིང་། དཔེར་ན་ས་བདག་གི་རྒྱལ་པོ་དམངས་ཕལ་པ་ལ་དབང་བསྒྱུར་བ་བཞིན་ནོ། །ཆོས་ཐམས་ཅད་རང་རིག་པར་རང་གསལ་བར་རང་རིག་པར་ཇི་ལྟར་འདོད་པ་དང་། སྣང་བ་ཐམས་ཅད་བདག་ཏུ་དབང་བསྒྱུར་བས་ཐམས་ཅད་བདག་ཏུ་གསལ་བ་ལ་ཡུལ་མ་གྲུབ་པས་བློ་ཅི་ཡང་མི་དམིགས་པས་གོམས་པར་བྱ་སྟེ་ལས་སུ་རུང་བ་ཡིས། བསྒྲུབ་བྱའི་མཆོག་ལྷུན་གྱིས་གྲུབ་པའི་སྐུ་ཐོབ་སྟེ། གཉིས་རྒྱུན་ཆད་པར་གྱུར་པས་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནོ། །རྐྱེན་འཇུག་པ་ཡི་མཚན་ཉིད་ལ། །བཞིར་བསྟན་པ་ཡི་དང་པོར་བཞག །ཅེས་གསུངས་སོ། །བདེན་གཉིས་རྒྱུ་འབྲས་ཚུལ་དག་གིས། །དོན་དམ་སྐྱེ་འགག་མེད་པ་དེ། །ཀུན་རྫོབ་སྒྱུ་མ་ཅིར་ཡང་འགྱུར། །ཞེས་པ། རྒྱུ་མཚན་ཉིད་ཀྱི་ཐེག་པའི་བཞེད་ཀྱིས། ཀུན་རྫོབ་ཀྱི་བདེན་པའི་རྒྱུ་གཉིས་པ་ནི་འབྲས་བུ་སྟེ། རྒྱུ་དང་འབྲས་བུའི་ཚུལ་གྱིས་དོན་དམ་པར་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གིས་ངོ་བོས་དང་མ་སྐྱེས་པ། རྒྱུ་རྐྱེན་གཞན་ལས་མ་སྐྱེས་ཏེ་སྐྱེ་བ་མེད་ལ། མ་སྐྱེས་ན་ཅི་ཞིག་འགག་སྟེ་འགག་པའང་མེད་པ་ལས། དམིགས་སུ་མེད་པ་ལས། ཀུན་རྫོབ་ཏུ་དཔེར་ན་རྫས་ལ་སྔགས་བཏབ་ནས། ལྟད་མོ་བ་འཁྲུལ་པ་རྣམས་ཀྱི་ངོ་ལ་རྟ་དང་གླང་པོ་ཆེ་སྣང་ཡང་ངོ་བོ་རྟ་དང་གླང་པོ་ཆེ་མ་གྲུབ་པ་བཞིན་དུ། ལོག་རྟོག་བརྟས་པའི་དབང་གིས་དངོས་པོ་སྣ་ཚོགས་སུ་སྣང་ཡང་ངོ་བོ་གྲུབ་པ་མེད་པས། གཅིག་ཏུ་ཡང་མ་ངེས་ཏེ་བརྟག་པ་ལྟར་སྣང་ངོ་། །འོ་ན་སྣང་ལུགས་དེ་ལ་བཤད་པ་ནི། འདིར་མཐར་མི་འཇོག་སྟེ། དོན་དམ་པར་མ་སྐྱེས་པ་ཡང་སེམས་རང་སྣང་བས་རྟགས་མ་གྲུབ་པའོ། །དོན་དམ་པར་བརྟགས་པས་མ་གྲུབ་ཀྱང་སེམས་རང་སྣང་མ་འགགས་པའོ། །རིམ་པ་ཅིར་ཡང་སྣང་བ་ཀུན་རྫོབ་སྟེ། བདེན་པ་གཉིས་མི་ཕྱེད་པར་མཉམ་མོ། །དེ་ཉིད་ལུགས་གཞན་ན་མེད་པ་དང་། ཕལ་གྱི་སྤྱོད་ཡུལ་མིན་པས་གསང་བ། རང་རིག་པའི་ཡེ་ཤེས་ལྔར་གསལ་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་ཏེ། དེ་ཁོ་ན་མཉམ་པའི་དབྱིངས་སོ། །འོན་ཏང་ན་དབྱིབས་དང་ལུགས་གཞན་ལྟ་བུར་སྟོང་པ་མ་ཡིན་ཏེ། དབྱིངས་ཉིད་མ་བསྒྲིབས་པར་གསལ་བ་ཡེ་ཤེས་ཏེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ་གཉིས་ཀྱི་སྤྲོས་པ་མེད་པ་དང་། འབྲས་བུ་བཞག་པས་ངང་གཉིས་ལས་ལྷུན་གྱིས་གྲུབ་པའི་ངང་ངོ་། །བདེན་པ་གཉིས་སུ་མེད་པ་ཉིད་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་སྣང་ཡང་། མ་སྐྱེས་པའི་ཡེ་ཤེས་སུ་གསལ་བས་མ་གྲུབ་པའི་དཔེ་ཆུ་ཟླ་དང་སྒྱུ་མའི་རྟ་དང་གླང་པོ་ཆེ་དང་འདྲ། དཔེ་དེ་བཞིན་དུ་སེམས་ཉིད་དུ་རང་སྣང་བས་མ་སྤངས་པའི་ངོ་བོ་ལ་གྲུབ་པ་མེད་པས། ཕུང་པོ་དང་ཁམས་ལ་སོགས་པའི་རྟོག་ཚོགས་རང་རིག་པའི་ཡེ་ཤེས་རང་གསལ་བའི་སངས་རྒྱས་བཞི་བཅུ་རྩ་ལྔར་གསལ་བ་ལ་སྣང་ཙམ་ན་རང་གི་ངོ་བོས་སྟོང་སྟེ། སྣང་སྟོང་གཉིས་སུ་མེད་པ་ལས་ལུགས་གཞན་ལྟར་བདེན་པ་གཉིས་པོ་སོར་མི་འགྱུར་བའི་ཕྱིར་རང་གི་རིག་པའི་ཡེ་ཤེས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྗེས་སུ་བཞག་པར་བཤད། ཡེ་ཤེས་སྒྱུ་མའི་ལུས་ཉིད་ནི། །རང་བཞིན་གཅིག་ཏུ་མ་ངེས་པས། །ཅིར་ཡང་མེད་ལ་ཅིར་ཡང་སྣང་། །སྒྱུ་འཕྲུལ་རྣམ་པར་ཤེས་ཚུལ་གྱིས། །གཅིག་དང་དུ་མར་མ་ངེས་པས། །ཕྱི་ནང་སྣོད་བཅུད་ཧཱུྃ་དུ་བསྡུ། །ཕྲ་མོའི་ལུས་སུའང་སེམས་དཔའ་གསུང་། །ཞེས་གསུངས་པ་ནི། བཤད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ནི། རང་གི་སེམས་ཉིད་པས་ཅིར་ཡང་སྣང་སྟེ། རང་བཞིན་ཏུ་མ་ཟིན་པ་མེད་པས། ཅིར་ཡང་མ་ངེས་པ་ལ། རང་གི་ངོ་བོ་སྣང་སྟོང་དང་དྲན་རྟོགས་ལྟ་བུ་ཅིར་ཡང་མ་གྲུབ་བཞིན་དུ། སེམས་རང་མ་འགགས་པའི་རོལ་པ་དང་། རྟག་པ་ཐམས་ཅད་དུ་སེམས་རང་རང་སྣང་བ་དེའི་དཔེ་ནི། དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་། མངོན་པ་ཤེས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཉུང་འབྲུར་བསྡུས་པ་དང་། ཉུངས་འབྲུ་སྟོང་གསུམ་བསྐྱེད་པར་མཛད་པའི་དཔེས་མཚོན་ནས། རང་རིག་པ་ཉིད་ཅིར་ཡང་སྣང་བས་གཅིག་ཏུ་མ་ངེས་པ་དང་། སྣང་བ་ཐམས་ཅད་སེམས་མི་ཕྱེད་པས་དུ་མར་མ་ཡིན་ཏེ། གཉིས་ལས་འདས་པས། དངོས་པོ་གཉིས་ཀྱིས་བསྡུས་པ་ཐམས་ཅད་ཡིག་འབྲུར་གྱུར་ཏེ། འོན་ཀྱང་བཤད་པའི་རྗེས་སུ་ཕྲ་མོའི་ཏིང་ངེ་འཛིན་བཞག་པར་གསུངས་སོ། །ཕུང་སོགས་རང་རིག་དཀྱིལ་འཁོར་ཚོགས་འདི་ལ་རིམ་པ་ཡོད་མིན་ཏེ། ཤེས་བྱ་སྡུད་པའི་ཚོགས་དག་གིས། །དུ་མའི་དངོས་པོ་གཅིག་གིས་སྣང་། །སྐལ་པ་དམན་པའི་དོན་ཕྱིར་དུ། །ངེས་ཕྱིར་རྗེས་སུ་བཞག་པ་ཡིན། །ཅེས་པ་ནི། ཕུང་པོ་ལྔ་དང་། ཁམས་ལ་སོགས་པ་རྟོག་པའི་ཚོགས་ཐམས་ཅད་མ་སྐྱེས་པའི་ཡེ་ཤེས་སུ་གསལ་བས། སྨོས་པའི་རང་བཞིན་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པས་སྤྱོད་ཡུལ་ཞི་གནས་དག་པའི་དཀྱིལ་འཁོར་དང་གཟོད་འཇུག་པའི་རིམས་པ་མེད་དོ། །ལྷག་མ་སྟེ་རང་བཞིན་ལ་མེད་ཀྱང་། རྗེས་སུ་འཇུག་པ་ཐ་སྙད་ཙམ་དུ་ཡོད་ཅེས་བྱ། དཔེར་ན། འཇིག་རྟེན་ན་བཟོ་ལ་སོགས་པ་ཤེས་བྱ་ལ་སྦྱོང་བའི་ཚུལ་གྱིས་མཚོན་ནས། འདི་གཉིས་ཆར་དུ་དྲང་སྟེ། གཅིག་མ་གྲུབ་ན་དུ་མ་མི་འགྲུབ་པས། གཅིག་བསྡུས་པ་ལ་དུ་མ་འདོགས་པས་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་འཇུག་པ་ཀུན་གྱིས་ནི་མ་ཡིན་ཏེ། ཡུལ་དང་རྩོལ་བ་གཉིས་ཀྱི་བློ་དམན་པ་རྣམས་ལ་ཕན་པའི་ཕྱིར། དེ་ལྟར་ངེས་པ་བཤད་པའི། ལུས་ཀྱི་རྗེས་སུ་སྤྲོས་བཅས་ཀྱི་ཏིང་ངེ་འཛིན་བཞག་ཅེས་བྱའོ། ༈ །ད་ནི་དགོས་པའི་ཡན་ལག་བསྟན་ཏེ། ཡན་ལག་མཚན་ཉིད་འདིར་གསུངས་པ། །དུ་མ་གཅིག་བྲལ་ཤེས་རབ་ཀྱིས། །ཟིན་པ་ཐམས་ཀྱིས་མི་འཆིང་ཞིང་། །ངེས་པར་ཚོགས་སུ་འགྱུར་བའི་ཕྱིར། །ཡོ་བྱད་ལ་སོགས་ལྡན་པར་བཤད། །འདི་དག་དགོས་པའི་དོན་ཡིན་ནོ། །ཞེས་འབྱུང་བ་ནི། དེ་ལ་སྨོས་པའི་མཚན་ཉིད་འདིར་གསུངས་པ་གང་ཞེ་ན། སྤྱོད་ཡུལ་ཐམས་ཅད་རང་རིག་ཏུ་སྣང་ཞིང་རང་རིག་ཏུ་འདུས་པ་དེ་སྐད་ཅེས་བྱའོ། །དེ་ལྟར་རྟོགས་པ་ནི། གཞུང་ལྟར་དུ་མིང་ཐོབ་པའོ། །ལས་ཀྱི་བྱེད་པ་སོར་བཤད་དོ། །ཟིན་པ་ནི་སྤྱོད་ཙམ་ཉིད་ན་སེམས་ཉིད་དུ་ཤེས་པའོ། །དེ་ལྟར་ཤེས་པས་སྦྱོར་བ་དང་། སྒྲོལ་བ་ལ་སོགས་པ་དང་། གཞན་ཡང་སྒོ་གསུམ་གྱི་སྤྱོད་པ་ཇི་ལྟར་སྤྱད་ཀྱང་ཞེན་པ་དང་བྲལ་བས་བག་ཆགས་མི་སོག་ཅིང་། བཤད་པ་བཞིན་དུ་ཤེས་ནས་གང་མ་སྤངས་པར་སྤྱད་པ་དང་། བཤད་པའི་དོན་གྱིས་བསགས་བྱ་གཉིས་དང་རྫོགས་པར་འགྱུར་རོ། །གཏན་ཚིགས་ནི་མིན་དགོས་ཆེད་དུ་འགྱུར་རོ། །འོན་ཀྱང་འཆད་པར་འགྱུར་བའི་ཡོ་བྱད་དང་ལྡན་པར་བྱ་བར་བཤད་དོ། །ཉེ་བ་ནི་བཤད་པའོ། །གཅིག་པ་ནི་མང་བའོ། །དེ་རྣམས་ཀྱི་བསྒྲུབ་བྱ་མངོན་དུ་གྲུབ་པའི་ཆ་རྐྱེན་ཡིན་པས་དེ་ལ་དེ་སྐད་ཅེས་བྱའོ། །འོ་ན་དགོས་པའི་ཡང་དགོས་པ་གང་ཞེ་ན། དེ་ཡི་ཡང་དགོས་བསྟན་པ་ཡང་། །ཏིང་འཛིན་སྤྱོད་དང་འབྲེལ་གོམས་དང་། །ཡོ་བྱད་གཅིག་གི་ཐབས་ཆེན་པོས། །འཛིན་པ་ཡོངས་སུ་དགྲོལ་བའི་ཕྱིར། །དྲུག་སོགས་མང་པོའི་རོ་མྱོངས་ཡང་། །ཞེས་པ་ལ་སོགས་པས་བསྟན་ཏེ། །དེ་ལ་བཤད་པའི་དགོས་པ་ནི། །སོ་ནམ་གྱི་དཔེ་བཞིན་བསྟན་ཏེ། །འཆད་པའི་ཏིང་ངེ་འཛིན་དང་། སྐབས་ཀྱི་སྤྱོད་པ་མ་འཁྱལ་བར་གོམས་པ་དང་། སྡུད་པ་ནི་འཆད་པ་ལ་ལས་གསང་བའི་ཡོ་བྱད་དོ། །དེའང་འཆིང་བའི་རྒྱུ་ལས་ཡོན་ཏན་འབྱུང་བས། ལུགས་གཞན་ལས་ཁྱད་པར་དུ་གྱུར་པས་མིང་ཐོབ་བོ། །དེས་ལོག་པའི་རྣམ་རྟོག་དང་། ལམ་པའི་གཉིས་འཛིན་དང་། ལྟོས་པའི་ཀུན་བརྟགས་རྣམས་དང་འབྲེལ་བའི་ཕྱིར་དགོས་ཆེད་དོ། །དེ་ལྟར་དུ་འཛིན་པ་དག་པས། འདོད་པའི་ཡོན་ཏན་དུ་བྱ་བ་དང་། སྣང་བ་མང་པོར་རོ་བཏར་ནས་དུས་ན་ཞེས་བྱ། མི་མཐུན་པ་ནི་དངོས་པོ་ལ་གྲུབ་པ་མེད་པས། ཆུ་ཟླ་དང་རྨི་ལམ་ལྟ་བུར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྣང་བ་ཐམས་ཅད་སེམས་རང་སྣང་བས་སེམས་ཉིད་ལས་མི་གཞན་པའི་ཕྱིར། འོན་ཏང་ན་སྣང་ཡང་ཡུལ་དུ་མི་བྱེད། ལམ་སོ་སོར་མི་འཛིན་པར་རང་རིག་ཏུ་གསལ་བ་ལ། སྤྲོས་པ་མེད་པའི་དཔེ་ནམ་མཁའ་དང་འདྲ་བར་ཤེས་པ་ཡིས། དགྱེས་པ་བཞི་ལས་ཐམས་ཅད་གསལ་བ་ཡང་འཛིན་པ་མེད་པ་ནི་ཆེན་པོ་ཞེས་བྱའོ། །དབང་པོ་ཡུལ་དུ་སྦྱོར་ཞེས་བྱ། །འཁོར་བ་སྤངས་མེད་སངས་རྒྱས་ཞིང་། །རྐྱེན་གྱིས་དཀྱིལ་འཁོར་ལྷུན་གྱིས་གྲུབ། །བདུད་བཞི་བཅོམ་པའི་དཔའ་བོ་ནི། །དེ་ལས་སྣང་ཕྱིར་དེར་བཞག་གོ། །ཞེས་འབྱུང་བ་ནི། གོང་མ་ལྟར་སྣང་ཡང་འཛིན་པ་མེད་པས་སེམས་ཉིད་དུ་འབྱུང་བ་དང་། ཡུལ་སེམས་གཉིས་སུ་མེད་ལ་ཡུལ་སེམས་སུ་ཤེས་པས་སྦྱོར་བ་ཞེས་ཀྱང་བྱའོ། །དེ་ལྟར་ཤེས་པ་ལ། འཁོར་བ་ནི་དྲུག་པ་གཅིག་ཏུ་ཡང་ནས་ཡང་དུ་འོང་བ་ནི་དྲུག་སྟེ། འཁྲུལ་སྣང་གི་སྤྱོད་ཡུལ་གཞན་དག་ལྟར་རྩོལ་སྒྲུབ་ཀྱིས་མ་སྤངས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བས་ཞིང་ཡོངས་སུ་དག་པའོ། །དེ་ལྟར་གསལ་བ་ལ་འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་ཐམས་ཅད་རང་རིག་ཏུ་གསལ། དེ་ཡང་མ་བཙལ་བས་དེ་སྐད་ཅེས་བྱའོ། །དེ་ཡང་བཤད་པ་ལྟར་གྱུར་པ་ནི། བཤད་པའི་ཐབས་ལས་འབྱུང་ཞིང་དེས་སྒྲུབ་པས་སོ། །གཏན་ཚིགས་ནི་གཉིས་སུ་འགྱུར་ཏེ། །བཤད་པའི་དགོས་པ་ལས་བསྒྲུབ་བྱ་འབྱུང་བས་བསྒྲུབ་བྱ་དགོས་པའི་ཡང་དགོས་པར་བཞག་པ་དང་། ལམ་གྱི་ཏིང་ངེ་འཛིན་བཞི་དང་། །ཡན་ལག་ཏུ་བཅས་པ་ལས་འབྲས་བུའི་ཏིང་ངེ་འཛིན་འབྱུང་བས་རིགས་པ་རྣམས་ཀྱི་ཐ་མར་བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་བཞག་གོ། །འོ་ན་མན་ངག་གི་སྣོད་ཇི་ལྟ་བུ་ལ་བསྟན་སྙམ་པ་ལས། འདི་དག་ཕལ་གྱི་ཡུལ་མིན་ཕྱིར། །གཞན་དག་རྒྱུད་དང་འདི་ཉིད་དུ། །མ་གསུངས་ཤིན་ཏུ་གབ་པ་ཡིན། །ཅེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་ཉེ་བའི་འཆད་པ་ནི་གཞུང་ངོ་། །མང་པོས་གསུངས་པ་ནི་དངོས་པོ་གསུམ་འཆར་རོ། །དེ་ཡང་འཆད་པའི་ཡོན་ཏན་དང་མི་ལྡན་པ་རྣམས་ཀྱིས་འདིའི་དོན་ཉམས་སུ་མ་མྱོང་བའི་ཕྱིར། དྲང་བའི་དོན་དུ་གསུངས་པའི་རྒྱུད་སྡེ་ཀུན་ཏུ་མ་བསྟན་པ་རྣམས་བསྟན་པའི་སྙིང་པོར་གསུངས་ལ། དེ་ཡང་མན་ངག་གི་ལུགས་ནི་མ་བསྟན་ནོ། །འོ་ན་མན་ངག་འདི་ལ་རྨོངས་པ་ཉིད་གང་ཞེ་ན། ཡུན་དང་རྩོལ་བས་སྐབས་མེད་ཕྱིར། །ཞེས་པ་ལ་སོགས་པ་གསུངས་ཏེ། བསྐལ་པ་མང་པོར་རྒྱུད་མ་སྦྱངས་པ་དང་། སྒོ་གསུམ་གྱི་རྩོལ་བ་ཞེན་པས་ཉེ་ལམ་འདི་དང་འཕྲད་པའི་སྐལ་པ་མེད་དེ། གཏན་ཚིགས་ནི། བཤད་པ་བཞིན་པས་ཞེས་གསོལ་བའོ། །དེ་ཡང་ངོ་བོ་གང་ཞེ་ན། གང་ཟག་རང་གི་དང་གིས་ཤེས་རབ་དམན་པ་དང་། ཐོས་པ་མ་བསགས་པ་དང་། གཏོང་ཕོད་མེད་པ་དང་། རང་ཕྱོགས་ཆེ་བ་དང་། སེམས་ཁོང་ན་འགྱིང་བ་དང་། བྱེད་པ་པོ་ནི་བཤད་པའི་སྒོ་ནས་འཆད་བཞིན་པས་སོ། །ཁེངས་པ་གསུམ་མ་སྤངས་པས་བླ་མ་མི་ཁུར་བ་དང་། བཤད་པ་བཞིན་སྤུན་ལ་ཡང་མེད་པ། དེ་ལ་ཐུན་མོང་གི་ལམ་དང་ཁྱད་པར་གྱི་ལམ་ཀུན་རང་གིས་མི་ལྕོགས་པས། ཕྱོགས་གཅིག་ཙམ་གྱིས་འཐད་པར་འདོད་པ་དང་། བསླབ་པ་དང་བསྒྲུབ་བྱའི་ཕྱོགས་རྣམས་མཐར་ཕྱིན་པ་དང་། གབ་པ་གཉིས་འབྱིན་པའི་བདག་པོ་ལ་བཀུར་བ་སྤངས་པ་ལ་སོགས་པ་རྣམས་ལ་གསང་བ་མཐར་ཐུག་གི་དོན་བསྟན་པར་མ་གསུངས་ཞེས་བྱ། ཁམས་ཕོར་སེང་གེའི་ཞོ་མི་བླུག །ཅེས་གསུངས་སོ། །འོ་ན་བཤད་པ་དང་མི་ལྡན་པ་རྣམས་ལ་བསྟན་ན་ཉེས་པ་ཅི་ཡོད་སྙམ་པ་ལ། རྨོངས་ལ་འཕྱར་བས་གལ་ཏེ་བྱིན། །ཅེས་པ་ལ་སོགས་པ་གསུངས་ཏེ་གོ་སླ་བས་མ་བཤད་དོ། །འོ་ན་མན་ངག་འདི་སུ་ལ་བསྟན་སྙམ་ན། བྲལ་མཐའ་བཞིན་དུ་གསུམ་གནས་ཤིང་། །ཞེས་པ་ལ་སོགས་པ་གསུངས་ཏེ། སྒོ་གསུམ་གུས་པར་གནས་ཤིང་། ཁེ་དང་གྲགས་པ་ལ་མ་ཆགས་ཤིང་། སྒོ་གསུམ་གྱིས་བླ་མ་ལ་ཁུར་བ་དང་། སོ་སོར་རྟོགས་པའི་ཤེས་རབ་ཀྱི་དངོས་པོ་ཀུན་ལ་འཇུག་པ་དང་། དོན་རྟོགས་པའི་རིམ་པ་མཚན་ཀུན་ལ་ཤོང་བ། སྙིང་རྗེ་ཆེན་པོས་སེམས་ཅན་དོན་བྱ་བར་དམ་བཅའ་བ་ལས་མི་འདའ་ཞིང་བློ་ལ་འགྱུར་ལྡོག་ཆུང་བ། ངང་བཟང་ལ་ཚུལ་ཤེས་པ་རྣམས་ལ་འཆད་པའི་དངོས་པོ་རྣམས་གཏད་ཅེས་བྱ། འོ་ན་དེ་ལྟ་བུ་ལ་བྱིན་ན་ཡོན་ཏན་ཅི་ཡོད་སྙམ་པ་ལ། གསེར་ཕྱིས་བླུགས་པའི་སེང་གེའི་ཞོས། །ཞོ་ངན་ཐམས་ཅད་འཐོར་བར་ནུས། །ཞེས་གསུངས་སོ། །དཔེར་ན་གསེར་ཕྱིས་པ་དང་འདྲ་བ་ནི། །བཤད་པ་རྣམས་དང་ལྡན་པ་ལ། །གཅན་གཟན་གྱི་རྒྱལ་པོའི་ཞོ་དང་འདྲ་བའི་མན་ངག་བསྟན་ན། སྲོག་ཆགས་ཕལ་པའི་ཞོ་དང་འདྲ་བའི་བག་ཆགས་ངན་པ་སྦྱངས་ནས་ཁྱད་པར་གྱི་ལམ་འདི་དང་པོ་ནས་སྣོད་བརྟག་པར་བྱའོ། ༈ །འདི་ནས་མར་མན་ངག་གི་ངོ་བོ་སྟོན་ཏེ། དེ་ལ་འདིས་བརྒྱུད་དུས་གནས་པར་སྟོན་ཏེ། དེ་ལའང་ཡན་ལག་དྲུག་སྟེ། དང་པོ་ཡན་ལག་བཅས་པའི་ལུས། རྒྱུ་རྐྱེན་བྱེད་པ་ངོ་བོ་དང་། རང་བཞིན་མཐའ་དྲུག་གིས་རྫོགས་འགྱུར། ཞེས་གསུངས་སོ། །དེའང་དངོས་པོ་གསུམ་གྱི་དང་པོ་ལ། ཡན་ལག་གི་དབྱེ་བ་སྟེ་གོ་སླའོ། །ཡན་ལག་ཤེས་དང་ལོག་པ་གཉིས། །ངོ་བོ་ཉིད་ཀྱིས་གནས་འགྱུར་ན། །དེ་ལ་བཅོས་ཤིང་བསྒྱུར་དུ་མེད། །ཡེ་ནས་རང་བཞིན་དབྱེར་མེད་ཕྱིར། །ཉོན་མོངས་སྤང་ཞིང་སྦྱང་བསྒྲུབ་མེད། །ཅེས་པ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་རིགས་པས་བསྟན་ཏེ། རང་རིག་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་མངོན་དུ་བྱས་པ་ནི་དེ་བཞིན་གཤེགས་པའོ། །རང་བཞིན་གྱི་སྣང་བ་མཐའ་བཅད་པ་ནི། ཡུལ་དུ་བྱས་པ་ནི་ལོག་རྟོག་སྟེ་བརྟགས་པའི་དབང་གིས་ཞེན་པ་ཉིད་དང་སྤྱོད་ཡུལ་ཚད་མར་སྣང་བ་ནི་འཁོར་བ་སྟེར། སྤྱི་མཚན་གཉིས་སུ་སྣང་བ་དེ་བརྟགས་པ་ཙམ་དུ་མར་ཡོད་ཀྱང་། རང་གིས་མཚན་ཉིད་སོ་སོ་ནང་རིས་སུ་མི་གནས་ཏེ། གལ་ཏེ་བརྟགས་པ་བཞི་སོ་སོ་ནས་གནས་ན་སྐྱོན་ཡོད་དེ། གང་ཞེ་ན། དེ་མ་ཐག་དང་དེ་ལ་བརྟགས་པའི་གཏན་ཚིགས་ཀྱིས་གཞིག་ཅིང་ལམ་གྱིས་སྦྱོང་དུ་མི་བཏུབ་ལ། ཅིག་ཤོས་སུ་བསྒྱུར་དུ་ཡང་མི་བཏུབ་ན། བཤད་པ་གཉིས་ཀྱི་རང་བཞིན་སེམས་ཉིད་རང་སྣང་བ་ཡིན་པས་བརྟག་པ་ལས་མ་གྲུབ་པའི་ཕྱིར་རོ། །བརྟག་པའི་ཉོན་མོངས་པ་ཡང་རང་རིག་ཡིན་པས་སྤང་བྱ་ལ་དམིགས་ལ། རྟོག་པ་རྣམས་རང་རིག་ཏུ་གསལ་བས་ཐམས་ཅད་བསྒྲུབ་བྱ་ཡེ་ནས་རྫོགས་པས། གཅིག་ཤེས་དང་བསྒྲུབ་ཏུ་མེད་དོ། །འོ་ན་རང་བཞིན་ཙམ་གཅིག་སོ་སོ་ནས་ངེས་སོ་སྙམ་པ་ལས། སོ་སོ་རང་བཞིན་ངེས་ཤེ་ན། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ཡང་གལ་ཏེ་ན་དངོས་པོ་དག་གཉིས་པའི་རང་བཞིན་ངེས་ན་ཡང་འགལ་ཏེ། ཇི་ལྟར་འགལ་ཞེ་ན། བདེན་པ་གསུམ་ནི་བསྒྲུབ་བྱ་མ་ནོར་བ་སྟེ། དེ་འཐོབ་པར་བྱེད་པ་ནི་ལམ་མོ། །དེ་ཡང་ཐེག་པ་ཆེན་པོའི་ལུགས་ཀྱིས་གཉེན་པོས་གཉེན་པོ་མི་འཆོས་ནའང་ཤེས་རབ་རྣམ་པ་གསུམ་གྱིས་བ རྟགས་པས་མ་གྲུབ་པར་ཤེས་པ་ནི། འཁོར་བ་མ་སྤངས་པར་མྱ་ངན་ལས་འདས་པར་འགྱུར་བས་ཐ་སྙད་དུ་བཅོས་པ་སྟེ་བཤད་པ་ལྟར་རང་བཞིན་སོ་སོ་ན་དེ་ལྟར་མི་བཏུབ་པས་འགལ་ལོ་ཞེས་བྱ། དེ་བས་ཞེས་པ། དེ་མ་ཐག་པ་ལྟར་འགལ་བས་གཏན་ཚིགས་སོ། །དེ་བཞིན་བཤེགས་པའི་ཡེ་ཤེས་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་མ་འདྲེས་པར་མཁྱེན་ཀྱང་། བདག་ཉིད་དུ་མཁྱེན་པས་ཕྱིན་ཅི་མ་ལོག་པ་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པའོ། །གསུངས་པས་བྱེད་པོར་འཐད་དོ། །འོན་ཏང་ན་བཤད་པ་གཉིས་ཀྱིས་དངོས་པོ་སོ་སོ་ན་མེད་པར་གསུངས་སོ། ༈ །འདི་ནས་མར་འཁོར་བ་མ་གྲུབ་པའི་རིག་པ་བསྟན་ཏེ། འཁོར་བ་སེམས་ཕྱིར་བདག་མེད་པས། དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །ཞེས་པ་བརྟགས་པའི་དབང་གིས་གཅིག་ཏུ་ཡང་དང་ཡང་དུ་སྐྱེ་བ་ནི་འཁོར་བ་སྟེ། དེ་ཡང་རང་རིག་པའི་ཡེ་ཤེས་ཡིན་པས། བརྟགས་པའི་འཁོར་བ་མ་གྲུབ་སྟེ། ཆོས་ཐམས་ཅད་སེམས་ཉིད་དུ་གསལ་བ་ལ་བརྟག་པ་མ་གྲུབ་པའི་ཕྱིར་རོ། །སྣང་བ་ཐམས་ཅད་ངོ་བོ་སེམས་ཉིད་ཡིན་པས་ཐམས་ཅད་ཀྱང་དེ་བཞིན་ཉིད་དུ་གཤེགས་པའོ། །དེའང་ངོ་བོ་གཅིག་ཏུ་མ་གྲུབ་པས། བསམ་གྱིས་མི་ཁྱབ་ཅེས་བྱའོ། །ཐབས་དང་ཤེས་རབ་ལྡན་གྱུར་ན། །ཕྱིན་ཅི་ལོག་ཉིད་ཡང་དག་སྟེ། །ཞེས་པ། ཆོས་ཐམས་ཅད་རང་བཞིན་གྱིས་སེམས་ཉིད་མ་འགགས་པར་སྣང་བ་དང་། སྣང་བ་ཡང་སེམས་ཉིད་དུ་མ་སྐྱེས་པའི་དོན་མཐོང་ན། སྣང་བ་དང་སྤྱོད་པ་ཐམས་ཅད་ལ་མི་འཛིན་པར་སེམས་ཉིད་གསལ་བས་དྲི་མ་དང་བྲལ་བའོ། ༈ །ད་ནི་མན་ངག་ལས་འདས་པ་མ་གྲུབ་པར་སྟོན་ཏེ། འཁོར་བའི་རང་བཞིན་མ་དམིགས་ཕྱིར། །མྱ་ངན་འདས་པ་ཡོད་མ་ཡིན། །ཅེས་པ་ནི། འཁོར་བ་བཤད་པ་ལྟར་མ་གྲུབ་པ་ལ་ལྟོས་ནས་བརྟགས་པའི་ཟླ་བ་ཡང་མ་གྲུབ་སྟེ། དེ་ཡང་འཁོར་བ་སེམས་ཉིད་པས་བརྟག་པ་མ་གྲུབ་པ་ལ། གཅིག་ཤེས་དང་སེམས་ཉིད་པས་ངོ་བོ་མ་གྲུབ་སྟེ་གུད་ན་མེད་དོ། །དེ་ཤེས་བྱ་ཕྱིར་རྒྱུ་སོགས་དབྱེ། །ཞེས་པ་བཤད་པ་ལ་བསྙེན་པའོ། །དེ་ལྟར་མཐོང་ཞིང་བརྟག་པར་བྱ་བའི་ཕྱིར་དྲུག་པོ་རྣམས་སུ་དབྱེ་ཞེས་བྱའོ། །ཁས་བླངས་པའི་དང་པོ་ནི་གང་ཞེ་ན། མ་རིག་ལྷན་ཅིག་མཚུངས་པའི་རྒྱུ། །གཏི་མུག་མིང་གི་རྣམ་གྲངས་ཏེ། །རང་རིག་ཉིད་ལས་ཉམས་མེད་ཕྱིར། །གཉིས་མེད་དོན་གཅིག་ཡིན་པར་བཤད། །ཅེས་འབྱུང་བ་ནི། རྒྱུ་གཅིག་པར་རྟོག་པ་བརྟན་པའོ། །སེམས་རང་བྱུང་གི་ཡེ་ཤེས་ཅིར་ཡང་སྣང་བ་ཐམས་ཅད་ཀྱང་ཡེ་ཤེས་སུ་གསལ་ལ་ཡུལ་མ་དམིགས་བཞིན་དུ་རང་སྣང་བར་མ་ཤེས་པ་ནི་སྣང་བ་དང་མ་ཤེས་པ་དུས་མཉམ་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱའོ། །དེ་ནི་འཁོར་བའི་ཆོས་ཇི་སྙེད་པའི་མཚུངས་པར་ལྡན་པའི་རྒྱུའོ། །རང་བྱུང་གི་ཡེ་ཤེས་ནི་ཡུལ་དང་བྲལ་བས་དེ་ཉིད་མ་མཐོང་བ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་སྐབས་ཀྱིས་བཏགས་ཀྱང་ངོ་བོ་མིང་གཉིས་བར་བསྟན་ནོ། །སེམས་ནི་རང་གི་ངོ་བོ་གདོས་པ་མ་ཡིན་ཏེ། མཐའ་མ་བསྒྲིབས་པར་རང་གསལ་བ་དང་། ཡུལ་དང་བྲལ་བའི་ཚུལ་གྱིས་རང་གསལ་བ་ནི་རང་རིག་པ་ཞེས་བྱའོ། །འོན་ཏང་ན་བཤད་པ་ཉིད་ལས་གཅིག་ཤོས་གུད་དུ་མ་གྱུར་པས། ཤེས་བྱ་ཤེས་བྱེད་བཤད་པ་གཉིས་གནས་སྐབས་ཙམ་མ་ཡིན་ཞིང་ངོ་བོ་གཅིག་ཏུ་གསུངས་སོ། །ཆོས་དག་བདག་དང་དངོས་པོ་རྣམས། །ངོ་བོ་ཡོད་སོགས་བརྟགས་པ་ཡི། །རྟོག་པ་སྒྱུ་མའི་ཀླུང་དུ་གྱུར། །ཅེས་པ། ཀུན་ཏུ་བརྟགས་པའི་མ་རིག་པ་བསྟན་ཏེ། བརྟགས་པས་སྣང་བའི་ཡུལ་དང་། གང་ཟག་དང་ཐ་སྙད་ཀྱི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་བྱུངས་ཐེབས་པ་ལས་བརྟགས་པའི་ཐ་སྙད་མེད་པ་ལ། ཆོས་ཐམས་ཅད་ཀྱི་ངོ་བོ་ངེས་པར་ཡོད་པར་བལྟ་བ་ནི་འཁྲུལ་པའི་རྟོག་པའོ། །བསྡུ་བ་ནི་གཉིས་སོ། །འོན་ཀྱང་ན་བཞི་ལ་མ་བཞིན་དུ་ནན་ཏན་གྱི་བརྟན་པ་སྟེ་འབྲེལ་པ་ནི་དེ་ལས་བྱུང་བའོ། །དཔེར་ན་སྒྱུ་མའི་མཁན་པོས་སྒྱུ་མའི་ཆ་རྐྱེན་གྱིས་ལྟད་མོ་ཡིད་འཕྲོག་པའི་གཟུགས་ཀྱང་མཐོང་ཙམ་ན་བསླུས་པ་བཞིན། རྟོག་པ་སྐྱེ་བཞི་འདུས་པ་ལས། སྐྱེས་པ་སྔ་མའི་རྟོག་པ་དང་། ཕྱི་མ་རྒྱུད་མཐུན་པར་སྣང་ཡང་རྟོག་པ་ཙམ་ལས་གྲུབ་པ་མེད་པས་སྣང་ཙམ་ན་བསླུས་ཞེས་བྱ་སྟེ། རྟོག་པ་རྒྱུན་མ་ཆད་པར་གྱུར་པས། དངོས་པོ་རྣམ་གཉིས་སུ་བསླུ་བའི་ཕྱིར། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཞེས་གསུངས་ཏེ། གཏན་ཚིགས་ནི་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བརྟགས་པ་ཙམ་སྣང་བའི་ཕྱིར་ཞེས་བྱ། སྲིད་རྩེའི་ཉེས་དམིགས་དག་ལས་བྱུང་། །ཞེས་པ། ཆགས་པ་དང་། གནས་པ་དང་འཇིག་པ་ལ་སོགས་པ་ལ་སྣང་བའི་རྒྱུ་དང་ངེས་པ་གང་ཞེ་ན། མ་རིག་པའི་སྒོ་ནས་ཆོས་ལ་བདག་ཏུ་བཟུང་བ་དང་། གང་ཟག་ལ་བདག་ཏུ་བཟུང་བ་གཉིས་ནི་ལྔ་པའི་གཉིས་པ་ཡིན་པས་དེ་ལ་དེ་སྐད་ཅེས་བྱའོ། །འོ་ན་ཆོས་ཐམས་ཅད་རྣམ་པར་རྟོག་པར་སྣང་ན། རྣམ་རྟོག་ཙམ་ཞིག་ངེས་པར་ཡོད་དོ་ཞེ་ན་རྣམ་རྟོག་ཉིད་དང་མ་གྲུབ་ཅིང་། དངོས་པོ་རྣམས་རྒྱུ་ནས་དག་པར་བསྟན་ཏེ། རྣམ་རྟོག་རང་གི་སེམས་ཡིན་ཕྱིར། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །བྱང་ཆུབ་སྙིང་པོར་ཡོད་པ་ལྟ། །རང་བཞིན་ཡེ་ནས་འོད་གསལ་བའི། །བྱང་ཆུབ་སྙིང་པོར་ཐམས་ཅད་ཐིམ། །ཞེས་པ་ནི། གོང་མ་ལྟར་འཁོར་བའི་ཆོས་ཐམས་ཅད་ནི་རྣམ་རྟོག་རང་སྣང་ན། ཡུལ་སྣ་ཚོགས་སུ་འཛིན་ཅིང་རྟོགས་པ་ནི། ཡུལ་གུད་དུ་བརྟག་པའི་དབང་གིས་རྟོག་པ་སྣ་ཚོགས་སྐྱེ་ཡང་། རྟོག་པ་ནི་རིག་པར་རྟོག་པས་བྱུང་བས་རྟོག་པ་སེམས་ཉིད་དུ་གསལ་བས་ཆོས་ཀྱི་སྐུ་ཡིན་ནོ། །གཏན་ཚིགས་ནི། ལོག་རྟོག་གི་སེམས་དེ་བཞིན་ཉིད་དུ་སངས་རྒྱས་ཕན་ཆད་དེ་སྣང་བའི་ཆོས་ཐམས་ཅད་ཀྱང་རྗེས་སུ་མཐུན་ནོ། །ཞེས་བྱའོ། །མཚན་ཉིད་འཛིན་པ་དང་། མཚོན་པ་དང་། འཁྲུལ་པ་དང་། རྒྱུད་དང་། ལམ་རང་བཞིན་དང་འབྲས་བུ་ལ་སོགས་པ་ཐམས་ཅད་ལ། གནས་བྱ་དང་གནས་བྱེད་སྤངས་པའི་རིག་པ་ནི། ཐམས་ཅད་ལྷན་མིན་གཅིག་པ་དང་། ཐམས་ཅད་སེམས་ཉིད་དུ་རྫོགས་པས་བསྒྲུབ་བྱ་མ་ནོར་བ་དང་། ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པ་དང་། ཐམས་ཅད་དེ་ལ་སྣང་བའི་ཕྱིར་དེ་ལ་དེ་སྐད་ཅེས་བྱ་སྟེ། བཤད་པ་ཐམས་ཅད་རང་རིག་ཏུ་གསལ་བ་དང་། ཡུལ་སྤངས་པས་ཤེས་པར་བྱའོ། །འོན་ཀྱང་ན་སྣང་བ་བརྟགས་པའི་ཆོས་ཐམས་ཅད་ངོ་བོ་སེམས་རང་སྣང་བས་བརྟགས་པའི་སྤྲོས་པས་མི་སྒྲིབ་པའི་བཤད་པ་ལ་ཐ་སྙད་ངང་གིས་མི་གནས་སོ། །དེ་ཕྱིར་རང་བཞིན་མ་སྐྱེས་པས། ཐམས་ཅད་མི་ཙམ་སྟོང་ཉིད་མེད། །ཅེས་པ་ལ་སོགས་པ་གསུངས་ཏེ་དགོས་ཆེད་ནི་མ་ཡིན་གཏན་ཚིགས་ཏེ། བཤད་པ་ལྟར་ཐམས་ཅད་སེམས་ཉིད་གསལ་བའི་ཕྱིར་སྣང་བ་དང་རྟགས་པ་གཉིས་ཀའང་སེམས་ཉིད་པས་དངོས་པོ་དང་མ་བྲལ་བས་དངོས་པོ་ཇི་སྙེད་པ་རྣམས་བཏགས་པ་ཙམ་ལས་ངོ་བོ་མ་གྲུབ་ཀྱང་། གཞན་དག་ལྟར་ཉི་ཚེ་བ་མེད་དོ། །འོ་ན་ལུགས་ཀྱིས་སྟོང་པ་ཉིད་གང་ཞེ་ན། ཐམས་ཅད་མ་ལུས་སྟོང་ཞེས་ཏེ། ས་རྡོ་དྲན་མེད་མ་ཡིན་པས། །ཞེས་པ། བློས་རྟགས་པའི་དངོས་པོ་ཐམས་ཅད་མ་གྲུབ་པར་འདོད་པ་ཡང་། ལྷག་མའི་སྒྲས་གཞན་དག་ལྟར་མི་འཐད་དེ། ཡུལ་སེམས་མ་འབྲེལ་བའི་བེམས་པོ་དང་། སྟོང་པ་སངས་པ་མ་ཡིན་ཏེ། །འོ་ན་སྟོང་ཉིད་གང་སྙམས་ལ། །རྟོག་མེད་རང་རིག་འོད་གསལ་བས། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །ཞེས་པ་ལ་སོགས་པ་གསུངས་ཏེ། སྣང་བརྟགས་ཀྱི་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་བ་ལས་ཡུལ་མ་གྲུབ་པས་གཉིས་སུ་འཛིན་པ་མེད་དེ། ཐམས་ཅད་རང་བྱུང་ཡེ་ཤེས་སུ་གསལ་བ་མཐའ་མ་བསྒྲིབས་པར་གསལ་ལོ། །ཉེ་བ་ནི་རྟགས་རྣམས་སོ། །འཁྲུལ་པ་རྣམས་ལ་མཚན་མར་སྣང་བའི་དངོས་པོ་གཉིས་ཀྱིས་བསྡུས་པ་ཐམས་ཅད་ལོག་རྟོག་གི་རྒྱུ་རྐྱེན་དུ་འདུས་པ་ཉིད་སྨོས་པ་རྣམས་སུ་སྣང་ཞིང་། ནུས་པ་ཡོད་ཀྱང་རྐྱེན་ལས་སྣང་བས་མ་གྲུབ་པའི་དཔེ་བཞིན་ནོ། །མི་མཐུན་པ་ནི་སྣང་བ་མི་འགོག་ཀྱང་རང་བཞིན་མེད་པར་བསྟན་ནོ། །འོན་ཀྱང་བརྟགས་རྣམས་ནི་ངོ་བོ་མ་གྲུབ་པས་མེད་པ་ལ་སྣང་བ་ནི་སེམས་ཉིད་པས་མེད་དེ་སྣང་སྟོང་གི་མཐའ་མེད་པ་ཉིད་ཆོས་ཀྱི་སྐུ་སྟེ། དེ་ཡང་བདག་པོ་དང་སྐྱེས་བུས་གསུངས་པས་རྡོས་པ་ཅན་གྱི་ཆོས་མིན་ཏེ། ཞེས་པ་ལ་སོགས་པ་གསུངས་སོ། ༈ །ད་ནི་འདི་ན་མར་གཉིས་པ་བསྟན་པ་སྟེ། གཏན་ཚིགས་ལས། ཡིག་འབྲུའི་ཚུལ་དུ་རྟོགས་པ་བསྟན། །ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །ཉོན་མོངས་ལས་ཀྱིས་ལྷན་གཅིག་བྱེད། །ཅེས་གསུངས་སོ། །ཉོན་མོངས་རང་དང་སྤྱིར་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་བའི་ལམ་དུ་འགྱུར། །ཞེས་འབྱུང་བ་ནི། ལྔ་དང་གསུམ་ལ་སོགས་པའི་སྣང་བ་དང་། སྐབས་དང་། བརྟག་པ་གཉིས་ཀྱི་དོན་ཇི་ལྟར་གནས་པར་མཐོང་ན། མཐོང་བ་ཉིད་ཀྱི་སུ་ལྔ་དང་གཉིས་སུ་མི་གནས་པས་ལྔ་དང་གསུམ་མ་སྤངས་པར་དག་པས་ཉེས་པའི་ལམ་མོ། །འོ་ན་ལམ་བྱས་པས་བསྒྲུབ་བྱ་གཞན་ཚོལ་ལམ་སྙམ་པ་ལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་། །གང་ན་མེད་དེ་དེ་ཉིད་ཡིན། །ཞེས་པ་རིག་པ་ཉིད་ལྔ་དང་གསུམ་དུ་བྱུང་བ་དང་། ངོ་བོ་སེམས་སུ་གསལ་བས་མ་སྐྱེས་པས་བདེན་པ་གསུམ་པ་ཉིད་དུ་གནས་པས། སྒྲུབ་པ་གསུམ་པ་ཉིད་ཀྱང་ནི་རྗེས་སུ་མ་མཐུན་པ་དེ། གཞན་དག་གིས་སྤང་བྱར་མཐོང་བ་ཉིད་ལས་བཤད་པ་ལྟར་གྲུབ་པས་གཞན་ནས་མི་རྙེད་དེ། དེ་བཤད་པ་ལྟར་ཤེས་པ་དེ་ཉིད་ཡིན་པར་གསུངས་སོ། །དེ་གང་ཡིན་སྙམ་པ་ལ། སྒྱུ་མ་རྩལ་འཛིན་ཐབས་སུ་འཕྲོ། །མཚན་རྣམས་མི་དམིགས་ཤེས་རབ་སྦྱོར། །གཉིས་མེད་ཡེ་ཤེས་བྱང་ཆུབ་སེམས། །ཞེས་པ། ཉོན་མོངས་པའི་སྤྱི་མཚན་རྐྱེན་བཞི་ལས་སྐྱེས་པས་ཞེན་པའི་སྟོབས་ཀྱིས་སྤྱི་མཚན་དུ་སྣང་བས་སེམས་རང་སྣང་བ་དེ་ལ་དེ་སྐད་ཅེས་གསོལ་བའོ། །རང་གི་མཚན་ཉིད་སེམས་ཡིན་པས་མ་སྐྱེས་པས་དབྱིངས་སོ། །དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་རང་རིག་པའི་ཡེ་ཤེས་ཏེ། སྤྱི་མཚན་མ་གྲུབ་པ་དང་། རང་མཚན་བསྒྲུབ་བྱ་རྫོགས་པ་ཡང་སེམས་ཉིད་དུ་གསལ་ལོ། །འོ་ན་སྤྱིའི་མཚན་ཉིད་གང་སྙམ་པ་ལ། ཉོན་མོངས་སྤྱིའི་མཚན་ཉིད་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །ཅེས་པ། ཕྱིན་ཅི་ལོག་གི་བློས་བརྟགས་པའི་དོན་གྱི་སྤྱི་མཚན་ནོ། །རྐྱེན་ལ་རག་ལས་པ་དང་། །སེམས་ཉམ་འཐག་པར་བྱེད་པ་དང་། །དངོས་པོ་ལ་མ་གྲུབ་པ་དང་། །རྩོལ་མེད་པ་ནི་སྤྱི་མཚན་ནོ། །འཆད་པ་འབྲེལ་ལོ། །རང་མཚན་ཆགས་སོགས་སྣང་བ་ནི་རྣམ་རྟོག་ཉིད་ན་སེམས་ཉིད་དེ། རང་བཞིན་རང་རིག་འོད་གསལ་ཕྱིར། །ཉོན་མོངས་ཡེ་ཤེས་སྤང་བསྒྲུབ་མེད། །ཅེས་པ། ཉོན་མོངས་པ་རང་གི་མཚན་ཉིད་ནི་འདོད་ཆགས་དང་། བསྡུ་བ་ནི་གཞན་རྣམས་སོ། །དེ་དག་ཏུ་སེམས་འབྱུང་བ་ནི། ལྔ་དང་གསུམ་དུ་སྣང་བ་ཉིད་རང་རིག་ལས་གཞན་པ་མེད་དེ། དེའི་རང་བཞིན་སེམས་ཉིད་ལ་མཐའ་དང་བྲལ་བ་རང་བྱུང་གི་ཡེ་ཤེས་ཡིན་པའི་ཕྱིར་སྤང་བྱ་བསྒྲུབ་བྱ་བྲལ་ཞེས་བྱ། འོ་ན་སྤྱི་མཚན་ལྔ་ཡང་ཡང་ངམ་ཞེ་ན། རྟོག་ཞེན་ངོ་ལ་རྒྱུར་སྣང་བའང་། །སེམས་ཕྱིར་རང་བཞིན་མ་སྐྱེས་པ། །ཞེས་པ་ལ་སོགས་པ་གསུངས་ཏེ། སྔོན་ནས་ཡུལ་དུ་བརྟགས་པའི་རྟོག་པ་བརྟས་པའི་ངོ་བོ་ལ་རྟོགས་པ་རྒྱུ་རྐྱེན་འདུས་པ་སྒྱུ་ཙམ་དུ་སྣང་བའི་སྤྱི་མཚན་དང་སྤང་དུ་མེད། ལོག་རྟོག་ཉིད་སེམས་ཉིད་རང་རིག་པའི་ཡེ་ཤེས་ཡིན་ལ། གཉིས་སྣང་གི་རང་བཞིན་མ་སྐྱེས་པར་ཐལ་ལོ། །རྟོག་པ་སྤྱིའི་མཚན་ཉིད་མ་སྐྱེས་པ་དེ་ཉིད་ལས་མཚོན་ནས་མཐའ་གཉིས་བྲལ་བའི་སྐུའོ། །དེ་ཡང་བརྟགས་པའི་དབང་གིས་ལས་དང་རྟོག་པ་དུ་མ་ཡོད་པའི་ཕྱིར་འཆད་པར་འབྲེལ་ལོ། །སེམས་རང་དུག་ལྔར་བྱུང་བ་ནི་ངོ་བོ་སྟོང་པས་སྒྱུ་མའོ། །འོན་ཀྱང་ལྔའི་རང་བཞིན་སེམས་ཉིད་པས་སེལ་མེད་པས་དབྱིངས་སོ། །དེ་ཡང་དབྱིངས་ལས་མ་གྱུར་ཀྱང་ཐབས་སུ་སྣང་བ་ནི་ཉོན་མོངས་པའི་སྒོ་ནས་ཡེ་ཤེས་སྐྱེ་བས་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་ཡི་གེ་གཉིས་པས་མཚོན་ནས་གསུངས་སོ། །བཤད་པ་ལྟར་ཉོན་མོངས་པ་ཉིད་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ལ་ཉོན་མོངས་པ་མ་གྲུབ་པ་ཉིད་སྐུ་ལྔ་དང་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་བོ། །དེ་ཡང་སེམས་ཉིད་ལྔར་སྣང་ཡང་དངོས་པོ་ལྔ་དང་བྲལ་བ་ནི། སྒྱུ་མའི་གླང་པོ་ཆེ་དང་འདྲ། །མ་གྲུབ་པར་སྣང་བ་ལྔ་ཡང་སེམས་རང་སྣང་བའི་ཕྱིར་སེམས་སུ་མི་ཕྱེད་པ་དང་། མཚན་ཉིད་མ་འདྲེས་པས། བདེན་པ་གསུམ་པ་ཡིན་པའི་ངོ་བོ་ནི་ཇི་ལྟར་གནས་པ་ལྟར་མ་ཡེངས་པར་སེམས་ཉིད་དུ་དབང་བསྒྱུར་ནས་ཉོན་མོངས་པ་སྐྱེ་ཙམ་ན་ཡེ་ཤེས་ཡིན་པས་རང་བཞིན་སྟོང་པ་དང་། རང་གསལ་བ་དང་སེམས་ཉིད་དུ་མི་ཕྱེད་པ་དང་། མཚན་ཉིད་མ་འདྲེས་པས། བྱ་བྱེད་མི་དམིགས་པ་ཉིད་ཡི་གེ་ལྔ་ཡི་ཚུལ་གྱིས་མཚོན་ནས་ཐུགས་སོ། །འོ་ན་དུག་ལྔ་སྤྱད་པ་དང་མི་མཆིང་ངམ་སྙམ་པ་ལ། དེ་ལྟར་དོན་ལྔར་དག་པ་ཉིད། །མྱ་ངན་འདས་པའི་རང་བཞིན་ལ། །ཐབས་དང་ཤེས་རབ་མ་རྟོགས་པས། །མ་གྲོལ་ཁམས་གསུམ་འཁོར་བ་ཡིན། །ཞེས་གསུངས་ཏེ། བཤད་པ་ལྟར་ཉོན་མོངས་པ་ཉིད་ཡེ་ཤེས་སུ་གསལ་བ་བརྟགས་པའི་དབང་གིས་རྐྱེན་འགག་ན་འཆིང་བ་ལ་སོགས་པའི་སྡུག་བསྔལ་དང་། ལྟོས་པའི་ཀུན་བརྟག་རྣམས་ཀྱིས་རྩོལ་སྒྲུབ་ཀྱི་གདུང་མེད་དེ་སྤང་བྱ་ཉིད་བསྒྲུབ་བྱར་ལྷུན་གྱིས་གྲུབ་པ་ལ། ཡེ་ཤེས་སུ་གསལ་བ་དང་། དབྱིངས་ལས་མ་གཡོས་པའི་དོན་མ་ཤེས་པ་ཉོན་མོངས་པའི་རྒྱུ་དང་འབྲས་བུ་ལས་མ་གྲོལ་ཞིང་འཆིང་བའི་རྒྱུར་གྱུར་པ་ཡིན་ནོ། །དེ་ཡང་གཏན་ཚིགས་བསྟན་པའི་ཕྱིར། །དེ་ལྟར་ངེས་པ་ཅིས་མངོན་ན། །སྔགས་ཀྱིས་ཡོངས་སུ་ཟིན་པའི་གནད། །ཀུན་ལ་གནོད་པ་བྱེད་མི་ནུས། །ཞེས་པ་གོ་སླའོ། །འོན་ཏང་ན་ཐབས་ཀྱིས་ཟིན་པ་ནི་མི་འཆིང་བྱང་ཆུབ་ཀྱི་རྒྱུར་བསྟན་པ་སྟེ། དེ་ཡང་། ཐབས་དང་ཤེས་རབ་རྟོགས་པ་ཡིས། །དུས་གསུམ་སྡུག་བསྔལ་གནོད་མི་འགྱུར། །ཐབས་དང་ཤེས་རབ་ལྡན་པ་ལ། །ཉོན་མོངས་ཐམས་ཅད་བྱང་ཆུབ་རྒྱུ། །ཞེས་གསུངས་ཏེ། སེམས་རང་སྣང་ཡང་མ་སྐྱེས་པའི་དོན་ཤེས་ན། གསུམ་དང་ལྔ་ལ་སྤྱོད་ཀྱང་གདུང་བའི་གནོད་པ་མི་འབྱུང་སྟེ། གང་སྣང་སྟོང་གཉིས་སུ་མེད་པའི་དོན་འཆང་བ་རྣམས་ལ་གསུམ་དང་ལྔ་ལ་སོགས་པ་རྣམས་ལ་སྤྱད་ཀྱང་སྐུ་གསུང་ཐུགས་ཀྱི་ལྷན་ཅིག་བྱེད་པའི་རྒྱུ་འགྱུར་རོ། ༈ །ད་ནི་གཉིས་པ་བསྟན་ཏེ། ལུས་ངག་ཡིད་གསུམ་རང་བཞིན་ནི། །སྣང་སྟོང་གཉིས་མེད་ཆོས་ཀྱི་རྒྱ། །ཆོས་ཀུན་རང་བཞིན་དག་པའི་ཕྱིར། །ལས་རྣམས་ཡོངས་སུ་དག་པར་འགྱུར། །ཞེས་པ་སོགས་པ་ནི། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སངས་རྒྱས་པས་སྒོ་གསུམ་གྱི་སྤྱོད་པ་ཡང་སངས་རྒྱས་ཀྱི་མཛད་སྤྱོད་དུ་བསྟན་ཏེ་སེམས་ཉིད་གསུམ་དུ་སྣང་ཡང་བརྟགས་པས་མ་སྐྱེས་པས་མཐའ་གཉིས་ལས་འདའ་ཏེ། སྐུ་གསུང་ཐུགས་སུ་སངས་རྒྱས་པས་དངོས་པོ་གསུམ་དུ་བསྡུས་པ་ཐམས་ཅད་སྐུ་གསུང་ཐུགས་སུ་གསལ་བ་ལ་དངོས་པོ་གསུམ་གྲུབ་པའི་ཕྱིར་གསུམ་གྱི་ཏ་ན་དང་ག་ཎ་ལ་སོགས་པ་ཡང་སྐུ་གསུང་ཐུགས་ཀྱི་མཛད་པར་འགྱུར་ཏེ། དེའང་ཅིའི་ཕྱིར་སྙམ་པ་ལ། །གསང་སྔགས་བླ་ན་མེད་པ་ནི། །ཐབས་ཀྱིས་ཇི་ལྟར་ཟིན་བཞིན་འགྲུབ། །བསམ་གྱིས་མི་ཁྱབ་ངེས་པ་མེད། །ཅེས་གསུངས་ཏེ། རང་བྱུང་གི་རིག་པ་ནི་ཡུལ་དུ་མ་གྱུར་པས་སྨྲར་མེད་པ་དང་། ཐ་སྙད་བསྒྲུབ་བྱར་རྫོགས་པས་ནུས་མཐུ་མང་སྟེ། དེ་ཡང་ཤེས་བྱ་ཤེས་བྱེད་ཀྱི་མིང་ཐོབ་པར་ཡང་ཐབས་དང་། འབྲས་བུ་བླ་མ་སྟེ། བཤད་པའི་གཞུང་ནི། རྟོགས་པ་ལ་སོགས་པའི་ཐབས་ཀྱིས་འབྲས་བུ་ཡང་དེ་བཞིན་དུ་འགྲུབ་བོ། །ཐབས་དངོས་གང་ཞེ་ན། ཏིང་ངེ་འཛིན་དང་། རྟོགས་པ་དང་། ཐུགས་རྗེ་དང་། བསྔོ་བ་དང་། བསམ་པ་ལ་སོགས་པ་བགྲང་བ་ལས་འདས་ཏེ། ས་ཟིན་པ་མེད། འོ་ན་ཐབས་ཀྱིས་མ་ཟིན་པའི་དགེ་བས་འབྲས་བུ་མི་འགྲུབ་བམ་སྙམ་པ་ལ། ཐབས་ལ་མཁས་པས་མ་ཟིན་ན། །ལམ་གྱི་དགེ་སྤྱད་སྟེགས་བཅས་ཀྱང་། །མཐོ་རིས་ལྷ་དང་མི་རུ་སྐྱེ། །སྐྱེ་ཤི་མེད་པའི་ས་མི་ཐོབ། །ཅེས་གསུངས་ཏེ་སྒྲ་ཇི་བཞིན་ནོ། །འོན་ཏང་ན་ཐབས་ཀྱིས་ཟིན་ན་དམན་པའི་སྤྱོད་པ་ཡང་ཚོགས་སུ་འགྱུར་བས་བསྟན་པའི་ཕྱིར། ཐབས་མཁས་སྙིང་རྗེས་ཟིན་པ་ནི། །ཞེས་ཚིག་ཤད་གཅིག་གསུངས་ཏེ། བཤད་པ་ནི་གོ་སླའོ། །འདིས་ཐབས་ཀྱིས་ཟིན་ཡང་མི་གྲོལ་ན་འགལ་བར་བསྟན་ཏེ། ཉོན་མོངས་ཕྱིན་ཅི་ལོག་གི་ལས། །ཞེས་པ་ལ་སོགས་པ་གསུངས་ཏེ། ལྔ་དང་གསུམ་ལ་སོགས་པ་དང་། མི་དགེ་བ་བཅུ་ལ་སོགས་པ་རྣམས་དང་། རང་བཞིན་མ་དམིགས་པ་དང་། ཐུགས་རྗེས་ཟིན་ཡང་རྣམ་པར་རྟོག་པས་བཅིང་བ་དང་། སྡུག་བསྔལ་ལས་མི་ཐར་ན་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་དང་། སྡོམ་པའི་དབང་གིས་བྱེད་པ་མི་འཚེམ་པའི་སྤྱོད་པ་ཡང་བག་ཆགས་སུ་གྱུར་པར་རིག་ནས་དེ་ལྟར་མ་གྱུར་ཡང་བསྟན་པ་ཡང་ངེས་སོ་ཞེས་བྱའོ། །འོ་ན་དེ་དག་གིས་བྱ་སྙམ་པ་ལ། བྱང་ཆུབ་སེམས་དཔའ་སྤྱོད་ཚུལ་བཟང་། །ཕལ་ལ་མེད་པ་མི་རུང་ཡང་། །སྔགས་མཆོག་ཤིན་ཏུ་ཟབ་པ་ཡི། །སྐྱེ་བོ་ཀུན་གྱི་བྱ་བར་འབྱུང་། །དེས་ན་རང་བཞིན་དག་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་མི་འཚམ་པའི་སྤྱོད་པ་ནི། གཞན་དོན་ཡོངས་སུ་རྫོགས་པས་བཟང་ངོ་། །དེ་ལྟར་རྟོགས་པ་དང་སྙིང་རྗེ་ནི། ལམ་ཀུན་ལ་མི་ལྡན་པས་ཕལ་གྱིས་མི་བྱའོ། །ཡང་ཞེས་པ་ནི་མཐུན་པ་སྟེ། ཐེག་པ་ཆེན་པོ་ནི་ཐབས་ཆེ་བས་ཐེག་པ་ཆེན་པོ་ལ་གནས་པའི་རྣལ་འབྱོར་པ་རྣམས་དགོངས་པ་བདེ་བར་གཤེགས་དང་དབྱེར་མེད་ཀྱི་ཟག་པ་ཡོད་པས་སྐྱེ་བོ་མང་བ་ནི། བཤད་པར་གྱུར་པ་རྣམས་ཀྱིས་བྱ་བར་ལུང་ཟབ་མོ་ལས་གསུངས་སོ། །གཏན་ཚིགས་ནི་བཤད་པ་རྣམས་ལ་སྙེགས་སོ། །རང་བཞིན་དང་ཡེ་ནས་སེམས་སུ་དག་པའི་རྗེས་སུ་དཔག་པ་ལྟ་བུའོ། །གསུམ་པ་བསྟན་པ་ནི། དེ་དག་མངོན་པར་སྒྱུར་བ་ནི། །མ་བཅོས་རྒྱུན་གྱི་སྐད་ཅིག་མ། །དེ་ཡི་མ་བྱས་གང་ཡང་མེད། །ཅེས་པ་སྙེག་པ་ནི་གཉིས་པོ་ཉིད་དེ། ཡན་ལག་དང་བཅས་པ་རྣམ་པར་འབྱེད་པ་ནི་ལས་ཀྱི་མིང་ཐོབ་པའོ། །སེམས་ཉིད་རྒྱུ་རྐྱེན་གྱིས་མ་བྱས་པ་ནི་ཅིར་ཡང་སྣང་བ་དེ། སྣང་བ་ཐམས་ཅད་ཉིད་ལས་འདས་པས་ཐམས་ཅད་གདོད་མ་ནས་བྱས་ཟིན་པ་དང་། སེམས་ཉིད་རང་སྣང་ཡང་ཡུལ་དུ་མ་བཟུང་བས་རྐྱེན་ལས་སྐྱེ་བ་ནི་སྐད་ཅིག་མ་སྔ་མ་དང་། ཕྱི་མ་རྒྱུ་མཐུན་པར་སྣང་བས་བག་ཆགས་སྨིན་པར་བྱས་པས་དངོས་པོ་རྣམས་རྟོག་པར་སྣང་བ་ཡང་རྗེས་སུ་མཐུན་ནོ། །འོ་ན་བྱས་པའི་དངོས་པོ་ཚད་མར་ཡོད་དམ་སྙམ་པ་ལ། དབང་པོ་ཡུལ་དུ་སྣང་བ་ཀུན། །ཡུལ་རྣམས་ཡོད་པ་མ་ཡིན་ཏེ། །ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་བའོ། །ཞེས་པ། འཁྲུལ་པ་རྣམས་ཀྱི་ངོ་ལ་སྤྱོད་ཡུལ་ཚད་མ་ཐམས་ཅད་ཇི་ལྟར་སྣང་བ་ལྟ་བུ་མིན་ཏེ། སེམས་རང་རིག་དང་། ཀུན་གཞི་ལ་ལྡོག་པ་ལས་ངོ་བོ་ཐ་དད་མེད་དེ་བརྟགས་པའི་ཡེ་ཤེས་སྐད་ཅིག་མ་རྟོགས་པ་མཐུ་བརྟས་པ་ཉིད་སྤྱོད་ཡུལ་ལ་སོགས་པའི་མཚན་མ་ཐམས་ཅད་དུ་སྣང་བའོ། །འོ་ན་སྣང་བའི་ཆོས་རྣམས་ཅི་ཡིན་སྙམ་པ་ལ། ནང་དང་ནང་གི་ཕྱི་རོལ་གྱི། །རྣམ་རྟོག་སྣ་ཚོགས་སྣང་བ་ཡང་། །དངོས་པོ་མེད་དབྱིངས་སྐད་ཅིག་མ། །དེ་ཉིད་རྣམ་པར་དག་པའི་ལས་ཞེས་པ་སེམས་དང་། དབང་པོ་དང་། ཡུལ་ལ་སོགས་པ་དངོས་པོ་རིས་ཆད་དུ་སྣང་བ་ནི་རྟོག་པ་ཡིན་ཏེ། འོན་ཏང་རྟོག་པ་གསུམ་པོ་དངོས་པོ་རྣམས་སུ་སྣང་བས། སྣང་བ་ཀུན་ཀྱང་བརྟགས་པའི་སྣང་བ་མེད་དེ་སེམས་ཉིད་དུ་གསལ་བ་ཉིད་དང་། རང་སྣང་བས་ངོ་བོ་ཉིད་ཀྱི་སྐད་ཅིག་མའོ། །འོན་ཏང་ན་མིང་གཉིས་པ་དེ་ཉིད་ཤེས་ན་མཐའ་མ་རེག་པས་ཉེ་བའི་ལམ་མོ། །འོ་ན་སེམས་རང་གི་མཚན་ཉིད་ཅི་འདྲ་སྙམ་པ་ལ། ཡང་དག་གཤེགས་དང་ལོག་རྟོག་དང་། །གཞན་ཡང་སྤྲུལ་པ་མང་པོའི་ཚོགས། །ཕྱོགས་བཅུ་མ་ལུས་ཐམས་ཅད་ཀྱིས། །དེ་ལ་གསད་ཅིང་བཟུང་དུ་མེད། །ཁ་དོག་སྣ་ཚོགས་དབྱིབས་རིགས་མིན། །ཞེས་འབྱུང་སྟེ། སེམས་ཉིད་སྤྲོས་པ་ཐམས་ཅད་གཅད་པའི་དོན་མངོན་དུ་བྱས་པ་ནི་དེ་སྐད་དོ། །ལས་ལོག་པ་ལས་ང་རྒྱལ་རྙེད་པའི་བདུད་དང་མུ་སྟེགས་དང་། བཤད་པ་ཉིད་མ་ཡིན་འཁྲུལ་པ་དང་། དེ་ལ་སྣང་བ་ལ་སོགས་པ་རྣམས་དང་། བརྟག་པ་བཅུ་ན་གནས་པའི་མཐུ་དང་རྫུ་འཕྲུལ་ཅན་ཐམས་ཅད་འདུས་པས་ཀྱང་། རང་རིག་པའི་ཡེ་ཤེས་ལ་བརླགས་པ་དང་། མཚན་མ་གཅིག་ཏུ་བཟུང་དུ་མེད་དོ། །དེ་ཅི་སྟེ་ཞེ་ན། ལྔ་ལ་སོགས་པ་དང་། གསུམ་ལ་སོགས་པ་དང་། བརྒྱད་པ་ལ་སོགས་པ་དང་། དྲུག་པ་ལ་སོགས་པ་དང་། གཅིག་ལས་མ་གྱུར་པ་ནི་འཛིན་པ་མེད་པའི་ཕྱིར་རོ། །འོན་ཏང་ན་ཅི་ཡང་མ་ཡིན་པ་ཉིད་ཡེ་ཤེས་སུ་གསལ་བ་ཡང་ཡེ་ཤེས་རང་ཅིར་ཡང་སྣང་བའོ། །དེ་ཡང་རྒྱུད་ཉིད་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཞེས་པ་ལ་སོགས་པ་འབྱུང་ངོ་། །འོ་དེ་རང་སྣང་བ་རྣམས་ཀྱི་ངོ་བོ་ཅི་སྙམ་པ་ལ། སྣ་ཚོགས་སྣང་བ་དེ་བཞིན་ལྷ། །རང་རིག་ཉིད་ལས་མི་གཞན་ཕྱིར། །སྣང་སྟོང་གཉིས་མེད་བྱང་ཆུབ་སེམས། །ཞེས་པ། རང་གི་མཚན་ཉིད་སྣ་ཚོགས་སུ་སྣང་བ་རྗེས་སུ་མཐུན་ཏེ། སེམས་ཡེ་ཤེས་སུ་གསལ་བས་སེམས་རང་སྣང་བ་རྣམས་ཡེ་ཤེས་ཉིད་ཀྱི་ལྷའོ། །འོན་ཏང་སྣང་བ་ཐམས་ཅད་སེམས་རང་སྣང་བ་གུད་དུ་མ་གྱུར་པའི་ཕྱིར། མཐའ་གཉིས་དང་བྲལ་བ་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །སྐྱེས་བུ་དམ་པ་མཆོག་འདོད་པས། །དེ་ལ་རྟག་འགྲུས་གསལ་བར་གྱིས། །དེ་ཡི་འབྲས་བུ་མཐར་ཕྱིན་ནི། །རྒྱུ་འབྲས་མེད་པའི་དུས་གཅིག་སྟེ། །ཞེས་པ་ནི། གཉིས་སུ་མེད་པའི་དོན་རྟོགས་པ་ནི་སྐྱེས་བུ་སྟེ། དེ་ནི་ལམ་ས་གཞན་ལས་ཁྱད་པར་དུ་གྱུར་པའོ། །དེ་ཡང་བསྒྲུབ་བྱ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པ་ནི་དྲུག་པའི་ངོ་བོ་སྟེ། དེ་བསྒྲུབ་པར་འདོད་པའོ། །དེ་ལ་ཞེས་པ། འདས་མ་ཐག་པ་ལ་ཞེས་བྱ། དེ་ལ་མ་ཡེངས་པར་གནས་པའི་བརྩོན་པས་རྟོག་པར་མ་ཤོར་བར་གྱིས་ཤིག །དེ་ནི་ཞེས་པ་བསྒོམ་པ་ཡངས་པར་བྱས་དེའི་འབྲས་བུ་ཐོབ་པའི་འབྲས་བུ་ནི། ལོག་རྟོག་རང་སྣང་བའི་ཕུང་པོ་ལྔ་ལ་སོགས་པའི་ཚོགས་མ་སྤངས་པར་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་ལ། གཞན་དག་ལྟར་རྒྱུ་དང་འབྲས་བུ་སྔ་ཕྱི་མིན་ནོ། །དངོས་གང་ཞེ་ན། ཐམས་ཅད་མིང་ཙམ་སྟོང་ཉིད་དུ། །ཡི་གེ་འབྲུ་གསུམ་རྫོགས་པར་འགྱུར། །མི་བཟད་རྒྱན་གྱི་འཁོར་ལོ་བསྡུས། །ཚོགས་ཆེན་གཉིས་དང་རྫོགས་པར་རོལ། །སྐྱེ་འཇིག་མེད་པའི་དབྱིངས་ལ་ཞུགས། །ཞེས་གསུངས་ཏེ། ཞེན་བློ་ལ་ཡོད་པའི་ཕྱིའི་མཚན་ཉིད་དུ་སྣང་ཡང་དངོས་པོར་མ་གྲུབ་སྟེ་བཏགས་པ་ཙམ་མོ། །རང་གི་མཚན་ཉིད་ནི་སེམས་ཉིད་དུ་གསལ་བ་དེ་ཡི་གེ་གསུམ་གྱིས་མཚོན་ནས་ཡེ་ཤེས་ཉིད་མ་འགགས་པར་རང་གསལ་བ་ཉིད་དང་གཅིག་ཏུ་མ་ངེས་པར་གྲུབ་དང་། ངོ་བོ་རིག་པར་གསལ་བས་ཡེ་ནས་རྫོགས་སོ། །དེ་ཡང་སྣང་བ་ཐམས་ཅད་སེམས་ཉིད་དུ་བྱུངས་ཐེབས་པས་ཟད་པ་མེད་པ་དང་། གཅིག་དང་གསུམ་དུ་སྣང་བ་དང་། དེ་ལྟར་མ་གྱུར་པ་མེད་པ་ནི། དེ་སྐད་ཅེས་བྱའོ། །སེམས་ཉིད་ཅིར་ཡང་སྣང་བ་དང་། ཡུལ་དུ་མ་གྱུར་དེ་མི་རྟོག་པས་བསག་བྱ་གཉིས་དུས་གཅིག་ཏུ་རྫོགས་སོ། །མཐར་ཕྱིན་པའི་སྐད་ཅིག་མའི་རྒྱུན་ལས་གྲོལ་ཞིང་འབྲས་བུ་རྫོགས་པ་དབྱིངས་སོ། །ཐམས་ཅད་ངོ་བོ་ཡེ་ནས་དེ་ལྟར་བཞུགས་སོ། །དེ་ཡང་བཤད་པའི་རྒྱུད་ལས། ཡེ་ཤེས་བཞུགས་གནས་ཞེས་དམ་ཚིག་ནི། །ཞེས་པ་ལ་སོགས་པས་མངོན་ནོ། ༈ །བཞི་པ་བསྟན་ཏེ། དེ་དག་ངོ་བོ་ཉིད་བསྟན་པ། །ཞེས་པ་ལ་སོགས་པའི་ཚིགས་བཅད་གཅིག་ནི་སྒྲ་ཇི་བཞིན་ནོ། །འོ་ན་དེ་དག་ཅི་ལ་གནས་སྙམ་པ་ལ། བདག་དང་བདག་གི་གཞན་རྣམས་ནི། །ལེགས་པར་རྟོགས་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པ་ཡོད་མ་ཡིན། །ཞེས་གསུངས་ཏེ། སེམས་ལ་བདག་ཏུ་འཛིན་པ་དང་། །དབང་པོ་ལ་བདག་གིར་འཛིན་པ་དང་། །ཡུལ་གཞན་དུ་འཛིན་པ་རྣམས་སུ་སྣང་བ་ནི། དངོས་སུ་གསུམ་ཆར་སེམས་ཉིད་ལས་གུད་དུ་སྣང་བ་ནི། ལོག་རྟོག་སྟེ། འོན་ཏང་ན་གུད་དུ་བཏགས་པའི་རྟོག་པ་ཉིད་ལས་གཞན་བཀག་པའོ། །བཏགས་ཙམ་སྣང་ཡང་ངོ་བོ་ལ་རྒྱུད་ཙམ་ཡང་སྐད་ཅིག་མ་གྲུབ་སྟེ། སྔ་མའི་རྟོག་པའང་དེ་དང་རྒྱུད་མཐུན་པར་སྐྱེས་པའི་རྟོག་པས་སྤྱོད་དོ། །འོན་ཏང་བཏགས་པ་ཉིད་ཙམ་ལས་དངོས་པོར་གྱུར་པ་ཅི་ཡང་མེད་པས། ལོག་རྟོག་ཉིད་ལ་ཉིད་སྤྱོད་དོ། །གཞན་དུ་གཡོ་བ་ཅི་ཡང་མེད། །ཅེས་གསུངས་སོ། ༈ །ད་ནི་ལྔ་པ་བསྟན་ཏེ་ལོག་རྟོག་རང་བཞིན་རང་རིག་སྟེ། ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་ཉིད་ལས་ནི་གཞན་ན་མེད། །སེམས་དང་ཆོས་སུ་དབྱེར་མེད་པས། །བྱང་ཆུབ་ལམ་འདི་རིང་བ་མིན། །ཞེས་པ་ནི། བྱིན་གྱིས་བརླབས་ཀྱིས་རྟོགས་པ་ཡིན་ཏེ། བརྟག་པའི་རྟོག་པ་རྣམས་ཀྱི་རྣམ་པར་སེམས་རང་སྣང་བས་རྟོག་པའི་རང་བཞིན་རང་རིག་པ་ཉིད་དོ། །གཏན་ཚིགས་ནི་བཤད་པ་ལྟར་རོ། །འཁྲུལ་པར་སྣང་བའི་སྣོད་དང་བཅུད་ལ་སོགས་པར་སྣང་ཞིང་གྲགས་པ་ཐམས་ཅད་ཀྱིས་རང་བཞིན་སེམས་ཉིད་ཡིན་པས་སྣང་ཡང་རང་གསལ་བ་ལས་མ་རྟོགས་པའི་ཆོས་མ་དམིགས་ཏེ། སེམས་ཉིད་ཡེ་ཤེས་སུ་གསལ་བ་དང་། འཁྲུལ་པའི་ཆོས་ཇི་སྙེད་པ་གཉིས་སུ་མེད་དོ། །གཏན་ཚིགས་ནི་ཐམས་ཅད་སེམས་ཉིད་དུ་གསལ་བའི་ཕྱིར་སེམས་སྣང་སྟོང་གཉིས་སུ་མེད་པ་ཉིད་ཆོས་ཀྱི་སྐུ་ཡིན་པས་བགྲོད་པའི་ལམ་དང་བྲལ་ཏེ་རྟོག་པ་ཙམ་གྱིས་ཚོགས་པས་དེ་ལ་དེ་སྐད་ཅེས་བྱའོ། །ཅི་ཕྱིར་རང་རིག་རྐྱེན་འབྲེལ་པས། །རྣམ་པར་རྟོག་པ་དབྱིངས་ཉིད་ཚུལ། །ཉིད་ལས་དབང་བསྒྱུར་ཉིད་སྤྱོད་ཕྱིར། །བདག་དང་གཞན་དུ་རྟོག་པའི་རྒྱུན། །རྣམ་དག་སྣོད་བཅུད་རྒྱུན་མི་དམིགས། །ཞེས་པ། གོང་མ་ལྟ་བུ་ཡུལ་སེམས་གཉིས་མེད་པས་དགོས་ཆེད་སྤངས་ཏེ་གཏན་ཚིགས་ཐམས་ཅད་རང་རིག་སེམས་ཉིད་དུ་གནས་པ་ལ་དམིགས་པའི་རྐྱེན་དང་བྲལ་བས་རྒྱུ་རྐྱེན་མེད་ཅིང་རྒྱུན་གྱི་སྐད་ཅིག་མ་གཉིས་སྣང་དུ་ཐམས་ཅད་བྲལ་བས་དབྱིངས་གཉིས་མཉམ་པ་ཉིད་ཀྱི་དབྱིངས་སོ། །འོན་ཏང་ན་ཐམས་ཅད་རྗེས་སུ་འཇུག་པ་སྟེ། དེ་ལ་ཅི་སྣང་བ་དང་བྱས་པ་ཐམས་ཅད་ཀྱང་སེམས་ཉིད་ཡིན་པ་ལ་སེམས་ཉིད་ཀྱིས་དབང་བསྒྱུར་ཞིང་སྤྱོད་པའི་ཕྱིར་རོ། །རྟོག་པའི་ཕུང་པོ་ལྔ་དང་འབྱུང་བ་ལྔ་དང་། ཁམས་དང་སྐྱེ་མཆེད་ཐམས་ཅད་མ་དམིགས་པ་ལ། བཤད་པ་གསུམ་མ་གྲུབ་པས་དག་ཅེས་བྱའོ། །འོ་ན་མ་གྲུབ་པ་སྟོང་པ་ཉིད་དོ་ཞེ་ན། །རྣམ་དག་སྣོད་བཅུད་རྒྱུ་མི་དམིགས། །ལྔ་ཕུང་ཡན་ལག་ཐམས་ཅད་ནི། །འབྲུ་ལྔར་བསྡུས་པའི་ཐབས་ཆེན་ཏེ། །འབྱུང་ལྔ་མ་སྐྱེས་ཤེས་རབ་ཡུམ། །སྐྱེ་མཆེད་ཁམས་རྣམས་རྡོ་རྗེའི་ཚོགས། །རྣམ་ཤེས་ཡེ་ཤེས་དཀྱིལ་འཁོར་དུ། །དག་ཕྱིར་འབྲས་བུའི་ཐེག་པའི་མཆོག །ངེས་འབྱུང་ཀུན་གྱི་བསྒྲུབ་བྱར་གསུངས། །ཞེས་འབྱུང་སྟེ། བཅུད་དག་པ་ནི་ཕུང་པོ་ལྔ་ཡན་ལག་བཅས་པ་ཐམས་ཅད་ཀྱི་རང་བཞིན་འབྲུ་ལྔས་མཚོན་ནས་ཡེ་ཤེས་ལྔར་གསལ་བས། སྣང་སྟོང་གཉིས་མེད་པ་ཉིད་རིགས་ལྔའི་སྐུར་དག་གོ། །སྣོད་དག་པ་ནི་བརྟག་པའི་འབྱུང་བ་ལྔ་སེམས་རང་སྣང་བས་མ་སྐྱེས་པའི་དབྱིངས་སུ་གསལ་བ་ཡུམ་ལྔའོ། །རྒྱུད་དག་པ་ནི་གཉིས་ལས་བྱུང་བའི་ཁམས་དང་སྐྱེ་མཆེད་ཀྱི་ཐ་སྙད་རྣམས་སེམས་དཔའ་དང་། སེམས་མ་དང་། ཁྲོ་བོ་དང་ཁྲོ་མོའི་དཀྱིལ་འཁོར་དུ་གསལ་བ་ཡིན་ནོ། །རྣམ་པར་ཤེས་པ་ཚོགས་བརྒྱད་སེམས་ཉིད་དུ་གསལ་བའི་བཤད་པ་བཞིན་ཡེ་ཤེས་ལྔ་རུ་གྱུར་པས་བརྟགས་པའི་ཚོགས་བརྒྱད་མ་གྲུབ་སྟེ། ཐ་སྙད་ཐམས་ཅད་བཤད་པ་ལྟར་དག་པའི་ཕྱིར་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། བསྟན་པ་ཀུན་གྱི་མཆོག་ཏུ་གྱུར་པ་ནི་ངེས་སྟོན་ཏེ་དེ་ནི་དགུ་ལ་སོགས་པ་ཀུན་གྱི་བསྒྲུབ་བྱར་བཤད་དོ། །དམིགས་བྱ་དམིགས་བྱེད་མེད་ཚུལ་གྱིས། །ཤིན་ཏུ་གསལ་བའི་མངོན་སུམ་པ། །ངོ་བོ་ཉིད་ནི་དམིགས་སུ་མེད། །དེ་ལྟར་འཁོར་བ་ངོ་བོས་དག །ཅེས་པ། མངོན་སུམ་པར་རྟོགས་པ་སྟེ། ཆོས་ཐམས་ཅད་སེམས་ཉིད་དུ་གནས་པ་ལ་ཡུལ་མ་གྲུབ་ལ། ཡུལ་བདག་མེད་པས་དམིགས་པ་མེད་དེ། སེམས་རང་སྣང་བའི་ཚུལ་གྱིས་གཏིང་ཕྱིན་པར་ཆོས་ཉིད་དུ་གསལ་ཡང་། རང་རིག་ཏུ་གསལ་བ་ནི་རང་རིག་པའི་མངོན་སུམ་མོ། །དེ་ལྟར་འཁོར་བའི་ཐ་སྙད་ཐམས་ཅད་སེམས་ཉིད་ཡིན་པས་འཁོར་བ་ལ་ངོ་བོ་མེད་དེ་འདས་མ་ཐག་པ་ལྟར་འཁོར་བ་ཡང་མ་སྤངས་པར་རང་བཞིན་གྱིས་དག་གོ། ༈ །ད་ནི་དྲུག་པ་བསྟན་ཏེ། དེ་ལྟར་དེ་དག་མཐའ་བརྟག་ན། །འཁོར་བའི་རང་བཞིན་མ་སྐྱེས་ཕྱིར། །ཅེས་པ་ལ་སོགས་པ་གསུངས་ཏེ། བཤད་པ་ལྟར་རྟགས་ཀྱི་ངོ་བོ་གཏན་ཚིགས་གསུམ་གྱིས་གཅལ་བས། དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་མ་སྐྱེས་པའི་ཕྱིར་བརྟག་པའི་རྒྱུད་དྲུག་སྤྱོད་ཡུལ་དང་བཅས་མ་སྐྱེས་ཏེ་སེམས་དེ་སེམས་ཉིད་དུ་ཤེས་པ་ནི་དེ་ཉིད་ལས་གཅིག་ཤོས་དང་གཞན་ན་མེད་དེ་དེ་ཉིད་ལ་བཏགས་པའོ། །ལོག་པའི་དབང་གིས་སྐྱེ་འཇིག་ཅན་ཉེ་བ་ནི་འཁྲུལ་པའི་སྣང་བའོ། །བརྟག་པའི་ཐ་སྙད་ཙམ་དང་རང་དང་སྤྱིའི་མཚན་ཉིད་འཛིན་པ་རྣམས་མིང་དང་ཐ་སྙད་དང་རང་དང་སྤྱིའི་མཚན་ཉིད་གཏན་ཚིགས་ཀྱིས་བཤིགས་ནས། བརྟགས་པའི་དངོས་པོ་ཐམས་ཅད་མ་གྲུབ་པས་མེད་དེ་རང་རིག་ཏུ་གསལ་ལ། དེ་ལྟར་རྟོགས་པའི་ཡེ་ཤེས་ནི་གཞན་ལས་མ་བྱུང་བས་རང་བྱུང་སྟེ་ལྟོས་པ་ཆེན་པོའོ། །རང་བཞིན་གྱི་གཏན་ཚིགས་ཀྱིས་སྣང་བརྟག་ཇི་སྙེད་པས་སེམས་རང་སྣང་བས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་མ་གྱུར་པ་མེད་པས་ཞིང་དག་པའོ། །འོ་བྱེད་པའི་སྒྲས་འཕྲལ་ལ་བྱས་སོ་བར་དོགས་པ་ལ། མ་བཅོས་ཤེས་པ་གཉེན་པོ་མེད་ཅིང་རྒྱུ་རྐྱེན་དང་བྲལ་བས། སེམས་རང་གི་ངང་གིས་ཡེ་ཤེས་སུ་གསལ་བས། འོན་ཏང་ན་བཤད་པ་ལྟར་མཐའ་མ་བསྒྲིབས་པས་དེ། སྐད་ཅེས་པ་ལ་སོགས་པ་གསུངས་སོ། །གང་གི་དེ་ལྟར་མངོན་སུམ་པ། །མཐའ་རྣམས་ལྟ་བས་ཡོངས་བྲལ་ཏེ། །སྤྱོད་ཡུལ་ཡོངས་སུ་དག་གྱུར་པ། །མཚན་ཉིད་དང་པོ་ཤེས་པར་བྱ། །ཞེས་པ་ལ་སོགས་པ་གོ་སླའོ། །རང་བཞིན་གྱིས་གནས་པའི་དོན་རྗེས་སུ་ཤེས་པའི་མཚན་ཉིད་ཅེས་པ་རང་བཞིན་གྱིས་དོན་རྗེས་སུ་དེ་ཉིད་གཏན་ཚིགས་ཀྱིས་ཤེས་པའོ། །རིམ་པ་དང་པོ་ཞེས་པ་གོ་སླའོ། །རིམ་པ་དང་པོའི་མདོར་འགྲེལ་པའོ། །རྫོགས་སོ། ༈ །ད་ནི་ལམ་གྱི་རིམ་པ་བསྟན་ཏེ། དེ་ཡང་གཞི་ལ་གནས་པའི་ཚུལ་བསྟན་པ་ནི། དེ་ནི་ཉམས་སུ་བླང་བའི་དོན། །མཚན་ཉིད་བར་མ་བཤད་པར་བྱ། །ཞེས་པ་ནི་དམ་བཅའ་བའོ། །དེ་ཉིད་གཞི་ཡི་དཔེས་མཚོན་ཏེ། །རྒྱུ་འབྲས་ཚུལ་གྱིས་འབྱུང་བ་ཡིན། །ཞེས་པ། ཞལ་གྱིས་བཞེས་པ་རྒྱུད་ལ་གནས་པའི་ཚུལ་གྱིས་མཚོན་ནས་གོང་འོག་རྒྱུ་འབྲས་བུ་ལྟ་བུ་བྱུང་བ་ནི། སྲིད་པ་སྐྱེ་བའི་རིམ་པ་ནི། །ཞེས་པའི་ཚིགས་བཞི་དང་གཅིག་ཏུ་གསུངས་པས། དང་པོ་ཁམས་དང་ལས་ཀྱི་རླུང་རིམ་པར་འདུས་པས་འཛིན་པ་དང་བྲལ་ཏེ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། དེ་ནས་བར་མ་ན་ལས་ཀྱི་རྫུ་འཕྲུལ་དང་ལྡན་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡིན་པ་སྟེ། སྒྲ་ཇི་བཞིན་དུ་ཤེས་པར་བྱའོ། །དེ་ཉིད་རྣམ་ཤེས་སྐད་ཅིག་མ། །ཞེས་པ་ལ་སོགས་པ་ནི། བར་མ་དོའི་ཀུན་གཞིའི་སྐད་ཅིག་མ་ཞེས་པའི་ཚིགས་བཞི་དང་། དེ་རླུང་གིས་མངལ་དུ་འཕངས་པས་འཕྲོ་འདུ་ལྟ་བུ་དེ་ཉིད་ཕ་མའི་ས་བོན་གྱིས་དང་། འདྲེས་པ་གདན་ཉི་ཟླ་ལྟ་བུ་སྟེ། མིང་གཞི་དང་གཟུགས་སོ། །དེ་ཕ་མ་གཉིས་ཀྱི་རྩ་གནས་ཀྱི་ཁུ་བའི་ལས་ཀྱི་ཤ་རུས་ལ་སོགས་པ་སྐྱེད་པའི་ནུས་པ་ཅན་གཉིས་ཤེས་པ་གསུམ་འདྲེས་པ་ལའང་རླུང་གིས་བསྐུལ་བས། དབྱིབས་སུ་གྱུར་པ་ནི་ཐུགས་ཀྱི་ཆོ་ག་ཡིན་ནོ། །དེ་ལའང་རླུང་གིས་བསྐུལ་བས་ཡན་ལག་ཐམས་ཅད་རྫོགས་པའི་སྐུའི་ཆོ་ག་ཡིན་ཏེ། དེ་ལ་བདག་ཏུ་འཛིན་པའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ལོ། །མའི་རིམ་གྲོས་ལུས་བསྟན་པ་དང་། ཚིག་གི་བརྡས་སྨྲ་བ་གྲོལ་བ་དང་། དེའི་སྒོ་ནས་དོན་ཤེས་པ་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ལོ། །དེ་ནས་དངོས་པོ་ཀུན་ཤེས་པ་དང་། ནོར་རྫས་དང་། འདོད་པ་ལྔ་ལ་སྤྱོད་པ་ནི་ཡུམ་དང་མཆོད་པའོ། །རྐྱེན་ལྡན་ཕུང་པོ་རྒྱས་པ་དེས། །ཞེས་པ་ལ་སོགས་པ་ནི། བཤད་པའི་རྐྱེན་གྱིས་ཕུང་པོ་ལྔ་རྒྱས་པ་དང་། རྟོག་པ་རྒྱས་པ་སྤྲོས་བཅས་ཀྱི་ཏིང་ངེ་འཛིན་ནོ། །ཐམས་ཅད་ལས་ལ་ཐོགས་མེད་ཅིང་། །ཞེས་པ་ལ་སོགས་པ་ནི། དེ་ནས་ནུས་པ་དང་སྤྱོད་ཡུལ་ཐམས་ཅད་རྩོལ་བ་དང་བྲལ་བར་རྟོགས་པ་རང་སྣང་བས་རང་གནས་ཀྱི་ཏིང་ངེ་འཛིན་ནོ། །འབྲུ་ཞིབ་ཏུ་མ་བཤད་དོ། །རང་བཞིན་དག་པའི་སངས་རྒྱས་ཀྱང་། །ཐབས་དང་ལྷན་ཅིག་མི་གནས་པ། །གཟུང་འཛིན་བཅིང་བས་བཅིངས་པར་འགྱུར། །ཞེས་པ། སྣང་བརྟགས་ཀྱི་ཆོས་ཐམས་ཅད་སེམས་རང་སྣང་བས་སྐུ་དང་ཡེ་ཤེས་སུ་སངས་རྒྱས་ཏེ། མི་མཐུན་པ་ནི་མ་ཤེས་ན་མི་ལྡན་ཞེས་བྱའོ། །དེ་ཡང་གཉིས་དང་མི་ལྡན་པས་འཛིན་པ་གཉིས་ཀྱིས་མི་ཐར་ཏེ། བཤད་པ་དེ་དག་ཉིད་རང་བཞིན་གྱི་དཔེའི་ཚུལ་གྱིས་མཚོན་ནས་གཉིས་པ་དང་། བསྡུ་བའི་འབྲས་བུའོ། །འོན་ཏང་ན་རིམ་པ་ལྔ་པ་ཡོངས་སུ་རྫོགས་པའི་ཕྱིར་རྣལ་འབྱོར་པའི་ལམ་ལྔ་ཡང་དཔེ་དེ་བཞིན་དུ་ཤེས་པས། དེ་ཉིད་ཚུལ་གྱིས་འཇུག་སོགས་པའི། །རིམ་པ་ཡོངས་སུ་རྫོགས་པའི་ཕྱིར། །ལམ་གྱི་ཚུལ་ཡང་དེ་བཞིན་ཤེས། །ཞེས་གསུངས་སོ། ༈ །ད་ནི་ལམ་རང་གི་ངོ་བོ་བསྟན་ཏེ། །དང་པོ་ལའང་གཉིས་ལས། འདིར་མདོར་བསྟན་པ་ནི། རིམ་པར་རྗེས་འཇུག་དོན་ཉིད་ནི། །ཞེས་པ། རིམ་པ་དང་པོའི་རང་བཞིན་རྟོགས་པའི་རྗེས་སུ་དེ་བཞིན་ཉིད་ཀྱི་ཉམས་སུ་བླངས་པའི་དོན་ལ་འཇུག་གོ། །འོ་ན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དངོས་པོ་གང་སྙམ་པ་ལ། སྔོན་དུ་བྱ་བའི་ལས་བྱས་ནས། །ཤིན་ཏུ་དབེན་པའི་ས་ཕྱོགས་སུ། །ཞེས་པ། ཏིང་ངེ་འཛིན་ལ་འཇུག་པའི་དང་པོར་བསོད་ནམས་ཀྱི་དཔུང་བསྐྱེད་པ་དང་། དེ་ནས་བསམ་གཏན་དགྲ་ལས་རིང་བའི་གཞུང་དང་མཐུན་པར་རྫས་དང་ལྡན་པར་བྱས་ལ། རང་བཞིན་མཉམ་པའི་རྗེས་མཐུན་པར། །རང་བཞིན་ཉིད་ལ་མཉམ་སྦྱོར་ཕྱིར། །དམ་པའི་དོན་གྱིས་བསྒོམ་པར་བྱ། །ཞེས་པ། ལུགས་ཉིད་ཀྱིས་དངོས་པོ་གཉིས་ཀྱིས་བསྡུས་པ་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཉིད་ལས་ཅིར་ཡང་སྣང་སྟེ། སྣང་བ་ཐམས་ཅད་སེམས་ཉིད་དུ་གསལ་བས་ཐམས་ཅད་ཡེ་ཤེས་སུ་བྱུངས་ཐེབས་པ་ནི། སྲང་མེ་དཔེས་མཉམ་པ་ཆེན་པོ་དེའི་དོན་རྟོག་པ་ཡང་ཡུལ་གྱི་ཤེས་པའི་དཔེས་རྗེས་སུ་མཐུན་ནོ། །ཆོས་ཐམས་ཅད་སེམས་ཉིད་དུ་གསལ་ལ་སེམས་རང་གི་ངོ་བོ་ཅིར་ཡང་མ་གྲུབ་པའི་དོན་ལ་བློས་ཆུད་པར་བྱས་པ་ནི་དེར་སོན་པའོ། །གཏན་ཚིགས་ནི་འདས་མ་ཐག་པ་ཉིད་དེ་བཞིན་གཤེགས་པ་ཡིན་པའི་ཕྱིར་ཞེས་བྱ། དམ་པའི་དོན་གྱི་བསྒོམ་པར་བྱ། །ཞེས་པ་ལ་སོགས་པ་ནི་རང་རིག་པའི་ཡེ་ཤེས་མ་བསྒྲིབས་པ་ནི་དོན་དམ་པ་ཞེས་ཐ་སྙད་དུ་འདོགས་པ་དེ་ཡང་བཞིན་ཅི་འདྲ་བའི་དོན་ཆུད་པའི་བློས་བསམ་པ་ལ། ཐ་སྙད་དུ་སྒོམ་ཞེས་བྱ། དེ་ཡང་ལམ་གྱི་ལུགས་ཀྱིས་མ་འགག་པར་སྣང་བ་ཡང་མི་འཛིན་པས་སེམས་གཉིས་སོ། །ཏིང་ངེ་འཛིན་ལ་ཡེངས་པར་གནས་དགོས་པ། བྱང་ཆུབ་མཆོག་ལ་གཟུད་པར་བྱ། །ཞེས་གསུངས་པས་སོ། །མཆོག་ཏུ་བདེ་བའི་ཞིང་གནས་པས། །མཉམ་རྫོགས་ཆེན་པོར་ལྷུན་གནས་ཤིང་། །བྱང་ཆུབ་སེམས་སུ་བརྟན་པར་གཟུང་། །བྱ་བ་བྱེད་པ་བྱེ་མེད་བྱ། །མི་གནས་གནས་ལ་གནས་པར་བསྒོམས། །ཞེས། ཆོས་ཐམས་ཅད་རང་གི་གསལ་བ་ལ་མཐའ་གཉིས་སུ་འཛིན་པ་མེད་པས་བདེ་བ་ཆེན་པོ་ཞེས་བྱའོ། །བསྒོམ་མ་ནོར་བའི་འབྲས་བུ་སྐྱེད་པ་སྟེ། དེ་ལ་ཡུལ་དང་བྲལ་བར་གནས་པས། བཤད་པའི་དཔེ་གསུམ་ཉིད་སྐུ་དང་ཡེ་ཤེས་སུ་ཐོག་མ་ནས་སངས་རྒྱས་པ་ནི་རྫོགས་པ་ཆེན་པོའོ། །དེ་ལ་གཞན་དག་ལྟར་འཇུག་པ་པོ་མི་རྩོལ་བར་བསྟན་པ་དང་། སེམས་ཉིད་ཀྱི་རྩལ་དང་། རང་བཞིན་མ་སྐྱེས་པ་གཉིས་སུ་མེད་པ་སྟེ། དེ་ལ་བློ་མ་ཡེངས་པ་ལ་དེ་སྐད་ཅེས་བྱའོ། །དེ་ལ་བློས་མཉམ་པར་དག་པ་ཡང་སྣང་སྤྱོད་མི་འགག་པ་དང་། མི་འཛིན་པ་དང་། སེམས་ཉིད་ནི་དངོས་པོ་ཅིར་ཡང་མ་གྲུབ་བཞིན་དུ་བསྒྲུབ་བྱ་ཐམས་ཅད་ལྷུན་གྱིས་གྲུབ་པ་ཇི་བཞིན་པ་དེ་ལ་འཇུག་པ་པོས་ཀྱང་བློ་མ་ཡེངས་པར་གནས་པར་བྱའོ། །དེ་ཡང་རྒྱས་པར་བསྟན་ན་ཐབས་ནི་ཅི་ལུས་ནི་དུ་སྙམ་པ་ལ། གཏན་ཚིགས་རྒྱས་པར་ལུས་གཞན་དང་། །ཞེས་པ་ལ་སོག་པ་གསུངས་ཏེ། འབྲུ་ནི་སླ། དེ་ཡང་ཐོག་མར་བསྟན་པ་ལ་ཡང་གསུམ་ལས། སྤྱོད་ཡུལ་ཡོངས་སུ་དག་པའི་དགོས་ཆེད་གང་སྙམ་པ་ལ། འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཆོས་རྣམས་མ་ལུས་རང་བཞིན་ནི། །མ་སྐྱེས་སེམས་ལས་ཅིར་ཡང་སྣང་། །དེ་ཕྱིར་བདེན་གཉིས་རྒྱུ་འབྲས་ཚུལ། །གསེར་ལས་བྱས་པའི་རྫས་རྣམས་ཀུན། །མིང་ལས་མཚན་མ་སོ་སོ་ཡང་། །ཐམས་ཅད་གསེར་གྱི་ངོ་བོ་བཞིན། །ཞེས་པ། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་རྫོགས་པ་ལ་ངང་གིས་སྐྱེ་འཇིག་དང་བྲལ་བ་ལ། དེ་མངོན་དུ་གྱུར་པ་ཡང་ཡུལ་དང་མ་བྲལ་བས་སྐད་ཅིག་མའི་རྒྱུན་ལས་གྲོལ་བའི་ཡེ་ཤེས་ཉིད། སྐུ་དང་གསུང་དང་ཐུགས་ལ་སོགས་པར་སྣང་བ་ལ་གདུང་བ་གཉིས་མེད་པ་ནི་འདས་པའོ། །རང་བཞིན་དག་ཀྱང་ལོག་པར་རྟོག་པས་རྟོག་པ་ནུས་པ་ཅན་དུ་གྱུར་པ་ཉིད་ཕུང་པོ་ལྔ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་ནི་རྨི་ལམ་གྱི་དཔེ་བཞིན་སྐྱེ་འཇིག་ཚད་མ་སྣང་སྟེ། འོན་ཏང་ན་རང་བཞིན་མ་ཡིན་པ་རྣམས་སོ། །དེ་ལྟར་སྣང་ཡང་རང་བཞིན་ནི་བརྟགས་པ་ཙམ་ལས་མ་གྲུབ་སྟེ་སེམས་རང་དེ་དག་ཏུ་སྣང་ལ་སེམས་ཉིད་མ་འགགས་པའི་རོལ་པ་ཅིར་ཡང་སྣང་བས་གཏན་ཚིགས་སོ། །འོན་ཏང་ཐམས་ཅད་མ་སྐྱེས་པའི་ངང་ལས་ཡེ་ཤེས་སུ་གསལ་བས་ཐ་སྙད་དུ་རྒྱུ་འབྲས་སོ། །དེ་དཔེ་གང་གིས་མཚོན་སྙམ་པ་ལ། གསེར་ལས་བྱས་པའི་རྫས་རྣམས་ཀུན་ཞེས་པ་གསུངས་ཏེ་འབྲུ་མ་བཅོམ་མོ། །སེམས་ཉིད་རིག་དང་མ་རིག་ལས། འདས་དང་མ་འདས་ཅིར་ཡང་སྣང་། །ཐམས་ཅད་རང་རིག་ངོ་བོའི་ཕྱིར། །རང་བཞིན་གྱིས་ནི་དག་པས་ན། །ཞེས་པ། ཐ་སྙད་ཐམས་ཅད་སེམས་རང་བྱུང་གི་ཡེ་ཤེས་སུ་མ་བཙལ་བར་གསེར་དང་འདྲ་བ་ལ། འགའ་བ་དང་འདྲ་བར་ཇི་བཞིན་པར་ཤེས་པའི་རིག་པ་དང་། ལྷན་ཅིག་པའི་རྒྱུ་མ་ངེས་པའི་ཤེས་པ་གཉིས་འབྱུང་ཁུངས་སོ། །འོན་ཏང་ན་མཚན་པ་དང་འདྲ་བའི་བཤད་པ་གཉིས་སྣང་བའི་དུས་ན་ངོ་བོ་དང་ལས་དང་བརྟགས་པ་སོ་སོ་ཇི་བཞིན་ལྟར་སྣང་ཡང་། དངོས་པོ་གསུམ་པོ་ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་སྣང་བས་ངོ་བོ་སེམས་སུ་མ་གཡོས་པའི་ཕྱིར་བརྟགས་པ་གཉིས་ཀྱི་རང་བཞིན་སྣང་ཙམ་ན་དག་པས་མ་བཟུང་བས་གཅིག་ཅེས་བྱ། འོ་ན་མ་སྐྱེས་པར་སྒོམ་མོ་སྙམ་པ་ལ། སྒྱུ་མ་སྟོང་སོགས་རྣམ་གྲངས་ཀུན། །བདེན་གཉིས་དབྱེར་མེད་ཡེ་ཤེས་དང་། །དཀྱིལ་འཁོར་ལ་སོགས་དོན་རྣམས་ཀུན། །དེ་ཉིད་རྗེས་སུ་བརྗོད་པ་ཡིན། །ཞེས་གསུངས་ཏེ། གཉིས་ནི་སྒྲ་ཇི་བཞིན་ནོ། །དཀྱིལ་འཁོར་དང་བསྡུ་བ་ནི། ལྷ་ལ་སོགས་པ་དོན་དམ་པའི་རྣམ་གྲངས་ཐམས་ཅད་འདས་མ་ཐག་པ་ཉིད་ལ་སྐབས་ཀྱིས་བརྟགས་པའོ། །འོན་ཏང་ན་དེ་དག་ཏུ་ཡང་ཡིད་ལ་མི་བྱའོ། །རང་བཞིན་གཏན་ཚིགས་སྔོན་སོང་བས། གསུམ་སོགས་གཏན་ཚིགས་རྗེས་སུ་གསུངས། །ཞེས་པ། བཤད་པ་ནི་རང་བཞིན་གཏན་ཚིགས་ཞེས་བྱ་སྟེ། སྔ་ནས་ཡིན་པས་ནི་སོང་བའོ། །གཅིག་བོར་བ་རྣམས་ནི་དེའི་རྗེས་སུ་གསུངས་པ་དང་པོར་ཐག་གཅད་དོ། །དེ་རྗེས་ཉམས་བླངས་དགོས་ཆེད་ནི། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་པ། །ཞེས་པ་ནི། དེ་ལྟར་རྟོག་པའི་རྗེས་སུ་དེ་བཞིན་ཉིད་ཀྱིས་ཉམས་སུ་བླངས་པའི་དགོས་ཆེད་ནི། ཞེས་པ། དེ་ཡང་དེ་བཞིན་ཉིད་སྒྲུབ་ཐབས་ཀྱི་སྔོན་དུ་བྱ་བའི་དགོས་ཆེད་ནི། རིག་པ་རང་སྣང་བའི་ཆོས་ཐམས་ཅད་མ་སྐྱེས་པའི་ཡེ་ཤེས་སུ་གསལ་བས་ལྷ་དང་ལྷ་མོར་སངས་རྒྱས་པ་ནི། སྤྱོད་ཡུལ་ཡོངས་སུ་དག་པས་བགྲང་བ་ལས་འདས་ཏེ། ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཐོབ་པ་གང་ཞེ་ན། མི་དམིགས་དབྱིངས་ནས་དོན་འབྱིན་ཕྱིར། །མ་བཅོས་ཇི་བཞིན་ངང་བཞག་ན། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས། །ཡེ་ཤེས་སྤྲུལ་པ་སྣ་ཚོགས་འགྲུབ། །ཅེས་པ། ཐ་སྙད་ཐམས་ཅད་སེམས་ཉིད་དུ་གསལ་བ་ནི་བསྒོམ་བྱ་དང་སྒོམ་བྱེད་མེད་པས་མཉམ་པ་ཉིད་ཀྱི་དབྱིངས་སོ། །དེའི་དོན་གསལ་བ་ལས་འབྲས་བུ་སྣང་སྟེ། འོན་ཏང་སྒོམ་པོའི་བློ་ཡང་གཉེན་པོ་མ་བཙལ་བར་དེ་བཞིན་ཉིད་དུ་རང་གསལ་བའི་ཐ་སྙད་དུ་བཞག་པའོ། །རྒྱུ་མཚན་ནི་བཤད་པ་ལྟར་ན་འཆད་པ་ཉིད་འབྱུང་ཞེས་བྱ། དེ་ཡང་སེམས་རང་སྣང་བའི་ཆོས་ཐམས་ཅད་སྐུ་གསུང་ཐུགས་ལ་སོགས་པར་གདོད་མ་ནས་རྫོགས་པར་རང་སྣང་བས་དེ་སྐད་ཅེས་བྱའོ། །དེ་ཡང་ལམ་གྱི་ལུགས་ཀྱིས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཐམས་ཅད་སེམས་ཉིད་གསལ་བ་ལ། སྤྱོད་ཡུལ་དག་པ་ཉིད་ཡེ་ཤེས་ལྔར་རྩལ་རྫོགས་པ་ནི་གཞིའོ། །དེ་ལ་རིམ་པ་གསུམ་གྱིས་ལས་སུ་རུང་བར་བྱས་ན། ཡེ་ཤེས་རང་སྣང་བའི་སྐུ་དང་ཡེ་ཤེས་བསམ་ཡས་པ་ཐོབ་པ་ནི་ཐ་མའོ། །ཁོ་ན་ཁས་བླངས་པའི་ངོ་བོ་གང་སྙམ་པ་ལ། སྤྱོད་ཡུལ་ཐམས་ཅད་མཎྜལ། ལོངས་སྤྱོད་སྐུ་དང་སངས་རྒྱས་ཞིང་། །ཇི་ལྟར་འདོད་པ་སྨོན་པ་འགྲུབ། །ཅེས་གསུངས་ཏེ། དབང་པོ་ཤེས་པ་དང་། རྣམ་ཤེས་ཀྱི་དཀྱིལ་འཁོར་དང་། གཟུགས་ལ་སོགས་པ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསལ་ཞིང་། དེ་ཡང་གདུལ་བྱའི་འདོད་པ་ལྔ་ལ་སོགས་པ་ལྷ་མོ་ལ་སོགས་པ་དང་། སྐུ་གསུང་ལ་སོགས་པ་དང་། ཞིང་རྣམ་པར་དག་པ་ཡང་རང་ཇི་ལྟར་སྨོན་པ་བཞིན་བཙལ་མི་དགོས་པར་འདོད་པ་བཞིན་ཐོབ་པའོ། །འོ་ན་ལྷུན་གྱིས་གྲུབ་པའི་ངང་ཉིད་གང་སྙམ་པ་ལ། ཡངས་ཤིང་རྒྱ་ཆེ་ལྷུན་གྲུབ་ནི། །ཕྱི་ནང་སྣོད་བཅུད་ཡེ་ཤེས་དག །དག་རྟོག་ཉིད་དང་དབྱིངས་ཉིད་ཡིན། །འདི་ནི་རྡོ་རྗེ་མཉམ་ཡིན་ནོ། །ཞེས་པས་བསྟན་ཏེ། སེམས་ཉིད་མ་སྐྱེས་པའི་ཀློང་དུ་ཐ་སྙད་ཐམས་ཅད་བྱུངས་ཐེབས་པའི་རང་བཞིིན་དང་ཡོན་ཏན་ལྷུན་གྱིས་གྲུབ་པ་སྟེ། དེ་ཡང་གཞན་ན་མེད་དེ་བརྟག་པའི་ཐ་སྙད་གཉིས་ཀྱིས་བསྡུས་པ་ཉིད་གཞན་དག་ལྟར་གཉེན་པོས་མ་བཅོས་པས་སེམས་ཉིད་དུ་འོད་གསལ་བ་ལ། གཉིས་མ་གྲུབ་པ་ནི་མ་སྤངས་དག་པ་ཞེས་བྱ། དེ་ལྟར་དག་པ་ཡང་བརྟགས་པ་ལས་སེམས་ཉིད་ལས་མ་གྲུབ་པ་དབྱིངས་སོ། །ཉེ་བ་ནི་བཤད་མ་ཐག་པའོ། །སེམས་རང་གི་ཡེ་ཤེས་སུ་རང་སྣང་བ་དང་། སྣང་བའི་དངོས་པོ་རྣམས་བསྒྲུབ་བྱར་རྫོགས་པ་དང་། དེ་ཡང་སྤྲོས་པ་ཉིད་གཅད་པ་ནི་ཐ་སྙད་གཉིས་ལས་ཡང་བྲལ་བས་དེ་ལ་དེ་སྐད་ཅེས་བྱའོ། །འོ་ན་བློས་མཉམ་པར་དག་པ་ལ་དགོས་པ་ཅི་ཡོད་སྙམ་པ་ལ། ལྷུན་གྲུབ་ཇི་ལྟར་འདོད་སྣང་བའི། །གཉིས་སོགས་མཚན་མ་མ་བསྒྲིབས་ཕྱིར། །ཞེས་སོ། །སེམས་རང་སྣང་བའི་ཐ་སྙད་ཐམས་ཅད་ཡེ་ཤེས་སུ་གསལ་བས་སྐུ་དང་ཡེ་ཤེས་སུ་རྫོགས་པར་རང་ཆས་སུ་ཡོད་པ་དེ་ཇི་ལྟར་འདོད་པ་ལྟར་སྣང་བའི་རྒྱུ་ཡིན་པ་ལ། སྣང་བ་མ་ཤེས་པས་གཟུང་འཛིན་གཉིས་དང་། རྣམ་པར་རྟོག་པས་བསྒྲིབས་ནས་མི་སྣང་བས་དེ་བཞིན་ཉིད་བསྒོམ་དགོས་ཏེ། དཔེར་ན། བྱིས་པ་རྣམ་པ་གཉིས་ནི་ལས་ཀྱི་བྱ་བྱེད། །རྩོལ་བའི་བྱ་བྱེད་ཀྱིས་སེམས་ལོག་པར་གཡེང་བ་བཞིན་དུ། ལུགས་ནི་ཐབས་ཀྱི་མ་ཡིན་པ་རྣམས་སེམས་ཀྱི་བྱ་བྱེད་རྣམས་དང་སེམས་ཉིད་དུ་ཤེས་པ་ལ་དེ་དག་མ་གྲུབ་པས། འཛིན་པ་མེད་པར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་བཤད་པ་རྣམས་སེམས་སུ་དབང་བསྒྱུར་ནས་བྱ་བྱེད་ཀྱི་མཚན་མ་རྣམས་སེམས་སུ་རང་དངས་པ་ལས་བྱ་བྱེད་མི་སྣང་བས་དེ་སྐད་ཅེས་བྱའོ། །འདས་པ་རྣམས་ནི་ལུས་ཐོག་མ་སྟེ་དགོས་ཆེད་དོ། །དེ་བས་ན། ཇི་ལྟར་བྱིས་པ་ཤེས་མ་བྱེད། །ཞེས་པ་སོགས་དྲུག་གསུངས་སོ། ༈ །ད་ནི་བློ་བཞག་པ་བསྟན་ཏེ། །དངོས་གྲུབ་མྱུར་དུ་ཐོབ་འདོད་ན། །ཤིན་ཏུ་ཕྲ་ཞིང་ཟབ་པར་བསྒོམ། །བདག་དང་བདག་གི་གཞན་རྣམས་ནི། །ཤིན་ཏུ་མི་དམིགས་དབྱིངས་སུ་བསྒོམ། །ཞེས་པ། འཆད་པར་འགྱུར་ཉིད་ལུས་མ་བསྐྱུད་པར་ཐོབ་པར་འདོད་པས། ཇི་ལྟར་བསྒོམ་ན། ཆོས་ཐམས་ཅད་སེམས་སུ་གསལ་བ་རང་གི་ངོ་བོ་ཅིར་ཡང་མ་གྲུབ་པ་ལ། བློ་འདི་འདྲ་མ་དམིགས་པར་བསྒོམ་མོ། །དེ་ཡང་སྒོམ་པར་བྱེད་པ་དང་། ཏིང་ངེ་འཛིན་གྱི་ངོ་བོ་དང་ཡུལ་དུ་སྣང་བ་རྣམས་ནི་རང་གི་རིག་པ་མ་སྐྱེས་པར་རང་གིས་རང་གསལ་བ་ལ་ཀ་ནས་དག་སྟེ། སེམས་སུ་གསལ་བ་ནི་དབྱིངས་གཉིས་ལས་མཉམ་པ་ཉིད་ཀྱི་དབྱིངས་སོ། །དེ་ལ་ཐ་སྙད་དུ་སྒོམ་ཞེས་བྱའོ། །འོ་ན་འཇོག་ལུགས་ཅི་སྙམ་པ་ལ། རང་བཞིན་མཐོང་བས་དོན་མེད་ཕྱིར། །དེ་ཉིད་རྗེས་སུ་མངོན་བྱས་པ། །ཐབས་ཀྱི་དམ་པ་དེ་བཤད་དེ། །ཡང་དག་གཉིས་མེད་བྱང་ཆུབ་སེམས། །ཞེས་པ། དེ་ལྟར་བསྒོམ་པ་ཡང་དངོས་པོ་རྣམས་ཀྱི་རང་བཞིན་ཇི་ལྟར་རྣམ་པར་ཤེས་པ་ལས་ཤེས་བྱ་གཞན་མེད་པའི་ཕྱིར། བཤད་པ་ཉིད་རྟོགས་པའི་ལྟ་བའི་རྗེས་སུ་ཏིང་ངེ་འཛིན་གྱི་ཡུལ་མེད་པར་ཉམས་སུ་བླངས་པ་དེ་ལྟོས་པའི་ཀུན་བརྟག་པས་ཀུན་ལས་ཁྱད་པར་དུ་གྱུར་པས་དེ་ལ་དེ་སྐད་ཅེས་བྱའོ། །དེ་རང་གི་ངོ་བོ་ནི་རང་རིག་སྟེ་མཐའ་གཉིས་དག་པའི་ཡེ་ཤེས་འོན་ཏང་ན་རང་གི་ངོ་བོ་ནི་སེམས་ཉིད་དུ་གསལ་བ་དང་། སེམས་མ་བསྒྲིབས་པར་རང་བྱུང་བ་དང་། བསྡུས་པ་ནི་སེམས་ཉིད་དུ་ཐམས་ཅད་སྣང་བ་དང་། སྣང་བ་རྣམས་ཀྱང་སེམས་སུ་མི་ཕྱེད་པ་རྣམས་སོ། །ཅིར་ཡང་མ་གྲུབ་ཅི་བརྟགས་པའི་ཤར་ལ་སོགས་པ་དང་ཕྱི་དང་། ནང་དང་། འཁོར་བ་དང་། ཅིག་ཤོས་དང་། ངོ་བོ་ཅིར་ཡང་མ་གྲུབ་པས་དེ་སྙམས་སུ་ལོན་པ་ཡང་བཤད་པ་རྣམས་སུ་མ་འཛིན་ཏེ། རྟོག་པ་དང་འདས་མ་ཐག་པ་རྣམས་ཅི་བྱུང་ཡང་སྨིག་རྒྱུ་ཆུར་ཤེས་པ་བཞིན་དུ། ཤེས་པ་གང་ལ་ཡང་གནས་པར་མི་བྱའོ། །དེ་བས་ན། སྣང་སྟོང་ལ་སོགས་གང་མིན་ཞིང་། །ཞེས་པ་ཚིགས་བཅད་གཅིག་གསུངས་སོ། །འོ་ན་ཐབས་གོལ་བ་གང་ཡིན་སྙམ་པ་ལ། གང་ཞིག་དམིགས་ནས་གསལ་བ་ནི། །བསྒོམ་པར་བྱ་བ་སྒོམ་པ་མིན། །ཞེས་གསུངས་ཏེ། འཇུག་པ་པོ་མན་ངག་གིས་མ་ཟིན་པ་རྣམས་དེ་བཞིན་ཉིད་ཡུལ་དུ་བྱས་ནས། མཐོང་བ་ནི་དམིགས་པ་ཡོད་པའི་ཕྱིར། བསྒོམ་བྱ་སྒོམ་བྱེད་མ་བྲལ་བས་ལུགས་དང་མི་འཐད་དོ། །འོ་ན་མཉམ་པར་དག་པ་ཉིད་གང་སྙམ་པ་ལས། ཡོད་མེད་ལ་སོགས་མཐའ་དབུས་ཆོས། །གང་ཡང་དངས་སུ་མ་བླངས་ཤིང་། །སེམས་ཀྱིས་མངོན་པར་མ་ཕྱོགས་པ། །ཐ་སྙད་ཙམ་དུ་མཉམ་ཞག་གོ། །ཞེས་འབྱུང་སྟེ། དངོས་པོར་འཛིན་པ་དང་། མཚན་མར་འཛིན་པ་དང་། བསྡུས་པ་ནི་མཐའ་རྣམས་དང་། མཐའ་བླན་པའི་དབུས་སུ་འཛིན་པའི་ཆོས་རྣམས་སོ། །དེ་གང་ཡང་ཉམས་སུ་བླང་བ་དང་། ཏིང་ངེ་འཛིན་གྱིས་རྗེས་སུ་མ་ཞུགས་ན། སྲང་གི་བཞིན་མཉམ་པ་ཉིད་དོ། །འོ་ན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་གང་སྙམ་པ་ལ། བསམ་བྱ་དམིགས་སུ་མེད་པས་ན། །གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་རང་སྣང་བས། །བསྒོམ་པའི་མཆོག་ཏུ་དེ་གསུངས་སོ། །ཞེས་པས་བསྟན་ཏེ། གཞན་སྤངས་པའི་ལུགས་གཉིས་ནི། ཐ་སྙད་ཐམས་ཅད་ཀྱི་རྩ་བ་སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་སྟོང་པའི་ཡང་སྟོང་པ་སྟེ་དེ་བཞིན་ཉིད་དོ། །འོན་ཏང་སེམས་ཆོས་ཉིད་ལས། དེ་བཞིན་ཉིད་ཡུལ་དུ་མི་དམིགས་ཏེ། ཡུལ་མ་གྲུབ་ལ་འཛིན་པ་མེད་པ་ནི་བྲལ་བའོ། །དེ་ལྟར་ཆུབ་པའི་རིག་པ་ཉིད་རིག་པ་མ་ཡེངས་པར་མཉམ་པའི་དབྱིངས་ལས་མི་དམིགས་པར་མ་སྐྱེས་པ་ཉིད་རང་གསལ་བ་ནི་ལུགས་མ་ནོར་བ་བཞག་པ་ལས་འཕགས་སོ། ༈ །ད་ནི་མི་མཐུན་པ་སྟེ། ཡིད་ལ་བྱེད་དང་བྱིང་རྒོད་དང་། །ཞེས་པ་ལ་སོགས་པ་གསུངས་པ་ནི། བསྒོམ་བྱའི་ཡུལ་གཅིག་ཡིད་ལ་བྱེད་པ་དང་། ཏིང་ངེ་འཛིན་བྱིང་བ་དང་། སེམས་ཡུལ་ལས་སྤྲོས་པ་དང་། ཆོས་ཉིད་ཉམས་སུ་མྱོང་བ་དང་། འདུ་ཤེས་ཀྱི་ཡུལ་དུ་བཟུང་བ་དང་། སྣང་བའི་ཆོས་རྣམས་འགོག་པ་དང་། ཤེས་པ་གཏིང་འགག་པ་དང་། རྟོག་པ་སྐྱེས་པའི་རྗེས་སུ་འབྲངས་པ་དང་། དོན་ལ་བློ་ཆགས་པ་དང་། རྟོག་པ་སྐྱེས་པ་ཞེ་སྡང་སྐྱེས་པ་དང་། དོན་ལ་བློ་གསལ་དུ་རེ་བ་འཇོག་པ་དང་། འབྲས་བུ་གཞན་ལ་རེ་བ་དང་། གོལ་སར་ལྟུང་དུ་དོགས་པ་དང་། ཏིང་ངེ་འཛིན་ངོ་ལ་བདག་ཏུ་འཛིན་པ་དང་། བློ་གཉེན་པོ་བརྟེན་ནས་འཆོས་པ་དང་། ཆོས་ཉིད་ཡུལ་དུ་བྱས་ནས་བློ་གནས་པ་དང་། ཡུལ་ལ་དམིགས་པའི་རྟེན་འཆའ་བ་དང་། སེམས་ནང་དུ་སྡུད་པ་དང་། དོན་གྱི་ངོ་བོ་མངོན་དུ་བྱེད་པ་དང་། དོན་ལ་སེམས་མི་འགྱུ་བ་དང་། རང་བཞིན་དྲན་པར་མི་ཕྱེད་པ་རྟོག་པ་སྐྱེས་པ་དང་། ཕྱལ་པར་རྫོགས་པ་དང་། ཉི་ཤུ་པོ་དེ་དག་ནི་བདག་ཏུ་འཛིན་པ་ལས་བྱུང་བས་ཕྱིན་ཅི་ལོག་གི་འདུ་ཤེས་ཅེས་བྱ་སྟེ། འོན་ཏང་འདུ་ཤེས་དེ་རྣམས་དང་བྲལ་བ་ནི་ལམ་ཡིན་པས་འཕགས་སོ། །འོ་ན་སྟོང་པར་བསྒོམ་ནའང་རུང་ངམ་ཞེ་ན། སྟོང་པ་ཉིད་དུ་ཡིད་ལ་བྱེད་ན་དེ་བཞིན་ཉིད་མ་མཐོང་བས་དམན་པའི་སེམས་སོ། །འབྲུ་ཞིབ་ཏུ་མ་བཅོམ་མོ། ༈ །ད་ནི་སེམས་བཅོས་པ་བསྟན་ཏེ། དེ་ཡི་རྒྱུ་བཅིང་ཞི་བ་སོགས། །གཡོ་འགུལ་དབང་གིས་ཅིར་ཡང་སྣང་། །རང་བཞིན་སེམས་ཉིད་ཡིན་ཤེས་པས། །མཚན་མ་གང་དུ་མི་དམིགས་ན། །ཞེས་པ་ནི། གཏན་ཚིགས་ནི་བཤད་ལ་སྙེགས་སོ། །བློ་མཉམ་པར་དག་པའི་ཚེ། རྟོག་པ་ཕྲ་བ་དང་། རགས་པ་དང་། བསྡུ་བ་ནི་གཅིག་ཤོས་པའི་རྟོག་པ་ལ་སོགས་པ་རྣམས་སེམས་མཉམ་པ་ལས་གཡོ་བ་དང་། བློ་བཞག་ཐབས་ལོག་པར་རྟོག་པ་དང་། མཚན་མ་སྐྱེས་པ་རྣམས་ནི་མཐུན་པའི་རྐྱེན་ཙམ་གྱིས་སྣང་ཡང་ངོ་བོ་མ་གྲུབ་བོ་ཞེས་བྱ། རང་བཞིན་ཞེས་པ། རྟོག་པ་དང་མཚན་མ་མ་སྐྱེས་པ་རྣམས་ནི་སེམས་ཉིད་དེ་དག་ཏུ་སྣང་བས་སེམས་ཉིད་དུ་ཤེས་པས། མཚན་མ་སེམས་ཉིད་དུ་ཤེས་པ་ལ་དེ་དག་ཏུ་མ་གྲུབ་པས། སེམས་ཀྱིས་མ་བཟུང་ན་གཞན་དག་ལྟར་གཉེན་པོས་བཅོས་སུ་མེད་པས་བཅོས་པའི་རྩོལ་བ་དང་བྲལ་བའི་ཕྱིར་མི་མཐུན་པ་ཡང་མ་གྲུབ་པ་ལ། གཉེན་པོ་ཡང་མ་གྲུབ་པའི་ཕྱིར་བཅོས་པའི་ཐ་སྙད་མེད་དེ། ལྷག་མ་ནི་འདོད་པ་ཉིད་དང་། དེ་ལས་མི་ཞན་པར་བསྟན་པ་དང་། མཚན་མ་རྣམས་སེམས་ཉིད་ཡིན་པར་ཤེས་པ་ལ། དེ་དག་སྣང་ཡང་མི་འཛིན་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་པའང་དེ་ཉིད་དོ། །དེ་བས་ན། ལས་སུ་རུང་བྱ་མེད་པའི་ཕྱིར། །ཐ་སྙད་ཀུན་ལས་གྲོལ་གྱུར་ཏེ། །མི་རྟོག་ཤེས་རབ་གཞན་དུ་མིན། །ཞེས་གསུངས་སོ། །འོན་ཏང་ན་བློ་བཞག་ཐབས་ཤེས་ན་གོལ་ས་ཡང་མེད་པར་བསྟན་ཏེ། གང་ཞིག་བསམ་ཞིག་དམིགས་ཡོད་ན། །ངེས་པར་དེ་ཉིད་གཡང་ས་ཡིན། །ཅི་ཡང་ཡིད་ལ་མི་བྱེད་པས། །གོལ་ས་ལྟུང་བ་ཅི་ཞིག་འོང་། །ཞེས་པས་བསྟན་ཏེ། དེ་ལ་གོལ་ས་ཤེས་པ་དང་། གང་དག་དམིགས་པ་ཅན་དང་ཐབས་ཆུང་བ་རྣམས་ཡིད་ཀྱི་བསམ་པ་དང་། ཡུལ་ཡོད་ན་ཐམས་ཅད་སེམས་སུ་གསལ་བའི་རིག་པ་མ་ཆུད་པས་ལྟུང་བ་ཡིན། གསུང་ཉིད་ནི་ཇི་སྙེད་པ་ཐམས་ཅད་སེམས་རང་སྣང་བས་བཏགས་པའི་ཡུལ་དང་བྲལ་ལ། སེམས་ནི་གཅིག་ཏུ་མི་རྙེད་པས། །འདུ་ཤེས་ཐམས་ཅད་དང་བྲལ་བ་ལ། གཡང་ས་ཉིད་དང་རྗེས་སུ་མཐུན་པས། སྒྲིབ་པ་གཉིས་དང་ཆོས་ཀྱི་དབྱིངས། །སྡུག་བསྔལ་ཉིད་དང་བྱང་ཆུབ་ལམ། །ཞེས་འབྱུང་ངོ་། །འོ་ན་གོང་དུ་བསྟན་པའི་མི་མཐུན་པ་རྣམས་ཀྱི་ངེས་པ་ནི་གང་སྙམ་པ་ལ། རང་བཞིན་གནས་དམིགས་མེད་གསུངས་ལ། ཞེན་བློས་གནས་དང་དམིགས་འབྱེད་པ། །གཟུང་འཛིན་ཞེས་ནི་དེ་ལ་བརྗོད། །ཅེས་པ། དེ་ལ་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་པས་གཅིག་ཏུ་མ་གྲུབ་པ་དང་། ཡུལ་མེད་པར་གསུངས་བཞིན་དུ། ཞེན་པའི་ལོག་རྟོག་བརྟས་པ་ནི། འདག་པར་དཀའ་བས་ཞེན་པ་སྟེ། ལོག་པའི་བློས་མངོན་ན། རྟོག་པའི་དབང་གི་དུས་སུ་ཡང་འཇུག་པའི་ཏིང་ངེ་འཛིན་གྱི་དེ་བཞིན་ཉིད་ལ་འབེབས་པ་དང་། ཡུལ་དུ་བྱེད་པ་རྣམས་ཀྱི་ནུབ་མི་བུ་བཞིན་དུ་ཞེས་མི་སྟོང་པས་དེ་ལ་དེ་སྐད་ཅེས་བྱའོ། །འོ་ན་མ་ནོར་བའི་སྒོམ་པ་ཉིད་གང་ཞེ་ན། མི་དམིགས་བསམ་པའང་གང་ཡོད་པ། །དེ་ཉིད་རྗེས་མཐུན་ཏིང་འཛིན་ཡིན། །ཞེས། དངོས་པོ་མཚན་མ་ལྟ་ཅི་སྨོས། །སྟོང་པའི་འདུ་ཤེས་ཙམ་དང་བྲལ་བ་ནི་རང་བཞིན་གྱི་དོན་མངོན་དུ་བྱས་པས་ཡང་དག་པའི་སྒོམ་པའོ། ༈ །ད་ནི་ཉམས་བསྟན་ཏེ། རིང་དུ་བྱས་པའི་རང་བཞིན་དག །ཅེས་པ་ལ་སོགས་པ་གསུངས་ཏེ། །བསྡུ་བ་ནི་བ་དང་ཚ་བ་ལ་སོགས་པའོ། །དེ་དག་འབྱུང་ཡང་རྗེས་སུ་མ་དམིགས་ན་མ་དམིགས་སོ། །གཅིག་ཤོས་རྗེས་སུ་མི་འཇུག་པའི་ཚུལ་གྱིས་སོ། །ཐ་སྙད་ཐམས་ཅད་སེམས་ཉིད་དུ་གསལ་བ་ཡང་ཡུལ་དང་བྲལ་བས་ངོ་བོ་དམིགས་སུ་མེད་དོ། །འབྲུ་སླ། ༈ །ད་ནི་སྤྱོད་པ་བཤད་དེ། དེ་རྗེས་མཐུན་པའི་སྤྱོད་པ་ཡང་། །ལས་དང་སྤྱོད་པ་ཐམས་ཅད་ལ། །རང་བཞིན་བདག་ཕྱིར་མི་དམིགས་ཤིང་། །བྱས་མཐོང་ཟོས་པ་ཅི་ཡང་མེད། །གང་ཡང་བྱ་བྱེད་ཚུལ་གྱིས་བྱ། །ཤིན་ཏུ་ཡང་ཞིང་འགྱུར་བར་རིགས། །ཞེས་པ་སྟེ། །དེ་ལ་སྙེགས་པ་ནི་ཐབས་སོ། །རྗེས་སུ་འཇུག་པའི་འཆད་པར་གྱུར་བའོ། །མཐུན་པ་ནི་ལུས་གཉིས་སོ། །དེ་ཡང་སྒོ་གསུམ་གྱི་བྱ་བྱེད་དང་། གཞུང་གི་སྤྱོད་པ་ཅི་བྱེད་པ་ཐམས་ཅད་ལ་འཇུག་པ་ཉིད་ནི། སེམས་ཉིད་དུ་ཤེས་པས། སྤྱད་བྱ་སྤྱོད་བྱེད་མ་གྲུབ་ཅིང་བྱས་པ་ཉིད་ན་དངོས་པོ་མ་གྲུབ་པས། ནམ་མཁའ་ལ་བྱ་འཕུར་བ་དང་འདྲ་བ་སྤྱོད་པ་མ་འགག་སྤང་བྱ་སྤོང་བྱེད་དང་བྲལ་བའི་ཚུལ་གྱིས་བྱའོ། །དེ་ལྟར་ན་སྤྱོད་ཡུལ་དག་པར་འགྱུར་རོ། །ཞེས་བྱ་སྟེ་ཤེས་རབ་དང་མཐུན་པའི་སྤྱོད་པའོ། །དཔལ་གསང་བའི་སྙིང་པོ་ལས་བསྡུས་པ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་རིམ་པ་སྟེ་གཉིས་པའོ། །སྒྲ་ཇི་བཞིན་པའོ། །རིམ་པ་གཉིས་སུ་མདོར་བཤད་པའོ། །རྫོགས་སོ། ༈ །ད་ནི་རིམ་པ་གསུམ་པ་བཤད་དེ། དེ་ནས་གསང་བ་བཤད་པར་བྱ། །ཏིང་འཛིན་དེ་ནི་གོམས་པ་དང་། །ཐམས་ཅད་རང་སེམས་རྣམ་པའི་ཕྱིར། །ཐམས་ཅད་སྒྱུ་མ་མིག་ཡོར་དང་། །སྤྲུལ་པའི་ཚུལ་དུ་ཤེས་པར་བྱ། །དེ་ཉིད་ཤིན་ཏུ་གོམས་པར་སྒོམ། །ཞེས་པ་ནི། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མདོར་བསྟན་པ་སྟེ། སྐབས་སྦྱོར་བ་ནི་དེ་ནས་ཞེས་པས་སོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་སྣང་སྟོང་གཉིས་སུ་མེད་པས། རྟོགས་པར་དཀའ་བས་གསང་བས་ཏེ་ངོ་བོ་བསྟན་པར་ཞལ་གྱིས་བཞེས་པའོ། །ལྟ་བའི་དོན་ལ་མི་གཏོང་བ་དང་། མ་ཡེངས་པ་ནི་ཐ་སྙད་དུ་མིང་ཐོབ་བོ། །དེ་ཡང་བཤད་པ་ཉིད་ལས་སུ་རུང་བར་བྱས་ནས་སྡུད་པ་ནི་འཆད་པ་ཉིད་དོ། །དེ་ཡང་དངོས་པོ་བཞིས་བསྡུས་པ་ཐམས་ཅད་རང་སྣང་བས་ཁྱད་པར་ཐམས་ཅད་སེམས་ཡིན་པའི་ཕྱིར་རོ། །དེ་ཡང་སྔར་གྱི་ལྟ་བ་དྲན་པར་བྱའོ། །འོན་ཏང་ན་བརྟགས་པ་རྣམས་རྟོག་པའི་རྒྱུ་རྐྱེན་བསྡུས་པ་རང་སྣང་བ་དཔེར་ན། རྫས་ལ་མཁན་པོས་སྔགས་ཀྱིས་བཏབ། སྨན་བླུག་ཤག་ཤིང་གིས་བསྐུལ་བས་གཞི་ལ་མ་གྲུབ་དང་རྐྱེན་གྱིས་མིག་འཁྲུལ་པ་རྣམས་ལ་སྣང་ཞིང་ཡིད་ཚིམ་ཡང་། བཏགས་པ་ཙམ་ལས་མ་གྲུབ་པ་བཞིན། བརྟག་པའི་རྟོག་པ་རྐྱེན་འདུས་པ་ཉིད་དངོས་པོར་སྣང་ཡང་མ་གྲུབ་པ་དང་། དཔེར་ན་ནམ་མཁའ་དག་པ་ཐོ་ཡོར་ཉིད་སྤྱིར་སྣང་ཡང་། འཛིན་པ་ལས་མ་གྲུབ་པ་བཞིན་རང་གི་མཚན་ཉིད་ཡེ་ཤེས་སུ་གསལ་བ་ལ། མ་ཡེངས་པས་བརྟགས་ཏེ་རྟོག་པ་རང་ཡུལ་དུ་སྣང་ཡང་རྟོག་པ་ཙམ་ལས་མ་གྲུབ་པའི་དཔེ་བཞིན་ནོ། །འོན་ཏང་ན་སྣང་བརྟགས་ཐམས་ཅད་སེམས་རང་སྣང་བས་སེམས་ཀྱི་རྣམ་པ་ཡིན་པའི་ཕྱིར་སྣང་བ་ཐམས་ཅད་སེམས་ཉིད་དུ་ཤེས་པར་བྱ་སྟེ། སྣང་སྟོང་གཉིས་སུ་མེད་པ་ཉིད་ལ་འདྲིས་པར་བྱའོ། །དེ་ཡང་རྒྱས་པར་བསྟན་ན་ལུས་སུ་ཞེ་ན། ཉིད་རྒྱས་པར་ལུས་བསྟན་པ། རང་བཞིན་ངོ་བོ་ཡོད་པའི་ལུས། ཤེས་ལུས་དགོས་པ་སྟེ་སྒྲ་ཇི་བཞིན་ནོ། །དེ་ལ་རང་བཞིན་གྱི་མཚན་ཉིད་གང་ཞེ་ན། འཇིག་རྟེན་སྣ་ཚོགས་སྣང་བ་ཡང་། །རང་རིག་སྣ་ཚོགས་གཟུགས་བརྙན་ཕྱིར། །སྒྱུ་མའི་ཚུལ་དུ་ཐམས་ཅད་གནས། །ཞེས་པ་ལ་སོགས་པས་བསྟན་ཏེ་དེ་ལ་གཉིས་ཀྱིས་བསྡུས་པའི་རྫས་ཅན་དང་། རིགས་ཆད་མི་མཐུན་པ་ཇི་སྙེད་པ་རྣམས་སྣང་བ་ཡང་ཇི་ལྟར་མཐོང་བ་ཡང་ཚད་མ་ཡིན་ཏེ། རང་བྱུང་གི་ཡེ་ཤེས་རང་བྱུང་ཞིང་སྣང་བ་ལ་ཡུལ་དུ་བརྟགས་པས་རྟོགས་པ་ནུས་པ་ཅན་དུ་གྱུར་པ་ཉིད་དངོས་པོ་ཐམས་ཅད་དུ་སྣང་བ་ནི་རྟོག་པའི་མ་ཙམ་ལས་མེད་པའི་ཕྱིར་བརྟགས་པའི་རྟོག་པ་རྒྱུ་རྐྱེན་འདུས་པ་ཙམ་གྱི་ངང་དུ་དངོས་པོ་ཐམས་ཅད་གནས་སོ། །དེ་ནི་སྤྱིའི་མཚན་ནོ། །དེ་ནི་རྒྱུ་རྐྱེན་གྱིས་གློ་བུར་དུ་བྱུང་བས་འབྲེལ་ཏེ་ནུས་པས་སྤྱོད་ཀྱང་དོན་ལ་མེད་དོ། །འོ་ན་དེ་སུ་ཡི་སྤྱོད་ཡུལ་ཡིན་སྙམ་པ་ལ། རྟོག་པ་གསུམ་ལས་གནས་པ་རྣམས་ཀྱི་དབང་པོའི་མངོན་སུམ་དུ་ངེས་བཅས་སུ་སྣང་སྟེ་ཚད་ཀྱང་ངེས་པར་མཚོན་པ་ནི་དངོས་པོ་རྣམས་སོ། །དེ་དག་ཀྱང་རྟོག་པ་བརྟས་ཀྱང་ཉིད་དེ་དག་ཏུ་འབྱུང་བ་ཡིན་ཏེ། དེ་ཡང་ཞེན་པའི་ཡུལ་འབྲེལ་པས་མི་བསླུ་སྟེ་ནུས་པ་ཡོད་ཀྱང་བརྟགས་པའི་དངོས་པོ་སེམས་སུ་གསལ་བས་མ་གྲུབ་པའི་དཔེ་ཆུ་ཟླ་ལྟར་ཐམས་ཅད་སེམས་ཀྱི་ངོ་བོ་ལ་རྫས་སུ་གྲུབ་པ་མེད་པས་སྣང་བས་མ་གྲུབ་བོ། །དེ་ལ་རང་བཞིན་རྟོགས་པའི་དགོས་ཆེད་གང་སྙམ་པ་ལས། རྗེས་སུ་དྲན་པར་བྱེད་པས་ཀྱང་། །ཐམས་ཅད་སེམས་ཀྱི་རྣམ་པར་ནི། །དོན་གྱི་རྩ་བ་མཆོག་ཡིན་ཏེ། །ཞེས་པ་དངོས་པོར་བལྟ་བ་མཐོ་བའི་རྗེས་སུ་ཉམས་སུ་ལེན་པ་ནི་ལས་ཀྱིས་བྱེད་པ་པོ་སྟེ་ཀྱང་ནི་རྗེས་སུ་མཐུན་པའོ། །བཤད་པ་ལྟར་དངོས་པོ་གཉིས་ཀྱིས་བསྡུས་པ་ཐམས་ཅད་སེམས་ཉིད་རང་སྣང་བས་སེམས་ཀྱི་ངོ་བོ་ཡིན་པ་ནི་དོན་ཐམས་ཅད་ཀྱི་གཞི་དང་། ཤེས་བྱ་ཐམས་ཅད་ཀྱི་ཕུལ་དུ་གྱུར་པ་དང་། ལྟ་བ་ཐམས་ཅད་ཀྱི་མཆོག་དང་རྩ་བར་གྱུར་པ་ཡིན་ནོ། །ལྷག་མ་ནི་ཉམས་སུ་བླང་ངོ་ཞེས་བྱའོ། །ཐམས་ཅད་དམིགས་མེད་མ་ཆགས་པའི། །རང་རིག་ཡེ་ཤེས་དེ་བཞིན་ཉིད། །ཕུང་སོགས་སྣ་ཚོགས་ཐབས་སྣང་བ། །ཞེས་པ། བཤད་པ་དེ་ཉམས་སུ་མྱོང་བར་བྱེད་པའི་ཐབས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་དུས་སུ་སྤྱོད་ཡུལ་ཐམས་ཅད་སེམས་ཉིད་དུ་གསལ་བ་ལ་ཡུལ་མ་གྲུབ་པ་དང་། ཅི་ལ་ཡང་མི་འཛིན་པར་སྒོམ་པའི་རིགས་ནི་ཡུལ་དང་བྲལ་བས་རང་རིག་པའི་ཡེ་ཤེས་ཏེ་དེ་ནི་ཅི་ཡང་མི་རྟོག་ཅིང་ཅིར་ཡང་མ་ཡིན་པས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དེ་ཅིར་སྣང་ཞེ་ན། བརྟགས་པ་ལྔ་ལ་སོགས་པ་མ་བཀག་པར་གསལ་བ་དེ་ནི་རྒྱུ་ཅི་སྙམ་པ་ལ། ཡེ་ཤེས་སྒྱུ་མ་རང་སྣང་ཕྱིར། །སྣང་སྟོང་གཉིས་སུ་མ་ཡིན་པས། །ཐབས་དང་ཤེས་རབ་ལྡན་པར་གནས། །ཞེས་པས་སོ། །བཤད་པ་རྣམས་ཡེ་ཤེས་ཡིན་པར་དངོས་པོ་མ་གྲུབ་པས་དཔེ་བཞིན་ཉིད་ཡིན་པ་དེ་ལ་རྒྱུ་རྐྱེན་མེད་པར་རང་རིག་ཉིད་སྣང་ངོ་། །རྒྱུ་རྐྱེན་གཞན་བཅད་པས་མཐའ་གཉིས་བྲལ་བར་སྟོན་ཏེ། སེམས་རང་གི་རོལ་པ་མ་འགགས་པས་སྟོང་པ་ལས་འདས། སྣང་བ་སེམས་ཉིད་མ་སྐྱེས་པས་དངོས་པོ་ལས་འདས་ཏེ། བདེན་པ་གསུམ་གྱི་དོན་མཐོང་བའི་བློ་ལ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་གནས་སོ། །འོན་ཏང་ན་བཤད་པ་ལྟར་གནས་པའི་དོན་ཆུད་པས་ཕྱོགས་གཅིག་པའི་སྤྱོད་པ་སྤངས་ཏེ། ཅིས་དང་ཞེན་པར་མི་འགྱུར་ཏེ་སྒོ་གསུམ་ལྷུག་པར་འཇོག་པ་རྒྱུ་དང་། འཛིན་ཆགས་བྲལ་བས་འབྲས་བུར་འགྱུར་རོ། །འོ་ན་དེ་འཕྲལ་ལ་བྱས་སམ་ཞེ་ན། བརྟགས་པ་དང་སྣང་བ་ཐམས་ཅད། །མྱོང་བ་ཐམས་ཅད་མ་བྱས་པར་རྫོགས་པས་དེ་སྐད་ཅེས་བྱའོ། །དེ་བས་ན། གོམས་བློས་ཅི་དཔྱད་ཅི་དགོས་ཏེ། །བསགས་པ་དམིགས་སུ་མེད་པར་འགྱུར། །རང་བཞིན་ཡེ་ནས་དེ་བཞིན་ནོ། །ཞེས་གསུངས་སོ། །ད་ནི་ངོ་བོ་བསྟན་ཏེ། དེ་ཡང་ངོ་བོའི་མཚན་ཉིད་བསྟན་པ་ནི། སྔོན་གོམས་རང་རིག་སྣང་བའི་ཆོས། །གདོས་པ་ཅན་གྱི་ཆོས་མིན་པས། །རིག་པ་རང་དབང་བསྒྱུར་བ་ཡིས། །ཁམས་སོགས་ཇི་ལྟར་བརྟས་བཞིན་སྣང་། །ཞེས་པས་བསྟན། དེ་ཡང་དང་པོར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལས་སུ་རུང་བའི་རིག་པ་རང་སྣང་བའི་དངོས་པོ་རྣམས་ནི། སེམས་རང་སྣང་བས་འཛིན་པ་མེད་པའི་ཐ་སྙད་ཐམས་ཅད་ཤེས་པ་འབའ་ཞིག་པས་གདོས་པའི་མཚན་ཉིད་དང་བྲལ་བས། དེ་ཉིད་སྒྱུ་མར་གསལ་བའི་རིག་པ་ནི་ཡུལ་གྱིས་མི་འཕྲོག་པ་དང་། སྐད་ཅིག་མས་དབང་བསྒྱུར་ནས། གསུམ་དང་བསྡུས་པ་ནི། ལྔ་གཉིས་པ་ནི་བསྡུས་པ་ཐམས་ཅད་མ་སྐྱེས་པའམ། གསུང་ངམ། ཐུགས་སམ། སྐུ་ལ་སོགས་པ་རང་གིས་ཇི་ལྟར་བལྟས་པ་བཞིན་པས་དགོས་ཆེད་དེ། འོ་ན་ངོ་བོའི་ཆ་ལས་བཏགས་པའི་ཡོན་ཏན་གང་སྙམ་པ་ལས། རྒྱུ་འབྲས་དབྱེར་མེད་སྔ་ཕྱི་མིན། །དེ་ཉིད་ལམ་ཕྱིར་མཉམ་པར་སྦྱོར། །ཞེས་གསུངས་ཏེ། སེམས་ཉིད་མ་སྐྱེས་པའི་ཡེ་ཤེས་སུ་གསལ་བ་ལ་བསྒྲུབ་བྱ་ཐམས་ཅད་ཡེ་ནས་རྫོགས་པས་འབྲས་བུའི་ངོ་བོ་ཡང་ཡིན་ལ། དེ་ཉིད་གོམས་པར་བྱེད་པ་ཙམ་ལས་རྒྱུར་འདོད་པས་མི་ཕྱེད་པ་ནི་སྔ་ཕྱི་དང་བྲལ་བས་གཞན་དག་ལས་ཀྱང་། རྒྱུ་ལས་འབྲས་བུར་རྒྱས་བཏབ་ཅིང་། །འབྲས་བུ་ལ་ཡང་རྒྱུ་རྒྱས་བཏབ། །ཅེས་གསུངས་སོ། །འདས་མ་ཐག་པ་ཉིད་གོམས་པར་བྱས་ནས་གྲུབ་པ་ལ་ལམ་མོ། །དེའི་ཕྱིར་ཏིང་ངེ་འཛིན་གྱིས་བུ་མེད་པ་ཙམ་ལ་སྦྱོར་ཞེས་འདོགས་སོ། །ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། ཀུན་ཡང་སྐབས་ལས་ཤེས་པར་བྱ། །ཞེས་པ། སེམས་ཉིད་ཅིར་ཡང་སྣང་བས་ལྷུན་གྱིས་གྲུབ་པ་དེ་ཉིད་སྣང་བ་ལ་བརྟགས་ཏེ་འབྲས་བུ་འབྱུང་ངོ་། །ཞེས་བྱའོ། །འོན་ཏང་ན། དངོས་པོ་གསུམ་ཡང་དང་པོ་གཞི་བཞིན་རྗེས་སུ་ཤེས་པ་ལ་རྒྱུར་འདོགས་སོ། །དེ་ཡང་གོམས་པར་བྱེད་པ་དང་། མངོན་དུ་གྱུར་པ་ཡང་གནས་སྐབས་ཙམ་ལས་ཐལ་བ་མེད་དོ། །དེ་རུ་མ་ཟད་ཡོན་ཏན་གཞན་ཡང་རྫོགས་པར་བསྟན་ཏེ། དེ་ཉིད་འདུ་བར་གྱུར་པ་ཉིད། །གཉིས་སྣང་བྲལ་བས་མཉམ་པའི་དབྱིངས། །རང་བྱུང་འགྱུར་བའི་ཐབས་ཉིད་ཀྱིས། །དཀྱིལ་འཁོར་ཐམས་ཅད་ཟད་མེད་སྤྲོ། །ཐམས་ཅད་རང་རིག་སྒྱུ་མ་ཉིད། །དམིགས་མེད་ཚུལ་གྱིས་སྣང་བ་ཡིན། །ཞེས་པ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་རིག་པ་ཡིན་ལ་ནི། ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཆོས་སྐུ་དབྱེར་མེད་ལ། འོན་ཏང་ན་ཆོས་ཀྱི་སྐུ་ཡང་དེ་ཡིན་ཞེས་བྱ། མཐའ་གཉིས་སུ་འཛིན་པ་དང་བྲལ་བ་དེ་ཁོ་ན་མཉམ་པ་ཉིད་ཀྱི་དབྱིངས་སོ། །དེ་ལ་གཉིས་སྣང་མེད་པས་ཐམས་ཅད་བདག་ཉིད་དུ་དབང་བསྒྱུར་བའི་རིགས་ནི་མ་འགགས་པར་གསལ་བས་ཕུང་པོ་ལྔ་ལ་སོགས་པ་རྟོག་པ་ཐམས་ཅད་ཡེ་ནས་ལྷའི་དཀྱིལ་འཁོར་ཡིན་པ། ཐམས་ཅད་ནས་ཐམས་ཅད་དུ་གདུལ་བྱ་ལ་སྣང་བ་ཙམ་འཕྲོ་ཞེས་བྱ། དེ་ལ་ཐ་སྙད་ཐམས་ཅད་སེམས་ཉིད་དུ་གསལ་བས་སྣང་ལ་མ་གྲུབ་པའི་གསལ་བའི་བློས་ཡུལ་མ་གྲུབ་པར་སེམས་རང་སྣང་བ་ཡིན་ནོ། ༈ །ད་ནི་སྤྱོད་པ་བསྟན་ཏེ། ཡན་ལག་གསུམ་པ་བཤད་པར་བྱ། །ཞེས་པ་སྒྲ་ཇི་བཞིན་ནོ། །དེ་ཡང་དགོས་ཆེད་ནི་གང་སྙམ་པ་ལས། །སྲིད་གསུམ་སྒྱུ་མར་འདྲ་བར་ནི། །ཞེས་པ་ལ་སོགས་པ་གསུངས་སོ། །སྤྱན་ནི་སྒྱུ་མ་ལྟ་བུ་རྟོག་པའི་ཏིང་ངེ་འཛིན་ནོ། །འབྲུ་སླ་བས་མ་བཅོམ་མོ། །སྤྱོད་པ་རང་གི་ངོ་བོ་ནི། རྩ་བ་བྱང་ཆུབ་སེམས་ཉིད་རྟོགས་ཞེས་པ་ལ་སོགས་གསུངས་ཏེ། དེ་ཡང་ཆོས་ཐམས་ཅད་དང་སེམས་གཉིས་སོ། །དོན་ནི་སེམས་དང་སེམས་ཅན་ནོ། །ལས་དང་ཉོན་མོངས་པ་དང་། སྡུག་བསྔལ་གཅོད་དེ་ནི་ས་པའི་སྤྱོད་པ་སྟེ། ཐབས་དང་མཐུན་པའི་སྤྱོད་པའོ། །དཔལ་གསང་བའི་སྙིང་པོ་ལས་བསྡུས་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རིམ་པ་སྟེ། གསུམ་པའོ། །ཞེས་པ་སྒྲ་ཇི་བཞིན་ནོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མདོར་བསྟན་བཀྲོལ་བའོ། །རྫོགས་སོ། ༈ །ད་ནི་ཕྲ་མོའི་ཏིང་ངེ་འཛིན་བཤད་དེ། ཐབས་དང་ཤེས་རབ་གཉིས་མེད་པའི། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཞེས་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གཉིས་སུ་མེད་པ་ནི་སངས་རྒྱས་ཏེ། དེ་ལ་འདྲིས་པ་ནི་བཙལ་བའོ། །དེ་ནས་ཕྲ་མོ་བཤད་པར་ཞལ་གྱིས་བཞེས་པས། ཕྲ་མོའི་ཏིང་འཛིན་བཤད་པར་བྱ། །ཞེས་གསུངས་སོ། །ཕྲ་མོའི་ཏིང་ངེ་འཛིན་འདི་ལ་ནང་གསེས་སུ་མན་ངག་གི་ས་བཅད་ན། དོན་ལྔས་བསྟན་ཏེ། ཏིང་ངེ་འཛིན་གྱིས་ངོ་བོ་བསྟན་པ་དང་གཅིག །ཕྱོགས་གཅིག་པའི་སྤྱོད་པ་བསྟན་པ་དང་གཉིས། ཏིང་ངེ་འཛིན་མཉམ་ན་ཚོགས་གཉིས་དུས་གཅིག་ཏུ་རྫོགས་པར་བསྟན་པ་དང་གསུམ། ཏིང་ངེ་འཛིན་གྱིས་བྱིན་རླབས་གཞན་ལ་སྣང་བར་བསྟན་པ་དང་བཞི། གཞུང་མ་ནོར་བར་ཐུན་མོང་གི་ཡོན་ཏན་བསྟན་པ་དང་ལྔའོ། །དེ་ལ་ཏིང་ངེ་འཛིན་རང་གི་ངོ་བོ་བསྟན་པ་ལ་ཡང་གསུམ་སྟེ། གསུང་གི་ཆོ་ག་དང་། ཐུགས་ཀྱི་ཆོ་ག་དང་། སྐུ་ཡི་ཆོ་གའོ། །དེ་ལ་གསུང་གི་ཆོ་ག་ལ་ཡང་དོན་བདུན་གྱིས་བསྟན་ཏེ། དང་པོ་ཡི་གེ་གང་བསྒོམ་བསྟན་པ་དང་གཅིག །ཡི་གེ་མ་ངེས་པར་བསྟན་པ་དང་། དེ་ཡང་རྟེན་ཅན་དུ་གྱུར་གྱིས་དོགས་པ་བསྟན་པ་དང་། ལམ་དུ་རུང་བའི་ཚད་བསྟན་པ་དང་། འཕྲོ་འདུ་བྱ་བ་བསྟན་པ་དང་། དེ་ཉིད་གཞིའི་ཚུལ་བསྟན་པ་དང་། རྒྱུའི་ལྷ་བསྐྱེད་པའི་ཡི་གེ་ཉིད་ཅིར་ཡང་བསྒོམ་པ་བསྟན་པའོ། །ཐུགས་ཀྱི་ཆོ་ག་ལ་ཡང་གཉིས་ཏེ། རང་གི་ངོ་བོ་བསྟན་པ་དང་། འཕྲོ་འདུ་བྱ་བ་བསྟན་པའོ། །སྐུ་ཡི་ཆོ་ག་བྱ་བ་ལ་ཡང་གཉིས་ཏེ། གཞལ་ཡས་ཁང་དང་། ལྷ་བསྟན་པའོ། །གཞལ་ཡས་ཁང་ལ་གཉིས་ཏེ། གཞལ་ཡས་ཁང་རང་གི་ངོ་བོ་དང་། གདན་གཉིས་སོ། །གདན་ལ་གཉིས་ཏེ། རང་གི་ངོ་བོ་དང་། གཞི་ཚུལ་གཉིས་སོ། །རང་གི་ངོ་བོ་ལ་ཡང་གསུམ་སྟེ། ཉི་མ་དང་། ཟླ་བ་དང་། པདྨའོ། །དེ་ཡང་ལྷ་ལ་ཡང་གཉིས་ཏེ། ལྷག་པའི་ཏིང་ངེ་འཛིན་གྱི་ལྷ་དང་། རང་བཞིན་ལྷུན་གྱིས་གྲུབ་པའི་ལྷའོ། །ལྷག་པའི་ཏིང་ངེ་འཛིན་གྱི་ལྷ་ལ་ཡང་གཉིས་ཏེ། རགས་པ་དང་། ཕྲ་བ་གཉིས་སོ། །ཕྲ་བ་ལ་ཡང་གཉིས་ཏེ། ངོ་བོ་དང་། ཡན་ལག་གོ། །ངོ་བོ་ལ་ཡང་གཉིས་ཏེ་ཡབ་དང་། ཡུམ་མོ། །ཡན་ལག་ལ་གསུམ་སྟེ། ཡེ་ཤེས་སེམས་དཔའ་དང་། དབུ་རྒྱན་དང་། སྐུ་གསུང་ཐུགས་ཀྱི་ལྷ་གསུམ་མོ། །རགས་པ་ལ་ཡང་རྗེས་སུ་མཐུན་ནོ། །དེ་ལ་རང་བཞིན་གྱི་དཀྱིལ་འཁོར་ལ་ཡང་བཞི་སྟེ། སྤྱན་དྲངས་པ་དང་། བསྟིམས་པ་དང་། མཆོད་པ་དབུལ་བ་དང་། བཟླས་པ་དབུལ་བའོ། །སྤྱོད་པའི་ངོ་བོ་དང་། བྱས་པའི་ཡོན་ཏན་ནོ། །དེ་ནི་ལེགས་པར་ས་བཅད་དེ། འབྲུ་ནི་མ་བཅོམ་མོ། །དཔལ་གསང་བའི་སྙིང་པོ་ལས་བསྡུས་པ། ཕྲ་མོའི་ཏིང་ངེ་འཛིན་གྱི་རིམ་པ་སྟེ་བཞི་པའོ། །ཞེས་གསུངས་ཏེ་སྒྲ་ཇི་བཞིན་ནོ། །ཕྲ་མོའི་ཏིང་ངེ་འཛིན་གྱི་རིམ་པ་འབྲུ་ནི་མ་བཤད་པ་གཅོད་མདོར་བཀྲོལ་བའོ། །རྫོགས་སོ། ༈ །ད་ནི་སྣང་བ་རྣལ་འབྱོར་འབྱེད་པའི་ཏིང་ངེ་འཛིན་བཤད་དེ། དེ་ནས་སྤྲོས་བཅས་རྣལ་འབྱོར་བཤད། །དེ་ཉིད་ནུས་མཐུ་ལྡན་པའི་ཕྱིར། །ཞེས་པ་ལ་སོགས་པ་ནི་ཕྲ་མོའི་ཏིང་ངེ་འཛིན་གྱི་རྗེས་སུ་བཤད་པར་བྱ། ལྷ་དུ་མ་མ་འགགས་པའི་སྤྱོད་པ་ནི་སྤྲོས་བཅས་ཏེ། །རྣལ་འབྱོར་བཞི་ལས་ཉམས་སུ་བླང་བའི་རྣལ་འབྱོར་པའོ། །དེ་ཡང་ཕྱག་རྒྱ་ནི་རྣལ་འབྱོར་རོ། །ཞལ་གྱིས་བཞེས་པ་ནི་འཆད་པར་འགྱུར་རོ། །ཉེ་བ་ནི་བཤད་པ་སྤངས་ཏེ་འཆད་པའོ། །དེ་ཡང་སྤྱོད་ཡུལ་ཡོངས་སུ་དག་པའི་བྱིན་གྱིས་བརླབས་པའི་ཏིང་འཛིན་ནོ། །རྟོག་པ་འཇིལ་བ་དང་ལས་སུ་རུང་བར་མིང་ཐོབ་བོ། །ལྟ་སྤྱོད་འདྲེན་པ་བསྟན་པའི་ཕྱིར། །དེ་ཉིད་སྐུ་གསུང་ཐུགས་ཀྱི་བདག་ཅེས་པ་ལ་སོགས་པ་ནི། སྤྱོད་ཡུལ་ཐམས་ཅད་ལྷར་གསལ་བ་དང་། འདོད་པའི་ཡོན་ཏན་གང་ཡང་མི་འགོག་པར་ནི་ཡ་མ་ཆད་པ་དེ་ལྟར་བསྟན་དགོས་པའི་ཕྱིར་ན་ལུས་འདི་བསྟན་ནོ། །འདས་མ་ཐག་པ་ཉིད་བཟའ་བཏུང་ལ་ལོངས་སྤྱོད་པ་དང་། བྲོ་གར་གླུ་ཚིག་དང་། དེ་ཐམས་ཅད་ལ་མི་འཛིན་པ་ནི་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པའོ། །དེ་ཡང་གཞན་སྤངས་ཏེ་ཡབ་དང་ཡུམ་གཉིས་སུ་མེད་པར་ལྡན་པར་བྱ་བ་དང་། འདོད་པ་ལྔའི་ལོངས་སྤྱོད་ལྷ་དང་ལྷ་མོ་མང་པོར་སྣང་བར་བྱ་བ་དང་། སྦྱོར་བའི་བདེ་བ་ཆེན་པོ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་གཉིས་སུ་མེད་པ་ནི་མཆོག་སྟེ་དེ་ཉིད་དུ་ཐིག་ལེ་གཉིས་འཆར་ཞེས་བྱ། ཐིག་ལེ་གཉིས་འདྲེས་པ་ནི་སྣང་སྟོང་གཉིས་སུ་མེད་པས་བདེ་བ་ཆེན་པོ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དེ་ལྟར་བཞུགས་པས་གསུམ་ཅར་གྱི་མིང་ཐོབ་བོ། །དེ་བས་ན་འདི་ཉིད་ཐབས་དང་ཤེས་རབ་ལྡན། ཞེས་པ་ཚིག་བཅད་གཅིག་གསུངས་སོ། །དེ་ཡང་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། སྤྲུལ་པའི་སྐུ་ལས་བསླབ་པ་བསྟན་ཏེ། གཟུགས་སོགས་རང་བཞིན་སྤྲོས་བཅས་པ། །འོད་ཟེར་འཕྲོ་བ་འབྲུ་གསུམ་སྟེ། ཡང་ན་འོད་ཟེར་ཕྱག་རྒྱ་ལྔའོ། །ལྔ་པོ་དོན་སྤྲོས་བཞི་བཅུ་གཉིས། གཞན་ཡང་དཀྱིལ་འཁོར་བསམ་ཡས་མཆོག །ཅེས་པ་བཅོ་ལྔ་དང་བསྡུས་པ་ན་གཞི་ཡན་ལག་དང་བཅས་པ་རྣམས་མཚན་མ་རྣམས་ཏེ། རྟོག་པ་རྣམས་རང་བཞིན་གྱིས་ཐད་དུ་གནས་པས། སྦྱོར་བའི་ཁྱད་པར་ལས་འོད་ཟེར་འཕྲོ་བ། ཡི་གེ་གསུམ་ནི་རིགས་གསུམ་མོ། །ལྷག་མ་ནི་མ་ངེས་ཏེ། རྗེས་སུ་མཐུན་པ་ནི་འདས་པའི་རྗེས་སུ་མཐུན་ནོ། །འོད་ཟེར་རིགས་ལྔའོ། །ཕྱག་རྒྱའི་རིམ་པར་སྤྲོས་པ་བཅུ་བཞི་ལ་སོགས་པའོ། །གཞན་ཡང་རྒྱལ་པའི་ལྷ་དང་བསྡུ་བའི་ལྷ་དང་། མཆོག་གི་མཆོག་ལ་སོགས་པ་རང་གང་ལ་བསྒོམས་སོ། །འོ་ཁྲོ་བའི་དཀྱིལ་འཁོར་ཇི་ལྟར་བསྒོམ་སྙམ་པ་ལ། ཁྲོ་འདུལ་སྣ་ཚོགས་དེ་བཞིན་ཏེ། ཞེས་པས་བསྟན་ཏེ། གདུག་པ་འདུལ་བའི་ཁྲོ་བོར་བསྒོམ་པ་ཡང་རྗེས་སུ་མཐུན་ནོ། །ལྷག་མ་ནི་འདས་པ་རྣམས་ཀྱང་འཕྲལ་ལ་མ་བྱས་ཞེས་བྱ། མ་བཅོས་ངང་གིས་གནས་པ་ལ། །ཡེ་ཤེས་ལྷག་པའི་དཀྱིལ་འཁོར་བསྒོམ། །ཞེས་པ། དེ་ཡང་རྒྱུ་རྐྱེན་དང་བྲལ་ཏེ་ཕུང་པོ་ལྔ་ལ་སོགས་པའི་རྟོག་པ་ཐམས་ཅད་སེམས་ཉིད་ཡིན་པས་མ་སྐྱེས་པ་སྐུ་དང་ཡེ་ཤེས་སུ་གསལ་བ་ནི་ལྷུན་གྱིས་གྲུབ་པའི་ངང་དང་། རང་བཞིན་གནས་པའི་རྒྱུ་ཡིན་པས་དེ་ཇི་ལྟ་བ་བཞིན་ཤེས་པ་དང་། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་བྱིན་གྱིས་བརླབས་ལ་བསྒོམ་མོ། །དེ་ཡང་ཚུལ་ཇི་ལྟར་བསྒོམ་སྙམ་པ་ལ། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །ཞེས་གསུངས་ཏེ། དེ་ལ་སེམས་སམ་རྟོག་པའི་ཡན་ལག་དང་། ལུས་ཀྱི་ཡན་ལག་གཉིས་ཏེ། རྟོག་པའི་ཡན་ལག་རྟོག་པ་གཅིག་ལ་ཡང་བཞི་བཅུ་ཡོད་པས། རྡོ་རྗེ་སེམས་དཔའ་གཅིག་པུ་ལ་ཡང་ལྷ་བཞི་བཅུ་རྩ་གཉིས་བསྒོམས་པས་ལྡན་ཞེས་བྱ། བཤད་པའི་ལྷ་རེ་རེ་ཡང་སྟོང་སྟོང་དང་ཡེ་ཤེས་ལྔའི་དབུ་རྒྱན་ནོ། །ལྷ་གཅིག་ལ་ཡང་ཡན་ལག་བཞི་བཅུ་རྩ་གཉིས། དེ་རེ་རེ་ལ་ཡང་མི་ཟད་པ་རྒྱན་གྱི་འཁོར་ལོ་གསུམ་གསུམ་མོ། །འོ་ན་དེ་གཙོ་བོ་གཅིག་པུ་ལའམ་ཞེ་ན། དེ་ལྟར་གཙོ་མཆོག་ལྡན་བྱས་ནས། །ཞེས་པ་ལ་སོགས་པ་གསུངས་སོ། །འདས་མ་ཐག་པ་ལྟར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་ལྡན་པར་བྱས་ནས། གཞི་དང་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་རྗེས་སུ་མཐུན་ནོ། །སེམས་དཔའ་དང་། སེམས་མ། ཁྲོ་བོ་དང་། ཁྲོ་མོ་བཞི་ཡང་རྗེས་མཐུན་ནོ། །སྤྲུལ་པ་རྣམ་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་ལྷའོ། །འོ་ན་དེ་ཉམས་སུ་ཇི་ལྟར་བླང་སྙམ་པ་ལ། བློ་ཡི་ཤེས་རབ་ཆེ་ཆུང་ལས། །ཞེས་པ། བློ་ཆེ་སྟེ་རབ་ན་དུས་གཅིག་ལ་བསྒོམ། འབྲིང་ན་ཚན་གསུམ་དུ་བསྒོམ། ཐ་མ་ན་རེས་མོས་བསྒོམ་མོ། །དེ་ལ་བློ་ཆེ་བས་བསྒོམ་པ་ནི། སྣོད་རབ་འབྱམས་ཀྱི་གཞན་ཡས་ཁང་དང་། ཇི་སྙེད་པའི་མཚན་མ་རྣམས་གདན་དང་། རྒྱན་དང་། རྟོག་པ་སྤྲོས་པ་དང་རྣམས་ལྷར་བསྒོམ་མོ། །འོ་ན་དེ་དག་གོམས་པ་ཇི་ལྟར་གོམས་སྙམ་པ་ལ། ཉི་ཟླ་གཟའ་སྐར་དུས་གཅིག་ཏུ། །མཚོ་དཀྱིལ་དངས་པར་འཆར་བ་ལྟར། །ཞེས་པ། དཔེར་ན་ནམ་མཁར་སྐར་ཚོགས་ལྷུན་གྱིས་གྲུབ་པ་དེ་མཚོ་དངས་པ་དང་ལྡན་པ་བཞིན། རང་གི་སེམས་རང་སྣང་བ་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་དེ་རང་གི་རིག་པ་དག་ལ་སྣང་ངོ་། །འོ་ན་དེ་ལྟར་ལས་སུ་རུང་བ་དེས་ཐུན་མོང་གི་འབྲས་བུ་ཇི་ལྟར་ཐོབ་སྙམ་པ་ལ། དེ་ལྟར་རྟོགས་གོམས་རིགས་མཆོག་དེས། །ཞེས་པ་ལ་སོགས་པ་གསུངས་ཏེ། འབྲུ་སྒྲ་བཞིན་ནོ། །འོ་ན་དེས་ཐུན་མོང་མ་ཡིན་པའི་འབྲས་བུ་ཇི་ལྟར་ཐོབ་སྙམ་པ་ལ། ལུས་མ་སྤངས་པར་རིག་འཛིན་པ། ཞེས་པ་རྣམ་པར་སྨིན་པའི་ལུས་མ་སྤངས་པར་ཚེ་ལ་དབང་བའི་རིག་འཛིན་འགྲུབ་པ་དང་། འདོད་པ་དང་སྤྱོད་པ་མ་འགགས་པ་དང་། མི་འཛིན་པ་ནི་བསགས་བྱ་གཉིས་ཏེ། ལྟ་བ་དང་སྤྱོད་པ་ནི་བྱེད་པ་པའོ། །ཆོས་ཐམས་ཅད་མ་སྐྱེས་པར་བློ་ཆུད་པའི་ཡེ་ཤེས་ཉིད་མ་དམིགས་པར་རིགས་པ་ཉིད་དཀྱིལ་འཁོར་མི་བཟད་པར་འབྱུང་བ་ནི་ས་ཐོབ་པའོ། །དེ་བས་ན། བསོད་ནམས་ཡེ་ཤེས་ལོངས་སྤྱོད་ཀྱིས། །ཞེས་པ་ལ་སོགས་པ་གསུངས་སོ། །འོ་ན་དེས་གཞན་དོན་ཚུལ་ཇི་ལྟར་བྱེད་སྙམ་པ་ལ། ཐུགས་རྗེ་སྤྲུལ་པའི་བྱིན་རླབས་ཀྱིས། །ཞེས་པ་ལ་སོགས་པ་གསུངས་ཏེ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཉིད་དུ་གསལ་བ་དང་། ཐམས་ཅད་རྫོགས་པས་མཚོ་རླབས་བཞིན་སྣང་བས། ཐེག་པའི་རིམ་པ་སོ་སོར་འགྱེད་པ་དང་། ཉན་ཐོས་ཟག་པ་མེད་པའི་དབྱིངས་སུ་འདུག་པ་ཆོས་ཀྱི་སྒྲས་བསྐུར་བ་དང་། འབྲས་བུའི་བྱང་ཆུབ་སེམས་དཔའ་གཞུང་གི་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཐོབ་སྟེ་མཐར་ཕྱིན་པ་དང་། འོག་མིན་ཆེན་པོ་དྲུག་གི་སྟོན་པའི་འཁོར་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་བསྟན་པའི་དབང་བསྐུར་ནས་སྒྲིབ་པ་རྩད་བཅད་པ་དང་། ཕྲིན་ལས་བཞི་ཡིས་སོ་སོར་དོན་རྫོགས་པར་བྱེད་པ་དང་། མཐར་ཕྱིན་པས་ཡེ་ཤེས་སྐད་ཅིག་མའི་རྒྱུན་ལས་གྲོལ་ཏེ་ངོ་བོ་ཉིད་ཀྱིས་བརྟན་པར་བཞུགས་ཏེ། དེ་ཡང་ཐུན་མོང་མ་ཡིན་པའི་ཐ་སྙད་གཉིས་རྫོགས་པ་དང་། ཐམས་ཅད་བདག་ཉིད་ཆེན་པོར་མངའ་མཛད་པས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་རྫོགས་སོ། །དེ་བས་ན། སོ་སོར་ཐར་པའི་ལམ་ཡང་སྟོན། །ཞེས་པ་ཚིག་ཤད་གཉིས་གསུངས་སོ། །དེ་ན་དེ་དག་གི་རྒྱུ་གང་སྙམ་པ་ལ། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པའི། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོས་པ་འགྲུབ། །ཅེས་གསུངས་ཏེ། ལུས་གསུམ་དང་གཅིག་ལ་གཉིས་ནི་ལྔའོ། །ཞུགས་ཤིང་གོམས་པ་ནི་རྫོགས་པ་སྟེ་གཞིའི་ལྷ་དང་ཡེ་ཤེས་སེམས་དཔའ་དང་། གསུམ་དང་། ལྔ་དང་། ཡན་ལག་ལྷ་རྣམས་གསལ་བར་བསྒོམས་པ་ནི་རྫོགས་པའོ། །འབྲེལ་པ་ནི་བཤད་པ་གཉིས་དང་ལྡན་པ་སྟེ་ཕན་ཚུན་ནོ། །བཤད་པ་དང་ལྡན་པས་མི་ཐོབ་བོ། །དེ་ཡང་ཕོ་དང་མོའི་ཚང་པ་ནི་དཀྱིལ་འཁོར་བདུན་པ་སྟེ། ལས་ཀྱི་བྱེད་པ་པོར་མི་འགལ་ལོ། །ཐེ་ཚོམ་བྲལ་བར་བཤད་པ་དང་། འཆད་པ་རྣམས་ཐོབ་བོ་ཞེས་བྱ། ༈ །ད་ནི་གནས་དང་ཡོ་བྱད་བསྟན་པའི་ཕྱིར། གསང་བ་ལ་སོགས་ཡོ་བྱད་ལྔ། །དགོན་པའི་གནས་སུ་བསྡུ་བྱ་སྟེ། །ཞེས་པ། དེ་ཡང་ཡུམ་དང་བསྡུ་བ་ནི་གྲགས་པ་བཞི་ལ་བྱ། དེ་གནས་ངེས་པར་མེད་པ་དེར་སོགས་པ་ཞེས་བྱ། དེ་ཡང་རྒྱན་རིན་ཆེན་ལས་བྱས་པའི་གནས་ཁང་རིམ་པ་གཉིས་དང་ལྡན་པར་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་སྤྲོས་པ་མེད་པར་བདེ་བ་ཡིན་ན། ཡེ་ཤེས་ཆེན་པོའི་ལུགས་ཀྱིས་ཡེ་ཤེས་སོ། །དེ་ཐོབ་པར་བྱ་བའི་ཕྱིར་བསྒྲུབ་པའི་ཡོ་བྱད་དང་མཆོད་རྫས་རྣམས་དགོད། འོ་ན་དཀྱིལ་འཁོར་དང་མཆོད་པ་ཇི་ལྟར་དབུལ་ཞེ་ན། ཡན་ལག་དབང་པོ་རྣམ་ཤེས་ཀུན། །ཞེས་པ་ལ་སོགས་པ་གསུངས་ཏེ། ལུས་དང་རྟོག་པ་གཉིས་ནི་སྒྲ་ཇི་བཞིན་ནོ། །དཀྱིལ་འཁོར་དང་པོའི་སྐབས་སུ་བཤད་པ་བཞིན་ཏིང་ངེ་འཛིན་གྱིས་གསལ་བཏབ་ལ། བསྡུ་བའི་གཞི་ལ་སོགས་པ་རྣམས་སེམས་ཉིད་དུ་གསལ་བས་ངོ་བོ་མ་སྐྱེས་པར་བསྒོམ། དེ་བས་ཡུལ་དུ་མ་གྱུར་པས་ཆགས་པར་སྤྱད་ན། དཔྱད་ཀྱང་མི་འཛིན་པས་མི་གོས་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུར་བྱུང་བའི་དོན་གྱིས་གཉིས་སུ་མེད་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །ལུས་ལ་རྒྱན་བཀོད་ལུས་ཀྱི་ཡན་ལག་ལྔ་ལ་རིགས་ལྔ་བཀོད་ལ། བྲོ་གར་བསྡུ་བ་ནི་སྙན་པའི་ངག་ལ་སོགས་པ་རྣམས་ནི་བྲོ་གར་རྩེ་འཇོའི་ལེའུ་ཉིད་ནས་འབྱུང་བ་བཞིན་རྫོགས་པར་བྱའོ། །དེ་བས་ན། གཟུགས་སྒྲ་དྲི་རོ་རེག་ལ་སོགས། །ཞེས་པ་བཅུ་གཅིག་གསུངས་སོ། །བཟའ་དང་བཏུང་བའི་མཆོག་རྣམས་ཀུན། །ཆགས་མེད་ཚུལ་གྱིས་བསྟིམ་པར་བྱ། །ཞེས་པ་ལ་སོགས་པ་ནི། གཉིས་ཀྱི་མཆོག་ནི་བཅུད་ལྔ་དང་། བདུད་རྩི་ལྔ་ལ་བྱ། དེ་ཡང་ཡུལ་དུ་མ་ཆགས་པས་བཟའ་དང་བཏུང་བ་ནི། བདག་གི་རིག་པ་ཉིད་གསུམ་དུ་སྣང་བས། གཅིག་གིས་དང་མངོན་སུམ་འགྲུབ་བོ། །དེ་ནི། བདག་གཞན་ཀུན་གྱི་གསོས་ཉིད་དུ་འགྱུར་རོ། །སྤྱོད་ཡུལ་ལྷར་གསལ་བ་ཡང་དག་ཉིད་དུ་མངའ་མཛད་པ་ནི་བདག་ཉིད་ཆེན་པོ་སྟེ། དེ་ལྟར་གྱུར་པས། གང་ཡང་མ་སྤངས་པར་རང་རིག་ཏུ་སྤྱོད་པ་ནི་སེམས་ཀྱི་རྒྱན་ནོ། །འོན་ཏང་བདག་མཆོད་ཀུན་མཉེས་ཐམས་ཅད་འདྲེངས། ཞེས་པ་ཚིག་ཤད་གཅིག་གསུངས་སོ། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དབྱེ་འམ་ཡང་ན་མི་དབྱེ་བར། །ཅེས་པ་གསང་བའི་མཆོད་པ་བྱ་སྟེ། ནུས་པ་ཡོད་པ་དངོས་སུའམ། ཡང་ན་མཚན་མ་རབ་འབྲིང་ལ་བྱ། རིགས་སོ་སོའམ་ཡང་ན་རོལ་པས་ཆུབ་པར་མི་དབྱེ་བར་བདེ་བ་ནི་སྤྱོད་པའི་ཁམས་སུ་རོལ་བར་བྱ་སྟེ། བདེ་བའི་གནས་སུ་སྤྱད་པར་བྱ། །ཞེས་གསུངས་སོ། །བསྙེན་པ་དང་ནི་ཉེ་བསྙེན་དང་། །ཞེས་པ་ལ་སོགས་པ་ནི་སྦྱོར་བའི་བསྙེན་སྒྲུབ་སྟེ། དང་པོ་མཚན་དང་ལྡན་པ་བཙལ་ལ་བསླབ་པར་བྱ་བ་དང་། ཆས་སུ་ཞུགས་པ་དང་། ཆས་རྒྱས་པར་བྱ་བ་དང་། གཉིས་སུ་མེད་པར་རོལ་པས་བྷ་ག་ལ་པདྨ་འདབ་བརྒྱད་རང་བཞིན་གྱི་དཀྱིལ་འཁོར་སར། ལྷན་ཅིག་པའི་ཡེ་ཤེས་ལྔར་གསལ་བའི་བདེ་བས་མཆོད་པ་འབུལ། དེ་ནི་སྤྱོད་ཡུལ་ཐམས་ཅད་དབང་ཉིད་དུ་གསལ་བས་དབུལ་བྱ་དེ་དང་བྲལ་བ་དང་། ཐམས་ཅད་ཀྱི་བདག་ཉིད་བཞི་བཅུ་རྩ་གཉིས་སུ་གསལ་བ་ལ་ཕུལ་བས། རྟོག་ཚོགས་ཐམས་ཅད་ཡེ་ནས་ལྷར་གསལ་བའི་རང་བཞིན་གྱི་སངས་རྒྱས་རྣམས་མཉེས་པ་དང་། རྩ་རྣམས་ཀྱི་བདེ་བས་རྟོག་ཚོགས་རྣམས་འདོད་ཆགས་ཀྱི་བདེ་བ་ཡང་དུས་གཅིག་པས་ཁྱབ་ཅེས་བྱ། སེམས་རང་སྣང་བའི་རྟོག་པ་ཐམས་ཅད་ཡེ་ནས་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པ་ལ། སྦྱོར་བའི་ཐབས་ཀྱིས་གསལ་བར་མཐོང་ངོ་། །དེ་བས་ན། བསྒྲུབ་པ་དང་ནི་སྒྲུབ་ཆེན་པོས། ཞེས་དགུ་གསུངས་སོ། །དེ་ལ་རྒྱུ་འབྲས་ཀུན་རྫོགས་པ་གང་ཞེ་ན། ལམ་དང་ས་གསུམ་ཡོངས་རྫོགས་ཕྱིར། །ཐབས་ཆེན་ཐེག་པ་ཆེན་པོའི་མཆོག །ཅེས་གསུངས་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་བཅུ་དང་། གཞན་ཡང་སྣང་སྟོང་ཐམས་ཅད་སེམས་ཉིད་དུ་གསལ། བདེ་བ་སྤྱོད་དང་མི་འཛིན་པས་མི་སོགས་པ་དང་། བདེ་བས་དབང་བསྒྱུར་ནས་རྟོགས་པ་ཐམས་ཅད་ལྷར་གསལ་བས་ས་གསུམ་པ་རྫོགས་སོ། །གཏན་ཚིགས་ནི་མ་སྦྱངས་པར་ཆོས་ཐམས་ཅད་རྫོགས་པས་གཞན་ལས་འཕགས་ཞེས་བྱ། དེ་བས་ན་སྤྱད་ཀྱང་མི་འཆིང་ལམ་དུ་འགྱུར་བས་ཐབས་ཆེ་སྟེ། ཐེག་པ་གཞན་ལས་འཕགས་སོ། །མཆོག་དང་མཆོག་ཕྲན་ལ་སོགས་པ། །ཆགས་མེད་ཐུགས་རྗེ་དོར་མི་བྱ། །ཞེས་པ་སྒྲོལ་བའི་མཆོད་པ་སྟེ། བདུན་ནི་མཆོག་ལ་གསུམ་ནི་ཕྲན་ཏེ། བསྡུད་པ་ནི་འགྲོ་དྲུག་རྣམས་སོ། །གཉིས་སུ་མེད་པས་ཞེ་སྡང་མེད་པའི་ཐུགས་རྗེས་མི་དོར་བར་བྱ། དེའི་ཐབས་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །དཀྱིལ་འཁོར་བསྟན་པའི་ཏིང་ངེ་འཛིན། །བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །ཞེས་པ་ནི། བཞི་བཅུ་རྩ་གཉིས་སུ་གསལ་བའི་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ལུས་ལ་ལྷ་བཀོད་པ་དེ་བྲོ་གར་འདུ་འཕྲོ་བྱས་པས་དེ་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་ཏེ། དེས་རྣལ་འབྱོར་པ་རྣམས་རི་བྲག་ལ་ནམ་མཁའ་ལ་བྱ་བཞིན་ནོ། །གཉིས་པ་ནི་སྒྲ་ཇི་བཞིན་ནོ། །ཨཱ་ལི་ཀ་ལའི་ཕྱག་རྒྱ་ཡིས། །ཞེས་པ་ལ་སོགས་པ་ཡབ་ཡུམ་གྱི་ཐབས་དང་ཤེས་རབ་གཉིས་སུ་མེད་པས་ལས་དང་དངོས་པོ་ཐམས་ཅད་གྲུབ་བོ། །དོན་དང་རྟགས་གཉིས་འབྲེལ་བས་ཐིག་ལེ་གཉིས་དུས་མཉམ་དུ་འདྲེས་ན་སྐད་ཅིག་མ་སྤྱོད་ཡུལ་ལྷར་གསལ་བ་ལ། འགྲོ་རྣམས་དབྱིངས་ལ་བཀོད་པས་དོན་རྣམས་རྫོགས་སོ། །འོན་ཏང་ན། ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དྲུག་གསུངས་སོ། །རྣལ་འབྱོར་ཆེན་པོའི་སྤྱོད་ཡུལ་ནི། ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད། །ཅེས་པ་མ་ཧཱ་ཡོ་ག་དང་། རྟོགས་པ་གདེངས་སུ་ཆུད་པའི་གཞུང་དང་ལུགས་ནི། འདོད་པ་ལྔ་དང་། གཞན་དག་ལྔ་ལ་སོགས་པ་ཐམས་ཅད་ལ་བཟང་ངན་དང་གཙང་སྨེ་མེད་པར་སྤྱོད་པས། འོན་ཏང་ན་ཚོགས་གཉིས་མཉམ་པོར་བསྟོན་ཏེ། བདེ་བའི་རོ་ཞེས་པ། འདོད་པ་ལྔས་སྤྱོད་པའི་རོ་བཏར་ཡང་རོ་ཉིད་སེམས་ཉིད་ཡིན་པས་དེ་ལ་ཆགས་པ་མེད་དེ་སྤྱོད་ལ་མི་འཛིན་པ་དང་། མི་འཛིན་ཞིང་སྤྱོད་ཅིང་མྱོང་བ་ནི་དཀའ་བ་ཡིན་ནོ། །ཁྱད་པར་མ་ཡིན་ཏེ་གཏན་ཚིགས་སོ། །ཐེག་པ་ཆེན་པོའི་ལམ་ནི་ཚོགས་གཉིས་དུས་གཅིག་ཏུ་རྫོགས་པར་བཤད་དོ། །དེའི་ཕྱིར་ཚིག་ཤད་གཅིག་གསུངས་སོ། །ལྟ་སྤྱོད་ཡ་ཆར་མ་གྱུར་པར། །སྔགས་འཆང་རྣམས་ཀྱིས་རྟག་ཏུ་སྤྱད། །ཅེས་གསུངས་ཏེ། གཞན་ལྷར་མིན་ཏེ་ཐག་ཆོད། །ནེ་ཙོ་ཁྱུང་དང་འདྲ་བ་དང་། །ཐོགས་པ་མེད་པ་གླང་པོ་ཆེ་འདྲ་བ་ནི་ཚོ་རོལ་བྲལ་བའོ། །ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཉིད་བྱིན་གྱིས་བརླབ། མི་འགགས་པ་སུས་ཆུད་པ་ནི་འཆང་བ་སྟེ། དེ་ལྟ་བུ་རྣམས་ཀྱིས་རྒྱུན་དུ་སྤྱོད་དོ། །འོ་ན་ཐེག་པ་དང་གཉིས་ལ་ཁྱད་པར་ཅི་ཡོད་བསྟན་པའི་ཕྱིར་གསུངས་པ། བླ་མེད་ཐེག་པའི་ནང་ནས་ནི། དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཞེས་པ་རྒྱུ་ཡི་ཐེག་པ་གསུམ་ནི། ཐབས་དང་འབྲས་བུ་གཉིས་གཞན་ལས་ཁྱད་པར་འཕགས་པ་དང་། རྒྱུས་འབྲས་བུ་འབྱིན་པ་སྟེ་དེ་མཚོན་པའི་ཐབས་ཇི་སྙེད་པ་རྣམས་ཀྱི་གཞུང་གི་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འཁྲུལ་པར་སྣང་བའི་རྐྱེན་འདུས་པ་ཙམ་ལས་ངོ་བོ་མ་སྐྱེས་པ་ནི་ཆོས་ཉིད་ཀྱང་དེ། འོན་ཀྱང་ན། བརྟགས་པའི་འཁོར་བའི་ཐ་སྙད་རྣམས་དང་། དག་པར་མ་སྐྱེས་པ་ཡིན་ལ། བསྒྲུབ་བྱའི་ཆོས་ཐམས་ཅད་མ་སྐྱེས་ཏེ། གཉིས་ཀྱང་མ་སྐྱེས་པར་མཉམས་ལ། ཀུན་རྫོབ་ཏུ་འཁོར་བའི་ཆོས་རྣམས་ནི་འཁྲུལ་པའི་སེམས་ཆོས་རྣམས་སུ་སྣང་བ་ལ་དེ་ལྟར་མ་ཤེས་པས་རང་རྒྱུད་པར་བརྟགས་པ། རྟོག་པ་རྒྱུ་རྐྱེན་ཏུ་འདུས་པ་ཉིད་རང་སྣང་བས་དོན་བྱེད་པ་ཡང་སྤང་བྱ་དང་དོར་བྱར་ལྟ་བ་ལ་སྤྱད་པའི་སྤྱོད་ཡུལ་སྤངས་པས་སྦྱངས་ཤིང་དག་པས་འབྲས་བུ་ཐོབ་པ་མྱ་ངན་ལས་འདས་པའི་སྐུ་གསུམ་ལ་སོགས་པ་བསྒྲུབ་བྱ་དང་ཐོབ་བྱ་སྟེ། གཉིས་ཀ་མཚན་ཉིད་མ་འདྲེས་པར་འདོད་པས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་ལས། །ཀུན་རྫོབ་ཏུ་ཡང་དབྱེ་བ་མེད། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་པ་སྤང་བྱ་ཉིད་སྤྱད་པས་མི་གོས་པ་དང་ལམ་དུ་གྱུར་པ་དང་། བཤད་པ་དང་འབྲས་བུ་འཕགས་པས་དེ་སྐད་ཅེས་བྱའོ། །ཐ་སྙད་དག་པའི་དངོས་པོ་དང་། སྤང་བྱའི་དངོས་པོ་རྣམས་ཀྱང་ནི། །ཀུན་རྫོབ་ཏུ་ཡང་རྗེས་འཇུག་སྟེ། །གཉིས་སུ་བརྟགས་སེམས་རང་གཉིས་སུ་སྣང་བས་གཉིས་མེད་པས་ཁྱད་པར་བཤད་པ་ཙམ་ཞེས་བྱའོ། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། བླ་མེད་ཐེག་པ་ལས་འཕགས་པས། །དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །དེ་ཕྱིར་བདེན་གཉིས་དབྱེ་བ་མེད། །ཅེས་པ། དེ་ཡང་གཅིག་ནི་ཡང་དག་པར་ཆོས་ཐམས་ཅད་སེམས་སྣང་ལ་སེམས་ནི་སྤྲོས་པ་དང་བྲལ་བས་མ་སྐྱེས་པ་དེ་བཞིན་ཉིད་དོ། །ཞེས་པ་དང་། གཞན་དུ་ན་འཁྲུལ་པས་བརྟགས་པའི་དངོས་པོ་རྣམས་སྒྱུ་མ་ལྟ་བུའོ་ཟེར་ལ། ཅིག་ཤོས་ནི་རེས་མོས་པ་མིན་ཏེ་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་བྱུངས་ཐེབས་པས་རང་བཞིན་དག་པ་དང་། རྟོག་པ་གཉིས་དང་རིག་པ་ཁོང་ནས་གསལ་བ་དང་། བསྒྲུབ་བྱ་རྣམས་དང་གཞི་ནས་རྫོགས་པ་ཉིད་རང་སྣང་བ་སྟེ། འོན་ཀྱང་ན་ཐ་སྙད་ཐམས་ཅད་རང་རིག་པར་རང་འབྱུང་བསམ་འགགས་པ་དང་། སེམས་ཉིད་མ་སྐྱེས་པ་དང་། སྤྲོས་པ་གཉིས་གཅད་པ་དང་། སྤྱོད་ཡུལ་དག་པ་དང་། བརྟགས་པ་ཐམས་ཅད་ཡེ་ནས་རྒྱུད་སྦྱངས་པ་དང་། སེམས་ཉིད་མ་སྐྱེས་པ་དང་། དེ་ཉིད་རིག་པ་དང་ལྡན་པ་ཉིད་ལ། ཀུན་རྫོབ་ཏུ་སྣང་བ་ཐམས་ཅད་ཉིད་ལས་ཁྱད་པར་མེད་པ་ཉིད་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས་ཐ་སྙད་གྲུབ་པ་མེད་པའི་ཕྱིར་གཉིས་དང་བྲལ་ཏེ་བདེན་པ་གསུམ་ཞེས་བྱའོ། །ཐམས་ཅད་དབང་ཞེས་བྱ་བ་ཡང་། དངོས་པོ་གསལ་དག་མ་ཡིན་ཏེ། སྣང་སྤྱོད་ཉིད་ན་རྣམ་པར་དག །ཅེས་པ། བརྟགས་པའི་ཐ་སྙད་རྣམས་དང་བྲལ་བ་ཡང་སྤང་ཞིང་བཅོས་པ་མ་ཡིན་ཏེ། ཐམས་ཅད་དུ་སེམས་རང་སྣང་བས་སྣང་ཞིང་སྤྱོད་པ་ཉིད་ན་སྣང་ལ་མ་གྲུབ་པས་ཅི་སྤྱོད་ཀྱང་མི་གོས་པ་དག་པའོ། །འོན་ཏང་ཆོས་ཐམས་ཅད་གདོད་མ་ནས་སངས་རྒྱས་ས་ལ་རྗེས་སུ་ཞུགས་ནས་ལམ་དུ་རུང་བར་བྱེད་པའོ། །རྣལ་འབྱོར་པ་དེ་ལ་ཐུན་མོང་ནང་གི་ལམ་ལ་སོགས་པ་ཐམས་ཅད་རྫོགས་སོ། །དེ་བས་ན། གདོད་ནས་དེ་བཞིན་གོམས་བྱེད་པ། །ལམ་གཞན་རྫོགས་པའི་རྣལ་འབྱོར་པ། །ཞེས་གསུངས་སོ། །ཚོམ་བུའི་གྲངས་ནི་མ་ངེས་ཏེ། དང་པོ་དམ་ནོས་བཞིན་དུ་བྱ། །ཞེས་པ། རྒྱས་འབྲིང་ལ་སོགས་པ་གཞན་ནི་དོན་མེད་པའོ། །འབྲུ་སླ། ལེ་ལོ་སྒྱིད་སྙོམ་མེད་པ་ཡིས། །ཞེས་པ་ལ་སོགས་པ་ནི་འགྲུབ་པའི་དུས་བསྟན་ཏེ་སྒྲ་ཇི་བཞིན་ནོ། །མཐོང་བའི་ཆོས་ལས་མྱ་ངན་འདས། །སྐུ་ལྔ་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་པ། སྤྱོད་ཡུལ་སྣང་ཡང་འཛིན་པ་མེད་དོ། །འཆང་བའི་སྐུ་ལ་གྲུབ་ཅེས་བྱའོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ལ་བསྡུས་པ། སྣང་བ་རྣམ་པར་འབྱིན་པའི་ཏིང་ངེ་འཛིན་ཏེ་ལྔ་པའོ། །ཞེས་པ་སྒྲ་ཇི་བཞིན་ནོ། །རིམ་པ་ལྔ་པའི་མདོར་བཀྲོལ་བའོ། །རྫོགས་སོ། ༈ །ད་ནི་མཐར་གནས་བཤད་པར་བྱ་སྟེ། དེ་ལ་མཐར་གནས་བཤད་པར་བྱ། །ཞེས་པ། ཉེ་བར་སྦྱོར་བ་ནི་འདས་མ་ཐག་པ་སྟེ། འོ་ན་སོ་ནམ་གྱི་དཔེ་བཞིན་དོན་ཆུབ་པ་ནི་མཐར་ཕྱིན་པའོ། །དེ་བཤད་ཅེས་བྱ། དེ་ཡང་འབྲས་བུ་ཐོབ་པའི་ཚུལ་ཇི་ལྟར་ཐོབ་སྙམ་པ་ལ། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །རིམ་པ་ལྔ་ཡི་མཉམ་སྦྱོར་བས། །ཞེས་པ། རང་བྱུང་གི་ཡེ་ཤེས་ལ་བསྒྲུབ་བྱ་ཐམས་ཅད་རྫོགས་པ་ནི་རང་བཞིན་གྱི་དཀྱིལ་འཁོར་ཡིན་ཏེ། དེ་ནི་ཁྱབ་པའོ། །དེ་ལམ་རིམ་པར་བགྲོད་པའི་སྒོ་ནས་རིག་པར་བཤད་པས་ཆུབ་པ་གཞིའི་ཡེ་ཤེས་རང་འཆད་པར་འབྱུང་བས་སངས་རྒྱས་ཀུན་ཀྱང་གཉིས་སུ་མེད་པའི་སྒོ་ནས་དམ་པའི་འཆད་པ་རྣམས་འགྲུབ་ཅེས་བྱའོ། །འོ་དེ་གཞན་ཞིག་ལ་གྲུབ་བམ་སྙམས་པ་ལ། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་གསུངས་ཏེ། འཆད་པའི་དངོས་པོ་རྣམས་ནི་རྨད་བྱུང་བས་དེ་སྐད་ཅེས་བྱའོ། །གཟུང་འཛིན་དག་པའི་རིག་པ་ཉིད་ཡུལ་དང་བྲལ་བར་སྣང་བ་ནི་གཞན་ལས་སྤངས་པས་འབྲས་བུའི་ཆོས་སོ། །དེ་ཡང་བསྒྲུབ་བྱ་གཞན་ན་ཡོད་པ་གཅིག་རྩོལ་བས་ཐོབ་པ་མ་ཡིན་ནོ། །ལྷག་མ་ནི་གཞན་འཆད་ཀྱང་། ལུགས་ཀྱི་ཐབས་ནི་གཅེས་སོ་ཞེས་བྱ། སེམས་ཉིད་རང་བཞིན་མ་གྲུབ་བཞིན་དུ་ཡེ་ཤེས་ཀྱི་རྩལ་མ་འགགས་པའི་ཕྱག་རྒྱ་གསལ་བ་ལ། ཡུལ་སྤངས་པའི་ཚུལ་གྱི་གནས་པའི་ནུས་པ་ཅན་གྱི་རིག་པ་ནི། འཛིན་པ་ཐམས་ཅད་དང་བྲལ་ཏེ་ཀློང་དུ་གྱུར་པ་ཉིད་ལས་མ་ཐག་པ་དེ་ལྟ་བུའི་ངོ་བོར་རང་སྣང་བས། གཞན་དག་ལས་ཀྱང་། ནམ་མཁའ་བཞིན་ཏེ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་གྱུར་ཆོས་མ་ཡིན། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རང་གི་མཐུ་ཡིས་རིག་པ་ལས། །ཆོས་ནི་གཞན་ནས་འབྱུང་མི་འགྱུར། །ཞེས་འབྱུང་ངོ་། །འོ་ན་ཐོབ་པ་ཉིད་གང་ཞེ་ན། རང་རིག་ཉིད་ལ་གནས་པ་ནི། །སུས་ཀྱང་མ་བྱས་རང་བྱུང་སྟེ། །ཞེས་པ་ཀུན་ཏུ་འོད་ཀྱི་ས་དང་། ཆོས་ཀྱི་སྐུ་བསྟན་ཏེ། རང་ཉིད་རང་གི་ངོ་བོ་རིག་པ་རང་གསལ་བའི་དོན་ཆུབ་ནས། ཡུལ་མེད་པས་རང་གནས་པ་ནི་རང་བྱུང་གི་བཅོམ་ལྡན་འདས་སོ། །དེ་ལ་རྒྱུ་རྐྱེན་མེད་པས་རིག་པ་རང་བྱུང་སྟེ། དེ་ལྟ་བུའི་ཡེ་ཤེས་ནི་རང་སྣང་བས་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ། དེས་སྦྱོར་ཡུལ་གྱི་ཆོས་ཐམས་ཅད་རང་རིག་པར་གསལ་བས་ལས་སྦྱོར་ཞེས་བྱ་སྟེ། རང་བྱུང་ཆེན་པོ་ཡེ་ཤེས་ཀྱི། །མ་ལུས་དེ་བཞིན་ཉིད་དུ་སྦྱོར། །ཞེས་གསུངས་སོ། །འོ་ན་སྦྱོར་བྱ་སྦྱོར་བྱེད་གཉིས་ཡོད་དམ་སྙམ་པ་ལ། སྦྱོར་དང་སྦྱོར་བ་གཉིས་ཀ་མིན། །གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ། །འདི་ལ་མཚན་ཉིད་ཡོད་མ་ཡིན། །ཞེས་གསུངས་ཏེ། སྤྱིར་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ལ་གཉིས་ངང་གིས་དག་པས། ཡུལ་དང་ཡེ་ཤེས་གཉིས་དང་སེམས་ཉིད་ལས་བརྟགས་པས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ། འོ་ན་གཅིག་ཡོད་དོ་སྙམ་པ་ལ། སེམས་མ་སྐྱེས་པ་ཉིད་མ་བསྒྲིབས་པར་གསལ་བ་ནི་མཉམ་པ་ཉིད་ཀྱི་དབྱིངས་སོ། །དེ་ནི་ལྷུན་གྱིས་གྲུབ་པའི་ངང་ཞེས་བྱ། དེ་ལ་དངོས་པོ་ཐམས་ཅད་མ་གྲུབ་པ་ནི་དེ་སྐད་ཅེས་བྱའོ། །འདས་མ་ཐག་པ་ཉིད་བརྟགས་པའི་སྤྱི་མཚན་དང་། རང་གི་མཚན་ཉིད་གཉིས་མེད་པར་ཐམས་ཅད་མི་རྟོག་པར་གསལ་བ་ནི་ཆོས་ཀྱི་སྐུ་དང་། ཀུན་ཏུ་འོད་ཅེས་བྱའོ། ༈ །ད་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། པདྨ་ཅན་གྱི་ས་བསྟན་ཏེ། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱ་རང་སྣང་བས། །ཞེས་པ། དེ་མི་དམིགས་པའི་ཤེས་རབ་ཀྱིས་སྤྲོས་པ་ཡོངས་སུ་གཅད་པས་མཉམ་པ་ཉིད་ཀྱི་དབྱིངས་སོ། །དེ་ནི་བཞི་བཞིན་གྱུར་པས་མིང་ཐོབ་སྟེ། འོན་ཏང་ན་རང་ནམ་མཁའ་དང་འདྲ་བ་དེ། མ་འགགས་པའི་ཡེ་ཤེས་མ་འདྲེས་པར་སྐུ་དང་ཡེ་ཤེས་སུ་རང་གསལ་བ་ཡང་གཅིག་ཏུ་མ་ངེས་པས། སྣང་བ་རྣམས་དང་སྤང་དུ་མེད་དེ་བསྙད་ཅིང་བཏགས་པས་ཀུན་ཀྱང་ཡེ་ཤེས་སུ་གསལ་ལོ། །འོན་ཏང་ན། ཐམས་ཅད་སེམས་ཉིད་དུ་རང་བྱུང་ཞིང་སྣང་བ་དེ་དག་ཤེས་པའི་ཡེ་ཤེས་ཉིད་ཡུལ་དང་བྲལ་བར་སྤྱོད་པ་དང་། ཡེ་ཤེས་ཉིད་ཅིར་ཡང་སྣང་བས་དེ་སྐད་ཅེས་བྱ་སྟེ། ཐམས་ཅད་མ་ལུས་ཡེ་ཤེས་དངོས། །ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཞེས་གསུངས་སོ། །མ་བཀག་ཚུལ་གྱིས་རང་སྣང་བ། །སོ་སོར་དོན་བཞིན་རོ་མྱོང་ཡང་། །རང་རིག་ཉིད་ལས་གཞན་མེད་ཕྱིར། །ཞེས་པ་ནི། མ་བཀག་ཅེས་པ། སེམས་ཉིད་ཅིར་ཡང་མ་བཀག་པར་སྣང་བའི་ཚུལ་གྱིས། སེམས་རང་སྣང་བའི་ཚུལ་གྱིས་ཞེས་བྱ། སྣང་བ་ཞེས་པ་ཡེ་ཤེས་སུ་རང་སྣང་བའོ། །སོ་སོར་དོན་བཞིན་ཞེས་པ། སེམས་ཉིད་རང་སྣང་བའི་གཟུགས་ལ་སོགས་པ་རྣམས་ཀྱི་ངོ་བོ་ཇི་ལྟར་གནས་པ་ལྟར་མཐོང་ཡང་ཞེས་བྱ། ཡང་ཞེས་པ་མི་མཐུན་པའོ། །རང་རིག་ཅེས་པ། གོང་མ་ལྟར་མཐོང་ཞིང་མྱོང་ཡང་ཐོབ་བྱ་ཉིད་དུ་སེམས་ཉིད་བྱུང་བས་སེམས་ལས་ལོགས་ན་ཡུལ་མེད་དེ། ཡུལ་སེམས་གཉིས་སུ་མེད་པ་ལ་དེའི་ཕྱིར། བདེ་བ་ཆེན་པོའི་ཡེ་ཤེས་ལ། །ཞེས་པ། སྣང་བ་ཡང་མི་འཛིན་པས་ཟུག་རྔུ་མེད་པ་ནི་བདེ་བ་ཆེན་པོའོ། །འོན་ཏང་ན་འཛིན་པ་མེད་པའི་གསལ་བའི་ཡེ་ཤེས་ལ་ཡུལ་དུ་བྱས་ནས། སྣང་བའི་མཚན་མ་ངང་གིས་མེད་དེ། དེ་བས་ན། གཟུང་བའི་མཚན་མ་ཡོད་མ་ཡིན། །ཞེས་པའོ། །མི་རྟོག་ཚུལ་གྱིས་ལོངས་སྤྱོད་པ། །ཞེས་པ། སེམས་ཉིད་རང་ཐམས་ཅད་དུ་གསལ་བས་ཅིར་ཡང་མི་འཛིན་པ་དང་། འོན་ཏང་ན་རྟོག་པ་མེད་པས་ཐམས་ཅད་བདག་ཉིད་དུ་ལོངས་སྤྱོད་པ་ཞེས་བྱ། མ་ཆགས་པདྨ་དག་པའི་སྐུ། །ཞེས་པ་བཤད་པ་ལྟར་སྤྱོད་ཡུལ་ཐམས་ཅད་བདག་ཏུ་ལོངས་སྤྱོད་པས་ཐམས་ཅད་ཀྱི་རོ་བཏར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། སྤྱོད་ཀྱང་འདུ་ཤེས་ཀྱང་བྲལ་ཏེ་མ་ཞེན་པ་ནི་པདྨ་ཅན་གྱི་སའོ། ༈ །ད་ནི་འཁོར་ལོ་ཚོགས་ཆེན་གྱི་ས་དང་སྤྲུལ་པའི་སྐུ་བསྟན་ཏེ། འདས་དང་མ་འོངས་དངོས་པོ་ཀུན། །རང་རིག་ཡེ་ཤེས་བྱང་ཆུབ་སེམས། །ཞེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དང་། དུས་དང་མི་འདོད་པ་མ་ཡིན་ཏེ། གཉིས་པོ་བཞི་པོ་དངོས་པོ་ཀུན། རང་རིག་ཅེས་པ། སེམས་པས་བཤད་པ་རྣམས་ཡེ་ཤེས་ཡིན་ཏེ། དེ་ནི་སེམས་ངོ་བོས་མ་གྲུབ་པ་དང་། འབྲས་བུར་རྫོགས་པ་ཡང་མཐའ་མ་བསྒྲིབས་པར་གསལ་བས་དེ་སྐད་ཅེས་བྱའོ། །སྣང་སྟོང་གཉིས་སུ་མ་ཡིན་པས། ཡེ་ཤེས་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རང་རིག་བསམ་ཡས་ཅིར་ཡང་སྣང་། །ཞེས་པ། འདས་པ་ལྟར་ཆོས་ཐམས་ཅད་སེམས་སུ་འདུས་པ་དང་། སེམས་ཅིར་ཡང་སྣང་བ་ལ་ཐ་སྙད་ཡོད་པ་མ་ཡིན་ཏེ། འོན་ཏང་ན་སེམས་ཡེ་ཤེས་སུ་གསལ་བས་ཡེ་ཤེས་སུ་སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་མ་བཙལ་བར་རྫོགས་སོ། །རང་རིག་ཅེས་པ། སེམས་རང་སྣང་བའི་སྐུ་གསུང་ཐུགས་རེ་རེ་ལ་ཡང་གསུམ་ལ་སོགས་པའི་ཐ་སྙད་བརྗོད་ཀྱི་མི་ལང་ངོ་། །འོ་ན་དེ་ཅི་སྟེ་སྙམ་པ་ལ། གདུལ་བྱའི་དབང་གིས་བརྗོད་མི་ལངས། །བྱང་སེམས་ལྷུན་གྲུབ་རང་སྣང་བས། །ཞེས་པ། དེ་ཡང་འདོད་པ་ལ་ཞེན་པ་ལ་སོགས་པ་དང་། ནང་རིས་ཀྱང་ཐ་དད་པས་བསམ་པ་ཐ་དད་པ་བགྲང་བ་ལས་འདས་པ་ཡོད་པས། དེ་འདུལ་བ་ཡང་ཇི་ལྟར་ཡོད་པ་ལྟར་སྣང་བས་གྲངས་ལས་འདས་པ་སྣང་བ་དང་། རང་བྱུང་གི་ཡེ་ཤེས་ལས་འབྲས་བུ་ཐམས་ཅད་རྫོགས། རྫོགས་པ་དེ་བས་རྫོགས་པར་སྣང་བ་དང་བལྟས་པ་ལྟར་སྣང་བའོ། །འདུ་འཕྲོ་ཞེས་པ། ཡེ་ཤེས་རང་སྣང་བ་དང་། སྣང་བ་རྣམས་སེམས་ཉིད་དུ་རྫོགས་པས་ཚུལ་ཞེས་བསྟན་ཏེ། འོ་ན་དེའི་ཐུགས་རྗེའི་བྱིན་རླབས་ཇི་ལྟར་སྣང་སྙམ་པ་ལ། སྤྲོས་བྲལ་ཐུགས་ཀྱི་ཆོས་ཐམས་ཅད། །སྙོམས་པར་ཁྱབ་པས་སེམས་ཉིད་དེ། །འབྲས་བུ་ལྷུན་གྲུབ་བྱིན་ལྡན་པས། །མཚོ་རླབས་ཚུལ་དུ་ཀུན་ཏུ་སྣང་། །ཞེས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་ཐུགས་ནི་ངོ་བོ་དང་འཛིན་པ་ཅི་ཡང་མི་མངའ་ལ། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན་ཡུལ་དང་བྲལ་བས། གསལ་བ་ཐམས་ཅད་བདག་ཉིད་ཆེན་པོར་སོགས་པ་ནི་གཉིས་སུ་མེད་པའི་ཐུགས་རྗེའོ། །དེ་ཡང་སྟོང་པ་མིན་རིག་པའི་རྩལ་ཏུ་སྣང་བ་རྣམས་ཐོག་མ་ནས་བསྒྲུབ་བྱ་རྫོགས་པ་ནི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། དེ་ཡང་མི་གཉིས་པ་དང་། ཁྱབ་པ་དང་། བསྒྲུབ་པ་དང་། དག་པ་དང་། རྫོགས་པའི་དབང་གིས་བལྟས་པ་སྣང་བ་འཆད་པ་བཞིན་པས་མཚོ་དང་རླབས་སོ། །འོ་ན་ཐམས་ཅད་མེད་དུ་སྣང་བ་ཅིག་གོ་སྙམ་པ་ལས། བསམ་ཡས་ལྷུན་གྱིས་གྲུབ་པའི་ཕྱིར། །ཞིང་ཁམས་རྣམས་དང་འགྲོ་ཀུན་ལ། །ཞེས་པ། སེམས་རང་བྱུང་གི་ཡེ་ཤེས་རང་སྣང་བའི་ཐ་སྙད་ཐམས་ཅད་སྐུ་ལ་སོགས་པར་རྫོགས་པའི་ཕྱིར། དེ་ཉིད་འཁྲུལ་པ་ཡང་དག་པ་ལ་སྣང་བ་ཡང་རང་ལས་བྱུང་བས་འདོད་པ་ལྟར་སྣང་སྟེ། དེར་ཡང་བདེ་བར་གཤེགས་པ་ལ་ཡོན་ཏན་ཐམས་ཅད་རྫོགས་ནོར་བུ་རིན་པོ་ཆེ་ལྟར་སྣང་བར་མི་འདོད་པ་ཡིན་ནོ། །གཞན་སྨོན་ལམ་དང་ལས་ལས་འབྱུང་བ་ནི་གཞན་དག་གོ། །འོན་ཏང་ན་སངས་རྒྱས་ཀྱི་ཞིང་ཁམས་དག་པ་ན་གནས་པའི་བྱང་ཆུབ་སེམས་དཔའ་དང་། འགྲོ་བ་དྲུག་པོ་རྣམས་སོ། །དེ་ནི་ཡུལ་ལོ། །འོ་ན་སྣང་བ་འདི་ཉིད་སྙམ་པ་ལ། །རྡོ་རྗེ་འཛིན་ནས་རྩི་ཤིང་སོགས། །སོ་སོར་མཐུན་པར་སྐུ་སྣང་ཡང་། །སྟོང་ཉིད་དངོས་དང་བྱ་བྱེད་མེད། །ཅེས་པ་ནི། སྦྱོངས་པའི་དབང་དུ་ལྷུན་གྱིས་གྲུབ་པ་དྲུག་པའི་སྟོན་པ་དང་། ཐ་ན་རྩི་ཤིང་དང་། བསྡུ་བ་ནི་ཐུན་མོང་གི་སྟོན་པ་གཉིས་དང་། རིག་འཛིན་དང་། བྱང་ཆུབ་སེམས་དཔའ་དང་། སེམས་དམན་པ་དང་། སྟོབས་ཅན་ལ་སོགས་པའི་བློ་དང་མཐུན་པར་སྣང་ཞིང་སྟོན་ནོ། །མང་ཞེས་པ་ནི་མི་མཐུན་པ་སྟེ། གདུལ་བྱ་ལ་སྣང་གཞི་མ་གྲུབ་ཅེས་བྱ། །དེ་ལྟར་མཐུན་པར་སྟོན་ཅི་དོན་བྱེད་པ་དང་། །སྐུ་ལ་དངོས་པོ་དང་དོན་གྱི་བྱ་བྱེད་ཀྱི་རྟོག་པ་ནི་མི་མངའ་འོ། །འོ་ན་འཁྲུལ་པ་ལ་འགྲོ་འོང་ཡོད་དམ་སྙམ་པ་ལ། ཆུ་ཟླའི་ཚུལ་དུ་ཀུན་སྣང་ཡང་། བྱིན་རླབས་ཁྱབ་ཅིང་འགྲོ་འོང་མེད། །ཅེས་པ། དཔེར་ན་ནམ་མཁའ་ལ་ཟླ་བ་ཤར་བའི་གཟུགས་བརྙན་ཆུ་ཀུན་ལ་ལྡན་པ་ཡང་ཟླ་བ་ལ་འགྲོ་འོང་མེད་པ་བཞིན། འཛིན་པ་དག་པའི་ཡེ་ཤེས་ལ་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར་ཐམས་ཅད་ནས་ཐམས་ཅད་དུ་འདོད་པ་ལྟར་སྣང་བའང་། ཐམས་ཅད་ཡེ་ཤེས་སུ་བྱུངས་ཐེབས་པས་ཐམས་ཅད་ཡེ་ནས་རྫོགས་ཟིན་པས་འགྲོ་འོང་མེད་དོ། །གཞན་དག་བསྐུལ་བས་སྣང་བ་ནི་འདྲ་བར་སྟོན་པའོ། །མངོན་པར་བྱང་ཆུབ་པའི་སྐུ་བསྟན་ཏེ། རྡོ་རྗེ་འཛིན་པའི་ལུས་ཉིད་ནི། །ཐམས་ཅད་ཀུན་གྱི་སྤྱི་གཟུགས་ཏེ། །ཞེས་པ། རིགས་ཀྱི་བདག་པོ་ཡང་ཡིན་ནོ། །དེ་ལ་སེམས་ཉིད་རྒྱུ་རྐྱེན་དང་བྲལ་བས་སྣང་བ་ཐམས་ཅད་སྐུ་གསུང་ཐུགས་སུ་རྫོགས་པ་ཡང་མི་ཕྱེད་པའོ། །དེ་ཡང་དོན་མངོན་དུ་བྱ་བས་གཉིས་པར་ཆུབ་པ་ནི་འཆང་བའི་དེའི་ངོ་བོ་ནི་དེ་ཉིད་དུ་ཆུབ་པ་ལ་མཐར་ཐུག་པར་ཐ་སྙད་དུ་འདོད་པ་དང་། གདུལ་བྱ་ལ་ཐ་དད་པར་སྣང་བ་རྣམས་ཀྱང་དེ་ཉིད་ཀྱང་དེ་ཉིད་སྣང་བ་དང་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་དེ་ལ་དེ་སྐད་ཅེས་བྱ། ལྷག་མ་ནི་ངོ་བོ་མི་རྙེད་པར་བསྟན་ནོ། །སྣང་སྟོང་ལ་སོགས་དོན་མེད་ཅིང་། །ཞེས་པ། མ་འདྲེས་ཡོངས་སུ་རྫོགས་པས་མཐའ་གཉིས་ལས་འདས་པའོ། །གྲངས་དང་། ཞེས་པ་མང་དང་ཉུང་དང་ཁྱད་པར་དང་། །མཐའ་དབུས་རྗེས་སུ་མཐུན་ནོ། །འདས་མ་ཐག་པ་ལ་སངས་རྒྱས་ཉིད་ཀྱིས་ཀྱང་མི་གཟིགས་སོ། །འོན་ཏང་ན་རང་གི་ངོ་བོ་ཐམས་ཅད་དུ་སྣང་བ་དང་། ཐམས་ཅད་རྫོགས་པ་དང་། མཐའ་མི་རྙེད་པ་དང་། ངོ་བོ་མ་གྲུབ་པས་ནམ་མཁའ་དང་འདྲ་བ་ལ་བརྒྱད་ལ་སོགས་པ་དང་བྲལ་ལོ། །དེ་ཡང་འོད་ཟེར་དང་། གཞི་ལ་སོགས་པ་དང་། བསྡུ་བ་ནི་སྤྲུལ་པ་དང་། རྒྱན་ལ་སོགས་པ་ཅིར་ཡང་སྣང་བ་དང་། ཐམས་ཅད་སེམས་སུ་གསལ་བས་གཉིས་ལས་འདས་སོ། །དེ་བས་ན། འདི་ལ་སུས་ཀྱང་དམིགས་མི་ནུས། །ཞེས་པ་ཚིག་ཤད་གཅིག་གསུངས་སོ། ༈ །ད་ནི་རྡོ་རྗེའི་སྐུ་བསྟན་ཏེ། ཞི་ཁྲོ་ལ་སོགས་སྐུ་གཉིས་ཚོགས། །ཞེས་པ། བཞི་བཅུ་རྩ་གཉིས་ལ་སོགས་པ་དང་། ལྔ་བཅུ་རྩ་བརྒྱད་ལ་སོགས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པ་བསམ་ཡས་པས་རིག་ཅེས་བྱ། །ལྷུན་གྱིས་གྲུབ་པ་ཅིར་ཡང་སྣང་། །ཞེས་པ། བཤད་པའི་སྐུ་རྣམས་སེམས་ཡེ་ཤེས་སུ་གསལ་བ་མ་བཙལ་བར་རྫོགས་པ་དེ་ཉིད་མ་འགགས་པ་དང་། འདོད་པ་ལྟར་སྣང་ངོ་། །འོ་ན་ཚུལ་ཇི་ལྟར་སྙམ་པ་ལ། རིམས་སམ་རིགས་པ་མེད་ཚུལ་ནི། །གདུལ་བྱའི་བསམ་པས་ཕྱེ་བ་ཡིན། །ཞེས་པ། དེ་ལ་བཤད་པ་ལྟར་སྣང་བ་ཡང་། སྐུ་རེས་མོས་པ་དང་། དུས་གཅིག་པ་ནི་གདུལ་བྱ་སྦྱངས་པ་ཆེ་ཆུང་གི་སྣང་བ་ལ། ངོ་བོ་ལ་རེས་མོས་པ་མེད་དོ། །རྟག་པ་ཆེན་པོ་བསྟན་པ་ནི། དུས་གསུམ་དུ་ཡང་མི་འགྱུར་ཕྱིར། །རྟག་ཆེན་རྡོ་རྗེའི་སྐུ་ཞེས་གསུངས། །ཞེས་པ། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་སངས་རྒྱས་པ་ནི། གཞི་དང་། ལམ་དང་། འབྲས་བུ་གསུམ་དུའང་བསྒོམ་པ་དང་། སངས་རྒྱས་པ་དང་། བསམ་པ་ལས་མི་ཕྱེད་ཅིང་བསྐྱེད་དུ་མ་གྱུར་པ་དང་། སྤྲུལ་པ་ཉིད་ལ་སོགས་པ་རྣམས་སུ་སྣང་ཡང་དངོས་པོ་མི་འཕྲོ་བ་ནི་དེ་སྐད་ཅེས་བྱ། དེ་ཡང་རྒྱུན་དང་ཐེར་ཟུག་ལས་གྲོལ་བས་ངོ་བོ་ཉིད་ནི་ཆེན་པོ་ཞེས་བྱ་སྟེ། མིང་གཉིས་ཐོབ་བོ། །འོ་ན་ཟུང་འཇུག་གི་སྐུ་གང་སྙམ་པ་ལ། བདེན་པ་གཉིས་ཀྱི་མཐའ་ལས་འདས། །ཞེས་པ། བདེ་བར་གཤེགས་པའི་ཡེ་ཤེས་ནི། །བཤད་པ་དང་ཡེ་ཤེས་གཉིས་མཉམ་དུ་མངའ་བས། རྣམ་རྟོག་མི་མངའ་ཅིར་ཡང་གསལ་ལེར་མཁྱེན། །ཞེས་གསུངས་སོ། ༈ །ད་ནི་གསུང་ལྔ་བསྟན་ཏེ་དངོས་ཀུན་བདག་ཕྱིར་མིང་ཚིག་ཙམ། ཞེས་པ། གཉིས་དང་། གཞི་དང་བསྡུས་པ་རྣམས་སེམས་རང་སྣང་བས་བརྟག་པ་ཙམ་ལས་ངོ་བོ་བྲལ་བས། གཉིས་ཀྱིས་བསྡུས་པ་རྣམས་ལ། །མ་འདྲེས་སྒྲ་ལྟར་གནས་པ་སྟེ། །དེ་ནི་ཚིག་གིས་གསུངས་སོ། །འོན་ཏང་ན། ཐམས་ཅད་ཚིག་གི་སྒྲ་ལྟར་གནས། །ཞེས་གསུངས་སོ། །དེ་ཉིད་མ་སྐྱེས་སེམས་ཡིན་ཕྱིར། བརྟགས་པ་ཙམ་དུ་མ་འདྲེས་པའང་། སེམས་ཉིད་ཡིན་པས་མ་སྐྱེས་ཕྱིར། །ཞེས་སོ། །རང་བཞིན་ཞེས་པ་བརྟག་པ་རྣམས་ཀྱི་རང་བཞིན་སེམས་ཉིད་ཡིན་པས་བརྗོད་དུ་མེད་པས་མཐའ་དང་བྲལ་བ་དོན་གྱི་གསུ ང་ངོ་། །མི་མཐུན་པའི་རྟག་པ་མ་གྲུབ་ཀྱང་། ལྷུན་གྱིས་གྲུབ་པས་སྣང་ཞེས་བྱ། །སྒྲ་རྣམས་སེམས་སུ་ལྷུན་རྫོགས་ཕྱིར། །གསུང་ཅིག་ཚིག་ཏུ་མ་བརྗོད་ཀྱང་། །ཇི་ལྟར་འདོད་བཞིན་གསལ་བར་སྣང་། །ཞེས་པ། སེམས་ཉིད་རང་སྒྲར་བྱུང་བས། སྒྲ་ཐམས་ཅད་སེམས་ཉིད་དུ་གསལ་བ་ནི་མ་བཙལ་བར་སྣང་བས་རྫོགས་ཞེས་བྱའོ། །གཏན་ཚིགས་ནི། ཡེ་ནས་ཟིན་པའི་ཕྱིར་ཞེས་བྱ། །འོན་ཏང་ན་ཚིག་གི་གསུང་གིས་དངོས་སུ་མ་གསུངས་ན། ངེས་པར་བྱུང་བ་དང་། འདོད་པ་ལ་ཞེན་པའི་ངན་སོང་དང་། འཁོར་བ་ལས་ཐར་པ་དང་། གཉིས་ལས་བྱུང་བ་རྣམས་ལ་སྦྱངས་པའི་དབང་གིས་རང་གིས་མོས་པ་བཞིན་གསུམ་དང་། དྲུག་གི་བསྟན་པ་རྣམས་ཐོས་སོ། །དེ་མངོན་པར་བྱང་ཆུབ་པའི་གསུང་ངོ་། །དེ་ཕྱིར་བརྗོད་ཉིད་བརྗོད་པ་མེད། །ཅེས་པ་ལ་སྤངས་ཏེ་གཏན་ཚིགས་སོ། །གདུལ་བྱ་རྣམས་ལ་འདོད་པ་ལྟར། བརྗོད་པར་སྣང་། ཡང་རིག་པའི་གསུང་མངའ་བས་ཚིག་བརྗོད་པ་མེད་དེ་གཉིས་མེད་པ་ནི་རྡོ་རྗེའི་གསུང་ངོ་། ༈ །ད་ནི་ཐུགས་ལྔ་བསྟན་ཏེ། གདུལ་བྱ་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་ལས་མི་གཞན་ཕྱིར། །ཞེས་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་བསྟན། གསུམ་པ་ལ་སོགས་པ་རིམ་སེམས་སུ་སྣང་བས། སེམས་ལས་ལོགས་ན་མ་གྲུབ་པ་ནི་འདུས་མ་བྱས་མ་བཀག་པ་སྟེ། མིང་གཉིས་ཀྱི་ཕྱིར། གང་ཞིག་དེ་ཉིད་འགྱུར་བ་ཡིས། །ལོག་རྟོག་རྒྱུན་ཙམ་སྣང་བ་ཡང་། །ཞེས་པ། རྗེས་སུ་འཇུག་པ་པོ་རྣམས་ཀྱི་བློ་བཤད་པ་ལྟར་ཆུད་པ་རྣམས་ཀྱི་གསུམ་དང་། བཞི་དང་། བརྒྱད་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་དུ་སྣང་བ་ཡང་། བརྟག་པའི་རྟོག་པ་སྐད་ཅིག་པའི་རྒྱུན་ལ་དངོས་མ་གྲུབ་སྟེ། འོ་ན་ལོག་རྟོག་ཙམ་ངེས་སོ་སྙམ་པ་ལ། འཁྲུལ་པ་ལ་རྟོག་པ་སྐད་ཅིག་མའི་རྒྱུན་ཙམ་རང་སྣང་བ་ཡང་། སེམས་ཉིད་ཀྱི་ཡེ་ཤེས་རང་སྣང་ཡང་མ་གྲུབ་པས། སྒྱུ་མའི་རྫས་དང་འདྲ་བར་གསུངས་སོ། །དེ་བས་རང་སྣང་ཚུལ་ཞེས་པ་གསུངས་སོ། །དེ་བས་འདས་དང་མ་འདས་ཆོས། །རང་རིག་བྱང་སེམས་ངོ་བོའི་ཕྱིར། །སྔ་ཕྱི་ཅུང་ཟད་ཡོད་མིན་པས། །མཚན་ཉིད་མ་འདྲེས་ཡོངས་རྫོགས་པ། །རྫོགས་སངས་རྒྱས་ཀྱིས་སྔོན་ནས་མཁྱེན། །ཞེས་པ་སོ་སོར་རྟོག་པའི་ཡེ་ཤེས་སྟོན་ཏེ། དེ་ལ་ཁྱད་པར་ནི་མེད། གཏན་ཚིགས་སོ། །བརྟགས་པ་ཙམ་ཡང་མ་གྲུབ་པ་ཞེས་བྱ། དུས་དང་དངོས་པོ་ཀུན་གྱི་ཆོས་སུ་སྣང་བ་རྣམས་རང་གིས་སེམས་ནང་ནས་བརྟགས་པ་ཐམས་ཅད་ཀྱི་ངོ་བོ་སེམས་ཉིད་ཡིན་ནོ། །གཏན་ཚིགས་ནི་བཤད་པ་ལྟར་འགྲེལ་ཏོ། །སྣང་བ་ཐམས་ཅད་སེམས་ཡིན་པས་སེམས་ཉིད་མི་འགག་པ་དང་། གཅིག་ཏུ་མ་གྲུབ་པས་བརྟགས་པ་ལ་སྔ་ཕྱི་ཡོད་ཀྱང་ངོ་བོ་གཅིག་པས་དུས་གཅིག་སྟེ། གཞན་ལས་ཀྱང་། དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་མེད། །ཅེས་འབྱུང་ངོ་། །དེ་ལྟར་དུས་ལ་སྔ་ཕྱི་བྲལ་བས་སྣང་བརྟགས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་སོ་སོར་གསལ་བ་དང་། གསལ་ཡང་གཅིག་ཏུ་གསལ་བས་དེ་སྐད་ཅེས་བྱ། བསྒྲུབ་བྱ་ཐམས་ཅད་མངོན་དུ་བྱས་པའི་འཛིན་པ་རྣམས་ལས་གྲོལ་ཞིང་། ཡེ་ཤེས་མཐའ་དབུས་མེད་པར་བརྡལ་བ་རྣམས་ཀྱི་ཡེ་ནས་ཐ་སྙད་ཐམས་ཅད་ཡུལ་མ་གྲུབ་པར་རང་སྣང་བས་མཁྱེན་ཞེས་བྱ། ༈ །ད་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་བསྟན་ཏེ། སོ་སོ་སྣང་བ་ཐམས་ཅད་དང་། །རང་རིག་རྒྱལ་པོ་ཡང་དག་ཏུ། །རང་རིག་དེ་ཉིད་ཐམས་ཅད་ཡིན། །སྤྱོད་ཡུལ་ཐམས་ཅད་རང་གིས་ཕྱིར། །རང་སྣང་ཡེ་ཤེས་ངོ་བོས་སྟོང་། །ཞེས་པ། དེ་ཡང་བསྟན་པ་སྤྱི་མཚན་སོ་སོ་ཐ་དད་དུ་འཁྲུལ་པ་རྣམས་ལ་སྣང་བ་ཇི་བཞིན་པ་རྣམས་རྗེས་སུ་མཐུན་པར་རང་རིག་ཅེས་པ། རང་བྱུང་གི་ཡེ་ཤེས་ནི་ཐམས་ཅད་ཀྱི་དངོས་གཞི་དང་། ཐམས་ཅད་ཀྱི་བདག་ཉིད་དུ་དབང་བསྒྱུར་བ་དང་། དགོས་པ་ཐམས་ཅད་རྫོགས་པའི་ཕྱིར་རྒྱལ་པོ་ཞེས་བྱ། འོན་ཏང་ན། སེམས་ཉིད་དུ་བཤད་པ་རྣམས་ཉེས་པར་མ་གྱུར་པ་མེད་དོ། །འོ་ན་ཐམས་ཅད་སེམས་ཉིད་དུ་འདུས་མ་བྱས་པས་སྟོང་པ་ཉིད་དོ་ཞེ་ན། རང་རིག་ཅེས་པ། བཤད་པའི་ཡེ་ཤེས་ཉིད་རྣམ་པ་ཐམས་ཅད་རང་བྱུང་བ་ཡིན་ནོ། །འོན་ཏང་ན་ཡུལ་དང་ཤེས་རབ་དང་རྐྱེན་རྣམས་སུ་སྣང་བ་ཐམས་ཅད་སེམས་ཉིད་ཡིན་པས། ཡེ་ཤེས་རང་སྣང་བའི་ཐ་སྙད་ཐམས་ཅད་ངོ་བོ་སེམས་སུ་སངས་པས་སྟོང་པ་ཆེན་པོ་ཞེས་བྱ། ༈ །ད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སྟོན་ཏེ། མཐའ་རྣམས་བྲལ་བའི་རང་རིག་ཉིད། །མ་སྐྱེས་དོན་སྣང་མེ་ལོང་བཞིན། །ཞེས་པ། སྣང་བརྟགས་ཐམས་ཅད་སེམས་རང་སྣང་བས་བརྒྱད་ལ་སོགས་པ་ཐམས་ཅད་དག་པའི་ཡེ་ཤེས་ལ་བརྟགས་པ་རྣམས་མ་སྐྱེས་པ། རང་གི་ཡེ་ཤེས་ཀྱི་དོན་གཉིས་སུ་མེད་པར་གསལ་བ་ལ་ཡེངས་སུ་མེད་པས་མེ་ལོང་འདྲའོ། །འོ་ན་བརྟགས་པ་ཡང་སྤང་ངམ་སྙམ་པ་ལ། ཐམས་ཅད་ཅེས་པ། བརྟགས་པའི་ཐ་སྙད་ཐམས་ཅད་མ་སྤངས་པར་སེམས་ཉིད་དུ་གསལ་བས་ཡུལ་བཅད་པའི་ཕྱིར། ཤེས་བྱ་ཤེས་བྱེད་གཉིས་ཀ་ཀ་ནས་དག་ཅེས་བྱའོ། ༈ །ད་ནི་བྱ་བ་གྲུབ་པའི་ཡེ་ཤེས་བསྟན་ཏེ། མཚན་ཉིད་བསམ་ཡས་སེམས་སྣང་ཡང་། །སེམས་ཕྱིར་སོ་སོའི་དམིགས་པ་མེད། །རང་བཞིན་རྣམ་དག་ཡེ་ཤེས་ལ། །བྱ་བྱེད་དམིགས་པར་ཡོང་མི་འགྱུར། །ཞེས་པ། དངོས་པོ་གཉིས་ལ་བརྟགས་པའི་བྱེ་བྲག་བགྲང་བ་ལས་འདས་པར་སྣང་བ་དེ་དག་ཏུ་སེམས་རང་སྣང་ལ་དེ་ལྟར་སྣང་ཡང་ཐམས་ཅད་ཀྱི་ངོ་བོ་སེམས་ཉིད་ཡིན་པས་རྒྱ་མ་ཆད་པར་འཛིན་པ་ཡང་མེད་དོ། །འོན་ཏང་ན་ཐ་སྙད་ཐམས་ཅད་ཀྱི་རང་བཞིན་སེམས་སུ་བྱུང་ཐེབས་པ་ལ་སངས་རྒྱས་དང་སེམས་ཅན་གཉིས་སུ་མ་གྲུབ་སྟེ། ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ལ། དོན་བྱ་བའི་གདུལ་བྱ་ཡང་མ་གྲུབ་ལ། བྱེད་པ་ཡང་མེད་པས་ལས་ཐམས་ཅད་བྱས་ཟིན་པའོ། །གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། རྩ་བ་ལྔ་ཞེས་བརྗོད་མོད་ཀྱང་། །བརྗོད་པའི་མཚན་ཉིད་ཡོངས་སྤངས་ཏེ། །མཚན་ཉིད་མེད་པར་སོ་སོར་སྣང་། །ཞེས་པ། སངས་རྒྱས་ཀྱི་ཡེ་ཤེས་ནི་ཐམས་ཅད་བདག་ཏུ་གསལ་བས་ཤེས་བྱ་ཤེས་བྱེད་བྲལ་ཏེ། འཛིན་པ་མེད་པའི་ཡེ་ཤེས་ནི་སྐབས་ལས་བརྟགས་པའི་ཡེ་ཤེས་བསམ་ཡས་ཀྱང་། ཡེ་ཤེས་ཐམས་ཅད་ཀྱི་རྩ་བ་བཤད་པ་ལྔའོ། །ཞེས་བརྗོད་དོ། །མི་མཐུན་པ་ནི་བཤད་པ་ཉིད་ཀྱང་མ་གྲུབ་པར་སྟོན་ཏེ། དེ་ལ་བརྗོད་པར་བྱ་བའི་ཡེ་ཤེས་ལྔ་ཡང་རིག་པ་གཅིག་གི་རྩལ་ལས་དངོས་པོར་མ་གྲུབ་སྟེ། དེ་ནི་རང་བྱུང་གི་ཡེ་ཤེས་མཚན་མ་ཐམས་ཅད་དང་བྲལ་བ་ཉིད། ཡེ་ཤེས་ལྔ་ལ་སོགས་པར་མ་འདྲེས་པར་ཤར་ལ། དེ་ཉིད་ཅེས་པ། རང་བྱུང་གི་ཡེ་ཤེས་ལྔར་བྱུང་བ་དེ་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པས་དེ་སྐད་ཅེས་བྱའོ། །མཚན་ཉིད་གཉིས་མེད་དམིགས་མི་འགྱུར། །གནས་པ་མེད་པར་ཀུན་ཏུ་ཁྱབ། །ཅེས་པ། དེ་ཡང་གཞན་དག་ལྟར་དབྱིངས་དང་ཡེ་ཤེས་ཀྱིས་བྲལ་བས། ཡེ་ཤེས་ཀྱི་དབྱིངས་ལ་དམིགས་པ་མེད་དོ། །དེ་ཡང་དབྱིངས་རིག་པར་གསལ་བ་དང་། རིག་པ་སྤྲོས་པ་མེད་པས་གཉིས་མེད་དེ་ཡེ་ཤེས་རང་གི་ངོ་བོ་གཅིག་དུ་གནས་པ་མེད་པར་ཐ་སྙད་ཐམས་ཅད་གསལ་བས་ཁྱབ་ཅེས་བྱའོ། ༈ །དེ་ནི་ཡོན་ཏན་ལྔ་བསྟན་ཏེ། ཕྱོགས་བཅུ་སྣང་གྲགས་བསམ་ཡས་པ། །རང་རིག་ཉིད་ལས་མི་གཞན་ཤར། །ཞེས་པ་ལ་སོགས་པ་ནི། བཅུ་ལ་སོགས་པ་དངོས་པོར་བརྟགས་པའི་གྲངས་ལས་འདས་པ་སྟེ། དེ་ཡང་སེམས་རང་སྣང་བས་སེམས་ལས་མ་གཏོགས་པ་མེད་པས་སེམས་རང་སྣང་བའོ། །ཞིང་ཁམས་ཀྱི་ཡོན་ཏན་རིན་པོ་ཆེའི་དབྱིབས་དང་མདོག་སྣ་ཚོགས་བཀོད་སྤྲས་པ་དང་། ཞེས་པ། བསྡུ་བ་ནི་འཆད་པའོ། །དེ་ཡང་། ཡེ་ཤེས་རྒྱན་གྱིས་སྤྲད་པ་ཡི། །ཞིང་ཁམས་ཡོན་ཏན་བསམ་མི་ཁྱབ། །ཅེས་པ། ཡེ་ཤེས་རང་སྣང་བའི་ཞིང་ཆེན་པོའི་རྒྱན་དང་། རིན་པོ་ཆེ་ལ་སོགས་བསམ་ཡས་པར་སྣང་ངོ་། །ཕྱོགས་བཅུ་དུས་བཞིའི་ཞིང་སྦྱོང་བས། །དོག་ཡངས་ཚད་དང་དཔག་ཏུ་མེད། །ཅེས་པས་གཞལ་ཡས་བསྟན་ཏེ། བཅུ་དང་བཞིས་བསྡུས་པ་རྣམས་སེམས་ཉིད་དུ་གསལ་བ་ཉིད་གཞལ་ཡས་དུ་བྱུང་བས་དེ་ལ་རྒྱ་དང་བྲལ་ལོ། །དེ་ནི་དཔེར་ན་སྤྲུལ་པའི་སྐུའི་གཙུག་ཏོར་བལྟ་བས་ཚད་མ་མཐོང་བ་ལྟ་བུ་སྟེ། སངས་རྒྱས་སྤྱི་གཙུག་ལྟ་བུའི་མཚན། །ཞེས་གསུངས་སོ། །དེ་ཅི་སྟེ་སྙམ་པ་ལ། གཞལ་ཡས་ཁང་གི་ཐུགས་ཡེ་ཤེས་ཀྱི་གདུལ་བྱའི་སྣང་བས་གཞལ་ཡས་དུ་བྱུང་བའི་ཕྱིར་རང་གི་ངོ་བོ་དང་མཚན་ཉིད་བརྗོད་པར་དཀའ་སྟེ། ཡེ་ཤེས་རྒྱུ་ལས་གྲུབ་པའི་ཕྱིར། །འདི་ཞེས་གཅིག་ཏུ་བརྗོད་དུ་མེད། །ཅེས་གསུངས་སོ། །ཟག་མེད་བསོད་ནམས་ལྷུན་གྲུབ་པས། །ཇི་ལྟར་བལྟས་པ་དེ་ལྟར་སྣང་། །ཞེས་པ། སྤྱོད་ཡུལ་ཐམས་ཅད་མ་སྤང་པར་ལོངས་སྤྱོད་ཀྱང་འཛིན་པ་མེད་པས་སྒྲིབ་པ་མེད། མི་བཙལ་བར་སྤྱོད་དེ། དེ་ཡང་སེམས་རང་སྣང་བས་འདོད་པ་ལྟར་འགྲུབ་བོ། །དེ་ཅི་སྟེ། སྙམ་པ་ལ། གདོས་པ་ཅན་གྱི་ཆོས་མིན་ཞིང་། །ཐམས་ཅད་རང་གི་དབང་བསྒྱུར་བས། །སྟོང་པར་བྱའམ་མི་སྟོང་བྱ། །ཞེས་གསུངས་ཏེ། དེ་ཡང་ཡེ་ཤེས་རང་སྣང་ལས་ངོ་བོ་མ་གྲུབ་སྟེ། ཡེ་ཤེས་སུ་གསལ་ཞིང་ཡེ་ཤེས་དང་ཀློང་དུ་གྱུར་པས་ཡུལ་དང་བྲལ་ཏེ་སྐད་ཅིག་མ་མེད་པར་དབང་བསྒྱུར་བས་མ་སྐྱེས་པའམ་སྐུ་ལ་སོགས་པ་ཇི་ལྟར་འདོད་པ་ལྟར་བཏུབ་ཅེས་བྱ། འོད་ཟེར་བསྟན་ཏེ། ཐམས་ཅད་དབྱེར་མེད་ངང་ཡིན་པས། །རྟོག་པ་མེད་ཅིང་ཅིར་ཡང་སྣང་། །གཞན་གྱིས་བྲོག་ཏུ་མེད་པ་ཡི། །བྷོ་དྷིའི་དཀོན་ནི་རིན་པོ་ཆེ། །ཞེས་པ། སྣང་བ་ཐམས་ཅད་པས་ཉིད་དུ་མི་ཕྱེད་པ་ནི་ཡོན་ཏན་རྫོགས་པས་ལྷུན་གྱིས་གྲུབ་པའི་ངང་ངོ་། །དེ་བས་ན་སེམས་ཉིད་འཛིན་པ་མེད་པར་རོལ་པ་ཅིར་ཡང་སྣང་སྟེ། འོན་ཏང་ན་འདོད་པ་ལྔ་མི་དམིགས་པ་སེམས་ཉིད་བདེ་བ་ཆེན་པོའི་ལོངས་སྤྱོད་པས་དེ་ཡུལ་གྱིས་མི་འཕྲོགས་སོ། །འོན་ཏང་ན་སེམས་སྣང་བའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་རྫོགས་པ་ནི་ཡང་དག་པའི་དོན་ཡིན་པས་སྤངས་སོ། ༈ །ད་ནི་ཕྲིན་ལས་ལྔར་བ སྟན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །བྱ་བྱེད་མེད་པར་རྣམ་བཞིས་བཛད། །ཅེས་པ། སངས་རྒྱས་ཀྱི་ཡེ་ཤེས་ནི་བརྟགས་པ་དག་པས་ཇི་སྙེད་པའི་མཚན་མ་ལ་མ་འདྲེས་པར་ཡང་མཁྱེན་པ། དེ་ཡང་ཡུལ་མི་མངའ་བ་ཉིད་ཀྱི་ཐུགས་ཡེ་ཤེས་ཉིད་དུ་མཁྱེན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་དོན་བྱ་བའི་སེམས་ཅན་དང་། བྱེད་པའི་དེ་བཞིན་གཤེགས་པ་གཉིས་སུ་མ་གྲུབ་པར་མཁྱེན་པའི་ཡེ་ཤེས་ཀྱི་ལས་རྣམ་བཞི་མཛད་དོ། །འོ་ན་ཚུལ་ཇི་ལྟར་མཛད་སྙམ་པ་ལ། སྒྱུ་མའི་ཚུལ་དུ་རོལ་མཛད་ཀྱང་། །བྱ་དང་བྱེད་པ་གཉིས་སུ་མེད། །ཅེས་གསུངས་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་སྒྱུ་མའི་བྱ་བྱེད་ཀྱི་ལས་བྱེད་ཀྱང་ངོ་བོ་གསུམ་ཆར་གྲུབ་པ་མེད་པ་བཞིན་དུ། དེ་བཞིན་གཤེགས་པའང་མཛད་པ་མི་འགོག་པར་ཅིར་ཡང་མཛད་དང་སྤྲུལ་པ་མ་དམིགས་པ་དང་། འདུ་ཤེས་མེད་དེ་ཡེ་ཤེས་སུ་མཛད་པས་ཀྱང་མཛད་བྱ་མཛད་བྱེད་གཉིས་མེད་དོ། །འདས་དང་མ་འདས་བསམ་ཡས་པ། །མ་ལུས་སེམས་ཕྱིར་གཟུང་འཛིན་མེད། །ཅེས་པ། ཐ་སྙད་ལས་གྲོལ་བའི་ཆོས་དང་། །བརྟགས་པ་སྣང་བའི་ཆོས་གཉིས་སུ་སྣང་བ་ཇི་སྙེད་པ་ཡང་རང་བྱུང་གི་ཡེ་ཤེས་སུ་བྱུངས་ཐེབས་པས། གཉིས་ཀ་ཐ་སྙད་ལས་གྲོལ་ཏེ། གཉིས་ལས་འདས་པའི་ཡེ་ཤེས་ནི་སངས་རྒྱས་ཀུན་གྱིས་ངོ་བོ་དང་བདེ་བར་གཤེགས་པ་སྣང་བའི་གནས་སོ། །འོ་ན་གནས་ངོ་བོ་གཉིས་ཡོད་དམ་སྙམ་པ་ལ། གནས་དང་ངོ་བོ་དབྱེར་མེད་པས། །ཞེས་པ། གནས་བྱ་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པ་གཉིས་མི་ཕྱེད་པས་ཞེས་བྱ། དེ་ཉིད་རིག་པ་རང་སྣང་བ། །ཞེས་པ། བཤད་པ་གཉིས་དང་རིག་པ་མ་སྐྱེས་པ་དང་། ཆུབ་པ་ལས་བཏགས་པ་ཡེ་ཤེས་རང་སྣང་བས་སྣ་ཚོགས་ཞེས་པ། སྐུ་གསུང་ཐུགས་ལ་སོགས་པ་ཐ་དད་པར་གདུལ་བྱ་རྣམས་ཀྱི་ངོ་བོ་ལ་སྣང་བ་དེ་ཡང་མ་ངེས་སོ། །ཐམས་ཅད་མཁྱེན་ཞེས་པ། ཐུགས་རྗེ་ཡེ་ཤེས་ཉིད་གཅིག་ཏུ་མ་ངེས་པར་ཐམས་ཅད་དུ་སྣང་ཡང་། རང་རིག་ཅེས་པ། སེམས་ཉིད་མ་སྐྱེས་པ་ནི་མཉམ་པའི་དབྱིངས་སོ། །དེ་ཡང་སེམས་སུ་མ་གྱུར་པ་མེད་པས་འདུ་ཤེས་བྱ། དེ་ཉིད་ཅེས་པ། སེམས་ཉིད་མ་འགགས་པར་སྣང་བ་གདུལ་བྱ་དང་། ལྷུན་གྱིས་གྲུབ་པས་མཚན་ཉིད་སོ་སོར་སྣང་ངོ་། །སྤྱོད་ཡུལ་ཞེས་པ། ཡུལ་དང་དབང་པོ་ལ་སོགས་པ་ཇི་སྙེད་པ་ཡང་སེམས་ཉིད་ཡིན་པས་ཡུལ་ལ་སོགས་པའི་ཐ་སྙད་མ་གྲུབ་སྟེ། ཐམས་ཅད་ཡེ་ཤེས་སུ་བྱུང་ཐེབས་པ་ནི་བརྗོད་པ་ལས་འདས་སོ། །འོ་ན་དེས་དོན་མཛད་པའི་དུས་གང་སྙམ་པ་ལས། གཉིས་མེད་ཐུགས་རྗེའི་དབང་གིས་ན། །འགྲོ་དྲུག་དུས་གནས་སྙོམས་པར་ཞུགས། །ཞེས་པ། གདུལ་བྱ་ཉིད་དང་ཐུགས་རྗེ་ཡེ་ཤེས་སུ་རྫོགས་པས་མི་ཕྱེད་པ་ནི་ཐུགས་རྗེ་ཆེན་པོའོ། །བཤད་པ་མངའ་བ་ནི། བརྟགས་པ་དྲུག་གི་དང་དུས་ཐམས་ཅད་དུ་གནས་པར་བཞུགས་སོ། །འོ་ན་ཉུངས་འབྲུ་དང་ཉུངས་མར་འདྲའོ་སྙམ་པ་ལ། རང་རིག་ཉིད་ལས་མི་གཞན་ཕྱིར། །དུས་བཞི་མཉམ་པ་ཉིད་དུ་གསུངས། །ཞེས་པ། དེ་ཡང་བཤད་པ། དྲུག་པ་ལ་སོགས་པ་ཐམས་ཅད་ཐུགས་ཡེ་ཤེས་སུ་གསལ་བས་ཡུལ་བཅད་པས་མི་ཕྱེད་པའི་ཕྱིར། དུས་ནི་མ་སྤངས་ཏེ་བཤད་པ་ཡིན་ནོ། །འོ་ན་དེའི་སྤྱོད་ཡུལ་གང་སྙམ་པ་ལ། དེ་སོགས་མཚན་ཉིད་ཡོན་ཏན་གྲངས། །སྟོང་གསུམ་གཅིག་དང་ཐམས་ཅད་ཀྱི། །མགོ་ལུས་ཁ་ལྕེ་གཅིག་རྫོགས་པས། །བསྐལ་པ་མཐར་ཀླས་པར་བརྗོད་ཀྱང་། །དེ་དག་མཐར་ཐུག་ཡོང་མི་འགྱུར། །ཞེས་པ། བསྙེན་པ་ནི་ཉི་ཤུ་ལ་སོགས་པའོ། །བསྡུ་བ་ནི་གྲངས་ལས་འདས་པ་རྣམས་སོ། །དེ་ཡང་སྐུ་ལ་སོགས་པའི་མཚན་དང་། མདགས་པ་དང་གྲངས་ནི་བདགས་ཀྱང་། གསུམ་དང་ཐམས་ཅད་གནས་པའི་ཇི་སྙེད་པའི་མི་རྣམས་གཅིག་གི་ལུས་ལ། བཀོད་པ་དེ་ཡང་དེ་བཞིན་པའི་མགོ་བོ་བཏགས་ཏེ། དེ་ལ་ཡང་རྗེས་སུ་མཐུན་པའི་ལྕེ་རྣམས་ཀྱིས་ཀྱང་བསྐལ་པ་མང་པོར་བཤད་པ་ལ་བརྗོད་ཀྱང་། སངས་རྒྱས་ལ་མངའ་བའི་ཡོན་ཏན་གྲངས་མི་མཆོད་ཅེས་བྱ། འོ་ན་དྲུག་པོ་སྟོན་པ་ལ་རྨོངས་པའི་དོན་བསྡུ་ན་དོན་དུ་ཡོད་ཅེ་ན། མཚན་ཉིད་རྨོངས་ལ་མདོར་བསྡུས་པ། །བསྒྲུབ་བྱ་མ་ལུས་མངོན་གྱུར་པས། །བསམ་བྱ་བསླབ་པ་ཀུན་ལས་གྲོལ། །ཞེས་པ། དེ་ཡང་སྐུ་ལྔ་ལ་སོགས་པ་ཐམས་ཅད་ལྔའི་སྒོ་ནས་ཆུབ་པ་ནི། ཡུལ་མེད་པས་རང་རིག་པའི་ངོ་བོར་སྣང་བས་སྤྱོད་པ་ལས་དང་། བསམ་ཞིང་གཞལ་བ་དང་། གནས་པ་ལ་སོགས་པའི་ལུགས་ཉིད་ཀྱིས་རྩོལ་བ་ལས་ཀྱང་གྲོལ་ལོ། །འོན་ཏང་ན་བསླབ་པ་ཐམས་ཅད་ལས་གྲོལ་བ་དང་། ཐམས་ཅད་མ་སྤངས་བདག་ཉིད་ཕྱིར། །གང་ཡང་འདུ་ཤེས་ཐམས་ཅད་སྤངས། །ཞེས་པ། འདུ་ཤེས་ཐམས་ཅད་བྲལ་བར་བསྟན་ཏེ། བརྟགས་པའི་སྤྱོད་ཡུལ་རྣམས་ཐོ་ཡོར་གྱི་དཔེ་བཞིན་འཛིན་པ་ཙམ་ལས་སྤང་བྱ་མ་གྲུབ་པའི་དོན་ཆུབ་པས་མ་སྤངས་བར་སེམས་ཉིད་དུ་དག་པའི་ཕྱིར། སྣང་བ་ཐམས་ཅད་མི་འགོག་ཀྱང་ཡུལ་མ་གྲུབ་པས་ཐ་སྙད་ཐམས་ཅད་ལས་མི་འཛིན་ནོ། །གཉིས་མེད་ཐུགས་རྗེའི་དབང་གིས་ན། །མཛད་པ་གང་ཡང་འགོག་པ་མེད། །ཅེས་པ། མཛད་པ་མི་འགོག་པར་བསྟན་ཏེ། །གདུལ་བྱ་ཉིད་ཡེ་ཤེས་སུ་གཟིགས་པས་ཡེ་ཤེས་སུ་མི་ཕྱེད་པ་ནི། མཛད་པ་དང་བྲལ་བས་ཐམས་ཅད་སྙིང་པོ་བྱང་ཆུབ་ཏུ་བསྒྲལ་བས། གང་བདག་གི་ཐར་བར་སྟོན་པ་དང་། ཐུན་མོང་གི་སྐྱེ་ཤི་ལས་གྲོལ་བ་སྤངས་སོ། །འོན་ཏང་ན་དྲུག་པའི་སྟོན་པ་ལ། བཤད་པ་ལྟར་མངའ་བས་གསུམ་ལ་སོགས་པའི་འཛིན་པ་ནི་གདུལ་བྱ་དང་། ཐ་སྙད་ཐམས་ཅད་ལྷུན་གྱིས་རྫོགས་པ་གཅིག་ཏུ་མ་ངེས་པ་སྟེ་ཅིར་ཡང་མཛད་དོ། །སྐུ་གསུམ་ཕྱག་རྒྱ་ཅིར་ཡང་སྣང་། །རང་བཞིན་རྫོགས་ཕྱིར་འགྲོ་འོང་མེད། །ཅེས་པ། སྤྲུལ་པ་ལས་འགྲོ་འོང་མེད་པར་བསྟན་ཏེ། དེ་ཡང་གདུལ་བྱ་གསུམ་ལ་སོགས་པ་ལ། སྐུ་ལྔ་དང་། གསུང་ལྔ་དང་། ཐུགས་ལྔ་ལ་སོགས་པས་འཇིག་རྟེན་གྱི་ཁམས་སུ་ཇི་ལྟར་སྣང་ཡང་། སྣང་བརྟགས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་རང་བྱུང་གི་སངས་རྒྱས་ཡིན་པས་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་ནི་རྫོགས་པ་ཆེན་པོའོ། །འོན་ཏང་ན་ཆུ་ཟླ་བཞིན་འགྲོ་འོང་མེད་དེ། མིང་གཉིས་པས་ཁྱབ་པར་སྣང་བས་ཡང་སྤྲུལ་མེད་དོ་ཞེས་བྱ། ཡུམ་སོགས་བདེ་བ་ཀུན་ལྡན་ཡང་། རང་གི་ངོ་བོ་མི་དམིགས་པས། །མཐའ་རྣམས་ཀུན་ལས་གྲོལ་བ་ཡིན། །ཞེས་པ། མཐའ་ཐམས་ཅད་ལས་གྲོལ་བར་བསྟན་ཏེ། ཡུམ་དང་བསྡུ་བའི་དངོས་པོ་ལྔ་ལ་སོགས་པ་རྣམས་ཉམས་སུ་མྱོང་སྟེ། རོ་ཐམས་ཅད་དུས་གཅིག་ཏུ་བཏར་བ་ཡང་ཡུལ་མེད་ཅེས་བྱ། འདོད་པ་ལྔ་ལ་སོགས་པ་རྣམས་སུ་ཐུགས་ཡེ་ཤེས་སུ་རང་བྱུང་བས་བཤད་པ་རྣམས་ངོ་བོ་མི་དམིགས་པ་ནི་ཐམས་ཅད་གཟིགས་པ་བཏར་བ་དང་། ཡེ་ཤེས་སུ་དངོས་པོ་དང་། མཚན་ཉིད་མ་འདྲེས་པ་དང་། ཡོངས་སུ་རྫོགས་པ་དང་། ངོ་བོ་མ་གྲུབ་པ་དང་། གཅིག་ཏུ་མ་ངེས་པ་ལ་སོགས་པ་ཐ་སྙད་ཀུན་དང་བྲལ་ཞེས་ཐ་སྙད་དུ་འདོགས་སོ། །ཁམས་གསུམ་བདག་ཉིད་ཆེན་པོའི་ཕྱིར། །སེམས་ཅན་ཀུན་གྱི་སེམས་ལ་སོན། །ཞེས་པ། བདག་ཉིད་ཆེན་པོར་བསྟན་ཏེ། མངལ་དང་མཚན་ཉིད་གསུམ་གྱིས་བསྡུས་པ་ཐམས་ཅད་ཡུལ་དུ་མ་བྱས་པར་གཟིགས་པས་བདག་ཏུ་གསལ་བ་ལ་ཐམས་ཅད་རྫོགས་པ་ནི་ཆེན་པོའོ། །དེ་ལྟ་བས་ན་ཐུགས་རྗེ་ཡེ་ཤེས་དང་སེམས་ཅན་གཉིས་སུ་མེད་པར་གྲུབ་པ་ནི་ཕྱིན་པའོ། །ས་སོགས་ཞེན་མཐས་མ་རེག་ཅིང་། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །ཞེས་པ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དབྱིངས་ཡུལ་དུ་བྱེད་པ་དང་། བརྟགས་པ་ཐ་སྙད་ལ་བློ་ཕྱིན་ཅི་ལོག་ཏུ་ཞེན་པའི་བློ་ངན་པ་དང་། བཤད་པའི་མཐའ་རྣམས་ཀྱི་མ་ངེས་པ་དང་། ལྷན་མི་གཅིག་པར་གཅིག་པུ་བ་དང་། གཞན་ལས་སྤགས་པ་སྟེ་མི་བཟད་པའི་ལོངས་སྤྱོད་དང་། འཛིན་པའི་ངང་གིས་དག་པས་ལྷའོ། །དེ་བཞིན་ཉིད་དང་དབྱེར་མེད་ཕྱིར། འདི་ལ་སྤྱོད་ཡུལ་ཡོད་མ་ཡིན། །ཞེས་པ། གཞི་བཞིན་དུ་ཆུབ་པས་ཡུལ་མེད་པས་མི་ཕྱེད་པ་ནི། སྔ་ཕྱི་མེད་པའི་ཕྱིར་སྤྱོད་ཡུལ་དང་བྲལ་ལོ། །དེ་ཡང་སྤྱོད་ཡུལ་ཐམས་ཅད་བྲལ་བར་བསྟན་ཏེ། དཔལ་གསང་བའི་སྙིང་པོ་ཉིད་ལས་བསྡུད་པ། བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་གྱི་རིམ་པ་སྟེ་དྲུག་པའོ། །ཞེས་པ་སྒྲ་ཇ ི་བཞིན་ནོ། །ཐ་མ་བསྔོ་བ་བསྟན་པ་ནི། ཡོངས་རྫོགས་ཞེས་པ་ལ་སོགས་པ་ནི་སྒྲ་ཇི་བཞིན་ནོ། །རང་བྱུང་གནས་མེད་བསམ་ཡས་ལྷུན་རྫོགས་དང་པོ་ལྷུན་གྲུབ་ཀྱང་། ངོ་བོ་ཉིད་རྟོག་གཉིས་སོགས་བརྟགས་པས་སྤྱི་མཚན་ལྷུན་གྱིས་གྲུབ་པ་རྣམས། སྨན་དང་སྨན་པ་ལྟ་བུར་ཟེར་སྣང་དམག་གསལ་རྒྱུད་གཉིས་མ་རྫོགས་ཀྱང་། བཅུད་ཕྱུང་ངེས་ཐབས་མདུད་པ་ཕུར་མ་འགྲེལ་བརྩམས་ཐུན་མོང་བསྔོ། རིམ་པ་དྲུག་པའི་འགྲེལ་པ། རིན་པོ་ཆེ་ཕྲ་བཀོད་ཅེས་བྱ་བ་པཎྜི་ཏ་བི་མ་ལས་མཛད་པ་རྫོགས་སོ།། །།

སྒྱུ་འཕྲུལ་དྲྭ་བའི་མན་ངག་རིམ་གསུམ་པ། པཎྜི་ཏ་བི་མ་ལ།

སྒྱུ་འཕྲུལ་དྲྭ་བའི་མན་ངག་རིམ་གསུམ་པ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གཞི་ལམ་འབྲས་བུར་བཅས་པའི་ཆོས། །དྲིས་ལན་དམ་བཅའ་མཐར་དབྱུང་བ། །ལུང་དང་མན་ངག་རིགས་སྒོ་ནས། །རྟོགས་པར་བྱ་ཕྱིར་རྣམ་བཤད་བྱ། །དང་པོ་རྣམ་པ་གཉིས་ཡིན་ཏེ། །ངོ་བོའི་གཞི་དང་བརྟགས་པའི་གཞི། །གཞི་ཡི་ངོ་བོའི་མཚན་ཉིད་དང་། །ངེས་ཚིག་དཔེ་ཡི་རྣམ་པ་དང་། །སྣང་ཚུལ་གཉེར་གྱིས་རྟོགས་པར་བྱ། །ངོ་བོ་ཐམས་ཅད་སེམས་ཉིད་དེ། །གསེར་གྱི་དཔེ་བཞིན་གཉིས་སུ་མེད། །མཚན་ཉིད་མཐའ་རྣམས་ཀུན་བྲལ་བའི། །ཅིར་ཡང་གཟུང་དུ་མེད་པའོ། །ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ནམ་མཁའ་རྒྱ་མཚོ་རིན་ཆེན་སོགས། །ཉེ་བའི་དཔེ་ཡིས་མཚོན་པའོ། །རྒྱུ་རྐྱེན་བྲལ་བའི་སྐད་ཅིག་མ། །རང་སྣང་ཉིད་དུ་བྱུང་བའོ། །ལུང་དང་མན་ངག་གཉིས་དག་གིས། །བློ་གཏིང་ཡིད་ཆེས་འགྱུར་བར་བྱ། །བརྟགས་གཞི་གཉིས་སུ་བསྟན་པའི་ཆོས། །འཁོར་དང་མྱ་ངན་འདས་པར་གསུངས། །འཁོར་བའི་རྒྱུ་རྐྱེན་ངོ་བོ་དང་། །དཔེ་དང་མཚན་ཉིད་བྱེད་པོ་དང་། །འཁོར་ཚུལ་ཉེས་པ་དུས་རྣམས་སུ། །ངེས་པར་བསྟན་ཕྱིར་མགོན་པོས་བཤད། །འཁོར་བའི་འབྱུང་རྒྱུ་རྣམ་པ་བཞི། །རྒྱུད་མཚུངས་ཉེར་ལེན་ལྷན་ཅིག་པ། །བདེ་གཤེགས་སྙིང་པོ་མ་རིག་དང་། །རྣམ་སྨིན་བག་ཆགས་ཉོན་མོངས་སོ། །རྐྱེན་གཉིས་བསྟན་པ་ལས་གསུམ་དང་། །ཀུན་བརྟགས་མ་རིག་ཉོན་མོངས་ལྔ། །ངོ་བོ་སྣོད་བཅུད་འཇིག་རྟེན་གྱི། །སྣང་དང་ཞེན་པའི་ཆོས་རྣམས་སོ། །ཟོ་ཆུན་རྩྭ་སོགས་མེ་དཔེ་བཞིན། །ཀུན་ཏུ་འཁོར་ཞིང་མཆེད་པའོ། །འཇིག་དང་ཆགས་དང་སྟོང་དང་གནས། །སྐྱེ་རྒ་ན་འཆི་བཞི་ལྡན་བས། །མཚན་ཉིད་ཐེར་ཟུག་མ་ཡིན་པའོ། །རྒྱུན་དང་བཅས་པའི་སྐད་ཅིག་མ། །ལས་ཀྱི་བྱེད་པོར་བརྗོད་པ་ཡིན། །རྟེན་འབྲེལ་བཅུ་གཉིས་ཚུལ་དག་ཏུ། །ཕྱི་ནང་གཉིས་ཀར་འཁོར་བའོ། །འཕགས་ལམ་བྲལ་དང་སྡུག་བསྔལ་མྱོང་། །ཉེས་པ་རྣམ་པ་གཉིས་སུ་གསུངས། །ཐོག་མ་ཐ་མ་མེད་དུས་ནས། །ཡང་དག་དོན་ལ་རྟོག་པས་ཉམས། །མྱ་ངན་འདས་པའི་མཚན་ཉིད་དང་། །ངེས་ཚིག་རྣམ་གྲངས་གང་ལ་སྣང་། །མཚོན་དཔེ་མ་གྲུབ་ཚུལ་དོན་བསྟན། །ངོ་བོ་ཅི་བཞིན་ཀུན་སྣང་བས། །གཅིག་དང་དུ་མ་ལས་གྲོལ་ཏེ། །མཚན་ཉིད་བརྗོད་མཐའ་ཀུན་བྲལ་བའོ། །སྐྱེ་འཇིག་ཆོས་རྣམས་བྲལ་གྱུར་པས། །མྱ་ངན་འདས་པར་དེ་བརྗོད་དོ། །རྣམ་གྲངས་གཉིས་སུ་བརྗོད་པ་སྟེ། །ཐེག་པ་མཐོ་དམན་བྱེ་བྲག་གིས། །ཕྱོགས་གཅིག་པ་དང་མི་གནས་པའི། །མྱ་ངན་འདས་པར་བསྟན་པའོ། །མྱ་ངན་འདས་པའི་ངོ་བོ་ཉིད། །དེ་བཞིན་གཤེགས་ལ་སྣང་བ་དང་། །དེ་ཡི་སྤྲུལ་པ་རྒྱ་ཆེན་ཉིད། །གདུལ་བྱ་འཁྲུལ་ལ་སྣང་བའོ། །ཆུ་བོ་བརྒལ་བའི་གྲུ་བཞིན་ཏུ། །འཁོར་བའི་ཆུ་ལས་རྣམ་པར་བརྒལ། །བརྩོན་ར་ཐར་པ་ཇི་བཞིན་དུ། །འཆིང་བའི་བདུད་ལས་གྲོལ་བའོ། །གཞི་བོ་སེམས་ཉིད་མ་གྲུབ་པས། །སྤྲུལ་སྣང་ཆོས་ཀུན་མ་ངེས་པས། །ཅིར་ཡང་བཟུང་དུ་མེད་པའོ། །དབུ་མ་རྣམ་པ་གཉིས་ཡིན་ཏེ། །གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །དབུ་མའི་དང་པོ་ངོ་བོ་དང་། །རྐྱེན་དང་རྣམ་གྲངས་མཚོན་དཔེ་དང་། །བསླབ་ཚུལ་རིམ་པ་བསྟན་པ་དང་། །གོང་འོག་དགོས་པ་མཐར་ཕྱིན་སྤྱོད། །ངོ་བོ་ཤེས་རབ་རྣམ་གསུམ་གྱིས། །སེམས་ལྔ་བསྐྱེད་པ་བསྟན་པ་ཡིན། །ཚིག་དང་ཡི་གེའི་རྐྱེན་གཉིས་ལས། །བརྟེན་ནས་རྟོགས་པར་བྱེད་པ་ཡིན། །མཚན་མ་བསྒོམ་པའི་རིམ་པ་དང་། །དེ་བཞིན་ཉིད་དུ་བསྒོམ་པ་ཡི། །བྱེ་བྲག་རྣམ་པ་གཉིས་སུ་གསུངས། །ཁྲོན་པ་སྒྲོན་མེའི་དཔེ་བཞིན་དུ། །གྲོལ་བའི་ལམ་གིས་རྟོགས་པར་བྱ། །ཐུན་མོང་ལམ་ལྔར་བསླབ་པ་དང་། །ཁྱད་པར་སོ་སོའི་ལམ་བཞིན་བསླབ། །སྔོན་དུ་གོམས་པར་གང་བྱས་པ། །གོང་མ་གསལ་བར་འགྱུར་ཕྱིར་རོ། །ཐུན་མོང་ཁྱད་པར་གནས་སྐབས་ལམ། །ཏིང་འཛིན་དྲོད་ཚད་ཉམས་ལྡན་ན། །ལམ་བཟང་ཕྱིན་པ་ཞེས་སུ་བཤད། །ཏིང་འཛིན་ཁྱད་པར་འགྱུར་པའི་ཕྱིར། །རྗེས་མཐུན་སྤྱོད་པ་གཞུང་བཞིན་སྤྱད། །དབུ་མའི་ཐ་མ་བསྟན་པ་ནི། །རྣམ་གྲངས་གདམས་ངག་ཐབས་ཉིད་དེ། །རྟོགས་ཆུད་རྒྱུ་རྐྱེན་ལྡན་པ་ཡིས། །ཤུགས་ཀྱིས་སྣང་ཚུལ་གསེར་འགྱུར་བཞིན། །གདམས་ངག་སྟེང་དང་འོག་གི་སྒོ། །ཐིག་ལེ་བརྐྱང་བར་བཅས་པ་ཡིན། །ཐབས་རྣམས་སྔོན་དུ་གོམས་བྱས་པས། །དེ་བཞིན་ཉིད་དུ་འགྱུར་བྱེད་པ། །ཏིང་འཛིན་ཁྱད་འགྱུར་དབང་གི་རྒྱུ། །ཐབས་ཀྱི་རྒྱུ་རྐྱེན་ངོ་བོ་དང་། །ངེས་ཚིག་བསྐུར་བའི་རིམ་པ་དང་། །མཚོན་དཔེ་དགོས་པ་བསྟན་པའོ། །ཁྱད་པར་རྒྱུ་རྐྱེན་ལྔར་བཤད་དེ། །བླ་མའི་དགོངས་དང་རླུང་གི་དུས། །སྦྱོར་བའི་ཐབས་དང་བསོད་ནམས་ལས། །ཕྱག་རྒྱ་ཡོན་ཏན་ལྡན་གྱུར་པས། །དངོས་པོ་ལྷན་ཅིག་སྐྱེས་བ་མྱོང་། །དེ་ཕྱིར་ཐབས་སུ་བསྟན་པ་ཡི། །ངོ་བོ་ནུས་ཕན་གསང་བའི་ཆོས། །ཤེས་རབ་ཡེ་ཤེས་བདེ་ཆེན་པོ། །འཆིང་བའི་ལས་རྣམས་སྤྱོད་པ་ཡིས། །གྲོལ་བར་འགྱུར་ཕྱིར་མིང་དུ་བརྗོད། །དད་དང་བརྩོན་འགྲུས་གསུམ་དང་ལྡན། །བརྟུལ་ཤུགས་གསུམ་ལ་སྤྱོད་པ་ལ། །གོ་རིམ་ཚུལ་དུ་འཚམས་པར་ཕྱིན། །རྒྱལ་པོ་ཕྲུག་གུ་དུག་འགྱུར་བཞིན། །དབང་ཐབས་རྣམ་གཉིས་ཉམས་ལོན་བྱ། །རིམ་པ་དབང་གིས་བགྲོད་ཕྱིར་དང་། །ཐུན་མོང་ལམ་གྱི་ཁྱད་པར་གྱིས། །སྒོ་དབྱེ་ཐོབ་ཕྱིར་བསྟན་པ་ཡིན། །ཐ་མའི་དོན་ལ་ངོ་བོ་དང་། །མཚན་ཉིད་ཡོན་ཏན་བསྟན་པ་དང་། །མཛད་སྤྱོད་ཐུགས་རྗེའི་སྣང་ཚུལ་དང་། །གདུལ་བྱ་གཟིགས་ཚུལ་དོན་རྣམས་ཀྱིས། །འབྲས་བུའི་དོན་རྣམས་རྟོགས་པར་བྱ། །དང་པོ་སྐུ་གསུང་ཐུགས་རྣམས་དང་། །ཡོན་ཏན་ལས་ལྔར་བསྡུས་པ་ཡིན། །མཚན་ཉིད་བཞི་དང་ལྡན་པའི་ཕྱིར། །མ་ལུས་གཅིག་མིན་ཐ་དད་མིན། །འབྲས་བུའི་ཡོན་ཏན་ལྷུན་གྲུབ་པས། །ཡིད་བཞིན་ནོར་ལྟར་སྣང་བའོ། །འཕྲིན་ལས་བཞི་ཡི་མཛད་སྤྱོད་ཀྱིས། །བྱ་བྱེད་མེད་པར་དོན་རྣམས་རྫོགས། །ཐུགས་རྗེ་ཆེན་པོས་གདུལ་བྱ་ལ། །རྟག་རྒྱན་རང་བཞིན་ཤུགས་གསོལ་དང་། །ཡུལ་དང་འཕྲད་ནས་འབྱུང་བར་སྣང་། །ཉིད་ལས་མི་གཞན་དོན་ཉིད་ཀྱིས། །མེ་ལོང་ཚུལ་བཞིན་གཟིགས་པར་འགྱུར། །གཞི་ལམ་འབྲས་བུའི་ཤེས་བྱ་རྣམས། །བླ་མ་མཁས་ཉམས་ལྡན་པ་ལ། །དྲི་བ་དྲུག་གི་ཚུལ་ཉིད་ལས། །རྣམ་གསུམ་ཚུལ་གྱིས་ཞུ་བར་བྱ། །བླ་མ་མཁས་ལྡན་དེ་ཉིད་ཀྱིས། །བུ་རྣམས་མི་ཤེས་མདུད་དགྲོལ་ཕྱིར། །རྣམ་གསུམ་ལན་གདབ་གཞུང་ཉིད་ལས། །འགོ་གཅིག་རྣམ་དབྱེ་དྲི་ཚུལ་གྱིས། །ལན་གདབ་ཡིད་ཆེས་འགྱུར་བར་བྱ། །གལ་ཏེ་གཞུང་ལ་རྩོད་འགྱུར་ན། །དམ་བཅའ་བསྒྲུབས་ཏེ་དེ་ཉིད་ནི། །དཔེ་དོན་གཏན་ཚིགས་གསུམ་ལྡན་པས། །ཤེས་བྱ་དེ་ཉིད་མཐར་ཕྱིན་བྱ། །རྡོ་རྗེ་སེམས་དཔའི་དགོངས་བརྒྱུད་པ། །སྒྱུ་འཕྲུལ་དྲྭ་བའི་དོན་ཉིད་ལས། །རིམ་གསུམ་དོན་ཉིད་བསྡུས་པ་ཡི། །མ་ལུས་མངོན་པ་འཚང་རྒྱ་ཤོག །དེ་ལྟའི་དགེ་རྩ་ཅི་མཆིས་པ། །བདག་གི་རྒྱུད་ལ་ཡོངས་སྨིན་ཏེ། །བླ་མེད་བྱང་ཆུབ་ཐོབ་གྱུར་ནས། །མཐའ་ཡས་སེམས་ཅན་འདྲེན་པར་ཤོག །བདག་བློ་མུན་པར་འཁྱམས་པ་ཡི། །དགོངས་པ་ཉི་མའི་ཟེར་ཤར་བས། །ཉམས་དང་ལུང་ལ་བརྟེན་པ་ཡི། །བརྩམས་ནོངས་འཕགས་ལ་བཟོད་པར་གསོལ། །སྒྱུ་འཕྲུལ་དྲྭ་བའི་མན་ངག་རིམ་པ་གསུམ་པ་རྫོགས་སོ། །འཕན་ཡུལ་ཕྲབ་ཀྱི་བྲག་ཕུག་ཏུ་སློབ་དཔོན་བི་མ་ལས་མཛད་པ་ཛྙཱ་ན་ཀུ་མཱ་རས་བསྒྱུར་བའོ། །དགེའོ།། །།

རིམ་གསུམ་འགྲེལ་པ།

རིམ་གསུམ་འགྲེལ་པ་བཞུགས་སོ། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་སྒྱུ་འཕྲུལ་དོན་ལས་ནི། །རིམ་གསུམ་རྣམ་པར་བསྡུས་པ་ཡི། །དོན་དམིགས་མཚོན་དམིགས་སྐར་ཁུང་ལྟར། །ཚིག་ཉུང་རྒྱ་ཆའི་དོན་བཤད་པ། །གསལ་བར་བདག་གིས་རྟོགས་ཚད་ཀྱིས། །ཚིག་དོན་ཡན་ལག་བསྡུས་པ་དང་། །རྟོགས་པའི་དོན་དུ་ནུས་ཚད་ཀྱིས། །མ་འོངས་དོན་དུ་བཤད་པར་བྱ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་སློབ་དཔོན་བི་མ་ལས་བདག་གཞན་གཉིས་ཀྱི་ཕྱིར། ཐུགས་དམ་གྱི་ལྷ་ལ་རྟོགས་པས་རྡོ་རྗེ་སེམས་དཔའ་དང་འཇལ་ཏེ་དཔེར་ན་ཆུའི་ནང་དུ་ཆུ་བླུགས་པ་བཞིན་ནོ། །གཞི་ལམ་འབྲས་བུར་བཅས་པའི་ཆོས། །ཞེས་པ་གཞི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཐའ་ཐམས་ཅད་དང་བྲལ་ཏེ་བཞུགས་པའི་དོན། ལམ་རྣམ་པ་གཉིས་ཀྱིས་ཉམས་སུ་བླངས་ནས་ཐོབ་པར་བྱེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ནི་དཔེར་ན་སོ་ནམ་གྱི་སྟོན་ཐོག་དང་འདྲ་སྟེ། འབྲས་བུའོ། །དེ་ནས་ཆོས་གསུམ་པོའི་དོན་དྲི་བ་དང་། ཡིད་ཆེས་པའི་ལན་དང་། སོ་སོ་བསྒྲུབ་པའི་ཕྱིར་དམ་བཅའ་བ་དང་། དོན་གྱི་དངོས་པོ་ཤེས་པར་བྱ་བའི་ཕྱིར། གཏན་ཚིགས་ཀྱི་དོན་མཐར་དབྱུང་བར་བྱ་བ་དང་། ངེས་པའི་ལུང་དང་ཐོག་ཏུ་ཕེབས་པའི་ལན་དང་། རང་གི་རིག་པའི་སྒོ་རྟོགས་པར་བྱ་བའི་ཕྱིར་གུ་རུའི་བཤད་པར་ཞལ་གྱིས་བཞེས་པའི་ཕྱིར། དྲིས་ལན་དམ་བཅའ་མཐར་དབྱུང་བ། །ལུང་དང་མན་ངག་རིགས་སྒོ་ནས། །རྟོགས་པར་བྱ་ཕྱིར་རྣམ་བཤད་བྱ། །ཞེས་སྨོས་པ་ཡིན་ནོ། །དང་པོ་རྣམ་པ་གཉིས་བསྟན་ཏེ། ཞེས་པ་ཆོས་ཀྱི་གཞི་དང་ལམ་དང་འབྲས་བུ་གསུམ་གྱི་གྲངས་ཀྱི་དང་པོ་ལ། དབྱེ་ན་རྣམ་པ་གཉིས་སུ་བསྟན་ཏེ། ངོ་བོའི་གཞི་དང་བརྟག་པའི་གཞི་གཉིས་ནི། དང་པོ་ངོ་བོའི་གཞི་བསྟན་ཏེ། དེ་ལ་གཞིའི་རང་གི་ངོ་བོ་ནི་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཏེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སེམས་ཉིད་ཀྱི་ངོ་བོར་བསྟན་པ་ནི་གསེར་གྱི་དཔེ་བཞིན་ཏེ་ཐ་སྙད་གཞན་ཡོངས་སུ་བཅད་པའོ། །མཚན་ཉིད་ཞེས་པ་གཉིས་སུ་མེད་པའི་ངོ་བོ་བས། སྣང་བ་ཐམས་ཅད་སངས་ནས་གོ་མི་འགོག་པ་བཞིན་དེ་ཉིད་དེ་བཞིན་ཉིད་ཀྱིས་རྒྱས་བཏབ་པས་ངོ་བོ་མི་འགྱུར་ཏེ་ཡོད་མེད་པས་གྲོལ་བའོ། །ངེས་ཚིག་དཔེ་རྣམས་བཤད་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ངོ་བོ་དེ་བཞིན་ཉིད་ཡིན་བཞིན་གཉིས་སུ་སྣང་བའི་གོ་མི་འགོག་པ་ཐམས་ཅད་གཞིའོ། །རྒྱུད་ལས། མ་བཅོས་རྒྱུན་གྱི་སྐད་ཅིག་མ། །དེ་ཡིས་མ་བྱས་གང་ཡང་མེད། །ཅེས་འབྱུང་ངོ་། །དེ་ཉིན་མཚོན་པའི་དཔེ་ནི་ཐམས་ཅད་སེམས་ཉིད་ཀྱི་ཕྱིར་ཕྱོགས་མེད་ན། རེ་ཞིག་ཉེ་བར་ཕྱོགས་མཐུན་པར་ནམ་མཁའ་དང་རྒྱ་མཚོ་དང་རིན་པོ་ཆེ་ལ་སོགས་པ་སྟེ། དེ་དག་ཆོས་དུ་དང་ལྡན་པས་དཔེར་བཟུང་བར་བྱའོ། །སྣང་ཚུལ་གཉེར་གྱིས་རྟོགས་པར་བྱ་བ་ནི་སྣང་བ་ཇི་བཞིན་པ་ཉིད་ལས་སྣང་བ་གང་ཡང་མི་འགོག་པས་སྣང་བ་ནི་དཔག་བསམ་ཤིང་བཞིན་ནོ། །དེ་ལྟ་བུའི་དོན་རྟོགས་པར་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཐ་དད་སྐྱོན་གཉིས་འབྱུང་བའི་ཕྱིར་སོ་སོ་མ་ཡིན་པར་རྒྱུད་ལས་གསུང་སྟེ། སོ་སོ་རང་བཞིན་ཉེས་ཞེ་ན། ཡང་དག་ལམ་གྱིས་བཅོས་སུ་མེད། །ཅེས་པ་དང་། ཉོན་མོངས་སྤང་ཞིང་བྱང་བསྒྲུབ་མེད། །ཅེས་འབྱུང་བ་ལྟ་བུའོ། །རྟགས་གཞི་གཉིས་སུ་བསྟན་པའི་ཆོས། །ཞེས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའོ། །དེ་ནི་ལམ་པས་བཏགས་པས་གཞིའི་ཕྱིར་རོ། །འཁོར་བའི་མཚན་ཉིད་ཤེས་པར་བྱ་བའི་ཕྱིར། འཁོར་བའི་རྒྱུ་རྐྱེན་ངོ་བོ་དང་། ཞེས་པའི་ཚིག་རྣམས་སྨོས་ཏེ། དེ་ལ་འཁོར་བའི་རྒྱུ་ནི་གཞི་སྟེ། བརྒྱུད་པའི་དང་། མཚུངས་ལྡན་གྱི་རྒྱུ་དང་། ཉེ་བར་ལེན་པའི་རྒྱུའོ། །དེ་དག་ནི་བསྐྱེད་པ་དང་སྨིན་པའི་ཆོས་བཞིར་རྒྱུའོ། །རྐྱེན་ནི་ལས་དང་ཉོན་མོངས་པ་སྟེ། བསོད་ནམས་ཀྱི་ལས་དགེ་བ་བཅུ་ལ་སོགས་དང་། བསོད་ནམས་མ་ཡིན་པའི་ལས་མི་དགེ་བ་བཅུ་ལ་སོགས་པ་འདོད་པ་ཡིན་ནོ། །མི་གཡོ་བའི་ལས་འཇིག་རྟེན་པའི་བསམ་གཏན་དང་། སྙོམས་པར་འཇུག་པ་རྣམས་ནི་གཟུགས་དང་གཟུགས་མེད་པའོ། །ཉོན་མོངས་པ་ནི་འཕྲལ་དུ་ཡུལ་གྱིས་སླད་པ་ལྔ་དང་གསུམ་པོ་རྣམས་སོ། །ཅིའི་ཕྱིར་ནི། བག་ཆགས་སྨིན་ཅིང་སད་པར་བྱེད་པའི་སྟོངས་རྐྱེན་གྱི་ཕྱིར་རོ། །ངོ་བོ་ནི་སྣོད་འབྱུང་བ་ལྔས་བསྡུས་པ་དང་། བཅུད་འགྲོ་བ་ལྔར་འཁྲུལ་པ་ལ་སྣང་བ་རྣམས་སོ། །དཔེ་ནི་གཉིས་དེ་འཁོར་བའི་དཔེ་ཟོ་ཆུའམ་ཤིང་རྟའི་འཁོར་ལོ་འདྲའོ། །མཆེད་པ་རྩ་སོགས་མེ་འདྲའོ། །མཚན་ཉིད་ནི་སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་དང་བཅས་སྐྱེ་འཇིག་ཅན་ནོ། །བྱེད་པ་པོ་ནི་སྐད་ཅིག་མའི་རྒྱུན་ཏེ། དེ་བརྟགས་པའི་རྟོག་པ་རྣམས་དང་ལྡན་པས་སྣང་བ་ནི་བྱེད་པ་པོ་སྟེ་ལས་ཀྱིས་སོ། །ཚུལ་ཇི་ལྟར་འཁོར་ཞེ་ན། འདོད་ཁམས་རྣམས་རྟེན་འབྲེལ་བཅུ་གཉིས་སུའོ། །གཟུགས་དང་གཟུགས་མེད་པ་ནི་དངོས་པོ་དྲུག་དང་གསུམ་གྱིས་འཁོར་ཞེས་ཀྱང་འབྱུང་། ཆ་ཕྲ་བཅུ་གཉིས་ཀྱིས་སོ། །སྣོད་བཅུད་གཉིས་ཀྱིས་སོ། །རྒྱུད་ལས། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཞེས་འབྱུང་ངོ་། །གཉིས་པ་ནི་འཕགས་པའི་ལམ་དང་བྲལ་བ་དང་སྡུག་བསྔལ་མྱོང་བའོ། །འཁོར་བའི་དུས་ནི་ཐོག་མ་ཐ་མ་མེད་པའི་དུས་ནས་སོ། །དོན་དགུ་ཡིས་འཁོར་བའི་མཚན་ཉིད་ངེས་པར་བརྟག་པར་བྱ་བའི་ཕྱིར། བཅོམ་ལྡན་ཉིད་ཀྱི་བཀའ་ལས་ཀྱང་བཤད་དོ། །མྱ་ངན་ལས་འདས་པའི་ཞེས་པའི་ཚིག་རྣམས་ནི། བརྟགས་ན་ངོ་བོ་མ་གྲུབ་ལ་བསམས་ན་ཐམས་ཅད་འབྱུང་བས་མཐའ་རྣམས་དང་བྲལ་བའོ། །ངེས་ཚིག་ནི་སྐྱེ་རྒ་ན་འཆིའི་མྱ་ངན་ལས་བྲལ་བའི་ཕྱིར་ཏེ། མདོར་སྡུག་བསྔལ་གྱི་གདུང་བ་མེད་པའོ། །རྣམ་གྲངས་ནི་གཉིས་ཏེ། ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་སྟེ་ཐེག་པ་ཆུང་བ་དང་། མི་འདས་པའི་མྱ་ངན་ལས་འདས་པ་སྟེ་ཐེག་པ་ཆེན་པོའི་འབྲས་བུའོ། །གང་ལ་སྣང་བ་ནི་གཉིས་ཏེ། སྤྲུལ་པར་སྣང་བ་དང་། ངོ་བོ་སྣང་བའོ། །སྤྲུལ་པ་གང་ལ་སྣང་ན། གདུལ་བྱ་ལྟོས་ས་འཁྲུལ་པ་བ་ལ་སྣང་བའོ། །ངོ་བོ་ཉིད་ལྷུན་གྱིས་གྲུབ་པའི་རིག་འཛིན་དང་། དེ་བཞིན་གཤེགས་པ་ཉིད་ལ་སྣང་ངོ་། །དེ་མཚོན་པའི་དཔེ་ནི། ཆུ་བོ་ཆེན་པོ་བརྒལ་བའམ། བཙོན་ར་ནས་ཐར་པ་དང་འདྲའོ། །མ་གྲུབ་པའི་ཚུལ་ནི་འཁྲུལ་བ་ལ་སྣང་བ་རྣམས་ནི་མི་བདེན་པའི་ཕྱིར་ཏེ། རྒྱུད་ལས། ཡེ་ཤེས་རོལ་པ་ཉིད་དང་སོག །རྒྱལ་བ་མངོན་བྱང་སྐྱོབ་པ་དང་། བྱིན་བརླབས་སྟོན་པའང་དེ་བཞིན་དེ། ཞེས་འབྱུང་བ་ལྟ་བུའོ། །དེ་དག་ནི་ཤེས་བྱེད་ཀྱིས་ཤེས་པར་བྱ་བ་ཡིན་པས་ཤེས་པའི་མཚན་ཉིད་དུ་བསྡུའོ། གཉིས་པ་གཞི་སྒྲུབ་ཅིང་རྟོགས་པར་བྱ་བའི་ཕྱིར་ལམ་བསྟན་ཏེ། དབུ་མ་རྣམ་པ་ཞེས་པ་སྨོས་པ་ནི། གསུམ་གྱི་དབུ་མ་ལམ་ལ་གདུལ་བྱའི་བསམ་པས་གཉིས་སུ་བསྟན་པ། གྲོལ་བའི་ལམ་ཐོས་བསམ་ལ་བརྟེན་པ་དང་། ཐབས་ཀྱི་ལམ་གདམས་ངག་དང་དབང་ལ་བརྟེན་པའོ། །དབུ་མའི་དང་པོ་ཞེས་པའི་ཚིག་བཞིས་གྲངས་བསྟན་ཏེ། གོ་སླ་བའི་ཕྱིར་མ་བྲིས་སོ། །དེ་ལ་རྟོགས་པས་ཐག་བཅད་པ་མཐོང་ལམ་དང་། ཉམས་སུ་བླང་བ་སྒོམ་ལམ་མོ། །དེ་ལ་རྟོགས་པས་ཐག་བཅད་པ་ནི་འདི་ལྟ་སྟེ། རང་གི་ངོ་བོ་ལྷག་མཐོང་གི་ཤེས་རབ་སྟེ། རྒྱུ་ཤེས་རབ་ཉན་བསམས་ལས་བྱུང་བའི་སྐྱེ་ལུགས་དང་པོར་གཡོ་སྨིན་ལ་སོགས་པ་བཞི་སྟེ། སེམས་བཞི་དང་པོར་གཡོ་སྨིན་རྒྱུ་རྐྱེན་བཞིས་སོ་སོ་སྐྱེ་བོ་མ་རིག་པ་ལས་སེམས་རྩད་མེད་དང་འདྲ་བར་སྐྱེས་པའོ། །དེ་ལྟར་སྐྱེས་ནས་འཇུག་སྟེ། འཇུག་པའི་དུས་ན་གཞུང་མ་ནོར་བར་ཐོས་དགོས་ཏེ། ཐོས་པ་དམིག་ཕྱེ་བ་དང་འདྲ། དེ་ལ་བསམ་པས་རྟོགས་པ་ནི་དངོས་པོར་མཐོང་བ་དང་འདྲ་སྟེ། ཤེས་པའམ་འབྲེལ་བའོ། །དེའི་དོན་ལ་མཉམ་པར་བཞག་པས་གསལ་བར་སྒོམ་པ་སྟེ། ཤེས་རབ་རྣམ་གསུམ་པོ་དེའོ། ཚིག་དང་ཡི་གེ་ལ་བརྟེན་ནས་རྟོགས་པའི་ཕྱིར་རྐྱེན་ཏེ། རྒྱུད་ལས། ཐམས་ཅད་མ་ལུས་དོན་འབྱུང་བ། །ཚིག་གིས་མཚོན་ལས་གུད་ན་མེད། །ཅེས་བྱུང་ངོ་། །དེ་ཡང་ཐབས་ཀྱི་རྒྱུད་དང་། ཤེས་རབ་ཀྱི་རྒྱུད་དང་། མ་ནིང་གི་རྒྱུད་དང་གསུམ་ལ་བརྟེན་པའོ། །བསྒོམ་པས་ཉམས་སུ་བླང་བའི་རྣམ་གྲངས་ལ་གཉིས་སྟེ། མཚན་མར་བསྒོམ་པའི་རིམ་པ་དང་། དེ་བཞིན་ཉིད་དུ་བསྒོམ་པའི་ཞེས་པའི་ཚིག་གསུམ་ནི། དང་པོར་མཚན་མར་བསྒོམ་པ་ལ་མཐུན་པའི་དཔེ་དང་སྒོམ་པའི་རིམ་པ་མདོ་རྒྱས་པར་བསྟན་ཏེ། དགོས་ཆེད་དང་། ཉམས་དང་། རྟགས་སོ། །དེ་ལ་དཔེ་ནི་གཞལ་ཡས་ཁང་བསྐྱེད་པ་སྣོད་ཀྱི་འཇིག་རྟེན་ཆགས་པ་དང་འདྲ་ལ། ལྷ་བསྐྱེད་པ་ནི་བཅུད་ཀྱི་སེམས་ཅན་སྐྱེ་ཚུལ་དང་འདྲ་བར་བསྟན་པའོ། །དེ་ཡང་མངལ་དང་སྒོ་ང་དང་རྫུས་ནས་སྐྱེ་བའི་རྣམ་པ་ལྟ་བུའོ། །བསྒོམ་པའི་རིམ་པ་མདོར་བསྟན་པ་ནི། རྒྱུད་ལས། དངོས་གྲུབ་མྱུར་དུ་ཐོབ་འདོད་པས། །ཐམས་ཅད་མི་དམིགས་དབྱིངས་སུ་བསྒོམ། །ཏིང་འཛིན་དེ་ནི་གོམས་པ་དང་། །ཐམས་ཅད་སྒྱུ་མ་མིག་ཡོར་དང་། །སྤྲུལ་པའི་ཚུལ་དུ་ཤེས་པར་བྱ། །དེ་བཞིན་ཡང་དང་ཡང་གོམས་པས། །ཕྱི་ནང་སྣོད་བཅུད་ཧཱུཾ་དུ་བསྡུས། །ཞེས་འབྱུང་བའོ། །རྒྱས་པར་བསྟན་པ་ནི། དང་པོར་དེ་བཞིན་བསྒོམ་པ་དང་། དེ་ནས་ཀུན་ཏུ་སྣང་བསྒོམ་པ་དང་། དེ་ནས་རྒྱུའི་ཏིང་ངེ་འཛིན་བསྒོམ་པ་དང་། རྒྱུ་དེ་ལས་འབྱུང་བ་རིམ་བརྩེགས་ཀྱི་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པ་དང་། ལྷ་བསྐྱེད་ཚུལ་གཉིས་བསྐྱེད་པ་དང་། ཆོ་འཕྲུལ་དང་ལྡན་པར་བྱ་བ་དང་། སྙན་གསན་དབབ་པ་དང་། སྤྱན་དྲང་བ་དང་། མེ་ཏོག་དོར་བ་དང་། བསྟིམ་པ་དང་། བརྟན་པར་བྱ་བ་དང་། ཕྱག་བྱ་བ་དང་། དམ་བཅའ་བ་དང་། ཕྱག་རྒྱས་མཆོད་པ་དང་། ཀུན་ཏུ་བཟང་པོའི་མཆོད་སྤྲིན་དབུལ་བ་དང་། ཕྱག་དང་ཞབས་བསིལ་གསོལ་བ་དང་། ལྷ་མོ་བཞིས་སྣོལ་ནས་མར་མཆོད་པ་དང་། སྨན་གྱི་མཆོད་པ་དང་། དངོས་གྲུབ་བླང་བ་དང་། གཏོར་མ་འབུལ་བ་དང་། གསང་ནན་དབུལ་བ་དང་། ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་དང་། སྦྱོར་སྒྲོལ་གྱི་མཆོད་པ་དང་། འདོད་ཡོན་གྱི་མཆོད་པ་དང་། གླུའི་མཆོད་པ་དང་། རོལ་མོའི་མཆོད་པ་དང་། སྨོན་ལམ་གདབ་པ་དང་། མཆོད་བཤགས་བྱ་བ་དང་། འདོད་དོན་གསོལ་བ་གདབ་པ་དང་། ཛབ྄་བྱ་བ་དང་། དངོས་གྲུབ་གསོལ་བ་དང་། དཀྱིལ་འཁོར་བསྡུ་བ་དང་། གོ་བགོ་ལུས་སྲུང་བྱ་བ་དང་། རྒྱུན་གྱི་ཏིང་ངེ་འཛིན་ལ་སོགས་པ་རྣམ་གྲངས་ཀྱི་དགོས་པ་དང་། དེ་དག་དངོས་སུ་བྱ་བའི་དགོས་པ་དང་། གནས་སྐབས་ཀྱི་ཏིང་ངེ་འཛིན་གསུམ་དུ་ཤེས་པར་བྱ་སྟེ་བསྒོམ་པའོ། །དགོས་ཆེད་ནི་ཐ་མལ་པའི་རྟོག་པ་བཟློག་པ་དང་། ཕྱག་རྒྱ་ཆེན་པོ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱའོ། །ཉམས་ནི་གསུམ་སྟེ། དཔེར་ན་ཆུ་དྲག་པོ་དལ་བ་མཚོ་གཏིང་ཆུའི་ཚུལ་གྱིས་སེམས་བརྟན་མི་བརྟན་གྱི་ཉམས་གསུང་ངོ་། །རྟགས་སྨིག་རྒྱུ་ལ་སོགས་པ་ལྔའོ། །དེ་ལྟར་བསྒོམ་པས་ལྷག་མཐོང་སྐྱེ་བར་ཡང་འགྱུར་རོ། །དེ་བཞིན་ཉིད་དུ་བསྒོམ་པ་ནི། རྟོགས་པས་ཐག་བཅད་པས་རྟོགས་པའི་དོན་ལ་བསྒོམ་པ་ཡང་། བློ་དབབ་པ་དང་། ངོ་བོ་དང་། བཅོས་པ་དང་། ཉམས་དང་། འབྲས་བུའོ། །དེ་ལ་བློ་དབབ་པ་ནི། མཐའ་ཐམས་ཅད་དང་བྲལ་བའི་དོན་ཉིད་ཀྱིས་རྟོགས་པ་ལ་མ་བཏང་མ་ཤོར་ཙམ་དུ་བཞག་གོ། །ངོ་བོ་བཏང་སྙོམས་ཆེན་པོ་རང་རང་གསལ་བའོ། །སེམས་བཅོས་པ་ནི་བར་དུ་གཅོད་པ་དང་སྐྱོན་སྒྲིབ་བྱུང་ན་དེ་ཉིད་སེམས་ཀྱི་ཡེ་ཤེས་སུ་རྟོགས་པས་འབྱུང་བ་མི་དགག །དེ་བཞིན་ཏུ་རྟོགས་པ་ལ་ཡང་བྲལ་བས་རང་བཞིན་ཏེ་ཆེད་དུ་བཅོས་པ་དང་བྲལ་བའོ། །ཉམས་སྔར་བཤད་པ་དང་མཐུན། འབྲས་བུ་ནི་རྣལ་འབྱོར་མངོན་སུམ་དུ་ལས་སུ་རུང་ན། མུན་པ་དང་མར་མེའི་ཚུལ་དུ་སྒྲིབ་པ་མ་སྤངས་དག་པས་ལྷུན་གྲུབ་རང་ལ་འཆར་ཏེ། རྒྱུད་ལས། མ་བཅོས་ཇི་བཞིན་རང་བཞག་ན། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་། །ཞེས་པ་ལྟ་བུའོ། །དཔེ་ནི་ཁྲོན་པ་རྐོ་བ་ཆུའི་ཕྱིར་རྐོ་སྟེ། མཁར་ལན་གྱི་ཕྱིར་མི་རྐོ། ཆུ་ཐོན་ནས་མཁར་ལན་མི་དགོས། སྒྲོན་མེས་གསེར་འཚོལ་གསེར་རྙེད་ནས་སྒྲོན་མེ་མི་དགོས་ཏེ། དེ་བཞིན་ཏུ་ཚིག་ལ་བརྟེན་པའི་ཤེས་རབ་ཀྱིས་དོན་ཚོལ་ཏེ། དོན་རྟོགས་ནས་ཚིག་བསླབ་མི་དགོས་ཏེ། དོན་ལ་འདྲིས་གོམས་སུ་བྱའོ། །ཐུན་མོང་ལམ་ལྔར་བསླབ་པ་དང་། ཞེས་པ། ཚོགས་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་ལྔ་སྟེ། ཐུན་མོང་རྒྱུའི་ཐེག་པའི་ལམ་སྟེ། དེ་དག་ལ་བསླབ་པ་ཡང་ལམ་སྟེ། དེ་དག་ལ་བསླབ་པ་ཡང་ལམ་ཐེག་པ་ཆེན་པོའི་ལམ་ཉིད་མ་ཡིན་ནོ། །དེ་དག་སྨོས་པ་ནི་གོང་ལས་དང་སྔགས་ཀྱི་ཆེ་བ་བསྐྱེད་པའི་ཕྱིར་རོ། །ཁྱད་པར་སོ་སོ་ཞེས་པ་དང་པོར་སྟོང་པའི་རྣལ་འབྱོར་ལ་གོམས་པར་བསླབ། དེ་ནས་སྙིང་རྗེའི་རྣལ་འབྱོར་ལ་གོམས་པར་བསླབ། དེ་ནས་ཕྲ་རབས་ལ་བསླབ་སྟེ། འཇུག་གྲངས་མེད་པ་གོམས་པར་བྱ་བ་ལ་སོགས་པ། སློབ་དཔོན་གཞུང་ལུགས་ཇི་ལྟ་བའི་ལམ་མ་ནོར་བ་བསླབ་པའོ། །སྔོན་དུ་གོམས་པར་ཞེས་པ་ལམ་གནས་སྐབས་གང་ལ་ཡང་ལམ་སྔ་མ་ཤིན་ཏུ་གོམས་པར་བརྟན་པ་དང་། གཟོད་ལམ་གཏིང་མའི་ཏིང་འཛིན་ཐོབ་པར་འགྱུར་བ་ནི་དགོས་ཆེད་དུ། ཐུན་མོང་ཁྱད་པར་ཅེས་པ་ལ་སོགས་པ། ཐུན་མོང་གི་ལམ་ལྔ་ཁྱད་པར་གྱི་ལམ་ལྔ་དང་བཞི་ལ་སོགས་གོམས་པའི་དུས་ན་གནས་སྐབས་གང་གི་བསྒོམ་པ་བྱིང་རྒོད་དང་བྲལ་བར་གསལ་བའི་དུས་ན། ཕྱི་ནང་གི་དྲོད་གསུམ་མམ། བཤད་པའི་ཉམས་གསུམ་ལས་ཉམས་ཐ་མ་དང་ལྡན་ཏེ། ཤིན་ཏུ་གོམས་བྱ་གསལ་བའི་སྟོབས་སུ་གྱུར་པ་ནི་ལམ་མཐར་ཕྱིན་པའོ། །དེ་དག་ལས་སུ་རུང་བར་བྱ་བའི་ཕྱིར། རྗེས་སུ་མཐུན་པའི་སྤྱོད་པ་བཞིའམ་གསུམ་གོམས་པར་བྱ་བའི་ཕྱིར། ཏིང་འཛིན་ཁྱད་པར་གྱུར་བའི་ཕྱིར། །རྗེས་མཐུན་སྤྱོད་པ་གཞུང་བཞིན་སྤྱད། །ཅེས་གསུངས་སོ། །དབུ་མ་གཉིས་པ་བསྟན་པ་ནི། ཞེས་པ། གྲངས་དབུ་མ་ལ་གཉིས་ཀྱི་ཐ་མ་ཐབས་ཀྱི་ལམ། དེ་ལ་རྣམ་གྲངས་དབྱེ་བ་གཉིས། གདམས་ངག་གི་ལམ་དང་། ཐབས་དབང་ལམ་གཉིས་སོ། །དེ་ཉིད་ཀྱི་སྒོ་ནས་ཆོས་ཉིད་རྟོགས་པའི་ཚུལ་ནི་རྒྱུ་དང་རྐྱེན་གདམས་ངག་གི་སྐབས་སུ་ནི། རང་གིས་རྟོགས་པའི་ཤེས་རབ་དང་། སྔ་མའི་ལས་བརྒྱུད་མན་ངག་ཟབ་མོ་དང་། བླ་མའི་བྱིན་བརླབས་རྐྱེན་ནོ། །རང་ལ་ཡོད་པའི་མན་ངག་གི་རྐྱེན་གྱིས་བསླང་བས་ཆེད་དུ་མ་བརྩལ་བར་དུས་ཉེ་བར་དོན་བློ་ལ་སྣང་བར་འགྱུར་རོ། །ཐབས་ཀྱི་སྐབས་སུ་རྒྱུ་རྐྱེན་ལྔ་དང་ལྡན་པས་སོ། །དཔེར་ན་གསེར་འགྱུར་གྱི་རྩིས་ལྕགས་ཟངས་ཉིད་གསེར་དུ་བྱེད་པ་དང་འདྲ་སྟེ། གདམས་ངག་གི་བྱིན་གྱིས་བརླབས་ཀྱིས། བྱུང་ཚོར་གྱི་རྟོག་པ་འགགས་ནས་རྣམ་རྟོག་ཡེ་ཤེས་སུ་འགྱུར་བའི་ཕྱིར། རྣམ་གྲངས་གདམས་ངག་ཐབས་ཉིད་དང་། ཞེས་གསུངས་སོ། །གདམས་ངག་སྟེང་དང་འོག་གི་སྒོ། །ཐིག་ལེ་རྐྱང་བར་བཅས་པ་ཡི། །ཞེས་པ་གཞི་བླ་མའི་ཞལ་ནས་ཤེས་པར་བྱའོ། །ཐབས་ཀྱི་རྒྱུ་རྐྱེན་ངོ་བོ་དང་། །ཞེས་པ་གསུམ་གྱི་གྲངས་བསྟན། སྤྱིར་དབང་ཐམས་ཅད་ལ་རྒྱུ་རྐྱེན་བཞི་བཞི་ལས། སྐབས་འདིར་ཟབ་མོ་དབང་གི་དོན་གཅིག་པུ་ལ་ལྔ་སྟེ། བླ་མ་དབང་རིམ་པར་ཐོབ་པའི་བྱིན་བརླབས་དང་། རླུང་ལས་སའི་རླུང་རྒྱུ་བའི་དུས་དང་། སྦྱོར་ཐབས་འཕྲེད་བཙུམ་ལ་སོགས་པ་བྱེད་པ་སྡོམ་པའི་མན་ངག་དང་། ཚེ་སྔ་མར་སྦྱངས་པའི་བསོད་ནམས་དང་། གཟུངས་མཚན་ཚང་བའི་ཡོན་ཏན་ལྔས་རང་བཞིན་ལྷན་ཅིག་སྐྱེས་པ་བདག་ལ་གནས་པ་དེ་ཉིད་མན་ངག་གིས་ཉམས་སུ་མྱོང་བ་ནི་དངོས་པོ་ལྷན་ཅིག་སྐྱེས་པའོ། །གདམས་ངག་གིས་རང་བྱུང་གི་ཡེ་ཤེས་ཐོབ་པ་ནི་ཐབས་ཀྱི་མན་ངག་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱད་པར་རྒྱུ་རྐྱེན་ལྔར་བཤད་ཏེ། །ཞེས་པའི་ཚིག་དྲུག་བརྗོད་པ་ཡིན་ནོ། །ཐབས་ཀྱི་ངོ་བོ་ལྔ་སྟེ། ནུས་པའི་དབང་ལྔ། ཕན་པའི་དབང་བཅུ། གསང་དབང་། ཤེས་རབ་ཡེ་ཤེས་དང་། བདེ་བ་ཆེན་པོའི་དབང་དང་ལྔ་སྟེ། དེ་དག་ལ་ཡང་བསྐུར་བའི་གནས། བསྐུར་བའི་ཐབས། རྒྱུ་རྐྱེན་དང་། རང་གི་ངོ་བོ་དང་། ངེས་ཚིག་དང་། ཐོབ་པའི་ཚད་དང་། སྒྲིབ་པ་གང་འདག་པ་དང་། བསྐུར་བའི་དགོས་ཆེད་དང་། སྣོད་གང་ལ་བསྐུར་བ་དང་། ཆོས་གང་མན་ཆོད་མཉན་དུ་རུང་བ་དང་། འབྲས་བུ་རྣམས་སུ་ཤེས་པར་བྱ་སྟེ། ཡི་གེ་མང་བས་འཇིགས་པས་མ་བྲིས་སོ། །དེ་དག་བསྟན་པའི་ཕྱིར། ངོ་བོ་ནུས་ཕན་གསང་བའི་ཆོས། འཆིང་བའི་ལས་ཞེས་ཉོན་མོངས་པ་འདོད་ཆགས་ནི་འཆིང་བའི་ལས་སྟེ། འདིར་ཏིང་ངེ་འཛིན་དང་ལས་ཁྱད་པར་དུ་འགྱུར་བ་ཡིས། འདོད་པ་སྤྱད་པས་གྲོལ་བའི་ཕྱིར་ཐབས་ཀྱི་ཐེག་པ་ཞེས་ཀྱང་མིང་དུ་བསྟན་ནོ། །དད་དང་ཞེས་པ་གསུམ་ནི། དད་པ་ཅན་ལ་ཕན་དབང་སྦྱིན། བདག་གི་དོན་བྱེད་པའི་བརྩོན་འགྲུས་དང་། གཞན་གྱི་དོན་བྱེད་པའི་བརྩོན་འགྲུས་དང་། གཉིས་ཀའི་དོན་བྱེད་པ་གསུམ་ལ་ནུས་པའི་དབང་རིམ་སྦྱིན་ནོ། །སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསང་དབང་སྦྱིན་ནོ། །རིག་པའི་བརྟུལ་ཤུགས་དང་མཉམ་པའི་བརྟུལ་ཤུགས་དང་ལྡན་པ་ལ་ཤེས་རབ་ཡེ་ཤེས་དང་བརྟན་པའི་དབང་སྟེ། དེ་ལྟར་སྣོད་ཀྱི་གོ་རིམ་བཞིན་ནོ། །དཔེ་བསྟན་པའི་ཕྱིན་རྒྱལ་པོ་ཕྲུ་གུ་ཅེས་པ་གཉིས་ནི་དབང་བསྐུར་དཔེ་ནི་རྒྱལ་པོ་ཕྲུ་གུ་སྤུ་རྒྱུ་དང་ལྡན་པ་དེ་རྒྱལ་སར་འདོན་པ་དང་འདྲའོ། །བསྐུར་བས་འབྲས་བུ་ཐོབ་པ་ནི་དུག་འགྱུར་གྱི་རྩིས་དུག་སྨན་དུ་གྱུར་པ་དང་འདྲའོ། །དགོས་ཆེད་བསྟན་པའི་ཕྱིར། རིག་པ་དབང་གིས་བགྲོད་པའི་ཕྱིར་དང་། ཞེས་གསུམ་བསྟན་པ་ནི། ཕན་དབང་ནས་ཡར་རིམ་པར་བགྲོད་པའམ། དབང་ཐོབ་རེས་ཀྱི་ས་རེ་ནོན་པར་བྱ་བའི་ཕྱིར་དང་། ཐུན་མོང་སྔ་མ་སྔ་མ་བསྐུར་བས། དབང་ཕྱི་མ་ཕྱི་མའི་སྒོ་འབྱེད་ཅིང་ཐོབ་པར་བྱེད་པའི་དགོས་ཆེད་དོ། །གསུམ་གྱི་ཐ་མ་ལས་ཆུད་མ་ཟོས་པར་འབྲས་བུ་བསྟན་པའི་ཕྱིར། ཐ་མའི་དོན་ལ་ཡང་ངོ་བོ་དང་། ཞེས་པའི་ཚིག་ལྔས་གྲགས་ཀྱི་དབྱེ་བ་བསྟན་ནས། དང་པོ་སྐུ་གསུང་ཐུགས་ཞེས་པ་ལ་སོགས་པ། ངོ་བོ་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། མངོན་པར་བྱང་ཆུབ་སྐུ་དང་། རྡོ་རྗེའི་སྐུའོ། །གསུང་ལྔ་ནི། ཡི་གེ་མེད་པའི་གསུང་དང་། ལོངས་སྤྱོད་རྫོགས་པའི་གསུང་དང་། རིག་པའི་གསུང་དང་། ཚིག་གི་གསུང་དང་། རྡོ་རྗེའི་གསུང་ངོ་། །ཐུགས་ལྔ་ནི་ཡེ་ཤེས་ལྔ་སྟེ། རྣམ་པར་མི་རྟོག་པའི་ཐུགས། ཅིར་ཡང་ས་ལེར་མཁྱེན་པའི་ཐུགས་དང་། བདེ་བ་ཆེན་པོའི་ཐུགས་དང་། རྡོ་རྗེའི་ཐུགས་དང་། འགྲོ་བ་སྒྲོལ་བའི་ཐུགས་སོ་ཡོན་ཏན་ལྔ་ནི། ཞིང་ཁམས་དང་། གཞལ་ཡས་ཁང་དང་། གདན་ཁྲི་དང་། འོད་ཟེར་དང་། རྒྱན་ནོ། །འཕྲིན་ལས་ལྔ་ནི། ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པའོ། །མདོར་བསྡུས་པ་ལྔ་པོ་ཉིད་དོ། །མཚན་ཉིད་བཞི་དང་ལྡན་པའི། ཞེས་པ་གཉིས་ནི། ཆོས་ཐམས་ཅད་ཀྱི་སྐུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་ཡིན་པར་བསྟན་པ་དང་། འཁོར་བ་མྱ་ངན་ལས་འདས་པའི་ཆོས་ལ་གཉིས་སུ་མེད་པར་ལོངས་སྤྱོད་པ་དང་། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད། སངས་རྒྱས་ཐམས་ཅད་ཀྱི་སྤྱིའི་གཟུགས་ཅན་ཉིད་ཡིན་པར་བསྟན་པ་དང་། ཐ་སྙད་གཉིས་ཀྱིས་བསྡུས་པའི་ཆོས་སོ་ཅོག་ཏུ་གྲགས་པ་ཐམས་ཅད་དང་། སྟོན་པའི་ངོ་བོ་ཉིད་དབྱེར་མེད་པར་བསྟན་པའོ། །དེ་ཡང་རྒྱུད་ལས། དེ་བཞིན་གཤེགས་པ་ནས་དབྱེར་མེད་པའི་རང་བཞིན་ཏེ། ཞེས་པའི་བར་གྱིས་བསྟན་ཏོ། །ཕྱོགས་གཉིས་ཀྱིས་བསྡུས་པའི་མ་ལུས་པའི་ཆོས་ཐམས་ཅད་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བརྟགས་པའི་སྒོ་ནས་གཅིག་པ་མ་ཡིན། ངོ་བོའི་སྒོ་ནས་ཐ་དད་པ་ཡང་མ་ཡིན་ཏེ། མདོར་ན་ཆོས་ཐམས་ཅད་དང་སྟོན་པ་ནི། མི་ལྡན་མ་བྲལ་བར་བཞུགས་སོ། །ཡོན་ཏན་བསྟན་པའི་ཕྱིར། འབྲས་བུ་ཡོན་ཏན་ལྷུན་གྲུབ་པ། །ཞེས་པ་གཉིས་བསྟན་ཏེ། དེ་བཞིན་གཤེགས་པའི་འབྲས་བུ་ཐ་སྙད་གྲགས་པ་ཐམས་ཅད་ནི། ཡོན་ཏན་དེ། དེ་ཉིད་དེ་བཞིན་གཤེགས་པ་མ་འདྲེས་པར་ཡོངས་སུ་རྫོགས་པས་གདུལ་བྱ་ལ་ཅིར་ཡང་སྣང་བའི་ལྷུན་གྲུབ་པའོ། །དཔེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྫས་གཅིག་པས་བསོད་ནམས་ཆེ་ཆུང་ཐ་དད་པས་ཅི་ལྟར་བསམ་པ་འབྱུང་བ་བཞིན་ནོ། །དེ་མཛད་སྤྱོད་བསྟན་པའི་ཕྱིར། འཕྲིན་ལས་རྣམ་བཞི་མཛད་སྤྱོད་ཅེས་པ་གཉིས་བསྟན་ཏེ། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་བཞིས་གདུལ་བྱ་གང་མཚམས་ལ་ཕྱེད་དུ་བྱ་བརྩལ་མེད་པར་བྱིན་གྱིས་བརླབས་ཀྱིས་སྣང་བས་དོན་རྫོགས་ཤིང་མཐའ་ཐུག་པར་མཛད་དོ། །ཐུགས་རྗེ་དེའི་སྐྱེ་ལུགས་བསྟན་པའི་ཕྱིར། ཐུགས་རྗེ་ཆེན་པོ་གདུལ་བྱ་ལ། །ཞེས་པ་གསུངས་ཏེ། ཐུགས་ནི་མི་གཡོ་བར་སྙིང་རྗེས་ཀུན་ལ་ཁྱབ་པར་གདུལ་བྱ་ལ་སྐྱེ་བར་སྣང་བ་ཡང་། ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་འདོད་པའི་དོན་གསོལ་བ་བཏབ་པས་སྐྱེ་བར་སྣང་ཡང་། ཐུགས་རྗེ་ཆེན་པོའི་རང་བཞིན་བྱིན་བརླབས་ཀྱི་ཤུགས་ཀྱིས་སྐྱེ་བར་སྣང་བ་དང་། གདུལ་བྱའི་ཐུགས་རྗེ་འབྱུང་བའི་དུས་ལ་བབ་པས་འབྱུང་བ་དང་། གསུམ་གྱི་ཚུལ་གྱིས་སྣང་བར་འགྱུར་རོ། །ཐུགས་རྗེ་སྣང་བའི་དོན་མཛད་པ། དེ་ཡང་གདུལ་བྱ་ལ་གཟིགས་པའི་ཚུལ་དུ་བསྟན་པའི་ཕྱིར། ཉིད་ལས་མི་གཞན་དོན་ཉིད་ཀྱིས། ཞེས་པ་གཉིས་གསུངས་ཏེ། ངེས་པར་འབྱུང་བའི་གདུལ་བྱ་དང་། གདུལ་དཀའ་དྲག་པོའི་གདུལ་བྱ་རྣམས། རང་གི་རྟོགས་པས་སྒྲིབས་ཀྱང་ངོ་བོ་གསེར་གྱི་དཔེ་བཞིན་དུ། དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་ལས་མི་གཞན་པས་གཟིགས་པ་སྟེ། དེ་ཡུལ་དང་འཕྲད་པའི་དོན་གྱི་གསལ་བ་ལ་ཐ་སྙད་ཙམ་དུ་གཟིགས་ཞེའོ། །དཔེ་མེ་ལོང་གི་གཟུགས་བརྙན་དང་འདྲའོ། །རྒྱུད་ལས་ཀྱང་། མཐོ་དམན་ཀུན་གྱི་གཟིགས་སྣང་དང་། བླ་མེད་བྱང་ཆུབ་སྐུར་སྣང་བ། མེ་ལོང་ལྟ་བུའི་ཚུལ་བཞིན་དུ། སྣ་ཚོགས་ཁ་དོག་དབྱིབས་སུ་སྣང་། །ཞེའོ། །དེ་དག་གི་དོན་མཐར་ཕྱིན་པར་བྱ་བའི་ཕྱིར་དྲིས་ལན་བསྟན་ཏེ། གཞི་ལམ་འབྲས་བུའི་ཤེས་བྱ་རྣམས། །ཞེས་པ་ལ་སོགས་དགུ་གསུངས་ཏེ། ཆོས་ཀྱི་གཞི་སྒྲུབ་པའི་ལམ་མཐར་ཕྱིན་པའི་འབྲས་བུ་སྟེ། ཤེས་པར་བྱ་བ་དེ་རྣམས་སློབ་མས་རྟོགས་པར་འདོད་ན། བླ་མ་རྡོ་རྗེ་སློབ་དཔོན་དོན་མཁས་ཤིང་དགོངས་པའི་ཉམས་མངའ་བ་ལ་ཞུ་ཞིང་དྲི་བའི་ཚུལ་ནི། སྤྱིར་དྲུག་སྟེ། གཞན་དོན་དུ་དྲི་བ་དང་། གཞན་ལ་མ་རྟོགས་པར་འདྲི་བ་དང་། གལ་པོར་འདྲི་བ་དང་། ཐེ་ཚོམ་དུ་འདྲི་བ་དང་། གཞན་གྱི་ཤེས་པ་བཟློག་པའི་ཕྱིར་འདྲི་བ་དང་། གྱི་ན་ཙམ་དུ་འདྲི་བ་དང་དྲུག་ལས། སྐབས་འདིར་བདག་གིས་མ་རྟོགས་པ་དང་མཐའ་ཐེ་ཚོམ་ཟོས་པ་རྣམས་བླ་མ་ལ་དྲིས་ཤིག་པ་བསྟན་པའོ། །བླ་མས་ཀྱང་ཅིར་ལན་གདབ་པ་ཡང་། མ་གསུངས་པར་དགོངས་པས་ལན་གདབ་པ་དང་། བརྡས་གདབ་པ་དང་ཚིག་གིས་ལན་གདབ་པ་དང་གསུམ་ལས། ཚིག་གིས་ལན་གདབ་པར་བྱ་སྟེ། དེ་ལ་ཡང་བཞི་སྟེ། མདོ་ལས་མགོ་གཅིག་པ་དང་རྣམ་ཕྱེ་དང་། འདྲི་དང་གཞན་དང་ལུགས་བསྟུན་པའོ། །ཞེས་བྱ་བ་ལ་མགོ་གཅིག་ཏུ་ལན་གདབ། རྣམ་པར་ཕྱེ་བ་དང་། དྲིས་ལན་ལ་གདབ་པ་སྟེ་གསུམ་གྱིས་སོ། །དེ་ཡང་སློབ་བུ་རྣམས་དགྲོལ་བར་བྱ་བའི་དགོས་ཆེད་ཀྱིས་བཤད་གཉེར་བཞི་དང་ལྡན་པ་བསྟན་ཏོ། །གལ་ཏེ་ལན་བཏབ་ཀྱང་སློབ་བུ་དག་བརྩོད་ཏེ། ཡིད་ཆེས་པར་མ་གྱུར་ན་དང་པོར་དམ་བཅའ་བར་བྱ་སྟེ། དོན་གྱི་དངོས་པོ་དཔེ་དང་གཏན་ཚིགས་གསུམ་དང་རྟོགས་པ་བཞི། བདེན་པ་གསུམ། དག་པ་བཞི། མཉམ་པ་ལྔ་ལ་སོགས་པས་ཡིད་ཆེས་ཤིང་ནོར་རུང་བ་སྐྱོན་དག་མཐར་བཏུག་གོ། །དེ་ཡང་མན་ངག་ལས་ཤེས་བྱ་གཏན་ལ་དབབ་ཕྱིར་དང་། གཞི་མོར་དམ་བཅའ་བཙན་བྱ་སྟེ། །གྲངས་ཀྱི་དོན་ཉིད་མཐར་ཕྱུང་ལ། །ཡིད་ཆེས་བདག་གིས་དལ་གདབ་བྱ། །གལ་ཏེ་དམ་བཅའི་སྐྱོན་བྱུང་ན། །རང་གི་གྲུབ་མཐའ་མ་རྙེད་པར། །འཕྲལ་དུ་བཞག་ལ་ཡོད་འགྱུར་ན། །དེ་ཉིད་སྐྱེ་བོའི་ལས་འདྲར་འགྱུར། །ཞེས་འབྱུང་ངོ་། །དེ་ལྟ་བུའི་དྲིས་ལན་རྣམས་ཀྱང་། མ་འོངས་པ་ཤེས་པར་བྱ་བའི་ཕྱིར། བདག་གིས་གཞུང་ལུགས་གཞན་ནས་འདིར་བཀོད་པའོ། །དེ་ལྟ་བུའི་དོན་མན་ངག་རྒྱུད་ཀྱི་དོན་གསལ་བར་བྱེད་པ་འདི་བརྩམས་པ་ཡང་། སློབ་དཔོན་གྱིས་བདག་དང་གཞན་དོན་གཉིས་མཐར་དབྱུང་བའི་ཕྱིར། དགེ་བའི་རྩ་བ་བསྔོ་བ་སྟེ། རྡོ་རྗེ་སེམས་དཔའ་དགོངས་པ་བརྒྱུད་པ་ཞེས་པ་ཚིགས་བཞི་གསུངས་སོ། །སྒྱུ་འཕྲུལ་དོན་འབྱེད་འགྲོལ་བ་ཡི། །རིམ་གསུམ་ཡིག་ཆུང་མཚོན་དང་ཡིག་ལྟ་བུ། །བདག་གིས་རིག་པའི་མཐུ་མེད་ཀྱང་། །ཚིགས་ལ་བརྟེན་ནས་འགྲེལ་པ་འདི་བརྩམས་པ། །ནོངས་པ་མཆིས་ན་བཟོད་པར་གསོལ། །རྫོགས་སོ།། །།

རིམ་པ་གཉིས་པ། རྒྱལ་པོ་ཨིཎྡྲ་བྷུ་ཏི།

ཨིནྡྲ་བྷཱུ་ཏིའི་རིམ་པ་གཉིས་པ་བཞུགས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པའོ། །ཨ་ཡིག་རིང་པོ་ལས་བྱུང་བ། །བསྲུང་དང་ལྷ་རྣམས་བཞུགས་པའི་གནས། །ཡི་གེ་ཨེ་དབྱིབས་བཟང་པོ་ལ། །དབུས་སུ་ཝཾ་གིས་བརྒྱན་པའོ། །ཆོས་ཀྱི་དབྱིངས་ཀྱི་ང་རྒྱལ་གྱིས། །དངོས་པོར་གནས་པ་སྤྲོས་པ་མེད། །དེ་ཉིད་ཆོས་དབྱིངས་ཡེ་ཤེས་སོ། །དེ་ནས་སེམས་ཅན་དོན་མཛད་གཟུགས། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། །ཀཱ་ལི་ཐ་མ་ལས་བྱུང་བ། །ཀུན་ཏུ་བཟང་པོ་ཉིད་ཀྱི་སྐུ། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དང་པོ་ཨ་ཡིག་ཐུང་ལས་བྱུང་། །རང་བཞིན་མེད་དེ་རང་བཞིན་གཟུགས། །ཀུན་ཏུ་བཟང་མོ་ཉིད་ཀྱི་སྐུ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཡི་ཨ་གཟུགས་བཟང་པོ་སྟེ། །བདེ་བར་གཤེགས་པ་བཞུགས་པའི་གནས། །གནས་དེར་སོ་སོར་འབད་པ་ཡིས། །སེམས་དེ་ཕྲ་མོ་སོ་སོར་གསལ། །སོ་སོར་རྟོག་པ་ལས་བྱུང་བས། །སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལ་གཟུགས་སུ་རྫོགས་བྱས་ཏེ། །རྣམ་པ་དུ་མའི་སྐུར་གྱུར་པ། །སུམ་ཅུ་དྲུག་གམ་སུམ་ཅུ་བརྒྱད། །བཞི་བཅུ་གཉིས་སམ་བཞི་བཅུ་བཞི། །བྱ་བ་ནན་ཏན་ཡེ་ཤེས་ཏེ། །དེ་ལྟར་ལྷ་རྣམས་བསྐྱེད་པ་ནི། །བསྐྱེད་པའི་རིམ་པར་གསུངས་པའོ། །ཏིང་འཛིན་དེ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་པ་ཡིས། །སྐད་ཅིག་ཉིད་ལ་ལྷ་རྣམས་གསལ། །རྫོགས་པའི་རིམ་པའི་བསྐྱེད་རིམ་སྟེ། །བསྐྱེད་པའི་རིམ་པའི་རྫོགས་པའོ། །ཏིང་འཛིན་དེ་ལ་ལེགས་གནས་ནས། །ཡང་ནི་རྣམ་རྟོག་དེ་མི་བསྒོམ། །རྟོག་མེད་ཀྱང་ནི་བསྒོམ་མི་བྱ། །རྟོག་དག་མི་རྟོག་གཉིས་མེད་དེ། །རང་བཞིན་གྱིས་ནི་འོད་གསལ་ཏེ། །དངོས་པོ་མཚན་མར་དམིགས་པ་མེད། །དམིགས་སུ་མེད་པའི་ངང་གནས་པ། །རྣམ་པར་རྟོག་པ་སྐྱེ་བ་མེད། །སྐྱེ་བ་མེད་ན་འགག་པ་མེད། །སྐྱེ་འགག་གཉིས་སུ་མི་དགོས་པ། །དེ་ཉིད་གཉིས་སུ་མེད་པ་སྟེ། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །དེ་ལྟར་གནས་ནས་མངོན་གྱུར་པ། །ཚེ་འདི་ཉིད་ལ་སངས་རྒྱས་ཏེ། །འབྲས་བུ་ཆོས་ཀྱི་སྐུ་ཞེས་བཤད། །དཔལ་གསང་བའི་སྙིང་པོའི་རིམ་པ་གཉིས་ཀྱི་དོན། རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ།། །།

སྒྱུ་འཕྲུལ་མེ་ལོང་འོད་ཕྲེང་། བི་མ་ལ།

སྒྱུ་འཕྲུལ་མེ་ལོང་འོད་ཕྲེང་བཞུགས། རྡོ་རྗེ་མི་བསྐྱོད་པ་ལ་འདུད། །སྒྱུ་འཕྲུལ་མེ་ལོང་འོད་ལྡན་བཤད། །གཞི་པོ་དངོས་པོའི་གཤིས་ཉིད་དང་། །དོན་དུ་གཉེར་བའི་ལམ་ཉིད་དང་། །སྨིན་སྟོབས་མངོན་བྱས་འབྲས་ཉིད་གསུམ། །རྩ་བའི་ལུས་སུ་ཤེས་པར་བྱ། ༈ །རང་སེམས་མ་བཅོས་ལྷུན་གྲུབ་ལས། །འཁྲུལ་སྣང་གཉིས་བསྡུས་བརྟག་གཞིར་བཤད། ༈ །ལམ་གྱི་བྱེ་བྲག་རྣམ་བཤད་པ། །ཐུན་མོང་ཁྱད་པར་དེ་ཕྱི་ནང་། །ཉིད་ལ་ཐབས་དང་ཤེས་རབ་ལམ། །ཅིག་ཅར་རིམ་པ་ལ་ཡང་གཉིས། །ཐོད་རྒལ་མཐར་ཆགས་དབྱེ་བའི་སྒོ། །རྣལ་འབྱོར་དགུ་བཅུ་འམ་ལམ་ལྔ་སྟེ། །མཚན་ཉིད་གསུམ་ལ་ཟག་དང་ལྡོག །ཡོད་མེད་གཉིས་སུ་བསྡུད་ཏེ་བསྟན། ༈ །དང་པོ་རྒྱུ་ཤེས་རྣལ་འབྱོར་དང་། །སྟོང་སྒྱུ་གཅིག་སྤྲོས་ཚོགས་རྐྱེན་འཇུག །རྣམ་སྨིན་དབང་སྒྱུར་ཕྱག་རྒྱ་གྲུབ། །སྐབས་འབྲས་རྣལ་འབྱོར་རིམ་པའོ། །རྩ་བ་ཚོགས་སྦྱོར་མཐོང་སྒོམ་མཐར། །ལམ་ལྔར་བསྡུས་ཏེ་བྱེ་སྒོ་བརྒྱད། །རྟེན་ལུས་སྒྲིབ་བྱང་ལྟ་བ་སེམས། །བསྐུར་ཐོབ་བདུད་བཏུལ་ཡོན་ཏན་རྫོགས། །ལམ་རྟེན་འབྱུང་ལུས་རྣམ་སྨིན་ལུས། །རྡོ་རྗེའི་ཡེ་ཤེས་ལུས་སུ་གྲུབ། ༈ །ལས་སྒྲིབ་ཉོན་མོངས་ཀུན་འགྲོ་དང་། །ལྷན་ཅིག་གནས་དང་བག་ཉལ་བྱང་། །དབང་པོའི་རང་མཚན་བར་ཆད་མེད། །དབང་བསྒྱུར་མི་གཡོ་ཀུན་མཁྱེན་ཆུབ། །གཡོ་སྨིན་འཇུག་གནས་མཐར་ཕྱིན་པར། །ཆོས་ཉིད་ཡེ་ཤེས་ལ་སེམས་པ། །ཕན་ནུས་གསང་དབང་ཤེས་རབ་དབང་། །བདེ་ཆེན་དབང་གི་རིམ་བསྐུར་ནས། །རྨི་ལམ་སྒྲ་བརྙན་ས་ཁམས་ལུང་། །ཞིང་ཁམས་སངས་རྒྱས་ཉིད་དུ་བསྟན། །ལྷ་བདུད་ཉོན་མོངས་འཆི་བདག་དང་། །ཕུང་པོའི་བདུད་ཀུན་བཅོམ་ནས་ནི། །དྲོད་དང་རྟགས་དང་ཆོ་འཕྲུལ་དང་། །མངོན་ཤེས་ཡེ་ཤེས་རྫོགས་པར་འབྱུང་། །ལམ་པ་བྱང་ཆུབ་སེམས་དཔའ་ནི། །དབང་ལུང་བཏོན་ནས་བཅོམ་ལྡན་འདས། །འབྲས་བུ་ཐོབ་ཚུལ་གནས་མཁྱེན་མཛད། །རང་སྣང་ལྷུན་གྲུབ་བཙལ་མེད་རྫོགས། །བཀའ་རྒྱུད་ལུང་རིགས་བཅུད་བསྡུས་པ། །ཀུན་གྱིས་རྡོ་རྗེ་འཛིན་ཐོབ་ཤོག །སྒྱུ་འཕྲུལ་མེ་ལོང་འོད་ཕྲེང་ཞེས་བྱ་བའི་མན་ངག་བི་མ་ལས་མཛད་པ་རྫོགས་སོ། །འདི་ལ་སློབ་དཔོན་ཛྙཱ་ནའི་འགྲེལ་པ་ཡོད་དོ།། །།

ཡོ་གའི་གཞུང་རྒྱུད་ཕྱི་ནང་ལས་ངེས་དོན་མདོར་བསྡུས་པ།

ཡོ་གའི་གཞུང་རྒྱུད་ཕྱི་ནང་ལས། ངེས་དོན་མདོར་བསྡུས་པ་བཞུགས་སོ། །བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཞི་བཅོམ་དྲུག་ལྡན་མཐའ་གཉིས་འདས། །བདག་གཞན་གཉིས་ཀའི་དཔལ་མངའ་ཞིང་། །རྣམ་པ་རྣམ་མེད་སྣང་མཛད་པ། །སྐུ་གསུམ་ཆེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་པ་ལ་འཇིག་རྟེན་འདས་པ་དགོས། །དཀྱིལ་འཁོར་དམ་ཚིག་བསྒྲུབ་པས་ཡོ་ག་འབྲེལ། །སྐུ་བཞི་ལྷ་ལྔ་ཡང་དགོས་བྱང་ཆུབ་སེམས། །བཀའ་དང་དོན་བསྡེབས་སྟི་ར་མ་ཏིས་བཤད། །སྤྱིར་ནི་སྟོན་པའི་རྣལ་འབྱོར་ནས། །མ་འོངས་པ་དག་བསྒྲུབ་ཐབས་ལ། །སྡེ་སྣོད་གསུམ་གསུངས་སྙིང་པོ་ལྔའི། །གསང་སྔགས་རྡོ་རྗེའི་རྒྱུད་མཆོག་ལས། །བསྒྲུབ་པར་བྱ་བའི་མཁོས་དག་ནི། །བར་འདིར་མ་ལུས་མདོ་འདོན་པ། །རླུང་བཅད་དང་པོ་ས་གཞི་གཟུང་། །གཉིས་པ་སྟ་གོན་གནས་པར་བྱ། །ནུབ་གསུམ་པ་ལ་གཞུག་པའོ། །ལས་རྣམས་ཐམས་ཅད་བདག་བསྒོམ་པས། །ས་སྟེགས་ཟླ་གམ་ཚོན་སྔོན་བསྐུ། །ཐིག་ལེ་བདུན་བྲིས་རླུང་རྒྱལ་དུད ། །ཤ་ཞོན་བ་དན་དགུག་སོགས་བྱས། །ཁམ་བོང་ལམ་དང་དྷི་ཡིས་བཅད། །སྤོགས་པ་བལ་མིག་དོང་གཞུག་ཅིང་། །ཕུར་བུ་བཏབ་བྱུང་འོ་མས་བཀྲུ། །ཞག་བདུན་བདུན་ནས་བྱ་བར་བཤད། །མཚེར་སའི་དཔྱད་ལས་འབྱུང་བ་བཞིན། །བརྟག་དང་བསླང་དང་གཟུང་ཕུར་རིན། །བསྐྲད་དང་བསྲུང་ཞིང་སྦྱང་དང་བདུན། །དེ་བདུན་ལྡན་ལ་ས་རྣམས་འགྲུབ། །ཕྱིར་ནང་བརྟག་པས་རུང་མི་རུང་། །བསླང་བ་མངོན་མི་མངོན་ཉེའོ། །དེ་དུས་དབང་བཅོལ་སྦྲན་པར་བྱ། །གཟུང་བ་རྣམ་རྒྱལ་ཁྲོ་བོ་ཕུར། །བསྟན་པ་སྐྱོང་བའི་བདག་པོ་ལྔ། །རིན་ཅེན་ལ་སོགས་ཉི་ཤུ་ལྔ། །གུས་བཅས་རིན་དུ་སྦྱིན་པར་བྱ། །དེ་ནས་ཕྱག་རྒྱ་རྡོ་རྗེ་གྲག །བདུད་རྩི་འཁྱིལ་པས་བསྐྲད་པར་ཤེས། །ཧཱུྃ་སྭ་ཨོཾ་ཧ་གསུམ་ནི། ཕྱོགས་བཞིར་མཚན་བསྒྱུར་རྩེ་གསུམ་འགྲོས། །མ་དང་ཏ་ལས་ཉི་ཟླའི་དཀྱིལ། །ཤིན་ཏུ་ཁྲོས་བཅས་མགོ་བསྟོད་དེ། །ཧཱུྃ་ཧཱུྃ་ཧཱུྃ་གི་ང་རྒྱལ་བྱ། །ལྷ་དང་ལྷ་མིན་ལ་སོགས་པ། །འདི་ན་མ་གནས་མགོ་འགས་དེངས། །ཧཱུྃ་རྡོ་རྗེ་རིགས་གཙོ་བོ་ཕོ་ཉ་མའི་ཚོགས། །རིག་པ་མང་པོ་བརྟེན་པའི་ལྷ་མོ་དེས། །བཟླས་པ་ཙམ་གྱིས་བགེགས་རྣམས་ཕུར་པ་དང་། །སྡམ་པ་འཐོན་ཅིང་ཕྱོགས་བཅུར་འབྲོས་པར་འགྱུར། །རལ་གྲི་སྤུ་གྲི་ནགས་ཚལ་གཏམས་པ་ཡིས། །ལྕགས་བསྲེགས་ས་གཞི་རྡོ་རྗེ་དེ་ཤེས་པས། །ཕྱོགས་འདི་ནས་ནི་མྱུར་དུ་འབྲོས་པར་འགྱུར། །བཅོམ་ལྡན་མགོན་པོ་འཇིག་རྟེན་ཕན་ཕྱིར་གཤེགས། །ངས་ནི་གནས་མཆོག་འདི་དག་ཀུན་བསྲུངས་པས། །གནོད་བྱེད་བགེགས་ཀུན་འདི་ན་མ་གནས་ཤིག །ཧཱུྃ་ཧཱུྃ་ཧཱུྃ། ན་མ་ས་མནྟ། བཛྲ་ནན། སརྦ་ཏ་ཐཱ་ག་ཏ། ཨ་ནུ་ག་ཤེ། བནྡ་སི་ན་མ་ཧཱ་ས་མ་ཡ། ནི་ཛཱ་ཏེ་སྨ་ར་ནི། ཨ་བྲ་ཏི་ཧ་ཏེ། ག་ཏ་ག་ཏ། ཙ་ར་ཙ་ར། བནྡ་བནྡ། ད་ཤི་ཏི་ད་ཤ་ན། སརྦ་ཏ་ཐཱ་ག་ཏ། ཨ་ནུ་ད་གཉའ་དེ། པྲ་བ་དར་མ་ལ་མ་ཧ། བྷྱི་ཛ་ཡ། བ་ག་བ་ཏི། ཀུ་རུ་བི་ཀུ་ལེ། ལེ་ལུ་པུ་རེ་སྭཱ་ཧཱ། དེ་ཡིས་བདུད་སྲིན་རོད་རོད་པོ། །རིགས་ལྔའི་འཕྲ་མེན་གཡོག་བཅས་ཀུན། །ཅི་བགྱི་ཞེས་སུ་བརྗོད་པ་དང་། །ཁྱེད་ཀྱིས་བགེགས་བསྐྲད་ཚར་གཅོད་དང་། །ལས་ཀྱི་བདག་པོས་གྲོགས་བྱའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངག་གཞུ་ཕོ་ཉའི་ལས་མཛད་པ། །ཁྲོ་ཆེན་བདུད་རྩི་འཁྱིལ་བ་ཡིས། །བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག །ན་མོ་བཛྲ་རཏྣ་ཏྲ་ཡ་ཡ། ན་མ་ཙན་ཊ་བཛྲ་པ་ན་ཡེ། མ་ཧ་ཡཀྵ་སེ་ན་པ་ཏ་ཡ། ན་མོ་བཛྲ་ཀྲོ་ཏ་ཡ། མ་ཧཱ་དང་ཤ྄ོཏྲ྅྅྅ད་ཀ་ཏ། བེ་ར་བ་ཡ། ཨ་སི་མུ་ས་ལ། དར་ཡ། པ་ར་ཤུ་པ་ཤ་ཧ་ཤྚ་ཡ། ཏདྱ་ཐཱ། ༀ་ཨ་མྲྀ་ཏ་ཀཎྜ་ལི། ཁ་ཁ་ཁ། ཁ་ཧི་ཁ་ཧི། ཁ་ཧི། ཏིཥྛ་ཏིཥྛ་ཏིཥྛ། བནྡྷ་བནྡྷ་བནྡྷ། ཧ་ན་ཧ་ན་ཧ་ན། གྷྲིན་གྷྲིན་གྷྲིན། གརྫ་གརྫ་གརྫ། སྤོ་ཏ་ཡ་སྤོ་ཏ་ཡ་སྤོ་ཏ་ཡ། བི་སྤོ་ཏ་ཡ་བི་སྤོ་ཏ་ཡ་བི་སྤོ་ཏ་ཡ། སརྦ་བིགྣན། མ་ཧཱ་ག་ན་བ་ཏི། ཛི་བི་ཏནྟྲ་ཀ་ར་སྭཱ་ཧཱ། ཞེས་དེ་བཞིན་དུ་སྭ་དང་ༀ་དང་ཧས་བསྒྱུར་ཏེ། རད་ན་པདྨ་ཀར་མས་མཚམས་བཅད་དོ། །བསྲུང་བའི་ལས་དག་བྱ་བ་ཡང་། །ཇི་བཞིན་སྟེགས་བུ་བརྩེགས་ནས་སུ། །ལུགས་མའི་ཕྱག་རྒྱའམ་བདག་གནས་ཏེ། །རྒྱན་ལྡན་དེ་ཡིས་བདག་གཞན་སྲུང་། །བསྲུང་ཆེན་མོ་དང་ཕྱག་རྒྱ་ལྔ། །བརྟན་རྒྱལ་བརྗིད་ལེགས་བདེ་བར་གནས། །བཛྲ་བཞི་ཡིས་བསྲུང་བར་བྱ། །ས་རྣམས་གཞན་གྱིས་མ་གཅེས་དང་། །འབབ་ཆུ་རྒྱ་མཚོར་མ་གྱུར་ལ། །ཉི་ཟླའི་མིག་དང་ཡིག་འབྲུའི་ཚོགས། །སྦྱང་ཞིང་སྤེལ་བའི་ལས་བྱའོ། །ཀུན་རྫོབ་དོན་དམ་གཉིས་སུ་བརྟག །གླེང་གཞིའི་རྒྱུ་དང་བསྙེན་པ་དང་། །ངེས་པའི་ཚིག་དང་བྱང་ཆུབ་སེམས། །སྟ་གོན་གནས་དང་ཕན་ཡོན་རྣམས། །མདོར་བསྡུས་ཡན་ལག་བདུན་བཤད་རིགས། །ཅི་དོན་གང་ལ་གང་ཞུས་བཤད། །ཆོས་རྣམས་དོན་བསྒྲུབ་བསྟོད་གླེང་གཞིའོ། །ངོ་མཚར་དོན་ཞུས་བཤད་ཐོས་ལངས། །དྲན་པ་དང་སྐྱེས་གླེང་གཞི་རྒྱུ། །མཚན་མ་དུས་དང་གྲངས་ལ་བརྩོན། །ཐོབ་ལ་མ་རེག་བསྙེན་པའོ། །རང་བཞིན་ཏིང་འཛིན་གཟུགས་བརྙན་གསུམ། །སྔགས་དང་དེའི་དོན་མ་འདལ་སྟེ། །དགའ་བ་ཆེན་པོ་དེ་ངེས་ཚིག །བྱང་ཆུབ་མཆོག་གི་སེམས་ལྡན་བསྐྱེད། །སྦྱང་པ་ཀུན་རྫོབ་དོན་དམ་མོ། །ལྷ་དང་མི་དང་ཡོ་བྱད་གསུམ། །ཏིང་འཛིན་ནན་ཏན་སྟ་གོན་བྱ། །ལྷ་རྣམས་སྟ་གོན་ཇེ་གནས་ཏེ། །གཉིས་པ་མི་རྣམས་སྟ་གོན་ནོ། །ཐ་མ་ཡོ་བྱད་སྟ་གོན་བྱ། །རིམ་པ་དེ་ཡིས་ལས་རྣམས་འགྲུབ། །དཀྱིལ་འཁོར་དག་ལ་ལས་ཀྱི་བསྐལ་ཡོད་གང་། །དེ་བཞིན་གཤེགས་དང་འཁོར་གྱི་ལྷ་རྣམས་དག །བསྒྲུབ་པའི་དོན་ཕྱིར་ལྷག་པར་སྔར་མཆོད་ལ། །དྲི་ཞིམ་མཎྜལ་གསོལ་བཏབ་སྟ་གོན་གནས། །རྩེ་གཅིག་དུལ་བའི་སེམས་ལྡན་སློབ་མ་རྣམས། །ཆོས་གཏམ་རིམ་པས་ཤིན་ཏུ་དབྱུགས་ཕྱུང་ཏེ། །ཀུ་ཤ་ཚོམ་ཤིང་ཕྱག་རྒྱའི་མཆོག་རྣམས་དང་། །དག་པའི་ཆུས་རེག་གཙང་བྱས་སྟ་གོན་གནས། །སྟོན་པ་རྡོ་རྗེ་གདན་དག་ལ། །ནམ་གཤེགས་ཞེས་ནི་བརྒྱ་བྱིན་ཞུས། །ཀུ་ཤ་ཕུལ་དང་དབང་ལྡན་གྱིས། །ཚོད་འཛིན་གཞུག་ཅེས་དེ་བཞིན་ནོ། །ཕྱག་ན་རྡོ་རྗེས་སྟོན་པ་ལ། །བིལྦ་ཕུལ་དང་ཨུ་དུ་དང་། །ཨ་ཤྭད་ཏ་ཡིས་ཚིག་དབང་སྤྲུལ། །ཕྱག་རྒྱ་རྒྱ་གྲམ་སྐུ་གསུམ་འམ། །ཡང་ན་གོ་ཆའི་ཕྱག་རྒྱ་དང་། །ལྡན་པས་ཕོ་གཡས་མོ་གཡོན་དཔུང་། །དེ་ཡིས་བདུད་ལས་རྒྱལ་བར་འགྱུར། །བདག་པོ་སྔགས་གཡོག་དམ་བཅའ་སྟེ། །དུས་གསུམ་སངས་རྒྱས་ཀུ་ཤ་བརླབ། །ༀ་བཛྲ་ཙཀྲ་ཏྲ་ཀི་ཤྣ་དྷྲི། ཨཱོཾ་ཨཾ་ཧཱུྃ་ཨ་བི་ཤིན་ཙ་ཨ། འཁོར་ལོ་རལ་གྲི་པད་མར་གྱུར། །བཞད་དང་བསྲུང་བས་ཆོམས་ཤིང་བསླབ། །ༀ་བཛྲ་ཧ་ས་བ་ཤ་ཏྲྃ་ཧྲིང་། ཚིག་དབང་ལྷ་མོས་བཀྲ་ཤིས་རྒྱལ། །ཁྲོ་བོ་བཅུ་ཡིས་བསྲུང་སྐུད་བརླབ། །ཨཱོཾ་བཛྲ་ཨ་མྲྀ་ད་ཀུན་ད་ལི་བ་ན་དྷ་རཀྵ་ཧཾ། རྡོ་རྗེ་འབར་བའི་གོ་ཆར་ལྡན། །འཇིག་རྟེན་འདིའམ་འདི་ནས་གཞན། །ཡོད་མེད་མིང་ནས་བོས་ནས་བྲིས། །འཕན་དང་ནོར་བུ་གདུགས་ལྡན་བྱ། །ཆོ་ག་མ་རྫོགས་བར་དུ་ནི། །ཁམས་གསུམ་བདག་པོ་རྣམ་རྒྱལ་ལ། །གཏད་པའི་ལས་རྣམས་བྱས་འགྱུར་ན། །དེ་ནི་བདེར་གཤེགས་འདྲ་བར་འགྱུར། །དེ་ལྟར་གཏད་པ་མ་བྱས་ན། །སློབ་དཔོན་དེ་ཡི་ལས་རྣམས་ནི། །མྱུར་དུ་གྲུབ་པར་མི་འགྱུར་ཞེས། །ཐུབ་པའི་གཙོ་བོ་ཉིད་ཀྱིས་གསུངས། །བཅོམ་ལྡན་ཁམས་གསུམ་རྣམ་རྒྱལ་གྱི། །མཚན་ཉིད་བདག་གིས་བསྒྲུབ་པས་ན། །ཐུགས་རྗེ་བསྐུལ་ལོ་མཐུ་མངའ་བའི། །རྒྱལ་བས་འདི་ལ་བྱིན་གྱིས་རློབས། །ཨཱོཾ་བཛྲ་ཀྲོ་ཏ། ཏྲཻ་ལོ་ཀྱ་བི་ཛ་ཡ་ས་མ་ཡ་ཏིཤྚ་བཛྲ་ཧཱུྃ། གཡས་གཡོན་མདུན་རྒྱབ་བྱང་ཆུབ་སེམས། །སྤྱན་རས་གཟིགས་དང་ནམ་མཁའི་མཛོད། །སྦྱོང་བ་གླང་པོ་བཞི་རྣམས་སོ། །རྣམ་རྒྱལ་ལས་རྣམས་མ་བྱས་ན། །སྡིག་ཅན་དེ་དག་མི་ཐར་ཞེས། །བདེར་གཤེགས་རྒྱལ་བ་ཉིད་ཀྱིས་གསུངས། །སངས་རྒྱས་ཀུན་གྱི་གདན་དུ་བརླབ། །ༀ་བཛྲ་དུརྦ་མ་ག་ལ་ཏིཥྛ་ཙཀྲ་ཧྲི། ལྷ་གྲངས་བཞིན་དུ་དབུས་ནས་དགོད། །ཀུ་ཤའི་སྟེང་ཉལ་རྨི་ལྟས་གདབ། །གཞད་གསུང་ཚིག་དབང་ལྷ་མོས་བརླབ། །ཨཱོཾ་བཛྲ་ཧ་ས་པ་ཤ་ཏྲཾ་ཧྲི། མྃ་ག་ལ་ཏིཥྛ་ཧཱུྃ། ངག་གི་ཉེས་བཞི་དག་པར་བྱེད། །བསྲུང་བ་ཆེན་པོ་ཆེན་མོས་བརླབ། །ཨཱོཾ་བཛྲ་བནྡ་རཀྵ་ཧྃ། བཛྲ་ག་པ་ཙ་མན་དུང་། ལུས་ཀྱི་ཉེས་གསུམ་དག་པར་བྱེད། །མཆོད་པ་ཡོ་བྱད་བཞུགས་གནས་རྒྱན། །བླ་རེ་འཕན་གདུགས་རྒྱལ་བ་དན། །ལྡ་ལྡི་ཚོན་དང་ཚོན་སྐུད་བཅས། །མདའ་དང་རལ་གྲི་ཕུར་བུ་བུམ། །ཅི་བགྱི་ཁྱད་པར་ཆེ་རྟགས་སོ། །དར་དང་དོ་ཤལ་དྲིལ་བུ་རྔ། །ནོར་བུ་མེ་ལོང་སྤྱན་ཉི་ཟླ། །ཡོན་ཆབ་བདུག་སྤོས་མེ་ཏོག་དྲི། །མེ་ཤེལ་འོ་སྦྲང་མར་བུ་རམ། །བཟའ་བཏུང་བཅའ་བ་སྦྱར་ལེགས་སོགས། །གཏོར་མ་ནས་ཀྱི་ཐུག་པ་དང་། །ཏིལ་དང་ཡུངས་ཀར་ཡོས་འབྲས་དང་། །འབྲས་ཆན་ནས་གྲོ་མ་དུ་བ། །ག་བུར་གཙང་འབོབ་ཡམ་བུད་ཤིང་། །ཤུག་པ་ཏེའུ་དགང་བླུགས་གཟར། །ཕུར་བུ་གཏུན་ཤིང་ཞི་བའི་རྫས། །འོ་མའི་ཐུག་པ་ཞོ་འབྲས་ཆན། །ནས་དར་མཆན་ཏིལ་སྦྱར་གསུམ་དང་། །ན་ག་བུས་པའི་བིལ་བའི་འབྲས། །འབྲུ་རྣམས་རྣམ་ལྔ་བུ་སྦྲང་སེར། །སྒྲོན་ཤིང་ཤག་ཏེའུ་སྒྲོན་ཏེའུ་དགང་། །བླུགས་གཟར་ཡམ་ཤིང་བུད་ཤིང་རྫས། །བ་དང་ར་ལུག་ཞོ་དག་གིས། །བསྲུབས་མ་ཐག་གི་མར་སར་དང་། །ཟངས་ཕྱེ་ཚ་རྣམས་ཡུངས་ཀར་དང་། །སྐེ་ཚེ་ཏིལ་དང་ཞིམ་ཐིག་ལ། །ལ་ཕུག་ཡུངས་ནག་རྡོག་ཆུང་དང་། །སྐྱུར་བའི་ཤིང་ཏོག་ཐམས་ཅད་དང་། །སྦང་མའི་གཏོར་མ་སྐྱུར་བ་དང་། །དམར་པོའི་ཤིང་ངམ་ཙན་དན་དམར། །ཤག་ཐེའུ་ཙན་ཐེའུ་ཡམ་བུད་ཤིང་། །དབང་གི་ཕྱེ་མ་རིལ་བུ་སོགས། །བཙག་དང་རྒྱ་སྐྱེགས་གིས་བླུགས་ཏེ། །དབང་གི་མཆོད་མར་དགང་བླུགས་རྫས། །ཤ་དང་རུས་པ་ཁྲག་དང་སྐྲ། །ཡུངས་ཀར་ཡུངས་ནག་སྐེ་ཚེ་དུག །དུར་ཁྲོད་ཐལ་བ་རྡོ་ཕྱེ་ལྕགས། །ཀོ་བ་བཏུམས་པའི་དུམ་བུ་དང་། །མགལ་དུམ་སེང་ལྡེང་ཚེར་ནག་ལ། །ཡམ་ཤིང་བུད་ཤིང་ཨ་རེ་སྟ། །ཤག་ཏེའུ་ཚེར་ཏེའུ་རྩུབས་པར་བྱ། །དྲག་ཤུལ་སྤྱོད་པའི་དགང་བླུགས་རྫས། །རྣམ་གསུམ་ཕུར་བུ་གཏན་ཤིང་ནི། །སོ་སོའི་ཤིང་ལ་བྱ་བའོ། །ཟླུམ་པོ་གྲུ་བཞི་ཟླ་གམ་དང་། །གྲུ་གསུམ་བོང་ནི་བྱ་བར་བཤད། །ཞི་རྩེ་རྒྱས་པར་དབང་གིས་སྤོམས། །དྲག་པོ་དྲུངས་པ་དག་གིའོ། །ཞི་རྒྱས་དབང་དྲག་བཞི་ཡི་སྟན། །པདྨ་ཀུ་ཤ་ཁྲི་དང་གསུམ། །དྲག་པོ་ས་གཞི་ཉིད་ལ་ཤིས། །རྒྱལ་ཐམས་ལས་རྣམས་ཀུན་གྱི་མཆོག །རྣམ་རྒྱལ་ལ་སོགས་ཁྲོ་བོ་རྣམས། །སྦྱིན་སྲེག་ཀུན་གྱི་དང་པོར་བཤད། །རྟེན་ཡང་ཕྱོགས་ཕྱོགས་ཁྲོ་བོ་ལའོ། །སྦྱིན་སྲེག་བུམ་རྒྱན་ལྡན་བཞི་ཡུམ། །དཔལ་རྩེ་རྩེ་གསུམ་མདའ་གཞུ་སོགས། །ཁ་དོག་ཆས་གོས་གཡབ་དར་དང་། །ཞལ་ཁབས་ལ་སོགས་བྱང་ཕྱོགས་སོགས། །གཞན་ཡང་ལས་བཞི་ཧོམ་ཤིང་སོགས། །སོགས་པ་ཉིད་དུ་བྱ་བ་ཡིན། །རྒྱུ་བཟང་གསལ་ལས་ཉིས་འགྱུར་རོ། །ཁ་དོག་ལྔ་ལས་འབྲེལ་བ་ཡི། །བདེ་གཤེགས་གཙོ་བོ་སྐུ་ཚད་དོ། །གདུགས་ཆེན་གསེར་གྱི་ཡུ་བར་ལྡན། །དཀྱིལ་འཁོར་ཡོག་པ་སོར་བྲན་ཅན། །དཀར་ནག་དམར་སེར་ལེ་བརྒན་དུད། །ཁྲ་བོ་ལྗང་སེར་རྒྱན་པའོ། །ཁྲུ་བརྒྱད་སྤངས་ལ་ཁྲུ་བཞི་ལྕེ། །ཡུ་བ་དྲང་པོ་རིང་པོ་ལ། །བཏགས་པ་བརྒྱད་ནི་རྒྱལ་མཚན་ཚུལ། །ཁ་དོག་སོ་སོར་གཅིག་འདྲའོ། །ཁ་དོག་སྣ་ཚོགས་ནས་འབྲས་ཚུལ། །གཅུས་གཅག་རྩིབས་སུ་འབྲེལ་པའོ། །དཀར་པོ་དམར་པོ་དེ་བཞིན་སེར། །སྔོན་པོ་དང་ནི་ནག་དང་ལྡན། །ཚོན་སྣ་ལྔ་པོ་དེ་ལ་ནི། །བདེ་གཤེགས་དཀྱིལ་འཁོར་གང་ཡིན་བསྒོམ། །ཐིག་སྐུད་དཀྱིལ་འཁོར་གང་ཡིན་པ། །ཡུམ་གྲངས་བཞིན་དུ་བསྒྲིལ་བར་བྱ། །རྟ་བབས་བརྒྱད་དང་དྲི་ཞིམ་ཤིང་། །ཆུ་སྲིན་ཁས་བཟུང་ཟླུམ་ས་གཟུགས། །ཁྲུ་ཕྱེད་བཞི་མགོ་རྒྱ་མདུད་ཅན། །དཀྱིལ་འཁོར་རྣམས་ཀྱི་ཟུར་བཞི་ལ། །ཆགས་པའི་མཚན་མ་ཆགས་པ་ནི། །རྡོ་རྗེ་མདའ་བཞི་ཁྲུ་དོ་གཟུགས། །ཐུགས་རྗེ་ཆགས་པས་འགྲོ་བ་འདྲེན། །མི་ཤིས་རྒྱ་མོ་འདྲལ་བ་ནི། །མཐའ་གཉིས་གཅོད་དང་མི་གནས་ཕྱིར། །ཁྲུ་དོ་ཟུར་བ ཞི་ལེགས་པར་བྲེ། །སེང་ལྡེང་ཚེར་མ་ཅན་ལ་སོགས། །སོར་ནི་བརྒྱད་པ་ཅོད་པན་ཅན། །ཁྲོ་བོ་ལྔས་སྔགས་བར་ཆོད་སེལ། །བུམ་པ་ནག་པོ་ར་རི་མེད། །ཉི་ཤུ་རྩ་ལྔའི་ཆོ་གར་ལྡན། །དཀྱིལ་འཁོར་དག་གི་མཐའ་མ་ཡང་། །སྔོན་པོ་དམར་པོ་གང་ཡོད་པ། །མུ་ཏིག་མེ་ཏོག་ལ་སོགས་པ། །བསྡོགས་པའི་དབུས་ན་རིན་ཅེན་ཅན། །ཙོང་ཙོང་དག་ལ་སྦྱངས་པར་བྱ། །རྟ་བབས་བར་ནི་ཙོ་ཙོང་ལས། །གསེར་དངུལ་ཟངས་ཁར་སྦྱངས་པའི་སྒྲ། །དཀོན་མཆོག་གསུམ་གྱི་མཚན་ཡོད་བརྗོད། །གཙང་མའི་སྦུ་དང་ཨ་ཤྭད་ཤུན། །དར་དཀར་དག་དང་གསུམ་ལ་ནི། །རྔ་ཡབ་དར་ཤིང་གསེར་དངུལ་སོགས། །ཙོང་ཙོང་དག་ལ་སྦྱར་བར་བྱ། །རིན་ཅེན་ཡིད་འོང་ཕྲེང་བའི་ཚོགས། །ཙོང་ཙོང་དག་ལ་སྦྱངས་པར་བྱ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །འགྲོ་བ་མ་ལུས་རང་བཞིན་མཚོན། །གཟུགས་བརྙན་ཆུ་ཟླའི་མིག་རྒྱུ་ཞེས། །རྟོགས་པར་བྱ་ཕྱིར་སྦྱངས་པར་བྱ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ཐུགས་ཀྱི་ཡེ་ཤེས་མཚོན་པའི་ཕྱིར། །མཁས་པས་རིན་ཅེན་ལ་སོགས་པས། །ས་བཞི་སྙིང་པོ་ཅན་དུ་བྱ། །འཕན་ཕྲན་ཉིད་ལ་བསྐལ་བཟངས་དང་། །བཀྲ་ཤིས་ཙཀ་ལིས་བརྒྱན་པ། །ཉི་ཟླ་པདྨས་མཚོན་པ་ཡང་། །ཙོང་ཙོང་དག་ལ་སྦྱངས་པའོ། །ཡོན་ཆབ་བདུག་སྤོས་དྲི་ཆབ་བྲེ། །མེ་ཏོག་མར་མེ་ཁལ་དག་དང་། །ལྷ་བཤོས་ཁུར་བ་ལྷ་གྲངས་སོ། །འོ་མ་སྦྲང་རྩི་བུ་རམ་མར། །བྲེ་རེ་བཏུང་བ་བཅའ་བའི་ཚོགས། །གཏོར་མའི་རྒྱུ་ཆ་སྣ་ཚོགས་དང་། །འབྱུང་པོའི་ཁ་ཟས་སོགས་པར་བྱ། །གཞན་ཡང་ཞི་བའི་མཆོད་རྫས་ནི། །ཏིལ་དང་ཡུངས་ཀར་འབྲས་ཡོས་འབྲས། །ནས་དང་གྲོ་དང་ག་བུར་རྣམས། །ཕུལ་གང་ཡིན་ནོ་སྲན་ཐུག་དང་། །འབྲས་ཆན་མ་དུ་བྲེ་གང་ཤིས། །གཞན་ཡང་རྒྱས་དབང་དྲག་པ་ཡི། །ཐུག་པ་ཐམས་ཅད་བྲེ་རེའོ། །གཞན་མ་ཀུན་ཡང་ཕུལ་རེའོ། །ལྷ་བཤོས་ཁུར་བ་ལྡེ་གུ་རྣམས། །ལྷ་གྲངས་བཞིན་དུ་སོགས་པར་བྱ། །པདྨ་ལྷོར་གདེངས་ཀུ་ཤའི་ནུབ། །ཁྲི་ནི་ཤར་གྱི་གྲུ་གསུམ་བྱང་། །ལས་བཞི་གདན་ནི་དགོད་པར་བྱ། །རྣམ་པར་རྒྱལ་ལམ་ཁྲོ་ཕྱོགས་ཧོཾ། །སྤྱན་སོགས་ཡུམ་བཞི་ལྷག་ཆད་འབུམ། །དབང་པོ་ཞི་བ་ཟླ་བ་འདྲ། །དབང་པོ་རྒྱས་པ་པདྨ་འདྲ། །དབང་པོ་དབང་ནི་ཉི་མ་འདྲ། །དབང་པོ་དྲག་པོ་དུད་པ་འདྲ། །དབྱིག་པ་བགྲེང་འཕྲེང་སྤྱི་བླུགས་བཟུང་། །དང་པོ་ཏིང་འཛིན་གྱིས་བསྐུལ་ནས། །བུམ་པ་ཟླ་བ་པདྨ་དང་། །དུད་པའི་མདངས་ལྡན་བསིལ་བྱེད་ཡུལ། །བདུད་རྩིའོ་མ་བུ་རམ་ཞོ། །བཀང་བའི་བུམ་པ་སོ་སོ་ལ། །རིན་ཆེན་ཕན་བྱང་གདུགས་ལྡན་ཏེ། །རྣམ་སྣང་མཛད་དང་གསུམ་དག་གི། །ཞབས་ཀྱི་དྲུང་དུ་བཟུང་བ་དང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །ལས་དང་སྡུག་བསྔལ་ཞི་བར་བྱེད། །ཨཱོཾ་གྷ་ག་ན་ག་ག་ནེ། ལོ་ཙ་ན། ཛ་ལེ་ཛུ་ལེ་ཙུན་དེ། ག་ཏང་གུ་ཏང་ཤན་ཏིང་ཀུ་རུ་སྭཱ་ཧཱ། དཔལ་རྩེ་རྣོན་པོ་རྩེ་གསུམ་པོས། །དུག་གསུམ་འཇོམས་པའི་ལས་རྣམས་མཛོད། །ལུས་ངག་ཡིད་གསུམ་སྦྱང་བ་དང་། །བཏབ་པས་གཤེད་ཆགས་རླག་པར་བྱེད། །ཧོ་མ་ཟླུམ་ལྷམ་ཟླ་གམ་ཨེ། །རྡོ་རྗེ་པདྨ་མདའ་གཞུ་དང་། །གཙང་ཐོད་རྒྱན་གྱིས་མཛེས་བརྒྱན་གདེངས། །ཞི་རྒྱས་དབང་དྲག་ལྷ་རྣམས་མཆོད། །ཡུ་མ་བྃ་ཨེའི་དཀྱིལ་འཁོར་དང་། །ཕྱིང་བུ་དང་ནི་དར་གཙང་འབོབ། །དུ་ཡོད་པ་ལ་ཟུང་རེའོ། །ཡམ་ཤིང་དཀར་སེར་དམར་ནག་ལ། །ཁུང་གི་ཁྱད་པར་རོང་སོར་གཅལ། །བརྒྱད་དང་བཅུ་དྲུག་ཉི་ཤུ་བཞི། །བུད་ཤིང་ཁྲུ་གང་དོ་གསུམ་ཆུ། །སྦོམ་ཕྲ་སྔགས་མཁན་འཛུབ་མོ་ཙམ། །ཞི་བ་ཡི་ནི་ལྷ་གྲངས་བཞིན། །ཡམ་ཤིང་འཛུབ་གང་བཅག་ཁྲུ་གང་། །བརྐྱང་ཁྲུ་གང་དུ་ཤེས་པར་བྱ། །བུད་ཤིང་ཁྲུ་གང་དོ་བཞིན་ནོ། །རྒྱས་པ་ཡི་ནི་ལྷ་གྲངས་བཞིན། །དབང་གི་ཡུམ་བུད་ཞི་བའི་ཚད། །དྲག་པོའི་ཡམ་བུད་རྒྱས་པའི་ཚད། །ཞི་བའི་དྲིས་སྐུ་རྒྱས་སྦྲང་རྩི། །དབང་ཙག་ཙན་དན་བསྲེས་པས་བསྐུ། །དྲག་པོ་ཁྲག་སྤོས་བསྲེས་པས་བསྐུ། །ཞོ་ཅན་སེར་སྐྱུར་རྩུབ་ཤིང་ལ། །སོར་བཞི་ཡ་རྩེ་རལ་གྲི་བཞིན། །རྟིང་ཟླུམ་ཟུར་བཞི་ཟོར་འདྲ་དང་། །ཟུར་གསུམ་ཇུ་ཐུར་ཚད་དུ་བྱ། །ལོ་མ་སོར་བཞི་སོ་སོ་ཤིང་། །སོར་གཉིས་རྩ་བ་བཤུས་ལྷ་གྲངས། །ཐབས་ཀྱི་བྱེ་བྲག་ཆེ་ཆུང་ལས། །ཞོ་ཅན་སེར་སྐྱུར་རྩུབ་ཤིང་ལ། །ཡུ་བ་སྤོབས་སུ་མཐེ་བོ་ཙམ། །སྲིད་དུ་ཁྲུ་དོ་གང་ཕྱེད་གང་། །སོར་བཞི་སྒྱུར་ཁ་རན་སོར་ཅིག །ཟབ་སོར་གཉིས་ལ་སོ་སོའི་དབྱིབས། །དེ་དབུས་གཙོ་མོ་ཕྱག་མཚན་བྲི། །ཁ་རན་ཕྱོགས་བཞིར་ཕྱག་རྒྱ་བཞག །བར་བར་རྡོ་རྗེ་པདྨ་གཞུ། །ཐོད་པས་མཚན་མ་དགང་གཟར་བྱ། །སྲིད་ཁྲུ་གང་ལ་སྒྱུར་སོར་གཉིས། །ཟབས་སོར་གཅིག་དེའི་དབུས་སུ་ནི། །གཙོ་བོ་ཕྱག་རྒྱས་མཚན་བླུགས་གཟར། །བླུགས་གཟར་སྟེང་སྦུབ་མདུན་དུ་བཞག །ཞོ་ཅན་སེར་སྐྱུར་རྩུབ་ཤིང་ལ། །མགོ་མདུད་དག་ལ་གཙོ་ཡུམ་དགོད། །རྩིབས་ལ་འཁོར་གྱི་ཡིག་འབྲུ་དགོད། །རྐེད་མདུད་སྒོ་བ་ཁྲུ་ཁྱུང་གང་། །རྩེ་མོ་ཡ་མ་བཾ་ཨེ་ཕཊ། །གཙོ་བོ་ཕྱག་མཚན་སྦྱར་བྲིས་ཏེ། །རྩིབས་ལ་ཆོས་ཀྱི་ཡིག་འབྲུ་འབར། །ཁྲུ་གང་ཚད་བྱ་སྲིད་དུའོ། །སྦོ མ་ཕྲ་མཐོ་གང་སོར་བཞི་བྱ། །སྒྱུར་སོར་བཅོ་བརྒྱད་ཟབས་སུ་ནི། །སོར་ནི་བརྒྱད་པ་དེ་དབུས་སུ། །རི་རབ་རྒྱ་མཚོ་བྲི་བར་བྱ། །ངོས་ལ་རི་བདུན་མཚོ་ཡང་དགོད། །སོ་སོ་གཏུན་གྱི་ཁ་རན་ལ། །རྡོ་རྗེ་པདྨ་མདའ་གཞུ་མེ་འོད་འབར། །ཐོད་རྩར་མེ་འོད་འབར་གླིང་མཚོ། །ཇི་བཞིན་དཀྱིལ་འཁོར་དག་ལང་བརྒྱན། །ལས་བཞི་སྔགས་པའི་ཆས་གོས་ནི། །ཐུགས་ཀྱི་ཟེའུ་ལྡིང་སྟོད་གཡོགས་དང་། །བརྗིད་པའི་ཆོས་གོས་སྨད་དཀྲིས་དང་། །གར་གྱི་གསང་གོས་སོ་སོ་མཆོག །གཡབ་མོས་སྤྱན་འདྲེན་ཕྱག་འཚལ་ནི། །སོ་སོ་ཁ་དོག་དར་དག་ལ། །བ་དན་བཞི་ཡང་འབར་འདྲར་བྱ། །དཀར་པོ་སེར་པོ་དམར་ནག་ལ། །ཧོ་མའི་བགབ་མ་འཁྲོར་བའོ། །དྲི་ཞིམ་སེར་སྐྱུར་རྩུབ་ཤིང་གི། །ས་ཕྱོགས་དེ་དག་ཉེ་བ་རུ། །ཤིང་གི་ལྷ་སྟེ་མདོག་དཀར་ལ། །རིན་ཅེན་སྣ་ཚོགས་དྲི་ཞིམ་བཅས། །ཕུལ་ལ་སྙིང་རྗེ་བྱམས་བསྒོམས་ལ། །རྟེན་འབྲེལ་བརྗོད་དེ་རིན་ཕུལ་ལ། །མེ་ཡི་ཕྱོགས་ནས་བཅད་པར་བྱ། །སྲིད་དུ་ཧོ་མ་གྲུར་མཉམ་ལ། །སྦོམ་ཕྲ་ཁྲུ་གང་ཡོད་པའི་ཤིང་། །བཞི་གཉིས་གསུམ་གཉིས་མཆོག་ཏུ་གཅེས། །གཞན་ཡང་རོ་སྲེག་ཤིང་དག་ལ། །སྦོམ་ཕྲ་ཁྲུ་དོ་ཡོད་པ་ཡི། །ཤར་ནུབ་གཉིས་སུ་རེ་རེ་ཡང་། །སྲིད་དུ་མཆོད་རྣམ་ཡང་ན་ནི། །དངོས་གྲུབ་གསོལ་སྒོ་གཞན་ཤིང་གཉིས། །ཤིང་རྒྱུ་ཕྲ་སྦོབ་མདོ་དང་གསུམ། །ཐེག་པའི་ཁྱད་པར་བསྟན་པ་ནི། །ཀྲི་ཡོག་མ་ཧ་ཡོ་ག་གསུམ། །གང་གི་སྒོ་ཞུགས་དེ་ལྷས་སྦྱང་། །གོམས་པའི་དབང་དུ་ཤེས་པའི་མཆོག །རིམ་པ་གསུམ་དུ་ཤེས་པར་བྱ། །དེ་སྟེང་ཁང་པ་ཡུས་མགོ་ཚད། །ཕྲག་གནོན་བཞི་ཡང་བཞིར་དམིགས་ལ། །ཚོགས་ནས་ཤིང་གི་བདག་པོ་ལ། །མཆོད་པ་གཏོར་མ་སྣ་ཚོགས་ནི། །སྟེགས་བུ་ཁྲུ་གང་པདྨ་བྲིས། །དེ་དབུས་ཤིང་ལྷ་འབག་བྲིས་བཞག །ལས་ཀྱི་སྐལ་ལྡན་གང་དག་གིས། །དཀྱིལ་འཁོར་ཆེན་པོར་འཇུག་པ་ནི། །ཡོ་བྱད་ཐམས་ཅད་ཚང་བ་མཆོག །ཆེ་ཆུང་མང་ཉུང་རྒྱུ་ལས་ཚད། །ཅི་ཡོད་ཡིད་འོང་མཛེས་པར་དགྲམ། །དེ་དག་བྱིན་གྱིས་བརླབས་པ་ནི། །ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང་། །བདུད་རྩི་འཁྱིལ་པས་བྱིན་གྱིས་བརླབ། །ༀ་བཛྲ་ཀྲོ་དྷ་ཏྲི་ལོ་ཀ །བི་ཛ་ཡ། ཨཱོཾ་ༀ་ཧཱུྃ་ཨ་ཨ་ཨ། བླ་རེ་གཙུག་ཏོར་རྣམ་རྒྱལ་བརླབ། །ཨཱོཾ་ཏྲུྃ་ༀ་ཨྃ་ཧཱུྃ། བ་དན་འཕན་གཙོ་དེས་བྱིན་བརླབ། །ཨཱོཾ་གཙོ་བོའི་ས་བོན་ༀ་ཨྃ་ཧཱུྃ། གདུགས་ནི་གཙུག་ཏོར་གདུགས་དཀར་བརླབ། །ཨཱོཾ་སྲུྃ་ཨཱོཾ་ཨྃ་ཧཱུྃ། རྒྱལ་མཚན་ཀེ་དུ་དེས་བྱིན་བརླབ། །ༀ་རཏྣ་ཀེ་དུ་ཨཱོཾ་ཨྃ་ཧཱུྃ། ལྡ་ལྡི་སོ་སོ་ལས་རིགས་བརླབ། །ཨཱོཾ་སརྦ་ཀརྨ་ཏྲི་ལོ་ཀ་བི་ཛ་ཡ་ཨོཾ་ཨྃ་ཧཱུྃ། ཚོན་ལྔ་བདེ་གཤེགས་ལྔ་ཡིས་བརླབ། །དེ་ཡང་དཀྱིལ་འཁོར་གང་ཡིན་ཉིད། །སེར་པོ་ༀ་ༀ་ཨྃ་ཧཱུྃ། བསྒྱུར་ཏེ་སྨོན་ལམ་བཏབ་པར་བྱ། །དཀར་པོ་ཨཱོཾ་ཧཱུྃ་ༀ་ཨྃ་ཧཱུྃ། ནག་པོ་ཨཱོཾ་སྭ་ༀ་ཨྃ་ཧཱུྃ། དམར་པོ་ༀ་ཨྃ་ༀ་ཨྃ་ཧཱུྃ། ལྗང་གུ་ༀ་ཧ་ༀ་ཨྃ་ཧཱུྃ། སྲད་བུ་གང་ཡིན་གཙོ་བོས་བརླབ། །ༀ་ༀ་ༀ་ཨྃ་ཧཱུྃ། རྟ་བས་ཕྱག་རྒྱ་བཞི་བྱིན་བརླབ། །ཛ་ཧཱུྃ་བྃ་ཧོ། ཨཱོཾ་ཨཱྃ་ཧཱུྃ། མདའ་བཞི་རྡོ་རྗེ་ཆགས་པས་བརླབ། །ཨཱོཾ་བཛྲ་ར་ག་ཨཱོཾ་ༀ་ཧཱུྃ། རལ་གྲི་རྡོ་རྗེ་རྣོན་པོས་བརླབ། །ཨཱོཾ་པདྨ་ཏིག་སྣ་ༀ་ཨྃ་ཧཱུྃ། ཕུར་པ་ཁྲོ་བོ་ལྔས་བྱིན་བརླབ། །ཨཱོཾ་ཨ་པ་ར་ཙི་ཏ། ཡ་མནྟ་ཀ །ཧ་ཡ་གྲི་བ། ཨ་མྲྀ་ཏ་ཀུཎྜ་ལི། མ་ཧ་པ་ལ། ཨཱོཾ་ཨ་ཧཱུྃ། བུམ་པ་གང་ཡིན་ཡུམ་གྱིས་བརླབ། ཨཱོཾ་ད་དུ་ཤྭ་རི་ཨོཾ་ཨྃ་ཧཱུྃ། བགབ་འཁོར་བསྲུང་བ་ཆེན་མོས་བརླབ། །ཧུཾ་ཧུཾ་ཧུཾ་ཨ་པྲ་ཏི་ཧ་ཏ་ཨཱོཾ་ཨྃ་ཧཱུྃ་སྭཱ་ཧཱ། དོ་ཤལ་གཙུག་ཏོར་རྒྱལ་བས་བརླབ། །ༀ་ཏྲུཾ་ཨོཾ་ཨྃ་ཧཱུྃ། དྲིལ་བུ་ཀུ་ལན་ད་རིས་བརླབ། །ཨཱོཾ་ཀུ་ལན་ད་རི་པྲད་ཉོ་བ་བ་པ་ཤོ་ཡོ་གཱ་གཱ་ཤུ་ཉ྄ཡ྅྅྅་ཨཱོཾ་ཨཾ་ཧཱུྃ། རྔ་ཡབ་རྒྱལ་པོ་བཞིས་བྱིན་བརླབ། །ཨཱོཾ་ཏིཥྛ་ཏིཥྛ། བེ་བུ་རུ་ཏ་ཀ །བེ་ཤ་ར་མ་ནེ། ཨཱོཾ་ཨཾ་ཧཱུྃ། ནོར་བུ་ཀུན་གྱི་ཡོན་ཏན་བརླབ། །ༀ་སརྦ་རཏྣ་ཀུ་ཨཱོཾ་ཨཾ་ཧཱུྃ། མེ་ལོང་རྡོ་རྗེ་སེམས་དཔས་བརླབ། །ༀ་བཛྲ་སྭ་ཏ་ཨ་ད་རི་ཤ་ཨཱོཾ་ཨ་ཧཱུྃ། སྤྱན་སྙིང་སངས་རྒྱས་ཀུན་གྱིས་བརླབ། །ཨཱོཾ་བྷུ་དྷ་སརྦ་ཀུ་ལི་ཙི་ཏ་ཛྙ་ན་ༀ་ཨཾ་ཧཱུྃ། ཉི་ཟླ་ཐབས་དང་ཤེས་རབ་བརླབ། །ཨཱོཾ་སཱུ་ར་ཙནྡྲ་དུ་ན་པྲད་ཉ་ཨཱོཾ་ཨ་ཧཱུྃ། བཏུང་བ་མཱ་མ་ཀིས་བྱིན་བརླབ། །ༀ་རཏྣ་བཛྲ་ༀ་ཨྃ་ཧཱུྃ། བདུག་པ་མེ་ཏོག་དྲི་ཆུ་མེ། །ཨཱོཾ་བཛྲ་དྷུ་བེ་པུཥྤེ་གནྡེ་ཨ་ལོ་ཀེ་ༀ་ཨ་ཧཱུྃ། ལྷ་བཤོས་ཁུར་བ་བཅའ་བའི་ཚོགས། །ཀུན་ལན་ད་རིས་བྱིན་གྱིས་བརླབ། །ཨཱོཾ་བཛྲ་ཀུ་ལན་ད་རི་ཨཱོཾ་ཨ་ཧཱུྃ། ཕུང་པོ་ལྔ་ཉིད་རྣམ་གྲོལ་ལྔ་བསྒྱུར་ཞིང་། ཨཱོཾ་ཀན་ད་ཤུ་ཛྙ་ཨཱོཾ་ཨོ་ཧཱུྃ། འོ་མ་ལ་སོགས་མངར་གསུམ་ནི། །མཱ་མ་ཀིས་ནི་བྱིན་གྱིས་བརླབ། །ཨཱོཾ་མཱ་མ་ཀི་ༀ་ཨ་ཧཱུྃ། གཏོར་མ་ཐུག་པ་དྲགས་ལྡན་བརླབ། །ཨཱོཾ་སྭ་སྟི་བཛྲ་ཨཱོཾ་ཨ་ཧཱུྃ། འབྲུ་རྣམས་མཱ་མ་ཀིས་བྱིན་བརླབ། །ༀ་མཱ་མ་ཀ་ༀ་ཨཱ་ཧཱུྃ། འབྲས་ཡོས་མ་དུ་གོས་དཀར་མོས་བརླབ། །ༀ་པདྨ་བཛྲ་ༀ་ཨ་ཧཱུྃ། ག་བུར་སྨན་རྣམས་ལས་ཐམས་ཅད་པ། །ༀ་བཛྲ་ཨ་མྲྀ་ཏ་ཀུནྚ་ལི་ༀ་ཨ་ཧཱུྃ། གཙང་འབོབ་སངས་རྒྱས་སྤྱན་གྱིས་བརླབ། །ༀ་ལམ་ཏེ་ཤྭ་ར་ཏི་ད་དུ་ༀ་ཨ་ཧཱུྃ། ཡམ་ཤིང་བུད་ཤིང་ཐམས་ཅད་ནི། །མེ་ལྷས་བྱིན་གྱིས་བརླབ་པར་བྱ། །ༀ་ཨགྣེ་ཡེ་ཨཱོཾ་ཨ་ཧཱུྃ། ཤག་ཏེའུ་ཤུལ་ཏིའུ་ཚན་ཏེའུ་སོགས། །སངས་རྒྱས་སྤྱན་གྱིས་བྱིན་གྱིས་བརླབ། །ༀ་མུཾ་བཛྲ་ཨཱོཾ་ཨ་ཧཱུྃ། ཟངས་ཕྱེ་སྐེ་ཚེ་ལ་ལ་ཕུད། ཀྲོ་ཏི་ཤྭ་རི་སངས་རྒྱས་སྤྱན་གྱིས་བརླབ། ཀྲོ་ཏི་ཤྭ་རི་སྭ་ཏ་བཛྲི། ཨཱོཾ་ཨ་ཧཱུྃ། ཚེར་ཏེའུ་ལ་སོགས་མཱ་མ་ཀིས། །ༀ་མཱ་མ་ཀི་ཨཱོཾ་ཨ་ཧཱུྃ། དགང་གཟར་གང་ཡིན་ཡུམ་གྱིས་བརླབ། །བླུགས་གཟར་གང་ཡིན་ཡབ་ཀྱིས་བརླབ། །ཕུར་བུ་གང་ཡིན་གཙོ་འཁོར་ཁྲོ། །གཏུན་ཤིང་གང་ཡིན་གཙོ་བོ་འཁོར། །མདའ་གཞུ་མ་མོ་ཙེའུ་རིས་བརླབ། །བཛྲ་ཙེའུ་རི་ༀ་ཨ་ཧཱུྃ། གཞན་རྣམས་ཐམས་ཅད་བདུད་རྩི་འཁྱིལ་པས་བརླབ། །གཡབ་དར་རླུང་ལྷས་བྱིན་གྱིས་བརླབ། །ཨཱོཾ་བཛྲ་བ་ཡ་བྱ་ཨཱོཾ་ཨ་ཧཱུྃ། ཞལ་ཁབ་མཱ་མ་ཀིས་བྱིན་བརླབ། །བསྲེགས་ཤིང་བྲུམ་གྱིས་བརླབ་པར་བྱ། །ༀ་བྲུཾ་ཨེ་བཾ་མ་ཡ་སྦྱར། ༀ་ཨཾ་ཧཱུྃ། ཆས་གོས་འབྲུ་ལྔས་བྱིན་རླབ་བཞག །ཀུ་ཤ་གཏིང་བའི་གདན་སྟེངས་སུ། །སྔགས་གཡོག་ཤར་ལྟས་ཉལ་དུ་གཞུག །ལྷ་རྣམས་ཀྱིས་ནི་ལེགས་དགུ་སྟོན། །བྱིན་གྱིས་བརླབ་པ་མ་བྱས་ན། །ལས་རྣམས་འགྲུབ་པར་མི་འབྱུར་རོ། །དེ་བས་ནན་ཏན་བསྐྱེད་དེ་བྱ། །ཡང་ན་རྣམ་པར་རྒྱལ་བའམ། །བདུད་རྩི་འཁྱིལ་བ་ཉིད་ཀྱིས་བརླབ་ཀྱང་རུང་། །དཀྱིལ་འཁོར་ཅི་ཡང་བཞེངས་པ་ལ། །འཕྲིན་ལས་བཞི་བཞི་ཧོམ་ལྡན་བྱ། །ཡང་ན་ཏིང་འཛིན་བྱེ་བྲག་ལས། །ལས་བཞི་ཆོ་ག་རྫོགས་པ་མཆོག །ཆོ་ག་མ་ཚང་ལས་མི་འགྲུབ། །དེ་ཕྱིར་སྟ་གོན་རྫོགས་པར་བྱ། །ཨུ་དུམྦརའི་མེ་ཏོག་བཞིན། །སྟོན་པ་འོ་ནི་ཤིན་ཏུ་ཡང་། །དེ་བས་ན་ནི་འཇིག་རྟེན་དུ། །འབྱུང་བ་ཡང་ནི་ཤིན་ཏུ་དཀོན། །དམ་པའི་ཆོས་ཀྱང་སྟོན་པ་དཀའ། །དམ་ཆོས་སྟོན་པ་སྲིད་པར་དཀའ། །གསང་སྔགས་ཆོས་ནི་སྟོན་དཀའོ། །གསང་སྔགས་ཆོས་ནི་སྟོན་དཀའ་ཡང་། །དཀྱིལ་འཁོར་དུ་ནི་འཇུག་ཀའོ། །བསྐལ་པར་ནི་སྔགས་སྤྱད་པ་ཡི། །ལས་དབང་གིས་དེང་མཐོང་བས། །རྒྱལ་པོ་ནི་མ་ཡིན་ཡང་། །རྒྱལ་པོ་ནི་ཆེན་པོ་འགྱུར། །བདེ་བར་གཤེགས་པ་ཐམས་ཅད་ཀྱིས། །ཡོན་ཏན་ནི་མཆོག་ཀྱང་ཐོབ། །ཚེ་རིང་ནི་ལོངས་སྤྱོད་ཀྱང་། །ཕུན་གསུམ་ནི་ཚོགས་པར་འགྱུར། །ལས་རྣམས་ནི་ཐམས་ཅད་ཀྱང་། །བཏང་སྙོམས་ནི་ཡན་ལག་གོ། །དཀྱིལ་འཁོར་བྲི་བའི་ལས་དག་དང་། །ཆོ་འཕྲུལ་བཞི་ཡི་ཆེ་བ་དང་། །གང་ཞིག་དཀྱིལ་འཁོར་ནང་གཞུག་པ། །གསུམ་པོ་དེ་ནི་གཞན་དོན་གསུངས། །དང་པོ་ལས་གསུངས་རིམ་པ་ནི། །ཚེས་གྲངས་ཆོས་གློག་བཞི་དག་དང་། །སྲད་བུ་ཚན་ལྡན་བགེགས་བསལ་བསྲུང་། །ཐུགས་དམ་བསྐུལ་གཡོག་དབང་བསྐུར་སྦྱང་། །རང་བཞིན་ནས་ཐིག་སླར་བསྡུ་དང་། །ཚོན་དབྱེ་ཕྱག་རྒྱ་རྒྱན་རྣམས་དགོད། །གསུམ་ལྔ་བདུན་དང་བཅུ་གཅིག་དང་། །བཅུ་གསུམ་བཅོ་ལྔ་ཡར་གྱིས་ཤིག །ཞི་དང་རྒྱས་པ་མཆོག་ཏུ་བཤད། །བཅུ་བདུན་ཉི་ཤུ་གཉིས་བརྒྱད་དེ། །དབང་དང་དྲག་པོ་དཀྱིལ་འཁོར་མཆོག །དུས་དང་མཚན་མ་ཀྲི་ཡའོ། །ཉི་མ་དགེ་ཞིང་རྒྱུ་དཀར་བཟང་། །མཚན་མའི་སེམས་རྟོག་མི་དམིགས་པ། །དེ་ནི་ཆོས་དབྱིངས་གནས་པ་ཡིན། །དེ་ལྟར་དུས་དང་མཐུན་པ་དང་། །ཕྱོགས་བཞིའི་དགེ་བསྙེན་གཙང་སྦྲ་ཅན། །ཤ་དང་ཆང་བཅད་བུད་མེད་སྤངས། །ཚུལ་དུ་ཤིས་པས་རྒྱུན་མི་བཅད། །ཤར་དུ་སྡུད་པ་ཚིགས་སུ་བཅད། །ལྷོར་ནི་བཟང་པོ་སྤྱོད་པའོ། །ནུབ་དུ་སྣང་བརྒྱད་གསང་བའི་མདོ། །བྱང་དུ་གསེར་འོད་དམ་པ་གདོན། །གུས་པར་མཆོད་ཅིང་བདེན་པར་ཀླག །ཚོན་སྣ་ལྔ་སྐུད་བུ་མོས་བཀལ། །དེ་ཉིད་ཀྱིས་ནི་བརྒྱར་བཟླས་ཏེ། །རྒྱུ་བཟངས་ཚད་ལ་ཕེབས་པ་དང་། །བཟང་པོའི་ལྟས་དང་སྦྱར་ནས་ནི། །མཁས་པས་དཀྱིལ་འཁོར་ཐིག་གདབ་བོ། །ལག་ལ་རྡོ་རྗེས་བགེགས་བསྐྲད་བྱ། །སྲུང་བ་ཆེན་མོས་བདག་གཞན་བསྲུང་། །ཕྱོགས་བཅུའི་གཙོ་ལ་སོགས་པ་ཡི། །ཐུགས་དམ་བསྐུལ་ནས་སྲད་བུ་ཐིམ། །དེ་ལྔའི་རིགས་བཞི་ཐུགས་ལས་བྱུང་། །གཙོ་བོ་གང་ཡིན་ཐུགས་ཞུགས་ཕྱུང་། །དེ་ནས་གཙོ་བོ་གང་ཡིན་གྱིས། །སངས་རྒྱས་ཞིང་རྣམས་སྦྱང་བ་དང་། །མྱུར་དུ་སེམས་ཅན་དོན་བསྒྲུབ་དང་། །ལས་ཀྱི་བདག་པོ་གང་བྱེད་པའི། །ལས་རྣམས་མ་ལུས་ཁྱོད་ཀྱིས་བྱོས། །ལས་ཀྱི་རྡོ་རྗེ་དོན་ཡོད་གྲུབ། །ཁ་དོག་སྣ་ཚོགས་འབྱུང་བ་ལ། །ༀ་ཨཾ་ཧཱུྃ། སྭཱ་ཧཱ་ཀརྨ་ཞེས་ནི་དེ་ལ་དབང་བསྐུར་རོ། །བདག་ཉིད་ཤར་ལྷོ་མཚམས་འགྲེང་སྟེང་། །སྔགས་གཡོག་བྱང་ཤར་མཚམས་སུ་ནི། །དཔུང་བཙུགས་ཐལ་སྦྱར་འདུག་པ་ཡིས། །དཀྱིལ་འཁོར་གང་བཞེངས་ལས་རྣམས་ནི། །གང་བཞེངས་གཙོ་བོ་བཀའ་བཞིན་དུ། །ལས་ཀྱི་བྱེད་པར་བདག་གྱུར་པས། །ཐམས་ཅད་མ་ལུས་བདག་གིས་བགྱི། །དེ་ནས་ཐུབ་དབང་བསྐུར་བྱས་ནས། །དེ་ནས་སྦྱང་བར་བྱ་བ་ནི། །བདག་པོ་གང་ཡིན་ཏིང་འཛིན་ལས། །ཡམ་གྱིས་ཕྲག་དོག་གཏོར་རླུང་གིས། །དེ་ལས་རྡོ་རྗེ་རྩེ་འབར་བ། །འོད་འཕྲོས་དངོས་པོའི་མཚན་མ་བསྲེག །བདག་ཉིད་ཡི་གེ་ཁ་གྱུར་གཙོ། །མངའ་བདག་དེའི་བྱིན་བརླབས་ཆུ། །རྒྱུན་གྱི་ཁམས་དག་དེ་ཉིད་མེར། །དེ་ཡི་བྱིན་བརླབས་ཡོན་ཏན་བཅུ། །དེ་མཐུས་ལས་བྱེད་ལས་རྣམས་འགྲུབ། །མཁས་པས་ཐིག་གདབ་ཙ་ཏའི་མིག །ལྷ་མོས་གཤེགས་བསྐུལ་སྐུད་ལ་ཐིམ། །ཧཱུྃ་ལས་རྡོ་རྗེ་རྩེ་ལྔར་གྱུར། །ལྟེ་བའི་ཐད་ཀར་ཐལ་བཀན་ལ། །གཡས་པ་བཀན་བཞག་མཐེབ་ངོས་སྦྱར། །དེ་ནས་སྦུབ་ལོག་ནམ་མཁར་གདབ། །ལན་གཅིག་གཉིས་གསུམ་བཏབ་པའི་མཐུས། །རང་བཞིན་བྱོན་དང་ཏིང་འཛིན་གསལ། །ངན་སོང་གསུམ་བདེ་ཞུས་བཤད་སྟོད། །མཆོག་གསུམ་ལྷ་ཚོགས་མཆོད་ཕྱག་འཚལ། །ཨཱོཾ་བྲུཾ་ཤུ་ནྱ་ཏ་གཉའ་ན་བཛྲ་སྭ་བྷ་བ་ཨདྨ་ཀོ་ཧྃ། ཞེས་པས་རང་བཞིན་ཐིག་གདབ་པར་བྱ། །བདག་ཉིད་ཤར་ལྷོའི་མཚམས་སོང་སྟེ། །ལས་བདག་བྱང་ཤར་མཚམས་འདུག་སྟེ། །དེ་ནས་དཀྱིལ་འཁོར་ཐིག་གདབ་པ། །དམ་ཚིག་བསྐུལ་དང་ལས་བྱའོ། །ༀ་བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཚད་ལྡན་སྔགས་གཡོག་མེད་ཕུར་མཆོག །སེམས་ཅན་དོན་བྱས་བདག་ཉིད་ཀྱིས། །སླར་ཡང་ཐུགས་ཀར་བསྡུ་བར་བྱ། །ཨཱོཾ་བཛྲ་སང་ཧ་ར་ན་ཧཱུྃ་ཧཱུྃ་ཧཱུྃ། སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་འཕྲིན་ལས་རིགས་ལྔ་ཡི། །གཙོ་བོ་གང་ཡིན་དེ་ཉིད་ལ། །གསང་གསུམ་ཞེས་སུ་བསྒྲགས་པའང་མཆོག །མཚོན་ནི་དྲི་དང་པན་ཙ་དང་། །རིན་ཆེན་ཕུང་པོ་གསུམ་དུ་བསྟན། །ཡོན་ཏན་སྐུ་འདྲ་ལས་ཐུགས་བཞིན། །དབུས་ཀྱི་ཕོ་བྲང་བསྐོར་བ་ཡིན། །འཁོར་ལོ་རྡོ་རྗེ་ར་བ་ནི། །ཕྱེ་མ་དཀར་པོ་ཉིས་རིམ་བྲི། །ལས་ཀྱི་ལྷ་ལས་མ་གཏོགས་པའི། །ཕལ་པ་དང་ནི་བསྲུང་བཀྲ་ཤིས། །ཕྱེ་མ་དཀར་པོ་ཞིག་ཀྱང་བྲི། །སྒོ་ཡི་ཚོན་སྣ་པན་ཙའོ། །གཉིས་པ་ཏྲི་ལ་སྒོ་ཁང་རྩིག །བརྒྱད་བྲིས་ཕྱག་རྒྱ་དགོད་པ་ཡང་། །གཙོ་བོའི་གཟུགས་ལ་འཁོར་ཕྱག་རྒྱ། །ཕལ་ལ་སོགས་པའི་ཡིག་འབྲུའོ། །ཐ་མལ་པ་དག་ཐིག་ལེའོ། །ཚོན་ལ་སོགས་པའི་ལས་རྣམས་ཀུན། །དབང་ལྡན་ཕྱོགས་ནས་བྱ་བར་ཤིས། །དབང་ལྡན་འདྲེན་པའི་ལྷ་དབང་ཕྱོགས། །ཚོན་ནི་ནང་ནས་དགྱེ་བར་བྱ། །དེ་ནས་ཕྱག་རྒྱ་ནོར་བུ་བུམ། །དགོད་པ་ཉིད་དུ་བྱ་བ་ཡིན། །གཟུངས་ཐག་སློབ་དཔོན་གཟུང་བར་ཤིས། །དེ་འོག་ཚོན་རྣམས་རིམ་གྱིས་བཏང་། །དེ་ནས་ཕྱག་རྒྱའམ་ཡིག་འབྲུ་བཞག །ཐ་མར་སྒོ་ཡི་ཚོན་བཀྱེ་ནས། །དེའི་འོག་སྒོ་བའི་ཕྱག་རྒྱ་དང་། །གླང་སེང་རྣམས་ཀྱང་དགོད་པར་བྱ། །མཎྜལ་ཐམས་ཅད་བྱི་དོར་ནི། །དང་པོ་བ་ལྕི་དེ་འོག་ཏུ། །རྣམ་ལྔས་བསྐུས་ནས་དེ་འོག་དུ། །དྲི་ཆུའི་ཆུ་ནི་བྱུག་པར་བྱ། །ཚོན་འགྱེད་དུས་སུ་ཐུགས་དམ་བསྐུལ། །སེམས་ཅན་ཁམས་ནི་ཞི་བྱེད་པའི། །དེ་ནི་ཆོས་དབྱིངས་རོ་ཡིན་པས། །སངས་རྒྱས་རྣམས་ཀྱིས་སྔོན་གསུངས་ཏེ། །དེ་བས་བདག་གིས་བཀའ་བཞིན་དུ། །ཚོན་འགྱེད་པ་ཡི་ལས་བགྱིད་ན། །རྒྱལ་བས་ཀུན་བྱིན་དབང་བསྐུར་ཅིག །ཕྱག་རྒྱ་དགོངས་ཕྱིར་ཐུགས་དམ་བསྐུལ། །སྐུ་གསུང་ཐུགས་རྟགས་མཚན་མ་འདི། །འགྲོ་ལ་ཕན་ཕྱིར་དགོད་དོ་ཞེས། །སངས་རྒྱས་རྣམས་ཀྱིས་སྔོན་གསུངས་ཏེ། །རྒྱལ་བ་ཀུན་བྱིན་དབང་བསྐུལ་ཅིག །རྒྱན་རྣམ་དང་པོ་ནོར་བུ་སྟེ། །དེ་ལ་སོགས་པ་དགོད་པར་བྱ། །བྱིན་གྱིས་བརླབས་པའི་རིན་པོ་ཆེས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །སྔགས་རྣམས་གོང་མ་དེ་ལས་ནི། །ཏིཤྱ་བཛྲ་བསྣན་པར་པས། །རིན་ཆེན་སྣ་ཚོགས་རྒྱུ་ལས་བྱས། །ཁ་དོག་དབྱིབས་སུ་ལྡན་པ་ཡི། །ཤེས་རབ་ཡུམ་གྱི་བུམ་པ་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །རྟེན་གྱིས་འབྲས་བུ་མཚོན་འབྲེལ་རྟགས། ། ཡེ་ཤེས་ལྔ་ཡི་རང་བཞིན་པས། །ཐུགས་རྗེ་གཟུངས་ཐག་ཆེན་པོ་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རླབས། །འཕྲིན་ལས་ཡོན་ཏན་ལྷུན་གྲུབ་པའི། །བླ་རེ་ཀུན་བཟང་ངང་ཉིད་རྟགས། །འབྲས་བུ་རྟགས་ཀྱི་ཕྱག་རྒྱ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་མ་ལུས་པའི། །སྐུ་ཡི་ཕྱག་རྒྱ་མཚོན་མཛད་ཅིང་། །མཚན་དང་དཔེ་བྱད་ཕན་ཆེན་གྱིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཉོན་མོངས་གདུང་བ་སེལ་མཛད་ཅིང་། །གདུགས་མཛེས་གསེར་གྱི་ཡུ་བར་ལྡན། །སྐྱབས་ཆེན་བྱམས་པ་ཆེན་པོ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཉོན་མོངས་བདུན་ལས་རྒྱལ་མཛད་པའི། །རྒྱལ་བ་རྒྱལ་བའི་རྒྱལ་མཚན་ཏེ། །རྟགས་ཀྱི་རྒྱལ་མཚན་ཆེན་པོ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །འཕྲིན་ལས་ཆོ་འཕྲུལ་བཞི་བཞི་ཡིས། །ལས་རྣམས་རྒྱ་མཚོ་རྫོགས་མཛད་པའི། །སྙན་པའི་བ་དན་གསུང་བསྒོམས་པས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །རྒྱུ་དང་འབྲས་བུར་འབྲེལ་བའི་རྟགས། །ཁ་དོག་སྣ་ལྔ་འབར་བ་ཡི། །ལྷ་ལྷུབ་ལྡ་ལྡི་ཆེན་པོ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཐུགས་རྗེ་གཟུངས་ཐག་ཡེ་ཤེས་བཞི། །སངས་རྒྱས་བཞི་ཡི་འཕྲིན་ལས་ཐུགས། །ཐུགས་རྗེའི་སྲད་བུ་འབྲེལ་གཟུངས་ཀྱིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཚད་མེད་བཞི་དང་བསྡུ་བ་བཞིས། །འགྲོ་བའི་དོན་རྣམས་རྫོགས་མཛད་པའི། །དྲི་ཞིམ་རྟ་བབས་ཕྱག་རྒྱ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །འགྲོ་རྨོངས་འཁྱམས་པའི་མུན་སེལ་མཛད། །གཏི་མུག་གོ་དབྲལ་ཤེས་རབ་མདས། །གཏིང་འབུགས་བྱང་ཆུབ་ལམ་འགོད་པས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །འཁོར་བའི་དྲ་བ་ཆགས་པའི་རྒྱུན། །མཐའ་གཉིས་གཅོད་མཛད་བྱམས་པའི་མགོན། །ཤེས་རབ་རྟགས་ཀྱི་རལ་གྲི་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཁྲོ་གཏུམ་རྔམ་པའི་ཚུལ་འཆང་བས། །ལོག་པར་ལྟ་བའི་ཞེ་སྡང་འདུལ། །ཡེ་ཤེས་འབར་བའི་ཀི་ལ་ཡས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །མཚན་མའི་ཡུལ་རྣམས་སེལ་མཛད་ཅིང་། །བསྲུང་དང་མཚམས་ཀྱི་ལས་མཛད་པ། །བགབ་འཁོར་སྲུང་བ་ཆེན་པོ་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་མ་ལུས་པའི། །དཔེ་བྱད་རྟགས་ཀྱི་དོ་ཤལ་ཆུན། །ཡིད་འོང་མེ་ཏོག་འབར་བ་ཡིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཤེས་རབ་ཕ་རོལ་ཕྱིན་པའི་རྟགས། །རིན་ཆེན་མཆོག་གསུམ་མཚན་བརྗོད་པའི། །གསུང་དབྱངས་དྲུག་ཅུ་ལྡན་གྲིལ་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རླབས། །མཚན་མའི་བག་ཆགས་ཀུན་སེལ་བའི། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །རྒྱལ་ཆེན་བཞིས་ཕུལ་མཆོད་མཆོག་གིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཆོས་རྣམས་གཟུགས་བརྙན་འདྲ་བ་ཡི། །རང་བཞིན་དག་པས་རྟོག་པ་མེད། །མ་རྨོངས་སྟོན་པའི་མེ་ལོང་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཞི་བའི་མཐའ་ལ་མི་གནས་ཤིང་། །འཇིག་རྟེན་ཀུན་དང་མཐུན་འཇུག་རྟགས། །ཐབས་དང་ཤེས་རབ་ཉི་ཟླ་འདིས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །གཞན་ཡང་མཆོད་པའི་རྒྱན་འོས་དང་། །ལྷ་བཤོས་ཕྱོགས་ཀྱི་གཏོར་མ་ཡིས། །རྒྱུ་དྲུག་འགྲོ་ཚིམ་བྱེད་མཐུ་ཡི། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །གཉིས་པ་བདག་ཞུགས་ཆོ་འཕྲུལ་གྱི། །ཆེ་བའི་དོན་ཐབས་བསྟན་པས་འཛིན། །ཏིང་ངེ་འཛིན་དང་བྱིན་གྱིས་བརླབ། །དབང་བསྐུར་མཆོད་པའི་ཆོ་འཕྲུལ་ལོ། །བདག་ཉིད་དང་པོར་རྣམ་འདུག་དང་། །ཏིང་འཛིན་ཞུགས་པ་རྣམ་གཉིས་སོ། །བདག་ཤར་སྒོར་འདུག་འཛིན་པ་ལ། །དམ་བཅའ་དབང་ཐོབ་སྙིང་རྗེ་ཡིས། །ཐབས་དང་ཤེས་རབ་དོན་བྱེད་པར། །འཕགས་པ་ཀུན་མཁྱེན་སྤྱན་དྲངས་ལ། །ཨཱོཾ་ཨྃ་ཧཱུྃ་སྭཱ་ཧཱ་ལྔ་ཡིས། བྱིན་གྱིས་བརླབས་ལ་སྭ་དབང་བསྐུར། །ཕྱག་རྒྱ་གོ་ཆ་ཧཾ་གྱིས་བགོ། །དུ་ཤྱ་ཧོ་དང་སན་ཏི་ཏིཤྟ་དང་། ཡ་ཐ་བཛྲ་སྭ་ཏིཥྛ་ཏ་ཨཾ་པཾ། དགོངས་པས་བསྒྲུབ་པ་བཞུགས་དང་བསྐྱེད། །དེ་ནས་ཁྲོ་བོས་བགེགས་མཚམས་བཅད། །ཞུགས་པས་དེ་བཞིན་ཉིད་ཀུན་སྣང་། །རྒྱུ་ལས་བྱུང་བའི་རིམ་ལྔ་བསྐྱེད། །དེ་སྟེང་གཞལ་ཡས་ཁང་རྒྱན་ལྡན། །ནང་དུ་གཏན་དག་བསྐྱེད་པའི་སྟེང་། །འཁོར་ལོ་ཡིད་འོང་གྲུ་ཆད་དང་། །སྒོ་དང་སྒོ་ཁང་བྱ་དང་བཅས། །སེམས་ཅན་པདྨ་ཉི་ཟླའི་གདན། །ཅི་རིགས་པར་ནི་མཛེས་པར་བྱ། །དེ་སྟེང་སེམས་ཉིད་དག་པ་ཡི། །རྒྱུ་ལས་ཆོས་ཉིད་མངོན་བྱང་ཆུབ། །དེ་གཟུགས་ཟླ་བ་ཡིག་འབྲུ་དང་། །ཕྱག་མཚན་དང་ནི་སྐུ་རྫོགས་པའོ། །འབྲས་བུ་ལྔ་དང་བསྐྱེད་པ་ལྔ། །སྟོན་པའི་ཆོ་འཕྲུལ་ལྔ་རྒྱུ་ལྔ། །ཆོས་ཉིད་རྒྱུ་ལས་རྣམ་སྣང་མངོན་བྱང་ཆུབ། །གཟུགས་བརྙན་ཟླ་བ་མི་བསྐྱོད་མངོན་བྱང་ཆུབ། །ཡིག་འབྲུ་རིན་ཆེན་འབྱུང་ལྡན་མངོན་བྱང་ཆུབ། །ཕྱག་མཚན་སྣང་བ་མཐའ་ཡས་མངོན་བྱང་ཆུབ། །གཟུགས་སྐུ་དོན་ཡོད་གྲུབ་པ་མངོན་བྱང་ཆུབ། །སྣང་སྟོང་སྲ་བརྟན་སྲེད་བྱེད་དང་། །འགྱེས་འཛིན་ཤུགས་བསྐྱོད་བྲན་པར་ལྔ། །ནམ་མཁའ་ས་མེ་ཆུ་རླུང་གི། །དེ་ཡི་བྱིན་རླབས་ཐམས་ཅད་མངོན་བྱང་ཆུབ། །རྒྱུ་ལས་བག་ཆགས་གནས་འགྱུར་ཆོས་དབྱིངས་བསྐྱེད། །ཟླ་བ་ཀུན་གཞི་གནས་འགྱུར་མེ་ལོང་བསྐྱེད། །ཡིག་འབྲུ་ཉོན་མོངས་གནས་འགྱུར་མཉམ་སེམས་བསྐྱེད། །ཕྱག་མཚན་ཡིད་འགྱུར་སོ་སོར་རྟོགས་སེམས་བསྐྱེད། །སྐུ་ནི་སྒོ་ལྔ་བྱ་བ་ནན་ཏན་བསྐྱེད། །རྟག་ཆད་འཛིན་བཟུངས་བདག་གཞན་གྲུབ། །ཆོས་ཉིད་རྒྱུ་ལས་རྣམ་སྣང་མངོན་བསྟན་པ། །བསམ་གཏན་ཚུལ་དེ་སངས་རྒྱས་རྗེས་དྲན་སྐུ། །ཨཱོཾ་ཙི་ཏ་པྲ་ཏི་བེ་ཏང་ཀ་རོ་ཡ་མི། ཨེ་མའོ། །དོན་དམ་རང་བཞིན་སྤྲོས་མེད་སེམས་ཀྱི་དབྱིངས། །རྒྱལ་བ་རྒྱ་མཚོའི་ཐུགས་དང་ཡེ་ནས་མཉམ། །མངོན་པར་བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཆོས་ཀྱི་དབྱིངས་ཉིད་མི་གནས་ཇི་བཞིན་དང་། །གཟུགས་བརྙན་ཟླ་བ་མི་བསྐྱོད་མངོན་སྟོན་པས། །ཡེ་ཤེས་ཚུལ་དེ་དགེ་འདུན་རྗེས་དྲན་སྐུ། །ཨཱོཾ་བོ་ཏི་ཙི་ཏ་ཙནྡྲ་ཨུཏྤ་ཏ་ཡ་ནི། ཨེ་མའོ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་ཡོངས་རྫོགས་པ། །ཟླ་བ་ཉ་བ་བཞིན་དུ་སྣང་བ་སྟེ། །ཀུན་ཏུ་བཟང་པོ་ཡེ་ནས་དག་པའི་དོན། །མངོན་པར་བྱང་ཆུབ་རང་བཞིན་འོད་ཀྱང་གསལ། །ཡིག་འབྲུ་རིན་ཆེན་འབྱུང་ལྡན་མངོན་བསྟན་པ། །སྦྱིན་པའི་ཚུལ་དེ་གཏོང་བ་རྗེས་དྲན་སྐུ། །ཨཱོཾ་ཧཱུྃ་སྭ་ཧ་ཨཾ་ཧ་ཏིཥྛ། ཨེ་མའོ། །མ་རིག་སེལ་ཅིང་ཡང་དག་རིག་བསྐྱེད་པ། །གསུང་གི་རང་བཞིན་ཆེ་བའི་བྱིན་རླབས་ཏེ། །གསང་བ་བསྒྲུབ་པའི་མཆོག་དུ་བསྔགས་པས་ན། །དོན་གྱི་སྙིང་པོ་སྤྲོས་མེད་བྱང་ཆུབ་དབྱིངས། །ཕྱག་མཚན་སོ་སོ་མཐའ་ཡས་མངོན་བསྟན་པ། །ཚུལ་ཁྲིམས་ཚུལ་ཏེ་གཉིས་རྟོགས་ཆོས་དྲན་སྐུ། །ཙཀྲ་བཛྲ་དྷརྨ་རཏྣ་པདྨ་ཀརྨ་སྭ་བྷ་བ་ཨཏྨ་ཀོ་ཧཾ། ཨེ་མའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཉིད་ཡེ་ཤེས་ལྔ་ཡི་རྟགས་སུ་སྣང་། །མི་གཡོ་མི་ལྡོག་མཆོག་གི་རང་བཞིན་པས། །ཇི་བཞིན་མཉམ་པས་བྱང་ཆུབ་ཆེན་པོའི་ངང་། །སྐུ་གྱུར་གཟུགས་ལས་དོན་ཡོད་སྐུར་སྟོན་པ། །བརྩོན་འགྲུས་ཚུལ་ཏེ་ལྷ་རྗེས་དྲན་པའི་སྐུ། །ཨཱོཾ་ཧཱུྃ་སྭ་ཨཾ་ཧ་ཡ་ཐ་སྭ་ཏིཥྛ་ཏ་ༀ་ཧྃ། ཨེ་མའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མ་སྐྱེས་ཡེ་ཤེས་མཉམ་པ་ཉིད། །ཐབས་ལ་མཁས་པས་ཐུགས་རྗེ་ཡིས། །དེ་ཉིད་ཕྱག་རྒྱ་ཆེན་པོར་སྣང་། །སྔགས་ནི་སངས་རྒྱས་ཀུན་གྱིས་གསུངས། །ཚིགས་བཅད་དོན་གྲུབ་རྟོགས་ཚད་ཕུལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །དགྱེས་པའི་ཕྱག་ནི་སྤྱི་བོར་བཞག །བྱིན་གྱིས་བརླབས་ཕྱིར་ཨཱོཾ་ཨཾ་ཧཱུྃ། དབང་བསྐུར་སྭ་འབར་རིན་པོ་ཆེ། །ཡོངས་སུ་གྲུབ་དང་གཞན་དབང་དང་། །ཀུན་བརྟགས་པ་ནི་ཐམས་ཅད་ལའོ། །ཡོངས་སུ་གྲུབ་པ་ཞེས་པ་ནི། །རྣམ་སྣང་མཛད་ཆེན་དེ་ཉིད་དོ། །གཞན་དབང་རྗེས་སུ་བསྟན་པ་ནི། །སངས་རྒྱས་མང་པོས་སྔགས་གསུངས་རྟོགས། །ཀུན་བརྟགས་ཞེས་སུ་བསྟན་པ་ནི། །འོག་མིན་གནས་དང་རི་རབ་ཟོམ། །རྡོ་རྗེ་གདན་སོགས་སྟོན་པའོ། །འཁོར་རྣམས་ཐམས་ཅད་སྒོ་མདུན་བསྐྱེད། །འབྲས་བུ་ལྔ་ནི་ཡོངས་སུ་གྲུབ། །བསྐྱེད་པ་གཞན་དབང་ཡིན་པར་བཤད། །སྟོན་པའི་ཆོ་འཕྲུལ་ཀུན་བརྟགས་པའོ། །སྙན་གསན་གསོལ་སྤྱན་འདྲེན་ལས་གཞུག །དམ་ཚིག་ཕྱག་འཚལ་མཆོད་སྟོད་ཆོས། །བྱང་ཆུབ་སྡོ་མགོ་བྱིན་རླབས་དང་། །མཚམ་བཅད་དམ་ཚིག་དབོག་རིགས་བྱ། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །མགོན་པོ་དམ་ཅན་ཇི་སྙེད་པ། །ཐམས་ཅད་ཀུན་ནས་དགོངས་སུ་གསོལ། །གཉིས་མེད་རྣམ་དག་དབྱིངས་མཆོག་ན། །མཉམ་ཉིད་གནས་པས་དེ་བཞིན་གཤེགས། །བསྐུལ་བའི་ས་ལ་བཞེངས་ནས་ཀྱང་། །སེམས་ཅན་དོན་ལ་རབ་བརྩོན་པའི། །རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས། །བྱང་ཆུབ་སེམས་དཔའ་ལྕམ་དྲལ་དང། །ཁྲོ་བོ་ཁྲོ་མོ་ལ་སོགས་ཀུན། །རྒྱུད་ལྔའི་སེམས་ཅན་སྦྱང་བ་དང་། །ཁྱད་པར་བདག་དང་ཡོན་བདག་དང་། །དཀྱིལ་འཁོར་འདི་ལ་བྱིན་བརླབས་དོན། །རང་བཞིན་རྫོགས་ཆེན་བཞུགས་གནས་ནས། །ཏིང་འཛིན་གཟུགས་བརྙན་གཞལ་ཡས་འདིར། །ཐུགས་རྗེས་བྱོན་དགོངས་སྤྱན་འདྲེན་བྱོན། །ཨེ་ཧ་ཧྱི་བུདྡྷ་ད་དུ་ཤཱ་རཱི་བོད་དི་སྭ་ཏ་སྭ་ཏའི་སརྦ་མ་མ་ཛཱ། ཆོས་དབྱིངས་ནམ་མཁའི་དཀྱིལ་ཡངས་ན། །རྒྱལ་བའི་བཞུགས་གནས་ཁྱད་པར་ཅན། །རབ་འབྱམས་མཆོད་པའི་སྤྲིན་ཀླུབས་ཤིང་། །ཉི་ཟླ་པད་སོགས་གདན་སྟེང་ནས། །མི་མཇེད་འཛམ་གླིང་འཇིག་རྟེན་འདིར། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་ཁང་། །བླ་མེད་མཆོད་པ་རྒྱན་བཤམས་ནས། །འགྲོ་བའི་དོན་ཕྱིར་སྤྱན་འདྲེན་ན། །དུས་གསུམ་གཤེགས་པའི་འཇིག་རྟེན་སྒྲོན། །ཐུགས་རྗེ་དམ་ཅན་སྨོན་ལམ་གྱིས། །སེམས་ཅན་དོན་ཕྱིར་ཆོས་སྐུ་ལས། །གཟུགས་སྐུར་ལོངས་སྤྱོད་རྫོགས་སྐུར་སྣང་། །ཐུགས་རྗེས་སྤྲུལ་སྐུར་གཤེགས་པ་བཞིན། །དཀྱིལ་འཁོར་མ་ཉམས་དམ་པ་འདིར། །བྱིན་གྱིས་བརླབས་ཀྱིས་གཤེགས་སུ་གསོལ། །དཀྱིལ་འཁོར་གང་ལགས་ལྷ་ཚོགས་ཀུན། །ཚོམས་མཚམས་བདེ་བས་སྤྱན་དྲངས་ལ། །སྟོབས་བཅུའི་རྩལ་འཆང་མི་ཡི་སེང་གེར་སྤྱོན། །གཏི་མུག་མུན་སེལ་འཇིག་རྟེན་སྒྲོན་མ་སྤྱོན། །ཉོན་མོངས་ནད་སེལ་སྨན་པའི་རྒྱལ་པོ་སྤྱོན། །བདུད་རིས་འཕམ་མཛད་ཐར་པའི་ལམ་སྟོན་སྤྱོན། །དབང་མཛད་རྒྱལ་པོ་འདིར་སྤྱོན་མཆོད་པ་ཞེས། །དཀྱིལ་འཁོར་ལྷ་ཚོགས་མ་ལུས་གནས་འདིར་བྱོན། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་སྤྱན་འདྲེན་བརྟན་པའི་བདག །གང་ཕྱིར་བདག་གིས་སྤྱན་དྲངས་པས། །དཀྱིལ་འཁོར་འདི་ལ་བརྟན་པར་འགྱུར། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །རིན་ཆེན་ཞགས་པ་དམ་པོའི་བདག །རྡུལ་ཕྲན་བཞུགས་པ་ཐམས་ཅད་ཀྱང་། །སླར་ཡང་བདག་གིས་དྲན་པར་བགྱི། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །པདྨ་ལྕགས་སྒྲོགས་དམ་པོའི་བདག །བཅིངས་པ་ཀུན་ལས་གྲོལ་བ་རྣམས། །སེམས་ཅན་དོན་དུ་བཅིང་བར་འདོང་། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་གྲམ་དྲིལ་བུ་དབབ་བརྟན་བདག །ཀུན་གྱི་ཆོས་བདག་གྱུར་པ་ཡང་། །བྲན་དུ་ཡང་ནི་གྱུར་ཅིང་བཞུགས། །ཛ་ཧཱུྃ་བྃ་ཧོ། ཨེ་ཧྱེ་ཧི་བ་ག་བན། མ་ཧཱ་ཀཱ་རུ་ནི་ཀ་ཏྲི་ཤ་ཧོ། ས་མ་ཡ་ཛ་ཧཱུྃ། ༀ་ལ་སོགས་པའི་ལྷ་རྣམས་སྔགས། །རྟིང་ལ་ཨ་གད་ཛས་བརྒྱན་ཅིང་། །སོ་སོ་སྐུ་གསུང་ཐུགས་ཀྱི་ལྷ། །མ་ལུས་པ་རྣམས་སྤྱན་དྲང་ངོ་། །མདོར་ན་འཇིག་རྟེན་ཁམས་རྣམས་སུ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་ཀྱིས། །རྡོ་རྗེ་རིན་ཆེན་པདྨོ་དང་། །རྒྱ་གྲམ་འཁོར་ལོ་བསྐོར་དུ་གསོལ། །མགོན་པོ་ཐུགས་རྗེ་ཆེར་ལྡན་པ། །ཐམས་ཅད་མཁྱེན་པ་རྒྱུད་རིག་པ། །འདུལ་བའི་ཐབས་ནི་སྣ་ཚོགས་ཀྱིས། །འགྲོ་བའི་དོན་རྣམས་མཛད་དུ་གསོལ། །གཏོར་མ་ལས་རྣམས་ཀུན་གྱི་མཆོག །ལས་ཀྱི་སྣ་ལ་བརྟན་པ་ནི། །ཤར་དུ་བསྟན་པ་སྲུང་བ་ལ། །ལྷོར་ནི་སྲིད་པ་མཉམ་པ་ཡིན། །ནུབ་དུ་ཀླུ་གདུག་བཟློག་པའོ། །བྱང་ནས་ལས་ལ་བཞུགས་པའོ། །དེ་དག་སོ་སོ་སྲུང་མཚམས་བཅད། །ཨེ་ཧ་ཧི་བོས་ལ་ལས་ལ་གཞུག །བྱིན་གྱིས་བརླབས་བྱས་མཆོད་བསྟོད་ཅིང་། །སྨོན་ལམ་བཏབ་ཅིང་སླར་ཏིང་གཏང་། །ལག་པའི་ཕྱག་རྒྱ་བཅས་ནས་ནི། །སྙིང་པོ་མཇུག་ལ་གདགས་པ་ནི། །བཛྲ་ས་ཏྭ་ས་མ་ཡ་ཀརྨ་གདགས་ཤིང་དབྱངས་དང་སྦྱར་བའོ། །ཐུགས་བརྩེར་ལྡན་པའི་དགོངས་པ་ཅན། །ཇི་ལྟར་འཕྲིན་ལས་བཅོལ་བ་བཞིན། །འཁོར་བ་ཡུན་རིངས་དེ་སྲིད་དུ། །དོན་རྣམས་མཛད་ཅིང་བརྟན་པོར་བཞུགས། །ལག་པའི་ཕྱག་རྒྱ་བཅས་ནས་ནི། །སྙིང་པོ་མཇུག་ལ་གདགས་པ་ཅན། །ཛ་ཧཱུྃ་བཾ་ཧོ། ས་མ་ཡ་སྟཾ། ས་མ་ཡ་ཧོ། ས་མ་ཡ་ས་ཏྭ་ཏིཥྛ་བཛྲ་ཨ་གད་ཛ། ན་མ་སརྦ་ཏ་ཐཱ་ག་ཏ་བནྡྷ་ནང་ཀ་རོ་ཡ་མི། ༀ་སརྦ་ཏ་ཐཱ་ག་ཏ་པུ་ཙ་པ་ཏིཥྛ། ན་ཡ་ཨཏྨ་ནམ་ནིརྻ་ཏ་ཡ་མི། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ཨ་ཏི་ཏིཥྛ་སྭ་མཾ། ༀ་སརྦ་ཏ་ཐཱ་ག་ཏ་པུ་ཙ་ཨ་བི་ཤེ་ཀ་ཡ། ཨཏྨ་ནཾ་ནིརྻ་ཏ་ཡ་མི། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བི་ཤིན་ཙ་མྃ། ༀ་སརྦ་ཏ་ཐཱ་ག་ཏ་པུ་ཙ་པྲ་བརྟ་ན་ཡ། ཨཏྨ་ནཾ་ནིརྻ་ཏ་ཡ་མི། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་དརྨ་པྲ་བརྟ་ཡ་མི། ༀ་སརྦ་ཏ་ཐཱ་ག་ཏ་པུ་ཙ་ཀརྨ་ནི། ཨཏྨ་ནཾ་ནིརྻ་ཏ་ཡ་ནི། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཾ། དེ་ནས་མཆོད་པའི་རིམ་པ་ནི། །དང་པོར་སྦྱིན་སྲེག་ལས་བཞི་སྟེ། །དེ་ནས་ལྷག་པའི་མཆོད་སྐྱབས་གསོལ། །དེ་ནས་ཐུན་མོང་མཆོད་རྣམ་ལྔ། །དེ་ནས་སྟོད་པའི་མཆོད་པའོ། །དེ་ནས་མཆོད་སྦྱིན་བྱ་བར་བཤད། །དེ་ཀུན་ངག་ཡིད་གདུང་དབྱངས་མཆོད། །མཆོད་པའི་དང་པོ་འདི་ཡིན་ནོ། །དེ་འོག་རྫས་ཀྱི་མཆོད་པ་ལ། །སྦྱིན་སྲེག་མཆོད་སྦྱིན་རྣམས་ཀྱི་མཆོག །བསྡེབས་སྦྱར་མཆོག་ནི་ཉི་མའི་ལྷ། །མི་ཡི་མཆོག་ནི་རྒྱལ་པོ་སྟེ། །རྒྱ་མཚོ་ཆུ་བོ་རྣམས་ཀྱི་མཆོག །ཟླ་བ་རྒྱུ་སྐར་རྣམས་ཀྱི་མཆོག །ཉི་མ་སྣང་བྱེད་རྣམས་ཀྱི་གཙོ། །བསྒྲུབ་པའི་མཆོག་ནི་གསང་སྔགས་ཏེ། །ལས་ཀྱི་མཆོག་ནི་རྣམ་བཞིའོ། །གནས་ཀྱི་མཆོག་ནི་དཀྱིལ་འཁོར་བཞི། །སྟེང་དང་འོག་དང་ཐད་ཀར་ཡང་། །འགྲོ་བའི་འགྲོ་བ་ཇི་སྙེད་པ། །ལྷ་དང་བཅས་པའི་འཇིག་རྟེན་ན། །སྨྲ་བའི་མཆོག་ནི་རྫོགས་སངས་རྒྱས། །བསྟན་པའི་མཆོག་ནི་རྫོགས་ཆེན་པོ། །རྡོ་རྗེའི་རྒྱུད་དུ་བསྔགས་པ་ཡིན། །བཟླས་པ་བདུན་དང་བར་སྐབས་དང་། །དེ་བཞིན་བཟླས་པའི་འོག་དུ་ཡང་། །བསྔགས་པ་སྦྱིན་སྲེག་བྱ་བ་ནི། །ཐམས་ཅད་དུ་ཡང་བསྔགས་པ་ཡིན། །སྦྱིན་སྲེག་བྱས་ནས་བཟླས་བྱ་བ། །དང་པོར་ཤིན་ཏུ་འདོད་པ་ཡིན། །བཟླས་དང་སྦྱིན་སྲེག་འབྲེལ་བ་འདི། །དེ་ནི་བར་དུ་འདོད་པ་ཡིན། །བཟླས་པའི་མཇུག་གི་སྦྱིན་སྲེག་གང་། །དེ་ནི་ཤིན་ཏུ་གཙོ་བར་བཤད། །དང་པོས་བུ་ལོན་རྟོག་པ་བསལ། །བར་དུ་ལྷ་རྣམས་བྱའི་ཕྱིར། །ཐ་མས་ལྷག་ཆད་བསྐང་བའི་དོན། །བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་མཆོག །གསལ་བའི་གཟི་བརྗིད་འཚེར་བ་ལ། །དང་བྱམས་ཡིད་ཀྱིས་མཆོད་སྦྱིན་བྱ། །ལས་རྣམས་བརྩམ་པར་བྱས་ནས་ནི། །གཏུམ་ཆེན་རྔམ་ཡང་ལྷན་ནེར་འགྱུར། །ལྷ་རྣམས་དཀར་པོ་བྱམས་དང་ལྡན། །ཟླུམ་པོ་དཀྱིལ་འཁོར་རྩིབས་བརྒྱད་པར། །ལྷ་རྣམས་འཁོར་བཅས་བརྒྱན་པར་ཞུགས། །ཧོ་མ་མཆོད་ཟླུམ་གདེངས་པ་ལ། །རྡོ་རྗེ་པདྨས་རབ་བརྒྱན་ཏེ། །ཕུར་པ་དཀར་པོ་དྲུག་གདབ་པར། །ཡིད་ལ་ཤིན་ཏུ་གསལ་བྱས་ཏེ། །བྱིན་ཟ་དགེ་བའི་རམ་སྦར་བསྟན། །ཡྃ་ཤིང་དཀར་པོ་རྣམས་ཀྱི་མེ། །རྃ་སྦར་རྡོ་རྗེ་ཁྲོ་བོ་ཡིས། །དང་བྱམས་བཞག་སྟེ་སྙོམས་ཞུགས་ལ། །ཏིལ་བསྲེགས་བཞིན་དུ་སྡིག་སྲེགས་ཤིག །ༀ་ཆེ་གེ་མོ་སརྦ་པ་པ་ད་ཧ་ཧ་ན་ཧཱུྃ་ཕཊ། ཛྭ་ལ་རཾ། ཤར་ལྷོ་ཁ་ཁྱེར་དེ་ཉིད་ལ། །དམ་ཚིག་ཉིད་ཀྱི་རཾ་སྤྲོས་ཏེ། །ཞལ་གཅིག་ཕྱག་བཞི་ཟླ་དཀར་བཞིན། །ཞི་བ་ལུས་དང་ལྟ་བའི་ཐབས། །སྐྱེད་ཆེན་དཀར་པོའི་གདན་བཞུགས་བསམ། །ཡེ་ཤེས་ཨགྣེ་ཐུགས་དམ་བསྐུལ། །ༀ་ན་མོ་བཛྲ་པ་ནེ་སྱེ། ༀ་ན་མོ་གཉའ་ན་སྱ་ཏྭ་ཨགྣེ་ཡེ་དེ་བ་ཛྭ་ལ་རཾ། ལན་གསུམ་བརྗོད་པས་ཞལ་ཕྱོགས་ཤིང་། །སྤྱན་གཟིགས་ཐུགས་དགོངས་དེ་ཉིད་ལ། །དམ་ཚིག་པ་ཡིས་ལྕགས་ཀྱུ་བཅས། །གཉིས་མིན་དབྱིངས་ལས་བསྐུལ་བ་ཡི། །ཡེ་ཤེས་དྲང་སྲོང་ཆེན་པོ་ཉིད། །སྔོན་གྱི་སྨོན་ལམ་ཐུགས་རྗེ་ཡིས། །བྱིན་གྱིས་བརློབས་ཕྱིར་གཤེགས་སུ་གསོལ། །ཛ་ཧཱུྃ་བཾ་ཧོ། ཨ་ཏ་ཧི། ༀ་བཛྲ་ཧ་རི་བྃ་ག་བ་ཛི་བ་ལོ་ཀི་ཏེ་ཡ་ཤ་དེ་ཧི། དེ་བ་བ་ཏ་ཡ་སྭཱ་ཧཱ། ན་མོ་བཛྲ་པ་ན་སྱེ། ༀ་གཉའ་ན་ཨགྣེ། ཀི་ལི་ཀི་ལི། དནྟེ་ལ་པོ་ཏྲ། ཨི་ཧ་ཨི་ཧ། ཨཱ་གད་ཛཱ་ཧཱུྃ་ཏ་ཤ་ན་ཡ་སྭཱ་ཧཱ། ཡེ་ཤེས་མེ་ལྷ་བྱོན་ནས་ནི། །དམ་ཚིག་བསྐྱེད་དང་གཅིག་གྱུར་ནས། །མདུན་དུ་བཞུགས་པ་དེ་ཉིད་ལ། །གཉིས་མིན་དྲང་སྲོང་ཨགྣེ་ལ། །བདུག་སྤོས་ཆུར་བཅས་གཙང་བ་ནི། །སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་འགྱུར་བའི། །སྤོས་ལྔ་སྣ་སྦྱར་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་ཕུང་མཁའ་ལས་ཆར་འབེབས་པ། །མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིག །སྭ་བྷ་བ་སརྦ་དྷརྨ་ཤུདྡྷོ་ཧཾ། དག་པ་ཉིད་དུ་བྱས་ནས་ཀྱང་། །མཆོད་པ་ལྔ་ཡི་མཆོད་དེ་བཞག །གཉིས་མིན་དྲང་སྲོང་ཨགྣེ་ལ། །བདུག་སྤོས་མེ་ཏོག་དྲི་ཆབ་བཤོས། །ཡོན་བདག་དོན་དུ་འབུལ་ལགས་ན། །ཐུགས་རྗེ་དགོངས་ནས་བཞེས་སུ་གསོལ། །ༀ་ཛྙཱ་ན་ས་ཏྭ་ས་མ་ཡ། ས་ཏྭ་ས་མ་ནེ་ཡེ། དྷུ་པེ། པུཥྤེ། ཨ་ལོ་ཀེ། ནན་ག་ན་དེ་པ་ཧ་ར་སརྦ་དྷ་ར་མ་པུ་ཙ་པ་ན་ཙ་སྭཱ་ཧཱ། དེ་ནས་མཆོད་སྣོད་ཤིང་རྟ་ལ། །བཞུགས་པ་ཉིད་དུ་བྱ་བའམ། །ཁ་ཁྱེར་བཞག་ལ་ལས་མཆོད་བསྟོད། །དེ་ནས་མེ་ཡི་དངོས་ཉིད་པའི། །རང་བཞིན་རྣམ་རྒྱལ་ཁྲོ་བོ་ཕྱོགས། །དེ་ལ་སོགས་པ་གོང་ཉིད་དུ། །སྤྱན་དྲངས་མདུན་དུ་གསལ་བསྒོམས་ལ། །ཏིང་འཛིན་གསལ་བའི་མི་ཉིད་སྦྱོང་། །རྣམ་པར་རྒྱལ་བ་བོས་ནས་ནི། །གཟུགས་བརྙན་ཤར་གཡས་འམ་འཕྲལ་བའི། །རྣམ་རྒྱལ་དེ་ཡི་ལུས་གཉིས་གཅིག །དེ་ཉིད་ན་ནི་བཞུགས་བསམ་པ། །དད་པ་དང་ནི་དམ་ཚིག་གིས། །ཚུལ་གཤེགས་ཁམས་གསུམ་རྣམ་རྒྱལ་གཙོ། །འབར་བའི་ནང་དུ་བཞུགས་ནས་ནི། །སྲེག་བླུགས་ཞལ་ཟས་བཞེས་མི་སྦྱོང་། །ཛ་ཧཱུྃ་བཾ་ཧོ། ཨེ་ཧྱེ་ཧི། ༀ་ཏྲེ་ལོ་ཀྱ་བྷི་ཛ་ཡ་ས་མ་ཏི་མུ་ཏྲ་ཧཱུྃ་ཕཊ་ཨ་གད་ཛ། དེ་ལྟར་སྤྱན་དྲངས་དེ་ཉིད་ཀྱིས། །གདན་མཆོག་དམ་པ་བསྟན་པ་ནི། །མེ་ཏོག་ལག་ཏུ་ཐོགས་ནས་ནི། །མྱ་ངན་མི་འདའ་ཐུགས་རྗེའི་ངང་། །ཉོན་མོངས་མི་སྤོང་གོས་པ་མེད། །མ་ཆགས་རང་བཞིན་དག་པས་ན། །པདྨའི་གདན་ལ་གཞུགས་སུ་གསོལ། །པདྨ་ས་མ་ཡ་ཧཾ། དེ་ལྟར་གདན་ལ་བཞུགས་པ་ཡང་། །ཡང་དག་ཉིད་ནི་དག་མོད་ཀྱི། །དྲི་མའི་མཚན་མ་མེད་མོད་ཀྱང་། །འཇིག་རྟེན་སྲི་ཞུའི་ཚུལ་གྱིས་སུ། །ཕྱག་དང་ཞབས་ནི་བསིལ་མཛོད་ཅིག །ཨ་ཧ་ར་བི་ཤུདྡྷེ་སྭ་བྷཱ་ཝ། དེ་ནས་མཆོད་པ་དབུལ་བ་ནི། །ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱིས། །ཆེ་གེ་མོ་ཞིག་སྡིག་གཤེགས་ནས། །དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཏེ། །ཡང་དག་ཉིད་དུ་བསྒྲུབ་པ་ལ། །བར་ཆད་བྱེད་པའི་ལོག་རྟོག་ནི། །གནོད་སྦྱིན་སྐར་མདའ་གདོང་ལ་སོགས། །ཆད་པ་བཅད་ཅིང་བཀའ་ཕབ་སྟེ། །བཀའ་འམ་སྔགས་ཀྱི་ཚིག་ཙམ་གྱིས། །ཞི་བ་ལ་སོགས་རྣམ་བཞི་ནི། །བྲན་བཞིན་དུ་ནི་བྱེད་པར་འགྱུར། །དེ་ཕྱིར་དང་པོར་ཁྲོ་བོ་མཆོད། །དེ་ཕྱིར་རྣམ་པར་རྒྱལ་སོགས་ལ། །མར་ཁུ་ཤག་ཏེའུ་ཤུ་གུ་འདི། །ཡོན་བདག་དོན་དུ་འབུལ་ལགས་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །སྙིང་གའི་ཐད་ཀ་ནས་འབུལ་བར་བྱ། །ༀ་ཏྲེ་ལོ་ཀྱ་བྷི་ཛ་ཡ་ཀྲོ་དྷ་ཡ་ཏི་པྱ་ཏི་བྱ་ན་པུ་ཙ་མ་ཡེ་སྭཱ་ཧཱ། ལག་གཡས་མཐེབ་སྲིན་ཉི་མ་ཨ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །བླངས་ཏེ་སྐུ་གསུང་ཐུགས་མཉེས་ཕྱིར། །མཆོད་པའི་གནས་དང་མཆོད་རྫས་དང་། །མཆོད་མཁན་ཉིད་ལས་བྱང་ཆུབ་སེམས། །དཀར་པོ་ཤེལ་དག་བྱུང་བ་ཡིས། །གང་ལ་དམིགས་པ་དེར་བསྟིམ་པས། །ལས་དང་ཉོན་མོངས་བག་ཆགས་ཞི། །ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་ལ། །མངར་གསུམ་འོ་ཐུག་ནས་ཀྱི་ཐུག །འབྲས་ཀྱི་ལག་པན་འབྲས་ཡོས་དང་། །འབྲུ་སྣ་ལྔ་ལ་སོགས་པ་འབུལ། །བདུག་སྤོས་མེ་ཏོག་མེ་དྲི་ཤོག །ༀ་ཏྲེ་ལོ་ཀྱ་བྷི་ཛ་ཡ་ཀྲོ་དྷ་ཡ། དུ་པེ་པུསྤ། ཨ་ལོ་ཀེ། གན་དེ། ཨ་ཧ་ར། སརྦ་དྷརྨ་ད་ར་པུ་ཙ་པན་ཙ་སྭཱ་ཧཱ། ཏི་པྱ་ཏི་པྱ་ཡེ་སྭཱ་ཧཱ། དེ་ནས་བསྟོད་དེ་མཆོད་པ་ནི། །རྡོ་རྗེ་དྲིལ་བུ་དབྱངས་ལྡན་ལ། །སྐུ་ཡི་འགིང་འགྱུར་བཅས་པར་བྱ། །ཞི་རྒྱས་གཉིས་ལ་རྡོ་དྲིལ་ནང་། །དབང་དྲག་རྡོ་དྲིལ་ཕྱིར་བསྐོར་གསིལ། །ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་བདུད་ཁམས་ཐམས་ཅད་སྲེག །སྤྲིན་གཉིས་འཐབས་བཞིན་ཁྲོ་གཉེར་བརྗིད་པའི་ཞལ། །ཞེ་སྡང་གཤིན་རྗེའི་འཇིག་རྟེན་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་བགེགས་ཀྱི་མཐའ་གནོན་པའི། །ཁྲོ་བོའི་རྒྱལ་པོ་དུག་གསུམ་འཇོམས་མཛད་པ། །ཁམས་གསུམ་སེམས་ཅན་ངན་འགྲོ་ལས་སྒྲོལ་བ། །མདོག་སྔོན་རྡོ་རྗེ་པདྨ་ཞགས་པ་བསྣམས། །ཁམས་གསུམ་རྣམ་རྒྱལ་ཆེ་ལ་ཕྱག་འཚལ་བསྟོད། །ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་སོགས། །མེ་ཉིད་སྦྱང་བའི་ལས་མཛོད་བཞུགས། །ཏིཥྛ་བཛྲ། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱིས། །བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མའི་མིང་དུ་བཅས་པར་བྱ། །བཀུག་ནས་རྡོ་རྗེ་ཕུར་བུས་གདབ། །དུམ་བུར་བྱས་ལ་ཚོགས་ལ་བསྟབ། །ༀ་ཏྲེ་ལོ་ཀྱ་བྷི་ཛ་ཡ། །ཀི་ལི་ཨ་མྲྀ་ཏ་པན་ཙ་པཱུ་ཙ་སྭཱ་ཧཱ། བདེ་གཤེགས་ཁྲོ་ཆེན་རྣམ་པར་རྒྱལ། །ཐུགས་རྗེ་ཆེ་དང་བདག་འབྲེལ་པས། །གཞལ་ཡས་ཉིད་དུ་བཞུགས་ནས་ཀྱང་། །མི་ཉིད་སྦྱང་བའི་ལས་བཅོལ་བའོ། །དེ་ནས་ལག་གཡས་ཁ་བར་བསྟན། །གཡོན་པ་ཚུར་བསྟན་མཁྲིག་མ་སྣོལ། །མཐེབ་གཉིས་མཐིལ་བཞག་སོར་བརྒྱད་བསྐྱོང་། །ༀ་ཀི་ལི་ཀི་ལི་བཛྲ་པི་མ་ལ་རེའུ་ཏྲི་པ་ཏྲི་ཏི། མ་ཧཱ་ཀྲོ་དྷ། བཛྲ་ཡ་ན་ཛ་ཧ་གྲྀ་ན་ཏ་ཧཱུྃ་ཕཊ། སྦྱངས་པའི་ལས་ནི་ལྷ་ཚོགས་ཀྱི། །མདུན་དུ་བྱ་བར་ཡང་དག་བཤད། །དེ་ནས་དཀོན་མཆོག་གསུམ་པོ་སྟེ། །སྦྱང་དང་སྤྱན་འདྲེན་གདན་དག་དང་། །མཆོད་པ་ལ་སོགས་རྣམ་རྒྱལ་བཞིན། །མགོན་པོ་ཐུགས་རྗེ་ཆེར་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་དུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་དུ་གུས། །ཞིང་གི་དམ་པ་ཡོན་ཏན་གཞི། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །བླ་མེད་དཀོན་མཆོག་གསུམ་པོ་ཡི། །ཞི་བ་ལ་སོགས་གྲུབ་པར་གསོལ། །བདེ་བར་གཤེགས་སོ་དཀོན་མཆོག་གསུམ། །ཁྱེད་ཀྱིས་བྱམས་པའི་ལས་ཀུན་མཛད། །དང་བའི་ཡིད་ཀྱིས་བསྐྱེད་པ་ཡི། །གཞལ་ཡས་ཉིད་དུ་གཤེགས་སུ་གསོལ། །ༀ་བཛྲ་བེ་ག་ཨ་གྲ་མ་ཡ་ཧི་ག་ཙ། མེ་ལྷ་གཉིས་མིན་སྤྱན་དྲང་བའི། །མདུན་དུ་ཀི་ལིས་མེ་ཉིད་སྦྱང་། །དེ་ནས་གཡས་པ་མཐེ་བོ་ཡི། །མཐེའུ་ཆུང་དྲུང་གཙུག་གཡས་ནས་ནི། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཞེས་ནི་བོས་ནས་ནི། །ཛ་ཧཱུྃ་བཾ་ཧོ། ཨེ་ཧྱེ་ཧི་མ་ཧཱ་བྷུ་ཧ་དེ་བ་རི་ཀྴི། ཏང་ཛྭ་མ་ནི་ཏྲི་ཏྭ། ཨུ་ཏི་མ་ཧཱ་རཾ། ཨ་སྨི་ས་ནི། ཧྲི་ཏོ་བྷ་བ། ཨ་གྣེ་ཡེ། ཨ་གད་ཛ། ཧ་བྱ་ཀ་བྱ། མ་ཧཱ་ན་ཡ་སྭཱ་ཧཱ། དེ་ནས་བཞུགས་པར་བྱ་བ་ནི། །ལྷ་ཡི་དྲང་སྲོང་ཀུན་དང་ནི། །སྲེག་སྦྱིན་བསྟབས་པར་ཞལ་ཆེས་པ། །ཐུགས་རྗེ་དམ་ཚིག་བརྟན་པས་ནི། །པདྨའི་གདན་ལ་བཞུགས་སུ་གསོལ། །ཨགྣེ་ཡེ་ས་མ་ཡ་སྟཾ། ཏིཥྛ་ས་བྷ་བ། བི་ག་ཏི་པྟ། ཛི་བ་ལེ་ཧི། ཏ་ཨག་ཤ་དི་བ་ཡ་ཤུདྡྷ་སྭཱ་ཧཱ། ཕྱག་ཞལ་བསིལ་བ་བྱས་ནས་ནི། །གཉིས་མིན་དྲང་སྲོང་མེ་ལྷ་ལ། །ཤག་ཏེའུ་ལ་སོགས་བདུན་གསུམ་འབུལ། །ༀ་རཾ་རཾ་ཨགྣེ་ཡི་ཧ་བྱ་ཀ་བྱེ་བྱ་ཏི་བྱ་ན་ཡ་བཱུ་ཙ་ན་སྭཱ་ཧཱ། དུ་པེ་པུསྤེ་ཨ་ལོ་ཀེ་གན་དེ་པཱུ་ཙ་པན་ཙ་སྭཱ་ཧཱ། དེ་ནས་རྡོ་རྗེ་དྲིལ་བུར་བཅས། །འགིང་གྱུར་བཅས་ལ་བསྟོད་པ་ནི། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་ལ་བསྐྱབས་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་པ་གྲུབ་པའི་དྲང་སྲོང་མཆོག །ཉོན་མོངས་སྲེགས་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཐབས་ལྡན་པ། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིབས། །བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུང་། །བདུད་རྩི་བཅུད་ལྡན་གུནྡེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཨགྣེ་ཆེན་པོའི་ཐུགས་དམ་བཞིན། །མེ་ཉིད་ཡེ་ཤེས་མེར་བྱིན་རློབས། །ལས་ཀྱི་ལྷ་རྣམས་མཆོད་པ་ཡི། །སྲེག་རྫས་སྟོབས་པའི་ལས་མཛོད་བཞུགས། །ཤིང་རྟ་གཅིག་ལ་བཞུགས་གསོལ་ལ། །ཕྱོགས་མཚམས་ལྷ་ལ་བསྐོར་ཞིང་མཆོད། །ཨགྣེ་ཡེ་གིང་ཀ་ར་པུ་ཙ་ཏིཥྛ། ལས་ཀྱི་ལྷ་རྣམས་མཆོད་པ་ཡི། །མེ་སྦྱང་སྤྱན་དྲང་གདན་དབུལ་བསིལ། །ལས་བརྟན་ཕྱག་འཚལ་མཆོད་བསྟོད་དགུ། །སྣང་སྟོང་མཆོད་རྟེན་ཆོས་ཉིད་མཁའ། །ཆོས་དབྱིངས་ཡེ་ཤེས་རྣམ་དག་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །སྲ་བརྟན་རྡོ་རྗེ་གཟུགས་བརྙན་ས། །མེ་ལོང་ཡེ་ཤེས་ཐུགས་ཀྱི་སྐུ། །ས་གནོན་ཆེན་པོ་ཕྱག་རྒྱ་མཛད། །ཕྱག་འཚལ་སེམས་དཔའ་མི་བསྐྱོད་པའོ། །སྲེག་བྱེད་རིན་ཅེན་ཡིག་འབྲུ་མེ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་སྐུ། །མཆོད་སྦྱིན་ཆེན་པོ་ཕྱག་རྒྱ་མཛད། །ཕྱག་འཚལ་འབྱུང་ལྡན་དཔལ་ཁྱོད་ལའོ། །དགྱེས་འཛིན་པདྨ་ཕྱག་མཚན་ཆུ། །ཀུན་རྟོག་ཡེ་ཤེས་གསུང་གི་སྐུ། །ཆོས་སྒྲོགས་ཆེན་པོ་ཕྱག་རྒྱ་མཛད། །ཕྱག་འཚལ་སྣང་བ་མཐའ་ཡས་ལའོ། །ཤུགས་བསྐྱོད་རྒྱ་གྲམ་སྐུ་སྟེ་རླུང་། །ནན་ཏན་ཡེ་ཤེས་འཕྲིན་ལས་སྐུ། །སྐྱབས་སྦྱིན་ཆེན་པོ་ཕྱག་རྒྱ་མཛད། །ཕྱག་འཚལ་དོན་ཡོད་གྲུབ་པ་ལའོ། །བྃ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་བསྡེབས་བསྐྱོད། །བཅིངས་འགྱུར་བསྐྱོད་པ་ཕྱོགས་བཅུར་གཡོ། །ཐམས་ཅད་གཡོ་བ་མེད་པར་འགྱུར། །ཤན་ཏིང་ཀུ་རུ་སྭཱ་ཧཱ། དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ། །ངོས་སུ་ལྷ་རྣམས་འཁོར་བཅས་བསྒོམ། །བཏབ་ན་གདུག་རྩུབ་ཞི་བར་འགྱུར། །ཀི་ལི་ཀི་ལི་ཤན་ཏིང་ཀུ་རུ་སྭཱ་ཧཱ། མ་མོ་རྣམས་ཀྱི་དཀྱིལ་འཁོར་དུ། །ལྷ་ཡི་གྲུབ་པ་བསྒོམ་བྱས་ཏེ། །བྱམས་བཅས་ཞི་བའི་ཐོ་བ་ཡིས། །བརྡུངས་པས་གདུག་རྩུབ་ཞི་བར་འགྱུར། །ཤམ་པ་ཏ་ཤན་ཏིང་ཀུ་རུ་སྭཱ་ཧཱ། དངུལ་ཕྱེ་འབྲས་མཆན་དཀར་པོ་ལ། །འོ་མས་སྦྱར་བའི་གཏོར་མ་ཡིས། །ཐམས་ཅད་མ་ལུས་སྒོམ་བྱས་ནས། །གཏོར་བས་གདུག་རྩུབ་ཞི་བར་འགྱུར། །སྤ་རྣ་ཤན་ཏིང་ཀུ་རུ་སྭཱ་ཧཱ། ལས་རྣམས་བྱ་བའི་དོན་བསྟན་པ། །བདག་ཉིད་བྱམས་པ་ཆེན་པོ་ཅན། །དཀྱིལ་འཁོར་ཧོཾ་ཁུང་མཆོད་རྫས་འཚོགས། །དཀར་པོ་ཉིད་དུ་བསྒོམས་དང་བྱ། །ལྷ་རྣམས་ཐམས་ཅད་དཀར་པོ་སྟེ། །སྐུ་ཡི་གཟི་འབར་ཡོན་ཏན་བརྗིད། །ཐམས་ཅད་ཀུན་ཀྱང་འཚེར་ཞིང་ཞི། །བྱམས་པར་བཅས་པའི་ལག་པ་ནས། །གཏོང་བ་ཐམས་ཅད་བྱང་ཆུབ་སེམས། །རྒྱུན་ལ་འཆད་པར་ཀུན་ཁྱབ་བསྒོམ། །དྲང་བས་ཞི་འགྱུར་ཕུར་བུས་རྒྱས། །བརྡུང་བས་དབང་མཛད་གཏོར་བས་དྲག །དེ་ནི་སྤྱི་ཡི་ལས་སུ་གསུངས། །ཕྱོགས་བཅུའི་གདུག་པ་མ་ལུས་ཀུན། །གདུག་པའི་སེམས་ནི་རབ་བོར་ཏེ། །ལྷ་ནི་དཀར་པོའི་འོད་དུ་འགྱུར། །བདེ་ལྡན་བྱང་ཆུབ་འོད་འཕྲོ་འབར། །འཇིག་རྟེན་གཏུམ་དང་འདས་གཏུམ་དང་། །འབྲུ་ལྔ་བྱམས་དང་ལྡན་པར་བྱས་ན་ནི། །གསོལ་བ་གདབ་པར་བྱ་བ་ནི། །ལྷ་དང་ལྷ་མིན་གནོད་སྦྱིན་དྲི་ཟ་གྲུལ། །ལྟོ་འཕྱེ་དང་ནི་ནམ་མཁའི་ལྡིང་དང་འདབ། །ལུས་སྲུལ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །སའམ་མཁའ་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་གཡོག་དང་འཁོར་དུ་བཅས་པ་རྣམས། །དེ་རྣམས་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར། །དང་བྱམས་ཡིད་ཀྱིས་ལྷ་རྣམས་མཆོད་བྱས་ཏེ། །ལྷ་ཡི་བྱིན་རླབས་སྤྲུལ་པའི་འཕྲོ་འདུ་ཡིས། །ལས་དང་ཉོན་མོངས་སྡུག་བསྔལ་ཞི་གྱུར་ཅིག །ན་མཿ ས་མན་ཏ་བུ་ཏ་ནན། ༀ་ཨ། མ་ཧཱ་ཤན་ཏིང་། ཀ་ཏང་ཤན་ཏིང་། ཀར་པ་ཤ་མ་དྷ་ར་ནི་ར་ཛ་ཏ། ༀ་བྷ་བ། དྷར་མ་ས་ཏྭ། པྲ་བ་ཏ་ཤན་ཏིང་ཤི་བཾ་ཀུ་རུ་སྭཱ་ཧཱ། དེ་བ་ཤན་ཏིང་ཀུ་རུ་སྭཱ་ཧཱ། ན་ག་ཤན་ཏིང་ཀུ་རུ་སྭཱ་ཧཱ། རཀྴ་ཤན་ཏིང་ཀུ་རུ་སྭཱ་ཧཱ། ཡག་ཤ་ཤན་ཏིང་ཀུ་རུ་སྭཱ་ཧཱ། ཀྲི་ཧ་ཤན་ཏིང་ཀུ་རུ་སྭཱ་ཧཱ། གུང་ཧིང་གུང་ཧིང་ཤན་ཏིང་ཀུ་རུ་སྭཱ་ཧཱ། ར་ཏང་ར་ཏང་པྲ་ཏང་པྲ་ཏང་ཤན་ཏིང་ཀུ་རུ་སྭཱ་ཧཱ། ན་བར་ལན་ཤན་ཏིང་ཀུ་རུ་སྭཱ་ཧཱ། བི་ཧས་ནན་ཏན་ཤན་ཏིང་ཀུ་རུ་སྭཱ་ཧཱ། ཨི་པ་ར་ན་ཤན་ཏིང་ཀུ་རུ་སྭཱ་ཧཱ། ནོ་མོ་བེ་ཤན་ཏིང་ཀུ་རུ་སྭཱ་ཧཱ། ཨ་ནྲི་སུ་ཏྲི་པྲེ་དུ་ཤ ན་ཏིང་ཀུ་རུ་སྭཱ་ཧཱ། ཀྲ་མ་ཀ་རི་ཀྲོག་རི་ཤན་ཏིང་ཀུ་རུ་སྭཱ་ཧཱ། མི་ཙི་མི་ཙི། ར་ར་སྲཾ་སྲཾ། གཾ་གཾ་གུཾ་གུཾ། ཨཱོཾ་ཨཱོཾ་ཨཱོཾ་ཨཱོཾ། ཨ་ར་ལན་ཤན་ཏིང་ཀུ་རུ་སྭཱ་ཧཱ། ཤྲི་དུར་ན་མི་ཏྲ་ཤན་ཏིང་ཀུ་སྭཱ་ཧཱ། དེ་ནས་ལས་སྦྱར་རྣམ་རྒྱལ་ཐབས། །ཕྱག་མཚན་ནམ་མཁར་ཕྱར་ནས་ནི། །གཏི་མུག་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ལ་ཞི་མཛད་དེ། །ཞི་བར་གྱུར་པས་དབྱིངས་སུ་རོལ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །དྭངས་བའི་ཡིད་ཀྱིས་བསྐྱེད་པ་ཡི། །གཞལ་ཡས་ཉིད་དུ་རེ་ཞིག་གཤེགས། །སླར་ཡང་འགྲོ་བའི་དོན་ལ་དགོངས། །དེ་བཞིན་ལྷ་ཚོགས་མང་པོ་ཀུན། །གོ་རིམ་དེ་བཞིན་ལས་བྱའོ། །མ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །གསལ་བའི་གཟི་བརྗིད་འཚེར་བ་ལ། །སྙིང་རྗེ་དགའ་བས་མཆོད་བྱས་ནས། །ལས་རྣམས་བརྩམ་པར་བྱས་ནས་ནི། །ཚེ་དང་ལོངས་སྤྱོད་དཔལ་འཕེལ་འགྱུར། །པུ་སྟིང་ཀུ་རུ་སྭཱ་ཧཱ། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །གསལ་བའི་གཟི་བརྗིད་འཚེར་བ་ལ། །དགའ་ཆགས་ཡིད་ཀྱིས་མཆོད་སྦྱིན་བྱ། །ལས་རྣམས་བརྩམ་པར་བྱས་ནས་ནི། །ཐམས་ཅད་མ་ལུས་དབང་དུ་འགྱུར། །ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །གསལ་བའི་གཟི་བརྗིད་འཚེར་བ་ལ། །བཏང་སྙོམས་ཁྲོས་པས་མཆོད་སྦྱིན་བྱ། །ལས་རྣམས་བརྩམ་པར་བྱས་ནས་ནི། །ཐམས་ཅད་མ་ལུས་རླག་པར་འགྱུར། །གཞན་ཡང་རྒྱུད་ལས་འབྱུང་བའི་ལས། །སྡིག་པ་བསྲེག་དང་ཚེ་འཕེལ་ཧོ། །བསྲུང་དང་རོ་སྲེག་བསྒྲུབ་པ་ཀུན། །ཆ་ཤས་ཙམ་དུ་བསྟན་པ་ནི། །ཧཱུྃ་གི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཡེ་ཤེས་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཧྃ་གི་ཚོགས་ཀྱི་དཀྱིལ་འཁོར་མཆོག །རམ་གྱི་ཚོགས་ཀྱི་དཀྱིལ་འཁོར་མཆོག །དཀྱིལ་འཁོར་ཧོཾ་མ་ཚད་བསྟན་པ། །གསང་གསུམ་དཀྱིལ་འཁོར་ཐ་མ་འབྲིང་། །རབ་ནི་བཅུ་གཉིས་དགུ་དང་བདུན། །ཁྲུ་གང་ཐམས་ཅད་སྒོ་གང་བྱ། །ཡན་ལག་ཐམས་ཅད་ཚད་བསྟན་པ། །དོ་ཁྲུ་གང་ནས་བརྩམས་ནས་ནི། །ཇི་སྲིད་དཔག་ཚད་ཐུག་གི་བར། །འདུལ་བའི་དབང་གི་ཁྱད་པར་གྱིས །ཡང་ན་ཚད་ནི་ངེས་པ་མེད། །ཧོཾ་ཁུང་ཐ་མ་འབྲིང་དང་རབ། །ཁྲུ་གང་ཁྲུ་དོ་ཁྲུ་གསུམ་ནི། །འབྱོར་བའི་དབང་བྱ་པད་ཟླ་གམ། །གྲུ་གསུམ་དང་ནི་འཁོར་ལོའི་རྩིབས། །བརྒྱད་པའི་སྟེང་དུ་ཟླ་བའི་འོད། །དཀར་པོ་དགོད་དེ་དབུས་རྡོ་རྗེ། །རྩེ་ལྔ་ཤར་ལྷོ་རིན་ཆེན་ལྷོ། །ནུབ་ཏུ་པདྨ་བྱང་རྒྱ་གྲམ། །དེ་སྟེང་ཁ་འཁོར་སོར་བཞི་རྡོ་རྗེར། །སེམས་དཔའ་སེམས་པདྨ་ཁོང་ཡོན། །འཇིག་རྟེན་པ་ནི་ཅི་རིགས་མཛེས་པར་བྱ། །ནུབ་ཕྱོགས་འདུག་སྟེ་ཞི་ལས་བྱ། །བྲམ་ཟེའི་ཁྱིམ་དུ་ཡང་དག་བཤད། །ལྷོ་ཕྱོགས་རྒྱས་པ་ནུབ་དབང་བྱ། །བྱང་དུ་དྲག་པོའི་ཧོཾ་དུ་བཤད། །དཀྱིལ་འཁོར་དྲུང་ངམ་ཡང་ན་ནི། །གྲོང་ཁྱེར་ཕྱི་རོལ་རྗེའུ་རིགས་དང་། །རྒྱལ་རིགས་སྨད་འཚོང་སྨིག་མ་ཁྱིམ། །སྔགས་པ་ནུབ་དང་ལྷོ་ཤར་ལྷོ། །འདུག་ལ་མཆོད་པའི་དོན་དག་ནི། །གང་གི་གཙོ་དང་ཐབས་དང་ནི། །ཤེས་རབ་ཚུལ་དུ་ལྡན་པའི་དོན། །ཧོ་མ་ཁུང་གི་བྱེ་བྲག་ཀྱང་། །དེ་ཅི་རིགས་པར་བྱ་བར་བཤད། །དེ་ལ་སོགས་ཏེ་གཙོ་ཡུམ་ནི། །ཁུང་གི་མཐིལ་དུ་ལྷག་པ་དགོད། །མེ་འོད་ངོས་ལ་རྡོ་རྗེ་ཁ། །འཁོར་རྣམས་ཕྱི་རོལ་ཡང་དག་དགོད། །རོ་སྲེག་མཎྜལ་ཁྲུ་བཅུ་གཉིས། །ཁྲུ་བཞི་པ་ན་ཁྲུ་དོ་ཟབས། །བརྐོས་པའི་དབུས་སུ་འཁོར་ལོ་ནི། །རྩིབས་བརྒྱད་པའང་བྱང་ཆུབ་ཀྱི། །མཆོད་རྟེན་ཀུན་རིག་ཕྱག་རྒྱ་སོགས། །རིགས་བཞི་དང་ནི་ཡུམ་བཞི་ཡི། །དེ་མཐའ་རྡོ་རྗེ་རྩེ་ལྔས་བསྐོར། །ཁ་ལ་མེ་འོད་བྲི་བར་བྱ། །དེ་མཐའ་པདྨ་འདབ་མ་ལ། །སེམས་དཔའ་སྐལ་བཟང་ལ་སོགས་རྣམས། །བྲེ་བྱ་གྲུ་ལ་ལྷ་མོ་བྲི། །འཇིག་རྟེན་པ་ཡི་ལྷ་རྣམས་ཀྱང་། །ཕྱི་རིམ་ཕྱོགས་ཕྱོགས་དག་དུ་བྲི། །གཞུང་དང་འགལ་བྱས་ཉེས་སྡིག་བཤད། །སྡིག་པ་ཆེན་པོ་བསྐུར་བཏབ་ཡིན། །སྟོན་པའི་བསྟན་པ་དགེ་བའི་ལས། །ཕ་མ་མཁན་པོ་སློབ་དཔོན་དང་། །མཆེད་དང་ལྕམ་བྲལ་རྣམ་ལྔ་ཡིས། །དགེ་བ་མི་དགེ་དགེ་མི་དགེ། །རྒྱས་པའི་ལས་ལ་བསྐུར་བ་ཡིན། །སྡིག་ཅན་དེ་ནི་མི་ཐར་ཞེས། །རྣམ་པར་འབྱེད་པའི་ཐུབ་པས་གསུངས། །དཀྱིལ་འཁོར་འཇུག་འཛུད་བྱེད་པའི་ཕྱིར། །རི་མོ་འམ་ནི་དེ་བཞིན་གཞན། །ཅི་བགྱི་ཚད་མེད་བཞི་བསྒོམས་ཏེ། །ཤ་དང་ཆང་དང་སྒོག་བཙོང་དང་། །རྐུ་དང་བུད་མེད་སྤྱད་བྱས་ན། །དེ་ནི་ཡན་ལག་བསྐུར་བཏབ་ཡིན། །དེ་ལ་བཤགས་པ་བྱར་ཡོད་ཐབས། །ཅི་བཞིན་དམ་ལ་གནས་བྱས་སམ། །ཐེག་ཆེན་སྡེ་ལ་མཆོད་བྱེད་ན། །སྡིག་ཅན་དེ་ནི་མྱུར་དུ་འགྲོལ། །ཕ་མ་བསད་དང་དགྲ་བཅོམ་དང་། །ཆོས་ཀྱི་མཁན་པོ་བསད་པ་དང་། །དམ་ཚིག་ལུང་དང་ཤེས་རབ་རྒྱུད། །མན་ངག་དབང་གི་སློབ་དཔོན་གསུམ། །སྙིང་ནས་སྨད་ཅིང་བསད་པ་དང་། །ཐེག་ཆེན་སྡེ་ལ་གནས་པ་ཡི། །མཆེད་དང་ལྕམ་དྲལ་དབྱེར་བྱས་ཤིང་། །དམ་ལས་ལོག་ཅིང་འཁུས་པ་ནི། །དེ་ནི་མཚམས་མེད་ལྔ་ཞེས་བྱ། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བར། །ལས་བཞི་སྡིག་སྲེག་བྱས་བཅུག་ན། །སྡིག་ཅན་དེ་ཡང་མྱུར་དུ་འགྲེལ། །སྔགས་དང་ཕྱག་རྒྱ་ཡིག་འབྲུ་རྣམས། །ལྷག་དང་ཆད་པར་བྱས་པ་ནི། །དེ་དང་ཉེ་བའི་སྡིག་པ་ཡིན། །ཅི་ཕྱིར་དབྱིངས་དང་རྣམ་ཐར་གྱི། །སྒོ་རྣམས་གཞན་དུ་གྱུར་པ་ན། །བསྐལ་པར་བརྗོད་ཀྱང་དངོས་གྲུབ་ནི། །ཐོབ་པར་མི་འགྱུར་དཔའ་བོས་གསུངས། །ཤེས་བྱའི་སྡིག་པ་ཐམས་ཅད་ནི། །མི་ཤེས་སྡིག་ལས་བཅུ་འགྱུར་ཆེ། །ཤེས་བྱའི་སྡིག་བཤགས་ཐམས་ཅད་ལ། །འབུམ་ལྔ་དག་གིས་འབྱང་ངོ་ཞེས། །ཚ་ཚ་བསྐོར་བ་ཕྱག་དང་ནི། །སྲོག་འདོན་མདོ་སྡེ་ལྔ་དག་ལ། །འབུམ་འབུམ་དག་ཏུ་གསུངས་པ་ཡིན། །དེ་ནས་སྡོམ་ལ་གནས་པ་ཡི། །མཚམས་མེད་ལྔ་ལ་སོགས་པ་ཡི། །སྡིག་ཅན་དེ་དག་རྣམས་དང་ནི། །སྐད་ཅིག་ཡུད་ཙམ་སྨྲ་མི་བྱ། །ཤེས་ནས་དམ་ཚིག་གང་ཉམས་པ། །དེ་ཡི་སྡིག་པ་བརྗོད་མི་ལང་། །གསོ་ལ་ཉེ་བར་མི་བརྩོན་ན། །དེ་དག་དང་ཡང་སྨྲ་མི་བྱ། །སྐད་ཅིག་ཡུད་ཙམ་སྨྲས་པས་ཀྱང་། །དོན་གྱི་དངོས་པོ་གང་ཡིན་ཡང་། །དམག་ལ་སོགས་དོན་གཅིག་པ་བཞིན། །དེ་ཡི་བཤགས་པ་རྒྱུད་ལྔས་སོ། །པུས་འགྲོས་ཐལ་འབུད་ཚེར་ལྕག་དང་། །འགྲེང་ཕྱར་སྲོག་སྡོམ་དག་གིས་སོ། །ལྷག་དང་ཆད་པའི་ཁ་སྐོང་ནི། །དཀྱིལ་འཁོར་བདག་པོ་མཉེས་པ་དང་། །ཚེ་རབས་སློབ་དཔོན་ཕ་མ་དང་། །སློབ་མའི་སྡིག་ཞི་དབང་བསྐུར་དང་། །མཐའ་ཡས་སེམས་ཅན་དོན་བྱས་པས། །དེ་ཡི་སྡིག་པ་ངེས་འབྱང་ངོ་། །ཧོ་མ་བཞི་ཡི་གཙོ་བོ་གང་། །བསྲེག་རྫས་བདུན་གསུམ་ཉི་ཤུ་གཅིག །མཉེས་པར་བྱ་ཕྱིར་དབུལ་བར་བྱ། །དེ་ནས་ཚེ་རབས་སློབ་དཔོན་དོན། །དཀོན་མཆོག་གསུམ་ལ་དུས་གསུམ་གསུམ། །དབུལ་བ་ཉིད་དུ་བྱ་བར་བཤད། །ཚེ་རབས་ཕ་མའི་དོན་གྱི་ཕྱིར། །རིགས་ཀྱི་གཙོ་བོ་རྣམས་ལའོ། །དེ་ནས་སློབ་མ་རིམ་གྱིས་ནི། །བགེགས་བསལ་ཕྱིར་ནི་སྤོས་ཆུས་བཀྲུ། །དེ་ནས་གཡོན་ཕྱོགས་རྩོག་པུར་བཞག །ལག་གཡོན་སློབ་དཔོན་ལག་གཡོན་གྱི། །བྱམས་པར་བཅས་པས་བཟུང་ནས་ནི། །གཙོ་བོ་དག་གི་སྔགས་བདུན་བཟླས། །དེ་ནས་སྡིག་པ་ཟད་བྱའི་ཕྱིར། །རིགས་ཡུམ་ལྔ་ལ་བདུན་བདུན་ནོ། །དེ་ཡིས་དབང་བསྐུར་བསྲུང་བར་འགྱུར། །མཐའ་ཡས་སེམས་ཅན་ཀུན་དོན་དུ། །ལྷ་རྣམས་ཀུན་ལ་དབུལ་བར་བྱ། །དེ་དག་བཀྲ་ཤིས་བྱ་བའི་ཕྱིར། །ཡུམ་བཞི་གཟུངས་ཀྱི་བྱ་བ་ནི། །སངས་རྒྱས་སྤྱན་ནི་ཚིམ་བྱེད་མ། །དབང་པོ་ཞི་བ་ཟླ་བ་འདྲ། །བསྟོད་ཚིག་གིས་བསྐུལ་སྔགས་བརྗོད་བྱ། །དེ་ནས་བཤགས་པ་གུས་པར་བྱ། །དེ་ནས་སྔགས་པས་ཕྱོགས་ཕྱོགས་ནས། །ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ། ཏེ་ནོ་པ་ཏིཥྛ་ཌྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ། སུ་ཙ་མེ་ཙིཏྟཾ། ཤྲི་ཡྃཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་བན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ། མུཉྩ། བཛྲ་བྷ་བ། མ་ཧ་ས་མ་ཡ། སཏྭ་ཨཿ རིགས་ལྔར་དབྱེ་ཞིང་བརྗོད་ནས་ནི། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་ཀུན་དེ་ལྟར་ལྟ། །དེ་ལྟར་བསྡུ་བ་བྱས་ནས་བཞག །དེ་ནས་དཀྱིལ་འཁོར་ཆེན་པོ་ལ་བལྟས་ཏེ། །ལྷག་པའི་མཆོད་པ་དབུལ། །ཨེ་མ་བདག་ཉིད་སློབ་བཅས་པའི། །དྲི་ཞིམ་ངོ་བོ་ཐམས་ཅད་ཀུན། །སྔོན་འདས་དཔྱིད་ཀྱི་དུ་པེར་ནི། །བྱིན་བརླབས་མཆོད་འབུལ་བཞེས་སུ་གསོལ། །དེ་བི་དུ་པེ་པུ་ཙ་ཧོ། ཨེ་མ་བདག་ཉིད་སློབ་བཅས་པའི། །དབྱིབས་ལེགས་མཛེས་པ་ཐམས་ཅད་ཀུན། །ད་ལྟར་དབྱར་གྱི་པུས་པེར་ནི། །བྱིན་བརླབས་མཆོད་འབུལ་བཞེས་སུ་གསོལ། །དེ་བྱི་པུ་སྤེ་པུ་ཙ་ཧོ། ཨེ་མ་བདག་ཉིད་སློབ་བཅས་པའི། །གསལ་དྲོ་ངོ་བོ་ཐམས་ཅད་ཀུན། །བྱོན་མ་རག་སྟོན་ཨ་ལོ་ཀེ། །བྱིན་བརླབས་མཆོད་འབུལ་བཞེས་སུ་གསོལ། །དེ་བི་ཨ་ལོ་ཀེ་པུ་ཙ་ཧོ། ཨེ་མ་བདག་ཉིད་སློབ་བཅས་པའི། །བརླན་བཅས་དྲི་ཞིམ་ཐམས་ཅད་ཀུན། །མ་བྱོན་དགུན་གྱི་གན་དེར་ནི། །བྱིན་བརླབས་མཆོད་འབུལ་བཞེས་སུ་གསོལ། །དེ་བྱི་ག་ན་དེ་པུ་ཙ་ཧོ། ད་ལྟར་མཆོད་ནས་སྐྱབས་གསོལ་བ། །དཀྱིལ་འཁོར་སངས་རྒྱས་རྟེན་ཉིད་དེ། །རྣམ་དག་སྐུ་ལས་ཏིང་འཛིན་དག་པའི་སྐུ། །སྤྲུལ་སྐུ་ཕྱག་རྒྱ་མཚོན་པའི་ལྷ་ཚོགས་ཀྱིས། །གྲགས་པས་འཇིག་རྟེན་གསུམ་བཀང་ལྷམ་མེ་བ། །མགོན་པོ་མཆོག་ཉིད་ལ་ནི་སྐྱབས་སུ་མཆི། །སྨྲ་བསམ་བརྗོད་མེད་གསུང་གི་སྤྲུལ་པའི་ཚོགས། །མཚན་ཉིད་སོ་སོའི་ཡེ་ཤེས་ཀུན་སྟོན་པ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །དམ་ཆོས་མདོ་སྡེ་བཞི་ལ་སྐྱབས་སུ་འཆི། །རབ་ཏུ་ལམ་སྟོང་འཁོར་བར་མིག་ཟུམ་པའི། །འགྲོ་བ་སྐྱབས་མེད་རྣམས་ཀྱི་ཕ་མ་མཛད། །འཕྲིན་ལས་བཞི་ཡིས་རྩེ་གཅིག་དོན་མཛད་གཙོ། །ཐེག་ཆེན་དགེ་འདུན་ཚོགས་ལ་སྐྱབས་སུ་མཆི། །དེ་ནས་དཀྱིལ་འཁོར་ལྷ་ཚོགས་ལ། །གུས་དང་བཅས་པས་ཕྱག་བྱས་མཆོད། །གཙང་ཞིང་གཙང་མར་བཤམས་པའི་རྫས། །ཁྲུས་ཁྱབ་བདུག་སྤོས་མེ་དྲི་བཤོས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ན་མཿས་མནྟ་བུདྡྷ་ནན། ག་ག་ན་ས་མ་ཡ་སྭཱ་ཧཱ། ༀ་བི་ཤོ་བི་ཤུདྡྷེ་སྭཱ་ཧཱ། ན་མཿས་མནྟ་བུདྡྷ་ནན། དྷརྨ་ཏྭ་ཏྟཱ་ནཱ་ནུ་ག་ཏེ་སྭཱ་ཧཱ། ན་མཿས་མནྟ་བུདྡྷ་ནན། མ་ཧཱ་མནྟྲ་བུཏྐ་ཏེ་སྭཱ་ཧཱ། ན་མཿས་མནྟ་བུདྡྷ་ནན། དརྩི་བར་ནན། ཨ་ག་ག་ས་ག་ག་ན་དེ་ར་ཡ་སྭཱ་ཧཱ། ན་མཿས་མནྟ་བུདྡྷ་ནན། བྷི་ཤུདྡྷེ་གནྟོདྡྷ་བ་ཡ་སྭཱ་ཧཱ། ན་མཿས་མནྟ་བུདྡྷ་ནན། ཨ་ར་ར། ས་ར་ར། ཀ་ར་ར། བ་ལིཾ་ཏ། མ་ནི་སྭཱ་ཧཱ། སྣང་སྟོང་མཆོད་རྟེན་ཆོས་ཉིད་མཁའ། །ཆོས་དབྱིངས་ཡེ་ཤེས་རྣམ་དག་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །ཕྱག་འཚལ་རྣམ་པར་མཛད་ལའོ། །དེ་ལྟར་བུའི་ཡོན་ཏན་བཅས་པ་ལ། །རྡོ་རྗེ་སེམས་དཔའ་བྱམས་པའི་མཆོད། །སྤོས་ཀྱི་སྤྲིན་ལྡིང་བདུག་པ་འཕྲོ། །གཙུག་ཏོར་རྒྱལ་བའི་གདུགས་ཀྱིས་ཁེབས། །བྱམས་པ་ཐབས་དང་ཤེས་རབ་ཀྱི། །བཛྲ་དྷུ་པེའི་མཆོད་པས་རོལ། །རིན་ཆེན་འབྱུང་ལྡན་སྙིང་རྗེའི་མཆོད། །ཨུཏྤལ་མཐིང་ག་མེ་ཏོག་འཐོར། །རིན་ཆེན་ཟླ་གམ་དབྱིངས་སུ་སྦྱོར། །སྙིང་རྗེ་ཐབས་དང་ཤེས་རབ་ཀྱི། །རཏྣ་པུཥྤེའི་མཆོད་པས་རོལ། །སྣང་བ་མཐའ་ཡས་དགའ་བའི་མཆོད། །དཔལ་གྱི་སྒྲོན་མ་ཕྱག་ན་བསྣམས། །ཆོས་ཀྱི་རྒྱལ་མཚན་རབ་འབར་འཛུགས། །དགའ་བའི་ཐབས་དང་ཤེས་རབ་ཀྱིས། །པདྨ་ཨཱ་ལོའི་མཆོད་པ་རོལ། །དོན་ཡོད་གྲུབ་པའི་བཏང་སྙོམས་མཆོད། །ཙན་དན་བདུད་རྩིའི་ཆར་འབེབ་མ། །དཀྱིལ་འཁོར་གསང་བའི་ཐིག་ལེར་འབེབས། །སྤོས་སྤོར་ཐབས་དང་ཤེས་རབ་ཀྱི། །ཀརྨ་གནྡྷེའི་མཆོད་པས་རོལ། །དེ་ལྟར་རིགས་ལ་ཉེ་བའི་གཟུངས། །མཆོད་པ་ཕུལ་བའི་ལན་དག་ཏུ། །རྣམ་པར་སྣང་མཛད་ཆེན་པོ་ཡིས། །རྡོ་རྗེ་སེམས་དཔའ་རྟོགས་པའི་ཡུལ། །དུང་མདོག་སྒེག་མོ་རྡོ་རྗེ་འཛིན། །སེམས་དཔའ་དཀར་པོ་ཡེ་ཤེས་འབེབས། །མེ་ལོང་ལྟ་བུའི་ཡེ་ཤེས་ལ། །བཛྲ་ལ་སེའི་མཆོད་པས་རོལ། །རིན་ཆེན་འབྱུང་ལྡན་མཉམ་པའི་ཡུལ། །ཡིད་བཞིན་རིན་ཆེན་གཙུག་འབར་མ། །འཇམ་དཔལ་རྣོན་པོའི་དངོས་གྲུབ་འཛིན། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལ། །རཏྣ་མ་ལེའི་མཆོད་པས་རོལ། །སྣང་བ་མཐའ་ཡས་མཁྱེན་པའི་ཡུལ། །པདྨ་དབྱངས་མཁན་རྨ་བྱའི་མགྲིན། །སྤྱན་རས་གཟིགས་ཀྱི་ཤེས་རབ་བསྐྱེད། །སོ་སོར་རྟོག་པའི་ཡེ་ཤེས་ལ། །པདྨ་གིརྟིའི་མཆོད་པས་རོལ། །དོན་ཡོད་གྲུབ་པ་ལས་ཀྱི་ཡུལ། །གར་མཁན་འགྱིང་མ་གཟི་དང་ལྡན། །ལས་ཀྱི་འཁོར་ལོ་རྣམ་པར་སྒྱུར། །བྱ་བ་ནན་ཏན་ཡེ་ཤེས་ལ། །ཀརྨ་ནིརྟིའི་མཆོད་པས་རོལ། །དེ་ལྟར་གཟུངས་ཀྱི་མཆོད་བྱས་ནས། །རིགས་བཞི་ཚད་མེད་བསྡུ་བ་བཞི། །མཆོད་ཕྱིར་དཔལ་གྱིས་གསུངས་པའོ། །སྦྱིན་པ་ཕུན་སུམ་ཚོགས་པའི་རྟགས། །བྱམས་པ་ཆེན་པོའི་ངོ་བོ་ཉིད། །དཔའ་བར་འགྲོ་བ་རྣམ་དག་ལ། །བཛྲ་ཨ་གུ་ཤའི་མཆོད་པ་རོལ། །དོན་མཐུན་ཕུན་སུམ་ཚོགས་པའི་རྟགས། །སྙིང་རྗེ་ཆེན་པོའི་ངོ་བོ་ཉིད། །རིན་ཆེན་ཕྱག་རྒྱས་ཤེས་པ་ལ། །རཏྣ་པ་ཤའི་མཆོད་པས་རོལ། །དོན་སྤྱད་ཕུན་སུམ་ཚོགས་པའི་རྟགས། །དགའ་བ་ཆེན་པོའི་ངོ་བོ་ཉིད། །ཤེས་རབ་སྒྲོལ་མས་མཛད་པ་ལ། །པདྨ་སྤོ་ཏའི་མཆོད་པས་རོལ། །སྙན་པ་ཕུན་སུམ་ཚོགས་པའི་རྟགས། །བཏང་སྙོམས་ཆེན་པོའི་ངོ་བོ་ཉིད། །ཆོས་སྟོང་ཆེན་པོས་ཀུན་རིག་ལ། །ཀརྨ་གནྡྷེའི་མཆོད་པས་རོལ། །དེ་ལྟར་ཚད་མེད་མཆོད་བྱས་ནས། །རིགས་རྣམས་བྱིན་གྱིས་རློབས་པས་མཆོད། །ཞེ་སྡང་མ་སྐྱེས་རྡོ་རྗེ་དམ་ཚིག་མ། །ཡེ་ཤེས་མེ་ལོང་ཕ་རོལ་ཕྱིན་པའི་ངང་། །གཉིས་མེད་རྒྱས་འདེབས་དྲི་ལྡན་ཕྱག་རྒྱ་མ། །ས་ཏྭ་བཛྲ་དབྱིངས་ཕྱུག་མཆོད་པས་རོལ། །ང་རྒྱལ་བདག་མེད་རིན་ཆེན་དམ་ཚིག་མ། །ཡེ་ཤེས་མཉམ་ཉིད་ཕ་རོལ་ཕྱིན་པའི་ངང་། །མི་འགྱུར་རྨོངས་བྱེད་དྲི་ལྡན་ཕྱག་རྒྱ་མ། །རཏྣ་བཛྲ་དབྱིངས་ཕྱུག་མཆོད་པས་རོལ། །འདོད་ཆགས་མི་དམིགས་ཆོས་ཀྱི་དམ་ཚིག་མ། །ཡེ་ཤེས་ཀུན་རྟོགས་ཕ་རོལ་ཕྱིན་པའི་ངང་། །མི་རྟོགས་ཟ་བྱེད་དྲི་ལྡན་ཕྱག་རྒྱ་མ། །པདྨ་བཛྲ་དབྱིངས་ཕྱུག་མཆོད་པས་རོལ། །ང་རྒྱལ་མ་གྲུབ་རྒྱ་གྲམ་དམ་ཚིག་མ། །ཡེ་ཤེས་ནན་ཏན་ཕ་རོལ་ཕྱིན་པའི་ངང་། །མི་སྐྱེ་ཚེ་འཕེལ་དྲི་ལྡན་ཕྱག་རྒྱ་མ། །ཀརྨ་བཛྲ་དབྱིངས་ཕྱུག་མཆོད་པས་རོལ། །དེ་ལྟར་བྱིན་རླབས་མཆོད་བྱས་ནས། །རྒྱན་གྱི་མཆོད་པར་གསུངས་པ་ནི། །བདེ་གཤེགས་རྒྱལ་བ་འཁོར་བཅས་ནི། །མཆོད་གནས་དམ་པ་དཔལ་གྱི་ཞིང་། །ཡིད་དུ་འོང་བའི་མཆོད་སྤྲིན་དང་། །རོལ་མོ་སིལ་སྙན་འཕན་གདུགས་དང་། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང་། །མེ་ཏོག་འཕྲེང་དང་བདུག་སྤོས་སོགས། །མཆོད་སྤྲིན་སྣ་ཚོགས་ཕྱོགས་བཅུར་སྤྲུལ། །མཆོད་སྤྲིན་རིགས་སྔགས་བདེན་པ་དང་། །ནམ་མཁའི་མཛོད་སྔགས་ཏིང་འཛིན་ཐུགས། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །མཆོད་སྤྲིན་སྣ་ཚོགས་ཀླུབས་གྱུར་ཅིག །ན་མོ་རཏྣ་ཏྲ་ཡ་ཡ། ན་མོ་བྷ་ག་བ་ཏེ། བཛྲ་སྭ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ། བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛྭ་བཛྲ། མ་ཧཱ་བྀདྱ་བཛྲེ། མ་ཧཱ་བོ་དྡྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྡྷི་མཎྚོ། པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨ་ཝ་ར་ཎ། བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ན་མ་སྶརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤཱ་མུ་ཁེ་བྷྱ། སརྦྦ་ཐཱ་ཁྃ་ཨུངྒ་ཏེ། སྥ་ར་ན་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། དེ་ནས་ཡུམ་ལྔ་ལས་བརྟན་མཆོད། །ཤེས་རབ་དབྱིངས་ཕྱུག་རིགས་ཡུམ་ལྔ། །ཕྱག་རྒྱའི་ཚོགས་ལ་བྱིན་རློབ་ཅིང་། །ཐམས་ཅད་འབྱུང་བའི་གཞིར་གྱུར་པས། །འགྲོ་བའི་དོན་རྣམས་མཛད་དུ་གསོལ། །ཤེས་རབ་དབྱིངས་མ་རིགས་ཀྱི་ཡུམ་ལྔ་སྟེ། །ཆོས་དབྱིངས་ཡེ་ཤེས་མཁའ་སོགས་གསལ་བ་ལ། །གསང་ཆེན་བདེ་བའི་ལོངས་སྤྱོད་རྫོགས་པའི་ངང་། །ཐབས་ལྟར་རོལ་ཞིང་བརྟན་པོར་བཞུགས་སུ་གསོལ། །ཡུལ་རྣམས་བདག་ལ་མཆོད་ཐབས་ནི། །བསྒྲུབ་མཆོད་བཅུ་དྲུག་གཞུང་བཞིན་བྱ། །བཅོམ་ལྡན་རྣམ་སྣང་མཛད་ཆེན་གྱི། །ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ཡུམ། །ཡུམ་ཆེན་བུདྡྷ་ལོ་ཙ་ན། །ཐམས་ཅད་ཟད་པར་ཁས་དབང་བསྐུར། །བདེ་གཤེགས་ཀུན་གྱི་ཡུམ་ཆེན་མོ། །ཕྱག་འཚལ་ཀུན་ཏུ་བཟང་ལའོ། །བཅོམ་ལྡན་རྡོ་རྗེ་སེམས་པ་ཡི། །མེ་ལོང་ཡེ་ཤེས་ཆེན་པོའི་ཡུམ། །ཡུམ་ཆེན་བཛྲ་ལོ་ཙ་ན། །ཐམས་ཅད་ཟད་པར་སས་དབང་བསྐུར། །རྡོ་རྗེ་རིགས་གཙོ་མང་པོའི་ཡུམ། །ཕྱག་འཚལ་སངས་རྒྱས་སྤྱན་ཁྱོད་ལའོ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱིས། །མཉམ་ཉིད་ཡེ་ཤེས་ཆེན་པོའི་ཡུལ། །ཡུམ་ཆེན་རཏྣ་ལོ་ཙ་ན། །ཐམས་ཅད་ཟད་པར་མེས་དབང་བསྐུར། །རིན་ཆེན་རིགས་གཙོ་མང་པོའི་ཡུམ། །ཕྱག་འཚལ་ན་བཟའ་ཀར་མོ་ལའོ། །བཅོམ་ལྡན་སྣང་བ་མཐའ་ཡས་ཀྱི། །ཀུན་རྟོག་ཡེ་ཤེས་ཆེན་པོའི་ཡུལ། །ཡུལ་ཆེན་པདྨ་ལོ་ཙ་ན། །ཐམས་ཅད་ཟད་པར་ཆུས་དབང་བསྐུར། །པད་མོའི་རིགས་གཙོ་མང་པོའི་ཡུམ། །ཕྱག་འཚལ་མཱ་མ་ཀཱི་ཉིད་ལའོ། །བཅོམ་ལྡན་དོན་ཡོད་གྲུབ་པ་ཡི། །ནན་ཏན་ཡེ་ཤེས་ཆེན་པོའི་ཡུལ། །ཡུམ་ཆེན་ཀརྨ་ལོ་ཙ་ན། །ཐམས་ཅད་ཟད་པར་རླུང་དབང་བསྐུར། །ལས་ཀྱི་རིགས་གཙོ་མང་པོའི་ཡུམ། །ཕྱག་འཚལ་དམ་ཚིག་སྒྲོལ་མའོ། །དེ་ནས་སེམས་དཔའ་བཅུ་དྲུག་ཀྱང་། །ཅི་རིགས་པའམ་ཡང་ན་ནི། །མཚན་བརྒྱ་རྩ་བརྒྱད་པ་ཡིས་མཆོད། །དེ་ནས་ལ་སེ་ལ་སོགས་བརྒྱད། །ཕྱི་ནང་གཉིས་ཀྱི་ལྷ་མོ་དམ་ཚིག་མ། །ཕྱག་རྒྱ་བཞི་ཡི་ཡེ་ཤེས་གསལ་བ་ལ། །རོལ་པ་ཆེན་པོས་མཆོད་པས་གཙོ་བོ་ཡི། །དགོངས་པ་སྐོངས་ལ་འགྲོ་བའི་དོན་རྣམས་མཛོད། །ཡེ་ཤེས་དུས་བཞི་གཟུགས་ཉེ་གཟུགས། །སྤྲུལ་སྐུ་འཁོར་བར་མི་ལྡོག་ཅིང་། །མྱ་ངན་འདས་ལ་མི་ཆགས་པའི། །དོན་རྣམས་མཛད་ཅིང་བརྟན་པོར་བཞུགས། །རྡོ་རྗེ་སྒེག་མོ་བྱང་ཆུབ་སེམས་ཀྱི་ངང་། །མཆོག་སྦྱིན་སྨིན་བྱེད་གཟི་བརྗིད་འབར་ཞིང་སྡུད། །མདོག་དཀར་གསེར་གྱི་ཁུར་ཚུར་སྐུར་རྟེན་ཏེ། །ཕྱག་འཚལ་རྡོ་རྗེ་སྨིན་བྱེད་སྒེག་མོ་ལའོ། །རིན་ཆེན་དཔལ་ཕྲེང་གཟུངས་དང་ཏིང་ངེ་འཛིན། །ཡིད་བཞིན་མཆོག་འབྱུང་གཟི་བརྗིད་འབར་ཞིང་སྐོར། །སྔོ་བསངས་རིན་ཆེན་ཕྲེང་བ་རེ་འདོད་སྐོངས། །ཕྱག་འཚལ་བདུད་རྩི་ཆར་འབེབས་ཕྲེང་བ་ལའོ། །པདྨ་དབྱངས་མཁན་གསུང་རབ་རྒྱ་མཚོར་སྒྲོགས། །སྙན་པས་ཡིད་འཕྲོག་གཟི་བརྗིད་འབར་ལྡན་སྐོངས། །མདོག་དམར་གསེར་གྱི་པི་བང་ཕྱག་ན་བསྣམས། །ཕྱག་འཚལ་ཐབས་ཀྱིས་ཡིད་འཕྲོག་གིར་ཏི་ལའོ། །ལས་ཀྱི་གར་མཁན་འཕྲིན་ལས་རྒྱ་མཚོ་སྒྲོལ། །གཟུགས་མཛེས་སྐྱོད་པས་རོལ་མོ་ཕྱོགས་བཅུར་མཛད། །མདོག་ལྗང་སྣ་ཚོགས་སྐུར་སྟོན་གཟི་བརྗིད་འབར། །ཕྱག་འཚལ་ཡིད་འོང་མཛེས་བསྐྱོད་ནི་རྟི་ལའོ། །སྤོས་ཀྱི་སྤྲིན་ལྡིང་བདུག་པ་འཕྲོ། །ཀུན་ཏུ་ཚིམ་བྱེད་དྲི་བསུང་ཐིམ། །མཐོན་སྐྱ་གསེར་གྱི་པོག་ཕོར་བསྣམས། །ཕྱག་འཚལ་རྣམ་དག་བདུག་པ་ལའོ། །བལྟས་མཛེས་རིན་ཆེན་ཕུང་པོ་འཕྲོ། །བྱང་ཆུབ་ཡན་ལག་མེ་ཏོག་རྒྱན། །མཐོང་ཏིང་མེ་ཏོག་གཞོང་བུ་བསྣམས། །ཕྱག་འཚལ་སྐྱོན་མེད་མེ་ཏོག་ལའོ། །འོད་གསལ་འཕྲོས་པས་ཀུན་ཏུ་ཁྱབ། །གཏི་མུག་ཐིབས་པོ་སེལ་མཛད་པ། །དམར་སྐྱ་ཆོས་ཀྱི་མར་མེ་བསྣམས། །ཕྱག་འཚལ་སྒྲོན་འབར་མར་མེར་ལའོ། །ཙན་དན་བདུད་རྩི་ཆར་འབེབས་མ། །བདུད་རྩི་བསིལ་དྲོ་འཇམ་པའི་དབྱངས། །ལྗང་སྔོན་དུང་པོར་ཕྱག་ན་བསྣམས། །ཕྱག་འཚལ་རེག་བྱ་དྲི་ཆུ་ལའོ། །རྫུ་འཕྲུལ་ཆེ་བའི་བསྐལ་བཟང་དང་། །ཕྱོགས་སྐྱོང་བཅུ་དང་བཀྲ་ཤིས་བརྒྱད། །རྡོ་རྗེ་ལྕགས་ཀྱུ་འགུགས་བྱེད་དང་། །རིན་ཆེན་ཞགས་པ་གསོལ་ཀ་དང་། །པདྨ་ལྕགས་སྒྲོགས་ཕོ་ཉའི་ལས། །རྒྱ་གྲམ་དྲིལ་བུ་ཤེས་རབ་མཆོག །དཔེ་མེད་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་རྒྱལ་ཆེན་ལྷ་ཆེན་དང་། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ལྷ་མ་ཡིན་དང་ནམ་མཁའ་ལྡིང་། །མིའམ་ཅི་དང་ལྟོ་འཕྱེ་ཆེ། །ས་བདག་གཟའ་སྐར་རིག་འཛིན་དང་། །སྲིན་པོ་ལོག་འདྲེན་ཤ་ཟ་དང་། །རྒྱུ་དྲུག་དག་གི་མཐུ་ཅན་སོགས། །ཐམས་ཅད་ཅི་རིགས་པ་ཡིས་མཆོད། །དཀྱིལ་འཁོར་བདག་པོ་དེ་ཉིད་ཀྱིས། །དཀྱིལ་འཁོར་ལྷ་ཡི་ཏིང་འཛིན་ཞུགས། །ལྕེ་ཐོགས་ཨ་ལས་ཟླ་དཀྱིལ་ཏེ། །ༀ་བསྒོམས་རྡོ་རྗེ་ཡེ་ཤེས་བསམ། །རྡོ་རྗེ་ལྕགས་ཀྱུ་བསྒོམས་ནས་ནི། །ཆོས་ཀྱི་ཕྱག་རྒྱ་ཅན་གྱིས་ནི། །སློབ་མ་དེ་ལ་བཤད་པར་བྱ། །ༀ་དྷརྨ། ཧཱུྃ་དྷརྨ། ཏྲྃ་དྷརྨ། ཧྲི་དྷརྨ། ཨ་དྷརྨ། ས་མ་ཡ་སྟྭྃ། དྷརྨ། ཡ་ན་ཡ་སྭཱ་དྷརྨ། ཨ་ཧོ་སུ་ཀ་དྷརྨ། ས་དུ་ས་དུ། སུ་བ་ཧཾ། སྭཱ་དྷརྨ། རུ་པོ་ཧེ་ཧེ་དྷརྨ། ཨ་རྟ་པྲ་བ་ཏི་དྷརྨ། ཧ་ཧ་ཧཱུྃ་ཧ་དྷརྨ། སརྦ་ཀ་རི་དྷརྨ། དུ་ཀ་ཚེ་ད་དྷརྨ། བུ་ད་བྷོ་དི་དྷརྨ། པྲ་ཏི་ཤ་བ་ཏ་དྷརྨ། སུ་བ་ཤིད་ཏྲྃ་དྷརྨ། ནི་པ་ཡ་སྟྃ་དྷརྨ། ཤུད་ཏྲུ་བཀྴ་དྷརྨ། སརྦ་སིད་དྷ་དྷརྨ། མ་ཧ་ར་ཏི་དྷརྨ། རུ་པ་ཤོ་བེ་དྷརྨ། ཤུ་རོད་ཏྲ་བེའུ་དྷརྨ། སརྦ་བུ་རྩེ་དྷརྨ། བྲ་ཧ་ཏ་ནི་དྷརྨ། པྲ་ཏེ་དྷརྨ། ཙ་གྲི་དྷརྨ། སུ་གན་དང་གི་དྷརྨ། ཨ་ཡ་ཧི་ཛ་ཛ་དྷརྨ། ཨ་ཡ་ཧི་ཧཱུྃ་ཧཱུྃ་དྷརྨ། ཧོ་སྦོ་ཏ་པཾ་བཾ་དྷརྨ། གན་དྷ་ཨ་ཨ་དྷརྨ། དེ་ལྟར་ལྷ་ཚོགས་སྐུ་གསུང་ཐུགས། །དཀྱིལ་འཁོར་གང་ཡིན་ཐམས་ཅད་ཀྱི། །སོ་སོར་སྙིང་པོ་ཐ་མར་ནི། །དྷརྨས་བཏགས་ལ་བརྗོད་པས་ནི། །ལྷ་རྣམས་ཐུགས་དགོངས་དངོས་གྲུབ་སྩོལ། །ཀུན་རྫོབ་དང་ནི་དོན་དམ་གྱི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །སྡོམ་པ་ཡི་ནི་དམ་ཚིག་དང་། །དགེ་བའི་ཆོས་རྣམས་སྡུད་པ་དང་། །སེམས་ཅན་དོན་བྱེད་བཅས་པ་ཡི། །རྣམ་པ་གསུམ་དང་ལྡན་པར་བཤད། །རྡོ་རྗེ་གོ་ཆེའི་ཕྱག་རྒྱར་བཅས། །ༀ་བཛྲ་ཀ་བ་ཙ་རཀྴ་ཨ་ཏི་ཏི་སྟ་ཧྃ། དེ་ནས་སྐུ་གསུང་ཐུགས་ཀྱིས་བརླབ། །ཀ་ཡ་ༀ། བ་ག་ཨྃ། ཙི་ཏ་ཧཱུྃ། འཁོར་ལོ་ཕྱག་རྒྱ་ཏིང་འཛིན་སྔགས། །བར་དུ་གཅོད་པ་གསལ་བར་བྱ། །ༀ་ཛྙ་ན་ཙཀྲ་ཕཊ། ང་ཡིས་བཤད་སོགས་ཐམས་ཅད་ནི། །དམ་པས་གསུངས་པའི་ཚིག་ཡིན་པས། །ཁྱེད་ཀྱང་དེ་ལས་མ་འདའ་ཞིག །ༀ་བཛྲ་ས་མ་ཡ་ཧྲི་ཐ་ཨ། བྱང་ཆུབ་རིག་ཅན་ཉིད་དུ་ནི། །སྔགས་ནི་བརྗོད་པས་གྱུར་པའོ། །ༀ་བྷོ་དྷི་ཙི་ཏ་ཨ་སཾ་མེ། ཏྲི་ས་མ་མེ། མ་ཧ་ས་མ་ཡ་སྭཱ་ཧཱ། ཧཱུྃ་ཧཱུྃ་ཧཱུྃ། གསུམ་པ་དཀྱིལ་འཁོར་འཇུག་གཞུག་པ། །སློབ་དཔོན་ཞུགས་དང་སློབ་མ་གཞུག །གཤེགས་དང་ལྷག་ཆད་ཁ་བསྐང་དང་། །མཐུན་པར་སླར་གཤེགས་གསོལ་བ་དང་། །ལས་བཞི་མཆོད་ནས་བདག་ཉིད་ཀྱིས། །དཀྱིལ་འཁོར་སེམས་ཀྱིས་ནམ་མཁའ་ལ། །བཏེག་ནས་བྱང་ཆུབ་སེམས་ཀྱིས་ནི། །ཞུགས་པ་ཉིད་དུ་ཐུབ་པས་གསུངས། །བདུག་སྤོས་ལག་ཏུ་ཐོགས་ནས་སུ། །བློ་གྲོས་ལྡན་པས་ལྷ་རྣམས་ལ། །གུས་པས་གསོལ་བ་ལེགས་པར་གདབ། །དེ་འོག་སྒོ་བཞི་དབྱེ་བར་བཤད། །ཞུགས་ལྷ་གཉིས་སུ་མེད་བསྒོམས་ལ། །འགྲོ་བ་བའི་ལས་བྱའོ། །བཅོམ་ལྡན་ནམ་མཁའི་སངས་རྒྱས་ཀུན། །ཐུགས་རྗེ་ཆེན་པོ་མཐུ་ལྡན་ལགས། །བདག་ཉིད་རབ་ཏུ་བསྒྲལ་བའི་ཕྱིར། །རང་བཞིན་ཏིང་འཛིན་གཟུག་བརྙན་ལྷས། །བདག་ལ་དབང་མཆོག་འདིར་སྩོལ་ཅིག །དཀྱིལ་འཁོར་ལ་ནི་འཁོར་ལོར་བཤད། །དེ་ཉིད་དམ་ཚིག་ཡིན་པར་བཤད། །སངས་རྒྱས་བཀའ་ཡི་དཀྱིལ་འཁོར་དུ། །བདག་ཉིད་དད་པས་འཇུག་ལགས་ན། །དཀྱིལ་འཁོར་བཅས་པའི་ལྷ་རྣམས་ཀྱིས། །བདག་ལ་བྱིན་གྱིས་བརླབ་དུ་གསོལ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བསོད་ནམས་ཅན་དུ་བདག་ཉིད་འགྱུར། །སྔོན་གྱི་ལས་ཀྱིས་འབྲེལ་པ་ལགས། །ཐུགས་རྗེས་སྲས་སུ་དགོངས་པར་མཛོད། །ཨཏྨ་ཀོ྅་ཧྃ། མཎྜ་ལ་སརྦ་ཨ་བེ་ཤ་སྭ་བྷཱ་བ། རྡོ་རྗེ་མཛུབ་སོགས་ལེགས་པར་ནི། །སྦྱར་ལ་བཀན་ཏེ་བསྡེབས་ནས་སུ། །ཁྲོས་ནས་རབ་ཏུ་དབྱེ་བ་ནི། །སྒོ་དབྱེ་བ་ཡི་མཚན་ཉིད་དོ། །གནས་རབ་སྒོ་བཞི་ཞེ་སྡང་དང་། །ང་རྒྱལ་འདོད་ཆགས་ཕྲག་དོག་བཞིས། །སྔོན་མེད་དུས་ནས་བཅད་ལགས་ན། །ཚད་མེད་བསྡུ་བརྒྱད་རིགས་བཞི་ཡིས། །ཐུགས་རྗེ་ཐབས་ལ་སྤྲུལ་པ་ཡི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་ཕྱག་རྒྱའི་མཆོག་ཉིད་ཀྱིས། །དེང་ཉིད་ཐར་སྒོ་དབྱེ་རུ་གསོལ། །ༀ་བཛྲ་རཏྣ་པདྨ་ཀརྨ། ཀྲོ་ད་གདོད་ས་མ་ཡ། ཙ་ཏྭ་ར། བྲེ་བེ་ཤ་ཤི་གྲ་ན་མཱ་ར་ཡ་ཧཱུྃ་ཕཊ། དེ་ནས་བདག་རྡོ་རྗེ་རིན་ཆེན་དང་། །པདྨ་རྒྱ་གྲམ་ཤུགས་ཀྱིས་ནི། །རབ་ཏུ་གལ་ཏེ་ཞུགས་ནས་ནི། །གཉིས་སུ་མེད་པར་སངས་རྒྱས་འགྱུར། །སྙིང་རྗེས་སློབ་མ་ལ་སོགས་ལ། །ལྷ་མོ་སྤྲུལ་སྲས་བསྒོམ་བྱས་དྲང་། །དེ་ནས་སྔགས་གཡོག་དག་གིས་ནི། །སློབ་མའི་ལས་རྣམས་བརྩོན་བྱ་བ། །ཕྱག་འཚལ་གསོལ་འཇུག་ཁྲུས་བཀྲ་ཤིས། །དམ་བཅའ་མེ་ཏོག་གཏོར་མིག་དབྱེ། །སློབ་དཔོན་ལན་སྩལ་ལྷས་དབང་བསྐུར། །དམ་ཚིག་དབོག་དང་དབང་བསྐུར་དང་། །སྨོན་ལམ་ལྷ་མོ་བསྟན་ཡོན་དབུལ། །དགེ་བའི་རྩ་བ་བསྔོ་བའོ། །དེ་ནས་ཤར་སྒོ་དག་དུ་ནི། །བདུག་སྤོས་ལག་ཏུ་ཐོག་ནས་ནི། །ཤར་ཕྱོགས་མངོན་དགའི་ཕོ་བྲང་འདིའི། །བཅོམ་ལྡན་རྡོ་རྗེ་སེམས་ལ་སོགས། །སྐལ་ལྡན་རྒྱས་སྲས་དག་པ་ཞིག །ངག་ཡིད་དང་བས་གུས་ཕྱག་འཚལ། །ལྷོ་ཕྱོགས་དཔལ་ལྡན་ཕོ་བྲང་འདིའི། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་སོགས། །སྐལ་ལྡན་རྒྱལ་སྲས་དག་པ་ཞིག །ནུབ་ཕྱོགས་བདེ་ཆེན་ཕོ་བྲང་འདིའི། །བཅོམ་ལྡན་སྣང་བ་མཐའ་ཡས་སོགས། །སྐལ་ལྡན་རྒྱས་སྲས་དག་པ་ཞིག །བྱང་ཕྱོགས་རྣམ་དག་ཕོ་བྲང་འདིའི། །བཅོམ་ལྡན་དོན་ཡོད་གྲུབ་པ་སོགས། །སྐལ་ལྡན་རྒྱལ་སྲས་དག་པ་ཞིག །བཅོམ་ལྡན་སྙིང་པོའི་ཕོ་བྲང་འདིའི། །བཅོམ་ལྡན་རྣམ་པར་སྣང་མཛད་སོགས། །སྐལ་ལྡན་རྒྱལ་སྲས་དག་པ་ཞིག །ངག་ཡིད་དང་བས་གུས་ཕྱག་འཚལ། །བདག་ཉིད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པའི་ཕྱིར། །རྡོ་རྗེ་བླ་ན་མེད་པ་འདི། །དེ་རིང་བདག་ལ་དབབ་ཏུ་གསོལ། །བདག་ནི་དམ་ཚིག་རིན་ཆེན་ཏེ། །བདག་ནི་དམ་ཚིག་པད་མོ་སྟེ། །བདག་ནི་དམ་ཚིག་རྒྱ་གྲམ་སྟེ། །བདག་ནི་དམ་ཚིག་འཁོར་ལོ་སྟེ། །རྣམ་པར་སྣང་མཛད་ཡིན་པར་གྲགས། །འཁོར་ལོ་བླ་ན་མེད་པ་འདི། །དེ་རིང་བདག་ལ་དབབ་ཏུ་གསོལ། །ཤར་ཕྱོགས་མངོན་དགའི་ཕོ་བྲང་འདིར། །བླ་མེད་བྱང་ཆུབ་སེམས་བསྐྱེད་དེ། །དངོས་གྲུབ་དམ་པ་སྒྲུབ་པའི་ཕྱིར། །བདག་གིས་དད་པས་འཇུག་པར་བགྱི། །ལྷོ་ཕྱོགས་དཔལ་ལྡན་ཕོ་བྲང་འདིར། །ནུབ་ཕྱོགས་བདེ་ལྡན་ཕོ་བྲང་འདིར། །བྱང་ཕྱོགས་རྣམ་དག་ཕོ་བྲང་འདིར། །བཅོམ་ལྡན་སྙིང་པོའི་ཕོ་བྲང་འདིར། །བདག་གིས་སློབ་མ་གཞུག་པར་གྱི། །ཕྱོགས་སུ་ལྟ་བ་དགྲོལ་བའི་ཕྱིར། །མཐའ་ལས་འདས་ལ་གནས་པར་བགྱི། །རྡོ་རྗེ་སེམས་དཔའ་མེ་ལོང་ཡུལ། །ཀུན་བཟང་ཕྱག་རྒྱའི་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་རྟགས་ཆུས། །ཞེ་སྡང་རྣམ་སྨིན་དག་གྱུར་ཅིག །རིན་ཆེན་འབྱུང་ལྡན་མཉམ་ཤེས་ཡུལ། །ནམ་བཟའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་རྟགས་ཆུས། །ང་རྒྱལ་རྣམ་སྨིན་དག་གྱུར་ཅིག །སྣང་བ་མཐའ་ཡས་ཀུན་རྟོག་ཡུལ། །མ་མོའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མིན་བྱང་ཆུབ་སེམས་རྟགས་ཆུས། །འདོད་ཆགས་རྣམ་སྨིན་དག་གྱུར་ཅིག །དོན་འགྲུབ་ནན་ཏན་ཡེ་ཤེས་ཡུལ། །སྒྲོལ་མའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མིན་བྱང་ཆུབ་སེམས་རྟགས་ཆུས། །ཕྲག་དོག་རྣམ་སྨིན་དག་གྱུར་ཅིག །རྣམ་སྣང་ཆོས་དབྱིངས་ཡེ་ཤེས་ཡུལ། །སྤྱན་གྱི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མིན་བྱང་ཆུབ་སེམས་རྟགས་ཆུས། །གཏི་མུག་རྣམ་སྨིན་དག་གྱུར་ཅིག །མི་འཁྲུགས་རྒྱལ་པོའི་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་མཐའ་དག་རྫོགས་པའི་བཀྲ་ཤིས་དང་། །དགེ་མཉམ་བསམ་སེམས་ལྡན་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་དེང་འདིར་ཞི་བྱེད་ལེགས་གྱུར་ཤོག །སངས་རྒྱས་ཀུན་གྱི་ཡོན་ཏན་རྒྱན་གྱིས་བརྒྱན་བྱས་ཤིང་། །ཡང་དག་འབྱོར་བའི་སྦྱིན་པས་སྦྱིན་མཛད་མི་བསླུ་བ། །རིན་ཆེན་འབྱུང་ཞེས་བྱ་བའི་བཀྲ་ཤིས་གང་ཡིན་པ། །བསམ་གཏན་དམ་པ་ཏིང་འཛིན་ཕ་རོལ་ཕྱིན་གནས་ཤིང་། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང་། །ཚེ་གྲངས་མེད་པར་བྱིན་གྱིས་བརླབས་པའི་བཀྲ་ཤིས་གང་ཡིན་པ། །སེམས་ཅན་དོན་ཕྱིར་ལས་ལ་ཐུགས་ནི་སྦྱོར་མཛད་ཅིང་། །འགྲོ་བ་ཐམས་ཅད་བཅིངས་པ་བཅིངས་ལས་གྲོལ་གྱུར་པ། །ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ཡིན་པ། །རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲ་སྐུ་མངའ་སྲིད་པའི་མཐར་འབྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་དེང་འདིར་ཞི་བྱེད་ལེགས་གྱུར་ཤོག །ཡན་མ་གཱ་ལན་ཤུ་བ་ཤ་མན་ཏོ་ས་ཡ་ཛི་ཏ་ཀ་ཤ་སྱ་ཨ་ཤོ་བྱ་ར་ཙ། བི་ཤི་ན་ཏ་སྱེ། སརྦ་ཀུ་ན། མཾ་ག་ལ་སྱེ། མཎ་མྃ་གཱ་ད། བྷ་བྷ་དུ་ཤན་ཏེ། ཀ་ས་པྲ་ཛྙཱ་ན་ཏ་པ་ན། དུ་ཏྱྃ། ཡན་མན་དགའ་ལན་མ་ནི་ཀུ་ལན། ཧི་ན་བུ་ཧ་ར། པ་བ་དུ་ཤ་ཤ་ཙི་ན་སེ་ཏ། ནོ་ཏེ་ནེ། ཁ་ལ་ན། པི་པི་པུ་ཏི་ན། ཏན་མང་འགའ་ལན། བྷ་བྷ་དུ་ཤན་ཏེ། ཀ་ར་ན་ད་ན་ཏྱ། ཡན་མང་འགའ་ལན། ཨག་ནི། ཨ་ཡུར་བྱེད་དེ་ས་སྱེ། མ་ནེ་པུ་ར་ཏ་ལ་ཡ་ས་སྱེ། འགའ་རྣ་བཛྲ། བ་རི་ག་ཏེ། ས་སྱེ། ཏ་ཐཱ་ག་ཏ། ཡ་མི། ཏན་མང་འགའ་ལན། བྷ་བྷ་དུ་ཤན་ཏེ། ཀར་ན་དྱ་ཕཊ། ཏྱྃ། ཡན་མན་འགའ་ལན། མ་མ་མུ་ནེ། པ་ར་ཤ་སྱེ། ཀ་ཨ་མོ་ཀ་སིད་ཏི། སྭཱ་ཏྭ་ཏ་ར་ཀ་ར་མ་ན་ནེ། བུ་ད་ཤ་བ་ནེ། ཤ་ཏ་ལ་སྱེ། ཡོ་ཙི་ཏ་མན་ས་ས་སྱེ་མུ་ན་ས་སྱེ་བྷན་དྷ་བྷན་དྷ་བྷན་དྷ་མེ་བྱ། ཏན་མན་འགའ་ལན། བྷ་བྷ་དུ་ཤན་ཏེ། ཀར་རྣ་ཏ་ཏྱ། ཡན་མང་འགའ་ལན། ས་ག་ལ་པུ་རཏྣ། མ་ཏོ་ར་ཏ་ས་སྱེ། བེ་རོ་ཙ་ན་སྱེ། བ་ར་ཉརྣི། མ་ཧ་རཏྣ་བ་སེ། ས་བུ་ར་རཏྣ། ཙ་ཏྲ་བུ་ཤེ། ཧི་བན་ད་ཀ་སེ། ཏན་མང་འགའ་ལན། བྷ་བྷ་དུ་ཤན་ཏེ་ཀརྣ་ཏ་བ་ད་ཏྱེ། དེ་ལ་དེ་བཞིན་གཤེགས་གཙོ་དང་། །ཆོས་རྣམས་ཀུན་ལ་དབང་བསྐུར་རོ། །རྡོ་རྗེ་རིགས་གཙོ་ཆེན་པོར་དང་། །ཁམས་གསུམ་བདག་པོར་དབང་བསྐུར་རོ། །རིན་ཆེན་རིགས་གཙོ་ཆེན་པོ་དང་། །ལྷ་མིས་མཆོད་པར་དབང་བསྐུར་རོ། །པདྨའི་རིགས་གཙོ་ཆེན་པོ་དང་། །ཆོས་ཀྱི་རྒྱལ་པོ་ཆེན་པོར་དབང་བསྐུར་རོ། །ལས་ཀྱི་རིགས་གཙོ་ཆེན་པོ་དང་། །ལས་བཞིས་གཞན་དོན་སྤྱོད་དབང་བསྐུར། །བཀྲ་ཤིས་བརྗོད་པའི་བྱིན་རླབས་ཀྱིས། །འཇིག་རྟེན་དག་ཏུ་མི་རྣམས་ཀུན། །གྲགས་པ་རྣམས་སྤེལ་བགེགས་ཀྱང་མེད། །སེམས་ཉིད་བདེར་འགྲོ་ངེས་བྱེད་ལ། །མཐར་ཡང་ངེས་པ་ཁོ་ནར་ནི། །ཞི་བའི་འབྲས་བུ་ཐོབ་པར་འགྱུར། །དེ་ནས་དམ་བཅའ་བྱ་བ་ནི། །དཔའ་བོ་ཆེན་པོ་རྒྱུད་དག་ལས། །སྡོམ་པ་ཆེན་པོ་ལེགས་པར་བླང་བར་བྱ། །ཇེ་ལ་ལྡོམ་པའི་ཡོན་ཏན་ནི། །དང་པོས་སྡོམ་པས་རྒྱུད་གཉིས་སྦྱང་། །ཐ་མའི་སྡོམ་པས་ལྷ་མིན་སྦྱོང་། །རྡོ་རྗེ་རིན་ཆེན་པདྨ་ཡི། །སྡོམ་པ་ཡིས་ནི་ངན་འགྲོ་སྦྱོང་། །དེ་བས་སྡོམ་པ་མནོད་པ་མཆོག །དེ་འོག་དམ་བཅའ་ཡང་དག་བྱ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་བརྟན་པར་གཟུང་། །དེ་ནི་སྤྱི་ཡི་ཚུལ་ཁྲིམས་སོ། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་དང་ཕྱག་རྒྱ་དང་། །ཡང་དག་ཉིད་དུ་གཟུང་བར་བྱ། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནམ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨ་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་སྡོམ་པ་མ་ལུས་གཟུང་། །དེ་ནས་ཤར་སྒོ་གནས་པ་དེ། །ན་བཟའ་སྟོད་སྨད་དར་དམར་དཀྲི། །རྡོ་རྗེ་འཛིན་མའི་ཕྱག་རྒྱ་འཆར། །གཙུག་ལ་ལག་ཏུ་རིན་ཆེན་དང་། །མེ་ཏོག་ཕྲེང་བ་ལ་སོགས་ཐོག །གདོང་གཡོགས་དར་དཀར་གྱིས་གཡོགས་ནས། །ཨ་ས་མེ་ཏྲེ་ས་མེ། མ་ཧཱ་ས་མ་ཡ་ཧཱུྃ། ༀ་བཛྲ་ཨ་ཏི་ཏིཥྛ་ཧཱུྃ། ༀ་བཛྲ་ས་མ་ཡ་ཧཱུྃ། སྔོན་གྱི་ཚེ་རབས་གྲངས་མེད་ནས། །དགེ་བའི་ལས་ཀྱིས་བསྙེན་པའི་ལྷ། །ལྷག་པའི་ལྷ་ནི་གང་ཡིན་པ། །ད་ལྟ་ཉིད་དུ་བབ་པར་ཤོག །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ཀྱང་། །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨན་པར་དགོངས་ནས་བཞེས་སུ་གསོལ། །ༀ་བཛྲ་པྲ་ཏི་གྲི་ཧ་ན་ཧཱུྃ། ༀ་བཛྲ་པྲ་ཏི་ཙ་ས་མ་ཡ་ས་སྟྭོཾ། བོ་དེ་ཙི་ཏ་པུ་ཙ་ཧོ། མེ་ཏོག་རིན་ཆེན་ལ་སོགས་པ། །གང་ལས་བབ་པ་རིགས་ཀྱི་ལྷ། །གཙོ་བོའི་རིགས་དེ་བསྒྲུབས་ནས་ནི། །དངོས་གྲུབ་མྱུར་དེ་ཐེ་ཚོམ་མེད། །དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །རིན་ཆེན་ལྷར་བཅས་བླངས་ནས་ནི། །སློབ་མའི་སྤྱིར་བཞག་ཐིམ་གྱུར་ནས། །མི་གཉིས་གཅིག་པའི་ལྷ་བསམས་ནས། །ༀ་བཛྲ་ས་མ་ཡ། ཧྲི་ཐ་ཡ་མེ། ༀ་ཨཱ་ཧཱུྃ། ཨ་བྷི་ཥིན་ཙ་ཨཱ། ད་ནི་དད་པ་རབ་ཏུ་བསྐྱེད། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཁྱོད་ནི་ཐེག་ཆེན་འདི་ཉིད་ལ། །གསང་བ་ཆེན་པོའི་སྣོད་དུ་འགྱུར། །རྙེད་པ་མཉམ་མེད་དེ་རིང་རྙེད། ཐོབ་པ་མཉམ་མེད་དེ་རིང་ཐོབ། །དམ་ཚིག་གོང་འོག་མ་འདའ་ཞིག །བླ་མེད་བྱང་ཆུབ་ཆེན་པོ་ཐོབ། །ༀ་བཛྲ་ཧ་སོད་ག་ཏ་ཡ་ཧཱུྃ། ༀ་བཛྲ་པྲ་བེ་ཤ་ཡ་ཧཱུྃ་ཕཊ། སློབ་དཔོན་ལན་གཉིས་དབྱངས་སྦྱར་ཏེ། །རྡོ་རྗེ་ཕྱག་རྒྱ་བཅས་ལ། ང་ཡི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་འདི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ༀ་བཛྲ་ས་མ་ཡ་ཨ་བྷྱི་ཤི་ན་ཙ་ཨ་ཨ། ང་ནི་དམ་ཚིག་རིན་ཆེན་ཏེ། །ང་ནི་དམ་ཚིག་པདྨ་སྟེ། །ང་ནི་དམ་ཚིག་རྒྱ་གྲམ་སྟེ། །ང་ནི་དམ་ཚིག་འཁོར་ལོ་སྟེ། །སྙིང་པོ་འཁོར་ལོ་ཡིན་པར་གྲགས། །འཁོར་ལོ་ཡེ་ཤེས་བླ་མེད་འདི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ༀ་རཏྣ་པདྨ་ཀརྨ་ཙཀྲ། ཨ་བྷི་ཤིན་ཙ་ཨ་ཨ། ས་མ་ཡ་ཧྲི་ཐ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ལས་འདས་ན་སྲེག་པར་བྱེད། །དམ་ཚིག་སྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་ཡིས་འགྲུབ། །ཇི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་། །བདུན་རྒྱུད་རིགས་ནི་རླགས་པར་མཛད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་དང་། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་བསྲུང་བར་བྱ། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །བརྫུན་དང་འདོད་ལ་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པར་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ཏེ། །དཀོན་མཆོག་གསུམ་ནི་ཡོངས་མི་སྤང་། །དུས་ཀུན་ཏུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །ལྷ་དང་བླ་མ་དེ་བཞིན་ནོ། །སྡིག་ལ་སོགས་པ་གང་ཡིན་པ། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་སྙིང་པོ་དང་། །དེ་ཡི་གྲིབ་མར་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ནོ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལ་སོགས་བྱ་བ་མིན། །མུ་སྟེགས་ཅན་ལའང་སྨད་མི་བྱ། །མདོར་ན་ཡིད་གཉིས་དོགས་མི་བྱ། །བདག་གི་དེ་ཉིད་སྔགས་དང་ནི། །ཐམས་ཅད་འདྲ་བ་དེ་བཞིན་ནོ། །དེ་ནས་དབང་མཆོག་བསྐུར་བ་ནི། །བག་ཅི་སློབ་མའི་ཕྱོགས་དག་ཏུ། །ཁྲུ་གང་པའི་དཀྱིལ་འཁོར་ལ། །པདྨ་འདབ་མ་བརྒྱད་པ་བྲི། །ཚོན་ནི་དམར་པོས་ལེགས་བྲིས་ལ། །བཀྲ་ཤིས་བརྒྱད་ཀྱི་ཕྱག་རྒྱ་བགོད། །དབུ་རྒྱན་ཅོད་པན་མེ་ཏོག་ཕྲེང་། །ཕྱག་རྒྱ་བཞི་དང་རིན་ཆེན་བདུན། །གསེར་བྱས་ཐུར་མ་འཁོར་མེ་ལོང་། །དུང་དང་བཀྲ་ཤིས་རས་ཐོག་བཞག །བདུག་སྤོས་རས་སར་གདུག་ཤམ་ཅན། །རྔ་ཡབ་བསིལ་ཡབ་ཞོ་ཕོར་གང་། །བུམ་པ་བཞི་སོགས་མི་རིས་གཟུང་། །མཆོད་པ་ལ་སོགས་བཀྲ་ཤིས་བརྗོད། །ༀ་པྲི་ཏ་པྲི་ཏ་སརྦ་ཨ་ར་ན་ནི་ཧཱུྃ་ཕཊ། ༀ་ཏྲ་ཐ་ཏྲ་ཐ་སརྦ་ཨ་བ་ར་ན་ནི་ཧཱུྃ་ཕཊ། ༀ་བི་ཏྲ་བི་བ་ཏྲ་བ་སརྦ་ཨ་པ་ཤྭ་ད་ཏྭ་ན་ནི་ཕཊ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །དེ་ནས་ཐུར་མ་མེ་ལོང་དུང་། །འཁོར་ལོ་རྩ་བའི་ཡིག་འབྲུས་སྐུར། །ཕྲེང་བ་བུམ་པ་ཉན་པ་དང་། །གསང་སྔགས་ཕྱག་རྒྱ་ཅོད་པན་དང་། །འཁོར་སྒྱུར་མི་དབང་དབུ་རྒྱན་དང་། །ལས་དང་བཅུའི་གཟུགས་རྗེའོ། །བཅུ་གསུམ་ས་ནི་ནོན་དབང་བསྐུར། །འཁོར་ལོ་རིན་ཆེན་བསྟབས་པས་ནི། །ས་བཅུ་ཀུན་ལ་དབང་བ་དང་། །ཐེག་པ་མཐའ་དག་སྟོན་པ་ཡི། །ཆོས་ཀྱི་རྒྱལ་པོ་ཆེན་པོར་ཤོག །གླང་པོ་རིན་ཆེན་བསྟབས་པས་ནི། །ཐེག་པ་ཀུན་གྱི་དོན་རྟོགས་ནས། །སྟོབས་བཅུ་ཀུན་ལ་དབང་ཐོབ་ནས། །བྱང་ཆུབ་འབྲས་བུ་ཐོབ་པར་ཤོག །རྟ་མཆོག་རིན་ཆེན་བསྟབས་པས་ནི། །རྫུ་འཕྲུལ་རྐང་བཞིའི་དབང་ཐོབ་ནས། །ཉོན་མོངས་རྒྱ་མཚོ་བརྒལ་བ་ཡི། །ཐར་པའི་འབྲས་བུ་ཐོབ་པར་ཤོག །ནོར་བུ་རིན་ཆེན་བསྟབས་པས་ནི། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །དཔེ་བྱད་མཚན་གྱིས་བརྒྱན་པ་ཡི། །གསེར་གྱི་སྐུ་མདོག་ཐོབ་པར་ཤོག །དམག་མི་རིན་ཆེན་བསྟབས་པས་ནི། །མི་འཇིགས་བཞི་ཡི་དབང་ཐོབ་ནས ། །ཕས་ཀྱི་རྒོལ་བ་ཚར་གཅོད་པའི། །གོ་ཆ་ཆེན་པོ་བགོས་པར་ཤོག །བློན་པོ་རིན་ཆེན་བསྟབས་པས་ནི། །སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེ་བའི་བརྒྱ་བྱིན་གྱི། །ལྷ་ཡི་རྒྱལ་པོ་ཐོབ་པར་ཤོག །བཙུན་མོ་རིན་ཆེན་བསྟབས་པས་ནི། །ཤེས་རབ་ཡུམ་གྱི་དབང་ཐོབ་ཅིང་། །སྐྱེ་འགག་མེད་པའི་དོན་རྟོགས་ནས། །བླ་མེད་འབྲས་བུ་ཐོབ་པར་ཤོག །དེ་བཞིན་གཤེགས་པས་བྱིན་བརླབས་པའི། །ཉོན་མོངས་སེལ་བའི་གྲུབ་རྫས་དཔའ་བོ་འདི། །བར་ཆད་བགེགས་ཀྱི་ཚོགས་རྣམས་རྣམ་འཇིག་ཅིང་། །དངོས་གྲུབ་མཆོག་ཐོབ་དིང་འདིར་བཀྲ་ཤིས་ཤོག །ཇི་ལྟར་ལྷ་ཡི་དབང་པོ་བརྒྱ་བྱིན་གྱི། །བྱིན་གྱིས་བརླབས་པའི་རྩ་མཆོག་པུ་ད་ན། །དུརྦའི་གདན་ལ་རྫོགས་ནས་བདུད་བཏུལ་ལྟར། །དེང་འདིར་བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །ཇི་ལྟར་སྔོན་གྱི་དྲང་སྲོང་ཨ་ག་སྟིས། །བྱིན་གྱིས་བརླབས་པའི་ཕྱུགས་ཀྱི་དངོས་གྲུབ་འདི། །ཁྱིམ་བདག་དབང་ཕྱུག་ཆེ་ལ་བྱིན་པ་ཡི། །སྐྱེ་དགུའི་སོས་གྱུར་བཅུད་ལྡན་བཀྲ་ཤིས་ཤོག །རྡོ་རྗེ་དང་ནི་རིན་ཆེན་ཆུ་སྐྱེས་དང་། །དེ་བཞིན་ལས་ཀྱི་སེམས་དཔའ་དབང་སྒྱུར་བའི། །ལི་ཁྲིས་འཇིག་རྟེན་གསུམ་པོ་དབང་བསྡུས་ཤིང་། །དངོས་གྲུབ་མཆོག་ཐོབ་དེང་འདིར་བཀྲ་ཤིས་ཤོག །ཇི་ལྟར་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་དུང་། །ན་ར་ཡ་ནར་དུང་སྒྲ་བསྒྲགས་པ་ལྟར། །བུ་ཁྱོད་དམ་པའི་ཆོས་སྒྲ་རབ་བསྒྲོགས་ཤིང་། །འགྲོ་བ་འདྲེན་མཛད་དེང་འདིར་བཀྲ་ཤིས་ཤོག །ཆོས་རྣམས་ཐམས་ཅད་གཟུགས་བརྙན་ལྟ་བུ་སྟེ། །སྨིག་རྒྱུ་ལྟ་བུར་ཡང་དག་རྟོག་པའི་མཐུས། །མ་རིག་མུན་སེལ་ཡེ་ཤེས་ཐོབ་གྱུར་ནས། །དངོས་གྲུབ་མཆོག་ཐོབ་དེང་འདིར་བཀྲ་ཤིས་ཤོག །ཇི་ལྟར་གླང་པོ་ཆེན་པོ་ཨ་གསྟིས། །འགིའ་ཝང་སྲོག་གི་དབང་པོར་གྱུར་པ་ལྟར། དེ་བཞིན་བུ་ཁྱོད་ཆོས་སྲོག་འཛིན་གྱུར་ནས། །དངོས་གྲུབ་མཆོག་ཐོབ་དེང་འདིར་བཀྲ་ཤིས་ཤོག །ཇི་ལྟར་རྒྱུ་དང་ས་བོན་ཆུང་དུས་ལས། །འབྲས་བུ་ཆེར་སྨིན་ཤིང་རྟོག་བིལྦ་ལྟར། །དེ་བཞིན་བསོད་ནམས་རྒྱུ་ཚོགས་ཆུང་དུས་ལས། །འབྲས་བུ་བླ་མེད་བྱང་ཆུབ་ཐོབ་པར་ཤོག །གཙུག་ཏོར་སྤྱན་ལྗགས་གོ་ཆས་བསྐུར། །ལག་གཉིས་བཅིངས་ཏེ་གུང་གཤིབས་བསྒྲེང་། །མཛུབ་གཉིས་བཀུག་སྦྱར་གཙུག་ཏོར་རོ། །ན་མ་ས་མན་དྷ་བུད་དྷ་ནན། ཧཱུྃ་ཧཱུྃ་ཧཱུྃ། ལག་གཉིས་བཅིངས་ཏེ་གུང་སྲིན་ལག །བརྐྱང་སྟེ་མཐེ་བོ་ནང་བཅུག་མིག །ན་མ་ས་མན་ཏ་བུད་དྷ་ནན། ག་ག་ན་བ་ར་ལ་ཀྴ་ན། ག་རུ་ན་མ་ཡ། ཏ་ཐཱ་ག་ཏ་ཙ་ཀྵུ་སྭཱ་ཧཱ། ལག་གཉིས་ཐལ་མོ་ཁོང་སྟོང་སྦྱར། །མཛུབ་གཉིས་དཀྲིས་ལ་སྲིན་ལག་གཏུག །མཐེ་བོང་གཉིས་གཤིབས་ལྗགས་སུ་བཤད། །ན་མ་ས་མན་ཏ་བུདྷ་ནན། །ཏ་ཐཱ་ག་ཏ་ཛི་ཧེ་སརྦ་དྷརྨ་པྲ་ཏི་ཏིཥྛ། ལག་པ་གཉིས་ནི་ཁོང་སྟོང་སྦྱར། །མཛུབ་གཉིས་ངོས་ནས་དཀྲིས་པ་ནི། །གོ་ཆའི་ཕྱག་རྒྱ་ཞེས་སུ་བཤད། །ན་མ་ས་མན་ཏ་བུད་དྷ་ནན། པྲ་ཙན་དྷ་བཛྲ་ལ་ཡ་བི་ར་ཧཱུྃ། དེ་ནས་སློབ་མའི་ཐོག་དག་ཏུ། །གདུག་མཛེས་གསེར་གྱི་ཡུ་བ་ཅན། །ཐེག་ཆེན་ཆོས་ཀྱི་ངོ་བོ་སྟེ། །ཉོན་མོངས་གདུང་བ་སེལ་བྱེད་པའི། །དབང་མཆོག་དམ་པའི་དབང་བསྐུར་རོ། །སུམ་ཅུ་རྩ་ལྔས་ལེགས་དབང་བསྐུར། །དེ་ནས་དག་པ་སྒོ་བཞི་ནས། །སྒྲ་ཡི་རྗེས་སུ་ལེགས་སྦྱར་ཞིང་། །བློ་དང་ལྡན་པས་སྨོན་ལམ་གདབ། །ཤར་ཕྱོགས་སྒོ་ལ་བུརྦ་བསྡུ། །སྔོན་དང་ཐོག་མ་པུ་རྦ་བསྡུ། །དེ་མཐུན་རྡོ་རྗེ་སེམས་ལ་སོགས། །སྒྲིབ་གཉིས་བྱང་བས་ཚོགས་གཉིས་རྫོགས། །དེ་བཞིན་སློབ་མ་ཚོགས་རྫོགས་ནས། །མེ་ལོང་ཡེ་ཤེས་ཐོབ་པར་ཤོག །ལྷོ་སྒོ་ད་ཤི་ན་བསྡུའོ། །སྦྱིན་གནས་ལ་ཡང་ད་ཤི་བསྡུའོ། །ནུབ་སྒོ་བས་ཙི་མས་བསྡུའོ། །ཕྱི་མའི་མ་འོངས་པས་ཅིས་བསྡུ། །བྱང་སྒོ་ཨུ་ད་ར་མ་བསྡུ། །ཐུགས་རྗེ་གཟུངས་ལ་ཨུ་ད་བསྡུ། །གོང་གི་རིགས་དང་ཡེ་ཤེས་འདྲ། །སྔོན་གྱི་སྨོན་ལམ་དོན་བསྟན་པ། །དྲི་མ་མེད་པའི་དཔེ་བཞིན་ནོ། །དཀྱིལ་འཁོར་རང་བཞིན་ལྷ་དག་ཀྱང་། །ཅི་རིགས་པར་ནི་བསྟན་པར་བྱ། །ཏནྟྲ་རྒྱ་མཚོ་དབྱིངས་ཀྱི་གཏིང་རུམ་ནས། །དོན་མཆོག་ཆ་ཤས་བཏུས་པའི་ཉིང་ཁུ་སྟེ། །སྦྱོར་བའི་ལམ་རྒྱུད་ཕྱོགས་འགའ་འགྲེལ་པ་ཡིས། །མཆོག་ཐོབ་རྣམ་སྣང་མཛད་ཀྱི་ཞལ་མཐོང་ཤོག །རྒྱ་གར་གྱི་མཁན་པོ་སྟི་ར་མ་ཏིས། །ཡོ་གའི་གཞུང་རྒྱུད་ཕྱི་ནང་ལས། །ངེས་དོན་མདོར་བསྡུས་ཏེ་མཛད་པ། །རྒྱན་དམ་པའི་ལེའུ། བམ་པོ་གཅིག་ཏུ་བྱས་པ་རྫོགས་སོ།། །།ཅོག་རོ་ཀླུའི་རྒྱལ་མཚན་གྱིས། སྐད་ཕྱི་མོ་དང་མཐུན་པའོ། །མངྒ་ལམ།། །།པེ་ཅིང་བསྟན་འགྱུར་ལས་བཤུས།

སྒྱུ་འཕྲུལ་དྲྭ་བའི་ལམ་དེ་ཁོ་ན་ཉིད་ངེས་པར། བི་མ་ལ།

སྒྱུ་འཕྲུལ་དྲྭ་བའི་ལམ་དེ་ཁོ་ན་ཉིད་ངེས་པར་བསྡུས་པ་བཞུགས། །བཅོམ་ལྡན་འདས་རྡོ་རྗེ་ཐུགས་ལ་ཕྱག་འཚལ་ལོ། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་མཆོག་ལས། །བསྐལ་མཆོག་དབང་མཆོག་ལྔ་ལྡན་པའི། །དམ་པའི་ཡུལ་ལྔ་མཐོང་གོམས་མཐར། །བྱེད་ཕྱིར་མཚན་ཉིད་གསུམ་བརྗོད་བྱའོ། །ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་འགྱུར་བདེ་གཤེགས་རིགས། །ཡན་ལག་འབྱུང་བའི་གཞི་རུ་བཀོད། །བསྒྲུབ་པའི་རྣལ་འབྱོར་རྒྱུད་བཤད་པ། །དབང་པོ་ཡུལ་དུ་སྣང་བ་ཀུན། །ཡུལ་རྣམས་ཡོད་པ་མ་ཡིན་ཏེ། །ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་བའོ། །དང་པོ་པ་ཡི་རྟག་བཞི་རུ། །དེ་བཟོང་འཚོལ་དང་འཕེལ་རིམས་དང་། །ངེས་པ་གསུམ་དང་ཐོག་མའི་ཚེ། །སོ་སོ་རྟོགས་རྒྱུ་གཞུང་ཐོས་པའི། །དབང་མཆོག་ཚིག་ཡུལ་བྱས་ལ་བརྟེན། །ཕྱེད་པས་རྒྱུ་བྱས་བསམས་ཐོག་ཚེ། །གཞུང་ལས་གྲགས་པའི་གཏན་ཚིགས་ལྔ། །སྔོན་བྱུང་རྗེས་སོགས་ལས་ཉིད་དང་། །མི་མཐུན་མཐུན་པའི་གཏན་ཚིགས་ཞེས། །དེས་ན་རང་སྤྱི་མཚན་ཡུལ་ལ། །བཤེས་གཉེན་བདག་པོ་རིམ་འདི་ཟག །དང་པས་འདོད་དང་བག་ཆགས་རྒྱུ། །ཤེས་རབ་སྤྱན་མཆོག་རང་རིག་ཉིད། །གདོད་ནས་ཤེས་རབ་ལྔ་ཡིས་མཚུངས། །གཅེས་སྨོས་ལ་སོགས་ལྷན་ཅིག་འདོད། །དེ་དག་སྒོ་ནས་འཚོལ་བྱེད་པ། །ཀུན་ཏུ་རྒྱུ་ཞིང་འདོད་སྨོན་བྱེད། །དེ་ཡིས་གཟུང་འཛིན་སྤྱོད་ཡུལ་མཐའ། །ཡོད་མེད་ལུང་དུ་མ་བསྟན་ལ། །ཚོལ་ན་སྐྱོན་གསུམ་འདུ་མི་སྙེད། །དེ་དག་མི་འདོར་བྲལ་ལ་ཚོལ། །འོན་ཀྱང་གཉིས་རྫོགས་གཉིས་མེད་དོན། །ཀུན་ཡིན་གང་ཀྱང་མིན་པའི་ཕྱིར། །ཕྱོགས་བྲལ་ཕྱོགས་བདག་བསམ་བརྗོད་འདས། །ཐམས་ཅད་མཁྱེན་དོན་བཅོ་ལྔ་གཅོད། །སེམས་ཆོས་ཡེ་ནས་དབྱེར་མེད་ཕྱིར། །བརྒྱད་དྲུག་གཤེགས་པ་ཤེས་རབ་མཆོག །ངེས་པར་ཉིད་དུ་རྒྱལ་བས་གསུངས། །དེ་ཚེ་གཡོ་སྨོན་འཇུག་པའི་ངང་། །ངོ་བོས་འབྲེལ་ཕྱིར་གཞི་ཉིད་ནས། །འདིར་འཇུག་ངེས་པའི་དོན་དུ་རུང་། །ལ་ལ་ཐུན་མོང་ལམ་རྣམས་ནས། །རྐྱེན་རྒྱུས་འདིར་ཞུགས་སློབ་པར་ངེས། །ཁ་ཅིག་སེམས་བརྒྱད་ནས་རྒྱུད་དེ། །སྐལ་པ་ཞིང་གི་རྡུལ་སྙེད་ནས། །ཐུན་མོང་མཆོག་ལམ་སྦྱངས་པས་འཕྲད། །ཐུན་མོང་ས་མཐར་བྱས་པའི་ཚེ། །ཡང་དག་སྐུ་གསུང་ཐུགས་བཅོ་ལྔས། །བྱིན་བརླབས་འཚལ་བར་མོས་སྣང་བས། །འཁོར་ལོས་ས་ལ་འགྱུར་བའང་ངེས། །ཐ་མའི་ཚེ་ན་གསུང་ལྔ་ཡིས། །དངོས་སྟོན་སྔོན་བྱུང་ལམ་ཤེས་བྱ། །རྗེས་སུ་འཇུག་པའི་ཤེས་འཚོལ་ཚེ། །མོས་པ་ཐ་དད་དབང་གིས་ན། །བདེ་གཤེགས་སྐུ་གསུང་ལྔ་མཚུལ་གྱིས། །སོ་སོར་འཚམས་པར་བསྟན་པ་དབབ། །བསྐལ་པ་གསུམ་ན་སྦྱངས་པ་ཡིས། །ཟབ་མོ་གསང་ཐོས་བཟོད་ཐོབ་དེས། །ཆོས་སྐུ་གསུང་གི་ཚུལ་བཞིན་དུ། །བརྗོད་མེད་དོན་གྱིས་བསྟན་ལ་དབབ། །ལོངས་སྤྱོད་རྫོགས་སྐུའི་གསུང་ལྟ་བུ། །དགོངས་དང་བརྡའ་ཡིས་གཏན་ལ་དབབ། །སྤྲུལ་པའི་ཚིག་གིས་གསུང་ལྟ་བུ། །བརྗོད་པ་ཚིག་གིས་མལ་བར་བྱ། །མངོན་པ་བྱང་ཆུབ་གསུང་དེ་བཞིན། །རིག་པ་བརླབས་ཀྱིས་གཏན་ལ་དབབ། །རྡོ་རྗེ་སྐུ་ཡི་གསུང་ལྟ་བུར། །གཉིས་མེད་མཐའ་བྲལ་དོན་གྱི་དབབ། །ལ་ལ་ངོ་བོ་ཉིད་གསུང་ལྟར། །སྣང་སྲིད་མཐོང་ཐོས་ཉིད་ཀྱི་འབེབས། །གསང་བ་སྐུ་ཡི་གསུང་ལྟ་བུ། །དཔྱོད་པ་ཐབས་ཀྱིས་འབེབས་པར་འགྱུར། །ལ་ལ་སྔོན་འབྱུང་བསྟན་པ་བཞིན། །ཇི་བཞིན་དོན་དམ་ངེས་པའི་ཚིག །རང་རྐྱེན་མཚན་མའི་གཏན་ཚིགས་དང་། །ལྡེམ་དགོངས་སྦྱོར་བའི་གཏན་ཚིགས་དང་། །བཀྲི་དང་རྒྱུད་པའི་གཏན་ཚིགས་ཀྱིས། །སོ་སོའི་བློ་ལ་ངེས་བྱེད་ཅིང་། །བརྟག་ཡུལ་ཡོངས་སུ་བཤིག་བྱེད་ཅིང་། །དེ་དག་ལས་ཀྱི་གཏན་ཚིགས་འགྱུར། །དེས་ན་གཏན་ཚིག་དབང་བཙན་པར། །གཏན་ཚིགས་མ་གྱུར་གང་ཡང་མེད། །དེ་ལས་རེ་ཞིག་ཚིག་དབང་དུ། །དངོས་པོར་བརྟན་ལ་འཕེབ་མི་འཕེབས། །དབབ་མེད་སྟོན་པའང་དེ་ཡིན་ཏེ། །མཐོང་སྙེད་བྱེད་ཕྱིར་དགོས་ཡོད་ལ། །སོ་སོར་རྟོག་པའི་ཡུལ་དུ་འགྱུར། །འཚོལ་ཚེ་དགོས་ཕྱིར་དེ་ལྟར་ངེས། །དེ་ལ་ཅིག་ཤོས་ཐུན་མོང་མཆོག །ཐུན་མོང་གྲགས་པ་རྣམ་བཞི་སོགས། །ཐུན་མོང་མིན་པ་རྣམ་པ་གཉིས། །ཚིག་དོན་མཐུན་པར་འབེབས་པ་དང་། །གཏན་ཚིགས་དོན་ཚིག་མི་མཐུན་པས། །གཏན་ལ་འབེབས་པར་བྱེད་པའོ། །དང་པོ་ཐ་སྙད་གཏན་ལ་འབེབས། །དེ་བཞིན་ཉིད་འབེབས་དག་མཉམ་རྟོགས། །བདེན་བདག་གཉིས་མེད་ལ་སོགས་པའོ། །གཉིས་པ་ཅི་ཡང་མ་ཡིན་ལ། །ཅི་ཡང་ཡིན་དང་གྲུབ་མ་གྲུབ། །དེ་སོགས་དོན་འདོད་ཅི་ཡང་མིན། །ཕྱིར་ཡིན་ཕྱིར་གྲུབ་ཕྱིར་མ་གྲུབ། །ཕྱིར་བརྗོད་གཏན་ཚིགས་ལ་སོགས་པས། །མི་འདྲ་བ་བལྟོས་རྒྱུ་ངོ་བོ་ཕྱིར། །དེ་དག་གཏན་ཚིགས་འགྱུར་བར་ངེས། །དེ་ཡང་སྐབས་འདིར་དེ་ལ་བརྟེན། །དེ་དེས་ཡུལ་དང་ཤེས་པ་དང་། །འདས་འཁོར་ལྷང་པ་ཤིག་བྱ་བ། །མེད་ན་མི་འབྱུང་ཚུལ་ཉིད་དང་། །དེ་མ་གྲུབ་པས་དེ་ལྡོག་དང་། །སྣང་བ་རང་སྣང་ཐབས་ཆེན་དེ། །སྣང་བཞིན་མ་གྲུབ་ཤེས་རབ་ཉིད། །བར་མ་སེམས་རྟོགས་རྣམ་པར་ཟད། །ལྔ་བཞི་གཉིས་སོགས་སྔ་ཕྱི་འཕེལ། །ལམ་གྲངས་འཕེལ་བའང་འདིར་ཤེས་སྟེ། །སྐབས་སྐབས་ཉིད་དུ་ཐེ་ཚོམ་མེད། །དེ་མཐར་བཞི་མཐར་རྡེང་ལྡན་པས། །དབྱིངས་དང་རིག་པ་གཉིས་མེད་པར། །དེ་བཞིན་ཉིད་དུ་རྡོ་རྗེས་རིག །གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་དེར་སྣང་ངོ་། །བྱང་ཆུབ་སེམས་སྣང་ཐམས་ཅད་ནི། །ཤིན་ཏུ་བརྟག་དཀའ་གཏིང་ཟབ་པས། །མ་དམིགས་མི་དམིགས་དམིགས་སུ་མེད། །སེམས་ཉིད་དེ་ནི་ཇི་ལྟ་བུར། །བྱང་ཆུབ་དེ་ནི་སེམས་ཡིན་ནོ། །སེམས་དང་བྱང་ཆུབ་དབྱེར་མེད་པས། །སེམས་ཅན་མ་ལུས་ཐམས་ཅད་དང་། །དུས་གསུམ་ཆོས་རྣམས་ཐམས་ཅད་དང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་དང་བྱང་ཆུབ་ཉིད་དུ་འུབ། །ཡངས་ཤིང་རྒྱ་ཆེ་ལྷུན་གྲུབ་ནི། །ཕྱི་ནང་སྣོད་བཅུད་ཡེ་ནས་དག །དག་རྟོགས་ཉིད་ཀྱང་དབྱིངས་ཉིད་ཡིན། །འདི་ནི་རྡོ་རྗེ་མཉམ་ཡིན་ནོ། །བྱང་ཆུབ་སེམས་ཞེས་བརྗོད་པ་ནི། །གང་ནས་མ་འོངས་གར་མ་འགྲོ། །རྟོགས་མེད་རང་རིག་ཁོ་ན་ཙམ། །སངས་རྒྱས་སེམས་ཅན་སེམས་ལ་གནས། ། །མཉམ་པའི་དོན་ཉིད་ཇི་ལྟ་བུ། །མཉམ་ཉིད་རང་བཞིན་གང་ཡང་མིན། །མཉམ་དང་རྟོག་པ་གཉིས་ཀ་མེད། །ཐམས་ཅད་ལྷུན་གྱིས་གྲུབ་པ་དང་། །སྒྱུ་མ་མིག་ཡོར་ཚུལ་ཤེས་པ། །གཉིས་ཀ་རང་རིག་ཉིད་དུ་འདུས། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རང་བཞིན་ཡེ་ནས་དག་པ་ཡིས། །སུས་ཀྱང་མ་བྱས་ངང་གིས་གསལ། །མ་ཆགས་པདྨ་འདྲ་བ་ཡི། །ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ན། །ཀུན་དང་ཐུན་མོང་དེ་མ་ཡིན། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་དེ། །སྐྱེས་བུ་བློ་རྩལ་རབ་ཀྱིས་རྟོགས། །ཐམས་ཅད་མ་ལུས་ཅིག་པའི་ངང་། །ལྟ་དང་ལྟ་བར་བྱར་མེད་པའི། །ཡེ་ཤེས་སྒྲོན་མར་སྦྲེང་བ་ནི། །ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མཐོང་། །ཐམས་ཅད་མ་ལུས་དོན་འབྱུང་བ། །ཚིག་གིས་མཚོན་ལས་གུད་ན་མེད། །སྒྲ་ཉིད་དོན་གྱི་དངོས་པོ་མེད། །དོན་ཉིད་སྒྲ་ལས་གུད་ན་མེད། །སྒྲ་དང་ཚིག་ཏུ་བརྗོད་པ་ནི། །ཡང་དག་དོན་གྱི་སྙིང་པོ་འབྱིན། །མིང་ཚིག་སྒྲ་ལ་མ་བརྟེན་པར། །བློ་ཡིས་གཏིང་དུ་གོ་བར་བྱོས། །དངོས་གྲུབ་མཆོག་གི་སྙིང་པོ་ནི། །དང་པོ་དོན་རྟོགས་མཐའ་མི་གཏོང་། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་ཕྱིར། ། སྐྱེ་བར་བགྲངས་ཀྱང་ལྷུན་མི་འགྱུར། །ཚང་དཔོན་ལམ་མཐའི་བསམ་པ་བཞིན། །བསྒྲུབ་པའི་རིགས་འདི་རིགས་འཛིན་བཞི། །ཤེས་རབ་དང་པོ་སྨོས་པ་གསུམ། །བར་དུ་རྒྱུ་མཚམས་འབྲས་བུ་གཉིས། །བར་ཚད་མེད་སྦྱོར་ཤེས་རབ་རིམས། །མཐའ་གསུམ་ཀུན་འགྲོ་མི་གཡོ་དང་། །མཐར་ཕྱིན་ཤེས་རབ་རིམས་ཤེས་དགོས། །བདག་ཉིད་མི་མཐོང་ཤེས་རྒྱུད་ལ་འབྱོངས་པ། །གཞན་དུ་འཚོངས་ཤིང་རྨོངས་པའི་སེམས་ཅན་གྱིས། །བསྟན་ཀྱང་མ་ཐོས་མཚོན་ཀྱང་མ་མཐོང་པས། ། བདག་དང་གཞན་དུ་འཚོལ་བས་སངས་མི་རྒྱ། །མ་གཡོ་བཀོད་པ་བསྲུང་པར་རོལ། །མཛད་པ་གནས་སྟོབས་རིམ་དོན་གཉེར། །འཆིང་ཟློས་ཏིང་འཛིན་དཀྱིལ་འཁོར་དང་། །དམ་ཚིག་འཕྲིན་ལས་སྦྱོད་པ་དང་། །མཆོད་པ་དབང་དང་བསྒྲུབ་པ་དང་། །ཕྱག་རྒྱ་སྔགས་ཀྱིས་ལྟ་བ་རྣམས། །ཤེས་རབ་མཆོད་བྱའི་ཚིག་ཙམ་མིན། །དེ་བས་ལམ་འདི་བྱེ་བྲག་མཐོང་། །ཐིག་ལེ་ཆེན་པོའི་རང་བཞིན་ལ། །བསྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། །དེ་ཉིད་མ་བཅོས་མི་གཡོའི་ཕྱིར། །དེ་ནི་དེ་བཞིན་ཉིད་ཀྱི་དབྱིངས། །དེ་ཉིད་ཀུན་གསལ་ཡེ་ཤེས་ཕྱིར། །དེ་ནི་ཀུན་ཏུ་སྣང་གི་ངང་། །འབྲས་བུའི་ཆོས་རྣམས་ཀུན་དངོས་ཕྱིར། །དེ་ནི་རྒྱུ་ཡི་རིམ་པར་ལྡན། །རང་རིག་བྱང་ཆུབ་དཀྱིལ་འཁོར་དང་། །ཐམས་ཅད་ཀུན་ལ་འཁྱོལ་བར་གནས། །གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱིས་གནས། །གཞལ་ཡས་ཁང་དང་དཀྱིལ་འཁོར་དང་། །ཁྲོ་ཚོགས་འདུ་འཕྲོ་མང་པོ་དང་། །སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིན། །དམ་ཚིག་དམ་ཚིག་ཞེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་ལྟ་བ་དམ་ཚིག་ཡིན། །སྡོམ་པ་རྣམ་པ་བཅུ་གསུམ་དང་། །སྤྱིའི་དམ་ཚིག་མཐའ་ཡས་པ། །ཐིག་ལེ་ཆེན་པོའི་ངང་དུ་གསལ། །བྱ་བ་མེད་པའི་ཚུལ་གྱིས་སུ། །ཀུན་ལ་ཐོགས་པ་མེད་པར་སྤྱད། །བཞི་ཡི་ལས་དང་གཅིག་པོའང་། །ཐིག་ལེ་ཆེན་པོའི་ངང་དུ་གསལ། །དངོས་པོར་ཞེན་བཅོམ་བདག་དབང་བསྡུས། །བདུན་རྒྱས་ཟུག་ངུ་གཉིས་ཞི་མཐོང་། །སྤྱོད་པ་རྣམ་པ་གཉིས་པོ་ཡང་། །ཐིག་ལེ་ཆེན་པོའི་ངང་ངེས་ཕྱིར། །ཅིག་ལ་མི་གནས་ཀུན་ལ་སྤྱོད། །སྤྱོད་པར་བྱེད་དང་སྤྱད་པར་མེད། །མཆོད་པའི་བརྒྱན་དང་ལོངས་སྤྱོད་ཀུན། །བྱ་བྱེད་གཉིས་རྣམས་ལས་དེ་ཡང་། །རིག་པ་བྱང་ཆུབ་སེམས་ཆེན་པོ། །ཆོ་འཕྲུལ་ཆེན་པོའི་ངང་དུ་འདུས། །བདག་ཉིད་ཆེན་པོའི་ཡེ་ཤེས་ལས། །དབང་ལྔ་མ་བཙལ་དུས་ཅིག་རྫོགས། །ཐོབ་བྱ་ཐོབ་བྱེད་ཐོབ་བྱས་པ། །རིགས་ཕྱིར་གཞན་ནས་ཐོབ་པ་མེད། །བསྒྲུབ་མེད་སྤངས་མེད་ཆོས་ཉིད་དུ། །འགྲོ་མེད་འོང་མེད་དེ་བཞིན་ཉིད། །ཐམས་ཅད་གཉིས་སུ་མེད་པ་ལ། །བསྒྲུབ་དང་བསྒྲུབ་པ་ག་ལ་ཡོད། །དཔེར་ན་སྒྱུ་མའི་ཆོ་འཕྲུལ་ལྟར། །དོན་དུ་གཉེར་བའང་ཆུད་པར་བྱས། །བྲག་ཅའི་སྒྲ་དང་ཆུ་ཟླ་བཞིན། །སྒྲ་གཟུགས་མཐའ་དང་བྲལ་བར་རྟོགས། །ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི། །ཕྱོགས་བཅུ་དུས་གཞིར་གཤེགས་པ་ཡི། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །བདག་དང་དབྱེར་མེད་ཕྱག་རྒྱ་ཆེ། །ཕྱག་རྒྱ་བཞི་བཅུ་གཉིས་པོ་ལ། །ཐིག་ལེ་ཉིད་ལས་གཞན་པ་མེད། །སྔགས་ཞེས་རབ་ཏུ་བརྗོད་པའང་། །དོན་དམ་ཀུན་རྫོབ་དབྱེར་མེད་པའི། །མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ། །སྐུ་གསུང་ཐུགས་ཀྱི་ཡི་གེ་ༀ། །དེ་སོགས་ཡི་གེ་བཞི་བཅུ་གཉིས། །རྟག་ཏུ་མཉམ་བཞག་ཕྱག་རྒྱ་ནི། །དུས་གསུམ་ཏིང་འཛིན་ཕྱིར་སྔགས་ཡིན། །རྣམ་པར་དབྱེ་བ་དེ་དག་ཀུན། །ཐོས་བསམ་རྟེན་པ་ལས་བྱུང་དང་། །ཆགས་པ་གཡས་གཡོན་ལམ་ལས་སྐྱེས། །རྒྱུད་པའི་རྣལ་འབྱོར་ལས་སྐྱེས་པ། །སའི་ཆ་ཡིས་ཕྱེེ་བ་ནི། །ནུས་པ་ཐོབ་དང་མ་ཐོབ་ཀྱིས། །མཐོང་ལམ་གཉིས་སུ་གྱུར་པ་ཡིན། །ཟག་ཡོད་ཟློག་པའང་གཉིས་ཡོད་དེ། །མཐུ་ཡིས་ངན་འགྲོ་ལྡོག་མི་ལྡོག །སྔོན་གྱི་ཤེས་འཇུག་བརྒྱད་ལ་ཡོད། །མཐར་ཞེས་འ་འཇུག་ལག་ལ་ཡོད། །སྐབས་གཉིས་མཐར་ཕྱིན་རྣམ་པ་གཉིས། །ཡོད་ཕྱིར་ཅིག་ལ་གསུམ་གསུམ་ལྡན། །དེས་ན་སྤྱི་དང་བྱེ་བྲག་ཤེས། །གོང་གི་དོན་ལྟར་མ་རྟོགས་པའི། །བློ་ངན་མཉམ་པར་ཁུངས་ཕྱུང་ནས། །མ་རྟོགས་ལེ་ལོ་སྙོམས་ལས་བྱས། །དོན་མ་གྲུབ་པར་ངན་སོང་འགྲོ། །སེམས་ཀྱི་མཉམ་པ་མ་གཏོགས་ན། །ཚིག་གི་མཉམ་པ་སངས་མི་རྒྱ། །དེ་བས་དོན་ཚིག་ལྡན་པར་བྱོས། །འོན་ཀྱང་ཐེ་ཚོམ་མེད་པར་འགྲུབ། །བསྒྲུབ་པའི་རྐྱེན་འཇུག་རྣལ་འབྱོར་སྤྱོད། །རྣལ་འབྱོར་རྐྱེན་ཡང་རྣམ་ལྔ་སྟེ། །སྐོར་བདུན་དངོས་ཉིད་རང་རིག་པ། །དོན་དམ་ཀུན་གྱི་རྒྱུ་ཡིན་ཕྱིར། །ལྷག་པའི་རྒྱུ་དེ་དང་པོར་བསྒོམ། །བསམ་བྱ་བསམ་པར་མི་བྱ་སྟེ། །མི་བསམ་པར་ཡང་མི་བསམ་མོ། །འདུ་ཤེས་ཀུན་བྲལ་ཏིང་འཛིན་མཆོག །དེ་བས་རང་སེམས་རྟོགས་བྱས་ཏེ། །ལེ་ལོ་གཡེང་བ་ཡོངས་སྤངས་ཏེ། །ང་དང་བདག་མེད་པར་མཉམ་བསྲུང་། །མཉམ་པའི་དམ་ཚིག་འབྲལ་མི་བྱ། །ཡིད་ཤེས་དེ་བཞིན་ཉིད་མ་དམིགས། །ཅི་སྨོས་འཚོགས་བརྒྱད་སྤྱོད་ཡུལ་རྣམས། །མི་རྟོག་གྱུར་པས་དུས་གཅིག་གསལ། །དེ་ཕྱིར་ཐམས་ཅད་མཁྱེན་སྒོམ་ཡིན། །དེ་ལྟར་རྒྱུ་ལ་རྟེན་པ་ཡིས། །གཉིས་ཕྱིར་འཚམས་སྦྱོར་ཏིང་འཛིན་བསྒོམ། །དེ་ཡང་གཉིས་ཏེ་ཕྱག་རྒྱ་དངོས། །ཕྱག་རྒྱ་ཤེས་མོས་དུས་མིན་ཕྱིར། །མི་སྒོམ་ཅིག་ཤོས་རང་རིག་ལ། །སྡུག་བསྔལ་ཉོན་མོངས་ངང་གིས་མེད། །ཀུན་ཏུ་རང་གསལ་ཡེ་ཤེས་ལ། །གཉིས་མེད་དོན་གྱི་གདུལ་བའི་མཆོག །ཡོངས་གྲོལ་ལས་ཀྱི་སྐྱབས་ཀྱིས་ཕུལ། །དེ་མཐོང་དེ་ལ་ཞེན་པར་བྱ། །དེ་ལྟར་མཐོང་གོམས་སུ་ཡོད་པ། །གཉིས་ལས་གསུམ་གྱི་སྐྱོ་བའང་འབྱུང་། །དེ་ལ་བསྟན་པར་དོན་བསྒྲུབ་ཕྱིར། །འབྲས་བུའི་ཏིང་འཛིན་རིམ་བཞིན་བསྒོམ། །སེམས་ཉིད་ཡི་གེ་ཕྱག་རྒྱ་དང། །སྐུ་ཡི་ངོ་བོ་རང་སྣང་ཕྱིར། །འབྲས་བུ་རྒྱ་ཅིག་སྤྲོས་བསྒོམས་པའང་། །སྔོན་རྗེས་ཅིག་ལ་གོམས་བྱས་པས། །རྣལ་འབྱོར་རིག་པ་དབྱིབས་མེད་འབྲུ། །ཁ་དོག་མེད་པའི་ཁ་དོག་ལྔ། །གང་རུང་ཉིད་དམ་གཙོར་ཧཱུྃ་བསྒོམ། །དེ་ལ་ཁ་དོག་མེད་སྔོ་དབྱིབས། །མེད་པའི་ཐུགས་ཡིག་རང་རིག་ཤར། །བརྟན་ནས་བརྒྱ་གཉིས་རིམ་བརྟན་དང་། །ཡོངས་འགྱུར་རྒྱ་ཆེ་ཞལ་གཅིག་པ། །ཕྱག་གཉིས་ཡན་ལག་ཚང་བྱས་པས། །རང་བཞིན་ཕབ་མཆོད་བཟླས་པར་བྱ། །དེ་གོམ་དྲུག་ལའང་དེ་བཞིན་ནོ། །ཡང་ན་མོས་པས་ཁྲོས་པ་བསྒོམ། །དེ་ཡང་དེའི་ཚུལ་བཞིན་བྱ། །སྤྱོད་ཡུལ་དྲུག་ཉིད་ཕྱག་རྒྱ་ལྡན། །བསྟན་ནས་སྤྲོས་པའི་རྣལ་འབྱོར་ལ། །ཞི་ཁྲོ་གང་ལ་སྔོན་བྱས་པའི། །ཞལ་ཕྱག་གྲངས་དང་ཕྱག་རྒྱའི་གྲངས། །གསུམ་དང་ལྔ་དང་དགུར་རྩ་ཅིག །དགུ་བརྒྱ་ལ་སོགས་ཞལ་ཕྱག་དང་། །རིགས་གསུམ་ལྔ་དང་བཞི་བཅུ་གཉིས། །རིགས་སམ་ཚོམ་བུའི་གྲངས་བཞིན་བསླབ། །གོམས་ནས་ཆུ་ལ་ཉ་ལྡང་ཚུལ། །སྐད་ཅིག་བརྗོད་པས་འོད་དུ་འབར། །སྟོང་གི་དཀྱིལ་འཁོར་མན་ཆད་དུ། །རང་རིག་གསལ་ཤར་མཐར་ཕྱིན་པའོ། །སྟོང་ཁྲི་ཅི་སྨོས་ཚོམ་བུའང་། །ཤིན་ཏུ་བསྟན་ནས་གནས་ཁང་དང་། །ཡོ་བྱད་ལྔ་སོགས་ལྡན་བྱས་ཏེ། །བསྒྲུབ་པ་དུས་ཀྱི་ཚོགས་ལ་སྦྱར། །ཟླ་དྲུག་བཅུ་གཉིས་བཅུ་བཞི་དྲུག །ཁམས་དང་བརྩོན་འགྲུས་ཤེས་རབ་དང་། །ཏིང་ངེ་འཛིན་འབྲིང་མཐར་ཕྱེ་བས། །དུས་དེར་རྣམ་སྨིན་ལུས་དེ་ཉིད། །རྡོ་རྗེ་ལུས་གྱུར་ཚེ་ལ་སྦྱོར། །མི་ལྡོག་ས་ལ་ངེས་པར་ཕྱིན། །ཤེས་རབ་ཏིང་འཛིན་མིན་པ་ཡི། །སྨན་སྔགས་ལ་སོགས་ཚེ་ལས་འཕགས། །ལྡོག་བཅས་བཞི་དང་སྦྱོར་ལམ་དུ། །རྡོ་རྗེའི་ལུས་སུ་མ་གྲུབ་པར། །རྐྱེན་གྱི་ལས་ཀྱིས་ལུས་འཇིག་ན། །སྤྱོད་ཡུལ་གྱུར་ཚེ་རང་རང་གི། །རྣལ་འབྱོར་གསལ་བྱས་སྟོབས་ཆེན་པོས། །ལས་ངན་རྒྱུན་བཅད་འབྲེལ་པ་ཡིས། །བདེ་གཤེགས་སྔགས་དང་བསྐོལ་མི་འགྱུར། །གཉེན་བཤེས་དམ་མཐོང་ལམ་ལ་སྦྱོར། །མདོར་ན་ཤེས་འཇུག་དྲུག་ལའང་། །སྐབས་ཀྱི ས་རྒྱུ་རྐྱེན་འབྲས་གསུམ་ལྡན། །དེ་དེ་དེའང་དགོས་ཆེད་གཉིས། །འཇུག་ཚུལ་གཉིས་ཀྱིས་སྦྱར་བ་བྱེད། །སྤྱོད་པ་རྒྱུན་གྱི་ཚོགས་བསགས་ཕྱིར། །བདག་དང་གཞན་དོན་སྒྲུབ་བྱ་བ། །ཟག་ཟློག་མཐོང་ལམ་བསློབ་བྱེད་པའི། །སྤྱོད་བྱེད་བཅུ་མཐར་འབྱིན་བྱེད་པའོ། །རྣལ་འབྱོར་དང་པོ་བདག་ཕྱི་རུ། །བྱ་བྱེད་མི་དམིགས་ཚུལ་སྤྱོད་པ། །གཉིས་པ་མཚན་ཉིད་བཞི་ལ་རོ། །གསུམ་པ་རྣལ་འབྱོར་ཕྱོགས་ལ་འབད། །བཞི་པ་རྣལ་འབྱོར་སྤྲོས་ལ་སྤྱོད། །ལྔ་པ་དུས་ཀྱི་འཚོགས་ལ་རོལ། །གཞན་ཕྱིར་སོ་སོའི་རྣལ་འབྱོར་གྱིས། །དོན་བྱེད་ཅི་སྨོས་དང་པོ་བཅུ། །གཞན་ལ་སྟོན་ཅིང་བཀྲི་བར་བྱེད། །སྤྱོད་ལྔ་མོས་སློབ་ཅིང་འཛིན་དངོས། །གཉིས་ཀར་གཡེང་མོར་གྲོལ་བར་སྤྱོད། །དབང་སྒྱུར་ཐབས་ཀྱི་སྤྱོད་འདྲ་ཡང་། །རྣལ་འབྱོར་མཐུ་ཡིས་ཁྱད་པར་འགྱུར། །དེ་བཞིན་ལས་བཞི་ཚད་མེད་བཞི། །འཚམ་པར་དུས་ལ་སྤྱོད་པའང་། །ཤེས་རབ་ཏིང་འཛིན་སྟོབས་ཀྱིས་ཕྱེ། །བདག་གམ་གཞན་ཕྱིར་སྤྱོད་ལམ་དུ། །རྣལ་འབྱོར་རིམ་བཞིན་སྒོ་གསུམ་སྡམ། །ལོངས་སྤྱོད་རྣམ་དྲུག་རྣལ་འབྱོར་རིམ། །མཐུན་སྤྱོད་རང་གྲོལ་གཞན་མོས་གཞུག །ལོངས་སྤྱོད་བདེ་བའི་བསོད་ནམས་ཉིད། །ཟིན་ཆགས་བྲལ་བའི་ཡེ་ཤེས་མོད། །དེ་དེ་འདས་ཡི་ཟག་དང་སྦྱོར། །ལམ་བཞིས་ཟག་མེད་སློབ་པར་འགྱུར། །སྙན་གསན་མཐོང་བའི་བསོད་ནམས་དང་། །དབང་དང་རྣལ་འབྱོར་བསྒྲུབ་པ་དང་། །མཆོད་པའི་ཕྲིན་ལས་དཀྱིལ་འཁོར་དང་། །སྦྱིན་སོགས་ཀུན་ལའང་ཚོགས་གཉིས་ཏེ། །སྦྱོང་དང་མ་ཆགས་ཆ་ཡིས་དབྱེ། །རྒྱུན་ཚོགས་གདོད་མཐའ་ལྡན་པར་སྤྱོད། །བདག་ཕྱིར་རྣལ་འབྱོར་གྲོགས་སྤྱོད་པ། །སྤྱོད་ལམ་ཀུན་ཏུ་ཉམས་མི་བྱ། །དེ་ཉིད་གཞན་ཕྱིར་སེམས་སྦྱོང་བ། །དོན་དུ་བྱ་བ་རྣམ་གཉིས་རྫོགས། །དེ་དེ་དེ་ཡི་ནུས་པ་ཅན། །རྣམ་སྨིན་ཚེ་ཡི་ལུས་ཕྱེ་ནས། །ལྷག་མ་ཡོད་མེད་ལུང་བསྟན་པ། །མཐར་ལམ་དངོས་ལ་སྦྱོར་བར་བྱེད། །ཕྱག་རྒྱ་ཅིག་བསྟན་འཕོས་པའང་། །ཁྱུང་དང་སེང་གེ་ཇི་བཞིན་ནོ། །སྤྲོས་ཚོགས་སྐབས་ན་སྨོས་ཅི་དགོས། །ཡིད་ཀྱིས་ལྷ་ཡི་གཟུགས་བསྟན་ཅིང་། །ཕྱག་རྒྱ་སྐུ་ཉིད་གསལ་འགྱུར་བ། །ལྷག་མ་བཞག་པའི་བར་མ་ལ། །དེ་མིན་ཕྱག་རྒྱ་ཆེན་པོར་སྨིན། །ལས་ཀྱི་ལུས་སྣུབས་རྣལ་འབྱོར་སྨིན། །མ་རག་ཆ་ལ་མིང་བཏགས་པ། །སྨིན་པའི་ཡེ་ཤེས་ལུས་སུ་འགྲུབ། །རྒྱ་མིག་རྒྱ་ས་ལྟ་བུའི་ཚེ། །དགོངས་སྤྱོད་འགྱུར་ས་གསུམ་འདྲ་སྤྱོད། །སྔོན་བཞིན་ཚོགས་ཀྱི་དབང་སྒྱུར་རིགས། །འཛིན་སྦྱོང་དེ་ཉིད་ཀྱིས་བསྒྲུབས་པ། །གཞན་གྱིས་བསྐལ་བར་གནས་མོད་ཀྱང་། །བདག་ཕྱིར་བཅུ་དྲུག་ཚུན་ཆད་རྫོགས། །དེ་ཚེ་བསམ་ཡས་ལྷུན་གྲུབ་ལ། །བསྒོམས་མཐོང་སྟོབས་ཀྱི་འཇིགས་དང་བྲལ། །ཤེས་འཇུག་རྒྱུ་རྐྱེན་སྟོབས་ཀྱིས་སྐྱེས། །མཐོང་ནས་གཉིས་མེད་སྐུ་རྫོགས་པ། །མཐར་ཕྱིན་ལྷག་མའི་ལུས་སྨིན་ཏེ། །ཡེ་ཤེས་སྐུ་ལུས་ཉིད་དུ་འགྲུབ། །གཞན་ཕྱིར་སྨིན་དང་སྤྲུལ་པའི་ལུས། །ཐོབ་ནས་ཚོགས་ཆེན་ས་ལ་སྦྱོར། །ཁ་ཅིག་དབང་སྒྱུར་རིགས་ཉིད་ནས། །བཅུ་དྲུག་རྒྱུན་གྱི་སྐུ་ལྔ་རྫོགས། །ཁ་ཅིག་ཕྱག་རྒྱ་ཆེན་པོ་ནས། །བླ་མེད་ཀུན་ཏུ་བཟང་པོར་འགྱུར། །རིན་ཆེན་བཞི་ཡི་རྒྱ་མཚོ་ལ། །ཞོ་མར་མེ་ཡི་སྣང་བྱེད་ལྟར། །ཁ་ཅིག་རྣམ་གསུམ་བགྲོད་པའི་མཐར། །ལྷུན་གྲུབ་རིགས་ལས་རྫོགས་སངས་རྒྱས། །ཤེས་རབ་དབང་ལྡན་རྣལ་འབྱོར་བདག །གཞི་ཅིག་སློབ་པའི་བསམ་ཡས་པ། །རྣལ་འབྱོར་བོགས་ལས་སྐབས་མི་འབྱོར། །མི་ལྡོག་མི་གཡོ་མཐར་ཕྱིན་པ། །ཀུན་འགྲོ་འཇིགས་བྲལ་ཡོངས་རྫོགས་དང་། །རྩལ་རྫོགས་ཐ་མའི་སྦྱོར་ཞེས་བྱ། །བདག་གཞན་ཕྱི་ནང་སྤྱོད་པ་ལགས། །ཚད་མེད་ལ་སོགས་སྤྱོད་པ་རྣམས། །མི་གོས་མོད་ཀྱང་སྒྲིབ་པ་གསུམ། །གོང་འོག་ཆ་ཡིས་དག་པའི་ཕྱིར། །དེ་ཉིད་ལམ་ལ་ཁྱད་པར་འགྱུར། །ཡུལ་དང་ཤེས་པ་མཐོ་དམན་ཡོད། །དེ་བཞིན་མངོན་ཤེས་སྤྱོད་པ་ཡི། །ཆོ་འཕྲུལ་བཞི་རྣམས་འདྲར་ཐོབ་མོད། །རྣམ་གསུམ་ཡུལ་དང་ཞིང་ཁམས་དང་། །བྱིན་རླབས་ལ་སོགས་ཁྱད་པར་འགྱུར། །བདག་ཕྱིར་ཡོངས་སུ་མ་ཆགས་དང་། །ཤིན་ཏུ་མི་གཡོའི་རྣལ་འབྱོར་སྦྱོང་། །ཤེས་རབ་རྩལ་གྱིས་སྤྱོད་པ་ཡིན། །ས་རྣམས་ཡོངས་སུ་འཕར་བར་བྱེད། །དེ་ཡང་དང་པོ་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་སྟེ། །བརྒྱད་པའི་སེམས་པར་སྐལ་པ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོ། །དགོངས་སྤྱད་རྒྱ་མཚོ་ཁྱད་པར་འཕགས། །ལྟ་བའི་སྒྲིབ་པས་ཕྱེ་ཕྱིར་རོ། །མཐོང་བས་ཆད་དུ་ཆོ་འཕྲུལ་སྟོན། །རྣལ་འབྱོར་མི་གཡོ་བཞིན་སྤྲུལ་དང་། །བརྩལ་བ་མེད་པར་ཆོ་འཕྲུལ་མཛད། །དེ་དེ་དེ་ཡིས་ཕྱེ་བ་ཡིན། །དེ་མཐའ་ལྷུན་གྱིས་གྲུབ་པ་དེ། །དྲུག་པའི་རྒྱལ་ཚབ་སྐྱེས་བུ་མཛད། །གསང་བའི་འཁོར་ལོ་ཡང་དག་སྐོར། །ཀུན་ལ་མཐུན་པའི་གཟུགས་སྟོན་ཅིང་། །མཛད་པ་བཅུ་གཉིས་ཆོས་ཀྱང་སྟོན། །སོ་སོ་ཐར་པའི་ལམ་ཡང་སྟོན། །ལས་རྣམས་ཐམས་ཅད་ཀུན་བྱས་ནས། །སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ། །དེས་ན་མཐུ་ཅན་རྣམས་གསུམ་པོ། །སྤྲུལ་པ་ལོངས་སྤྱོད་དྲུག་པ་ལ། །རིམ་པར་ཞལ་མཐོང་ཉན་མོད་ཀྱང་། །གཅིག་གི་སྟོན་པར་གཅིག་གྱུར་པས། །རིམ་པ་བཞིན་དུ་སླར་གྱུར་པར། །ཁྱད་པར་ཆེ་བ་དེ་ལྟར་ཡང་། །སྐབས་ནས་རྫོགས་སངས་རྒྱས་པའང་། །རྒྱུ་དང་དགོངས་དབང་དགོངས་ཕྱེ་བས། །ཁྱད་པར་མེད་པ་དེ་འདྲ་ཡང་། །དེ་ཕྱིར་མཉམ་པར་ལྟ་བ་ཡིན། །དེ་ལྟར་རྣམ་གསུམ་གང་ཞིག་ནས། །ཐམས་ཅད་མཁྱེན་པ་མངོན་བྱས་པའི། །རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དུ། །ཡེ་ཤེས་ལྷ་མོ་རོལ་དབང་གིས། །སེང་གེ་ལྟ་བུའི་གསུང་གོ་བས། །དངོས་པོ་རང་བྱུང་ཡེ་ཤེས་མྱོང་། །རྡོ་རྗེ་འཛིན་པ་སྤྱི་གཟུགས་ཅན། །སྐུ་གསུང་ཐུགས་མངའ་གསུང་རྫོགས་དེ། །བྱིན་བརླབ་བྱིན་དང་བསྟན་པའི་ཕྱིར། །ལྔ་གསུང་ཀུན་གྱི་བསྟན་པ་ཟད། །དེ་ཕྱིར་མུན་པ་རྣམ་གཉིས་སོ། །རྣལ་འབྱོར་ཡེ་ཤེས་སྟོབས་དང་ནི། །རིམ་པ་ཐོབ་པའི་སྟོབས་བཅོམ་པས། །གསང་བའི་ཡེ་ཤེས་ཕྱོགས་བྲལ་རྒྱས། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ངོ་མཚར་འབྲས་བུ་གཞན་མིན་ཏེ། །ཐབས་ལ་བསྟན་པའི་ཤེས་རབ་ཉིད། །དེ་ལྟ་བུའི་ངང་དུ་འབྱུང་། །སྤྱོད་ཡུལ་བྲལ་བས་མ་ཆགས་ཕྱིར། །ཆུ་སྐྱེས་སྤྱན་གྱིས་ས་ཡང་ཐོབ། །ཕུང་སོགས་རང་བཞིན་དཀྱིལ་འཁོར་དེར། །མངོན་བྱས་ཚོགས་ཆེན་ས་ཞེས་བརྗོད། །དེ་ཉིད་རང་བྱུང་འོད་གསལ་བ། །སྔོན་བྱས་ཡེ་ཤེས་བླ་མའོ། །ཀུན་གཞི་མ་བཅོས་སྔོན་བྱས་ཕྱིར། །དེ་བཞིན་ཉིད་དུ་གཤེགས་པའང་། །དྲུག་འགྲོ་བརྒྱད་རྒྱུད་ཐ་དད་ཀྱང་། །རིགས་རྒྱུད་མེད་ཕྱིར་ཤིན་ཏུ་ཅིག །ལྷུན་གྲུབ་མཐའ་བྲལ་གཅིག་པུ་མ་འདྲེས་ཡོངས་རྫོགས་པས། །ཐམས་ཅད་མཁྱེན་ཉིད་བསམ་ཡས་ཀྱང་། །རང་རིག་དེ་བཞིན་ཉིད་དུ་འདུས། །དེ་ཉིད་ཐབས་ཆེན་མ་འདྲེས་ཕྱིར། །ཅིག་དང་དུ་མར་བྲལ་བར་ཅིག །རང་སེམས་ལྷུན་གྲུབ་མཐའ་བྲལ་ཏེ། །གདོད་ནས་ཆ་ཤས་གཉིས་མེད་པས། །མ་འདྲེས་ཡོངས་རྫོགས་སྙིང་པོ་དེ། །མངོན་བྱས་འདྲ་ཕྱིར་ཀུན་ཡང་ཅིག །དུས་བཞི་སེམས་ཕྱིར་ཀུན་བྲལ་བའི། །གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །དེ་ཕྱིར་གནས་དེར་ཀུན་ཀྱང་ཅིག །སེམས་ཉིད་གདོད་ནས་ཆོས་སྐུ་ཚེ། །དེ་བཞིན་ཉིད་ཀྱི་དེ་ཉིད་ནི། །དཔག་མེད་སངས་རྒྱས་ཕོ་བྲང་ཕྱིར། །དེ་ན་ཀུན་བཀོད་དེར་ཅིག་གནས། །འགྲོ་བའི་དུས་ན་རྒྱུད་དྲུག་ཉིད། །རིགས་རྒྱུད་མཚན་དང་གཟུགས་རིགས་མེད། །དེ་ཡང་དེ་ཕྱིར་རྒྱལ་བའི་རྒྱུད། །གནས་འགྱུར་ཆ་གཟུང་ག་ལ་ཡོད། །འོན་ཏེ་ཐམས་ཅད་ཅིག་ཞེ་ན། །གནས་འགྱུར་རྫུན་ཞིང་སྟོང་མཐར་འགྱུར། །དགོས་པ་སྐྱེ་བ་ཀུན་གཞི་སེམས། །གདོད་ནས་རང་བྱུང་ལྷུན་རྫོགས་ཀྱང་། །མཚན་ཉིད་མཐའ་བྲལ་བཀོད་མེད་པའི། །འཁོར་བ་མྱ་ངན་འདས་ཀུན་དངོས། །འདི་བསམ་བྲལ་བ་འདི་འདྲ་མེད། །ཡེ་ཤེས་ལྔ་ཡང་རང་འབྱུང་གི། །ཆ་ལྔ་བརྟགས་ཀྱི་གཞན་པ་མེད། །རྒྱལ་བ་དེ་ཉིད་རིན་ཆེན་ལྟར། །ཀུན་གྱི་སྤྱི་གཟུགས་ཡིན་པའི་ཕྱིར། །རྒྱལ་ཚབ་ལྔ་ལ་རིས་ཡོད་ཀྱི། །ཡང་དག་རྫོགས་སངས་རྒྱས་ལ་མེད། །རྒྱལ་བ་ཀུན་དང་དུས་གསུམ་ཆོས། །བདག་ཕྱིར་ཀུན་ཕྱི་སྤྱི་གཟུགས་ཅན། །ཆ་གཉིས་ཡོད་པར་གང་གིས་རུང་། །ཡོད་ན་བདག་ཉིད་ཆེན་པོ་རྫུན། །ཉི་ཟེར་ཉི་མའམ་ཤིང་མེ་བཞིན། །ངོ་བོ་ཅིག་ལ་ཡེ་ཤེས་རྒྱུད། །སོ་སོ་ཡིན་ན་སྤྲུལ་པའང་། །གདུལ་བྱ་ཅིག་ལ་མཐུ་གནས་པ། །སེམས་དཔའ་ཆེ་དང་ཁྱད་མེད་འགྱུར། །སྤྱན་དྲངས་བྱོན་དང་མ་བྱོན་འབྱུང་། །གཞི་དོན་ལུང་རིགས་ཀུན་དང་འགལ། །ཐུགས་རྗེས་འབྲེལ་པས་རིགས་ཚད་འགྱུར། །དེ་ཕྱིར་ཤིང་མེ་དཔུང་ལྟ་བུར། །ཡེ་ཤེས་སྟོན་པས་བཀྲི་གྲང་ཕྱིར། །རུང་གི་ཡན་ལག་ངེས་པར་མེན། །དེ་བས་སངས་རྒྱས་ཡང་སངས་རྒྱས། །ལོག་པས་རྟོགས་རྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་ཞན་ཕྱིར། །ཐུགས་རྗེ་ཆེན་པོ་འབྲེལ་པ་ཡིས། །འགྲོ་དྲུག་དུ་གནས་མ་ལུས་གནང་། །མཐོ་དམན་ཀུན་གྱི་གཟུགས་གནང་དང་། །བླ་མེད་བྱང་ཆུབ་སྐུ་སྣང་བ། །མེ་ལོང་ལྟ་བུའི་ཚུལ་བཞིན་དུ། །སྣ་ཚོགས་ཁ་དོག་དབྱིབས་སུ་སྣང་། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །བྱང་ཆུབ་སྙིང་པོའི་ངང་ཉིད་དུ། །མཁའ་ལ་འཇའ་སྣང་མ་འདྲེས་ཅིག །དེ་ཕྱིར་ཡུལ་མེད་ཐམས་ཅད་མཁྱེན། །དཔག་བསམ་ཤིང་དང་རིན་ཆེན་ལྟར། །རྟོག་པ་མེད་པར་རེ་བ་སྐོང་། །ཉི་ཟླ་ཆུ་དང་གཟུགས་བརྙན་ལྟར། །འགྲོ་འོང་མེད་པར་ཀུན་ལ་སྣང་། །སྐུ་གསུང་ཐུགས་ཀྱི་བྱེ་བྲག་རྣམས། །ཇི་ལྟར་འཚམ་པར་གྲོལ་བར་བྱེད། །ཐུགས་རྗེས་འགྲོ་བའི་སེམས་ལ་སོན། །དུས་གསུམ་ཀུན་ལ་སྙོམས་པར་ཞུགས། །འགྲོ་བ་ལམ་ལོག་ལམ་གཏོང་ཞིང་། །དབང་པོ་ལྔ་བྲལ་གཅོད་སྙིང་གིས། །ཟིན་ཕྱིར་ལམ་མཆོག་སྨན་ཆེན་འདི། །བསྡུས་པ་མཐའ་ཡས་རྒྱས་པར་ཤོག །སྒྱུ་འཕྲུལ་དྲྭ་བའི་ལམ་བཤད་པ། །སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། །