Nitartha Digital Library
Tibetan
 
previousཞི་རྒྱུད་དང་ཁྲོ་རྒྱུད། སློབ་དཔོན་བི་མ་ལ། next

ཞི་རྒྱུད་དང་ཁྲོ་རྒྱུད། སློབ་དཔོན་བི་མ་ལ།

ཤཱ ནྟ ཏ ནྟྲ ཤྭ ཀྲོ དྷ ཏནྟྲ བི ཧ ར ཏི སྨ། །
༄༅ ། །ཞི་རྒྱུད་དང་། ཁྲོ་རྒྱུད་བཞུགས་སོ། །
རྒྱ་གར་སྐད་དུ། ཨ་ཏ་ལ་མ་ཡ་ལ་པྲ་བ་ས་ལ། བོད་སྐད་དུ། ཆོས་ཉིད་རང་བཞིན་ཞི་བ་རང་འབར་བའོ། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་ན། ཆོས་དབྱིངས་ཀློང་ཆེན་ཁྱབ་པའི་འོད། །འདུ་འབྲལ་མེད་པ་ཐུགས་རྗེའི་འོད། །གཉིས་སུ་མེད་པ་ཡེ་ཤེས་སྐུ། །བརྗོད་དུ་མེད་པ་ཚངས་པའི་གསུང་། །མ་བཅོས་བྱང་ཆུབ་སེམས་ཉིད་ཆོས་ཀྱི་སྐུ། །མ་བྱས་མ་བྱུང་སེམས་ཉིད་ཆོས་ཀྱི་དབྱིངས། །སེམས་ཉིད་ཡོན་ཏན་བསམ་མི་ཁྱབ། །སེམས་ཉིད་སྟོང་གསལ་ཆོས་ཉིད་ལས། །གསང་བའི་ཡེ་ཤེས་རྩ་གནད་ཞི་བའི་ལྷ། །མི་སྦྱོང་མི་སྒྲུབ་ཞི་བའི་སེམས་ཉིད་དང་། །མི་ལྟ་མི་སྒོམ་སེམས་ཉིད་ཞི་བའི་ཚོགས། །གསང་སྔགས་སྙིང་པོ་ཞི་བ་བཞི་བཅུ་གཉིས། །ཀུན་གཞིའི་གདངས་ནི་ཡེ་ཤེས་རྒྱལ་བ་ལྔ། །སེམས་ཉིད་རིགས་ཀྱི་ཡུམ་ལྔ་གཙོ། །དབྱེར་མེད་ཡེ་ཤེས་བརྒྱད་ནི་སེམས་དཔའ་བརྒྱད། །རང་སངས་ཡེ་ཤེས་རྩ་བརྒྱད་སེམས་མ་བརྒྱད། །ལས་ཀྱི་རྩ་ཕྲན་བརྒྱད་ནི་སྒོ་བ་ཡབ་ཡུམ་བརྒྱད། །སེམས་ཉིད་སྣང་སྟོང་གཉིས་ནི་ཀུན་བཟང་ཡབ་ཡུམ་གཉིས། །ཤེས་རབ་འབྲུ་ལྔ་ཐིག་ལེ་དང་། དྲུག་ཐུབ་པ། ཀུན་གཞི་བྱང་ཆུབ་སེམས་ཀྱི་ངང་ཉིད་ལས། །ཁ་དོག་མེད་པ་གསལ་བ་རྡོ་རྗེ་སེམས་དཔའ་ཉིད། །སྒྲིབ་བྱེད་མེད་པར་ཤར་བས་སྐུ་མདོག་མཐིང་། །འདུ་འབྲལ་མེད་པར་གནས་པས་གཡས་པ་རྡོ་རྗེ་བསྣམས། །མཚན་མ་མེད་པར་གནས་པས་གཡོན་པ་དྲིལ་བུ་ཅན། །ཡང་སྐྲག་པ་མེད་པས་བརྩལ་དང་རྩོལ་བ་མེད། །མ་བྱས་མ་བྱུང་མ་བསླད་སེང་གེ་བརྒྱད། །འདོད་པ་ཐམས་ཅད་སེམས་སུ་རྫོགས་པས་རིིན་ཆེན་ཁྲི་རྐང་རང་བྱུང་ངོ་། །རང་གསལ་སྒྲིབ་མེད་དབྱིངས་ལས་འདས་པས་པདྨ་ཉི་ཟླའི་གདན། །ཡེ་ནས་གཉིས་མེད་མཉམ་པར་གནས། །རྡོ་རྗེ་སེམས་དཔའི་བཞུགས་ཚུལ་ལོ། །སེམས་ཉིད་རང་ཤར་རྒྱན་དང་ཆ་ལུགས་སོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །དངོས་པོ་མེད་པར་སྣང་སྣང་བས། །རྒྱལ་བ་རྣམ་པར་སྣང་མཛད་ཉིད། །ཕྱོགས་རིས་མེད་པར་སྐུ་མདོག་དཀར། །སྤྲོས་པ་མེད་པས་གཡས་པ་འཁོར་ལོ་བསྣམས། །མཚན་མ་མེད་པས་གཡོན་པའི་འགྲེའོ། །ང་མེད་བདག་མེད་རིགས་མེད་དང་། །དངོས་མེད་ཕྱོགས་མེད་སྤྲོས་མེད་དང་། །བགྲོད་མེད་སྒྲིབ་མེད་དང་། ཆགས་མེད་བཅུའི་སྟོབས་དག་གིས། །ཆོས་ཀྱི་དབྱིངས་སུ་རྫོགས་པ་གླང་ཆེན་བརྒྱད། །བྱང་ཆུབ་སེམས་ཀྱི་རྒྱུད་རྐྱེན་མེད་པར་རང་བྱུང་བས། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་ཉིད། །བདག་མེད་རང་གསལ་སྐུ་མདོག་སེར། །རེ་དོགས་གཉིས་མེད་གཡས་པ་རིན་ཆེན་བསྣམས། །མཚན་མ་མ་སྤངས་མ་སྦྱངས་མ་བལྟས་གསལ། །མ་གཡོས་དབྱིངས་སུ་གནས་པ་རྫུ་འཕྲུལ་བཞི། །རྟ་བརྒྱད་སྟེང་ན་བཞུགས། བྱང་ཆུབ་སེམས་ཕྱོགས་ཀུན་ཏུ་རང་ཤར་བས། །བཅོམ་ལྡན་སྣང་བ་མཐའ་ཡས་ཉིད། །མ་སྤངས་སྐུ་མདོག་དམར། སྐྱོན་མཐའ་ལས་འདས་པས་གཡས་པས་པདྨ་བསྣམས། །མཚན་མ། དངོས་དྭངས་དག་གྲོལ་ཡང་དག་གྲུབ་པའི་རྫོགས། །མཐར་ཕྱིན་བཅུ་ནི་ཡེ་ཤེས་དབང་བཅུའོ། །རྨ་བྱ་བརྒྱད་ཀྱི་ཁྲི་སྟེངས་སོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །མ་བསྒྲུབས་སྐུ་ལྔ་ལྷུན་གྱིས་གྲུབ། ། བཅོམ་ལྡན་དོན་ཡོད་གྲུབ་པའོ། །མཚན་མའི་ཡུལ་དང་བྲལ་བས་སྐུ་མདོག་ལྗང་། །མཐའ་བཞི་སྤྲོས་དང་བྲལ་བས་རལ་གྲི་བརྣམས། །མཚན་མ་མེད་པས་གཡེན་པ་འགྲེའོ། །བཙལ་མེད་རང་བྱུང་གོས་མེད་བུན་དུ་ཤར། །ཕྲིན་ལས་བཞི་ནི་ལྷུན་གྱིས་གྲུབ། །ཤང་ཤང་བརྒྱད་ཀྱི་ཁྲིའོ། །སེམས་ཉིད་རིགས་ཀྱི་ཡུམ་ལྔར་སངས་རྒྱས་ཏེ། །སེམས་དབྱིངས་སྐྱེ་བ་མེད་པས་ཀུན་བཟང་མ། །ཆོས་རྣམས་རང་བཞིན་སྟོང་བས་གཡས་པ་ཡབ་ལ་འཁྱུད། །ཆོས་རྣམས་ཐམས་ཅད་གཉེན་པོ་མེད་པར་གྲོལ་བས་གཡོ་པ་དྲིལ་བུ་ཅན། །སེམས་ཉིད་ཕྱོགས་མེད་གདལ་བས་སངས་རྒྱས་སྤྱན། །སེམས་ལ་རྒྱུན་ཆད་མེད་པས་མ་མ་ཀི། །སེམས་ཉིད་སྒྲིབ་མེད་ཤར་བས་གོས་དཀར་མོ། །སེམས་ལ་རྒྱ་ཆད་ཕྱོགས་ལྷུང་མེད་པས་དམ་ཚིག་སྒྲོལ། །ཡེ་ཤེས་འོད་བརྒྱད་རང་བྱུང་སེམས་དཔའ་བརྒྱད། །ཡེ་ཤེས་ཁ་དོག་མེད་པས་འོད་དཀར་ས་སྙིང་དཀར། །ཡེ་ཤེས་རྒྱུ་རྐྱེན་མེད་པས་རིན་ཆེན་མྱུ་གུ་བསྣམས། །ཡེ་ཤེས་མཚན་མ་མེད་པས་གཡོན་ཀུན་དྲིལ་བུ་བསྣམས། །ཆོས་རྣམས་རང་གསལ་དག་པས་ཐམས་ཅད་པདྨ་ཉི་ཟླའི་གདན། །རང་སེམས་ཕྱེད་ལས་མ་མཐོང་ཕྱེད་སྐྱིལ་ཅན། །ཡེ་ཤེས་སྒྲིབ་མྱེད་མེད་པས་འོད་ཟེར་ནམ་མཁའི་དབྱིངས། །གཟུང་འཛིན་གཅོད་པའི་ཡེ་ཤེས་རལ་གྲི་བསྣམས། །ཡེ་ཤེས་གོས་མེད་དག་པས་གོས་དམར་སྤྱན་རས་གཟིགས། །ཆོས་ཉིད་ཉེས་སྐྱོན་དག་པས་པདྨ་དཀར་པོ་བསྣམས། །བཙལ་མེད་ལྷུན་གྱིས་གྲུབ་པས་འོད་ལྗང་ཕྱག་རྡོར་ཉིད། །ཡེ་ཤེས་འདུ་འབྲལ་མེད་པས་ཡེ་ཤེས་རྡོ་རྗེ་བསྣམས། །འོད་ལ་འབྱེད་འབྲལ་མེད་པས་བྱམས་པ་དཀར་སེར་ཉིད། །འོདཟེར་ངེས་མེད་སྣང་བས་ཀླུ་ཤིང་མགོ་ལྕོགས་བསྣམས། །ཐིག་ལེ་འདུ་འབྲལ་མེད་པས་སྒྲིབ་སེལ་དམར་སེར་ཉིད། །བློ་ལ་སྤྲོས་པ་མེད་པས་ཆོས་ཀྱི་འཁོར་ལོ་བསྣམས། །འདོད་པའི་གཟུགས་དང་བྲལ་བས་ཀུན་བཟང་དམར་ལྗང་ཉིད། །མེད་པར་སྣ་ཚོགས་འབྱུང་བས་རིན་ཆེན་སྙེ་མ་བསྣམས། །འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཇམ་དཔལ་དཀར་ལྗང་ཉིད། །ཉེས་མེད་སྐྱོན་དང་བྲལ་བས་མེ་ཏོག་ཨུཏྤལ་བསྣམས། །སེམས་ཉིད་རང་ཤར་འོད་ཟེར་སེམས་མ་བརྒྱད། །དབུས་མཐིང་རྩ་ནི་འགྱུར་བ་མེད་པས་ལཱ་སྱེ་དཀར། །ཕྱོགས་མེད་གདངས་ལ་གསལ་བས་ཡེ་ཤེས་མེ་ལོང་ཅན། །གཡས་དཀར་རྩ་ནི་སྤྲོས་དང་བྲལ་བས་མཱ་ལེ་སེར། །མ་བྱས་རང་བྱུང་ཤར་བས་རིན་ཆེན་ཕྲེང་བ་ཅན། །གཡོན་དམར་རྩ་ནི་ཆགས་དང་བྲལ་བས་གཱིརྟི་དམར། །སྟོང་ཉིད་རྒྱུན་ཆད་མེད་པས་པི་ཝཾ་བསྣམས། །རྒྱབ་ལྗང་རྩ་ནི་མཐའ་ལས་གྲོལ་བས་ནིརྟི་ལྗང་། །མཚན་མའི་དབྱིངས་ལས་གྲོལ་བས་གར་བསྒྱུར་མ། །རྩ་ནི་ཨ་ལས་སྐྱེ་བ་མེད་པས་དྷུ་པེ་དཀར། །ཨ་ཉིད་རྒྱུན་ཆད་མེད་པས་སྤོས་མེ་བསྣམས། །ཨ་ཉིད་རྒྱུ་རྐྱེན་མེད་པས་པུཥྤེ་སྔོ། །ཨ་ཉིད་མ་བཅོས་གསལ་བས་མེ་ཏོག་འཐོར། །ཨ་ཉིད་ཕྱོགས་མེད་གསལ་བས་ཨཱ་ལོ་དམར། །ཁ་དོག་མེད་པར་ཤར་བས་མར་མེ་བསྣམས། །ཨ་ཉིད་འོད་ཟེར་ལྗང་བས་གནྡྷེ་ལྗང་། །ཕྱོགས་དང་རིས་སུ་མེད་པས་དྲི་ཆབ་བསྣམས། །རྩ་ཕྲན་བཅུ་ཡི་གཡས་ཀྱི་རྩ་གཉིས་ནི། །རང་བྱུང་རྩ་ནི་ཐོགས་རྡུལ་མེད་པ་གཤིན་རྗེ་མཐིང་ནག་གོ། །འདོད་པ་དང་བྲལ་མི་མགོ་གདེངས་པ་བསྣམས། །རང་གསལ་རྩ་ནི་རྒྱུན་ཆད་མེད་པས་ལྕགས་ཀྱུ་མ། །རྩ་ཕྲན་བཅུ་ཡི་གཡོན་གྱི་རྩ་གཉིས་ནི། །རང་བྱུང་རྩ་ནི་འགག་མེད་སྟོབས་ཆེན་སེར་ནག་གོ། །འཇིགས་བྲལ་མེད་པས་རྡོ་རྗེ་རྩེ་ལྔས་གནོན། ། རང་གསལ་རྩ་ནི་བྱ་བྲལ་ཞགས་པ་མ། །རྩ་ཕྲན་བཅུ་ཡི་རྒྱབ་ཀྱི་རྩ་གཉིས་ནི། །རང་བྱུང་རྩ་ནི་ཐོགས་མེད་རོལ་པ་རྟ་མགྲིན་དམར་ནག་གོ། །ཆགས་པའི་མདུད་པ་གྲོལ་བས་སྦྲུལ་དཀྲིས་བསྣམས། །རང་གསལ་རྩ་ནི་འབྱེད་པ་མེད་པའི་ལྕགས་སྒྲོག་མ། །རྩ་ཕྲན་བཅུ་ཡི་མདུན་གྱི་རྩ་གཉིས་ནི། །རང་བྱུང་རྩ་ནི་ཀུན་ཏུ་ཤར་བས་བདུད་རྩི་འཁྱིལ་པ་ལྗང་ནག་གོ། །དབྱིངས་ལས་གྲོལ་བའི་རྡོ་རྗེ་རྒྱ་གྲམ་གནོན་པའོ། །རང་གསལ་རྩ་ནི་སྤྲོས་ལས་འདས་པས་དྲིལ་བུ་མ། །དེ་རྣམས་ཐམས་ཅད་རང་རིག་རང་ཤར་བྱུང་བས་ན། །ཀུན་བཟང་མཐིང་ཁ་མཉམ་བཞག་རྫོགས་པའི་རྒྱ། །དེ་རྣམས་ཐམས་ཅད་ཕྱོགས་དང་རིས་ལས་འདས་པས་ན། །ཀུན་ཏུ་བཟང་མོ་མཉམ་བཞག་ཡེ་ཤེས་འཕྲོ། །དཔའ་བོ་འབྲུ་ལྔ་ཐིག་ལེ་དྲུག་ནི་ཐུབ་པ་དྲུག །ༀ་དཀར་དངོས་པོ་མེད་པས་ལྷའི་ཐུབ། ཆོས་ཉིད་སྒྲ་ལ་བརྗོད་པ་མེད་པས་པི་ཝཾ་བསྣམས། །ཧཱུྃ་ཤར་རང་བྱུང་ཤར་བས་མི་ཡི་ཐུབ། །སྣོང་སྟོང་དབྱེར་མེད་གསེག་ཤང་པར་བུ་བསྣམས། །ཨཾ་ནི་དམར་ནག་ཐུགས་རྗེ་དབྱེར་མེད་ཡི་དྭགས་ཐུབ། །འདོད་ཆགས་སེལ་བའི་རིན་ཆེན་སྒྲོམ་བུ་ཅན། །སྭཱ་ནི་སེར་ནག་གཉིས་སྣང་གྲོལ་བའི་བྱོལ་སོང་ཐུབ། །ཆོས་ཉིད་ཡངས་དོག་མེད་པས་པོ་ཏི་བསྣམས། །མི་ཤིགས་ཐིག་ལེ་ལྷ་མིན་ཐུབ་པ་སྔོ་ནག་གོ། །ང་བདག་བྲལ་བའི་གོ་ཆ་མདུད་ཐུང་བསྣམས། །ཧཱ་ལྗང་དུད་ཁ་མདངས་གསལ་དམྱལ་བའི་ཐུབ། །སྣང་དང་སྟོང་པ་དབྱེར་མེད་མེ་ཆུ་ཅན། །ཡེ་ཤེས་རྩ་ལ་སངས་རྒྱས་བཞི་བཅུ་རྩ་གཉིས་མ་སྐྱེས་རང་བཞིན་རྫོགས། །སེམས་ལ་སྤྲོས་པ་མེད་པ་ལ། །སངས་རྒྱས་འདོད་པ་གོལ་བ་ཡིན། །སེམས་ཉིད་ཡེ་ནས་སངས་རྒྱས་ལས། །སྦྱང་བྱ་སྦྱོང་བྱེད་གོལ་བ་ཡིན། །སེམས་ཉིད་ཆོས་དབྱིངས་ཆེན་པོ་ལ། །ཕྱོགས་རིས་འབྱེད་པ་གོལ་བ་ཡིན། །སེམས་ཉིད་མ་བཅོས་ཆོས་སྐུའོ། །མ་བསླབས་ཤེས་པ་ཤེས་རབ་ཉིད། །མ་བྱས་བྱུང་བ་རིག་པ་ཉིད། །མ་ཕྱིར་སླེབས་པ་ཀུན་གཞིའི་དབྱིངས། །ལ་བཟླ་བའི་ཞི་རྒྱུད། སྣུབས་ཆུང་ཆུང་གི་ཐུགས་དམ་ཞི་རྒྱུད་རྫོགས་སོ། ༈ །རྒྱ་གར་སྐད་དུ། བི་མ་ལ་ཨ་ས་ལེ་ཏ་གྷ་བ་བྲག །བོད་སྐད་དུ། ཡང་དག་ཉི་མ་ཁྲོ་བོ་སྣང་བའི་རྒྱན། །དཔལ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་ན། ས་ནི་གཡོས་འབར་བ་དང་། ལྡེག་པ་དང་སྐྱོད་པར་བྱེད་པ་ཡང་འབྱུང་ངོ་། །ནམ་མཁའ་འཁྲུགས་ཏེ་སྟོང་པར་གདལ། །ས་གཞི་འཁྲུགས་ཏེ་དངོས་པོ་མེད། །སེམས་ནི་འཁྲུགས་ཏེ་ང་བདག་མེད། །སངས་རྒྱས་འཁྲུགས་ཏེ་ཕྱོགས་རིས་མེད། །ཐམས་ཅད་ཁྲོ་བོར་རང་བྱུང་གི་སྐུར། སྣང་སྟེ། དྭངས་མའི་རྩ་ལྔ་ལ་ཁྲག་འཐུང་ལྔ་གནས། ཨ་ཝ་དྷུ་ཏིའི་འོད་ལྔ་ལ་ཡུམ་ལྔ་གནས། འཁོར་ལོ་བདུན་གྱི་དབྱིབས་བདུན་དང་། བདེ་བ་བྱང་ཆུབ་སེམས་ལ་ཁྲོ་མོ་བརྒྱད་གནས། འཁོར་ལོ་བདུན་གྱི་འོད་ཟེར་འབར་བ་བདུན་དང་། བྱང་ཆུབ་སེམས་ཀྱི་རྒྱུ་དང་བརྒྱད་ལ་སིངྷ་བརྒྱད་གནས། རོ་མ་རྐྱང་མ་དྲི་ཆེན་དྲི་ཆུ་ལ་སྒོ་མ་བཞི་གནས། ཕུང་པོ་སྐྱེ་བྱེད་ཀྱི་རྩ་ལྔ་དང་། ཕུང་པོ་ཆགས་བྱེད་ཀྱི་རྩ་ལྔ་དང་། ཕུང་པོ་རྒྱས་བྱེད་ཀྱི་རྩ་ལྔ་དང་། ཕུང་པོ་གསལ་བྱེད་ཀྱི་རྩ་ལྔ་སྟེ་ཉི་ཤུ། འགྱུ་བྱེད་ཀྱི་རྩ་བཞི། གཟུགས་ཀྱི་རྩ་བཞི་སྟེ་བརྒྱད། ཉི་ཤུའི་རྩ་བ རྒྱད་ལ་དབང་ཕྱུག་མ་གནས། དང་པོ་འོད་ཀྱི་གདངས་ལས་བཛྲ་ཧེ་རུ་ཀ་རང་གསལ་གཡས་དཀར། རང་གྲོལ་གཡོན་དམར་པོ། དབྱེར་མེད་དབུས་མཐིང་། ཕྱག་དྲུག་ཡེ་ཤེས་དྲུག །ཚད་མེད་ཞབས་བཞི་དངོས་མེད་དྲེགས་པ། རང་གྲོལ་ཉི་ཟླའི་གདན། དུར་ཁྲོད་ཆས་བརྒྱད་པ་བརྒྱན་མ་མནན་ནོ། །གར་དགུ་ཐེག་དགུ་མ་བསྒྲུབས་གྲུབ། །དབྱེར་མེད་གླང་ཆེན་མ་བྲལ་ཞིང་། །རང་གསལ་སྟག་ཤམ་སྐུ་གསུམ་ཐོད་པ་གསུམ། །མ་བཅོས་མ་བསླད་མ་བྱས་རྟགས་གསུམ་མོ། །ཕྱོགས་བྲལ་སྦྲུལ་རྒྱན་རང་ཞལ་ཉི་ཟླ་སྙན། །རྩ་ཡི་དྭངས་མ་བུདྡྷ་ཧེ་རུ་ཀ །དྲོད་ཀྱི་དྭངས་མ་རཏྣ་ཧེ་རུ་ཀ། ཁྲག་གི་དྭངས་མ་པདྨ་ཧེ་རུ་ཀ །དབུགས་ཀྱི་དྭངས་མ་ཀརྨ་ཧེ་རུ་ཀ །དེས་ན་མ་བྱས་རང་བྱུང་དྭངས་མ་ཁྲག་འཐུང་ལྔ། དྷུ་ཏིའི་འོད་མཐོང་བཛྲ་ཀྲོ་ཏི་མ། །དབྱེར་མེད་ཕྱག་གཡས་ཡབ་ལ་འཁྲིལ། །རྣམ་དག་ཐོད་ཁྲག་གཡོན་ནས་གཙོ་ལ་སྟོབ། །དྷུ་ཏིའི་འོད་དཀར་ཕྱོགས་འདས་བུདྡྷ་ཀྲོ་ཏཱི་མ། །དྷཱུ་ཏིའི་འོད་ཟེར་རྩལ་མེད་རཏྣ་ཀྲོ་ཏྲི་མ། །དྷཱུ་ཏིའི་འོད་དམར་པདྨ་ཀྲོ་དྷཱི་མ། །དྷུ་ཏིའི་འོད་ལྗང་བྱ་མེད་ཀརྨ་ཀྲོ་ཏཱི་མ། །དྷུ་ཏིའི་འོད་ལྔ་རང་ཤར་ཡུམ་ལྔའོ། །བདེ་བའི་འཁོར་ལོ་ཐིག་ལེ་འཛག་པས་ཀ་རཱི་སྔོ། །འཛིན་པ་དག་པས་བྱིས་དབྱུག་ཐོད་ཁྲག་བསྣམས། །ཆོས་ཀྱི་འཁོར་ལོ་བསམ་པས་བྱུང་བས་ཙ་རཱི་སེར། །སྣ་ཚོགས་ཡིད་ལས་མདའ་གཞུ་འགེངས། །ལོངས་སྤྱོད་འཁོར་ལོ་སྣ་ཚོགས་འབྱུང་བས་པྲ་མོ་དམར། །དངོས་པོ་མེད་ལས་གླུ་སྒྲ་འབྱུང་བས་ཆུ་སྲིན་རྒྱལ་མཚན་དམར། །སྤྲུལ་པའི་འཁོར་ལོ་སྟོབས་དང་ལྡན་པས་བཻ་ཏ་ནག །འདུ་འབྲལ་མེད་པས་རྩལ་དང་ལྡན་པས་རྡོ་རྗེ་འཕྱར། །མེ་ཡི་འཁོར་ལོ་རང་གསལ་སྒྲིབ་མེད་པུཀྐ་དམར་སེར་མ། །མ་སྤྲོས་བརྡལ་ཁྱབ་དབྱིངས་སུ་བྱིས་རྒྱུ་འདྲེན། །རླུང་གི་འཁོར་ལོ་ཡང་ཞིང་གཡོ་བས་གྷསྨ་ལྗང་། །ཐུགས་རྗེ་ཆགས་པའི་འོད་ལྡན་རྡོ་རྗེ་དུང་ཁྲག་འཁྲུག །གསང་བའི་འཁོར་ལོ་བདེ་བ་འབྱུང་བས་སྨེ་ཤ་མཐིང་། །དགའ་བདེའི་རིག་པ་དབྱེ་རུ་མེད་པས་བྱིས་སྙིང་ཟ། །བྱང་སེམས་ཐིག་ལེ་ཟག་བཅས་བདེ་བས་ཙཎྜ་སེར་སྐྱ་མ། ཐིག་ལེ་འབབ་དཀར་བདེ་ཐོག་བྲལ་བས་མཆོག་ལུས་འདྲལ་དེ་ཡང་རང་བྱུང་ཡེ་ཤེས་ཁྲོ་མོ་བརྒྱད། འཁོར་ལོའི་འོད་ཟེར་རྩ་ཕྲན་སིང་ཧ་བརྒྱད། །ཐིག་ལེའི་ཡུལ་ནི་བདེ་བ་སངས་པས་སེང་ཧ་སེར། །ཐིག་ལེ་དགའ་བདེ་བསྣོལ་མར་གནས་པས་བསྣོལ་སེར་སེང་། །ཆོས་འཁོར་ཡུལ་ནི་བདག་འཛིན་འོད་ཟེར་བྱ་ཀྲྀ་དམར། །ཆོས་དང་བདག་འཛིན་བསྣོལ་མར་གནས་པས་སྣོལ་དམར་སྟག །ལོངས་སྤྱོད་ཡུལ་ནི་ཆགས་པའི་བློ་སྟེ་སྤྲྀ་ལ་གནག །ཆགས་དང་གྲོལ་བ་དབྱེར་མེད་གཅིག་པས་བྱས་ལྡག་ཝ། །བདེ་ཆེན་ཡུལ་ནི་སྡུག་བསྔལ་འོད་ཟེར་ཤྭ་ན་མཐིང་། །བདེ་སྡུག་སྟོང་པར་མཉམ་པས་བྲལ་བལྟ་མཐིང་ཀ་སྤྱང་། །སྤྲུལ་འཁོར་ཡུལ་ནི་མཚན་མ་སྤྲོས་པས་འོད་ཟེར་ཀྲྀ་ཏ་མ། །མཚན་མ་དབྱིངས་ཀྱི་ངང་ལས་མ་འདས་རྒྱུ་མགོ་རྒོད། །མེ་འཁོར་ཡུལ་ནི་སྣ་ཚོགས་འཕྲོ་ལ་འོད་ཟེར་ཀངྐ་སྣར། །ཆོས་ཉིད་ཀློང་དུ་ཐམས་ཅད་གསལ་བས་རྐང་ཕྲན་སྣར་མགོ་རིང་། །རླུང་འཁོར་ཡུག་ནི་བདག་ནི་ལྟ་བ་འོད་ཟེར་ཁ་ཁ་གནག །བདག་ལ་དངོས་པོ་མེད་པས་ཁ་ཁ་བཻ་གྲི་ནག །གསང་བའི་ཡུལ་ནི་ཆགས་པ་སྐྱེ་བས་འོད་ཟེར་ཧུ་ལུ་མཐིང་། །ཆགས་པ་རང་གྲོལ་ལྕགས་ཀྱུ་མཐིང་ཚོགས་འུག །དེ་ཡང་རང་བྱུང་ཡེ་ཤེས་འོད་ཟེར་སིང་ཧ་བརྒྱད། །རོ་མ་ཐབས་ཀྱི་རྩ་སྟེ་མ་འགགས་འོད་ཟེར་ལྕགས་ཀྱུ་མ། །དྲི་ཆེན་དུག་ཐུབ་འོད་ཟེར་ཞགས་པ་མ། །རྐྱང་མ་ཤེས་རབ་རྩ་སྟེ་འོད་དམར་ལྕགས་སྒྲོག་མ། །དྲི་ཆུ་གླང་སྣ་ཐུབ་པས་འོད་ལྗང་དྲིལ་བུ་མ། །དེས་ན་མ་བྱས་རང་བྱུང་ཡེ་ཤེས་འོད་ཟེར་སྒོ་མ་བཞི། །དེས་ན་རང་བྱུང་ཡེ་ཤེས་དབང་ཕྱུག་ཉི་ཤུ་བརྒྱད། །དབང་པོ་ཆགས་བྱེད་ཀྱི་རྩ་ལྔ་ལ། འོད་ཀྱི་མདངས་ལས་ཤར་བའི་རྩ་ནི་བཀྲག་དང་མདངས་ལ་དབང་། །དྲོད་ཀྱི་མདངས་ལས་ཤར་བའི་རྩ་ནི་མེ་དང་ཉི་མ་ལ་དབང་། །ཁྲག་གི་མདངས་ལས་ཤར་བའི་རྩ་ནི་ཁྲག་དང་ཆུ་སེར་དབང་། །དབུགས་ཀྱི་མདངས་ལས་ཤར་བའི་རྩ་ནི་དབུགས་དང་རླུང་ལ་དབང་། །རྩ་ཡི་མདངས་ལས་ཤར་བའི་རྩ་ནི་རུས་དང་ས་ལ་དབང་། །སྙིང་གི་རྩ་ལ་ཤར་བའི་རྩ་ནི་སྐྱིད་སྡུག་གཉིས་ལ་དབང་། །མཆིན་པའི་རྩ་ལ་ཤར་བའི་རྩ་ནི་ང་བདག་གཉིས་ལ་དབང་། །དེ་ཚོ་ཤར་གྱི་དབང་མོ་བདུན་པོ་སྟེ། །ཆོས་ཉིད་ངང་ལས་ཤར་བས་སྐུ་མདོག་དཀར། །སེམས་ལས་མ་གཡོས་འགྱུར་བ་མེད་པས་གཡས་ཀུན་རྡོ་རྗེ་བསྣམས། །འགག་པ་མེད་པའི་ཐུགས་རྗེས་འགྲོ་བ་འདྲེན་པས་གཡོན་ཀུན་ཐ་དད་བསྣམས། །གློ་ཡི་རྩ་ལ་ཤར་བའི་རྩ་ནི་གཟུང་འཛིན་གཉིས་ལ་དབང་། །མཁལ་མའི་རྩ་ལ་ཤར་བའི་རྩ་ནི་འདོད་ཆགས་ཡུལ་ལ་དབང་། །མཆེར་བའི་རྩ་ལ་ཤར་བའི་རྩ་ནི་ཉོན་མོངས་ཚོགས་ལ་དབང་། །རུས་པ་སྐྱེད་པའི་རྩ་ནི་ཞེ་སྡང་ཚོགས་ལ་དབང་། །ཤ་ལས་སྐྱེད་པའི་རྩ་ནི་གཏི་མུག་ཚོགས་ལ་དབང་། །ཁྲག་ལས་སྐྱེད་པའི་རྩ་ནི་འདོད་ཆགས་ཚོགས་ལ་དབང་། །དེ་ཚོ་ལྷོ་ཡི་མ་མོ་བདུན་ཏེ་ལྷོ་ན་གནས། །ཡེ་ཤེས་ཀློང་ལས་ཤར་བས་སྐུ་མདོག་སེར། །གཡས་གཡོན་འགྲེའོ། །ཁུ་བ་བསྐྱེད་པའི་རྩ་ནི་རྒྱལ་ཚོགས་ལ་དབང་། །ལྤགས་ལས་སྐྱེད་པའི་རྩ་ནི་ཕྲག་དོག་ཚོགས་ལ་དབང་། །སྣང་བ་གསལ་བྱེད་རྩ་ནི་གཟུགས་ལ་དབང་། །སྟོང་པ་རང་སངས་རྩ་ནི་སྒྲ་ཡི་ཚོགས་ལ་དབང་། །དངོས་མེད་རང་བྱུང་རྩ་ནི་དྲི་ཡི་ཚོགས་ལ་དབང་། །ཆགས་མེད་རང་གྲོལ་རྩ་ནི་རོ་ཡི་ཚོགས་ལ་དབང་། །སྤྲོས་པ་མེད་པའི་རྩ་ནི་རེག་གི་ཚོགས་ལ་དབང་། །ལག་པའི་རྩ་ནི་ཚ་བའི་ནད་ལ་དབང་། །དེ་ཚོ་ནུབ་ཀྱི་དབང་མོ་ནུབ་ན་གནས། །ཤེས་རབ་བཀྲག་ལས་ཤར་བས་སྐུ་མདོག་དམར། །གཡས་གཡོན་འགྲེའོ། །ལག་པ་གཡོན་པའི་རྩ་ཆེན་གྲང་བའི་ནད་ལ་དབང་། །རྐང་པ་གཡས་པའི་རྩ་ཆེན་བད་ཀན་ནད་ལ་དབང་། །རྐང་པ་གཡོན་པའི་རྩ་ཆེན་རླུང་གི་ནད་ལ་དབང་། །ལག་པ་གཡས་པའི་བླ་རྩ་ལོ་ལ་དབང་། །ལག་པ་གཡོན་པའི་བླ་རྩ་ལོ་ཕྱེད་ལ་དབང་། །རྐང་པ་གཡས་པའི་བླ་ཙ་ཟླ་བ་ལྔ་ལ་དབང་། །རྐང་པ་གཡོན་པའི་བླ་རྩ་ཟླ་བ་གསུམ་ལ་དབང་། །དེ་ཚོ་བྱང་གི་མ་མོ་བདུན་ཏེ་བྱང་ན་གནས། །རིག་པའི་རྩལ་ལས་ཤར་བས་སྐུ་མདོག་ལྗང་གཡས་པ། །གཡོན་པ་འགྲེའོ། །ཡང་ན་གཡས་པ་ཀུན་རྡོ་རྗེ་བདུན། རིན་པོ་ཆེ་བདུན། པདྨ་འདུན། རལ་གྲི་བདུན། གཡོན་ཐ་དད་པའམ། འདམ་ཁའོ། །མི་ལྟ་མི་སྐྱེ་རྩ་གནང་ཁྲོ་བོའི་ཚོགས། །མ་མཆོད་མ་ཕུལ་ཐམས་ཅད་སེམས་ལ་ཤར། །མ་རེ་མ་དོག་ཐམས་ཅད་སེམས་སུ་འདུས། །མ་སྤྲོས་མ་བསྡུས་ཐམས་ཅད་སེམས་སུ་རྫོགས། །ཐེག་པ་ཆེན་པོ་ལ་བཟླ་བ་ཆོས་ཀྱི་འཁོར་ལོ་བསྐོར་བ། ཨཿཁྲོ་རྒྱུད་ལེའུ་གཅིག་པའོ། །ཉམས་སུ་ལེན་ན་གལ་ཆེ། རྒྱུད་སྙིང་པོ་འཆད་ན་གལ་ཆེ། རྫོགས་སོ།། །།


previousཞི་རྒྱུད་དང་ཁྲོ་རྒྱུད། སློབ་དཔོན་བི་མ་ལ། next