སྒྱུ་འཕྲུལ་དྲྭ་བ་མེ་ལོང་ལྟ་བུའི་སྒྲུབ་ཐབས། སློབ་དཔོན་ཛྙཱ་ན་ཛ་ཡ།

སྒྱུ་འཕྲུལ་དྲྭ་བ་མེ་ལོང་ལྟ་བུའི་སྒྲུབ་ཐབས་བཞུགས་སོ། །རྒྱ་གར་སྐད་དུ། མཱ་ཡཱ་ཛཱ་ལ་ཨཱ་ད་ཤ་པཱ་དྷ་ན་ནཱ་མ། བོད་སྐད་དུ། སྒྱུ་འཕྲུལ་དྲྭ་བའི་མེ་ལོང་ལྟ་བུའི་སྒྲུབ་ཐབས། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གཉིས་མེད་སྒྲིབ་པ་གཉིས་སྤངས་པའི། །ཡེ་ཤེས་རང་རིག་གསལ་བའི་མཁའ་དཀྱིལ་ནས། །དཀྱིལ་འཁོར་སྤྲོ་དང་འགྲོ་དོན་སྒྲུབ་པ་ཡིས། །མ་ལུས་ཐུགས་སུ་ཆུད་ལ་ཕྱག་འཚལ་ལོ། །སྒྱུ་འཕྲུལ་དྲྭ་བའི་གཞུང་ལུགས་ལས། །འགྲོ་བའི་རྣམ་རྟོག་བསལ་བའི་ཕྱིར། །ཡེ་ཤེས་བསྐྱེད་པའི་སྒྲུབ་ཐབས་འདི། །རྒྱུད་བསྡུས་བདག་གིས་བརྩམ་པར་བྱ། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་པ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཐོས་བསམ་སྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་བྱིན། ༈ །སློབ་དཔོན་མཉེས་པར་བྱས་པ་དང་། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ། །དབང་རྣམས་རྫོགས་པར་བྱས་པ་དང་། །འདོད་པ་གཡེང་བ་ཀུན་སྤངས་ཏེ། །དཀའ་ཐུབ་སྤྱོད་པས་མ་གདུངས་པར། །ཏིང་འཛིན་མཐུན་པའི་ས་ཕྱོགས་སུ། །རབ་བདེ་སྟན་ལ་འདུག་ནས་ནི། །བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་བཞི་ནི་རབ་བསྒོམས་ནས། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །སྐུ་གསུང་ཐུགས་ཀྱི་བསྒྲུབ་བྱ་ཞེས། །བདག་ཉིད་བསམ་པ་བརྟག་བྱས་ཚེ། །རང་སྙིང་ས་བོན་འོད་ཟེར་ལས། །སྤྲུལ་པ་མཆོད་པའི་ཚོགས་སྤྲོས་ནས། །མདུན་དུ་དཀྱིལ་འཁོར་ཚོགས་རྣམས་དང་། །བླ་མ་སྤྱི་སོགས་རྣམས་ཀྱི་མཆོག །དེ་ནས་སྡིག་པ་བཤགས་པ་དང་། །སྐྱབས་རྩོལ་སོགས་བ་བྱས་ནས་ནི། །བགེགས་རྣམས་མ་ལུས་གཞོམ་པའི་ཕྱིར། །སྣ་ཚོགས་རྡོ་རྗེ་ཧཱུྃ་ལས་བསྐྱེད། །རྡོ་རྗེའི་ས་གཞི་བསམ་པར་བྱ། །རྣམ་རྟོག་འདུ་ཤེས་ཀུན་སྤངས་ན། །བགེགས་ཀྱི་སྦྱོར་བ་ཡོད་མི་འགྱུར། །དེ་བས་རྣམ་རྟོག་བགེགས་ཡིན་པར། །ཡང་དག་རིག་པ་ཉིད་ཀྱིས་གསུངས། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ༀ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ལྟར་སྟོང་ཉིད་རབ་གསལ་ནས། །སྙིང་རྗེའི་ཡུམ་གྱིས་བསླད་ནས་ནི། །ས་བོན་ཤིན་ཏུ་གསལ་བར་གྱུར། །རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་པར་གསལ་གྱུར་པ། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་པ། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །དེ་ལས་མིང་ཆོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །དེ་ནས་མཐའ་དང་དབུས་མེད་པའི། །འོག་མིན་ཆོས་འབྱུང་གསལ་བར་བྱ། །དེ་ནས་ཡཾ་ལས་བྱུང་བ་ཡི། །རླུང་གི་དཀྱིལ་འཁོར་བསམ་པར་བྱ། །དེ་སྟེང་ཡི་གེ་རཾ་ལས་ནི། །མེ་ཡི་དཀྱིལ་འཁོར་བསྐྱེད་པར་བྱ། །མེ་སྟེང་དུ་ནི་པཾ་བསམས་ཏེ། །དེ་ལས་ཆུ་ཡི་དཀྱིལ་འཁོར་རོ། །ཆུ་ཡི་དཀྱིལ་འཁོར་སྟེང་དུ་ནི། །ལམ་ལས་ཡེ་ཤེས་ས་གཞི་བརྟག །བྷྲུཾ་བི་ཤྭ་བི་ཤཱདྡྷེ། བྷྲཱུཾ་ལས་ཡེ་ཤེས་གཞལ་ཡས་ཁང་། །ཡེ་ཤེས་རིན་ཆེན་རང་བཞིན་ཅན། །རྒྱ་རྣམས་ཡོངས་སུ་མ་ཆད་པ། །བསོད་ནམས་ཡེ་ཤེས་ཚོགས་རྒྱས་པས། །ཀུན་ཏུ་གྲུ་བཞིར་གནས་པར་གྱུར། །ཡེ་ཤེས་ལྷག་པའི་འབུར་གྱིས་མཛེས། །ཐམས་ཅད་ངོ་བོ་གཅིག་པའི་ཕྱིར། །རྩེ་མོ་ཀུན་ཏུ་འདུས་པ་ཡིན། །རིན་ཆེན་རྒྱན་ཚོགས་བྱེ་བྲག་གིས། །བསམ་མི་ཁྱབ་པར་སྤྲས་པར་གྱུར། །རྣམ་ཐར་བཞི་ཡི་སྒོ་འཁྱུད་ལ། །རྣམ་ཐར་བརྒྱད་ཀྱི་རྟ་བབས་ལྡན། །ཀུན་ནས་བསྐོར་བའི་ཁ་ཁྱེར་ལ། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །དབུས་སུ་མི་འཇིགས་སེང་གེའི་ཁྲི། །བརྒྱ་བྱིན་ཕྱོགས་ནི་སྟོབས་གླང་གདན། །རྫུ་འཕྲུལ་རྟ་ནི་གཤིན་རྗེའི་ཕྱོགས། །དབང་ནི་རྨ་བྱ་ཆུ་ལྷ་དེ། །ཐོགས་མེད་མཁའ་ལྡིང་གནོད་སྦྱིན་ཕྱོགས། །རང་བཞིན་འོད་གསལ་ཉི་ཟླའི་གདན། །ཆགས་མེད་པདྨས་སོ་སོར་མཛེས། །གཞན་ནི་ཉི་ཟླ་པདྨ་དང་། །གདན་ནི་སུམ་བརྩེགས་དག་ཏུ་གནས། །སེང་གེའི་གདན་གྱི་དབུས་སུ་ནི། །དམ་པའི་ཡི་གེ་ས་བོན་བསམ། །དེ་ལས་པདྨ་རྡོ་རྗེ་བརྟག །སོ་སོའི་སྙིང་པོ་མཚན་པར་བྱ། །དེ་ལས་སངས་རྒྱས་སྐུ་ནི་སྤྲོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །སེམས་ཅན་དོན་ནི་མཛད་ནས་སུ། །དེ་ཉིད་ལ་ནི་ཐིམ་པར་གྱུར། །ཕྱག་རྒྱ་ཡོངས་སུ་གྱུར་པ་ལས། །ཀུན་བཟང་ཡུམ་དང་ལྡན་པ་ནི། །ཟླ་བའི་འོད་ལྟར་དཀར་ཞིང་དང་། །ཞལ་གཅིག་ཕྱག་གཉིས་རྒྱན་གྱིས་མཛེས། །སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། །འོད་ཟེར་རྣམ་པ་སྣ་ཚོགས་ལས། །སྤྲུལ་པས་སེམས་ཅན་དོན་རྣམས་མཛད། །ཀུན་ཏུ་བཟང་མོ་འཇོ་སྒེག་ཚུལ། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །རྒྱན་དང་དབུ་རྒྱན་ཡབ་དང་མཐུན། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྟན། །གཡོན་པ་དྲིལ་འཛིན་ཡབ་ལ་འཁྲིལ། །གཡོན་གྱི་པདྨ་ཐུགས་ཀར་བསྟན། །གཡས་ཀྱི་ཉི་མ་ལས་སུ་འཁྲིལ། །དབུ་ནི་འཕྱོ་ཞིང་འདུད་པའི་ཚུལ། །དེ་ལྟར་ཡོངས་སུ་བསྐྱེད་ནས་ནི། །གཉིས་མེད་ཆགས་པའི་སྤོར་བའི་སྒྲས། །དེ་བཞིན་གཤེགས་པ་ཀུན་བསྡུས་ནས། །ཡབ་ལ་དེ་བཞིན་གཤེགས་རྣམས་ཐིམ། །རྡོ་རྗེའི་ལམ་ནས་བྱུང་ནས་ནི། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བྱང་ཆུབ་སེམས་ཀྱིས་འཕྲོ་འདུ་ལས། །ཡེ་ཤེས་དཀྱིལ་འཁོར་རྫོགས་པར་སྤྲུལ། །དེ་ནས་སྙིང་རྗེ་ཆགས་པ་ཡིས། །སེམས་ཅན་མ་ལུས་བསྡུས་ནས་སུ། །དཀྱིལ་འཁོར་ཕྱི་རིམ་འཁོར་ནས་ནི། །དེ་དག་འཇུག་པར་གསོལ་བ་འདེབས། །གསོལ་བ་བརྗོད་པའི་ཚིག་གསན་ནས། །ཐམས་ཅད་དཀྱིལ་འཁོར་འཇུག་པར་གྱུར། །བདུད་རྩི་འོད་ཀྱིས་རེག་མ་ཐག །ཐམས་ཅད་རང་རིག་སངས་རྒྱས་ཤེས། །དེ་ལྟར་རྒྱལ་བའི་བྱིན་རླབས་ཀྱིས། །རང་ལུས་སངས་རྒྱས་ཤེས་ནས་ནི། །ངོ་མཚར་ཚིག་ཀྱང་བརྗོད་པར་བྱ། །ཨེ་མའོ་རྡོ་རྗེ་ཕུང་པོ་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམ་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་དེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །དེ་ལྟར་ངོ་མཚར་ཚིག་བརྗོད་ནས། །དེ་ནས་ཡིད་བརྟན་བྱ་བའི་ཕྱིར། །གཉིས་མེད་ཀུན་ཏུ་བཟང་མོ་ཡིས། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ། ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །སྲིད་པ་གསུམ་ཉིད་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོ་བས། །གཞན་དུ་རྒྱལ་བའི་ཆོས་མི་བཙལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཡང་རྒྱལ་བས་མི་བརྙེས་སོ། །དེ་བས་རྒྱལ་བ་སངས་རྒྱས་རྣམས། །སོ་སོའི་ཞིང་དུ་འཁོད་པར་བྱ། །ཡོངས་སྦྱངས་གསུང་གི་ཡིག་འབྲུ་ནི། །ཡབ་ཀྱི་ཐུགས་ཀར་ཐིམ་གྱུར་ནས། །ཡུམ་གྱི་པདྨའི་ཆགས་བརླན་གྱིས། །ཡབ་ཡུམ་གཉིས་མེད་དཀྱིལ་འཁོར་ཐིམ། །དེ་ལྟར་རྒྱལ་བ་སྙོམས་ཞུགས་ནས། །བདེ་བའི་འབྲུ་ཚོགས་མངོན་དྲན་ཏེ། །རྒྱུ་གཅིག་བ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །དེ་ལྟར་རྟོགས་པ་རྣམ་བཞི་ཡིས། །རྒྱལ་བའི་སྐུ་རྣམས་མངོན་བསྐྱེད་པ། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །སྐུ་གསུང་ཐུགས་ཀྱི་དབུ་གསུམ་ལྡན། །ཡེ་ཤེས་དྲུག་གི་ཕྱག་གཉིས་ལས། །རྡོ་རྗེ་པདྨ་རལ་གྲི་ནི། །གཡས་ཀྱི་ཕྱག་ན་བསྣམས་པར་མཛད། །དྲིལ་བུ་འཁོར་ལོ་རིན་ཆེན་འབར། །གཡོན་གྱི་ཡེ་ཤེས་ཕྱག་ན་བསྣམས། །གཡས་པ་རྡོ་རྗེ་ཐུགས་ཀར་བརྟེན། །གཡོན་པ་དྲིལ་བུ་ཡུམ་ལ་འཁྱུད། །ཐབས་དང་ཤེས་རབ་ཞབས་གཉིས་ནི། །མཉམ་པའི་བརྟུལ་ཞུགས་སྐྱིལ་ཀྲུང་བཞུགས། །མདུན་དང་རྒྱབ་མེད་ཀུན་ཏུ་གསལ། །མཚན་དང་དཔེ་བྱད་ཀུན་ཏུ་ལྡན། །འོད་ཟེར་འབར་བའི་ཚོགས་ཆེན་ལས། །ཐུབ་པའི་དཀྱིལ་འཁོར་སྣ་ཚོགས་འཕྲོ། །རྒྱལ་བ་རིགས་ལྔས་དབུ་བརྒྱན་བཅིང་། །སྣ་ཚོགས་རྒྱན་རྣམས་ཀུན་གྱིས་བརྒྱན། །བཙུན་མོ་སྣང་བའི་དབྱིངས་ཕྱུག་མ། །གཞོན་ཚུལ་འཁྲིལ་ལྡེམ་ཤིན་ཏུ་ཆགས། །ཆ་ལུགས་ལ་སོགས་ཡབ་དང་མཐུན། །གཡོན་པ་དྲིལ་བུ་ཐུགས་ཀར་བརྟན། །གཡས་པ་ཉི་མ་ལུས་སུ་འཁྱིལ། །ཕུང་པོ་དབང་པོ་རྣམ་ཤེས་ཀུན། །རྣམ་སྨིན་ༀ་དུ་ཤེས་པར་བྱ། །རྫོགས་པའི་སངས་རྒྱས་ཉིད་དུ་བསྒོམ། །སྤྱི་བོར་ཡི་གེ་ༀ་བཀོད་དེ། །ལྕེ་ལ་ཨཱཾ་ནི་རབ་ཏུ་གནས། །སྙིང་ག་ལྟེ་བ་མཆུ་སོར་ནི། །ཧཱུཾ་དང་སྭཱ་ཧཱ་རིམ་བཞིན་དགོད། །མིག་དང་རྣ་བ་སྣ་དང་ལྕེ། །ཀྵིཾ་ཏྲཾ་ཧྲཱིཾ་ཛྲིཾ་རིམ་བཞིན་བསམ། །མཾ་ཐླྷིཾ་ཧཱུཾ་མཱུཾ་དང་ནི་བཞི། །མིག་སོགས་ཕྱི་རོལ་རིམ་བཞིན་བསམ། །དེ་ལྟར་ཡི་གེ་རྣམས་ལས་ནི། །རྒྱལ་མཆོག་སྐུ་ཡི་དཀྱིལ་འཁོར་རྫོགས། །ཡེ་ཤེས་སེམས་དཔའི་ཐུགས་ཀར་ནས། །འོད་ཟེར་རྣམ་པ་མང་པོ་འཕྲོས། །ཕྱོགས་བཅུ་སྐུ་གསུང་ཐུགས་བསྡུས་ནས། །བདག་གི་མདུན་དུ་བཞུགས་པ་ལས། །ཚིག་ཤད་འདིས་ནི་གསོལ་བ་གདབ། །ༀ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོ་བདག་སྦྱོར་ཅིག །དེ་ལྟར་གསལ་བ་བརྗོད་མ་ཐག །བདག་གི་སྐུ་གསུང་ཐུགས་ལ་ནི། །རྒྱལ་བའི་དཀྱིལ་འཁོར་ཞུགས་པར་གྱུར། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝ་ཀ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། དེ་ལྟར་སྐུ་གསུང་ཐུགས་གསུམ་དུ། །ང་རྒྱལ་རབ་ཏུ་བསྐྱེད་ནས་ནི། །ཡུམ་གྱི་སྐུ་ཡི་དཀྱིལ་འཁོར་དགོད། །གཟུགས་སྒྲ་དྲི་རོ་རེག་ལ་སོགས། །རྣམ་སྨིན་མཱུཾ་དུ་ཤེས་པར་བྱ། །ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། །སྤྱི་བོ་མགྲིན་པ་གཉིས་སུ་ནི། །ལཱཾ་དང་པཱཾ་ནི་རིམ་བཞིན་བསམ། །སྙིང་ག་ལྟོ་བ་ཆུ་སོར་ནི། །མཱུཾ་དང་མཱཾ་དང་ཏཱཾ་རྣམས་དགོད། །མིག་དང་རྣ་བ་སྣ་ལྕེ་ལ། །ཧཱུཾ་ཏྲཱཾ་ཧྲཱི་ཨ་རིམ་པ་བཞིན། །མིག་དང་སྣ་ལྕེའི་ཕྱི་རོལ་དུ། །ཛཿཧཱུཾ་བཾ་ཧོ་རིམ་བཞིན་བསྒོམ། །སྐུ་གསུམ་བྱིན་རླབས་ཡབ་ཇི་བཞིན། །དེ་ནས་ཡུམ་ནི་བྱིན་བརླབ་བྱ། ༀ་ཨཱཾ་ཧཱུཾ་སྭཱ་ཧཱ་ལྔ། གནས་ལྔ་དག་ཏུ་བསྒོམ་པར་བྱ། །དེ་ལྟར་ཡབ་ཡུམ་སྐུ་རྫོགས་ནས། །དཀྱིལ་འཁོར་ཆེན་པོ་རྣམ་སྤྲུལ་ཕྱིར། །གཉིས་ཆགས་པ་ཡི་སྦྱོར་དོན་དུ། །རྡོ་རྗེ་པདྨ་བྱིན་གྱིས་བརླབས། །ཧཱུཾ་ལས་བྱུང་བའི་ནོར་བུ་བསམ། །ཨ་ལས་པདྨ་བསྐྱེད་པར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། བསྙེན་པ་དང་ནི་ཉེ་བསྙེན་པོ། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །བྱང་ཆུབ་སེམས་ཀྱི་བྱིན་བརླབས་ལས། །ཐ་སོགས་ཡིག་འབྲུ་སྤྲུལ་པར་གྱུར། །ས་བོན་མཚན་མའི་སྐུ་རྣམས་རྫོགས། །སུམ་ཅུ་དྲུག་གི་དཀྱིལ་འཁོར་གྱུར། །དེ་ནས་འགྲོ་བ་རྨོངས་པ་ལ། །བསྟན་ཕྱིར་དཀྱིལ་འཁོར་གདོན་པར་མཛད། །ཧཱུཾ་བཛྲ་དྷཱི་ཀ་དང་མཱུཾ་དྷཱ་ཏྭི་ཤྭ་རིས། མི་བསྐྱོད་ཡབ་ཡུམ་བཏོན་ནས་ནི། །བདག་ཉིད་ལ་ནི་ཐིམ་པར་གྱུར། །ༀ་ཛི་ན་ཛི་ཀ །སྭཱ་རཏྣ་དྷྲིཀ །ཨཾ་ཨཱ་རོ་ལི་ཀ །ཧཱ་པྲ་ཛྙཱ་དྷྲིཀ །ལཱཾ་དེ་ཥ་ར་ཏི། མཱཾ་མོ་ཧ་ར་ཏི། པཱཾ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི། ཀྵིཾ་ཧི་རཱ་ཛ་ཡཱ། ཏྲཱཾ་ཨཱ་གརྦྷཱ་ཡ། ཧྲཱིཿཔདྨ་བ་ད་མ། ཛྲིཾ་ཀུ་རུ་པཱ་ཎ། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། ཏྲཱཾ་མཱ་ལེ་ས་མ་ཡ་ཧོ། ཧྲཱིཿགཱི་ཏི་ར་གོ་ཧཾ། ཨཾ་ནིརྟི་རཱ་ག་ཡཱ་མི། མཾ་དྷ་ར་ཎི་སྭཱ་ཧཱ། ཐླྷིཾ་ནི་སྨ་རཾ་བྷ་ཡ་སྭཱ་ཧཱ། ཧཱུཾ་ས་རཱ་ཛཱ་ཡ་སྭཱ་ཧཱ། མཱུཾ་ཤྲཱི་ཨཾ་རཱ་ག་ཡ་སྭཱ་ཧཱ། ཛཿདྷུ་པ་པྲ་བེ་ཤ །བཾ་དཱི་པ་སུ་གི་ནཱི། ཧོ་གནྡྷེ་ཙིཏྟ། ཧཱུཾ་ཡ་མན་ཏ་ཀྲྀཏ་ཕཊ། ཧཱུཾ་བིགྷནྟ་ཀྲྀ་ཏ་ཕཊ། ཧཱུཾ་པདྨནྟ་ཀྲྀ་ཏ་ཕཊ། ཧཱུཾ་པྲ་ཛྙཱནྟྲ་ཀྲྀ་ཏ་ཕཊ། ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནཱི་ཧཱུཾ་ཕཊ། ༀ་མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷི་དྷཱ་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ༀ་མ་ཧཱ་པདྨ་དྷ་རི་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ༀ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲ་བྷཱ་དྲ་ས་མནྟ་ཨ། སོ་སོའི་སྔགས་ཀྱིས་བཏོན་ནས་ནི། །བརྒྱ་བྱིན་ལ་སོགས་ཕྱོགས་སུ་གནས། །མཐིང་ག་དཀར་པོ་སེར་ལེ་བརྒན། །ལྗང་གུའི་མདོག་ཏུ་འཚེར་བ་ནི། །གཙོ་བོ་གདན་ལ་རྫོགས་པའི་ཚུལ། །འཁོར་རྣམས་སེམས་དཔའི་ཚུལ་དུ་བཞུགས། །སོ་སོའི་སྐུ་མདོག་ཡབ་དང་མཐུན། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །གཡས་ནས་མཐོང་ཐོས་སྣོམ་པ་དང་། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཐོབ་བྱེད་སྣོམ་བྱེད་མྱོང་བྱེད་རྣམས། །བཙུན་མོའི་ཚོགས་རྣམས་ལྡན་པར་གནས། །མདུན་དང་རྒྱབ་ཏུ་བྱེད་པ་དང་། །བྱ་བ་དག་ནི་གནས་པར་བསྟན། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །ཡབ་ཡུམ་བཞུགས་ཚུལ་ཕྱག་མཚན་ནི། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་སྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ༀ་སྒྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ལཱཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་མཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །སྭཱ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་མཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཨཾ་སྒྲེང་རྩེ་མོར་པདྨ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །པཱཾ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་མཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཾ་སྒྲེང་རྩེ་མོར་རལ་གྲི་འབར། ། ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཏཱཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །མཛེས་ཚུལ་མཉེས་པའི་ཡོ་བྱད་འཛིན། །ལས་ལ་འཁྲིལ་ཞིང་ཆོས་ལ་བརྟན། །དབུ་རྣམས་འབྱོ་ཞིང་འདུད་པའི་ཚུལ། །གོང་གི་ཕྱག་རྒྱ་ཆེན་པོ་བཞིན། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །བྱ་བྱེད་ཁྲོ་བོའི་ཕྱག་རྒྱ་ནི། །རྒྱུད་ལས་གསུངས་པ་བཞིན་དུ་བསྟན། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར། །འོད་ཟེར་འཕྲོ་བ་ཚོགས་ཆེན་པོ། །འབར་བ་ཕྲེང་བས་འཁྲིགས་པ་སྟེ། །མཐའ་དབུས་མེད་པར་ཁྱབ་པ་ཡི། །འོད་ཟེར་འཕྲོ་བའི་རྩེ་མོ་ལ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་གནས། །དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ། །རྒྱལ་བ་ཡོངས་སུ་མཉེས་པར་འགྱུར། །མཉེས་ནས་སེམས་ཅན་དོན་བྱ་ཞེས། །དཀྱིལ་འཁོར་དམ་པ་བསྟན་གྱུར་ཀྱང་། །སེམས་ཅན་མ་རིག་པས་སྒྲིབ་པས། །དཀྱིལ་འཁོར་མཐོང་བའི་སྐལ་མེད་འགྱུར། །རྒྱལ་མཆོག་ཐུགས་རྗེ་སྐྱེས་ནས་ནི། །དེ་ནས་གཉིས་མེད་སྦྱོར་བར་གྱུར། །དེ་ལས་བྱང་ཆུབ་སེམས་སྤྲོས་ལ། །ཨི་སོགས་ཡི་གེ་མངོན་པར་ཕྱུངས། །ས་བོན་ལས་ནི་ཕྱག་མཚན་འབར། །དེ་ལས་ཐུབ་པའི་སྐུ་རྫོགས་ཏེ། །སོ་སོའི་སྙིང་པོ་བརྗོད་ནས་ནི། །མཁའ་དབྱིངས་སྐུ་གསུང་ཐུགས་སུ་གནས། །འཇིག་རྟེན་དྲུག་གི་ཕྱོགས་བཅུར་སྤྲོས། །ༀ་མུ་ནེ་ཀྲིཾ་སྭཱ་ཧཱ། ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། ༀ་མུ་ནེ་སྲུཾ་སྭཱ་ཧཱ། ༀ་མུ་ནེ་པྲཾ་སྭཱ་ཧཱ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ༀ་མུ་ནེ་ཡེ་སྭཱ་ཧཱ། འཇིག་རྟེན་དྲུག་གི་ཕྱོགས་བཅུར་ནི། །འདུལ་བ་རྣམ་བཞིས་འགྲོ་དོན་མཛད། །བལྟམས་དང་རབ་ཏུ་བྱུང་སོགས་དང་། །མངོན་སངས་རྒྱས་དང་བདུད་བཏུལ་དང་། །འཁོར་ལོ་བསྐོར་དང་ཆོ་འཕྲུལ་སྟོན། །མྱ་ངན་འདས་སོགས་ཐུབ་པ་ཡིས། །སྤྱོད་པ་རྗེས་སུ་མཐུན་པར་མཛད། །མངོན་ཤེས་དྲུག་པོ་ཆོ་འཕྲུལ་གྱིས། །ཐམས་ཅད་མཁྱེན་པ་ཉིད་དུ་སྟོན། །སྐུ་དང་གསུང་དང་ཐུགས་རྣམས་ཀྱིས། །བྱེ་བྲག་སྣ་ཚོགས་སྟོན་མཛད་པ། །འགྲོ་བ་སོ་སོར་འདུལ་བ་བཞིན། །བྱིན་རླབས་འདུལ་བ་སྟོན་པར་མཛད། །སོ་སོ་བསམ་པའི་བྱེ་བྲག་གིས། །ལྷ་དང་མི་ཡི་ཐེག་སོགས་པས། །ཐེག་པ་ལྔ་རྣམས་སོ་སོར་སྟོན། །རྗེས་སུ་བསྟན་པས་འགྲོ་བཏུལ་ནས། །འགྲོ་བ་སངས་རྒྱས་སར་བཞག་ནས། །སླར་བྱོན་བར་ཁྱམས་ཐུབ་དྲུག་བཀོད། །དེ་ལྟར་དཀྱིལ་འཁོར་རྣམས་སྤྲོས་ལ། །ཁྱབ་པར་ཀུན་ཏུ་བལྟས་ནས་ནི། །སྒྱུ་མ་བཞིན་དུ་དམིགས་ནས་ཀྱང་། །སོ་སོའི་ཡབ་ཡུམ་བྱེ་བྲག་ལ། །ལུས་ཀྱི་དཀྱིལ་འཁོར་རྫོགས་པར་དགོད། །སྐུ་གསུང་ཐུགས་ནི་བྱིན་བརླབ་པ། །གཙོ་བོ་ཡབ་ཡུམ་བཞིན་དུ་བྱ། །ཡེ་ཤེས་ཡོངས་སུ་རྫོགས་པའི་ཕྱིར། །ཡེ་ཤེས་དབུ་རྒྱན་ཀུན་ལ་བསམ། །ཐུབ་དྲུག་ལུས་ཀྱི་དཀྱིལ་འཁོར་དང་། །བྱིན་རླབས་དབུ་རྒྱན་མ་གསུངས་སོ། །ཐུགས་ཀྱི་འོད་ཟེར་ས་བོན་ལས། །ཕྱོགས་བཅུའི་དཀྱིལ་འཁོར་སྤྱན་དྲངས་ཏེ། །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོཿས་མ་ཡ་ཧོ། ཛཿཧཱུཾ་བཾ་ཧོཿ རང་གི་མདུན་དུ་མངོན་པར་བསམ། །ཞབས་བཀྲུ་ལ་སོགས་བྱས་ནས་ནི། །ༀ་དང་མཱུཾ་གཉིས་རྩེ་སྤྲང་དེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བས། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །དེ་ལ་ཚིག་འདིས་གསོལ་བ་གདབ། །ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ནི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །དེ་ལྟར་ཡེ་ཤེས་དཀྱིལ་འཁོར་དང་། །དམ་ཚིག་དཀྱིལ་འཁོར་མཉམ་སྦྱར་བྱ། །དཀྱིལ་འཁོར་ཀུན་ལ་མཉམ་སྦྱར་ནས། །སྒྱུ་མ་མིག་སྒྱུ་ལྟ་བུར་བསམ། །དེ་ནས་ལྷ་རྣམས་མཆོད་པའི་ཕྱིར། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །བདག་གི་སྙིང་པོ་ས་བོན་ལས། །འོད་ཟེར་མང་པོའི་ཟེར་འཕྲོས་ཏེ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །མཆོད་པའི་ཚོགས་རྣམས་ཀུན་བསྡུས་ཏེ། །བདག་ཉིད་ཀྱི་ནི་ཐུགས་ཀར་ཐིམ། །རྡོ་རྗེའི་ལམ་ནས་བྱུང་ནས་ནི། །བྱང་ཆུབ་སེམས་ཀྱི་དབྱིངས་ཉིད་ནས། །བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། །མཆོད་པའི་ལྷ་མོའི་ཚོགས་སྤྲོས་ཏེ། །རྒྱལ་མཆོག་དཀྱིལ་འཁོར་མཆོད་པར་བྱེད། །དེ་ནས་ལྷ་མོའི་ཚོགས་རྣམས་ཀྱིས། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལ། །དགྱེས་པའི་གླུ་འདི་བླང་བར་བྱ། །ༀ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས། །ཧོཿ ༀ། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོཿ ༀ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་རྫོགས། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ། །ཧོཿ ༀ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་སྤྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་གྲུབ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ། །ཧོཿ ༀ། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཧོཿ ༀ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ། །ཧོཿ དེ་ལྟར་རྒྱལ་བའི་དཀྱིལ་འཁོར་ནི། །བསྐྱེད་པ་ཡོངས་སུ་རྫོགས་བྱས་ཏེ། །སླར་ཡང་བདག་གི་ཐུགས་ཀར་བསྡུ། །དེ་ནས་གསང་བའི་དཀྱིལ་འཁོར་བསྒོམ། །བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། །སྟོངས་དཔྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་བཞུགས་ནས། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱིས་ཡན་ལག་ལྔ་རྫོགས་པས། །མ་ཉམས་འཇུག་ལ་རབ་བརྩོན་ན། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཕྱོགས་དུས་དཀྱིལ་འཁོར་རྫོགས་པ་ཡི། །ཞིང་ཁམས་རྣམ་དག་བསམ་ཡས་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོ་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ནས་ཉེ་བའི་བསྙེན་པ་དང་། །རྒྱ་ཆེན་གསུངས་ལས་དོན་བྱུང་བ། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཉིད་ཀྱིས་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །དེ་ལྟར་རྒྱལ་མཆོག་དཔལ་ལྡན་པའོ། །དཀྱིལ་འཁོར་གསང་བར་བསྒྲུབ་པའི་ཕྱིར། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོ་རིགས་ཀྱིས་དེ་བཞིན་ཉིད། །བྱང་ཆུབ་སེམས་ནི་རྡོ་རྗེ་ཚོགས། །དབང་པོ་ཡུལ་དུས་རིགས་པ་རྣམས། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །བདག་ཉིད་ཆེན་པོ་ལྷག་པ་ཡི། །ཐུགས་ཀྱི་ཡེ་ཤེས་ལྔས་བལྟ་ཞིང་། །སྙིང་པོའི་ཐིག་ལེ་མཉམ་སྦྱོར་བས། །བདེ་བའི་ཡེ་ཤེས་རོལ་མོ་ཡི། །ཡེ་ཤེས་དགྱེས་ལ་མཆོད་པ་འབུལ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མར་རང་སྣང་བ། །རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས། །མ་ལུས་བདག་ཉིད་ཞལ་མཐོང་བ། །དབང་བསྒྱུར་མཆོག་ཉིད་དམ་པ་ཡིན། །དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས། །ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱི་འབྱུང་། །ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མགོན། །སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡི། །བྱ་བྱེད་མེད་པའི་དཀྱིལ་འཁོར་སྤྱོད། །ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་སྐུ་ལྔ་ལྷུན་གྱིས་གྲུབ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདའ་བར་མི་མཛད་དམ་ཚིག་མཆོག །གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །ཉེ་བའི་སྲས་བུ་དགོངས་པར་འགྱུར། །གསང་བའི་ཡེ་ཤེས་སྒོམ་པའི་གནས། །མཁའ་དབྱིངས་དང་བའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་ཡབ་ཡུམ་བསྒོམས། །གང་གི་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཏིང་ངེ་འཛིན་ལས་ལངས་ནས་ནི། །སྤྱོད་ལམ་རྣམ་པ་གར་གནས་ཀྱང་། །སྣང་བའི་དངོས་པོ་སོ་སོ་ནི། །ལྷ་ཡི་དཀྱིལ་འཁོར་ཉིད་དུ་བལྟ། །ཡང་ན་སྒྱུ་མ་ལ་སོགས་ཚུལ། །ཟས་ལ་སོགས་པ་བཟའ་བ་ནི། །རྒྱལ་བའི་བྱིན་རླབས་མངོན་སུམ་དུ། །བདུད་རྩི་ལྔར་ནི་བྱིན་བརླབས་ཏེ། །ལྕེ་ཡི་དབང་པོ་རབ་སྦྱངས་ནས། །ཡེ་ཤེས་དཀྱིལ་འཁོར་ཐུགས་ཀར་ནི། །རྒྱལ་བའི་ཚོགས་རྣམས་ཐིམ་པར་བྱ། །དམ་ཚིག་ཉམས་པ་ཚུལ་བཞིན་བཤགས། །ཡང་ན་རྒྱལ་བའི་དཀྱིལ་འཁོར་གྱིས། །བྱིན་རླབས་ཀྱིས་ནི་རྣམ་པར་སྦྱང་། །སེམས་ཅན་ཐམས་ཅད་མཐོང་བ་དང་། །སྙིང་རྗེ་བྱམས་པའི་སེམས་བསྐྱེད་དེ། །སངས་རྒྱས་ཉིད་དུ་བྱའོ་ཞེས། །སྨོན་པའི་སེམས་ནི་ཁྱད་པར་ཅན། །བློ་ཅན་གྱིས་ནི་རྟག་ཏུ་བྱ། །དེ་ལྟར་དུས་བཞི་ཉིན་མཚན་དུ། །རྣལ་འབྱོར་ཚུལ་ལ་གནས་པ་ཡིན། །བདག་གིས་མི་ཤིས་རྨོངས་ལ་གསང་དོན་དུ། །སྒྱུ་འཕྲུལ་གསང་དོན་སྒྲུབ་ཐབས་འདི་བྱས་ཏེ། །བདག་བློ་ཆུང་བས་ནོར་དང་འཁྲུལ་མཆིས་པ། །འཕགས་པ་མཁས་པ་རྣམས་ལ་བཟོད་པར་གསོལ། །འདི་ལས་དགེ་བ་བདག་གིས་གང་ཐོབ་པ། །འགྲོ་བ་བློ་ཞན་རྣམས་ཀྱིས་ཆོས་རྣམས་ཀུན། །སྟོང་ཉིད་སྒྱུ་མ་ལྟ་བུར་རབ་རྟོགས་ནས། །ཡེ་ཤེས་གཉིས་མེད་སྐུ་གསུམ་ཐོབ་པར་ཤོག །སྒྱུ་འཕྲུལ་དྲྭ་བ་མེ་ལོང་ལྟ་བུའི་སྒྲུབ་ཐབས། རྒྱ་གར་གྱི་སློབ་དཔོན་ཛྙཱ་ན་ཛ་ཡས་མཛད་པའོ། །བྱམས་སྙོམས་གཙུག་ལག་ཁང་དུ་སློབ་དཔོན་བི་མ་ལ་མི་ཏྲས། སློབ་བུ་ཡང་རབ་ཀྱིས་དོན་དུ་གསང་བ་སྙིང་པོ་དང་བསྟུན་ནས་བསྒྱུར་ཅིང་གཏན་ལ་ཕབ་པ་རྫོགས་སོ།། །།སརྦ་མངྒ་ལཾ།།