Nitartha Digital Library
Tibetan
 
previousཞི་བ་ལྷ་རྒྱུད། དཔོན་བི་མ་ལ། next

ཞི་བ་ལྷ་རྒྱུད། དཔོན་བི་མ་ལ།

དེ ཝ ཤཱ ནྟི ཏ ནྟྲ ནཱ མ བི ཧ ར ཏི སྨ། །
ཞི་བ་ལྷ་རྒྱུད་ཅེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། དེ་ཝ་ཤཱནྟི་མ་ཏནྟྲ། བོད་སྐད་དུ། ཞི་བའི་ལྷ་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྐྱེས་བུ་དམ་པ་གང་དག་གིས་ནི་ངེས་དགོངས་པ། །གང་ལ་དགོངས་པ་གང་གིས་ངེས་པར་འགྲེལ་པ་ནི། །སྐྱེ་མེད་ཆོས་ལས་སྐྱེ་བའི་ཆོ་འཕྲུལ་མང་སྣང་ཞིང་། །ཐུགས་རྗེས་ཞིང་འདུལ་ཆོ་འཕྲུལ་བདག་ལ་ཕྱག་འཚལ་ལོ། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས་ཤིང་སྐྱེས་ཉིད་སྐྱེ་མེད་དང་། །བདག་གཞན་ཀུན་རྟོག་དབང་གིས་འཁོར་ལ་སྙིང་རྗེ་མཆོག་གི་སེམས། །བསྐྱེད་པར་གསུངས་པའི་ལུང་ལ་བསྟན་ཏེ་ངེས་དོན་སྙིང་པོ་ལ། །དགོངས་ཤིང་གསུངས་མཛད་ལྷ་རྒྱུད་དོན་འགྲེལ་བདག་གཞན་རྟོག་པ་འདུལ་བར་བཤད། །ཕུང་པོ་ལ་སོགས་ཆོས་རྣམས་བྱང་ཆུབ་སེམས་སུ་གཅིག །མ་འདྲེས་ཡོངས་རྫོགས་ཞི་གནས་ལྷག་མཐོང་རྣམ་པ་གཉིས། །དོན་དམ་ཉེ་བར་བརྟག་པས་བདེ་རོལ་ཕན་མཛད་པ། །ལྷ་རྒྱུད་དག་གི་ཀུན་སྨིན་ཀུན་གཞིར་གྱུར་པས་མོས། །དེ་ཡང་གདུལ་བྱའི་དབང་གིས་མདོ་དང་རྒྱས་སྣང་བ། །གཉིས་གསུམ་གཉིས་གཉིས་གསུམ་གསུམ་བཅུ་བདུན་གཅིག་ལ་སོགས། །རྟོག་འདུལ་མཚན་མ་སྤྱི་དང་ཁྱད་པར་མཚན་ཉིད་དང་། །རབ་འབྲིང་ཐ་མའི་བློ་ཡིས་མ་འོངས་དུས་སུ་བཤད། ༈ །དེ་ཡང་སྐུ་མདོག་ཕྱག་མཚན་དང་། །བཞུགས་ཐབས་གདན་ཁྲི་རྒྱན་ཆས་ཀྱི། །མ་ནོར་དེ་ཉིད་ངེས་པར་བཟུང་། །དེ་ཉིད་རྣམ་པ་ལྔར་ཤེས་བྱ། །དེ་ལ་དང་པོ་གཉིས་ཡིན་ཏེ། །རང་བཞིན་གྱི་ནི་སྐུ་མདོག་དང་། །རིགས་ཀྱི་ཁ་དོག་བསྟན་པ་ཡིན། །རང་བཞིན་སྐུ་མ དོག་བཞི་སྟེ་དུང་དང་ནི། །ཀུ་མུ་ཏ་དང་ཟླ་བ་ཉི་མའོ། །རིགས་ནི་ལྔ་སྟེ་བཻ་ཌཱུར་དང་ནི། །ཤངྑ་རི་དང་ལེ་བརྒན་ལྟ་བུ་དང་། །གསེར་སྦྱངས་པ་དང་སྣ་ཚོགས་ལྟ་བུའོ། །གཉིས་པ་ལ་ཡང་གསུམ་སྟེ་ཕྱག་ཕྱག་མཚན། །ཕྱག་རྒྱའི་རྣམ་པ་གསུམ་སྟེ་རྣམ་པར་དབྱེ། །ཕྱག་ནི་གཉིས་སམ་དྲུག་ནི་གཟུང་འཛིན་དང་། །ཡེ་ཤེས་རྣམ་པ་དྲུག་ལ་དགོངས་པའོ། །ཕྱག་མཚན་རྗེས་མཐུན་ཐབས་དང་ཤེས་རབ་དང་། །དབྱིངས་དང་ཡེ་ཤེས་ཕ་རོལ་ཕྱིན་པ་དྲུག །ཕྱག་རྒྱ་བཞི་སྟེ་མ་བཅོས་མི་འདའ་དང་། །མ་ངེས་པ་དང་འབྲེལ་པ་ལས་ཀྱི་རྒྱའོ། །མ་བཅོས་གཉིས་ཏེ་མ་སྐྱེས་མ་འགགས་པའོ། །མ་འགགས་པ་ཡང་རྣམ་བཞིར་ཤེས་བྱ་སྟེ། །ཁ་དོག་ཡུལ་དང་མཚན་པའི་གཟུགས་དང་ནི། །མཚན་རྟགས་ཉེ་བར་བརྟགས་པའི་ཕྱག་རྒྱའོ། །མི་འདའ་གསུམ་སྟེ་ཟིན་མཛད་མི་བསྐྱོད་པའོ། །མ་ངེས་གྲངས་ནི་ཐ་དད་གཅིག་མཐའ་ཡས། །འབྲེལ་པ་གཉིས་གཉིས་ལས་དང་དམ་ཚིག་གོ། །གསུམ་པ་གསུམ་སྟེ་ཐབས་གནས་ཚུལ་ཉིད་དོ། །ཐབས་ནི་རང་བཞིན་ཁྱད་པར་རྣམ་པ་གཉིས། །གནས་ནི་ཕྱི་ནང་མཐའ་དབུས་མེད་པ་སྟེ། །ཡོན་ཏན་བསམ་ཡས་བརྗོད་འདས་གཅིག་ཉིད་འདུ། །ཚུལ་ནི་གསུམ་གསུམ་ཡང་ན་བཅུ་གཉིས་གསུམ། །བཞེངས་དང་གཤེགས་པ་དང་ནི་གཟིགས་པ་དང་། །མཉེན་ལྕུག་འཁྲིལ་བའི་ཚུལ་དང་ལྡེམ་པ་དང་། །གཞོན་ནུ་གསལ་འཚེར་ཚུལ་དང་ལྷུན་སྡུག་དང་། །གཟི་བྱིན་འབར་བའི་ཚུལ་དང་འཁྱུག་པའི་ཚུལ། །དགོངས་དང་བརྟན་དང་བརྟེན་དང་འབྱོ་བའི་ཚུལ། །འདུད་པ་ཅམ་མེ་མལ་ལེ་ལྷན་ནེ་དང་། །སལ་ལེའི་ཚུལ་དུ་སྤྱི་དང་ཁྱད་པར་གྱིས། །བྱེ་བྲག་ཅི་རིགས་པར་ནི་རྣམ་པར་བཤད། །བཞི་པའང་གསུམ་སྟེ་དྷརྨ་ཙཀྲ་དང་། །ས་ཡི་ཁྱད་པར་ཡོན་ཏན་ཆེ་བའོ། ༈ །ལྔ་པ་གཉིས་ཏེ་རྒྱན་ཆས་གདན་དང་ལྡན། །གཞན་ཡང་རྣམ་པ་མང་པོར་བརྗོད་པ་སྟེ། །དབུ་རྒྱན་སྙན་ཆ་དོ་ཤལ་མགུར་ཆུ་དང་། ཕྲེང་བ་སེ་མོ་ཕྱག་གདུབ་རྒྱན་ཏེ་བདུན། །ཆས་ནི་གསུང་ཐུགས་ཡོན་ཏན་ལས་ཀྱིས་བསྒྱིངས། །དེ་ཕྱིར་ཆོས་གོས་སྨད་དཀྲིས་ཟེའུ་ལྡིར་དང་། །སྟོད་གཡོགས་གསང་གོས་རྣམ་ལྔས་བརྗིད་པར་སྣང་། །གཞན་ཡང་མཚན་དཔེ་འཕགས་པའི་ལམ་ལ་སོགས། །རྫོགས་པར་མངའ་ཕྱིར་སྲས་ཀྱི་ཚོགས་རྣམས་ཀྱང་། །བཀྲ་ཤིས་བརྒྱད་ཀྱིས་ཡོངས་སུ་འཁྱིལ་བའོ། །དེ་ལ་སོགས་པ་དཔག་མེད་བརྗོད་ལས་འདས། །དེ་དག་སྤྱིར་སྣང་ཁྱད་པར་རང་སྣང་འདིའོ། །རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་གྱུར་པ། །དུས་གསུམ་བདེར་གཤེགས་རྒྱལ་བ་ཀུན་གྱི་ཡབ། །རྡོ་རྗེ་སྐུ་དང་གསུང་དང་ཐུགས་ལྡན་པས། །དུག་གསུམ་འཇོམས་མཛད་བཅོམ་ལྡན་རྡོ་རྗེ་སེམས། །ཀུན་གཞི་གནས་གྱུར་ཆོས་དབྱིངས་ཡེ་ཤེས་ཐུགས། །བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། །སྐུ་ཡི་ལོངས་སྤྱོད་མཐའ་འདས་བརྡ་མཇལ་གསུང་། །དུག་ལྔ་ཞི་མཛད་བཅོམ་ལྡན་རྣམ་སྣང་མཛད། །ཉོན་མོངས་ཡིད་གྱུར་མཉམ་ཉིད་ཡེ་ཤེས་ཐུགས། །བསམ་འདས་བརྗོད་མེད་དམིགས་མེད་ཆོས་ཀྱི་སྐུ། །གཞན་གྱི་མི་བརྗོད་རིག་པའི་ཡེ་ཤེས་གསུང་། །ཡོན་ཏན་རྒྱས་མཛད་བཅོམ་ལྡན་རིན་ཆེན་འབྱུང་། །ཡིད་གྱུར་སོ་སོར་རྟོག་པའི་ཡེ་ཤེས་ཐུགས། །མཚན་རྫོགས་མངོན་པར་བྱང་ཆུབ་བརྙེས་པའི་སྐུ། ལྗགས་ཀྱི་མི་བརྗོད་ཡི་གེ་མེད་པའི་གསུང་། །གདུལ་བྱ་དབང་མཛད་བཅོམ་ལྡན་སྣང་མཐའ་ཡས། །སྒོ་ལྔ་གནས་གྱུར་ནན་ཏན་ཡེ་ཤེས་ཐུགས། །ཐུགས་རྗེ་ཆེན་པོ་ཅིར་ཡང་སྤྲུལ་པའི་སྐུ། །ལྗགས་ཀྱིས་སྟོང་གསུམ་ཀུན་ཏུ་གྲགས་པའི་གསུང་། །བདག་གཞན་དོན་མཛད་བཅོམ་ལྡན་དོན་ཡོད་གྲུབ། །ཡེ་ཤེས་ཐུགས་རྗེ་ཆེན་པོས་འགྲོ་བ་རྣམས། །རྣམ་ཐར་སྒོ་གསུམ་གནས་སུ་འདྲེན་མཛད་ཀྱང་། །ཐུགས་ཀྱི་ལོངས་སྤྱོད་ཐམས་ཅད་མི་དམིགས་པ། །ཀུན་འབྱུང་ཡུམ་ཆེན་ནམ་མཁའ་ཀུན་ཏུ་བཟང་། །ཡེ་ཤེས་ཐུགས་རྗེས་འགྲོ་ཀུན་སངས་རྒྱས་འགོད། །རེ་དོགས་མེད་པར་ཡེ་ཤེས་སྤྱན་གཟིགས་ཀྱང་། །སྐུ་ཡི་ལོངས་སྤྱོད་སྣ་ཚོགས་མི་དམིགས་པ། །ཀུན་སྐྱེད་ཡུམ་ཆེན་མ་གྱུར་སངས་རྒྱས་སྤྱན། །ཡེ་ཤེས་ཐུགས་རྗེས་འགྲོ་ལ་མ་ལྟ་བུ། །དགོས་འདོད་རེ་བ་ཡིད་བཞིན་སྐོང་གྱུར་ཀྱང་། །ཡོན་ཏན་ལོངས་སྤྱོད་སྣ་ཚོགས་མི་དམིགས་པ། །ཀུན་སྡུད་ཡུམ་ཆེན་ཆུ་གྱུར་མཱ་མ་ཀི། །ཡེ་ཤེས་ཐུགས་རྗེས་འགྲོ་བའི་དོན་མཛད་ཀྱང་། །ཚུལ་ཁྲིམས་གོས་ལ་དྲི་མས་མ་གོས་ཤིང་། །གསུང་གི་ལོངས་སྤྱོད་སྣ་ཚོགས་མི་དམིགས་པ། །ཀུན་སྨིན་ཡུམ་ཆེན་མེ་གྱུར་གོས་དཀར་མོ། །ཡེ་ཤེས་ཐུགས་རྗེ་ཆེན་པོའི་ཐུགས་དམ་གྱིས། །འགྲོ་ཀུན་འཁོར་བའི་འདམ་ལས་སྒྲོལ་མཛད་མ། །ཕྲིན་ལས་ལོངས་སྤྱོད་སྣ་ཚོགས་མི་དམིགས་པ། །ཀུན་སྒྲོལ་ཡུམ་ཆེན་རླུང་གྱུར་དམ་ཚིག་སྒྲོལ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁྱད་པར་ལས། །རྣམ་པར་སྣང་མཛད་ཐུགས་ཀྱི་སྤྲུལ་པ་ནི། །དང་པོ་སེམས་བསྐྱེད་རིན་ཆེན་མྱུ་གུ་བསྣམས། །སེམས་ལས་འདོད་འབྱུང་ཐུགས་མཆོག་ས་ཡི་སྙིང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལས། །རིན་ཆེན་འབྱུང་ལྡན་ཐུགས་ཀྱི་སྤྲུལ་པ་ནི། །ཉོན་མོངས་སྒྲིབ་གཅོད་ཤེས་རབ་རལ་གྲི་བསྣམས། །ཡོན་ཏན་མཐར་ཕྱིན་ཐུགས་མཆོག་ནམ་མཁའི་སྙིང་། །སོ་སོར་རྟོག་པའི་ཡེ ཤེས་ཁྱད་པར་ལས། །སྣང་བ་མཐའ་ཡས་ཐུགས་ཀྱི་སྤྲུལ་པ་ནི། །ཤེས་བྱའི་སྒྲིབ་སྦྱོང་པདྨ་དཀར་པོ་བསྣམས། །གསུང་དབྱངས་རྣམ་དག་ཐུགས་མཆོག་སྤྱན་རས་གཟིགས། །བྱ་བ་ནན་ཏན་ཡེ་ཤེས་ཁྱད་པར་ལས། །དོན་ཡོད་གྲུབ་པ་ཐུགས་ཀྱི་སྤྲུལ་པ་ནི། །མཁྱེན་ལྔ་ལྷུན་གྲུབ་རྡོ་རྗེ་རྩེ་ལྔ་བསྣམས། །ཕྲིན་ལས་མཐར་ཕྱིན་ཐུགས་མཆོག་རྡོ་རྗེ་ཅན། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁྱད་པར་ལས། །རྣམ་པར་སྣང་མཛད་སྐུ་ཡི་སྤྲུལ་པ་ནི། །དང་པོར་སེམས་བསྐྱེད་དགའ་བས་འགྱིང་བའི་ཚུལ། །སྐུ་ཡི་འགྲོ་འདུལ་བཛྲ་ལ་སྱ་མ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལས། །རིན་ཆེན་འབྱུང་ལྡན་སྐུ་ཡི་སྤྲུལ་པ་ནི། །བསོད་ནམས་ཚོགས་རྫོགས་རིན་ཆེན་ཕྲེང་བ་བསྣམས། །ཡོན་ཏན་འགྲོ་བ་འདུལ་མཛད་མ་ལྱ་མ། །སོ་སོར་རྟོག་པའི་ཡེ་ཤེས་ཁྱད་པར་ལས། །སྣང་བ་མཐའ་ཡས་སྐུ་ཡི་སྤྲུལ་པ་ནི། །ཡེ་ཤེས་ཚོགས་རྫོགས་སྙན་པའི་པི་ཝཾ་བསྣམས། །གསུང་གི་འགྲོ་འདུལ་བཛྲ་གཱིརྟི་མ། །བྱ་བ་ནན་ཏན་ཡེ་ཤེས་ཁྱད་པར་ལས། །དོན་ཡོད་གྲུབ་པའི་སྐུ་ཡི་སྤྲུལ་པ་ནི། །སྐུ་ལྔ་ལྷུན་གྲུབ་ཅིར་ཡང་འགྱུར་བའི་ལྷ། །ཕྲིན་ལས་འགྲོ་འདུལ་བཛྲ་ནཱིརྟི་མ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁྱད་པར་ལས། །རྣམ་པར་སྣང་མཛད་གསུང་གི་སྤྲུལ་པ་ནི། །གཏི་མུག་ལས་ཀྱི་ཆོས་འཆད་ཀླུ་ཤིང་བསྣམས། །ཆོས་དབྱིངས་ཡེ་ཤེས་ཐུགས་རྗེ་བྱམས་པའི་གསུང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལས། །རིན་ཆེན་འབྱུང་ལྡན་གསུང་གི་སྤྲུལ་པ་ནི། །སྤྲོས་པ་མེད་པ་ཆོས་ཀྱི་འཁོར་ལོ་བསྣམས། །སྒྲིབ་པ་ཐམས་ཅད་རྣམ་པ་སེལ་བའི་གསུང་། །སོ་སོར་རྟོག་པའི་ཡེ་ཤེས་ཁྱད་པར་ལས། །སྣང་བ་མཐའ་ཡས་གསུང་གི་སྤྲུལ་པ་ནི། །འདོད་ཆགས་ལམ་སྦྱོང་ཆོས་འཆད་རིན་ཆེན་སྙེ། །རྟོག་པའི་ཡེ་ཤེས་ཀུན་ཏུ་བཟང་པོའི་གསུང་། །བྱ་བ་ནན་ཏན་ཡེ་ཤེས་ཁྱད་པར་ལས། །དོན་ཡོད་གྲུབ་པ་གསུང་གི་སྤྲུལ་པ་ནི། །ཕྲག་དོག་ལམ་སྤྱོད་ཆོས་འཆད་ཨུཏྤལ་བསྣམས། །ནན་ཏན་ཡེ་ཤེས་འཇམ་དཔལ་གཞོན་ནུའི་གསུང་། །ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ངང་། །ཕྱོགས་དུས་འཕགས་པ་མཆོད་པའི་ཕྲིན་ལས་ནི། །སྣང་བ་གཟུགས་མཛེས་མཆོད་པས་མཉེས་མཛད་མ། །སྤྱན་གཉིས་མཛད་པའི་གཟུགས་མཆོག་མེ་ཏོག་མ། །མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང་ལྡན་དང་། །ཕྱོགས་དུས་རྒྱལ་བ་མཆོད་པའི་ཕྲིན་ལས་ནི། །དྲི་འབྱུང་ཡེ་ཤེས་མཆོད་པས་མཉེས་མཛད་པ། །ཤངས་མཉེས་མཛད་ཕྱིར་དྲི་མཆོག་བདུག་པ་མ། །རྟོག་པའི་ཡེ་ཤེས་སྣང་བ་མཐའ་ཡས་དང་། །ཕྱོགས་དུས་རྒྱལ་བ་མཆོད་པའི་ཕྲིན་ལས་ནི། །སྒྲ་གསུང་སྐད་སྙན་མཆོད་པས་མཉེས་མཛད་དེ། །སྒྲས་མཉེས་མཛད་པ་རྡོ་རྗེ་སྒྲོལ་མའི་སྐུ། །ནན་ཏན་ཡེ་ཤེས་དོན་ཡོད་གྲུབ་པ་དང་། །ཕྱོགས་དུས་རྒྱལ་བ་མཆོད་པའི་ཕྲིན་ལས་ནི། །རོལ་པས་རེག་བྱའི་མཆོད་པས་མཉེས་མཛད་པ། །སྐུ་མཉེས་མཛད་ཕྱིར་རེག་བྱའི་དྲི་ཆབ་མ། །ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས། །ཤར་ཕྱོགས་ལྷ་ཡི་འཇིག་རྟེན་འཇོམས་མཛད་པ། །ལྟ་ངན་ལམ་སྦྱོང་ཆོས་འཆད་པི་ཝཾ་བསྣམས། །ལྟུང་བ་ཞི་མཛད་ལྷ་དབང་བརྒྱ་བྱིན་སྐུ། །ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས། །ཤར་ཕྱོགས་ལྷ་མིན་འཇིག་རྟེན་དོན་མཛད་པ། །ང་རྒྱལ་ལམ་སྦྱོང་ཆོས་འཆད་གོ་ཆ་བསྣམས། །འཐབ་རྩོད་ཞི་མཛད་ལྷ་མིན་ཐགས་བཟང་རིས། །ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས། །ཤར་ཕྱོགས་མི་ཡི་འཇིག་རྟེན་དོན་མཛད་པ། །ཕྲག་དོག་ལམ་སྦྱོང་ཆོས་འཆད་གསེག་པར་བསྣམས། །འགྱུར་བ་ཞི་མཛད་མི་དབང་ཤཱཀྱ་ཐུབ། །ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས། །ཤར་ཕྱོགས་བྱོལ་སོང་འཇིག་རྟེན་དོན་མཛད་པ། །གཏི་མུག་ལམ་སྦྱོང་ཆོས་འཆད་པུ་ཏི་བསྣམས། །བླུན་ལྐུགས་ཞི་མཛད་སེང་གེ་རབ་བརྟན་མགོན། །ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས། །ཤར་ཕྱོགས་ཡི་དྭགས་འཇིག་རྟེན་དོན་མཛད་པ། །འདོད་ཆགས་ལམ་སྦྱོང་ཆོས་འཆད་རིན་ཆེན་སྒྲོམ། །བཀྲེས་སྐོམ་སྡུག་བསྔལ་ཞི་མཛད་ཁ་འབར་མ། །ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས། །ཤར་ཕྱོགས་དམྱལ་བའི་འཇིག་རྟེན་དོན་མཛད་པ། །ཞེ་སྡང་ལམ་སྦྱོང་ཆོས་འཆད་མེ་ཆུ་བསྣམས། །ཚ་གྲང་སྡུག་བསྔལ་ཞི་མཛད་ཆོས་ཀྱི་རྒྱལ། །ཡེ་ཤེས་བཞི་ལ་རིགས་བཞི་ཕྲིན་ལས་ཀྱིས། །དྲུག་གི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་རུ། །སྤྲུལ་པ་བྱེ་བ་ཕྲག་བརྒྱས་འགྲོ་དྲུག་གི། །དོན་རྣམས་ཇི་ལྟར་འདུལ་མཛད་ཐུབ་པ་དྲུག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁྱད་པར་ལས། །རྣམ་པར་སྣང་མཛད་དྲག་པོའི་ཕྲིན་ལས་ནི། །སྐུ་ཡི་དངོས་པོ་འཇོམས་པས་ཐོད་དབྱུག་བསྣམས། །དེ་ཕྱིར་ཤར་སྒོ་སྲུང་བའི་གཤིན་རྗེ་གཤེད། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལས། །རིན་ཆེན་འབྱུང་ལྡན་ཕྲིན་ལས་དྲག་པོས་ནི། །ཐུགས་ཀྱི་དངོས་པོ་འཇོམས་པས་རྡོ་རྗེའི་གནོན། །དེ་ཕྱིར་ལྷོ་སྒོ་སྲུང་བའི་རྣམ་པར་རྒྱལ། །སོ་སོར་རྟོག་པའི་ཡེ་ཤེས་བྱིན་རླབས་ལས། །སྣང་བ་མཐའ་ཡས་ཕྲིན་ལས་དྲག་པོས་ནི། །གསུང་གི་དངོས་པོ་འཇོམས་མཛད་ཐོད་སྦྲུལ་གནོན། །དེ་ཕྱིར་ནུབ་སྒོ་སྲུང་བའི་རྟ་མགྲིན་དཔལ། །བྱ་བ་ནན་ཏན་ཡེ་ཤེས་ཁྱད་པར་ལས། །དོན་ཡོད་གྲུབ་པའི་ཕྲིན་ལས་དྲག་པོས་ནི། །ཕྲིན་ལས་དངོས་པོ་འཇོམས་མཛད་རྒྱ་གྲམ་གནོན། །དེ་ཕྱིར་བྱང་སྒོ་སྲུང་བའི་བདུད་རྩི་འཁྱིལ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁྱད་པར་ལས། །རྣམ་པར་སྣང་མཛད་ཕྲིན་ལས་དྲག་པོས་ནི། །རྟག་པར་ལྟ་བ་འཇོམས་སྡུད་ལྕགས་ཀྱུ་བསྣམས། །ལོག་འདྲེན་སྙིང་འདྲེན་རྟ་གདོང་ལྕགས་ཀྱུ་མ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལས། །རིན་ཆེན་འབྱུང་ལྡན་ཕྲིན་ལས་དྲག་པོས་ནི། །ཆད་པར་ལྟ་བ་འཇོམས་སྡུད་ཞགས་པ་བསྣམས། །ལོག་ལྟ་ཞི་མཛད་ཕག་གདོང་ཞགས་པ་མ། །སོ་སོར་རྟོག་པའི་ཡེ་ཤེས་ཁྱད་པར་ལས། །སྣང་བ་མཐའ་ཡས་ཕྲིན་ལས་དྲག་པོས་ནི། །མཚན་མར་ལྟ་བ་དབང་སྡུད་ལྕགས་སྒྲོག་བསྣམས། །ལོག་ལྟ་དབང་སྡུད་ཉི་ཟླ་ལྕགས་སྒྲོག་མ། །བྱ་བ་ནན་ཏན་ཡེ་ཤེས་ཁྱད་པར་ལས། །དོན་ཡོད་གྲུབ་པའི་ཕྲིན་ལས་དྲག་པོས་ནི། །བདག་ཏུ་ལྟ་བ་འཇོམས་མཛད་དྲིལ་བུ་བསྣམས། །ལོག་ལྟ་རླག་བྱེད་ཐལ་བྱེད་དྲིལ་བུ་མ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལས། །འཁོར་བ་མྱ་ངན་འདས་པའི་རྣམ་རྟོག་རྣམས། །བདེ་ཆེན་མཉམ་པའི་ངང་ལས་འགོད་མཛད་པས། །ཕྱག་ཞབས་མཉམ་བཞག་ཡིད་གྱུར་ཀུན་ཏུ་བཟང་། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཁྱད་པར་ལས། །འདུས་བྱས་འདུས་མ་བྱས་པའི་ཆོས་རྣམས་ཀུན། །ཆོས་དབྱིངས་རྣམ་པར་དག་པའི་དབྱིངས་གྱུར་པས། །གསང་གསལ་ཕྱག་རྒྱ་ཆོས་གྱུར་ཀུན་བཟང་མོ། །ཀུན་འབྱུང་ཀུན་གཞི་ཆོས་ཉིད་དབྱིངས། །མ་སྐྱེས་མི་འགག་ཀུན་ཏུ་སྣང་། །སྨྲ་བསམ་བརྗོད་མེད་ཡུལ་ལས་འདས། །མཐའ་ཡས་མཐའ་ཡས་བསྐྱེད་པའི་གཞི། །མི་རྟོག་ངང་ལས་རྟོག་ཉིད་དུ། །བརྟགས་པས་སྟོང་པ་གང་བྱུང་བ། །དེ་ཉིད་བརྟགས་པ་ཆེན་པོ་སྟེ། །གང་མི་རྟོག་པ་རྟོག་པའི་རྒྱུད། །སྟོང་ཉིད་མི་གཡོ་ནམ་མཁའ་ལ། །མི་བསྐྱོད་བདེ་བར་གཤེགས་མཛད་པའི། །མི་དམིགས་མི་རྟོག་དེ་བཞིན་ཉིད། །རྟོག་པ་སྣ་ཚོགས་སྐྱེད་པར་མཛོད། །ནམ་མཁའ་དབྱིངས་ཀྱི་སྙིང་པོ་ལས། །རང་བཞིན་ཀུན་ཏུ་སྣང་བའི་དངོས། །ཡོངས་ལ་ཁྱབ་པའི་སྙིང་རྗེའི་ཡུམ། །མཐའ་ཡས་རྒྱལ་སྲས་བསྐྱེད་པར་མཛོད། །ཐ་དད་རྣམ་པར་སྣང་མཛད་ནས། །གསུང་གི་ཕྱག་རྒྱའི་ཡེ་ཤེས་ལས། །རྒྱལ་བ་རྣམས་ནི་ཡི་གེར་སྣང་། །ཡི་གེ་ཡེ་ཤེས་བསྐྱེད་པར་མཛོད། །ཡེ་ཤེས་ཕ་རོལ་ཕྱིན་རྫོགས་པའི། །རྣལ་འབྱོར་རིག་པའི་སྒོ་མཚོན་པ། །ཐུགས་ཀྱི་རྟགས་སྣང་སྣང་བར་མཛོད། །རྣམ་གྲོལ་ཡེ་ཤེས་སྣང་བར་མཛོད། །སྟོང་ཉིད་མི་རྟོག་ཡེ་ཤེས་ལས། །མ་སྐྱེས་མ་འགག་གཟུགས་སྣང་བ། །མཁའ་ལ་འཇའ་སྣང་ཇི་བཞིན་དུ། །དབྱིངས་ལས་ཕྱག་རྒྱ་བཞེས་སུ་གསོལ། །དེ་ཉིད་ཡི་གེའི་རང་བཞིན་ཏེ། །རང་བྱུང་ཡེ་ཤེས་མཱུྃ་དུ་གསལ། །ཐམས་ཅད་ཡི་གེའི་རང་བཞིན་ཏེ། །མ་སྐྱེས་གསལ་བའི་ཡི་གེ་ཨ། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །སྣ་ཚོགས་ཡི་གེ་ཧཱུྃ་དུ་གསལ། །དུག་གིས་ནད་སེལ་ཇི་བཞིན་དུ། །རྟོག་པས་རྟོག་པ་ཞི་བར་མཛོད། །དང་པོའི་ལས་ཅན་ངེས་པར་འབྱུང་བའི་གདུལ་བྱ་དག །རབ་འབྲིང་ཐ་མས་མཚན་མ་མེད་དང་མཚན་མ་ཡི། །རྣལ་འབྱོར་རིམ་པས་འབད་དེ་ཉམས་སུ་བླང་བྱའོ། །དམ་པའི་དགོངས་པ་དམན་པས་དཔག་པར་མི་འོས་ཀྱང་། །བསམ་པས་ད་ལྟར་མ་འོངས་དུས་ཀྱི་བདག་གཞན་ལ། །ཕན་ཕྱིར་ལུང་ལ་བརྟེན་པའི་བཀའ་སྒྲོས་བརྗེད་བྱང་འདི། །ཚིག་དོན་འགལ་འཁྲུལ་འཕགས་དང་མཁས་པ་རྣམས་ལ་བཟོད་པར་གསོལ། །དེ་ལྟར་མོས་པ་དག་དང་མོས་པའི་དགའ་བ་གང་དང་གང་། །བསམ་དཔྱོད་དགེ་བསྐུལ་ཤེས་རབ་འཕེལ་འགྱུར་གཅིག་པ་ཡི། །དགེ་བ་ཅི་མཆིས་མ་འོངས་དོན་དུ་བསྔོས་པ་ཡིས། །འདི་ལ་མོས་པ་མཐའ་དག་གྲོལ་ཞིང་སྨིན་གྱུར་ཅིག །སློབ་དཔོན་བི་མ་ལ་མི་ཏྲས་ཞང་ཛྙཱ་ན་ལ་གནང་། རྒྱུད་ཐམས་ཅད་ཀྱི་འགྲེལ་པ། ལུང་དམ་པའི་བཅུད། མན་ངག་མཐའ་དག་གི་སྙིང་པོ། རྣལ་འབྱོར་གྱི་ལམ་དམ་པ། ལོག་པའི་རྟོག་པ་ཞི་བར་བྱེད་པ། ཞི་བ་རྟོག་པའི་ལྷ་རྒྱུད་དོ། །གང་དག་དམ་པ་འདི་ལ་མོས་མ་མེད། །སྣོད་མིན་རྣམས་དང་ནམ་དུའང་མ་འཕྲད་ཅིག །གལ་ཏེ་འཕྲད་ནའང་མོས་པ་སྐྱེ་བ་དང་། །མོས་ཤིང་ཕྲད་ནས་སྨིན་ཅིང་གྲོལ་བར་ཤོག །རྫོགས་སོ།། །།


previousཞི་བ་ལྷ་རྒྱུད། དཔོན་བི་མ་ལ། next