Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཅིག་པ།


   
   
   
   
   
   
སྦྱིན་སྲེག་གི་མན་ངག་ཁོང་དོན་དཀྲོལ་བ་ནོར་བུ་ལུགས། སློབ་དཔོན་བི་མ་ལ་མི་ཏྲ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྦྱིན་སྲེག་གི་མན་ངག་ཁོང་དོན་དཀྲོལ་བ་ནོར་བུ་ལུགས། སློབ་དཔོན་བི་མ་ལ་མི་ཏྲ།next

སྦྱིན་སྲེག་གི་མན་ངག་ཁོང་དོན་དཀྲོལ་བ་ནོར་བུ་ལུགས། སློབ་དཔོན་བི་མ་ལ་མི་ཏྲ།

སྦྱིན་སྲེག་གི་མན་ངག་ཁོང་དོན་དཀྲོལ་བ་ནོར་བུ་ལུགས་ཞེས་བྱ་བ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་གི་མན་ངག་བསྡུས་པ་ནོར་བུ་ལུགས་སུ་བསྟན་ཏེ། སྦྱིན་སྲེག་གི་དོན། རྣམ་གྲངས་དང་། ངེས་ཚིག་དང་། ཡོན་ཏན་དང་། གསུམ་དུ་བསྟན་པ་ཡང་། ཐུན་མོང་གི་སྐབས་ཙམ་སྟེ། དེའི་དོན་རྣམ་གྲངས་ཀྱི་རྗེས་སུ་ངེས་ཚིག་དང་ཡོན་ཏན་བསྟན་ནོ། །དང་པོ་རྣམ་གྲངས་ཕྱི་ནང་གསང་བ་གསུམ་མོ། །ཕྱི་ལ་ཡང་རང་བཞིན་དང་། ཐུགས་རྗེ་ཆེན་པོ་དང་། ལྷག་པ་གཟུགས་བརྙན་ནོ། །དེའི་དོན་ཅིའི་ཕྱིར། ཕྱི་ཞེས་བྱ་ཞེ་ན་སྒོ་སྒོ་ནས་བསྟན་ཏེ། རང་བཞིན་ནི་ངོ་བོ་ཉིད་དག་ཀྱང་སྤྱོད་ཡུལ་རྣམས་ཡོངས་སུ་དག་པར་མ་བྱས་པའི་ཕྱིར་ན་ཕྱི་ཞེས་བྱའོ། །ཐུགས་རྗེ་ནི་འབྱུང་འཇུག་མེད་ཀྱང་གདུལ་བྱ་ལ་ཕྱི་རོལ་དུ་སྐྱེ་བ་ལྟར་སྣང་བའི་ཕྱིར་རོ། །ལག་པ་གཟུགས་བརྙན་ནི་དབང་པོའི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་རོ། །རྒྱས་པར་ཕྱེ་ནས་འཆད་དོ། །དེ་དག་ཀྱང་ཆོས་གསུམ་པོ་དེས་ཕྱི་རོལ་དུ་ཞེས་བྱ་བ་དང་གཏན་ཚིགས་གཅིག་གིས་གསུམ་ཀ་འགྲུབ་པ་ཡིན་ནོ། །ཅིའི་ཕྱིར་མཚན་ཕྱིའི་ཧོཾ་མམ་སྦྱིན་སྲེག་ཅེས་ཤེ་ན། ཧོམ་དུ་བསྟན་པའི་རང་བཞིན་ནི་ངོ་བོ་ཉིད་ཀྱིས་མཐའ་བསྲེགས་ནས་བྲལ་བ་སྟེ། ཐབས་དང་ཤེས་རབ་ལྡན་པ་ལས། །མཚན་མའི་སྤྲོས་པ་ངང་གིས་མེད། །ཅེས་གསུངས་སོ། །ཐུགས་རྗེ་ནི་གདུལ་བྱའི་རྒྱུད་ཀྱི་ལས་སྒྲིབ་བསྲེག་སྟེ། སྣ་ཚོགས་འབྱུང་ཞིང་འོད་འཕྲོ་འབར། །ཐུགས་རྗེའི་བྱིན་རླབས་རྨད་པོ་ཆེ། །འགྲོ་བ་སྣ་ཚོགས་དོན་བྱེད་པ། །འདི་ནི་བྱང་ཆུབ་མཆོག་ཏུ་གསུངས། །ཞེས་སྟོན་ཏོ། །ལྷག་པ་གཟུགས་བརྙན་གྱིས་ནི་རྫས་སྲེག་སྟེ་འོག་ནས་ཁས་ལེན་ཏོ། །སྦྱིན་སྲེག་ཏུ་བསྟན་པ་ནི། འོག་ནས་དེའི་ཕྱིར་སྦྱིན་གཉིས་རྟོགས་དང་ཐོབ་ཅེས་པ་དག་གིས་བསྟན་ཏེ། རང་བཞིན་དང་ཐུགས་རྗེས་བྱིན་རླབས་རྟོགས། ལྷག་པ་གཟུགས་བརྙན་གྱིས་རྫས་རྟོགས་པ་སྟེ། སྦྱིན་བདག་ལྟ་བུ་ཡང་ཡིན། །ཐོབ་པ་ནི། ཆུ་དང་ཉི་ཟླ་ཚུལ་དུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་རང་བཞིན་ཐུགས་རྗེས་གཞན་ལ་སྣང་ལ། གཟུགས་བརྙན་གྱིས་གཉིས་ཀ་ལ་སྣང་བར་བྱེད་པས་ཐོབ་སྟེ། སྦྱིན་གནས་ལྟ་བུ་ཡང་ཡིན་ལ། འདི་ཕྱིར་སྦྱིན་པའོ། །བསྲེག་པ་ནི། རང་བཞིན་ཐུགས་རྗེས་གཞན་གྱི་སྤྱོད་ཡུལ་སྦྱོང་ལ། ལྷག་པ་གཟུགས་བརྙན་གྱིས་གཉིས་ཀ་སྟེ་བཤད་པའི་ཧོམ་བཞིན་དུའང་རུང་ངོ་། །ཁས་བླངས་པ་ནི་ནོར་བུ་ལུགས་སུ་བསྟན་བྱ་བ་ཁོ་ན་ཡིན་ཏེ། སྦྱིན་སྲེག་དེ་དག་གི་དགོས་ཆེད་དང་། སྐབས་གང་དུ་དགོས་པ་དང་། དེ་དག་གི་འབྱུང་ལུགས་དང་། སྐབས་ཀྱི་རྒོལ་ཚིག་བསྟན་པའོ། །དེ་ལ་དགོས་ཆེད་ནི་སྤྱིར་བདག་དོན་དང་གཞན་དོན་ནོ། །དེ་ལ་བདག་དོན་ནི་གཟུགས་བརྙན་སྐབས་སུ་ཚང་ཡང་། གསུམ་ཀ་གཞན་དོན་ཤས་ཆེའོ། །སྐབས་གང་དུ་དགོས་ཤེ་ན། །འདི་ནི་རིམ་པ་གསུམ་དུ་རྫོགས་ཏེ། །རང་བཞིན་ནི་གཞི་མཚན་ཉིད་དང་པོའི་ཆོས་སོ། །ལྷག་པ་གཟུགས་བརྙན་ནི་ལམ་སྟེ་མཚན་ཉིད་བར་མར་རྫོགས་སོ། །འདིར་ནང་དང་གསང་བ་ལཾ་སྟེ་གཉིས་ཀྱི་ཚུལ་དུ་འདུས་སོ། །ཐུགས་རྗེ་ནི་མཐར་ཕྱིན་པ་ཡིན་པས་འབྲས་བུའི་རྒྱུད་རིམ་པའི་མཚན་ཉིད་ཐ་མའོ། །དེ་དག་གི་འབྱུང་ལུགས་ནི། ཧོམ་གསུམ་པོ་འདི་ལས་བྱིན་རླབས་ཅི་ལྟར་འབྱུང་ཞེ་ན། རང་བཞིན་དང་ཐུགས་རྗེ་གཉིས་འབྱུང་ལུགས་དོན་གཉིས་ཀྱིས་འདྲ་ཡང་། བསམ་པས་རྒྱུ་མ་དག་པ་དག་གིས་རེ་ཞིག་དབྱེ་སྟེ། །རང་བཞིན་ལྷུན་གྱིས་གྲུབ་པའི་ངང་ལས་རིག་པ་རང་བྱུང་གི་ཡེ་ཤེས་ཅིར་ཡང་སྣང་བས་དབང་བསྒྱུར་ནས་ཇི་ལྟར་བསམ་པ་ལྟར་ཉིད་དེ། དམིགས་མེད་ཉིད་ལས་དབང་བསྒྱུར་བས། །ཇི་ལྟར་བལྟབ་པ་དེ་ལྟར་སྣང་། །ཞེས་གསུངས་སོ། །ཐུགས་རྗེའི་སྐྱེ་ལུགས་བཞི་སྟེ། རང་བཞིན་ཤུགས་ཀྱིས་སྐྱེ་བ་དང་། །རྟག་པ་རྒྱུན་གྱིས་སྐྱེ་བ་དང་། །ཡུལ་དང་འཕྲད་པ་ལས་སྐྱེ་བ་དང་། །བསྐུལ་ཞིང་གསོལ་བ་གདབ་པ་ལས་སྐྱེ་བའོ། །དེ་ཡང་གདུལ་བྱའི་སྣང་བ་ཙམ་སྟེ་རང་བཞིན་ཤུགས་ཀྱིས་སྐྱེ་བ་ནི་དཔེར་ན་ནོར་བུ་རིན་པོ་ཆེ་དང་འདྲའོ། །དགོངས་པ་ཐམས་ཅད་ལྷུན་གྱིས་གྲུབ་པའི་བྱིན་རླབས་འགྲོ་འོང་མེད་པར་སྣང་བའོ། །དེ་ཡང་ཞགས་པ་ལས། རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ། །སྣ་ཚོགས་ཅིར་ཡང་སྣང་མོད་ཀྱི། །ཀུན་ཏུ་རིན་ཆེན་ལྟ་བུ་སྟེ། །ཞེས་པ་ལ་སོགས་པའོ། །རྟག་པ་རྒྱུན་དུ་སྐྱེ་བ་ནི་དུས་གསུམ་རྒྱུན་དུ་སྐྱེ་བ་སྟེ། དགོངས་འདུས་ལས། ཐུགས་རྗེ་རྒྱུན་དང་བཅས་པའོ། །ཞེས་པ་ལ་སོགས་པས་སྟོན་ནོ། །ཡུལ་དང་འཕྲད་པས་སྐྱེ་བ་ནི་སྒྲིབ་པ་དག་མ་དག་གི་ཁྱད་པར་རོ། །དེ་ཡང་ཞུས་ལན་ལས། དྭངས་བའི་ཆུ་ལ་ཉི་ཟླ་གཟུགས་བརྙན་བཞིན། །ཞེས་པ་ལ་སོགས་པས་བསྟན་ནོ། །བསྐུལ་ཞིང་གསོལ་བ་གདབ་པ་ལས་སྐྱེ་བ་ནི། གསོལ་བ་གདབ་པ་བསྐུལ་བ་ལ་སོགས་པ་སྐྱེ་བ་ལྟར་སྣང་བ་སྟེ། ཡོན་ཏན་བཅུ་ལས། ཡེ་ཤེས་སེམས་དཔའ་རྗེར་དམིགས་ཏེ། །ཞེས་པ་ལ་སོགས་པས་མངོན་ནོ། །ལྷག་པ་གཟུགས་བརྙན་གྱི་སྦྱིན་སྲེག་གི་བྱིན་རླབས་ནི། གང་ཟག་གི་བསམ་ཤུགས་ཀྱིས་མ་ངེས་ཏེ། དཔེར་ན་མར་མེས་མུན་པ་དྭངས་བ་བཞིན་དང་དུག་འགྱུར་གྱི་རྩི་བཞིན་ནོ། །སྐབས་ཀྱི་སྒྲོལ་ཚིག་ནི། རང་བཞིན་གྱི་ཧོཾ་ལ་ནི། དཔེར་ན་ཉི་མའི་སྙིང་པོ་ལ་མུན་པའི་གཞི་མེད་པ་དང་འདྲ་སྟེ། འཁོར་བ་མ་དམིགས་ན་ཐུགས་རྗེ་གང་ལ་འབྱུང་། ཐུགས་རྗེའི་སྐབས་སུ་སངས་རྒྱས་ནས་རྒྱུད་པ་ཉི་མ་དང་འདྲ་ལ། སེམས་ཅན་གྱི་མ་རིག་པ་ནི་མུན་པ་དང་འདྲ་བ་སྟེ། རིག་པ་དང་མ་རིག་པ་རྒྱ་ཆད་པ་འབྲེལ་བ་མེད་པ་ཐུགས་རྗེ་འབྱུང་དུ་བཏུབ་བམ། ལྷག་པ་གཟུགས་བརྙན་ནི། ལས་དང་པོ་བའི་སེམས་རྒོ་སྐྱ་ལྟ་བུ་དང་འདྲ་སྟེ། ལམ་ལོག་ཅན་དད་པ་མེད་པར་བྱིན་རླབས་བདག་གཞན་ལ་ཅི་ལ་སྣང་ཞེས་འདྲིའོ། །ལན་དུ། རང་བཞིན་དག་པ་ཆེན་པོར་བཞུགས་ཀྱང་། འཁོར་བའི་ཆོས་ནི་མ་བཀག་སྟེ། དཔེར་ན་ཆུ་རྙོག་པ་བདོ་ཙམ་ན་དྭངས་པ་གསལ་བ་གར་ཡང་མ་སོང་སྟེ་རྙོག་པ་ཅན་ཉིད་ལ་ཡོད་ལ། ནམ་མཁའི་ཆོ་འཕྲུལ་སྣང་ཙམ་ན་ནམ་མཁའ་གསལ་བ་ལས་མ་གཡོས་པ་བཞིན་ཏེ། འཁོར་བའི་རྣམ་རྟོག་གིས་རྙོག་སྟེ་སྡུག་བསྔལ་བདོ་ཙམ་ན། དེའི་ངོ་བོ་ཉིད་ལྷུན་གྱིས་གྲུབ་པའི་ངང་ཆེན་པོས་བདག་ཉིད་ཀྱི་འབྲེལ་པ་ཡོད་པའི་ཕྱིར་ཐུགས་རྗེའི་བྱིན་རླབས་འབྱུང་ངོ་། །ཐུགས་རྗེའི་སྐབས་སུ་ལན་གསོལ་པ། རིག་པ་དང་མ་རིག་པ་ཕན་ཚུན་སྤངས་ཏེ་གནས་པའི་འགལ་བ་ཡོད་པ་དང་། ལྷན་ཅིག་མི་གནས་པའི་འགལ་བ་ཡོད་དོ་ཞེ་ན། ཐེག་པ་ཆེན་པོ་འདིར་མ་རིག་པ་ཉིད་རྒྱལ་པོའི་ཕྲུ་གུ་ངོ་བོ་ཉིད་ཀྱི་རྒྱལ་པོ་ལས་མ་གཡོས་པ་འདྲ་བ་ལས་ནོར་ཙམ་ན་མ་རིག་པ་བདོ་ཙམ་ན་ཡང་ངོ་བོ་ཉིད་ཡེ་ཤེས་གསལ་བའི་བདག་ཉིད་ཡིན་པ་དང་། དེ་བཞིན་གཤེགས་པ་ནི་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ས་བོན་ཡིན་པ་དང་རང་རྒྱུད་དག་པ་ཡིན་པས་ཡུལ་དང་བྲལ་ཡིན་པས། རིལ་མི་མཁྱེན་པ་མེད་པས་ཐུགས་རྗེ་འབྱུང་བ་ཡང་འགྲོ་འོང་མེད་པར་འབྱུང་ངོ་། །རྒྱུད་ཉིད་ལས། ལོག་པར་རྟོག་པ་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་པས་ན། །འགྲོ་དྲུག་དུས་ཀྱིས་མ་ལུས་སྣང་། །ཞེས་གསུངས་སོ། །གང་ཟག་ལས་དང་པོ་པའི་བསམ་པ་མི་དམིགས་པ་མི་རྟག་པར་གསུངས་པ་ནི། ཕྱོགས་གཅིག་གིས་དབང་སྟེ། འདི་བསྟན་པ་དང་མ་བསྟན་པ་དང་ཀུན་གྱི་ཐུན་མོང་བས་སྟོབས་ཆེ་ཆུང་ཡོད་ཀྱང་མོས་པ་ཡན་ཆད་ཀྱི་སྟོབས་སྔ་མ་བཞིན་འཆར་བས། རྒྱུད་ལས། མུན་ལས་སྣང་འབྱུང་ཇི་བཞིན་དུ། །ཞེས་པ་ལ་སོགས་པ་དང་། ཡང་དཀར་པོའི་ཚོན་གྱིས་མདོག་བསྒྱུར་ནས་ཞེས་པ་ལ་སོགས་པས་མངོན་ནོ། །དེ་ནི་དཔེར་ན་སྐྱེས་བུའི་ལག་པ་དང་། སྤྲ་བ་རླན་མེད་པ་དང་། མེ་ལྕགས་དང་། རྡོ་ངར་ཅན་འཛོམ་ན་མེ་སྣང་ནས་བྱ་བ་གྲུབ་པ་ལྟར། ལྷག་པ་གཟུགས་བསྙན་གྱི་ཧོཾ་ཐབ་དང་རྫས་དང་ཆོ་ག་དང་ཏིང་ངེ་འཛིན་འཛོམ་པས་དེ་བཞིན་དུ་སྒྲིབ་པ་སྦྱོང་ངོ་། །དོན་གསུམ་པ་ཡོན་ཏན་ནི་རང་བཞིན་དང་། ཐུགས་རྗེས་གཞན་དོན་བྱེད་པ་ཁོ་ནའོ། །ལྷག་པ་གཟུགས་བརྙན་ནི་ལས་བཞི་བྱེད་པ་ཁོ་ན་སྟེ། སོ་སོར་འོག་ནས་ཞིབ་ཏུ་འཆད་དོ། །ནང་གི་ཧོཾ་ལའང་གསུམ་སྟེ། ཏིང་ངེ་འཛིན་དང་། ལྷག་པའི་ཏིང་ངེ་འཛིན་དང་ལོངས་སྤྱོད་པའོ། །དེ་དག་ཀྱང་རྣམ་གྲངས་ཀྱི་དོན་ཏེ། ངེས་ཚིག་ཏུ་དེ་ཅིའི་ཕྱིར་ན། །ཞེས་བྱ་ཞེ་ན། དེ་དག་གིས་བདག་གི་སྤྱོད་ཡུལ་རིལ་སྦྱངས་ནས་མི་དམིགས་པར་རང་རིག་པ་ཉིད། དེ་བཞིན་ཉིད་དང་ལྷའི་དཀྱིལ་འཁོར་དུ་གསལ་བའི་ཕྱིར་ཏེ། གསལ་འགྱུར་ཀུན་ཀྱང་དེ་བཞིན་པའོ། །སྤྱོད་ཡུལ་དག་པས་ནང་དུ་གསུངས། །ཞེས་སོ། །ཧོཾ་ཞེས་པ། བདག་གི་སྤྱོད་ཡུལ་མ་དམིགས་པར་སྦྱངས་ཁོ་ན་སྟེ། སྲིད་གསུམ་སྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །ཅེས་པ་སྟེ། འདི་ལ་ལམ་པའི་དུས་སུ་ཡིད་ཡེ་ཤེས་སུ་གསལ་བས་ན་ནང་གི་ཧོཾ་གསུམ་ཀ་ལ་འཇུག་གོ། །སྦྱིན་སྲེག་ཅེས་ཅིའི་ཕྱིར་བྱེད་ཞེ་ན། སྔ་མ་བཞིན་གཏོང་བ་དང་ཐོབ་པའི་ཕྱིར་ཏེ་མི་དམིགས་པའི་ཏིང་ངེ་འཛིན་གྱིས་ཤེས་རབ་གཏོང་། སྤྲོས་བཅས་ཀྱི་ཏིང་ངེ་འཛིན་གྱིས་བྱིན་རླབས་གཏོང་ངོ་། །ལྷག་པའི་ཏིང་ངེ་འཛིན་གྱིས་ཏིང་ངེ་འཛིན་གཏོང་། ལོངས་སྤྱོད་ཀྱིས་རྫས་གཏོང་སྟེ། །དེ་དག་ཀྱང་མི་འཛིན་པའི་ཕྱིར་གཏོང་བ་ཞེས་བྱ་སྟེ། འཛིན་མེད་བློ་ནི་དོན་གྱི་མིང་། །ཞེས་མངོན་ནོ། །དེས་ནི་སྦྱིན་བདག་ཚང་ངོ་། །ཐོབ་པ་ནི་དེ་དག་གི་སྒྲིབ་པ་དག་པས་མངོན་སུམ་རྣམ་པ་གསུམ་མམ་སྐུ་གསུང་ཐུགས་བྱིན་རླབས་གསུམ་ཆུ་དང་ཟླ་བ་བཞིན་རང་དབང་མེད་པར་བདག་ལ་སྣང་བས་ཐོབ་པའོ། །དེ་དག་གིས་བདག་གི་སྤྱོད་ཡུལ་སྦྱོང་བས་སྲེག་པའོ། །དེ་ལ་དེ་དག་གི་རང་གི་ངོ་བོ་གང་ཡིན་པ་དང་། དགོས་ཆེད་དང་། ལམ་གྱི་སྐབས་སུ་གང་དུ་དགོས་པ་དང་། རྒྱུ་རྐྱེན་དང་། ཚོམ་བསྡུའོ། །དེ་ལ་རང་གི་ངོ་བོ་ནི་དང་པོ་ལ་གཉིས་ཏེ། རང་རིག་ཡེ་ཤེས་རྟགས་ཀྱི་ཧོམ། །ཞེས་པས་རང་རིག་ཡེ་ཤེས་ནི། སྤྲོས་མེད་དམ་རང་རིག་ཤེས་རབ་ཀྱི་ཧོཾ་མོ། །རྟགས་ནི་སྤྲོས་བཅས་ཀྱི་ཧོམ་མོ། །དེ་ལ་སྤྲོས་མེད་ནི་དངོས་པོ་རིལ་གྱིས་མཚན་ཉིད་རང་རིག་པས་གཞལ་བས། ངོ་བོ་སྣང་སྟོང་གི་མཐའ་ཐམས་ཅད་དང་བྲལ་བས་རིག་པ་ལ་ཡང་སྤང་ལེན་འཛིན་ཆགས་ཐམས་ཅད་ཀྱང་བྲལ་བས་སྒྲིབ་པ་དག་པའི་ཡེ་ཤེས་སོ། །སྤྲོས་བཅས་ནི་རིག་པ་རང་སྣང་བའི་ལྷའི་དཀྱིལ་འཁོར་བསྐྱེད་པའི་གཙོ་བོའི་ཐུགས་ཀ་ནས་རམ་གྱི་ཡེ་ཤེས་འཕྲོས་པ་ལས། ཡེ་ཤེས་ཀྱི་མེས་སྣོད་བཅུད་རིལ་སྦྱངས་ཏེ། སེམས་ཅན་ཀུན་གྱི་སེམས་ཀྱི་ཆོས་ཉིད་མཐོང་བར་བསྒྱུར་ཏེ། བདག་གི་དོན་དུ་བདུད་བཞིའི་དཔུང་ཡང་དུས་གཅིག་འཇོམས་པའི་ཏིང་ངེ་འཛིན་ནོ། །ལྷག་པའི་ཏིང་ངེ་འཛིན་ནི་དངོས་པོ་རིལ་ལྷུན་གྱིས་གྲུབ་པའི་མི་རྟོག་པར་གསལ་བའི་ངང་ལས་སྐུ་ཕྱག་རྒྱའི་དཀྱིལ་འཁོར་བསྐྱེད་དོ། །སྤྱོད་ཡུལ་རིལ་ལྷར་གསལ་བའོ། །ལོངས་སྤྱོད་ནི་སྤྱོད་ལམ་ལྟ་བུར་ཡང་རུང་སྟེ་ལྟོ་བ་ལ་སོགས་པར་དཀྱིལ་འཁོར་བསྐྱེད། ལྕེ་ལེབ་ལྷ་ལག་གཡས་གཡོན་གཉིས་ཧོམ་གཟར་གཉིས་ཞལ་ཧོཾ་ཁུང་དུ་བསམ། དཀྱིལ་འཁོར་བསྐྱེད་ལ་སྤྱན་དྲངས་བསྟིམ་བརྟན་པར་བྱ། དེ་ནས་བསམ་པས་ལས་བཞིའི་བསྒྲུབ་བྱ་བཀུག་ལ་ལོངས་སྤྱོད་ལ་བསྟིམ། དེ་ནས་ཡི་གེ་ཧཱུྃ་ༀ་སྭཱ་ཧཱ་ཨཱྃ་ལྔས་ལོངས་སྤྱོད་སྦྱང་། དེ་ནས་ལས་བཞིའི་བསམ་པས། ཧོམ་གཟར་གྱིས་བླངས་ལ་མཆོད། །རང་བཞིན་གྱི་ལྷ་དང་ཏིང་ངེ་འཛིན་གྱི་ལྷ་མཉེས་པར་བྱ་བའི་བསམ་པའོ། །དགོས་ཆེད་ནི། བདག་གི་སྤྱོད་ཡུལ་སྦྱང་བའི་ཕྱིར་ཏེ་སྤྲོས་བཅས་ནས་གཞན་དུ་ཡང་བཤད་དོ། །ལམ་གྱི་སྐབས་གང་དུ་དགོས་ཤེ་ན། །སྤྱིར་ཀུན་ཏུ་ཡང་རིགས་ན་རིམ་པ་དྲུག་པའི་ནང་ནས་ཕྲ་མོ་ལ་ལོངས་སྤྱོད་ཀྱི་སྦྱིན་སྲེག་བཤད། །མང་པོ་བསྒོམ་མི་ནུས་པ་ལས་ཀྱང་ཕྲ་མོ་ལ་རྟག་ཏུ་ཧོཾ་བྱས་ཞེས་པའི་ཟུར་གྱིས་དེ་ལྟར་མངོན་ནོ། །སྤྲོས་མེད་དམ་ཤེས་རབ་ཀྱི་ཧོཾ་ནི་དེ་བཞིན་ཉིད་ཀྱི་རིམ་པའོ། །སྤྲོས་བཅས་ནི་དོན་བྱེད་བས་སྒྱུ་མ་ལྟ་བུའི་སྐབས་སུའོ། །ལོངས་སྤྱོད་ནི་ཕྲ་མོའི་སྐབས་སུའོ། །ལྷག་པ་ཏིང་ངེ་འཛིན་སྣང་བ་རྣམ་པར་འབྱེད་པའི་སྐབས་སུ་སྟེ། འདིར་བཞི་ཀ་རྫོགས་སོ། །དེ་དག་རྟོགས་པའི་རྒྱུ་རྐྱེན་བསྟན་པ་ནི། རང་གི་ཤེས་རབ་གསུམ། རྐྱེན་བླ་མ་དང་། ཚིག་བཤད་པ་དང་ཡི་གེས་ཁོང་དུ་ཆུད་པར་བྱའོ། །ཚོམ་ནི་དེ་རྣམས་ཤེས་རབ་ཀྱི་ལམ་དུ་བསྡུའོ། །དེ་དག་གི་ཡོན་ཏན་བསྟན་པ་ནི་རིལ་གྱིས་བྱིན་རླབས་ཀྱིས་དངོས་གྲུབ་རྣམ་གསུམ་ཐོབ་པར་བྱེད་པའི་སྤྱིའི་ཡོན་ཏན་ནོ། །སྒོ་སྒོར་ནི་སྤྲོས་མེད་ཀྱི་ཧོམ་གྱི་ཡོན་ཏན་ནི། སྒྲིབ་གཉིས་མ་སྤངས་དག་པས་ལས་ཀྱིས་མི་གོས་ཏེ། དངོས་དང་དངོས་མེད་བག་ཆགས་བསྲེག །ཕྱི་དང་ནང་གི་དྲི་མ་དག །བདག་མེད་གཉིས་ཀྱིས་དག་པར་བྱེད། །ཅེས་པས་སོ། །སྤྲོས་བཅས་ཀྱིས་གཞན་གྱིས་སྤྱོད་ཡུལ་སྦྱོང་པ་དང་། བདག་གི་དོན་དུ་བདུད་འཇོམས་པ་གཉིས་ཀའོ། །ལྷག་པ་ཏིང་ངེ་འཛིན་གྱིས་བདག་གི་སྤྱོད་ཡུལ་སྦྱངས་བའོ། །ལོངས་སྤྱོད་ཀྱི་སྤྱོད་ཡུལ་དག་པས་ཚོགས་རྫོགས་ཤིང་དངོས་གྲུབ་ཐོབ་སྟེ། འབྲས་ལྡན་སྤྱོད་ཡུལ་དག་འགྱུར་ཞིང་། །ཞེས་པ་གསུངས་སོ། །གསང་བའི་སྦྱིན་སྲེགས་བསྟན་པ་ནི། ཁམས་བཞི་པ་དག་དང་། ཁམས་གསུམ་མོ། །དེ་ཡང་ངེས་ཚིག་ནི། བདག་གི་སྤྱོད་ཡུལ་བསྲེགས་པས་ཧོམ་ཞེས་བྱ་སྟེ། མཚན་མའི་རྣམ་རྟོག་ཀུན་སྤྱོད་དོ། །ཞེས་པས་མངོན་ནོ། །སྦྱིན་སྲེག་ཅེས་པར་སྦྱར་ནས། སྦྱིན་པ་གཏོང་བ་ནི་འདིར་བྱང་ཆུབ་སེམས་ཀྱི་རྒྱུན་རྩའི་ནང་ནས་མར་གཏོང་བས་སྦྱིན་བདག་ལྟ་བུའོ། །དེས་སྒྲིབ་པ་དག་ནས་དངོས་གྲུབ་གསུམ་སྦྱིན་གནས་ལྟ་བུའོ། །སྲེག་པ་ནི། བདག་གི་སྤྱོད་ཡུལ་གྱི་རྣམ་རྟོག་ཐམས་ཅད་དེས་སྲེག་གམ་སྦྱོང་བས་མིང་འགྲུབ་པའོ། །སྤྱིར་ངེས་ཚིག་དེ་དག་རིལ་གཏང་བྱ་གཏ ང་བྱེད་གཉིས་ཀའི་ཆོས་བྲལ་བས་ཆོས་ཇི་བཞིན་པའི་དོན་རྟོགས་པ་ལས་བཏགས་ཏེ། དེ་དག་རིལ་མི་འཛིན་པས་སྦྱིན་བདག །རྡོ་རྗེ་གསུམ་ཐོབ་པས་སྦྱིན་གནས། བསྲེག་པ་མཐུན་ཏེ། འཇིག་རྟེན་མིང་ཚོགས་རྣམས་སྤངས་པ། །ཞེས་པས་སོ། །འོ་ན་གཞན་དང་མི་འགལ་ན་ལྷག་པ་ཏིང་ངེ་འཛིན་མཚོན་པའི་ལྷག་པ་གཟུགས་བརྙན་ལ་རུང་ངམ་ཞེ་ན། རུང་སྟེ་ལྷག་པ་གཟུགས་བརྙན་གྱི་ཧོམ་བྱེད་པ་ལས། མི་དམིགས་པའི་ཤེས་རབ་ཀྱིས་འཛིན་ཆགས་མེད་པར་སྲེག་པས་སྲེག་པ་མི་འགོག་ལ་མི་འཛིན་པས་མཆོག་གི་ཕྱིར་མི་འགལ་ལོ། །གསང་བའི་སྦྱིན་སྲེག་དེ་དག་གི་དགོས་ཆེད་ནི། གང་ཚིམ་ནི་གར་བསྡུ། ལམ་ནི་གང་གི་ཆ་རྐྱེན་ཡིན་ཞེ་ན། དགོངས་པའི་ཏིང་ངེ་འཛིན་ལ་མོས་པ་ལ་ཁམས་བཞི་པའི་ཧོམ་མོ། །ཐབས་ཀྱི་ཐེག་པ་ལ་མོས་པའི་ཁམས་གསུམ་མོ། །ཡང་ན་བདག་གི་དོན་ཆེད་དོ། །འདིར་རང་བཞིན་གྱིས་གནས་པའི་སྐབས་སྟེ་རིམ་པ་དང་པོར་རོ། །ལམ་གྱི་ཆ་རྐྱེན་གང་ཡིན་ཞེ་ན། འདི་ནི་གཉིས་སུ་འཇུག་སྟེ་དང་པོར་རིམ་པ་རྫོགས་ནས་ལམ་ལ་འཇུག་པ་སྔོན་དུ་བྱ་བའི་རིགས་ལས་དབང་སྟེ། ཐོག་མར་བཤད་པ་དང་ལམ་ལ་ཤེས་རབ་ཀྱིས་སྟོབས་ཀྱིས་འཇུག་པ་དང་གདམས་ངག་གི་སྟོབས་ཀྱིས་འཇུག་པ་ཡོད་པས། གདམས་ངག་གི་འཇུག་པའི་དབང་དུ་རིམ་པ་གཉིས་པར་རོ། །སྤྱོད་ཡུལ་གྱི་ཁམས་བཞིའི་རིམ་པ་དང་པོ་གསུམ་སྣང་བ་རྣམ་པར་འབྱེད་པའི་ཨཱ་ལི་ཀཱ་ལིའི་སྤྱོད་པའོ། །རང་གི་ངོ་བོ་ཅི་ཞེ་ན། ཁམས་བཞི་ནི་གནས་བཞིན། འབྱུང་བཞི་རླུང་ལས་མེ་དབྱིབས་གནས་པ་ཧོམ་ཐབ་བོ། །འཁོར་ལོ་རྩིབས་བཞིའི་རྩ་དང་། ཐིག་ལེ་དབུ་མ་མེ་ལྷའི་གཡས་གཡོན་རྩ་གཉིས་གཟར་བུའོ། །བདེ་བ་ཆེན་པོའི་གནས་ཀྱི་བདུད་རྩིའི་བདེ་བ་དང་བཅས་པ་ནི་མཆོད་རྫས་སོ། །རྫོགས་པའི་ལྷ་རྣམས་ནི་སྲེག་ལྷའོ། །རྟོག་ཚོགས་ནི་ཤིང་བུའོ། །ཐབས་ནི་བསམ་པས་ལས་ཀྱི་མེ་གཡས་ནས་བསྐུལ། བདུད་རྩི་ཕབ་ཞལ་དུ་ཆད་པའི་དགྱེས་པ་ཆེན་པོ་རོ་མྱོང་། །ཕྱོགས་བཅུའི་སངས་རྒྱས་མཆོད་པའི་བསམ་པ་དེ་ནི་ཁམས་བཞིའི་ངོ་བོའོ། །ཡོན་ཏན་ནི་རྟོགས་དཀའ་བའི་ཡེ་ཤེས་མངོན་གྱུར་ཅེས་པ་ཉིད་དོ། །ཁམས་གསུམ་གྱི་ངོ་བོ་ནི་མཚན་ལྡན་མའི་མཁའ་གསང་ཡར་མར་གྱི་དབྱིབས་ཅན་ནི་མེ་ཐབ་བོ། །ཉུངས་འབྲུ་སྣ་རྩེ་མོ་ལྷའི། རྡོ་རྗེ་པདྨ་གཟར་བུའོ། །ས་བོན་གཉིས་བདེ་བ་དང་བཅས་པ་རྫས་སོ། །ཆགས་རྟོག་ལ་སོགས་པ་ནི་ཤིང་བུའོ། །ཞིང་བཅུའོ། །རྩ་སྟོང་ཕྲག་ནི་ལྷའོ། །ཐབ་ནི་ཆ་དྲུག་ཅུས་བདེ་བ་རྣམས་སྐྱེད། །རོལ་པས་མཆོད་རྫས་བདེ་བའི་རྡོ་རྗེ་པདྨའི་གཟར་བུ་གནས་ཉུངས་འབྲུ་མེ་ལྷའི་ཞལ་དུ་ཐིམ། སླར་ལྡོག་པའམ་འདྲེས་པས་མཆོད་པའི་ཡེ་ཤེས་ཀྱི་རོས་ཡབ་ཡུམ་རང་བཞིན་རྣམ་པ་གཉིས་ཀྱིས་ལྷ་རྣམ་རོས་མཉེས། རྟོག་པའི་ཤིང་སྲེག །འགྲོ་བ་མང་པོ་བདེ་བའི་ཡེ་ཤེས་ཐོབ་པར་བྱེད་པའི་བདེ་བའོ། །ཡོན་ཏན་ནི་ཐུན་མོང་མཆོག་གི་ཡོན་ཏན་རྣམས། །དཀའ་བ་མེད་པར་ལེན་པར་གསུངས། །ཞེས་པས་མངོན་ནོ། །སྦྱིན་སྲེག་དེ་དག་ཀྱང་བྱ་བའི་དུས་ཚོད་ནི། རང་བཞིན་ཐུགས་རྗེ་ནི་རྟག་པར་རོ། །ལྷག་པ་གཟུགས་བརྙན་ནི་བཞིའོ། །ཤེས་རབ་དང་ཏིང་ངེ་འཛིན་ལ་སོགས་པ་ནི་ལམ་རང་རེའི་སྐབས་ཐོབ་པའི་དུས་སུ་བྱ་བའམ། ཡང་ན་ལོངས་སྤྱོད་པའི་བཟའ་བཏུང་གི་ཚེའོ། །ཏིང་འཛིན་གསུམ་དང་ཁམས་བཞི་ནི་ཐུན་མོང་དུ་མཚམས་བཅད་ལ་ནུས་ཚད་དོ། །ཁམས་གསུམ་ནི་དུས་རང་བཞིར་རོ། །དེ་དག་གི་དུས་གོམས་མ་གོམས་ཀྱིས་མ་ངེས་པར་བསམ་མོ། །ལྷག་པ་གཟུགས་བརྙན་ཕྱིས་ཁས་བླངས་གང་ཞེ་ན། གནས་རྫས་ཐབ་ཀྱི་རྣམ་པ་ལ་སོགས་པ་བཅུ་གཅིག་གོ། །རིམ་པ་ངེས་པར་བཞག་པ་དང་། དགོས་པ་ཅི་ཞེ་ན། དང་པོ་གཞི་བརྟན་པའི་ཕྱིར་གནས་དགོད། རྐྱེན་ཚང་དགོས་པས་རྫས་བསྟན། དེར་ལས་བྱ་བའི་གཞུང་དུ་དབྱེ་བའི་ཕྱིར་ཐབ་བརྩིག་ལས་གྲུབ་པའི་གྲོགས་ཡིན་པས་གཟུངས། དེ་ལ་སྦྱོར་བའི་སེམས་བཞིས་བྱ་བའི་ཕྱིར་སེམས་བསྟེན། དེའི་དམིགས་ཤེས་པར་བྱ་བའི་ཕྱིར་བསྒྲུབ་བྱ། དེ་ལ་གྲུབ་པར་བྱ་བའི་ཕྱིར་ཕུར་པ། དེ་ལྟར་བསྐྱེད་པ་དང་བྱིན་དང་ལྡན་པར་བྱ་བའི་ཕྱིར་ལྷའོ། །ལས་ལ་ནུས་མཐུ་ཡོད་པར་བྱ་བའི་ཕྱིར་དུས་ངེས་པའོ། །གཞུང་སྲོང་བར་བྱ་བའི་ཕྱིར་ལས་ཀྱི་རིམ་པའོ། །མཁའ་འགྲོ་མ་འགྲུབ་པས་ལས་འགྲུབ་པ་དང་། ལྟ་བའི་གོལ་ས་རྟག་ཆད་བསལ་བའི་ལྷག་པའི་ལས་སོ། །ཞེས་བསྟན་ནས་ཤེས་པར་བྱ་བ་བཅུ་གཅིག་བཀོད་ཀྱང་གྲལ་གྱི་གོ་རིམས་ཀྱི་འགྲེལ་པ་ནི་རེ་ཞིག་ཙམ་ཕལ་ཆེའི་དབང་ལས་མ་ངེས་པ་ཁོ་ནར་ནོར་དུ་མི་རུང་བར་བྱེད་དོ། །དེ་ལ་གནས་ལ་ངོ་བོ་དང་། དགོས་ཆེད་གཉིས་ཏེ། ངོ་བོ་ཆུ་གླིང་ལ་སོགས་ཏེ་ཞི་བའོ། །ནགས་ཚལ་རྒྱས་པ། སུམ་མདོ་དབང་། དུར་ཁྲོད་ངན་པ་དྲག་པོའོ། །དགོས་ཆེད་ནི་དེ་བཞི་ལ་ལས་བཞི་གྲུབ་པའི་ནུས་པ་རང་བཞིན་གྱིས་ཡོད་པའི་ཕྱིར་གཅེས་སོ། །རྫས་ནི་ལྔར་འདུས་ཏེ། མེ་ལྷའི་རྫས་གཉིས། བསྒྲུབ་པའི་རྫས། ལིངྒའི་རྫས། མཆོད་པའི་རྫས། གཏོར་མའི་རྫས། དེ་ལ་མེ་ལྷའི་རྫས་ནི། བསྲེག་ཤིང་ཡམ་ཤིང་གཉིས་སོ། །དེ་ལ་བསྲེག་ཤིང་ནི་ཤིང་གཅིག་ལས་ལ་དབྱེ་བ་དང་ཐ་དད་ལ་དབྱེ་བའོ། །དེའི་དགོས་པ་ནི། རང་བཞིན་གྱིས་ལས་གྲུབ་པའི་ནུས་མཐུ་དང་ལྡན་པའི་ཕྱིར་རོ། །ཆོས་མཐུན་པའང་བཤད་དེ་འོག་གི་ཕལ་ཆེ་བ་དགོས་པའང་མཐུན་ནོ། །ཡམ་ཤིང་ལ་ངོ་བོ་དང་དགོས་པའོ། །ངོ་བོ་ནི་ཤུག་པ་ཙནྡན་དཀར་པོ་ལ་སོགས་པ་གོ་སླའོ། །དགོས་པ་ནི་ལས་བཞིའི་ཡེ་ཤེས་ཀྱི་མེ་སྐྱེད་པའོ། །གྲུབ་པའི་རྫས་ནི། ལས་སོ་སོའི་ཆས་གོས་གཞུང་དང་མཐུན་པར་ཡང་གསུངས་ལ། ལིངྒའི་རྫས་ལ་སྤྱི་དང་ཁྱད་པར་རོ། །སྤྱིར་ནི་དྲི་མ་དྲུག་དང་གོས་ཟས་ནོན་ཏེ་གོ་སླའོ། །ཁྱད་པར་ནི་དེའི་སྟེང་དུ་དྲག་པོ་ལ་ནི་དུག །ཚ་བ་གསུམ་ལ་སོགས་པའོ། །དགོས་པ་ནི་མཆོག་ཏུ་གསོད་པར་བྱེད་པ་ཡིན་ཅེས་པའོ། །དབང་ལ་སྒྱུར་དགོས་པའམ་མཆོག་ཏུ་འགུགས་པའོ། །གཏོར་མའི་རྫས་ཀྱང་། ངོ་བོ་དང་དགོས་པའོ། །ངོ་བོ་ནི། ཞི་བ་ལ་འོ་མ་ལ་སོགས་པ་གོ་སླའོ། །དགོས་པ་ནི་གོང་དང་མཐུན་ནོ། །བསྲེག་རྫས་ནི། ངོ་བོ་དང་དགོས་པའོ། །ངོ་བོ་ནི་མར་དཀར་ལ་སོགས་པ་བཞི་གོ་སླའོ། །དགོས་པ་ནི། ཡེ་ཤེས་བདུད་རྩིར་ཕུལ་བས་མཉེས་པའི་མཆོག་ཏུ་གྱུར་པས་ལས་གྲུབ་པའོ། །འོ་ན་གཏོར་མའི་རྫས་དང་མཆོད་པའི་བསྲེག་རྫས་དེ་ལྷ་གང་ལ་དབུལ་ཞེ་ན། བསྲེག་རྫས་སྦྱིན་ལྷ་གཅིག་བུ་ལ ། བསྲེག་རྫས་གཏོར་མ་གཉིས་ནི་སྲེག་པའི་ལྷ་རྣམས་ལ་མཆོད་དོ། །མེ་ཐབ་བརྩིག་པའང་སྔོན་དུ་ལས་སོ་སོའི་དབྱིབས་དང་ཁ་དོག་དང་ཕྱག་རྒྱ་ལ་སོགས་པ་དགོད་ལུགས་དང་ཚད་དོ། །དེ་ནས་སྔོན་དུ་བྱ་བ་ནི། སའི་ཆོ་གའོ། །སོ་སོའི་དབྱིབས་ནི་ཞི་བ་ལ་ཟླུམ་པོ་དང་རྩིབ་བརྒྱད། རྒྱས་པ་ལ་གྲུ་བཞི་དང་རིན་པོ་ཆེ། དབང་ལ་ཟླ་གམ་དང་འདབ་བརྒྱད། དྲག་པོ་གྲུ་གསུམ་དང་ཁྲོ་ཞལ། ཁ་དོག་ལས་བཞི་ཀ་སྤྱི་དང་མཐུན། ཕྱག་རྒྱ་དགོད་ལུགས་ནི། ཞི་བ་ལ་རིམ་གསུམ་ལ་རྡོ་རྗེ་ནང་། བར་མ་ལ་འཁོར་ལོ། ཐ་མ་ལ་མེ་འོད། དེའི་ཕྱི་རིམ་ཟུར་བཞི་ལ་མདའ་བཞི། ཞགས་པ་དཀར་པོ། རྩིབས་བཞི་ལ་རིགས་བཞིའི་ཕྱག་རྒྱའོ། །མུ་ཁྱུད་ལ་ༀ་དང་སེང་མགོ་སྤེལ་བའོ། །ཤིང་ཡང་ཧོམ་ཐབས་ཀྱི་དབྱིབས་སུ་བརྩིག །མེ་དར་དཀར་པོས་དགབ་བོ། །རྒྱས་པ་རྡོ་རྗེ་ནང་རིན་ཆེན་ཞགས་པ་ཕྱེའོ། །མེ་དར་རིགས་དང་མཐུན། གོ་སླའོ། །དབང་ལ་རྡོ་རྗེ་ནང་པདྨ་ལྕགས་སྒྲོག་ཕྱེ་ལའོ། །འདབ་བརྒྱད་ཐ་མ་ལྗོན་ཤིང་ངོ་། །ཤིང་ལ་སོགས་པ་གོ་སླའོ། །དྲག་པོ་ལ་རྡོ་རྗེ་རྩེ་གསུམ་ནང་ཐོད་པ་བར་མ་ལ་ལྕགས་ཀྱུ། ཕྱི་རོལ་ཁྲོ་ཞལ། ཐ་མ་མེ་དཔུང་ངོ་། །དེ་དག་དབུས་རང་རང་གི་གཙོ་བོའི་ས་བོན་དགོད། ཚད་ནི་ཡར་བརྩིག་མར་བརྐོ་བ་ནི་ཁྲུ་ཕྱེད་ཕྱེད་དེ། བསྡོམ་པས་གང་ཕྲེད་དང་ཞེང་དུ་ཁྲུ་རེ་རེ། བང་རིམ་དབང་དང་ཞེང་དུ་སོར་གསུམ་གསུམ་དགོས་པ་མཐུན། གཟུངས་ནི་སོ་སོའི་དབྱེ་བ་དང་དགོས་པའོ། །དབྱེ་བ་བོང་ཆུང་ལུས་མཛེས་ལ་སོགས་པ་གོ་སླའོ། །མདོར་ཞི་བ་ལ་དུང་ཅན་མ། རྒྱས་པ་ལ་བ་གླང་ཅན། དབང་ལ་པདྨ་ཅན། དྲག་པོ་ལ་རི་མོ་ཅན། ཞི་བ་ལ་གཞོན། རྒྱས་པ་ལ་བུ་ཚ་མང་བ། དབང་བུ་མེད་དྲག་པོ་ཟླ་བྲལ་བའོ། །དགོས་པ་ནི་ལས་གྲུབ་པའི་ནུས་མཐུ་ཅན་ནོ། །གོ་སླའོ། །ལས་བཞི་གཙོ་བོའི་སེམས་བསྟན་པ་ནི། དོན་གྱི་སེམས་ཆེན་པོ་དང་། སྟོངས་ཀྱི་སེམས་སོ། །དོན་གྱི་སེམས་རང་རིག་མཐའ་རིལ་བྲལ་བར་རྟོགས་པ་དང་། རིག་པ་སྐུ་དང་ཡེ་ཤེས་ཀྱི་འབྲས་བུ་མ་བཙལ་བར་རྫོགས་པ་དང་། ཐམས་ཅད་བདག་ཉིད་ཆེན་པོར་རྟོགས་པ་དང་། དངོས་པོ་རིལ་མ་གྲུབ་པ་ཞིག་པས་མཐའ་མེད་པར་རྟོགས་པ་ནི་རིག་པ་གཅིག་ལ་རྫོགས་ཀྱང་སྐབས་ཀྱི་སྒོམ་པ་སྟེ་གཙོ་སེམས་སོ། །སྟོངས་ཀྱི་སེམས་ནི། དེ་ལྟར་རྟོགས་པས་དངོས་སུ་ཡང་ཤིན་ཏུ་ཡང་ང་བ་དང་དྭགས་པ་དགའ་བ་ཆགས་པས་གྲུབ་སྟེ། ལོག་རྟོག་ཁྲོས་པའི་སེམས་ཀྱིས་བསྐུལ་ཅེས་པའི་ཟུར་གྱི་བཞི་ཀ་ལ་སྦྱོར། དགོས་པ་མ་བཤད་དེ་མཐུན་ནོ། །བསྒྲུབ་བྱའི་ངོ་བོ་དང་དགོས་པའོ། །དེ་ལ་ཞི་བ་ནི། བདག་དང་གཞན་ལ་གནོད་པའི་སེམས་ཅན་རིགས་སྔགས་ཀྱིས་བསམ་པ་སྦྱོར་བ་ངན་པ་བྱེད་པ་རྣམས་དང་། གནོད་པ་མང་པོ་དང་སྡུག་བསྔལ་ལ་སོགས་པ་རྣམས་ཏེ། མདོར་བདག་གི་རྒྱུད་ལ་གནས་པའི་བསྒྲུབ་བྱ་དང་། དེ་ལས་གཞན་པ་སྟེ་ལས་བཞིར་སྦྱར་རོ། །དགོས་པ་ནི་དེ་དག་ཞི་བར་སྦྱར་ཏེ། བདག་གཞན་གཉིས་ཀར་སྦྱར་རོ། །རྒྱས་པ་ནི། སེམས་ཉིད་གཏེར་ཆེན་པོ་ནི་བདག་གི་རྒྱུད་ལ་ཡོད་པའི་བསྒྲུབ་བྱ་དེ། བྱིན་རླབས་འབྲེལ་པ་སྟེ། ཐམས་ཅད་ཐོབ་ཏུ་འདོད་པའི་རྒྱུའོ། །དེ་ལས་གཞན་པ་ནི་རེ་ཞིག་འཇིག་རྟེན་དང་། འདས་པའི་ཡོན་ཏན་ནོ། །དགོས་པ་འགྲེ་དབང་ལ། མོས་འདུད་མེད་པའི་གཟས་པ་བདག་གི་ལས་ལ་གྱུར་པ་དང་རྐྱེན་ལས་གྱུར་པ་ནི་གཞན་པའོ། །བདག་ཉིད་ཀྱི་རྟོག་པའི་དབང་དུ་བྱ་བ་ནི་རྒྱུད་ལ་ཡོད་པའོ། །དགོས་པ་ནི། བདག་གཞན་གྱི་དོན་གྱི་ཕྱིར་རོ། །དྲག་པོ་ཞིང་བཅུ་ལ་སོགས་པ་གཞན་པའོ། །བདག་གི་ལོག་རྟོག་ཞེན་པ་བསྒྲལ་བ་རྒྱུད་ལ་ཡོད་པའོ། །དེའི་དགོས་པ་བདག་གཞན་གཉིས་ཏེ། དཔའ་བོས་དགོས་པ་ཡོད་པའི་ཕྱིར། །ཅེས་པས་མངོན་ནོ། །བསྒྲུབ་བྱ་གཉིས་གཉིས་སུ་སྦྱར་བ་ནི། ལས་བཞིའི་སེམས་ག ཉིས་གཉིས་ཕྱིར་ཡང་བསྟན་ནོ། །ཕུར་པ་ནི་སྤྱི་དང་སྒོས་སོ། །སྒོས་ནི་དོན་བདུན་ཏེ། སོ་སོའི་ཕུར་པའི་རྒྱུ་དང་། ཕུར་པའི་དབྱིབས་དང་། རབ་གནས་དང་། བྱིན་གྱིས་བརླབ་པ་དང་། དགོད་གནས་དང་། ཕུར་པའི་གྲངས་དང་། གདབ་པའི་གནས་སོ། །དེ་ལ་རྒྱུ་ནི། ཞི་བ་ལ་དངུལ་ལམ་དཀར་པོའི་ཤིང་། དབྱིབས་ཟླུམ་པོ། རབ་གནས་ལྕིམ་ཞོག་བརྒྱད་ལ་ཏ་ཀྲིད་བརྒྱད། སྟེང་གི་རྒྱ་མདུད་ཧཱུྃ་ཀཱ་ར། འོག་གི་ཀ་མ་ལི་ཀུཎྜ་ལིའོ། །བྱིན་གྱིས་བརླབ་པ་ནི། སྟོད་བུདྷ་ཀཱི་ལ་ཡ། སྨད་ཕུར་པ་ཟླུམ་པོ་ལ་སྐུ་གསུང་ཐུགས་སུ་བརླབ་བོ། །དགོད་གནས་འབྲུབ་ཁུང་མཐའ་ལ་བསྐོར་རོ། །ཕུར་པའི་གྲངས་དྲུག་གོ། །གདབ་པའི་གནས་ཡན་ལག་ལྔ་སྙིང་དང་དྲུག་གོ། །དགོས་ཆེད་མཐུན་པས་མ་སྦྱར་ཏེ། གདབ་ན་གནས་ངེས་པ་དང་། གྲངས་ངེས་པའི་སྒོ་ནས་དགོས་ཆེད་དང་ནུས་པ་ཆེ་བར་སྦྱར་བ་དེ་ལས། དེ་བཞིན་དུ་གྲངས་མཐུན་ཏེ་རྒྱས་པ་ལ་རྒྱུ་གསེར་རམ་སེར་པོའི་དབྱིབས་གྲུ་བཞི། རབ་གནས་མཐུན། རཏྣ་ཀཱི་ལ་ཡར་བརླབ། འབྲུབ་ཁུང་གྲུ་བཞི། དགོད་གྲངས་བཞི། གདབ་པའི་གནས་ལྟེ་བ་སྙིང་ག་དཔྲལ་བའོ། །ཡོན་ཏན་ཞི་བ་ལ་སྦྱར་ན། འདིར་སྨོས་པ་ཀུན་ལ་དོན་བརྒྱད་དུ་སྦྱར་དུ་རུང་ངོ་། །དབང་ལ་རྒྱུ་ཟངས་སམ་དམར་པོ། དབྱིབས་ཟླ་གམ། རབ་གནས་མཐུན། པདྨ་ཀཱི་ལ་ཡར་བརླབས། དགོད་གནས་ཟླ་གམ་རྒུར་པོ་ལ་གསུམ། དྲང་པོ་ལ་གཉིས་ཏེ་ལྔའོ། །གྲངས་ཀྱང་ལྔའོ། །གདབ་གནས་ཀྱང་དབང་པོ་ལྔ་སྟེ་ལུས་ཀྱི་ལྟེ་བ་ལའོ། །དྲག་པོ་ནི་ལྕགས་སམ་ནག་པོའི་ཤིང་། དབྱིབས་ཟུར་གསུམ་མོ། །རབ་གནས་འདྲ། བརླབ་པ་སྟོད་བཛྲ་ཀཱི་ལ་ཡ། སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་མོ། །གདབ་གནས་ལུས་ངག་ཡིད་གསུམ་སྟེ་ལྟེ་སྙིང་ལྕེའོ། །སྤྱིར་ནི་ཕུར་པ་ལས་བྱེད་ཉི་ཤུ་རྩ་གཅིག་ཏུའང་གསུངས། ཞེས་སོ། །དེ་ལ་དྲག་པོ་གཅིག་ཕུར་སྨོས་པ་ཡོད་ན་གཞུང་མང་བས་མི་འགལ་ལོ། །ལྷ་ལ་དབྱེ་བ་དང་ངེས་ཚིག་གོ། །དེ་ལ་དབྱེ་བ་ནི། སྦྱིན་ལྷ་དང་སྲེག་ལྷའོ། །དེ་ལ་སྦྱིན་ལྷ་ཡང་ལས་ཀྱི་སྐབས་ཀྱི་བཞིར་སྣང་སྟེ། རིགས་བཞིའི་སྤྲུལ་པ་བཤད་པས་ཞི་བ་དཀར་པོ་གཡས་སུ་གནྡྷེ། གཡོན་དུ་ཀུན་བགྲང་ཕྲེང་དུ་མཐུན། རྒྱས་པ་སེར་པོ་གཡས་རིན་པོ་ཆེའི་སྒྲོམ་བུ། དབང་གི་དམར་པོ་གཡས་ཞགས་པ། དྲག་པོའི་གཡས་ཏྲི་ཤུ་ལ། སྲེག་པའི་ལྷ་ནི་དལ་གྱི་ལྷ་རྣམས་ཏེ། ཞི་བ་ལ་བུདྷ་ཧེ་རུ་ཀ་གཙོ་བོའི་ཐམས་ཅད་མདོག་དཀར་པོ་ཞི་བའི་ཚུལ་དུ་འདུག །དེས་གོ་སླ་སྟེ་དཀྱུས་ཉིད་ན་གསལ་ལོ། །ངེས་ཚིག་མེ་ལྷ་ནི། ལྷ་ཐམས་ཅད་ཞལ་ནང་དུ་གྱུར་པས་དང་པོར་མེ་ལྷ་ལ་ཕུལ་ནས་སྲེག་ལྷ་ལ་མཆོད་པ་བྱས་ཏེ། ཞལ་ཕྱིར་སྦྱིན་པའི་ལྷར་བཤད་དོ། །ཞེས་འབྱུང་། སྲེག་པའི་ལྷ་ནི་མེ་ལྷའི་ལྟོ་སྙིང་ལ་བསྐྱེད་པའི་རྩ་བའི་ལྷ་རྣམས་ཏེ། དེ་ཅིའི་ཕྱིར་ཞེ་ན། ལྷག་པ་གཟུགས་བརྙན་གྱིས་བསྲེག་པ་དང་། བདག་གཞན་གྱི་སྤྱོད་ཡུལ་དག་པར་བྱེད་པའི་བྱིན་གྱིས་རླབས་ཀྱིས་དག་པར་བྱ་བའི་ཕྱིར་རོ། །དུས་ནི་ངོ་བོ་དང་དགོས་པའོ། །ངོ་བོ་ནི་དབྱར་རྒུན་སྟོན་དཔྱིད་བཞིའོ། །སྔ་དྲོ་གུང་དང་དགོང་ནམ་ཕྱེད་དོ། །དེ་ལ་རིམ་བཞིན་ནོ། །དགོས་པ་ནི་རང་བཞིན་གྱིས་ཆོས་མཐུན་པས་རང་བཞིན་གྱི་གྲུབ་པའི་ནུས་མཐུ་ཡོད་པའི་ཕྱིར་རོ། །ལས་ཀྱི་རིམ་པ་ལས་གང་བྱེད་ཀྱང་། དང་པོར་མཐུན་པའི་གནས་བཙལ། དེར་རྫས་རྣམས་བསོག །ས་ཆོག་རྡོ་རྗེ་ལས་རིམ་བཞིན་བྱ། ཧོམ་ཐབ་བརྩིགས། ཤིང་གཉིས་བརྩིགས། མཆོད་རྫས་དགོད། མེ་དར་དགབ་འབྲུབ་ཁུང་བྱ། ལིངྒ་བཅས་ལ་མིང་བྱང་གླན་ལ་བཞག །ཕུར་བུས་བསྐོར། ཕྱི་རུ་ཆ་གསུམ་བཏང་། ནང་དུ་འདུས་ནས་མཚམས་བཅད། ལས་ཀྱི་ལྷ་བསྐྱེད་ལ་མཆོད་རྫས་བརླབ། དེ་ནས་ཆོ་ག་ལྟར་གཞུང་བསྲང་། ཛབ྄་བྱ། ཚོགས་བྱ། གྲུབ་ན་སྟན་གྷན་བྱ། ཛབ྄་བྱ། དེ་ནས། ཨེ་རཾ་ལ་སོགས་སྣོད་བཅུད་ལྷ་རུ་གསལ་བ་དང་། ལས་ལ་གཟུད། བདེན་པ་བདར་བ་སྤྲུལ་པ་དང་ཕོ་ཉ་དང་སྔགས་དང་ཏིང་ངེ་འཛིན་གྱིས་དགུག །ལན་བདུན་ཡན་ཆད་གསལ་གསལ་དུ་བྱ་ཞིང་། ལིངྒ་ལ་ཁ་ཕྱེ་ལ་བསྟིམ། ཕྱག་རྒྱ་བཞིས་བཅིང་གཏོར་མས་གདབ། དེ་ལས་གང་བྱེད་པའི་ཏིང་ངེ་འཛིན་གྱི་སྐབས་དང་སྦྱར་ཏེ། ཨེ་རཾ་བྃ་རཾ་ཡ་རཾ་མ་རཾ་ལ་སོགས་པ་དང་། ལྷ་དང་རྫས་ཀུན་གཞུང་ལྟར་རོ། །དེ་ནས་ཕུར་པ་བརླབ། གསལ་བ་གསུམ་དང་ལྡན་པ་ལས་གཞུང་བཞིན་དུ་གདབ། ཉུངས་དཀར་གྱིས་བྲབ། མཚོན་ཆས་གཏུབ། གནས་ཚུལ་བཞིན་སྦྱང་། བདག་ལས་ཀྱི་དཀྱིལ་འཁོར་གསལ་གདབ་མ་ཟུར་ཙམ་མཆོད། དེ་ནས་ལས་བཞི་གང་བྱེད་པའི་ཐབ་གཞལ་ཡས་དུ་བསྐྱེད་ལས་བཞི་གང་ཡང་རུང་བའི་མེ་ལྷའི་གདན་བཏིང་། དམ་ཚིག་གི་མེ་ལྷ་བསྐྱེད། ཡན་ལག་གི་ལྷ་དང་ལྡན་པར་བྱ། ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས། བསྟིམ་བརྟན་པར་བྱ། མེ་ལྷར་མཆོད་པ་རྒྱས་པར་བྱ། བསྟོད་པ་བྱས་ལ་ལས་བཅོལ་ལ་བཞག་གོ། །དེ་ནས་མེ་ལྷའི་ལྟོ་སྙིང་ལ་གཞལ་ཡས་བསྐྱེད། སྲེག་ལྷ་རྣམས་ལེགས་པར་བསྐྱེད། ཡན་ལག་གི་ལྷ་བསྒོམ། རང་བཞིན་དལ་ནས་སྤྱན་དྲང་བསྟིམ་བརྟན་པར་བྱའོ། །དེ་ལ་རྫས་རྣམས་ཐོག་ལ་བསྟོད་ཚིག་གིས་མཆོད་པ་རྣམས་ལུགས་བཞིན་འབུལ་ལོ། །གྲངས་ནི་ལྕོགས་ན་ལྷ་རེ་རེ་ལ་བརྒྱ་རྩ་བརྒྱད་དབུལ། དེ་མེད་ན་ལྷ་རེ་རེ་ལ་ལན་བདུན་ནམ་གསུམ་དབུལ། གཞུང་ལ་ལིངྒ་དུག་གསུམ་མཆོད་པ་དབུལ་ཏེ། ཚིག་བརྗོད་ལ་ཆེ་གེ་མོ་མཱ་ཱར་ཡ་ཕཊ། པ་ཤཾ་ཀུ་རུ་ལ་སོགས་པ་ལས་བཞི་གང་བྱེད་པའི་སྔགས་ཀྱིས་དབུལ་ལོ། །དེ་ནས་སྦྱིན་སྲེག་ཟིན་པ་དང་མཆེད་རྣམས་རྡོ་རྗེ་ལུ་གུ་རྒྱུད་དུ་སྦྲེལ་ལ། ཨེ་རཾ་ལ་སོགས་པ་ལས་བཞི་ཐབ་དང་འདྲ་བར་གསལ་གདབ། ལས་བཞི་གང་བྱེད་ཀྱི་ལྷ་བསྒོམ། བསྐུལ་ཚིག་དང་སྔགས་བརྗོད་ཅིང་བྲོ་གར་སྟབས་བྱ། བསམ་པས་ལས་གང་བྱེད་པའི་སྤྲུལ་པས་འཇིག་རྟེན་རྡུལ་དཀྲུག་ནས་བསྒྲུབ་བྱ་རང་དབང་མེད་པར་བདག་ཅག་གི་མདུན་དུ་བཀུག་སྟེ་བསྐུལ་ཚིག་སྔགས་གང་རུང་བརྗོད་ཅིང་འོད་ཟེར་བསྟིམ་པས་ཞི་བ་ལ་སོགས་པར་བསམ་མོ། །དེའི་རྗེས་སུ་མཐུན་པའི་སྨོན་ལམ་བྱའོ། །དེ་ནས་མེ་ལྷ་ལ་གཏང་རག་ཏུ་མཆོད། མེ་དེ་ནས་རབ་ཏུ་བསྐུལ། མཆོད། ཡེ་ཤེས་མེ་ལྷ་གཤེགས་སུ་གསོལ། དམ་ཚིག་མེ་ལྷ་འོད་དུ་ཞུ་ནས་བདག་ལ་བསྡུ་བར་བྱའོ། །བྲོའི་ཡོན་ཏན་ཞོར་ལ་བཤད་པ་ནི། ཁྲག་འཐུང་ཆེན་པོ་ཞེས་པ་ནས་མར་རོ། །ལས་བཞིའི་ཡོན་ཏན་ནི་སངས་རྒྱས་ཀུན་དང་མཉམ་པ་དང་ཞེས་པས་སོ། །ལྷག་མའི་ལས་ནི་ལྷག་ཕུད་བསྲེ་གཏོར་གཞོང་གཞལ་ཡས་ཁང་དུ་བསྐྱེད། དེར་བདག་རྩ་བའི་ལྷར་བསྐྱེད། མཁའ་འགྲོ་མའི་གདན་བཤམ། ལྕགས་ཀྱུའི་ཕྱག་རྒྱས་གནས་སོ་སོ་ནས་དགུག །ལས་བཞི་གང་བྱེད་པའི་གནས་དེ་རུ་འོངས་པ་དང་། ཟིལ་གྱིས་མནན་དབང་དུ་བསྡུས། ལྷག་མའི་ཁ་ཆུ་སྦྱིན། དམ་ཚིག་བསྒྲག །ལས་བཅོལ་ལ་རང་རང་གནས་སུ་དགྱེ། གཞོང་གཏོང་གི་དཀྱིལ་འཁོར་བསྡུ། ཚེ་བརྟན་པར་བྱ། སླར་ལོགས་པ་དང་། དཀྱིལ་འཁོར་བསྡུ། གོ་བགོ་ལུས་སྲུང་། དགེ་བའི་རྩ་བ་བསྔོ། སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་གནས་པར་བྱའོ། །བསྟན་པའི་སྙིང་པོ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། ངང་པས་འོ་མ་བླངས་པའི་དཔེ་བཞིན་དུ། །རྣམ་པ་ངེས་ཚིག་ཡོན་ཏན་གསུམ་དུ་བསྡུས། །དེ་ལ་བརྩམས་ནས་དྲི་མེད་བཤེས་གཉེན་གྱིས། །ལུང་དང་རིགས་པའི་རྗེས་སུ་བློ་ཞུགས་ཏེ། །སྦྱིན་སྲེག་ཁོང་དཀྲོལ་དོན་དུ་འགྲེལ་པ་བརྩམས། །དགེ་རྩ་ཇི་ཡོད་ཕྱི་རབས་དོན་དུ་བསྔོ། །དད་མེད་སེར་སྣས་བཅིངས་པ་རྣམས་དང་མ་འཕྲད་ཅིག །སྒྱུ་འཕྲུལ་སྦྱིན་སྲེག་གི་དོན་འགྲེལ་སློབ་དཔོན་གྱི་རྒྱལ་པོ་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། །།གུ་ཧྱ།། །།


previousསྦྱིན་སྲེག་གི་མན་ངག་ཁོང་དོན་དཀྲོལ་བ་ནོར་བུ་ལུགས། སློབ་དཔོན་བི་མ་ལ་མི་ཏྲ།next