Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
འཕྲུལ་གྱི་མེ་ལོང་དགུ་སྐོར།
   
   
   
   
   
   
   
   
   
   
   
   
   
   


 
previousའཕྲུལ་གྱི་མེ་ལོང་དགུ་སྐོར། next

འཕྲུལ་གྱི་མེ་ལོང་དགུ་སྐོར།

འཕྲུལ་གྱི་མེ་ལོང་དགུ་སྐོར་ཞེས་བྱ་བ་བཞུགས་སོ། །ཀུན་མཁྱེན་ཉིད་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྟ་བའི་སྤྱི་འབྲེལ་བརྡེག །ལོག་རྟོག་བྱང་ཆུབ་ཡུལ་སྣང་བའི། །ཆོས་ཀུན་སེམས་སུ་གཅིག་མི་གཅིག །ལྷུན་གྱིས་གྲུབ་པ་གང་ལ་བགྱི། །དེ་ཉིད་སྣང་བ་ཡོད་དམ་མེད། །ཡེ་ནས་སངས་རྒྱས་ཡིན་ནམ་མིན། །ཁམས་གསུམ་སེམས་ཅན་ཇི་ལྟར་འཁྲུལ། །འཁྲུལ་བ་ཉིད་ན་དོན་ཅི་ལགས། །རྣལ་འབྱོར་ལྟ་བའི་ངོ་བོ་གང་། །དེ་དག་དགོས་པའི་ཐེ་ཚོམ་གང་། །དེ་རྣམས་ཁྱད་པར་ཇི་ལྟར་ཆེ། །འཕྲུལ་གྱི་མེ་ལོང་དགུ་སྐོར་བཞིན། །གསལ་བྱེད་འཕྲུལ་ཚིག་དགུ་ཡིས་སྟོན། །སྒྱུ་མ་རྣམ་གཉིས་སྤྱོད་ཡུལ་ནི། །སེམས་ཀྱི་ཆོས་ཉིད་ངང་དུ་གཅིག །དེ་ཡི་དེ་ཉིད་ཇི་ལྟ་བ། །མཁའ་དང་གཞའ་སྣང་ཇི་བཞིན་དུ། །ལོག་རྟོག་སེམས་རྒྱུད་ཐ་དད་ཀྱང་། །རིགས་རྒྱུད་མེད་ཕྱིར་དབྱེ་བ་དཀའ། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཇི་ལྟར་དམིགས་ཤིང་བསམས་པར་སྣང་། །འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། །དེ་ནི་དངོས་མེད་ཀུན་གྱི་གཞི། །ལོག་རྟོག་མུན་པའི་ཡུལ་སྣང་ཀུན། །སེམས་ཕྱིར་མཐའ་ལ་རྩོད་པ་མེད། །གང་ལ་ཡོད་མེད་མེད་པ་ལྟར། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་ནི་དེ་ཕྱིར་རྒྱལ་འགྲོ་ཞེས། །རིས་སུ་བཅད་པ་མེད་པ་ལ། །གཙང་དང་མི་གཙང་དངོས་གཅིག་བཞིན། །ཕྱོགས་སུ་བལྟས་ན་ནོར་བའི་བློ། །ཇི་སྙེད་འཇིག་རྟེན་འཁྲུལ་བའི་སེམས། །མེ་ལོང་གཡའ་དང་མཁའ་སྤྲིན་བཞིན། །རིག་དང་མ་རིག་གཉིས་མེད་པས། །ཕྱོགས་གཅིག་རྐྱེན་གྱི་དུས་སུ་འཁྲུལ། །འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་རང་བཞིན་མེད། །རང་བྱུང་ཕྱིན་ནང་མེད་སྣང་ཕྱིར། །དེ་དུས་རང་བཞིན་ཉམས་པ་མེད། །འཇུག་པའི་རྣམ་ཤེས་དེ་ལྟ་བ། །ཤེས་རབ་ཐུན་མོང་སྤྱན་ཡིན་ནོ། །རང་བྱུང་ཡེ་ཤེས་ཚོགས་ཀུན་བདག །ཤེས་རབ་ཅན་གྱི་མཆོག་ཡིན་ནོ། །རྡོ་རྗེ་ཡིད་ནི་དབང་མཆོག་ཕྱིར། །ལྟ་བ་མེད་ཕྱིར་རང་སྤྱི་ཆོས། །དབྱེར་མེད་ཕྱོགས་ལྟའི་འོད་བྲལ་བས། །མ་ནོར་རང་གི་མཚན་ཉིད་རྟོགས། །གསུམ་གཉིས་གཅིག་གི་ཐེ་ཚོམ་ཡང་། །དང་པོ་དངོས་དང་གསལ་བ་དང་། སྔ་མ་སངས་རྒྱས་སེམས་ཅན་དང་། །སོ་སོ་སེམས་རྒྱུད་ཐ་དད་པ། །གཅིག་ན་བདུན་ལ་སྔ་རྟོག་སྐྱེ། །དེ་བཞིན་སེམས་རྒྱུད་བརྒྱད་ལ་ཟད། །ཐ་དད་ཞེ་ན་བདུན་གྱིས་འགལ། །དེ་བས་དགག་དང་སྒྲུབ་མེད་པའི། །གཅིག་དང་དུ་མ་མེད་པའོ། །གསུམ་པའི་སྔ་མ་རྟོག་སྐྱོན་དགུ། །ཕྱི་མ་མེད་པའི་ཐེ་ཚོམ་དག །སྐྱོན་གྱི་དངོས་པོ་བཅུ་གཉིས་གཞི། །མི་མཁས་མཁས་པའི་བསམ་པ་ནི། །མ་མཁས་ཤིན་ཏུ་མི་མཁས་པ། །ཤིན་ཏུ་མི་མཁས་མཐར་ལྟ་བ། །མི་མཁས་ཡོད་མེད་རྩོད་བྱེད་ཅིང་། །དགག་ཅིང་བསྒྲུབ་པ་གང་བྱེད་པ། །དེ་དེ་དེ་ལ་ཆགས་སྡང་སྐྱེ། །མཁས་དང་ཤིན་ཏུ་མཁས་པ་ནི། །མཁས་པ་ཕལ་ལ་དགག་སྒྲུབ་ཅན། །སྒྲུབ་པའི་དོན་ལ་བརྟེན་པར་བྱེད། །བྱས་པའི་གཟུང་འཛིན་དབང་གྱུར་པའི། །མ་ནོར་ལམ་དང་བྲལ་བ་ཡིན། །ཤིན་ཏུ་མཁས་པ་ཐམས་ཅད་ལ། །སེམས་ཕྱིར་དགག་དང་སྒྲུབ་པ་མེད། །དེ་ལ་རང་རིག་རང་སྣང་ཕྱིར། །དགག་སྒྲུབ་བྲལ་ལ་ཡིད་མི་རྟོན། །དེ་ཕྱིར་སོ་སོ་དགག་བསྒྲུབ་ཅན། །སྒྲུབ་པའི་ཕྱོགས་ལ་ཞེན་པའི་ཕྱིར། །དེ་དེ་མེད་པ་ག་ལ་མཐོང་། །དེ་བས་རང་གི་བརྟགས་མཐོང་བའི། །དེ་དེ་སྐས་གདངས་ཇི་ལྟ་བ། །ཁྱད་པར་གྲངས་དང་དོར་བ་མེད། །ཆ་ཡོད་དུག་ལ་མི་འཐུང་བཞིན། །ལོག་ལྟ་གཉིས་སུ་ག་ལ་འགྱུར། །གཉིས་པོ་དེ་ལྟར་དེ་ཉིད་ལ། །གྲུབ་པའི་ཐ་སྙད་ཇི་ལྟར་མཚོན། །མ་གྲུབ་གྲུབ་ན་ངེས་ཚིག་མེད། །དེ་མ་གྲུབ་ན་དེ་བཞིན་ནོ། །དེ་བས་སྲིད་དང་མི་སྲིད་ཀུན། །ལྷུན་གྲུབ་ཕྱོགས་སུ་གྲུབ་པ་མེད། །བཞི་པ་སྔ་མ་སྐྱོན་དྲུག་གཉིས། །དེ་བཞིན་ཕྱི་མ་རྗེས་སུ་འཐུན། །གཉིས་མེད་ཞེ་ན་དུས་གསུམ་ལུང་། །འབྱུང་ཞེས་བྱ་བའང་གཉིས་མེད་དང་། །སྨན་ཉིད་ཕན་གནོད་བདག་གནས་ལྟར། །ངོ་བོས་ཐ་དད་འགྱུར་བ་མེད། །ཕྱོགས་ལས་ལོག་པའི་ཐ་དད་མེད། །ལྔ་པ་འཁྲུལ་གཞི་ཡོད་མེད་པའི། །སྐྱོན་ནི་གསུམ་པ་ཇི་བཞིན་གྲངས། །མིག་ཡོར་གསུམ་ལ་དངོས་མེད་འདྲའི། །ཆོས་ཡོད་བཞིན་པས་རང་སེམས་ལ། །དེ་དངོས་མེད་ཀྱང་རྒྱུ་རྐྱེན་དྲུག །རང་བཞིན་ལྷུན་གྲུབ་དཔག་བསམ་བཞིན། ། སོ་སོར་སྣང་བ་དུས་གསུམ་དུ། །རྒྱུན་དུ་འཕྲུལ་ལ་ལྷུན་གྲུབ་པ། །འགྲོ་འོང་འབྱུང་འཇུག་མེད་སྣང་བཞིན། །གཞི་ཡོད་མེད་དང་དབྱེར་མེད་མཚུངས། །དྲུག་པ་དེ་ལྟར་དེ་བདེན་ན། །དེ་ལ་སྐྱོན་དུ་བྱ་བ་བདུན། །ཐམས་ཅད་འཆིང་འགྲོལ་དབྱེར་མེད་ལ། །གཉིས་མཐོང་འཁྲུལ་པར་བལྟ་བ་འཁྲུལ། །དེ་བས་བླང་དང་དོར་བ་མེད། །བདེ་སྡུག་གནས་སུ་རིས་མ་བལྟ། །བདུན་པ་རང་རིག་ཅན་ཡིན་ན། །དེ་ལ་སྐྱོན་བཅུ་འབྱུང་བར་འགྱུར། །དེ་བཞིན་ཉིད་ཀྱི་ཡེ་ཤེས་འདི། །མི་ལྔ་བདག་པོ་ཀུན་གྱི་སེམས། །རང་སྤྱི་ཇི་སྙེད་ཇི་ལྟ་བ། །རང་ཡུལ་མེད་པར་ངེས་གསལ་བ། །ནམ་མཁའ་སྤྲིན་མཐོང་འོད་བཞིན་དུ། །རབ་རིབ་གང་དག་ཤེས་རབ་སྣང་། །བརྒྱད་པ་ངེས་མཐོང་སྒྲིབ་པའི་གྲངས། །བརྒྱད་པ་བསྙད་པ་ཡན་ལག་བཅས། །ཕྱག་རྒྱ་བཞི་ཡི་གཞིར་གྱུར་པ། །ངེས་པར་ངོས་ཟིན་བྱ་བར་བསྙད། །མ་རིག་པ་ཉིད་ཡེ་ཤེས་གསལ། །ཐེ་ཚོམ་ཉིད་ཀྱང་ངེས་པའི་སྤྱན། །ལོག་རྟོག་ཉིད་ཀྱང་མ་ནོར་ལམ། །དེ་ལ་མི་མཐུན་ཤེས་དང་བྲལ། །དགུ་པ་འདས་དང་འཇིག་རྟེན་པའི། །ཐེག་པའི་ལྟ་བ་གྲལ་བཀོད་པ། །སྐས་གདང་ལྟ་བུར་བསྟན་པ་དག །ཀུན་ཀྱང་བདག་དང་བྲལ་བའི་ཕྱིར། །འཇིག་རྟེན་ཤེས་འཕགས་ཅི་སྨོས་ཏེ། །དེ་དང་ཉིད་ནི་དགག་དང་སྒྲུབ། །རིམ་པ་ཡོད་མེད་ཁྱད་པར་དང་། །ལྟོས་པས་ཕྱེ་བའི་ཁྱད་པར་ནི། །བདག་སྤོང་བདག་མེད་སྒྲུབ་པ་དང་། །གཟུགས་སྤོང་ཕྱི་སྟོང་སྒྲུབ་པ་དང་། །དོན་འགོག་སེམས་ཙམ་སྒྲུབ་པ་དང་། །མཐའ་སྤོང་མཐའ་བྲལ་སྒྲུབ་པ་དང་། །དྲི་སྤོང་དག་པ་སྒྲུབ་པ་དང་། །མཚན་འགོག་མཚན་མེད་སྒྲུབ་པ་དང་། །བླང་དོར་འགོག་མེད་སྒྲུབ་པ་དང་། །རྩོལ་སྤོང་རྩོལ་བྲལ་སྒྲུབ་པ་དང་། །དེ་དག་ཀུན་ཀྱང་ཡོད་མེད་ཕྱིར། །དགག་སྒྲུབ་རང་གིས་མི་བྱེད་པའོ། །རིམ་པར་ཕྱེ་བའི་ཁྱད་པར་སྟོན། །མཐོང་བ་དག་དང་མ་དག་པའི། །རིམ་པས་དོན་གཅིག་ཁྱད་པར་སྣང་། །མཐོང་བ་དག་པ་ཀུན་མཐོང་འདི། །སྣ་ཚོགས་ཐེག་པའི་ལྟ་བ་དང་། །ཇི་སྙེད་སྡོམ་པའི་བྱ་བ་རྣམས། །སྤྱད་པར་བྱ་བ་མ་ཡིན་ཡང་། །མ་འདྲེས་ཡོངས་སུ་རྫོགས་པར་གསལ། །ཀུན་ཤེས་བཞིན་འདྲ་རབ་རིབ་དྲི་མ་དག །བསྟན་པའི་མེ་ལོང་མཐོང་གོམས་རང་དག་སར། །འགྱུར་བས་མ་འོངས་དེ་ཅན་ཆེད་བགྱིས་པའི། །དགེ་རྩས་བདག་དང་མཐའ་ཡས་གྲོལ་བར་བསྔོ། །འཕྲུལ་གྱི་མེ་ལོང་དགུ་སྐོར་རྫོགས་ས྄ོཧ྅྅྅།། །།


previousའཕྲུལ་གྱི་མེ་ལོང་དགུ་སྐོར། next