Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
ལྟ་བ་ཡང་དག་སྒྲོན་མ། གཉེན་དཔལ་དབྱངས།
   
   
   
   
   
   
   
   
   
   
   


 
previousལྟ་བ་ཡང་དག་སྒྲོན་མ། གཉེན་དཔལ་དབྱངས།next

ལྟ་བ་ཡང་དག་སྒྲོན་མ། གཉེན་དཔལ་དབྱངས།

ལྟ་བ་ཡང་དག་སྒྲོན་མ་བཞུགས། དཔལ་ལྡན་ཐུགས་ཀྱི་དཀྱིལ་འཁོར་ཉི་མའི་འོད་སྟོང་གིས། །ཤིན་ཏུ་འབར་བའི་ཟེར་ཙམ་བདག་བློ་མུན་པར་བྱུང་། །དབྱངས་དང་ཚིག་འདས་ནམ་མཁའི་མཚན་ཉིད་ལས་འདས་པའི། །རང་སེམས་སྐྱེ་མེད་ཟབ་མོའི་དོན་གྱི་ཕྱོགས་ཙམ་སྣང་། །རང་གིས་རྟོགས་པ་མཁས་པས་གསུངས་པའི་རྣམ་མང་བ། །རྟོག་གེ་བདག་འདྲའི་སྤྱོད་ཡུལ་བརྩམ་པར་མི་འོས་ཀྱང་། །རིག་པའི་བརྗོད་བྱང་ཙམ་འདི་ངེས་དོན་མོས་རྣམས་ཀྱི། །ཆོས་ཕྱིར་འབྲང་བའི་བློ་ཡིས་དཔྱད་ཅིང་གོམས་པར་བྱ། །བསྐལ་པ་མང་པོར་རྒྱལ་བ་རྣམས་ལ་ནི། །དགེ་རྩ་བསྐྱེད་ཅིང་རང་སེམས་སྦྱངས་པ་ཡིས། །རྣལ་འབྱོར་དམ་པ་ངེས་པའི་ལུང་ཆེན་མ། །ཤེས་རབ་མཆོག་ལྡན་རིག་པའི་མོས་བློ་གསལ། །རྣམ་པར་མི་རྟོག་དོན་དམ་རང་བཞིན་གྱི། །རིག་པའི་ཚུལ་ཆེན་སེམས་ཀྱིས་དམིགས་པ་ནི། །ལུང་དང་མན་ངག་རིགས་པས་ཐག་བཅད་དེ། །ཆོས་ཀྱི་རང་བཞིན་ཡང་དག་ཡིད་ཆེས་བྱ། །ཇི་ལྟར་ནམ་མཁའ་ལ་ནི་ཐ་སྙད་དུ། །མིང་དང་ཚིག་གིས་བརྗོད་པར་བྱེད་མོད་ཀྱི། །མཚན་མ་མེད་ཅིང་སྤྲོས་དང་བྲལ་བ་སྟེ། །ངོ་བོ་ཉིད་ཀྱིས་སེམས་ཀྱི་ཡུལ་ལ་འདས། ། ཇི་ལྟར་སྨིག་རྒྱུའི་ཕུང་པོ་སྣང་བ་དག །སྣང་བ་ཉིད་ན་ནམ་མཁའི་རང་བཞིན་ལྟར། །དེ་བཞིན་ཆོས་རྣམས་སྣ་ཚོགས་སྣང་བ་ཡང་། །སྣང་བ་ཉིད་ན་མཚན་མེད་ནམ་མཁའ་བཞིན། །རྒྱ་ཆེ་རབ་ཟབ་ཐེག་མཆོག་ཡངས་པའི་ལམ། །དོན་དམ་དམིགས་མེད་སྤྲོས་པ་ཀུན་ལས་འདས། །བདག་དང་ཆོས་ཀྱི་དབྱིངས་སུ་མཉམ་པ་ཡི། །དབུ་མའི་དོན་ཅན་བློ་ཡིས་གོ་བར་བྱོས། །ཡང་དག་དོན་དམ་ཅིག་ཅར་གོ་ནས་ནི། །ཡོད་མེད་ལ་སོགས་སེམས་ཀྱི་ཡུལ་འདས་ཤིང་། །རེ་དང་དོགས་པའི་མཐའ་ནི་རབ་སྤངས་ནས། །རྩོལ་བ་མེད་པའི་བརྩོན་འགྲུས་བརྩམ་པར་བྱ། །ཆོས་རྣམས་ཐམས་ཅད་ཡེ་ནས་རོ་གཅིག་ཕྱིར། །སྒོམ་པ་དང་ནི་བསྒོམ་བྱའང་དམིགས་སུ་མེད། །སེམས་ཉིད་ཡེ་ནས་ཆོས་ཉིད་ཡིན་ཤེས་ན། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་མི་དགོས། །རྨི་ལམ་དག་གི་བདེ་དང་སྡུག་བསྔལ་དག །སད་པར་གྱུར་ན་རང་བཞིན་མཉམ་པ་ལྟར། །རྣམ་པར་རྟོག་དང་མི་རྟོག་གཉིས་ཀ་ཡང་། །ཤེས་པས་རིག་ན་རང་བཞིན་ཡོངས་ཀྱིས་མཉམ། །དེ་ལྟར་དུས་གསུམ་རྣམ་པར་དག་པ་དང་། །རང་བཞིན་ཉིད་ལས་མ་འདས་ཤེས་ན་ནི། །སྒྲོ་འདོགས་བུས་པའི་རྗེས་སུ་མ་འབྲངས་ནས། །རང་བཞིན་ཉིད་དུ་ཡོང་གིས་བཅོས་མི་དགོས། །ཇི་ལྟར་ནམ་མཁའ་མཚན་མ་མེད་པའི་ཕྱིར། །ནམ་མཁའ་དེ་ཉིད་བསྒོམ་པར་མི་འགྱུར་བཞིན། །ངོ་བོ་ཉིད་ཀྱིས་མ་སྐྱེས་སེམས་ཀྱིས་ནི། །མ་སྐྱེས་དེ་ཉིད་བསྒོམ་པར་ག་ལ་འགྱུར། །མི་མཐུན་པ་དང་གཉེན་པོ་དབྱེར་མེད་དོན། །རང་གིས་ཤེས་ན་རྩོལ་བ་ཀུན་སྤངས་ཏེ། །བཏང་སྙོམས་ཆེན་པོར་མ་བཅོས་ངང་བཞག་ན། །ཐ་སྙད་ཙམ་དུའང་བསྒོམ་ཞེས་དེ་ལ་བྱ། །སྐྱོན་དང་ཡོན་ཏན་གཉིས་པོ་མ་སྐྱེས་ཕྱིར། །རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། །མ་བཀག་རང་བྱུང་མ་འབྲངས་རང་ཞི་སྟེ། །མ་བཅོས་མ་བྱས་རང་གི་ངང་གིས་རྒྱལ། །ལྟ་བ་ཡང་དག་སྒྲོན་མ་རྫོགས་སོ།། །།གཉན་ཨཱ་ཙརྻ་དཔལ་དབྱངས་ཀྱིས་མཛད་པའོ།།


previousལྟ་བ་ཡང་དག་སྒྲོན་མ། གཉེན་དཔལ་དབྱངས།next