Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
   
   
སྤྱོད་ཡུལ་སྦྱོང་བའི་བསམ་གཏན། སློབ་དཔོན་བི་མ་ལ་མི་ཏྲ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྤྱོད་ཡུལ་སྦྱོང་བའི་བསམ་གཏན། སློབ་དཔོན་བི་མ་ལ་མི་ཏྲ།next

སྤྱོད་ཡུལ་སྦྱོང་བའི་བསམ་གཏན། སློབ་དཔོན་བི་མ་ལ་མི་ཏྲ།

ཙ ར དེ ཤ ཤོ དྷ ན སྱ དྷྱཱ ནཱ མ བི ཧ ར ཏི སྨ། །
སྤྱོད་ཡུལ་སྦྱོང་བའི་བསམ་གཏན་ཞེས་བྱ་བ་བཞུགས་སོ། །
རྒྱལ་མཆོག་ཉིད་ལ་ཕྱག་འཚལ་ནས། །སྤྱོད་ཡུལ་སྦྱོང་བའི་བསམ་གཏན་བཤད། །ལྟ་སྒོ་བསྡུར་དང་དོན་ལ་བསྒོམ། །རྣམ་རྟོག་བཅོས་དང་སྤྱོད་ལམ་སྦྱང་། །མ་ནོར་ཕ་ལ་མཉེས་པས་ཞུ། །དགོན་པའི་ཐ་མར་གནས་པར་བྱ། །ཡང་དག་ལྟ་བ་ཇི་ལྟར་བཙལ། །མ་ནོར་དོན་ཉིད་གང་ལགས་གསུངས། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །རང་རྒྱུད་ཡོར་པོར་ཡོད་མ་ཡིན། །དེ་བཞིན་རྟག་དང་ཆད་པར་སྨིན། །ཆོས་སེམས་ཕྲ་ཞིང་ཟབ་ཡོད་མིན། །འཁྲུལ་པར་མཐོང་བ་འཁྲུལ་པ་ཉིད། །དོན་དམ་ཀུན་རྫོབ་རིས་མ་ཡིན། །འོ་ན་སེམས་ཀྱི་མཚན་ཉིད་ཅི། །ཕོ་མོ་མ་ཡིན་མ་ནིང་མིང་། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །གནས་སུ་མ་ཡིན་གང་ཡང་མིན། །དཔེར་ན་གསེར་ལ་བཟོས་བསྒྱུར་བཞིན། །སེམས་ཉིད་སྣ་ཚོགས་པར་སྣང་བས། །ཕྱི་རོལ་རྫས་ཡོད་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག །དེ་ཕྱིར་སྣང་བ་ཡེ་ཤེས་ཀྱི། །དཀྱིལ་འཁོར་ངང་ལ་འཁོར་བ་མེད། །དེ་ཉིད་རང་རྒྱུད་མ་ཡིན་པས། །ཡེ་ཤེས་བདེན་པ་གཉིས་སུ་མེད། །རྒྱུ་དང་འབྲས་བུ་ཀུན་རྫོབ་དང་། །དོན་དམ་རྣམ་བཞིར་རང་བཞིན་དག །མིན་ལས་ཡིན་པར་བསྒྱུར་མིན་པ། །མཐོང་བས་སྤྱོད་ཡུལ་དག་པར་འགྱུར། །དེས་ན་འཁོར་དང་མྱ་ངན་འདས། །གཉིས་པར་ངེས་པའི་རྒྱུད་མེད་དེ། །དེས་ན་སྐྱོན་གཉིས་འབྱུང་བར་འགྱུར། །གང་ཟག་མཐོང་བའི་དོན་མེད་པ། །དགོན་པའི་དབེན་ལམ་གང་སྤྱོད་པ། །མུན་པའི་ཁམས་སུ་ལྟུང་བར་འགྱུར། །དེས་ན་ཐོགས་མ་རྟོགས་པ་གཅེས། །ཡང་དག་མཐའ་བྲལ་ཡོད་མེད་མིན། །རྟག་མེད་ཆད་མེད་འགྲོ་འོང་མེད། །སྐྱེ་མེད་འགག་མེད་མཐའ་རྣམས་མེད། །མེད་པ་མེད་དེ་སྙིང་པོའི་དོན། །རྣམ་རྟོག་མུན་པར་སྦྱང་ཕྱིར་དང་། །མ་ནོར་དོན་ལ་བསྒྲུབ་ཕྱིར་དུ། །དེ་ཡིས་དེ་ཚེ་དེ་ལ་འཇུག །དེ་སྔོན་བྱ་བ་རྫོགས་བྱས་ཏེ། །སེམས་བསྐྱེད་སྒྲིབ་སྦྱང་བསོད་ནམས་བསགས། །ཕན་ཚུན་འབྲེལ་ཆགས་བསལ་བར་བྱ། །དབང་རྫོགས་མཉེས་བྱས་གདམས་དག་ཞུ། །བར་ཆད་བསྲུང་བའི་ལས་རྫོགས་བརྩམ། །ཆ་རྐྱེན་གྱུར་པ་ཀུན་བསྡུ་འོས། །དེ་ནས་ཕྱི་ནང་འབྲེལ་བ་རྣམས། །དཔག་ཚད་དུ་མས་བཤུགས་ཏེ་སྤང་། །བཀྲ་ཤིས་ལོ་རྒྱུས་ཡོད་པའི་གནས། །དགོན་པ་བཙལ་ཏེ་འདུག་པ་ཡང་། །ཁམས་བསངས་སི་པར་སྟན་ལ་འདུག །ཐུན་མོང་བུ་ལ་ཐག་མི་བཅད། །དོན་བཞི་འདོད་ཕྱིར་རྣལ་འབྱོར་བརྩམ། །བློ་གྲོས་སྲོག་ཤིང་ལྡན་པར་བྱ། །སྒོམ་པ་པོ་ཡི་དམ་ཚིག་ནི། །རྗེས་འཇུག་རྣམས་ཀྱིས་མིག་མི་དགག །ལོང་ཚོགས་ཕལ་པས་དཔྱད་མི་བྱ། །ཁྱུང་ཆེན་གཤོག་པ་ཡ་བྲལ་བཞིན། །ཐབས་དང་ཤེས་རབ་བྲལ་བ་བཞིན། །མི་འགྲུབ་ཕྱིར་ན་ཕྱག་རྒྱ་བཙལ། །ཡང་ན་ལུང་བསྟན་ཉིད་ལ་བསྡད། །བྱང་ཆུབ་འབྲས་བུ་སྟོབས་ཆེ་ཞིང་། །བདེ་གཤེགས་དམ་པ་མཉེས་འགྱུར་ལ། །བཀའ་ཡི་ཡོ་གལ་གཞུང་སྲོང་ན། །ཁ་ན་མ་ཐོས་ཕོག་ཀྱང་བླ། །ལས་ཀྱི་འབྲེལ་བའི་དབང་མི་གཏང་། །དེ་སྲོང་དེ་ནི་རྒྱལ་བའི་སྲས། །དེ་ནས་རྣལ་འབྱོར་ཆེ་སྤྱོད་པས། །རྗེ་བཙུན་རྣམ་སྣང་བཞིན་གནས་ཏེ། །སྤྱི་ཡུད་བརྟེན་པའི་ལེ་ལོ་སྤང་། །གདམས་ངག་སྟེང་དང་འོག་གི་སྒོ། །རྗེས་ཐོབ་མངོན་ཐོབ་བསམ་པར་བྱ། །རྒྱས་པར་གཞུང་ཉིད་ཤེས་པར་བྱོས། །ཡང་ནས་ཡང་དུ་བསླབས་བྱས་ཏེ། །བློ་གྲོས་ངེས་པས་གྲོལ་མཐའ་བལྟ། །ཐོས་པས་གྲོས་ཀྱིས་ཆོད་གྱུར་ནས། །ཡིད་ཀྱི་གླང་པོ་བསླན་བྱས་ཏེ། །དྲན་པའི་ཐག་པས་བཅིང་བར་བྱ། །ཡིད་ཀྱི་མེ་ལོང་བལྟ་བར་བྱ། །ཉིན་མཚན་ཐུན་ཚོད་བརྒྱད་ཀྱི་མཐའ། །བཟུང་སྟེ་ཐུན་གྱི་སུམ་ཆ་ནས། །ཕྱེད་བར་རངས་ལ་རིམ་བཞིན་བསླབ། །ཤིན་ཏུ་གསལ་བྱས་ལོངས་ནས་ནི། །དལ་བུ་དལ་བུས་བཏང་བྱས་ཏེ། །མ་བསྒྲིབས་ཆོས་སྤྱོད་ཅི་ནུས་བརྩམ། །དེ་ནས་མཁས་པས་མངོན་བཞིན་འཇུག །མ་སུན་ཐུན་ཚོད་གྱེན་དུ་སྤར། །ཉིན་མཚན་ཕྱེད་པའི་བར་དུ་གནས། །ཐམས་ཅད་རང་སེམས་གཉིས་མེད་པས། །གསལ་ལ་མི་གཡོ་ཟུང་དུ་འབྲེལ། །ཡེ་ཡིན་དེ་ཡིས་གྱུར་པར་ཟད། །རིམ་གྱིས་སྦྱངས་ལ་ཅིག་ཆར་བགྲོད། །ཤིང་ཐོག་མ་ལི་ཀ་འབྲས་བཞིན། །ཁད་དང་རིམ་གྱིས་སྨིན་འགྱུར་བ། །སྤྱི་ཡུད་ལྟ་བ་ཁ་མཉམ་ལ། །བལྟས་པའི་ང་རྒྱལ་བྱ་བ་མིན། །དེ་ཚེ་རྟོག་པ་ཕྱིན་ཅི་ལོག །སྔོན་ནས་ཞེན་པའི་མཐའ་ལྡང་དང་། །ཡང་དག་ཞེན་པའི་རྟོག་པ་རྣམས། །ཆེད་དུ་བྱེད་ཅིང་སྣང་བར་འགྱུར། །དམིགས་པ་བརྗེད་དང་ལེ་ལོ་དང་། །དོགས་དང་བྱིང་རྒོད་རྩོལ་མ་རྩོལ། །གཅིག་གཉིས་བདུན་དང་གསུམ་གསུམ་དང་། །རེ་རེ་འབྱུང་བ་མཐོང་བའི་ཚེ། །གཉེན་པོ་བརྒྱད་བརྟེན་བཏང་བར་བྱ། །ཡང་ན་ཚོར་ནས་དེ་ཉིད་ཀྱི། །བྱུང་ཚུལ་གནས་དང་མཚན་ཉིད་བརྟག །བཀག་པ་མེད་པར་ཞི་བར་འགྱུར། །སེམས་མཐའི་འདྲིས་པས་རང་བཞིན་ཆེ། །འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་དང་། །ཡང་དག་དྲན་པས་འབྲལ་མི་བྱ། །ཉིན་མཚན་བཟང་ངན་ཅི་མཐོང་ཡང་། །བྱེ་དྲག་ངེས་པའི་སེམས་མི་བྱ། །གཙང་དང་སྨེ་བའི་བློ་རྟོག་བོར། །སྙན་དགའ་མི་སྙན་མི་དགའ་དང་། །དེ་བཞིན་བསྟོད་སྨད་གྲགས་མ་གྲགས། །རྙེད་དང་མ་རྙེད་ཆོས་བརྒྱད་པོ། །ཐམས་ཅད་རིང་དུ་བཏང་བར་བྱ། །བསམ་གཏན་གྲོགས་དང་འཆལ་གཏམ་དང་། །མཚན་མའི་སྤྱན་རས་སྤང་བར་བྱ། །བརྩོན་འགྲུས་ཡུ་བ་བཅད་པ་དེས། །རིང་ཉམས་ལོན་ནས་སྒྲིབ་པའི་ཆོས། །ཇི་ལྟར་གསེར་སྦྱངས་འཚེར་བ་དང་། །བཀྲུ་བཅག་འཇེམ་པའི་ཁ་དོག་ལྟར། །གཉིས་ཀྱི་མུན་པ་རིམ་སྤངས་པས། །དྲོད་དང་རྟགས་དང་ཆོ་འཕྲུལ་དང་། །མངོན་ཤེས་ཡེ་ཤེས་ཆེན་པོ་རྣམས། །གསུམ་གསུམ་བཞི་དང་རྣམ་དྲུག་དང་། །ཐ་མ་གཅིག་གིས་ཡོངས་སུ་རྫོགས། །མཚན་མའི་རྨི་ལྟས་སྐབས་སུ་འབྱུང་། །གསང་ཐུབ་དངོས་གྲུབ་མི་ཡལ་བས། །གསུང་གི་རྒྱུན་ལམ་བསྡམ་པར་བྱ། །དེ་དག་བལྟ་ཞིང་དྲི་བར་བྱ། །དེ་ལའང་དེ་བཞིན་ནན་ཏན་བྱ། །འབད་ཅིང་རྩོལ་བས་བསྡུ་མཉེས་བྱ། །བླ་མ་ཚད་མར་མ་གྱུར་ཅིང་། །དབང་ནོད་ཆུ་བོ་བཀའ་ཆག་པས། །དམ་པའི་མཛོད་མེད་ཁེ་གྲགས་གཉེར། །སྙིང་རྗེ་མ་དང་བྲལ་མི་བསྟེན། །ཕྱི་ནང་གཡེང་བས་གཡེང་བཅོས་ན། །རླུང་ལ་རླུང་འཛོམ་ཇི་ལྟའི་ཕྱིར། །ནམ་ཡང་གྲོལ་བར་མི་འགྱུར་ཏེ། །ཨེ་མའོ་ཨེ་མ་འདི་ཇི་ལྟ། །དེ་བས་མཛོད་དང་དྲོད་ལྡན་ཞིང་། །ཆུ་བོ་རྒྱུན་ལྡན་སེམས་ཡོད་ལ། །ལུས་སྲོག་བྱ་བས་གཅལ་བྱས་ཀྱང་། །མ་ཆེས་ཕྱིར་ན་ཡོ་བྱད་ལྔ། །སྤྱོད་ལམ་རྒྱུན་གྱིས་དགྱེས་པ་བསྐྱེད། །སྙིང་གི་སྙིང་དུ་ནན་ཏན་བྱ། །གསེར་ལ་ནག་ཚུལ་ཇི་བཞིན་ཕྱིར། །དོན་ལྡན་དཔའ་བོ་བསྟེན་པ་གཅེས། །སྐྱོན་ཅན་ཁ་འཕྲུལ་སྤ་ལོ་བྱེད། །སེར་སྣས་ནོར་མཆོག་མི་གཏོང་ཞིང་། །ཐབས་དང་གཡོ་སྒྱུས་མན་ངག་འདྲུ། །ཡང་ན་འབྲེལ་བལྟས་མཉེས་མི་བྱ། །བཅུད་པོར་མན་ངག་འདོར་བ་དང་། །ཚིག་འགའ་རྙེད་ན་སྤེལ་བྱེད་ཅིང་། །ཟང་ཟིང་ཁེ་གྲགས་གཉེར་བ་ལ། །ནམ་ཡང་བསྟན་པར་མི་བྱ་སྟེ། །བསྟན་ན་དེ་དང་དེར་ལྟུང་འགྱུར། །ཚིག་ཚོགས་རྒྱ་མཚོ་མ་བཤད་ཀྱང་། །མན་ངག་འདི་སྟེར་བླ་མ་ལ། །སྙིང་གི་སྙིང་དུ་ནན་ཏན་བྱ། །དེ་ལྟར་མན་ངག་འདི་ཡང་བཅང་། །སྤྱོད་ཡུལ་སྦྱོང་བའི་བསམ་གཏན་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ། །ཆོས་འདི་བསྒོམ་ཆེན་མི་ནུས་པ་ལ་མི་སྦྱིན། འདི་ལས་ཟབ་པ་མེད་དོ། །འགྲེལ་པ་རྨ་རིན་ཆེན་མཆོག་གིས་མཛད་པ་ཡོད་པར་སྣང་ངོ་།། །།


previousསྤྱོད་ཡུལ་སྦྱོང་བའི་བསམ་གཏན། སློབ་དཔོན་བི་མ་ལ་མི་ཏྲ།next