བསྟན་པའི་སྙིང་པོ་རིག་པའི་སྒྲོན་མེ། བཻ་རོ་ཙ་ན།

བསྟན་པའི་སྙིང་པོ་རིག་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཤཱ་ས་ན་གརྦྷ་བིདྱཱ་ཨ་ལོ་ཀ་ནཱ་མ། བོད་སྐད་དུ། བསྟན་པའི་སྙིང་པོ་རིག་པའི་སྒྲོན་མེ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྣ་ཚོགས་བདག་ཏུ་རྟོག་པ་གཞི་གཉིས་ལས་འཕྲོས་རྒྱུ་མིན་རྒྱུར་སྨྲ་ཞིང་། །བྱེད་པོས་བྱས་པས་ཐར་པའི་ལམ་དུ་འདོད་དེ་མི་གྲོལ་ངལ་དོན་ཆུང་། །སྣ་ཚོགས་ཆོས་སུ་བརྟགས་ཤིང་འདུ་བྱེད་སྤྱད་སོགས་བག་ཆགས་མཐའ་ཡས་པ། །ཉོན་མོངས་དབང་གི་མཐུན་སྤྱད་རྐྱེན་གྱིས་རྟས་སད་སྨིན་ཅིང་མི་བཟད་མྱོང་། །བཅུ་སྤངས་བཅུ་སྤྱད་འཆེལ་འབྱུང་ཤས་ཀྱིས་འདོད་ཁམས་ལྷ་མིར་རིམ་པ་བཞིན། །དེ་སྟེང་ཚད་མེད་བསམ་གཏན་ཡན་ལག་བསྒོམས་པས་ཚངས་སོགས་གཟུགས་ཁམས་ལྷར། །དེ་དང་ཟག་མེད་སྤེལ་མར་བསྒོམས་པས་གཟུགས་ཁམས་འཕགས་གནས་གཙང་རིས་ལྔར། །གཟུང་འཛིན་ཕྲ་བ་མ་མཐོང་སྙོམས་པར་འཇུག་པ་བཞི་བསྒོམས་སྲིད་རྩེར་འབྱིན། །བདེན་བཞིའི་སྒོར་ཞུགས་བརྒྱ་ཕྲག་ཕྱེད་དང་གསུམ་བསྲུང་ཡོན་ཏན་བཅུ་གཉིས་སྤྱོད། །ཡོད་མེད་གང་ཟག་བདག་མེད་དེ་ཡང་བདེན་བཞི་ཡེ་ཤེས་བཞི་བཞིས་རྟོགས། །ཁམས་གསུམ་ཉོན་མོངས་མཐོང་བསྒོམས་ལམ་སྤངས་རྒྱུན་ཞུགས་ལ་སོགས་རིམ་པ་ཡིས། །དགྲ་བཅོམ་ཐོབ་ཀྱང་བསྐུལ་ནས་འདོད་སྤྱོད་གཉིས་ལས་གཉིས་པོ་བཞི་ལ་རྩོད། །གཞི་མཐོང་རྒྱུན་ཞུགས་མ་ཐོབ་སློབ་པར་ཚེ་འཕོས་ཚེ་རིང་ལྷར་སྐྱེས་འདས། །འདོད་ཁམས་མིར་སྐྱེས་དེ་ཚེ་བློ་ལྡན་ཕྱི་ནང་འབྲས་བུའི་སྒོ་ནས་བརྟགས། །གང་ཟག་ཆོས་ལའང་བདག་མེད་རང་རྒྱལ་འབྲས་ཐོབ་གནས་གསུམ་མྱོང་པ་དེ། །སྔོན་མཐུན་ད་ལྟར་བསམ་གཏན་འབའ་ཞིག་དགའ་བརྩོན་ཆོ་འཕྲུལ་གཞན་དོན་སྤྱོད། །གཉིས་ཞུགས་གསུམ་བསྲུང་ཤེས་རབ་སྙིང་རྗེས་མཐའ་གཉིས་གང་ལའང་མི་གནས་ཤིང་། །བདག་མེད་གཉིས་རྟོགས་ཆེན་པོ་བདུན་ལྡན་བདག་གཞན་དོན་དུ་བཅུ་སྤྱད་པས། །ཀུན་ཏུ་འགྲོ་དོན་ལ་སོགས་ས་ནས་སར་འཕགས་དྲི་མ་བཅུ་བསལ་ཏེ། །རྡོ་རྗེ་ཏིང་འཛིན་སྟོབས་སུ་གྱུར་པས་གསལ་ཁྱབ་མཐར་ཕྱིན་དེ་ཉིད་བརྙེས། །ཕྱི་དག་པ་ལ་བརྟེན་ནས་ནང་དག་པ་ལ་སྦྱོར་བ་སྟེ། །དམ་ཚིག་ཆོ་ག་མ་ཉམས་བཟླས་པ་ཟུར་ཕྱིན་སྤྱན་དྲངས་རྗེ་ཁོལ་ཚུལ། །ཡེ་ཤེས་སེམས་དཔའ་མཉེས་ཏེ་དབང་དང་དངོས་གྲུབ་སྩལ་ནས་ཐོབ་འགྱུར་ཏེ། །རིགས་གསུམ་སངས་རྒྱས་གཉིས་པར་ཚེ་འདིས་འགྲུབ་སྟེ་དེ་ཚེ་མཐར་ཕྱིན་ཉིད། །འཇུག་བསྲུང་སྤྱོད་པ་མཐུན་ཏེ་བཀག་མིན་བྱོན་ལ་ལྟོས་པ་འབའ་ཞིག་མིན། །ནམ་དགོས་དུས་སུ་ཡི་གེ་འབྲུ་ལས་བསྐྱེད་ཅིང་དཔོན་གཡོག་ཚུལ་བལྟས་ནས། །དེ་ཉིད་རྣམ་པ་བཞི་དང་ལྡན་པར་རྩེ་གཅིག་སྒོམ་པའི་ཏིང་འཛིན་དང་། །ཡོ་བྱད་རྒྱུ་རྐྱེན་གཉིས་ཀ་འཚོགས་པས་གཉིས་པར་དེ་ཚེ་མཐར་ཕྱིན་ཉིད། །ཡོ་བྱད་རྒྱུ་རྣམས་འཚོགས་སམ་འོན་ཏེ་མེད་ཀྱང་དེ་ལ་གཙོར་མི་བྱེད། །ཏིང་འཛིན་གཙོར་སྤྱོད་ཕྱག་རྒྱ་ཆེན་པོ་བཞི་སྒོམ་བྱོན་པ་སྤུན་གྲོགས་ཚུལ། །བྱིན་རླབས་ལས་བྱུང་རྩ་བ་ཡན་ལག་སྤྱི་དང་ཁྱད་པར་ལྡན་དེ་དང་། །ཏིང་འཛིན་ལྟ་སྤྱོད་ལྡན་པས་སངས་རྒྱས་གཉིས་པར་དེ་ཚེ་མཐར་ཕྱིན་ཉིད། །སྐལ་ངན་འཆི་བདུད་གང་ཡིན་དེ་ཉིད་སྐལ་ལྡན་རྩི་ལམ་ཐབས་ཡིན་ཏེ། །བསྒྲལ་སྦྱོར་ལེན་རྫུན་རླང་སྤྱོད་ལས་བཞིས་དོན་བྱེད་རྩ་བརྒྱད་སྡོམ་སྲུང་ཞིང་། །གསུམ་འདྲིས་གྱུར་ནས་གསུམ་གྱིས་བསྐྱེད་བཏོན་དཀྱིལ་འཁོར་ཡབ་ཡུམ་ཤེས་རབ་ཐབས། །ཤེས་འཇུག་འབྱོར་པ་དེ་ནི་བཅུ་དྲུག་ཚུན་ཆད་ལྷུན་རྫོགས་མཐའ་ཡས་མཆོག །ཡེ་ཤེས་ཐིག་ལེའི་སྒོར་ཞུགས་མི་འགོགས་ཉེས་མེད་མཐུན་ཏེ་འཆལ་པར་བསྲུང་། །མཉམ་ལ་མ་འདྲེས་རྫོགས་པ་ལྷུན་གྲུབ་ཕྱག་རྒྱར་བསྒོམས་པ་མཎྜལ། །འབྱུང་དང་འབྱུང་འགྱུར་ཡབ་ཡུམ་སྲས་བཅས་ཡེ་ཤེས་ཐིག་ལེའི་ངང་རྟོགས་པ། །ཀུན་ལྡན་གཉིས་པ་དེ་ནི་མྱུར་རམ་བསྣུར་ཞིང་ཚེ་དེས་མཐར་ཕྱིན་བྱེད། །བསྐྱེད་བརྟགས་ཕྱག་རྒྱ་སྣང་ཡང་དེ་ནི་དེ་མིན་འོ་འདོད་རྭ་ལ་འཇོ། །མཐར་ལྷུང་སྒྲོ་སྐུར་བཅིང་གྲོལ་མེད་དེ་བརྒྱུད་ལ་རེ་འཇོག་རྟེན་འཆར་མེད། །སྒོ་ཕུགས་མི་འབྱེད་ཅིག་ཅར་སྤྱི་བླུགས་ལྷུན་རྫོགས་སྡོམ་བཞི་རྩོལ་ནད་སྤངས། །དེ་བཞིན་ཉིད་དུ་དེ་བཞིན་གྱི་ནར་བཞག་ན་རང་བྱུང་རང་གིས་འཆར། །བསྟན་པ་མཐའ་དག་གི་དོན་མདོར་བསྡུས་པའི་སྐྱུད་བྱང་བསྟན་པའི་སྙིང་པོ་ཞེས་བྱ་བ་བཻ་རོ་ཙ་ནས་མཛད་པ་རྫོགས་སོ། །མངྒ་ལཾ། །དགེའོ།། །།