Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
   
ཕྱག་རྒྱ་བསམ་གཏན། བི་མ་ལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་རྒྱ་བསམ་གཏན། བི་མ་ལ།next

ཕྱག་རྒྱ་བསམ་གཏན། བི་མ་ལ།

ཕྱག་རྒྱ་བསམ་གཏན་བཞུགས་སོ། །རྡོ་རྗེ་སེམས་ལ་ཕྱག་འཚལ་ནས། །རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེ། །འཇུག་དང་དམིགས་པ་ལས་འདས་པའི། །བསམ་གཏན་བསྡུས་པ་འདི་བཤད་དོ། །སྒྱུ་འཕྲུལ་དྲྭ་བའི་དབང་བསྐུར་བའི། །རྒྱུད་དང་བདེན་པའི་དབང་ཐོབ་པའི། །སྔགས་དང་བློ་ལྡན་དབེན་དཀའ་བས། །སྔོན་དུ་བྱ་བ་ཀུན་བྱས་ཏེ། །བར་ཆད་རྣམ་གསུམ་མེད་པའི་གནས། །རྙེད་ནས་ཅིག་པུར་གནས་པར་བྱ། །རང་གི་གཟུགས་བརྙན་མདུན་བཞག་ལ། །སློབ་དཔོན་རྒྱལ་པོ་རྡོ་རྗེ་ཆོས། །ཟླ་བ་རྫ་ཡིས་སྤྱན་དྲངས་ཐིམ། །བདུག་སོགས་མཆོད་དེ་ཐལ་སྦྱར་ལ། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་བསྟོད། །མངོན་སྦྱར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུའི་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པ་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །མཆོག་གསུམ་རྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་གསོལ། །ཚེ་རབས་བསྒྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་མཆོག་ཏུ་བསྔོ། །སྒྲུབ་རྫས་པདྨའི་འབྲུས་སྦྱངས་ལ། །ཟླ་འབྲུའི་སྟེང་དུ་ཧྲི་ཟིན་པར། །ཧྲི་ཡིས་ནམ་མཁའི་བདུད་རྩི་དབབ། །སྔགས་བཟླས་བདུད་རྩི་བསྐྱིལ་བར་བྱ། །ༀ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ་ཧྲཱིཿཋཱ། དངོས་རྣམས་ཉིད་ན་དངོས་མེད་པར། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །དེ་བཞིན་ཉིད་དུ་གསལ་བརྟན་ནས། །བསྐྱེད་པའི་ཕྱག་རྒྱ་རིག་པ་ཉིད། །ཨ་མ་སྦྱར་ཏེ་བརྟན་པ་དང་། །འོད་འཕྲོས་དོན་བྱས་བྱིན་བརླབས་ཏེ། །གང་བའི་ཉི་ཟླ་པདྨོར་བཅས། །བརྟན་པས་གཞལ་ཡས་རང་གི་སེམས། །སྔོན་པོ་ཧཱུྃ་ཉིད་རིག་པའི་དངོས། །དབྱིངས་ལ་དབྱིངས་ཀྱིས་བྲིས་པས་ཏེ། །གཟུགས་དང་བྲལ་བས་ཁ་དོག་མེད། །འོད་ཀྱི་ཕྱོགས་ཀུན་སེམས་སུ་བྱས། །སླར་འདུར་ལྟ་བར་བཅས་པར་གྲོལ། །རྣམ་ལྔས་རྫོགས་པའི་ཕྱག་རྒྱ་ཡིན། །བརྟན་ནས་ཁམས་གསུམ་སྐུས་བཀང་སྟེ། །དྲིལ་བུ་ཐབས་དང་ཤེས་རབ་སྐུ། །ཞབས་གསུམ་ཕྱག་དྲུག་ཡང་ན་གཉིས། །ཤུ་ཛྙ་ཏ་སོགས་བརྒྱད་པའི་སྔགས། །རྫོགས་པའི་ཚུལ་དུ་རྫོགས་དབང་བསྐུར། །ཟླ་སྟེང་སྒོ་གསུམ་གསལ་བའི་འབྲུ། །བསྡུ་བའི་སྦྱོར་བས་རླུང་བསྡུས་ཏེ། །དངོས་པོ་སྒོ་གསུམ་ཕྱག་རྒྱ་གསུམ། །དཀར་དམར་མཐིང་ག་དཀྱིལ་ཡི་གེ། །ཕྱོགས་བཅུ་ཁྱབ་པའི་ཧཱུྃ་འོད་ཟེར། །སྒྲས་བསྐུལ་ཐམས་ཅད་རྡོ་རྗེ་བཞེངས། །རྩེ་མོ་ལྕགས་ཀྱུས་སྤྱན་དྲངས་ལ། །ཨེ་ཧ་ཧི་ཞེས་དགུགས་སྟེ་བསྟིམ། །ཧཱུྃ་ཛ་སྤོ་ཏ་ཧོ་ཡིས་བཞུག །མཆོད་དེ་རྡོ་རྗེའི་ཟླས་པ་བྱ། །ཁམས་གསུམ་དབང་ཕྱུག་མུན་གནས་ལ། །སྤྲོ་བ་གསུམ་གྱིས་གསལ་གདབ་བསྐུལ། །རྡོ་རྗེ་གསུམ་དངོས་འདུས་པས་སྟིམ། །རྡོ་རྗེ་ཆོས་ཀྱི་གཞི་འདྲར་འགྱུར། །ཟླ་དྲུག་དེ་བཞིན་ལོ་ཟླ་བཞི། ། རིག་པའི་བརྟུལ་ཞུགས་ལ་གནས་ཏེ། །བརྩོན་འགྲུས་ཡུ་བ་བཅད་པ་བཞིན། །རྡོ་རྗེ་ཉིད་འགྱུར་ཐེ་ཚོམ་མེད། །དབང་པོ་རྣམ་གཉིས་བྱིན་བརླབས་འཁྱུད། །རྡོ་རྗེ་ཁུ་བས་མཁའ་གང་སྟེ། །ཐིག་ལེ་བ་སྤུའི་བུ་ག་ནས། །འདོད་པ་དྲུག་དང་ཚིམ་པ་བཞིན། །སྤྲོས་ནས་མ་ལུས་བདག་ཉིད་མཉེས། །པུ་ཙ་བཛྲ་སྔགས་ཀྱིས་ཐོབ། །དེ་བཞིན་མཉམ་པའི་བསྒྲུབ་རྫས་དག །ཡེ་ཤེས་བདུད་རྩིས་ཐིམ་པར་དབུལ། །དངོས་པོ་འབྲུ་གསུམ་བླངས་ནས་སུ། །རྡོ་རྗེ་ལྕེ་གཞག་དངོས་གྲུབ་གྱུར། །ༀ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་རྫོགས་ཧོ། །ༀ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ། ༀ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ཤེས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོ། ༀ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོ། །ༀ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་གདུལ་ཕྲན་སྙེད། །སྤྲུལ་པ་རྡུལ་བྲལ་བསམ་ཡས་ཀྱིས། །སྐད་ཅིག་ཉིད་ལ་ལྷུན་གྱིས་གྲུབ། །ཧོ། ༀ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱི་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ། ཧཱུྃ་བཛྲ་དྷྲཱིག །མུཾ་ད་དུ་ཤྭ་རི་སྟཾ། སྤྱོད་ལམ་རྣམ་པ་གསུམ་དུ་ཡང་། །འབད་དེ་ཡེངས་བ་མེད་སེམས་ཤིང་། །སྤྱོད་ཡུལ་མཚན་ཉིད་ཐམས་ཅད་ལ། །ཐིག་ལེའམ་ཡང་ན་ལྷ་མོ་དྲུག །ཉིད་དུ་སྦྱོར་བ་མཐོང་ཐོས་མེད། །དམིགས་རྒྱུ་ལ་སོགས་མཚན་མ་ལྔ། །བསྟན་པས་ཉེས་པའི་རྩ་བ་མེད། །འདྲི་ཆོག་དཀྱིལ་འཁོར་བྲི་ལ་སོགས། །སྐབས་འདིར་གགས་ཡིན་སླང་མི་བྱ། །དེ་ལྟར་གོམས་རྟོགས་རིགས་མཆོག་དེས། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །རིག་འཛིན་ས་ལ་གདོན་མི་ཟ། །རྒྱུད་ལས་རྨོས་པའི་ཡོན་ཏན་རྣམས། །ཚེ་འདིས་མངོན་དུ་གྱུར་པ་ཡིས། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། །ཡི་གེ་འཁོར་ལོ་ཚོགས་ཆེན་མཉེས། །འདི་ལྟར་བསྒྲུབས་ཤིང་སྒོམ་བྱས་ན། །འབྲས་བུ་མངོན་དུ་མ་བྱུང་ཡང་། །ཚེ་རབས་སྐྱེ་བ་ཐམས་ཅད་དུ། །ལས་ངན་ཀུན་ཏུ་སྐྱེ་མི་འགྱུར། །ཐེག་པ་དམན་པར་ཡོང་མི་སྐྱེ། །བདེ་གཤེགས་འབྱུང་དང་སྐོལ་མི་འགྱུར། །སྡུག་བསྔལ་ཐམས་ཅད་ཡོང་མི་འབྱུང་། །ལྷ་མི་མཚན་རྫོགས་ཡོངས་སུ་འགྲུབ། །མཐར་ནི་སྐྱེ་མེད་རྡོ་རྗེའི་སར། །འགྲུབ་གྱུར་ཐེ་ཚོམ་མེད་ཅེས་བཤད། །སྒྱུ་འཕྲུལ་ཕྱག་རྒྱ་བསམ་གཏན་རྫོགས་སོ།། །།རྒྱལ་བ་ཀུན་ཏུ་བཟང་པོའི་སྒྱུ་འཕྲུལ་ལས། །ངང་པས་འོ་མ་བླངས་པའི་དཔེ་བཞིན་དུ། །རབ་འབྲིང་ཀུན་གྱིས་ཉམས་སུ་བླང་བའི་ཆོས། །གབ་སྦས་མངོན་དུ་བྱུང་བའི་མན་ངག་འདི། །འཕངས་མེད་སེར་སྣ་སྤངས་ལས་མ་རྟོགས་པ། །དམ་མེད་ཆགས་པའི་འཁོར་དང་མ་ཕྲད་ཅིག །སློབ་དཔོན་བི་མ་ལས་མཛད་པ་རྫོགས་སོ།། །།


previousཕྱག་རྒྱ་བསམ་གཏན། བི་མ་ལ།next