རང་གནས་རྒྱལ་པོའི་འགྲེལ་པ། སློབ་དཔོན་བི་མ་ལ།

སྭ སྠཱ ན རཱ ཛ སྱཱ བྲྀ ཏྟི ནཱ མ བི ཧ ར ཏི སྨ། །
རང་གནས་རྒྱལ་པོའི་འགྲེལ་པ་ཞེས་བྱ་བ་བཞུགས་སོ། །
བཅོམ་ལྡན་འདས་ཡེ་ཤེས་རང་གནས་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟ་ལ་དབང་མི་ཟ་བའི་ཕྱིར་དང་། ཚོགས་ཡོངས་སུ་རྫོགས་པའི་ཕྱིར་ཕྱག་གི་མཆོད་པས་མཆོད་དོ། །དེ་ལ་གང་གི་ཕྱིར་ན་བདག་གི་དོན་གཉིས་དང་གཞན་གྱི་དོན་གསུམ་གྱི་ཆེད་དུའོ། །གང་གིས་ཤེ་ན་དཔལ་ཆེན་པོ་དུར་ཁྲོད་ཀྱི་དཀྱིལ་འཁོར་དུ་དངོས་གྲུབ་ཐོབ་པའི་སློབ་དཔོན་ཧཱུྃ་མཛད་ཉིད་ཀྱིས་འདུད་པའོ། །གང་ལ་ཞེ་ན་ཡེ་ཤེས་རང་གནས་རྒྱལ་པོ་ལའོ། །གང་གི་ཚེ་ཞེ་ན་རྩོམ་པའི་དུས་འདི་ཉིད་དུའོ། །ཇི་ལྟར་བཙལ་སྙམ་པ་ལ། འདི་རང་ལ་གནས་པར་སྟོན་པ་ནི་གདུལ་བྱ་གཉིས་པོ་ཉིད་འབྲས་དང་ལམ་དུ་གནས་པས་ངོ་བོས་འབྲེལ་བའི་ཕྱིར་ཐུགས་རྗེས་བཟུང་བར་བཏུབ་པས་བསྟན་ཏེ། དངོས་སུ་ཕྲིན་ལས་ཡོན་ཏན་དང་ངོ་བོ་ལས་མཚན་བརྗོད་པ་ནི། བདུད་བཞིའི་རྩ་བ་གཉིས་སོགས་འདུད། །ཀུན་ནས་རྟོགས་པའི་གདེང་གིས་དག །ཉི་ཤུ་རྩ་ལྔ་ལྡན་གྱུར་ཀྱང་། །མཐའ་གསུམ་འདུ་ཤེས་འདས་པའི་མཚན། །ཞེས་གསུངས་ཏེ། ངོ་བོ་ནི་ཐུན་མོང་མ་ཡིན་པའི་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཏེ། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །ང་དང་བདག་མེད་རྟོགས་བྱས་ཏེ། །དངོས་དང་དངོས་མེད་བག་ཆགས་བསྲེག །དེ་བས་ཕ་ལམ་རྡོ་རྗེ་བཞིན། །ཞེས་གསུངས་སོ། །དེ་གང་ལ་ཡོད་ན་ངོ་བོས་གདུལ་བྱ་གཉིས་ཀྱི་རྒྱུད་ལ་གནས་ཏེ། ཚོགས་བརྒྱད་ཉིད་ཡེ་ཤེས་དྲུག་ཡིན་པའི་ཕྱིར། གཞན་དུ་ནས་དཀྱིལ་འཁོར་སྙིང་པོ་དྷརྨ་ཙཀྲའི་ཕོ་བྲང་ན་བཞུགས་ཏེ། རྐྱེན་གཉིས་ལ་རག་ལུས་ཀྱི་བསྐྱེད་པའི་རྒྱུ་མ་ཡིན་ནོ། །བདག་པོ་ནི་ཆེ་བ་དང་ལོངས་སྤྱོད་དང་ཐབས་ལས་མཚན་གསོལ་ཏེ་གནས་སོ། །མཆོད་པ་ནི་བདེན་པ་གསུམ་གྱིས་ཚུལ་རྣལ་འབྱོར་དང་མཐོང་བས་མཇལ་ཞིང་སྟོབས་པའོ། །དགོས་ཆེད་ཡོད་པས་དམ་བཅའ་བ་བསྟན་པའི་ཕྱིར་རོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། ཞེས་པ་རང་བཞིན་རྡོ་འཛིན་པ་དང་། འབྲས་བུ་རྡོ་འཛིན་པའོ། །མི་གཏོང་བ་ནི་དོན་དང་ལྡན་པའི་ཕྱིར་རོ། །རྟགས་ཀྱང་ལྔ་དང་འབྲེལ་བ་འཆང་བའོ། །མཆོད་པ་ཟིན་ནས་མན་ངག་རྩོམ་པར་འབྲེལ་ཏེ་བཤད་པར་བྱའོ་བར་དམ་བཅའ་བའི་སྡོམ་པ་མཚོན་པའོ། །གང་ཞེ་ན། དཔེ་རང་གནས་བཤད་པར་བྱ། ཞེས་པ། གཅིག་ཤེས་ཀྱི་ཆེད་དུ་ལྷག་པ་གཟུགས་བརྙན་སྨོས་པ་དང་། བརྡ་དེས་འཁོར་ལོ་ཉིད་འཆད་པའི་རང་བཞིན་ལ། ལས་བརྙན་གསང་བའི་དཀྱིལ་འཁོར་ཀུན་རང་ལ་གནས་པ་འཆད་ཕྱིར་མཚན་ངེས་པར་ཐོབ་བོ། །ངོ་བོ་ནི་རྡོ་རྗེའི་ཐུགས་ལ་གནས་པའོ། །གང་གི་ཆེད་དུ་མཉམས་པ་ལ། །རྣལ་འབྱོར་རང་གནས་མངོན་འདོད་པ། །དངོས་དང་བར་མ་རྣམ་སྦྱངས་ཕྱིར། །ཞེས་པ། གང་དག་སྐལ་བ་དང་ལས་བཅུད་དུ་གྱུར་པ་དངོས་ཀྱི་ཕྱིར་དང་། འདའ་ཁ་དང་བར་མ་དང་འདས་པ་ནི་རྒྱུ་འབྲས་ཀྱི་ཕྱིར་ཕྱོགས་གཅིག་ཏུ་བར་མའི་སྟེང་བསྡུ་ཏེ། འཕེལ་བ་དང་འཕངས་འབྲེལ་བའི་ཕྱིར་རོ། །མན་ངག་གི་གཞུང་རྟོགས་པར་བྱ་བའི་ཕྱིར་གཞུང་རྒྱས་པར་བསྟན་པ་ལ། ལུས་དང་ཡན་ལག་ལས། མདོ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མདོར་བསྟན་པ་ནི། རྒྱུ་དང་རང་བཞིན་རྒྱུ་ཉིད་དང་། །ཞེས་པ་དམིགས་དང་གཞི་ཤེས་པར་བྱ་བའི་ཕྱིར་རོ། །རང་བཞིན་ནང་གི་དཀྱིལ་འཁོར་དང་། །ཞེས་པ། གནས་སྦྱང་བའི་ཐབས་ཤེས་པར་བྱ་བའི་ཕྱིར་རོ། །འཕོ་ཚུལ་བར་མའི་མཚན་ཉིད་དང་། །ཞེས་པ། དེའི་སྲོག་དང་རིམ་པ་ཤེས་པར་བྱ་བའི་ཕྱིར་རོ། །སྔ་མ་ནི་འདའ་ཁ་མའི་ཕྱིར་རོ། །ཕྱི་མ་ནི་གཞན་ལ་རག་ལུས་པའི་གུ་རུས་ཤེས་པར་བྱའོ། །ལས་བསྙེན་གསང་བའི་དཀྱིལ་འཁོར་གསུམ་དང་། །ཞེས་པ། བསྒྲལ་ཐབས་ཤེས་བྱ་བའི་ཕྱིར་རོ། །དེ་དག་ཏིང་འཛིན་ལས་རིམ་དང་། །ཞེས་པ། དེའི་སྲོག་དང་རིམ་པ་ཤེས་པར་བྱ་བའི་ཕྱིར་རོ། །རང་གནས་སྦྱང་བའི་རིམ་པ་དང་། །ཞེས་པ། གདུལ་བྱ་ཉིད་ལ་སངས་རྒྱས་ཀྱི་ས་གནས་པས་སྤར་བའི་ཐབས་ཤེས་པར་བྱ་བའི་ཕྱིར་རོ། །བདག་ཉིད་འདའ་ཀའི་མན་ངག་དང་། །ཞེས་པ། བདག་གིས་བདག་སྦྱང་བའི་ཕྱིར་རོ། །མཐར་གནས་ཚུལ་གྱིས་ཐ་སྙད་བཅུ། །ཞེས་པ། དོན་ཡོད་པར་བྱ་བའི་ཕྱིར་འབྲས་བུ་དང་ལུས་བཅུའོ། །རང་གནས་རྨོངས་པའི་དོན་ཕྱིར་དབྱེ། །ཞེས་པ་ལ་གཞན་དོན་པའི་བརྩམས་པའི་ལམ་དྲུག་པོ་དང་། བདག་དོན་ཐ་སྙད་གཅིག་གིས་བྱེད་པའི་ཐབས་མི་ཤེས་པ་རྣམས་ཀྱི་ཕྱིར་གོ་ཆ་བགོས་པའོ། །ཡན་ལག་རྒྱས་པར་བསྟན་པའི་ཕྱིར། །དང་པོ་རྣམ་གཉིས་དེ་ལའང་གཉིས། །ཞེས་པ། དང་པོ་རྒྱུའི་ཡན་ལག་འཆད་པའི་ལུས་རྣམ་པར་གཞག་པ་སྟོན་ཏེ། གནས་སྤར་བའི་རྒྱུའི་འཁོར་བར་སྐྱེ་བའི་རྒྱུ་དང་། རྒྱུ་མངལ་དུ་སྐྱེས་པའི་རྒྱུ་བསྟན་པ་ལས། སྔ་མ་གཉིས་མཚུངས་པར་ལྡན་པ་དང་ལྷན་ཅིག་བྱེད་པའི་རྒྱུ་རྐྱེན་དང་ཐུན་མོང་དུ་བསྟན་པའོ། །དེ་ལ་སྔ་མ་བསྟན་པའི་ཕྱིར། །བདེ་གཤེགས་སྙིང་པོ་རང་རིག་ལ། །མ་རིག་བདག་ལྟ་མཚུངས་པའི་རྒྱུ། །ཞེས་པ་དྲུག་གིས་སེམས་རང་བཞིན་གྱིས་བདེ་བར་གཤེགས་པས་འཁོར་བ་མ་གྲུབ་ན་ཡང་། དེ་མཐོང་བ་ངེས་པར་མ་བྱས་པས་བདག་གཉིས་སུ་ཞེན་པ་ནི་དུས་མཉམ་པར་མེ་ལོང་གཡའ་བཞིན་ལྷན་ཅིག་ངོ་བོ་མི་ཕྱེད་པས་མིང་གྲུབ་པ་ནི་བསྐྱེད་པ་དང་འཕེན་པའི་ལས་བྱེད་པའོ། །དེ་ཡང་དེ་ཉིད་དངོས་པོར་མ་འདྲེས་པས་ཡེ་ཤེས་རྒྱལ་པོ་དེ་ཉིད་དེ་སྣང་བ་ལྷུན་གྱིས་གྲུབ་པ་ལས་གོལ་ཏེ་གཉིས་པ་བསྟན་པའི་ཕྱིར། ཀུན་བརྟགས་མ་རིག་ཉོན་མོངས་ལས། །ལྷན་ཅིག་བྱེད་རྒྱུ་རྒྱུ་ཡི་རྒྱུ། །ཞེས་པ། ཀུན་ཏུ་བརྟགས་པའི་མ་རིག་པ་གསུམ་ལ་སོགས་པའི་ཉོན་མོངས་པ་ལྔ་དང་། འདོད་པ་ཁམས་ཀྱི་ལས་གཉིས་དང་། གོང་མ་གཉིས་ཀྱི་ལས་གཅིག་པ་དག་ནི་ཁམས་གསུམ་པ་དང་མཉམ་དུ་འགྲོགས་ཤིང་འཁོར་བ་མངོན་པར་གྲུབ་པར་བྱེད་བསྐྱེད་ཅིང་མེ་ལོང་བཏགས་པས་འཕེལ་བའི་ནུས་པ་ཅན་དུ་བྱེད་པ་ནི་ལས་ཀྱི་རྐྱེན་དུ་འགྲོ་སྟེ། དེ་ནི་མངལ་གྱི་རྒྱུ་དེའི་ཡང་རྒྱུ་སྟེ། ཆོས་དང་བདག་དང་དངོས་པོ་རྣམས། །ངོ་བོ་ཡོད་ལ་སོགས་བརྟགས་པས། །རྟོག་པ་སྒྱུ་མའི་ཀླུ་གྱུར་ཏེ། །ཞེས་གསུངས་སོ། །དེའི་རང་བཞིན་ནི། བྱ་བྱེད་འབྲས་བུ་གསུམ་སྟོང་པ་ཆེན་པོའི་ཕྱིར་ཡང་དག་པའི་མཛད་པའོ། །གཉིས་པ་རྐྱེན་གྱི་རྣམ་པར་འདོད། །ཅེས་པ། རྒྱུའི་རྒྱུ་གཉིས་པས་ཏེ་འཁོར་བའི་རྐྱེན་བཤད་ཟིན་ཏོ། །སྤྱིར་དེ་ལྟ་བུ་ལས་ཐུགས་རྗེའི་ཡུལ་སྒོས་གནས་གང་གི་སྐྱེ་བ་བསྟན་པའི་ཕྱིར་རྒྱུ་འཆད་དེ། མཚམས་སྦྱོར་རྣམ་ཤེས་ཞེན་བཅས་པ། །རླུང་གི་རྐྱེན་གྱིས་འོང་མཚུངས་རྒྱུ། །ཞེས་པ་ལེན་པའི་རྣམ་པར་ཤེས་པ་ནི་བག་ཆགས་སྨིན་པ་དང་བཅས་པས་སྲིད་པའི་མཚམས་སྦྱོར་བ་དེ་འཕེན་པའི་རྒྱུ་གཉིས་ཀྱིས་འཕངས་པས་བར་མ་དོར་འོངས་པ་ནི་སྐྱེ་བ་མཚུངས་པར་ལྡན་པའི་ཕྱིར་ཏེ། རང་ལ་མེད་ན་མི་སྐྱེ་བའི་ཕྱིར་རོ། །ཕྱི་མའི་མདོ་བསྟན་པའི་ཕྱིར་རོ། །རྟེན་སེམས་ལེན་པར་ཁྲག་དང་བཅས་ཕོ་མོའི་འདོད་བསྣོལ་སེམས་ཀྱིས་འཇུག་ཅེས་པ། ཤེས་པའི་རྟེན་ཕའི་ས་བོན་དང་མའི་ཁྲག་གོ། །ལྡན་པ་ནི་འདྲེས་པའོ། །བསྣོལ་བ་ནི་ཁྱེའུ་མ་ལ་འདོད་ཆགས་སྐྱེ་ཞིང་ཕ་ལ་ཞེ་སྡང་སྐྱེ་བའོ། །བུ་མོར་སྐྱེ་བ་ནི་དེ་ལས་ལྡོག་པའི་ཕྱིར་རོ། །ཆགས་སྡང་གི་སེམས་ཀྱིས་འཇུག་གོ། །དེ་ལའང་འཇུག་པའི་སེམས་དང་། འཇུག་པའི་རྐྱེན་དང་། འཇུག་པའི་ཚུལ་དང་། བར་ཆད་དང་། འཛིན་པའི་ཚུལ་དང་། ཡོན་ཏན། མཐོང་ལུགས་དང་། ཡུལ་ཇི་ཙམ་གནས་པ་དང་། འདུག་པའི་ཚུལ་དང་། སྐྱེ་བའི་ཁྱད་པར་རོ། །དེ་ལ་དང་པོ་ནི་བཤད་ཟིན་ཏོ། །གཉིས་པ་ནི་རླུང་སུམ་ཅུ་སོ་བརྒྱད་འཆད་དོ། །གསུམ་པ་ནི་དགེ་བ་ཅན་གྱི་ཚུལ་དང་། སྡིག་པ་ཅན་གྱི་ཚུལ་དང་། དེ་ཡང་མཐོང་ལུགས་དང་འབྲེལ་བས། སྔ་མ་ནི་བར་མ་དོར་འཇིགས་སྐྲག་གི་ཡུལ་ལྔ་ལ་སོགས་པ་མཐོང་བའི་ཚེ། ཁང་བརྩེགས་ཡང་ཐོག་མཐོན་སྟེང་དང་། གཞལ་མེད་ཁང་ན་ཁྲི་ལ་འདུག་བྱེད་སོགས། དེ་ལྟར་བདེ་འདོད་སེམས་ཀྱིས་འཇུག །ཕྱི་མ་མི་བདེ་ཡུལ་མཐོང་ཚེ། །འཇིགས་སྐྲག་རྩ་དང་ལོ་ཁྱིམ་དང་། །རྩིག་བརྡུལ་དབེན་རི་ནགས་སྡུག་བྲག །སྐྱབས་དེའི་གནས་མཐོང་འཇུག་པར་བྱེད། །དེ་ཚེ་མཁའ་འགྲོ་འདོད་པ་ཡིས། །ས་ཁུང་བུས་པའི་སྙིང་འཛིན་དང་། །སྦྲང་རྒྱ་ཇི་བཞིན་འཛིན་པ་སྟེ། །དེས་ན་མི་འདུལ་བསྟན་པ་ཡིན། །དེ་ཡང་སྐྱེ་གནས་ས་བོན་ལས། །བར་ཆད་གསུམ་མེད་འཇུག་པ་སྟེ། །དང་པོ་ནད་ལྡན་ནོན་པ་ལྔ། །གང་བ་གཉིས་དང་དབྱིབས་རྒུ་དང་། །ལྷག་སྐྱེས་འཛག་འདུག་མི་བཏུབ་དང་། །རྩུབ་མངས་གཉིས་དང་ཡོང་བའོ། །གཉིས་པ་སྔ་ཕྱི་མ་སྙོམས་ཆད། །གསུམ་པ་བསོད་ནམས་ཆ་མ་མཉམ། །མཉམ་ཡང་ཕྲད་ལས་མ་བསགས་པའོ། །དེ་དེ་དེ་བཟློག་ཡོན་ཏན་ཏེ། །དེ་ཡོད་གནས་སུ་འཇུག་པར་བྱེད། །གང་དེ་དེ་ན་གནས་པའི་ཡུན། །ཟླ་བརྒྱད་ཉི་ཤུ་གཅིག་ཞག་གིས། །ཕལ་ཆེར་རྫོགས་ནས་འབྱུང་བར་བྱེད། །འདུག་ཚེ་ཕོ་གཡས་ཁ་སྦྱོར་ལ། །མོ་གཡོན་རྒྱབ་སྟོན་མདུན་དུ་བལྟ། །ཆགས་སྡང་ལས་ཀྱི་བྱེ་བ་ཡིན། །དེ་རྫོགས་སྐྱེ་བ་འཆད་འགྱུར་ཏེ། །བདེ་དང་སྡུག་བསྔལ་ལས་ཀྱི་བྱེ། །ཞེས་པའོ། །རྐྱེན་གྱི་ཡོན་ཏན་ནི། ལེན་རྟེན་འབྱུང་བ་ངེས་ལྡན་པས། །ཐལ་བ་འབྲུ་མར་ཤ་རུལ་ལྟར། །མི་འགྱུར་ངེས་པར་འགྱུར་བ་ཡིན། །ཞེས་པ། ས་བོན་གཉིས་ལ་འབྱུང་བ་བཞི་ཚང་བའི་ཕྱིར། དེའི་ཡོན་ཏན་ནི། ཆུ་ཡིས་བསྡུས་པ་ཐལ་བ་ལྟར། །མི་འགྱུར་བ་ཡིས་འབྲུ་མར་དང་། །མེ་ཡིས་ཤ་རུལ་ལྟར་མི་འགྱུར། །རླུང་གིས་མངོན་པར་འགྲུབ་འགྱུར་ཏེ། །སྭ་སྟི་ཀ་བཞིན་ནོ། །དེ་བས་ན་སྨོས་པའི་རྐྱེན་བཞིའི་དབང་དུ་མ་གྱུར་པར་སྨིན་པར་འགྱུར་བ་ནི་རྐྱེན་ནོ། །སུམ་ཅུ་རྩ་བརྒྱད་ཕྲག་བདུན་རླུང་། །ལྷན་ཅིག་བྱེད་རྒྱུ་རྐྱེན་དུ་འདོད། །ཅེས་པ། དེ་སྙེད་རེ་ལ་ཡང་འབྱུང་བ་བཞིའི་རླུང་ཆ་མཉམ་པར་ཡོད་མོད་ཀྱང་། ཞག་གྲངས་སུ་ལས་སོ་སོ་བྱེད་པས་མི་གྲུབ་པ་ནི་ཕུང་པོ་དང་ལྷན་ཅིག་པས་སྨིན་པར་བྱེད་པས་མིང་ཐོབ་སྟེ་གྲོགས་ཀྱི་ཕྱིར་རྐྱེན་ནོ། །དེ་ལ་ནི་འཕེན་པ་དང་ཡོངས་སུ་རྫོགས་པ་དང་མངོན་པར་འགྲུབ་པར་བྱེད་པ་དང་། འབྱུང་བའི་བྱེད་རྒྱུར་གནས་སྐབས་བྱེ་ཆེའི་མིང་གྲངས་ཀྱིས་འགྱུར་རོ། །འོ་ན་འདིར་མངལ་ནས་སྐྱེ་བ་གཙོ་བོར་བསྟན་ཏེ། སྐྱེ་བ་གསུམ་པོ་ཐུགས་རྗེའི་ཡུལ་མ་ཡིན་པར་འགྱུར་བས་སྤོང་ལེན་རིགས་པས་འགལ་ལོ་སྙམ་པ་ལ། བཞི་སྐྱེ་བ་དང་དྲུག་འགྲོ་བ་ཀུན་ཡིན་མོད་ཀྱི་དངོས་པོ་སྦྱོང་བ་བདག་གི་དབང་དུ་མངལ་ཏེ། སྐྱེ་ས་ཡིན་པའི་ཕྱིར་དང་། བར་མའང་གཙོ་བོར་བསོད་ནམས་ཀྱི་ལུས་ཅན་དང་པོ་ཡིན་པའི་ཕྱིར་གཙོར་བསྟན་གྱིས་གསུམ་པོ་འདོར་བ་ནི་མ་ཡིན་པས་འགལ་བ་ནི་མ་ཡིན་ནོ། །དེ་རྒྱས་པ་བསྟན་པའི་ཕྱིར། ལས་རླུང་དང་པོ་ཞོ་ཆགས་ཚུལ། །ཀུན་སྡུད་མ་ཡི་རྩིབ་ནས་འབུད་ཅུང་ཟད་སྲ་བར་གྱུར་པ་ཡིན། ཞེས་པ། མའི་མངལ་དུ་སེམས་ཅན་དེ་བདུན་ཕྲག་དང་པོར། ལས་རླུང་ཀུན་ཏུ་བསྡུད་པ་འབྱུང་བ་ལས་ས་བོན་གཉིས་གཅིག་ཏུ་བྱས་ཏེ་མེར་མེར་པོ་དེ་འབྲས་ཀྱི་ཁུ་བའམ་ཞོའི་དཀྲིས་མ་འདྲའོ། །བདུན་ཕྲག་གཉིས་པ་ལས་རླུང་དེས་ནུར་ནུར་པོར་བྱས་ཏེ་ཞོ་བསྐ་བའམ་མར་ཆགས་པ་ལྟར་བྱས་པའོ། །མའི་རྩིབ་ལོགས་གཡས་གཡོན་དུ་ཕོ་མོ་སོ་སོར་འབུད་པར་བྱེད་དོ། །ཞག་བདུན་ཕྲག་གསུམ་པ་ལས། མཛོད་ཅེས་བྱ་བས་ཟླུམ་པར་བྱེད། །ཅེས་པ། ལས་ཀྱི་རླུང་མཛོད་ཅེས་བྱ་བ་བྱུང་ནས་མཁྲེགས་ཤིང་ལྡར་ལྡར་བྱས་ཏེ། ལྕགས་ཀྱི་ཐུར་མའམ་འབུ་གྲོག་མ་འདྲ། སྨན་བརྡུང་བའི་གཏུན་བུ་འདྲ་ལ་ཐུང་ཞིང་ཆུང་བའི་ཕྱིར་བཟླུམ་ཞེས་བྱའོ། །བདུན་ཕྲག་བཞི་པ་ལ། རབ་འབྱེད་མཁྲེགས་པ་མཆི་གུ་ལྟར། །ཞེས་པ། ལས་ཀྱི་རླུང་རབ་ཏུ་འབྱེད་པ་ཞེས་བྱ་བས་ལྟར་ལྟར་པོ་དེ་མཁྲེགས་པར་བྱེད་ཏེ་མཁྲང་འགྱུར་ཞེས་བྱ། དབྱིབས་གདར་རམ་མཆི་གུ་འདྲའོ། །བདུན་ཕྲག་ལྔ་པ་ལ། ཡན་ལག་སྡུད་པས་ཡན་ལག་གི། །རྩ་བ་ལྔ་པོ་འབྱུང་བར་འགྱུར། །ཞེས་པ། ལས་ཀྱི་རླུང་ཡང་དག་པར་སྡུད་པ་ཞེས་བྱ་བས་མཁྲང་འགྱུར་གོང་གོང་པོ་རྣམ་པར་འབྱེད་དེ། བརླ་གཉིས། དཔུང་པ་གཉིས། མགོ་བོ་དང་ལྔ་འབྱུང་བར་བྱེད་དོ། །ཆར་གྱིས་ལྗོན་ཤིང་ལོ་འདབ་རྒྱས་པར་བྱེད་པ་དང་འདྲའོ། །བདུན་ཕྲག་དྲུག་པ་ལས། ཟས་ཀྱི་འཕྲོ་ལྔ་དེ་བཞིན་འབྱུང་། །ཞེས་པ་ལས་ཀྱི་རླུང་རྒྱ་ཆེན་པོ་ཞེས་བྱ་བའམ་ཟས་ཞེས་བྱ་བས། པུས་མོ་རྗེ་ངར་གཉིས། དཔུང་པ་ལག་ངར་གཉིས་ཏེ་སྔར་གྱི་འཕྲོ་བཞི་སྣང་བར་བྱེད་དོ། །བདུན་ཕྲག་བདུན་པ་ལ། འཁྱིལ་བྱེད་དེ་བཞིན་ལྔ་རྫོགས་བྱེད། །ཅེས་པ། ལས་ཀྱི་རླུང་འཁྱིལ་བྱེད་ཀྱིས་བོལ་བཞི་འབྱུང་བས་ཡན་ལག་ལྔ་རྫོགས་པར་བྱེད་དོ། །བདུན་ཕྲག་བརྒྱད་པ་ལ་བཟློག་བསྒྱུར་བྱེད་པས་ཉིང་ལག་རྫོགས། ཤེས་པ། ལས་ཀྱི་རླུང་བཟློག་བསྒྱུར་བྱེད་པས་སོར་མོ་ཉི་ཤུ་འབྱུང་བར་བྱེད་དོ། །བདུན་ཕྲག་དགུ་པ་ལ། རྣམ་པར་འབྱེད་པས་བུག་དགུ་དོ། །ཞེས་པ། ལས་ཀྱི་རླུང་བུ་ཁ་རྣམ་པར་འབྱེད་པས་དབང་པོ་ལྔ་ཡི་བུ་ག་བདུན་དང་། གཤང་གཅིའི་ལམ་སྟེ་བུ་ག་དགུ་འབྱུང་བར་བྱེད་དོ། །བདུན་ཕྲག་བཅུ་པ་ལ་སྲ་བྱེད་ཀུན་ནས་སྒོ་མཉམ་པས། སྲ་ཞིང་རྐྱལ་བ་ལྟར་བུ་འགྱུར། །ཞེས་པ། དེའི་ཚེ་ལས་ཀྱི་རླུང་སྲ་བར་བྱེད་པས་ཅུང་ཟད་སྲ་བར་བྱེད་ཅིང་ཀུན་ནས་སྒོ་ཞེས་བྱ་བའི་རླུང་གིས་ལུས་ཀུན་བུས་ནས་རྐྱལ་པ་ལྟ་བུར་གང་རྒྱས་སུ་བྱེད་དོ། །བདུན་ཕྲག་བཅུ་གཅིག་པ་ལ། རྡོ་རྗེ་བུག་སྦྱོང་ཁ་སྣང་ནས། །ཁྲག་རྣག་ཆུ་འབྱུང་དབང་པོ་བཟློག །ཅེས་པ། དེའི་ཚེ་རླུང་ལས་ཀྱི་རྡོ་རྗེ་ཞེས་བྱ་བས་སྟེང་འོག་གི་ཕྱོགས་ཀུན་ཏུ་འགྲོ་ཞིང་ལུས་ཀྱི་བུ་ག་རྣམས་ཕ་ལམ་ནོར་མིག་ལྟར་འབྱེད་པར་བྱེད་དེ། དེས་མ་དེ་ཡང་དགའ་མི་དགར་བྱེད་ཅིང་། །སྤྱོད་ལམ་དུ་ཡང་དེའི་རང་བཞིན་དུ་བྱེད། །རྐང་ལག་བསྐྱེད་པར་ཡང་བྱེད། མངལ་ན་མོ་ཡི་བུ་ག་རྣམས་འཕེལ་བར་བྱེད་ཅིང་ཁ་ནས་ཁྲག་རྣག་དང་ཆུ་མིག་ག ཙང་བ་འབྱུང་སྟེ་དབང་པོ་རྣམས་དེས་བཟློག་ནས་ཞི་བར་འགྱུར་རོ། །བདུན་ཕྲག་བཅུ་གཉིས་པ་ལ། ཡོན་པོའི་སྒོས་ནི་ནང་ཁྲོལ་འབྱུང་། །ཞེས་པ་དེའི་ཚེ་རླུང་ཡོན་པོའི་སྒོས་རྩིབ་ལོགས་གཡས་གཡོན་གཉིས་ཀྱི་ནང་ཁྲོལ་གྱི་རྒྱུ་མ་ཆེ་ཆུང་རྣམས་བསྐྱེད་དོ། །ཞོར་འབྱུང་སྤུ་རྒྱུས་ཤེས་པའི་ལས། །རུས་པའི་ཚིགས་དང་ནད་རྣམས་ལྡན། །ཞེས་པ། དེའི་ཚེ་གཞན་ཡང་སྤུ་རྒྱུས་ཤེས་པའི་རླུང་ཞོར་ལ་འབྱུང་སྟེ། དེས་ཚིགས་ཀྱི་ཡན་ལག་ནད་སུམ་བརྒྱ་དྲུག་ཅུ་དང་ནད་བཞི་བརྒྱ་རྩ་གཅིག་ལུས་ལ་གནས་པར་འགྱུར་རོ། །བདུན་ཕྲག་བཅུ་གསུམ་པ་ལ། བཀྲེས་སྐོམ་བྱེད་པས་དེ་སེམས་བསྐྱེད། །མས་ཟོས་ལྟེ་བར་འཛིན་ཞིང་ཕན། །ཞེས་པ། དེའི་ཚེ་ལས་ཀྱི་རླུང་བཀྲེས་པ་དང་སྐོམ་པར་བྱེད་པ་ཞེས་བྱ་བ་དེས་མངལ་གྱི་ལུས་དང་ཉམ་ཆུང་ཞིང་བཀྲེས་སྐོམ་གྱི་འདུ་ཤེས་བསྐྱེད་པས། མས་ཟས་ཟོས་པ་འཐུངས་པ་ཇི་སྙེད་པ་དག་ལུས་ཀྱི་ནང་དང་ལྟེ་བའི་དཀྱིལ་འཁོར་ནས་འཐུངས་ཞུགས་ཤིང་ཕན་པར་བྱེད་དེ་གནས་པའི་བྱེད་རྒྱུའོ། །བདུན་ཕྲག་བཅུ་བཞི་པ་ལ། སྐུད་པའི་སྒོས་ནི་ཆུ་རྒྱུས་གཡོགས། །ཞེས་པ་དེའི་ཚེ་རླུང་སྐུད་པའི་སྒོ་ཞེས་བྱ་བས་རྩ་རྒྱུས་དགུ་བརྒྱའམ་སྟོང་སྐྱེད་པར་བྱེད་དེ། མདུན་རྒྱབ་གཡས་གཡོན་བསྣོལ་མར་གཡོགས་པར་བྱེད་དོ། །བདུན་ཕྲག་བཅོ་ལྔ་པ་ལ། པདྨས་ཉི་ཤུས་རྩ་འབྱུང་སྟེ། །ཞེས་པ། དེའི་ཚེ་རླུང་པདྨས་རྩར་འགྱུར་བ་མདུན་རྒྱབ་གཡས་གཡོན་རེ་ལ་ལྔ་ལྔ་ཉི་ཤུ་འབྱུང་སྟེ། བཟའ་བཏུང་གི་རེ་འདི་ནས་བཞུགས་ནས་ལུས་ལ་ཕན་འདོགས་པར་བྱེད་དོ། །དེས་ན། ཕྱོགས་བཞི་ལྔ་ལྔའོ། །ཞེས་གསུངས་སོ། །ཉི་ཤུ་པོ་རེ་རེ་ལ་ཡང་བཞི་བཅུ་བཞི་བཅུ་ཡོད་དེ། དེ་རེ་རེ་ལའང་། གཅིག་ལའང་བརྒྱ། ཉིང་ལག་ཕྱོགས་གཅིག་ཉི་ཁྲི་ལ། །ཞེས་པ་ལྔ་ལྔ་པོ་ཉི་ཤུ་ལ་བཞི་བཅུ་པོ་ལ་བརྒྱ་བརྒྱར་གྱེས་པས་ཉིས་སྟོང་ངོ་། །དེ་རེ་རེ་ལའང་ཉིང་ལག་སྟོང་སོ་རེ་རེ་ལའང་བཅུ་བཅུར་འཕྲོས་པས་ཁྲི། མདོར་ན་ཕྱོགས་གཅིག་གི་ཉིས་སྟོང་ལ་ཉི་ཁྲི་དེ་བརྒྱད་ཁྲི་སྡོམ་པར་འགྱུར་རོ། །རྩའི་མིང་ནི། མདུན་རྒྱབ་པ་ག་སྟོབས་ཞེས་བྱ། །ཞེས་པ་མདུན་གྱི་རྩ་ཉི་ཁྲི་པ་གའོ། །རྒྱབ་ཀྱི་ཉི་ཁྲི་སྟོབས་ཞེས་བྱའོ། །གཡས་གཡོན་མཐུར་ལྡན་བརྟན་པའོ། །ཞེས་པ། གཡས་ཀྱི་ཉི་ཁྲི་ནི་མཐུ་དང་ལྡན་པའོ། །གཡོན་གྱི་ཉི་ཁྲི་ནི་བརྟན་པ་ཞེས་བྱ་སྟེ། དེས་ན་ལུས་ཀྱི་ཆ་བཞི་ལ་ནུས་པ་སོ་སོར་འབྱུང་བའོ། །དེ་དག་ཉིང་ལག་གཅིག་ནས་བདུན། །དག་གི་བར་དེར་བ་སྤུར་འབྲེལ། །ཞེས་པ། བརྒྱད་ཁྲི་བཞི་པོ་རེ་རེ་ལའང་ཉིང་ལག་བདུན་དུ་འགྱུར་བས་བ་སྤུར་འབྲེལ་བ་ནི་བརྒྱད་ཁྲི་བ་ཕྲག་བདུན་དུ་འགྱུར་རོ། །རྩའི་ཁ་དོག་ནི། ཁ་དོག་དཀར་དམར་སེར་སྔོ་ལྡན། །ཞེས་པ། རྩ་དེ་དག་གི་ཁ་དོག་ལྔའམ་སྣ་ཚོགས་སུ་ལྡན་པའོ། །བདུན་ཕྲག་བཅུ་དྲུག་པ་ལ། བདུད་རྩི་དབང་པོ་སྙིང་མེད་འབྱེད། །ཅེས་པ། དེའི་ཚེ་ལས་རླུང་བདུད་རྩི་ཞེས་བྱ་བས། སྙིང་དང་མིད་པའི་བུ་ག་དང་། །དབང་པོའི་བུ་ག་རྣམས་ཕྱེ་ནས་དབུགས་རྒྱུ་བ་ཐོགས་པ་མེད་པ་དང་། བཟའ་བཏུང་ཟོས་པའང་ལུས་ལ་ཕན་འདོགས་པ་གསགས་པའི་གནས་ཡོད་པ་དང་། རླུང་དེ་དག་དགེ་སྡིག་གི་ལས་ཀྱི་རྣམ་སྨིན་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པས། དབུགས་རྒྱུ་དབང་པོ་རྣམས་ཀྱང་རྫོགས། །ཞེས་གསུངས་སོ། །བདུན་ཕྲག་བཅུ་བདུན་པ་ལ། འབྲི་གཏོང་དབང་པོ་དང་བར་བྱེད། །ཅེས་པ། དེའི་ཚེ་རླུང་འབྲིང་གཏོང་གིས་དཔེར་ན་མེ་ལོང་གཡའ་ཕྱི་ཐལ་བ་སྣུམ་གྱིས་ལེན་པ་ལྟར། རླུང་དེའི་ནུས་པས་དབང་པོ་རྣམས་དྭངས་ཤིང་གསལ་བར་བྱེད་དོ། །བདུན་ཕྲག་བཅོ་བརྒྱད་པ་ལ། བརྟན་འགྱུར་དབང་པོ་ལས་མཐུར་ལྡན། །ཞེས་པ། དེའི་ཚེ་རླུང་དྲི་མ་མེད་པའམ། །ཆེར་བརྟན་པར་འགྱུར་བ་ཞེས་བྱ་བས། དཔེར་ན་ཉི་ཟླ་སྤྲིན་གྱིས་ཁེབས་པ་རླུང་གིས་གཏོར་ནས་གསལ་བ་ལྟར། རླུང་དེས་དབང་པོ་རྣམས་སྨིན་ཅིང་གསལ་བར་བྱེད་དོ། །བདུན་ཕྲག་བཅུ་དགུ་པ་ལ། ལས་བྱེད་དབང་པོ་གསུམ་རྫོགས་བྱེད་ཅེས་པ། དེའི་ཚེ་རླུང་ལས་བྱེད་དམ། སྔ་མའི་ཆེར་བརྟན་གྱིས་དབང་པོ་ལྔ་སྨིན་ནས། ལུས་ཀྱི་དབང་པོ་དང་། སྲོག་གི་དབང་པོ་དང་། ཡིད་ཀྱི་དབང་པོ་གསུམ་ཡང་རྫོགས་པར་བྱེད་དོ། །བདུན་ཕྲག་ཉི་ཤུ་པ་ལས། ཤིན་ཏུ་སྲ་བས་རུས་པ་བརྟན། །ཞེས་པ། དེའི་ཚེ་ལས་ཀྱི་རླུང་བརྟན་པའམ་ཤིན་ཏུ་སྲ་བ་ཞེས་བྱ་བ་དེས་རུས་པ་རྣམས་བསྐྱེད་དེ། རུས་པ་ཆེན་པོ་ཉིས་བརྒྱ་དང་ཕྲ་མོ་རྣམས་འབྱིན་ཏེ། འཇིམ་སྐུ་ཤིང་ལ་སྲད་བུས་བཅིངས་པ་ལྟ་བུའོ། །བདུན་ཕྲག་ཉེར་གཅིག་པ་ལ། ཡང་དག་བསྐྱེད་པས་ཤ་རྣམས་སྐྱེད། །ཅེས་པ། དེའི་ཚེ་རླུང་དེས་ཤ་བསྐྱེད་པ་ནི་དཔེར་ན་སྲད་བུའི་སྟེང་དུ་འཇིམ་པས་གཡོགས་པ་ལྟ་བུའོ། །བདུན་ཕྲག་ཉེར་གཉིས་པ་ལ། ཀུན་ཏུ་རྒྱལ་བས་ཁྲག་རྣམས་འབྱུང་། །ཞེས་པ། དེའི་ཚེ་རླུང་ཀུན་ཏུ་བརྒྱལ་བས་ཁྲག་རྣམས་བསྐྱེད་པར་བྱེད་དོ། །བདུན་ཕྲག་ཉེར་གསུམ་པ་ལ་ཡོངས་དག་འཛིན་པས་པགས་པ་གཡོགས། ཞེས་པ། དེའི་ཚེ་རླུང་ཡོངས་དག་འཛིན་གྱིས་པགས་པ་བསྐྱེད་དོ། །བདུན་ཕྲག་ཉེར་བཞི་པ་ལ། སྤྲིན་འཛིན་དེ་ཉིད་མདོག་ལྡན་བྱེད། །ཅེས་པ། དེའི་ཚེ་རླུང་སྤྲིན་འཛིན་ཞེས་བྱ་བ་འབྱུང་སྟེ་དེས་ལུས་ཀྱི་པགས་པ་སྐྱེད་ཅིང་མདོག་དང་ལྡན་པར་བྱེད་དོ། །བདུན་ཕྲག་ཉེར་ལྔ་པ་ལ་གྲོང་ཁྱེར་འཛིན་པས་ཁྲག་དང་བྱེད། ཅེས་པ། དེའི་ཚེ་རླུང་གྲོང་ཁྱེར་འཛིན་པས་ཤ་དང་ཁྲག་འཕེལ་ཞིང་རིམ་གྱིས་རབ་ཏུ་དང་བར་བྱེད་དོ། །བདུན་ཕྲག་ཉེར་དྲུག་པ་ལ། སྐྱེ་བ་མངོན་གྲུབ་སྤུ་རྣམས་དང་། །ཆུ་རྒྱུས་སེན་མོ་འབྲེལ་བར་བྱེད། །ཅེས་པས། དེའི་རླུང་སྐྱེ་བ་མངོན་པར་གྲུབ་པའི་སྟོབས་ཀྱིས་སྐྲ་དང་སྤུ་དང་སེན་མོ་རྣམས་བསྐྱེད་ནས་ཐམས་ཅད་རྩ་རྒྱུས་རྣམས་དང་འབྲེལ་བར་བྱེད་དོ། །བདུན་ཕྲག་ཉེར་བདུན་པ་ལ། ཕན་ཡོན་ཆེན་པོས་ལས་བཞིན་དུ། །མཛེས་དང་ཆེ་ཆུང་གསལ་བར་བྱེད། །ཅེས་པ། དེའི་ཚེ་རླུང་ཕན་ཡོན་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། དེས་ལུས་ཀྱི་མཚན་མ་རྣམས་མངོན་པར་གྲུབ་པར་བྱེད་དོ། །སྡིག་པ་སྤྱོད་པ་ཞིག་ནའང་ཡིད་དུ་མི་འོང་བའི་ལུས་བཅུའི་སྐྱོན་གསོག་ཅན་དུ་བྱེད་དོ། །དགེ་བ་སྤྱོད་པ་ཞིག་ན་ཡང་ཡིད་དུ་འོང་བའི་ལུས་མཚན་དཔེ་ཅན་ངག་ཀུན་སྙན་པ་ཅན་དུ་འགྱུར་རོ། །དེའང་ཕོ་ཞིག་ཡིན་ན་གཡས་ཕྱོགས་སུ། །གདོང་གཡོགས་ཅོག་འདུག་འཚིག་པར་བལྟ། །མོ་ཞིག་གཡོན་ཕྱོགས་ལག་དངས་འགེབས་ལྟོ་བར་ཁ་བལྟས་མ་ཞུའི་འོག །ཞུ་སྟེང་བཅོས་ཤིང་བཅོས་པ་ལ། །གནས་ལྔར་ཀུན་ཏུ་འཆིངས་པ་ནི། །རྩ་རྒྱལ་ནང་ན་འདུག་པ་དང་། །གསལ་ཤིང་རྣོ་རྩེ་གཙུག་ལྟར་གནས། །མས་ཟོས་ཉུང་ཞིང་མི་ཞིམ་པ། །འདོད་སྤྱོད་དྲག་པོ་མཆོངས་དང་ཡུན། །རིང་ཉལ་འདུག་བདེ་སྡུག་བསྔལ་ཞེས་བྱའོ། །ཞག་བདུན་ཕྲག་ཉེར་བརྒྱད་པ་ལ། །རྟོག་པས་འདུ་ཤེས་བརྒྱད་སྐྱེའོ། །ཞེས་པ། དེའི་ཚེ་རླུང་ཀུན་ཏུ་རྟོག་པ་ཞེས་བྱ་བ་དེས། མངལ་ལ་ཞེན་པ་ཁང་བུ་བརྩེགས། །ཁྲི་སྟན་ཆུ་མིག་རྫིང་བུ་དང་། །ཆུ་བོ་ཀུན་དགའ་སྐྱེད་མོས་ཚལ། །འདུ་ཤེས་བརྒྱད་པོ་འབྱུང་བར་འགྱུར། །ཞེས་བྱའོ། །བདུན་ཕྲག་ཉེར་དགུ་པ་ལ། མེ་ཏོག་ཕྲེང་བས་ཁ་དོག་བསྒྱུར། །ཞེས་པ། དེའི་ཚེ་རླུང་མེ་ཏོག་ཕྲེང་བས་པགས་པའི་མདོག་བཟང་ཞིང་མཚན་མ་རྣམས་གསལ་བར་བྱེད་དེ། ལས་ཀྱི་དབང་གིས། ཁ་དོག་ལྔ་པོ་སོ་སོར་འབྱེད་དོ། །བདུན་ཕྲག་སུམ་ཅུ་པ་ལ། ལྕགས་སྒོས་སྤུ་དང་སེན་མོ་འཕེལ། །ཞེས་པ ། དེའི་ཚེ་རླུང་ལྕགས་སྒོས་སྐྲ་དང་སྤུ་དང་སེན་མོ་རྣམས་འཕེལ་བར་བྱེད་དོ། །ཁ་དོག་དམར་ནག་རྣམས་རབ་ཏུ་གསལ་བར་བྱེད་དོ། །བདུན་ཕྲག་སུམ་ཅུ་གཅིག་པ་ནས་ལྔའི་བར་དུ་ཟླ་བ་གཅིག་དང་ཞག་ལྔ་ལ། བདུན་ཕྲག་ལྔ་པོ་ཡངས་བྱེད་ཀྱིས། །མཚན་མ་ཐམས་ཅད་འཕེལ་བར་བྱེད། །ཅེས་པ། རླུང་ཡངས་པར་བྱེད་པས་ལུས་ཀྱི་ཡན་ལག་ཕུན་སུམ་ཚོགས་པར་བྱེད་ཅིང་ཡངས་པར་འགྱུར་ཞིང་ཉིང་ལག་ཡོངས་སུ་རྫོགས་པར་བྱེད་དོ། །བདུན་ཕྲག་སོ་དྲུག་པ་ལ། གཡོ་བྱེད་འབྱུང་བའི་སེམས་སྐྱེའོ། །ཞེས་པ། དེའི་ཚེ་རླུང་གཡོ་བར་བྱེད་པས་མངལ་དུ་འདུག་ཏུ་མི་འདོད་པར་འབྱུང་བའི་བསམ་པ་སྐྱེ་བས། མངོན་པར་མི་དགའ་བར་འགྱུར་རོ། །བདུན་ཕྲག་སོ་བདུན་པ་ལ། ལྡང་བས་ཕྱིན་ཅི་མ་ལོག་པའི། །འདུ་ཤེས་ལྔ་པོ་འབྱུང་བར་འགྱུར། །ཞེས་པ། དེའི་ལྡང་བས་འདུ་ཤེས་ལྔ་ནི། མི་གཙང་བའི་འདུ་ཤེས་དང་། དྲི་མི་ཞིམ་པ་དང་། བཙོན་རའི་དང་། མུན་ནག་གི་དང་། ཡོངས་སུ་སྐྱོང་བའི་འདུ་ཤེས་ལྔ་ཐ་མལ་པ་ཕྱིན་ཅི་མ་ལོག་པར་དེ་འབྱུང་བར་འགྱུར་རོ། །དེ་ཡི་རང་བཞིན་བསྟན་པའི་ཕྱིར། །དེ་དག་རང་བཞིན་གསང་བའི་ཕྱིར། །ཆགས་སོགས་རང་བཞིན་བཞི་བཅུ་གཉིས། །ཤིན་ཏུ་གསལ་བར་བྱེད་པ་འབྱུང་། །ཞེས་པ་དེ་དག་རང་བཞིན་ཉིད་ཀྱིས་སངས་རྒྱས་པས་ལས་དེ་ཡང་ཡང་དག་མཛད་པའི་རང་བཞིན་རྒྱལ་བ་བཞི་བཅུ་གཉིས་སོགས་གསལ་བར་བྱས་པའི་ཕྱིར་ཏེ། ཆགས་པས་བསྡུས་པའི་རྟོག་ཚོགས་ཉིད་འབྲས་བུའི་ཕྱིར་རོ། །བདུན་ཕྲག་སུམ་ཅུ་བརྒྱད་པ་ལ། །ཐོགས་མེད་རྐྱེན་གྱིས་མགོ་ལུས་བསྒྱུར། །ཞེས་པ། རླུང་ཐོགས་པ་མེད་པའི་རྐྱེན་ཞེས་བྱ་བས་རབ་ཏུ་བསྒྱུར་ཏེ། གཞན་རླུང་ཁ་མཐུར་དུ་ལྟ་བ་ཞེས་བྱ་བ་འབྱུང་སྟེ། མགོ་མཐུར་དུ་བལྟ་ཞིང་ལག་གཉིས་རྐྱང་སྟེ་གྱེན་དུ་ཕྱོགས་པར་བྱས་ཏེ་མཐར་གྱིས་འབྱུང་བར་འགྱུར་རོ། །དེ་འཆི་བའི་ལས་ཅན་ནི་ཡན་ལག་བསྣོལ་ཏེ་འགྱུར་མི་ནུས་པ་དང་མི་དགེ་བས་དེ་ཉིད་དུ་འཆི་བ་དང་། མ་ཡང་སྡུག་བསྔལ་མྱོང་བའམ། འཆི་དུས་བྱེད་དོ། །དགེ་བ་ཅན་ལ་དེ་དག་མི་འབྱུང་ངོ་། །རང་བཞིན་སེམས་དཔའ་ལྷུམས་ནས་འབྱུང་། །ཞེས་པ་བདུན་ཕྲག་སུམ་ཅུ་རྩ་བརྒྱད་འདས་ནས་མངལ་ནས་འབྱུང་བ་ནི་དོན་དུ་རང་བཞིན་སེམས་དཔའ་བལྟམས་པའོ། །དེའི་ཚེ་དེ་ལ་བ་གླང་གསོན་བཤུས་ལྟ་བུའི་སྡུག་བསྔལ་ལོ། །ཞག་བདུན་ལོན་ནས་སྲིན་བུའི་རིགས་སྟོང་ཕྲག་དྲུག་ཅུ་ལུས་ལས་སྐྱེས་ཏེ་ཟ་བར་བྱེད་པ་ནི་ཐ་མལ་པའི་དང་མངལ་མཐུན་པའོ། །གཞུང་ཉིད་དུ། རང་བཞིན་ཡེ་ཤེས་རྡོ་རྗེའི་ཕྱིར། །རྡོ་རྗེའི་ཕུང་པོ་ཞེས་སུ་གསུངས། །ཞེས་པས། གང་ཕུང་པོ་སྐྱེས་པ་དེ་ཉིད་ན་རང་བཞིན་གྱི་གཏན་ཚིགས་སམ། བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱི་ཕུང་པོ་ནི་རྡོ་རྗེ་ལྔའི་བདག་ཉིད་པས་སྣང་དུ་ཟད་དེ་རྡོ་རྗེ་ཕུང་པོ་ཉིད་དུ་རྒྱུད་ལས་སྟོན་པས་གསུངས་པ་ནི་ལུང་གི་གཏན་ཚིགས་ཏེ། དེ་ཡང་སྔོན་དུ་ཤེས་པར་བྱ་བ་སྟེ་མཚན་ཉིད་དང་པོའི་དོན་ཏེ། ༈ །ལུས་གཉིས་པའི་ཡན་ལག་བསྟན་པའི་ཕྱིར། རང་བཞིན་གནས་རྒྱུད་རྣམ་པ་གཉིས། །ཞེས་པ་གཉིས་པའི་ལུས་ཏེ་དེ་ཉིད་དང་སྔོན་དུ་བྱེད་པའི་རྒྱུད་དོ། །དེ་ལས་སྔ་མ་བསྟན་པའི་ཕྱིར། །སེམས་ནི་རང་བཞིན་ཡེ་ཤེས་ཏེ། །ཞེས་པ། རྟོགས་བཅས་ཀྱི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡིན་པར་བསྟན་པ་སྟེ། ལྷག་པའི་གནས་སྐབས་གསུམ་ལས་རྒྱུའི་གནས་སྐབས་སོ། །མ་བཅོས་རྒྱུན་གྱི་སྐད་ཅིག་མ་དེ་ཡིས་མ་བྱས་གང་ཡང་མེད། ཅེས་པ། འཁོར་བའི་བྱེད་པ་པོ་ཉིད་ནི་སྐད་གཅིག་མ་བག་ཆགས་དང་བཅས་པ་སྟེ། ངེས་པར་དེ་ཉིད་ངོ་བོ་ཉིད་ཀྱི་རྒྱུ་ཁོ་ནའོ། །མ་རིག་མུན་འཁོར་བསླད་པ་ནི། །ཞེས་པ་འཁོར་བའི་རྒྱུ་རྐྱེན་གྱིས་སེལ་ཞུགས་པའོ། །ཇི་སྙེད་འཇིག་རྟེན་འཁྲུལ་བའི་ཆོས། །ཞེས་པ། འཁོར་བའི་རང་བཞིན་དང་ངོ་བོའོ། །ཕྱིི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཞེས་པ་འཁོར་བའི་ཚུལ་དེ་སྲིད་པའི་འཁོར་ལོར་བག་ལ་ཉལ་དང་མངོན་དུ་རྒྱུས་ཁམས་གསུམ་བསྐོར་བ་ནི་མིང་གྲུབ་བོ། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཞེས་པ། བདེ་སྡུག་མི་མཐུན་པ་ནི་འབྲས་བུ་སྟེ་ཉེས་པའོ། །དབང་པོ་ཡུལ་དུས་སྣང་བ་ཀུན། །རང་རྒྱུད་ཡོད་པ་མ་ཡིན་ཏེ། །ཞེས་པ། གང་གཞལ་བར་བྱ་བ་འཁྲུལ་བའི་སྣང་བ་གཉིས་མ་གྲུབ་པ་ནི་ཡུལ་མིག་བརྩིར་བའི་ཟླ་བ་གཉིས་པ་ལྟར། སེམས་ལ་རང་རྒྱུད་ཡོད་པ་དངོས་པོ་གཞན་པར་མེད་པ་ནི་ལུགས་གཞན་དང་ཡང་མཐུན་ཏེ། དེ་དག་དྲང་བའི་ཡང་བརྗོད་པའོ། །ལྷག་མ་ནི་བཞི་དང་ཡང་འབྲེལ་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་སྟེ། །ཞེས་པ། མི་གཙང་བ་བསྒོས་པའི་སྤྱོད་ཡུལ་རུས་པར་སྣང་བ་ལྟར། སྟོན་པ་ནི་ཡུལ་མ་གྲུབ་པའི་གཏན་ཚིགས་སོ། །གཉིས་སྣང་ཆོས་ཀུན་རྣམ་རྟོག་བཤད། །ཅེས་པ། རྟོག་པའི་གཟུགས་བརྙན་སྣང་བའི་ཕྱིར་རོ། །དེ་ཡང་ཐགས་སྦྲུལ་དུ་སྣང་བའི་དུས་དང་། རྣམ་པར་མཐོང་བའི་དུས་གཉིས་ཀ་ན་སྦྲུལ་མེད་པར་འདྲ་བ་བཞིན་དུ་སྣང་ཡང་ལོགས་སུ་མ་གྲུབ་པའོ། །ངེས་པའི་དོན་དུ་ཞེས་པའི་སྒྲར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་སྣང་བས་དངོས་པོ་མེད་པ་ལ་མཐོང་བའི་རྟོག་སྣང་ཡིན་ནོ། །དེའི་ཕྱིར་ཡུལ་ལོགས་སུ་མ་གྲུབ་པའོ། །འོ་ན་སེམས་གྲུབ་པ་ཡོད་དོ་ཞེ་ན། རྣམ་རྟོག་རང་གི་སེམས་ཡིན་ཏེ། །ཞེས་པ། རྟོག་པའི་སེམས་སྐད་གཅིག་མའི་དངོས་པོའམ་རྒྱུ་རྟགས་པའམ། སྟོང་པ་ཉིད་མ་ཡིན་ཏེ། རྟོག་པའི་ཡུལ་ཞེས་ངོ་བོ་མ་སྐྱེས་པའི་ཕྱིར་རོ། །རྟོག་བདོ་བ་ཉིད་ན་རང་གི་མཚན་ཉིད་རིག་པར་གསལ་བ་ནི། ཉི་མས་བརྒྱན་པའི་ནོར་བུ་ལྟ་བུའོ། །འོ་ཤེས་རིག་ཏུ་གྲུབ་བོ་ཞེ་ན། མ་སྐྱེས་ཡེ་ཤེས་བརྗོད་དུ་མེད། །ཅེས་པ། ངོ་བོ་མིང་ཙམ་བརྗོད་པར་ནུས་མོད་ཀྱང་། འདིའོ་ཞེས་བསྟན་དུ་མེད་པ་དང་། རྒྱུ་རྐྱེན་བྲལ་བ་དང་། སྐད་ཅིག་མ་མེད་པ་དང་། རང་སྤྱི་དུས་གཅིག་ཏུ་ཡེ་རང་གསལ་ལ་འདི་འདྲར་སྨྲར་ཡུལ་མེད་པའི་ཕྱིར་གཟུགས་འཛིན་བཞི་ཅར་མ་གྲུབ་བོ། །དེ་བས་ན་ཐམས་ཅད་མ་ལུས་ཆོས་སོ་ལོག །སེམས་ཉིད་ལས་ནི་གཞན་མེད་ཕྱིར། །ཞེས་པ་གཏན་ཚིགས་སོ། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །ཞེས་པ། སྤྱོད་ཡུལ་ལོ། །བརྡོས་པ་ཅན་གྱི་ཆོས་མེད་དེ། །ཞེས། ཡེ་ཤེས་དང་མ་བྲལ་བས་སྐྱེ་བོས་མཐོང་བ་མིན་པ་ལྟ་བུ་སྟོན་པའོ། །རྟོག་མེད་རང་རིག་འོད་གསལ་བའི། །ཞེས་པ། རིལ་ཡེ་ཤེས་ཀྱང་ངོ་བོ་མེད་པ་དང་ཡུལ་མེད་པའི་ཡེ་ཤེས་ནི་ཆོག་པར་འཛིན་པའི་མི་རྟོག་པ་ལ་སོགས་པའི་བཞི་ལས་སྤགས་པར་མ་བསྒྲིབས་པའང་། འདི་ལ་རང་གཉིས་གཅིག་གིས་གཅིག་རིག་པ་དང་། རང་གཅིག་ཡུལ་དུ་བྱེད་པ་མེད་པའོ། །ཡེ་ཤེས་འབའ་ཞིག་ཁོ་ནའི་ཕྱིར། །ཞེས་པ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་སེལ་མེད་པ་ནི་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཏེ། རེ་དོགས་བཅད་པོའི་ཕྱིར་རོ། །འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོར་བཤད་ཅེས་པ། གང་འཁྲུལ་པ་སྣོད་བཅུད་དུ་རིག་པ་དང་སྣང་ལ་ཞེན་པའི་ཡུལ་གྱི་རང་བཞིན་ནོ། །དེ་མ་གསལ་བར་མེད་པ་ནི་སྣང་བ་མི་འགོག་ཀྱང་ངོ་བོ་མི་རྙེད་པར་རྟགས་ཡུལ་རང་བྲལ་བ་ནི། སྣང་སྟོང་གཉིས་སུ་མེད་པའི་ཆོས་ཀྱི་སྐུར་ཡེ་ནས་ཀུན་གསལ་བ་ནི་དོན་དམ་གྱི་གནས་ལུགས་ཏེ། དེ་ཉིད་ཆོས་སྐུ་ཆེན་པོར་གསུངས། །ཞེས་གསུངས་ཏེ། རྒྱུད་ལས། ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་གསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག །ཅེས་པ་དང་། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོར་གསུངས། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་ཆོས་སྐུ་ཀུན་ཏུ་འོད་སྤར་བ་རང་ལ་རྫོགས་པར་བསྟན་ནོ། །དེའི་ཕྱིར་བདག་གཞན་སྦྱང་བྱ་ལ་པདྨ་སྤྱན་གྱིས་རྫོགས་པར་བསྟན་པའི་ཕྱིར། རྣམ་དག་རང་བཞིན་རྒྱུད་ཉིད་ལ། །སྒོ་དང་བསྒོ་བར་བྱ་བ་ཡིས། །མཚན་མའི་ཉེས་སྐྱོན་ངང་གིས་མེད། །ཅེས་པ། དེ་ལྟར་ངང་གིས་སྨྲ་བསམ་ལས་འདས་པ་ཆོས་ཀྱི་སྐུར་རང་བཞིན་གྱིས་རྒྱུད་དུ་ངོ་བོས་འབྲེལ་བ་དང་བདུན་ཚང་བས་མིང་ཐོབ་པ་ལ་ཡུལ་དང་ཤེས་པར་དབྱེར་མེད་པས་བཅད་པའི་དྲི་མ་རང་བཞིན་གྱི་གཏན་ཚིགས་ཀྱིས་མེད་པར་བསལ་བ་འདམ་སྐྱེས་ལྟ་བུའི་ཕྱིར་རོ། །དེ་བས་སྤར་བ་དེ་རང་ལ་ཡོད་པས་དེར་བརླབས་པས་སྣང་དུ་བཏུབ་པ་ནི་དོན་ལ་རྒྱུ་མ་ཡིན་ནོ། །ཡི་གེ་འཁོར་ལོའི་ས་རང་བཞིན་གྱིས་གནས་པར་བསྟན་པའི་ཕྱིར། གནས་དང་འབྱུང་བ་མ་ལུས་ཀུན། །རང་རིག་ཡེ་ཤེས་གཟུགས་སུ་སྐྱེ། །སྐུ་དང་ཡེ་ཤེས་བསམ་མི་ཁྱབ། །ཅེས་པ། དམིགས་པ་དང་། རྟེན་པའི་གནས་དྲུག་དྲུག་ཕྱི་ནང་སྣང་བ་དང་། ལྔ་འབྱུང་བ་ཐམས་ཅད་རྟོག་པའི་སྐད་ཅིག་མ་མ་སྐྱེས་པ་སྣང་བ་ཉིད་ན་གསུམ་མ་དམིགས་པར་ཡེ་ཤེས་རང་སྣང་བ་ནི་ཕྱོགས་གཅིག་ནས་སྐྱེད་པར་བརྗོད་ཀྱང་འཕེལ་འགྲིབ་འགྲོ་འོང་གི་རྒྱུ་མེད་པའོ། །དེ་བས་ན་མཐོང་ཐོས་ཀུན་ཡེ་ཤེས་ཀྱི་སྐུ་ཉིད་ཡིན་པ་ནི་གྲངས་དང་མཐའ་ཁྱོན་ངོ་བོ་དཔགས་པ་ལས་འདས་པའི་ཕྱིར་རོ། །དེས་རྒྱས་པར་འཁོར་ལོ་དང་སྤྲད་པའི་ཕྱིར། །རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་པ། དཀྱིལ་འཁོར་ལྷ་རྣམས་ལྷག་པའི་དོན་དམ་པ་རྟོགས་ཚོགས་མ་སྐྱེས་པ་ལ་ངོ་བོ་ཉིད་ཀྱི་རྒྱུར་གནས། གཉིས་པ་ཕྱག་རྒྱ་ཡེ་ཤེས་སྒྱུ་མར་ཀྲོང་ངེ་ཝ་ལེ་གནས་པ འོ། །གསུམ་པར་དེ་དག་གཉིས་མི་ཕྱེད་དེ་དུས་གཅིག་ཏུ་གནས་ཀྱང་ངོ་བོ་ཡུལ་གཉིས་ལས་འདས་སོ། །དེ་ལ་ངོ་བོ་སྤྲད་པ་ནི་ངོ་བོ་རྟག་པ་མིན་ཏེ། རྒྱུད་གཞུང་ངེས་པ་སྟེ། ཐ་དད་མོས་གྲོལ་ཆེད་དུ་བསྟན་པ་ལ། འདིར་ངོ་བོའི་ཚུལ་ནས་ལྔ་ཕུང་ནི་ཡེ་ཤེས་རང་སྣང་རྣམ་གྲོལ་གྱི་ཕུང་པོ་བས། གཅིག་ཀྱང་སྐུ་གསུང་ཐུགས་ཡོན་ཏན་ལས་ལྔ་དང་ལྡན་པས་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །མཚན་ཉིད་ཀྱིས་ལྔའམ་དེ་ཉིད་དུ་སོན་པ་དང་མི་སྐྱེ་མི་འཇིག་པ་ལ་སོགས་པ་ལྔའི་བདག་ཉིད་པས་གང་ལ་སྦྱར་ནའང་། ཡིན་ནའང་། འདིར་དྲང་བར་ཕྱོགས་ངེས་པ་ནི། སྤྱོད་པ་གནང་བའི་ཐབས་ཀྱིས་འབྱིན་པ་དང་། དེ་སྔོན་དུ་འགྲོ་བའི་རྫོགས་པའི་རིམ་པས་སྦྱར་བ་ནི་ཐབས་དང་ཐབས་ལས་བྱུང་བའི་ཚུལ་ནས་བརྗོད་པའོ། །ལྷ་གཞན་རྗེས་སུ་མཐུན་ཏེ། དོན་དུ་རིགས་ལྔ་ཡང་ཕྱོགས་དང་ཁ་དོག་ལས་བརྗོད་པ་དང་། ཡོན་ཏན་ཆ་ལས་བརྗོད་པ་དང་། འཁོར་ལོའི་དབང་དུ་བརྗོད་པ་དང་། ཡེ་ཤེས་ཀྱི་ཆེ་བ་དང་། རྒྱུད་ཀྱི་ཆེ་བ་ལ་སོགས་པ་ཐ་དག་ཀྱང་། རིགས་ལྔའམ་རིགས་ཆེན་ཉིད་སྣང་བས་རྟོག་པ་དང་སྤྲད་ལ་བཤད་པ་བཞིན་ནོ། །ས་ཆུ་སྤྱན་དང་མ་མ་ཀི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །ཞེས་པ། སྦྱར་བ་གཉིས་ཐུན་མོང་ཡིན་མོད་ཀྱང་། ཡུམ་ཁོ་ན་དང་སྦྱར་བ་ནི་ལས་ཀྱིས་བཞག་པ་ཕྱི་ནང་གསང་བ་གསུམ་འཆར་དུ་འཐད་དོ། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །སེམས་དཔའ་སེམས་མའི་དཀྱིལ་འཁོར་ཉིད། །ཅེས་པ། བཅུ་གཉིས་དང་བཅོ་བརྒྱད་ཀྱིས་རྟོག་པ་ལ་དང་དབང་པོ་རྣམ་ཤེས་བརྒྱད་ཀྱི་ཡུལ། དུས་ནི་སྦྱོར་བའི་རྗེས་སུ་མཐུན་གྱིས་རང་བཞིན་ལྷུན་གྱིས་གྲུབ་པའི་དབང་སྟེ། རྒྱུད་འཛིན་པའི་སངས་རྒྱས་རེ་རེར་སྔ་ཕྱི་མི་འདོད་དེ། དེ་ལྟར་ན་རྟོག་པ་དང་སྤྲད་པའི་རིགས་པས་འགལ་ཏེ། བདག་དང་རྒྱུན་མ་ཆད་པའི་ཕྱིར་རོ། །གསང་ཡུལ་དབང་པོ་རྣམ་ཤེས་དག །མ་ལུས་འཇོམས་ཕྱིར་ཁྲོ་བོ་མཆོག །ཅེས་པ། ཆགས་པའི་ལམ་བཤད་པའི་གཞུང་དུ་ལས་ཀྱི་ཁྲོ་བོར་སྒྱུ་འཕྲུལ་ཐལ་བ་དང་རྡོ་རྗེ་ལ་སོགས་པ་ལས། གསུངས་པའི་ཕྱིར་རོ། །ཐོས་བསམ་དབང་དུ་དེ་ཉིད་ཀྱང་རང་རིག་རང་སྣང་བ་ལ་ངོ་བོས་གྲུབ་པ་ལ་སོགས་ས་གསུམ་གྱི་ཕྱིར་ཏེ། སྔ་ཕྱི་ལ་སྦྱར་ཏེ། རྟག་སོགས་མཚན་མ་ལས་སྐྱེད་ཕྱིར། །ཡུམ་དེ་ལས་ཀྱི་མི་གནས་བཤད། །ཅེས་པ། ཕྱིན་ཅི་ལོག་བཞི་ལྔ་པ་སྐྱེད་པས་ཡུམ་གྱིས་ངེས་ཚིག་གྲུབ་པའོ། །འོན་ཏེ་བསྐྱེད་པའི་ཡུམ་ཡིན་ཡང་སྤྱད་པའི་ཡུམ་མ་ཡིན་པས་འགལ་སྙམ་པ། ལས་ཀྱིས་གྲུབ་པས་རྗེས་སུ་མཐུན་པས་ཁྲོ་མོར་འགྱུར་ཏེ། ཆགས་པས་སྐྱེད་པ་ལྟ་བུའི་ཕྱིར་རོ། །ཡིད་ཆེས་བཟང་པོ་བཟང་མོའི་མཁའ། །ཞེས་པ། དམན་པའི་ངོར་ཡིད་ཀྱི་རྣམ་ཤེས་ཁྱད་པར་གྱིས་ཡུལ་དང་བཅས་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཡིན་པར་བཤད་པ་བཞིན་ནོ། །དེའང་ཞེན་གྲོལ་གྱི་ཕྱིར་བརྗོད་ཀྱི། རྒྱུད་ལས། སེམས་ཀྱི་སེམས་ཉིད་བྱེད་པའི་གཙོ། །ཀུན་ཏུ་བཟང་པོ་རྡོ་རྗེ་ཡིད། །ཅེས་པ། ཆོས་ཀྱི་ཆོས་ཉིད་ཤེས་བྱའི་ཡུལ། །ཀུན་ཏུ་བཟང་མོ་བདེ་བའི་ཡུལ། །ཞེས་འབྱུང་བས། དབྱིངས་དང་ཡེ་ཤེས་ཉིད་ལ་བརྗོད་པར་འཐད་དོ། །སོ་དྲུག་ལས་བྱུང་བདེ་བའི་དུས། །ཆགས་སོགས་ཡང་དག་ཉོན་མོངས་དྲུག །ཡེ་ཤེས་དྲུག་གི་ས་བོན་དུ། །འདུལ་ཕྱིར་སྤྲུལ་བ་ཞེས་སུ་གསུངས། །ཞེས་པ་ཆགས་པའི་ལམ་དུས་སུ་ཤཱི་རས་དྲུག་གི་ཐིག་ལེ་བདེ་བ་འདུས་པས་ཡེ་ཤེས་ཆེན་པོར་གསལ་བའི་ཕྱིར། གང་ཉོན་མོངས་པ་དྲུག་ཐབས་ཀྱིས་བཏུལ་བས། ཡེ་ཤེས་དྲུག་འབྱིན་པའི་ལས་ཀྱི་སྤྲུལ་པར་བརྗོད་པའོ། །དེ་ཡང་མིན་ལས་ཡིན་པར་མ་བསྒྱུར་ཏེ། ཐབས་ཡིན་པར་བློ་ལ་སྣང་བར་བྱས་པ་ཙམ་མོ། །ངེས་པར་དྲུག་རིག་པར་སྣང་བ་ནི་སོ་དྲུག་གི་ཡུལ་སེམས་འཕྲད་པ་ལས་དྲུག་བསྐྱེད་པ་ཉིད་དེ་ལྟར་ཤེས་ན་ལམ་པའི་དབང་དུ་ས་བོན་དུ་བརྗོད་ཀྱང་ངོ་བོ་ལ་ཡེ་ཤེས་དྲུག་ཉིད་དུ་བཏུབ་པས་ཐུབ་པ་ཆེན་པོའོ། །དེ་ལྟར་ས་དང་འབྲས་བུ་རང་ལ་གནས་པས་མ་ཤེས་ཤིང་མེད་ན་དངོས་དང་བར་མ་སྦྱངས་དང་འཆིང་བུ་དང་རིན་པོ་ཆེ་ལྟར་འཕར་བ་མེད་དེ། འབྲེལ་པ་གསུམ་བཅད་པའི་ཕྱིར་རོ། །མི་བཟད་པ་རྒྱན་གྱི་འཁོར་ལོ་རང་ལ་གནས་པ་ནི། སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ཉི་ཤུ་རྩ་ལྔར་རང་ལ་གནས། །ཞེས་པ ། ཡེ་ཤེས་རྒྱལ་པོ་རྡོ་རྗེ་འཛིན་པའི་ཡོན་ཏན་སྣང་བ་ནི། སེམས་རང་བྱུང་གི་ཡེ་ཤེས་ཀྱི་ཡོན་ཏན་ནོ། །དམན་པ་ལ་སྤྲད་པ་ནི། ཀུན་གཞི་ཆེན་པོ་ནི་བྱང་ཆུབ་ཀྱི་སྐུ་སྟོང་པའི་ཡེ་ཤེས་རིག་པའི་གསུང་ངོ་། །རྟོག་སེམས་ནི་མེ་ལོང་ཡེ་ཤེས་ཏེ་ཆོས་སྐུ་དོན་གྱི་གསུང་ངོ་། །ཉོན་མོངས་པ་དང་། ཉིད་ཀྱི་མཉམ་པ་ཉིད་སོ་སོར་རྟོག་པ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་གསུང་ངོ་། །སྒོ་ལྔ་བྱ་བ་གྲུབ་པ་སྤྲུལ་སྐུ་གསུང་ངོ་། །རྡོ་རྗེ་སྐུ་གསུང་ནི་དེ་དག་མཚན་ཉིད་ལས་བསྟན་པའོ། །དེ་བས་ན། ཡོན་ཏན་ལྔ་ནི་སྤྱིར་བསྟན་ལ། །ཕྲིན་ལས་རིགས་བཞི་བཞིས་བྱེད་ལ། །ལས་ཀུན་བྱེད་པས་ལྔ་པའོ། །འོན་ཀྱང་དཔག་བསམ་ཤིང་དང་ནོར་བུ་རིན་པོ་ཆེ་ལྟ་བུར་སྟོན་ཏེ། སྐུ་ཉིད་གསུང་གི་དཀྱིལ་འཁོར་ལ། །གསུང་ཉིད་ཐུགས་ཀྱི་དཀྱིལ་འཁོར་ཏེ། །དབྱེར་མེད་དེ་བཞིན་ཡོངས་ཀྱིས་སོ། །ཞེས་གསུངས་པས། གཞི་དང་བརྡ་སྤྲད་པ་དང་། གསལ་བའི་སྐབས་ཀྱིས་བརྗོད་ཀྱི་ངོ་བོ་མ་ཆད་པས་ཟད་པ་མེད་ལ། ཅིག་ཀྱང་ཀུན་དངོས་པས་ལྡན་པ། ཀུན་བཟླུམ་པས་མིང་ཐོབ་སྟེ་ཡེ་ནས་མ་བྱས་པར་གནས་པའོ། །རང་ལ་གནས་སྦྱངས་ཐབས་ཀྱི་ལམ་རྫོགས་པར་ཤེས་པར་བྱ་བའི་ཕྱིར། ཆོས་ཉིད་ཡེ་ཤེས་ཡོན་ཏན་ནི། །ཏིང་འཛིན་གསུམ་གྱི་ངོ་བོ་ཡིན། །ཞེས་པ། ངང་གི་ཆོས་ཉིད་རྩ་དེ་བཞིན་ཉིད་ཡིན་ནོ། །ཡེ་ཤེས་ཀུན་ཏུ་སྣང་ཡིན་ནོ། །ཡོན་ཏན་རྒྱུ་ཡིན་ནོ། །ངོ་བོ་ཡིན་པའི་ཕྱིར་ལམ་པའི་དུས་ན་དེ་ཉིད་བློ་ལ་སྣང་བར་བྱེད་པའི་ཕྱིར་རོ། །གཞན་དུ་ན་ཀུན་གཞི་དང་མིང་དང་སྒོ་ལྔ་ཡང་ཡིན་ཏེ། ངོ་བོས་ཡིན་པའོ། །འོ་ན་ངོ་བོ་ཆོས་སོ་ཅོག་དེ་གསུམ་དུ་མ་འདུས་པ་མེད་ན། འདི་ཁོ་ན་ལ་སྦྱར་བ་དང་། རང་བཞིན་དབང་དུ་རིགས་པས་འགལ་ལོ་ཞེ་ན། དེ་ནི་རང་བཞིན་ཏེ་ལྷ་མོད་ཀྱང་། འདིར་གྲུབ་པ་གསུམ་གྱི་ཕྱིར་དེ་ལྟར་བརྗོད་པའི་དགོས་པ། ཐབས་མ་འདྲེས་པར་རང་ལ་གནས་པར་ཤེས་པར་བྱ་བའི་ཕྱིར་བརྗོད་པ་དག་གོ། །དེ་སྟེང་དྭངས་མའི་ཐིག་ལེ་ནི། །བསྙེན་བསྒྲུབ་བཞི་རུ་ཤེས་པར་བྱ། །ཞེས་པ་བསྙེན་བསྒྲུབ་ཀྱང་རང་ལ་ཡོད་པར་བཏུབ་སྟེ་རྩ་གསུམ་མམ་བཞིའི་ཐིག་ལེ་ནི། ཆོས་ཉིད་ཀྱི་ཐིག་ལེ་ནི་དོན་དམ་པའི་ཕྱིར་བསྙེན་པའོ། །ཡེ་ཤེས་ཀྱི་ཐིག་ལེ་ནི་ཡེ་ཤེས་བརྒྱའི་ཕྱིར་ཉེ་བའི་བསྙེན་པའོ། །ཡོན་ཏན་གྱི་རྩའི་ཐིག་ལེ་ནི་འདོད་པ་ཚང་བའི་ཕྱིར་བསྒྲུབ་པའོ། །རང་རྒྱུད་ཀྱི་སྙིང་པོ་རྩའི་ཐིག་ལེ་ནི་དོན་དམ་པའི་ཕྱིར། འབྲས་བུ་ཀུན་ཏུ་འོད་ཀྱིས་བསྒྲུབ་པ་ཆེན་པོའོ། །དེ་དབྱིབས་ལས་བཞིའི་དཀྱིལ་འཁོར་ཏེ། ཞེས་པ། འོད་དཀར་པོ་ཟླུམ་པོ་དང་། མཐིང་ག་གྲུ་བཞི་དང་། དམར་པོ་ཟླ་གམ་དང་། དམར་ནག་གྲུ་གསུམ་ནི་དབྱིབས་ཀྱི་རང་བཞིན་གྱིས་ཞི་རྒྱས་དབང་དྲག་པོར་བྱེད་པའམ་ཕྲིན་ལས་ཏེ། འབྱུང་བཞི་གནས་ཀྱང་མི་འདོད་པ་མ་ཡིན་ནོ། །བཞི་བརྒྱད་རྩ་ནི་འཁོར་ལོར་གསུངས། །ཞེས། རྩ་བཞི་དང་བརྒྱད་ནི་ཡེ་ཤེས་བཞི་དང་སངས་རྒྱས་ཀྱི་དཀྱིལ་འཁོར་རང་ལ་གནས་པ་སྟེ། གཞན་དུ་ཀུན་གཞི་བྱང་ཆུབ་སེམས་ཀྱི་མཎྜལ་ལ། རྣམ་ཤེས་སྲས་བུ་བཞི་དང་བརྒྱད་ལྡན་པ་ཡང་འདོད་པའོ། །གསང་བའི་སྐབས་ལ་ཤེས་པར་བྱ། །ཞེས་པ། གསང་སྙིང་ལས་ཤེས་པར་བྱ་སྟེ། །གོ་དཀའ་ཞིང་ཀུན་གྱི་ཡུལ་མ་ཡིན་ནོ། །འཁོར་ལོའི་ལྷའི་གནས་པའི་ཡན་ལག་གི་ལྷ་རང་ལ་གནས་པར་བསྟན་ཕྱིར། བདེས་གང་བཞི་བཅུ་གཉིས་ཀྱི་རྩ། །ས་བོན་སྐུ་སྟེ་ཡི་གེ་གསུང་། །བདེ་ཐུགས་རྡོ་རྗེ་སྐུ་གསུང་ལྡན། །བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །ཞེས། རྩ་གནས་བཞི་བཅུ་རྩ་གཉིས་ཀྱི་ལས་སུ་འཁོར་བ་མ་གྲུབ་པའི་ལས་རེ་བྱེད་པ་རང་རང་གི་རྟོག་པ་བསྐྱེད་པ་ཉིད་ངང་གིས་ལྷ་ཡིན་པས་དེ་རེ་ནས་ས་བོན་ནི་ཡེ་ཤེས་སྐྱེ་བའི་རྟེན་གཞི་བས་སྐུ་རྡོ་རྗེའོ། །རྩ་ཡི་གེའི་དབྱིབས་ཅན་ལ་ཡི་གེའི་དོན་ལྡན་པས་གསུང་རྡོ་རྗེའོ། །དེའི་བདེ་བ་ཡེ་ཤེས་ཀྱི་ཕྱིར་ཐུགས་ཡིན་པས་བརྒྱ་དང་ཉེར་དྲུག་ཏུ་སྤྲོས་པ་རང་བཞིན་གྱི་གནས་པའོ། །དབུ་རྒྱན་གནས་པ་ནི། གཅིག་ཀྱང་ཁམས་ཀྱི་བདེ་བ་ལྔ། །ཡེ་ཤེས་ཆེན་པོའི་རེས་གང་བ། །མ་ལུས་འཇོམ་པས་རྒྱས་བཏབ་པའོ། །ཞེས་པ། རྩ་གཅིག་གི་ནང་ན་ཡང་ཁམས་ལྔའི་བཅུད་ཡེ་ཤེས་བདེ་བ་དང་ལྡན་པས་རྟོག་པ་ཡེ་ཤེས་སུ་བཅོམ་པའི་ཕྱིར། ཡེ་ཤེས་ལྔས་རྩ་གནས་རྒྱས་འདེབས་པས་དབུ་རྒྱན་གནས་པའོ། །གཞན་དུ་ན། རྟོག་པ་བཞི་བཅུ་རྩ་གཉིས་དག །ཡེ་ཤེས་རང་སྣང་མ་འགགས་སྐུ། །བརྗོད་འདྲར་གོ་བྱེད་རྡོ་རྗེའི་གསུངས། །གཉིས་མེད་མཚན་འདས་ཐུགས་རྡོ་རྗེ། །དེ་རེའང་ཡེ་ཤེས་ལྔ་རྫོགས་དབང་། །བྱས་པ་མེད་པར་རང་གནས་པས། །ཐབས་དང་ཤེས་རབ་རང་ལ་སྣང་། །ཞེས་གསུངས་སོ། །གླེང་གཞི་རྫོགས་པར་བསྟན་པའི་ཕྱིར། །འབྲུ་བཞི་ངེས་པར་ལྡན་པའི་ཚེ། །སྒྲ་དབྱངས་གསུང་གི་བསྟན་པ་རྣམས། །ངེས་པར་བསྟན་ཕྱིར་བཞི་རུ་འདོད། །ཅེས་པ། འབྲུ་བཞིའི་དབྱིབས་སྒྲས་མཚོན་པ་ནི་དོན་གྱི་ཕུན་སུམ་ཚོགས་པ་དྲུག་སྟེ། གསང་བའི་ཁམས་གཉིས་ལས་རྫོགས་པར་རྒྱུད་ལས་གསུངས་པ་དང་། དྷརྨ་ཙཀྲའི་འོད་བཞི་དང་སྙིང་པོ་ཐིག་ལེ་དང་། ཤེས་པ་བཞི་དང་། ཆོས་ལ་སོགས་པའོ། །ཡང་འོད་བཞི་ཉིད་ཀྱིས་རྫོགས་པའོ། །དེའི་ལས་ཀྱིས་སྒྲ་སུམ་ཅུ་རྩ་གཉིས། དབྱངས་སུམ་ཅུ་རྩ་དྲུག་གིས་བསྡུས་པའི་རྒྱུད་སྟོན་པའི་ཕྱིར་གླེང་གཞིར་ངེས་ཏེ། ངེས་ལུང་རྒྱུད་ལ་གནས་པ་ནི། །ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་པ། ཆོས་སོ་ཅོག་སེམས་ཀྱིས་བཏབ་བསམ་བཞིན་སྣང་བས་རིགས་དང་རྒྱུད་རྟག་པར་རེད་པ་མེད་པའི་ཕྱིར་སེམས་སྣང་བར་མངོན་ཏེ་ཡུལ་མེད་དོ། །སེམས་ནི་རྒྱུད་ལས། བྱང་ཆུབ་སེམས་ཞེས་བརྗོད་པ་ནི། །གང་ནས་མ་འོངས་གར་མི་འགྲོ། །རྟོག་མེད་རང་རིག་ཁོ་ན་ཙམ། །སངས་རྒྱས་སེམས་ཅན་སེམས་ལ་གནས། །ཞེས་གསུངས་ཏེ། ངོ་བོ་ལྷུན་གྱིས་གྲུབ་པ་ལ་དམིགས་སུ་མེད་པའོ། །མཚན་ཉིད་སྐྱེ་འཇིག་མེད་པའོ། །དེ་ནི་སྒྲོ་སྐུར་ལུང་དུ་བསྟན་པ་དགུ་གསུམ་དང་མ་བྲལ་མ་སྤངས་མི་ལྡན་པའི་ཕྱིར་ལུང་ངོ་། །བདེན་འོས་གཤའ་རིགས་ཚད་མའི་ཕྱིར་ན་སྟོན་པས་བདེན་པར་གསུངས་ཏེ། རྒྱུད་ལས། སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཞེས་གསུངས་སོ། །ཚད་བཞི་ཕབ་པའི་དོན་ཡིན་ཏེ། །ཞེས་པ། ལུང་དང་མན་ངག་དང་རིག་པ་དང་མཚོན་པར་བྱེད་པའི་རྟགས་དཔེ་དང་ཚད་དཔེ་དང་ཚད་མས་གཞལ་བར་བྱ་བའི་དོན་དྲི་མ་མེད་པའོ། །ཞེས་གསུངས་ཏེ། འདི་སྐད་དུ། དཔེ་ལུང་མན་ངག་རང་རིག་པ། །ཚད་མ་མི་བསླུ་འོས་གཤའ་བས། །ཡིད་ཆེས་བྱེད་པས་རྣལ་བྱས་པ། །ངེས་པ་གྲུབ་པའི་དོན་ཆེན་ནོ། །ཞེས་གསུངས་སོ། །འདི་ཡང་ཁ་ཅིག་ཏུ་ཆོས་ཡིན་པའི་རྟགས་བཞི་བདེན་པའོ། །ཁ་ཅིག་ཏུ་མངོན་སུམ་དང་། རྗེས་སུ་དཔག་པ་དང་། ལུང་དང་། རིགས་པ་བཞི་ཐུན་མོང་མ་ཡིན་པའི་ཉིད་ཀྱིས་གཏན་ལ་ཕབ་པ་དང་འདྲ་སྟེ། རང་བཞིན་གྱི་སྒྲོ་སྐུར་བཅད་པའི་ཕྱིར་རོ། །དེ་བས་ཐུན་མོང་མིན་པའི་དོན་དང་ཐུན་མོང་མིན་པའི་གཏན་ཚིགས་ཀྱང་གནས་ཏེ། དག་པ་རྣམ་གསུམ་ཚུལ་གནས་ཤིང་། །ཞེས་པ། མ་དག་པ་ལྟར་སྣང་བ་ངང་གིས་སྣོད་བཅུད་རྒྱུད་གསུམ་དག་པ་ཡབ་ལྔ་ཡུམ་ལྔ་ཡེ་ཤེས་ལྔའི་དོན་ཉིད་དེ། ཡེ་ད་ལྟར་གནས་པ་ལུགས་གསུམ་བརྗོད་ཟིན་ཏོ། །འོན་ཀྱང་གཏན་ཚིགས་སུ་འདོད་པ་དང་ཆོས་ཅན་གྱི་དབང་དུ་བརྗོད་ཀྱི་དག་པའི་གྲངས་ནི་མ་ངེས་སོ། །ཚིག་ལམ་ཡང་ན་གནས་ཏེ། འབྱུང་ལྔར་འདུས་པའི་ཐབས་ཆེན་ཏེ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་པ། དཔའ་བོ་འབྲུ་ལྔར་རིལ་འདུས་པ་ནི་ཤེས་པར་བྱ་བའི་དམ་པ་ཡིན་ཏེ། དེ་ཉིད་ཀྱིས་གྲོལ་བར་བྱེད་པའི་ཐབས་ནི་འགྲོ་བ་ཀུན་གྱི་སྤྲུལ་པ་ལ་སོགས་པ་ན་གནས་པའོ། །དེ་ཡང་གཟུགས་ཀྱིས་ཕྱེ་བས་བག་ལ་ཉལ་དང་མངོན་དུ་རྫོགས་སུ་གནས་པའོ། །གཞན་དུ་ན་དག་པ་གསུམ་ནི་བུམ་པའི་ཡི་གེ་ལྔར་ཉི་ཟླ་འདུས་པས་ཐོབ་པས་ཐབས་ཆེན་པོ་སྟེ་འགྲོ་བ་འདོད་ཁམས་པ་ལ་དངོས་སུ་གནས་སོ། །གཞན་གཉིས་པོ་ནི་གོང་མ་བཞིན་ནོ། །དེ་ལྟར་ལམ་དང་འབྲས་བུ་རང་ལ་གནས་པ་དེ་ཤེས་པས་རྐྱེན་གྱིས་ལྡང་བས་སྣང་བར་བྱེད་ཅིང་གྲོལ། ཐར་པ་ནི་གཉིས་ག་ལ་རག་ལུས་ཀྱང་རྣམ་པར་སྨིན་པར་འདོད་པ་མ་ཡིན་ནོ། །ཕྱི་མ་དེ་མངོན་དུ་བྱེད་པའི་རྒྱུད་བསྟན་པའི་ཕྱིར་རང་བཞིན་མངོན་དུ་རྒྱུད་ནི། ངོ་བོ་དང་ནི་རྐྱེན་ཉིད་དེ་ཞེས་པ། འདི་ཉིད་ཀྱིས་ལུས་རྣམ་པར་བཞག་པའོ། །དེ་ལ་ངོ་བོ་བསྟན་པའི་ཕྱིར། །འཇིག་ལྡང་ལ་སོགས་བྱང་སེམས་ལྔ། །ངེས་པར་སྐྱེ་བ་ངོ་བོ་ཡིན། །ཞེས་པ། ཐུན་མོང་དང་ཐུན་མོང་མ་ཡིན་པར་འཆད་དེ། ཐུན་མོང་ལ་སེམས་སྐྱེ་ལུགས་རིམ་གྱིས་པ་དང་ཅིག་ཅར་བའོ། །དེ་ལ་སྔ་མ་ནི་ཆོས་ཉིད་ཀྱི་རིགས་པས་མུན་པའི་ས་ནས་སེམས་ཕལ་པ་བརྒྱད་སྐྱེ་སྟེ། ལྷ་མཆོད་པ་ནི་མུ་སྟེགས་ཀྱི་ས་ལ་འདུག་པའོ། །དེའི་ཚེ་དབང་པོ་རྟུལ་པོ་ནི་ཉན་ཐོས་དང་རང་རྒྱལ་བ་རྣམས་ལ་འཇུག་པར་བྱེད་དེ། དེ་ནས་བརྒྱུད་དེ་འདིིར་འཇུག་པར་བྱེད་དོ། །དབང་པོ་རྣོན་པོ་བ་ནི་ཅིག་ཆར་དུ་ཐེག་པ་ཆེན་པོ་ལ་འཇུག་པར་བྱེད་དོ། །དེ་ཡང་རྣོན་པོ་རབ་འབྲིང་རྣམ་པ་གསུམ་སྟེ། ཐེག་པ་ཆེན་པོ་རྒྱུ་དང་འབྲས་བུའི་ཕྱི་ནང་ལ་རིམ་གྱིས་འཇུག་པར་སློབ་དཔོན་སངས་རྒྱས་ཞལ་གྱིས་གསུངས་སོ། །དེ་ཡང་རྒྱལ་པོ་ཨིནྟྲ་བྷོ་དྷིའི་མན་ངག་ལས། ཕལ་སེམས་བརྒྱད་ཀྱིས་མཐའ་པ་ནི། །ཀུན་གྱི་རྒྱུད་ཕྱིར་མ་ངེས་རིགས། །དེ་ནས་ཐ་མའི་ཐ་མ་དང་། །འབྲིང་རབ་དབང་པོ་གང་ལྡན་པ། །ལྷ་མིའི་ཐེག་ཆེན་བྱེད་པའི་རིགས། །འཇུག་སེམས་སྐྱེས་ཞུགས་བསྐལ་པའི་གྲངས། །རྡུལ་སྙེད་རྒྱུད་སྦྱངས་གསང་ཆེན་སྦྱོར། །འབྲིང་གསུམ་ཕྱི་མ་གསུང་ཞུགས་རྒྱུད། །མཆོག་གི་མཆོག་དབང་བདུན་ལྡན་པ། །མཚུངས་དང་ལྷན་ཅིག་བྱེད་པ་དང་། །རྐྱེན་བཞི་རྩ་མེ་ཇི་ལྟ་བར། །མ་ངེས་པ་ནས་གསུང་ཆེན་འཇུག་ཅེས་གསུངས་སོ། །དེ་བས་རྒྱུད་ལས་ཀྱང་། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པ་དང་། ཐེག་པ་བཞི་ཡིས་ངེས་འབྱུང་ལས། ཐེག་པ་གཅིག་གི་འབྲས་བུར་གནས་ཞེས་རིམས་སུ་འཇུག་པར་གསུངས་པ་དང་། ཡང་ན་ཀུན་ལ་མཐུན་པར་འབྱམ་པར་འཇུག །འདི་ནི་མ་ངེས་རྡོ་རྗེ་འཆང་གིས་གསུངས། ཞེས་རིགས་དབྱེ་བ་དང་། ངང་གིས་བློ་དམན་མཐོང་བ་ནི། །ལ་ལ་རག་ལུས་མེད་པའི་ཕྱིར། །གསང་ཆེན་གསང་བ་ཉིད་དུ་འཇུག །དབང་པོ་ཚོགས་དང་རྩོལ་བས་འགྲུབ། །ཅེས་གསུངས་ཏེ། དེའི་ཕྱིར་བཀའ་ལུང་ལས་འབྱུང་བ་ལས་ཡིད་ཆེས་སོ། །ཚུལ་ཉི་འཇུག་ལུགས་གཉིས་ཀ་ལས་འདིར་འཇུག་པའི་ཚེ། རྒྱུ་རྐྱེན་ཐུན་མོང་མ་ཡིན་པ་དྲུག་གིས་སྔ་མའི་ལོག་པ་གཉིས་ཀྱིས་ཤེས་པ་བཞི་ནས་ཐེག་པ་མཆོག་ལ་འཇུག་པའི་སེམས་ཡར་མོ་ལྟར་ལྡང་ཞིང་གཡོ་བ་དང་། རྒྱུད་དེས་སྨོན་པ་གསུམ་སྐྱེ་བ་དང་། དེས་སྒྱུ་འཕྲུལ་རི་མོའི་དཀྱིལ་འཁོར་དུ་ཞུགས་ཏེ། དམ་ཚིག་བྱིན་ཏེ་རིགས་བསྟན་པ་ལ་བདག་དོན་གྱི་ནུས་པ་གཉིས་མན་ཆད་བྱིན་ཏེ། ཤེས་པའི་མཚན་ཉིད་ཚོལ་བའི་རྒྱུ་མཉན་བསམ་པ་ལ་གནས་ཏེ། གླེང་གཞི་དང་གླེང་བསླང་བ་དང་། དགོངས་འགྲེལ། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང་། གཏད་པའི་དབྱེ་བའི་རྐྱེན་སྡུད་ཅིང་སྤྱོད་ཡུལ་བྱེད་པ་ནི་གནས་པ་དང་པོའོ། །དེས་ཚད་དུ་ཕྱིན་པ་ལ་བཅོ་ལྔའམ་བཅོ་བརྒྱད་བྱིན་ཏེ་བདག་གཞན་གཉིས་ཀའི་དོན་སྤྱོད་པ་ནི་ཤེས་པ་ཚད་དུ་ཕྱིན་པའི་བར་མན་ཆད་དེ། དེ་ཡང་གནས་པའི་སེམས་ལ་གཉིས། མཐོང་བ་ལ་གནས་པ་དང་། འཇུག་པ་ལྔ་ལ་གནས་པའོ། །མཐར་ཕྱིན་པའི་སེམས་ནི། སྐབས་ཀྱི་མཐར་ཕྱིན་པ་དང་། སྤྱིའི་མཐར་ཕྱིན་པའི་ལམ་གསུམ་མོ། །དེ་དག་ནི་རིམ་པའི་དབང་དུ་བརྗོད་དེ་ལམ་རེ་རེའང་ལྔ་ལྔ་དང་བྱེ་བྲག་ཏུ་ལྡན་པ་དགོས་སོ། །དེའི་ཕྱིར་ཤེས་རབ་ཀྱི་རིགས་ངེས་པའི་སེམས་ནི་འབྲེལ་པ་གསུམ་དང་། རང་བཞིན་དང་རྒྱུད་ལ་ལྡན་པ་ཚང་བའི་ཕྱིར་རྒྱུད་དོ། །ཁ་ཅིག་ཏུ་ཤེས་བྱའི་མིང་ཤེས་བྱེད་ལ་བཏགས་པའོ་ཞེས་བཤད་དོ། །ཐུན་མོང་མ་ཡིན་པའི་སེམས་ལྔ་ནི་རིམ་པ་བཞི་དང་ལྔ་མི་སྤྱོད་པ་གསང་བའི་སྐབས་སུ་བཤད་པ་བླ་མའི་ངག་ལ་ཤེས་པར་བྱ་སྟེ། ཁམས་ཉི་ཤུ་རྩ་གཅིག་ཏུ་ཤེས་པར་བྱའོ། ༈ །གཉིས་པ་རྐྱེན་གྱི་རྒྱུད་བསྟན་པའི་ཕྱིར། ཐབས་དང་ཤེས་རབ་མ་ནིང་རྒྱུད། །བསྟན་པའི་ཡུལ་ལམ་རྐྱེན་དུ་གསུངས། །ཞེས་པ་དང་དཔལ་བདེ་མཆོག་དང་། དེ་ཝཱི་ཛ་ལ་ལ་སོགས་པ་ཤེས་རབ་ཀྱི་རྒྱུད་དང་། ཡང་དཔལ་གསང་བ་འདུས་པ་ལ་སོགས་པ་རྣལ་འབྱོར་ཐབས་ཀྱི་རྒྱུད་དང་། དཔལ་གསང་བའི་སྙིང་པོ་ལ་སོགས་པ་མ་ནིང་གི་རྒྱུད་ཡི་གེར་བཀོད་པ་དག་ནི་ངོ་བོའི་རྐྱེན་དུ་ངེས་ཏེ་དེ་དག་ནི། བཙལ་བྱ་ཐབས་ཁུངས་ལོ་རྒྱུས་དང་། །བཅས་གཞི་གཏམ་རྒྱུད་ཚང་འབྲེལ་རྒྱུད། །ཅེས་གསུངས་སོ། །དེ་གང་གིས་རྟོགས་པར་བྱ་སྙམ་པ་ལ། ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་པ། དམིགས་པའི་རྐྱེན་རྒྱུད་གསུམ་རང་བཞིན་དང་ཡི་གེར་འདུས་པ་དེ་དག་བདག་པོའི་རྐྱེན་འདི་གཉིས་ཀྱི་ཐུགས་ལ་གནས་པ་དེས་འབྱིན་པའི་ཕྱིར། བླ་མ་དང་ལུང་ལ་བརྟེན་པར་བསྐུལ་བའི་ཕྱིར་རོ། ༈ །ལུས་གསུམ་པ་དགྲོལ་བའི་ཕྱིར། རང་བཞིན་གསང་བའི་དཀྱིལ་འཁོར་ནི། །ཞེས་པ་རང་གནས་སྦྱང་བ་གཉིས་ཀྱིས་བསྒྲུབ་པའི་གཞི་རུ་རང་ལ་ཡོད་བཞིན་མ་ཤེས་པས་གསང་བའི་དཀྱིལ་འཁོར་ཉེ་བར་བསྟན་པ་ནི་མདོ་དང་རྒྱས་པའོ། །དེ་ལ་སྔ་མ་བསྟན་པའི་ཕྱིར། །དཀྱིལ་འཁོར་སྙིང་པོ་གསེར་སྒྲོམ་ལས། །ཞེས་པ། དྷརྨཱ་ཙཀྲའི་གནས་ཀྱི་ཡོན་ཏན་ལས་མིང་བརྗོད་པ་སྟེ་བཞིའོ། །ཆོས་ཉིད་ཡེ་ཤེས་ཡོན་ཏན་དང་། །རང་རྒྱུད་བཞི་ལ་ཡན་ལག་བརྒྱད། །ཅེས་པ། དང་པོ་མདུན་ན་ཡོད་དེ་སྐྱེ་བ་མེད་པའི་ལས་བྱེད་དེ། གཉིས་པ་གཡས་ན་ཡོད་དེ་ཡེ་ཤེས་འཆར་བའི་ལས་བྱེད་དོ། །གསུམ་པ་གཡོན་ན་ཡོད་དེ་དེས་མངོན་པར་ཤེས་པ་དང་འབྲས་བུ་རྣམས་སྣང་བའི་ལས་བྱེད་དོ། །བཞི་པ་རྒྱབ་ན་ཡོད་དོ་ཤེས་པ་རྣམས། ཤིང་འཇོམས་པའི་ལས་བྱེད་དོ། །ཡན་ལག་ནི་གཉིས་ཀྱི་རྩེ་མོ་གསུམ་དུ་འཕྲོས་པའོ། །འོད་བཞི་ལ་གནས་རྣམ་ཤེས་ནི། །ཞེས་པ། ཆོས་ཉིད་ལ་གནས་པ་ལ་སོགས་པར་འཆད་པར་འགྱུར་རོ། །སྒོ་ལྔ་རྟག་མིན་ཞོར་ལ་བཤད། །ཅེས་པ། ཤེས་པའི་གཙོ་བོ་མ་ཡིན་པས་ཞོར་དུ་བཤད་པ་ནི། གཉིད་ཀྱིས་ལྡོག་པའི་ཕྱིར་མི་རྟག་པའོ། །ས་བོན་ཟུང་གསུམ་གཉིད་དང་བཞི། །འོད་ལ་སྣོད་བཅུད་ཚུལ་དུ་གནས། །ཞེས་པ། འོད་བཞི་སྣོད་ལྟ་བུ་ལ་ས་བོན་ཟུང་གསུམ་དང་གཉིད་བཅུད་ཀྱི་ཚུལ་དུ་གནས་པ་ལུས་ལྟ་བུའོ། །དེ་དག་རྒྱས་པར་བསྟན་པ་གང་སྙམ་པ་ལ། ཆོས་ཉིད་ལྷ་མིན་དུད་འགྲོ་ཟླུམ་ཀུན་གཞི་ༀ་གྱི་སྙིང་པོ་ཅན། ཞེས་པ། ཆོས་ཉིད་ཀྱི་རྩ་ལ་ལྷ་མིན་དང་དུད་འགྲོ། ས་བོན་ཏྲི་སུཾ་གཉིས་འོད་དཀར་པོ་ཟླུམ་པོའི་བགབ་ན་གནས་སོ། །དེ་ན། ཤེས་པ་བརྒྱད་ལ་ཀུན་གཞིའི་རྟེན། སྐུའི་སྙིང་པོ་ༀ་ས་བོན་གཉིས་ཀྱི་སྟེང་ན་རང་བཞིན་གྱིས་གནས་སོ། །ཡེ་ཤེས་ལྷ་མི་གྲུ་བཞི་ཡིད་སྙིང་པོ་ཧཱུྃ་ནི་བདེར་གཤེགས་ཐུགས། ཞེས་པ། ཡེ་ཤེས་ཀྱི་རྩ་ལ་ལྷ་མི་ས་བོན་ཨཎྲྀ་གཉིས་འོད་མཐིང་གའི་གྲུ་བཞིའི་བགབ་ན་གནས་སོ། །ཤེས་པ་བརྒྱད་ལས་ཡིད་ཀྱི་རྣམ་པར་ཤེས་པ་གནས་སོ། །ཐུགས་ཀྱི་སྙིང་པོ་ཧཱུྃ་ས་བོན་གྱི་སྟེང་ན་གནས་སོ། །ཡོན་ཏན་དམྱལ་བ་ཡི་དྲགས་ཨཱོཾ། །ཟླ་གམ་གསུང་གི་རང་བཞིན་ཏེ། །ཞེས་པ་ཡོན་ཏན་གྱི་རྩ་ལ་ཡི་དྭགས་དང་དམྱལ་བའི་ས་བོན་པྲེ་དུ་གཉིས་འོད་དམར་པོ་ཟླ་གམ་ན་གནས་སོ། །ཤེས་པ་བརྒྱད་ལས་ཉོན་མོངས་པའི་ཡིད་གནས་ཏེ། །དེ་ན་གསུང་གི་སྙིང་པོ་ཨཱཾ་ས་བོན་གྱི་སྟེང་ན་གནས་སོ། །དམར་ནག་མདོག་ལ་ཨོག་ཤོལ་དབྱིབས། །ཤེས་པ། རང་རྒྱུད་རྩ་ལ་འོད་དམར་ནག་བྱ་གག་གི་ཨོག་ཤོལ་ལྟ་བུའོ། །དེ་ནི་བློ་རྨུག་སྣོད་ཡིན་ནོ། །ཞེས་པ། གཉིད་གནས་པའོ། །ཤེས་པ་གསུམ་ལ་སྙོམས་པར་འགེབས། །ཞེས་པ། བཤད་པའི་ཤེས་པ་གསུམ་ནི། ཀུན་གཞིའི་དམིགས་པ་ཡོངས་སུ་མ་ཆད་པ་ལ་འགེབས་པར་མི་རིགས་ཀྱང་། འདིར་མ་རིག་པའི་ཆོས་རྨོངས་པར་བྱེད་པ་ཙམ་ལ་བསྙད་དོ། །ཁ་ཅིག་ཏུ་སྒོ་ལྔའི་རྣམ་པར་ཤེས་པ་ནི་འདི་ལ་གནས་ཏེ། དེ་ཡང་དགེ་བ་དང་མི་དགེ་བ་དང་ལུང་དུ་བསྟན་པའི་ཤེས་པ་གསུམ་རེ་རེ་ལའང་ཡོད་པ་ལ་དགོངས་ཏེ། སྒོ་ལྔའི་ཤེས་པ་གསུམ་ལ་འགེབས་པར་གསུངས་པའོ། །དྲག་པོ་ཉིད་དུ་བཤད་པ་ཡིན། །ཞེས་པ། དབྱིབས་གྲུ་གསུམ་དུ་ཡང་འོད་དེ་ཡོད་པར་གསུངས་ཏེ། རང་བཞིན་གྱི་ལས་ཀྱིས་ཀྱང་བཤད་དོ། །རྩ་བཞིའི་ལྟེ་བ་བཤད་པ་ནི། དེ་དབུས་ཡེ་ཤེས་སྙིང་པོ་སྐུ། །དར་སྐུད་མཚལ་ཁུ་གསེར་གྱིས་རླངས། །ཉི་མའི་མེ་ལོང་ངད་དག་ནི། །འབྱུང་བ་བཞི་ཡི་དྭངས་མ་དང་། །བདེ་བའི་དྭངས་མ་ནམ་མཁའི་ཁམས། །ཞེས་པ། རྩ་བརྒྱད་ཀྱི་དབུས་ཡེ་ཤེས་སྙིང་པོའི་རྩ་བ་ཐག་ཁུག་པའམ་རྒྱུས་པ་ནད་མའམ། དར་དཀར་གྱི་སྐུད་པ་འདྲ་བར། རྟ་རྔ་བཅུ་གཤགས་ཀྱི་ངོ་བོ་ནི་སའི་དྭངས་མ་སྟེ། དེའི་ནང་ན་ཆུའི་ངོ་བོ་ཁྲག་གི་དྭངས་མ་མཚལ་ལྕོག་ལ་མ་འདྲ་བའི་ཁུ་བ་ལྟ་བུ་གནས་སོ། །དེའི་ནང་ན་དབུགས་ཀྱི་དྭངས་མ་གསེར་ས་འོག་ན་གནས་པའི་རླངས་པ་ཙམ་ཡོད་པ་ནི་རླུང་གི་ངོ་བོ། དེའི་ནང་ན་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་གནས་པ་ནི་མེའི་ངོ་བོ་སྟེ། དེའི་ནང་ན་བྱང་ཆུབ་ཀྱི་སེམས་ཐིག་ལེ་འོད་ཁ་དོག་སྣ་ཚོགས་པ་དབྱིབས་དང་ཁ་དོག་གང་ལའང་མ་བརྟེན་པར་བཞུགས་པ་ནི་བདེ་བའི་དྭངས་མ་ལས་དང་ངོ་བོས་བཏགས་ཏེ་ནམ་མཁའོ། །རྩ་དེ་རང་བྱུང་ཡེ་ཤེས་མངོན་དུ་བྱེད་པའི་སྙིང་པོའི་སྐུར་བརྗོད་དེ་དེ་དག་གི་གནས་ལུགས་དང་ལས་ནི་ཆོས་ཉིད་ཀྱི་རིགས་པས་ངེས་ཏེ། ཅི་སྟེ་བ་མི་ཆུད་དོ། །དེས་ན་གསང་བའི་གྲུབ་པ་གསུམ་གྱིས་རྩད་དང་སླའོ། །དེ་ལ་དྭངས་མ་ལྔའི་ལས་གང་སྙམ་པ་ལ། འབྱུང་ལྔ་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོ་རིགས་ཀྱི་དེ་བཞིན་གཤེགས། །ཞེས་པ་དང་། དྭངས་མ་ཕྲ་རགས་ཀྱི་ཆས་ཡབ་ཡུམ་བཅུར་རང་བཞིན་གྱིས་སངས་རྒྱས་པའོ། །ཐབས་དང་ཤེས་རབ་ལམ་ཉིད་ཀྱི། །དཀྱིལ་འཁོར་ཀུན་ལ་གསལ་བར་བྱེད། །ཅེས་པ། ཡེ་ཤེས་ཀྱི་འབྱུང་བ་ཕྲ་རགས་དབྱེར་མེད་པའི་ལས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་ཀུན་འབྱུང་བར་ལྟ་ཅི་སྨོས། རིགས་ལ་སྣང་བར་བྱེད་པའོ། །མི་གནས་པའི་ཡེ་ཤེས་སམ་དེ་བཞིན་ཉིད་ཀྱི་ཡེ་ཤེས་སྤྱོད་ཡུལ་ཡོངས་སུ་དག་པའི་ལས་ཀྱང་བྱེད་དེ། ནམ་མཁའི་ཁམས་ཀྱི་དཀྱིལ་འཁོར་འདིས། །ཞེས་པ། དྷརྨཱ་ཙཀྲ་སྟེ་ཁྱད་པར་གྱི་གནས་སོ། །ཐམས་ཅད་ནམ་མཁར་བྱེད་པའི་ཕྱིར། །ཞེས་པ། ཐམས་ཅད་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ཡེ་ཡིན་པ་དེ་འདི་ལ་བློ་སྣང་བར་བྱེད་པའི་ནུས་པ་ལྷག་པ་རང་ཡོད་པ་ནི་གཏན་ཚིགས་སོ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །ཅེས་པ། ཡེ་ཤེས་སུ་ཀུན་ཟླུམ་པ་དང་། ལྔ་རྫོགས་པས་མིང་ཐོབ་པ་ནི་དྲང་དོན་རྟེན་ཅན་གྱི་མིང་བརྟེན་ལ་བརྟགས་པ་ཡིན་ལ། ངེས་པར་དེ་ཉིད་ཀྱི་ངོ་བོ་སྟེ། དེ་ནི་ལྷག་པའི་དོན་གྱི་དཀྱིལ་འཁོར་གཞན་ལས་སྤགས་སོ། །དེ་གང་ལ་ཡོད་ན། ལུས་ཅན་ཀུན་ལ་ཡོད་པར་བཤད། །ཅེས་པ། ལུས་ནི་ལྷག་མའི་ལུས་དང་། རྣམ་པར་སྨིན་པའི་ལུས་དང་། ལས་ཀྱི་ལུས་དང་། ཤ་ཁྲག་གམ་རྣམ་རྟོག་འབྱུང་བའི་ལུས་དང་། ཡིད་ཀྱི་ལུས་དང་། ཏིང་ངེ་འཛིན་གྱི་ལུས་དང་། སྨོན་ལམ་གྱི་ལུས་དང་། སྤྲུལ་པའི་ལུས་དང་། ཡེ་ཤེས་ཀྱི་ལུས་ལ་སོགས་པ་མང་ནའང་། འདིར་གང་གི་དབང་དུ་ཞེ་ན། འདོད་པ་བསོད་ནམས་ཀྱི་ལུས་དང་པོའི་དབང་དུ་གསུངས་ཏེ། ལྔ་པ་མན་ཆད་ཀྱི་དབང་དུ་བརྗོད་དེ། ཐུགས་རྗེའི་ཡུལ་ཁྱད་པར་འབྲེལ་བ་དང་། རང་གནས་སྦྱངས་པའི་ཕྱིར་རོ། །དེ་ཡང་བག་ལས་ཉལ་དུ་དྲུག་མན་ཆད་ལ་ཡོད་ལ། མངོན་དུ་འདོད་པ་སྤར་གྱི་དང་པོ་ལ་ཡོད་པའོ། །བདུན་པ་ཡན་ཆད་ནི་མི་ལྡོག་པའི་ཕྱིར། ཡོད་ཀྱང་གཟུང་མི་དགོས་པས་དེའི་དབང་དུ་མ་ཡིན་གྱི། སྦྱང་བྱའི་དབང་དུ་ཡོད་པར་གོང་དུ་གཟུང་ཟིན་ཏེ། བསྒྲུབ་པའི་གཞི་རུ་འདི་ཤེས་བྱ། །ཞེས་པ། སྦྱང་བ་དོན་དུ་གཉེར་བའི་གཞིར་སྦྱོང་བྱེད་གཉིས་ཀས་ཤེས་པར་བྱ་བ་བསྟན་ཏེ། མ་ཤེས་ནང་དོན་མི་འགྲུབ་པའི་ཕྱིར་གདམས་པའོ། ༈ །ལུས་བཞི་པ་བར་དོར་ཤི་བའི་འཕེལ་བའི་ཚུལ་འབྲེལ་བར་བསྟན་པའི་ཕྱིར། འཁྲུལ་དབང་མི་གནས་ཐ་སྙད་དུ། །རྣམ་ཤེས་འཕོ་བར་གསུངས་པ་ནི། །ཞེས་པ། འཁྲུལ་དབང་དུ་མ་སྡོད་པར་འཆི་བའི་ངོ་བོ་མེད་ཀྱི་ཐ་སྙད་ཙམ་དུ་ཡོད་དོ་བར་བསྟན་པའོ། །དེ་ལའང་རེ་ཞིག་འཆི་བའི་ཁྱད་པར་དང་། འཆི་བའི་དུས་དང་། འཆི་བའི་རྒྱུ་རྐྱེན་དང་། འཆི་ཁའི་འདུ་ཤེས་དང་། རྟགས་དང་། ལྟས་བདེ་མི་བདེ་འབྱུང་བ་དང་། འཆི་བའི་འཕོ་བ་ཡོད་མེད་ཀྱི་དཔེ་དང་། འཆི་བའི་ཚུལ་དང་། བར་མར་འབྱུང་བའི་ཚུལ་བསྟན་པའོ། །དེ་ལ་དང་པོ་གཉིས་ཏེ་རང་དབང་ཅན་དང་རང་དབང་མེད་པའོ། །སྔ་མ་ནི་དབང་བསྒྱུར་རིགས་ལ་སོགས་པ་འདི་ཉིད་ཀྱི་མཐར་ཕྱིན་པའི་ལམ་པ་ལ་ཡོད་དོ། །ཕྱི་མ་ནི་བར་ཆད་མེད་པའི་ལམ་མན་ཆད་དྲུག་པོ་ལ་ཡོད་པའོ། །དུས་ནི་སྔ་འདུལ་པའི་དུས་ལ་བབ་པ་ནའོ། །ཕྱི་མ་ལ་དུས་དང་དུས་མིན་པ་གཉིས་པོ། །རྐྱེན་ནི་གཉིས་ཏེ། སྔ་མ་ནི་འདུལ་བྱ་བྱ་བའོ། །ཕྱི་མ་ནི་འཁྲུགས་པ་གཉིས་དང་། ཉི་ཁྲི་ཆིག་སྟོང་དང་། གློ་བུར་བརྒྱད་ཅུ་རྩ་གཅིག་དང་། དགུ་དང་། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་། །འདུ་བ་བཞི་ལ་སོགས་པའོ། །རྒྱུ་ནི་ལས་ཟད་པ་དང་། མི་རྟག་པའི་མཚུངས་པ་དང་། ལྷན་ཅིག་བྱེད་པ་རྣམས་ཕྱི་མའི་རྒྱུའོ། །སྔ་མ་ནི་ཐུགས་རྗེའོ། །འདུ་ཤེས་ནི། ཀུན་ཀྱང་གསུམ་དང་ལྡན་གྱིས་ཀྱང་། །སྔ་མ་ནི་དཀར་པོ་ཚད་མེད་པ་དང་ལྡན་ནོ། །རྟགས་ནི་གཅིག་ལ་མ་ངེས་ལ། འོག་མ་ལ་ཕྱི་ནང་མཚན་མར་འབྱུང་བ་བསམ་གྱིས་མི་ཁྱབ་པའོ། །རྟགས་སམ་ལྟས་ནི་སྔོན་དུ་འབྱུང་བ་སྟེ། གཅིག་ཤོས་ནི་དེ་ལ་རག་མ་ལུས་ཏེ་ལས་ཀྱིས་མ་བཀོལ་བའི་ཕྱིར་རོ། །ཕྱི་མ་ནི་བཀོལ་བའི་ཕྱིར་སྤྱོད་ཡུལ་ཀུན་ཏུ་དུས་བྱེད་པའི་ཚེ་གང་དཀར་པོར་སྤྱོད་པ་ལ་ཡིད་དུ་འོང་བ་མཐོང་ཞིང་། སྟེང་དུ་ཡལ་བའོ། །ནག་པོ་རང་ལ་ཡིད་དུ་མི་འོང་བ་འབྱུང་བ་དང་ཤིན་ཏུ་ནད་ཀྱིས་གདུངས་པས་དབང་པོ་བཟློག་ཅིང་ཡན་ལག་གཡོབ་པ། མ་སྙན་པའི་ང་རོ་འདོན་པ་དང་། ཐུར་དུ་ཡལ་བའོ། །འཕོ་བའི་དཔེ་བསྟན་པ་ནི། ཉི་འོད་ས་བོན་རྒྱུ་སྒྲ་བཞིན། །རྒྱུ་ལས་འབྲས་བུ་གཞན་མིན་གྱི། །འདི་ནས་འཕོ་བར་གྱུར་པའི་ཆོས། །རྡུལ་ཆ་ཙམ་ཡང་མེད་པར་གསུངས། །ཞེས་པ། དཔེ་བཞི་པོ་ནི་འཕོ་བ་མེད་པར་གཞན་ལ་སྣང་བ་ལྟར་འཆི་བའི་རྒྱུས་འབྲས་བུ་གནས་གཞན་དུ་འགྲོ་བར་མི་བྱེད་དེ། ལས་ཀྱི་འབྲས་བུ་མངོན་དུ་སྣང་བ་ལ་དེ་ཉིད་དུ་སྤྱོད་ཡུལ་འགྱུར་བ་ལ་བཏགས་ཀྱི། དངོས་གནས་འདི་ནས་གཞན་དུ་བགྲོད་པ་རྡུལ་ཙམ་ཡང་མེད་དོ། །འོ་ན་འཕེལ་བའི་རྒྱུ་དང་། མཚམས་སྦྱོར་བ་འགལ་ལོ་ཞེ་ན། དེ་ཁོ་ན་སྐྱེ་བོ་ལ་མངོན་དུ་ཡོད་པ་ལྟར་སྣང་བ་དེ་འདིར་ཐ་སྙད་ཡོད་པ་ལས་བཏགས་པའི་ཕྱིར་རོ། །འཆི་བའི་ཚུལ་བསྟན་པའི་ཕྱིར། ས་ཆུ་མེ་རླུང་བཞི་ཡི་རླུང་སུམ་མདོ་སྙིང་ལྐོག་ལྟེ་བ་ལ། རིམ་གནས་ཁམས་ཀུན་རྟེན་ཡིན་ཏེ། །ཞེས་པ། སྲོག་གི་དབང་པོ་ཡན་ལག་གི་རྩ་བ་ཡིན་ཏེ་སྤྲོས་པ་རྟེན་པའི་ཕྱིར་རོ། །དེ་གནས་ཚུལ་ནི་སུམ་མདོ་ན་རླུང་ཟླ་གམ་མམ་གཞུའི་དབྱིབས་སྔོན་པོ་གནས་ལྟེ་བ་ནས་སེར་པོ་གྲུ་བཞི། སྙིང་ག་ན་ཆུ་དཀར་པོ་ཟླུམ་པོ། ལྐོག་མ་ན་མེ་དམར་པོ་གྲུ་གསུམ་གནས་པ་ནི་ཕྱི་ནང་གི་ཡན་ལག་ཀུན་གྱི་རྟེན་གཞིའོ། །ལས་རླུང་ཟད་དང་རྐྱེན་དག་གིས། །སྲོག་དབང་ཡན་ལག་ཉམས་པ་ན། །ཞེས་པ། ལས་ཟད་པ་ནི་དུས་སུ་འཆི་བ་སྟེ། རྐྱེན་གྱིས་གནས་པར་མི་ནུས་པ་ནི་ཐུན་མོང་གི་ལས་ཀྱི་དབང་ངོ་། །འདིར་བརྩོན་པ་དང་ཐབས་དང་ལྡན་ན་ལས་འཇོམས་པར་གསུངས་ཏེ། ལས་རག་མ་ལས་པར་ཚེ་འཕོ་ཕྱིར་རོ། །རྐྱེན་སྨོས་པས་དག་གི་འཆི་བ་ནི་རྒྱུ་རྐྱེན་ཏེ། དེས་སྲོག་གི་དབངཔོ་ཡན་ལག་ལུས་ཀྱི་གནས་ཐ་དད་ན་ཡོད་པ་རྒྱུད་པ་དང་། མི་བརྟན་པ་དང་། སྟོབས་མེད་པར་ཡུན་རིང་ཐུང་གང་ཡང་རུང་བར་བྱ་བའི་ཕྱིར། འཆི་ཚུལ་དངོས་ནི། ཚོགས་དྲུག་པར་ཐིམ་གསལ་མི་འགྱུར། །ཞེས་པ། ཡན་ལག་གི་རླུང་གིས་རྐྱེན་དེས་དབང་པོ་ནས་རང་གི་ལམ་ནས་ཞུགས་ཏེ་ལྟེ་བར་སའི་རླུང་ལ་ཐིམ་པས་ཡུལ་དྲུག་མི་གསལ་བར་འབྱུང་ངོ་། །ས་དག་ཆུར་ཞུགས་ལུས་ཉམས་བྱེད། །ཅེས་པ། རང་གི་ལམ་ནས་སྙིང་གི་ཆུ་རླུང་ལ་ཞུགས་པའོ། །དེས་ས་དང་བྲལ་བས་མི་བརྟན་པར་བྱེད་དོ། །དེ་ཉིད་མེར་ཞུགས་བུ་ག་སྐམ། །ཞེས་པ། ཆུ་རླུང་རང་གི་ལམ་ནས་ཞུགས་ནས་ལྐོག་མར་འདུས་པས། ཆུ་མེ་དང་བྲལ་ཏེ་བུ་གའི་སྒོ་རྣམས་སྐམ་མོ། །མེ་རླུང་འགྲོ་བས་དྲོད་ཉམས་འགྱུར། །ཞེས་པ། མེ་འགོང་མདོར་ཞུགས་པས་ལུས་དྲོད་ཉམས་པར་འགྱུར། རླུང་གི་སྙིང་པོ་ཐིག་ལེ་སྟེ། རྔུབ་ཅིང་ཐ་མར་ཐོན་པར་འགྱུར། །ཞེས་པ། རླུང་ཡེ་ཤེས་སྙིང་པོའི་ཐིག་ལེར་རང་གི་ལམ་ནས་ཞུགས་ཏེ་ཐིམ་པས། རླུང་རྩེ་གཅིག་ནང་དུ་རིང་དུ་རྔུབ་པ་དང་འདོན་པར་འབྱུང་ངོ་། །ཐིག་ལེ་མེ་ལོང་དབུགས་བཞིན་དུ། །སྒྲ་དོན་སྤྱི་ཡི་ཡུལ་ནུབ་སྟེ། །ཞེས་པ། ཡེ་ཤེས་སྙིང་པོ་རླུང་སྲོག་གི་དབང་པོ་དངོས་ནི་མེ་ལོང་དབུགས་ཀྱིས་བཏབ་པ་ཡལ་བ་ལྟར་འགྱུར་བས་ཤེས་པ་བདུན་ཡུལ་དང་བཅགས་ནུར་པར་འགྱུར་རོ། །དམིགས་པ་མེད་པའི་རྗེས་ཐོབ་པ། །ཅེས་པ། རྟོག་པའི་ཤེས་པ་རྐྱེན་གྱིས་ལོག་པའི་ཚེ། །མི་དམིགས་པ་ནི་སྒོམ་ལམ་དང་པོའི་གཞི་སྟེ། དེའི་རྗེས་ཐོག་ལ་བར་མ་འབྱུང་བས་རྒྱུ་འབྲས་སུ་འབྲེལ་བའི་ཚུལ་སྟོན་ཏོ། །དཔེ་བཞིའི་ཚུལ་གྱི་བར་མ་ཡི། །ལུས་དང་ཕྱི་མའི་སྤྱོད་ཡུལ་སྣང་། །ཞེས་པ། དཔེ་བཞི་བཤད་དེ། བར་མའི་ཡིད་ཀྱི་ལུས་དང་དགེ་མི་དགེའི་སྤྱོད་ཡུལ་སོ་སོར་སྣང་བར་བྱེད་པའོ། །དེའི་ཕྱིར་འཕོ་བར་ཐ་སྙད་དུ། །བཏག་པའི་ཡོད་པར་ཤེས་པར་བྱ། །ཞེས་པ། རྫ་ཆག་བྱེའུ་འཕུར་ལྟར་བསྟན་པའི་གཏན་ཚིགས་ཀྱི་ཐ་སྙད་དུ་ཡོད་པ་ནི་ངེས་པ་ན་སྐྱེ་འཆི་མེད་པར་ཁས་ལེན་ཏེ། སྐྱེས་པ་མེད་པའི་ཕྱིར་རོ། ༈ །ལུས་ལྔ་པ་བསྟན་པའི་ཕྱིར། བར་མའི་བྱང་ཆུབ་སེམས་དཔའ་ནི། །ཞེས་པ། བར་མ་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་ཐུགས་རྗེའི་གནས་དེ་བཤད་པ་ནི། བར་མའི་རྒྱུ་དང་། ངོ་བོའི་ཆ་ལུགས་དང་། རྩལ་དང་ནུས་པ་དང་། བར་མའི་སྤྱོད་ཡུལ་དང་བསམ་པ་དང་། ཚེ་ཚད་དང་། ངེས་ཚིག་དང་ལུས་ཀྱི་ཚད་དང་། མི་གྲངས་དང་། ལོངས་སྤྱོད་དང་། སྐྱེ་བ་གར་གཏོགས་པ་དང་། ཁམས་གང་ལ་ཡོད་པ་དང་། ལས་གང་ལ་དགའ་བ་དང་། ལམ་གྱི་ཁྱད་པར་དང་། ཕྱི་མ་དང་འབྲེལ་བའི་རྒྱུ་འདའ་ཁ་མའི་མན་ངག་བཅས་པར་བསྟན་པའོ། །དེ་ལ་དང་པོ་བསྟན་པའི་ཕྱིར། རྣམ་རྟོག་འབྱུང་བའི་ལུས་སྤངས་ནས་དྭངས་མ་ལ་འབྱུང་། ཞེས་པ་སྔ་མའི་ལུས་དེ་བཤད་པ་ལྟར་འབྲེལ་བས་འབྱུང་བ་བཞིའི་དྭངས་མ་ནི་བར་མའི་ལུས་ཀྱི་རྒྱུའོ། །གཉིས་པ་ནི། ཡིད་ཀྱི་ལུས་ཕྱིས་འབྱུང་དབང་པོ་ཡན་ལག་རྫོགས། །ཞེས་པ། ཡིད་འབྱུང་བའི་སྙིགས་མ་དང་མ་འབྲེལ་བར་གར་སྐྱེ་བའི་ཆ་བྱད་དུ་འབྱུང་བ་ནི། དབང་པོ་དང་ཡན་ལག་ཚང་བའོ། །བརྒྱད་པ་ནི་བྱིས་པ་ལོ་ལྔ་ལོན་པའི་ཚད་དོ། །བཅུ་གཅིག་པ་ནི་རྫུས་ནས་སྐྱེ་བའི་ཆར་གཏོགས་པའོ། །བཅུ་གཉིས་པ་ནི་ཆ་ལུགས་འདིའི་ཕྱིར་གཟུགས་དང་པོའི་ཁམས་སུ་སྐྱེ་བ་ན་ཡོད་དོ། །གཟུགས་མེད་པའི་ཁམས་འཕོ་ན་ཡོད་དེ། དེ་བཟློག་པ་ལ་མེད་པས་ཕལ་ཆེའི་དབང་སྟེ། གང་དག་ལས་ཁྱད་པར་ཅན་གྱིས་སྐད་ཅིག་གིས་རྫུས་ཏེ་འཕེན་པ་དྲག་པོའི་ཐ་ལ་མེད་པ་ཡང་ཡོད་དེ་ཁམས་ཐ་མ་ནའོ། །ཅིག་ཤེས་ལའང་དྲག་པ་ན་མེད་པའང་ཡོད་དོ། །གསུམ་པ་ནི། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །སྒྱུ་མ་ལྟ་བུའི་ལུས་དག་གིས། །ཐོགས་པ་མེད་པ་ཀུན་ལ་འཇུག །ཅེས་པ། མཐོང་སྒོམ་ལས་མ་བྱུང་བ་ནི་ལས་འབྱུང་བའི་རྫུ་འཕྲུལ་ཡོད་དེ། སྒྱུ་མའི་ལུས་ཀྱི་འབྱུང་བ་ལྔ་ལ་བྱ་བ་ཐོགས་པ་མེད་པར་འགྲོའོ། །འོ་ན་ལས་ལ་ཁྱད་པར་ཡོད་ན་རྫུ་འཕྲུལ་མཉམ་པ་འདི་རྒྱུ་འབྲས་རྫུན་པར་འགྱུར་རོ་བར་རིགས་པ་སྙམ་ན། དེའི་དགོས་པ་ནི་འཕངས་པའི་ལས་ཉིད་ཀྱི་རྫུ་འཕྲུལ་ཡིན་ཏེ། འཕེན་པས་བསྒྲུབས་པ་མ་ཡིན་པ་དང་། འོན་ཀྱང་གཉིས་པ་ལའང་ཡུལ་དང་ནུས་པ་རྣམ་པར་སྨིན་པའི་ལས་ཀྱི་མཐུས་ཁྱད་པར་ཡོད་པར་གསུངས་སོ། །བཞི་པ་ནི། དཔག་ཚད་བྱེ་བ་བརྒྱ་སྟོང་ཡང་། །འོད་ཀྱི་སྣང་བས་འགེངས་པར་བྱེད། །ཅེས་པ། ཀུན་ལ་ཡོད་མོད་ཀྱང་དགེ་བ་ཅན་དེ་ཆེ་ཆུང་དང་གསལ་མི་གསལ་ཡོད་པའོ། །འདོད་ཁམས་སྣོད་བཅུད་མ་ལུས་པ། །ལྷ་མིག་དག་པས་མཐོང་བར་འགྱུར། །ཞེས་པ་དགེ་བ་ཅན་ལས་དང་འབྲས་བུར་འབྲེལ་བ་དང་ལས་ངན་སྦྱངས་པས་གནས་རིས་ཉི་ཤུ་མཐོང་ལ། །ཅིག་ཤོས་ནི་འབྲེལ་པ་མེད་པ་དང་། དྲི་མིག་ཅན་པས་མར་གྱི་བཅུའི་སྣོད་བཅུད་དང་འདི་ཉིད་ཀྱི་རིགས་ལས་གཞན་པ་མི་མཐོང་ངོ་། །དེ་ནི་ལས་ཀྱི་ལྷ་མིག་གོ། །ལྔ་པ་དང་དྲུག་པ་ནི། འགྲོ་བའི་ལམ་དག་ངེས་པར་ཤེས། །ཞེས་པ། གང་དུ་སྐྱེ་བའི་གནས་ཡུལ་ཤེས་པས་དེའི་རང་བཞིན་དེ་ཉིད་པར་སྣང་བས། དེ་དང་དོགས་པ་ཅུང་ཟད་ཉུང་། །ཞེས་པ། ཆ་ཡོད་མེད་ཀྱང་བདེ་བ་འདོད་པ་དང་། །སྡུག་བསྔལ་བར་དོགས་པ་ཉུང་ངོ་། །ཚེ་ནི་ཞག་བདུན་འགྱུར་དུ་གསུང་། །ཞེས་པ། གནས་པའི་ཚེ་བསམ་པ་དེའོ། །བདུན་ཕྲག་རེ་སྲང་མདའི་ཚུལ་དུ་རྒྱུད་མཐུན་པར་བརྗེའོ། །དེའང་ཕལ་ཆེའི་དབང་དུ་བརྗོད་མོད་ཀྱི། རྐྱེན་དང་འཕྲད་ན་མ་ངེས་སོ། །རྐྱེན་དང་མ་འཕྲད་ན་བདུན་ཕྲག་བདུན་ལས་མི་གནས་ཏེ། དེའི་ཚེ་གཞན་གྱིས་སྟོངས་པའི་ལས་བཟང་པོ་གཅེས་པར་ལུང་བསྟན་ཏོ། །བདུན་པ་ནི་ནུབ་སྣང་བར་ན་གནས་པའི་ཕྱིར་རོ། །དགུ་པ་ནི་ངེས་པར་མིང་གྲངས་བརྒྱད་དམ་དགུའོ། །བཅུ་པ་ནི་ཆ་བྱད་གང་བཟུང་བའི་གནས་དང་རྒྱུད་མཐུན་པའོ། །བཅུ་གསུམ་པ་ནི་གསུམ་སྟེ། གཞན་གྱིས་བཏང་བའི་ལས་མ་སྐྱེས་དགྲ་ལྟ་བུ་བྱུང་། །བདག་གིས་བསགས་པའི་ལས་བསམ་བསྟན་བཞི་པའི་དགེ་སློང་མར་འོངས་པ་ལྟ་བུ་དང་། དེ་ཉིད་དུ་གང་ལ་ཞེན་པ་གཙོ་བོའོ། །བཅུ་བཞི་པ་ནི་སྔར་དཀར་ནག་སྤྱོད་པ་དང་མི་གཡོ་བའི་ལས་ཀྱིས་བར་མའི་སྤྱོད་ཡུལ་དུ་བདེ་སྡུག་སོ་སོར་མྱོང་བའོ། །བཅོ་ལྔ་པ་ནི་བར་མའི་ཡིད་ཀྱི་ལུས་ལ་འཁྱིགས་པས་ཞེ་སྡང་ཞིང་འདོར་བར་མོས་ལ་མ་འོངས་པའི་མངོན་པར་ཆགས་པས་འབྲེལ་ཏེ་རྒྱུ་འབྲས་སུ་བརྩིའོ། །འདའ་ཁ་མ་དེའི་ཕྱིར་གཅེས་པ་ནི། འཆི་ཁའི་མན་ངག་རབ་ཤེས་པས། །འདི་ཚེ་ངེས་པར་འབྱུང་བར་གསུངས། །ཞེས་པ། འདི་ཉིད་ནས་འཆད་པ་བརྟེན་པ་དེར་རྣལ་འབྱོར་དུ་བྱས་པ་དང་། འཇུག་པ་ལྔའི་རྣལ་འབྱོར་རིམ་པ་ལ་གནས་པའི་ཚེ། གང་གོང་མ་ཐོབ་བར་སྐབས་སུ་འཕོ་བ་ནི་རྣལ་འབྱོར་གོམས་པ་དེ་ཉིད་ཀྱིས་བསྐུལ་བ་ནི། བར་མའི་ཚེ་བདུན་ལ་མི་གནས་པར་བདེ་བ་ལ་སྐད་ཅིག་གིས་སྦྱོར་ཏེ་རང་དབང་སྐྱེ་བའི་ཕྱོགས་ཆ་སྟེ། དེ་ཚེ་རྡོ་རྗེ་རྒྱལ་པོའམ་བཤེས་གཉེན་དམ་པས་སྤྲད་པ་དང་། རླུང་དང་འགྲོགས་པའི་ཆོ་ག །བསྟན་པ་གཅེས་པ་གསུངས་སོ། ༈ །དེ་ལྟར་ཤེས་པར་བྱས་ནས་སྒྲུབ་པ་ལ་འཇུག་པའི་མཚན་ཉིད་ལུས་དྲུག་པ་གྲོལ་བའི་ཕྱིར། མ་སྐྱེས་རང་བཞིན་ཡེ་ཤེས་ལས། །ཞེས་པ། ལས་ཀྱི་དཀྱིལ་འཁོར་སྐྱེད་པའི་རྒྱུ་མི་དམིགས་པ་སྒོམ་མོ། །ཨེ་རཾ་ཁམས་གསུམ་ཨེ་དཀྱིལ་འཁོར། །མེ་དཔུང་འབར་བའི་ཀློང་ཡངས་སུ། །ཞེས་པ། ཨེ་རཾ་ཞེས་པ་ཁམས་གསུམ་གྲུ་གསུམ་མཐིང་ནག་གཞལ་ཡས་སུ་མེ་འབར་བར་བསྒོམ་པའོ། །ཛྭ་ལ་རཾ་གྱིས་མེ་དཔུང་འབར་བའི་གཞལ་ཡས་དེར་སྤྲུལ་པའི་ཁྲོ་བོ་བསྒོམ་པ་སྟེ། རང་རིག་ཡེ་ཤེས་རང་སྣང་བ། །ཞེས་པ། ཐམས་ཅད་རིག་པ་ཉིད་ལས་རྒྱུ་རྐྱེན་མ་དམིགས་པའི་ཕྱིར་རོ། །དེ་དག་གང་ཞེ་ན། སྐྱེ་འགྲོ་འབྱུང་བ་ནགས་ཚལ་ཀུན། །མ་ལུས་ཁྲག་འཐུང་རྡོ་རྗེའི་རིགས། །མཐིང་ནག་འཇིགས་པའི་མཚོན་ཆ་ཅན། །གཅེར་བུ་རྔམ་ཚུལ་ཏིལ་གང་སྦྱར། །ཞེས་པ། སྔགས་དེའི་རིག་པ་རང་སྣང་གི་གཞི་སྐྱེ་དྲུག་འགྲོ་འབྱུང་རྡུལ་རྩི་ཤིང་ཐམས་ཅད་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་མཐིང་ནག་མཚོན་ཆ་སྣ་ཚོགས་ཅན། གཅེར་བུ་རལ་པ་འབར་བར་གསལ་ལ་ལས་ལ་གཟུད་པའི་སྔགས་བརྗོད་པས་ཤིན་ཏུ་ཁྲམ་རྔམས་ཏེ་འགྲོགས་སྟབས་སུ་ལས་ལ་ཆས་པས་སྣོད་བཅུད་ཀྱི་ཨེ་ཏིལ་འབྲུའི་གང་བུ་ལྟར་བསམ་པའོ། །ཁྲོས་པས་སྤངས་ལངས་ཁམས་གསུམ་ཀྲུགས། །བསྒྲུབ་བྱའི་དམིགས་སུ་ལེན་པར་བསྒོམ། །ཞེས་པ། གཤེད་དང་ཕྲལ་ལ་དགུགས་པ་སྟེ། བདེན་པས་བསྒོས་ལ་ཕོ་ཉས་དགུག་སྟེ། ཁྲོས་པའི་སྔགས་བཟླས་ཉུངས་ཀར་བཅས་པ་གཏོར་བས། ཁྲོ་བོ་དེ་དག་ཕྱོགས་བཅུ་ནས་སྡངས་ལངས་སུ་སྤྲོས་ཏེ་འཆོལ་བར་གང་བ་ལས་རྒྱུད་ལས་འབྱུང་བ་ལྟར་འུར་ཆེམ་གཡོས་འགུལ་ལྡེག་གཏོར་གསུམ་གྱི་རིམ་པས་ཁམས་གསུམ་གྱི་གནས་བཞི་བཅུ་རྩ་གཅིག་དཀྲུགས་ཏེ། གང་ལས་ངན་གྱི་ཕྱོགས་འཛིན་པ་དང་། གཤེད་བྱེད་པ་དང་། ཁོག་བསྲུངས་ཀུན་རྡུལ་དུ་བརླག་བཅོམ་བསྐྲད་དེ། ཐུགས་རྗེའི་གནས་དེ་ཉིད་སྔ་མའི་ཆ་བྱད་དུ་སྙིང་ག་ན་ཀྱོ་ཀ་མགོ་དགུ་པས་བཟུང་སྟེ་རང་དབང་མེད་པར་ནྲྀ་ཛས་དྲངས་པ་ཕོ་ཉ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་བཀུག་སྟེ་དྲུང་དུ་ལྷགས་པ་དང་། འཆད་པ་བཞིན་ཕོབས་ལ་བཅིང་ངོ་། །བསྙེན་པའི་དཀྱིལ་འཁོར་བསྟན་པའི་ཕྱིར། །དུར་ཁྲོད་རས་ཀྱི་དཀྱིལ་འཁོར་ལ། །ཞེས་པ། དཔེ་ཆུང་གི་རྒྱུ་བསྟན་པ་སྟེ། ཆོ་ག་བཞིན་དབུས་ལེ་ཚེ་དགུ་ལ་འཁོར་ལོ་རྩིབས་བརྒྱད་པར་བྲིས་ཏེ། སྟེགས་བུའི་ཁར་སྣམ་འཕྱི་ནང་གཙང་མའི་བླར་གནས་པར་བྱའོ། །བཞི་པའི་དཔེ་ཆུང་ཤོག་བུ་ལ་བྲིས་ཏེ་ལྡེང་བུ་དང་བཅས་པར་ཤིང་རིས་ལ་བཏགས་ཏེ་བླ་གབ་ཏུ་བྱའོ། །དཔེ་ཆུང་གི་དཀྱིལ་འཁོར་བསྐྱེད་པ་བསྟན་པའི་ཕྱིར། ཁྲག་འཐུང་དྲུག་ཅུ་རྩ་དྲུག་རྣམས། །རིམ་པ་གསུམ་དུ་བརྩེགས་པ་རྣམས། །ཞེས་པ། དབུས་སུ་རིགས་ཀྱི་ཧེ་རུ་ཀ་ཡབ་ཡུམ་བཅུ་དགོད། འཁོར་ལོ་ལ་ཕྱོགས་མཚམས་ཀྱི་ཏ་ཀྲྀ་ཏ་ཀྱི་ཁྲོ་བོ་བརྒྱད་དགོད། དབང་མོའི་བུ་དུ་དྲུག་ཅུ་རྩ་བརྒྱད་བསྐྱེད་པའི་དབུས་སུ་རིགས་ལྔའི་སྟེང་དུ་གནམ་ཞལ་མ་ཞབས་བརྒྱད་དབུ་དགུར་བསྐྱེད་དོ། །དེའི་སྟེང་དུ་ཆེ་མཆོག་བསྐྱེད་པར་བྱས་པས་སུམ་བརྩེགས་སོ། །དེ་ལ་ལྷག་པའི་ལྷ་བསྒོམས་པའི་ཕྱིར་རོ། །བྱིན་རླབས་དབང་གིས་མཛེས་པ་ཡིས། །རྔམ་ཚུལ་གཟི་བྱིན་ལྡན་པར་བསྒོམས། །ཞེས་པ། རྡོ་རྗེ་གསུམ་གྱི་བྱིན་རླབས་བསུས་པས་ལྷ་གནས་གསུམ་དུ་གསལ་བ་ལ་ལྷག་པའི་ང་རྒྱལ་བསྐྱེད་པ་དང་། ཡེ་ཤེས་ལྔའི་དབང་ནོས་པའི་དབུ་རྒྱན་པའི་ལྷ་གསལ་བ་ལ་ང་རྒྱལ་བསྐྱེད་པའོ། །ཡེ་ཤེས་སྤྱན་ཡངས་མཆོད་གསུམ་སྦྱར། །ཞེས་པ། རང་བཞིན་གྱི་དཀྱིལ་འཁོར་ཡུལ་ནས་ཕོབས་ལ་གཞུག་ཅིང་བརྟན་པར་བྱས་ནས་ཕྱི་ནང་གསང་བའི་མཆོད་པ་བྱ་བ་དང་། ཡང་རྫས་ཀྱི་མཆོད་པ་དང་། ཏིང་ངེ་འཛིན་གྱི་མཆོད་པ་དང་། ལས་ཀྱི་མཆོད་པ་ཕྱག་རྒྱ་ལ་སོགས་པས་མཉེས་པར་བྱའོ། །བཟླས་པ་སྲོག་དང་ལྡན་པར་སྦྱར། །ཞེས་པ། སྔགས་བསྐྱར་བ་ནི་བཟླས་པ་སྟེ། ཡེ་ཤེས་སྤྱན་དྲངས་པ་དཔེ་ཆུང་གི་སྟེང་བུཾ་པའི་ལྷ་ལ་འཕྲོ་འདུ་གནས་སྦྱང་བར་བསྐུལ་བ་དང་། འདས་པ་ལ་ཐིམ་པས། གང་གི་རྟོག་པར་ལྷར་བྱས་ཏེ་དངོས་གྲུབ་ཐོབ་པར་བསམ་པ་ནི། མ་ཡེངས་པས་སྲོག་གི་ཆོ་གའོ། །འོ་ན་དེ་ཞི་བའི་དཀྱིལ་འཁོར་བསྙེན་ན། དེ་ནས་འཇིགས་བྱེད་དུ་བསྒྱུར་བ་ལ་བསྙེན་པ་ནི་གཞུང་ལས་མ་སྨོས་ཀྱང་སྤྱིར་མི་འགལ་བར་དགོངས་སོ། །ཐུགས་རྗེའི་དཀྱིལ་འཁོར་བསྟན་པའི་ཕྱིར། ཐུགས་རྗེའི་དཀྱིལ་འཁོར་བཞི་བཅུ་གཉིས་རང་བཞིན་ཡིད་ཀྱིས་དམིགས་བྱས་ཏེ། ཞེས་པ། ཞི་བའི་དཔེ་ཆུང་ལྟར་བསྒོམ་སྟེ་འོག་མིན་ཉིད་དུ་བསམ་པར་བྱའོ། །གཅིག་དང་དུ་མ་མེད་ཚུལ་གྱིས། །སངས་རྒྱས་ཀུན་གྱི་ངོ་བོར་བརྟག །ཅེས་པ། རྒྱལ་བ་ནི་གཅིག་ཀྱང་ཀུན་ཡིན་པས་མཐའ་གཉིས་དབྱེར་མེད་པའི་ལུགས་ཀྱི་བཞི་བཅུ་གཉིས་པོ་ཉིད་རྒྱལ་བ་དུས་གསུམ་པའི་བདག་ཉིད་དུ་བསམ་པར་བྱའོ། །བསྡུ་བའི་སྦྱོར་བས་ཀུན་བསྡུས་ཏེ། །བྱིན་རླབས་གཏོང་བ་གསོལ་བར་བྱ། །ཞེས་པ། ས་མན་ཛའི་གསང་སྔགས་ཕྱག་རྒྱ་དང་བཅས་པས་རྒྱལ་བ་ཐམས་ཅད་བཞི་བཅུ་གཉིས་སུ་བཞེངས་ཏེ་བསྡུས་ནས་དཔེ་ཆུང་གསལ་སྟིམས་ཏེ་མདུན་གྱི་ནམ་མཁའ་ལ་བཞུགས་པ་ལ། ཚེ་འདས་པ་ནི་བྱིན་གྱིས་བརླབ་ཅིང་སྒྲིབ་པ་སྦྱང་བ་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་གདབ་པར་བྱའོ། ༈ །ལུས་བདུན་པ་འགྲོལ་བའི་ཕྱིར། བསྒྲུབ་བྱ་ཁྲུས་བྱ་དྲི་མ་ལྡན། །ངེས་པར་ཤར་སྒོ་ཉིད་དུ་གཟུང་། །ཞེས་པ། ལས་རིམ་པ་ནི་འདི་ཁོ་ན་ལྟར་བརྩམ་པར་བྱ་སྟེ། ཐོག་མ་ཉིད་དུ་གནས་ཤིས་པར་དཔེ་ཆུང་བཤད་པ་ལྟར་བརྩམ་ལ། ཕྱི་རོལ་དུ་མཆོད་སྦྱིན་རྒྱས་པར་བྱས་ཏེ། དེ་ནས་གང་ཚེ་འདས་པའི་གཟུགས་ཕུང་ལ་ཁྲུས་བྱས་ཏེ་ཆོས་ཉིད་རྣམ་པར་དག་པས་སྦྱངས་པའི་ཆུ་དང་། ཡི་གེ་བརྒྱ་པས་སྦྱངས་པའི་ཆུས་བཀྲུས་ཏེ། རྒྱ་སྤོས་ལ་སོགས་པ་དང་ལྡན་པར་བྱས་ཏེ། ཕྱོགས་བཅིང་བའི་འོག་ཏུ་ཡོན་བདག་འདུག་སྟེ་ཤར་སྒོར་གཟུང་བར་བྱའོ། །དཀྱིལ་འཁོར་དང་པོ་གསལ་བྱས་ལ། །སྤྲུལ་པས་མཚམས་བཅད་བུམ་པ་གཟུང་། །ཞེས་པ། ལས་ཀྱི་དཀྱིལ་འཁོར་གསལ་བཏབ་ལ་བདེན་པ་བསྒོ་སྟེ་འགེགས་བསྐྲད་ལ་བུམ་པ་ཚེ་འདས་པའི་ཕད་དུ་བཞག་སྟེ་འདུག་ལ། ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་བརྩེགས་མར་བསྐྱེད་དེ། ཆུ་བླུགས་པ་ན་ཉུངས་ཀར་དང་སྙིང་པོ་ལྷའི་སྔགས་བཟླས་ཤིང་བླུགས་ཏེ། དེ་ནས་རོལ་མོས་དྲངས་ཏེ་དཀྱིལ་འཁོར་ལ་བསྐོར་ལ་དབུས་སུ་བཞུགས་སུ་གསོལ་ལོ། །གཤེད་དང་ཕྲལ་ལ་ཤེས་པ་དགུག་པ་བསྟན་པའི་ཕྱིར། བཤད་པ་བཞིན་དུ་བསྒྲུབ་བྱ་དགུག །ཅེས་པ་ནས། མ་སྐྱེས། ཞེས་པའི་ཤྭ་ལོ་ཀ་ཕྱེད་དང་གསུམ་གྱིས་དཀྱིལ་འཁོར་བཤད་པ་བཞིན་བྱའོ། །ངེས་པར་གཟུགས་ལ་ཕབ་སྟེ་བཅིངས། །ཞེས་པ། པྲ་བེ་ཤས་ཕྱེ་བ་དང་། ཨ་བེ་ཤས་ཕུང་པོ་ལ་བསྟིམས་ཏེ། ཕྱག་རྒྱ་བཞིས་བཟུང་བཅིངས་བསྡོམས་དགྱེས་སྲོག་དང་ལྡན་པར་བྱའོ། །དེ་ནས་འཆད་ལྟར་བརྡ་སྒོ་དབྱེ་བ་དང་། ལྷ་ལ་གསོལ་བ་གདབ་པ་དང་། སྒྲིབ་པ་བྲལ་ཏེ་ལྷར་བསྐྱེད་པ་ལ་བར་ཆད་བསལ་བའི་ཕྱིར་གོ་བགོ་ལུས་སྲུང་བ་དང་། འཁོར་ལོའི་ཕྱག་རྒྱས་ཅི་རིགས་སུ་བསྲུངས་ལ་བུམ་པའི་ལས་སྦྱར་བའོ། །དཀྱིལ་འཁོར་གཉིས་པ་འདིར་ཤེས་ཏེ། །ཞེས་པ། བསྙེན་པའི་དཀྱིལ་འཁོར་གྱི་ལས་ཉེས་བྱས་བཤགས་པ་དང་། བྱིན་བསྡུས་ཏེ་ལས་ཀྱི་ལྷར་གསལ་བས་མཆོད་པ་བྱིན་གྱིས་བརླབས་ནས་ཞི་བ་དང་། ཁྲོ་བོ་རིམ་པར་གཞུང་བསྲང་བར་བྱའོ། །དེ་ནས་བསྙེན་པ་དངོས་ནི། ཕྲ་བའི་འོད་ཟེར་ཐུགས་དམ་བསྐུལ། །འདུས་པས་བསྒྲུབ་བྱ་གནས་སྦྱངས་ལ། །རྟོག་ཚོགས་དཀྱིལ་འཁོར་ཉིད་དུ་བསླབ། །ཅེས་པ། ཞི་བ་དང་ཁྲོ་བའི་བསྙེན་པའི་ཚེ་སྤྱན་དྲངས་པ་བུམ་པའི་ལྷ་རང་ཉིད་ལ་ཕྱེ་སྟེ། གསལ་བ་གསུམ་གྱིས་བཟླས་པའང་། ཕར་འཕྲོས་ཚེ་འདས་པའི་སྒྲིབ་པ་སྦྱངས་ཤིང་བར་ཐུགས་དམ་བསྐུལ། སླར་འདུས་པས་བར་གྱི་ཚེ་འདས་པ་ལ་ཐིམ་པས་ལྷ་གང་ཡིན་པའི་རྟོག་པ་སྦྱངས་ཏེ་སྐུ་དེ་ཉིད་དུ་གསལ་བར་བྱ་སྟེ། མདོར་ན་དཀྱིལ་འཁོར་གྱི་ལྷ་ཡེ་ཡིན་པར་གསལ་བར་བརླབས་པ་ནི། སློབ་བུ་སྦྱངས་པའི་རིམ་པར་གསུངས། །ཞེས་པ་མི་སྣང་བའི་སློབ་བུའོ། །དེ་ནས་བསྟོད་དེ་འདས་པ་ལ་བསྡུའོ། །ཁྲོ་བོ་ནི་དཔེ་ཆུང་བསྒྲུབ་པའི་དཀྱིལ་འཁོར་བཤད་པ་ལྟར་བསྐྱེད་དེ་དབང་བྱིན་ལྡན་པ་མཆོད་ཅིང་བཟླས་བསྟོད་དེ་འདས་པ་ལ་བསུ་བ་དང་། ཚོགས་ཀྱི་འཁོར་ལོ་འབྱོར་པ་དང་སྦྱར་ཏེ་དབུལ་ཞིང་རོལ་བར་བྱ་སྟེ། ཞག་གྲངས་བདུན་ནས་དྲུག་གི་བར་དུ་དེ་ཁོ་ན་བཞིན་བྱའོ། །ཐོག་མའི་ལས་བསྟན་པའི་ཕྱིར། བསྙེན་པའི་དཀྱིལ་འཁོར་སྒོ་ཕྱེས་ནས། །ཞེས་པ། གོང་གི་བརྡ་སྒོ་དབྱེ་བའོ། །ངེས་པར་གཟུགས་ལ་ཕབ་སྟེ་བཅིངས། །ཞེས་པ། ཕབ་བཅིངས་པའི་རྗེས་ལ་ཕྱག་བཙལ་བ་དང་། དཀྱིལ་འཁོར་ལན་གསུམ་བསྐོར་ཏེ་གསོལ་བ་གདབ་བོ། །སྒྲིབ་སྦྱངས་རང་གི་ལྷར་བསྐྱེད་ལ། །འཁོར་ལོའི་ཕྱག་རྒྱས་བསྲུང་བར་བྱ། །ཞེས་པ། སྒྲིབ་པ་བྲལ་ནས་བསྲུང་བའི་སྐབས་ངེས་པར་བཤད་ཟིན་ཏོ། ༈ །བརྒྱད་པ་རང་གནས་སྦྱང་བའི་རིམ་པ་བསྟན་པའི་ཕྱིར། ཏ་ཀྲྀ་ཏ་ལ་སོགས་ངེས་སྦྱོར་བའི། སྔགས་དང་ཉུངས་ཀར་སྦྱོར་བ་ཡིས། །ངེས་དྲངས་གཙོ་བོའི་མཁའ་ལ་བཞག །ཅེས་པ། བདུན་པ་ལ་བསྟོད་ཟིན་ནས། ཡང་ལས་ཀྱི་དཀྱིལ་འཁོར་གྱི་ཕྲིན་ལས་བྱས་ལ། རང་བཞིན་སྒྲོལ་བའི་ལྟ་བ་ཅན། །ཐབས་ཀྱིས་སྒྲོལ་པའི་མན་ངག་ཅན། །དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་ལམ་རྣལ་འབྱོར་ལམ་གང་ཡང་རུང་བ་ལ་གནས་པ་དེས། ཐུགས་རྗེ་མངོན་སྤྱོད་དང་ཏིང་ངེ་འཛིན་གྱིས་བསྒྲལ་བའི་ཕྲིན་ལས་མངོན་དུ་བྱ་བའི་ལས་རྫོགས་ནས། ཆོས་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཀུན་ཏུ་འོད་དུ་བསྒྲལ་ཏེ་རང་གནས་མཐོང་བར་བྱས་སོ། །དེའི་རྗེས་སུ་དཀྱིལ་འཁོར་གྱི་ལྷ་འཁོར་གྱི་ཕྲིན་ལས་ཀྱིས་སྟུག་པོ་བཀོད་པ་ལ་སྤར་བ་ཡང་། བི་ཤྭ་བཛྲའི་གསང་སྔགས་ཉུངས་ཀར་དང་བཅས་པ་གཏོར་བས། ཏ་ཀྲྀ་ཏ་བརྒྱད་དང་ཁྲོ་མོ་བརྒྱད་རོལ་བའི་སེམས་ལས་སྤྲུལ་པ་མང་པོ་འཕྲོས་པས། ཚེ་འདས་པ་ཤར་སྒོ་ནས་བཛྲ་ཀྲོ་དྷ་ཡབ་ཡུམ་གྱི་མཁའ་ལ་དྲངས་ཏེ་བཞག་པར་བསམ་མོ། །དེ་དག་འོད་ཟེར་མང་པོ་ཡིས། །ཉོན་མོངས་མུན་པ་དག་བྱས་ནས། །གསང་བའི་དཀྱིལ་འཁོར་མཐོང་བར་བྱ། །ཞེས་པ། ཡབ་ཡུམ་བཅུ་དྲུག་གི་སེམས་འོད་དུ་ཐིམ་པས། མ་རིག་པའི་མུན་པ་སྦྱངས་ནས་དྲུག་ཅུ་རྩ་བརྒྱད་ཀྱི་ཞལ་མཐོང་བ་ནི་སྟུག་པོ་བཀོད་པ་ནོན་པའོ། །ལྟ་བའི་སྒྲིབ་པ་དག་ནས་ཚོགས་རིམ་གཅིག་དེར་ཡང་རྫོགས་པའོ། །གཙོ་བོའི་ཕྲིན་ལས་ཀྱིས་པདྨ་སྤྱན་དང་ཡི་གེ་འཁོར་ལོར་བསྒྲལ་བ་བསྟན་པའི་ཕྱིར། རིགས་དྲུག་སྦྱོར་བའི་འོད་ཟེར་གྱིས། །ས་བོན་རྣམ་པ་དྲུག་སྦྱངས་ཏེ། །ཞེས་པ། སྔ་མ་ལྟར་ཏེ་རིགས་ལྔ་ཡབ་ཡུམ་དང་། ཆེ་མཆོག་ཡབ་ཡུམ་རོལ་པའི་བྱང་ཆུབ་སེམས་དེ་ལ་བསྟིམས་པས། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་ཚེ་འདས་པའི་ཡི་གེ་དྲུག་བག་ཆགས་དང་བཅས་པ་བསྲེགས་པར་བསམ་མོ། །ལྷག་མ་ནི་ལྷར་བསྐྱེད་པའོ། །ཟུང་གསུམ་འོད་ཀྱི་གོང་བུ་གསུམ། །རྣམ་ཐར་སྐུ་གསུང་ཡིད་གསུམ་གྱིས། །ཁ་དོག་རང་རྒྱུད་བཞིན་དུ་འགྱུར། །ཞེས་པ། ས་བོན་དྲུག་པོ་སྦྱངས་པས་སུཾ་ཏྲི་འོད་དཀར་པོའི་གོང་བུར་འགྱུར། ཨ་ནྲྀ་མཐིང་གའི་གོང་བུར་གྱུར། །པྲི་དུ་དམར་པོའི་གོང་བུར་གྱུར་པའི་དོན་ནི། རིམ་པ་བཞིན། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྐུ་གསུང་ཐུགས་ཏེ། ༀ་ཧཱུྃ་ཨཱཾ་གྱི་ཡི་གེ་ཁ་དོག་རང་རྒྱུད་དུ་དཀར་མཐིང་དམར་པོར་གྱུར་པའོ། །འོད་ཀྱིས་སྔོན་བཞིན་བྱིན་བརླབ་བསྟིམ། ཞེས་པ་སྔ་མ་བཞིན་རིགས་དྲུག་གི་སེམས་ལ་འོད་དུ་བསྟིམས་ལ། སྐུ་གསུང་ཐུགས་སུ་བརླབ་བོ། །རྣམ་ཤེས་ཐུགས་ཏེ་ཡི་གེ་གསུང་། འོད་ཀྱི་སྐུ་ཡི་རང་བཞིན་ལས། ཞེས་པ། རང་བཞིན་གྱི་དེ་ལྟ་བུ་ལ་སེམས་འོད་བསྟིམས་པས་འབྲས་བུ་གསུམ་དུ་གྱུར་པ་ཉིད་ཞུ་སྟེ། དཔའ་སྒེག་བྱམས་པ་གར་བྱེད་རྒྱལ། །གསལ་མ་ཆོས་ཉིད་བདག་མེད་མ། །སྐུ་གསུང་དགུ་ཕྲུགས་ལྡན་པ་ཡི། །ཐབས་དང་ཤེས་རབ་སྦྱོར་བ་བསྐྱེད། །ཅེས་པ། ཡིད་ཧཱུྃ་གི་ངོ་བོར་གྱུར་པ་ལས། དཔའ་སྒེག་དང་ཡུམ་གསལ་བར་བསྐྱེད་དེ་ཡང་མཐིང་ཁ་རྡོ་རྗེའོ། །ཀུན་གཞི་ༀ་ཡོངས་སུ་གྱུར་པ་ལས། བྱམས་པ་དང་ཆོས་ཉིད་མ་ཀླུ་ཤིང་ངོ་། །ཉོན་མོངས་པའི་ཡིད་ཨཱོཾ་ཡོངས་སུ་གྱུར་པ་ལས་གར་བྷྱ་ཐི་ལའི་རྒྱལ་པོ་དང་ཡུམ་བདག་ཉིད་མ་དམར་པོ་བསྐྱེད་དེ། དེ་རེ་རེ་ལ་ཡང་རང་བཞིན་གསུམ་གསུམ་ལྡན་པས་དགུ་ཕྲུགས་ལྡན་པའོ། །རྣམ་ཐར་དབུ་དང་ཡེ་ཤེས་ཕྱག །ཅེས་པ། དེ་དག་དབུ་གསུམ་དང་ནི་ཕྱག་དྲུག་པ་སྟེ། རྣམ་ཐར་གསུམ་དང་ཡེ་ཤེས་དྲུག་གིས་མཚོན་པའི་ཕྱག་ནའང་ཐུགས་མཚན་འཛིན་པ་དང་འཁྱུད་པ་ལྟའོ། །ཁམས་གསུམ་སྐུ་གསུང་ཐུགས་རྒྱས་གདབ། །ས་བཅུ་གཉིས་ལ་ངེས་པར་ཕྱིན། །ཞེས་པ། དེ་ལྟར་བརླབས་པས་ཚེ་འདས་པ་ཁམས་གསུམ་སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་པར་རྟོག་པ་མངོན་སུམ་བྱས་པས། ལོངས་སྤྱོད་ལ་མ་ཆགས་པར་གསལ་བའི་ཕྱིར་པདྨ་སྤྱན་དུ་རིམ་རིགས་གཅིག་ཡང་འཕར་བའོ། །གཙོ་བོ་ལས་ཀྱིས་ཕྱི་མ་ལ་ཡང་བསྒྲལ་བར་བསྟན་པའི་ཕྱིར། བྱང་ཆུབ་སེམས་ཀྱིས་དབང་བསྐུར་ཏེ། །ཞེས་པ། ཡང་དྲུག་གི་སེམས་ཉིད་ཀྱི་བསྟིམ་སྟེ་དབང་བསྐུར་བས་བཛྲ་ཀྲོ་དྷཱིའི་མཁའ་ལ་གཙོ་བོའི་རྡོ་རྗེའི་ལམ་ནས་བྱུང་། ཐུགས་ཁ་ནས་ཡར་ཐུགས་ཀྱི་ཁྲོ་བོའི་དབུའི་སྟེང་དུ་གནམ་ཞལ་མའི་མཁའ་ལ་བསྟོན་པས། རྡོ་རྗེའི་ཐུགས་ལ་དབུར་གྱུར་པ། །ཞེས་གསུངས་པའོ། །ཆེ་མཆོག་རྒྱུན་གྱི་དབང་བསྐུར་མ། །ཞེས་པ། དེ་ལ་ཆེ་མཆོག་ཡབ་ཡུམ་གྱི་སེམས་འོད་བསྟིམས་པའི་གསང་བའི་དབང་བྱིན་པས་ལྷར་གྱུར་པ་ནི། གུ་ཧྱ་ཡགྴ་རཀྴ་གསུམ། །ཐབས་དང་ཤེས་རབ་ལྡན་གྱུར་ཏེ། །ཞེས་པ། དེ་ལྟར་འོད་བསྟིམས་པས་སེམས་དཔའ་གསུམ་ཡོངས་སུ་གྱུར་པའི་དཔའ་སྒེག་ཡབ་ཡུམ་ནི། གུ་ཧྱ་ཧེ་རུ་ཀ་དང་གུ་ཧྱ་ཀྲོ་ཏི་ཤྭ་རིར་གྱུར་པའོ། །བྱམས་པ་ཡབ་ཡུམ་ནི། ཡཀྴ་ཧེ་རུ་ཀ་དང་། ཡཀྴ་ཀྲོ་དྷི་ཤྭ་རིར་གྱུར་པའོ། །གར་བྷྱིའི་རྒྱལ་པོ་ཡབ་ཡུམ་ནི་རཀྴ་ཧེ་རུ་ཀ་དང་རཀྨོ་ཀྲོ་དྷཱི་ཤྭ་རིར་གྱུར་པའོ། །སྐུ་མདོག་ནི་མཐུན་ལ་དམ་ཚིག་ཕྱག་རྒྱ་སོ་སོར་སྦྱར་ཏེ། དེ་ལྟར་གྱུར་པས་སྤྱོད་ཡུལ་ཐམས་ཅད་མི་ཟད་པ་རྒྱན་གྱི་འཁོར་ལོར་གྱུར་པ་ནི། ཡི་གེ་འཁོར་ལོའམ་རྡོ་རྗེ་སེམས་དཔའ་མཚན་ཡོངས་སུ་རྫོགས་པའི་ས་སྟེ་ལུང་དུ་བསྒྲལ་བའོ། །དེ་ཉིད་ཀྱི་རྗེས་སུ་བསྟན་པ་ནི། བདག་གི་འོད་འཕྲོས་ནམ་མཁའ་ཡི། །བདེ་གཤེགས་རྒྱུན་གྱིས་བྱིན་རླབས་པས། །ཆེ་མཆོག་དབང་མཆོག་དཔལ་མཆོག་གསུམ། །ཐབས་དང་ཤེས་རབ་འཁྲིལ་བར་བསྒོམ། །ཞེས་པ། བདག་གི་སྤྱི་གཙུག་ནས་ས་ནུ་ཧེ་རུ་ཀ་དཀར་པོ་ཚོན་གང་བའི་འོད་ཕྱོགས་བཅུར་འཕྲོས་ཏེ་རྒྱལ་བ་ཐམས་ཅད་ཐུགས་དམ་བསྐུར་བས་མདུན་གྱི་ནམ་མཁའ་ལ་འདུས་ཏེ། སངས་རྒྱས་ཀུན་རོལ་པའི་སེམས་དཔའ་སྤྱི་བོ་ནས་བརྒྱུད་དེ་གནམ་ཞལ་མོ་ལ་ཐིམ་ཞིང་དབང་བསྐུར་ཏེ། ཧེ་རུ་ཀ་གསུམ་དུ་བརླབས་པས་ཡོངས་སུ་གྱུར་པ་ནི། གུ་ཧྱ་ཡབ་ཡུམ་གྱུར་པ་ཆེ་མཆོག་ཧེ་རུ་ཀ་དང་ཆེ་མཆོག་ཀྲོ་དྷི་ཤྭ་རིར་གྱུར། རཀྴ་ཡབ་ཡུམ་དབང་མཆོག་ཧེ་རུ་ཀ་དང་དབང་མཆོག་ཀྲོ་དྷི་ཤྭ་རིར་གྱུར། ཡཀྴ་ཡབ་ཡུམ་དཔལ་མཆོག་ཧེ་རུ་ཀ་དང་དཔལ་མཆོག་ཀྲོ་དྷཱི་ཤྭ་རིིར་གྱུར་པ་ནི། ཡེ་ཤེས་བླ་མར་འཆད་པའང་ཡོད་ན་ཁོ་བོ་ནི་དེའང་ལུང་དུ་བསྒྲལ་བར་དགོངས་སོ། །མན་ངག་ཏུ་བསྒྲལ་བ་ཡང་ཡེ་ཤེས་བླ་མའི་ས་ལ་སྤར་བ་བསྟན་པའི་ཕྱིར། དབང་མཆོག་རོལ་པའི་སེམས་འོད་ཉིད། །ཆེ་མཆོག་མཁའ་ལ་བསྡུ་བར་བྱ། །ཞེས་པ། བཞུ་བ་གཉིས་ལས་ཧེ་རུ་ཀ་བཞུ་བ་སྟོན་ཏེ། ཆོས་ཉིད་ཀྱི་རྩ་ནང་ན་བཞུགས་པ་རོལ་པ་མཛད་པས། ཡོངས་སུ་གྱུར་པའི་སེམས་འོད་དེ་ཡེ་ཤེས་རྩ་ལ་ཞུགས་པའི་མཁའ་ལ་བསྡུའོ། །དེ་ཉིད་དཔལ་མཆོག་ལ་ཞུགས་ཏེ། །ཞེས་པ། ཆེ་མཆོག་ཡབ་ཡུམ་རོལ་པས་ཞུ་བ་དེ་རང་གི་རྩ་ལམ་ནས་ཡོན་ཏན་གྱི་རྩའི་ནང་ན་བཞུགས་པའི་མཁའ་ལ་བསྡུ་བའོ། །དཔལ་མཆོག་རང་གི་གསང་ལམ་ནས། །དྭངས་མའི་ཡེ་ཤེས་སྙིང་པོ་ཐིམ། །ཞེས་པས། ཡབ་ཡུམ་དེ་ཉིད་རོལ་པས་ཞུ་བ་རང་གི་གསང་ལམ་ནས་དབུས་སུ་ཡེ་ཤེས་སྙིང་པོའི་ཐིག་ལེ་མ་ཐིམ་པར་བསམ་མོ། །བཞིའི་ལུས་བཞུ་བ་ནི། གཞི་ཡི་སྐུ་གསུང་ཐུགས་ཉིད་ཀྱང་། །དེ་བཞིན་ཉིད་དུ་འདུ་བར་བྱ། །ཞེས་པ། དེ་ནས་ཚེ་འདས་རང་གི་ལྷའི་ལུས་ཀྱི་ཆ་བྱད་ཅན་ཡོད་པའི་རྡོ་རྗེའི་གསུམ་ཞུ་ནས་རང་གི་ཡེ་ཤེས་སྙིང་པོའི་ཐིག་ལེ་ལ་ཐིམ་པར་བསམ་མོ། །ཡེ་ཤེས་བླ་མའི་ངོ་བོ་བསྟན་པའི་ཕྱིར། །བརྒྱ་རྩ་བརྒྱད་ཀྱི་སྙིང་པོ་ཡིས། །དུས་བཞིའི་བདེ་བ་རབ་ཏུ་བསྡུ། །ཞེས་པ། རྫོགས་དཔལ་བདེ་ཆེན་རྡོ་རྗེའི་ཐུགས་ཀྱིས་དགྱེས་པའི་སྔགས་འཆང་བ་བརྒྱ་རྩ་བརྒྱད་དུ་བརྗོད་པ་ཡིས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་རལ་པའི་བདུད་རྩིའི་ཆུ་བོ་ཡེ་ཤེས་ཀྱི་བདེ་བ་དང་བཅས་པར་བསྡུས་ཏེ། ཆེ་མཆོག་གི་སྤྱི་བོ་ནས་བསྟིམས་ཏེ། དབུ་མའི་ལམ་ནས་མཁའ་ལ་མི་ཤིགས་པའི་ཐིག་ལེར་བསྟིམས་པའི་ཕྱིར། གཙུག་གི་ལམ་ནས་ཐིག་ལེ་ཞུགས་ཞེས་གསུངས་སོ། །མི་ཤིགས་ཐིག་ལེ་ཡེ་ཤེས་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག །ཅེས་པ། ཚེ་འདས་པའི་ཡེ་ཤེས་སྙིང་པོའི་ཐིག་ལེ་རང་བྱུང་ཡེ་ཤེས་རང་སྣང་བ་དེ་སངས་རྒྱས་ཐམས་ཅད་ཀྱི་སྤྱིའི་གཟུགས་ཅན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །གཅིག་དང་དུ་མ་རྣམ་སྤངས་པ། །སྣ་ཚོགས་སྣང་བ་མཚོན་དུ་མེད་ཅེས་པ་སྣ་ཚོགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སུ་སྣང་བའི་ཕྱིར་གཅིག་མ་ཡིན་ཞིང་། དེ་དག་ལ་རིགས་མེད་པས་རྒྱན་གྱི་ཕྱིར་དམིགས་སུ་མཚོན་དཀའ་བས་དུ་མ་མེད་དེ་གཅིག་དང་དུ་མ་མ་སྤངས་རང་བྲལ་བས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྐྱེད་མོས་ཚལ་ན་འདུག་པའི་འོད་ལྟ་བུར་གྱུར་པ་ནི་ཡེ་ཤེས་བླ་མའི་ས་ལ་སྤར་བའོ། །དེ་ཁོ་ན་བསྟན་པར་བྱ་བའི་ཕྱིར་ལྷར་བསྐྱེད་ལ་འོག་མིན་དུ་འཕང་བ་ནི། རང་དབང་བསྒྱུར་བའི་ཧཱུྃ་རིང་ལས། །ཞེས་པ། མཁའི་མི་ཤིགས་པའི་ཐིག་ལེ་བདག་ཉིད་ཆེན་པོ་ཧཱུྃ་རིང་པོར་གྱུར་པ་ལས། དེ་ཡོངས་སུ་གྱུར་པ་སེམས་དཔའ་རྡོ་རྗེ་ཚོན་གང་བ། དབུ་ལ་ཡེ་ཤེས་སེམས་དཔའ་བཞུགས། །ཞེས་པ། ༀ་བཛྲ་ས་ཏྭ་ར་ཛ་ཧཱུྃ་ཞེས་བརྗོད་པས་སྐད་ཅིག་ལ་རྡོ་རྗེ་སེམས་དཔའ་ཚོན་གང་བ་རྒྱན་ཐམས་ཅད་ལྡན་པ། དཀར་པོའམ་སྣ་ཚོགས་མདོག་ཅན་ངན་སོང་ལས་རྒྱལ་བའི་དབུ་རྒྱན་ཡེ་ཤེས་སེམས་དཔའ་བརླབས་ཏེ། རྒྱུད་ལས། དབྱིངས་སུ་ཐིམ་ནས་ཕྱག་རྒྱར་འབར། །སྐུར་གྱུར་འོད་ཟེར་འཕྲོ་བས་བརྗིད། །གཙུག་ཏུ་རྣམ་པར་རྒྱལ་བར་བསྒོམ། །ཞེས་སོ། །དཀྱིལ་འཁོར་མང་པོ་འདུ་འཕྲོ་ཅན། །ཞེས་པ། སྤྲུལ་པའི་གཞིར་གྱུར་པ་སྟེ་ངོ་བོ། གཙུག་བྱུང་ཐུགས་རྗེའི་དབང་ཐོབ་ནས། །ཞེས་པ། གནམ་ཞལ་མའི་མཁའ་ལས་གྱེན་དུ་ཆེ་མཆོག་གི་སྤྱི་གཙུག་ཏུ་བྱུང་ནས་དེ་ན་གསལ་བ་དེ་འོག་མིན་དུ་འཕང་བའི་ཚིག་དང་གསང་སྔགས་བརྗོད་དེ་འཕངས་པས། རླུང་བཟླས་བཏེག་སྟེ་འོག་མིན་དུ་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀར་ཐིམ་ནས་ཐབས་ཀྱི་ལམ་ནས་མཁའ་ལ་ཕྱིན་པ་དང་། གསང་བའི་དབང་བསྐུར་རིགས་ངེས་པའི་སྲས་སུ་བྱས་ནས། ཐབས་དང་ཤེས་རབ་ལྡན་གྱུར་པས། །ཞེས་པ། ཁོ་ཉིད་ཡོད་པའི་ཕྱིར་རོ། །སྟོང་ཕྲག་གཅིག་གི་རྩ་བཅུད་རྣམས། །སངས་རྒྱས་སྟོང་གི་དཀྱིལ་འཁོར་དུ། །མངོན་བྱུང་རིགས་ཀྱི་བདག་པོར་འགྱུར། །ཞེས་པ་རང་གི་རྩ་སྟོང་བཅུད་སྟོང་ཐམས་ཅད་ཞེན་པ་དག་པ་ཙམ་གྱིས་སངས་རྒྱས་སྟོང་གི་དཀྱིལ་འཁོར་དུ་རང་རིག་པའི་མངོན་སུམ་དུ་མར་སངས་རྒྱས་པའི་ཕྱོགས་རིགས་བདག་རྡོ་རྗེ་འཛིན་པ་ཉིད་དུ་གྱུར་ཏེ། ས་དང་ཡོན་ཏན་ཀུན་གྱི་བདག་ཉིད་ཡེ་ཤེས་བླ་མའི་ངོ་བོར་ལྷུན་གྱིས་གྲུབ་པའོ། །ནམ་མཁའ་ཁམས་ཀྱང་དེ་བཞིན་ནོ། །ཞེས་པ། བདག་ཏུ་མ་ཟད་སེམས་ཅན་སྣང་བའི་ཆོས་ཐམས་ཅད་ཀྱི་བདག་ཉིད་དུ་སངས་རྒྱས་པའོ། །ༀ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧཱུྃ་ཧོ༔ ཞེས་པ་བཤད་ཟིན་ཏོ། །དེ་ནས་མུན་ལ་སྣང་བྱུང་ཚུལ་དུ་སྣང་ཡང་བསྒྲུབས་པ་ལམ་གང་ལ་གནས་པས་སྤྲོས་པའི་རྣལ་འབྱོར་བྱས་པའི་རིམ་པ་དང་། གདུལ་བྱའི་སྐབས་མཐོ་དམན་གྱི་ཟབ་མོ་དང་། སྐལ་བ་ཅན་འཇོམ་པས་སྣང་བ་དང་། འབྲིང་ལ་འབྲིང་དང་། ཐ་མ་ལ་ཐ་མ་སྦྱོང་བ་དང་། འོན་ཀྱང་རབ་འབྲིང་ཐ་མ་དང་པོ་སྦྱང་བ་དང་། དེས་འབྲིང་དང་། དེས་ཐ་མ་སྦྱོང་བ་ཀུན་གྱིས་འདི་ཁོ་ན་ལྟར་གྱུར་ན་ལམ་ལ་དགོས་པ་མེད་རིགས་པས་འགལ་ཏེ། བདག་མ་སྒྲོལ་བས་གཞན་ཐར་པར་གྲོལ་བ་མི་རིགས་པའི་ཕྱིར་རོ། །དེ་སྟེ་མ་ཡིན་ན་ལམ་འོག་མའི་གཞན་དོན་འགལ་བར་འགྱུར་ཏེ། ཡང་རིགས་པས་འགལ་བ་ལ་སོགས་པ་འབྱུང་ངོ་ཞེ་ན། གཉིས་ཀའི་རིམ་པ་བཞིན་ཁྱད་པར་ནི་ཡོད་མོད་ཀྱི་ཐབས་འཕར་བ་མཐུན་པས་བྱིན་རླབས་ཀྱི་ནུས་པ་མི་འདྲ་བས་ཕྱེ་ཞིང་། མཆོག་གིས་ཀྱང་དེ་ཉིད་ངོ་བོར་བྱས་པ་མ་ཡིན་ཏེ། བྱིན་རླབས་མཆོག་ཏུ་བཞག་པ་ལ། །སྦྱོང་བའི་ཁྱད་པར་དང་། བྱིན་རླབས་ཐོབ་པའི་ཁྱད་པར་དང་། འབྲས་བུ་བདེ་བའི་ཁྱད་པར་དང་། དུས་ཀྱི་ཁྱད་པར་གྱིས་ཕྱེ་བས་སོ་སོའི་རིམ་པ་བཞིན་ཡོད་ཀྱང་ཀུན་གྱི་བྱ་བའང་། རྒྱུད་ལས་བསྔགས་མཆོག་ཤིན་ཏུ་ཟབ་པ་ཡིས། །སྐྱེ་བོ་ཀུན་གྱིས་བྱ་བར་འབྱུང་། །ཞེས་འབྱུང་བས། ཤེས་འཇུག་ཀུན་གྱིས་ཀྱང་ཡུལ་དང་འཕྲད་ན་མི་འདོར་བའི་སྤྱོད་པ་དང་དམ་ཚིག་གོ། །དེ་ལྟར་སངས་རྒྱས་ས་ལ་འགྲོ་དོན་མཛོད་ཅིག་བར་བསྐུལ་བ་བསྟན་པའི་ཕྱིར། ཧཱུྃ་བགྲོད་ཡིད་ཀྱི་བྱོན་པ་ཡི། །གནས་མཆོག་ཤིན་ཏུ་བརྡལ་བ་ལ། །ཞེས་པ། བསྐུལ་བའི་ཚིག་དབྱངས་དང་བཅས་པ་བརྗོད་པ་སྟེ། རང་གི་དཀའ་བ་མ་བཙལ་བར། །སྟོང་པའི་ཐུགས་རྗེས་ཐོབ་པའི་གནས་རབ་ནི་ཡེ་ཤེས་བླ་མའི་སའོ། །ཡིད་བཞིན་རིན་ཆེན་འབར་བའི་གཞལ་ཡས། ཞེས་པ། གནས་ཀྱི་ངོ་བོ་རྒྱུ་དེ་ལྟ་བུ་ལས་ཚད་དཔག་ཏུ་མེད་པའོ། །དུས་གསུམ་འགྱུར་བ་མེད་པའི་གདན་སྟེང་ན། །ཞེས་པ། ཡེ་ཤེས་རང་སྣང་གི་གདན་ཏེ། །གནས་གཞི་བཞུགས་དང་འབྲེལ་བའོ། །རྟག་པ་ཆེན་པོ་མཆོག་གི་སྐུ་བཞུགས་པ། །ཞེས་པ། ཁོ་རིགས་ཀྱི་བདག་པོ་རྡོ་རྗེའི་སྐུར་བཞུགས་པ་ངོ་བོ་ཉིད་ཀྱི་རྟགས་པ་སྟེ་གཉེན་པོ་མེད་པའི་ཕྱིར་རོ། །མཉམ་རྫོགས་དཔེ་ལས་འདས་པའི་རྒྱན་མངའ་ཞིང་། ཞེས་པ་སྐུའི་ངོ་བོ་ལོངས་སྤྱོད་ཆེན་པོར་བཞུགས་པའི་ཕྱིར་རོ། །དེ་གང་ལ་ལོངས་སྤྱོད་ཅེ་ན་ཡིད་བཞིན་གཏེར་ལ་གང་སྤྱོད་པ། ཞེས་པ་ཟག་པ་མེད་པའི་བདེ་བ་ལ་ལོངས་སྤྱོད་པ་གང་ཞེ་ན། བདེ་བ་ཆེན་པོ་དག་ལ་རྟག་སྤྱོད་པ། །ཞེས་པ། འདོད་པའི་བདེ་བ་ལ་སོགས་པ་བཤད་པ་ཀུན་གྱི་དངོས་གཞི་བ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་ཀུན་བདེ་སྡུག་ཐམས་ཅད་ལོངས་སྤྱོད་དུ་མཛད་པའི་དབང་ཕྱུག་ཆེན་པོ་ནི་གསང་བའི་ལོངས་སྤྱོད་རྒྱུན་མེད་པས། རྟག་པ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་པ། ལོངས་སྤྱོད་དང་སྐུ་གཉིས་ཀ་རྒྱུན་དུམ་བུ་མེད་པའི་དབང་ཕྱུག་གོ། །རྫོགས་ཆེན་འགྱུར་མེད་གཡུང་དྲུང་བརྡལ་བའི་ངང་། །ཞེས་པ། ལོངས་སྤྱོད་པའི་རྫོགས་པའི་ངོ་བོ་ཉིད་རྟག་པ་ནི། སྐུ་ཉག་གཅིག་མ་ཡིན་ཏེ་ཀུན་གྱི་ངོ་བོའོ། །བདེ་བ་ཆེན་པོའི་དབྱིངས་ཀྱི་ཡུམ་དང་མཉམ་སྦྱོར་བས། ཏིང་འཛིན་བདུད་རྩི་ཐུགས་ནི་སངས་རྒྱས་ཡོངས་ཀྱི་བཅུད། །ཅེས་པ། ཆོས་ཉིད་བདེ་བ་ཆེན་པོའི་ངོ་བོ་ཡུམ་དང་འདུ་འབྲལ་མེད་པའི་ཕྱིར། དགོངས་པས་ས་སོགས་ཞེན་མཐའི་ནད་འཇོམས་པ་ནི་ཡེ་ཤེས་དྲུག་པ་སྟེ། རྒྱལ་བ་ཀུན་གྱི་དངོས་གཞི། དེམས་བཅུད་ཡིན་པའོ། །དེ་ཡང་རྒྱུད་ལས། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པ། དབྱེར་མེད་པའི་རང་བཞིན་ཏེ། ཞེས་པའི་བར་དུ་གསུངས་པའི་རང་བཞིན་ཁོ་ན་ཉིད་བཞུགས་པའོ། །འཕྲིན་ལས་སྦྱངས་པས་ཐོབ་པའི་ཚུལ་ནི། རྣམ་དག་ཡེ་ཤེས་སྤྱན་གྱིས་མུན་ནག་བསལ། །ཞེས་པ་སྒྲུབ་པ་པོས་ཤེས་པར་བྱ་བ་རྣམས་དང་། དེ་ཁོ་ན་ཉིད་མཐོང་བས་ཁྱོད་ཀྱི་མ་རིག་པ་བསལ་བས། ཁྱོད་ནི་མ་རིག་པ་ཡེ་ཤེས་སུ་གསལ་བ་ཡིན་ནོ། །ཡེ་ཤེས་སྒྲོན་མེ་ཐུགས་ཀྱི་བག་ཆགས་བསྲེགས། །ཞེས་པ། ལྟ་བ་ཅན་གྱི་དགོངས་པའི་འཕྲོ་འདུའི་འོད་ཟེར་གྱིས་རྟོག་པའི་བག་ཆགས་བསྲེགས་པས་བསྙེན་པའི་དཀྱིལ་འཁོར་གྱི་འབྲས་བུ་སྒྲིབ་པར་རང་འདག་པའི་ཕྱིར་དྲི་མ་མེད་ཡིན་པའོ། །རྡོ་རྗེ་སྤུ་གྲི་ཚེམས་ཀྱིས་དུས་གསུམ་བཅད། ཅེས་པས་སྒྲུབ་པ་པོ་ཤེས་རབ་ཀྱི་ཚེམས་མངའ་བས་རང་གནས་སྦྱང་བའི་རིམ་པས་དུས་གསུམ་ཞགས་པས་གཅོད་པས་ཁྱོད་ནི། དུས་གསུམ་བདེ་བ་ཆེན་པོར་མངའ་བརྙེས་པའོ། །རྔམས་ཆེན་ཧཱུྃ་ཉིད་རིང་པོས་ཁྲོ་ཆེན་གདུལ། །ཞེས་པ། རིག་པའི་ཡེ་ཤེས་བླ་མའི་རང་སྣང་བའི་ཧཱུྃ་རིང་ནི་རང་བྱུང་ཡེ་ཤེས་ཀྱི་ཞལ་རྟོགས་པ་ལ་རྔམས་པས་བདག་ཏུ་འཛིན་པ་བཏུལ་བས། ཁྱོད་ནི་བདག་འཛིན་གཉིས་མ་སྤངས་རང་གྲོལ་བ་ཡིན་ནོ། །ཡེ་ཤེས་རོལ་པས་རྒྱུད་དྲུག་གནས་ནས་སྒྲོལ། །ཞེས་པས། སྒྲུབ་པ་པོ་བྱ་བ་ཐམས་ཅད་ཡེ་ཤེས་ཀྱི་མཛད་པར་སྤྱོད་པས་འབྱུང་བའི་སྒོ་འགགས་པ་དང་། སྐྱེ་བའི་རྒྱུན་བཅད་པ་དང་བྲལ་བ་མཛད་པས་དྲུག་ལས་བསྒྲལ་བའི་ཕྱིར་ཁྱོད་ནི་དྲུག་གི་གནས་ལས་རང་ཐར་བར་མཛད་པ་ཡིན་ནོ། །ཐུགས་དམ་ཛྭ་ལ་ཛྭ་ལས་དམྱལ་ཁམས་བསྲེགས། །ཞེས་པ། སྒྲུབ་པ་པོ་ཐུགས་དམ་གདུལ་བྱར་ཐུགས་རྗེས་ཆགས་པས་མི་འདོར་བར་རིགས་པའི་མེས་ཏིང་ངེ་འཛིན་གྱིས་བསྒྲལ་བས། ཁྱོད་ནི་དམྱལ་ཁམས་རང་དག་ནས་བདེ་བར་ལོངས་སྤྱོད་པ་ཡིན་ནོ། །སྲིད་གསུམ་ཞལ་གྱིས་རྒྱལ་སྲས་སྤྲོ་བ་བསྐྱེད། །ཅེས་པ། ཕྱི་ནང་གི་སྲིད་པ་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཆེན་པོར་བཏུབས་ཏེ། རང་གནས་སྦྱངས་ཏེ་སྤར་བས་འོག་མིན་དུ་ཕྱིན་པས་རྒྱལ་བའི་སྲས་པོ་ཁྱོད་སྤྲོ་བ་བསྐྱེད་པས། ཁྱོད་ཀྱི་རིགས་ཀྱི་བདག་པོ་ཡིན་ནོ། །ཞེས་སངས་རྒྱས་ཇི་ལྟར་བྱས་པའི་ལོ་རྒྱུས་བརྗོད་ནས་དེ་ཁོ་ན་ལྟར་གཞན་དོན་གྱིས་ཤིག་པར་བསྐུལ་བའོ། །ཆེ་བའི་སྒོ་ནས་བསྐུལ་བ་ནི། ཡེ་ཤེས་བྱང་སེམས་སངས་རྒྱས་ཡོངས་ཀྱི་དཔལ། །ཞེས་པ། ཁྱོད་ཡེ་ཤེས་བླ་མའི་བདག་ཉིད་ལེགས་པའི་ངོ་བོ་ཡིན་པའོ། །དཔལ་ཆེན་བླ་མེད་ཁྲོ་རྒྱལ་འབུམ་གྱི་རྗེ། །ཞེས་པ་བླ་ན་མེད་པའི་ཧེ་རུ་ཀ་ཁྱོད་ཁྲོ་རྒྱལ་འབུམ་གྱི་རྗེ་བོ་རིགས་ཀྱི་བདག་པོ་སྟོན་པ་ངོ་བོ་ཡིན་པའོ། །ཀུན་བཟང་རྡོ་རྗེ་སེམས་དཔའ་ལ་སོགས་ཏེ། །དུས་གསུམ་ཀུན་གྱི་ལྷ་ཕུད་ཡིན། །མ་ལུས་འདོན་པའི་དཔལ་ནི་ངེས་པར་མཛོད། །ཅེས་པ། ཁྱོད་ནི་ཞི་བ་དང་ཁྲོ་བོ་ཀུན་གྱི་རིགས་ཀྱི་བདག་པོ་རྒྱལ་བའི་རྒྱལ་བ་ལྷའི་ལྷ་ཡིན་པའི་ཕྱིར། མྱ་ངན་ལས་འདས་པའི་མཐའ་ལ་ཞུགས་པར་གདུལ་བྱ་ཀུན་དང་སྦྱར། སྐལ་བ་ཅན་ཞིག་ན་གསང་བའི་དབང་ཡང་བསྐུར་རོ། །དེ་ནས་དཔེ་ཆུང་དབུས་སུ་མཆོད་པ་བཞག་སྟེ་མཆོད་པ་དང་ལན་བྱ། ཚོགས་ཀྱི་འཁོར་ལོ་བྱས་ནས་བཤགས་པ་དང་སྨོན་ལམ་གདབ་ཅིང་དཔེ་ཆུང་བསྲེགས། མཚན་བྱང་ཡང་བཀྲུ་བའམ་བསྲེག་སྟེ། འཁོར་གྱི་ཕྲ་མེན་ཚིམ་གྱི་ལས་ལ་སྦྱར་རོ། ༈ །དེ་ནས་དངོས་པོ་སྦྱང་བའི་ལུས་དགུ་པ་འདའ་ཀ་མའི་མན་ངག་བསྟན་པའི་ཕྱིར། སྤྱོད་ཡུལ་འགྱུར་བར་མཐོང་བ་ནི། །ཞེས་པ། ཧཱུྃ་མཛད་ཉིད་ཀྱི་བཞེད་པ་འཆད་དེ། སྔོན་དུ་གོམས་པར་བྱས་པ་ལས་ཁྱད་པར་དུ་བསྒོམ་པའི་མཐའི་དུས་བསྟན་པའོ། །གསང་བའི་གནས་སུ་ཉོན་མོངས་ཡིད། །ཟླ་བའི་དཀྱིལ་འཁོར་གསལ་བ་ལ། །ཀུན་གཞི་ཡེ་ཤེས་སྙིང་པོ་ཡིས། །འོད་ཀྱི་ཁམས་གསུམ་སྦྱངས་ཏེ་བསྡུས། །ཚོན་གང་འོད་དུ་གསལ་བ་ལ། །དཀར་པོ་ཧཱུྃ་གནས་རྣམ་ཤེས་སོ། །དེ་དག་སྐུ་གསུང་ཐུགས་དག་སྟེ། །ཤིན་ཏུ་འདྲིས་པ་ཉིད་དུ་བྱ། །ཞེས་པ། སྟོང་པའི་རྣལ་འབྱོར་པའི་ས་པ་སྟེ། དང་པོ་ཉིད་ནས་གསེར་སྒྲོམ་ནང་དུ་ཀུན་གཞི་བྱང་ཆུབ་སེམས་རང་སྣང་བའི་ཡེ་ཤེས་སྙིང་པོའི་ཐིག་ལེ་འཕྲོས་འདུས་སྦྱང་བསྡུས་ཏེ་འོད་ཚོན་གང་བ་ལ་བསླབ། དེ་གོམས་པ་དང་། དེ་མ་ཤོར་བའི་སྟེང་དུ་ཡིད་རང་དག་པ་ལ་ཟླ་མཉམ་དུ་བསམ་མོ། །དེ་གཉིས་བརྟན་པ་དང་དེའི་སྟེང་དུ་ཡིད་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་དཀར་པོ་སྐྱེད་པའི་ཚུལ་དུ་བསམ་མོ། །དེ་ཤེས་གསུམ་འབྲས་བུ་གསུམ་གྱི་བདག་ཉིད་བཤད་ཟིན་ཏོ། །དེ་ལྟར་རིམ་དུ་གོམས་པར་བྱས་པ་ཡང་། ཡང་ན་བློ་ཆེ་བས་ཐོག་མ་ནས་སུམ་བརྩེགས་སུ་བསྒོམ་སྟེ་ཤིན་ཏུ་བརྟན་པ་ཡུལ་གྱིས་མི་འཕྲོགས་པར་བྱའོ། །དེ་ནི་དུས་ཐ་མ་ལ་གསལ་བའི་རྒྱུ་བྱེད་པས་སྟོན་པས་གསུམ་མོ། །དུས་དང་འབྲེལ་བར་བསྒོམ་པ་ནི། རླུང་བརྩེགས་བཅུད་གཡོ་མཚན་མཐོང་ནས། ཞེས་པ། སྤྱོད་ཡུལ་འགྱུར་བར་མཐོང་བ་ཁོ་ན་སྟེ་ལུགས་བཤད་ཟིན་ཏོ། །དེའི་ཚེ་བསྒོམ་པ་ནི། རིང་པོ་ཧཱུྃ་ཉིད་ན་ས་ནས། །དུ་བའི་ཚུལ་དྲངས་འོད་ལ་བསྡུ། །ཞེས་པ། སྒྲ་དོན་ནུབ་ལ་ཁད་པའི་ཚེ། །སུམ་བརྩེགས་གསལ་བ་ནས་ཧཱུྃ་ན་ས་ནས་དུ་བའི་ཚུལ་ལྟར་ཕྱི་རོལ་དུ་དྲངས་ཏེ། སླར་ནང་དུ་འོད་ལ་ཐིམ་པར་བྱའོ། །དེ་བཞིན་ཟླ་བའང་ཤེས་པར་བྱ། ཞེས་པ། ཟླ་བའང་དུ་བའི་ཚུལ་དུ་འབྱུང་འཇུག་བྱ་བ་ནི། ཤེས་པ་གཉིས་ཀྱང་ཀུན་གཞིར་གཅིག་ལ། ཆོས་ཀུན་སེམས་ཀྱི་ཆོས་ཉིད་དུ་འདུས་པའི་ཕྱིར་རོ། །འོད་ཟླུམ་གསང་བའི་ལམ་ཞུགས་ཏེ། །ཕྱིར་ཕྱུང་ཕྱོགས་བཅུར་ཁྱབ་བརྡལ་བས། །ཁམས་གསུམ་བདག་ཕྱིར་མཐའ་དབུས་དང་། །ཕྱི་ནང་ཡུལ་སེམས་བྲལ་བའི་དོན། །དྲན་པས་ལས་ཀྱི་རྒྱུན་བཅད་པས། །རང་གནས་མཐོང་བར་འགྱུར་བ་ཡིན། །ཞེས་པ། དེ་ནས་འོད་ན་ས་ནས་ཞུགས་ཏེ། ཕྱི་རོལ་དུ་ཕྱུང་བ་ཕྱོགས་བཅུར་འཕྲོས་ཁྱབ་བརྡལ་བར་གསལ་བའི་རྐྱེན་གྱིས་ཁམས་གསུམ་བདག་གི་རིགས་པ་རང་སྣང་བའི་གཏན་ཚིགས་ཀྱིས་མཐའ་གསུམ་མ་སྤངས་པར་རང་བྲལ་ཞིང་ཡུལ་སེམས་དབྱེར་མེད་པར་སེམས་ཀྱི་ཆོས་ཉིད་འབའ་ཞིག་ཏུ་གསལ་བའི་དོན་ཅི་ཡང་དྲན་པ་མེད་པ་ཉིད་ཡང་དག་པའི་དྲན་པ་སྟེ། དེའི་ཡོན་ཏན་ནི་ལས་ངན་པ་རྒྱུན་གཅོད་ཅིང་རང་གི་དངོས་པོ་གནས་སྐབས་མངོན་དུ་བྱས་ཏེ་ས་ལ་སྦྱོར་བར་བྱས་པའི་ཕྱིར། མཐོང་བའི་ལས་མང་པོ་བས་མཐུ་ཆེའོ། །སློབ་དཔོན་སངས་རྒྱས་གསང་བའི་བཞེད་བསྟན་པའི་ཕྱིར། གསང་བའི་ཞབས་ཀྱི་རྣམ་པ་ནི། །ཞེས་པ། བླ་མའི་མཚན་སྨོས་པའོ། །དེའི་བཞེད་ནི། གཉིས་ཀྱང་རྣམ་ཤེས་ཡིད་འདུ་སྟེ། །ཞེས་པ། སྔོན་དུ་གོམས་པར་བྱས་པ་སྔོན་བཞིན་བརྟག་པ་ཀུན་གཞི་དང་ཡིད་དྲི་མ་ཅན་ཡེ་ཤེས་སུ་འདུན་པའི་ཕྱིར་ཟླ་འོད་འཕྲོས་འདུས་ཡི་གེ་ལ་བསྡུའོ། །དེ་ནས་ལྕེ་རྩེ་རྐན་ལ་སྦྱར་བྱས་ཏེ། ཧཱུཾ་ཉིད་བླ་མེད་ཧེ་རུར་གྱུར། །སྣ་ཚོགས་མདོག་ལྡན་རྒྱན་རྫོགས་པས། །ཧཱུཾ་བརྗོད་ན་ས་ལམ་བྱུང་སྟེ། །འོག་མིན་ལ་སོགས་འགྲོ་བར་བྱ། །ཞེས་པ། མཚན་མ་མཐོང་སྟེ་སྤྱོད་ཡུལ་འགྱུར་ལ་ཁད་པ་ན། ལྕེ་རྩེ་རྐན་ལ་སྦྱར་ཏེ་ཤེས་པ་གསུམ་གྱི་བདག་ཉིད་ཧཱུཾ་རིང་པོར་གྱུར་པ་སྟེ། བླ་ན་མེད་པའི་ཧེ་རུ་ཀ་མདོག་ལྗང་གུའམ་མ་ངེས་པ་རྒྱན་ཀུན་ཚང་བ་གཅིག་ཏུ་གྱུར་པ་དང་། དེ་གསལ་བ་ལ་ཧཱུཾ་ཞེས་བརྗོད་པས་ཧེ་རུ་ཀ་ན་སའི་ལམ་ནས་ཕྱིར་བྱུང་བ་འོག་མིན་དུ་བསྐུལ་བར་བྱའོ། །དེའི་ཡོན་ཏན་ནི། གདོད་པ་ངེས་པར་འགྲུབ་པར་འགྱུར། །ཞེས་པ། སྨོས་པའི་འབྲས་བུ་ལྷག་པར་གྲུབ་པར་འགྱུར་རོ། །དེ་དག་གི་ཕྱག་རྒྱ་བསྐུལ་བའི་ཕྱིར། ཕྱག་རྒྱ་གཅིག་ལ་སོགས་པ་འབྲས་བུའི་རྣལ་འབྱོར་གྱི་བདེ་བར་ལུང་བསྟན་ཏོ། །འོན་ཏེ་རྐྱེན་གྱིས་བསམ་པའི་སྐབས་མེད་པའང་སྔོན་དུ་གོམས་པའི་སྟབས་ཀྱིས་བདེན་པ་ཐོབ་ན་སྐབས་ཡོད་པ་ཅི་སྨོས་ཏེ། མཐའི་དབང་དུ་བརྗོད་པའི་ཕྱིར་རོ། ༈ །ལུས་བཅུ་པ་འབྲས་བུ་བསྟན་པའི་ཕྱིར། ཐེག་མཆོག་གསང་བ་མངོན་བྱས་པ། །ཞེས་པ། དེ་ལྟར་རང་གི་བསལ་བ་དང་། །བསྟངས་པས་གྲུབ་པའི་འབྲས་བུ་མཆོག་ཐོབ་པ་གང་ཞེ་ན། གཞི་བཞིན་མ་ལུས་བདག་ཉིད་ཕྱིར། །ཞེས་པ། བདག་ཉིད་ཆེན་པོའི་གཏན་ཚིགས་དང་དཔེ་དོན་བསྟན་པའོ། །རྒྱ་བྲལ་གཅིག་དང་དུ་མ་སྤངས། །འདས་དང་མ་འདས་དུས་གསུམ་གྱིས། །རོ་མྱོང་བདག་ཕྱིར་རྣམ་རྟོག་བུལ། །ཞེས་པ། འབྲས་བུ་ཐོབ་ལུགས་ནི། རྒྱུད་ལས། སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རྨད་བྱུང་ཀུན་གྲགས་པ། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །རང་བྱུང་ཡེ་ཤེས་གནས་མེད་ཡིན། །ཞེས་འབྱུང་སྟེ་རྨི་སད་བདེ་བ་ལྟ་བུ་མ་བཏགས་པའོ། །ངོ་བོ་ནི་ཉེར་ལྔར་མཚན་བརྗོད་ཀྱང་རྒྱན་གྱི་འཁོར་ལོའོ། །མཚན་ཉིད་གང་དུའང་མ་ཟིན་པར་བཤད་ཟིན་ཏོ། །ཀུན་ལ་སོན་པས་རོ་ལྟར་ལ་མི་རྟོག་པ་བཤད་ཟིན་ཏེ། ཐམས་ཅད་མཁྱེན་པའི་ཚུལ་ནི། ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཞེས་པ། གདུལ་བྱ་དང་ངོ་བོ་མི་གཅིག་པ་ནི་གཏན་ཚིགས་སོ། །ཐུགས་རྗེ་ཆེན་པོས་མ་ལུས་མཁྱེན། །ཞེས་པ་བསམ་རྟགས་ཀྱི་ཐ་དད་པ་ལ་མཁྱེན་ཡོད་ཀྱང་། ཡུལ་དང་བྲལ་བས་ཆུ་དང་གཟུགས་བརྙན་བཞིན་ནོ། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། ཁྱབ་དང་བདེ་བ་རྟག་དབང་བསྒྱུར། །ཞེས་པ། ངོ་བོ་སྐུ་ལྔ་ལྷུན་གྱིས་གྲུབ་པ་ཉིད། །ལྷག་པའི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། བྱང་ཆུབ་ལ་སོགས་པ་ཉེར་ལྔ་རྫོགས་པས་དོན་རང་བཞིན་གྱིས་མཛད་པའོ། །རྐྱེན་གྱིས་སྐྱེ་འཇིག་མེད་པའི་ཕྱིར། ཞེས་པ་ལྔ་ལྷུན་གྱིས་གྲུབ་པ་དེ་ཉིད་སྐད་ཅིག་མ་མ་ཡིན་པ་ནི་གཏན་ཚིགས་ཏེ། དོན་ནི། རྟགས་ཆེན་རྡོ་རྗེའི་སྐུ་ཞེས་གསུངས། །ཞེས་པ། ངེས་ཚིག་གོ། ༈ །སྤྱི་དོན་ཐ་མ་བརྩམས་པ་ཆུད་མི་ཟ་བའི་ཕྱིར་དགེ་རྩ་བསྔོ་བ་ནི། རང་བཞིན་གནས་རྒྱུད་ཡེ་ཤེས་ཕྱག་རྒྱ་བསམ་ཡས་མངོན་སུམ་ཡུལ་བྲལ་རང་གནས་ལ། ཞེས་པ། བཤད་པའི་འགྲོ་བ་ཉིད་འབྲས་བུར་གནས་པའི་དོན་ནོ། །འཁྲུལ་དང་རྣམ་པ་རང་རྒྱུད་ལོག་རྟོག་གསུམ་ལས། རྐྱེན་རབ་རིབ་ཞེ་ན་སྣང་བ། ཞེས་པ། བཤད་པའི་རྐྱེན་ལ་སོགས་པས་དེ་ལྟར་ཡོངས་མདོངས་པའོ། །ཐབས་མཁས་སྤྱན་མངའ་རྒྱུད་བཞིན་སྒྲོ་བྲལ་རྒྱུད་གསུམ་ཐུར་མས་གསལ་གབ་གསུངས་སོ། །ཞེས་པ། གུ་རུ་ནི་མིག་མཁན་རྒྱུད་གསུམ་ལ་མདོངས་པའི་མིག་འབྱེད་པའི་ཐུར་མ་ནི་མན་ངག་འདིའོ། །དེར་ཆོད་པའི་ཆེད་དུ་སྟོན་པས་ཡི་གེའི་རྒྱུད་ལ་གབ་ནས་གསུངས་པ་ལ་བརྟེན་ནས། ཡིག་གོམས་ཉམས་རྣ་རྒྱུད་ཉམས་ཤར་གསལ་བྱས་འདས་དང་ད་ལྟར་རང་རིག་མིག་ཐོབ་ཤོག །ཅེས་པ། དཔེར་ན་ལོང་བ་དང་སྨན་པ་དང་། །དཔྱད་ཡིག་དང་། ཐུར་མས་མིག་འབྱེད་པ་མཐོང་བ་དང་ལྟར། གུ་རུས་འདི་ཙམ་དུ་གནང་བ་ནི། རྒྱུད་ལ་གོམས་པ་དང་། སྙན་ཁུང་བརྒྱུད་པའི་མན་ངག་ཐོས་པ་དང་། ལུང་མན་ངག་གི་གཉེར་གྱིས་ཉམས་བརླན་པས་བརྩམས་པས། ངལ་བའི་དགེ་བའི་རྩ་བ་དང་འདིའི་སྒོ་ནས་དུས་གསུམ་རྣལ་འབྱོར་ཀུན་ཤེས་རབ་སྤྱན་དང་ལྡན་ནས་རང་གནས་མཐོང་བར་ཤོག་ཅིག་པའོ། །ཤུགས་ལྡན་ཆར་གྱིས་མི་བརྫི་བཞིན། །རང་གནས་མཐོང་བའི་གོ་མཚོན་ཅན། །འཁོར་བའི་དགྲ་དཔུང་འཇིགས་དང་བྲལ། །དེ་ཕྱིར་སྦྱོང་ཐབས་གཉིས་ལ་འབོད། །གཡོ་ཅན་ངག་འཇམ་སྨྲ་བ་དང་། །འཇིག་རྟེན་བྱ་བའི་རྒྱུར་སྒྲུབ་དང་། །བསྟན་པ་བཅུད་ཆེན་འབོ་བ་དང་། །ས་གཞི་མེད་ལ་གནང་མི་བྱ། །གསང་བ་སྙིང་པོའི་རྒྱུད་དག་ལས། །བཅུད་བསྡུས་མན་ངག་གཉིས་ཆེད་དུ། །རྒྱས་པར་བཀྲོལ་བའི་དགེ་བ་ཡིས། །མ་ལུས་རང་གནས་མངོན་འགྲུབ་ཤོག །རང་གནས་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་བི་མ་ལས་མཛད་པ་རྫོགས་སོ། །ཡེ་ཤེས་དོན་རྟོགས་སྐྱེ་འཆི་མེད་རྟོགས་པས། །འཕོ་འགྱུར་མེད་ཕྱིར་ཛྙཱ་ན་ཀུ་མ་ར། །བདག་གིས་བཤོས་ཁང་དགུ་ཐོག་ཡང་སྟེང་དུ། །དཀའ་བས་བསྒྱུར་འདིའི་བསོད་ནམས་ཡོངས་ལ་བསྔོ།། །།