Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
   
   
   
   
   
གཏོར་མའི་ལུང་སློབ། དཔོན་པདྨ་འབྱུང་གནས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏོར་མའི་ལུང་སློབ། དཔོན་པདྨ་འབྱུང་གནས།next

གཏོར་མའི་ལུང་སློབ། དཔོན་པདྨ་འབྱུང་གནས།

བ ལིཾ ཏཱ ག མ ནཱ མ བི ཧ རཾ། །
གཏོར་མའི་ལུང་ཞེས་བྱ་བ་བཞུགས་སོ། །
བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དོན་དང་བྲལ་བའི་འཇིག་རྟེན་པས། །སྣང་སྲིད་བདེ་བའི་ལོངས་སྤྱོད་ལ། །ཆགས་པར་སྤྱོད་པས་འཁྱམས་པ་རྣམས། །འདི་ལྟར་སྤྱོད་ན་གྲོལ་ཞེས་བཤད། །ལྟ་བ་བྱིན་རླབས་བསྐྱེད་པ་དང་། །སྤྱན་དྲངས་མཆོད་དང་རོལ་པ་དང་། །ལྷག་མའི་ལས་དང་བསྔོ་བ་བརྒྱད། །རྒྱུན་དུ་མི་གཏོང་རྣལ་འབྱོར་ཡིན། །དབང་པོ་ཡུལ་དུས་རྣམ་ཤེས་ཀུན། །ཤེས་རབ་ཐབས་སྦྱོར་ཡེ་སངས་རྒྱས། །འབྱུང་བ་ཡུམ་གྱི་མཁའ་ཀློང་ལས། །སྤྲུལ་པ་རང་བྱུང་ལོངས་སྤྱོད་ལྷ། །བྱང་ཆུབ་སེམས་ཀྱི་ཀློང་བརྡལ་བས། །གཉིས་མེད་གཅིག་པའི་ལོངས་སྤྱོད་ཡིན། །ལྟ་བ་འདི་ལ་གང་གནས་པ། །སངས་མ་རྒྱས་པ་གཅིག་ཀྱང་མེད། །དང་པོ་ལོངས་སྤྱོད་ཀུན་ལྡན་པས། །བདག་ཉིད་ལུང་གི་ཁྲག་འཐུང་ལས། །ཡིག་འབྲུ་གསུམ་འཕྲོས་ཐིམ་ཙམ་གྱིས། །སྦྱང་བར་སྔགས་ཀྱི་མཁའ་གང་བའོ། །བདག་ཉིད་ཁྲག་འཐུང་གསལ་བ་ལས། །ལྟོ་བ་བྷྲཱུྂ་ལས་གཞལ་ཡས་ཁང་། །རིམ་པ་ལྔ་ཡི་དཀྱིལ་འཁོར་ལྷ། །མ་བསྐྱེད་རྫོགས་པའི་ཚུལ་གྱིས་བསྒོམ། །ས་མཱ་ཛཿཡི་ཕྱག་རྒྱ་ཡིས། །འབར་དེས་འཕགས་པ་འཁོར་དང་བཅས། །ནམ་མཁའི་ཁམས་ཀུན་གང་བར་དམིགས། །དེ་ཉིད་ཐིག་ལེའི་ཚུལ་དུ་བསྒོམ། །རིམ་པ་བཞིན་དུ་སྤྲོས་ཏེ་སྦྱངས། །སྔགས་ཀྱི་ལྷ་མོ་རིམ་པ་བཞིན། །ཤེས་རབ་ཐབས་ཚུལ་མཉེས་པར་མཆོད། །བླ་མེད་དངོས་གྲུབ་གསོལ་བར་བསམ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨ་མྲྀ་ཏ་ཧཱུྃ། ༀ་བ་ལིནྟ་ཁ་རམ་ཁ་རཾ་ཌ་ཀི་ནི་ཁ་རཾ་ཡོ་གཱི་ནཱི། ཌཾཥྚ་ཏ་ཐ་ག་ད་ཨ་ལ་ལ་ཧོཿ ཞེས་རྒྱས་པར་མཆོད་དོ། །དེ་ནས་བདག་ཉིད་མཉམ་གཞག་པས། །རྣམ་གསུམ་ཚུལ་གྱིས་རོལ་བར་བྱ། །བདག་ཉིད་རང་གི་ལྷ་མཉེས་པས། །མཆོད་སྦྱིན་ཡིན་ཏེ་དངོས་གྲུབ་བོ། །བདག་ཉིད་མཉམ་བཞག་ཌཱ་ཀྐིའི་རྒྱས། །མ་ཚོགས་དབང་ཕྱུག་དམ་ལ་བསྡུ། །སྔགས་འདིས་མཆོད་ལ་ཕྲིན་ལས་བཅོལ། །རང་གི་གནས་སུ་ལས་ལ་བཀྱེ། །ༀ་ཌཱ་ཀི་ནཱི་ཨ་གརྟ་ཡ། ཨ་གརྟ་ཡ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། པྲ་བྲེ་ཤ་ཡ། པྲ་བྲེ་ཤ་ཡ། བྷནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། མོ་ཧ་ཡ་མོ་ཧ་ཡ། སརྦ་བཛྲ་ཌཱཀྐི་ནི་ནཱན་ཎྲྀ་ད་ཡ་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ཌཱ་ཀི་ནི་ཧཱུྃ་ཛཿ ཞེས་པ་དང་། བཛྲ་ཌ་ཀི་པྲ་ཏིཙྪ་མ་མ་བ་ལིནྟ་ཧཱུྃ་ཕཊ་ཁཱ་ཧི། ༀ་ཧཱུྃ་ཏྲྃ་ཧྲིཿཨཱཿ ཞེས་ཐིམ་པར་མཆོད་དོ། །ཕ་མ་ལ་སོགས་འགྲོ་དྲུག་ལ། །ཚད་མེད་གཏོར་མ་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཐམས་ཅད་མྱུར་དུ་འཚང་རྒྱ་ཤོག །ༀ་སརྦ་པྲེ་ཏ་ནན། ཨ་མྲྀ་ཏེ་ཧཱུྃ། ཞེས་བྱམས་པ་དང་སྙིང་རྗེར་དམིགས་ལ། །ཅི་འདོད་པ་འབྱུང་བར་བསམ་ཞིང་གཏོར་རོ། །ཕྲིན་ལས་བཅོལ་བ་ནི། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཞིང་བཅུ་རྡུལ་དུ་རློག །རྣལ་འབྱོར་པའི་བསམ་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཡ་ཧི་གཙྪ་ༀ་བ་ལིནྟ་ཏེ་ཛོ་བ་ལཱི་ནི་བ་ལ་བ་དྱ་གུ་ཧྱ་ས་མ་ཡ་སྭཱ་ཧཱ། རྣལ་འབྱོར་ལོངས་སྤྱོད་གོལ་བའི་ཕྱི་རབས་ལ། །མ་སྤངས་རོལ་པས་འབྲས་བུ་ལྷུན་གྲུབ་པ། །ཡི་དམ་ཟ་མའི་ཚོགས་གཏོར་འདི་བསྟན་པས། །ཀུན་གྱིས་རྡོ་རྗེ་འཆང་གི་གྲལ་ཐོབ་ཤོག །གཏོར་མའི་ལུང་རྫོགས་སོ། །ཞེས་པ་འདི་ནི་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་གཏོར་མའི་རིམ་པའོ། ༈ །ཟ་ཚོགས་གཏོར་མའི་ལུང་ཞེས་བྱ་བ་བཞུགས། རྒྱ་གར་སྐད་དུ། བ་ལིཾཀྲ་མ་ནཱ་མ། བོད་སྐད་དུ། གཏོར་མའི་རིམ་པ་ཞེས་བྱ་བ། །དབལ་ཚོགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །སྤྱི་དཔལ་ཚོགས་གཉིས་རྫོགས་པའི་བདག་པོ་ལ། །བཏུད་ནས་ལོངས་སྤྱོད་དངོས་པོར་ཞེན་པ་རྣམས། །བསམ་པ་དག་པར་སྦྱངས་ཤིང་མཆོད་རོལ་བས། །གྲོལ་ཕྱིར་ཟ་ཚོགས་གཏོར་མའི་ལུང་འདི་བསྟན། །ལྟ་བ་བསྐྱེད་དང་བྱིན་རླབས་དང་། །སྤྱན་དྲངས་མཆོད་དང་རོལ་པ་དང་། །ལྷག་མའི་ལས་ལ་བསྔོ་བ་རྣམས། །རྒྱུན་དུ་གཏོང་ན་རྣལ་འབྱོར་ཡིན། །ཕུང་པོ་འབྱུང་བ་ལྔ་སོགས་ཀུན། །ཤེས་རབ་ཐབས་སུ་ཡེ་སངས་རྒྱས། །འབྱུང་བ་ཡུམ་གྱི་མཁའ་ཀློང་ལས། །རང་བྱུང་ལོངས་སྤྱོད་ཆེན་པོའི་ལྷ། །བྱང་ཆུབ་སེམས་ཀྱི་ཀློང་བརྡལ་བས། །གཉིས་མེད་བདེ་བའི་ལོངས་སྤྱོད་ཡིན། །རྟོག་པ་དེ་ཡི་ངང་ཉིད་ལས། །གང་ཡིན་སྐུ་དེ་གསལ་བར་བསྐྱེད། །གསང་གནས་དང་པོ་འོད་ཟེར་གྱིས། །དབང་བསྐུར་བྱིན་བརླབས་དཀྱིལ་འཁོར་བསྐྱེད། །དེ་ཡང་གཙོ་འཁོར་སྒོ་བར་བཅས། །བསྐྱེད་རྫོགས་ཆེན་པོའམ་གང་བདེར་གསུངས། །ལོངས་སྤྱོད་ཆེན་པོ་བཀྲམ་པ་ལ། །གསང་བའི་ཡི་གེ་འབྲུ་གསུམ་པོས། །སྦྱངས་པས་ལྷ་མོས་མཁའ་གང་བའོ། །ༀ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་དྱ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། དེ་ནས་གསང་བའི་འོད་ཟེར་གྱིས། །གྲུབ་པའི་དཀྱིལ་འཁོར་རབ་བཀུག་ནས། །མདུན་དུ་བཞུགས་ཤིང་གསལ་བར་བྱ། །དེ་ཡང་སྟོང་གསུམ་བདེ་བའི་ཀློང་། །འདོད་ཡོན་རྫོགས་པའི་ལྷ་མོ་རྣམས། །དགྱེས་མདངས་རོལ་པའི་ཚུལ་ཉིད་ཀྱི། །གཉིས་མེད་བདེ་བའི་མཆོད་པས་ཐིམ། །དེ་ཡང་ཆགས་མེད་བདེ་བའི་ངང་། །ༀ་ཨཱཾ་ཧཱུྃ་ཏྲཱྃ་ཧྲཱིཿཧཱ། བུདྡྷ་བ་ལིནྟ་ཁ་རཾ་ཌཱ་ཀི་ནི་བ་ལིཾ་ཏ་ཁ་རཾ་ཡོ་གི་ནཱི་བ་ལིཾ་ཏ་ཁ་རཾ་དཾཥྚ་བྷ་ག་ཝཾ་ཨ་ལ་ལ་ཧོཿ དེ་ནས་བསྙེན་པའི་དཀྱིལ་འཁོར་དེ། །བསྐྱེད་པའི་གནས་སུ་ཐིམ་པར་བསམ། །བདག་ཉིད་ཆེན་པོའི་དཀྱིལ་འཁོར་དེས། །རྣམ་གསུམ་ཚུལ་གྱིས་ཟས་ལ་རོལ། །སྐྱོན་མེད་འོད་ཀྱི་མཆོད་པ་དེ། །ཐིམ་པས་འབར་ཞིང་ཉོན་མོངས་ཞིང་། །ཐལ་བ་མི་གཙང་གཏོར་མར་བྱུང་། །འཇིག་རྟེན་པ་ཡི་མཁའ་འགྲོ་ཚིམ། །དེ་ནས་ལྷག་མ་ཚོགས་བསྡུས་ནས། །འོད་ཀྱིས་དམ་རྫས་ཆེན་པོར་བསྒྱུར། །ལྕགས་ཀྱུས་དྲངས་པས་མཁའ་འགྲོ་དགུག །ཟིལ་གྱིས་མནན་ལ་གཏོར་མ་སྦྱིན། །ཕྲིན་ལས་བཅོལ་ལ་གནས་སུ་བཏང་། །བྷྱོ་ཨེ་ཨཱ་ར་ལི་ཛཿ ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ་མོ་ཧ་ཡ་མོ་ཧ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཱཾ་ཧཱུྃ་ཧཱུྃ། ༀ་བཛྲ་ཌཱ་ཀི་ནཱི་པྲ་ཏི་ཙྪེ་མཾ་བ་ལིཾ་ཏ་ཧཱུྃ་ཁཱ་ཧི། ༀ་བུདྡྷ་ཌཱ་ཀི་ནཱི་པྲ་ཏི་ཙྪེ་མཾ་བ་ལིཾ་ཏ་ༀ་ཁཱ་ཧི། ༀ་རཏྣ་ཌཱ་ཀི་ནི་པྲ་ཏི་ཙྪེ་མཾ་བ་ལིཾ་ཏ་ཏྲཱཾ་ཁཱ་ཧི། ༀ་པདྨ་ཌཱ་ཀི་ནི་པྲ་ཏི་ཙྪེ་མཾ་བ་ལིཾ་ཏ་ཧྲཱིཿཁཱ་ཧི། ༀ་ཀརྨ་ཌཱ་ཀི་ནི་པྲ་ཏི་ཙྪེ་མཾ་བ་ལིཾ་ཏ་ཧཱ་ཁཱ་ཧི། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། རྣལ་འབྱོར་བའི་བསམ་པ་སྒྲུབས། སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །ཨཱ་ར་ལི་ཡ་ཧི་ག་ཙྪ། ཕ་མ་ལ་སོགས་འགྲོ་ཀུན་ལ། །ཚད་མེད་གཏོར་མ་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །བྱང་ཆུབ་ཆེན་པོ་ཐོབ་པར་ཤོག །དེ་ནས་ཕྱག་རྒྱ་ཆེན་པོ་དེས། །དུས་གསུམ་ཀུན་ཏུ་མ་ཡེངས་པར། །བཟའ་བཏུང་ཇི་སྙེད་ཡོད་པ་ཀུན། །མཆོད་པ་དང་ནི་སྦྱིན་སྲེག་བྱ། །དེ་ནི་རྣལ་འབྱོར་སྤྱོད་པ་ཡིན། །འགྲོ་དོན་དུས་ལ་བབ་པ་དང་། །དེ་ལས་བསྒྱུར་ཏེ་འཚམས་པར་བྱ། །དད་བརྩོན་ཤེས་རབ་སྙིང་རྗེར་ལྡན། །སྐལ་ལྡན་དེ་བཞིན་སྤྱོད་པ་ནི། །ལུས་མ་བོར་བར་སངས་རྒྱས་པ། །མཐོང་བའི་ཆོས་ལ་མྱ་ངན་འདའ། །མ་དད་ལེ་ལོ་ཆེ་བ་དང་། །ཤེས་རབ་ཆུང་ཞིང་སྙིང་རྗེ་མེད། །སྐལ་མེད་ཚུལ་འཆོས་བྱེད་པ་ནི། །རོ་མྱག་འདམ་དང་ཡི་དྭགས་གནས། །བྱོལ་སོང་རྩ་ཆུས་ཕོངས་པ་དང་། །དབུལ་པོའི་རིགས་སུ་བརྒྱུད་ཅིང་སྐྱེ། །བདག་གཞན་ཀུན་ལ་ཕན་པ་ཡི། །རྒྱུན་གྱི་ཟ་ཚོགས་འཁོར་ལོ་འདིས། །འགྲོ་ཀུན་ཆགས་སྤྱོད་ནད་སོས་ནས། །གྲོལ་བའི་བདུད་རྩི་འཐུང་བར་ཤོག །ཟ་ཚོགས་གཏོར་མའི་ལུང་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།། །།


previousགཏོར་མའི་ལུང་སློབ། དཔོན་པདྨ་འབྱུང་གནས།next