Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
   
   
   
   
   
   
ཆ་གསུམ་གྱི་སྒོམ་ཕྲེང་། རུ་ཁུ་གྲོང་དཔལ་འབྱོར།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆ་གསུམ་གྱི་སྒོམ་ཕྲེང་། རུ་ཁུ་གྲོང་དཔལ་འབྱོར།next

ཆ་གསུམ་གྱི་སྒོམ་ཕྲེང་། རུ་ཁུ་གྲོང་དཔལ་འབྱོར།

ཏྲི ཀ ལཱ ཡཱ སཱོ ཏྭཱ དཱ རྒྷཱ སྟི། །
ཆ་གསུམ་གྱི་སྒོམ་ཕྲེང་བཞུགས་སོ། །
དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མཆོད་པ་ཀུན་གྱི་སྔོན་འགྲོ་བ། །དཀོན་མཆོག་མཉེས་དང་སྲུང་མ་འགོ། །འགྲོ་དྲུག་ཚིམ་དང་བགེགས་ཞི་བའི། །ཆ་གསུམ་ལས་ཀྱི་རིམ་པ་སྟེ། །སྔོན་བྱ་གཞུང་དང་མཇུག་སྡུད་གསུམ། །དང་པོ་མཆོད་གཏོར་གཞུང་བཞིན་བཤམས། །དབུལ་རིམ་བཞིན་དུ་དངར་ཏེ་བཞག །ཁྲུས་བྱ་གོས་གོན་ཚུལ་ཕྱག་དང་། །པང་ཀོང་ནུབ་ཏུ་ཁ་བལྟས་བྱ། །རྣམ་པར་མི་རྟོག་ཏིང་འཛིན་བསྒོམ། །སྔོན་དུ་བྱ་བའི་རིམ་པའོ། །མཆོད་བྱེད་རྟ་མགྲིན་མཆོད་བྱ་མགྲོན། །མཆོད་པ་རྫས་ཀྱི་ཏིང་འཛིན་གསུམ། །གཞུང་གི་དོན་དུ་ཤེས་པར་བྱ། །ཧཱུྃ་བརྗོད་ཡི་དམ་ལྷར་དྲན་བྱ། །སྙིང་དཀྱིལ་མ་དམར་འཕྲོ་འདུ་ལས། །སུརྻས་སྙིང་དཀྱིལ་ཧྲཱིཿབཞི་བསམ། །འཕྲོས་འདུས་རྟ་མགྲིན་ཕྱག་བཞི་པའམ། །ཡང་ན་ཞལ་གཅིག་ཕྱག་གཉིས་ཏེ། །གཡས་པད་གཡོན་ཞགས་སྡིགས་མཛུབ་བཅས། །སྐུ་དམར་རྟ་མགོའི་རྒྱན་བཅས་པའོ། །ཀླུ་བརྒྱད་གདན་ལ་དོར་སྟབས་བཅས། །སྙིང་དཀྱིལ་ཉི་འདྲ་ཡེ་ཤེས་སེམས། །ཐུགས་ཀར་ཉིད་ལ་ཧྲཱིཿབཅས་པ། །མཐའ་མ་བཟླས་པས་བསྐོར་བའོ། །སྔགས་བཟླས་མཐུ་དང་ལྡན་བྱའི་ཕྱིར། །ལྕེ་སྟེང་རྡོ་རྗེ་ཡིག་གོང་བཞིན། །ཡེ་ཤེས་སེམས་དཔའ་ཐུགས་ཡིད་འཕྲོས། །རིགས་གཙོ་མཐའ་ཡས་ཡེ་ཤེས་ཏེ། །འོད་ཟེར་ཚུལ་དུ་དབུ་ལ་ཐིམ། །རྟ་མགོ་མདུན་དུ་མཐའ་ཡས་གསལ། །གསལ་བྱའི་བཟླས་པ་བརྒྱ་རྩ་བརྒྱད། །ལས་བཞི་ནུས་ལྡན་བྱ་བའི་ཕྱིར། །ཕྱག་རྒྱས་གནས་བཞིར་གཏུག་ཅིང་བསྲུང་། །ཡི་དམ་རྟ་བསྐྱེད་བྱིན་བསྲུང་བཞི། །མཆོད་བྱེད་རྟ་མགྲིན་ཏིང་འཛིན་ནོ། །དྲི་སྟེང་ཟླ་དཀྱིལ་ཨ་དཀར་བསམ། །མཐེབ་སྲིན་རྡོ་རྗེ་བཅས་ནས་གཏད། །སྔགས་བཟླས་ཨ་ཡི་འོད་ཟེར་གྱིས། །ཆུ་ཉིད་རྣམ་པར་མི་རྟོག་སྦྱངས། །གཡས་པ་ཨཾ་གི་ནང་བླུགས་ཏེ། །བདག་བཏབ་ལུས་སེམས་རྣམ་རྟོག་སྦྱངས། །མཆོད་བཏབ་མི་གཙང་ཕུད་ཉམས་སྦྱངས། །ཁོང་འཐུང་གཟུང་འཛིན་བག་ཆགས་སྦྱངས། །ལག་པ་གཡས་པ་ཉིད་ཀྱིས་སུ། །གཡས་བསྐོར་གཡོན་བསྐོར་འཆམ་ཚུལ་ཏེ། །བསྲུང་བའི་གོ་ཆ་བླ་ན་མེད། །དེ་ནས་ཕྱི་ནང་བྱེ་བྲག་ལས། །ཕྱི་ལྟར་ཚོགས་དང་མི་སྦྱོར་ན། །མཆོད་པ་བྱིན་རླབས་འདི་ལྟ་སྟེ། །སྦྱངས་སྤེལ་ཡེ་ཤེས་བདུད་རྩི་རུ། །བརྟགས་པ་གསུམ་ནི་གསུམ་གསུམ་བཟླ། །དེ་ནས་སོ་སོའི་སྔགས་རྒྱ་ཡིས། །སོ་སོའི་ལྷ་མོ་མང་པོར་བརླབ། །ལྷ་མོ་མི་མཐུན་བཞི་བཞིས་འདེགས། །དྲི་བརླབས་སྦྱང་བསྐྲད་ལྔ་བརླབ་བཞི། །མཆོད་པ་རྫས་ཀྱི་ཏིང་འཛིན་ནོ། །མཆོད་བྱ་མགྲོན་གྱི་ཏིང་འཛིན་ལ། །འཇིག་རྟེན་འདས་དང་འཇིག་རྟེན་གཉིས། །འདས་པ་བསྐྱེད་དྲངས་མཆོད་རིམ་གསུམ། །བཛྲ་ས་ཏྭ་དྲན་ཙམ་གྱིས། །རྟ་མགྲིན་རྡོ་རྗེ་སེམས་པར་བསྒྱུར། །སྙིང་དཀྱིལ་ཧཱུྃ་གི་ཁྱད་པར་ལས། །བྷྲུྂ་བཏོན་མདུན་དུ་བསམ་པ་ལས། །བི་ཤ་ཤུདྡྷེས་གཞལ་ཡས་གསལ། །ཐིག་བཞི་བཏབ་པས་ལིང་ཙེ་དགུ། །གྲུ་ཆད་སྒོ་དང་བཅས་པ་ཡིས། །དབུས་སུ་སེང་ཁྲི་པད་ཉི་ཟླ། །གཞན་ལ་པད་ཟླ་ཉིད་དཀྱིལ་བསམ། །ཧཱུྃ་ལས་བསྐྱེད་དམ་རྫོགས་ཚུལ་དུ། །སྔགས་བཟླས་ཙམ་གྱིས་སོ་སོར་བསྐྱེད། །དྷཱུ་པེ་ལ་སོགས་བཞི་རྣམ་ནི། །གྲུ་ཆད་བཞི་ལས་བསྐྱེད་ཀྱང་རུང་། །དྲིལ་གསིལ་ཕྱག་རྒྱ་བསྒྱུར་ཀྱང་རུང་། །གཞལ་ཡས་གདན་དང་ལྷ་བསྐྱེད་གསུམ། །འདས་པའི་དང་པོ་བསྐྱེད་པའོ། །སེ་གོལ་བསྐུལ་ཚིག་ས་མཱ་ཛཿས། །ཆོས་ཀྱི་སྐུ་ལས་བཞེངས་པར་བསམ། །ཐུགས་རྗེ་ལྕགས་ཀྱུ་ཨེ་ཧྱའི་སྒྲས། །གུར་ཐོག་སྤྱན་དྲངས་ཕྱག་རྒྱ་བཞིས། །དགུག་བསྐྲད་བསྟིམ་ལ་དགྱེས་པ་བསྐྱེད། །ཨ་ནུད་ད་རས་ནང་ལྟར་ན། །སྤྲིན་དང་རྒྱ་མཚོ་སྤེལ་འདམ་ཀའོ། །ནན་ཏན་གོ་ལེབ་ཏིཥྛ་ཡིས། །བརྟན་ཞིང་མི་འགྱུར་བཞུགས་སུ་བར། །ཀཱ་མ་ལ་ཡིས་གདན་དབུལ་བྱ། །སྙན་དྲངས་བསྟིམ་བརྟན་གན་འབུལ་ལྔ། །སྤྱན་དྲངས་བསྟིམ་སྟེ་གཉིས་པའོ། །ཕྱག་རྒྱས་ཨརྒྷ་བླངས་ནས་ནི། །ཨ་བསམ་འཕྲོ་འདུས་ཡན་ལག་བརྒྱད། །བསམས་ཏེ་སུ་ཁས་ལན་གསུམ་སྦྲེང་། །ཕྱག་ཞབས་བསིལ་དང་ཞབས་བསིལ་བསམ། །སྤོས་ལ་སོགས་པ་དབུལ་ཚུལ་ཡང་། །དང་པོ་ཚིག་བརྗོད་སྔགས་ཀྱིས་བསྟབ། །མཆོད་སྤྲིན་རྒྱ་མཚོས་ནམ་མཁའ་བཀང་། །མཆོད་སྤྲིན་དཀོན་མཆོག་རིན་ཆེན་གྱིས། །མཆོད་པའི་སྤྲིན་ཕུང་སྣ་ཚོགས་དང་། །སྤོས་དང་མེ་ཏོག་སྣ་ཚོགས་དང་། །འོས་དང་གྲགས་པས་མཆོད་པར་བསམ། །ཚིགས་བཅད་རྫོགས་ནས་ནམ་མཁའ་མཛོད། །སྤྱི་བོར་རྒྱ་བཞག་ལན་གསུམ་བརྗོད། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །ནམ་མཁའ་བཀང་སྟེ་མཆོད་པར་བསམ། །ཐལ་སྦྱར་མི་མཉམ་གཏི་མུག་ཁྱེད་ཕ་མ། །འབྲས་ཐོབ་མུན་བསལ་དམ་པ་སྐྱབས་མཛོད་བཞི། །བསིལ་དབུལ་སྒྲ་སྤྲིན་ནམ་མཛོད་བསྐུལ་བ་དྲུག །མཆོད་པའི་ལས་རིམ་ལས་འདས་པའི་ཐ་མ་རྫོགས་སོ། ༈ །འཇིག་རྟེན་འདས་པའི་སྔོན་བྱས་ཏེ། །རྡོ་རྗེ་སེམས་དཔའ་རྟ་མགྲིན་བསྒྱུར། །དེ་ལ་རྣམ་གསུམ་དང་པོ་ནི། །གཏོར་བཏེགས་དྲི་ཡིས་སྐྱོན་རྣམས་སྦྱངས། །ཨ་མྲྀ་ཏ་ཡིས་རིམ་པར་བསང་། །ཕུད་དང་རྣམ་ལྔ་ཨརྒྷ་ཀུན། །རིམ་པར་བླུག་སྟེ་བདུད་རྩིར་བསམ། །བརྟག་བཞིས་བྱིན་རླབས་རྒྱུས་བཞིན་ནོ། །ལས་དང་དངོས་གྲུབ་བསམ་འགྲུབ་ཕྱིར། །ཀ་རིའི་སྔགས་བརྗོད་རྡོ་རྗེས་གཏུག །ཀུན་གཞིའི་མཇུག་ཏུ་བདག་སྟོབས་བརྗོད། །སྦྱང་རྩི་སྨོན་ལམ་བྱིན་རླབས་བཞི། །བྱིན་རླབས་རིམ་སྟེ་དང་པོའོ། །ཡང་དཀྱིལ་ཟླ་གདན་ལ་བཞག་སྟེ། །ལྕགས་ཀྱུས་སྔགས་ཀྱིས་ནམ་མཁར་དྲངས། །དད་པ་ཚིག་གིས་ནང་དུ་དྲངས། །ཨརྒ་ལན་གསུམ་དབུལ་བ་མཐུན། །རྣམ་ལྔ་སྔགས་དང་ཕྱག་རྒྱས་དབུལ། །ཡེ་ཤེས་བདུད་རྩིའི་རང་བཞིན་དུ། །དབུལ་ལམ་སོ་སོ་བསམ་མི་ཁྱབ། །མེ་ཏོག་སྡུག་མཛེས་ནམ་མཁའ་བཀང་། །དེ་ཚུལ་བཞི་ཡང་དེ་བཞིན་ནོ། །རྫས་ལྔ་ལག་གིས་བླང་མི་དགོས། །གཏོར་མ་རྣམ་ལྔ་སྦྱར་བ་དང་། །སྔགས་བཟླས་རྒྱ་བས་དབུལ་བར་བྱ། །ཨརྒ་སྦྲེང་ཞིང་རི་རྒྱལ་བརྗོད། །དེ་ལ་གནས་མགྲོན་ལས་བཅོལ་གསུམ། །ཕྱི་ནང་དྲིལ་གསིལ་ཕྱག་རྒྱ་བསྒྱུར། །བསྟོད་ཅིང་བསྐུལ་བའི་རིམ་པའོ། །སོ་སོའི་དམ་ཚིག་རྒྱ་བསྟན་པས། །དམ་ལས་མི་འདའི་དངོས་གྲུབ་དང་། །ལས་རྣམས་བྱེད་པ་ཉིད་དུ་བསམ། །སྤྱི་སྨོན་མེ་ཏོག་གཟེད་ཞལ་དབུལ། །དེ་ནས་དང་པོའི་སྨོན་ལམ་གདབ། །ཆོས་སྦྱིན་མེ་ཏོག་གཏོར་མ་དབུལ། །རྗེ་ལ་འབངས་ཞུའི་ཚུལ་དུ་བྱ། །དེ་དབུལ་དམ་ཚིག་སྨོན་ལམ་གདབ། །དང་པོའི་རིམ་པ་ཤེས་པར་བྱ། །བསྐུལ་ཚིག་སྔགས་རྒྱ་ཏིང་འཛིན་བཞིས། །རིགས་དྲུག་མདུན་དུ་འོང་བར་བསམ། །བཅིངས་སྨོན་ཆོས་བཞིན་མེ་ཏོག་བསྡུ། །སྔགས་བརྗོད་མ་བུ་གདམས་ངག་ཚུལ། །དགུག་བཅིངས་སྨོན་སྦྱིན་མེ་ཏོག་གཤེགས། །དྲུག་གམ་བར་མའི་ལས་རིམ་མོ། །ལུང་དགྲོལ་སྔགས་དང་བཅས་པ་ཡིས། །དགུག་ལས་མ་མ་གཏོགས་མཚམས་བཅད་བྱ། །གསལ་གདབ་བདེན་བརྡར་ཧྲཱིཿཡིས་བསྟོད། །བི་ཤ་ཧ་ཡས་མ་འགྲུས་དགུག །དགྲ་བགེགས་དྲུང་དུ་འོང་བར་བསམ། །ཕྱག་རྒྱ་བཞིས་བཅིང་ཕུར་བུས་གདབ། །སྨོན་ལམ་བྲན་ལ་བཀྱོན་ཚུལ་གདབ། །བརླག་པར་མཛོད་དང་རྒྱུར་འགྱུར་དང་། །གཙོ་འཁོར་གྱུར་དང་སྐབས་གསུམ་དུ། །དམ་བྱིན་རྡོ་རྗེའི་མིང་ནས་དྲི་ཆུ་སྦྲེང་། །ཧ་ན་ཡཀྵ་ས་ཏྭ་ཡིས། །སྔགས་རེའང་གསུམ་གསུམ་བསྒྲིང་བར་བྱ། །མཆོད་སྦྱིན་གཏོར་མར་མེ་ཏོག་བསྡུ། །དེ་ལས་རྔ་མོ་གདེང་སོར་བསྐྱེད། །ཕྱག་རྒྱ་བཞི་ཡིས་བསྐྱོད་ནས་སུ། །དེ་ཡང་རྩེ་གསུམ་བ་དན་རྒྱས། །ལྷོ་ཕྱོགས་གཤིན་རྗེའི་ལག་ཏུ་འཕང་། །སེམས་མ་སྐྱེས་པའི་བར་དུ་གཏད། །རྟིང་ལ་ཚིག་དང་སྔགས་དཀྱིལ་བསྐྲད། །མཚམས་བདེན་བསྟོད་དགུད་བཅིངས་སྨོན་གདབ། །དམ་ཆུས་ཆོས་སྦྱིན་མེ་ཏོག་བསྐྲད། །ཐ་མའི་ལས་རིམ་བཅུ་གཅིག་རྫོགས། །དེ་ནི་འཇིག་རྟེན་པཱུ་ཙའོ། །སྤྱི་དོན་གསུམ་པ་མཇུག་སྡུད་ནི། །མཆོད་མ་བདག་ལ་བདག་ཡེ་ཤེས། །རིམ་པར་ཧཱུྃ་བསྡུ་ཆོས་ཉིད་ལ། །སླར་བསྐྱེད་ལུས་བསྲུང་གོ་བགོ་བྱ། །ཚུལ་ཕྱག་བྱས་ཏེ་རྒྱུན་ཏིང་བསྒོམས། །བསྡུ་བསྐྱེད་བསྲུང་དང་རྒྱུན་ཏིང་བསྒོམ། །མཇུག་བསྡུ་བ་ཡི་ལས་རིམ་མོ། །རྡོ་རྗེ་ག་ཛས་དང་པོ་དགྱེ། །སྒྲུབ་བྱེད་མི་དགྱེ་བསྡུ་འཁོར་བྱ། །འདི་ནི་དང་པོའི་མཇུག་སྡུད་བྱ། །ཐོབ་དང་རྟོགས་པའི་ནུས་པ་ཡིས། །མཉེས་ཚིམ་ཞི་བར་བྱ་ཕྱིར་རོ། །ཆ་གསུམ་ལས་ཀྱི་ཐོ་རིམ་བསྡེབས། །ནོངས་ན་འཕགས་ལ་བཟོད་པར་གསོལ། །རུ་ཁུ་གྲོང་དཔལ་འབྱོར་གྱིས་མཛད་པའི། ཆ་གསུམ་གྱི་སྒོམ་ཕྲེང་རྫོགས་སོ།། །།


previousཆ་གསུམ་གྱི་སྒོམ་ཕྲེང་། རུ་ཁུ་གྲོང་དཔལ་འབྱོར།next