ལྟ་བའི་སྒྲོན་མེ། དཔལ་དབྱངས།

ལྟ་བའི་སྒྲོན་མ་བཞུགས་སོ། །གདོད་ནས་མ་སྐྱེས་རྣམ་དག་བྱང་ཆུབ་སེམས། །རྒྱལ་བ་རྒྱ་མཚོའི་ཐུགས་དང་ཡེ་ནས་མཉམ། །རིག་དང་གཏི་མུག་སྒྱུ་མའི་ཁྱད་པར་ལས། །སྲིད་དང་རྣམ་གྲོལ་རྒྱུ་དང་འབྲས་བུར་སྣང་། །དངོས་པོ་མེད་ཕྱིར་དངོས་པོར་རྟོག་པའང་མེད། །ཆོས་ཅན་མི་དམིགས་ཆོས་ཉིད་ཡོད་མ་ཡིན། །ཞེས་པ་བཟློག་ཕྱིར་རྐྱེན་བཤད་མ་གཏོགས་པ། །ཆོས་ཀྱི་ངང་ལ་ཚིག་མེད་བརྗོད་དུ་མེད། །སྣང་བ་ཉིད་ན་མེད་པའི་སྨིག་རྒྱུ་ལ། །ཤེས་ལྡན་རྣམས་ནི་མེད་པའི་བློ་མི་འབྱུང་། །ཆོས་རྣམས་རང་བཞིན་མ་སྐྱེས་རྟོག་པ་ཡིས། །མཁས་པས་སྐྱེ་མེད་སྟོང་པར་སྒྲོ་མི་འདོགས། །ཇི་བཞིན་མ་སྐྱེས་གདོད་ནས་ཞི་བ་ཡི། །གཉིས་མེད་སྤྲོས་བྲལ་རང་རིག་བློ་ལྡན་པ། །བརྗོད་མེད་ངང་ཙམ་དུ་ཡང་མི་གནས་ན། །དངོས་དང་ཐ་སྙད་འཛིན་པར་ག་ལ་འགྱུར། །བདག་མེད་ཆོས་སྐུ་བྱང་ཆུབ་སྙིང་པོ་ལས། །གཞན་ནས་བཙལ་ཞིང་ཐོབ་པ་མ་ཡིན་ཡང་། །རྨི་ལམ་སད་ནས་གཟུགས་དང་བྲལ་བ་བཞིན། །སྒྲིབ་སྤངས་བྱང་ཆུབ་ཐོབ་ཅེས་རྒྱལ་བས་གསུངས། །རྨི་ལམ་སྐྱེས་བུས་དུག་འཐུངས་ཇི་བཞིན་དུ། །སྲིད་རྒྱུ་ཉོན་མོངས་ལས་རྣམས་དེ་ལྟར་ཤེས། །རྨི་ལམ་དུག་ནད་སྡུག་བསྔལ་བཟོད་དཀའ་བ། །སྐྱེ་རྒ་ན་འཆི་འཁོར་བའི་སྡུག་བསྔལ་ཡིན། །རྨི་ལམ་ནད་སེལ་སྨན་དང་འདྲ་བ་ནི། །འཕགས་ལམ་རྣམ་ཐར་མང་པོར་རིག་པར་བྱ། །སྡུག་བསྔལ་ཁད་ཀྱིས་འབྱང་བའི་སྐད་ཅིག་མ། །ཤེས་རབ་ཏིང་འཛིན་ཁྱད་པར་སྐྱེ་བའི་ཚུལ། །རྨི་ལམ་ནད་བསལ་སོས་པའི་བདེ་རྙེད་པ། །སེམས་ཀྱི་རང་བཞིན་བྱང་ཆུབ་ཐོབ་པའི་དཔེ། །རྨི་ལམ་ཉིད་ན་རྒྱུ་འབྲས་མི་བསླུ་བཞིན། །མ་རིག་གཉིད་ལོག་རྣམས་ལ་དེ་ལྟར་ངེས། །རྨོངས་པའི་གཉིད་སད་ཤེས་རབ་ལྡན་པ་དང་། །འཁོར་བ་རྨི་ལམ་ལྟ་བུའི་དབང་ཙམ་དུ། །འཕགས་ལམ་དོན་བརྩོན་འབྲས་བུ་རིག་པར་གསལ། །རང་བཞིན་མི་འགྱུར་ཐོབ་པའི་རློམ་སེམས་མེད། །མཉམ་པའི་དོན་ཉིད་བློ་དང་མ་མཉམ་ན། །ཚིག་གི་མཉམ་པས་རྟོག་པའི་ཀླུང་མི་ཟློག །དམྱལ་སོགས་འཁོར་བས་མཉམ་ལས་མ་གཡོས་ཀྱང་། །སྡུག་བསྔལ་མི་བཟད་སྲིད་ལས་འཁྱམས་པར་སྣང་། །ཡེ་ནས་རྣམ་དག་ཐོབ་པ་མེད་རིག་ནས། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་རབ་བརྩོན་ཞིང་། །སྐུ་གསུང་ཆེ་ནའི་ཡོན་ཏན་ཀུན་བསྡུས་པས། །མཚན་མའི་ཉེས་དང་ལྡན་པ་ག་ལ་ཡིན། །ཤེས་རབ་མཆོག་གིས་ལོག་རྟོག་སེམས་སྦྱངས་ནས། །ཡེ་ཤེས་ཚོགས་ཆེན་རྒྱལ་བ་ཆོས་ཀྱི་སྐུ། །དཔེ་བྱད་མཚན་གྱི་ཏིང་འཛིན་དབང་ཐོབ་ནས། །བསོད་ནམས་ཚོགས་ཆེན་རྒྱལ་བ་གཟུགས་ཀྱི་སྐུ། །རྣམ་སྨིན་ཚུལ་གྱིས་གྲུབ་པར་མི་བལྟ་ཞིང་། །ཡེ་ཤེས་གཞན་ནས་ཐོབ་པར་མི་བྱེད་དེ། །སྐུ་གསུམ་ཇི་བཞིན་སྦྱོར་བས་འབྲས་བུའི་མཆོག །རྩོལ་བྱས་སྒྲུབ་པའི་དབང་གིས་རྒྱུ་ཡང་ཡིན། །རང་སེམས་རྣལ་འབྱོར་ཤེས་རབ་ཏིང་འཛིན་ཡིན། །སེམས་ཅན་ཉིད་ན་བདེ་གཤེགས་ཡུལ་ལ་འཇུག །དག་པའི་ཞིང་དུ་སྨིན་པར་མི་བྱེད་དེ། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས་སུ་བསྒོམ། །ཤེས་རབ་གནས་མེད་ཆགས་པའི་རྡུལ་བྲལ་ཡང་། །སྙིང་རྗེ་སེམས་ཅན་ཁམས་ལ་སྐྱེ་བ་མེད། །སྒྱུ་མའི་མཚན་ཉིད་མ་འགགས་མངོན་སུམ་སྟེ། །མཚན་མེད་རོ་གཅིག་དོན་དམ་དབྱིངས་སུ་རྟོགས། །སློབ་དཔོན་དཔལ་དབྱངས་ཀྱིས་མཛད་པ་ལྟ་བ་རིན་པོ་ཆེ་སྒྲོན་མ་ཞེས་བྱ་བ་རྫོགས་སོ།། །།