དཔལ་སྒྱུ་འཕྲུལ་དྲྭ་བའི་ཁྲོ་བོ་དམ་པ་རྒྱན་གྱི་མཆན་ཊིག་ཧེ་རུ་ཀའི་དགོངས་རྒྱན། ཆོས་ཀྱི་བློ་གྲོས།

དཔལ་སྒྱུ་འཕྲུལ་དྲྭ་བའི་ཁྲོ་བོ་དམ་པ་རྒྱན་གྱི་མཆན་ཊིག་ཧེ་རུ་ཀའི་དགོངས་རྒྱན་ཅེས་བྱ་བ་བཞུགས་སོ། །ན་མས་ཤྲི་བཛྲ་ཧེ་རུ་ཀ །སྙིང་རྗེའི་ངང་ལས་རབ་ཁྲོས་བཅོམ་ལྡན་འདས། །སྲིད་ཞིའི་སྤྱི་དཔལ་རྡོ་རྗེ་ཁྲོ་བོའི་རྒྱལ། །ཧེ་རུ་ཀ་དཔལ་འབར་བ་ཆེན་པོ་ལ། །རབ་གུས་དགྱེས་པའི་གར་གྱིས་ཕྱག་བགྱིའོ། །གང་དེའི་སྒྲུབ་ཐབས་དེ་ཉིད་སྣང་བ་ལ། །དམ་པའི་རྒྱན་གྱུར་གསང་ཆེན་ཟབ་མོའི་གཏེར། །བསྟན་བཅོས་ཆེན་པོ་མཁས་གྲུབ་ཞལ་ལུང་གི། །མཆན་ཊིག་ཉུང་ངུ་རྣམ་གསལ་དབྱེ་བར་བྱ། །དེ་ལ་འདིར་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཁྲོ་བོའི་དཀྱིལ་འཁོར་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་ཆེན་པོ་དེ་ཁོ་ན་ཉིད་སྣང་བ་དམ་པའི་རྒྱན་འདི་ཉིད་འཆད་པ་ལ་གསུམ་སྟེ། ཀླད་དོན། གཞུང་དོན། མཇུག་གི་དོན་ནོ། །དང་པོ་ལ་མཚན་སྨྲོས་པ་དང་། ཕྱག་གིས་མཆོད་པར་བརྗོད་པ། རྩམ་པར་དམ་བཅའ་བ་གསུམ་ལས། དང་པོ་ནི། དེ་ཁོ་ན་ཉིད་སྣང་བ་དམ་པ་རྒྱན་ཅེས་གསུངས་ཏེ། དེ་ཁོ་ན་ཉིད་ཅེས་པ་རྟོག་ཚོགས་ཐམས་ཅད་རང་རིག་པ་ལས་མི་གཞན་པའི་ཕྱིར་སྣང་སྟོང་གཉིས་མེད་རང་བྱུང་གི་ཡེ་ཤེས་ལ་སྒོམ་བྱེད་ཀྱི་བློ་མ་བཅོས་པར་བཞག་པ་རྒྱུ་ཡི་དེ་ཁོ་ན་ཉིད་དང་། དེ་སྒོམས་པ་ལས་འབྲས་བུ་སྐུ་དང་ཡེ་ཤེས་རང་སྣང་བ་འབྲས་བུའི་དེ་ཁོ་ན་ཉིད་དམ་མ་ནོར་བའི་དེ་ཁོ་ན་ཉིད་དང་། འབྲས་བུ་དེའང་སྒྲིབ་བྱེད་དག་པའི་ཚེ་རང་ལས་སྣང་བ་ལས་གཞན་ནས་བྱུང་བ་མ་ཡིན་པའི་ཕྱིར་རྒྱུ་འབྲས་ཀྱི་དབྱེ་བ་ཙམ་ཡང་མ་གྲུབ་པས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དོ། །དེ་ལྟ་བུའི་རང་བྱུང་རིག་པའི་ཡེ་ཤེས་དེ་ཁོ་ན་ཉིད་ཐུན་མོང་མིན་པའི་གཏན་ཚིགས་ཆེན་པོ་རྣམས་ཀྱིས་གཏན་ལ་དབབ་པས་དོན་སྤྱིའི་ཚུལ་དུ་གོ་བ་དང་། སྣོད་བཅུད་རྒྱུད་རྣམས་དཀྱིལ་འཁོར་གསུམ་དུ་སྒོམས་པ་སོགས་ཀྱིས་རང་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་སྣང་བ་དེ་ནི་གང་ཞིག་བསྒོམ་པར་བྱ་བ་ཐམས་ཅད་ཀྱི་ནང་ནས་དམ་པའི་མཆོག་ཏུ་གྱུར་པ་ཡིན་ལ། དེ་གཏན་ལ་དབབ་བྱེད་ཀྱི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་དེས་པའི་རང་བྱུང་རིག་པ་ཁྲོ་བོའི་དཀྱིལ་འཁོར་སྒོམ་པའི་རིམ་པ་གསལ་བར་བྱེད་པའི་རྒྱན་ཅེས་བྱ་བའོ། །མཚན་སྨོས་པའི་དགོས་པ་ནི། ཇི་སྐད་དུ། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མ་འབྲུ་གཉེར་དཀྲོལ་བའོ། །ཞེས་དབང་རབ་ཀྱིས་མཚན་བསྟན་པས་རྒྱུད་དང་བསྟན་བཅོས་ཀྱི་དོན་བདེ་བླག་ཏུ་རྟོགས་པ་སོགས་ཀྱི་དགོས་པ་ཡོད་དོ། །གཉིས་པ་ཕྱག་ལ་གསུམ་སྟེ། དགོས་དོན་དང་། བསྡུས་དོན་དང་། ཚིག་དོན་ནོ། །དགོས་པ་ནི་གཉིས་ཏེ་ཡི་དམ་ལྷ་ལ་དབང་མི་ཟ་བ་དང་། བསྟན་ཆོས་རྩོམ་པ་ལ་བར་ཆད་མི་ཡོང་བའི་དགོས་པ་ཡོད་དོ། །བསྡུས་པའི་དོན་ལ་བཞི་སྟེ་གང་ཟག་གང་གིས་བཙལ། ཡུལ་གང་ལ་བཙལ། དགོས་པ་ཅིའི་ཕྱིར་འཚལ། ཚུལ་ལམ་ཐབས་ཇི་ལྟར་བཙལ་བའོ། །གང་ཟག་ནི་སྔོན་བྱུང་དུ་སངས་རྒྱས་གསང་བས་སོ། །རྗེས་འཇུག་ཏུ་བཤད་པ་པོ་གང་ཡིན་གྱིས་སོ། །ཡུམ་ནི་ཁྲག་འཐུང་ཁྲོ་བོའི་ལྷའོ། །དགོས་ཆེད་ནི་རྟོགས་པ་དོན་གྱི་ཕྱག་བཙལ་བས་མཆོག་གི་དངོས་གྲུབ་ཐོབ་ལ་ཀུན་རྫོབ་བརྡའི་ཕྱག་བཙལ་བས་ཐུན་མོང་གི་དངོས་གྲུབ་ཐོབ་པའོ། །ཚུལ་ལམ་ཐབས་ནི་གསུམ་སྟེ་ཡི་དམ་དོན་དུ་གཉེར་བའི་ཚུལ་དང་གདུལ་བྱ་གུས་པ་བསྐྱེད་པའི་ཚུལ་དང་། ཡ་རབ་དང་གོ་བསྟུན་པའི་ཚུལ་ལོ། །ཚིག་གི་དོན་ནི། ཐམས་ཅད་ངོ་བོ་མཉམ་ཉིད་སྐུ། །དབང་ཆེན་གར་དབང་སྐུ་གསུང་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོ་ཡི། །ཧེ་རུ་ཀ་ལ་ཕྱག་འཚལ་ཏེ། །ཞེས་པ་རང་དོན་ཆོས་སྐུ་དང་སྦྱར་ཏེ་བཤད་པ་གཞན་དོན་གཟུགས་སྐུ་དང་སྦྱར་ཏེ་བཤད་པ། དོན་བཅུ་ལ་སྦྱར་ཏེ་བཤད་པའམ་ཡང་ན་དབང་པོ་རབ་ངེས་ཤེས་བསྐྱེད་པའི་ཕྱིར་སྐུ་ལྔ་དང་སྦྱར་ཏེ་བཤད་པ་དང་། དབང་པོ་འབྲིང་ངེས་ཤེས་བསྐྱེད་པའི་ཕྱིར་ན་སྐུ་གསུམ་དང་སྦྱར་ཏེ་བཤད་པ་དང་། དབང་པོ་ཐ་མ་ངེས་ཤེས་བསྐྱེད་པའི་ཕྱིར་ན་སྒྲ་བརྒྱད་དང་སྦྱར་ཏེ་བཤད་པའོ། །དེ་ལ་རང་དོན་ཆོས་སྐུ་དང་སྦྱར་ཏེ་བཤད་ན་ཐམས་ཅད་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དང་གཞི་ལམ་འབྲས་བུ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དོ། །ངོ་བོ་དེའི་རང་བཞིན་ཏེ་སེམས་ཉིད་འོད་གསལ་ལོ། །དེ་ནི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རང་སྣང་བའོ། །མཉམ་ཉིད་ནི་ཆོས་ཀྱི་སྐུའོ། །དེ་ནི་རང་དོན་ཕུན་སུམ་ཚོགས་པའོ། །བདེ་ཆེན་ནི་ཆོས་སྐུ་དེ་ལས་གདུལ་བྱའི་དོན་དུ་ལོངས་སྤྱོད་རྫོགས་པའི་སྐུ་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ངང་ལས་དུས་ཐམས་ཅད་དུ་འདུ་འབྲལ་མེད་པར་བཞུགས་པའོ། །དེ་ཡང་བདེ་བ་མི་ཟད་པ་དང་བདེ་བ་ཆེ་བ་དང་བདེ་བ་གྱ་ནོམ་པ་དང་ལྡན་པར་རོ། །གར་དབང་ནི་སྤྲུལ་པའི་སྐུ་སྟེ་གདུལ་བྱ་ལ་དཔེ་གར་མཁན་ལྟ་བུས་དབང་དུ་སྡུད་པའོ། །སྤྲུལ་སྐུ་དེ་ཉིད་བཤད་པ་ནི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡི་རང་བཞིན་ཏེ། དེ་ཡང་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་ཐུབ་པ་དྲུག་ལ་སོགས་པ་སྟེ། གསང་སྙིང་ལས། དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ཡང་དག་ཐར་བའི་གཟུགས་སྐུ་དང་། །འགྲོ་བ་མ་ལུས་འདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །ཅེས་སོ། །གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་ཐེག་པ་རིམ་པ་དགུའམ་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སྟེ། དེ་ཉིད་ལས། ཐམས་ཅད་པདྨོའི་ངང་གྱུར་ནས། །གྲོལ་ཐར་ལམ་དང་པདྨོའི་སྒྲ། །ཇི་སྐད་བརྗོད་ཀྱང་གསུང་མཆོག་སྟེ། །ཐེག་པ་མཐོ་དམན་ཐམས་ཅད་དང་། །ལོག་འགྲོ་མ་ལུས་ཐམས་ཅད་སྐད་། །ཅེས་སོ། །ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་ཡེ་ཤེས་ཀྱི་རོལ་པ་སྣ་ཚོགས་པར་སྣང་བ་སྟེ། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་བསྒྱུར། །ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་སོ། །དེ་གསུམ་ཁོ་ན་ཡོན་ཏན་འཕྲིན་ལས་ཀྱང་དེ་ཉིད་ཡིན་ནོ། །དེ་ལྟར་གཞན་དོན་ཕུན་སུམ་ཚོགས་པ་དེ་སུ་ཡིན་ཞེ་ན་ཧེ་རུ་ཀ་སྟེ་དཔལ་ཁྲག་འཐུང་ཞེས་བྱའོ། །དེ་ལ་ཤྲི་ཞེས་པའི་སྒྲའི་དོན་ནི་ཁོང་ནས་འདོན་པ་སྟེ་དང་པོ་བདག་དང་གཞན་གྱི་དཔལ་ལོ། །ཧེ་ནི་ཧེ་ཧེ་ཀྲི་ར་ཐ་སྟེ་སྤྱོད་ཅིང་བརྩོན་པའི་དོན་ཡིན་པས་ན་ཡེ་ཤེས་ཕུན་སུམ་ཚོགས་པའོ། །རུ་ནི་རུ་ཏི་ར་སྟེ་ཁྲག་གོ། །ཁྲག་གི་སྒྲ་ནི་སྤང་བྱ་སྟེ་ཉོན་མོངས་པའོ་ཀ་ནི་བདག་པོའི་རྐྱེན་ཏེ་ཁྲག་ལ་རོལ་པས་ན་ཧེ་རུ་སྟེ་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ཀ་ལ་བཤད་པའོ། །ཡང་ན་ཀ་ནི་ཀ་པ་ལ་ཏེ་ཐོད་བའི་བརྟུལ་ཞུགས་དང་ལྡན་པའོ། །དེ་ལྟར་ན་ཐོད་པ་ཁྲག་གིས་བཀང་བ་ལ་རོལ་པའི་བརྟུལ་ཞུགས་དང་ལྡན་པའི་ཧེ་རུ་ཀ་ཞེས་བཤད་དོ། །ཡི་གེ་ཡན་ལག་གི་དོན་དུ་བཤད་ན་ཤྲི་ནི་ཤུགས་ལ་ཡོད་དེ་ཨད་མ་ཤྲི་ན་བདག་གི་དཔལ་ལོ། །ཧེ་དུ་ན་རྒྱུ་ཧེ་རུ་ཀ་དོན་རྒྱུ་དབྱིངས་ལ་དོན་ཡེ་ཤེས་དགྱེས་པའོ། །རུ་ར་ག་ན་ཆགས་པ་རུ་རག་ཏ་ན་ཁྲག་ཆགས་པས་ཁྲོ་བོར་བྱུང་བའོ། ཀ་ཀར་མ་ན་འཕྲིན་ལས་ཀ་ཀ་རུ་ན་ཐུགས་རྗེ་ཁྲོ་བོའི་འཕྲིན་ལས་དེ་དག་ཡང་སྙིང་རྗེས་མཉམ་སྙོམས་སུ་མཛད་པའོ། །གཞན་ཡང་གཟུང་འཛིན་གཉིས་མེད་དང་ཚད་མེད་བཞི་དང་བརྡ་སྐད་དྲག་པོ་དང་རྣམ་པར་ཐར་པའི་སྒོ་གསུམ་ལ་ཡང་འཇུག་གོ། །དེ་བས་ན་སྒྲ་སྐད་སོར་བཞག་སྟེ་མ་སྒྱུར་བ་ཡིན་ནོ། །དེ་ནི་ཧེ་རུ་ཀའི་དོན་བཅུ་དང་སྦྱར་ཏེ་བཤད་པའང་ཡིན་ནོ། །སྐུ་ལྔ་དང་སྦྱར་ན་ཐམས་ཅད་མངོན་པར་བྱང་ཆུབ་པའི་སྐུ་ངོ་བོ་ཆོས་སྐུ་མཉམ་ཉིད་རྡོ་རྗེའི་སྐུ་བདེ་ཆེན་ལོངས་སྐུ་གར་དབང་སྤྲུལ་སྐུ་ཧེ་རུ་ཀ་རེ་རེ་ལ་ཡང་ཚང་ངོ་། །སྐུ་གསུམ་དང་སྦྱར་ན། ཧེ་ནི་ཆོས་སྐུ་མཚན་དང་བྲལ། །རུ་ནི་ལོངས་སྐུ་བདེ་བ་ཆེ། །ཀ་ནི་མཛད་པ་སྤྲུལ་པའི་སྐུ། །ལ་ནི་ཡུལ་དུ་བྱས་པ་སྟེ། །ཕྱག་ནི་ཉོན་མོངས་དྲི་མ་མེད། །འཚལ་ཞེས་དེ་ལ་བརྗོད་པ་ཡིན། །ཏེ་ནི་ལྷག་མ་ཡོད་པའི་ཚིག །ཅེས་སོ། །སྒྲ་བརྒྱད་དང་སྦྱར་ན་ཧེ་ཧེ་ཀ་ན་དགྱེས་པ་སྟེ་ཆོས་སྐུ་ཧེ་ཧེ་དུ་ན་རྒྱུ་སྟེ་སྙིང་རྗེ་ཆེན་པོ་སྟེ་དགྱེས་པའི་སྙིང་རྗེའོ། །རུ་ར་ག་ན་ཆགས་པ་སྟེ་འགྲོ་བའི་དོན་རུ་རཀྟ་ན་ཁྲག་གསོལ་བ་སྟེ་རྡོ་རྗ ེ་གནོད་སྦྱིན་གྱིས་རུ་ཏྲའི་ཁྲག་གསོལ་བའོ། །ཀ་རུ་ནི་ཀ་ནི་དོན་དམ་པ་སྟེ་བྱང་ཆུབ་ཀྱི་སེམས་ཀ་ཀརྨ་ན་ཕྲིན་ལས་མཛད་པ་ཀུན་ནོ། །ཡང་ཧེ་རུ་གཅིག་བྱུང་ན་དཔལ་གཅིག་རང་བཞིན་གྱིས་ཤུགས་ལ་ཡོད་དེ་ཨདྨ་ཤྲི་ན་རྟོགས་པ་བདག་གི་དཔལ་ས་ར་ཤྲི་ན་ཐུགས་རྗེ་གཞན་གྱི་དཔལ་ལོ། །གསུམ་པ་བརྩམ་པར་དམ་བཅའ་བ་ལ་གསུམ་སྟེ་དགོས་པའི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་ནོ། །དགོས་པ་ནི་སེམས་བསྐྱེད་མི་ཉམས་པའི་དགོས་པ་ཡོད། གདུལ་བྱ་དོན་དུ་གཉེར་བའི་དགོས་པ་ཡོད། བསྟན་ཆོས་རྩོམ་པ་མཐར་ཕྱིན་པའི་དགོས་པ་ཡོད། བསྡུས་དོན་ནི་གསུམ་སྟེ་ཆོས་གང་བཤད་ན་སྣང་བ་དམ་པ་རྒྱན་བཤད། གང་ཟག་གང་གིས་བཤད་ན་སངས་རྒྱས་གསང་བས་བཤད། ཐབས་ཇི་ལྟར་བཤད་ན་ཕྱག་བཙལ་དམ་བཅས་ནས་འགྲོ་བ་ཡེ་ཤེས་ཀྱི་ལུས་སུ་བྱ་བའི་ཕྱིར་བཤད་དོ། །ཚིག་གི་དོན་ནི། སྒྱུ་འཕྲུལ་དྲྭ་བའི་རྒྱུད་དག་ལས། །ལྷ་ཡི་རྣལ་འབྱོར་རིམ་པ་ཞིག །སེམས་ཅན་ཡེ་ཤེས་བསྐྱེད་པའི་ཕྱིར། །ལེགས་པར་བསྡུས་ཏེ་བསྟན་པར་བྱའོ། །ཞེས་གསུངས་ཏེ། དེ་ལ་གཞུང་འདི་གང་ལས་བསྡུས་ན་སྒྱུ་དོན་དམ་སྟེ་ཤེས་རབ་འཕྲུལ་ཀུན་རྫོབ་སྟེ་ཐབས་དྲྭ་བའི་དོན་གཉིས་མེད་དེ་ཟུང་དུ་འབྲེལ་བ་རྒྱུད་ལམ་ཡི་གེའི་རྒྱུད་དག་ངོས་བཟུང་བ་སྟེ་གསང་སྙིང་དང་ཐབས་ཞགས་ལས་བསྡུས་པའོ། །དེ་ཡང་རྒྱུད་ནི་ཞལ་ནས་གསུངས་པ་དང་ཆོ་ག་ཚང་བ་དང་འབྲེལ་ཆགས་པ་དང་དཀྲུགས་པ་དང་མངོན་པར་འདུས་པས་ན་རྒྱུད་དོ། །དེ་ཡང་སྒྱུ་འཕྲུལ་གསུམ་ལས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་གསང་སྙིང་ལས་སོ། །གང་བསྡུས་ན་རང་བཞིན་ལྷུན་གྲུབ་གཞིའི་ལྷ་དང་། ཉེ་བར་བསྙེན་པ་བརྟགས་པ་ལམ་གྱི་ལྷ་དང་། རྟོགས་པ་མངོན་གྱུར་འབྲས་བུ་ཡི་ལྷ་དང་གསུམ་དབྱེར་མེད་པར་ལམ་གྱི་རྣལ་འབྱོར་པས་རྟེན་དང་བརྟེན་བཅས་གོ་རིམ་བཞིན་དུ་སྒོམ་པའི་རིམ་པ་ཞིག་སྟེ་ལམ་གྱི་རྣལ་འབྱོར་པ་རྣམས་ཀྱི་དོན་དུ་དཔལ་ཧེ་རུ་ཀ་སྒོམ་པ་དང་འཕྲིན་ལས་ཀྱི་རིམ་པ་བཞིན་དུ་བྱ་བའོ། །དགོས་ཆེད་ཅི་ཕྱིར་བསྡུས་ན་ཚོགས་བརྒྱད་དང་ལྡན་པའི་སེམས་ཅན་ཏེ་ཡེ་ནས་ཡེ་ཤེས་ལྔའི་རང་བཞིན་ཡིན་པ་ལ་ཡིན་པར་མ་ཤེས་པ་དེ་ཡེ་ཤེས་ལྔར་བསྐྱེད་པའི་ཕྱིར་རམ་སེམས་ཅན་རྣམས་ལ་ནི་གཏི་མུག་གི་མུན་པས་བསྒྲིབས་ནས་ཡེ་ཤེས་ཀྱི་སྣང་བ་མ་སྐྱེས་པ་ལ་ཡེ་ཤེས་བསྐྱེད་པའི་ཕྱིར། ཇི་ལྟར་བསྡུས་ན་ཚིག་ཏུ་མི་མང་དོན་དུ་མི་ཉུང་བར་ལེགས་པར་བསྡུས་ཏེ་མ་འོངས་པའི་གང་ཟག་རྣམས་ལ་བསྟན་པར་བྱའོ། །དེ་ཡང་མན་ངག་འདི་སློབ་དཔོན་གྱིས་འཕྲིན་ལས་སུ་མ་ཚང་བ་མེད་པར་ལེའུ་བཅོ་ལྔ་པ་ལ་སོགས་པ་ནས་བསྡུས་པའོ། །ཡང་གང་གིས་བསྡུས་ན་སངས་རྒྱས་གསང་བས་སོ། །གང་ནས་བསྡུས་ན་གསང་སྙིང་ལས་སོ། །ཅིའི་ཕྱིར་བསྡུས་ན་སེམས་ཅན་ཡེ་ཤེས་བསྐྱེད་ཕྱིར་རོ། །གང་བསྡུས་ན་སྒྲུབ་ཐབས་འདི་ཉིད་དོ། །གཉིས་པ་གཞུང་དོན་ལ་དཀྱིལ་འཁོར་སྒོམ་པའི་སྔོན་དུ་འགྲོ་བའི་རིམ་པ་དང་། གཞུང་དོན་དངོས་གཉིས་ལས། དང་པོ་ལ་བདུན་ཏེ། རྒྱུད་ཉན་པ་ལ་སོགས་པའི་སྔོན་དུ་དབང་བསྐུར་ནོད་དགོས་པར་བསྟན་པ། རྒྱུད་དོན་མཚོན་པར་བྱེད་པའི་སྒོ་བསྟན་པ། རྒྱུད་ཀྱི་ཆེ་བ་བརྗོད་པ། དེས་ན་སྣོད་ལྡན་པ་ལ་སྟོན་པར་གདམས་པ། སྣོད་ངན་ལ་བྱིན་པའི་སྐྱོན་བསྟན་པ། མཆོག་ཐུན་གྱི་དངོས་གྲུབ་ཐོབ་པའི་རྒྱུ་སེམས་འདུལ་བར་བསྟན་པ། གང་དུ་སྒྲུབ་པའི་གནས་བསྟན་པའོ། །དང་པོ་ནི། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩོན་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་པ་སྟེ། སྤྱིར་སློབ་དཔོན་དྲུག་ལས་མན་ངག་ལུང་གི་སློབ་དཔོན་དང་དམ་ཚིག་དབང་གི་སློབ་དཔོན་དག་ཕྱི་སྒོ་གསུམ་གྱིས་མཉེས་པར་བྱས་ཏེ་ཟང་ཟིང་དབུལ། ནང་སྒྲུབ་པས་མཉེས་པར་བྱ་སྟེ་སློབ་མ་སྣོད་བཟང་པོའོ། །དེ་ལ་མཉེས་པའི་རྐྱེན་གྱིས་ཅི་ཞེ་ན་དབང་རྣམས་ལེགས་པར་ཐོབ་པར་འགྱུར་ལ་གལ་ཏེ་སློབ་དཔོན་མཉེས་པར་མ་བྱས་ཤིང་། ཕྱི་ཕན་པའི་དབང་བཅུ་ལུས་ལ་བསྐུར་བ་དང་། ནང་ནུས་པའི་དབང་ལྔ་སེམས་ལ་བསྐུར་བ་དང་། གསང་བ་ཟབ་མོའི་དབང་གསུམ་རིག་པ་ལ་བསླབ་པ་དང་དབང་བཅོ་བརྒྱད་པོ་རྣམས་སློབ་མས་ཐོབ་པར་མ་བྱས་ན། དབང་དེ་དག་མ་ཐོབ་པར་རང་ཉན་པ་དང་ལ་སོགས་པའི་ཁོང་ནས་གཞན་ལ་འཆད་པ་དང་ལྷ་སྒོམ་ཞིང་སྒྲུབ་པ་དང་འཕྲིན་ལས་དང་རྡོ་རྗེ་སློབ་དཔོན་གྱི་ས་བཟུང་ནས་དེའི་བྱ་བ་བྱེད་ཅིང་བརྩོན་པ་རྣམས་དེ་དག་གི་འབྲས་བུ་མཆོག་དང་ཐུན་མོང་གི་འབྲས་བུ་མེད་ཅིང་ཕ་རོལ་ཏུ་སླར་ངན་སོང་གི་གནས་སུ་རང་རྒྱུད་བརླག་པར་འགྱུར་བས་ན་བླ་མ་མཉེས་ཤིང་ཕྱི་ནང་གི་དབང་རྣམས་ཐོབ་པར་བྱས་ནས་སྡོད་ཉན་པ་ལ་སོགས་པ་ལ་བརྩོན་པར་བྱའོ་ཞེའོ། །དེ་བས་ན་གོང་མ་དེ་དག་ལས་ལྡོག་སྟེ་བཤད་པའོ། །གཉིས་པ་ནི། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་པ་སྟེ། དེ་ཡང་གང་གིས་མཚོན་ན་ཡི་གེ་ཨ་ལི་ཀ་ལི་གཉིས་ལ་གི་གུ་འགྲེང་བུ་ན་རོའི་སྒྲ་བཏགས་ནས་ཚེག་ཤད་ཀྱིས་ཕྱེ་བ་ནི་ཡི་གེའི་ཚོགས་ལས་སྒྲ་འབྱུང་སྒྲ་འདུས་པ་ལས་མིང་གི་ཚོགས་བྱུང་ལ་མིང་འདུས་པ་ལ་བརྟེན་པའི་སྒོ་ནས་ཚིག་ཏུ་འདུས་པའོ། །ཇི་ལྟར་མཚོན་ན་ཚིག་ལ་བརྟེན་ནས་དོན་མཚོན་པར་བྱེད་དེ་ཚིག་གི་སྒྲོན་མེས་དོན་གྱི་གསེར་མཚོན་པ་ནི་དོན་གབ་པ་མུན་པའི་རྫས་དང་འདྲ་ཚིག་གིས་རབ་ཏུ་མཚོན་ཏེ་གསལ་བ་ནི་སྒྲོན་མེ་དང་འདྲ་བ་ཡིན་ནོ། །དེས་གང་མཚོན་པར་བྱེད་ཅེ་ན་ཁོང་ནས་གབ་སྦས་ཞེས་པ་གཞི་རང་བཞིན་གྱི་རྒྱུད་ལ་གབ་པ་ཀུན་ཏུ་བཟང་པོས་འབྱིན་ལ་ལམ་རྐྱེན་གྱི་རྒྱུད་ལ་སྦས་པའི་དོན་སློབ་དཔོན་གྱིས་འབྱིན་པ་ཡིན་ནོ། །དེ་ཡང་གཞི་རང་བཞིན་གྱི་རྒྱུད་ལ་གབ་པ་སེམས་ཉིད་ཡིན་ཏེ་ཁོང་ན་གབ། དེ་སྟོན་པའི་གདམས་ངག་ལམ་རྐྱེན་གྱི་རྒྱུད་ཡིན་ཏེ་ཡི་གེའི་རིས་སུ་སྦས་སོ། །ཚིག་དང་ཡི་གེའི་རྒྱུད་དེ་ཡང་དཀྱུས་ལ་གབ་སྟེ་བརྡ་ཆོད་དང་གཟུ་ལུམ་བྱེད་པ་རྣམས་ཀྱི་དོན་དུ་རྒྱུད་དཀྲུགས་པའོ། །དཀྲུགས་པ་དེའི་དོན་འདིར་ཕྱིན་ཅི་མ་ལོག་པར་བསྡུས་ནས་སྟོན་ནོ། །དེ་འབྱིན་པའི་ཁུངས་གང་ལ་ཐུག་ན་སྟོན་པ་ཀུན་ཏུ་བཟང་པོ་རྒྱུད་སྟོན་པའི་བདག་ཉིད་དམ་དཔལ་རྡོ་རྗེ་སེམས་དཔའ་རྒྱུད་འཆད་པའི་སྐྱེས་བུའམ་སློབ་དཔོན་སངས་རྒྱས་གསང་བ་བསྟན་བཅོས་རྩོམ་པའི་མཁན་པོ་གསུམ་གྱི་ཐུགས་ལ་གབ་པ་ནི་དེ་ལྟ་བུར་གནས་ཤིང་རགས་ལས་པས་ན་སློབ་དཔོན་མཉེས་པར་བྱ་དགོས་པའོ། །དེ་ཡང་དོན་ཏེ་གང་ལ་ཡོད་ན་སྟོན་པ་རྡོ་རྗེ་སོགས་ཀྱི་སྟོན་ལ། གང་གིས་འབྱིན་པ་ནི་ཁོང་ནས་གབ་སྦས་སོགས་དང་འབྱིན་པ་ལ་ཅི་དགོས་བརྟེན་པའི་ཚིག་སོགས་དང་དགོས་པ་དེ་གང་གིས་འགྲུབ་ཞེ་ན་ཡི་གེ་སྒྲ་བཏགས་སོགས་ཀྱིས་སྟོན་ནོ། །གསུམ་པ་ནི། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཀྱང་རྒྱལ་བས་མི་བརྙེད་དོ། །ཀུན་གྱི་ཕྱག་རྒྱ་ཆེན་པོའི་རྒྱུ། །ཞེས་པ་སྟེ། རྒྱུད་གསང་བ་སྙིང་པོའི་མན་ངག་འདི་ནི་གསང་བ་ཆེན་པོ་བཞིས་ཆོད་པའི་གང་ཟག་གྲོལ་བའི་ཕྱིར་གསུངས་པས་དྲང་དོན་མ་ཡིན་པས་ངེས་པའི་དོན་གྱི་མན་ངག་འདི་བློ་དམན་པས་མི་རྟོགས་ཏེ་ཤིན་ཏུ་ཟབ་པའི་ཕྱིར་རོ། །འདི་ནི་ངེས་པའི་དོན་ཕྱིན་ཅི་མ་ལོག་པ་སྟོན་པ་སྟེ་དེ་ཡང་ད་ལྟར་རྒྱུའི་དུས་འདི་ཉིད་ན་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པར་སྟོན་ཏེ་དེ་ཡི་དོན་རྟོགས་ནས་དེ་ཉིད་ལམ་དུ་ཕྱིན་པའི་ཕྱིར་རོ། །འབྲས་བུ་ནི་རྒྱལ་པོའི་ཕྲུ་གྲུའམ་ཤིང་སྣའི་མེ་དང་འདྲ་ལ་ལམ་དུ་གྱུར་པ་ནི་རྒྱུ་འབྲས་གཉིས་མེད་པ་ཡིན་པས་སོ། །དེ་བས་ན་འབྲས་བུ་རྡོ་རྗེའི་ཐེག་པ་ཞེས་པ་ཡིན་ནོ། །ཐོབ་བྱ་འདི་ཉིད་ཡིན་པས་འདི་ལ་འབད་པར་བསྟན་ནོ། །ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ལ་ཡང་མན་ངག་འདི་ལས་མ་གཏོགས་པའི་དགོས་པ་མེད་དེ་རྒྱལ་བ་ནི་འཁོར་བ་ལས་སོ་དཀྱིལ་ནི་བཛྲ་ཧེ་རུ་ཀའོ་འཁོར་ནི་རིགས་བཞིའི་ཧེ་རུ་ཀའོ་མ་ལུས་པ་ནི་ལྷག་མ་མ་ལུས་པའོ། །རྒྱལ་བ་ཐམས་ཅད་ཀྱང་མན་ངག་འདི་ལས་བྱུང་བ་དང་དེའི་ངང་ལ་བཞུགས་པའི་ཕྱིར་དང་འདི་ལས་ལྷག་པའི་གསང་བའི་ངེས་དོན་གཞན་མེད་དེ་མན་ངག་འདི་ཉིད་ལས་མི་འདའ་བ་ཡིན་ནོ། །མི་ལ་སོགས་པ་གཞན་གྱིས་བཙལ་ཀྱང་ལྟ་ཅི་སྨོས་ཏེ་འདི་ལས་ལྷག་པ་རྒྱལ་བའི་དཀྱིལ་འཁོར་དང་བཅས་པས་ཀྱང་མི་རྙེད་དོ། །དེ་བཞིན་གཤེགས་པ་ཀུན་གྱི་ཕྱག་རྒྱ་ནི་ཡབ་ཕྱག་རྒྱ་ཆེན་པོ་ཡུམ་དམ་ཚིག་གི་ཕྱག་རྒྱ་གཉིས་མེད་ཆོས་ཀྱི་ཕྱག་རྒྱ་འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་དེ་ལས་མི་འདའ་བས་ན་ཕྱག་རྒྱ་དེ་ལྟ་བུའི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཐོབ་ཅིང་བསྐྱེད་པའི་རྒྱུ་ཡིན་པས་ན་འདི་ལ་འབད་དོ། །བཞི་པ་ནི། ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུངས། །སྣོད་ལྡན་དང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་པ་སྟེ། དེ་ཡང་ཐོས་པའི་ཤེས་རབ་ཀྱི་དུས་སུ་སྣོད་ཁ་སྦུབ་ཀྱི་སྐྱོན་སྤང་བསམ་པའི་དུས་སུ་ཞབས་རྡོལ་སྤང་སྒོམ་པའི་དུས་སུ་དུག་ཅན་སྤང་དེ་ལྟ་བའི་རང་གི་ཤེས་རྒྱུད་སྦྱང་ངོ་། །འདིའི་དོན་འདོད་པའི་གང་ཟག་ནི་ཐུན་མོང་གི་ཐེག་པ་ལ་སྔོན་དུ་བློ་རབ་ཏུ་སྦྱངས་པ་བྱས་པའི་གང་ཟག་གཅིག་དགོས་པའོ་ཞེས་སྦྱངས་པས་སྣོད་དུ་གྱུར་པ་བསྟན། དེ་ལྟར་སྔོན་དུ་བློ་སྦྱངས་པས་སྒྲིབ་པ་ཐམས་ཅད་དག་ནས་བློ་རྣོ་བར་གྱུར་པ་དེས་འདི་རྟོགས་པས་ན་ཤེས་རབ་ཀྱི་མིག་ལྡན་ནམ་སྤྱན་དང་ལྡན་པ་རྣམས་ཀྱིས་འདི་ཟུངས་ཤིག་ཅེས་སྦྱིན་པའི་སྣོད་བསྟན། གཞན་སྦྱངས་པ་སྔོན་དུ་མ་སོང་བ་དང་བློ་དམན་པས་འདིའི་དོན་མི་རྟོགས་པས་བསྟན་པར་མི་བྱ་བའི་ཕྱིར་ན་སྣོད་དང་ལྡན་པ་ནི་སྐྱོན་མེད་པ་སྟེ་ལྡན་པ་ཆུ་སྲིན་གྲེ་བ་དང་འདྲ་སྟེ་མན་ངག་གསང་ཐུབ་པ་ངང་རིང་བ་ཆུ་བོའི་རྒྱུན་ལྟ་བུ་སྟེ་རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་དྲལ་དང་སེམས་ལ་ཁོང་ཁྲོ་བ་མེད་པ་དང་། ཚུལ་ཤིས་པ་དགེ་སློང་གསར་པ་ལྟ་བུ་སྟེ་སྒོ་གསུམ་སྐྱོན་གྱིས་མ་གོས་པ་དང་། རང་བཞིན་བཟང་བ་གསེར་ལྟ་བུ་སྟེ་ཐམས་ཅད་དུ་ཕྱོགས་རིས་མི་འབྱེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་སྟེ་ཀུན་ལ་ཁྱབ་པ་ཉི་མ་ལྟ་བུ་དང་། བློ་བརྟན་པ་རི་བོ་ལྟ་བུ་སྟེ་རྡོ་རྗེ་ཐེག་པ་འདིའི་སྒོར་ཞུགས་ནས་མདོ་སྡེ་ལོགས་སུ་མི་ལྡོན་པར་རིགས་བརྟན་ཞིང་མི་འགྱུར་བའོ་ཞེས་རང་བཞིན་གྱིས་སྣོད་དུ་རུང་བར་བསྟན་ནོ། །དེ་ལྟ་བུའི་གང་ཟག་ལ་བསྟན་པར་བྱའོ། །མེད་ན་རང་ལུས་འབུལ་བ་དང་ཡོད་ན་ལོངས་སྤྱོད་འབུལ་བ་སྟེ་རྡོ་རྗེ་སློབ་དཔོན་དང་མཆེད་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་གི་ལུས་སྲོག་ལ་ཡང་མི་ལྟ་བར་ལོངས་སྤྱོད་ལ་སོགས་པ་གཏོང་བ་དེ་ལྟ་བུ་ལ་མན་ངག་འདི་སྦྱིན་པར་བྱའོ། །དེ་སྐད་དུ་ཡང་སྙིང་པོ་ལས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཅེས་སོ། །དེས་ནི་རྐྱེན་གྱིས་སྣོད་དུ་རུང་བ་བསྟན་ནོ། །ལྔ་པ་ནི། གཞན་དུ་ནམ་ཡང་སྦྱིན་མི་བྱ། །རྨོངས་ལ་འཕྱར་བས་གལ་ཏེ་སྦྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེགས་དང་སྦྲེབས་ལ་ཡུན་རིང་གནས། །ཞེས་གསུངས་ཏེ། གོང་དུ་བསྟན་པའི་སྣོད་དང་ལྡན་པ་དེ་ལས་གཞན་དུ་མཚན་ཉིད་དེ་དག་མེད་པ་ལ་མན་ངག་འདི་ནམ་ཡང་སྦྱིན་པར་མི་བྱ་སྟེ་སྣོད་ངན་ན་བུ་ལ་ཡང་མི་སྦྱིན་ནོ། །གོང་ལས་ཟློག་པས་བཤད་དེ། ཐོས་བསམ་སྒོམ་ལ་མ་སྦྱངས་དང་། །ཤེས་རབ་མིག་དང་མི་ལྡན་ཞིང་། །ཞེས་བྱའོ། །གལ་ཏེ་སློབ་མ་བློ་མ་སྦྱངས་པས་གཏི་མུག་གིས་ཤེས་རབ་རྨོངས་པ་དག་ལ་སློབ་དཔོན་འཕྱར་བས་ཐེག་པ་ཆུང་རྒྱུན་གྱི་མན་ངག་སྦྱིན་རྒྱུ་མེད་པས་གལ་ཏེའམ་རྒྱ་ལམ་ན་སྦྱིན་པར་བྱས་ན་དེའི་ཉེས་པ་ནི་འཆི་བའི་དུས་མིན་པར་ནི་འཆི་བའི་དུས་བྱས་ནས་མ་མོ་དང་མཁའ་འགྲོ་མ་རྣམས་ཀྱིས་ཆད་པ་བཅད་དེ་སྲོག་ཟད་ནས་བེམ་རིག་བྲལ་བར་འགྱུར་རོ། །ཤི་ནས་ཡང་བསྲེགས་པ་ཚ་བའི་དམྱལ་བ་བརྒྱད་དང་གྲང་བའི་དམྱལ་བ་བརྒྱད་དང་སྦྲེབས་པ་སྟེ་ཡི་དྭགས་ཕྱི་ནང་གི་སྒྲིབ་པ་ཅན་དང་སྒོས་ཁུར་གྱི་སྒྲིབ་པ་ཅན་དུ་སྐྱེ་ལ་དེར་ཡུན་རིང་པོ་བསྐལ་པ་དུ་མ་དང་སྟོང་ཕྲག་མང་པོར་གནས་པའི་ཕྱིར་ན་སུ་ལ་ཡང་མི་སྦྱིན་ནོ། །དྲུག་པ་ནི། གང་ཞིག་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །སྔགས་དང་ཕྱག་རྒྱ་རབ་བརྟན་ན། དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་པ་སྟེ། རྒྱ་གར་གྱི་གླང་པོ་ཆེ་སྨྱོན་པ་ནི་ཆོས་གསུམ་དང་ལྡན་པ་སྟེ་གནས་མ་ཡིན་པར་གནས་པ་རྒྱུ་ས་མ་ཡིན་པར་རྒྱུ་བ་བྱེད་དུ་མ་བཅུག་པའི་ལས་བྱེད་པའོ། །དེ་ཡང་གནས་མ་ཡིན་པས་གནས་ཏེ་གྲོང་ཡུལ་དུ་སྡོད་རྒྱུ་བ་མ་ཡིན་པར་རྒྱུ་སྟེ་ལམ་སྲང་དང་གྲོང་བར་དུ་རྒྱུ་བྱ་བ་མ་ཡིན་པའི་ལས་བྱེད་དེ་གྲོང་ཁྱེར་བཤིག་གོ། །དེ་དང་རང་གི་སེམས་འདྲ་སྟེ་གནས་མ་ཡིན་པར་གནས་ཏེ་བདག་འཛིན་ལ་གནས་འགྱུ་བ་མ་ཡིན་པར་འགྱུ་སྟེ་གཟུང་འཛིན་ལ་འགྱུ་བྱེད་དུ་མ་བཅུག་པའི་ལས་བྱེད་དེ་འདོད་ཆགས་ཞེ་སྡང་ལ་སོགས་པའི་ལས་བྱེད་དོ། །དེ་ཡང་གླང་པོ་ཆེ་དེ་འདུལ་བའི་དུས་སུ་ཁོ་རྒྱུ་བའི་ལམ་སྲང་ངམ་གྲོག་པོར་དོང་བརྐོས་ཏེ་དེར་རྒུན་འབྲུམ་གྱི་ཆང་བླུགས་ཏེ་བཞག་པས་ཁོ་རྒྱུ་བའི་དུས་སུ་ཚོར་ཏེ་འཐུང་ནས་མྱོས་ནས་འགྲོ་བ་དེ་ལ་སྣ་ནས་ལྕགས་ཀྱུས་བཟུང་ནས་སྙན་པའི་ཚིག་གླུ་གར་ལ་སོགས་པ་བྱས་སྟེང་དུ་བཞོན་ནས་ཐོ་བས་དལ་བུས་བརྡེགས་ནས་ཞག་བཅུ་གཅིག་བཀུག་པས་ཐུལ་ལོ། །དེ་ནས་རང་གི་སྲིད་བསྲུང་བ་དང་དགྲའི་དཔུང་གཞོམ་པ་ལ་སོགས་པའི་ཡོན་ཏན་འབྱུང་ངོ་། །དེ་བཞིན་དུ་རྣལ་འབྱོར་པ་གང་ཞིག་གིས་གླང་ཆེན་མྱོས་པ་དང་འདྲ་བའི་རང་གི་སེམས་དེ་རྒུན་ཆང་དང་འདྲ་བའི་ཏིང་ངེ་འཛིན་གསུམ་ལ་བློ་མཉམ་པར་གཞག་པས་བཏུལ་ནས་སུ་ལྕགས་ཀྱུ་དང་འདྲ་བའི་རྒྱུ་མ་ནོར་བ་རྩ་བའི་སྔགས་ལ་སོགས་པའི་སྔགས་གསུམ་བརྟན་པ་དང་ཕྱག་རྒྱ་བཞི་རབ་ཏུ་བརྟན་པར་བྱ་སྟེ་མངོན་དུ་བྱས་ན་རང་གི་རྟོག་ཚོགས་ལྷའི་དལ་དུ་ཤར་བས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཡ་མཚན་ཆེན་པོར་འབྱུང་བར་འགྱུར་རོ། །དེ་བས་ན་མཉམ་པར་བཞག་ཅེས་སོ། །བདུན་པ་ནི། དུར་ཁྲོད་ཆེན་པོ་རབ་དབེན་པའི། །རི་བོས་བསྐོར་བའི་ལྕུག་མ་དང་། །མེ་ཏོག་འཕྲེང་བས་བརྒྱན་པ་ཡི། །དབེན་པའི་གནས་སུ་འདུ ག་ནས་ནི། །ཞེས་པའི་དོན། གནས་ལ་བཞི་སྟེ་ཕྱི་ཡུལ་གྱི་གནས་དང་སྦྱར་ཏེ་བཤད་པ་དང་ནང་ལུས་ཀྱི་གནས་དང་སྦྱར་ཏེ་བཤད་པ་དང་གསང་བ་ཡུམ་གྱི་གནས་དང་སྦྱར་ཏེ་བཤད་པ་དང་དེ་ཁོ་ན་ཉིད་རྩའི་གནས་དང་སྦྱར་ཏེ་བཤད་པའོ། །དང་པོ་ལྟར་ན་དུར་ཕུང་པོའི་གླིང་ལ་ཁྲོད་བམ་གྱི་ཀློང་སྟེ་མི་རོ་གསར་རྙིང་མང་པོ་གནས་པའོ། །ཆེན་པོ་ནི་དུར་ཁྲོད་ཆེན་པོའི་གནས་བརྒྱད་ལྟ་བུའོ། །རབ་དབེན་པ་ནི་བསམ་གཏན་གྱི་འདུ་འཛི་ལས་དབེན་པ་དང་། དམ་རྫས་སྐྱེ་བོ་ལས་དབེན་པ་དང་། འཇིགས་པ་དགྲ་རྐུན་ལས་དབེན་པ་དང་། བར་ཆད་རྐྱེན་བགེགས་ལས་དབེན་པའི་གནས་སོ། །རི་བོས་བསྐོར་བ་ནི་གནས་དེའི་མཐའ་མ་རིས་བསྐོར་བས་དགྲས་མི་ཚུགས་པ་དང་ལྕུག་མ་ལྗོན་ཤིང་གི་ནགས་ཚལ་ཡོད་པ་དང་མེ་ཏོག་གི་སྣམ་བུ་བར་མ་ཆད་པའི་འཕྲེང་བས་བརྒྱན་པ་ཡི་གནས་དཔག་ཚད་དང་རྒྱང་གྲགས་ལས་དབེན་པའི་གནས་ཏེ་ནང་ནམ་མཁའ་གྲུ་གསུམ་མམ་ཤར་རི་མཉམ་པ་ལྷོ་རི་གཞོལ་བ་ནུབ་རི་མཐོ་བ་བྱང་རི་འདུད་ལ་བསྐོར་བ་ཤིང་ཙནྡ་ལ་སོགས་པ་དྲི་ཞིམ་པ་ཡོད་པ་དེ་ལྟ་བུའི་གནས་སུ་འདུག་ནས་ནི། ས་ཆོག་བྱ་མ་ཊ་དྷ་ལ་བྱ་སྟ་གོན་བྱ་དམ་རྫས་དགྲམ་སྔོན་འགྲོ་གནས་སྐབས་དང་སྦྱར་རོ། །ནང་ལུས་ཀྱི་གནས་དང་སྦྱར་ཏེ་བཤད་ན་རང་གི་ལུས་ཉིད་དུར་ཁྲོད་ཀྱི་གནས་བརྒྱད་དེ་ཡན་ལག་ལྔ་མཚན་མ་དང་དྲུག་ཁོག་པ་དང་བདུན་ནང་རོལ་དང་བརྒྱད་དོ། །ལུས་ཏེ་གཞན་དབང་དུ་མ་སོང་བས་དབེན་པ་དང་། ཁོག་པ་རི་བོ་དང་འདྲ་བ་ལ་ཡན་ལག་གིས་བསྐོར་བས་སོ། །སྐྲ་དང་སྤུ་ནི་ལྕུག་ཕྲན་ནོ། །མིག་ལ་སོགས་པའི་དབང་པོ་ལྔ་ནི་མེ་ཏོག་གོ། །ལུས་འཛིན་པ་དང་བྲལ་བས་བདེ་བའི་གནས་སུ་གྱུར་པ་དེར་རྣམ་པར་ཤེས་པའི་ཚོགས་བརྒྱད་འདུས་ལ་ཡེ་ཤེས་ལྔའི་ཁྲོ་བོ་སྒྲུབ་པར་བྱའོ། །དེར་ཀུན་གཞིའི་རྣམ་པར་ཤེས་པ་མནྜལ་དུ་བྱས། རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་ཐིག་གདབ། ཕུང་པོ་ཉོན་མོངས་པ་ལྔའི་དམ་རྫས་བཀྲམ། ཡེ་ཤེས་ལྔའི་ལྷ་སྒོམ་མོ། །གསང་བ་ཡུམ་གྱི་མཁའ་དང་སྦྱར་ཏེ་བཤད་ན་མཁའ་ནི་དུར་ཁྲོད་དེ་དུར་ནི་བྱང་སེམས་སྡུད་པའོ། །ཁྲོད་ནི་བྱང་སེམས་འབྱིན་པའོ། །དབེན་པ་ནི་རྩ་ཁ་ཁ་མུ་ཁའི་སྣ་རྩེ་ཨ་བ་དྷུ་ཏི་ནས་སོར་གཅིག་གིས་དཔག་པའོ། །རི་བོ་ནི་ཡུམ་གྱི་སྣ་རྩེའོ་བསྐོར་བ་ནི་རྩ་སྟེ་རྩའི་མདུད་པ་བརྒྱད་དུ་གནས་པའོ། །མེ་ཏོག་ནི་ཡུམ་གྱི་པདྨ་རཀྟའོ། །ལྕུག་མ་ནི་བ་སྤུ་རིང་པོའི་གནས་ནི་ཡུམ་མཁའ་ཕྱི་ཁྱམས་གྲུ་བཞི་རྒྱས་པ་སྐྱེ་གནས་ཟླ་གམ་དབང་སྣ་ཚོགས་འདུད་པ་ཟླུམ་པོ་ཞི་བ་སྣ་རྩེ་ཟུར་གསུམ་སྲོག་གནས་དེར་གསང་བའི་རྡོ་རྗེ་འདུག་ནས་ས་བླང་བ་ལྟ་བུའི་གཡའ་བླང་། ས་ཆོག་ལྟ་བུའི་རྩ་བཙལ་དཀྱིལ་འཁོར་འབྲི་བ་ལྟ་བུའི་སྦྱོར་བའི་བརྡས་བསྐུལ་ལ་རོལ་བས་སྒྲུབ་པ་བྱ་དངོས་གྲུབ་ཡུམ་གྱི་མཁའ་ལ་བླང་གསང་བའི་དབང་བསྐུར་འབྲས་བུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་བཟུང་ངོ་། །དེ་ཁོ་ན་ཉིད་རྩ་དང་སྦྱར་ཏེ་བཤད་ན་དུར་ཁྲོད་ནི་ལུས་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་བཞིའོ། །རི་བོ་ནི་སྙིང་ངོ་བསྐོར་བ་ནི་རྩ་འཁོར་ལོ་བཞིའོ། །ལྕུག་མ་ནི་རྩའོ་མེ་ཏོག་ནི་རྩའི་ནང་གི་ཐིག་ལེའོ། །གནས་ནི་སྐྱིལ་ཀྲུང་བཅའ་བའོ། །ང་འདུག་ནས་ནི་གཏུམ་མོ་སྦར་ཏེ་ནམ་མཁའི་བ་བཞོ་བར་བྱའོ། །དེ་ལྟར་བསྟན་པའི་གནས་བཞི་པོ་དེའི་དགོས་པ་ནི་ཕྱི་བསྐྱེད་རིམ་སྒོམ་པའི་གནས་དང་ནང་རྫོགས་རིམ་སྒོམ་པའི་གནས་དང་གསང་བ་གསང་དབང་བསྐུར་བའི་གནས་དང་རྩ་གནས་གསང་དབང་དང་རྫོགས་རིམ་ལ་དགོས་པའི་གནས་ཡིན་ནོ། །གཉིས་པ་གཞུང་དོན་དངོས་ལ་དཀྱིལ་འཁོར་ཇི་ལྟར་སྒྱུབ་པའི་ཚུལ་བསྟན་པ་དང་། དག་མཉམ་བདེན་པ་དབྱེར་མེད་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་བསྟན་པ་གཉིས་ལས་དང་པོ་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ལ་སོགས་པ་དང་། དེ་ཉིད་ཚོགས་སྒྲུབ་ཀྱི་སྒོ་ནས་སྒྲུབ་ཚུལ་བསྟན་པ་དང་། མཇུག་གི་ལས་བསྟན་པ་དང་བཞི་ལས། དང་པོ་ལ་ལྔ་སྟེ། སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་སྒོམ་པའི་དགོས་པ་བསྟན་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཏིང་འཛིན་གསུམ་དང་ལྡན་པས་རྒྱུའི་ཧེ་རུ་ཀ་སྒོམ་པ་དང་། དཀྱིལ་འཁོར་དངོས་སྒོམ་པ་དང་། བསྒོམས་པའི་ཆེ་བ་བསྟན་པའོ། །དང་པོ་ནི། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །གདུག་པས་སྲིད་གསུམ་འདུལ་བ་ཡི། །ང་རྒྱལ་ཆེན་པོ་བསྟན་པའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་སྒོམ། །ཞེས་པ་སྟེ། སྔོན་བྱུང་གི་དུས་ན་བསྐལ་པ་ཀུན་བཀོད་བྱ་བ་ལ་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་བྱུང་། དེ་ལ་སློབ་དཔོན་དགེ་སློང་ཐུབ་དཀའ་གཞོན་ནུ་བྱ་བ་ལ་སློབ་མ་དགེ་སློང་ཐར་པ་ནག་པོ་བྱ་བ་དང་དེའི་གཡོག་དན་ཕག་བྱ་བས་ཆོས་ཉན་པས། དགེ་སློང་ལགས་ན་ཁྱོད་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ལ་མཁས་པར་གྲགས་ན་སྔགས་ཀྱི་ལུགས་ཀྱི་ཉོན་མོངས་པ་ལྔ་འཇོལ་ཉོག་ཏུ་སྤྱད་ནས་སངས་རྒྱས་པའི་ལམ་མཆིས་སམ་ཞེས་ཞུས་པས། མཆིས་གསུངས་ནས་བཤད་པ། ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་བཅས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་དེངས་བཞིན། །རྣལ་འབྱོར་དེ་ཉིད་དམ་པའི་ལམ། །ཞེས་བཤད་པས་དགེ་སློང་ཐར་པ་ནག་པོས་མ་རྟོགས་ཏེ་ཕྱི་གཟུང་བའི་ཡུལ་ལ་ནང་འཛིན་པའི་སེམས་ཀྱིས་བཟུང་བས་དེ་གཉིས་ཀྱིས་ཕྱིན་ཅི་ལོག་ཏུ་བལྟས་ནས་གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆོལ་ནས་གསང་སྔགས་ལོག་པར་སྤྱད་པའི་དབང་གིས་རྡོ་རྗེ་དམྱལ་བར་བསྐལ་པ་སྟོང་ཕྲག་བཅུ་གཉིས་སུ་ཚ་བ་དང་གྲང་བའི་སྡུག་བསྔལ་ཉམས་སུ་མྱོང་བ་དང་དེ་ལས་ཐར་ནས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་བསྐལ་པ་སྟོང་ཕྲག་དྲུག་ཏུ་ཉམས་སུ་མྱོང་ཞིང། དེ་ལས་ཐར་བ་དང་ལས་ཀྱི་སྲིན་པོ་བྱའི་གཤོག་པ་ཅན་དུར་ཁྲོད་ཀྱི་བདག་པོ་ཆེན་པོར་སྐྱེས་ནས་རུ་ཏྲའི་ལུས་ངག་ཡིད་གསུམ་གདུག་པའི་མཐུས་གཟུགས་ཀྱི་སྲིད་པ་དང་འདོད་པའི་སྲིད་པ་དང་གཟུགས་མེད་པའི་སྲིད་པ་གསུམ་དབང་དུ་བསྡུས་པའོ། །སྲིད་གསུམ་འཇོམས་པའི་རུ་ཏྲ་དེ་འདུལ་བ་ཡི་ཕྱིར་དེ་བཞིན་གཤེགས་པ་རྣམས་བཀའ་བགྲོས་ནས་བཅོམ་ལྡན་འདས་ལ་འདུལ་བར་བསྒོ་བས་མ་ཐུལ། དཔལ་རྟ་མགྲིན་ལ་བགོ་བས་མ་ཐུལ་ནས་དཔལ་ཆེན་པོ་ལ་འདུལ་བར་ཞུས་པས་ཐུལ་ལོ། །སྔོན་འབྱུང་དེ་བཞིན་དུ་བཏུལ་བ་ལྟར་ད་ལྟར་གྱི་བསྒྲལ་བའི་ཞིང་བཅུ་འདུལ་ན་དཔལ་ཆེན་པོའི་ང་རྒྱལ་སྐུ་ཆེ་བའི་གཟི་བརྗིད་ཆེན་པོ་བསྟན་པའི་ཕྱིར་ན་སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་བསྒོམ་མོ། །དེ་བསྒོམས་པས་གཟུང་འཛིན་གྱི་རྟོག་པ་ཞི་སྟེ་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་སུ་བྱའོ། །གཉིས་པ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པ་སྟེ། ཨེ་མའོ་ནི་དོན་དམ་པ་ལ་ངོམས་པ་སྟེ་དོན་དམ་སྐྱེ་མེད་ཆོས་ཀྱི་དབྱིངས་རྟོགས་པའོ། །ངོ་མཚར་ནི་ཀུན་རྫོབ་ལ་ངོམས་པ་སྟེ་ཀུན་རྫོབ་ཡེ་ཤེས་དཔལ་གྱི་སྐུ་བྱུང་བའོ། །རྨད་ཀྱི་ཆོས་ནི་དབྱེར་མེད་པ་ལ་ངོམ་པ་སྟེ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །དེ་བས་ན་ངོ་མཚར་བའོ། །དེ་གང་གི་སྤྱོད་ཡུལ་ཡིན་ན་རྫོགས་པའི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་ཏེ་རྫོགས་པ་ནི་ཚོགས་གཉིས་རྫོགས་པའོ། །སངས་པ་ནི་འཁོར་བའི་སྐྱོན་དུག་ལྔ་སངས་པའོ། །རྒྱས་པ་ནི་ཆེ་བའི་ཡོན་ཏན་ཡེ་ཤེས་ལྔ་རྒྱས་པའོ། །ཀུན་གྱི་ནི་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་དོ། །གསང་བ་ནི་སྤྱོད་ཡུལ་མ་ཡིན་པ་ལ་གསང་ངོ་། །དོན་དམ་པར་རང་བཞིན་གྱི་སྐྱེ་བ་མེད་པ་ལས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྐྱེས་པ་མ་འགགས་པར་སྒྱུ་མའི་མཚན་ཉིད་ཅིར་ཡང་སྣང་བ་དང་། དེ་ལྟར་ཀུན་རྫོབ་ཏུ་སྐྱེས་པ་ཉིད་ན་དོན་དམ་པར་སྐྱེ་བ་མེད་པས་བདེན་པ་གཉིས་ཀ་རང་གི་ངོ་བོས་དབྱེར་མེད་པ་ནི་དབྱེར་མེད་འདུས་མ་བྱས་པའོ། །གསུམ་པ་ནི། ཨེ་མ་ཀུན་ཏུ་བཟང་པོ་ཡི། །བདེ་ཆེན་སྤྲོས་མེད་ཐིག་ལེ་ལས། །སྟོང་པ་ཉིད་དུ་རབ་གསལ་བའི། །སྙིང་རྗེའི་ཡུལ་ནི་བསྒོམ་པར་བྱ། །ཞེས་པ་སྟེ། ཨེ་མ་ངོ་མཚར་བ་སྟེ་མ་བཙལ་མ་སྒྲུབ་པར་འབྱུང་བ་ནི་ངོ་མཚར་ཏེ་དེ་ཀ་ཀུན་ཏུ་བཟང་པོ་ཡི་དགོངས་པའོ། །བདེ་ཆེན་ནི་དེ་བཞིན་ཉིད་དོ། །སྤྲོས་མེད་ནི་ཆོས་ཀྱི་དབྱིངས་སོ། །ཐིག་ལེ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་ངང་གིས་བྲལ་བར་གནས་པའོ། །དེ་ལས་སྟོང་པ་ཉིད་དུ་རབ་ཏུ་གསལ་བའི་ཚུལ་ནི་གཟུང་འཛིན་གྱི་སྟོང་པ་ཉི་ཚེ་བ་མ་ཡིན་ཏེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ཉིད་རང་སྣང་ནམ་མཁའ་ལྟ་བུའོ། །སྙིང་རྗེའི་ཡུལ་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ནི་སྙིང་རྗེ་བུ་གཅིག་པའི་མ་ལྟ་བུར་ཁྱབ་པར་བསྒོམ་པར་བྱ་བ་ནི་འགྲོ་དོན་གྱི་སྔོན་དུ་སྙིང་རྗེ་འགྲོ་བ་སྟེ་སྙིང་རྗེ་མེད་པར་གཞན་དོན་མི་ཡོང་ངོ་། །སྙིང་རྗེ་སྒྱུ་མ་དེ་ལས་རང་རིག་པ་ཡི་གེ་ཧཱུྃ་མཐིང་ནག་ཏུ་བྱུང་དེ་ཡང་ཁ་དོག་ངེས་པ་མཐིང་ཀ་དབྱིབས་ངེས་པ་ཧཱུཾ་ངོ་། །ཧཱུྃ་དེ་ངེས་པར་གསལ་བ་ལས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རིག་སྟོང་ཡེ་ཤེས་ཀྱི་རྡོ་རྗེ་ཆེ་བའི་བདག་ཉིད་རྡོ་རྗེ་རུ་གསལ། རྡོ་རྗེ་དེ་འཕྲོ་འདུས་པ་ལས་སྐུ་རགས་པ་དཔལ་ཆེན་པོ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གཡོན་ཐོད་པ་བསྣམས་པའོ། །འབར་བ་ཆེན་པོ་ནི་བདག་དོན་དུ་རྟོགས་པ་འབར་བ་དང་གཞན་དོན་དུ་ཐུགས་རྗེ་འབར་བའོ། །གར་དགུ་ཡི་རང་བཞིན་ནི་སྐུ་སྒེག་པ་དཔའ་བ་འཇིགས་སུ་རུང་བའོ། །གསུང་རྒོད་པ་གཤེ་བ་འཇིགས་པར་སྒྲོགས་པའོ། །ཐུགས་སྙིང་རྗེ་རྔམ་པ་ཞི་བའོ། །དེའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་དཔལ་བེའུ་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་དེ་ལས་བསྐྱེད་པའི་རྒྱུ་བྱའོ། །སྐུ་དེ་ལས་བསྐལ་པ་འཇིག་པ་ཡི་ནི་དུས་ཀྱི་མེ་ལྟར་འབར་བར་གྲགས་པའོ། །དེ་ལྟ་བུའི་ཏིང་འཛིན་གསུམ་པོ་འདི་ལ་ཆོས་རྣམ་པ་དགུ་སྟེ་སྦྱང་གཞི་རྣམ་པ་གསུམ་དང་། སྦྱོར་བྱེད་གསུམ་དང་། སྦྱང་ཐབས་གསུམ་མོ། །སྦྱང་གཞི་གསུམ་ནི་ཤི་བ་དོན་དམ་པའི་བདེན་པས་སྦྱང་བ་དང་། སྐྱེ་བ་བར་མ་དོ་སྒྱུ་མ་ལྟ་བུར་སྦྱང་བ་དང་། སྐྱེས་པ་ཀུན་རྫོབ་རགས་པ་སྦྱང་བའོ། །དེ་བས་ན་སྦྱང་གཞི་ཤི་བ་དང་བར་དོ་དང་སྐྱེས་པ་གསུམ་ལས་མེད་དོ། །སྦྱོང་བྱེད་གསུམ་ནི་ཤི་བ་སྦྱོང་བ་དེ་ཏིང་བར་དོ་སྦྱོར་བ་ཀུན་སྣང་སྐྱེས་པ་སྦྱོར་བ་ཀུན་ཏིང་ངོ་། །སྦྱང་ཐབས་གསུམ་ནི། དེ་བཞིན་ཉིད་སྟོང་པ་ཉིད་དུ་སྒོམས་པས་ཤི་བ་དྲན་སེམས་མ་སྐྱེས་པ་དེ་ཆོས་སྐུར་སྦྱངས་དེ་འབྱོངས་ན་ཆོས་སྐུ་འཐོབ། ཀུན་ཏུ་སྣང་སྙིང་རྗེ་སྒྱུ་མ་ཙམ་དུ་སྒོམས་པས་བར་དོའི་རིག་པ་གྱ་གྱུ་དེ་ལོངས་སྐུར་སྦྱངས་དེ་འབྱོང་ན་ལོངས་སྐུ་འཐོབ། །རྒྱུའི་ཏིང་ངེ་འཛིན་ཆོ་ག་གསུམ་ལས་རྒྱུའི་ཧེ་རུ་ཀར་སྒོམ་དེ་འབྱོངས་ནས་སྤྲུལ་སྐུ་འཐོབ། དེ་བས་ན་ཐེག་པ་ཆེན་པོ་སྦྱོང་ཐབས་ཏེ་ཆོས་སྐུ་ནམ་མཁའ་དང་འདྲ་སྟེ་སྟོང་ལོངས་སྐུ་ཉི་མ་དང་འདྲ་སྟེ་སྣང་སྤྲུལ་སྐུ་ཅིར་ཡང་མ་ངེས་པར་དོན་བྱེད་པ་ཡིན་ནོ། །བཞི་པ་དཀྱིལ་འཁོར་དངོས་སྒོམ་པ་ལ་རྟེན་གཞལ་ཡས་ཁང་སྒོམ་པ་དང་། བརྟེན་པ་ལྷ་སྒོམ་པ་གཉིས་ལས། དང་པོ་ལ་གཉིས་ཏེ་བསྐྱེད་པའི་སྔགས་དང་། དེ་ལས་གཞལ་ཡས་ཁང་དངོས་སུ་བསྐྱེད་པའོ། །དང་པོ་ནི། བྷཱུྃ་བི་ཤྭ་བི་ཤུདྷེ། ཞེས་པས་བསྟན། བྷྲཱུྃ་ནི་གཞལ་ཡས་ཁང་གི་རྒྱུའོ་བི་ཤྭ་ནི་སྣ་ཚོགས་རྣམ་པར་དག་པ་བི་ཤུད་དྷེ་ནི་དག་བྱེད་གཞལ་ཡས་ཁང་བསྐྱེད་པའོ། །དེ་ཡང་ཇི་ལྟ་ཞེ་ན། གཉིས་པ་གཞལ་ཡས་ཁང་དངོས་སུ་བསྐྱེད་པ་ལ། གང་དུ་བསྐྱེད་པའི་གནས་ཀྱི་ཁྱད་པར་དང་། གཞལ་ཡས་ཁང་གི་རང་བཞིན་དང་། རྒྱན་དང་། གདན་བསྐྱེད་པའོ། །དང་པོ་ནི། དུར་ཁྲོད་ཆེན་པོ་རབ་འཇིགས་པ། །ཁྲག་གི་རྒྱ་མཚོ་འཁྲུལ་པའི་དཀྱིལ། །ཀེང་རུའི་ཆེན་པོའི་རི་རབ་ཀྱི། །སྟེང་གི་འབར་བའི་ཀློང་དཀྱིལ་ན། །ཞེས་པ་སྟེ། སེམས་ཅན་སྐྱེ་བའི་རིམ་པ་དང་སྦྱར་ནས་བསྐྱེད་པ་ནི་ནང་པའི་ལུགས་ཏེ། དེ་ལ་ཞི་བ་བསྐྱེད་པ་ནི་ལྷ་གཞལ་ཡས་ཁང་ནས་འདོད་པའི་ལོངས་སྤྱོད་ལ་རྩེ་བའི་ཚུལ་ཡིན་ལ་ཁྲོ་བོའི་གནས་སྐབས་འདིར་ནི་དཔེར་ན་མནར་མེད་པའི་སེམས་ཅན་དམྱལ་བའི་ལྕགས་ཀྱི་ཁང་སྒྲོམ་འབར་བ་ན་དམྱལ་སྲུངས་བསད་བཅད་ཀྱི་ལས་བྱེད་པ་དང་ཆ་བསྟུན་ཏེ་བསྐྱེད་པ་ཡིན་པས་དབང་དྲག་གི་གཞལ་ཡས་ཁང་དུར་ཁྲོད་ཀྱི་ཁང་པ་ན་དཔལ་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་པ་དམྱལ་སྲུང་ངམ་སྲིན་པོ་ལྟར་སྒོམ་མོ། །སྤྱིར་སེམས་ཅན་གྱི་བྱེད་སྤྱོད་དང་སངས་རྒྱས་ཀྱི་མཛད་སྤྱོད་གཉིས་ཆ་མཐུན་དུ་བྱ་སྟེ་ཉོན་མོངས་པ་གནས་བསྒྱུར་ཐ་མལ་བའི་རྟོག་པ་བཅོམ་ནས་སྒྲིབ་པ་གཅོད་པ་ཡིན་ནོ། །སེམས་ཅན་ལས་ལོགས་སུ་བྱ་རྒྱུ་མེད་དོ་དེ་ནི་མན་ངག་གོ། །དེ་ལ་གཞལ་ཡས་ཁང་གི་རྒྱུ་ནི་དུར་ཁྲོད་དེ་ཕྱིའི་དུར་ཁྲོད་རོ་བཞི་བསྐྱལ་བ་ཡན་ཆད་དེ་དུར་ཁྲོད་ཆེན་པོ་ཡི་གནས་བརྒྱད་དང་། ནང་གི་དུར་ཁྲོད་ལུས་ཀྱི་གནས་བརྒྱད་དང་གསང་བའི་དུར་ཁྲོད་ནི་དཔལ་ཆེན་པོའི་ཐུགས་ཡེ་ཤེས་ལ་རྣམ་རྟོག་སྤྲིན་དང་བྲལ་བའོ། །གདུག་པ་ཐམས་ཅད་འདུལ་བའི་རྟགས་སུ་རབ་ཏུ་འཇིགས་པར་གནས་པའོ། །དུར་ཁྲོད་དེའི་སྟེང་དུ་ར་དམར་པོ་ལས་ཁྲག་གི་རྒྱ་མཚོ་དམར་ནག་ཏུ་འཁྲུགས་པའོ། ། དེ་ཡང་རྟགས་ནི་ཁྲག་ཆགས་པ་རྣམ་པ་གཉིས་དང་ལྡན་པའོ། །དོན་ནི་ཡེ་ཤེས་གཅིག་ལས་ཡེ་ཤེས་མང་པོ་དང་ལྡན་པས་འཁྲུགས་པའི་རྣམ་པ་ཅན་ནོ། །དེའི་དཀྱིལ་དུ་ཀེཾ་སྔོ་སྐྱ་ལས་ཀེཾ་རུས་ཆེན་པོའི་རི་རབ་བསམ་མོ་དེ་ཡང་ཡེ་ཤེས་སྲ་ཞིང་མཁྲེགས་པས་ཕྱིན་ཅི་ལོག་གི་སྐྱོན་དང་བྲལ་བའི་རྟགས་སོ། །ཉོན་མོངས་པ་བསྲེགས་པའི་རྟགས་སུ་རཾ་ལས་རི་རབ་ཀྱི་སྟེང་གི་ཆར་མེ་དཔུང་འབར་བར་སྒོམ་མོ། །དེའི་མེ་ཀློང་ངམ་དཀྱིལ་དུ་ན་དཔལ་ཆེན་པོའི་བཞུགས་གནས་སྒོམ་པ་ཡང་། ཞེས་སོ། །གཉིས་པ་ནི། ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །འབར་བའི་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བཞི་ཡི་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁམས་གཉིས་ཀྱིས་མཛེས། །ཞེས་པ་སྟེ། སྤྱིར་དཀྱིལ་འཁོར་ལ་གསུམ་སྟེ་རང་བཞིན་གྱི་དཀྱིལ་འཁོར་དམིགས་པའི་ཡུལ་དུ་བྱ་བ་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཉམས་སུ་བླང་བ་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་དམིགས་པའི་རྟེན་དུ་བྱ་བའོ། །དང་པོ་ནི་གཉིས་ཏེ་རང་བཞིན་གྱི་དཀྱིལ་འཁོར་དང་། རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་རོ། །གཉིས་པ་ལ་གཉིས་ཏེ་བསྐྱེད་རིམ་ལྷའི་དཀྱིལ་འཁོར་དང་། རྫོགས་རིམ་རྩའི་དཀྱིལ་འཁོར་རོ། །གསུམ་པ་ལ་གཉིས་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་རོ། །དེ་ལ་གསུམ་སྟེ་རྒྱུ་རས་བལ་ཐིག་གུ་ལ་ཐགས་སུ་བཏགས་པ་དང་། གསེར་དངུལ་ཟངས་ལྕགས་ལ་ལུགས་སུ་བླུགས་པ་དང་། རྭའམ་ཤིང་རྡོ་ལ་འབུར་དུ་བརྐོས་པའོ། །དེ་རྣམས་ལས་འདིར་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །དེ་ལས་ཀྱང་བསྐྱེད་རིམ་གཙོ་བོར་སྟོན་རྫོགས་རིམ་ཞོར་ལ་སྟོན་ནོ། །དེ་ཡང་རྒྱུ་ཡེ་ཤེས་རིན་པོ་ཆེ་ལས་གྲུབ་པ་རྟགས་འབར་བ་ཁྲག་འཐུང་རྣམས་བཞུགས་པའི་གནས་སུ་བྱུང་བ། དོན་ཡེ་ཤེས་ཀྱི་གཞལ་ཡས་ཁང་སྟེ་བློས་གཞལ་བ་ལས་འདས་པའོ། །ཡེ་ཤེས་དེས་ཐམས་ཅད་དུ་ཁྱབ་པས་གཞལ་ཡས་ཁང་གི་ཚད་ཀྱང་ཕྱོགས་བཅུར་རྒྱ་ཡོངས་སུ་མ་ཆད་པའི་ཕྱིར་ནམ་མཁས་གར་ཁྱབ་སར་གཞལ་ཡས་ཁང་གིས་ཀྱང་ཁྱབ་པར་གནས་པའོ། །ཐམས་ཅད་ཡེ་ཤེས་རང་སྣང་དུ་ཡིན་པ་དང་ཐུགས་ཡེ་ཤེས་ལ་ཕྱི་དང་ནང་མེད་པ་དང་བྱང་ཆུབ་སེམས་སུ་གཅིག་པས་ན་ཕྱི་ནས་བལྟས་ན་ནང་གསལ་བ་ནང་ནས་བལྟས་ན་ཕྱི་གསལ་བ་ཀུན་ཏུ་ཡང་ནང་དུ་གྱུར་པའོ། །འབར་བའི་གཞལ་ཡས་ཁང་གི་དབུས་འཁོར་ལོ་རྩིབས་བཞི་པ་མཐིང་ནག་ཏུ་གནས་པ་ནི་རང་བཞིན་རྟོགས་པ་དང་ཡེ་ཤེས་འབར་བས་ལས་དང་ཉོན་མོངས་པ་གཅོད་པ་རྟགས་འཁོར་ལོ་རྩིབས་བཞི་དོན་ཡེ་ཤེས་ལྔ་ལྡན་ནོ། །རྩིབས་མཆན་དམར་པོ་ཁམས་གསུམ་དབང་དུ་སྡུད་པའོ། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་རྟགས་སུ་གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན་པ་སྟེ་ཁ་དོག་ནི་ལྗང་གུའོ། །སྐུ་གསུམ་མཚོན་པའི་བརྡར་ཐོད་པ་གསུམ་གྱི་རྩིག་པའོ། །རྩིག་པ་གྲུ་ཆད་ཀྱིས་མཛེས་པས་ན་བརྒྱན་ཅེས་བྱའོ། །ཐུགས་ཡེ་ཤེས་བཞི་དང་ལྡན་པའི་རྟགས་སུ་གྲུ་བཞི་ནི་ཆེ་བའི་ཡོན་ཏན་ཐམས་ཅད་རྒྱས་པའོ། །རྣམ་ཐར་མཚོན་པའི་སྒོ་བཞི་དང་ཡེ་ཤེས་ལྔ་ལྡན་གྱི་རྩིག་པ་སྒོ་ཁྱུད་བཞི་བྱས་པ་ཐེག་པ་རིམ་པ་བརྒྱད་མཚོན་པའི་རྟ་བབས་བརྒྱད་དང་ལྡན་པའོ། །བདེན་པ་གཉིས་དབྱེར་མེད་པའམ་འཁོར་འདས་དབྱེར་མེད་དུ་གནས་པས་འབར་བའི་ཁྲོ་བོའི་དལ་བར་ཁྱམས་གཉིས་ཀྱིས་མཛེས་པ་སྟེ་བར་ཁྱམས་དང་པོ་ཕྲ་མེན་མའི་ཁྱམས་དང་གཉིས་པ་དབང་ཕྱུག་མའི་གནས་སོ། །བར་ཁྱམས་དང་སྒོ་ཕྱོགས་མཚོན་དུ་གནས་ལ་མཛེས་པ་ནི་གནས་ཐབས་སོ། །གསུམ་པ་ནི། ཐོད་སྤྲུལ་སྣ་ཚོགས་ཉི་ཟླས་བརྗིད། །འབར་བའི་འཕྲོ་བ་མང་པོ་འཁྲུགས། །གཞལ་ཡས་ཁང་ལ་ཐོད་པ་རྣམ་གསུམ་གྱིས་རྩིག་པ་བྱས་པ་ནི་སྐུ་གསུམ་མཚོན་པའོ། །སྦྲུལ་རིགས་སྣ་ཚོགས་སམ་བཞིས་ཐོད་པའི་མིག་ནས་བརྒྱུས་པ་ནི་ཞེ་སྡང་མ་སྤངས་ལྷུན་གྱིས་གྲུབ་པའོ། །ཉི་མ་དང་ཟླ་བའི་མཐོང་ཁུང་བྱས་པ་ནི་ལོག་ལྟའི་སྐྱོན་བསལ་བའོ། །རྒྱན་དེ་གསུམ་གྱི་གཞལ་ཡས་ཁང་ལ་བརྒྱན་པས་བརྗིད་པ་ཡིན་ནོ། །ཐུགས་ཡེ་ཤེས་ཀྱི་མེ་འབར་བས་ཉོན་མོངས་པ་བསྲེགས་པའི་རྟགས་སུ་ཕྱི་ནང་ཀུན་ནས་རྡོ་རྗེ་མེ་དཔུང་འབར་བའི་ཀློང་ནས་མེའི་ཁྲོ་བོ་འཕྲོ་བ་དེ་ཡང་མང་པོ་འཕྲོ་འདུ་བྱེད་ཅིང་འཁྲུགས་པའོ། །ཞི་བ་ལས་ཁྱད་པར་དུ་བྱས་པ་ན་འབར་བའི་འཕྲོ་བ་མང་པོ་ཞེས་བྱའོ། །བཞི་པ་ནི། ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པ་དོམ་གྱི་སྤར་བས་ནི། །དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །ཞེས་པ་སྟེ། ཁྱུ་མཆོག་ནི་གླང་པོ་ཆེ་སྟེ་གཏི་མུག་གནས་སུ་དག་པའི་རྟགས་སུ་ཤར་བུདྡྷའི་གདན་ནོ། །དེའི་ཆོས་དབྱིངས་ཡེ་ཤེས་མཚོན་ནོ། །ང་རྒྱལ་དག་པའི་རྟགས་སུ་ལྷོར་རཏྣ་ལ་མ་ཧེ་ཡི་གདན་ནོ་དེའི་མཉམ་ཉིད་ཡེ་ཤེས་མཚོན་ནོ། །འདོད་ཆགས་དག་པའི་རྟགས་སུ་ནུབ་ཏུ་གཟིག་པདྨའི་གདན་ནོ་དེས་སོ་སོར་རྟོག་པའི་ཡེ་ཤེས་མཚོན་པ་དང་། ཕྲག་དོག་དག་པའི་རྟགས་སུ་བྱང་དུ་སྟག་ཀར་མའི་གདན་ནོ་དེས་བྱ་བ་གྲུབ་པའི་ཡེ་ཤེས་མཚོན། ཞེ་སྡང་མ་སྤངས་གནས་སུ་དག་ཅིང་མེ་ལོང་ལྟ་བུའི་ཡེ་ཤེས་མཚོན་པའི་རྟགས་སུ་དབུས་བཛྲ་ཧེ་རུ་ཀའི་གདན་ནི་གཏུམ་ཐུང་ངམ་གཏུམ་པ་དོམ་གྱི་གདན་ནོ། །སེམས་ཅན་གྱི་གདན་ལྔ་པོ་དེའི་སྤར་བས་ནི་དབང་ཕྱུག་ལ་སོགས་པའི་ལྷ་ཆེན་པོ་རྣམས་མནན་ཏེ་བཟུང་བའོ། །དེ་ཡང་དུག་ལྔ་དག་སྟེ་འཕྲིན་ལས་མཛད་པ་ནི་སེམས་ཅན་ལྔའི་འོག་ན་དབུས་ན་དབང་ཕྱུག་ཆེན་པོ་ཡབ་ཡུམ་གཉིས་ལ་སོགས་པའི་ཁོང་ནས་ཤར་དྲི་ཟ། ལྷོར་གཤིན་རྗེ། ནུབ་སྲིན་པོའམ་ཀླུ། བྱང་གནོད་སྦྱིན་ཕོ་མོ་བྱི་ཆིངས་སུ་བཅིངས་ནས་རྨིག་པས་བརྫིས་སྡེར་མོས་བཟུང་རང་གི་ཞོན་པས་བརྫིས་ཏེ་རྒྱལ་བཅག་པའོ། །དྲེགས་པ་རྣམས་འཕྲིན་ལས་ནན་དུར་གྱིས་འདུལ་བར་བྱ་བའི་ཕྱིར་རོ། །གཉིས་པ་བརྟེན་པ་ལྷ་སྒོམ་ཚུལ་ལ་བདག་སྲས་དང་། གཞན་སྲས་གཉིས་ལས། དང་པོ་ལ་བདག་སྲས་ཀྱི་གཏན་ཚིགས་དང་། བདག་སྲས་དངོས་གཉིས་སོ། །དང་པོ་ནི། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ཤེས་ཡིན་པའི་ཕྱིར། །ཞེས་པ་སྟེ། རྣལ་འབྱོར་པ་བདག་ཉིད་ནི་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་སྟེ། ཅིའི་ཕྱིར་ན་བདག་རྒྱུའི་ཧེ་རུ་ཀ་དེ་ལས་ཐམས་ཅད་བསྐྱེད་པའི་ཕྱིར་རོ། །དེ་ཡང་སྐུ་རྡོ་རྗེ་འཇིག་པ་མེད་པ། གསུང་རྡོ་རྗེ་འགག་པ་མེད་པ། ཐུགས་ཀྱི་རྡོ་རྗེའི་རང་བཞིན་རྟོག་པ་མེད་པ་ལ་མངའ་བརྙེས་པའི་ཕྱིར བདག་པོ་བཛྲ་ཧེ་རུ་ཀའོ། །དེ་ནི་ཁྲོ་རྒྱལ་ཆེན་པོ་ཡེ་ནས་ཡིན་ཏེ་འཕྲལ་ལ་བསྐྱེད་པར་གྱུར་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ཤེས་རབ་ཀྱིས་རྟོགས་ནས་ཏིང་ངེ་འཛིན་གྱིས་སྒོམ་པའོ། །དེ་མེད་ན་སྒོམ་པས་མི་ཡོང་སྟེ་སོལ་བ་ལ་བྱི་དོར་བྱས་པས་དཀར་པོ་མི་ཡོང་སྟེ་དེའི་ཕྱིར་ན་བདག་སངས་རྒྱས་ཐམས་ཅད་ཀྱི་ཡབ་ཡིན་པའི་ཕྱིར་བདག་གི་སྲས་སངས་རྒྱས་ཡིན་པའོ། །གཉིས་པ་བདག་སྲས་དངོས་ལ་གཙོ་བོ་ཡབ་ཡུམ་མཉམ་པར་སྦྱོར་བས་བྱང་སེམས་བསྟིམ་པ་དང་། དེ་ལས་ཁྲོ་བོའི་སྤྲིན་སྤྲོ་བ་དང་། བསྡུས་ཏེ་ཁྲག་འཐུང་རིགས་ལྔར་བསྐྱེད་ཚུལ་དང་། ཁྲག་འཐུང་ཆེན་པོ་རྣམས་གདུལ་བྱ་དབང་དུ་སྡུད་པའི་ཡུམ་དང་སྦྱོར་བ་དང་། དེ་ལས་སྲས་ཀྱི་ཚོགས་རྣམས་བཏོན་པ་དང་། ཡུམ་རྣམས་རང་གི་གནས་སུ་བཀྱེ་བ་དང་དྲུག་གོ། །དང་པོ་ནི། དེ་བཞིན་ཉིད་ཀྱི་དབྱིངས་ནས་ནི། །ཁྲོ་མོ་དབང་ཕྱུག་མངོན་ཕྱུང་སྟེ། །ཧི་ཧི་དགྱེས་པའི་གཟི་མདངས་ཀྱིས། །རིན་ཆེན་པདྨ་རྒྱས་མཛད་དེ། །གཉིས་མེད་འཁྲིལ་བའི་དགྱེས་པས་ཐིམ། །ཞེས་པ་སྟེ། དཔལ་ཧེ་རུ་ཀའི་ཐུགས་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཀྱི་ངང་དུ་བྱུང་བ་སྟེ་ཡབ་ཀྱི་ཐུགས་ཀ་ནས་ནི་ཡུམ་ཁྲོ་མོ་རྡོ་རྗེ་དབྱིངས་ཕྱུག་མ་ལུས་དང་གྲིབ་མ་ལྟར་རམ་མར་མེ་གཅིག་ལས་གཉིས་སུ་ཆད་པ་ལྟར་མངོན་དུ་ཕྱུང་སྟེ་ཡབ་ཀྱི་གཡོན་ངོས་སུ་རྫོགས་ཚུལ་དུ་བསྐྱེད་པ་ནི་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གཡོན་བྷནྡ་རྒྱན་ཆ་ལུགས་ཡབ་དང་མཐུན་ནོ། །དེ་ཡང་ཡབ་ལ་སྐུ་གསུང་ཐུགས་དགྱེས་པའི་གཟི་མདངས་དང་ལྡན་པར་བཞུགས་ཏེ་ཞལ་ནས་ཧི་ཧི་ཞེས་དགྱེས་པའི་བཞད་སྒྲ་དང་སྤྱན་གྱི་གཟི་བརྗིད་དང་ཞལ་གྱི་མདངས་དབྱུང་ཉིད་ཀྱིས་ཡབ་ལ་འདུད་པའོ། །ཡབ་ཀྱི་མཁའ་ནི་ཆེ་བའི་ཡོན་ཏན་འབྱུང་བས་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བའི་ཕྱིར་རིན་ཆེན་ནམ་རིན་པོ་ཆེའོ། །ཡུམ་གྱི་མཁའ་ནི་ཆགས་པས་མ་གོས་པས་པདྨའོ། །དེ་ལ་ཡུམ་གྱི་མཁའ་པདྨ་འདབ་བརྒྱད་པར་བྱིན་གྱིས་བརླབ་ཡབ་ཀྱི་མཁའ་རྡོ་རྗེ་རྩེ་ལྔ་པར་བྱིན་གྱིས་བརླབ། དེ་གཉིས་ཀྱིས་སྦྱོར་བ་རྒྱས་པར་མཛད་དེ་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་རྟགས་ཡབ་ཡུམ་གཉིས་མེད་དུ་འཁྲིལ་བའི་ཚུལ་གྱིས་ཐབས་དང་ཤེས་རབ་ཀྱི་སྤྱོད་པས་དགྱེས་པས་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་སུ་གསལ་བ་ལས་ཡབ་ཀྱི་བྱང་ཆུབ་སེམས་ཡུམ་གྱི་མཁར་ཐིམ་པའོ། །གཉིས་པ་ནི། བྱང་ཆུབ་སེམས་སྤྲིན་སྤྲོས་པ་ལས། །ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་སྤྲོ། །ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མན་དྷ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །མཐའ་ཡས་ཁྱབ་པར་ཁྲོ་བོ་ཡི། །དཀྱིལ་འཁོར་སྟོང་གསུམ་འཇིག་རྟེན་ཙམ། །ཕྱོགས་བཅུའི་རྡུལ་སྙེད་ཐོན་པར་གྱུར། །ཞེས་པ་སྟེ། ཁྲོ་བོ་འཆོལ་བ་འདོན་པ་ལ་ལྔ་སྟེ། འབྱུང་བའི་རྒྱུ་དང་། རྐྱེན་དང་། ངོ་བོ་དང་། རང་བཞིན་དང་། དགོས་པའི་འབྲས་བུའོ། །རྒྱུ་ནི་ཡབ་ཡུམ་གྱི་བྱང་སེམས་སོ། །རྐྱེན་ནི་སྤྲོ་བར་བྱེད་པའི་སྔགས་སོ། །ངོ་བོ་ནི་ཁྲོ་བོ་འཆོལ་བ་སྤྲོས་པ་རྣམས་སོ། །རང་བཞིན་ནི་ཡེ་ཤེས་ཀྱི་སྤྲུལ་པའོ། །དགོས་པའི་འབྲས་བུ་ནི་གདུག་པ་ཅན་འདུལ་བའི་དགོས་པ་ཡོད་ལ་རིགས་ལྔ་ཁྲག་འཐུང་བསྐྱེད་པའི་འབྲས་བུ་ཡོད། དེ་བས་ན་ཁྲོ་བོ་འཆོལ་བ་སྤྲོས་ནས་དྲག་པོ་ལས་ཀྱི་ཁྲོ་བོ་གསལ་ལོ། །ཡབ་ཀྱི་ལྷག་པ་བྱང་ཆུབ་སེམས་དབྱར་གྱི་སྤྲིན་ཕུང་ལྟ་བུ་ཡུམ་གྱི་མཁར་སྤྲོས་པ་ལས་ཡབ་ཡུམ་དགྱེས་པའི་ལྷག་པའི་བྱང་ཆུབ་སེམས་དཀར་དམར་འདྲེས་པ་ལས་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ཡུམ་གྱི་མཁའ་ནས་སྤྲིན་ཕུང་དང་འདྲ་བར་སྤྲོ་བ་སྟེ་དེ་ཡང་ཁྲོ་བོ་འཆོལ་བའི་ཚོགས་སུ་སྤྲོ་བའོ། །སྔགས་དོན་ནི་ཧཱུཾ་དང་པོས་སྐུ་རྡོ་རྗེ་ཁྲོ་བོ་སྤྲོ་ཧཱུཾ་གཉིས་པས་གསུང་རྡོ་རྗེ་ཁྲོ་བོ་སྤྲོ་ཧཱུཾ་གསུམ་པས་ཐུགས་རྡོ་རྗེ་ཁྲོ་བོ་སྤྲོ་བ་སྟེ་སྐུ་གསུང་ཐུགས་ཀྱི་ཁྲོ་བོ་འཆོལ་བ་སྤྲོ་བའོ། །བི་ཤྭ་སྣ་ཚོགས་བཛྲ་ཀྲོ་ཏ་རྡོ་རྗེ་ཁྲོ་བོ་ཛྭ་ལ་འབར་བ་མན་དྷ་ལ་དཀྱིལ་འཁོར་ཕཊ་སྐུ་ལས་སྤྲོས་ཕཊ་གསུང་ལས་སྤྲོས་ཕཊ་ཐུགས་ལས་དང་ཧ་ལ་སྐུའི་དུག་བཅོམ་ཧ་ལ་གསུང་གི་ཧ་ལ་ཐུགས་ཀྱི་དུག་བཅོམ་ཧཱུཾ་གཉིས་སུ་མེད་པར་དབང་དུ་མཛད་ཅིག་པའོ། །འཇིག་རྟེན་གྱི་ཁམས་འགྲོ་བ་རིགས་དྲུག་གི་གནས་ཀྱིས་བསྡུས་པའི་ཕྱོགས་བཅུ་ནས་འགྲོ་བའི་ལས་དང་བག་ཆགས་སྦྱང་བའི་ཕྱིར་ཁྲོ་བོ་འཆོལ་བ་སྤྲོ་བར་བྱེད་པ་ཡིན་ནོ། །ཕྱོགས་བཅུ་མཐའ་ཡས་པ་ཁྱབ་པར་ཁྲོ་བོ་ཡི་དཀྱིལ་འཁོར་སྤྲོ་བའོ། །དེ་ཡང་ཤེས་རབ་ཆེན་པོའི་ཁྲོ་བོ། ཡེ་ཤེས་ཆེན་པོའི་ཁྲོ་བོ། ཕྱག་རྒྱ་ཆེན་པོའི་ཁྲོ་བོ་གསུམ་སྤྲོ་བའོ། །ཁྲོ་བོ་འཆོལ་བའི་དཀྱིལ་འཁོར་དེ་ད ག་རེ་རེ་ལ་ཡང་ཆེ་ཆུང་སྟོང་གསུམ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་མོ། །དེ་དག་གི་གྲངས་མང་ཉུང་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་རྡུལ་ཕྲ་མོའི་བྱེ་མ་སྙེད་ཀྱི་གྲངས་ཙམ་ཐོན་པར་གྱུར་ནས་བར་སྣང་ལ་འཁྲུག་པ་ལྟ་བུས་གདུག་པ་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་འདུལ་བ་དང་། དབང་དུ་སྡུད་པ་དང་བསྒྲལ་བར་བྱས་པའོ། །དེ་ལྟར་ཁྲོ་བོ་འཆོལ་བ་སྤྲོ་བ་ནི་རྫུ་འཕྲུལ་བཞི་སྟེ་ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། བྱིན་གྱིས་རླབས་ཀྱི་ཆོ་འཕྲུལ་དང་། ཆོས་སྣང་བའི་ཆོ་འཕྲུལ་ལོ། །དང་པོ་ནི་བདག་བཛྲ་ཧེ་རུ་ཀས་སྔགས་བརྗོད་པས་སྟོང་གསུམ་སྔགས་ཀྱི་སྒྲས་ཁེངས་པའོ། །གཉིས་པ་ནི། ཤེས་རབ་ཆེན་པོའི་ཁྲོ་བོ་དང་ཡེ་ཤེས་ཆེན་པོའི་ཁྲོ་བོ་དང་ཕྱག་རྒྱ་ཆེན་པོའི་ཁྲོ་བོ་གསུམ་གྱི་ངོ་བོ་ལས་ཁྲོ་བོ་གྲངས་མེད་པ་འཆོལ་བར་སྤྲོ་བའོ། །གསུམ་པ་ནི། ཁྲོ་བོ་དེ་དག་གིས་བགེགས་ཐམས་ཅད་བཅོམ་བསད་དེ་གདུག་པའི་སེམས་དེ་དག་ཐམས་ཅད་ཞི་ནས་བྱང་ཆུབ་སེམས་སུ་བྱིན་གྱིས་བརླབས་པའོ། །དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། ཡང་དག་ཤེས་རབ་ཆེན་པོ་ནི། །མཚན་མ་འཇོམས་ཕྱིར་ཁྲོ་བོའི་མཆོག །རང་རིག་ཡེ་ཤེས་རྒྱལ་པོ་ནི། །ཕྱོགས་བཅུའི་ཁམས་རྣམས་དབང་བསྡུས་ནས། །ཀུན་ཀྱང་མི་དམིགས་དབྱིངས་སུ་ཐིམ། །ཐམས་ཅད་ཁྲོ་བོའི་ཚོགས་སུ་འགྱུར། །ཕྱོགས་བཅུ་ཐམས་ཅད་སྐུ་གསུང་ཐུགས། །དཔལ་ཆེན་འབར་བའི་ཕྱག་རྒྱར་གསལ། །ཅེས་སོ། །བཞི་པ་ནི། ཁྲོ་བོ་དེ་དག་གིས་རིགས་དྲུག་གི་འཇིག་རྟེན་ན་རུ་ཏྲ་ལ་སོགས་པ་དྲེགས་པ་ཅན་རྣམས་ལ་སྤྲུལ་པ་དེ་རྣམས་ཀྱིས་གདུག་བ་ཅན་དྲག་པོས་བཏུལ་ནས་ཆོས་སྣང་བའོ། །གསུམ་པ་ཁྲག་འཐུང་རིགས་ལྔར་བསྐྱེད་ཚུལ་ལ། གཙོ་བོ་དང་། རིགས་བཞིའི་ཁྲག་འཐུང་བསྐྱེད་ཚུལ་གཉིས་ལས། དང་པོ་ནི། དེ་ནས་བཅོམ་ལྡན་དགྱེས་ཆེན་རིགས། །དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱི། །རྡུལ་སྙེད་མཚོན་ཆ་འཛིན་པ་དེ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར། །འབར་ཆེན་ཀློང་གི་འཁོར་ལོའི་དཀྱིལ། །དབང་ཕྱུག་ཆེ་དང་དུར་ཁྲོད་ཀྱི། །བདག་པོ་དྲེགས་པ་ཁྱོ་ཤུགས་ཀྱི། །གདན་ལ་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཞེས་གསུངས་ཏེ། གོང་དུ་ཁྲོ་བོ་འཆོལ་པ་སྤྲོས་པ་དེ་ནས་རིགས་ལྔ་ཁྲག་འཐུང་གི་སྐུ་བསྐྱེད་པ་ནི་ལྷ་ཆེན་པོ་འོག་ཏུ་བརྫིས་པས་བདུད་བཞི་བཅོམ་པའོ། །དེ་དག་གནས་སུ་དག་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཐུགས་སུ་ཆུད་རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར་བས་ཁྲོ་བོའི་སྐུར་སྣང་བས་ན་ལྡན་ནོ། །ཡབ་ཡུམ་ཁ་སྦྱོར་དུ་བཞུགས་པས་དགྱེས་པ་ཆེན་པོ། ཕྱོགས་བཅུ་ཁྲོ་བོ་འཆོལ་བ་དེའི་རིགས་ཡིན་པས་བསྡུ་བའོ། །དེ་ཡང་ཁྲོ་བོ་འཆོལ་བ་དེ་དག་གི་མཚན་ཉིད་ཅི་ཞེ་ན་དབུ་མ་ངེས་པ་དང་། ཕྱག་མ་ངེས་པར་དང་། ཞབས་མ་ངེས་པ་དང་། གྲངས་མ་ངེས་པ་སྟེ་རྡོ་རྗེ་རིགས་དང་། རིན་ཆེན་དང་། པདྨ་དང་། ལས་དང་། དེ་བཞིན་གཤེགས་པའི་རིགས་ལྔ་ཡང་འཆོལ་བར་སྤྲོ་བའོ། །དེ་ཡང་ཆེ་ཆུང་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་ཀྱི་ཚད་ཙམ་གྲངས་རྡུལ་ཕྲ་རབ་སྙེད་དུ་སྤྲོས་པ་ཕྱག་ན་མཚོན་ཆ་སྣ་ཚོགས་པ་འཛིན་པ་དེ་དག་ཚུར་བསྡུས་པའི་དུས་ན་དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་པའོ། །དབུ་གསུམ་ནི་སྐུ་གསུང་ཐུགས་དང་རྣམ་ཐར་སྒོ་གསུམ་མཚོན་པའོ། །ཕྱག་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་ཡེ་ཤེས་དྲུག་གོ། །ཞབས་བཞི་ནི་ཚད་མེད་པ་བཞིའམ་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །ཁྲོ་བོ་དེ་དག་གནས་གང་དུ་བསྡུ་ཞེ་ན་འབར་ཆེན་ནི་ཁྲོ་བོའི་གནས་སོ་ཀློང་གི་ཞེས་པ་ནི་མེ་དཔུང་འབར་བའོ་འཁོར་ལོའི་ཞེས་པ་ནི་དབུས་ཕོ་བྲང་རྩིབས་བཞིའི་དཀྱིལ་ནི་གཙོ་བོ་རྣམས་བཞུགས་པའི་གནས་སོ། །གནས་དེ་ན་གྲུ་གསུམ་མཐིང་ནག་འབར་བའོ། །གདན་གང་ལ་བཞུགས་ཞེ་ན་དབུས་ན་དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་ཤར་དྲི་ཟ་ལྷོར་གཤིན་རྗེ་ནུབ་ཀླུའམ་སྲིན་པོ་བྱང་གནོད་སྦྱིན་ཡབ་ཡུམ་མོ། །དེ་ལྔ་ནི་དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཁྱོ་ཤུགས་ཀྱི་གདན་ཅེས་བྱའོ། །གདན་འདིངས་ཚུལ་ནི་དྲེགས་པ་དེ་དག་ཕོ་ཁ་སྦུབ་མོ་གན་རྐྱལ་བྱི་ཆིངས་སྣོལ་མ་མི་རོ་སྐྲའི་སྐུད་པས་བཅིངས་པའོ། །རང་རང་གི་བཞོན་པས་སྟེང་ནས་བརྫིས་པའོ། །གདན་ལ་བཞུགས་ཚུལ་གང་ཞེ་ན་ཞབས་བཞི་ཡང་གཡས་བརྐྱང་གཡོན་བསྐུམ་གྱིས་ཚུལ་དུ་བཞུགས་པའོ། །གཡས་བརྐྱང་བ་ཐབས་ཀྱི་རང་བཞིན་མ་འགགས་པ་གཡོན་བ སྐུམ་པ་ཤེས་རབ་ཀྱི་ངོ་བོ་བདེ་བའོ། །གཉིས་པ་ནི། ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་ཡང་། །དཔལ་ཆེན་ཁྲག་འཐུང་ཆེན་པོ་དང་། །རིན་པོ་ཆེ་དང་པདྨ་དང་། །ལས་སུ་གྱུར་ནས་ཕྱོགས་བཞིར་བཞུགས། །དེ་ཀུན་འཇིགས་བྱེད་ཆེན་པོ་ཡི། །ཆ་ལུགས་རྔམ་པའི་ང་རོ་ཡིས། །འབར་བའི་ཀློང་ན་དབུ་གསུམ་པ། །ཕྱག་དྲུག་ཞབས་བཞི་དྲི་ཟ་དང་། །གནོད་སྦྱིན་གཤིན་རྗེ་སྲིན་པོ་ལ། །སོགས་པ་ཁྱོ་ཤུགས་གདན་ལ་བཞུགས། །ཞེས་པ་སྟེ། ཁྲོ་བོ་འཆོལ་བའི་དཀྱིལ་འཁོར་སྤྲིན་ཕུང་དེ་ལྟ་བུ་དག་སླར་ཡང་ཚུར་འདུས་པས་གདན་སྟེང་ན་གནས་པའོ། །དེ་ལས་རིགས་སོ་སོར་ཕྱེ་ནས་གདན་ལ་བཞུགས་པའི་ཚུལ་ནི་དབུས་རྒྱུའི་ཧེ་རུ་ཀ་ལ་དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི་རིགས་ཐིམ་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཞལ་གསུམ་ཕྱག་དྲུག་ཏུ་གྱུར་ཏོ། །ཤར་གྱི་གདན་སྟེངས་སུ་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་གཅིག་ཏུ་འདུས་པས་ཁྲག་འཐུང་ཆེན་པོ་བུདྡྷ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པར་གྱུར་པ་དང་། ལྷོར་རིན་པོ་ཆེ་ཡི་རིགས་རྣམས་འདུས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་རཏྣ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་དང་། ནུབ་ཏུ་པདྨའི་རིགས་འདུས་པས་སོ་སོར་རྟོག་པའི་ཡེ་ཤེས་པདྨ་ཧེ་རུ་ཀ་དང་། བྱང་དུ་ལས་ཀྱི་རིགས་རྣམས་གཅིག་ཏུ་འདུས་པའམ་གཉིས་སུ་མེད་པར་གྱུར་ནས་ཀརྨ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་རྣམས་རང་རང་གི་གདན་ལ་བཞུགས་པའོ། །ཕྱོགས་བཞིར་ཞེས་པ་ནི་དབུས་རྒྱུའི་ཧེ་རུ་ཀ་དང་པོ་ནས་བཞུགས་ཡོད་པའི་དབང་དུ་བརྩིས་པ་ཡིན་ནོ། །དེ་ཀུན་ནི་ཁྲོ་བོ་དེ་རྣམས་སོ་འཇིགས་བྱེད་ནི་གདུག་པ་ཅན་རྣམས་སོ། །ཆེན་པོ་ནི་སྐུ་ཆེ་ལ་ཡན་ལག་རགས་པའོ། །ཡང་ན་ཁྲོ་བོ་དེ་ཀུན་ཀྱང་རྒྱུའི་ཧེ་རུ་ཀ་ལྟར་འབར་བའི་གར་དགུ་དང་ལྡན་པ་ཡི་ཞེས་པའོ། །ཆ་ལུགས་ནི་དུར་ཁྲོད་ཀྱི་ཆས་དགུས་བརྒྱན་པའོ། །དེ་ཡང་ཐུགས་ཡེ་ཤེས་ཆེན་པོས་རྟག་ཆད་ཀྱི་མཐའ་སེལ་བ་སྟེ་ཐུགས་གཏུམ་ཞིང་རྔམ་པའི་ང་རོ་ཡིས་རུ་ལུ་རུ་ལུའི་སྒྲ་ཆེན་པོ་འབྱིན་པའི་ཚུལ་ལོ་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་རྒྱུ་ཉོན་མོངས་པ་དུག་གསུམ་ཟད་ནས་ལམ་ཁམས་གསུམ་གྱི་ཟག་པ་བཅོམ་པས་འབྲས་བུ་སྐུ་རྣམ་པ་གསུམ་མཚོན་པའི་རྟགས་སུ་དབུ་གསུམ་པ་དང་། རྒྱུ་ཉོན་མོངས་པ་དྲུག་ཟད་ནས་ལམ་འགྲོ་བ་རིགས་དྲུག་སྦྱངས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པས་ཡེ་ཤེས་དྲུག་གི་ཕྱག་དྲུག་ཏུ་བྱུང་བའོ། །རྒྱུ་ཚད་མེད་པ་བཞི་དང་ལྡན་ལམ་རྫུ་འཕྲུལ་གྱི་རྐང་པ་བཞིར་དབྱེ་བས་འབྲས་བུ་རྣམ་པར་ཐར་པ་བཞིའི་ཞབས་བཞིའོ། །ཞབས་དེས་ཤར་དྲི་ཟ་ཕོ་མོ་བརྫིས་པ་དང་དེ་ནི་ཞེ་སྡང་སྤངས་པའོ། །བྱང་དུ་གནོད་སྦྱིན་ཕྲག་དོག་སྤངས་པས་མནན། ལྷོར་གཤིན་རྗེ་ང་རྒྱལ་ནུབ་སྲིན་པོ་འདོད་ཆགས་སྤངས་པའི་ལྷ་པདྨ་ཧེརུ་ཀའི་གདན་ནོ། །ལ་སོགས་པ་ནི་དབུས་དབང་ཕྱུག་ཆེན་པོ་ཡབ་ཡུམ་མོ་ལྷ་དེ་དག་ཡབ་ཡུམ་བྱི་ཆིངས་སུ་བྱས་པ་ནི་ཁྱོ་ཤུགས་སོ། །གདན་དེ་དག་ལ་མནན་ནས་བཞུགས་པའོ། །ཁྲག་འཐུང་དེ་རྣམས་ལ་གསུམ་སྟེ་རྒྱུ་སེམས་ཅན་གྱི་ལྡན་ཚུལ་དང་། ལམ་ཞི་ཁྲོ་གནས་འགྱུར་དང་། འབྲས་བུ་ཡེ་ཤེས་རྟོགས་ཚུལ་ལོ། །རྒྱུ་ནི་སེམས་ཅན་ལ་ཕུང་པོ་ལྔ་དེ་ལ་གནས་པའི་ཉོན་མོངས་པ་ལྔ་དེས་བསྐྱེད་པའི་ཤ་ཁྲག་རུས་པ་རླུང་ལྔ་ཡོད་པའོ། །ལམ་ནི་རྒྱལ་བ་རིགས་ལྔ་གདུལ་བྱ་ལ་དགོངས་ནས་ཁྲག་འཐུང་རིགས་ལྔར་གནས་འགྱུར་བའོ། །འབྲས་བུ་ནི་ཡེ་ཤེས་ཆེན་པོ་ལྔ་རྟོགས་པའོ། །བཞི་པ་ནི། བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས། །སོ་སོའི་སྐུ་ལ་འཁྲིལ་ཏེ་གནས། །ཞེས་པ་སྟེ། སྤྱད་པར་བྱ་བས་ན་བཙུན་མོ་སྟེ་ཁྲག་འཐུང་ནི་ཁྲོ་མོའོ། །ཆེན་མོ་ནི་ཡུམ་ལྔ་རྣམས་སོ། །ཡབ་སོ་སོའི་སྐུ་ལ་འཁྲིལ་བ་ནི་ཐབས་དང་ཤེས་རབ་ཏུ་གནས་པའོ། །དེ་ཡང་ཡུམ་གཉིས་ཏེ་རང་བཞིན་དབྱིངས་ཀྱི་ཡུམ་ཁྲོ་མོ་ལྔ་དང་གདུལ་བྱ་དབང་དུ་སྡུད་པའི་ཡུམ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དོ། །དེ་ལ་སྐབས་འདིར་ནི་རང་བཞིན་དབྱིངས་ཀྱི་ཡུམ་རང་གི་ཐུགས་ཀར་སྦས་ནས་དྲེགས་པ་འོག་ཏུ་མནན་དབང་མོ་ལ་སྦྱོར་བ་བྱས་ཏེ། སྲས་གནས་ཡུལ་གྱི་མ་མོ་བཏོན་ནས་དབང་མོ་རང་རང་གི་གནས་སུ་བཀྱེ་ནས་རང་གི་ཡུམ་ལུས་དང་གྲིབ་མ་བཞིན་དུ་གདོད་སྐུ་ལ་འཁྲིལ་བའོ། །ལྔ་པ་སྲས་མོའི་ཚོགས་རྣམས་ཕྱིར་འདོན་པ་ལ་གསུམ་སྟེ། གནས་མ་བརྒྱད་དང་། ཡུལ་མ་བརྒྱད་དང་། སྒོ་མ་བཞིན་རྣམས་འདོན་པའོ། །དང་པོ་ནི། དེ་ནས་དགྱེས་ཏེ་ཧ་བརྗོད་པས། །བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས། །དཀར་མོའི་ཚོགས་དང་རྐུན་མོའི་ཚོགས། །རྨོངས་མོ་དང་ནི་ཐལ་བྱེད་མ། །སྦོས་མོ་དང་ནི་གཏུམ་མོ་དང་། །སྨེ་ཤ་ཅན་དང་མ་ཚོགས་མ། །ཚོགས་རྣམས་རང་གི་ལག་ཆ་དང་། །ངོ་མཚར་ཆས་ནས་རྔམ་ཐོན་ཏེ། །འབར་ཆེན་འཁོར་ལོའི་ཤར་མཚམས་ནས། །འཁོར་བ་འཛིན་པའི་གཟུགས་ཀྱི་འཁོར། །ཅེས་པ་སྟེ། དཔལ་ཆེན་པོ་ལ་འཁོར་གྱི་མ་མོ་རྣམ་པ་གཉིས་ཏེ་ནང་གི་རྣལ་འབྱོར་མ་དང་ཕྱིའི་སྒྲུབ་པ་མོའོ། །ནང་གི་རྣལ་འབྱོར་མ་ནི་དབང་པོ་དང་རྣམ་ཤེས་གནས་གྱུར་ཏེ་ཚོགས་བརྒྱད་དེ་ཁོ་ན་ཉིད་དུ་དག་པའི་མ་མོ་བརྒྱད། སྤྱད་བྱ་ཡུལ་གྱི་ཞེན་པ་གནས་འགྱུར་བ་མཆེ་གཤོག་ཅན་གྱི་མ་མོ་བརྒྱད་དེ་བཅུ་དྲུག །རྟག་ཆད་མུ་བཞིའི་མཐའ་བཀག་ནས་ཚད་མེད་བཞིར་རྒྱས་འདེབས་པ་སྒོ་མ་བཞི་སྟེ་ཉི་ཤུ་པོ་རྣམས་ཏེ་དོན་ཆོས་ཉིད་རྣལ་མ་ལ་བློ་རིག་པའི་ཡེ་ཤེས་འབྱོར་བས་ན་ནང་གི་རྣལ་འབྱོར་མ་ཞེས་བྱའོ། །སྤྱིར་ལས་ལས་གྲུབ་པ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ནི་ཕྱིའི་སྒྲུབ་པ་མོ་ཞེས་བྱའོ། །དེ་རྣམས་ནི་དཔལ་གྱི་འཁོར་རོ། །དེ་བས་ན་ནང་གི་སྒྲུབ་པ་མོ་རྣམས་བསྐྱེད་པའི་ཕྱིར་རོ། །ཡུམ་བསྐྱེད་པ་དེ་ནས་ཡབ་ཡུམ་ཐབས་དང་ཤེས་རབ་སྦྱོར་བ་བྱས་པས་དགྱེས་ཏེ་ཧ་བརྒྱད་ཞལ་ནས་བརྗོད་པས་ཡབ་ཡུམ་སྦྱོར་བ་བྱས་པའི་བྱང་ཆུབ་སེམས་ཀྱི་ཚོགས་སྤྲིན་ཕུང་ལྟ་བུ་དག་ལས་ཡི་གེ་ཧར་གྱུར་ནས་གནས་ཀྱི་མ་མོ་བརྒྱད་རིམས་ཀྱིས་བསྐྱེད་པའོ། །དེ་ཡང་ནང་རྣམ་ཤེས་ཀྱི་རྣལ་འབྱོར་མ་བཞི་ལས་ཐུགས་ལས་མཚན་དུ་བཏགས་པ་ཀེའུ་རི་མ་ནི་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པས་དཀར་མོའི་ཚོགས་ཏེ་ཆོས་ཉིད་ལ་ཉེས་པའི་སྐྱོན་གྱིས་མ་གོས་པས་དཀར་ཡང་དག་པའི་དོན་ལ་གནས་གཞན་གྱིས་བསྒྱུར་མི་ནུས་པས་རྟགས་སྔོན་མོའོ། །ལས་ཞི་བའི་ལས་བྱེད་པ་དང་། ཉོན་མོངས་པ་འཁོར་བའི་གནས་ནས་བརྐུས་ཏེ་བླ་མེད་གནས་སུ་འདྲེན་པས་ན་རྐུན་མོའི་ཚོགས་ཏེ་ལས་རྒྱས་པའི་ལས་བྱེད་དོ། །དེ་ནི་ཙོ་རི་མའོ། །རྨོངས་མོའམ་པྲ་མོ་ཧ་ནི་གཞན་དབང་དུ་བསྡུས་ནས་རྨོངས་ཤིང་ལྐུགས་པར་བྱེད་པ་སྟེ་ལས་ནི་དབང་གི་ལས་བྱེད་པ་དང་ནི། ཐལ་བྱེད་མའམ་བེ་ཏ་ལི་ནི་བགེགས་དང་ལོག་འདྲེན་ཐལ་བར་རློགས་ཤིང་ལས་ནི་དྲག་པོའི་ལས་བྱེད་དོ། །སྦོས་མོ་ནི་པུས་ཀ་སི་སྟེ་ཆེ་བའི་ཡོན་ཏན་དང་ལྡན་པའི་ཉོན་མོངས་པ་རྩད་ནས་བཅད་དེ་རྒྱས་པའི་ལས་བྱེད་པ་དང་ནི། གཏུམ་མོ་ནི་ཀརྨ་རི་སྟེ་འཁོར་ལ་གཏུམ་དྲག་གི་ལས་བྱེད་པ་དང་། སྨ་ཤ་ནི་སྲིན་པོ་ཉིང་ཤ་ཉིང་གིས་ཟ་བ་སྨེ་ཤ་ཅན་གྱི་ཡུལ་ན་གནས་པ་སྟེ་འགྲོ་དོན་སྤང་བླང་མེད་པར་བྱེད་པ་དང་ལས་གང་ཡང་རུང་བ་གྲུབ་པར་བྱེད་པའོ། །མ་ཚོགས་མ་ནི་ཙནྡྷ་ལི་སྟེ་མ་མོ་དེ་དག་ལ་སྤྲུལ་པ་མང་པོ་འབྱུང་བ་དང་རྣལ་འབྱོར་པའི་རྒྱུད་འཕེལ་བའི་ལས་བྱེད་པ་སྟེ་དེ་དག་ནི་ཕྱི་དབང་པོའི་རྣལ་འབྱོར་མ་བཞིའོ། །ལྷ་མོའི་ཚོགས་དེ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་པ་སྟེ་ཞབས་མ་མོའི་འགྱིངས་སྟབས་ཀྱིས་བཞུགས་པ་རང་རང་གི་ལག་ཆའམ་ཕྱག་མཚན་དང་བཅས་པའོ། །དེ་ཡང་སྐུ་མདོག་ཕྱག་མཚན་འོག་ནས་ལེགས་པར་སྟོན་ནོ། །ཁྲོ་མོ་དེ་རྣམས་ཀྱང་ངོ་མཚར་དང་བཅས་ནས་སྐུ་གསུང་ཐུགས་རྔམས་པའི་དམངས་དང་བཅས་ནས་ཏེ་ཐོན་ཏེ་བསྐལ་པའི་མེ་ལྟར་འབར་བའི་ཀློང་ཆེན་པོར་འཁོར་ལོའི་ཤར་ལྷོ་མཚམས་ནས་འཁོད་པའོ། །ཤར་ལྷོ་ཀོའུ་རི། ལྷོ་ནུབ་ཏུ་ཙོ་རི། ནུབ་བྱང་དུ་པྲ་མོ་ཧ། བྱང་ཤར་དུ་པེ་ཏ་ལི། ཤར་ལྷོའི་གྲུབ་ཆད་ལ་པུསྐ་སི། ལྷོ་ནུབ་ཏུ་ཀསྨ་རི། ནུབ་བྱང་དུ་སྨེ་ཤ་ནི། བྱང་ཤར་དུ་ཙནྡྷ་ལི་རྣམས་དོན་ཆོས་ཉིད་ལས་འཁོར་བ་རུ་སེམས་ཅན་གྱི་དོན་མཛད་པ་ལ་འཇིགས་པའི་གཟུགས་དང་བཅས་པ་ཉིད་ཀྱིས་བྱོན་ཏེ་ཁྲོ་བོའི་དཀྱིལ་འཁོར་དུ་འཁོད་པའོ། །གདན་ཞིང་རྐྱང་པ་རེ་རེ་ལ་བཞུགས་པའོ། །དེ་ཡང་རྒྱུ་སེམས་ཅན་གྱི་ལྡན་ཚུལ་ནི་རྣམ་པར་ཤེས་པ་བཞི་དང་དབང་པོ་རྣམ་བཞི་སྟེ་རྣམ་ཤེས་ཚོགས་བརྒྱད་དུ་འདུས་པས་ན་ཡི་གེ་ཧ་བརྒྱད་དོ། །ཞི་ཁྲོ་གནས་བསྒྱུར་ན་བྱང་ཆུབ་སེམས་དཔའ་བརྒྱད་པོ་དེ་མ་མོ་བརྒྱད་དོ། །འབྲས་བུ་ཐོབ་ཚུལ་ནི་རིགས་ཀྱི་ཆ་འཛིན་པས་ན་ཡེ་ཤེས་ལྔ་པོ་ཉིད་ཐོབ་པའོ། །གཉིས་པ་ནི། དེ་ནས་དགྱེས་ཏེ་ཧེ་བརྗོད་པས། །སེང་གདོང་ཆེན་མོའི་ཚོགས་དང་ནི། །སྟག་དང་ཝ་དང་ཁྱི་དང་བཞད། །ཀང་ཀ་དུར་བྱ་འུག་གདོང་ཆེ། །ཚོགས་རྣམས་རང་གི་ལག་ཆ་དང་། །ངོ་མཚར་བཅས་ནས་རྔམ་ཐོན་ཏེ། །འབར་བ་ཆེན་པའི་འཁོར་ལོ་ཡི། །ཕྱི་རོལ་ཤར་གྱི་ཕྱོགས་དག་ནས། །འཁོར་བར་རྔམས་པའི་མདངས་ཀྱིས་འཁོད། །ཅེས་པ་སྟེ། དེ་ནས་ཕྲ་མེན་མ་བརྒྱད་བསྐྱེད་པ་ནི་དཔལ་ཆེན་པོ་ཡབ་ཡུམ་སྦྱོར་བས་དགྱེས་ཏེ་ཧེ་ཞེས་བརྗོད་པས་བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཧེ་བརྒྱད་ཕྱོགས་མཚམས་སུ་ཞིང་གི་གདན་སྟེངས་སུ་འཕྲོས་པས་བསྐྱེད་པའོ། །དེ་ཡང་ཕྱོགས་མཚམས་ཀྱི་རྣལ་འབྱོར་མ་གཅན་གཟན་གྱི་མགོ་ཅན་བཞི་ནི་ལྷ་མོ་སེང་ཧ་མུ་ཀ་ནི་སེང་གདོང་ཆེན་མོའི་ཚོགས་ཏེ་དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་པ་དང་ཡེ་ཤེས་ཀྱིས་རྣམ་པར་རྟོག་པ་འཇོམས་པ་ལ་ཚུར་མི་ཚུགས་པའི་དོན་དང་ནི། བྱ་གྲི་མ་སྟག་གི་མགོ་ཅན་འཕྲིན་ལས་དཔལ་བརྟུལ་ཆེ་བ་དང་། སྲི་ལ་ཝ་ཡི་མགོ་ཅན་སྣ་སྣེའི་ཐབས་མཁས་པས་འགྲོ་བའི་དོན་མཛད་པ་དང་། ཤྭ་ན་ཁྱི་ཡི་མགོ་ཅན་རྣམ་རྟོག་འཇོམས་པ་དང་། མཚམས་ཀྱི་རྣལ་འབྱོར་མ་འདབ་ཆགས་ཀྱི་མགོ་ཅན་བཞི་ནི། ཀྲི་ཏ་བཞད་གདོང་མ་བྱ་རྒོད་ཀྱི་མགོ་ཅན་ཤེས་བྱ་ལ་ཐོགས་པ་མེད་པས་བཞད་མགོའོ། །ཀང་ཀ་དུར་བྱ་ཡི་མགོ་ཅན་ཏེ་འཁོར་བ་དང་དུ་ལེན་ནོ། །ཁ་ཁ་མུ་ཁ་བྱ་རོག་གི་མགོ་ཅན་ཏེ་འཁོར་འདས་མཉམ་པ་ཉིད་དུ་མཁྱེན་པའི་ཡེ་ཤེས་དང་ལྡན་པ། འུག་གདོང་ཆེ་ཞེས་པ་ཧུ་ལུ་ཀ་འུག་པའི་མགོ་སྟེ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་གདུལ་བྱ་ཕྲ་མོ་ཡལ་བར་མི་འདོར་རོ། །མ་ཚོགས་དེ་རྣམས་ཀྱང་ཕྲ་མེན་གྱི་མགོ་ཅན་ཞལ་གཅིག་ཕྱག་གཉིས་པ་རང་རང་གི་ལག་ཆ་དང་བཅས་པ་སྟེ་སེང་ཧ་ཁ་རོ་ལ་སོགས་ཏེ་འོག་ཏུ་སྟོན་ནོ། །དེ་རྣམས་ངོ་མཚར་དང་བཅས་ནས་སྐུ་གསུང་ཐུགས་རྔམས་པའི་མདངས་ཀྱིས་ཐོན་ཏེ་འབར་བའི་དཀྱིལ་འཁོར་དུ་གནས་པའོ། །དེ་ཡང་སེམས་ཅན་གྱི་རང་བཞིན་སངས་རྒྱས་ཡིན་པ་ལ་དེ་ལྟར་མ་རྟོགས་པ་ངོ་མཚར་ཆེ་ཞེས་རྔམ་མོ། །ཁྲོ་བོའི་གཞལ་ཡས་ཁང་ནི་འབར་བ་ཆེན་པོའོ། །དེའི་འཁོར་ལོའི་ཕྱི་རོལ་བར་ཁྱམས་དང་པོ་ལ་ཤར་གྱི་ཕྱོགས་དག་ནས་རིམས་པས་འགོད་པ་སྟེ་ཤར་དུ་སེང་ཁ། ལྷོར་བྱ་གྲི། ནུབ་ཏུ་སྲི་ལ། བྱང་དུ་ཤྭ་ན་སྟེ་གཅན་གཟན་གྱི་མགོ་ཅན་མ་བཞིའོ། །ཤར་ལྷོར་ཀྲི་ཏ། ལྷོ་ནུབ་ཏུ་ཀང་ཀ །ནུབ་བྱང་དུ་ཁ་ཁ། བྱང་ཤར་དུ་ཧུ་ལུ་ཀ་སྟེ་འདབ་ཆགས་ཀྱི་མགོ་ཅན་མ་བཞིའོ། །དེ་ལྟར་བར་ཁྱམས་དང་པོའི་ཕྱོགས་མཚམས་རྣམས་སུ་གདན་ཞིང་རྐྱང་རེ་རེའི་སྟེང་དུ་འཁོར་བར་གདུལ་བྱའི་ཞིང་དུ་གཟིགས་ནས་སྐུ་གསུང་ཐུགས་རྔམ་པའི་མདངས་ཀྱིས་འཁོད་དོ། །དེ་ཡང་རྒྱུ་སེམས་ཅན་གྱི་ལྡན་ཚུལ་ནི་དབང་པོ་དང་རྣམ་ཤེས་ཀྱི་ཁྱད་པར་སྤྱད་བྱ་ཡུལ་དུ་གྱུར་པ་རྣམས་སོ། །ཞི་ཁྲོ་གནས་བསྒྱུར་བ་ནི་ཕྱི་ནང་གི་སེམས་མ་རྣམས་སོ། །དེ་བས་ན་ཡུལ་གྱི་མ་མོ་བརྒྱད་ཅེས་བྱའོ། །འབྲས་བུ་ཡེ་ཤེས་ཀྱི་ཐོབ་ཚུལ་ནི་ཡུལ་དག་པ་ཆོས་ཀྱི་དབྱིངས་ཡིན་ལ་དེ་ལ་ཡེ་ཤེས་ལྔའི་རོལ་པ་མ་འགགས་པར་གནས་པ་ཐོབ་པའོ། །གསུམ་པ་ནི། དེ་ནས་དགྱེས་ཏེ་ཕཊ་བརྗོད་པས། །རྡོ་རྗེ་སྲིང་འགྲོ་མ་ཚོགས་དང་། །གདོང་མོ་འཇིག་རྟེན་རོ་ལངས་མ། །ཚོགས་རྣམས་རང་གི་ལག་ཆ་དང་། །ངོ་མཚར་ཆས་ནས་འཇིགས་ཐོན་ཏེ། །དཀྱིལ་འཁོར་སྒོ་བཞིར་རྔམ་གཟུགས་གནས། །ཞེས་པ་སྟེ། ཕྲ་མེན་མ་བརྒྱད་བསྐྱེད་པའི་རྗེས་དེ་ནས་སྒོ་མ་བཞི་བསྐྱེད་པ་ནི་དཔལ་ཆེན་པོ་དགྱེས་ཏེ་ཕཊ་བརྗོད་པས་ཐབས་ཤེས་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་ཕཊ་བཞི་སྒོ་བཞིར་འཕྲོས་པ་ལས་བསྐྱེད་པ་སྟེ་ཤར་དུ་རྡོ་རྗེ་སྲིངས་འགྲོ་མའམ་ལྕགས་ཀྱུ་མའི་ཚོགས་ནི་རྟའི་མགོ་ཅན་ཏེ་རྟ་མགྱོགས་ཤིང་ཤུགས་དྲག་པ་དང་འདྲ་བར་ཐུགས་རྗེ་མགྱོགས་ཤིང་ཤུགས་དྲག་པས་འཁོར་བ་མ་སྟོང་གི་བར་དུ་འགྲོ་དོན་མཛད་པའོ། །འཁོར་བར་མི་གཏོང་འཛིན་ཆེས་ཀྱང་བྱའོ། །ལྷོར་གདོང་མོའམ་ཞགས་པ་མ་ནི་ཕག་གི་མགོ་ཅན་ཏེ་ཕག་དང་འདྲ་བར་ཉོན་མོངས་པའི་ཐ་བ་ཀློག་འཕྲིན་ལས་གདོང་ཚུགས་སུ་བྱེད་དོ། །ནུབ་ཏུ་འཇིག་རྟེན་མའམ་ལྕགས་སྒྲོག་མ་ནི་དྲེད་ཀྱི་མགོ་ཅན་ཏེ་ཉི་མ་དང་འདྲ་བར་དགྲ་བགེགས་ཐམས་ཅད་བསྲེག་པས་ན་ཉི་ཟླ་དམར་མོ་འཇིག་རྟེན་མའོ། །བྱང་དུ་རོ་ལངས་མའམ་དྲིལ་བུ་མ་ནི་སྤྱང་ཁུའི་མགོ་ཅན་ཏེ་ཁམས་གསུམ་གྱི་སེམས་ཅན་རོ་དང་འདྲ་བ་དེ་རྣམས་ལ་ཡེ་ཤེས་ཀྱི་དྲན་པ་བསྐྱེད་པར་བྱེད་དེ་སྤྱང་གདོང་ཁམས་གསུམ་སླར་འཚོ་མའོ། །འདི་བཞིའི་གསང་མཚན་ལ་མི་ཕམ་མ། རལ་གཅིག་མ། ཁྲོ་གཉེར་མ། རོ་ལངས་མ་བཞི་ཞེས་གསུངས་སོ། །དེ་དག་ཀྱང་རང་རང་གི་སྤྲུལ་པའི་ཚོགས་རྣམས་དང་བཅས་ནས་རང་རང་གི་ལག་ཆ་ལྕགས་ཀྱུ་ལ་སོགས་པ་བསྣམས་པ་དང་བཅས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་དབང་པོ་སྒོ་མ་བཞི་ཡིན་པ་ལ་ཡིན་པར་མ་རྟོགས་པ་ལ་ངོ་མཚར་དང་བཅས་ཏེ་ཆས་ནས་འཇིག་རྟེན་སེམས་ཅན་མ་རུང་བ་རྣམས་གདུལ་བྱར་གཟིགས་ནས་འཇིགས་པའི་གཟུགས་ཀྱིས་ཐོན་ཏེ་དཀྱིལ་འཁོར་གྱི་སྒོ་བཞིར་རམ་སྒོ་བཞིའི་ནང་ན་ཞིང་པགས་རེ་རེའི་སྟེང་དུ་སྐུ་གསུང་ཐུགས་རྔམ་པའི་གཟུགས་དང་བཅས་ནས་གནས་ཤིང་བཞུགས་པའོ། །དེ་ཡན་ཆད་ནི་ནང་གི་རྣལ་འབྱོར་མ་རྣམས་སོ། །དྲུག་པ་ནི། དགྱེས་པའི་སྲིན་དག་ཕྱོགས་བཅུ་ནས། །ཕཊ་ཅེས་བསྒྲགས་པས་ཐམས་ཅད་ཁྲོས། །ཞེས་པ་སྟེ། དེ་ལྟར་ཕོ་རྣམས་འོག་ཏུ་མནན་ནས་དབང་མོ་ཉི་ཤུ་རྩ་བརྒྱད་ལ་སྦྱོར་བ་བྱས་ཤིང་སྲས་བཏོན་ནས་ཡབ་ཡུམ་དགྱེས་པར་རོལ་པའི་བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས་ཕྱོགས་བཅུ་ནས་ཕཊ་ཅེས་པའི་སྒྲ་བསྒྲགས་པའམ་བྱུང་བས་དབང་ཕྱུག་མ་ཐམས་ཅད་ཁྲོས་ཏེ་གནག་རྒོད་ལ་རྫས་བཏབ་པ་ལྟར་ཁྲོས་ནས་རང་རང་གི་གནས་གང་ཡིན་པ་དེར་སོང་ངོ་། །དཔལ་ཆེན་པོ་རིགས་ལྔ་ཡབ་རྣམས་ལ་རང་རང་གི་ཡུམ་ལུས་དང་གྲིབ་མ་ལྟ་བུར་སྐུ་ལ་འཁྲིལ་ནས་བཞུགས་པའོ། །གཉིས་པ་གཞན་སྲས་ལ་གཉིས་ཏེ་འཇུ་འདུལ་བྱ་བ་དང་། དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ལ་བསྐུལ་བར་དམ་བཅའ་བ་དང་། བསྐུལ་བ་དངོས་དང་། རྟོག་པ་སྦྱང་བ་དང་། ལྷ་ཀུན་འོད་དུ་ཞུ་བ་དང་བཞིའོ། །དང་པོ་ནི། དེ་ནས་དཔའ་ཆེན་པོ་ཁྲོ་བོའི་རིགས། །ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། །རང་གི་ངང་ཚུལ་དེ་བཟུང་ནས། །བསྐུལ་ཚིག་འདི་ཡང་རབ་ཏུ་བརྗོད། །ཅེས་པ་སྟེ། བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བའི་རྗེས་དེ་ནས་རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་ནི་དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི་རང་བཞིན་ཁྲོ་བོའི་རིགས་ཡིན་ཏེ། དེ་ཡེ་ནས་རང་གི་ཕུང་པོ་དང་འབྱུང་བ་དང་ཁམས་སྐྱེ་མཆེད་ཀྱི་རང་བཞིན་ལྷའི་དལ་དུ་ལྷུན་གྱིས་གྲུབ་པར་སངས་རྒྱས་པ་ཡིན་ཀྱང་རྟོགས་པར་མ་གྱུར་པ་དེ་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་དང་མ་གྲུབ་པ་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱའོ། །བཛྲ་ཧེ་རུ་ཀའི་ཐུགས་ཀ་ནས་རང་གི་ངང་ཚུལ་དེ་བཟུང་བའམ་རང་སེམས་ཅན་གྱི་ལུས་འདི་ཁོ་ན་འདྲ་བ་གཅིག་བྱུང་ནས་དཀྱིལ་འཁོར་གྱི་བར་ཁྱམས་ནས་ལྷ་ལ་བསྐོར་བ་ལན་གསུམ་བྱས་ནས་ནུབ་ཕྱོགས་ཀྱི་སྒོར་འདུག་སྟེ་རྣལ་འབྱོར་ཆེན་པོའི་རྐྱང་ཕྱག་ལན་གསུམ་དུ་བཙལ་ནས་ཐལ་མོ་སྦྱར་ལོང་བུ་གཤིབས་རྐང་པ་ས་ལ་སྦྱར་ནས་གསོལ་བ་འདེབས་པའི་ངག་གམ་བསྐུལ་ཚིག་འདི་ཡང་རབ་ཏུ་བརྗོད་དོ། །འདིར་རང་གི་ངང་ཚུལ་སློབ་དཔོན་ལ་ལ་ནི་རང་ཐ་མ ལ་གྱི་ལུས་བཟུང་བར་བྱ་སྟེ་ལྷར་བྱས་ན་རྟོག་པ་སྦྱར་རྒྱུ་རང་ཅི་ཡོད་གསུངས་ལ། སྒྱུ་འཕྲུལ་ཡོངས་གྲགས་པ་ལ་ལ་ན་རེ་རང་ལྷའི་བུའམ་ཚངས་པའི་ཕྲུ་གུ་ལྟར་བྱ་སྟེ་ལྷ་བསོད་ནམས་ཆེ་བས་གྲུབ་ཐག་ཉེ་བའི་དགོས་པ་ཡོད་གསུངས་སོ། །སྒྱུ་འཕྲུལ་བཀའ་ལུགས་པ་ནི་རང་གི་ངང་ཚུལ་ཟེར་བས་ན་རང་རྡོ་རྗེ་སྲིན་ཕྲུག་ཞེས་བྱ་བ་ཁྲོ་ཆུང་སྲིན་པོ་ཕྲུ་གུ་ལྟར་བྱ་སྟེ་ལུས་ཐ་མལ་གྱི་ལུས་ཡིན་ཡང་ཆ་བྱད་སྲིན་པོ་ལྟ་བུ་ཞིག་ཡི་དམ་ལྷའི་ཐུགས་ཀ་ནས་ཐོན་ནས་གཞལ་ཡས་ཁང་ལ་བསྐོར་བ་ལན་གསུམ་བྱས་ནས་ནུབ་སྒོར་འདུག་སྟེ་ཞལ་ཤར་དུ་གཟིགས་ནས་རྐྱང་ཕྱག་ལན་གསུམ་བྱ་སྟེ་བདག་སངས་རྒྱས་ཡིན་པ་ལ་ཡིན་པར་མ་ཤེས་པས་ད་ཡི་དམ་ལྷ་དང་བདག་གིས་དབུ་བཟུང་བའི་སེམས་ཅན་ཐམས་ཅད་མཉམ་པར་སྦྱོར་རོ་ཞེས་གསོལ་བ་འདེབས་པའོ། །དེ་ཡང་གདུལ་བྱ་དྲག་པོ་ལ་དགོངས་པའི་གནད་ཀས་ཁྲོ་ཆུང་དུ་འདོད་དོ། །དེ་གསུམ་གང་བྱས་ཀྱང་འདྲ་སྟེ་ཚངས་པ་ནི་ཞི་བ་ཡིན་པས་ན་ཕྱི་ལ་བཀའ་ལུགས་ལྟར་འཐད་གསུངས་སོ། །གཉིས་པ་ནི། ༀ། སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་པས་བསྟན་ཏེ། དེ་ལ་ཡི་གེ་ༀ་གྱིས་མགོ་དྲངས་ནས་དཀྱིལ་འཁོར་གྱི་ལྷ་ཁྱེད་ཀྱིས་སྔོན་གྱི་ཐུགས་དམ་ཆེན་པོ་ཞལ་གྱིས་བཞེས་པ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དམ་བཅས་པ་སྟེ་ཇི་ལྟར་བཅས་ན་ཕྱི་སྣོད་དང་ནང་བཅུད་ཀྱི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀུན་དག་པ་ཡེ་ཤེས་ཀྱི་སྣང་བར་བྱས་ཏེ་མ་དག་འཁྲུལ་པའི་སྣང་བ་སྤོང་བར་བྱེད་པའི་ཕྱིར་འཁོར་བ་ལས་རྒྱལ་བས་རྒྱལ་བའི་ཞིང་དུ་སྒྲོལ་བའམ་སྦྱོར་བར་ཞལ་གྱིས་བཞེས་པས་ན་ད་ཁྱེད་ཀྱི་ཁོངས་སུ་རྣལ་འབྱོར་པ་བདག་ཀྱང་རྟོགས་པར་བྱེད། ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེན་པོར་རྣལ་འབྱོར་པ་བདག་ཀྱང་དབྱེར་མེད་པར་སྦྱོར་ཅིག་ཅེས་གསོལ་བ་གདབ་པའོ། །དེ་ཡང་ཚིག་རྐང་དང་པོས་དུས་ཅི་ཙམ་ན་བསྒྲལ་བར་དམ་བཅས་པ་དང་གཉིས་པས་གང་བསྒྲལ་བར་དམ་བཅའ་བ་དང་གསུམ་པས་གང་དུ་བསྒྲལ་བར་དམ་བཅའ་བ་དང་བཞི་པས་དེ་ཇི་ལྟར་སྒྲོལ་བར་བསྟན་པའོ། །གསུམ་པ་ནི། ཐབས་དང་ཤེས་རབ་གཉིས་མེད་པའི། །ཡེ་ཤེས་ཟེར་གྱིས་ལུས་རྟོག་སྦྱངས། །གསེར་ཞུན་ལྟ་བུའི་སེམས་དག་ལས། །གསུམ་གྱི་བྱིན་རླབས་འོད་ཀྱི་འབྲུ ། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིག །རྡོ་རྗེའི་ལམ་བྱུང་ཡུམ་གྱི་མཁའ། །ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །ཞེས་པ་སྟེ། དེ་ལྟར་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་ལྷ་མས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་མཛད་པས་བྱང་ཆུབ་སེམས་ཀྱི་རྒྱུ་ཡབ་ལས་བྱུང་སྟེ་ཡུམ་ལ་ཐིམ་ཡུམ་གྱི་མཁའ་ནས་ཡེ་ཤེས་འོད་ཟེར་གྱི་རྣམ་པར་འཕྲོས་པས་བདག་གི་ལུས་ངག་ཡིད་གསུམ་གྱི་རྟོག་པ་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་བཞིན་ཚིག་ནས་སྡིག་སྒྲིབ་དང་བག་ཆགས་ངན་པ་ཐམས་ཅད་གཏན་ནས་སྦྱངས་ཏེ་རིག་པ་བྱང་ཆུབ་ཀྱི་སེམས་དེ་དཔེར་ན་གསེར་ཞུན་མ་ཞིག་སྐོང་བུ་ན་གནས་པ་ལྟ་བུའི་ཚུལ་དུ་ལྟེམ་ལྟེམ་ཞུ་ནས་གནས་པའི་ཀུན་གཞི་བྱང་ཆུབ་སེམས་ཀྱི་གཟུགས་བརྙན་དེ་དག་ལ། ཡང་ལྷ་རྣམས་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་གསུམ་གྱི་བྱིན་བརླབས་འོད་ཀྱི་ཡི་གེ་འབྲུ་གསུམ་འཕྲོས་ནས་འོད་དེ་ཐིམ་འོད་དེ་རྣམས་ལ་རང་བཞིན་མེད་པའི་ཡི་གེ་ༀ་ཨཱཿཧཱུཾ་གསུམ་དུ་གྱུར་ཏེ་ཡི་གེ་དེ་གསུམ་ཡང་ཧཱུྃ་དུ་གྱུར། ཧཱུྃ་འོད་ཀྱི་ཡིག་འབྲུ་སྒྱུ་མ་ཙམ་དེའོ། །ཡི་གེ་ཧཱུྃ་དེ་ཡང་བར་ཁྱམས་ནས་བསྐོར་བ་ལན་གསུམ་བྱས་ནས་བུང་བ་མེ་ཏོག་ལ་ལྡིང་བ་ལྟ་བུ་སྟེ་གཙོ་བོའི་ཐུགས་ཀར་ཐིམ་ནས། དེ་སྐུའི་དབྱིག་ཏུ་གྱུར་པ་ཡིན་ནོ། །སྐུ་ཡི་དབྱིག་ནས་སྒལ་ཚིགས་ཀྱི་རྟ་བརྒྱུད་རྡོ་རྗེའི་ལམ་དུ་བྱུང་ཡུམ་གྱི་མཁའ་ལ་བབས་ནས་སྤྲིན་མེད་ཉི་མའི་འོད་ཟེར་ལྟར་དྲིལ་ནས་གནས་སོ། །ཧཱུཾ་དེའི་འོད་ཟེར་གྱིས་ཡབ་ཡུམ་ཡང་འོད་དུ་ཞུ་ནས་ཆོས་ཀྱི་སྐུ་ཡི་ངོ་བོ་རིག་པ་བྱང་ཆུབ་སེམས་སུ་གནས་པ་སྤྲིན་མེད་ཉི་མའི་འོད་ལྟར་གསལ་ལོ། །བཞི་པ་ནི། ལྷ་རྣམས་སོ་སོའི་སྙིང་པོའི་སྒྲ། །ཧཱུཾ་ཧ་ཧེ་ཕཊ་ཅེས་བྱུང་ནས་ནི། །བྱང་ཆུབ་སེམས་སུ་གཅིག་པར་ཐིམ། །ཞེས་པ་སྟེ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱང་སོ་སོའི་སྙིང་པོའི་སྒྲ་ཧཱུཾ་ཧ་ཧེ་ཕཊ་ཅེས་པ་བྱུང་ནས་འོད་དུ་ཞུ་བའོ། །རིགས་ལྔའི་སྔགས་ཧཱུཾ་གནས་ཀྱི་མ་བརྒྱད་ཧ་ཡུལ་གྱི་མ་བརྒྱད་ཧེ་སྒོ་མ་བཞི་ཕཊ་ཅེས་བྱུང་ནས་ནི་འོད་དུ་ཞུ་བའོ། །རིགས་ལྔའི་ཧཱུཾ་གི་སྒྲ་སྒྲོགས་ཤིང་འོད་དུ་ཐིམ་མོ། །དེས་ཀུན་འགྲེ་བ་ཡིན་ནོ། །འོད་དེ་རྣམས་ཀྱང་དབུས་ཀྱི་འོད་བྱང་ཆུབ་སེམས་སུ་གཅིག་པར་ཐིམ་སྟེ་དཀྱིལ་འཁོར་གྱི་དབུས་ན་འོད་ཀྱི་གོང་བུ་གཅིག་ཏུ་གནས་ཏེ་དེ་ནི་སྙིང་པོ་ཆོས་ཀྱི་སྐུའོ། །གཉིས་པ་དཀྱིལ་འཁོར་བསྐྱེད་པ་ལ་གཉིས་ཏེ། གཙོ་བོ་བསྐྱེད་པ་དང་། འཁོར་བསྐྱེད་པའོ། །དང་པོ་ལ་ལྔ་སྟེ་ཡབ་ཡུམ་བསྐྱེད་པ་དང་། དབང་དང་གནས་གསུམ་བྱིན་རླབས་བྱ་བ་དང་། རྗེས་ཆགས་ཀྱི་གླུ་ཡིས་ང་རྒྱལ་བཟུང་ཞིང་མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམས་འཇུག་གི་གླུས་བསྐུལ་བ་དང་། རྗེས་ཆགས་ལ་བསྙེན་སྒྲུབ་རྣམ་བཞི་ཚང་བར་བསྟན་པ་དང་། བྱང་ཆུབ་སེམས་སྤྲིན་ཡུམ་མཁའ་ནས་སྤྲོས་ཏེ་མཉེས་མཆོད་ཕུལ་ནས་བསྟིམ་པའོ། །དང་པོ་ནི། དེ་ནས་སྙིང་པོ་དྲན་ཙམ་གྱིས། །གསུང་གི་ཕྱག་རྒྱ་གཉིས་རྫོགས་ནས། །འོད་ཟེར་འཕྲོ་འདུས་སྦྱོར་བ་ཡིས། །ཐུགས་ཀྱི་ཕྱག་རྒྱ་རབ་ཏུ་འབར། །དེ་ནས་ཕྲ་མོའི་སྐུ་འཕྲོས་འདུས། །ཕྱག་རྒྱ་ཆེན་པོའི་སྐུ་གཉིས་རྫོགས། །ཞེས་གསུངས་ཏེ། དེ་ནས་སྙིང་པོ་ཡི་གེ་ཧཱུཾ་ཡིད་ལ་བྲེངས་ཀྱིས་དྲན་པ་ཙམ་གྱིས་ཡི་གེ་ཧཱུཾ་ལོག་པ་དང་མ་ལོག་པ་གཉིས་སུ་གྱུར་ཏོ། །དེ་ལྟར་གསུང་གི་ཕྱག་རྒྱ་ཧཱུཾ་སྒྲིལ་མ་གཉིས་སུ་གསལ་བ་ནི་གསུང་ཡིག་འབྲུའི་ཆོ་ག་སྟེ་ཧཱུཾ་བརྟན་པར་གསལ་བ་ནི་ཡོངས་སུ་རྫོགས་པའོ། །དེ་ནས་ཧཱུཾ་དེ་ལས་འོད་ཟེར་ཕར་འཕྲོ་བས་བདེ་བར་གཤེགས་པའི་ཐུགས་རྒྱུད་བསྐུལ་འགྲོ་བ་སེམས་ཅན་གྱི་བག་ཆགས་དང་རྟོག་སྒྲིབ་སྦྱངས་ནས་ཚུར་འདུས་པས་ཧཱུཾ་ལ་ཐིམ་པའི་སྦྱོར་བ་ཡིས་ཐུགས་ཀྱི་ཕྱག་རྒྱ་རྡོ་རྗེ་དྲིལ་བུའམ་བྷནྡྷ་གཉིས་སུ་གྱུར་པ་ནི་ཐུགས་ཕྱག་མཚན་གྱི་ཆོ་གའོ། །དེ་ལས་འོད་རབ་ཏུ་འབར་ནས་འཕྲོས་ཤིང་འདུས་པ་ལས་ཧེ་རུ་ཀའི་སྐུ་ཕྲ་མོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ་ཡུམ་དང་འཁྲིལ་ནས་བཞུགས་པ་ཞིག་ཏུ་གྱུར་པ་ནི་སྐུ་ཕྱག་རྒྱའི་ཆོ་གའོ། །དེ་ནས་ཕྲ་མོའི་སྐུ་དེ་ལས་འོད་ཟེར་འཕྲོ་འདུས་པ་ལས། ལྷ་སྐུ་ཕྱག་རྒྱ་ཆེན་པོའི་སྐུ་གཉིས་རྫོགས་པར་སྒོམ་པ་ནི་དཔལ་ཆེན་པོ་ཞལ་གཡས་དཀར་བ་གཡོན་དམར་བ་དབུས་མ་མཐིང་ཀ་རྡོ་རྗེ་འཁོར་ཡུག་ཐོང་གཤོལ་གཡས་བྷནྡྷ་པདྨ་རལ་གྲི་གཡོན་ན་འཛིན་པ་ཡུམ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་མཐིང་ཀ་གཡས་ཡབ་ལ་འཁྱུད་པ་གཡོན་ཐོད་པ་གཙོ་ལ་སྟོབ་པའོ། །གཉིས་པ་ནི། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཨ་དཪྴ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏྱ་བེ་ཤ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ས་མན་ཏ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཀྲི་ཏྱ་ནུ ཥྛ་ན་ཛྙཱ་ན་བཛྲ་སྭ་བྷ་བ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷ་བ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་ཝཀྐ་བཛྲ་སྭ་བྷ་བ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷ་བ་ཨཏྨ་ཀོ྅་ཧཾ། ཞེས་པ་སྟེ་བདག་ཡབ་ཡུམ་གྱི་མཁའ་ལས་ལྷ་མོ་བཞི་འཕྲོས་པས་འོག་མིན་ནས་རིགས་ལྔ་ཁྲག་འཐུང་སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ་མོ། །ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པའི་ཆུ་རྒྱུན་གྱིས་དབང་བསྐུར་ཏེ་དབང་རྟགས་སུ་རིགས་ལྔ་ཁྲོ་བོས་དབུ་བརྒྱན་པར་བསམ་མོ། །དེ་ལྟར་བདག་ཉིད་དལ་རྫོགས་པ་ལ་དབང་བསྐུར་བ་དང་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱིས་སྦྱངས་ནས་སེམས་ཅན་མ་ཡིན་སངས་རྒྱས་ཡིན་ཏེ་འོ་ན་སངས་རྒྱས་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ཡེ་ཤེས་དང་ལྡན་ན་བདག་ལ་ལྡན་ནམ་ཞེ་ན་ལྡན་པར་བྱིན་གྱིས་བརླབས་པ་ཡིན་ནོ། །སྔགས་དོན་ནི་ༀ་ཡེ་ཤེས་ལྔ་མ་ཧཱ་ཆེན་པོ་ཤུ་ནྱ་ཏ་སྟོང་པ་ཉིད་ཛྙཱ་ན་ཡེ་ཤེས་བཛྲ་རྡོ་རྗེ་སྭ་བྷ་ཝ་ངོ་བོ་ཉིད་ཨཏྨ་ཀོ྅་ཧཾ་བདག་ཉིད་ངའོ། །དེས་འོག་མ་རྣམས་ལ་ཡང་འགྲེའོ། །སྤྱི་བོ་ན་ཐོད་པའི་གཞལ་ཡས་ཁང་ན་བཅོམ་ལྡན་འདས་བུདྡྷ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྨུག་ནག་གཡས་འཁོར་ཡུག་གཡོན་བྷནྡྷ་བསྣམས་པ་ཡུམ་སྨུག་ནག་གཡས་རྡོ་རྗེ་གཡོན་ཐོད་པ་སྟོབ་པ་གཅིག་བསམ་མོ། །དེ་བཞིན་དུ་ཐོག་མཐའ་སྔ་མ་ལྟར་ལ་ཨ་དཪྴ་མེ་ལོང་ལྟ་བུ་སྟེ་བདག་གི་དཔྲལ་བ་ན་ཐོད་པའི་ཁང་བུའི་ནང་དུ་བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་ན་རྡོ་རྗེ་གཡོན་ན་བྷནྡྷ་བསྣམས་པ་ཡུམ་མཐིང་ནག་གཡས་རྡོ་རྗེ་གཡོན་བྷནྡྷ་སྟོབ་པར་བསམ་ལ་སྔགས་ཀྱིས་ང་རྒྱལ་བྱའོ། །པྲ་ཏྱ་བེ་ཤ་མཉམ་པ་ཉིད་དོ་རྣ་ལྟག་གཡས་སུ་ཐོད་པའི་ཁང་བུའི་ནང་དུ་བཅོམ་ལྡན་འདས་རཏྣ་ཧེ་རུ་ཀ་སེར་ནག་གཡས་ཐོང་གཤོལ་གཡོན་བྷནྡྷ་ཡུམ་ཐོད་པ་སྟོབས་པར་བསམ་མོ། །ས་མནྟ་སོ་སོར་རྟོག་པ་སྟེ་ལྟག་ཁུང་དུ་ཐོད་པའི་ཁང་བུའི་ནང་ན་བཅོམ་ལྡན་འདས་པདྨ་ཧེ་རུ་དམར་ནག་གཡས་དགྲ་སྟ་གཡོན་བྷནྡྷ་བསྣམས་པ་ཡུམ་གཡས་རྡོ་རྗེ་གཡོན་བྷནྡྷ་གཙོ་ལ་སྟོབ་པ་བསམ་ལ་སྔགས་ཀྱིས་ང་རྒྱལ་བྱ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དབང་བསྐུར་བའོ། །ཀྲི་ཏྱ་ནུས་ཋ་ན་བྱ་བ་གྲུབ་པ་སྟེ་རྣ་ལྟག་གཡོན་དུ་ཐོད་པའི་ཁང་བུའི་ནང་དུ་བཅོམ་ལྡན་འདས་ཀརྨ་ཧེ་རུ་ཀ་སྐུ་མདོག་ལྗང་ནག་གཡས་རལ་གྲི་གཡོན་བྷནྡྷ་བསྣམས་པ་ཡུམ་རྡོ་རྗེ་དང་ཐོད་པ་གཙོ་ལ་སྟོབ་པར་སྔགས་ཀྱིས་ང་རྒྱལ་བྱ་བྱ་བ་གྲུབ་པའི་ཡེ་ཤེས་སུ་དབང་བསྐུར་རོ། །དེ་རྣམས་ཡི་གེ་ཧཱུཾ་ལྔ་ལས་བསྐྱེད་དོ། །དེ་ཡན་ཆད་ཀྱིས་ཡེ་ཤེས་ལྔས་དབང་བསྐུར་བསྟན། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་ནི། ༀ་སྔགས་ཀྱི་མགོ་འདྲེན་པ་སརྦ་ཐམས་ཅད་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཀ་ཡ་སྐུ་བཛྲ་རྡོ་རྗེ་སྭ་བྷ་ཝ་ངོ་བོ་ཉིད་ཨཏྨ་ཀོ་ཧཾ་བདག་ཉིད་ངའོ། །དེ་ཡང་སྤྱི་བོ་ཀླད་པ་དུང་ཁང་ནང་དུ་ༀ་ལས་བུདྡྷ་ཧེ་རུ་ཀ་གཡས་སྔོ་གཡོན་དམར་དབུས་སྨུག་ཞལ། འཁོར་ཡུག་རྡོ་རྗེ་དུང་ཆེན་གཡས་རལ་གྲི་དགྲ་སྟ་ཐོང་གཤོལ་གཡོན་ན་བསྣམས་པ་བསྐྱེད་སྔགས་ཀྱིས་ང་རྒྱལ་བྱའོ། །དེ་བཞིན་དུ་ༀ་སརྦ་ཐམས་ཅད་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཝ ཀྐ་བཛྲ་གསུང་རྡོ་རྗེ་སྭ་བྷ་ཝ་ངོ་བོ་ཉིད་ཨཏྨ་ཀོ་ཧཾ་བདག་ཉིད་ངའོ། །མགྲིན་པར་པདྨའི་སྟེང་དུ་ཨཾ་ལས་བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་གཡས་སྔོ་གཡོན་དཀར་དབུས་དམར་ཞལ་རལ་གྲི་རྡོ་རྗེ་འཁོར་ཡུག་གཡས་དུང་དམར་དགྲ་སྟྭ་ཐོང་གཤོལ་གཡོན་ན་བསྣམས་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་སྔར་ལྟར་ལ་ཙིཏྟ་བཛྲ་ཐུགས་རྡོ་རྗེ་སྭ་བྷ་ཝ་ཨཏྨ་ཀོ་ཧཾ་ཡང་སྔར་ལྟར་རོ། །ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་ལས་བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་གཡས་དཀར་གཡོན་དམར་དབུས་མཐིང་ཞལ་རྡོ་རྗེ་འཁོར་ཡུག་དུང་ཆེན་གཡས་རལ་གྲི་དགྲ་སྟྭ་ཐོང་གཤོལ་གཡོན་ཡུམ་མཐུན་སྔགས་ཀྱིས་ང་རྒྱལ་བྱ་བ་ནི་བྱིན་གྱིས་བརླབས་པའོ། །གསུམ་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པུ་ཙ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ་ཧཾ། རྡོ་རྗེ་པདྨ་བྱིན་བརླབས་པ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། །བཾ་ལས་པདྨར་གྱུར་པའི་དབུས། །མ་ལས་ཉི་མའི་དཀྱིལ་འཁོར་སྒོམ། །ཤ་ཏ་པ་ལ་སོགས་པའི་གླུས། །བསྐུལ་བདག་ཀྱང་རབ་ཏུ་བྱ། །ཞེས་པས་བསྟན། འདིར་སྔགས་མཚན་གཉིས་ཀྱི་དོན་སྐྱོ་སྟོན་ཤག་ཡེ་ཤེས་ནི་སྔ་མས་ལྟེ་བར་རིན་པོ་ཆེའི་སྟེང་ན་རཏྣ་ཧེ་རུ་ཀ་གཡས་དམར་གཡོན་དཀར་དབུས་སེར་ཞལ་དུང་ཆེན་རྡོ་རྗེ་འཁོར་ཡུག་གཡས་རལ་གྲི་དགྲ་སྟྭ་ཐོང་གཤོལ་གཡོན་ན་འཛིན་པ་སྒོམ་ཕྱི་མས་གསང་བར་རྡོ་རྗེ་རྒྱ་གྲམ་སྟེང་ན་ཧ་ལས་ཀརྨ་ཧེ་རུ་ཀ་གཡས་དམར་གཡོན་དཀར་དབུས་ལྗང་ཞལ་དགྲ་སྟྭ་རྡོ་རྗེ་འཁོར་ཡུག་གཡས་དུང་ཆེན་རལ་གྲི་ཐོང་གཤོལ་གཡོན་ན་བསྣམས་པ་སྒོམ་པར་གསུངས་པ་ཡིན་སྐད་དོ། །དེ་ལྟར་བསམས་ཀྱང་འགལ་བ་མེད་དོ། །དངོས་ནི་བྱང་ཆུབ་སེམས་ཀྱི་སྔགས་ཡིན་ནོ། །མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབ་པ་ནི་ཡབ་ཀྱི་མཁའ་ནི་ཧཱུཾ་བཛྲ་ཞེས་པས་ཐུགས་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་ཧཱུཾ་ལས་རྡོ་རྗེ་མཐིང་ཀ་རྩེ་ལྔ་པར་སྒོམ་མོ། །ཡུམ་གྱི་མཁའ་པཾ་ལས་པད་མ་འདབ་མ་བརྒྱད་པར་གྱུར་པའི་དབུས་སུ་བདེ་བར་བཤེགས་པ་ཐམས་ཅད་བསྐྱེད་པའི་རྟགས་སུ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མ་དམར་མོ་གཅིག་བསྒོམ་མོ། །དེ་ནས་བརྡས་བསྐུལ་བ་ནི་ཡུམ་གྱིས་ས་མ་ཡ་ཧཱུཾ་ཞེས་བསྐུལ། ཡབ་ཀྱིས་ས་མ་ཡ་སྟྭཾ་ཞེས་བསྐུལ། ཡུམ་གྱིས་ཨ་ནུ་ར་ག་ཡ་མི་ཞེས་བརྗོད། ཡབ་ཀྱིས་ཨ་ནུ་ར་ག་ཡ་ཧཾ་ཞེས་བརྗོད་ནས་ཡབ་ཡུམ་བརྡའ་བསྣོལ་མས་བསྐུལ་ཏེ་ཤ་ཏ་པ་ལ་སོགས་པའི་གླུ་དྲུག་གིས་དགྱེས་པ་བསྐྱེད་པས་བྱང་ཆུབ་སེམས་ཕབ་ལ་སྔགས་གཉིས་པོས་མཆོད་པ་བྱའོ། །རྗེས་སུ་ཆགས་པའི་སྔགས་ཀྱིས་ནང་དུ་སེམས་བཟུང་། མཆོད་པ་པུ་ཙའི་སྔགས་ཀྱི་ཕྱོགསབཅུའ་བདེ་བར་གཤེགས་པ་མཆོད་པའོ། །གླུ་དྲུག་ནི་ཤ་ཏ་པ་དང་གར་ཏ་པ་གཉིས་རྩ་བའི་རིགས་པ་གཉིས་དང་བྲེང་ངེ་བ་དང་དུང་ངེ་བ་གཉིས་འབྲིང་པོ་གཉིས་དང་སང་ཀ་དེའུ་དང་ཅང་ཀ་དེའུ་ཡི་གླུ་གཉིས་ཐུང་བ་གཉིས་ཏེ་དྲུག་གོ། །དེ་རེ་རེ་ལ་ཡོན་ཏན་བཅུ་བཅུ་དང་ལྡན་ཏེ་འདུ་ཤེས་བསྐྱེད་པ་དང་། རྣམ་པར་རིག་པ་དང་། ཉན་པར་འོས་པ་དང་། མི་མཐུན་མེད་པ་དང་། ཤིན་ཏུ་ཟབ་པ་དང་། རྗེས་སུ་འབྱུང་བ་དང་། གང་གིས་མི་ཚུགས་པ་དང་། རྣ་བར་སྙན་པ་དང་། རྣམ་པར་མི་འཁྲུགས་པ་དང་། ཤིན་ཏུ་གསལ་བའོ། །བཅུ་པོ་དེ་རེ་རེ་ལ་ཡང་གླུ་དྲུག་དྲུག་པོས་ཁྱབ་པ་སྟེ་དྲུག་ཅུ་ཚན་དྲུག་གོ། །དེ་ལ་གསུང་དབྱངས་ཡན་ལག་དྲུག་ཅུ་ཞེས་བྱ་སྟེ། དེལྟ་བུའི་གླུས་ཡབ་ཡུམ་རང་རང་ཆགས་པ་བྱེད་པའི་བདེ་བ་བསྐྱེད་པར་བསྐུལ་བ་དག་ཀྱང་རབ་ཏུ་བྱའོ། །བཞི་པ་ནི། བསྙེན་པ་དང་ནི་ཉེ་བསྙེན་དང་། བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཞེས་པ་སྟེ་སྤྱིར་བསྙེན་བསྒྲུབ་ལ་གསུམ་སྟེ་ཕྱི་དང་ནང་དང་གསང་བའོ། །ཕྱི་ནི་ལམ་ལ་བསྙེན་སྒྲུབ་བཞི་སྟེ་ལྟ་བ་ཚོལ་བ་ནས་ཀུན་སྣང་ཡན་ཆད་བསྙེན་པ། ཕྱག་རྒྱ་གཅིག་པ་ཡན་ཆད་ནས་སྤྲོས་པ་ཡན་ཆད་ཉེ་བསྙེན། བར་ཆད་མེད་པ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡན་ཆད་སྒྲུབ་པ། ལྷུན་གྱིས་གྲུབ་པ་ནས་སངས་རྒྱས་ལ་སྦྱོར་བ་སྒྲུབ་པ་ཆེན་པོའོ། །ནང་གི་བཞི་ནི་དང་པོ་ཡོ་བྱད་བསགས་པ་ནས་ནུབ་དང་པོ་ཡན་ཆད་བསྙེན་པ། དེ་ནས་ཅི་ཙམ་བྱེད་པའི་བྱེད་ཚུན་ཆད་ཉེ་བསྙེན། ནུབ་བར་མ་སྒྲུབ་པ། ནུབ་ཐ་མའི་དུས་སུ་དངོས་གྲུབ་ལེན་པ་སྒྲུབ་པ་ཆེན་པོ་དེ་ནི་སྒྲུབ་པ་དུས་ཀྱི་བསྙེན་སྒྲུབ་བོ། །གསང་བ་ལ་གཉིས་ཏེ་སྒྲོལ་བ་དང་སྦྱོར་བའོ། །སྒྲོལ་བ་བཞི་ནི་དང་པོ་གཞི་ཚོལ་བ་ནས་དབང་བསྐུར་བ་བསྙེན་པ། བསྒྲལ་བ་བཞི་དང་ལྡན་པ་ཉེ་བསྙེན། ཁོག་པ་དྲལ་བ་སྒྲུབ་པ། ཉོན་མོངས་པ་རྒྱུན་བཅད་དེ་བསྒྲལ་བ་ནི་སྒྲུབ་ཆེན་ནོ། །སྦྱོར་བ་ནི་ཡུམ་ཚོལ་བ་ནས་ཆས་སུ་ཞུགས་པ་བསྙེན་པ། གཡེམ་ལ་བསྐྱེད་པ་ཉེ་བསྙེན་རོལ་བ་སྒྲུབ་པ། ཐིག་ལེ་གཅིག་ཤོར་གཉིས་གནས་ཀྱི་དུས་སྒྲུབ་པ་ཆེན་པོའོ། །དེ་ལས་འདི་སྦྱོར་བའི་ཁོངས་སུ་འགྲོ། དེ་ལ་གཉིས་ཏེ་ལྷ་བསྐྱེད་པ་དང་། དབང་བསྐུར་བ་ལས་འདིར་ལྷ་བསྐྱེད་པའི་བསྙེན་བསྒྲུབ་བཞི་ནི་ཡུམ་བསྐྱེད་ཅིང་མཁའ་གསང་བྱིན་གྱིས་བརླབ་པ་བསྙེན་པ་དང་ནི། བརྡ་བསྣོལ་མར་བསྐུལ་བ་ཉེ་བའི་བསྙེན་པ་དང་། ཕྱག་རྒྱ་བཞིས་རོལ་བ་སྟེ་ཐབས་དང་ཤེས་རབ་སྦྱོར་བ་ནི་སྒྲུབ་པ་དང་ནི། བདེ་བ་ཉམས་སུ་མྱོང་སྟེ་ལྷག་པ་བྱང་ཆུབ་སེམས་བབས་པ་ནི་སྒྲུབ་པ་ཆེན་པོའོ། །ལྔ་པ་ནི། ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ། །ཞེས་པ་སྟེ། ཡུམ་གྱི་མཁའ་པདྨ་འདབ་མ་བརྒྱད་པའི་དཀྱིལ་འཁོར་དུ་ལྷག་པ་བྱང་ཆུབ་ཀྱི་སེམས་གསལ་བ་དང་རྟོག་པ་མེད་པར་བྱས་ཏེ། དེ་ལྟ་བུའི་བྱང་ཆུབ་སེམས་བདེ་བ་ཐུགས་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་བདེ་བར་གཤེགས་པའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ལ་ཡང་སྤྲོའོ། །དེ་ཡང་ཇི་ལྟར་ན་ནམ་མཁའི་ཁམས་གང་བར་དུས་གསུམ་སངས་རྒྱས་མང་པོ་སྤྲིན་ཚོགས་འཐིབ་པ་ལྟར་མ་ལུས་པ་སྟོང་གསུམ་ཡུངས་འབྲུར་གཞུག་ཚུལ་དུ་སྤྱན་དྲངས་ལ་བདག་ཉིད་ཡབ་ཡུམ་གྱི་སྐུ་ལ་བསྟིམ། གོང་གི་སྔགས་གཉིས་པོ་འཆད་དེ། ལྷག་པ་བྱང་ཆུབ་ཀྱི་སེམས་བདེ་བའི་མཆོད་པས་དགྱེས་པར་བྱེད་དེ་དེ་ཡང་ཡབ་ཡུམ་མཉམ་པར་སྦྱོར་བ་ལས་བྱུང་ཞིང་མཆོད་པ་ཀུན་གྱི་ནང་ནས་ཟག་མེད་བདེ་བ་ཆེན་པོ་མཆོག་གི་མཆོད་པ་ཡིན་ལ་དེ་ལྟ་བུའི་སྦྱིན་པའམ་མཆོད་པས་སེམས་ཅན་རྣམས་ཀྱང་དགའ་བར་དོན་བྱས་ནས་ཡུམ་གྱི་མཁའ་གཞལ་ཡས་ཁང་གི་ནང་དུ་བསྟིམ་མོ། །གཉིས་པ་འཁོར་བསྐྱེད་པ་ལ་གཉིས་ཏེ། དཀྱིལ་འཁོར་དགོད་པ་དང་། སྔགས་ཀྱིས་ཕྱིར་བཏོན་ཏེ་ལྷ་སོ་སོར་སྒོམ་པའོ། །དང་པོ་ནི། དེ་ནས་དཀྱིལ་འཁོར་གསལ་བར་དགོད། །ཅེས་པ་སྟེ། དེ་ལྟར་བྱང་ཆུབ་སེམས་ཡུམ་གྱི་མཁར་བསྟིམ་པ་དེ་ཡིག་འབྲུར་གྱུར། དེ་ལས་ཕྱག་མཚན་དུ་གྱུར་དེ་ལས་སྐུ་ཕྲ་མོར་གྱུར་དེ་ནས་སྔགས་ཀྱིས་ཕྱིར་གཞལ་ཡས་ཁང་དུ་བཏོན་ཏེ་དཀྱིལ་འཁོར་གསལ་བར་དགོད་པའོ། །གཉིས་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱི་བསྟན། ༀ་ཡེ་ཤེས་ལྔ་སརྦ་ཐམས་ཅད་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་མ་ཧཱ་ཆེན་པོ་ཤྲི་དཔལ་ཧེ་རུ་ཀ་དགྱེས་པ་མ་ཧཱ་ཆེན་པོ་ཙཎྜ་གཏུམ་པ་སརྦ་ཐམས་ཅད་དུཥྚན་སྡང་བ་ཏ་ཀ་རྟོགས་ཧ་ན་རྒྱབ་བོ་ད་ཧ་ཆོད་པ་པ་ཙ་ཆོམ་ཧཱུཾ་ཧཱུཾ་ཧཱུཾ་སྐུ་གསུང་ཐུགས་བསྡུས་ལ་ཕཊ་སྤྲོས་ཤིག་པའོ། །དེ་ཡང་བུདྡྷ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་སྟེ་གཡས་ལྗང་གཡོན་སེར་དབུས་སྨུག་ཞལ་འཁོར་ཡུག་རྡོ་རྗེ་ཐོང་གཤོལ་གཡས་དུང་དམར་དགྲ་སྟྭ་རལ་གྲི་གཡོན་ན་བསྣམས་པ་སྔགས་འདིས་ཤར་གྱི་གདན་སྟེངས་སུ་འགོད་དོ། །ༀ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙནྜ་སརྦ་དུ ཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་གཞན་གོང་དང་འདྲ་ལ་བཛྲ་རྡོ་རྗེ་སྟེ་དབུས་སུ་བཛྲ་ཧེ་རུ་ཀ་གཡས་སྨུག་གཡོན་དམར་དབུས་སྔོ་ཞལ་རྡོ་རྗེ་འཁོར་ཡུག་ཐོང་གཤོལ་གཡས་དུང་དམར་དགྲ་སྟྭ་རལ་གྲི་གཡོན་ཡུམ་སྔོ་ནག་གཡས་རྡོ་རྗེ་གཡོན་བྷ ནྡྷ་གཙོ་ལ་སྟོབས་པའོ། །ༀ་རཏྣ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙནྜ་ས རྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་རཏྣ་རིན་པོ་ཆེ་སྟེ་ལྷོར་རཏྣ་ཧེ་རུ་ཀ་གཡས་སྨུག་གཡོན་དམར་དབུས་སེར་ཞལ་ཐོང་གཤོལ་རྡོ་རྗེ་འཁོར་ཡུག་གཡས་དུང་དམར་དགྲ་སྟྭ་རལ་གྲི་གཡོན་ན་བསྣམས་པར་བསྐྱེད་དོ། །ༀ་པདྨ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙནྚ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་ནུབ་ཏུ་པདྨ་ཧེ་རུ་ཀ་གཡས་སེར་གཡོན་ལྗང་དབུས་དམར་ཞལ་དགྲ་སྟྭ་རྡོ་རྗེ་འཁོར་ཡུག་གཡས་དུང་དམར་གཤོལ་དང་རལ་གྲི་གཡོན་ན་བསྣམས་པར་བསྐྱེད་དོ། །ༀ་ཀརྨ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙནྜ་སརྦ་དུཥྚ ན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་ཀརྨ་ནི་ལས་ཏེ་སྤྱིར་སྔགས་འདི་རྣམས་ཀྱི་ཧེ་རུ་ཀ་ཞེས་པ་ཡན་ཆད་རྩ་སྔགས་དང་དེ་མན་ཆད་ལས་སྔགས་སོ། །དེ་ཡང་བྱང་དུ་ཀརྨ་ཧེ་རུ་ཀ་གཡས་དམར་གཡོན་སྨུག་དབུས་ལྗང་ཞལ་རལ་གྲི་རྡོ་རྗེ་འཁོར་ཡུག་གཡས་དུང་དམར་གཤོལ་དང་དགྲ་སྟྭ་གཡོན་ན་བསྣམས་པར་སྒོམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་སརྦ་དུཥྚ ན་ཧཱུཾ་ཕཊ། ཅེས་པས་ཡུམ་ཁྲོ་མོ་དབང་ཕྱུག་མ་སྨུག་ནག་གཡས་འཁོར་ལོ་གཡོན་བྷནྡྷ་བསྣམས་པའོ། །ༀ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ་ཡུམ་བཛྲ་ཀྲོ་ཏི་ཤྭ་རི་མ་མཐིང་ནག་གཡས་རྡོ་རྗེ་དང་གཡོན་བྷནྡྷ་བསྣམས་པའོ། །ༀ་སུ རྱ་རཏྣ་མ་ཧཱ་ཀྲོ་ཏི་ཤྭ་རི་བི་ད་མ་ཧཱུཾ་ཕཊ་ཡུམ་རཏྣ་ཀྲོ་དྷི་ཤྭ་རི་མ་སེར་མོ་གཡས་རིན་ཆེན་གཡོན་བྷནྡྷའོ། །ༀ་ཤྲུ་ཏ་ས་མནྟ་པདྨ་བ་མུ་ཀ་མ་ཧཱ་ཀྲོ་ཏི་ཤྭ་རི་ཁ་ཧི་ཧཱུཾ་ཕཊ་ཡུམ་པདྨ་ཀྲོ་ཏི་ཤྭ་རི་མ་དམར་མོ་གཡས་པདྨ་གཡོན་བྷནྡྷ་བསྣམས་པའོ། །ༀ་སརྦ་ཨ་མོ་གྷ་ཀྲོ་ཏི་ཤྭ་རི་བི་ཤྭ་ཧཱུཾ་ཕཊ་ཡུམ་ཀརྨ་ཀྲོ་ཏི་ཤྭ་རི་ལྗང་གུ་གཡས་རྒྱ་གྲམ་གཡོན་བྷནྡྷ་བསྣམས་པའོ། །གནས་ཀྱི་མ་མོ་བརྒྱད་ཕྱིར་གདོན་པའི་སྔགས་ནི་ༀ་བཛྲ་ཀའུ་རི་ཧ། ཞེས་པས་ཤར་ལྷོའི་རྩིབས་མཆན་ལ་ཀོ་རི་མ་སྔོན་མོ་གཡས་བྱིས་པའི་དབྱུག་པ་གཡོན་བྷནྡྷ་དམར་གྱིས་བཀང་བའོ། །ༀ་བཛྲ་ཙོ་རི་ཧ་ལྷོ་ནུབ་རྩིབས་མཆན་ལ་ཙོ་རི་མ་སེར་མོ་མདའ་གཞུ་འགེངས་པའོ། །ༀ་བཛྲ་པྲ་མོ་ཧ་ནུབ་བྱང་གི་རྩིབས་མཆན་ལ་པྲ་མོ་ཧ་དམར་མོ་ཆུ་སྲིན་རྒྱལ་མཚན་འཕྱར་བའོ། །ༀ་བཛྲ་བེ་ཏ་ལི་ཧ་བྱང་ཤར་གྱི་རྩིབས་མཆན་ལ་བེ་ཏ་ལི་ནག་མོ་གཡས་རྡོ་རྗེ་འཕྱར་བ་གཡོན་བྱིས་པའི་རོ་ཟ་བའོ། །ༀ་བཛྲ་པུསྐ་སི་ཧ་ཤར་ལྷོའི་གྲུ་ཆད་ལ་པུསྐ་སི་དམར་སེར་བྱིས་པའི་རྒྱུ་མ་གཡས་ཀྱིས་འདྲེན་པའོ། །ༀ་བཛྲ་ཀ སྨ་རི་ཧ་ལྷོ་ནུབ་གྲུ་ཆད་ལ་ཀསྨ་རི་ལྗང་གུ་གཡས་རྡོ་རྗེ་གཡོན་དུང་ཆེན་དམར་གྱིས་བཀང་ནས་གསོལ་བའོ། །ༀ་བཛྲ་སྨ་ཤ་ནི་ཧ་ནུབ་བྱང་གྲུ་ཆད་ལ་སྨ་ཤ་ནི་མཐིང་ནག་བྱིས་པའི་སྙིང་ཕྱུང་ནས་ཟ་བའོ། །ༀ་བཛྲ་ཙནྡྷ་ལི་ཧ་བྱང་ཤར་གྱི་གྲུ་ཆད་ལ་ཙནྡྷ་ལི་སེར་སྐྱ་མཆོག་གི་མགོ་ལུས་ཕྲལ་བའོ། །ཡུལ་གྱི་ཕྲ་མེན་བརྒྱད་ཕྱིར་གདོན་པའི་སྔགས་ནི་བཛྲ་སེང་ཧ་མུ་ཀ་ཧེ་ཞེས་པ་བར་ཁྱམས་དང་པོའི་ཤར་དུ་སེང་ཧ་མ་སེང་གེའི་མགོ་ཅན་དཀར་མོ་ཕྱག་གཉིས་གྱེན་དུ་བསྣོལ་ཏེ་ཁ་ན་རོ་ཟ་བའོ། །བཛྲ་བྱ་གྷྲི་མུ་ཁ་ཧེ་ལྷོར་བྱ་གྲི་མ་སེར་མོ་སྟག་གི་མགོ་ཅན་ལག་གཉིས་ཐུར་དུ་བསྣོལ་ཏེ་ཞིང་ལ་འབྲུ་ཚུགས་སུ་བལྟ་བའོ། །བཛྲ་སྲི་ལ་མུ་ཀ་ཧེ་ནུབ་ཏུ་སྲི་ལ་མུ་ཀ་ནག་མོ་ཝ་ཡི་མགོ་ཅན་བྱིས་པའི་ཁོག་པ་ཁ་ཕྱེས་ནས་ལྡག་པའོ། །བཛྲ་ཤྭ་ན་མུ་ཀ་ཧེ་བྱང་ཕྱོགས་སུ་ཤྭ་ན་མ་མཐིང་ཀ་སྤྱང་ཁུའི་མགོ་ཅན་ཞིང་གི་ཁོག་པ་དྲལ་ནས་བལྟ་བའོ། །བཛྲ་གྲི་དྷ་མུ་ཀ་ཧེ་ཤར་ལྷོར་ཀྲི་ཏ་མ་དཀར་མོ་བྱ་རྒོད་ཀྱི་མགོ་ཅན་གཡས་རལ་གྲི་གཡོན་བྷནྡྷའོ། །བཛྲ་ཀངྐ་མུ་ཀ་ཧེ་ལྷོ་ནུབ་ཏུ་ཀང་ཀ་མ་སྐུ་མདོག་དམར་སྐྱ་ལ་ཞིང་ཕྲག་ལ་བཀལ་ནས་ཁུར་བ་དུར་བྱ་ཀང་ཀའི་མགོ་ཅན་ནོ། །བཛྲ་ཁ་ཁ་མུ་ཁ་ཧེ་ནུབ་བྱང་དུ་ཁ་ཁ་མ་ནག་མོ་བྱ་རོག་མགོ་ཅན་གཡས་གྲི་གཡོན་བྷནྡྷ་བསྣམས་པའོ། །བཛྲ་ཧུ་ལུ་མུ་ཀ་ཧེ་བྱང་ཤར་དུ་ཧུ་ལུ་ཀ་འུག་པའི་མགོ་ཅན་སྐུ་མདོག་སྣ་ཚོགས་གཡས་རྡོ་རྗེ་ལྕགས་ཀྱུ་གཡོན་བྷནྡྷ་དམར་གྱིས་བཀང་བའོ། །སྒོ་མ་བཞི་འདོན་པའི་སྔགས་ནི་བཛྲ་ཨརྱ་ཏེ་ཛ་ཏེ་ཛ་ཤར་གྱི་སྒོ་ནང་དུ་རྟ་གདོང་མ་དཀར་མོ་ལྕགས་ཀྱུ་འདྲེན་པའི་ཚུལ་ལོ། །བཛྲ་ཨ་མུ་ཀ་ཧཱུཾ་ལྷོར་ཕག་གདོང་མ་སེར་མོ་ཞགས་པ་ཐོགས་པའོ། །བཛྲ་ལོ་ཀ་བཾ་ནུབ་ཏུ་རྡོ་རྗེ་འཇིག་རྟེན་མ་དམར་མོ་དྲེད་ཀྱི་མགོ་ཅན་ལྕགས་སྒྲོག་གི་དམིགས་ཉི་མ་སྐང་བ་ཕྱག་ན་བསྣམས་པའོ། །བཛྲ་བ་སྨི་པ་ལ་ཡ་བ་ཏོ་ཧོ་བྱང་དུ་ཐལ་བྱེད་མ་ལྗང་ཁུ་དྲིལ་བུ་དཀྲོལ་བ་སྤྱང་གུའི་མགོ་ཅན་མའོ། །དབང་མོ་ཉི་ཤུ་རྩ་བརྒྱད་བསྐྱེད་པའི་སྔགས་ནི། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོབྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། དབང་མོ་ལས་ལས་གྲུབ་པ་ཡིན་པས་མཁའ་ནས་མི་བསྐྱེད་པར་རྩ་སྔགས་ཀྱི་བྷྱོ་ཉི་ཤུ་རྩ་བརྒྱད་བརྗོད་པས་བྱོན་པར་བསམ་མོ། །དེ་ལ་གསུམ་སྟེ་ཕྱི་སྲིན་མོའི་ཆ་ལུགས་སུ་གནས་པ་དང་། ནང་མགོ་བརྙན་གྱི་ཆ་ལུགས་སུ་དང་། གསང་བ་ཁྲོ་མོའི་ཆ་ལུགས་སུ་བསྟན་པའོ། །ཕྱི་སྲིན་མོའི་ཆ་ལུགས་ནི་སྲིན་མོ་སྨུག་ནག་རྡོ་རྗེ་ཐོད་རློན་འཆང་ཞེས་པ་ལ་སོགས་པ་སྟེ་ཧེ་རུ་ཀའི་གལ་པོ་ལས་བཤད་པའོ། །ནང་མགོ་བརྙན་གྱི་ཆ་ལུགས་ནི་མི་སྲིན་དམར་སེར་ཏྲི་ཤུལ་ཞིང་ཆེན་གཡག་ཅེས་པ་ལ་སོགས་པའོ། །གསང་བ་ཁྲོ་མོའི་ཆ་ལུགས་སུ་བཤད་པ་ནི་ཞལ་གསུམ་ཕྱག་དྲུག་ཏུ་བཤད་པ་སྟེ་ལྷ་མོ་སྒྱུ་འཕྲུལ་དྲྭ་བ་ལས་བཤད་པའོ། །འདིར་ནི་བྱོན་ཚུལ་གང་ཡང་འདྲ་སྟེ་རུ་ཏྲ་འདུལ་བའི་དུས་སྲིན་མོར་གནས་པས་ཁྲོ་བོ་འཆོལ་བའི་དུས་སུ་སྲིན་མོར་བྱ། རྣལ་འབྱོར་པས་སྒྲུབ་སྟེ་ལས་ལ་མངགས་པའི་དུས་སུ་མགོ་བརྙན་དུ་བྱས་ཏེ་མགོ་བརྙན་དུ་བྱ། གསང་བ་རང་སེམས་རྟོགས་པའི་དུས་ན་ཁྲོ་མོ་ཉི་ཤུ་རྩ་བརྒྱད་དུ་བྱའོ། །ལྔ་པ་བསྒོམས་པའི་ཆེ་བ་བསྟན་པ་ནི། ས་ལ་སོགས་ལ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པས་ཐོབ་པར་འགྱུར། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པའི། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་པ་སྟེ་ཕྱག་རྒྱ་བྱ་བའི་རྒྱུ་ནི་ས་ལ་སོགས་པ་ཞེས་པས་རབ་གསེར་དང་དངུལ་དང་ཟངས་དང་ལྕགས་ལ་བྱའོ། །འབྲིང་ནི་དར་རམ་རས་སམ་ཟ་འོག་གམ་ཤིང་ལ་བྱའོ། །ཐ་མ་ནི་རྡོ་དང་ས་དང་རྭ་ལ་བྱའོ། །དེ་ལ་ལྡེར་ཚོའམ་བྲིས་སམ་ཚ་ཚའམ་ཕྱག་རྒྱར་བྱས་ནས་རབ་ཏུ་གནས་པ་བྱས་ན་རྒྱུ་བཟང་ངན་དང་བསམ་པ་དག་མ་དག་གི་དབང་གིས་རྣམ་པར་གྲོལ་བའི་འབྲས་བུ་རིམ་པས་ཐོབ་པར་འགྱུར་བ་ཡིན་ན་ཞེས་དཔེ་བསྟན་ནས། འདིར་ལྟ་བ་རྟོགས་ནས་དེ་བཞིན་ཉིད་ཀྱི་དུས་དག་པའི་རང་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྦྱངས་པ་དང་། ཀུན་སྣང་གི་དུས་ན་སྙིང་རྗེ་སྒྱུ་མའི་ཏིང་ངེ་འཛིན་གྱིས་སྦྱངས་པ་དང་། རྒྱུས་དུས་ན་ཡི་གེའི་འཕྲོ་འདུས་སྦྱངས་པ་དང་། ཕྱག་རྒྱ་གཅིག་པའི་དུས་ན་སྒོ་གསུམ་རྡོ་རྗེ་གསུམ་དུ་སྦྱངས་པ་དང་། ཕྱག་རྒྱ་སྤྲོས་པའི་དུས་ན་རྟོག་ཚོགས་ཐམས་ཅད་ལྷའི་དལ་དུ་སྦྱངས་པ་སྟེ། དེ་ལྟར་སྦྱངས་པའི་འབྲས་བུ་ཐོབ་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ཏིང་ངེ་འཛིན་མངོན་སུམ་དུ་ཕྱུང་བ་དེ་ཉིད་འབྲས་བུ་ཡིན་པས་གཞན་ནས་བཙལ་དུ་མེད་དོ་ཞེས་དོན་བསྟན་པའོ། །གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ལ་སོགས་པ་ལ་བདུན་ཏེ། སྤྱན་དྲངས་པ་དང་། རིག་པའི་མེ་ཏོག་དོར་བ་དང་། དངོས་གྲུབ་བསྐུལ་བ་དང་། སྔགས་ཀྱིས་མཆོད་པ་འབུལ་བ་དང་། དམ་ཡེ་གཉིས་མེད་དུ་བསྟིམ་པ་དང་། ལྷ་ཡི་སྒོམ་ཚུལ་དང་། དཀྱིལ་འཁོར་གྱི་ཚད་བསྟན་པ་དང་། བསྟོད་པ་བྱ་བའོ། །དང་པོ་ནི། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་བའི་དམ་ཚིག་མཆོག །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨེ་ཧ་ཡ་ཧི་ཨ་ན་ཡ་ཛཿཧཱུཾ་བཾ་ཧོ། རཾ། ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་ངོ་བོ་གང་སྤྱན་དྲངས་ན་ཕྱོགས་བཅུ་དང་དུས་བཞི་དང་ཕྱི་ནང་གི་ཆོས་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའི་བདག་ཉིད་དུ་གཉིས་སུ་མེད་ཅིང་ཐ་མི་དད་པས་ན་བདག་ཉིད་ཆེ་བའམ་ཆེན་པོའོ། །ཡུལ་གང་ལས་སྤྱན་དྲངས་ན་ཅིའི་ངོ་བོར་ཡང་མི་དམིགས་པའི་ཐུགས་རང་བྱུང་གི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རོ། །ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའི་དཀྱིལ་འཁོར་དེ་བདེ་བར་གཤེགས་པ་ཐམས་ཅད་བཞུགས་པའི་གནས་དང་གཟིགས་པའི་གནས་ཡིན་པས་དེ་ནས་སྤྱན་དྲངས་པའོ། །གང་སྤྱན་དྲང་ན་དེ་ལྟར་རྟོགས་པའི་རིག་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་ཕྱོགས་བཅུ་དུས་བཞིའི་བདག་ཉིད་ཆེན་པོ་དཔལ་ཁྲག་འཐུང་གི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་སྤྱན་དྲང་ངོ་། །གང་དུ་སྤྱན་དྲང་ན་སེམས་ཅན་གྱི་རིག་པ་རང་སྣང་བ་དང་དེ་བཞིན་གཤེགས་པའི་ཐུགས་ཡང་དག་པའི་ཡེ་ཤེས་དབྱེར་མེད་པའི་རིག་པ་རང་སྣང་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པའི་གནས་འདིར་སྤྱན་དྲང་བ་ཡིན་ནོ། །དུས་ཇི་ཙམ་ན་ཚུལ་ལམ་ཐབས་ཇི་ལྟར་སྤྱན་དྲང་ན་ལྟ་བ་རྟོགས་པའི་དོན་ལ་རྣལ་འབྱོར་བའི་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལས་བུདྡྷའི་མཚན་ཉིད་དང་རྣལ་འབྱོར་པའི་མཚན་ཉིད་མཉམ་པར་སྦྱོར་བ་ནི་ཤེས་རབ་དང་ཏིང་ངེ་འཛིན་སྦྱར་ནས་བསྐལ་བའི་སྒྲིབ་པ་སྦྱོང་བ་དང་ཚོགས་གསོག་པའི་རྟེན་དུ་དུས་ད་ལྟ་ཁོ་ནར་སྤྱན་དྲངས་པའོ། །ཕྱི་པ་ལྟར་ལྷ་ཡེ་ཤེས་སེམས་དཔའ་དང་བདག་དམ་ཚིག་སེམས་དཔའ་གཉིས་སྤུན་དང་གྲོགས་པོ་ལྟར་ལྟ་བ་མ་ཡིན་ཏེ་ཕྱོགས་བཅུ་དུས་བཞི་ཀུན་ནས་འགྲོ་དོན་དུ་གཤེགས་པ་ཡི་དེ་བཞིན་གཤེགས་པ་རྣམས་རང་རིག་པ་རང་སྣང་བས་བདག་དང་ལྷ་གཉིས་སུ་མེད་པས་སྤྱན་དྲང་བར་བྱའོ། །བདག་གིས་རྒྱལ་བའི་དཀྱིལ་འཁོར་ལ་ཚེ་སྔ་མ་བ སྙེན་པའི་རིམ་པ་རྫོགས་པར་ཕུལ་བ་དང་། ད་ལྟ་བདག་དང་དཀྱིལ་འཁོར་གྱི་ལྷ་ཉེ་བར་གྱུར་པ་དང་བསྙེན་པ་རབ་ཏུ་རྫོགས་པར་བྱ་བའི་ཕྱིར་ཏེ་ད་ལྟ་བདག་དང་ཉེ་བར་གྱུར་པ་ནི་བདེ་བར་གཤེགས་པ་ཡང་འགྲོ་དོན་མཛད་པར་ཐུགས་དམ་དུ་ཞལ་གྱིས་བཞེས་པ་ལས་མི་འདའ་བའི་དམ་ཚིག་མཆོག་གི་དབང་གིས་བྱོན་པ་ཡིན་ནོ། །ༀ་ཡེ་ཤེས་ལྔ་སྟེ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་གྱི་སྙིང་པོ་རུ་ལུ་གནས་ཀྱི་མ་བརྒྱད་རུ་ལུ་འོག་མ་ཡུལ་གྱི་ཕྲ་མེན་བརྒྱད་ཧཱུཾ་སྒོ་མ་བཞི་བྷྱོ་དབང་མོ་ཉི་ཤུ་རྩ་བརྒྱད་ཧཱུྃ་བསྡུ་བའོ། །དེ་བས་ན་དཔལ་ཆེན་པོ་འཁོར་དང་བཅས་པའི་སྙིང་པོའོ། །ཨེ་ཧྱ་ཡ་ཧི་ཀྱེ་ཀྱེ་ཞེས་བོས་པའོ་ཨ་ན་ཡ་ནི་ཚུར་གཤེགས་ཞེས་སྤྱན་དྲང་ངོ་། །ཛཿཧཱུཾ་བཾ་ཧོ་ནི་བདག་གི་ཏིང་ངེ་འཛིན་གྱིས་ལྷའི་ཐུགས་ཀ་ནས་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུས་སྤྱན་དྲང་ངོ་། །དེ་ཡང་རཾ་ཞེས་པས་མདུན་གྱི་ནམ་མཁའ་ལ་སྤྲིན་ཕུང་བཞིན་དུ་མེ་རི་འདབ་འབྱོར་ཙམ་དུ་སྤྱན་དྲང་བའོ། །གཉིས་པ་ནི། ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུཾ། ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཕཊ། ཞེས་པ་སྟེ་བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་གཉིས་ཀ་སྐུ་དང་ཡེ་ཤེས་ཙམ་དུ་གསལ་ལ་རྟོག་པ་ནི་རིག་པའི་མེ་ཏོག་དོར་བའོ། །དེ་ཡང་བདག་ཡེ་ནས་སངས་རྒྱས་ཡིན་པ་ལ་མ་རིག་པས་སྒྲིབས་པས་མ་ཤེས་ཏེ་དེའི་དོན་ད་ལྟ་ཁོ་ན་རིག་པས་བདག་ལ་སྤྱན་འདྲེན་ནོ་སྙམ་པ་ཁོ་ན་ལ་རིག་པའི་མེ་ཏོག་དོར་བ་ཞེས་གདགས་སོ། །གསུམ་པ་ནི། ༀ་ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་བརླབས་རྨད་པོ་ཆེ། །ད་ལྟ་ཉིད་དུ་བདག་ལ་གསོལ། །ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཕཊ། ༀ་བཛྲ་ས་མ་ཡ་ཧཱུཾ། ཞེས་པ་སྟེ་ༀ་ནི་ཡེ་ཤེས་ལྔའི་རང་བཞིན་ཐུགས་རྒྱུད་བསྐུལ་བའོ། །རུ་ཏྲ་དྲེགས་པ་ཅན་ལས་དང་ཉོན་མོངས་པས་ཁྲོ་བ་དེ་ལ་དཔལ་ཆེན་པོས་ཁྲོས་པའི་སྐུར་བསྟན་པས་ཁོའི་ཞེ་སྡང་གི་དབང་གིས་ཁྲོ་བ་དེ་བཏུལ་ནས་རུ་ཏྲ་དེའི་གཟུང་འཛིན་གྱི་སྤྲོས་པ་ཞི་བར་མཛད་པའོ། །དེ་ལྟར་ཁྲོ་བོའི་སྐུར་སྟོན་པ་དེ་ཡང་ཞེ་སྡང་གི་དབང་གིས་ཁྲོས་པ་ལྟ་བུ་མ་ཡིན་ཏེ་སེམས་ཅན་ཞེ་སྡང་གི་དབང་དུ་གྱུར་པ་ལ་ཐབས་གཞན་གྱིས་ཐུལ་བར་མི་འ གྱུར་བས་ཐུགས་རྗེའི་དབང་གིས་ཁྲོ་བོའི་སྐུ་དཔལ་ཆེན་པོ་རྔམ་པའི་ཚོགས་སུ་བསྟན་པ་ཡིན་ནོ། །ཡང་ན་ཁོའི་མགོན་དུ་གྱུར་པས་ན་ཐུགས་རྗེ་བསྒྲལ་བྱ་དེ་དག་བླ་ན་མེད་པའི་ས་ལ་བཀོད་པས་དཔལ་དང་གྲགས་དང་ཕུན་སུམ་ཚོགས་པའོ། །རྟོགས་པ་དང་ཐུགས་རྗེའི་རྟགས་སུ་མེ་འབར་བའི་ཀློང་ན་བཞུགས་པ་དེ་ལྟ་བུའི་བྱིན་རླབས་ནི་འཇིག་རྟེན་གསུམ་ན་མེད་པས་རྨད་པོ་ཆེའོ། །དེ་ལྟ་བུའི་སྐུ་གསུང་ཐུགས་ཤིན་ཏུ་རྔམས་པའི་ང་རོ་དང་བཅས་པའི་དཔལ་ཆེན་པོ་འཁོར་གྱི་ཚོགས་དང་བཅས་པས་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བྱིན་རླབས་རྨད་དུ་བྱུང་བ་དེ་དུས་ད་ལྟ་ཉིད་དུ་བདག་གི་ཏིང་ངེ་འཛིན་གྱི་དལ་ལ་གསོལ་ཅིག་ཅེས་ལྷ་རྣམས་ལ་བསྐུལ་ལོ། །ༀ་བཛྲ་ཀྲོ་ཏ་ཡེ་ཤེས་ཁྲོ་བོས་ས་མ་ཡ་སྟྭཾ་དམ་ཚིག་གསལ་བའི་དུས་ལ་བབ་ཅེས་དང་ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཕཊ་ཡེ་ཤེས་ཁྲོ་བའི་དམ་ཚིག་གིས་བགེགས་བརླག་པར་མཛོད་ཅིག །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ་ཡེ་ཤེས་ཁྲོ་བོའི་དམ་ཚིག་གིས་དངོས་གྲུབ་སྩོལ་ཅིག་ཞེས་པའོ། །བཞི་པ་ནི། ཨ་ལི་ཨུ་ལི་ཏ་ལི་ཏ་པ་ལི་དཾ་ཥྚཾ་གྷོ་ཎ་རོའུ་ཏྲི་ཁ་རཾ་ཡོ་གི་ནི་ཁ་ཧི་ཧོ། ཞེས་པ་སྟེ་ཨ་ལི་བཟའ་བ་དང་བཅའ་བ་ཨུ་ལི་བཏུང་བ་ཏ་ལི་སྤྱན་གཟིགས་ཏ་པ་ལི་མུར་བ་དཾཥྚཾ་མཆེ་བ་ཅན་གྷོ་ན་ཡོན་ཏན་རོའུ་དབང་མོ་ཏྲི་རག་མོ་ཁ་རཾ་གསོལ་ཡོ་གི་ནི་རྣལ་འབྱོར་མ་ཁ་ཧི་གསོལ་ཧོ་དགྱེས་པ་སྟེ། དོན་དུ་བཟའ་བ་དང་བཅའ་བ་དང་བཏུང་བ་དང་མུར་བའི་རྣམ་པ་ཉིད་འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་བརླབས་ཏེ་ཞལ་འབར་བའི་ཚོགས་དང་ཡོན་ཏན་དྲག་མོ་རྣམས་གསོལ་ཅིག་ཞེས་འབུལ་བའི་རིམ་པའོ། །ལྔ་པ་ནི། ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་པ་སྟེ། ཧཱུཾ་རིགས་ལྔ་ཧ་མ་མོ་ཧེ་ཕྲ་མེན་ཕཊ་སྒོ་མ་བྷྱོ་དབང་མོ་རཾ་ཞེས་པས་མེ་རི་འདབ་འབྱོར་དུ་བཞུགས་ཡོད་པ་དེ་དབྱེར་མེད་དུ་བསྟིམ་ནས་དམ་ཡེ་གཉིས་མེད་དུ་སྒོམ་པའོ། །དྲུག་པ་ནི། སྨུག་ནག་སྔོ་ནག་སེར་ནག་དང་། །དམར་ནག་ལྗང་ནག་འཇིགས་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བསྒྲད། །ཀོ་རློན་གོས་ནི་སྣ་ཚོགས་གྱོན། །རྔམ་པའི་སྒྲ་ཆེན་འཇིགས་བར་སྒྲོགས། །སྦྲུལ་དང་ཐོད་ཕྲེང་ཉི་ཟླ་བཅས། །སྟོང་གི་འཇིག་རྟེན་འཁོར་ཡུག་བཅས། །རྡོ་རྗེ་དུང་ཆེན་གང་བ་དང་། །རལ་གྲི་དགྲ་སྟྭ་གཤོལ་ལ་སོགས། །རང་གི་ལག་ཆ་སྣ་ཚོགས་བསྣམས། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །སྒོ་བཞིའི་ཕྱག་རྒྱ་རབ་མཛེས་ཤིང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །རང་གི་གདན་དང་ལག་ཆ་དང་། །ཅི་བགྱི་ཞེས་ནི་ཆས་ཏེ་གནས། །དེ་ལྟར་དཀྱིལ་འཁོར་གསལ་བཀོད་ནས། །མཐའ་དབུས་མེད་པར་ཁྱབ་པ་ཡི། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འབར་བའི་དཀྱིལ་འཁོར་གསལ་བར་སྣང་། །ཞེས་པའི་བར་གྱིས་བསྟན་ཏེ་སྤྱིར་སྐུ་མདོག་ལ་གསུམ་སྟེ་རང་བཞིན་གྱི་སྐུ་མདོག་དང་། འཕྲིན་ལས་དང་རིགས་སོ། །དེ་ལ་རང་བཞིན་ནི་སྣུམ་པ་དང་འདྲིལ་བའོ། །རིགས་ཀྱི་མདོག་ནི་སྨུག་པ་དང་སྔོ་བ་དང་སེར་བ་དང་དམར་བ་དང་ལྗང་ཁུའོ། །འཕྲིན་ལས་ནི་ལས་ཐམས་ཅད་ཞི་དྲག་བཞི་པོར་བྱེད་པས་ན་ནག་ཞེས་འབྱུང་ངོ་། །དེ་ལ་བུདྡྷ་ཧེ་རུ་ཀ་སྨུག་ནག་སྟེ་ཞི་བའི་འཕྲིན་ལས་རྫོགས་ཤིང་མཐར་ཕྱིན་པར་མཛད་པའོ། །བཛྲ་ཧེ་རུ་ཀ་སྔོ་ནག་གམ་མཐིང་ནག་སྟེ་ཆོས་ཀྱི་དབྱིངས་མི་འགྱུར་བས་ནག་གོ། །རཏྣ་ཧེ་རུ་ཀ་སེར་ནག་སྟེ་རྒྱས་པའི་ལས་མཛད་པ་དང་། པདྨ་ཧེ་རུ་ཀ་དམར་ནག་སྟེ་དབང་གི་ལས་མཛད་དོ། །ཀརྨ་ཧེ་རུ་ཀ་ལྗང་ནག་སྟེ་དྲག་པོའི་ལས་མཛད་པའོ། །དེ་དག་ཐམས་ཅད་ཤིན་ཏུ་ཁྲོས་པ་འཇིགས་གཟུགས་རྔམ་པའི་སྐུ་ཡི་རྣམ་པ་ཅན་ནོ། །དབུ་གསུམ་གྱི་གཡས་ཐམས་ཅད་ཆོས་སྐུ་མཚོན་གཡོན་ཐམས་ཅད་སྤྲུལ་སྐུ་མཚོན་དབུས་ཐམས་ཅད་ལངས་སྐུ་མཚོན་ཏེ་ཁ་དོག་ནི་དབུས་མ་ཐམས་ཅད་རང་རང་གི་སྐུ་དང་མཐུན་ནོ། །གཡས་གཡོན་གཉིས་ནི་གནས་འཕྲོག་བརྩི་སྟེ་བུདྡྷའི་ཞལ་གཡས་ཀརྨའི་གཡོན་རཏྣའི་འཕྲོག་དེས་ཀུན་འགྲེའོ། །ཕྱག་དྲུག་ནི་ཡེ་ཤེས་དྲུག་གམ་ཕ་རོལ་ཏུ་ཕྱིན་པ་དྲུག་མཚོན་ནོ། །ཞབས་བཞིར་བསྒྲད་པ་ནི་ཚད་མེད་བཞིའམ་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །བགོ་བའི་གོས་གསུམ་ནི་ཁྱད་པར་ཐུགས་རྗེའི་གོས་གླང་པོ་ཆེའི་ཀོ་རློན་དང་། ཕྱི་ནང་གསང་བ་གསུམ་དུ་སྡུད་པའི་གོས་ཞིང་གི་གཡང་གཞི་དང་། མཛད་པ་འཕྲིན་ལས་ཀྱི་གོས་ནི་སྟག་གི་ཤམ་ཐབས་སོ། །གཞན་ཡང་དབང་གི་བསེ་ཁྲབ་སོགས་གོས་སྣ་ཚོགས་གྱོན་པ་དང་། གསུང་ཤིན་ཏུ་རྔམ་པས་འབྱུང་པོ་ཐམས་ཅད་ཞེ་གཅོད་པའོ། །དེ་ཡང་ཨ་ལ་དང་ཧ་ལ་དང་ཕཊ་ཕཊ་དང་བྷྱོ་བྷྱོ་ཞེས་རྔམ་པའི་སྒྲ་སྐད་ཆེན་པོ་འཇིགས་པར་སྒྲོགས་པའོ། །གདབ་པའི་ཚོམ་བུ་གསུམ་ནི་དོན་དམ་བཅུད་ཀྱི་ཐིག་ལེ་ཞལ་འགྲམ་དུ་ཞག་གི་ཟོ་རིས་དང་འདུལ་བྱེད་འཕྲིན་ལས་ཀྱི་རྒྱན་དཔྲལ་པར་ཐལ་ཆེན་ཐིག་ལེ་དང་དམ་སྲི་བྲན་དུ་འཁོལ་བ་སྣ་རྩེ་ལ་རཀྟའི་ཐིག་ལེའོ། །གདགས་པའི་རྒྱན་གསུམ་ནི་དུག་ལྔ་མ་སྤངས་གནས་སུ་དག་པས་སྤྲུལ་རིགས་བཞིས་དབུ་དང་དཔུང་པ་དང་ཕྱག་དང་ཞབས་དང་སྐུ་རགས་བྱས་པའོ། །སྐུ་གསུམ་མཚོན་པའི་རྟགས་སུ་ཐོད་རློན་གྱི་འཕྲེང་བ་དང་ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་པ་ར་རིས་སེ་རལ་ཁར་བྱས་པའོ། །ཐབས་དང་ཤེས་རབ་མཚོན་པའི་རྟགས་སུ་དབུ་ལ་ཉི་མ་དང་ཟླ་བའི་རྒྱན་དང་བཅས་པའོ། །ཕྱིར་ཁྲོ་བོ་གདུལ་བྱ་དང་མཐུན་པར་དོན་མཛད་པས་ཕྱག་མཚན་ཡང་མ་ངེས་པར་བསྣམས་པ་སྟེ་གང་ཟག་ལམ་པ་རྣམས་སྒོམ་བདེ་བའི་ཕྱིར་ན་རྩ་རྒྱུད་དུ་གནས་འཕྲོག་རྩི་བ་དང་བཤད་རྒྱུད་ཀྱིས་ཁ་བསྐང་བ་གཉིས་སོ། །རྩ་རྒྱུད་དུ་གནས་འཕྲོ་རྩི་ན་རང་རྟགས་ཀྱི་ཕྱག་མཚན་དང་པོར་སྟོན་ཏེ་གཞན་གནས་འཕྲོག་གོ། །བཤད་རྒྱུད་ཀྱི་ཁ་བསྐང་བ་ནི་སྒྱུ་འཕྲུལ་རྡོ་རྗེ་དང་བླ་མ་དང་ལྷ་མོ་སྒྱུ་འཕྲུལ་ནས་རྒྱས་པར་བཤད་དོ། །དེ་ལ་དགོངས་པའི་དབང་དུ་བྱས་ན་ཆོས་ཉིད་རང་རྟགས་ཀྱི་ཕྱག་མཚན་དོན་སྐྱེ་མེད་སྟོན་པར་དགོངས་པ་དང་། རྒྱལ་བྱེད་དཔའ་རྟགས་ཀྱི་ཕྱག་མཚན་རུ་ཏྲ་གདུག་པ་ཆོམ་པར་དགོངས་པ་དང་། འདུལ་ཐབས་མཚན་མའི་ཕྱག་མཚན་གང་ལ་གང་མོས་སུ་བསྣམས་པའོ། །དེ་ལས་འདིར་རྩ་རྒྱུད་ནས་བསྡུས་པས་གནས་འཕྲོག་རྩིའོ། །དེ་ལ་སྟོང་གི་འཇིག་རྟེན་འཁོར་ཡུག་བཅས་པ་ནི་བུདྡྷ་ཧེ་རུ་ཀའི་འོ། །རྡོ་རྗེ་བཛྲ་ཧེ་རུ་ཀའི་དང་དུང་ཆེན་གང་བ་ཡབ་ཀྱི་གཡོན་ཐམས་ཅད་དང་ཡུམ་གྱིའོ། །རལ་གྲི་ཀརྨ་ཧེ་རུ་ཀའི་དགྲ་སྟྭ་པདྨའི་ཐོང་གཤོལ་རཏྣའི་ལ་སོགས་ཞེས་པ་ནི་གནས་ཡུལ་གྱི་ཕྱག་མཚན་ཏེ་རིགས་ལྔ་དང་གནས་ཡུལ་གྱི་མ་མོ་རྣམས་ཀྱིས་རང་རང་གི་ལག་ཆ་སྣ་ཚོགས་པ་བསྣམས་པའོ། །ཡུམ་རྣམས་ལ་སྤྱད་པར་བྱ་བའི་དོན་གྱིས་ན་བཙུན་མོའི་ཞེས་གསུང་ལ་ཁྲོ་མོའི་གཟུགས་སུ་སྣང་བས་ན་འཇིགས་པའི་ཚོགས་ཏེ་སྐུ་མདོག་ནི་སོ་སོའི་གཙོ་བོ་དང་མཐུན་གཡས་ཡབ་ལ་འཁྱུད་ཅིང་གཡོན་བྷནྡྷ་བསྣམས་ནས་ཡབ་ཡུམ་གཉིས་མེད་དུ་འཁྲིལ་བའོ། །གནས་ནི་རྣམ་པར་ཤེས་པར་ཚོགས་བརྒྱད་དེ་དེའི་རང་བཞིན་ཡེ་ནས་ཁྲོ་མོ་བརྒྱད་ཡིན་ལ་དེ་ལྟར་རྟོགས་ནས་སྒོམས་པའི་དུས་ན་ཡང་ཁྲོ་མོ་བརྒྱད་དུ་སྣང་བ་དང་། ཡུལ་གྱི་ཕྱག་རྒྱ་ཕྲ་མེན་བརྒྱད་ནི་བལྟ་བར་བྱ་བའི་ཡུལ་གཟུགས་སྒྲ་ལ་སོགས་པ་བརྒྱད་དོ། །དེའི་རང་བཞིན་ཕྲ་མེན་མ་བརྒྱད་དེ་ཡེ་ནས་གནས་པ་མངོན་དུ་བྱས་པ་དང་སྒོམ་པའི་དུས་ན་ཡང་དེ་ལྟར་དུ་སྣང་བའོ། །ཡན་ལག་བཞི་ནི་སྒོ་མ་བཞིའི་སྐུའམ་ཕྱག་རྒྱ་རུ་རབ་ཏུ་མཛེས་ཤིང་གསལ་བ་སྟེ་ལུས་ཀྱི་དབང་པོ་བཞི་ལ་གནས་པ་དང་དེའི་རང་བཞིན་སྒོ་མ་བཞི་ཡིན་པ་དང་ཡེ་ནས་གནས་པ་དེ་མངོན་དུ་བྱས་ཏེ་སྒོམ་པ་དེ་ལྟར་སྣང་ངོ་། །སླས་ནི་དབང་མོ་ཉེར་བརྒྱད་ཆུང་མར་བྱས་ནས་བར་ཁྱམས་ལ་བཀོད་པ་དང་དཔལ་ཆེན་པོས་རུ་ཏྲ་བསྒྲལ་བའི་དུས་ན་སྲིན་མོ་རྣམས་དང་རོལ་བ་མཛད་པས་བྱི་མོའམ་བྲན་མོ་ནི་བྲན་དུ་ཁས་བླངས་ནས་ལྷག་མ་བྱིན་པར་བྱས་པའོ། །དེའི་ཚོགས་ནི་གང་ཞེ་ན་བཅུ་གཉིས་དང་ནི་བརྒྱད་སྡོམ་པས་ཉི་ཤུ་རྩ་བརྒྱད་དེ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱིས་དཀྱིལ་འཁོར་མཛེས་པར་བྱས་ཤིང་བར་ཁྱམས་ཕྱི་མ་ལ་རང་རང་གི་གནས་ན་མཛེས་པར་གནས་ཤིང་འཁོད་དོ། །དེ་རྣམས་ནི་རང་རང་གི་གདན་ཞིང་རྐྱང་རེ་དང་བཅས་ནས་འཕྲིན་ལས་ཀྱི་ལས་མཛད་པའི་ལག་ཆ་དང་བཅས་འཕྲིན་ལས་ཇི་ལྟར་འདོད་པ་བཞིན་བདག་ཅག་གིས་སྒྲུབ་ན་ཅི་བགྱི་ཞེས་ཟེར་ནས་ནི་ཆས་ཏེ་བར་ཁྱམས་ཕྱི་མ་ལ་རང་རང་གི་གདན་བཏིང་བའི་སྟེང་དུ་བཞུགས་པའི་ཕྱིར་ན་གནས་ཞེས་བྱའོ། །གོང་དུ་བསྟན་པ་དེ་ལྟར་ལྷའི་དཀྱིལ་འཁོར་རྣམས་གསལ་བར་བཀོད་ནས་སྐུ་མདོག་དང་ཕྱག་མཚན་རྒྱན་དང་ཆ་ལུགས་གསལ་བར་སྒོམ་མོ། །ཆོས་ཀྱི་དབྱིངས་ནི་མཐའ་དབུས་མེད་པར་ནམ་མཁས་གར་ཁྱབ་སར་ཁྱབ་ལ་ནམ་མཁའ་ནི་མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས་སོ། །དེ་ལྟར་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པ་ཡི་འཇིག་རྟེན་དྲུག་ནི་རིགས་དྲུག་གི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ན་དཀྱིལ་འཁོར་གསལ་བར་སྣང་བ་ནི་དཀྱིལ་འཁོར་བསྟན་པའོ། །དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྟགས་མེ་དཔུང་འབར་བའི་ཀློང་ན་ཁྲོ་བོའི་དཀྱིལ་འཁོར་གསལ་བར་སྣང་བའོ། །འདི་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ལས། དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱ་བ། །བྱང་ཆུབ་སེམས་ལས་མ་ཡེངས་ན། །དཀྱིལ་འཁོར་སྙིང་པོ་ལྷུན་གྲུབ་པས། །ཐམས་ཅད་དུས་གཅིག་སྒོམ་པར་འགྱུར། །ཞེས་སོ། །བདུན་པ་བསྟོད་པ་ལ་བདུན་ལས་དང་པོ་སྐུ་ལ་བསྟོད་པ་ནི། ཧཱུཾ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོ། །ཞེས་པ་སྟེ་ཧཱུཾ་ནི་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཕྱིར་མགོ་འདྲེན་པའོ། །གཏུམ་པ་ནི་གཟི་བརྗིད་ཆེན་པོའི་སྐུ་གཏུམ་པ་དང་། འཇིགས་བྱེད་ཆེན་པོའི་གསུང་གཏུམ་པ་དང་། སྟོབས་པོ་ཆེའི་ཐུགས་གཏུམ་པ་དང་། སྒྲོལ་བྱེད་ཆེན་པོའི་ཕྱག་གཏུམ་པ་དང་། ཟ་བྱེད་ཆེན་པོའི་མཆེ་བ་གཏུམ་པ་སྟེ་དེ་ཡང་དུས་མཐའི་བསྐལ་བ་འཇིག་པའི་དུས་ཀྱི་མེ་ལྟར་འབར་བའི་ཀློང་ན་བཞུགས་པའོ། །ཐབས་མཁས་པའི་འོད་ཟེར་བ་སྤུའི་བུ་ག་རེ་རེ་ནས་དུ་མ་འབྱུང་བའོ། །གདུག་པ་སེལ་བའི་འོད་ཟེར་གསལ་བས་སེམས་ཅན་གྱི་གཏི་མུག་གི་མུན་པ་སེལ་བ་དང་ཐུགས་རྗེ་ཆེན་པོའི་འོད་ཟེར་ཐམས་ཅད་དུ་ཁྱབ་པར་མཛད་པའོ། །དེ་ནི་དཔེར་ན་ཉི་མ་འབུམ་དུས་གཅིག་ལ་ནམ་མཁའ་ལ་ཤར་བའི་གཟི་བརྗིད་ལྟ་བུའོ། །དབང་དུ་བསྡུས་པའི་ཁྲོ་གཉེར་ནི་བསྡུས་པ་དང་། ཐབས་ལ་མཁས་པའི་ཁྲོ་གཉེར་ནི་གཡོ་བ་དང་། ཟིལ་གྱིས་གནོན་པའི་ཁྲོ་གཉེར་ནི་འགྲེང་བའོ། །དེ་དག་ཀྱང་དཔེར་ན་གློག་སྟོང་དུས་གཅིག་ལ་ནམ་མཁའ་ལ་འགྱུ་བ་བཞིན་ནོ། །མཆེ་བ་ཟང་ཡག་ཏུ་གཙིགས་པ་ལས་གདུག་པ་འདུལ་བའི་མཆེ་བ་ནི་དཀར་ལ་རྩ་དམར་བའི་མདངས་ཆགས་པ་དང་། ཟ་བྱེད་ཆེན་པོའི་མཆེ་བ་ནི་གཙིགས་པ་དང་། སྐྱེ་ཤི་རྩད་ནས་གཅོད་པའི་མཆེ་བ་ནི་རྣོ་ལ་དཀར་བའོ། །དེ་ལྟ་བུའི་ཆེ་བའི་ཡོན་ཏན་ལ་དགྱེས་པས་ཧོ་ཞེས་པའོ། །གཉིས་པ་གསུང་ལ་བསྟོད་པ་ནི། ཧཱུཾ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །སྟུག་ཆོམ་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱང་ཅན། །ཤུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོ། །ཞེས་པ་སྟེ་ཧཱུཾ་ལ་གསུང་ལྔ་ལྷུན་གྱིས་གྲུབ་པའི་ཕྱིར་ཧཱུཾ་གིས་མགོ་དྲངས་པའོ། །དཔལ་ཁྲག་འཐུང་གི་གསུང་རྔམ་པའི་ང་རོ་ནི་དཔེར་ན་ནམ་མཁའ་ལ་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟ་བུའོ། །དེ་ཡང་ཞལ་གསུམ་ནས་གཡས་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་གིས་སེམས་ཅན་བདེ་བ་ལ་འགོད་པ་དང་། གཡོན་ལོངས་སྐུའི་གསུང་བྲག་ཆ་ལྟ་བུའི་ཟིལ་གྱིས་གནོན་པ་དང་། དབུས་སྤྲུལ་སྐུའི་གསུང་གང་ལ་གང་འདུལ་དུ་མཛད་པའི་ཚུལ་ཡིན་ནོ། །ལྷ་གཤེགས་པའི་སྟུག་ཆོམ་ནི་ལྡིར་བ་དང་། སྤྲུལ་པ་འགྱེད་པའི་སྟུག་ཆོམ་ནི་རིགས་པ་དང་། འཕྲིན་ལས་མཛད་པའི་སྟུག་ཆོམ་ནི་དྲག་པོའོ། །དེ་དག་ནི་དཔེར་ན་རི་རབ་འབུམ་དུས་གཅིག་ལ་བསྙིལ་པའི་སྒྲ་སྐད་དང་འདྲ་བའོ། །རྔམ་པའི་གད་མོ་ཨ་ལ་ལའོ། །གཏུམ་པའི་གད་མོ་ཧ་ལའོ། །དགྱེས་པའི་གད་མོ་ཧ་ཧ་ཞེས་པའི་གད་རྒྱང་ཆེ་བའམ་ཆེན་པོ་སྒྲོགས་པའོ། །འཁོར་སྡུད་པའི་བཤུགས་པ་ནི་སྙན་པ་དང་གདུག་པ་འདུལ་བའི་བཤུགས་པ་ནི་དྲག་པ་དང་བྱིན་འབེབས་པའི་བཤུགས་པ་མཚེར་ལ་རིང་བ་སྟེ་བཤུགས་པའི་སྒྲ་དེ་དག་ལ་འཐོར་རླུང་ངམ་རླུང་ནག་འབྱུང་བས་འཇིག་རྟེན་གྱི་ཁམས་རྣམས་ཀུན་ཏུ་གཡེང་བར་བྱེད་པས་ཆེ་ཧོ་ཞེས་སོ། །གསུམ་པ་ཐུགས་ལ་བསྟོད་པ་ནི། ཧཱུཾ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་རྫོགས། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། །ཧཱུཾ་ནི་ཐུགས་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའོ། །ཁྲོ་བོ་ནི་ཤེས་རབ་ཆེན་པོ་སྟོང་པ་ཉིད་ཀྱི་ཁྲོ་བོ་སྟེ་ལྟ་བ་ངན་པ་འཇོམས་པའོ། །དེ་ཡང་མཉམ་པ་ཉིད་ཀྱི་ཤེས་རབ་ཀྱི་དོན་རྟོགས་པ་ཐམས་ལ་མཁས་པའི་ཤེས་རབ་ཀྱིས་སྤྲུལ་པ་སྣ་ཚོགས་སུ་འགྱེད་པ་དང་རིགས་སུ་འབྱེད་པའི་ཤེས་རབ་ཀྱིས་ཚད་མ་བཀའ་གཞུང་གསུངས་པ་སྟེ་དེ་ལ་ཅིས་ཀྱང་མི་སྒྲིབས་པས་ན་འོད་པོ་ཆེ་བའོ། །ཐུགས་ཡེ་ཤེས་དཀྱིལ་ལྟ་བུ་ལ་ཡེ་ཤེས་བཞིའི་འཁོར་དང་ལྡན་པ་དེ་ལ་དུས་དང་གནས་སྐབས་ཀུན་ཏུ་གཟུང་འཛིན་གྱིས་མ་སྒྲིབ་པས་གསལ་བའོ། །ཡང་ན་གཞིའི་ཡེ་ཤེས་རྣམ་ཤེས་ཚོགས་བརྒྱད་དང་ལམ་གྱི་ཡེ་ཤེས་རྣམ་པ་ལྔ་དང་འབྲས་བུའི་ཡེ་ཤེས་ཆོས་ཀྱི་སྐུའོ། །དེ་དག་ནི་ཡེ་ཤེས་ཆེན་པོའི་ཁྲོ་བོ་སྟེ་མ་སྒྲིབས་པར་འོད་གསལ་བའོ། །དེ་ཡང་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་ཅིང་རྫོགས་པ་ཉིད་ཕྱི་ནང་མེད་པར་གསལ་བ་ཡིན་ནོ། །ཁྲོ་བོའི་ཡེ་ཤེས་ནི་བསྲེག་པའི་མེ་ལྟར་འབར་བའི་ཡེ་ཤེས་ཀྱི་མེས་ལས་དང་ཉོན་མོངས་པ་ཀུན་ཏུ་འཇོམས་ཤིང་ཅིར་སྣང་ཐམས་ཅད་ཐུགས་ཡེ་ཤེས་སུ་འབར་རོ། །ཡེ་ཤེས་དག་གིས་བགེགས་ཐམས་ཅད་བུད་ཤིང་དང་འདྲ་བར་འཇོམས་པའོ། །སྣ་ཚོགས་སུ་སྣང་ཡང་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་ན་ཡེ་ཤེས་སོ་དེ་ལ་དབྱེར་མེད་པས་ན་ཐིག་ལེ་ཆེའོ། །དེ་ཡང་སྣ་ཚོགས་སུ་སྣང་བ་ཉིད་རང་སྣང་རང་བྱུང་གི་ཡེ་ཤེས་སྤྲོས་པ་དང་བྲལ་བ་ཉིད་རང་སྣང་བའི་ཐུགས་རྗེ་སྟེ་ཧོ་ནི་དེ་ལ་དགྱེས་པའོ། །བཞི་པ་ཡོན་ཏན་ལ་བསྟོད་པ་ནི། ཧཱུཾ། ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ། །ཞེས་ཡོན་ཏན་ལྔ་ལྷུན་གྱིས་གྲུབ་པའི་ཧཱུཾ་གིས་མགོ་དྲང་སྟེ་ཡེ་ཤེས་ཆེན་པོའི་སྐུ་རྔམ་པའི་ཕྱིར་ཁྲོ་བོ་གཞན་ལ་དབང་བསྒྱུར་བ་སྟེ་བདུད་དང་མུ་སྟེགས་ལ་སོགས་པ་ཁྲོ་བོ་དེ་ལས་རྒྱལ་བས་ན་ཁྲོ་བོའི་རྒྱལ་པོའོ། །དེ་དག་གི་ཡོན་ཏན་འབྱུང་བའི་ཕྱིར་སྤྲིན་ཆེན་པོའོ། །དེ་ཡང་སྤྲིན་ཆེན་པོ་ལས་ཆར་འབབ་པ་ལྟར་དེ་དག་ཀྱང་ཐུགས་རྗེ་དབང་གིས་ཁྲོས་པའི་དུས་ན་ཁྲོ་བོའི་ཚོགས་ནམ་མཁའ་གང་བར་ཆར་དུ་འབེབས་པར་བྱེད་དོ། །ཇི་ལྟར་ན་ཁྲོས་པའི་སྤྲུལ་པ་ནི་ཁྲོ་བོ་སྟེ་དེ་ནི་སྤྲུལ་པའི་དཀྱིལ་འཁོར་སྟེ་ཆར་ཆེན་པོ་ལྟ་བུར་འབེབས་པར་བྱེད་དོ། །ཁྲོ་བོ་དཀྱིལ་འཁོར་སྤྲུལ་པ་དང་བཅས་པ་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་ཐམས་ཅད་འབྱུང་བའི་གཏེར་དུ་གྱུར་པ་དང་འདྲ་སྟེ་སྤྲིན་ལྟ་བུར་སྣང་བའོ། །ཡོན་ཏན་སྣ་ཚོགས་མངའ་བའི་ཁྲོས་པའམ་ཁྲོ་བོ་ཐམས་ཅད་ཀྱང་དོན་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སུ་གཅིག་གོ། །དཀྱིལ་འཁོར་མང་པོ་དེར་གཅིག་པས་ན་ཐིག་ལེ་ཆེའོ། །དེ་ལྟ་བུའི་དོན་ཡང་དག་པ་དེ་ལ་དགྱེས་པས་ན་ཧོ་ཞེས་སོ། །ལྔ་པ་འཕྲིན་ལས་ལ་བསྟོད་པ་ནི། ཧཱུཾ། བདུད་ཀུན་གྱི་ནི་བདུད་ཆེན་པོ། བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་པར་བྱེད། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ། །ཞེས་པ་སྟེ་ཧཱུཾ་ནི་འཕྲིན་ལས་ལྔ་ལྷུན་གྱིས་གྲུབ་པས་མགོ་དྲང་བ་ཡིན་ལ་བདུད་ནི་རུ་ཏྲ་སྟེ་དེ་འཁོར་དང་བཅས་པ་ཀུན་གྱི་ཡང་བདུད་དུ་གྱུར་པ་ནི་དཔལ་ཆེན་པོའོ། །ཇི་ལྟར་ན་རུ་ཏྲས་སེམས་ཅན་ཐམས་ཅད་བསད་པས་ན་སེམས་ཅན་གྱི་བདུད་དོ་དེ་དཔལ་ཆེན་པོས་བཏུལ་དེ་ལུས་གདན་དུ་བྱས་པས་ན་བདུད་ཆེན་པོའོ། །བདུད་ནི་རུ་ཏྲ་ལ་དཔལ་ཧེ་རུ་ཀ་ནི་དེ་ཉིད་ཀྱི་བདུད་སྟེ་བདུད་རྣམས་ནི་རུ་ཏྲ་འཁོར་བཅས་སོ། །འཇོམས་པ་ནི་བདུད་དེ་དག་བསྒྲལ་ནས་ཤ་ཁྲག་གསོལ་སེམས་འོག་མིན་དུ་གནས་སྤར་ནས་བདུད་ཀྱི་ཚོགས་ཐམས་ཅད་རབ་ཏུ་ཕམ་པར་བྱས་ནས་བཅོམ་པའོ། །འཇིགས་པའི་ཚོགས་ནི་རུ་ཏྲ་འཁོར་བཅས་སོ། །དེ་དག་ཀྱང་འཇིགས་པར་བྱེད་པ་ནི་ཧེ་རུ་ཀ་སྟེ་ཇི་ལྟར་ན་རུ་ཏྲ་རྣམས་ཀྱི་མགོ་དང་ཡན་ལག་མང་པོ་དང་དུར་ཁྲོད་ཀྱི་རྒྱན་མང་པོ་བཏགས་ནས་འཇིགས་འཇིགས་འདྲ་བ་ལ་དེ་དཔལ་ཆེན་པོའི་སྐུའི་ཆ་ལུགས་ཀྱི་བྲེད་ཅིང་དངངས་ནས་འཇིགས་པར་བྱེད་པ་ཡིན་ནོ། །དེ་ལྟར་འཇིག་བྱེད་ཆེན་པོའི་སྐུ་བསྟན་ཀྱང་ཆོས་ཀྱི་དབྱིངས་ལས་མ་གཡོས་པའོ། །དེ་ལྟ་བུ་དེ་ཆོས་ཉིད་ཀྱི་དོན་ལས་མ་གཡོས་པར་འཇིགས་འཇིགས་འདྲ་བར་འབྱུང་བ་ལ་དེ་དག་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་འདུག་པས་ན་ཐིག་ལེ་ཆེན་པོའོ། །དོན་ལ་ཅི་ཡང་མེད་པས་དེ་ལ་དགྱེས་པས་ཧོ་ཞེའོ། །དྲུག་པ་སྦྱིར་བསྟན་པ་ནི། ཧཱུཾ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེའི་ཆུ་བོ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་ལུང་སྟེ་འཐོར་རླུང་ཆེ་ཧོ། །ཞེས་པ་སྟེ་བསྟོད་པ་འདི་ལ་གསུམ་སྟེ་བསྐལ་པའི་འཕྲིན་ལས་ལ་བསྟོད་པ་དང་། འབྱུང་བ་དག་བྱེད་ལ་བསྟོད་པ་དང་། མཚན་ཉིད་ཡོན་ཏན་ལ་བསྟོད་པའོ། །དང་པོ་ནི་བསྐལ་པ་མེ་བདུན་ཆུ་གཅིག་གིས་འཇིག་པ་དེ་སངས་རྒྱས་ཀྱི་འཕྲིན་ལས་ཡིན་ཏེ། ཇི་ལྟར་ན་སེམས་ཅན་གྱི་ལས་ངན་རྒྱུན་བཅད་ནས་གནས་ངན་ལས་སྒྲོལ་བའོ། །ཇི་ལྟར་སྒྲོལ་ན་སྲ་བ་བརྟན་པའི་བསྐལ་བར་ཐམས་ཅད་གནས་ཞི་གནས་ཆུ་ཡི་བསྐལ་པས་ཐམས་ཅད་འཁྲུད་ལྷག་མཐོང་མེ་ཡི་བསྐལ་པས་ཐམས་ཅད་བསྲེགས་ཡེ་ཤེས་རླུང་གིས་བསྐལ་བས་ཐམས་ཅད་འཐོར་ཤེས་རབ་ནམ་མཁའི་བསྐལ་པས་རྒས་རྒུད་སྟོངས། ཞེས་མདོ་དགོངས་པ་འདུས་པ་ལས་གསུངས་སོ། །རྒྱུད་གཞན་ལས་ཀྱང་གསུངས་སོ། །གཉིས་པ་ནི་བུདྡྷའི་ཧེ་རུ་ཀའི་ཐུགས་ཡེ་ཤེས་ནི་འབྱུང་བ་ས་ཡིན། དེས་ས་ཐ་མལ་པ་འཇོམས་པས་བུདྡྷ་ཀྲོ་ཏིའི་མཁའ་ཀློང་རྣམ་པར་དག་པའོ། །དེ་ལྟར་རཏྣ་ཆུ་པདྨ་མེ་ཀརྨ་རླུང་ངོ་། །གསུམ་པ་ནི་ཧཱུཾ་ནི་འབྱུང་བ་བཞིའི་བདག་ཉིད་དེ་དེ་ཡང་འབྱུང་བ་བཞི་པོ་གནས་སུ་དག་པས་ཡུམ་བཞི། ཡུམ་བཞི་པོ་ཡང་ཆོས་ཉིད་སྐྱེ་འཇིག་དང་བྲལ་བས་དོན་ཆོས་ཉིད་ཀྱི་ངང་དུ་ཐིམ་མོ། །དེའི་ཕྱིར་ཧཱུཾ་གིས་མགོ་དྲངས་པ་ཡིན་ནོ། །དེ་ཡང་དཔལ་ཁྲག་འཐུང་ལ་རྡོ་རྗེ་ལྟ་བུའི་སྐུ་མངའ་བས་མཚན་ཉིད་སྐྱེ་འཇིག་ལས་འདས་པའོ། །དེ་ཁོ་ན་དཔེར་ན་བྲག་ཆེན་པོ་དང་འདྲ་བས་སྲ་བ་པོ་ཞེས། དེ་ལྟར་ཡིན་ཡང་ཐུགས་རྗེ་ཆེན་པོའི་རླན་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བག་ཆགས་འཁྲུ་བས་ན་ཡེ་ཤེས་ཆེན་པོ་རྡོ་རྗེའི་ཆུ་བོ་ཡིན་ལ་དེས་ཆུ་ཐ་མལ་པ་ཡང་སྡུད་པར་བྱེད་པས་ན་སྡུད་ཆེན་པོ་ཞེས་སོ། །ཡེ་ཤེས་ཆེན་པོ་རྡོ་རྗེ་ཡི་མེ་དང་འདྲ་བ་སྟེ་ཉོན་མོངས་པ་ཀུན་བསྲེག་པར་མཛད་པ་དང་དེ་ཡང་འཁོར་བ་མ་སྟོངས་ཀྱི་བར་དུ་ཡེ་ཤེས་ཀྱི་མེ་འབར་བས་ན་ཆེ་བའམ་ཆེན་པོའོ། །གདུལ་བྱ་རྣམས་འཁོར་བའི་གནས་ནས་མྱ་ངན་ལས་འདས་པའི་དབྱིངས་སུ་ཐུགས་རྗེ་ཆེན་པོས་བསྐྱོད་པར་མཛད་པ་དང་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་རྡོ་རྗེ་ཡི་རླུང་གིས་འཐོར་ནས་མྱ་ངན་ལས་འདས་པའི་ས་ལ་འདོགས་པའོ། །དེ་ལྟར་སེམས་ཅན་གྱི་དོན་བྱེད་པ་དེ་གཞན་གང་གི་ཡང་འོག་ཏུ་མ་གྱུར་བས་ན་རླུང་ཆེ་བའོ། །དེ་བཞིན་གཤེགས་པའི་སྤྲུལ་པ་རླུང་གིས་སེམས་ཅན་གྱི་དོན་བྱེད་པས་ན་དེ་ལ་དགྱེས་པས་ཧོ་ཞེས་པའོ། །གསུམ་པ་དེ་ཉིད་ཚོགས་སྒྲུབ་ཀྱིས་བསྒྲུབ་པར་བསྟན་པ་ལ་དངོས་དང་། དེ་ལྟར་བསྒྲུབས་པས་དངོས་གྲུབ་འཐོབ་ཚུལ་བསྟན་པའོ། །དང་པོ་ནི། ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཆོ་ག་རྫོགས་པར་ཤེས་པ་ཡིས། །རྣལ་འབྱོར་འཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོངས་པ་འགྲུབ། །ཅེས་པས་བསྟན་ཏེ། རྩ་བའི་དམ་ཚིག་དྲུག་ལ་བྱང་ཆུབ་སེམས་རྣམ་པ་གཉིས་སློབ་དཔོན་དྲུག་མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི་གསང་བ་བཅུ་ཡན་ལག་གི་དམ་ཚིག་ལྔ་སྤྱད་པར་བྱ་བ་དང་། མི་སྤང་བ་དང་། དང་དུ་བླང་བ་དང་། ཤེས་པར་བྱ་བ་དང་། སྒྲུབ་པར་བྱ་བ་མ་ཉམས་པའོ། །ཡོ་བྱད་ལྔ་ནི་བྲོ་གར་འདུ་འཕྲོའི་ཡོ་བྱད་དང་། བཟའ་དང་བཏུང་བའི་དང་། གླུ་ཚིག་སྒྲ་ཡི་ཡོ་བྱད་དང་། རྒྱན་དང་བགོ་བའི་དང་། ཨ་ལི་ཀ་ལིའི་ཡོ་བྱད་ལྔ་དང་ལྡན་པའོ། །ཡང་ན་སྔགས་ཀྱི་ཡན་ལག་ལྔ་སྟེ་རྩ་བའི་ལྷ་དང་ཐབས་ཀྱི་ལྷ་དང་ཤེས་རབ་ཀྱི་ལྷ་དང་བསམ་གྱིས་མི་ཁྱབ་པའི་ལྷ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །དེས་ཡོ་བྱད་ཕུན་སུམ་ཚོགས་པ་བསྟན་ནོ། །ཆོ་ག་ལྔ་ནི་དེ་བཞིན་ཉིད་སྟོང་པ་ཆེན་པོའི་ཆོ་ག་དང་། ཀུན་ཏུ་སྣང་སྒྱུ་མ་སྙིང་རྗེའི་ཆོ་ག་དང་། རྒྱུའི་ཏིང་ངེ་འཛིན་སྐུ་གསུང་ཐུགས་ཀྱི་ཆོ་ག་དང་། ཕྱག་རྒྱ་གཅིག་པ་ལྷ་བཞེངས་པའི་ཆོ་ག་དང་། ཕྱག་རྒྱ་སྤྲོས་པ་རྣལ་འབྱོར་རྩལ་སྦྱོར་བའི་ཆོ་ག་རྣམས་རྫོགས་པར་ཤེས་པ་ཡིས་ཞེས་གཙོ་བོ་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ལ། རྣལ་འབྱོར་པ་ནི་སྟོན་པ་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་དང་རྡོ་རྗེ་རྒྱལ་ཐེབ་ཡབ་ཡུམ་དང་ལས་ཀྱི་གར་མ་ཡབ་ཡུམ་དང་རྡོ་རྗེ་བྱ་རོག་ཡབ་ཡུམ་དང་རྡུལ་ཕྱགས་སྐྱེ་བོའོ། །དེ་རྣམས་འཚོགས་ནས་སྒྲུབ་པའི་དཀྱིལ་འཁོར་ནི་ཚོམ་བུ་མང་ཉུང་ལྷ་གྲངས་དང་མི་གྲངས་སུ་སྦྱར་ནས་དཔའ་བོ་དང་དཔའ་མོར་བསྟུན་ནས་སྒྲུབ་པའི་དཀྱིལ་འཁོར་གྱིས་ཞེས་གཙོ་བོ་འཁོར་ཕུན་སུམ་ཚོགས་པ་བསྟན་པའོ། །དེ་ནི་དྲང་དོན་མ་ཡིན་ཏེ་ངེས་པའི་དོན་ཡིན་པས་ངེས་པར་ཐེ་ཚོམ་མེད་པར་འགྲུབ་པའོ། །གང་འགྲུབ་ན་མྱ་ངན་ལས་འདས་པ་བུདྡྷའི་དངོས་གྲུབ་ལེགས་པར་འགྲུབ། དོན་གཉིས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱི་དགོངས་པ་གང་ཡིན་པ་དེ་འགྲུབ། མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ཀྱང་ལེགས་པར་འགྲུབ་པར་འགྱུར་རོ། །ཞེས་དུས་ཕུན་ཚོགས་བསྟན་པའོ། །གཉིས་པ་ནི། ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་དང་། །ཕོ་ཉ་ཕྱག་བརྙན་བཀའ་ཉན་ཚོགས། །ཅི་བགྱི་ལ་སོགས་ཚོགས་རྣམས་ཀྱིས། །དངོས་གྲུབ་ལས་རྣམས་རྫོགས་པར་བྱེད། །ཅེས་པ་སྟེ། དེ་ཡང་འགྲུབ་པ་དེ་རང་གང་ཞེ་ན་ཁྲོ་བོ་ནི་ཁྲག་འཐུང་རྒྱལ་བ་རིགས་རྣམ་པ་ལྔའོ། །ཁྲོ་མོའི་སྒྲས་ནི་ཡུམ་ལྔའོ། །ཚོགས་ཆེན་ནི་ཡབ་ཡུམ་བཅུ་པོ་དེ་ཡོན་ཏན་གྱི་ཚོགས་མང་པོ་དང་ལྡན་པས་འཁོར་ཡེ་ཤེས་དང་ལས་ལས་གྲུབ་པ་མང་པོ་ཡོད་པའོ། །དེ་ཡང་འཁོར་གང་ཞེ་ན་ཕོ་ཉ་ནི་ཀོའུ་རི་མ་བརྒྱད་དེ་བཅོལ་བའི་ལས་རྣམས་བྱེད་པའོ། །ཕྱག་བརྙན་ནི་སེང་ཧ་མ་བརྒྱད་དེ་མངག་པའི་ལས་ལ་མགྱོགས་པའོ། །བཀའ་ཉན་ནི་སྒོ་མ་བཞི་སྟེ་འགུགས་འདྲེན་གྱི་ལས་ལ་མཁས་པའོ། །ཚོགས་ནི་རང་རང་གི་སྤྲུལ་པ་རྣམས་སོ། །ཅི་བགྱི་ནི་དབང་ཕྱུག་མ་སྟེ་རྗེ་དཔལ་ཆེན་མོའི་བྲན་ཡིན་པའི་ཕྱིར་ན་མ་བཅོལ་ཡང་ལས་ཅི་བགྱི་ཟེར་ནས་ཡོང་བའོ། །ལ་སོགས་ནི་དབང་མོ་ཉི་ཤུ་རྩ་བརྒྱད་པའོ། །ཚོགས་རྣམས་ནི་ཡང་སྤྲུལ་དང་བཅས་པ་རྣམས་སོ། །དེ་རྣམས་ཀྱིས་རྣལ་འབྱོར་བའི་དངོས་གྲུབ་རབ་འབྲིང་གསུམ་དང་ལས་རྣམ་པ་བཞི་པོ་རྣམས་མ་ལུས་པར་འགྲུབ་པར་བྱེད། ཐུན་མོང་གི་འབྲས་བུ་རིག་འཛིན་བཞི་བསྒྲོད་པར་བྱེད། མཆོག་གི་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །བཞི་པ་མཇུག་གི་ལས་ལ་དཀྱིལ་འཁོར་བསྡུ་བ་དང་། རྒྱུན་གྱི་སྤྱོད་ལམ་མོ། །དང་པོ་ནི། དེ་ནས་དཀྱིལ་འཁོར་ཐམས་ཅད་ཀུན། །རང་གི་སྙིང་ཀར་བསྡུ་ན་ནི། །ཧཱུཾ་ཧཱུཾ་ཞེས་ནི་རབ་བརྗོད་པས། །འདུས་པ་དེ་དག་ཅི་བདེར་སྤྱད། །ཞེས་གསུངས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མཆོད་བསྟོད་བཟླས་པ་རྫོགས་པ་དེ་ནས་དམ་ཚིག་གི་དཀྱིལ་འཁོར་ཐམས་ཅད་ཀུན་བསྡུ་བ་ནི་བདག་གི་ཐུགས་ཀ་ནས་ཡི་གེ་ཧཱུཾ་ལས་འོད་ཟེར་འཕྲོས་པས་ལྷ་དང་གཞལ་ཡས་ཁང་དང་བཅས་པ་འོད་དུ་ཞུ་ནས་འོད་དེ་ཡང་གཞལ་ཡས་ཁང་གི་འོད་ལྷའི་འོད་ལ་འདུས་ལྷ་རྣམས་ཀྱི་འོད་རིམས་ཀྱིས་རང་གི་སྙིང་ཀར་བསྡུས་ནས་ནི་བདག་ཀྱང་འོད་དུ་ཞུ་ནས་མི་དམིགས་པར་གྱུར་ཏེ་མ་བསྡུས་ན་དངོས་གྲུབ་གཡེལ་བར་འགྱུར་བས་བསྡུ་བར་བྱའོ། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་འོད་དུ་གསལ་བར་བྱའོ། །དེ་ཡང་དང་པོ་ཡང་ཧཱུཾ་ལས་བྱུང་བས་ཐ་མ་ཡང་ཧཱུཾ་ཞེས་ནི་རབ་ཏུ་བརྗོད་པས་ཧཱུཾ་ལ་སྡུད་པའོ། །དེ་ལྟར་མི་དམིགས་པ་དེའི་ངང་ལས་སྐད་ཅིག་གིས་ལྷའི་སྐུར་བསྐྱེད་ལ་ཀཾ་ལས་རྡོ་རྗེའི་གོ་ཁྲབ་ཀྱིས་ལུས་ལ་རྡོ་རྗེའི་གོ་བགོས། ཧཾ་ལས་རྡོ་རྗེའི་རྒྱུན་ཐག་གིས་བསྡམ་ཨ་ལས་རིན་པོ་ཆེ་དང་ཧཱུཾ་ལས་རྡོ་རྗེའི་ཐག་པ་གཉིས་མཛུབ་མོ་ལ་གསལ་ལ་བཅིང་ངོ་། །རཏྣ་མ་ལེ་ཨ་བི་ཥིཉྩ་ཞེས་པས་རིན་པོ་ཆེའི་འཕྲེང་བས་བཅིང་། ས་ཏ་ལཾ་ཞེས་པས་དར་དཔྱངས་དཀར་པོ་གཡས་སུ་འཕུར་བར་བསམ་མོ། །ཨ་བྷི་ཥིཉྩ་ལཾ་ཞེས་པས་དར་དཔྱངས་དམར་པོ་གཡོན་དུ་འཕུར་བར་བསམ་མོ། །འདུས་པ་དེ་དག་རྟག་མཐའ་བསལ་ནས་སྟོང་ཉིད་དུ་ཆད་མཐའ་བསལ་བའི་ཕྱིར་ཅི་བདེར་སྤྱོད་དོ། །གཉིས་པ་ནི། དེ་ནས་དཀྱིལ་འཁོར་བསྡུས་ནས་ཀྱང་། །རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས། །སྤྱོད་ལམ་ཀུན་ཏུ་མ་ཉམས་པར། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་པ་སྟེ་དཀྱིལ་འཁོར་བསྡུ་བར་བསྟན་པའི་རྗེས་དེ་ནས་དམ་ཚིག་གི་དཀྱིལ་འཁོར་བདག་ལ་བསྡུས་ཡེ་ཤེས་ཀྱི་དཀྱིལ་འཁོར་འོག་མིན་དུ་གཤེགས་ཟིན་ནས་ཀྱང་སྤྱོད་ལམ་བྱ་བར་བསྟན་པ་དེ་ཡང་བློ་རྣལ་མ་ལ་རིག་པ་ལྷའི་སྐུ་འབྱོར་བས་རྣལ་འབྱོར་སྐུ་གསུང་ཐུགས་ཀྱི་བདག་ཉིད་སངས་རྒྱས་དང་སྐལ་བ་མཉམ་པས་ཆེན་པོ་དེ་ཡིས་ཇི་ལྟར་ཞེ་ན་བོར་ནས་བཞག་པ་ལྟ་བུ་མ་ཡིན་ཏེ་འགྲོ་བ་དང་ཉལ་བ་དང་འདུག་པ་དང་ཟ་བའི་སྤྱོད་ལམ་ཀུན་ཏུ་ཡང་ལྷའི་ཏིང་ངེ་འཛིན་ལས་མ་ཉམས་པར་རང་ཉིད་ཡི་དམ་ལྷ་ཡི་ཏིང་ངེ་འཛིན་ཉིད་དུ་ནི་རྟག ཏུ་བསྒོམ་མོ། །ཇི་ལྟར་ན་འགྲོ་ན་རྐང་པའི་མཐིལ་དུ་རྡོ་རྗེ་སྒོམས་ནས་འགྲོ་དེས་སེམས་ཅན་ལྟོག་པའི་འགྲོ་ལ་ཤི་བོ་གནས་ངན་པར་མི་སྐྱེ། ཉལ་ན་ཨ་ཞེས་སྟོང་ཉིད་དུ་ཉལ་རྨི་ལམ་སྒྱུ་མ་ཙམ་ལ་སེམས་འཛིན་དེས་སྣང་བ་རྨི་ལམ་ཙམ་དུ་ཤེས། འདུག་ན་ཕྱི་སྣོད་གཞལ་ཡས་ཁང་ལ་ནང་བཅུད་ལྷའི་སྐུར་འདུག་དེས་རྟོག་པ་གནས་འགྱུར་བ་དག་པར་བྱེད། ཟ་ན་ཡོ་བྱད་ཚོགས་སུ་རོལ་ཏེ་ཟས་ཀྱི་རྣལ་འབྱོར་བྱ། དེ་རྣམས་གང་བྱེད་ཀྱང་ལྷ་སྒོམ་དགོས་པས་ན་ལྷ་ཉིད་དུ་ནི་རྟག་ཏུ་སྒོམ་ཞེས་གསུངས་པ་ཡིན་ནོ། །གཉིས་པ་དག་མཉམ་བདེན་པ་དབྱེར་མེད་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་བསྟན་པ་ལ་གསུམ་སྟེ་ཀུན་རྫོབ་དག་པ་ཆེན་པོའི་རང་བཞིན་དུ་བསྟན་པ་དང་། དེ་ཉིད་གཏན་ཚིགས་རྣམ་པ་བཞིས་དོན་དམ་མཉམ་པ་ཆེན་པོ་དང་དབྱེར་མེད་དུ་བསྟན་པ་དང་། དེ་ལྟར་དག་མཉམ་དབྱེར་མེད་རྟོགས་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། ཕུང་པོ་ལྔ་ཉིད་ཁྲོ་རྒྱལ་གཙོ། །ཆེན་པོ་ལྔ་ཉིད་དབང་ཕྱུག་ཡུམ། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །ཐུགས་རྗེ་རྔམ་པའི་དཀྱིལ་འཁོར་ཚོགས། །ཞེས་པ་སྟེ་ཕུང་པོ་ལྔ་ཉིད་ནི་གཟུགས་ཀྱི་ཕུང་པོ་བུདྡྷ་ཧེ་རུ་ཀའོ། །རྣམ་ཤེས་ཀྱི་ཕུང་པོ་བཛྲ་ཧེ་རུ་ཀའོ། །ཚོར་བའི་ཕུང་པོ་རཏྣ་ཧེ་རུ་ཀའོ། །འདུ་ཤེས་ཀྱི་ཕུང་པོ་པདྨ་ཧེ་རུ་ཀའོ། །འདུ་བྱེད་ཀྱི་ཕུང་པོ་ཀརྨ་ཧེ་རུ་སྟེ་ཁྲོ་རྒྱལ་གཙོ་བོ་ལྔ་ཡིན་ལ། ཆེན་པོ་ལྔ་ཉིད་ནི་ཡུམ་སྟེ་དེ་ཡང་འབྱུང་བ་ས་ནི་བཛྲ་ཀྲོ་ཏི་ཤྭ་རི་མ་སྟེ་རྣམ་པར་ཤེས་པའི་རང་བཞིན་གྱི་སྤྱད་བྱ་སྟེ་ཡུམ་མོ། །འབྱུང་བ་ནམ་མཁའ་ནི་ཡུམ་བུདྡྷ་ཀྲོ་ཏི་སྟེ་ནམ་མཁའི་རང་བཞིན་ནོ། །ཆུ་ནི་རཏྣ་ཀྲོ་ཏི་སྟེ་ཚོར་བའི་ཡུམ་མོ། །འདུ་ཤེས་མེའི་ཡུམ་པདྨ་ཀྲོ་ཏིའོ། །འདུ་བྱེད་རླུང་གི་རང་བཞིན་གྱིས་སྤྱད་བྱའི་ཡུལ་དུ་གྱུར་པས་ན་ཡུམ་ཀརྨ་ཀྲོ་ཏི་ཤྭ་རི་མའོ། །དེ་བས་ན་ཕུང་པོ་ལྔ་ཡབ་འབྱུང་བ་ལྔ་དབང་ཕྱུག་ཡུམ་ལྔའི་རང་བཞིན་ནོ། །སྐྱེ་མཆེད་ནི་གནས་ཀྱི་མ་བརྒྱད་དང་ཁམས་རྣམས་མང་པོ་ཀུན་ཞེས་པས་ཡུམ་གྱི་ཕྲ་མེན་བརྒྱད་དེ་རེ་རེ་ལ་གཉིས་གཉིས་བརྩིས་པས་མིག་གི་རྣམ་ཤེས་ཀོའུ་རི་རྣ་བའི་རྣམ་ཤེས་ཙོ་རི་སྣའི་རྣམ་ཤེས་པྲ་མོ་ཧ་ལྕེའི་རྣམ་ཤེས་པེ་ཏ་ལི། མིག་གི་དབང་པོ་པུཥྐ་སི་རྣ་བའི་དབང་པོ་ཀསྨ་རི་སྣའི་དབང་པོ་སྨ་ཤ་ནི་ལྕེའི་དབང་པོ་ཙནྡྷ་ལིའོ། །དེ་བས་ན་རྣམ་པ་བཞི་དང་། དབང་པོ་བཞི་ནི་རང་རང་གི་གནས་ལ་སྤྱོད་པས་ན་གནས་ཀྱི་མ་མོ་བརྒྱད་དོ། །དེ་རྣམས་ལ་སྐྱེ་མཆེད་བརྒྱད་ཅེས་བྱའོ། །ཁམས་ནི་མིག་གི་ཡུལ་ནི་གཟུགས་ཀྱི་ཁམས་ཏེ་སེང་ཧ་མ་རྣ་བའི་ཡུལ་སྒྲའི་ཁམས་ཏེ་བྱ་ཏྲི་མ་སྣའི་ཡུལ་དྲིའི་ཁམས་ཏེ་སྲི་ལ་མ་ལྕེའི་ཡུལ་རོའི་ཁམས་ཏེ་ཤྭ་ན་མ་མིག་གི་དབང་པོའི་སྤྱད་བྱ་འདས་པ་སྟེ་ཀྲི་ཏ་མ་རྣ་བའི་ད་ལྟ་སྟེ་ཀང་ཀ་མ་སྣའི་མ་བྱོན་པ་སྟེ་ཁ་ཁ་མ་ལྕེ་འབྱུང་བར་མ་ངེས་པར་སྟེ་ཧུ་ལུ་མ། ལུས་ཀྱི་དབང་པོ་བཞི་ནི་སྒོ་མ་བཞི་ཡིན་ནོ། །དེ་ལྟར་ན་སངས་རྒྱས་ཀྱི་ཐུགས་རྗེ་ཁྲོས་ཤིང་རྔམ་པའི་དཀྱིལ་བཛྲ་ཧེ་རུ་ཀ་ལ་འཁོར་མ་ཚོགས་མང་པོ་དེ་ཡེ་ནས་རང་ཆས་སུ་ལྷུན་གྱིས་གྲུབ་པ་ཡིན་ནོ། །གཉིས་པ་ནི། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་རླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་པ་སྟེ། དེ་ཡང་རྟོགས་པ་རྣམ་པ་བཞི་ལ་དོན་བཞི་སྟེ་ལྟ་བ་དང་སྦྱར་བའི་རྟོགས་པ་བཞི་དང་། བསྐྱེད་རིམ་དང་སྦྱར་བ་དང་། རྫོགས་རིམ་དང་སྦྱར་བ་དང་། གྲུབ་མཐའ་དང་སྦྱར་བའོ། །ལྟ་བ་དང་སྦྱར་བའི་རྟོགས་པ་བཞི་ལ་རེ་རེ་ལ་དོན་གསུམ་གསུམ་སྟེ། དེ་ལ་རྒྱུ་གཅིག་པར་རྟོགས་པའི་གཞལ་བྱ་ནི་འཁོར་འདས་ཀྱི་ཞེན་སྣང་ལ་འཇོག་པའོ་བཞི་ཀ་མཐུན་ནོ། །གོ་བའམ་རྟོགས་པ་གང་སྐྱེ་བ་ནི་འཁོར་འདས་སེམས་ཉིད་དུ་རྒྱུ་གཅིག་པར་རྟོགས་པའོ། །ཞེན་པ་གང་གྲོལ་བ་ནི་འཁོར་འདས་ཐ་དད་དུ་ཞེན་པ་གྲོལ་བའོ། །ཡིག་འབྲུའི་ཚུལ་དུ་རྟོགས་པའི་གོ་བའམ་རྟོགས་པ་གང་བསྐྱེད་པ་ནི་ཡི་གེ་འབྲུ་གསུམ་གྱི་སྒོ་ནས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་རྟོགས་པའོ། །ཞེན་པ་ནི་འབྲས་བུ་གཞན་ནས་བྲོབ་བམ་སྙམ་ནས་གཞན་ནས་ཚོལ་བའི་ཞེན་པ་གྲོལ། བྱིན་གྱི་རླབས་ཀྱིས་རྟོགས་པའི་རྟོགས་པ་གང་སྐྱེ་བ་ནི་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གྱིས་སྐུ་གསུང་ཐུགས་སུ་རྟོགས་པའི་མཐུ་ངོ་ཤེས་ནས་ལྡན་པར་རྟོགས་པའོ། །ཞེན་པ་མི་ལྡན་པའི་ཞེན་པ་ལས་གྲོལ་ནས་ལྡན་པའོ། །མངོན་སུམ་པར་རྟོགས་པ་ནི་མཐུ་ངོ་ཤེས་མི་ལྡན་པ་ལྡན་པར་རྟོགས་པ་དེ་སྒྲ་ཙམ་མ་ཡིན་པར་བློ་གཏིང་དུ་གོ་བའོ། །ཞེན་པ་གང་གྲོལ་བ་ནི་སྒྲ་བཞིན་དུ་འཛིན་པའི་ཞེན་པ་ལས་གྲོལ་ལོ། །བསྐྱེད་རིམ་དང་སྦྱར་ན་རྒྱུ་གཅིག་པར་རྟོགས་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །བྱིན་གྱིས་བརླབས་ནི་ཀུན་སྣང་གི་ཏིང་ངེ་འཛིན་ནོ། །ཡིག་འབྲུའི་ཚུལ་ནི་རྒྱུའི་ཏིང་ངེ་འཛིན་ནོ། །མངོན་སུམ་པར་རྟོགས་པ་ནི་ལྷའི་སྐུ་བསྐྱེད་པའོ། །ལྷ་གསལ་བ་ལ་རབ་ཏུ་རྟོགས་པ་ཞེས་བཞེད་དོ། །རྫོགས་རིམ་དང་སྦྱར་ན་རྒྱུ་གཅིག་པ་ནི་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ལ་ཐམས་ཅད་བྱང་ཆུབ་སེམས་ཀླད་པར་རྒྱུ་གཅིག་པའོ། །ཡིག་འབྲུ་ནི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་གསུང་དབྱངས་ཡན་ལག་དྲུག་ཅུ་འབྱུང་བ་ཡི་གེ་ཨ་ལི་བཅུ་དྲུག་གོ། །བྱིན་གྱིས་བརླབས་པ་ནི་རང་རིག་པ་བདེ་གཤེགས་ཀྱི་ཐུགས་སུ་བྱིན་གྱིས་བརླབས་པ་སྙིང་ག་ཆོས་ཀྱི་འཁོར་ལོ་ན་གནས་སོ། །མངོན་སུམ་པ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོ་ནས་མེ་རླུང་གཡོས་ནས་བྱང་སེམས་ཕབ་པའི་དུས་ན་བདེ་བ་མངོན་སུམ་དུ་འཆར་བའོ། །གྲུབ་མཐའ་དང་སྦྱར་ན་རེ་རེ་ལ་ཡང་ཆོས་བཞི་བཞི་སྟེ་གཞལ་བྱ་དང་། གཏན་ཚིགས་དང་། འཇལ་ཚུལ་དང་གྲུབ་མཐའོ། །དེ་ལ་རྒྱུ་གཅིག་པའི་གཞལ་བྱ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དེ་ཕྱི་ནང་གི་དངོས་པོ་འདིའོ། །གཏན་ཚིགས་ནི་རྒྱུ་སྐྱེ་བ་མེད་པའི་ཕྱིར་སྟོང་པར་རྟོགས་པར་བྱེད་པའོ། །འཇལ་ཚུལ་ནི་བློ་ཆེན་ཅིག་ཆར་དུ་རྟོགས་ཆུང་ན་རིམ་གྱིས་གཞལ་ནས་རྟོགས་སོ། །གྲུབ་མཐའ་ནི་དོན་སྐྱེ་མེད་རྟོགས་པའོ། །ཡིག་འབྲུའི་ཚུལ་གྱིས་གཞལ་བྱ་ནི་གོང་གི་དོན་དམ་དེ་རང་ངོ་། །གཏན་ཚིགས་ནི་ཡི་གེ་ཨ་ཨོ་ཨཾ་ནི་ལ་སོགས་རྣམས་ཀྱིས་སྒྱུ་མར་རྟོགས་པར་བྱེད་པའོ། །འཇལ་ཚུལ་ནི་ཀུན་རྫོབ་སྒྱུ་མ་བློ་ཆེ་ཆུང་གིས་རིམ་དང་ཅིག་ཆར་དུ་རྟོགས་པའོ། །གྲུབ་མཐའ་ཀུན་རྫོབ་དོན་དམ་དུ་རྟོགས་ཏེ་ཀུན་སྣང་གི་ཏིང་ངེ་འཛིན་ནོ། །བྱིན་གྱིས་རླབས་ཀྱིས་གཞལ་བྱ་ནི་གོང་གི་དོན་དམ་དང་ཀུན་རྫོབ་གཉིས་པོ་རང་ངོ་། །གཏན་ཚིགས་ནི་བདེན་པ་གཉིས་དབྱེར་མེད་དུ་རྟོགས་པར་བྱེད་པའོ། །འཇལ་ཚུལ་ནི་བདེན་པ་དབྱེར་མེད་རྟོགས་ཚུལ་ཆེ་ཆུང་དུ་འདུག་པའོ། །གྲུབ་པའི་མཐའ་ནི་བདེན་པ་དབྱེར་མེད་དུ་རྟོགས་པ་དེ་རང་ངོ་། །མངོན་སུམ་པར་རྟོགས་པའི་གཞལ་བྱ་ནི་གོང་གི་བདེན་པ་དབྱེར་མེད་དེ་རང་ངོ་། །གཏན་ཚིགས་ནི་བར་སྣང་སྟོང་པ་ལྟ་བུ་སྣང་ལ་རང་བཞིན་མེད་པའོ། །འཇལ་ཚུལ་ནི་ཀུན་ལ་ཡུལ་དུ་མི་འབྱེད་པ་དེ་ལ་བློ་ཆེ་ཆུང་དུ་འདུག་པའོ། །གྲུབ་མཐའ་ནི་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའོ། །དེ་ལྟར་ཡོད་པ་ལས་འདིར་ནི་བསྐྱེད་རིམ་ལ་དགོངས་པ་གཙོ་ཆེ་སྟེ་བསྐྱེད་རྫོགས་གཉིས་པོ་རྟོགས་པར་བྱེད་པ་ལ་དེ་མ་ཡིན་པ་རྣམས་སྤང་དགོས་པའོ། །དེ་ཡང་སངས་རྒྱས་དང་སེམས་ཅན་རིག་པར་རྒྱུ་གཅིག་པ་དང་། རྒྱུ་དེ་ཡིག་འབྲུའི་ཚུལ་ༀ་ཨཱཿ ཧཱུཾ་གིས་སྐུ་གསུང་ཐུགས་སུ་མཚོན་ཚུལ་ལོ། །ཡི་གེ་གསུམ་གྱིས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་དང་། དེ་ཐེ་ཚོམ་མེད་པར་མངོན་སུམ་དུ་བྱས་པའོ། །དེ་ལྟར་དུ་རྒྱུ་གཅིག་པ་དེ་ཏིང་དང་ཡིག་འབྲུ་རྒྱུ་ཏིང་དང་། བྱིན་གྱིས་རླབས་ཀུན་ཏིང་དང་མངོན་སུམ་པ་ལྷའི་སྐུར་རྟོགས་པ་དེ་རྣམས་ལ་ནི་རབ་ཏུ་རྟོགས་པ་རྣམ་པ་བཞི་ཞེས་བྱའོ། །དེ་ལ་རབ་ཏུ་གོམས་པར་རྟོགས་པ་ཡིས་ཆོས་ཐམས་ཅད་རང་རིག་ཏུ་མངོན་པར་རྫོགས་པ་སངས་རྒྱས་ཏེ་འཁོར་བ་ལས་རྒྱལ་བས་རྒྱལ་པོ་ཆེ་ཞེས་དུས་ཐམས་ཅད་དུ་མངོན་པར་རྫོགས་པ་སངས་རྒྱས་སོ། །གསུམ་པ་ནི། ཕྱོགས་བཅུ་དུས་བཞིར་རྫོགས་པ་ཡི། །སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས། །མ་ལུས་བདག་ཉིད་ཞལ་མཐོང་བས། །དབང་བསྐུར་མཆོག་ཉིད་དམ་པ་ཡིན། །ཞེས་འདིར་ནི་འབྲས་བུའི་ཐོབ་ལུགས་རྣམ་པ་གཉིས་ཏེ་ཐུན་མོང་དུ་རིག་འཛིན་ཐོབ་པ་དང་། ཁྱད་པར་དུ་སྐུ་ལྔ་ལྷུན་གྲུབ་ཐོབ་པའོ། །དེ་ལ་རིག་འཛིན་ལ་བཞི་སྟེ་རྣམ་པར་སྨིན་པའི་རིག་འཛིན་དང་། ཚེ་ལ་དབང་བ་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པའོ། །དེ་ལ་རྣམ་པར་སྨིན་པའི་རིག་འཛིན་ལ་གཉིས་ཏེ་རྒྱུས་བསྡུས་པའི་རྣམ་སྨིན་དང་། འབྲས་བུས་བསྡུས་པ་ལས་འདི་འབྲས་བུས་བསྡུས་པའོ། །དེའི་ངོ་བོ་ནི་ནང་ཡིད་ཀྱིས་ལྷའི་སྐུ་གཟུགས་བཟུང་ནས་ཕྱི་ལུས་ཀྱི་ར་བས་སྒྲིབས་པས་ཏེ་དཔེར་ན་སྐོར་ཕོར་འདག་པ་ལྟ་བུའི་སྟེ་འདག་པ་ནང་ན་ཚྭ་ཚའི་གཟུགས་སུ་གནས་ཀྱང་ཕྱིའི་སྐོར་ཕོར་གྱི་སྒྲིབ་པའོ། །རང་ཡིད་ཀྱི་རྣམ་པ་ལྷའི་སྐུར་སྨིན་པས་ན་རྣམ་སྨིན་ནོ། །ཚེ་ལ་དབང་བ་ལ་བཞི་སྟེ་བདུད་རྩི་སྨན་ལས་གྲུབ་པའི་ཚེ་དབང་དང་། སྒྲོན་མ་རླུང་ལས་གྲུབ་པའི་ཚེ་དབང་དང་། ཐབས་ལམ་རྩ་རླུང་ཐིག་ལེ་ལས་གྲུབ་པའི་ཚེ་དབང་དང་། གྲོལ་ལམ་བསྐྱེད་རྫོགས་ལས་གྲུབ་པའི་ཚེ་དབང་ལས་འདི་ཕྱི་མའོ། །དེའི་ངོ་བོ་ནི་མི་དང་ལྷའི་ཆ་བྱད་དུ་གནས་ནས་ལོ་སྟོང་ལྔ་བརྒྱ་ཐུབ་གཞན་དོན་དུ་གནས་ན་ལོ་བརྒྱ་བརྒྱ་ན་མར་ལ་ནུར་ནས་བྱིས་པ་ལོ་བརྒྱད་ལོན་པ་ལྟར་ཡོང་ངོ་། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི་བཞི་སྟེ་ཀྲི་ཡའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། ཨུ་པ་ཡའི་དང་། ཡོ་གའི་དང་། མ་ཧཱ་ཡོ་གའི་འོ། །འདི་མ་ཧཱའོ། །དེའི་ངོ་བོ་ནི་རང་གིས་རང་སྒོམས་པའི་ལྷའི་སྐུ་དེའི་ལུས་སུ་གནས་ནས་བདག་གཞན་གྱི་དོན་བྱེད་པའོ། །ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་གསུམ་སྟེ་བྱ་བའི་ལྷུན་གྲུབ་དང་རྣལ་འབྱོར་གྱི་ལྷུན་གྲུབ་དང་། མ་ཧཱའི་ལྷུན་གྲུབ་བོ། །འདི་མ་ཧཱའོ། །དེའི་ངོ་བོ་ནི་ལུས་སྐུ་ལྔའི་ངོ་བོར་གནས། ཕྱོགས་བཅུར་འགྲོ་དོན་གྱི་སྤྲུལ་པ་སྤྲོ་བར་གནས་པའོ། །ཁྱད་པར་སྐུ་ལྔ་ལྷུན་གྲུབ་ལ་སྦྱོར་བ་ནི་ཕྱོགས་བཅུ་དང་དུས་བཞིར་ཏེ་དུས་བཞིས་བསྡུས་པའི་མངོན་པར་རྫོགས་པར་སངས་རྒྱས་པ་ཡི་འབྲས་བུ་ཐོབ་སྟེ། དེའི་ངོ་བོའམ་ཡོན་ཏན་གང་ཞེ་ན་འདི་རྣམས་ཡིན་ཏེ། སྐུ་ལྔ་ནི་ཆོས་སྐུ་དང་མངོན་པར་བྱང་ཆུབ་པའི་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་དང་རྡོ་རྗེའི་སྐུའོ། །གསུང་ལྔ་ནི་སྐྱེ་མེད་དོན་གྱི་གསུང་དང་རིག་པ་རང་སྣང་གི་གསུང་དང་དགོངས་པ་བརྡའི་གསུང་དང་སྣང་སྟོང་ཚིག་གི་གསུང་དང་གྲགས་སྟོང་དབྱེར་མེད་ཀྱི་གསུང་ངོ་། །ཡོན་ཏན་ལྔ་ནི་གཞལ་ཡས་ཁང་དང་ཞིང་ཁམས་དང་རྒྱན་དང་འོད་ཟེར་དང་གདན་ཁྲིའོ། །འཕྲིན་ལས་ལྔ་ནི་ཞི་བ་དང་རྒྱས་པར་དང་དབང་དང་དྲག་པོ་དང་ལྷུན་གྲུབ་བོ། །ཐུགས་ལྔ་ནི་ཆོས་ཀྱི་དབྱིངས་མི་རྟོག་པའི་ཐུགས་དང་མེ་ལོང་ལྟ་བུ་ས་ལེ་མཁྱེན་པ་དང་། མཉམ་པ་ཉིད་མ་གཡོས་པ་དང་སོ་སོར་རྟོག་པ་མ་འགགས་པ་དང་བྱ་བ་གྲུབ་པ་འགྲོ་བ་སྒྲོལ་བའི་ཐུགས་སོ། །དེ་ལྔ་དབྱེར་མེད་པ་ནི་སྐུ་ལྔ་ལྷུན་གྱིས་གྲུབ་པ་ཞེས་བྱའོ། །སྣང་སྲིད་མ་ལུས་པར་རྣམ་པར་དག་པའི་སྐུ་ནི་སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་ལ་བདག་ཉིད་ཀྱིས་དེའི་ཞལ་མཐོང་བ་ནི་འབྲས་བུ་དེ་ཉིད་ཐོབ་པའོ། །དེ་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། རང་བཞིན་གནས་པས་གཞན་ནས་འོང་བ་མེད། །ཞེན་པ་ལོག་པས་བདག་ཞལ་བདག་གིས་མཐོང་། །ཞེས་སོ། །ཞལ་མཐོང་བ་དེ་ལ་ཉེས་པ་དང་སྒྲིབ་པར་གྱུར་བས་སྒྲིབ་པ་ཡིན་ཏེ་སྒྲིབ་པ་དེ་ཞལ་མཐོང་ནས་དབང་བསྐུར་བས་སྒྲིབ་པ་དག་སྟེ་སངས་རྒྱས་ཀྱི་དགོངས་པའི་མཆོག་ཉིད་དམ་པ་ཐོབ་པ་ཡིན་ནོ། །གསུམ་པ་མཇུག་གི་དོན་ལ་གསུམ་སྟེ་བསྟན་བཅོས་བརྩམ་པའི་དགེ་བ་བསྔོ་བ་དང་། སློབ་དཔོན་གང་གིས་བརྩམ་པའི་མཛད་བྱང་། ལོ་པཎ་གང་གིས་བསྒྱུར་བའི་འགྱུར་བྱང་ངོ་། །དང་པོ་ནི། བསྒྲུབ་པའི་ཐབས་འདི་བསྡུས་པ་ཡིས། །བསོད་ནམས་བདག་གིས་གང་ཐོབ་པ། །དཔལ་ཆེན་ཀུན་བཟང་སྐུ་གསུང་ཐུགས། །སེམས་ཅན་ཀུན་གྱིས་ཐོབ་པར་ཤོག །ཅེས་ཁྲོ་བོ་སྒྲུབ་པའི་ཐབས་འདི་རྒྱུད་གསང་བ་སྙིང་པོ་ལས་བསྡུས་པ་ཡིན་ནོ། །དེ་ལྟར་བརྩམ་པ་ཡིས་བསོད་ནམས་སངས་རྒྱས་གསང་བ་བདག་གིས་གང་ཐོབ་པ་དེ་དགེ་བར་བསྔོ་སྟེ་གང་ཞེ་ན་བཅོམ་ལྡན་འདས་དཔལ་ཆེན་པོ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཡང་དག་པ་དེ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀུན་གྱིས་ཀྱང་ཐོབ་པར་ཤོག་ཅིག་ཅེས་སྨོན་ལམ་བཏབས་པའོ། །གཉིས་པ་ནི། དེ་ཁོ་ན་ཉིད་སྣང་བ་དམ་པ་རྒྱན་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས་སོ། །ཞེས་དེ་ཁོ་ན་ཉིད་ནི་དོན་དམ་པ་སྟེ་སྐུ་ལྔ་ལྷུན་གྲུབ་ཉིད་དཔལ་ཧེ་རུ་ཀའི་དོན་ཡིན་པའོ། །དེ་ཁོ་ན་གདུལ་བྱ་ལམ་པའི་དོན་དུ་སྐུར་སྣང་བའོ། །སྣང་བ་དེ་ཁོ་ན་མི་བསླུ་ངེས་པས་དོན་དམ་པ་ཡིན་ངེས་པའོ། །དེ་ནི་རྣལ་འབྱོར་པ་རྣམས་ཀྱི་རྒྱན་དུ་གྱུར་པ་སྟེ་སྒོམས་ན་ལེགས་པ་འབྱུང་ཞིང་མཛེས་པས་ན་རྒྱན་ནོ། །སློབ་དཔོན་སངས་རྒྱས་གསང་བ་ནི་མཛད་པ་པོའི་མཚན་དང་རྫོགས་སོ་ཞེས་པ་མཐར་ཕྱིན་པའི་དོན་ནོ། །གསུམ་པ་ནི། རྒྱ་གར་གྱི་པཎྜི་ཏ་སངས་རྒྱས་གསང་བ་དེ་ཉིད་དང་བོད་ཀྱི་ལོ་ཙཱ་བ་དགེ་སློང་བྲན་ཀ་མུ་རི་ཏ་དང་བྷས་མནྫུ་ཤྲི་ཝར་མས་བ སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སླར་སྨྲས་པ། འདི་ལྟར་འབད་པའི་དགེ་ཚོགས་རིན་ཆེན་རྡུལ། །གཅིག་ཏུ་སྤུངས་པའི་ལྷུན་པོ་བལྟར་མི་མངོན། །ཡེ་ཤེས་འོད་ཟེར་དྲྭ་བས་བརྒྱན་པ་ཡི། །བསྟན་བཅོས་ཆེན་པོའི་མཆན་ཊིག་བཀོད་པའི་མཐུས། །རྒྱལ་བསྟན་སྤྱི་དང་ངེས་གསང་སྙིང་པོ་ཡི། །བཤད་དང་སྒྲུབ་པ་དར་ཞིང་རྒྱས་པ་དང་། །རིམ་གཉིས་ལ་བརྩོན་རིག་འཛིན་བཞི་མཐར་ཕྱིན། །འགྲོ་ཀུན་ཧེ་རུ་ཀ་དཔལ་འཐོབ་ཕྱིར་བསྔོ། །ནག་པོའི་ཕྱོགས་འཇོམས་དཀར་པོའི་སྣང་བ་རྒྱས། །བསྟན ད་ང་བསྟན་འཛིན་དབུ་འཕང་རབ་མཐོ་ཞིང་། །ཕྱོགས་ལས་རྣམ་རྒྱལ་ལྷ་ཡི་རྔ་སྒྲ་ཡིས། །འཇིག་རྟེན་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་ཁྲོ་བོ་དམ་པ་རྒྱན་ལ་དབུས་གྲུ་སྨོན་ལམ་སེདྒེའི་མཆན་ཊིག་ལ་གཞི་བྱས་བསྡུས་དོན་རང་བློས་གང་དཔོག་བཀོད་དེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསལ་བར་བྱས་པའི་ལྷན་ཅིག་བྱེད་རྐྱེན་མགོ་ཚ་མཁན་གཞན་ཕན་བཟང་པོས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །མདྒ་ལཾ།། །།