Nitartha Digital Library
Tibetan
 
previousསྒྱུ་འཕྲུལ་ཞི་བ་རིན་ཆེན་དྲྭ་བའི་མཆན་འགྲེལ་མི་བསྐྱོད་རྡོ་རྗེའི་དགོངས་རྒྱན། ཆོས་ཀྱི་བློ་གྲོས། next

སྒྱུ་འཕྲུལ་ཞི་བ་རིན་ཆེན་དྲྭ་བའི་མཆན་འགྲེལ་མི་བསྐྱོད་རྡོ་རྗེའི་དགོངས་རྒྱན། ཆོས་ཀྱི་བློ་གྲོས།

སྒྱུ་འཕྲུལ་ཞི་བ་རིན་ཆེན་དྲྭ་བའི་མཆན་འགྲེལ་མི་བསྐྱོད་རྡོ་རྗེའི་དགོངས་རྒྱན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ས་ཏྭ་ཡེ། གཉིས་སུ་མི་ཕྱེད་རྡོ་རྗེའི་ཐུགས་ནི་ནམ་མཁའི་དབྱིངས་ལྟར་རབ་ཡངས་ཤིང་། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་གིས་ཆོས་ཀྱི་སྒྲ་དབྱངས་རྟག་ཏུ་སྒྲོགས། །སྒྱུ་འཕྲུལ་བདེ་ཆེན་རྡོ་རྗེའི་སྐུ་ནི་ལོངས་སྤྱོད་ཡོངས་རྫོགས་འཁོར་ལོར་ཤར། །དཔལ་ལྡན་བླ་མ་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའི་ཞབས་ལ་འདུད། །ལུང་བསྟན་རྡོ་རྗེ་ཀུ་ཀུ་རཱ་ཛ་དང་། །སྒེག་རྡོར་སངས་རྒྱས་གསང་བ་བི་མ་ལ། །གཉགས་ལོ་སོ་ཟུར་གནུབས་དང་སྒྲོ་ཕུག་སོགས། །སྒྱུ་འཕྲུལ་བརྒྱུད་པའི་བླ་མ་རྣམས་ལ་འདུད། །ཀུན་བཟང་རྡོ་རྗེ་འཆང་གི་སྔགས་རྒྱུད་ཆེའི། །ཡང་རྩེ་གཉིས་མེད་སྒྱུ་འཕྲུལ་དྲྭ་བ་ཡི། །བསྐྱེད་རིམ་རྩ་བ་ཞི་བ་རིན་ཕྲེང་གི། །མཆན་འགྲེལ་རིག་འཛིན་གྲུབ་པའི་གསུང་བཞིན་དབྱེ། །དེ་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་རྩ་བའམ་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས་དཔའ་གསང་བའི་སྙིང་པོའི་དཀྱིལ་འཁོར་གྱི་ལྷ་ཡི་མངོན་པར་རྟོགས་པ་ཞི་ཁྲོ་གཉིས་ལས་བདེ་གཤེགས་ཞི་བའི་ལྷ་སྔགས་རྒྱས་པར་བསྟན་པའི་ཞི་བ་རིན་ཆེན་དྲྭ་བ་ཞེས་པ་འདི་ཉིད་གང་ཞིག་རྡོ་རྗེ་ཐེག་པའི་བསྟན་པའི་ཤིང་རྟ་འཕགས་ཡུལ་པཎ་གྲུབ་རྒྱ་མཚོའི་གཙུག་རྒྱན་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་མཛད་པ་འདི་ལ་གསུམ་སྟེ། ཀླད་དང་། གཞུང་དང་། མཇུག་གོ། །དང་པོ་ཀླད་ལ་གསུམ་སྟེ། མཚན་དང་། ཕྱག་དང་། དམ་བཅའ་བའོ། །དང་པོ་ནི། ཞི་བ་རིན་ཆེན་དྲྭ་བ་ཞེས་བྱ་སྟེ། ཐུགས་ཆོས་ཉིད་ཀྱི་ངང་ལས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་རྟག་ཏུ་ཞི་བ་དེ་ཡི་ངང་ལས་རྡོ་རྗེ་སེམས་དཔའ་མི་བསྐྱོད་རྒྱལ་པོ་ལ་སོགས་པ་ལོངས་སྤྱོད་རྫོགས་པ་ཆེན་པོ་དང་སྤྲུལ་པའི་སྐུར་སྣང་བ་དེ་ནི་སྲིད་དང་ཞི་བར་ནོར་བུ་རིན་པོ་ཆེ་ལྟར་འབྱུང་བར་དཀོན་པ་སོགས་ཡོན་ཏན་དྲུག་དང་ལྡན་ཞིང་འཁོར་འདས་ཀྱི་དཔལ་ཡོན་ཐམས་ཅད་དེ་ལས་འབྱུང་བ་དང་། དེའང་ཕྱོགས་དུས་རེས་འགའ་བ་མ་ཡིན་པར་བརྟན་གཡོ་ཀུན་ལ་ཁྱབ་ཅིང་འབྲེལ་བས་དྲྭ་བའམ་ཡང་ན་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་གྱིས་ན་དྲྭ་བ་ཞེས་གསུངས་ལ་ཞེས་བྱ་བ་ནི་མཚན་དེ་སྐད་འདོགས་པ་དང་། དེ་ལྟར་མཚན་བསྟན་པའི་དགོས་པ་ནི་དབང་པོ་རབ་ཀྱིས་མཚན་བསྟན་པ་ཙམ་གྱིས་དབུ་ཞབས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད་པ་དང་། འབྲིང་ལ་མཚན་གྱི་དོན་བཤད་པས་དོན་གྱི་ཕྱོགས་ཙམ་ཁོང་དུ་ཆུད་པ་དང་། ཐ་མས་ཀྱང་སྨན་ལ་ཁ་བྱང་གདགས་པ་ལྟར་གླེགས་བམ་བཙལ་སླ་བའི་དགོས་པ་ཡོད་དོ། །གཉིས་པ་མཆོད་པར་བརྗོད་པའི་ཕྱག་ལ་ནི་གསུམ་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་དགོས་པའི་དོན་ལ་གསུམ་སྟེ། མན་ངག་རྩོམ་པ་ལ་བར་ཆད་ཀྱི་བགེགས་ཞི་བར་བྱ་བའི་དགོས་པ་དང་། ཡ་རབས་དམ་པ་དང་ཚུལ་བསྟུན་པའི་སྒོ་ནས་དད་པའི་རྒྱུར་འགྱུར་བའི་དགོས་པ་དང་། ཡི་དམ་གྱི་ལྷ་མི་གཡེལ་བའི་དགོས་པ་ཡོད་པའོ། །གཉིས་པ་བསྡུས་པའི་དོན་ནི་བཞི་སྟེ། ཡུལ་གང་ལ་འཚལ། གང་ཟག་གང་གིས་འཚལ། ཚུལ་ལམ་ཐབས་ཇི་ལྟར་འཚལ། འཚལ་བ་ལ་དོན་ཆེད་ཅི་ཡོད་དོ། །དེ་ལ་ཡུལ་གང་ལ་ཞེ་ན། དཔལ་ཀུན་ཏུ་བཟང་པོ་རྒྱལ་བ་དྲུག་པ་ལའོ། །གང་ཟག་གང་གིས་ན་སྔོན་བྱུང་དུ་སློབ་དཔོན་སངས་རྒྱས་གསང་བའོ། །རྗེས་འཇུག་ཏུ་བཤད་པ་པོ་རྣམས་ཀྱིས་སོ། །ཚུལ་ལམ་ཐབས་ནི་ལུས་གུས་པ་དང་ངག་སྙན་པ་དང་སེམས་དད་པ་དང་བཅས་ནས་བཙལ་བའོ། །བཙལ་བའི་དགོས་ཆེད་ནི་དོན་གྱི་ཕྱག་བཙལ་བས་རིག་པ་ཉིད་ཀུན་ཏུ་བཟང་པོར་རྟོགས་པའོ། །ཚིག་གི་ཕྱག་བཙལ་བས་མཆོག་དང་ཐུན་མོང་གི་རྒྱུར་འགྱུར་བའི་དོན་ནོ། །གསུམ་པ་ཚིག་གི་དོན་ནི། དེ་བཞིན་གཤེགས་པ་ཀུན་གྱི་བདག །ཡེ་ཤེས་རྒྱ་མཚོ་རབ་ཟབ་ཐུགས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །རྡོ་རྗེ་ཡིད་ལ་ཕྱག་འཚལ་ཏེ། །ཞེས་སོ། །འདི་ལ་གཉིས་ཏེ་རྒྱུད་དང་དཀྱིལ་འཁོར་གྱི་བདག་པོ་ངོས་བཟུང་བ་དང་། དེའི་ཆེ་བ་ལ་སྐུ་ལྔ་ལྷུན་གྲུབ་ཏུ་བསྟན་པའོ། །དང་པོ་རྒྱུད་དང་དཀྱིལ་འཁོར་གྱི་བདག་པོ་ངོས་བཟུང་བ་ལ་གསུམ་སྟེ། རང་བཞིན་དང་། དགོངས་སྤྱོད་དང་། ངོ་བོའོ། །དེ་དག་ནི་རིམ་པ་བཞིན་དུ་ཚིག་རྐང་སྔ་མ་གཅིག་དང་། དེ་ནས་རྐང་པ་གཉིས་དང་། ཕྱི་མ་ནི་ཚིག་རྐང་བཞི་པས་སྟོན་ལ། གཉིས་པ་དེའི་ཆེ་བ་སྐུ་ལྔ་ནི་ཚིག་རྐང་དང་པོས་ཆོས་སྐུ་དང་། ཡེ་ཤེས་རྒྱ་མཚོ་སོགས་ཀྱིས་ལོངས་སྐུ་དང་། ཐུགས་ཀྱིས་མངོན་པར་བྱང་ཆུབ་པའི་སྐུ་དང་། གཏེར་གྱིས་མི་འགྱུར་རྡོ་རྗེའི་སྐུ་དང་། དཀྱིལ་འཁོར་གྱིས་སྤྲུལ་པའི་སྐུ་སྟོན་པའོ། །ཚིག་དོན་དངོས་ནི། དེ་མ་ནོར་བཞིན་མ་བཅོས། དེའི་ངང་དུ་གཤེགས་པ་ནི་གཉིས་ཏེ། གྲོལ་ལམ་དུ་གཤེགས་པ་དང་། ཐབས་ལམ་དུ་གཤེགས་པའོ། །གྲོལ་ལམ་ནི་རང་བྱུང་ཡེ་ཤེས་སྐུ་ཉམས་སུ་བསྟར་བའོ། །ཐབས་ལམ་དུ་གཤེགས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུ་ཉམས་སུ་བསྟར་བའོ། །ཀུན་གྱི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཕྱིར་བསྡུས་པའོ། །བདག་ནི་ཆོས་ཉིད་ཡེ་ནས་མ་བཅོས་མ་བསླད་པའི་དོན་ཇི་ལྟ་བར་རང་གིས་མངོན་སུམ་དུ་བྱས་པ་ནི་དཔལ་ཀུན་ཏུ་བཟང་པོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྒྱལ་བ་དྲུག་པ་སྟེ། དངོས་སུ་མཉམ་པ་ཉིད་ཀྱི་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པའོ། །ཡེ་ཤེས་ནི་གཉིས་ཏེ། གྲོལ་ལམ་རང་བྱུང་གི་ཡེ་ཤེས་ཆེན་པོ་དང་། ཐབས་ལམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་གཉིས་ཇི་ལྟར་བར་རྟོགས་པས་ན་ཡེ་ཤེས་སོ། །དེའི་དཔེ་ནི་རྒྱ་མཚོ་སྟེ་གཏིང་དཔག་པར་དཀའ་བས་ཟབ་པའོ། །དེ་དང་ཀུན་བཟང་གི་ཐུགས་འདྲ་བས་ན་ཐུགས་སོ། །དེ་བས་ན་དེ་བཞིན་གཤེགས་པའི་ཐུགས་རང་བྱུང་གི་ཡེ་ཤེས་ནི་རབ་ཏུ་ཟབ་པའི་ཕྱིར་གདུལ་བྱས་དཔག་པར་དཀའ་བ་ནི་དཔེ་རྒྱ་མཚོ་ལྟ་བུའོ། དེ་ནི་ལོངས་སྤྱོད་རྫོགས་སྐུ་འབྱུང་ངོ་། །ཐུགས་ཡང་དག་པའི་ཡེ་ཤེས་དེ་ལས་མ་གཡོས་པར་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་མ་ལུས་མ་བཙལ་བར་གདུལ་བྱ་ཡི་སྣང་བ་ལ་འབྱུང་བ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དང་འདྲའོ། །དེ་ཡང་ཟད་མི་ཤེས་ཤིང་འདོད་དགུར་འབྱུང་བ་ནི་སྤྲུལ་པའི་སྐུའོ། །ཆོས་ཉིད་འདུས་མ་བྱས་པ་ཡིན་པས་ཐམས་ཅད་དུ་སྣང་བ་ནི་མ་བཙལ་བའི་ཕྱིར་ན་རྡོ་རྗེ་ཡིད་དོ། །དེ་ཡང་རྡོ་རྗེ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ་དལ་གྱི་གཙོ་བོའོ། །ཡིད་ནི་ཀུན་ཏུ་བཟང་པོ་སྟེ་རྒྱུད་ཀྱི་སྟོན་པའོ། །ལ་ནི་གཞི་སྟེ་དེ་གཉིས་ཡུལ་དུ་བྱས་པའོ། །ཕྱག་ནི་དོན་དང་ཚིག་ཏུ་བཙལ་བའོ། །སྟེ་ནི་ལྷག་མ་ཅན་གྱི་ཚིག་སྟེ། རྒྱུད་ཀྱི་དོན་བསྡུས་སྙིང་པོ་ཙམ་ཞིག་བཤད་པར་དམ་བཅའ་བ་དང་འབྲེལ་བ་ཡིན་ནོ། །གསུམ་པ་བཤད་པར་དམ་བཅའ་བ་ལ་གསུམ་སྟེ། དགོས་པའི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་ནོ། །དགོས་པའི་དོན་ནི་དམ་བཅས་པས་གདུལ་བྱ་ཡལ་བར་མི་འདོར་བ་དང་། བསྟན་ཆོས་རྩོམ་པ་མཐར་ཕྱིན་པའི་དགོས་པ་ཡོད་དོ། །བསྡུས་པའི་དོན་ནི་གང་གིས་བཤད། གང་བཤད། ཚུལ་ལམ་ཐབས་ཇི་ལྟར་བཤད། བཤད་པའི་དགོས་པ་ཅི་ཡོད་པའོ། །དེ་ཡང་གང་གིས་བཤད་ན་སངས་རྒྱས་གསང་བས་བཤད་དོ། །གང་བཤད་ན་ཞི་བ་རིན་ཆེན་དྲྭ་བའོ། །ཚུལ་ལམ་ཐབས་ནི་ཕྱག་འཚལ་ནས་བཤད་པར་དམ་བཅའ་བའོ། །དགོས་པ་ནི་བདེ་བར་གཤེགས་པའི་སྙིང་པོ་མ་རིག་པར་རང་གི་རྣམ་རྟོག་གིས་བཅིངས་པའི་སེམས་ཅན་རྣམས་རང་བྱུང་གི་ཡེ་ཤེས་ཆེན་པོ་རྒྱུད་ལ་བསྐྱེད་པའི་དགོས་པ་ཡོད། ཚིག་གི་དོན་ནི། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། རང་གི་རྣམ་རྟོག་ལས་ཀྱིས་བཅིངས། །རང་བྱུང་ཡེ་ཤེས་བསྐྱེད་པའི་ཕྱིར། །རྒྱུད་ཀྱི་དོན་བསྡུས་སྙིང་པོ་བརྩམ། །ཞེས་པ་སྟེ། ཨེ་མའོ་ནི་ངོམ་ཞིང་ངོ་མཚར་བ་སྟེ་ངོ་གང་ལ་མཚར་ན་སེམས་ཅན་གྱི་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོར་གནས་པ་དེ་མ་རྟོགས་པར་གནས་པ་དེ་ལ་ངོ་མཚར་བའོ། །དེ་བས་ན་ཁམས་གསུམ་ན་གནས་པའི་སེམས་ཅན་ལ་སྙིང་པོ་བྱང་ཆུབ་ཀྱི་སེམས་རང་ལ་རང་ཆས་སུ་ཡོད་ཀྱང་ངེས་པའི་ཤེས་པ་མ་སྐྱེས་པའི་ཕྱིར་དེ་ལས་འཁྲུལ་པ་ནི་ངོ་མཚར་ཏེ། སྙིང་པོ་བྱང་ཆུབ་ཀྱི་སེམས་མ་རྟོགས་པ་ཉིད་འཁོར་བར་བརྒྱུད་པའི་རྒྱུར་གྱུར་པའོ། །ཞེས་འདིས་ནི་གཞི་རིག་པའི་གནས་ཐབས་བསྟན་ལ། བརྒྱུད་པའི་རྒྱུར་གྱུར་པ་དེ་ཁོ་ན་རང་གི་རྣམ་རྟོག་སྟེ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་ཀྱང་བྱའོ། །རྒྱུ་དེ་ལ་རྐྱེན་ནི་ལས་དང་ཉོན་མོངས་པ་གཉིས་ཀྱི་དབང་གིས་རང་གི་རྒྱུད་བཅིངས་ནས་འབྲས་བུ་འགྲོ་བ་རིགས་དྲུག་གི་རྟོག་པས་བཅིངས་ཏེ་ཐར་པའི་དུས་མེད་དོ་ཞེས་ལམ་རྐྱེན་གྱིས་འཁྲུལ་པ་བསྟན། འགྲོ་དྲུག་ནས་ཐར་དུས་མེད་པ་དེ་ལྟ་བུ་ལ་རང་བྱུང་ཡེ་ཤེས་ཀྱི་སྣང་བ་སྔར་མ་སྐྱེས་པ་དེ་བསྐྱེད་པ་སྟེ་བསྐྱེད་པའི་ཕྱིར་སློབ་དཔོན་སངས་རྒྱས་གསང་བས་རྒྱུད་གསང་བ་སྙིང་པོའི་དོན་བསྡུས་ནས་རྩོམ་པའོ་ཞེས་འབྲས་བུའི་ཡེ་ཤེས་བསྐྱེད་ཐབས་བསྟན་ལ། ཇི་ལྟར་རྩོམ་ན་རྒྱུད་ཀྱི་དོན་ཞེས་སྦྱར་ཏེ་རྒྱུད་ནི་དཔལ་གསང་བའི་སྙིང་པོ་ལ་དེ་ཉིད་ཀྱི་དོན་ནི་བདུན་ཏེ། ལྟ་བ་དང་། སྤྱོད་པ་དང་། དབང་དང་། དམ་ཚིག་དང་། འཕྲིན་ལས་དང་། སྒྲུབ་པ་དང་། དལ་དང་། བདུན་གྱི་དོན་མན་ངག་འདིར་བསྡུས་པས་ན་མན་ངག་གི་སྙིང་པོ་ལྟ་བུའོ། །དེ་བས་ན་རྒྱུད་དོན་གྱི་མན་ངག་འདིར་བསྡུས་ནས་སྙིང་པོ་བརྩམས་སོ་ཞེས་རང་བཟོ་སྤངས་པའི་ཕྱིར་བསྡུས་པའི་རྒྱུད་ཀྱི་ཁུངས་བསྟན་པའོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། དང་པོ་སྔོན་དུ་བྱ་བའི་ལས་དང་། བར་དུ་ཏིང་ངེ་འཛིན་སྒོམ་པ་དང་། ཐ་མར་ཚོགས་སྒྲུབ་པའོ། །དང་པོ་སྔོན་དུ་བྱ་བའི་ལས་ལ་དྲུག་སྟེ། སྦྱིན་པའི་སྣོད་དང་། སྣོད་ངན་ལ་བྱིན་པའི་སྐྱོན་དང་། མཉམ་པའི་དམ་ཚིག་བསྲུང་བ་དང་། དངོས་གྲུབ་སེམས་ཡིན་པས་ལོགས་ན་མེད་པ་དང་། མཉམ་བཞག་བསྒོམས་པ་ལས་འབྲས་བུ་འབྱུང་བ་དཔེས་བསྟན་པ་དང་། བསྒོམ་པའི་གནས་བསྟན་པའོ། །དང་པོ་ནི། ཐོས་བསམ་བསྒོམས་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་བཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་གསུངས་ཏེ་གཞི་རིག་པའི་གནས་ཐབས་བསྟན་པ་ནི་སོ་སོ་སྐྱེ་བོ་རིག་པའི་རྩལ་སྦྱོང་ན་ཤེས་རབ་རྣམ་པ་གསུང་ནི་སྒྲ་དང་དོན་ཡུལ་དུ་བྱས་པ་ལས་སྐྱེ་བ་ཡིན་ཏེ། དེ་ཡང་སྒྲ་ཡུལ་དུ་བྱས་པ་ལས་ཐོས་པའི་ཤེས་རབ་སྐྱེ་བ་དང་། སྒྲ་དོན་གཉིས་ཀ་ཡུལ་དུ་བྱས་པ་ལས་བསམ་པའི་ཤེས་རབ་སྐྱེ་བ་དང་། སྒྲ་སྤངས་ནས་དོན་འབའ་ཞིག་ཡུལ་དུ་བྱས་པ་ལས་སྒོོམ་པའི་ཤེས་རབ་སྐྱེའོ། །དེའི་དུས་སུ་སྣོད་ཀྱི་སྐྱོན་བཞི་སྤངས་ཏེ། སྣོད་ཁ་སྦུབ་དང་། གཞོག་རལ་དང་། ཞབས་རྡོལ་དང་། དུག་ཅན་ནོ། །དེ་བས་ན་དང་པོ་ཐོས་པའི་ཤེས་རབ། བར་དུ་བསམ་པའི་ཤེས་རབ། ཐ་མར་སྒོམ་པའི་ཤེས་རབ་སྟེ་ཐོས་བསམ་སྒོམ་གསུམ་ལ་བློ་རབ་ཏུ་སྦྱངས་པའི་ཞེས་པའོ། །སྔོན་དུ་ཐེག་པ་འོག་མ་ལ་བློ་སྦྱང་བར་བསྟན་པ་ནི་དེ་ལྟར་ཤེས་རབ་གསུ མ་གྱིས་ཐུན་མོང་གི་ཐེག་པ་ལ་ཚེ་སྔ་མའམ་སྔོན་དུ་བློ་སྦྱངས་བས་དུས་ད་ལྟ་ཤེས་རབ་ཀྱི་མིག་དང་ལྡན་པའམ་བློ་མཆོག་ཏུ་གྱུར་པ་དེ་ལྟ་བུའི་གང་ཟག་རྣམས་ཀྱིས་འདི་ཟུང་ཞིག །དེ་མ་ཡིན་པའི་གཞན་སྦྱངས་པ་སྔོན་དུ་མ་སོང་བ་དང་ཤེས་རབ་དང་མི་ལྡན་པ་རྣམས་ཀྱིས་འདིའི་དོན་མི་རྟོགས་པའོ། །དེ་བས་ན་སྣོད་ལྡན་ངང་ཚུལ་བཟང་ལ་བསྟན་ཞེས་བྱའོ། །དེ་རྣམས་ནི་སྦྱངས་པའི་ཡོན་ཏན་ནོ། །སྦྱངས་པ་ཅན་གྱི་གང་ཟག་དེ་ཉིད་སྣོད་དང་ལྡན་པར་བསྟན་པ་ནི། དེ་ལྟར་སྣོད་དང་ལྡན་པར་གྱུར་པ་དེ་ནི་ངང་རིང་བ་ཆུ་བོའི་རྒྱུན་ལྟ་བུ་སྟེ་བཟོད་པ་ཁྱད་པར་ཅན་ཐོབ་པ་དང་། ཚུལ་ཞི་བ་དགེ་སློང་གསར་པ་ལྟ་བུ་སྟེ་ཐོ་ཅོ་དང་བབ་ཅོལ་གྱི་སྤྱོད་པ་སྤངས་པ་དང་། རང་བཞིན་གྱིས་བཟང་བ་ཉི་མ་ལྟ་བུ་སྟེ་སེམས་ཅན་ལ་སྙིང་རྗེ་ཆེན་པོ་དང་ལྡན་པས་ཕྱོགས་སུ་འཛིན་པ་ཐམས་ཅད་སྤངས་པ་དང་། རིགས་བརྟན་པས་རི་བོ་ལྟ་བུ་སྟེ་གསང་བའི་ཐེག་པའི་སྒོར་ཞུགས་ནས་ཕྱིས་ཐེག་པ་དམན་པ་ལ་མི་ལྡོག་པ་དེ་ལྟ་བུ་ལ་ཆོས་བསྟན་པར་བྱའོ། །དེ་རྣམས་ནི་རང་བཞིན་གྱི་ཡོན་ཏན་ཡིན་ནོ། །སྤྱིར་ན་བླ་མ་མཉེས་པའི་ཡོ་བྱད་གསུམ་སྟེ། རབ་ཤེས་རབ་ཀྱིས་མཉེས་པ་དང་། འབྲིང་ལུས་ཀྱིས་མཉེས་པ་དང་། ཐ་མ་ལོངས་སྤྱོད་ཀྱིས་མཉེས་པའོ། །རབ་ནི་ཐེག་པ་འོག་མ་པ་ལ་བློ་སྦྱངས་པས་ཤེས་རབ་ཀྱི་སྤྱན་དང་ལྡན་པའོ། །འབྲིང་ནི་བླ་མ་ལ་ལུས་སྲོག་འབུལ་བའོ། །ཐ་མ་ནི་བླ་མ་ལ་ནོར་འབུལ་བའོ། །མདོར་ན་མཆེད་ལྕམ་དང་སློབ་དཔོན་གྱི་དོན་དུ་རང་གི་ལུས་དང་ལོངས་སྤྱོད་གཏོང་ནུས་པ་སྟེ། དེ་ལྟ་བུའི་གང་ཟག་ལ་མན་ངག་འདི་སྦྱིན་ནོ། །དེས་ཀྱང་བླ་མ་མཉེས་པའི་ཡོན་འབུལ་ལོ། །གཉིས་པ་ནི། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩོན་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་གསུངས་ཏེ་འདིར་ཚིག་རྐང་དང་པོས་དབང་སྒོ་ཡོན་གྱིས་འབྱེད་པ་དང་། གཉིས་པས་ཆོས་སྒོ་དབང་གིས་འབྱེད་པ་དང་། གསུམ་པས་དབང་རིམ་པར་ནོད་པ་དང་། བཞི་པས་དེ་རྣམས་མ་བྱས་ན་སྐྱོན་ཆེ་བར་བསྟན་པ་རྣམས་རིམ་པ་བཞིན་དུ་ཕྱིར་སློབ་དཔོན་ལ་དྲུག་སྟེ་སྤྱིའི་སློབ་དཔོན་དང་། འདྲེན་པའི་སློབ་དཔོན་དང་། དབང་བསྐུར་བའི་སློབ་དཔོན་དང་། །ཉམས་ཆག་སྐོང་བའི་སློབ་དཔོན་དང་། །ཤེས་རྒྱུད་འགྲོལ་བའི་སློབ་དཔོན་དང་། །མན་ངག་ལུང་གི་སློབ་དཔོན་ལས་འདིར་རྡོ་རྗེ་སློབ་དཔོན་དེ་ལ་རྡོ་རྗེ་སློབ་དཔོན་གྱི་ལུས་ངག་ཡིད་གསུམ་རྫས་དང་ཡོ་བྱད་ཤེས་རབ་རྣམ་པ་གསུམ་གྱིས་མཉེས་པར་མ་བྱས་ཤིང་། དབང་རྣམས་ནི་དབང་བཅོ་བརྒྱད་དེ་ཕྱིའི་དབང་བཅུ་ནི་ཕན་དབང་དང་། ནང་དབང་ནི་ནུས་པའི་དབང་ལྔ་དང་། གསང་བའི་དབང་ནི་ཟབ་མོའི་དབང་གསུམ་སྟེ་དབང་བཅོ་བརྒྱད་པོ་རིམ་པར་ཐོབ་པར་མ་བྱས་ན་དབང་མ་ཐོབ་པར་གསང་བ་བླ་ན་མེད་པའི་དོན་ལ་ཉན་པ་དང་འཆད་པ་དང་འཕྲིན་ལས་དང་བསྒོམ་བསྒྲུབ་དང་། གཞན་གྱི་སློབ་དཔོན་བྱེད་པ་ལ་སོགས་པར་བརྩོན་པ་རྣམས་ནི་གསང་སྔགས་ལ་རས་ཆོད་དང་གཟུ་ལུམས་སུ་འགྲོ་བས་དབང་ཐོབ་པ་ཅེས་ཀྱང་རབ་ཏུ་གཅེས་པར་གདམས་པའོ། །གཞན་དུ་དང་པོར་བླ་མ་མཉེས་པར་མ་བྱས། བར་དུ་དབང་མ་མནོས། ཐ་མར་རས་ཆོད་དང་གཟུ་ལུམ་སུ་བྱས་པས་ནི་ཚེ་འདིར་བྱས་པ་རྣམས་ནི་འབྲས་བུ་མེད་ཅིང་ཕྱི་མ་ལ་བྱས་པ་ཆུད་ཟོས་ཏེ་བཀའ་བཞིན་དུ་མ་སྤྱད་པས་འབྲས་བུ་ངན་སོང་དུ་སྐྱེ་ཞིང་བརླག་པར་འགྱུར་བས་ན་བདེ་གཤེགས་སྙིང་པོ་འཁོར་བར་གནས་པར་འགྱུར་བའོ། །དེ་བས་ན་ཤིན་ཏུ་སྐྱོན་ཆེ་བར་བསྟན་པའོ། །དེ་ལྟར་སྐྱོན་ཆེ་བ་དེ་བས་ན་འབྲས་བུ་ཆོས་སྐུ་ཐོབ་བར་འདོད་རྐྱེན་བསྒོམ་བསྒྲུབ་ལ་རགས་ལས། །དེ་ཆོས་སྒོ་ལ་རགས་ལས་ཆོས་སྒོ་དབང་གིས་འབྱེད་དབང་སྒོ་ཡོན་གྱིས་བསླུ་བས་ན། དང་པོ་སློབ་དཔོན་མཉེས་པར་བྱ་དེ་མཉེས་ན་དབང་ཐོབ་དབང་ཐོབ་ནས་ཉན་བཤད་མཐར་དབྱུང་དེ་མཐར་ཕྱིན་པས་འབྲས་བུ་མཆོག་དང་ཐུན་མོང་འགྲུབ་པར་འགྱུར་རོ། །དེས་ན། སློབ་དཔོན་མཉེས་པར་རབ་བྱས་ནས། །དབང་རྣམས་ཐོབ་པར་གྱུར་པ་ནི། །ཉན་པ་ལ་སོགས་བརྩམས་པ་རྣམས། །མཆོག་དང་ཐུན་མོང་འབྲས་བུ་འགྲུབ། ། ཅེས་སོ། །གསུམ་པ་ནི། མཉམ་ལ་མཉམ་པར་སྦྱོར་བ་ཡིས། །མཉམ་པའི་དམ་ཚིག་ལ་གནས་བསྔགས། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །འདས་ན་སངས་རྒྱས་མ་ཡིན་ནོ། །ཞེས་པས་བསྟན། མཉམ་པའི་དོན་ལ་གསུམ་སྟེ་དོན་དམ་པར་མ་སྐྱེས་པར་མཉམ་པ་དང་ཀུན་རྫོབ་སྒྱུ་མར་མཉམ་པ་དང་དོན་དམ་ཀུན་རྫོབ་དབྱེར་མེད་དུ་མཉམ་པའོ། །དང་པོ་ནི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་ཏེ་ཐོག་མ་ནས་ཆོས་ཐམས་ཅད་མ་སྐྱེས་པར་མཉམ་པའོ། །གཉིས་པ་ནི་ཀུན་རྫོབ་ཏུ་ཕུང་པོ་ལྔ་རིགས་ལྔ་མཉམ། འབྱུང་བ་ལྔ་ཡུམ་ལྔར་མཉམ། རྣམ་པར་ཤེས་པའི་ཚོགས་བརྒྱད་སེམས་དཔའ་སེམས་མར་མཉམ། ལུས་ཀྱི་རེག་བྱ་བཞི་སྒོ་བར་མཉམ། ཉོན་མོངས་པ་དྲུག་ཐུབ་པར་མཉམ་པའོ། །གསུམ་པ་ནི་ཀུན་རྫོབ་དོན་དམ་ངོ་བོ་གཅིག་པར་མཉམ་པར་སྦྱོར་བ་སྟེ་ལྟ་བ་བདེན་པ་དབྱེར་མེད། རིག་པ་སྤྱོད་ཡུལ་དང་བྲལ་བ། སྐོར་བདུན་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་ནས་གནས་སོ། །དེ་ཡིས་མཉམ་པའི་ངོ་བོ་བསྟན་པའོ། །དེ་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་རང་བཞིན་ལས་མི་འདའ་བར་དུས་གསུམ་དུ་གནས་ན་རང་བཞིན་ལྟ་བའི་དམ་ཚིག་སྟེ་འབྲས་བུ་དེ་ཉིད་མངོན་དུ་བྱེད་པར་བསྔགས་སོ། །དེ་ཡང་གསལ་བཀྲ་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་ལྟ་བ་དམ་ཚིག་ཡིན། །ཞེས་སོ། །དེའི་མཉམ་པའི་དགོས་པ་བསྟན་ནོ། །དོན་དམ་སྐྱེ་མེད་དུ་མཉམ་ཀུན་རྫོབ་སྒྱུ་མར་མཉམ་དེ་གཉིས་དབྱེར་མེད་དུ་མཉམ་པར་རྫོགས་པ་དེ་ལ་ནི་ཆེན་པོ་ཞེས་བྱ་སྟེ། དེ་ལྟ་བུའི་མཉམ་རྫོགས་ཆེན་པོའི་ལྟ་བ་ལ་གནས་ན་རྟེན་གྱི་གང་ཟག་གིས་ཚེ་འདི་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ཐོབ་པར་འགྱུར་རོ་ཞེས་མཉམ་པའི་ཡོན་ཏན་བསྟན་པའོ། །དེ་ལྟ་བུའི་དམ་ཚིག་ལས་འདས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་ནོ་ཞེས་བྱ་སྟེ་ཆོས་ཐམས་ཅད་མཉམ་པ་ཆེན་པོར་མ་ཤེས་ཏེ་ཐེག་པ་འོག་མ་ལྟར་དོན་དམ་ཀུན་རྫོབ་ཐ་དད་དུ་མར་འཛིན་པ་ནི་དེ་ལས་འདས་པའོ། །དེ་བས་ན་ཐ་དད་ཀྱི་གཉིས་འཛིན་གྱིས་སངས་རྒྱས་ཐོབ་པར་མི་འགྱུར་རོ་ཞེས་མཉམ་པ་མ་རྟོགས་པའི་སྐྱོན་བསྟན་པའོ། །དེས་ན་མཉམ་པ་ཆེན་པོའི་ལྟ་བས་ཐག་ཆོད་པ་བྱ་བ་གལ་ཆེའོ། །བཞི་པ་ནི། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྟོགས་ན་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་གསུངས། དེ་ལ་གནས་གང་ནས་བཙལ་ན་དུས་དང་ཕྱོགས་ཀུན་ནས་ཏེ། དེ་ཡང་དུས་བཞི་ནི་རྒྱུ་རྐྱེན་འཚོགས་ནས་འབྲས་བུ་སྤྱད་ཟིན་པ་ནི་འདས་པའི་དུས། རྒྱུ་རྐྱེན་འཚོགས་པ་ལས་འབྲས་བུ་མ་སྤྱད་པ་ནི་ད་ལྟ་བ། རྒྱུ་ཙམ་ཡོད་པ་ནི་འབྱུང་བར་མ་ངེས་པའི་དུས། རྒྱུ་རྐྱེན་གང་ཡང་མ་འཚོགས་པ་ནི་མ་འོངས་པའི་དུས་སོ། །ཕྱོགས་བཅུ་ནི་གནས་པ་རང་བཞིན་གྱི་ཕྱོགས་བཅུ་དང་། སྒྲུབ་པ་པོ་དམིགས་པས་བཟུང་བའི་ཕྱོགས་བཅུའོ། །དེ་ལྟར་ཕྱོགས་དང་དུས་ཀྱིས་བསྡུས་པ་གང་ནས་ཀྱང་ངོ་བོ་གང་བཙལ་ན་རྫོགས་པའི་སངས་རྒྱས་ཏེ་དེ་ཉིད་གཞན་ནས་བཙལ་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཞིག་མི་རྙེད་དོ། །དེས་ན་གང་ལས་བཙལ་ཞེ་ན་རང་གི་སེམས་ལས་བཙལ་ལོ། །བཙལ་བའི་ཐབས་ཇི་ལྟར་བཙལ་ན་རང་གི་སེམས་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་ནི་ཡེ་ནས་འབྲས་བུ་ཆོས་ཀྱི་སྐུའི་ངོ་བོ་ཡིན་ཏེ་དེའི་དོན་རྟོགས་པ་མངོན་དུ་གྱུར་པ་ལ་འབྲས་བུ་ཐོབ་ཅེས་གདགས་ཀྱིས་དེ་ལས་གཞན་དུ་སངས་རྒྱས་མ་ཚོལ་ཅིག །མཉམ་པ་མ་རྟོགས་པའི་སྐྱོན་ནི་རང་རིག་པ་དེ་ལས་མ་གཏོགས་པ་མེད་པ་ལ་རིག་པ་དེ་ལས་སངས་རྒྱས་གཞན་དུ་ཚོལ་ན་ནི་རྒྱ་མཚོའི་ངོས་ནས་སོང་སྟེ་སྨིག་རྒྱུའི་ཆུ་ལ་བསྙེགས་པ་དང་འདྲའོ། །དེ་མི་རྙེད་པའི་ཕྱིར་ན་དེ་ལས་མ་གཏོགས་པ་མེད་པས་མ་ཚོལ་ཅིག་ཅེས་གདམས་སོ། །ལྔ་པ་ནི། གང་ཞིག་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་ཏེ། དཔེར་ན་གླང་པོ་ཆེ་སྨྱོན་པ་འདུལ་བའི་དུས་ན། སྐྱེས་བུ་གོས་དམར་པོ་གྱོན་དབྱངས་སྙན་པ་བླངས་ནས་ལག་པ་གཡོན་དུ་སྤོས་དུད་ཐོགས་གཡས་སུ་ལྕགས་ཀྱུ་ཐོགས་ནས་གླང་ཁྲིད་དེ་རྩར་བྱུང་ཙ་ན་ལྕགས་ཀྱུས་གླང་སྣ་ནས་བཟུང་ནས་འབྲས་ཆང་བླུད་པས་གླང་མྱོས་པ་ལ་དམག་མང་པོ་བཞོན་ནས་བཏུལ་ཏེ། དེ་ཐུལ་ཙམ་ན་གཞན་གྱི་དམག་དཔུང་འཇོམས་པའོ། །དཔེ་དེ་བཞིན་དུ་རྣལ་འབྱོར་པ་གང་ཞིག་གི་འཁྲུལ་པའི་སེམས་ནི་གླང་པོ་ཆེ་སྨྱོན་པ་དང་འདྲ་བ་དེ་འདུལ་ཐབས་ནི། སྔགས་དང་ཕྱག་རྒྱས་མཉམ་པར་བཞག །ཅེས་པ་ལྟར་བླ་མ་དམ་པའི་གདམས་ངག་ལྕགས་ཀྱུ་དང་འདྲ་བས་བཟུང་ནས་ཆོས་ཉིད་རྣམ་པར་མི་རྟོག་པའི་ངང་ལ་བློ་མཉམ་པར་བཞག་པ་དང་། གཟུང་འཛིན་གྱི་རྣམ་པར་རྟོག་པ་དེ་དག་བཏུལ་ནས་སུ་སེམས་དང་ཡེ་ཤེས་ཀྱི་ཕྱག་རྒྱས་ཐམས་ཅད་དུ་སྣང་བར་འགྱུར་རོ། །དེ་ཡང་རྒྱུ་མ་ནོར་བ་རྩ་བའི་སྔགས་ཀྱིས་བསྐྱེད་པའི་རྒྱུ་བྱེད། བསྐྱེད་པ་རྐྱེན་གྱི་སྔགས་ཀྱིས་གསལ་བར་བྱེད་པ་དང་། བཟླས་པ་ལས་ཀྱི་སྔགས་ཀྱིས་བརྟན་པར་བྱེད་པའོ། །སྔགས་དེ་གསུམ་གྱིས་ལྷའི་སྐུ་གསལ་བ་དེ་ལ་ནི་ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པ་ཞེས་པ་སྟེ་དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་དང་། ཆོས་ཀྱི་དང་། སྐུ་ཕྱག་ཆེན་པོ་རབ་ཏུ་བརྟན་ན་ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་དང་། ཡ་མཚན་ཆེན་པོ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར་རོ། །དྲུག་པ་ནི། དགོན་པ་ཆེན་པོའི་ས་ཕྱོགས་སུ། །ཙན་དན་ནགས་དང་མེ་ཏོག་ཚལ། །ཡིད་འོང་བཀྲ་ཤིས་ཉམས་དགའ་བའི། །བདག་དབང་བར་ཆད་མེད་པའི་གནས། །ཞེས་པས་བསྟན། སྤྱིར་གནས་ལ་གསུམ་སྟེ་ཕྱིའི་གནས་དང་། ནང་གི་གནས་དང་། གསང་བའི་གནས་སོ། །ཕྱིའི་གནས་ལ་གཉིས་ཏེ་ཚུལ་ཤིས་པའི་གནས་དང་ཚུལ་དང་མཐུན་པའི་གནས་སོ། །ཚུལ་ཤིས་པའི་གནས་ནི་གསུམ་སྟེ་དང་པོ་བདེ་བར་གཤེགས་པའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་རྒྱ་གར་རྡོ་རྗེ་གདན་དང་རི་མ་ལ་ཡ་དང་འཕགས་པ་ཤིང་ཀུན་ལ་སོགས་པ་ལྟ་བུའོ། །གཉིས་པ་ནི། དང་པོ་གྲུབ་པ་ཐོབ་པས་བཀྲ་ཤིས་པའི་གནས་ནི་ལི་ཡུལ་ལྕང་ར་སྨུག་པོའམ། སྤ་གྲོ་སྟག་ཚང་ངམ། ལྷོ་བྲག་མཁར་ཆུ་ལྟ་བུའོ། །དེ་ལྟ་བུ་རྣལ་འབྱོར་པས་གྲུབ་པ་ཐོབ་པའོ། །གསུམ་པ་ནི་རང་ཡིད་དུ་འོང་བས་ཉམས་དགའ་བའི་གནས་སོ། །ཚུལ་དང་མཐུན་པའི་གནས་ནི་ཞི་བའི་དགོན་གནས་དང་། རྒྱས་པའི་འཕེལ་གནས་དང་། དབང་གི་འདུ་གནས་དང་། དྲག་པོའི་འགྱེད་གནས་དང་། ལྷུན་གྲུབ་ཀུན་འབྱུང་གི་གནས་སོ། །ནང་གི་གནས་ནི་རང་གི་རིག་པས་ངོ་ཤེས་ཏེ་ཉམས་དགའ་བའོ། །གསང་བའི་གནས་ནི་ཡུམ་མཚན་ལྡན་ནོ། །དེ་ལ་འདིར་བསྒྲུབ་པའི་གནས་ཀྱི་རིང་ཐུང་གི་ཚད་ནི་དགོན་པ་སྟེ་གྲོང་ཡུལ་ལས་དཔག་ཚད་དང་རྒྱང་གྲགས་ཀྱིས་རིང་བར་གྱུར་པ་སྟེ། དེའི་དགོས་པ་ནི་བསམ་གཏན་གྱི་དགྲ་མི་འབྱུང་བའི་ཕྱིར་རོ། །དེ་བས་ན་ཆེན་པོ་ཞེས་སོ། །དགོན་པ་ཆེན་པོ་ནི་ཡུམ་ལ་ཟེར་བ་ཡང་ཡོད་དོ། །གཞན་མ་རང་གི་གནས་སྐབས་སུ་ངོས་བཟུང་བའོ། །དེ་ནི་ཕྱིའི་གནས་གཙོ་ཆེ་བའོ། །གནས་དེར་ས་གཞི་བརྟགས་པ་ནི་གནམ་འཁོར་ལོ་རྩིབས་བརྒྱད་འདྲ་བ་ས་གཞི་པདྨ་འདབ་བརྒྱད་འདྲ་བ། ས་སྣུམ་ལ་བཀྲག་ཆགས་པའོ། །གནས་དེར་ཕྱོགས་བརྟགས་པ་ནི་ཤར་འཇམས་པ། ལྷོ་གཞོལ་བ། ནུབ་མཐོ་བ། བྱང་འདུད་པའོ། །དེ་བས་ན་ས་ཕྱོགས་སུ་ཞེས་པའོ། །གནས་ཀྱི་དབྱིབས་བསྟན་པ་ནི་ས་ཕྱོགས་དེར་སྔོན་བཀྲ་ཤིས་པའི་གནས་ཙན་དན་གྱི་ནགས་ཚལ་དང་། མདུན་ན་མེ་ཏོག་གི་གླིང་ཆགས་པ་སྟེ་བཀྲ་ཤིས་པའི་ཡན་ལག་གོ། །དེ་རྣམས་ནི་སྔར་སྨོས་པ་ལྟར་རྣལ་འབྱོར་བས་ཡིད་དུ་འོང་ཞིང་བཀྲ་ཤིས་པ་འཕྲལ་ཉམས་དགའ་བའི་གནས་ཏེ། དེས་གནས་ཀྱི་རང་བཞིན་བསྟན་པ་ཡིན་ནོ། །གནས་དེ་བདག་གི་དབང་དུ་བྱེད་པའི་ཕྱིར་ས་སླང་བ་ནི་སྣང་བ་དང་མི་སྣང་བ་ལ་རིན་སྩལ་ལ་བདག་གི་དབང་དུ་བྱ་བ་དང་གནས་དེར་ཧ་ཅང་ཐག་རིང་ན་རྫས་ཀྱི་བར་ཆད་འབྱུང་། གཡེལ་ན་དགྲའི་བར་ཆད་འབྱུང་། ལྷ་འདྲེའི་ལམ་ཆོད་ན་བགེགས་ཀྱི་བར་ཆད་འབྱུང་བས་ན་བཀྲ་ཤིས་ལ་ཡིད་དུ་འོང་བ་ཕྱི་ནང་གི་བར་ཆད་གང་ཡང་མི་འབྱུང་བའི་གནས་བཙལ་བར་བྱའོ་ཞེས་གནས་ཀྱི་སྐྱོན་བསལ་བར་བསྟན་པའོ། །གཉིས་པ་བར་དུ་ཏིང་ངེ་འཛིན་སྒོམ་པ་ལ་གསུམ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་ལ་སོགས་པ་དང་། མཇུག་གི་ལས་སོ། །དང་པོ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བཞི་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཏིང་ངེ་འཛིན་གསུམ་སྒོམ་པ་དང་། དཀྱིལ་འཁོར་དངོས་སྒོམ་པ་དང་། བསྒོམ་པའི་ཆེ་བའོ། །དང་པོ་སེམས་བསྐྱེད་པ་ལ་གཉིས་ཏེ། དམ་བཅའ་བ་དང་། སེམས་ཡེ་ཤེས་ལྔར་བསྐྱེད་པའོ། །དང་པོ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་སོ། །སྤྱིར་ན་སེམས་བསྐྱེད་པ་ལ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། སྨོན་པ་འབྲས་བུར་སེམས་བསྐྱེད་པ་དང་། འཇུག་པ་རྒྱུར་སེམས་བསྐྱེད་པའོ། །དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། གནས་པ་བྱང་ཆུབ་ཀྱི་སེམས་དང་། བརྟན་པ་བྱང་ཆུབ་ཀྱི་སེམས་དང་། མཐར་ཕྱིན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །འདིར་ནི་ཀུན་རྫོབ་གཞན་ལས་ཁྱད་པར་དུ་བྱས་པས་ན་བྱང་ཆུབ་མཆོག་ཏུ་བསྐྱེད། དོན་དམ་པ་འོག་གསལ་མངོན་དུ་བྱས་པས་ན་ཡེ་ཤེས་ལྔར་སེམས་བསྐྱེད་པའོ། །འདི་ལྔ་དོན་དམ་ཀུན་རྫོབ་དབྱེར་མེད་སྟོན་པར་འདུག་པས་འདོམས་སོ་ཞེ་ན་བརྩམ་གཞི་སོ་སོ་ལས་བརྩམ་བྱ་ཐ་དད་པར་དང་། བརྗོད་བྱ་སོ་སོ་ལ་དོན་སོ་སོར་སྟོན་པའི་ཚིག་ཡིན་ནོ། །དེ་ལ་འདིར་གང་གིས་སེམས་བསྐྱེད་ན་སྒྲུབ་པ་པོས་བདག་རང་དང་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པའི་སེམས་ཅན་འགྲོ་བ་དྲུག་གིས་བསྡུས་པ་ཐམས་ཅད་རྣམས་སོ། །དེ་རྣམས་ཡེ་ཐོག་མ་ཉིད་ནས་སྐུ་ལྔ་ཡེ་ཤེས་ལྔར་སངས་རྒྱས་པ་ཡིན་མོད་ཀྱང་ཞེའམ་ཡང་ན་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་གཅིག་ཡིན་ཀྱང་དེ་ལྟར་མ་རྟོགས་པའི་དབང་གིས་བུདྡྷ་ཡིན་ཀྱང་ངོ་མ་ཤེས་པའོ། །དེ་ལ་ཚུལ་ཇི་ལྟར་སེམས་བསྐྱེད་ན་དེ་ལྟར་མ་རྟོགས་པས་བདག་དང་བདག་གིར་རྟོག་པའི་དབང་གིས་འཁོར་བ་མཐོ་དམན་དུ་འཁོར་བ་ལས་ད་ལྟར་ཉིད་དུ་སྐུ་ལྔ་ཡེ་ཤེས་ལྔར་སངས་རྒྱས་པར་སེམས་བསྐྱེད་པ་སྟེ། དགོས་པ་གང་གི་ཕྱིར་སེམས་བསྐྱེད་ན་བདག་ཀྱང་ཁམས་གསུམ་ལས་ཐར་བར་བྱ་བ་དང་བདག་ཉིད་ཐར་ནས་ཀྱང་སེམས་ཅན་ཐར་བར་བྱའོ་ཞེས་བྱང་ཆུབ་མཆོག་ཏུ་ངོ་བོ་གང་བསྐྱེད་ན་སྐུ་ལྔ་ཡེ་ཤེས་ལྔར་སངས་རྒྱས་པ་ཡིན་པར་རྟོགས་པར་སེམས་བསྐྱེད་དོ། །གཉིས་པ་ལ་ལྔ་ལས་ཆོས་ཀྱི་སྐུ་དང་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་སེམས་བསྐྱེད་པར་བསྟན་པ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པས་བསྟན་ཏེ། ཨེ་མའོ་ནི་ངོམ་པ་སྟེ་དེ་ཡང་གང་ལ་ངོམ་ན་ཆོས་ཐམས་ཅད་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་སངས་རྒྱས་པ་ཡིན་པ་ལ་སེམས་ཅན་རྣམས་ཀྱིས་དེ་ལྟར་མ་རྟོགས་པ་ལ་ངོམ་ཞིང་ངོ་མཚར་བའོ། །རྨད་ཀྱི་ཆོས་ནི་ཚིག་ངོ་མཚར་ཅན་ལས་དོན་རྨད་དུ་བྱུང་བའི་དོན་སྟོན་པ་ལ་བྱའོ། །ཆོས་དེ་གང་གིས་གསུངས་ན་རྒྱུ་བསོད་ནམས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་སངས་རྒྱས་སྐུ་ལྔ་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པ་དེས་གསུངས་ལ་སངས་རྒྱས་ཉིད་ཀྱི་ཐུགས་ཀྱི་བརྣག་བྱ་ཡང་འདི་ཡིན་པས་ན་གསང་བའོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་ཞིང་བདག་མེད་པ་དེ་ལ་རྒྱུ་གང་ལས་སྐྱེ་བ་མེད་པའོ། །དེ་ལྟར་དོན་དམ་པར་རྒྱུ་ལས་སྐྱེ་བ་མེད་པས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྒྱུ་ལས་སྐྱེས་པ་ལྟར་སྣང་ལ། དེ་ལྟར་ཀུན་རྫོབ་ཏུ་སྐྱེས་པ་ལྟར་སྣང་བའི་དུས་ཉིད་ན་དོན་དམ་པར་མ་སྐྱེས་པའི་ངང་ལས་མ་གཡོས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ཆོས་ཀྱི་སྐུར་སེམས་བསྐྱེད་པའོ། །གཉིས་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་ལོངས་སྐུར་སེམས་བསྐྱེད་པ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཅེས་སོ། །ཨེ་མའོ་ནི་ངོམ་ཞིང་ངོ་མཚར་བ་སྟེ་ངོ་གང་ལ་མཚར་ན་རང་སེམས་སྟོང་པ་སྐྱེ་མེད་དུ་གཏན་ལ་འབེབས་པའི་དེ་ཁོ་ན་ལ་ངོ་མཚར། དེ་གང་གི་ཆོས་ལུགས་ཡིན་ན་གསང་བ་རྨད་དུ་བྱུང་བ་མ་ཧཱ་ཡོ་གའི་ཆོས། དེ་གང་གི་གསུང་ཡིན་ན་རྫོགས་པའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོ་རྒྱལ་བ་དྲུག་པའི་གསུང་བློ་དམན་དང་ཐེག་པ་འོག་མ་བའི་སྤྱོད་ཡུལ་དུ་མ་གྱུར་པས་ན་གསང་བའོ། །ཆོས་ཐམས་ཅད་གསལ་ལ་རྟོག་པ་མེད་པའམ་གསལ་ལ་འགག་པ་མེད་པ་ཡིན་པ་དེ་ལས་མ་གཡོས་བཞིན་དུ་ཆོས་ཐམས་ཅད་ཀྱི་སྐྱོན་དུ་གྱུར་པ་འགག་པ་ལྟར་སྣང་ངོ་། །དེ་ལྟར་ཀུན་རྫོབ་ཏུ་འགགས་པ་ལྟར་སྣང་བའི་དུས་ཉིད་ན་དོན་དམ་པར་འགགས་པ་ཅི་ཡང་མེད་དོ། །དེ་ལྟར་རྟོགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་ལོངས་སྤྱོད་རྫོགས་པའི་སྐུར་སེམས་བསྐྱེད་པ་ཡིན་ནོ། །གསུམ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མངོན་པར་བྱང་ཆུབ་པའི་སྐུར་སེམས་བསྐྱེད་པ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཅེས་སོ། །ཨེ་མའོ་ནི་ངོམ་ཞིང་ངོ་མཚར་བ་སྟེ་གང་ལ་ངོ་མཚར་ན་རང་སེམས་མཉམ་པ་ཉིད་ཆེན་པོར་སྟོན་པས་ངོ་མཚར་བའོ། །དེ་གང་གི་ཆོས་ལུགས་ཡིན་ན་གསང་བ་རྨད་དུ་བྱུང་བ་སྒྱུ་འཕྲུལ་དྲྭ་བའི་ཆོས། དེ་གང་གི་གསུང་ཡིན་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བའོ། །ཆོས་ཉིད་དོན་དམ་པར་གཟུང་བ་དང་འཛིན་པ་མེད་པར་གནས་པ་ཡིན་པ་ལ་ཀུན་རྫོབ་ཏུ་ཆོས་ཐམས་ཅད་གཟུང་འཛིན་གྱིས་གནས་པ་ལྟར་སྣང་ཡང་སྣང་བའོ། །དེ་ལྟར་ཀུན་རྫོབ་ཏུ་གནས་པ་ལྟར་སྣང་བའི་དུས་ཉིད་ན་དོན་དམ་པར་གནས་པ་མེད་དེ་དེ་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ངོ་བོ་ཉིད་ཀྱི་སྐུར་སེམས་བསྐྱེད་པ་ཡིན་ནོ། །བཞི་པ་སོ་སོར་རྟོག་པའི་ཡེ་ཤེས་དང་སྤྲུལ་སྐུར་སེམས་བསྐྱེད་པ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཅེས་གསུང་སྟེ། ཨེ་མའོ་ངོམ་ཞིང་ངོ་མཚར་བ་སྟེ་དེ་ཡང་ངོ་གང་ལ་མཚར་ན་རང་སེམས་ཡེ་ཤེས་སུ་རྟོགས་པ་དེ་ལའོ། །དེ་གང་གི་ཆོས་ཡིན་ན་མ་ཧཱ་ཡོ་གའི་འོ། །དེ་གང་གི་གསུང་ཡིན་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོའི་གསུང་ངོ་། །ཆོས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་མ་འདྲེས་པར་མཁྱེན་ལ་རང་དང་སྤྱིའི་མཚན་ཉིད་དོན་དམ་པར་དམིགས་པ་མེད་དོ། །དེ་ལས་མ་གཡོས་བཞིན་དུ་ཆོས་ཐམས་ཅད་ཀུན་རྫོབ་ཏུ་དམིགས་པར་ཤར་ནས་སྣང་བ་ཡིན་ནོ། །དེ་ལྟར་ཀུན་རྫོབ་ཏུ་དམིགས་པའི་དུས་ཉིད་ན་དོན་དམ་པར་དམིགས་པ་མེད་པ་ལས་མ་གཡོས་པ་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་དང་སྤྲུལ་པའི་སྐུར་སེམས་བསྐྱེད་པ་ཡིན་ནོ། །ལྔ་པ་བྱ་བ་གྲུབ་པའི་ཡེ་ཤེས་དང་རྡོ་རྗེའི་སྐུར་སེམས་བསྐྱེད་པར་བསྟན་པ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་པས་བསྟན་ཏེ། ཨེ་མའོ་ནི་ངོམ་ཞིང་ངོ་མཚར་བ་སྟེ་ངོ་གང་ལ་མཚར་ན་རང་སེམས་ཡེ་ཤེས་སུ་རྟོགས་པ་ལའོ། །དེ་ནི་གསང་བ་མ་ཧཱ་ཡོ་གའི་ཆོས་ཡིན་ནོ། །འཁོར་འདས་སེམས་ཉིད་དུ་རྫོགས་པས་ན་རྫོགས་པའི་ལྟ་བ་ངན་པའི་དྲི་མ་དང་བྲལ་བས་སངས་ལ་ཡེ་ཤེས་མཐའ་དབུས་མེད་པར་རྒྱས་པས་ན་རྒྱས་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀུན་གྱི་བདག་པོ་ཡིན་པས་ན་ཀུན་གྱིས་རྟོགས་པར་དཀའ་བས་ན་གསང་ངོ་། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་བདག་དང་གཞན་གྱི་དོན་ཐམས་ཅད་གྲུབ་ཅིང་མཐར་ཕྱིན་པར་མཛད་ཀྱང་དོན་དམ་པར་བདག་དང་གཞན་གྱི་དོན་ལ་སྤྲུལ་པ་ཕར་འགྲོ་བ་དང་ཚུར་འོང་བ་མེད་དོ། །ཀུན་རྫོབ་ཏུ་སྤྲུལ་པ་ཕར་འགྲོ་བ་དང་ཚུར་འོང་བར་སྣང་ངོ་། །དེ་ལྟར་རྟོགས་ཙམ་ཉིད་ན་དོན་དམ་པར་འགྲོ་འོང་མེད་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་རྡོ་རྗེའི་སྐུར་སེམས་བསྐྱེད་པའོ། །གཉིས་པ་ཏིང་ངེ་འཛིན་ལ་བཞི་སྟེ། ཏིང་ངེ་འཛིན་གྱི་དགོས་པ་དཔེས་བསྟན་པ་དང་། དེ་བཞིན་ཉིད་དང་། ཀུན་ཏུ་སྣང་དང་། རྒྱུའི་ཏིང་ངེའོ། །དང་པོ་ནི། བསྒྲུབ་པའི་གཙོར་ནི་ཏིང་འཛིན་པས། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །གསེར་འགྱུར་སྨན་དང་མུན་སེལ་བཞིན། །རྟོག་པའི་དབང་བསྒྱུར་ཏིང་འཛིན་ཡིན། །དེ་ཕྱིར་ཏིང་འཛིན་རིམ་པར་བསྒོམ། །ཞེས་གསུང་སྟེ་ཐུན་མོང་གི་བསྒྲུབ་པ་དང་ཐུན་མོང་མ་ཡིན་པའི་བསྒྲུབ་པ་ལས་གཙོ་བོར་གང་བྱེད་ཀྱང་ཏི ང་ངེ་འཛིན་མེད་ན་འབྲས་བུ་མི་འབྱུང་བས་དེའི་ཕྱིར་གཙོ་བོར་ཏིང་ངེ་འཛིན་ཁོ་ན་བསྔགས་པ་ཡིན་པས་སོ། །དེ་བས་ན་མཆོག་དང་ཐུན་མོང་གི་སྒྲུབ་ཐབས་ཐམས་ཅད་ཏིང་འཛིན་འདི་ཡིས་བྱེད་པར་འགྱུར་བ་ཡིན་པས་ན་ཏིང་ངེ་འཛིན་འདི་དང་ལྡན་པས་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ནོ། །དཔེར་ན་ལྕགས་ལ་གསེར་འགྱུར་གྱི་རྩི་བཏང་ན་ལྕགས་གསེར་དུ་འགྱུར་བ་དང་། དུག་ལ་སྨན་མ་ཀི་ཏ་བཏབ་ན་དུག་སྨན་དུ་འགྱུར་བ་དང་མུན་པ་ལ་སྒྲོན་མ་བྱུང་ན་མུན་པ་སེལ་བའི་དཔེ་དེ་བཞིན་དུ་ཆོས་ཉིད་རྣམ་པར་མི་རྟོག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་པས་རྟོག་པ་ཐམས་ཅད་ཆོས་ཉིད་དུ་འགྱུར། ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་ཐམས་ཅད་དུ་ཀུན་ཏུ་སྣང་བར་བསྒོམས་པས་ཕྱོགས་གཅིག་པའི་མུན་པ་སེལ། སྐུ་དང་ཡེ་ཤེས་དབྱེར་མེད་ཕྱག་རྒྱ་རྒྱུ་ཏིང་དུ་བསྒོམས་པས་ཕུང་པོ་ཁམས་དང་སྐྱེ་མཆེད་གནས་འགྱུར་བའོ། །དེ་ལྟར་ཏིང་འཛིན་གཙོ་བོའི་ཕྱིར་ན་དེ་ཏིང་ལ་སོགས་པ་གོང་མ་རྣམས་གསལ་བའི་སྟེང་ལ་འོག་མ་རིམ་པར་སྒོམ་མོ། །དེ་ལྟར་མདོར་ན་ཚིག་རྐང་ལྔས་བསྒྲུབ་པའི་གཙོ་བོ་གང་ཡིན་དང་དབང་ཇི་ལྟར་བསྒྱུར་བ་དང་དཔེ་གང་གིས་མཚོན་པ་དང་དགོས་པ་ཅི་ཡོད་པ་དང་གཏན་ཚིགས་ཀྱིས་གདབ་པ་རྣམས་གོ་རིམ་བཞིན་དུ་སྟོན་པའོ། །གཉིས་པ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། དངོས་རྣམས་ཉིད་ན་དངོས་མེད་པས། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་དོ། །ཞེས་གསུངས་། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་དྲུག་སྟེ་སྦྱང་བྱ་ནི་ཤི་བ་རྣམ་རྟོག་མེད་པས་སོ། །སྦྱོང་བྱེད་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །ངོ་བོ་ནི་སྟོང་པ་ཆེན་པོའོ། །རྣམ་གྲངས་ནི་མ་ནོར་བའི་དེ་བཞིན་ཉིད། མ་བཅོས་པའི་དེ་བཞིན་ཉིད། དངོས་པོ་མེད་པའི་དེ་བཞིན་ཉིད། གཞན་མ་ཡིན་པའི་དེ་བཞིན་ཉིད་དོ། །སྒོམ་ཐབས་ནི་སྟོང་པ་ཉིད་མཐའ་བརྒྱད་དང་བྲལ་བའོ། །འབྲས་བུ་ནི་ཆོས་ཀྱི་སྐུ་ཐོབ་པའོ། །དེ་ཡང་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་སྣ་ཚོགས་སུ་སྣང་བ་འདི་རྣམས་གཞན་མ་ཡིན་ཏེ་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་རང་སྣང་བའོ། །བྱང་ཆུབ་ཀྱི་སེམས་ཉིད་སྣང་བའི་དུས་ཉིད་ན་རང་གི་ངོ་བོ་ཅིར་ཡང་མ་གྲུབ་པས་སྣང་བའི་དངོས་པོར་མེད་པའོ། །དཔེར་ན་མཚལ་དམར་ན་ཁུ་བ་ཡང་དམར་བ་ལྟར་དངོས་པོའི་རྟོག་པ་མ་གྲུབ་པའི་ཕྱིར་ན་དངོས་འཛིན་སྨྲ་བསམ་མེད་དེ་དོན་སེམས་ཉིད་ལ་རྟོག་པ་དང་ཐ་སྙད་ཐམས་ཅད་རང་བཞིན་གྱིས་བྲལ་བ་ནི་འཛིན་པའི་ཡུལ་ལས་འདས་པའོ། །མ་ནོར་བའི་དེ་བཞིན་ཉིད་དངོས་པོ་མེད་པས་ཆོས་ཀྱི་དབྱིངས། མ་བཅོས་པ་ཡིན་པས་ཡེ་ཤེས་དེ་ཐམས་ཅད་དུ་ཁྱབ་པར་གནས་པ་ཡིན་པས་ན་མཐར་དང་དབུས་མེད་དེ་ཆོས་ཀྱི་དབྱིངས་སོ། །དེ་ཡི་ཕྱིར་ན་དངོས་པོར་སྣང་བ་ཉིད་དངོས་པོ་མེད་པ་ཉིད་དོ། །གསུམ་པ་ཀུན་སྣང་གི་ཏིང་ངེ་འཛིན་ནི། དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །རང་བཞིན་ཀུན་ཏུ་སྣང་བའི་ཕྱིར། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་སོ། །ཀུན་སྣང་གི་ཏིང་ངེ་འཛིན་ལ་དྲུག་ལས། སྦྱང་བྱ་ནི་བར་དོའི་སྣང་བའོ། །སྦྱོང་བྱེད་ནི་ཀུན་དུ་སྣང་ངོ་། །ངོ་བོ་ནི་ཡེ་ཤེས་སྒྱུ་མའོ། །རྣམ་གྲངས་ནི་ཀུན་ཏུ་སྣང་ཞེས་བྱ། ཡེ་ཤེས་སྒྱུ་མ་ཞེས་བྱ། མཚམས་སྦྱོར་ཆེན་པོའི་ཏིང་ངེ་འཛིན་ཞེས་བྱ་བའོ། །བསྒོམ་པའི་ཐབས་ནི་མ་ཧཱ་ཡོ་ག་ཆོས་ཉིད་ཡེ་ཤེས་སྒྱུ་མ་བསྒོམ་ལ། ཨ་ནུ་ཡོ་ག་བ་རང་གི་སྨིན་མཚམས་སུ་འོད་དམར་སྨུག་ཚོན་གང་བ་ལས་འོད་འཕྲོས་པས་འཇིག་རྟེན་ཐམས་ཅད་འོད་ཀྱིས་ཁེངས་པར་བསྒོམ་མོ། །འདིར་ནི་ཆོས་ཉིད་ཡེ་ཤེས་སྒྱུ་མར་བསྒོམ་པའོ། །འབྲས་བུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པའོ། །དེ་ལ་དེ་བཞིན་ཉིད་ནི་སྤྲོས་པ་མེད་པས་ཐམས་ཅད་ལ་ཁྱབ་པ་ཡིན་ཀྱང་རང་བཞིན་ཀུན་ཏུ་སྣང་བའི་ཕྱིར་ཆོས་ཀྱི་དབྱིངས་སོ། །དེ་ལྟ་བུའི་དོན་མ་རྟོགས་པའི་སེམས་ཅན་ཀུན་ལ་སྙིང་བརྩེ་བ་ཆེན་པོ་ཕྱོགས་རིས་མེད་པར་འབྱུང་བའི་ཕྱིར་ཆོས་ཀྱི་དབྱིངས་ནམ་མཁའ་དང་འདྲ་བ་ཀུན་ལ་ཁྱབ་པ་ལ་སྙིང་རྗེ་ཆེན་པོ་ཡང་ནི་ནམ་མཁའ་དེ་ལྟར་བསྒོམ་མོ། །བཞི་པ་རྒྱུའི་ཏིང་ངེ་འཛིན་ལ་བཞི་སྟེ། དམ་བཅའ་བ་དང་། ཡི་གེ་ཨ་ལ་སེམས་སྦྱངས་བ་དང་། མིང་ཚོགས་གཞན་ལ་སེམས་སྦྱངས་པ་དང་། སེམས་སྦྱངས་པའི་ཡོན་ཏན་ནོ། །དང་པོ་ནི། གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་མཆོག་ནི་བསྒོམ་པར་བྱ། །ཞེས་སོ། །རྒྱུའི་ཏིང་ངེ་འཛིན་ལ་དྲུག་སྟེ་སྦྱང་བྱ་ནི་མངལ་དུ་འཇུག་པའོ། །སྦྱོང་བྱེད་ནི་རྒྱུའི་ཏིང་ངེ་འཛིན་ནོ། །ངོ་བོ་ནི་ཡི་གེ་ཨའོ། །རྣམ་གྲངས་ནི་ཧཱུཾ་དང་ཨ་ལས་འདིར་ཨའོ། །བསྒོམ་ཐབས་ནི་ཨ་དཀར་པོ་རྒྱུ་སྐར་མ་ཡས་པ་ལ་ཁར་ཤར་བ་ལྟ་བུའོ། །འབྲས་བུ་ནི་སྤྲུལ་པའི་སྐུ་འཐོབ་པའོ། །དེ་ལ་རྒྱུའི་ཏིང་ངེ་འཛིན་གྱི་ངོ་བོ་གང་ཡིན་ན་གནས་པའི་གཞི་མེད། བརྟེན་པའི་རྩ་བ་མེད་པའི་ངོ་བོ་དེ་ལ་མཚོན་པ་ཙམ་དུ་སེམས་ཞེས་བྱ་སྟེ་ཉིད་ནི་ཆོས་ཉིད་དོ། །ཆོས་ཉིད་ནི་བརྟེན་པ་དང་གནས་པའི་ཐ་སྙད་དང་བྲལ་བའོ། །དེས་ལས་ཅི་བྱེད་ན་དེ་ཉིད་དངོས་པོ་ཡོད་མེད་གཉིས་ཀྱིས་བསྡུས་པའི་ཆོས་རྣམས་ཐམས་ཅད་ཀུན་གྱི་རྩ་བ་ཡིན་ཏེ་རིག་པ་བྱང་ཆུབ་ཀྱི་སེམས་རྟེན་གཞི་དང་བྲལ་བ་ཉིད་དོ། །རང་བཞིན་ཅི་ཡིན་ན་རིག་པ་སེམས་ཉིད་རྟེན་གཞི་དང་བྲལ་བ་ཉིད་གནས་ཀྱི་ཡེ་ཤེས་རང་སྣང་བ་ནི་ཡི་གེའི་རང་བཞིན་ཨ་དཀར་པོ་ཉིད་དོ། །ཨའི་སྒྲ་ནི་ཆོས་ཉིད་སྐྱེ་བ་མེད་པའི་དོན་བསྒོམ་མོ། །ཐབས་ཇི་ལྟར་སྒོམ་ན་ཨའི་དབྱིངས་ལས་ཡི་གེ་ཐམས་ཅད་འབྱུང་བའི་ཕྱིར་ན་ཨ་ནི་ཡི་གེ་མཆོག་སྟེ་དེ་ལ་དམིགས་པ་རྩེ་གཅིག་ཏུ་བརྟན་པ་ལ་ནི་བསྒོམ་པ་ཞེས་བྱའོ། །གཉིས་པ་ནི། ཨ་རབ་ཏུ་བརྟན་འགྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་འཕྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེེལ་འགྲིབ་མེད་པར་བརྟན། །རྩ་བའི་ཡི་གེ་ཨ་ལས་སྤྲོ་བསྡུ་བྱ་བར་བསྟན་པ་ནི་རྒྱུའི་ཏིང་ངེ་འཛིན་ཨ་དཀར་པོ་དེ་རྐྱེན་དབང་དུ་མི་འགྲོ་བར་བརྟན་པ་དང་འོད་སྤྲོས་ཏེ་ཨ་ནི་ཆོས་ཉིད་ཀྱི་རང་བཞིན་རིག་པ་བྱང་ཆུབ་སེམས་སོ། །རབ་ཏུ་བརྟན་པར་གྱུར་པ་ནི་དམིགས་པ་རྩེ་གཅིག་པས་གསལ་བར་གྱུར་པའོ། །གཞིའི་ཨ་དཀར་པོ་དེ་ལས་ཤིན་ཏུ་ཕྲ་བའི་ཨ་མང་པོ་རྣམས་ཕར་སྤྲོས་ཤིང་འཕྲོ་བའོ། །ཡན་ལག་གི་ཡི་གེ་དབྱངས་དང་གསལ་བྱེད་པ་ལ་སྤྲོ་བསྡུ་བྱ་བར་བསྟན་པ་ནི་ཡི་གེ་ཨ་ཕྱོགས་བཅུར་སྤྲོས་པས་ཕྱོགས་བཅུ་ཨས་གང་བར་དམིགས་ནས་ཡི་གེ་ཨ་གསལ་བར་གྱུར་ནས་འོད་སྤྲོ་བསྡུ་བྱའོ། །འོད་ཟེར་གྱིས་དངོས་པོར་སྣང་བ་ཐམས་ཅད་སྲེག་སྦྱངས་ནས་ཆོས་ཐམས་ཅད་དོན་དམ་པའི་བདེན་པར་བྱས་ཚུར་ལ་འདུས་པས་ཨའི་གཞི་མ་ལ་ཐིམ་མོ། །དེ་ལྟར་བྱས་པས་ཕར་ལ་སྤྲོས་ཀྱང་ཨ་ཆུང་ངུ་མ་སོང་ཚུར་བསྡུས་ཀྱང་ཆེར་མ་སོང་བས་བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན་པའོ། །གསུམ་པ་ནི། དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །ཨ་དེ་ལས་མིང་གི་ཡི་གེའི་ཚོགས་ནི། ཀ་ཁ་ག་གྷ་ང་ལ་སོགས་དང་ཨ་ཨཱ་ཨི་ཨཱི་ལ་སོགས་པ་དེ་དག་ཡིད་ལ་གསལ་བ་དང་ཁ་དོག་འོད་ཟེར་འབར་བར་བསྒོམ་པའོ། །དེ་ནི་ཀུན་རྫོབ་བདེན་པའི་ཡི་གེའོ། །དེ་རྣམས་ལས་སྤྲོ་ཞིང་བསྡུ་བའང་སྔར་ཨ་ལས་ཡི་གེ་དབྱིབས་དང་འོད་ཟེར་ཅན་དུ་འཕྲོས་པས་སྣོད་བཅུད་སྦྱངས་པས་ཨ་ཆུང་དུ་མ་སོང་བསྡུས་པས་ཀྱང་ཆེར་མ་སོང་བ་དེ་བཞིན་བྱ་བ་ཡིན་ནོ། །དེ་ཡང་ཆོས་ཉིད་ཡིན་པས་འཕེལ་འགྲིབ་དང་བྲལ་ལོ། །བཞི་པ་ནི། འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཞེས་གསུངས་ཏེ། ཡི་གེ་འདི་ནི་དོན་སྐྱེ་བ་མེད་པའི་ཡི་གེ་རྟགས་ནི་ཡི་གེ་ཨ་འབྲས་བུ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐམས་ཅད་འབྱུང་བའོ། །ཏིང་ངེ་འཛིན་བརྟན་པ་ལས་བྱུང་བ་ནི་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་བའི་རྒྱུའམ་བསྐྱེད་པའི་རྐྱེན་ཡང་ཡི་གེ་ཡིན་ནོ། །གསུམ་པ་དཀྱིལ་འཁོར་དངོས་བསྒོམ་པ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའོ། །རྟེན་གཞལ་ཡས་ཁང་ལ་གཉིས་ཏེ། འབྱུང་བ་དབང་ཆེན་དང་། གཞལ་ཡས་ཁང་ངོ་། །དང་པོ་ནི། དེ་ལས་རྒྱལ་བའི་བཞུགས་གནས་རྟེན། །དབང་ཆེན་དཀྱིལ་འཁོར་རིམ་བཞིན་བསྒོམ། །ཨེ། ཡཾ། བཾ། སུཾ། ལཾ། ཞེས་སོ། །འདིར་འབྱུང་བ་རིམ་བརྩེགས་ལ་ཡང་དྲུག་སྟེ་སྦྱང་བྱ་ནི་སྣོད་ཀྱི་འཇིག་རྟེན་ནོ། །སྦྱོང་བྱེད་ནི་འབྱུང་བ་རིམ་བརྩེགས་སོ། །ངོ་བོ་ནི་འབྱུང་བ་ལྔའོ། །རྣམ་གྲངས་ནི་འདུས་བྱས་ཀྱི་འབྱུང་བ་དང་ཆོས་ཉིད་ཀྱི་འབྱུང་བའོ། །བསྒོམ་ཐབས་ནི་རྒྱུའི་ཏིང་ངེ་འཛིན་གསལ་ཞིང་བརྟན་པ་དེ་ལས་རྒྱལ་བའི་ཚོགས་རྣམས་བཞུགས་པའི་གནས་སམ་རྟེན་དུ་གྱུར་པ་སྒོམ་པ་ནི་འབྱུང་བ་ལྔ་རང་བཞིན་གྱིས་སངས་རྒྱས་པས་ན་དབང་ཆེན་གྱི་དཀྱིལ་འཁོར་སྟེ་དེ་དག་རིམ་པ་བཞིན་བསྒོམ་པའི་ཚུལ་ཨ་ལས་ཨེ་ཆད་དེ་ཡོངས་སུ་གྱུར་པ་ལས་ཨེ་གྲུ་གསུམ་ཆོས་ཀྱི་འབྱུང་གནས་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་གཅིག་བསྒོམ། དེ་ཡང་འབྱུང་བ་ནམ་མཁའ་ཡུམ་ཀུན་ཏུ་བཟང་མོའི་བྷ་ག་རྣམ་པར་དག་པས་ནང་དུ་ན་ཀུན་གཞི་སྦྱོང་ཞིང་ཉོན་མོངས་པ་གཏི་མུག་དག ། ཡེ་ཤེས་ལྔ་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཡྃ་ལས་རླུང་གི་དཀྱིལ་འཁོར་དབྱིབས་ཟླ་གམ་མདོག་ལྗང་གུ་འབྱུང་བ་རླུང་དང་ཡུམ་དམ་ཚིག་སྒྲོལ་མ་ནང་དུ་ན་ཕུང་པོའི་དབུགས་ཉོན་མོངས་ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་རྣམས་སོ། །བཾ་ལས་ཆུ་ཡི་དཀྱིལ་འཁོར་དབྱིབས་ཟླུམ་པོ་མདོག་དཀར་པོ་འབྱུང་བ་ཆུ་ཡུམ་མ་མ་ཀི་ལུས་ལ་སྦྱར་ན་ཁྲག་ཉོན་མོངས་ང་རྒྱལ་མཉམ་པ་ཉིད་དོ། །སུྃ་ལས་གསེར་གྱི་ས་གཞི་དབྱིབས་གླུ་བཞི་མདོག་སེར་པོ་འབྱུང་བ་ས་ཡུམ་སངས་རྒྱས་སྤྱན་ཕུང་པོ་ནི་ཤ་ཉོན་མོངས་ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སོ། ལཾ་ལས་རིན་པོ་ཆེའི་རི་རབ་དབྱིབས་གྲུ་བཞི་མཁར་ཐབས་མདོག་ཡེ་ཤེས་ལྔ་ལྡན་འདི་ཡང་ཡུམ་སངས་རྒྱས་སྤྱན་འབྱུང་བ་ས་ཕུང་པོ་ནི་ཤ་ཉོན་མོངས་ཞེ་སྡང་མེ་ལོང་ཡེ་ཤེས་སོ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དབྱིབས་གྲུ་གསུམ་ཁ་མདོག་སྣ་ཚོགས་འབྱུང་བ་ནི་མེ་ཡུམ་གོས་དཀར་མོ་ཕུང་པོའི་དྲོད་ཉོན་མོངས་འདོད་ཆགས་ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་དང་སྦྱར་རོ། །འབྲས་བུ་ནི་འབྱུང་ལྔ་ཡེ་ནས་སངས་རྒྱས་པའོ། །གཉིས་པ་གཞལ་ཡས་ཁང་ལ་གསུམ་སྟེ་བསྐྱེད་པའི་སྔགས་དང་། ཅིག་ཆར་བའི་དཀྱིལ་འཁོར་དང་། རིམ་པས་བསྐྱེད་པའོ། །དང་པོ་ནི། བྷྲུཾ་བི་ཤྭ་བི་ཤུད་དྷེ། ཞེས་ཏེ། རིན་པོ་ཆེའི་རི་རབ་ཀྱི་སྟེང་དུ་ཡི་གེ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཕྱི་ནས་བལྟས་ན་ནང་གསལ་བ་ནང་ནས་བལྟས་ན་ཕྱི་གསལ་བ་གང་ཡང་མི་སྒྲིབ་པའི་རང་བཞིན་ཅན་ནོ། །གཉིས་པ་ནི། ཡེ་ཤེས་ཕྱོགས་ཁ་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་ཀ་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ག་ཆེན་པོར་སྤྱོད་། །ཅེས་སོ། །གང་རྟོགས་པར་བྱ་ན་མཚོན་བྱེད་ནི་འཁོར་ལོ་རྩིབས་བཞི་དབུས་དང་ལྔའོ། །མཚོན་བྱ་ནི་ཡེ་ཤེས་ལྔ་སྟེ་དབུས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཤར་མེ་ལོང་། ལྷོར་མཉམ་པ་ཉིད། ནུབ་སོ་སོར་ཀུན་རྟོག །བྱང་བྱ་བ་གྲུབ་པའི་ཡེ་ཤེས་རྣམས་ལ་ཕྱོགས་བཞི་དབུས་དང་ལྔར་བརྟགས་པ་སྟེ་དེ་ཡང་ཕྱོགས་མཐུན་པ་དང་གྲངས་དང་མཐུན་པ་དང་དོན་མཐུན་པ་དང་རྟགས་མཐུན་པས་སོ། །དེ་ཇི་ལྟར་རྟོགས་པར་བྱ་ན་དཀྱིལ་རྡོ་རྗེ་སེམས་དཔའ་ལ་འཁོར་བཞི་བཅུ་ཐམ་པས་བསྐོར་བ་ནི་གདུལ་བྱའི་བློ་བསམ་ཡས་ཀྱང་བློ་ཆེ་བ་ལ་རང་བཞིན་ལྷུན་གྲུབ་ཏུ་གནས་པ་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །དེ་གང་གིས་རྟོགས་པར་བྱ་ན་སྒྲུབ་པ་པོ་རྟེན་གྱི་གང་ཟག་བློ་མཆོག་ཏུ་གྱུར་པ་སྟེ། དེས་ཆོས་ཐམས་ཅད་ཡེ་ནས་ལམ་དང་གཉེན་པོས་མ་བཅོས་པ་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པའི་རང་བཞིན་དུ་རྒྱུད་ཀྱི་དོན་རྫོགས་པ་ཆེན་པོའི་དོན་རྟོགས་པའི་རྣལ་འབྱོར་པས་སོ། །རྟོགས་པའི་དོན་ཅི་ཞེ་ན་བུདྡྷ་བཞི་བཅུ་རྩ་གཉིས་དང་པོ་ནས་རང་ལ་ལྷུན་གྱིས་གྲུབ་པའི་ཕྱིར་ན་རིག་པ་ལས་བུདྡྷ་ཀུན་འབྱུང་བ་རྒྱ་མཚོ་ལས་གཟའ་སྐར་འཆར་བ་བཞིན་དུ་དུས་གཅིག་ལ་རྫོགས་པར་བསྒོམ་པ་ཡིན་པས་དཀྱིལ་འཁོར་ཆེན་པོར་སྤྱོད་ཅེས་སོ། །གསུམ་པ་རིམ་གྱིས་བསྐྱེད་པ་ལ་གསུམ་སྟེ། དཀྱིལ་འཁོར་གྱི་མཚན་ཉིད་དང་། རྒྱན་དང་། གདན་ནོ། །དང་པོ་ནི། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ལྷག་པའི་ཡེ་ཤེས་གློ་འབུར་ཅན། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །ཞེས་གསུངས་ཏེ། སྤྱིར་གཞལ་ཡས་ཁང་ལ་གསུམ་སྟེ། ཆོས་ཉིད་རང་བཞིན་གྱི་དཀྱིལ་འཁོར་དང་། དམིགས་པ་གཟུགས་བརྙན་དང་། བསམ་པ་ཏིང་ངེ་འཛིན་ནོ། །རང་བཞིན་ལ་གཉིས་ཏེ་རང་བཞིན་གྱི་དཀྱིལ་འཁོར་དང་། རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་རོ། །གཟུགས་བརྙན་ལ་གཉིས་ཏེ་གཟུགས་བརྙན་དང་། ལྷག་པའི་གཟུགས་བརྙན་ནོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་གཉིས་ཏེ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །དེའི་སྟེང་དུ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། མཆོད་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །དེ་ལས་འདིར་རང་བཞིན་གྱི་དཀྱིལ་འཁོར་ཏེ་གཞལ་ཡས་ཁང་ནི་དབུས་ལྟེ་བ་ཟླུམ་པོ་ཆོས་ཀྱི་དབྱིངས་ཏེ་མཐིང་གའོ། །རྩིབས་བཞི་ནི་ཡེ་ཤེས་བཞི་སྟེ་གསེར་གྱི་འཁོར་ལོ་རྩིབས་བཞི་པ། སྤྲོས་པ་མེད་པའི་མུ་ཁྱུད་ཟླུམ་པོ་རྡོ་རྗེའི་རྩིགས་པ་དང་བཅས་པའོ། །ཐམས་ཅད་དབང་དུ་བསྡུད་པའི་རྩིབས་མཆན་དམར་པོ་ཕྲིན་ལས་བཞི་དང་ལྡན་པས་ན་གྲུ་ཆད་ལྗང་གུའོ། །ཡེ་ཤེས་རེ་རེ་ལ་ཡང་ལྷག་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རྟགས་སུ་གློ་འབུར་བཞི་སྟེ་ཤར་ན་དུང་གི། ལྷོ་ན་གསེར་གྱི། ནུབ་ན་ཟངས་ཀྱི། བྱང་ན་གཡུ་ཡི་གློ་འབུར་དུ་སྣང་ངོ་། །དེ་ཡང་ཡེ་ཤེས་གཞན་ལས་ཁྱད་པར་དུ་གྱུར་ཏེ་སྤང་ནས་ལྷག་པའི་རྟགས་ཅན་ནོ། །ཕྲིན་ལས་བཞིའི་གྲུ་ཆད་བཞིས་དབུས་ཀྱི་ཕོ་བྲང་ལ་བརྒྱན་པའོ། །དབྱེར་མེད་པའི་དོན་ལ་མཁས་པས་བདེན་པར་ཚུལ་གཅིག་ཏུ་འདུས་ཏེ་དོན་དམ་ཀུན་རྫོབ་དབྱེར་མེད་པས་ན་བར་ཁྱམས་ཕྱོགས་མཐུན་དང་། རང་རིག་པ་ཉིད་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་རྟགས་སུ་ཕྱིའི་དབྱིབས་ཀུན་ཏུ་གྲུ་བཞིར་གྱུར་པའོ། །དེ་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བའི་ཕྱིར་ན་སྒོ་ཁྱུད་བཞི་དང་ལྡན་པ་ཐེག་པ་རིམ་པ་བརྒྱད་ཡོད་པའི་གནས་སུ་གྱུར་པས་རྟ་བབས་བརྒྱད་ཡོད་པ། སྟོང་ཉིད་མི་ཤིགས་པའི་རྟགས་སུ་རྡོ་རྗེའི་ར་བས་བསྐོར་བ། གདུག་པ་ཅན་འཇོམས་པའི་རྟགས་སུ་མེ་དཔུང་འབར་བས་འཁྲིགས་པ་ཅན་ནོ། །གཉིས་པ་ནི། རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །ཞེས་པ་སྟེ། འདི་ལ་སྤྲུལ་པའི་རྒྱན་དང་བདག་པོའི་རྒྱན་གཉིས་ལས། དང་པོ་ནི། གཞལ་ཡས་ཁང་དེ་ལ་པན་ཙ་ར་གའི་རྩིགས་པ་དང་རིན་ཆེན་ཕ་གུའི་བར་ན་འདོད་ཡོན་སྣམ་བུ་དམར་པོ་ལ་རོལ་མོ་ལ་སོགས་པའི་མཆོད་རྫས་སྣ་ཚོགས་ཐོགས་པའི་འདོད་པའི་ཡོན་ཏན་ལྔའི་ལྷ་མོ་སྣ་ཚོགས་པའི་གཟུགས་ཅན་སྤྲིན་ཕུང་བཞིན་དུ་འཁྲིགས་པ་སྟེ་སྣང་ལ་རང་བཞིན་མེད་པ་གསལ་ལ་མི་སྒྲིབ་པའོ། །གཉིས་པ་བདག་པོའི་རྒྱན་ནི། །གཞལ་ཡས་ཁང་གི་བདག་པོ་ནི་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་བཞི་བཅུ་རྩ་གཉིས་སོ། །འོ་ན་དཀྱིལ་འཁོར་གྱི་རྒྱན་དུ་ལྷ་འགྲོ་བའི་འཐད་པ་ཅི་ཞེ་ན་སྤྱིར་རྒྱན་ལ་དུ་མ་ཡོད་ཀྱང་འདིར་རང་བཞིན་ལྷུན་གྱིས་གྲུབ་པའི་དབང་དུ་བྱས་ན་གཞལ་ཡས་ཁང་དང་ལྷ་ལ་སྔ་ཕྱི་མེད་ལ། འདིར་སྔ་ཕྱི་བྱུང་བ་ནི་གདུལ་བྱའི་བསམ་པ་ལ་དགོངས་ནས་གདུལ་བྱ་བློ་ཆུང་བས་དུས་སྐད་ཅིག་ལ་མི་ལྕོགས་པར་རིམ་པས་སྨོས་པ་ཡིན་ཏེ། དེ་བས་ན་སྔོན་ལ་གཞལ་ཡས་ཁང་བསྐྱེད་ནས་དེ་ནས་ལྷ་ཕྱི་ལ་བསྐྱེད་པ་ལ་དགོངས་ནས་རྒྱན་ཟེར་རོ། །ལྷ་བཞི་བཅུ་རྩ་གཉིས་ཀྱི་ཆ་བྱད་ཅན་སྤྲུལ་པ་བཞི་བཅུ་རྩ་གཉིས་ཀྱིས་བརྒྱན་ཟེར་རོ། །ཡང་ན་གཞལ་ཡས་ཁང་གི་རྒྱན་དུ་ལྷ་འགྱུར་ཏེ་ཁང་སྟོང་ལ་བདག་པོས་བརྒྱན་པ་ལྟ་བུའོ། །གསུམ་པ་ནི། སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲོ་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་པས་བསྟན། འདིར་གདན་ལ་གསུམ་ལས་རྟགས་ཀྱི་ཆེ་བས་ཁེངས་པ་བཅོམ་པའི་གདན་ནི་སེམས་ཅན་བརྒྱད་བརྒྱད་མཇུག་མ་ནང་དུ་བསྣོལ་ནས་གདན་འོག་ན་རྣ་བས་ཆོས་ཉན་པ་སྟེ་བྱང་ཆུབ་སེམས་དཔའ་ཤེས་བྱའི་སྒྲིབ་པ་སྦྱོང་བས་ལུས་གདན་དུ་ཕུལ་བའོ། །དེ་ཡང་དབུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མི་འཇིགས་པ་བཞི་ཐོབ་པའི་རྟགས་སུ་སེང་གེ་ཡི་གདན་ནོ། །ཤར་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་མི་འགྱུར་བའི་རྟགས་སུ་སྟོབས་བཅུ་མངའ་བས་གླང་ཆེན་གྱི་གདན་དཀར་པོའོ། །ལྷོར་སྤྱིན་པའི་ཕ་རོལ་ཏུ་ཕྱིན་པས་རྫུ་འཕྲུལ་རྐང་པ་བཞི་མཚོན་པའི་རྟགས་སུ་རྟ་མཆོག་གི་གདན་སྔོན་པོ་དང་། ནུབ་ཏུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚོན་པའི་རྟགས་སུ་དབང་བཅུ་མཚོན་པ་མཛེས་པའི་ཁྱུང་རྨ་བྱའི་གདན་སྣ་ཚོགས། བྱང་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟགས་སུ་འཕྲིན་ལས་སྣ་ཚོགས་པ་མཚོན་པའི་ཤང་ཤང་ནམ་མཁའ་ལྡིང་གི་ཁྲི་ཆེན་ནམ་གདན་ལུས་སོ་སོ་ལ་གཤོག་པ་གཡུར་སྣང་བའོ། །གཉིས་པ་སའི་ཁྱད་པར་བསྒྲོད་པའི་གདན་ནི། བཅུ་གཅིག་ཀུན་ཏུ་འོད་དང་བཅུ་གཉིས་མ་ཆགས་པདྨ་ཅན་དང་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པས་ཤེས་རབ་སྟོང་པ་མཚོན་པ་ཉི་མའི་གདན་དང་། ཐབས་མ་འགགས་པ་མཚོན་པ་ཟླ་བའི་གདན་དང་། སྐྱོན་གྱིས་མ་གོས་པ་མཚོན་པ་གདན་སྣ་ཚོགས་པའི་པདྨའོ། །གསུམ་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་ནི། འོག་གཞི་ཆོས་ཀྱི་འཁོར་ལོ་རྩིབས་བཞིའམ་རིན་པོ་ཆེ་འབར་བའི་ཁྲི་རྐང་ལ་དགོས་འདོད་སྣ་ཚོགས་འབྱུང་བ་དང་འོག་གཞི་འཁོར་ལོ་ལ་ཆོས་ཀྱིས་འགྲོ་བ་འདུལ་བར་བསྟན་པའོ། །དེ་བས་ན་རྒྱལ་བ་རིགས་ལྔ་ལ་དོན་དང་རྟགས་སུ་ལྡན་པའི་གདན་ལྔ་བརྩེགས་སོ། །ཀུན་བཟང་ཡབ་ཡུམ་དང་སེམས་དཔའ་སེམས་མ་ལ་ཉི་ཟླ་པདྨའོ། །ཐུབ་པ་ལ་པད་རྐྱང་ངོ་། །སྒོ་བ་ལ་རྡོ་རྗེ་བྲག་གི་སྟེང་ན་ཉི་མ་རྐྱང་པའོ། །གཉིས་པ་བརྟེན་པ་ལྷ་སྒོམ་པ་ལ་གཉིས་ཏེ། བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་དང་། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བའོ། །དང་པོ་བདག་སྲས་ལ་ལྔ་སྟེ། གཙོ་བོ་བསྐྱེད་པ་དང་། བདག་སྲས་ཀྱི་གཏན་ཚིགས་དང་། གསང་བའི་དཀྱིལ་འཁོར་བསྐྱེད་པ་དང་། སྔགས་ཀྱིས་ཕྱིར་གདོན་པ་དང་། དེ་དག་རྒྱུ་རྐྱེན་འཚོགས་པ་ལས་འབྱུང་བར་བསྟན་པའོ། །དང་པོ་ནི། ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཀྵ་ནི་ཐུགས་ཀྱི་ཡེ་ཤེས་ཤར། །དེ་ལས་ཆོ་འཕྲུལ་གསུམ་གྱིས་བསྐྱེད། །ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ། །ཡུམ་གྱུར་མཉམ་རྫོགས་པད་མོའི་དཀྱིལ། །ཕྱག་རྒྱ་ཆེན་པོའི་སྐུ་གཉིས་རྫོགས། །ཞེས་པ་སྟེ། བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་ན་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་ནི་ལྔ་སྟེ། སངས་རྒྱས་གང་དང་སྦྱར་བ་དང་། དོན་གང་དང་མཐུན་པ་དང་། སྒོ་གང་ནས་འཇུག་པ་དང་། དོན་གང་རྟོགས་པ་དང་། ཡེ་ཤེས་གང་ཐོབ་པའོ། །དེ་ལ་སངས་རྒྱས་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་དང་སྦྱར། དེ་ཡང་བདག་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡིན་པས་ན་རང་བཞིན་གྱི་ལྷར་བསྒོམ་པའོ། །དོན་གང་དང་མཐུན་ན་ཡེ་ཡིན་པ་དང་དོན་དང་མཐུན་པའོ། །ཡེ་ཡིན་པ་ནི་དཔེར་ན་འཇིག་རྟེན་སྲིད་པའི་མེས་པོ་ལྷ་དབང་ཕྱུག་ཆེན་པོ་ཡབ་ཡུམ་ཡིན་པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་མེས་པོ་དཔལ་ཀུན་ཏུ་བཟང་པོའོ། །སྒོ་གང་ནས་འཇུག་པ་ནི་མ་ཧཱ་ཡོ་ག་ཨ་ཏི་ཡོ་ག་དང་སྦྱར་ནས་འཇུག་པའོ། །དོན་གང་རྟོགས་པ་ནི་རིག་པ་ཡེ་ནས་སངས་རྒྱས་པའི་དོན་དེ་རྟོགས་པའོ། །ཡེ་ཤེས་གང་རྟོགས་པ་ནི་རིག་པ་རང་གསལ་གྱི་ཡེ་ཤེས་ཐོབ་པའོ། །འོ་ན་བདག་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་པོ་སྔོན་གྱི་སངས་རྒྱས་ཡིན་ན་བུདྡྷ་བཞི་བཅུ་པོ་དེ་ལྷ་འཕྲལ་བྱུང་གི་སངས་རྒྱས་ཡིན་ནམ་ཞེ་ན། དེ་བྱས་ན་གློ་བུར་བ་ཡིན་པས་དོན་མི་འགྲུབ་པས་མི་འཐད་དོ། །དེ་མ་ཡིན་ན་སྔོན་གྱི་སངས་རྒྱས་ཞེས་ཅི་ལ་གདགས་ཞེ་ན་ཞེས་དྲིས་པ་ན། དེའི་ལན་དུ་དེ་ནི་འདི་ལྟར་ཤེས་པར་བྱ་སྟེ་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡེ་ཇི་བཞིན་པའི་ཀུན་ཏུ་བཟང་པོ་མ་ཤེས་ན་རིག་པ་སངས་རྒྱས་སུ་ཐག་མི་ཆོད་པས་ན་དེ་སྐད་ཅེས་བྱ། རྟོགས་པ་མངོན་གྱུར་གྱི་སངས་རྒྱས་རྒྱུད་དག་པའི་སངས་རྒྱས་མེད་ན་རིགས་ནུབ་ཅིང་བདེ་གཤེགས་རྒྱུན་ཆད་པའི་ཕྱིར་ན་རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བའོ། །དོན་གོ་དྲིལ་ན་བུ དྡྷ་བཞི་བཅུ་རྩ་གཉིས་ལ་སྔ་ཕྱི་མེད་ཀྱང་གདུལ་བྱའི་བློ་དང་མཐུན་པར་བསྟན་པའོ། །དེ་བས་ན་བདག་སངས་རྒྱས་ནས་གཞན་དོན་བྱེད་པས་ན་བུདྡྷ་ཉིད་ལ་བུདྡྷ་ཉིད་ཀྱིས་དོན་བསྐུལ་བའོ། །དེ་ལྟར་ངེས་པར་བྱས་ནས་འདི་ལྟར་རྒྱུའི་ཏིང་ངེ་འཛིན་གྱི་ཨ་དེ་དབུས་ཀྱི་གདན་སྟེངས་སུ་བབས་པ་སྟེ་ཨའི་དོན་ནི་ཆོས་ཉིད་སྐྱེ་བ་མེད་པ་ཡིན་ལ་རྟགས་ཀུན་ཏུ་བཟང་མོའི་ས་བོན་ནོ། །ངོ་བོ་དེ་བཞིན་ཉིད་ཀུན་གཞི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ཨ་དེ་ལས་ཀྵ་གཡས་སུ་འཕྲོས་པའི་དོན་ནི་ཐུགས་ཀྱི་ཡེ་ཤེས་སམ་ཐུགས་རིག་པའི་ཡེ་ཤེས་ཤར་བའོ། །རྟགས་ཀུན་ཏུ་བཟང་པོའི་ས་བོན་ནོ། །ངོ་བོ་ཡིད་རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་ཐུགས་སོ། །དེ་ལས་ཆོ་འཕྲུལ་གསུམ་གྱིས་ལྷར་བསྐྱེད་པའི་ཚུལ་ནི་ཨ་དང་ཀྵ་གཉིས་སུ་གསལ་བ་གསུང་ཡིག་འབྲུའི་ཆོ་གའོ། །དེ་འཕྲོ་འདུས་པས་རྡོ་རྗེ་དང་དྲིལ་བུ་གཉིས་སུ་གྱུར་པ་ནི། ཐུགས་ཕྱག་མཚན་གྱི་ཆོ་གའོ། །དེ་འཕྲོ་འདུས་པ་ལས་སྐུ་ཕྲ་མོར་གྱུར་པ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་གའོ། །དེ་འཕྲོ་འདུས་པ་ལས་སྔགས་བརྗོད་པས་ཀུན་བཟང་ཡབ་ཡུམ་དུ་བསྐྱེད་པའི་ཚུལ་ནི་སྐུ་ཕྲ་མོ་དེ་ལ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུཾ་ཞེས་བརྗོད་པས་ཀུན་ཏུ་བཟང་པོ་ཞབས་གཉིས་དཀྱིལ་ཀྲུང་མཉམ་བཞག་ཏུ་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྐུ་མཐིང་ཀ་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་ཅན་དགོངས་པ་མཉམ་བཞག་ཏུ་བཞུགས་པའོ། །སོར་མོ་སོ་སོར་གསལ་བ་ནི་ཡེ་ཤེས་འཕྲོ་ཞིང་གསལ་བའི་དོན་ཡིན་ནོ། །ཨ་ཨ་ཨ་བཛྲ་བྷ་དྲ་ས་མ་ཡ་སྟྭཾ་ཞེས་བརྗོད་པས་ཡུམ་ཀུན་ཏུ་བཟང་མོར་གྱུར་བ་ནི་ཞལ་གཅིག་ཕྱག་གཉིས་པ་སྐུ་མཐིང་ཀ་ཡབ་ལ་འཁྲིལ་བ་ཞབས་པ ད་མའི་སྐྱིལ་ཀྲུང་དུ་བཞུགས་པ་ཡབ་དང་སྐུ་མཉམ་པར་རྫོགས་པ་ཞབས་པད་མོའི་སྐྱིལ་ཀྲུང་དུ་བཞུགས་པ་ནི་ཉེས་པའི་སྐྱོན་དང་བྲལ་བའི་དོན་ནོ། །དེ་ལྟར་ལྷ་སྐུ་ཕྱག་རྒྱར་བསྒོམ་པ་འདི་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་གཞི་དང་ཁྱབ་བདག་ཡིན་པས་ཕྱག་རྒྱ་ཆེན་པོའི་སྐུ་ཞེས་པ་ཀུན་བཟང་ཡབ་ཡུམ་གཉིས་རྫོགས་པར་བསྒོམ་པའོ། །གཉིས་པ་ནི། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ཀུན་བཟང་ཡེ་ནས་ཡིན་པའི་ཕྱིར། །ཞེས་གསུངས་ཏེ། རྣལ་འབྱོར་པ་བདག་ཉིད་དཔལ་ཀུན་ཏུ་བཟང་པོར་བསྐྱེད་པ་དེ་ཡང་འཕྲལ་ལ་བྱས་པ་ལྟ་བུ་མིན་ཏེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་བདག་པོའམ་རང་བཞིན་དང་ཕྱོགས་བཅུ་དུས་བཞིའི་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་ཉིད་ཡེ་ནས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱའོ། །གསུམ་པ་ནི། ཐབས་དང་ཤེས་རབ་དགྱེས་སྤྲིན་ལས། །བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །འབྲས་བུ་རྒྱལ་བ་སྨིན་གྲུབ་བྱེད། །ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །ཨ་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཱེ། ཨོ་ཨཱ། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །ཞེས་གསུངས་ཏེ། ཡབ་ཐབས་ཀྱི་རང་བཞིན་ཀུན་ཏུ་བཟང་པོའི་མཁའ་ནི་རྡོ་རྗེ་རྩེ་ལྔ་པ་མཆུ་སྦུབས་སུ་ༀ་གྱིས་མཚན་པ་དང་། ཡུམ་ཤེས་རབ་ཀུན་ཏུ་བཟང་མོའི་མཁའ་ནི་པདྨ་འདའ་མ་བརྒྱད་པར་བསྒོམ་པའི་ལྟེ་བ་ལ་ཨཾ་བསམ། དེ་ལྟར་ཡབ་ཡུམ་གཉིས་སུ་མེད་པར་དགྱེས་པར་རོལ་པའི་བྱང་ཆུབ་སེམས་སྤྲིན་ལྟ་བུ་ཟག་པ་མེད་པའི་ཐིག་ལེ་བདེ་བ་ཆེན་པོ་ལས་ཡབ་ཡུམ་རོལ་པའི་བྱང་ཆུབ་སེམས་ཀྱི་ཚོགས་སུ་བྱུང་བ་ནི་ལྷ་བསྐྱེད་པའི་རྒྱུ་འཁོར་ལོ་ལྟར་འབྱུང་ངོ་། །དེ་ལྟ་བུའི་ཡི་གེ་རྣམས་ལ་བསྐྱེད་པ་རྐྱེན་གྱི་སྔགས་བརྗོད་ན་ཡི་གེའི་འབྲས་བུ་ནི་བུདྡྷ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་སྨིན་ཅིང་གྲུབ་པར་བྱེད་པའོ། །རྒྱུ་ཡི་གེ་དེ་ལས་འབྲས་བུ་སངས་རྒྱས་སུ་གྲུབ་པ་ནི་ངོ་མཚར་ཏོ། །མིང་ཚོགས་ནི་ཡི་གེའོ། །བཞི་བཅུ་རྩ་གཉིས་ནི་གྲངས་ཀྱི་རྣམ་གྲངས་སོ། །དེ་ཡང་ཡི་གེ་འདི་རྣམས་ལ་སྤྱི་དོན་གསུམ་སྟེ་ཡི་གེ་འབྱུང་བའི་གནས་དང་། ཡི་གེའི་ངོ་བོ་དང་། ཡི་གེ་ལྷ་དང་སྦྱོར་བའོ། །ཡི་གེ་འབྱུང་བའི་གནས་ནི་ཨ་ཁོང་ནས་འབྱུང་། ཀ་སྡེ་མགྲིན་པ་ནས་འབྱུང་། ཙ་སྡེ་ལྕེ་རྩེ་དང་སོ་ལས་འབྱུང་། ཊ་སྡེ་ལྕེ་རྩེ་དང་རྐན་ལས་འབྱུང་། ཏ་སྡེ་ལྕེ་ལས་འབྱུང་། པ་སྡེ་མཆུ་ལས་འབྱུང་། ཝ་ཡ་མཆུ་ལས་སོ། །ར་ལྕེ་ལས་སོ། །ལ་ལྕེ་དང་སོ་ལས་སོ། །ཤ་དང་ས་ནི་ལྕེ་དང་སོ་ལས་སོ། །ཀྵ་ལྟེ་བ་ནས་སོ། །ཨི་ཨཱི་སྤྱི་བོ་ནས་སོ། །ཨུ་མཆུ་ལས་སོ། །ཨེ་གྲེ་བ་ནས་སོ། །ཨོ་ཨཱོ་མཆུ་ལས་སོ། །ངོ་བོ་ནི་སེམས་ཀྱི་རང་བཞིན་སྐྱེ་བ་མེད་པ་ལས་གདངས་འགགས་མེད་དུ་ཤར་བའོ། །ལྷ་དང་ངོ་སྦྱར་བ་ནི་གསུམ་སྟེ། ཕྱི་རྟོག་ཚོགས་བཞི་བཅུ་རྩ་གཉིས་སུ་ངོ་སྤྲད་པ་དང་། ནང་རྩ་གནས་ཀྱི་ཐིག་ལེ་དང་སྦྱར་བ་དང་། གསང་བ་ཡབ་ཡུམ་གྱི་བྱང་སེམས་དང་སྦྱར་བའོ། །དེ་ཡང་གཞི་ཐིག་ལེར་གནས་པ་ལས་བྱང་སེམས་ཡི་གེར་བབས་པ་ལས་ལྷར་བསྐྱེད་པ་ནི་ཨ་སྐྱེ་བ་མེད་པའི་དོན་ཀུན་གཞི་ཆོས་ཀྱི་དབྱིངས་ཡུམ་ཀུན་ཏུ་བཟང་མོའི་རྒྱུའོ། །ཀ་ས་ཡི་སྙིང་པོ། ཁ་ཕྱག་ན་རྡོ་རྗེ། ག་སྤྱན་རས་གཟིགས། གྷ་ནམ་མཁའི་སྙིང་པོ། ང་གཤིན་རྗེ་གཤེད། ཙ་ལ་སེ་མ། ཚ་ནིར་ཏི་མ། ཛ་གིར་ཏི་མ། ཛྷ་མ་ལེ་མ། ཉ་སྟོབས་པོ་ཆེ། ཊ་རྣམ་སྣང་། ཋ་མི་བསྐྱོད་པ། ཌ་རིན་འབྱུང་། ཌྷ་སྣང་མཐའ། ཎ་དོན་གྲུབ། ཏ་སངས་རྒྱས་སྤྱན། ཐ་དབྱིངས་ཕྱུག་མ། ད་མ་མ་ཀི། དྷ་གོས་དཀར་མོ། ན་དམ་ཚིག་སྒྲོལ་མ། པ་བྱམས་པ། ཕ་སྒྲིབ་སེལ། བ་ཀུན་བཟང་། བྷ་འཇམ་དཔལ། མ་རྟ་མགྲིན། ཡ་དྷུ་པེ་བདུག་སྤོས་མ། ར་པུཥྤེ་མེ་ཏོག་མ། ལ་ཨ་ལོ་ཀེ་མར་མེ་མ། ཝ་གྷན་དྷེ་དྲི་ཆབ་མ། ཤ་ལྕགས་ཀྱུ་མ། ཥ་ཞགས་པ་མ། ས་ལྕགས་སྒྲོག་མ། ཧ་དྲི་བུ་མ། ཀྵ་ཡིད་ཀུན་ཏུ་བཟང་པོ། ཨི་ལྷའི་ཐུབ་པ། ཨཱི་ལྷ་མ་ཡིན་གྱི། ཨུ་མིའི། ཨཱུ་བྱོལ་སོང་གི། ཨེ་ཡི་དྭགས། ཨཱེ་དམྱལ་བ། ཨོ་ཨཱོ་བདུད་རྩི་འཁྱིལ་བ་ལུས་ཀྱི་རེག་བྱ་བཞི་རེག་པར་འདུས་པ་ཡི་གེ་གཉིས་སུ་བྱུང་བའོ། །ཡི་གེ་ཨ་ནི་སེམས་ལ་གནས་པའི་ཀུན་གཞི་དོན་དུ་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡི་གེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ན་ཨ་ཉིད་ལས་ཡི་གེ་སྣ་ཚོགས་པ་འབྱུང་བའོ། །གང་འབྱུང་ཞེ་ན་གསལ་བྱེད་དུ་སྣང་བའི་ཀ་ལ་སོགས་པའི་ཡི་གེ་བཞི་བཅུ་རྩ་གཉིས་སུ་འབྱུང་བ་ནི་འབྱུང་བའི་གནས་གཞིའི་ཡི་གེ་ཨ་ལས་འབྱུང་བའོ། །དེ་ཡང་སྒྲ་ཡི་འབྱུང་གནས་ཡི་གེ་ཡིན་ལ་སྒྲ་ལས་མིང་འབྱུང་། མིང་ལས་ཚིག་འབྱུང་ཚིག་གིས་དོན་གསལ་ཞིང་རྟོགས་པས་ཚིག་ལས་དོན་བྱུང་ནས་དེས་ཆོས་ཐམས་ཅད་བསྡུས་པའོ། །རྒྱུའི་ཡི་གེ་བཞི་བཅུ་རྩ་གཉིས་ཉིད་འབྲས་བུ་མངོན་པར་རྫོོགས་པར་སངས་རྒྱས་པའི་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་རྫོགས་པར་འབྱུང་ལ་རྒྱལ་བ་དེ་དག་ཉིད་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལྟར་འབྱུང་བ་དེ་ཉིད་ནི་སྤྲུལ་པ་ལྟ་བུ་ཡིན་པར་ངེས་སོ། །བཞི་པ་ནི། དེ་ལ་རྐྱེན་གྱི་སྔགས་ཀྱིས་བསྐུལ། །ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་མཁའ་གསང་ནས་གདན་སྟེངས་སུ་ཡི་གེ་འཕྲོས་པ་ལ་དེ་ལ་ཧཱུཾ་བཛྲ་དྷྲི་ག་ལ་སོགས་པའི་བསྐྱེད་པ་རྐྱེན་གྱི་སྔགས་ཀྱིས་བསྐུལ་བས་ལྷ་སོ་སོའི་སྐུ་ཡོངས་སུ་རྫོགས་པར་བསྐྱེད་དོ། །ལྔ་པ་ནི། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་གསལ། །འདུས་མ་བྱས་ཉིད་འདུས་བྱས་སྣང་། །རྡོ་རྗེའི་དཀྱིལ་འཁོར་འབྱིན་པའི་དམ། །དབང་མེད་རྒྱུ་རྐྱེན་འཚོགས་པའི་མཐུ་ཆེན་ཡིན། །ཞེས་པས་བསྟན་ཏེ། སྒྱུ་ནི་ཡིག་འབྲུ་བཞི་བཅུ་རྩ་གཉིས་ལ་འཕྲུལ་བ་ནི་དེ་ལས་དཀྱིལ་འཁོར་གྱི་ལྷ་བཞི་བཅུ་རྩ་གཉིས་སུ་བསྒོམ་པའོ། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞི་ལས་འདི་རྣམས་གསང་བ་སྒྱུ་འཕྲུལ་དྲྭ་བའམ་རྣལ་འབྱོར་སྒྱུ་འཕྲུལ་དྲྭ་བ་སྟེ་ཆོས་ཉིད་ཀྱི་གཟུགས་བརྙན་ཡུམ་གྱི་སྐུར་བྱུང་བ་དང་ཡེ་ཤེས་ཀྱི་གཟུགས་བརྙན་ཡབ་ཀྱི་སྐུར་བྱུང་བ་གཉིས་ཡེ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་འབྲེལ་བའི་ཕྱིར་དྲྭ་བའི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ན་རིག་པ་མངོན་སུམ་དུ་རྫོགས་པར་གསལ་བའོ། །དོན་དམ་པར་ཆོས་ཉིད་འདུས་མ་བྱས་པའི་ངང་ལས་མ་གཡོས་ཀྱང་ཀུན་རྫོབ་ཙམ་དུ་ལྷའི་སྐུ་ཉིད་འདུས་བྱས་ལྟར་སྣང་བ་ནི་དེ་ཁོ་ན་ཀུན་རྫོབ་དང་དོན་དམ་པར་སྣང་ཡང་དོན་གྱི་ངོ་བོ་ལ་བདེན་པ་དབྱེར་མེད་པའི་ཕྱིར་རྡོ་རྗེའི་དཀྱིལ་འཁོར་རམ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འབྱིན་པའི་ཚུལ་ལས་མི་འདའ་བ་ནི་དམ་ཚིག་གོ། །དེ་ཡང་དཔེར་ན་རྒྱུ་ས་བོན་ལ་རྐྱེན་ཆུ་ལུད་འཛོམ་ན་འབྲས་བུ་རང་དབང་མེད་པར་འབྱུང་བ་ལྟར་རྒྱུ་ཟག་མེད་ཀྱི་བྱང་ཆུབ་སེམས་ཡི་གེར་སྣང་བ་དང་རྐྱེན་བསྐྱེད་པའི་སྔགས་ཀྱི་ནུས་པ་འཚོགས་ན་འབྲས་བུ་ལྷའི་སྐུ་རང་དབང་མེད་པར་འབྱུང་སྟེ་གསང་སྔགས་གསང་བའི་ནུས་མཐུ་ཆེན་པོ་ཡིན་ནོ། །དེ་ཡན་ཆད་ཀྱིས་བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱའོ། །གཉིས་པ་ལ་འཇུ་འདུལ་བྱ་བ་དང་། དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ལ་བཞི་སྟེ་བསྐུལ་བར་དམ་བཅའ་བ་དང་། བསྐུལ་བ་དངོས་དང་། རྟོག་པ་སྦྱངས་པ་དང་། ལྷ་ཀུན་འོད་དུ་ཞུ་བའོ། །དང་པོ་ནི། དེ་ནས་བཅོམ་ལྡན་དགྱེས་ཆེན་རིགས། །ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །རང་གི་ངང་ཚུལ་དེ་བཟུང་ནས། །བསྐུལ་ཚིག་འདི་ཡང་རབ་ཏུ་བརྗོད། །ཅེས་གསུངས་ཏེ། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བ་ལ་ལྔ་སྟེ། སངས་རྒྱས་གང་དང་སྦྱར་བ། དོན་གང་དང་མཐུན་པ། སྒོ་གང་ནས་འཇུག་པ། དོན་གང་ཐོབ་ཅིང་རྟོགས་པ། ཡེ་ཤེས་གང་རྟོགས་པའོ། །སངས་རྒྱས་གང་དང་སྦྱར་ན་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་དང་སྦྱར། དེ་ཡང་རྟོགས་པ་མངོན་དུ་གྱུར་པའི་དཀྱིལ་འཁོར་བསྐྱེད་པའོ། །དོན་གང་དང་མཐུན་ན་ཕ་མས་བུ་ཚ་བསྐྱེད་པ་དང་འདྲའོ། །སྒོ་གང་ནས་འཇུག་ན་མ་ཧཱ་ཡོ་གའི་ཨ་ནུ་ཡོ་ག་ནས་འཇུག་གོ། །དོན་གང་རྟོགས་ན་རང་བྱུང་གི་ཡེ་ཤེས་ཆེན་པོ་རྟོགས་པའོ། །རང་རིག་པ་ལ་རང་གིས་རྟོགས་པ་མངོན་དུ་གྱུར། རྒྱུད་དག་པའི་ཀུན་ཏུ་བཟང་པོར་བྱས་རིག་པ་དང་རྟོགས་པ་དབྱེར་མེད། དེ་ཅི་ལས་བྱུང་ན་རང་རིག་པ་སངས་རྒྱས་ཡིན་པ་ལ་ཡིན་པར་ཤེས ནས་དེའི་སྲས་སུ་བདག་བྱེད་པ་ལས་འབྱུང་ངོ་། །དེ་ཡང་དཀྱིལ་འཁོར་དང་པོ་བསྐྱེད་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་རིགས་ཀྱི་བདག་པོ་ཡབ་ཡུམ་གཉིས་སུ་མེད་པ་ལྷུན་གྱིས་གྲུབ་པར་ཡོད་ཀྱང་རང་བཞིན་ལྷུན་གྲུབ་དེ་རྟོགས་པ་མངོན་དུ་གྱུར་པས་བྱ་བའི་ཕྱིར་ན་རང་བཞིན་ལྷུན་གྲུབ་དང་རང་སྣང་རིག་པའི་དཀྱིལ་འཁོར་གཉིས་དབྱེར་མེད་པའི་དཀྱིལ་འཁོར་དུ་བྱ་ལ་དེ་རྟོགས་པས་ལྷུན་གྲུབ་ཏུ་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བའོ། །གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ་རྐྱེན་འཇུག་པའི་ལམ་གྱི་མཚན་ཉིད་ཀྱིས་ཉམས་སུ་བླངས་ལ་གཞི་དེ་རང་གི་བློ་ལ་མཉམ་པར་སྦྱོར་བས་སྒོམ་མོ། །དབུས་ཀྱི་གཙོ་བོའི་ཐུགས་ཀ་ནས་རང་གི་རྣམ་པར་སྨིན་པའི་ལུས་འདི་འདྲ་བའི་ངང་ཚུལ་དེ་བཟུང་བའི་ཚངས་པ་ཕྲུ་གུའི་ཆ་བྱད་ཅན་གཅིག་བྱུང་ནས་སོ། །དེ་བྱུང་ནས་བར་ཁྱམས་ནས་དཀྱིལ་འཁོར་གྱི་ལྷ་ལ་བསྐོར་བ་བྱས་ནས་ནུབ་སྒོར་འདུག་སྟེ་བརྐྱང་ཕྱག་ལན་གསུམ་འཚལ་ནས་པུས་མོ་བཙུགས་ཏེ་དཀྱིལ་འཁོར་གྱི་ལྷ་ལ་བསྐུལ་ཚིག་འདི་ཡང་རབ་ཏུ་བརྗོད་ཅིང་གསོལ་བ་ལན་གསུམ་འདེབས་པ་འདི་སྐད་དོ། །གཉིས་པ་ནི། ༀ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །ད་ལྟ་ཉིད་དུ་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་སོ། །དེ་ལ་ཡེ་ཤེས་ལྔ་དང་ལྡན་པའི་ཡི་གེ་ༀ་གྱིས་མགོ་དྲངས་ནས་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་དཔལ་ཀུན་ཏུ་བཟང་པོ་ནི་ཐམས་ཅད་དུ་དབང་བསྐུར་བའི་ཕྱིར་ན་རྒྱལ་པོའོ། །སྐུའི་རིགས་རྣམ་པར་སྣང་མཛད་དང་གསུང་གི་རིགས་སྣང་བ་མཐའ་ཡས་ཐུགས་ཀྱི་རིགས་མི་བསྐྱོད་པ་ཡོན་ཏན་རིན་འབྱུང་འཕྲིན་ལས་དོན་ཡོད་གྲུབ་པའོ། །དེ་ཡང་རྒྱལ་བ་ལྔ་སོ་སོར་བྱུང་བ་ནི་མ་ཡིན་ཏེ་རྒྱལ་བ་གཅིག་ལས་ཡོན་ཏན་སྐུ་གསུང་ཐུགས་འཕྲིན་ལས་རེ་རེ་དང་ལྡན་པས་ན་རྨད་པོ་ཆེ་ཞེས་བྱའོ། །དེ་ལྟ་བུ་དེ་བདག་ལ་ད་ལྟ་ཉིད་དུ་ཁྱེད་དང་དབྱེར་མེད་པར་མཉམ་པར་སྦྱོར་བས་ན་དུས་ཕྱི་མ་ལ་མི་ལྟོས་པར་དུས་ད་ལྟ་ཉིད་དུ་སྦྱོར་བའོ། །ཁྱེད་ཀྱི་ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག་ཅེས་པ་སྟེ་ཇི་ལྟར་ན་བདག་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་དང་ཁྱེད་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་གཉིས་དབྱེར་མེད་པར་གྱུར་ལ་བདག་ཉིད་ཀྱང་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་སུ་སྦྱོར་ཅིག་པའོ། །གསུམ་པ་ནི། ཐབས་དང་ཤེས་རབ་གཉིས་མེད་པའི། །ཡེ་ཤེས་ཟེར་གྱིས་ལུས་རྟོག་སྦྱངས། །གསེར་ཞུན་ལྟ་བུའི་སེམས་དག་ལས། །གསུམ་གྱི་བྱིན་བརླབས་འོད་ཀྱི་འབྲུ། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིག །རྡོ་རྗེའི་ལམ་བྱུང་ཡུམ་གྱི་མཁའ། །ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །ཞེས་སོ། །དེ་ལྟར་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་ལྷ་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་ཚད་མེད་པས་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་རྣོ་ལ་མྱུར་བ་གྲངས་མེད་པ་བྱུང་བའི་ཡེ་ཤེས་ཀྱི་ཟེར་གྱིས་བདག་གི་ལུས་ཀྱི་རྟོག་པ་དང་སྡིག་པ་ཐམས་ཅད་བྱ་སྒྲོ་མེས་སྲེགས་པ་བཞིན་དུ་སྦྱངས་ནས་དཔེ་གསེར་ཞུན་མ་ལྟ་བུའི་ཚུལ་དུ་བདག་གི་སེམས་དག་པར་གནས་པ་ལས། དེ་ལ་ལྷ་རྣམས་ཀྱིས་གཟིགས་ཏེ་སེམས་རྟེན་གྱི་གནས་སུ་གསང་བ་གསུམ་གྱི་བྱིན་བརླབས་འོད་ཀྱི་ཡིག་འབྲུ་ༀ་ཨཱཿཧཱུཾ་གསུམ་འཕྲོས་པས་འོད་ཀྱི་རང་བཞིན་ལྷའི་སེམས་དེ་ཡི་གེ་འབྲུ་གསུམ་དུ་གྱུར་ཏོ། །ཡི་གེ་ཡང་འཕྲོ་འདུས་པས་ཧཱུཾ་དུ་ཐིམ། དེས་བར་ཁྱམས་ནས་བསྐོར་བ་ལན་གསུམ་བྱས་ནས་གཙོ་བོའི་ཐུགས་ཀར་ཐིམ་ནས་སྐུའི་དབྱིག་ཏུ་གྱུར་སྒལ་ཚིགས་ཀྱི་རྟ་བརྒྱུད་རྡོ་རྗེའི་ལམ་དུ་བྱུང་ནས་ཡུམ་གྱི་མཁའ་ལ་བབས་པ་དང་ཧཱུཾ་གི་འོད་ཀྱིས་ཡུམ་ཡང་འོད་དུ་ཞུ་སྣང་ལ་རང་བཞིན་མེད་པའི་སྐུ་གསལ་ལ་རྟོག་པ་མེད་པའི་ཐུགས་ཆོས་སྐུ་བྱང་ཆུབ་སེམས་སུ་གནས་སོ། །བཞི་པ་ནི། ལྷ་རྣམས་སོ་སོའི་སྙིང་པོའི་སྒྲ། །བཞི་བཅུ་རྩ་གཉིས་སྒྲ་བྱུང་བས། །བྱང་ཆུབ་སེམས་སུ་གཅིག་པར་ཐིམ། །ཞེས་ཏེ། དཀྱིལ་འཁོར་གྱི་ལྷ་གཞན་རྣམས་ཀྱང་རང་རང་སོ་སོའི་སྙིང་པོའི་སྒྲའམ་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་སྒྲ་ཙམ་བྱུང་བས་སྔགས་ཀྱི་སྒྲས་བསྐུལ་ནས་གནས་པ་དེ་དབུས་ཀྱི་གཙོ་བོའི་འོད་ཕུང་བྱང་ཆུབ་སེམས་སུ་གནས་པ་ལ་གཅིག་པར་ཐིམ་མོ། །གཉིས་པ་དཀྱིལ་འཁོར་བསྐྱེད་པ་ལ་བཞི་སྟེ། གཙོ་བོ་བསྐྱེད་པ་དང་། འཁོར་བསྐྱེད་པ་དང་། ལྷའི་ཚུལ་བསྟན་པ་དང་། ནུས་པ་དང་ལྡན་པར་བྱ་བའོ། །དང་པོ་གཙོ་བོ་བསྐྱེད་པ་ལ་བཞི་སྟེ་ཡབ་ཡུམ་བསྐྱེད་པ་དང་། དབང་དང་བྱིན་བརླབས་བྱ་བ་དང་། མཁའ་གསང་བྱིན་གྱིས་བརླབས་ཏེ་བརྡས་བསྐུལ་བ་དང་། བྱང་སེམས་སྤྲོས་ཏེ་ཆགས་མཆོད་བྱ་བའོ། །དང་པོ་ནི། དེ་ནས་སྙིང་པོ་དྲན་ཙམ་གྱིས། །ཨ་ཀྵ་གསུང་གི་ཕྱག་རྒྱ་གཉིས། །ཆོ་ག་གསུམ་གྱི་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་པོའི་སྐུ་གཉིས་རྫོགས། །ཞེས་པ་སྟེ། ལྷ་ཐམས་ཅད་འོད་དུ་ཞུ་ནས་འོད་ཀྱི་གོང་བུ་གཅིག་ཏུ་གནས་པ་དེ་ནས་ཨ་དང་ཀྵ་གཉིས་ཀྱི་སྙིང་པོ་དྲན་ཙམ་གྱིས་འོད་ཀྱི་གོང་བུ་དེ་ཨ་ཀྵ་གསུང་གི་ཡི་གེ་གཉིས་སུ་གྱུར་ཏེ། དེ་ལས་སྐུ་བསྐྱེད་པའི་རང་བཞིན་ལས་མི་འདའ་བས་ན་ཕྱག་རྒྱ་གཉིས་ཞེས་བྱའོ། །འོད་ཀྱི་གོང་བུ་ཨ་ཀྵ་གཉིས་སུ་གྱུར་པ་ནི་གསུང་ཡིག་འབྲུའི་ཆོ་གའོ། །དེ་འཕྲོ་འདུས་པ་ལས་རྡོ་རྗེ་དང་དྲིལ་བུར་གྱུར་པ་ནི་ཐུགས་ཕྱག་མཚན་གྱི་ཆོ་གའོ། །དེ་འཕྲོ་འདུས་པ་ལས་སྐུ་ཕྲ་མོར་གྱུར་པ་སྟེ་དེ་ལྟར་ཆོ་ག་གསུམ་གྱི་སྦྱོར་བ་ཡིས་སྐུ་ཕྲ་མོ་འཕྲོ་འདུས་པ་ལས་སྔགས་བརྗོད་པས་ཕྱག་རྒྱ་ཆེན་པོའི་སྐུ་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་ཡོངས་རྫོགས་སུ་གྱུར་པར་སྒོམ་པ་ནི་སྐུ་མདོག་མཐིང་ཀ་ཞལ་གཅིག་ཕྱག་གཉིས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཕྱག་མཉམ་བཞག་ཏུ་གནས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསྒོམ་མོ། །གཉིས་པ་ནི། འབྲུ་གསུམ་འབྲུ་ལྔའི་བྱིན་བརླབས་དབང་། ཞེས་པ་སྟེ། བྱིན་གྱིས་བརླབས་པ་ནི་ལྷ་རྣམས་ཀྱི་སྤྱི་བོ་དང་མགྲིན་པ་དང་སྙིང་གར་ཉི་མ་དང་ཟླ་བ་དང་པདྨའི་གདན་བསམ་ལ་དེའི་སྟེང་དུ་སྤྱི་བོར་ༀ་མགྲིན་པར་ཨཱཿཐུགས་ཀར་ཧཱུཾ་སྟེ་འབྲུ་གསུམ་བསམ་དེ་ལས་འོད་འཕྲོ་འདུས་པ་ལས་རྣམ་སྣང་སྣང་མཐའ་རྡོ་རྗེ་སེམས་དཔར་བསྐྱེད་ལ་སྔགས་ཀྱིས་ང་རྒྱལ་བྱའོ། །དབང་བསྐུར་བ་ནི་ཀུན་ཏུ་བཟང་པོའི་དབུའི་གནས་ལྔར་རིན་པོ་ཆེའི་ཁང་བུ་ལྔའི་ནང་དུ་ཡི་གེ་འབྲུ་ལྔ་བཀོད་པའི་བྱིན་བརླབས་འོད་ཟེར་གྱི་རྣམ་པས་འོག་མིན་ནས་རིགས་ལྔ་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁའ་ལ་བཞུགས་པ་དེའི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་དེ་བྱང་ཆུབ་སེམས་དབུའི་ཡི་གེ་ལྔ་ལ་ཐིམ་པ་དང་དོན་ཡེ་ཤེས་ལྔར་དབང་བསྐུར་ཏེ་མ་ཧཱ་ཤཱུ་ནྱ་ཏ་ལ་སོགས་པའི་སྔགས་ཀྱིས་ང་རྒྱལ་བྱའོ། །དེ་ནས་ནམ་མཁའི་རིགས་ལྔ་དབུའི་ཁང་བུ་ལྔའི་ནང་དུ་སྤྱན་དྲངས་ལ་དབུ་རྒྱན་དུ་བཞུགས་སུ་གསོལ་ལོ། །གསུམ་པ་ནི། ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་ༀ། །པཾ་ལས་པདྨ་འདབ་བརྒྱད་ཨཾ། །རྗེས་སུ་ཆགས་པས་དེ་བཞིན་བསྐུལ། །ཞེས་པས་བསྟན། ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཆུ་སྦུགས་སུ་ཡི་གེ་ༀ་གྱིས་མཚན་པར་བསྐྱེད་དོ། །ཡང་ན་རྩ་བར་ༀ་རྐེད་པར་ཧཱུཾ་རྩེ་མོར་ཕཊ་བསམ་པར་བྱའོ། །ཡུམ་གྱི་མཁའ་པཾ་ལས་པདྨ་འདབ་བརྒྱད་དུ་གྱུར་པའི་དབུས་སུ་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཨཾ་བསམ་པར་བྱའོ། །ཡུམ་གྱིས་ཡབ་ལ་བསྐུལ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་ཆགས་པའི་བདག་ཉིད་ངའམ་ཡུལ་ང་ཉིད་ཡིན་ཞེས་བསྐུལ་བས་ཡབ་ཀྱིས་ཡུམ་ལ་ལན་བྱིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ཆེན་པོའི་རྡོ་རྗེའི་རང་བཞིན་ངའམ་བདག་ཉིད་ཡིན་ཞེས་ལན་དུ་བསྐུལ་བའོ། །བཞི་པ་ནི། ༀ་སརྦ་ཏ་ཐ་ག་ཏ་མ་ཧཱ་ཨ་ནུ་ར་ག་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པུ་ཙ་བཛྲ་སྭ་ཝ་ཨཏྨ་ཀོ྅་ཧཾ། སྟེ་དེ་ལ་ༀ་ནི་སྔགས་ཀྱི་མགོ་འདྲེན་པ་སརྦ་ཐམས་ཅད་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་མ་ཧཱ་ཆེན་པོ་ཨ་ནུ་ར་ག་རྗེས་སུ་ཆགས་པ་བཛྲ་རྡོ་རྗེ་སྭ་བྷ་བ་ངོ་བོ་ཉིད་ཨཏྨ་ཀོ྅་ཧཾ་བདག་ཉིད་ངའོ། །ༀ་སརྦ་ཐམས་ཅད་ཏ་ཐ་ག་ཏ་དེ་བཞིན་གཤེགས་པ་མ་ཧཱ་ཆེན་པོ་པཱུ་ཙ་མཆོད་པ་བཛྲ་རྡོ་རྗེ་སྭ་བྷ་བ་ངོ་བོ་ཉིད་ཨཏྨ་ཀོ྅་ཧཾ་བདག་ཉིད་ངའོ། །གཉིས་པ་འཁོར་བསྐྱེད་པ་ལ་གཉིས་ཏེ་ཡུམ་གྱི་མཁར་བྱང་ཆུབ་སེམས་ལས་ལྷར་བསྐྱེད་པ་དང་། སྔགས་ཀྱིས་ཕྱིར་གདོན་པའོ། །དང་པོ་ནི། ཡུམ་གྱི་པད་མོའི་དཀྱིལ་འཁོར་དུ། །དེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །གཞལ་ཡས་ཐིག་གདབ་སྙིང་པོ་བཀོད། །དེ་ལས་སྤྲོ་དང་བསྡུ་བ་ཡིས། །ཐུགས་ཀྱི་ཕྱག་རྒྱ་བཞི་བཅུ་གཉིས། །དེ་ལས་ཕྲ་མོའི་སྐུ་འཕྲོ་འདུས། །ཞེས་པས་བསྟན་ཏེ་ཡུམ་གྱི་ཞེས་ཀུན་ཏུ་བཟང་མོའི་མཁའ་པད་མ་འདབ་མ་བརྒྱད་པའི་དཀྱིལ་འཁོར་དུ་བྷ་ག་བདེ་སྟོང་གི་ཉམས་དང་ལྡན་པ་དེ་ཡབ་ཀུན་ཏུ་བཟང་པོའི་ལྷག་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཐུགས་ཀྱི་རང་བཞིན་ནམ་ཐུགས་ཡང་དག་པའི་བདེ་བ་དེ་ཡབ་ཀྱིས་ཡུམ་ལ་དཀྱིལ་འཁོར་གྱི་ལྷའི་རྒྱུར་སྤྲོ་བའོ། །དེ་ཡང་ཡུམ་གྱི་མཁར་བྱང་ཆུབ་སེམས་དང་པོ་སྤྲོས་པས་གཞལ་ཡས་ཁང་གི་དལ་དུ་གྱུར། གཉིས་པ་སྤྲོས་པས་ཐིག་གདབ། གསུམ་པ་སྤྲོས་པས་དལ་ཡོངས་སུ་རྫོགས། བཞི་པ་སྤྲོས་པས་གདན་གསལ། ལྔ་པས་སྙིང་པོ་གསུང་ཡིག་འབྲུ་བཞི་བཅུ་རྩ་གཉིས་སུ་གསལ་ཞིང་བཀོད་པའོ། །དེ་ལས་འོད་ཟེར་སྤྲོ་བ་དང་བསྡུ་བ་ཡིས་ཐུགས་ཀྱི་ཕྱག་རྒྱའམ་ཕྱག་མཚན་བཞི་བཅུ་རྩ་གཉིས་སུ་གྱུར་པའོ། །དེ་ལས་ཡང་ཕར་འཕྲོས་ཚུར་འདུས་པ་ལས་ཕྲ་མོའི་སྐུའམ་སྐུ་ཕྲ་མོ་བཞི་བཅུ་རྩ་གཉིས་སུ་གྱུར་པའོ། །གཉིས་པ་ནི། སོ་སོའི་སྔགས་ཀྱིས་བསྐྱེད་ཅིང་གདོན། །སོགས་ནས་ༀ་མུ་ནེ་ཡེ་སྭཱ་ཧཱ་ཞེས་པའི་བར་གྱིས་བསྟན་པ་སྟེ། དེ་ནས་ཡུམ་གྱི་མཁའི་ནང་ན་གནས་པའི་སྐུ་ཕྲ་མོ་དེ་རྣམས་ལས་འཕྲོ་འདུས་པ་དང་སོ་སོའི་སྔགས་བརྗོད་པའི་རྐྱེན་ཉིད་ཀྱི་ལྷ་ཡོངས་རྫོགས་སུ་བསྐྱེད་ཅིང་ཕྱིར་ལ་གདོན་པར་བྱའོ། །དེ་ཡང་གཙོ་བོ་ཡབ་ཡུམ་གྱི་སྔགས་ཧཱུྃ་བཛྲ་དྷྲིག་ཅེས་བརྗོད་པས་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ་གཡས་དཀར་གཡོན་དམར་དབུས་མཐིང་ཀའི་ཞལ། རྡོ་རྗེ་འཁོར་ལོ་རིན་ཆེན་གཡས་དང་དྲིལ་བུ་པདྨ་རལ་གྲི་གཡོན་ན་བསྣམས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞབས་རྫོགས་པའི་སྐྱིལ་ཀྲུང་དུ་བཞུགས་པའོ། །དེ་བཞིན་དུ་ༀ་ཛི་ན་ཛིཀ་ཅེས་བརྗོད་པས་ཤར་དུ་རྣམ་པར་སྣང་མཛད་ཞལ་གསུམ་ཕྱག་དྲུག་གཡས་དམར་གཡོན་སྔོ་དབུས་དཀར་ཞལ། འཁོར་ལོ་རིན་ཆེན་རྡོ་རྗེ་གཡས། དྲིལ་བུ་པདྨ་རལ་གྲི་གཡོན། ཞབས་རྫོགས་པའི་སྐྱིལ་ཀྲུང་དུ་བཞུགས་པའོ། །སྭ་རཏྣ་དྷྲིག་ཅེས་པས་ལྷོར་རིན་ཆེན་འབྱུང་ལྡན་ཞལ་གསུམ་ཕྱག་དྲུག་པ་གཡས་སྔོ་གཡོན་དམར་དབུས་སེར་ཞལ། རིན་ཆེན་འཁོར་ལོ་རྡོ་རྗེ་གཡས་དྲིལ་བུ་པདྨ་རལ་གྲི་གཡོན་ན་བསྣམས་པའོ། །ཨཾ་ཨ་རོ་ལིཀ་ཞེས་པས་ནུབ་ཏུ་སྣང་བ་མཐའ་ཡས་ཞལ་གསུམ་ཕྱག་དྲུག་པ་གཡས་སྔོ་གཡོན་དཀར་དབུས་དམར་ཞལ། པདྨ་འཁོར་ལོ་རྡོ་རྗེ་གཡས་དང་དྲིལ་བུ་རིན་ཆེན་རལ་གྲི་གཡོན་ན་བསྣམས་པའོ། །ཧ་པྲད་ཉ་དྷྲིག་ཅེས་པས་བྱང་དུ་དོན་ཡོད་གྲུབ་པ་ཞལ་གསུམ་ཕྱག་དྲུག་པ་གཡས་དཀར་གཡོན་དམར་དབུས་ལྗང་ཞལ། རལ་གྲི་འཁོར་ལོ་རྡོ་རྗེ་གཡས་དང་དྲིལ་བུ་པདྨ་རིན་ཆེན་གཡོན་ན་བསྣམས་པའོ། །མཱུཾ་དྷ་དུ་ཤྭ་རི་ཞེས་པས་དབུས་སུ་དབྱིངས་ཕྱུག་མ་མཐིང་ཀ་གཡས་ཡབ་ལ་འཁྱུད་པ་གཡོན་དྲིལ་བུ་བསྣམས་པའོ། །ལཾ་ཏེ་ཤ་ར་ཏི་ཞེས་པས་ཤར་དུ་སངས་རྒྱས་སྤྱན་དཀར་མོ་གཡས་ཡབ་ལ་འཁྱུད་པ་གཡོན་པ་དྲིལ་བུ་བསྣམས་པའོ། །མཾ་མོ་ཧ་ར་ཏི་ཞེས་པས་ལྷོར་མ་མ་ཀི་སེར་མོ་གཡས་པ་ཡབ་ལ་འཁྱུད་པ་གཡོན་པ་དྲིལ་བུ་བསྣམས་པའོ། །པྱཾ་ར་ག་ར་ཏི་ཞེས་པས་ནུབ་ཏུ་གོས་དཀར་མོ་དམར་མོ་གཡས་ཡབ་ལ་འཁྱུད་པ་གཡོན་དྲིལ་བུ་བསྣམས་པའོ། །ཏཾ་བཛྲ་ར་ཏི་ཞེས་པས་བྱང་དུ་དམ་ཚིག་སྒྲོལ་མ་ལྗང་གུ་གཡས་པ་ཡབ་ལ་འཁྱུད་པ་གཡོན་པ་དྲིལ་བུ་བསྣམས་པའོ། །ནང་གི་སེམས་དཔའ་བཞི་ནི་ཀྵི་ཧི་ར་ཙ་ཡ་ཞེས་པས་ཤར་ལྷོའི་རྩིབས་མཆན་ལ་སའི་སྙིང་པོ་དཀར་པོ་གཡས་རིན་ཆེན་མྱུ་གུ་གཡོན་དྲིལ་བུ་བསྣམས་པའོ། །ཏྲྃ་ཨ་ཀརྦྷ་ཡ་ལྷོ་ནུབ་ཀྱི་རྩིབས་མཆན་ལ་ནམ་མཁའི་སྙིང་པོ་སེར་པོ་གཡས་རལ་གྲི་གཡོན་དྲིལ་བུ་བསྣམས་པའོ། །ཧྲཱི་པདྨ་བན་དྷ་མ་ནུབ་བྱང་གི་རྩིབས་མཆན་ལ་སྤྱན་རས་གཟིགས་དམར་པོ་གཡས་པདྨ་དཀར་པོ་གཡོན་དྲིལ་བུ་བསྣམས་པའོ། །ཛིམ་ཀུ་རུ་པ་ཎི་ཧྲི་བྱང་ཤར་གྱི་རྩིབས་མཆན་ལ་ཕྱག་ན་རྡོ་རྗེ་ལྗང་གུ་གཡས་རྡོ་རྗེ་གཡོན་དྲིལ་བུ་བསྣམས་པའོ། །ཧཱུཾ་ལ་སེ་ས་མ་ཡ་སྟྭཾ་ལ་སེ་སྒེག་མོ་དཀར་མོ་གཡས་མེ་ལོང་ཐོགས་པ་གཡོན་འགྱིང་བག་གི་ཚུལ་ཅན་སེམས་དཔའ་ས་ཡི་སྙིང་པོའི་ཡུམ་འཁྲིལ་སྦྱོར་དུ་གནས་སོ། །ཏྲྃ་མ་ལེ་ས་མ་ཡ་ཧོ་མ་ལེ་མ་སེར་མོ་འཕྲེང་བ་སྤྱི་བོར་འདྲེན་པ་ནམ་མཁའི་སྙིང་པོ་དང་འཁྲིལ་སྦྱོར་དུ་གནས་སོ། །ཧྲཱི་གྷིར་ཏི་ར་གོ་ཡ་ཧཾ་དབྱངས་མ་དམར་མོ་པི་ཝཾ་སྦྲེང་བ་སྤྱན་རས་གཟིགས་ཀྱི་ཡུམ་མོ། །ཨ་ནིར་ཏི་ར་གོ་ཡ་མི་གར་མ་ལྗང་གུ་ཕྱག་རྒྱ་གར་བསྒྱུར་མ་ཕྱག་ན་རྡོ་རྗེའི་ཡུམ་མོ། །ཕྱིའི་སེམས་དཔའ་ཡབ་ཡུམ་ནི་མེ་དྷ་ར་ནི་སྭཱ་ཧཱ་བྱམས་པ་དཀར་པོ་གཡས་ཀླུ་ཤིང་གཡོན་དྲིལ་བུ་ཅན་ཤར་ལྷོའི་གྲུ་ཆད་ལའོ། །ཐླྷིཾ་ས་རཾ་པ་ཡ་སྭཱ་ཧཱ་ལྷོ་ནུབ་ཏུ་སྒྲིབ་སེལ་སེར་པོ་ཆོས་ཀྱི་འཁོར་ལོ་དང་དྲིལ་བུ་བསྣམས་པའོ། །ཧཱུཾ་སྭ་ར་ཙ་ཡ་སྭཱ་ཧཱ་ནུབ་བྱང་གི་གྲུ་ཆད་ལ་ཀུན་བཟང་དམར་པོ་གཡས་རིན་ཆེན་སྙེ་མ་གཡོན་དྲིལ་བུའོ། །མཱུཾ་ཤྲཱི་ཨ་རཾ་ག་ཡ་སྭཱ་ཧཱ་བྱང་ཤར་གྱི་གྲུ་ཆད་ལ་འཇམ་དཔལ་ལྗང་གུ་གཡས་ཨུ ཏྤལ་གཡོན་དྲིལ་བུའོ། །ཛ་དྷུ་པེ་པྲ་བེ་ཤ་དྷུ་པེ་མ་དཀར་མོ་སྤོས་ཕོར་ཐོགས་པ་བྱམས་པའི་ཡུམ་ཡིན་ནོ། །ཧཱུཾ་པུ ཥྤུ་ཨ་བེ་ཤ་པུཥྤེ་མ་སེར་མོ་མེ་ཏོག་ཐོགས་པ་སྒྲིབ་སེལ་གྱི་ཡུམ་མོ། །བཾ་དི་པཾ་སུ་ཀི་ནི་ཨ་ལོ་ཀེ་དམར་མོ་མར་མེ་ཐོགས་པ་ཀུན་བཟང་གི་ཡུམ་མོ། །ཧོ་གྷནྡྷེ་ཙིཏྟ་ཧོ་གྷ ནྡྷེ་མ་ལྗང་གུ་དྲི་ཆབ་ཐོགས་པ་འཇམ་དཔལ་གྱི་ཡུམ་མོ། ། སྒོ་བ་ཡབ་ཡུམ་ནི་ཧཱུཾ་ཡ་མནྟ་ཀྲིད་ཕཊ་ཤར་སྒོར་གཤིན་རྗེ་གཤེད་ཞལ་གསུམ་ཕྱག་དྲུག་པ་གཡས་ལྗང་གཡོན་སྔོ་དབུས་དཀར་ཞལ། ཕྱག་དང་པོ་གཉིས་མི་མགོ་གནོན་པ་གཡས་གཏུན་ཤིང་རྡོ་རྗེ་གཡོན་དབྱུག་ཏོ་དགྲ་སྟྭའོ། །ཧཱུཾ་བིག་ནནྟ་ཀྲིད་ཕཊ་ལྷོར་སྟོབས་པོ་ཆེ་ཞལ་གསུམ་ཕྱག་དྲུག་པ་གཡས་དཀར་གཡོན་དམར་དབུས་སྔོ་ཞལ་གཡས་གཡོན་དང་པོ་གཉིས་རྡོ་རྗེ་གནོན་པ་གཡས་རིན་ཆེན་རྡོ་རྗེ་གཡོན་ལྕགས་ཀྱུ་རལ་གྲིའོ། །ཧཱུཾ་པདྨ་ཏ་ཀྲིད་ཕཊ་ནུབ་ཏུ་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ་གཡས་སྔོ་གཡོན་དཀར་དབུས་དམར་ཞལ་གཡས་གཡོན་དང་པོ་གཉིས་ཐོད་པ་སྦྲུལ་གྱིས་བརྒྱན་པ་གཡས་པདྨ་རྡོ་རྗེ་གཡོན་རལ་གྲི་སྡིགས་མཛུབ་བོ། །ཧཱུཾ་པྲད་ཛྙཱནྟ་ཀྲིད་ཕཊ་བྱང་དུ་བདུད་རྩི་འཁྱིལ་བ་ཞལ་གསུམ་ཕྱག་དྲུག་པ་གཡས་དམར་གཡོན་དཀར་དབུས་ལྗང་ཞལ་གཡས་གཡོན་དང་པོ་གཉིས་རྡོ་རྗེ་རྒྱ་གྲམ་གཡས་གཉིས་ན་རལ་གྲི་རྡོ་རྗེ་གཡོན་དྲིལ་བུ་དགྲ་སྟའོ། །ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཤར་དུ་གཤིན་རྗེ་གཤེད་པོའི་ཡུམ་ལྕགས་ཀྱུ་མའི་སྔགས་སོ། །ༀ་མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ་ལྷོར་སྟོབས་པོ་ཆེའི་ཡུམ་སེར་མོ་ཞགས་པ་མའི་སྔགས་སོ། །ༀ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ་ནུབ་ཏུ་རྟ་མགྲིན་གྱི་ཡུམ་དམར་མོ་ལྕགས་སྒྲོག་མའི་སྔགས་སོ། །ༀ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ་བྱང་དུ་བདུད་རྩི་འཁྱིལ་བའི་ཡུམ་ལྗང་གུ་དྲིལ་བུ་མའི་སྔགས་སོ། །ཀུན་བཟང་ཡབ་ཡུམ་ནི་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ། དཀྱིལ་འཁོར་ཤར་གྱི་བར་ཁྱམས་སུ་ཀུན་ཏུ་བཟང་པོ་མཐིང་ཀ་སྐྱིལ་ཀྲུང་མཉམ་བཞག་ཅན་དུ་གནས་སོ། །ཨ་ཨ་ཨ་བཛྲ་བྷ་དྲ་ས་མ་ཡ་ༀ། དཀྱིལ་འཁོར་ནུབ་ཀྱི་བར་ཁྱམས་སུ་ཀུན་ཏུ་བཟང་མོ་མཐིང་སྔོན་མཉམ་བཞག་གི་ཕྱག་རྒྱ་ཅན་ནོ། །ཐུབ་དྲུག་གི་སྔགས་ནི། ༀ་མུ་ནེ་ཀྲིཾ་སྭཱ་ཧཱ་བྱང་ཤར་མཚམས་སུ་ལྷའི་ཐུབ་པ་སེར་པོ་པི་ཝཾ་ཐོགས་པའོ། །ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ་ཤར་ལྷོར་ལྷ་མ་ཡིན་གྱི་ཐུབ་པ་སེར་པོ་གོ་ཆ་ཐོགས་པའོ། །ༀ་མུ་ནེ་སྲུཾ་སྭཱ་ཧཱ་ལྷོར་མིའི་ཐུབ་པ་སེར་པོ་གསེག་ཤིང་དང་པར་བུ་ཐོགས་པའོ། །ༀ་མུ་ནེ་ཀྵཾ་སྭཱ་ཧཱ་ལྷོ་ནུབ་ཏུ་བྱོལ་སོང་གི་ཐུབ་པ་སེར་པོ་པོ་ཏི་ཐོགས་པའོ། །ༀ་མུ་ནེ་བྲཾ་སྭཱ་ཧཱ་ནུབ་བྱང་དུ་ཡི་དྭགས་ཀྱི་ཐུབ་པ་སེར་པོ་རཏྣའི་སྒྲོམ་བུ་ཐོགས་པའོ། །ༀ་མུ་ནེ་ཡེ་སྭཱ་ཧཱ་བྱང་དུ་དམྱལ་བའི་ཐུབ་པ་སེར་པོ་མེ་ཆུ་ཐོགས་པའོ། །གསུམ་པ་ལྷའི་ཚུལ་ལ་དྲུག་སྟེ་བཞུགས་ཚུལ་དང་། བཞུགས་གནས་དང་། ཕྱག་མཚན་དང་། སྐུ་མདོག་དང་། ཞི་བའི་ཚུལ་དགུ་དང་། འོད་ཟེར་རོ། །དང་པོ་ནི། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །ཞེས་གསུངས་ཏེ། གདན་ལ་ནི་རྒྱལ་བ་རིགས་ལྔ་ལ་གདན་ལྔ་བརྩེགས་ཉི་ཤུ་རྩ་ལྔའོ། །སེམས་དཔའ་སེམས་མ་ལ་ཉི་ཟླ་པདྨ་སུམ་བརྩེགས་སོ། །ཐུབ་པ་ལ་པདྨ་རྐྱང་པའོ། །ཀུན་བཟང་ཡབ་ཡུམ་ལ་ཉི་ཟླ་པདྨའོ། །སྒོ་བ་ཡབ་ཡུམ་ལ་རྡོ་རྗེའི་བྲག་གི་སྟེང་ན་ཉི་མ་རྐྱང་པའོ། །རྫོགས་དང་ཞེས་པས་རིགས་ལྔ་རྫོགས་པའི་སྐྱིལ་ཀྲུང་ཞེས་བྱ་སྟེ་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའོ། །སེམས་དཔའི་ཚུལ་ཅེས་པ་སེམས་དཔའ་རྣམས་མཛད་པ་མ་རྫོགས་པས་ཕྱེད་དཀྱིལ་ལམ་བབས་ཞོན་ནམ་སེམས་དཔའི་བཞུགས་ཚུལ་ཐུབ་པ་འགྲེང་བུའོ། །སྒོ་བ་བརྒྱད་ཀྱི་དོར་ཐབས་སོ། །ཡུམ་རྣམས་པདྨའི་སྐྱིལ་ཀྲུང་ངོ་། །ཀུན་ཏུ་བཟང་པོ་མཉམ་པའི་སྐྱིལ་ཀྲུང་ཀུན་ཏུ་བཟང་མོ་པདྨའི་སྐྱིལ་ཀྲུང་ངོ་། །གཉིས་པ་ནི། འཁོར་ལོར་རྒྱལ་པོ་རྒྱལ་མོ་དང་། །གཡས་ནས་མཐོང་ཐོས་སྣོམ་པ་དང་། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས། །བཙུན་མོའིཚོགས་དང་ལྡན་པར་གནས། །བར་ཁྱམས་ལ་ནི་ཐུབ་དྲུག་དང་། །མདུན་དང་རྒྱབ་ཏུ་བྱེད་པ་དང་། །བྱ་བ་དག་ནི་གནས་པར་བསྟན། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །ཞེས་པ་སྟེ། དེ་ལ་འཁོར་ལོར་ནི་བཞུགས་གནས་སོ། །རྒྱལ་པོ་ནི་རིགས་ལྔ་སྟེ་རྣམ་ཤེས་ལས་རྒྱལ་བ་རྡོ་རྗེ་སེམས་དཔའ། གཟུགས་ཀྱི་ཕུང་པོ་ལས་རྒྱལ་བ་རྣམ་སྣང་། ཚོར་བ་ལས་རྒྱལ་བ་རིན་འབྱུང་། འདུ་ཤེས་ལས་རྒྱལ་བ་སྣང་མཐའ། འདུ་བྱེད་ལས་རྒྱལ་བ་དོན་ཡོད་གྲུབ་པའོ། །རྒྱལ་མོ་ནི་ཡུམ་ལྔ་སྟེ་ནམ་མཁའ་ལས་དབྱིངས་ཕྱུག་མ། ས་སངས་རྒྱས་སྤྱན། ཆུ་མ་མ་ཀི། མེ་གོས་དཀར་མོ། །རླུང་ལས་རྒྱལ་བ་དམ་ཚིག་སྒྲོལ་མ་དེ་རྣམས་དབུས་ན་འཁོར་ལོ་རྩིབས་བཞི་ལྟེ་བ་དང་ལྔ་ལ་བཞུགས་པའོ། །རྡོ་རྗེ་སེམས་དཔའ་གཡས་ནས་ཞེས་གཡས་ཀྱི་རྩིབས་མཆན་ལ་མཐོང་བ་མིག་གི་རྣམ་པར་ཤེས་པ་སའི་སྙིང་པོ་དང་དེ་ནས་གཡས་བསྐོར་གྱི་ཚུལ་དུ་ཐོས་པ་རྣ་བའི་རྣམ་པར་ཤེས་པ་ཕྱག་ན་རྡོ་རྗེ་དང་། སྣོམ་བ་སྣའི་རྣམ་པར་ཤེས་པ་སྤྱན་རས་གཟིགས་དང་། མྱོང་བ་ལྕེའི་རྣམ་པར་ཤེས་པ་ནམ་མཁའི་སྙིང་པོ་མ རྣས་འཁོར་ལོའི་རྩིབས་མཆན་བཞི་ལ་བཞུགས་པའོ། །དེ་རྣམས་ནང་ན་གནས་པས་ན་ནང་གི་སེམས་དཔའ་ཞེས་བྱའོ། །དེ་དང་དེས་སྤྱད་པར་བྱ་བའི་ཡུལ་དུ་གྱུར་པས་ན་བཙུན་མོའི་སྒྲས་བསྟན་ཏེ་མིག་གིས་གཟུགས་ལ་སྤྱོད་པས་ན་བཙུན་མོའི་འོ། །ཚོགས་སུ་བཅས་ཞེས་པ་ནི་དེ་རྣམས་དང་ལྷན་ཅིག་བཞུགས་པའི་དོན་ཏེ་དེ་ཡང་སའི་སྙིང་པོའི་ཡུམ་ལ་སེ་མའོ། །དེ་བཞིན་དུ་མ་ལེ་མ་དང་གིར་ཏི་དང་ནིར་ཏི་རྣམས་དང་གཉིས་སུ་མེད་པར་འཁྲིལ་བའི་ཚུལ་དུ་བཞུགས་སོ། །གྲུ་ཆད་ལ་ནི་ཕྱིའི་སེམས་དཔའ་བཞུགས་པ་སྟེ་མིག་གི་དབང་པོ་ནི་མཐོང་བྱེད་ལ་དེ་གནས་གྱུར་པ་ནི་བྱམས་པ་དང་དེ་བཞིན་དུ་ཐོས་བྱེད་རྣ་བའི་དབང་པོ་སྒྲིབ་སེལ་སྣོམ་བྱེད་སྣའི་དབང་པོ་ཀུན་བཟང་མྱོང་བྱེད་ལྕེའི་དབང་པོ་འཇམ་དཔལ་རྣམས་ནི་གྲུ་ཆད་བཞི་ལ་བཞུགས་སོ། །དེ་བས་དེ་བས་བཞི་པོ་དེ་རྣམས་ཞེས་སོ། །དེ་དབང་པོའི་ཕྱི་ན་ཡོད་པས་ཕྱིའི་སེམས་དཔའ་ཞེས་ཀྱང་བྱའོ། །དོན་དུ་ན་ལྷ་ལ་ཕྱི་ནང་མེད་དེ་སེམས་ཅན་གྱི་རྟོག་ཚོགས་ལ་དགོངས་པས་ན་སེམས་དཔའ་ལ་ཡང་ཕྱི་ནང་གཉིས་སོ། །སྤྱད་པར་བྱ་བའི་ཡུལ་དུ་གྱུར་པས་ན་བཙུན་མོ་སྟེ་འདས་པ་དང་ད་ལྟར་དང་མ་འོངས་པ་དང་འབྱུང་བར་མ་ངེས་དབྱར་དགུན་སྟོན་དཔྱིད་བཞི་ལ་དབང་བས་ན་དྷུ་པེ་མ་དང་པུ ཥྦེ་མ་དང་ཨ་ལོ་ཀེ་དང་གྷ ནྡྷེ་མའི་ཚོགས་རྣམས་དང་འཁྲིལ་སྦྱོར་དང་ལྡན་པར་གནས་སོ། །བར་ཁྱམས་ཀྱི་བྱང་ཤར་ལ་ནི་ལྷའི་ཐུབ་པ། ཤར་ལྷོ་ལྷ་མ་ཡིན་གྱི་ཐུབ་པ། ལྷོར་མིའི་ཐུབ་པ། ལྷོ་ནུབ་ཏུ་བྱོལ་སོང་གི་ཐུབ་པ། ནུབ་བྱང་དུ་ཡི་དྭགས་ཀྱི་ཐུབ་པ། བྱང་དུ་དམྱལ་བའི་ཐུབ་པ་སྟེ་དྲུག་དང་། བར་ཁྱམས་ཀྱི་ཤར་ནུབ་གཉིས་སུ་ཀུན་བཟང་ཡབ་ཡུམ་གཉིས་བཞུགས་པ་ནི་མདུན་དང་རྒྱབ་ཏུ་ཞེས་པས་བསྟན་ཏེ་ཇི་ལྟར་ན་རྡོ་རྗེ་སེམས་དཔའི་མདུན་ངོས་སུ་བྱེད་པ་པོ་ཀུན་ཏུ་བཟང་པོ་གནས་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ཡིན་པས་ན་སེམས་ཅན་གྱི་དུས་ན་བྱེད་པ་པོ་ཐམས་ཅད་ཡིད་སངས་རྒྱས་ཀྱི་དུས་ན་རྒྱུད་དང་དཀྱིལ་འཁོར་གྱི་བྱེད་པ་པོ་ཐམས་ཅད་ཀུན་ཏུ་བཟང་པོ་ཡིན་ནོ། །རྡོ་རྗེ་སེམས་དཔའི་རྒྱབ་ངོས་ན་བྱ་བ་མོ་ཀུན་ཏུ་བཟང་མོ་གནས་པའོ། །དེ་ཡང་སེམས་ཅན་གྱི་དུས་ན་བྱ་བའི་གཞིར་གྱུར་པ་ཀུན་གཞིའོ་སངས་རྒྱས་ཀྱི་དུས་ན་ཡང་ཆོས་ཀྱི་དབྱིངས་སོ། །དེས་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་ཆོས་བྱ་བ་མོ་གཉིས་ཡིད་ཀྱི་སྤྱད་བྱ་ཀུན་གཞི་ཡིན་པས་ན་ཀུན་བཟང་ཡབ་ཡུམ་དག་ཏུ་ནི་གནས་པར་བསྟན་ཏོ། །སྒོ་ཁྱུད་བཞི་ལ་ཞེས་པ་ནི་གཡས་གཡོན་སྒོ་ཁྱུད་ལ་སྒོ་བ་བཞི་གནས་པ་སྟེ་འཇོམས་པ་ནི་རེག་པའི་རྟོག་པ་འཇོམས་པ་གཤིན་རྗེ་གཤེད་རེག་བྱ་སྟོབས་པོ་ཆེ་རེག་བྱེད་རྟ་མགྲིན་རེག་ཤེས་ཀྱི་རྟོག་པ་འཇོམས་པ་བདུད་རྩི་འཁྱིལ་བའོ། །བཙུན་མོ་ནི་སྤྱད་བྱའི་ཡུལ་དུ་གྱུར་པ་སྟེ་ལུས་ཀྱི་དབང་པོ་བཞི་རྟག་པ་དང་ཆད་པ་དང་བདག་དང་མཚན་མ་བཞི་ལ་དབང་བས་ན་བཞི་པོ་དེ་གནས་སུ་དག་པས་ནི་ལྕགས་ཀྱུ་མ་དང་ཞགས་པ་མ་དང་ལྕགས་སྒྲོག་མ་དང་དྲིལ་བུ་མ་བཞིའི་ཚོགས་དང་ལྡན་པར་གནས་སོ། །དེ་བས་ན་དབང་པོ་ལྔའི་ལས་བྱེད་ལྟ་བུ་ནི་ལུས་ཀྱི་དབང་པོ་ཡིན་ལ་ལྷའི་ལས་བྱེད་པ་ཡིན་པས་ན་ཆོས་མཐུན་པའོ། །ཞི་བའི་ལྷ་བུདྡྷ་བཞི་བཅུ་རྩ་གཉིས་ཞེས་བཞེད་པ་ཡིན་པ་ལ་ཁྲོ་བོ་ཡབ་ཡུམ་བརྒྱད་ཡོད་པས་ཁྲོ་བོ་རྣམས་ཞི་བའི་ལྷར་འགྲོའམ་མི་འགྲོ་ཞེ་ན། ཕྱིར་རྣལ་འབྱོར་པས་སྒྲུབ་པར་བྱ་བའི་ཞི་བའི་ལྷ་བཞི་བཅུ་རྩ་གཉིས་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་ཞི་བས་ན་ཞི་བ་ཟེར་ལ། སྐུ་ཁྲོ་ཚུལ་དང་བཅས་འབར་བའི་གར་དགུས་ཁྱབ་ཁྲོ་རྟགས་དྲུག་ཅུ་རྩ་བརྒྱད་དང་ལྡན་པས་ཁྲོ་བོ་ཟེར་རོ། །འོ་ན་སྐུ་གསུང་ཐུགས་ཀྱི་རྒྱུད་ཞི་ན་སྒོ་བ་ལ་ཁྲོ་བོའི་མིང་མེད་དམ་ཞེ་ན། འདི་ལྟར་བཞེད་དེ་ཞི་བ་ལ་ལྟོས་ན་ཁྲོ་བོ་ཡིན་ཡང་ཁྲོ་བོའི་གར་དགུ་དང་ཁྲོ་རྟགས་མེད་དེ་སྐུ་ཁྲོ་ཚུལ་དང་བཅས་པར་སྣང་བའོ། །དེས་ན་འགལ་བ་མེད་དེ་དེ་བས་ན་ཅུང་ཟད་ཁྲོ་བོ་ལྷ་བརྒྱད་ཅེས་བྱ་སྟེ་སྟག་དང་སྦྲུལ་གྱི་རྒྱན་ཙམ་མ་བཀག་གོ། །དངོས་སུ་སྐུ་གསུང་ཐུགས་ཀྱི་རྒྱུད་ཞི་བར་གནས་སོ། །དེ་བས་ན་ཁྲོ་བོ་མི་ཟེར་ཏེ་འཇོམས་པ་ཞེས་བཤད་དོ། །གསུམ་པ་ཕྱག་མཚན་ནི། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུ་འབར། །ཨུད་དཔལ་ཀླུ་ཤིང་ལ་སོགས་མཚན། །རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་འབར། །ཆོས་ཀྱི་འཁོར་ལོ་རིན་ཆེན་སྙེ། །གཟུགས་མཛེས་རིན་ཆེན་འཕྲེང་བ་དང་། །པི་ཝང་གར་མཁན་མཆོག་ཉིད་དེ། །མེ་ཏོག་ཕྲེང་དང་སྤོས་མཆོག་མ། །མར་མེ་བྱུག་པ་ལ་སོགས་པའི། །ལས་ལ་འཁྲིལ་ཞིང་ཆོས་ལ་བསྟན། །དབུ་རྣམས་འབྱོ་ཞིང་འདུད་པའི་ཚུལ། །གོང་གི་ཕྱག་རྒྱ་ཆེན་པོ་བཞིན། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །སྒོ་བཞི་ཁྲོ་བོའི་ཕྱག་རྒྱ་ནི། །ནྲིར་མགོ་གདེངས་དང་རྡོ་རྗེ་གནོན། །ཐོད་སྦྲུལ་ཆེན་པོ་གནོན་པ་དང་། །རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན། །ལྕགས་ཀྱུ་ཞགས་པ་སྤོ་ཊ་ཧོ། །སྒོ་བཞིར་གནས་པ་དེ་དག་ཀྱང་། །འདུད་ཚུལ་འཁྲིལ་བ་གོང་མ་བཞིན། །ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། །མདོར་བསྡུས་ཕྱག་རྒྱ་དྲུག་ཏུ་བསྟན། །གསེག་པར་དང་ནི་པི་ཝང་དང་། །གོ་ཆ་པོ་ཏི་རིན་ཆེན་སྒྲོམ། །མེ་དང་ཆུ་ནི་རབ་ཏུ་བསྟན། །ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ། །ཡུམ་གྱུར་མཉམ་རྫོགས་པད་མོའི་དཀྱིལ། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཡང་ན་དེ་བཞིན་གཤེགས་པ་ཉིད། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། ། ཅེས་པས་བསྟན་ཏེ་ཕྱིར་གནས་འཕྲོག་བརྩིས་ན་ཞལ་གསུམ་ཕྱག་དྲུག་ཏུ་བྱེད་པ་ནི་གོང་བཞིན་ནོ། །འདིར་གཡས་གཡོན་གྱི་དང་པོ་རྣམས་བཤད་པ་སྟེ་མི་བསྐྱོད་པའི་གཡས་དང་པོ་ན་རྡོ་རྗེ་འཛིན་པ་ནི་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སོ། །རྣམ་པར་སྣང་མཛད་ཀྱི་གཡས་དང་པོ་ན་འཁོར་ལོ་བསྣམས་པ་ནི་ཉོན་མོངས་པ་ཐམས་ཅད་གཅོད་པའི་རྟགས་སོ། །རིན་འབྱུང་གི་གཡས་དང་པོ་ན་རིན་པོ་ཆེ་འཛིན་པ་ནི་དགོས་འདོད་རེ་བ་ཐམས་ཅད་སྐོང་བའོ། །སྣང་བ་མཐའ་ཡས་ཀྱི་གཡས་དང་པོ་ན་པདྨ་བསྣམས་པ་ནི་ཉེས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སོ། །དོན་ཡོད་གྲུབ་པའི་གཡས་དང་པོ་ན་རལ་གྲི་བསྣམས་པ་ནི་རྟོག་པ་ཐམས་ཅད་རྩད་ནས་གཅོད་ཅིང་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་རྟགས་སོ། །གཡོན་གྱི་ཕྱག་ན་དྲིལ་བུ་བསྣམས་པ་ནི་ཤེས་རབ་སྤྲོས་པ་མེད་པས་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་རྟགས་སོ། །བར་མ་དང་ཐ་མ་རྣམས་ནི་དེ་དག་ལས་གོང་འོག་ཏུ་བསྒྱུར་ཏེ་གནས་འཕྲོག་བརྩིས་ནས་བྱེད་པའོ། །དྲིལ་བུ་འབར་བ་ཡུམ་རྣམས་ཀྱི་གཡོན་ན་འཛིན་ནོ། །གཡས་པ་རྣམས་རང་རང་གི་ཡབ་ལ་འཁྱུད་པའོ། །སེམས་དཔའ་བརྒྱད་ཀྱི་ཕྱག་མཚན་ནི་བྱང་ཤར་མཚམས་ཀྱི་གྲུ་ཆད་ལ་འཇམ་དཔལ་གྱིས་ཨུད་དཔལ་བསྣམས་པ་དང་། ཤར་ལྷོ་མཚམས་ཀྱི་གྲུ་ཆད་ལ་བྱམས་པས་ཀླུ་ཤིང་དང་ལ་སོགས་མཚན་ཞེས་པས་གཡོན་དྲིལ་བུ་བསྣམས་པ་སྟོན་ལ། ཤར་ལྷོ་མཚམས་ཀྱི་རྩིབས་མཆན་ལ་སའི་སྙིང་པོ་རིན་ཆེན་མྱུ་གུ་དང་། ལྷོ་ནུབ་མཚམས་ཀྱི་རྩིབས་མཆན་ལ་ནམ་མཁའི་སྙིང་པོ་རལ་གྲི་འབར་བ་དང་། ནུབ་བྱང་གི་རྩིབས་མཆན་ལ་སྤྱན་རས་གཟིགས་པདྨ་དཀར་པོ་དང་། བྱང་ཤར་གྱི་རྩིབས་མཆན་ལ་ཕྱག་ན་རྡོ་རྗེ་རྡོ་རྗེ་འབར་བ་དང་། ལྷོ་ནུབ་གྲུ་ཆད་ལ་སྒྲིབ་སེལ་གྱིས་ཆོས་ཀྱི་འཁོར་ལོ་དང་། ནུབ་བྱང་གི་གྲུ་ཆད་ལ་ཀུན་ཏུ་བཟང་པོས་རིན་ཆེན་སྙེ་མ་བསྣམས་པའོ། །འདིར་སེམས་དཔའ་རྣམས་ཀྱི་ཕྱག་མཚན་གྱི་སྐབས་སུ་གཞུང་འཁྲུགས་པ་སྡེབས་ཏེ་བཤད་ན་རྣམ་པར་ཤེས་པའི་སེམས་དཔའ་སྤྱིའི་ཕྱག་མཚན་ནི་སའི་སྙིང་པོ་རིན་པོ་ཆེའི་མྱུ་གུ་འཛིན་པ་ནི་དགོས་འདོད་ཟད་པ་མེད་པ་འབྱུང་བའོ། །ནམ་མཁའི་སྙིང་པོ་རལ་གྲི་འཛིན་པ་ནི་ཉོན་མོངས་པ་ཐམས་ཅད་གཅོད་པའོ། །སྤྱན་རས་གཟིགས་པདྨ་དཀར་པོ་འཛིན་པ་ནི་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སོ། །ཕྱག་ན་རྡོ་རྗེ་རྡོ་རྗེ་བསྣམས་པ་ནི་ཡེ་ཤེས་ལྔ་ཡིས་ཉོན་མོངས་པ་འཇོམས་པའི་སྟོབས་དང་ལྡན་པའི་རྟགས་སོ། །དེ་རྣམས་ནི་ནང་གི་སེམས་དཔའ་བཞིའོ། །དབང་པོའི་སེམས་དཔའ་ནི་བྱམས་པའི་ཕྱག་ན་ཀླུ་ཤིང་གི་མེ་ཏོག་བསྣམས་པ་ནི་ཉོན་མོངས་པའི་གདུང་བ་ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས་སོ། །སྒྲིབ་པ་རྣམ་པར་སེལ་བ་ཆོས་ཀྱི་འཁོར་ལོ་བསྣམས་པ་ནི་རྟོག་པའི་དྲྭ་བ་ཐམས་ཅད་གཅོད་པའི་རྟགས་སོ། །ཀུན་ཏུ་བཟང་པོ་རིན་པོ་ཆེའི་སྙེ་མ་བསྣམས་པ་ནི་སེམས་ཅན་ཐམས་ཅད་ལ་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་སོ། །འཇམ་དཔལ་ཨུད་དཔལ་བསྣམས་པ་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་ཐམས་ཅད་ལ་འགག་པ་མེད་པར་མཁྱེན་ཅིང་ཉེས་པའི་སྐྱོན་དང་བྲལ་བའི་རྟགས་སོ། །ལ་སོགས་མཚན་ནི་གཡོན་རྣམས་ན་དྲིལ་བུ་བསྣམས་པའོ། །འབར་ཅེས་པ་ནི་ཕྱག་མཚན་དེ་དག་ཐམས་ཅད་སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པ་འགུལ་འགུལ་ལྡེག་ལྡེག་ལྟར་གསལ་བ་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བའོ། །སེམས་མ་བརྒྱད་ཀྱི་ཕྱག་མཚན་ནི་ལྷ་མོ་ལ་སེ་མ་གཟུགས་མཛེས་མེ་ལོང་བསྣམས་ནས་འགྱིང་བག་ཏུ་བཞུགས་པ་ནི་སའི་སྙིང་པོ་དང་གཉིས་སུ་མེད་པའི་བདེ་བས་དགྱེས་པའོ། །མ་ལེ་མ་རིན་ཆེན་འཕྲེང་བ་ཐོགས་པ་ནི་ནམ་མཁའི་སྙིང་པོ་དང་བདེ་བ་རྒྱུན་མི་འཆད་པའི་རྟགས་དང་། གི རྟི་མ་པི་ཝང་ཐོགས་པ་ནི་སྤྱན་རས་གཟིགས་དང་གཉིས་སུ་མེད་པའི་བདེ་བའི་སྒྲ་སྒྲོགས་པའི་རྟགས་སོ། །ནིརྟི་མ་གར་མཁན་མཆོག་ཉིད་དེ་གར་བསྒྱུར་བ་ནི་ཕྱག་ན་རྡོ་རྗེ་དང་གཉིས་སུ་མེད་པའི་ཡེ་ཤེས་ལ་དབང་བསྒྱུར་བའི་རྟགས་སོ། །དེ་དག་ནང་གི་སེམས་མ་ཡིན་པས་ན་ནང་གི་མཆོད་རྫས་ཕྱག་ན་བསྣམས་པའོ། །པུཥྤེ་མ་མེ་ཏོག་གི་འཕྲེང་བ་ཐོགས་པ་ནི་སྒྲིབ་པ་རྣམ་པར་སེལ་བ་དང་གཉིས་སུ་མེད་པའི་བདེ་བས་མཚོན་པར་བྱེད་པའོ། །སྤོས་མཆོག་མའམ་དྷུ་པེ་མ་སྤོས་ཐོགས་པ་ནི་བྱམས་པ་དང་གཉིས་སུ་མེད་པའི་བདེ་བའི་འོད་ཟེར་འཕྲོས་པའོ། །ཨ་ལོ་ལོ་ཀེ་མར་མེ་ཐོགས་པ་ནི་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པའི་བདེ་བ་གསལ་བའོ། །གྷན་དྷེ་མ་དྲི་ཆབ་ཀྱི་བྱུག་པ་ཐོགས་པ་ནི་འཇམ་དཔལ་དང་གཉིས་སུ་མེད་པའི་བདེ་བས་བསིལ་བར་བྱེད་པའོ། །དེས་ན་ཕྱིའི་སེམས་མ་ཡིན་པས་ན་ཕྱིའི་མཆོད་རྫས་བསྣམས་པའི་ཚུལ་ལོ། །དེ་ལ་སོགས་པའི་ཡུམ་རྣམས་ཡབ་ལས་ཀྱི་སྐུ་ལ་འཁྲིལ་ཞིང་ཡབ་རྣམས་ཡུམ་ཆོས་ཀྱི་རང་བཞིན་ལ་ཞལ་བསྟན་ནས་གཅིག་ལ་གཅིག་འདུད་པའི་ཚུལ་ལོ། །ལྷ་མོ་དེ་དག་ནི་ཡབ་རེ་རེ་དང་ཡུམ་རེ་རེ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བ་རེ་རེ་ལ་ཡང་རང་བཞིན་གྱིས་ཚང་བར་བྱའོ། །དེ་ལྟར་སེམས་དཔའ་དང་སེམས་མ་དེ་དག་ཀྱང་ཡུམ་རྣམས་ཡབ་ཀྱི་སྐུ་ལ་གཉིས་སུ་མེད་པར་འཁྲིལ་བ་དང་ཡབ་ཀྱི་དབུ་རྣམས་ཞལ་འབྱོ་ཞིང་ཡུམ་གྱི་དབུ་རྣམས་མ་ཞས་འདུད་པའི་ཚུལ་གྱིས་ཡབ་ཡུམ་གཉིས་གཅིག་ལ་གཅིག་བཞིན་གྱི་དཀྱིལ་འཁོར་ལ་འཛུམ་པའི་མདངས་ཀྱིས་ལྟ་བ་དང་འདུད་པ་དང་མཛེས་པའི་ཚུལ་གྱིས་དབྱིངས་དང་ཡེ་ཤེས་ཐ་མི་དད་པར་སྙོམས་པར་འཇུག་པའོ། །མདོར་ན་གོང་གི་ཕྱག་རྒྱ་ཆེན་པོ་རིགས་ལྔ་ཡབ་ཡུམ་རྣམས་ལས་ལ་འཁྲིལ་ཞིང་ཆོས་ལ་བསྟན་པའི་སྐབས་བཞིན་སེམས་དཔའ་ཡབ་ཡུམ་རྣམས་ཀྱང་ཡབ་ཡུམ་གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་ངང་དུ་འཁྲིལ་ལོ། །སྒོ་བ་བཞིའི་ཕྱག་རྒྱ་ནི་ཤར་དུ་གཤིན་རྗེ་གཤེད་ནྲི་མགོའམ་མི་མགོའི་དབྱུག་པ་གདེངས་པ་ནི་ཉོན་མོངས་པ་དང་བགེགས་དང་ལོག་རྟོག་སྐྱེ་ཤི་འཇོམས་པའི་རྟགས་དང་། ལྷོར་སྟོབས་པོ་ཆེ་རྡོ་རྗེས་ས་གནོན་པ་ནི་ཉོན་མོངས་པ་དང་བགེགས་ཐམས་ཅད་ལྟ་མི་ནུས་པའོ། །ནུབ་ཏུ་རྟ་མགྲིན་གྱིས་ཐོད་པ་སྦྲུལ་ཆེན་པོ་ཡིས་བརྒྱན་པ་གནོན་ཐབས་སུ་འཛིན་པ་ནི་བགེགས་ཀྱི་ཞེ་སྡང་གནས་སུ་དག་ནས་ཆོས་ཀྱི་དབྱིངས་སུ་མཁྱེན་པ་དང་། བྱང་དུ་བདུད་རྩི་འཁྱིལ་བ་རྡོ་རྗེ་རྒྱ་གྲམ་ཐོགས་པ་ནི་འཕྲིན་ལས་རྣམ་བཞི་ཉིད་ཀྱིས་ཐམས་ཅད་ཀྱི་དོན་མཛད་པ་སྟེ་དེ་ཡང་གནོན་ཐབས་སུ་འཛིན་པའོ། །དེ་བས་ན་ཕྱག་གཡས་གཡོན་དང་པོ་གཉིས་ནི་དེ་ལྟར་གནས་ལ་གཞན་ལ་ཞལ་གསུམ་ཕྱག་དྲུག་ཏུ་བྱེད་ན་གོང་དུ་བཤད་པ་བཞིན་ནོ། །ལྷ་མོ་ལྕགས་ཀྱུ་མ་ནི་ཐུགས་རྗེས་སེམས་ཅན་མྱ་ངན་ལས་འདས་པའི་དབྱིངས་སུ་འདྲེན་པའོ། །ཞགས་པ་མ་ནི་སེམས་ཅན་ཐུགས་རྗེས་དྲངས་ནས་འཁོར་བར་མི་གཏོང་བའི་བརྡའི་སྥོ་ཊ་སྟེ་ལྕགས་སྒྲོག་མ་ནི་སེམས་ཅན་དེ་དག་བདེ་བར་གཤེགས་པའི་ཐུགས་ཡེ་ཤེས་དབྱེར་མེད་པའི་ས་ལ་འགོད་པའོ། །ཧོ་ཞེས་པ་དྲིལ་བུ་མ་ནི་སེམས་ཅན་དེ་དག་ཕྱིར་མི་ལྡོག་པའི་ས་ལ་བཀོད་ནས་བདེ་བ་ཆེན་པོས་མཉེས་པ་དང་ཚིམ་པར་བྱེད་པའི་བརྡར་བསྟན་ནོ། །སྒོ་བཞིར་གནས་པ་ཁྲོ་བོ་ཡབ་ཡུམ་དེ་དག་ཀྱང་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བཞུགས་པ་ནི་ཡབ་ཀྱིས་ཡུམ་ལ་འདུད་པའི་ཚུལ་དང་ཡུམ་རྣམས་ཡབ་ཀྱི་སྐུ་ལ་གཉིས་སུ་མེད་པར་འཁྲིལ་བ་ནི་གོང་མ་རིགས་ལྔ་དང་སེམས་དཔའ་རྣམས་ཀྱི་སྐབས་སུ་བསྟན་པ་བཞིན་ཡབ་ཡུམ་གཉིས་སུ་མེད་པ་སྒོ་བཞིར་གནས་པའོ། །ཐུབ་པ་ནི་སྐུ་གསུང་ཐུགས་ཐུབ་པ་སྟེ་དེ་ཡང་སྐུ་ཐུབ་པ་རྟགས་དང་བྱ་བྱེད་སྤངས་པ་དང་གསུང་ཐུབ་པ་ནི་ངག་མི་དགེ་བ་བཞི་སྤངས་པ་དང་ཐུགས་ཐུབ་པ་ནི་ཡིད་ཀྱི་མི་དགེ་བ་གསུམ་སྤངས་པའོ། །དྲུག་ནི་གྲངས་ཡིན་ལ་དེ་དག་ནི་གདུལ་བྱ་གང་ལ་གང་ལྟར་མོས་པ་བཞིན་དུ་དོན་མཛད་པས་ཕྱག་རྒྱ་སྣ་ཚོགས་མ་ངེས་པ་སྟེ་དེ་ཡང་དལ་དུ་སྒོམ་པའི་དུས་སུ་སྒོམ་བདེ་ཞིང་ཏིང་ངེ་འཛིན་གྱི་དམིགས་པ་གསལ་བའི་ཕྱིར་མདོར་བསྡུས་ནས་ཕྱག་རྒྱ་དྲུག་ཏུ་བསྟན་པ་མིའི་ཐུབ་པ་གསེགས་ཤིང་དང་པར་བུ་ཐོགས་པ་ནི་མི་རྣམས་འདོད་ཆགས་ལས་བློ་ལྡོག་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པར་མཛད་པའི་རྟགས་དང་ནི། ལྷའི་ཐུབ་པས་པི་ཝང་ཐོགས་པ་ནི་ལྷ་རོལ་མོ་ལ་དགའ་བ་དེ་དག་ལ་འདུལ་བྱེད་ཀྱང་གདུལ་བྱ་དང་མཐུན་པར་འདུལ་བ་སྟེ་དེ་ཡང་དེ་དག་གི་བློ་ལེ་ལོ་དང་གཡེང་བ་ལས་ལྡོག་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པར་མཛད་པ་དང་། །ལྷ་མ་ཡིན་གྱི་ཐུབ་པ་གོ་ཆ་ཐོགས་པ་ནི་དེ་དག་ལ་མཐུན་པ ར་བསྟན་ནས་འཁྲུག་པའི་བློ་བཟློག་སྟེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པར་མཛད་དོ། །བྱོལ་སོང་གི་ཐུབ་པ་པོ་ཏི་ཐོགས་པ་ནི་གཏི་མུག་གི་མུན་པ་དེ་དག་པར་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པར་མཛད་དོ། །ཡི་དྭགས་ཀྱི་ཐུབ་པ་རིན་པོ་ཆེའི་སྒྲོམ་བུ་ཐོགས་པ་ནི་སེར་སྣའི་མདུད་པ་ལས་ལྡོག་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འགོད་པར་མཛད་དོ། །དམྱལ་བའི་ཐུབ་པ་མེ་དང་ཆུ་ནི་འཛིན་ཚུལ་རབ་ཏུ་བསྟན་པ་ནི་ཞེ་སྡང་གི་ངོ་བོ་ལས་བློ་ལྡོག་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པར་མཛད་དོ། །ཐུབ་དྲུག་གི་ཡུམ་ལ་དོན་གྱི་ཡུམ་དང་རྟགས་ཀྱི་ཡུམ་གཉིས་ལས། སྤྲུལ་པའི་སྐུ་དེ་དག་ནི་གྲོགས་མི་བདེ་བ་སྤོངས་ཤིང་འདོད་པ་སྤངས་པའི་ཕྱིར་རྟགས་ཀྱི་ཡུམ་ནི་དངོས་སུ་དམིགས་སུ་མེད་པས་མ་བསྟན་ལ་དོན་གྱི་ཡུམ་ནི་ཆོས་ཀྱི་དབྱིངས་དང་དུས་ཐམས་ཅད་དུ་འབྲལ་བ་མེད་པར་བཞུགས་པའོ། །ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱ་ལ་ཀུན་ཏུ་བཟང་པོ་ནི་ཕྱག་མཉམ་བཞག་གི་སྟེང་ན་ཕྱག་སོར་ལས་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་ཞིང་ཞབས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །དེའི་ཡུམ་དུ་གྱུར་པ་ནི་ཀུན་ཏུ་བཟང་མོ་སྟེ་ཕྱག་མཉམ་རྫོགས་སམ་མཉམ་པར་བཞག་པ་ལས་མཛུབ་མོ་གཉིས་རྩེ་སྤྲད་ནས་བཞུགས་ཤིང་ཞབས་པད་མོའི་སྐྱིལ་ཀྲུང་སྟེ་ཞབས་མཐིལ་གཉིས་སྤྲད་ནས་བཞུགས་པའོ། །གཞན་ཡང་ཕྱག་རྒྱ་མ་ངེས་སྣ་ཚོགས་གནས་པ་སྟེ་རིགས་ལྔ་སྤྱིའི་ཕྱག་རྒྱའམ་ཡང་ན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཉིད་དམ་ཡང་ན་རྡོ་རྗེ་ཐལ་མོ་ཡི་ཕྱག་རྒྱ་ཉིད་བཅིང་ངོ་། །བཞི་པ་སྐུ་མདོག་ནི། མཐིང་ཀ་དཀར་པོ་སེར་ལེ་བརྒན། །ལྗང་གུ་ལ་སོགས་སྣ་ཚོགས་པའི། །ཞེས་པས་བསྟན། སྤྱིར་སྐུ་མདོག་ལ་གཉིས་ཏེ། རང་བཞིན་གྱི་སྐུ་མདོག་དང་། རིགས་ཀྱི་སྐུ་མདོག་གོ། །དེ་ལ་རང་བཞིན་གྱི་སྐུ་མདོག་ནི་སྣུམ་པ་དང་། འདྲིལ་བ་དང་། གསལ་བ་དང་། འཚེར་བ་སྟེ། དེ་ཡང་ཉེས་པའི་སྐྱོན་གྱིས་མ་གོས་པ་དུང་ལྟ་བུ་དང་། སྣུམ་ལ་འདྲིལ་བ་མེ་ཏོག་ཀུ་མུད་ཏ་ལྟ་བུ་དང་། གསལ་བ་ཉི་མ་ལྟ་བུ། དང་ཞིང་གསལ་བ་ཟླ་བ་ལྟ་བུ། འཚེར་བ་གངས་ལ་ཉི་མ་ཤར་བ་ལྟ་བུའོ། །དེ་རྣམས་ནི་སྤྱིར་ཁྱབ་ལ་རིགས་ཀྱི་སྐུ་མདོག་ནི་རིགས་ལྔ་དང་རིགས་ཆུང་ངོ་། །རིགས་ལྔ་ནི་མཐིང་ཀ་ནི་དོན་ཆོས་ཀྱི་དབྱིངས་ལ་ཉོན་མོངས་པས་མ་བསླད་པས་མི་འགྱུར་བའོ། །དེ་ཡང་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་མི་བསྐྱོད་པ་ཡབ་ཡུམ་སྐུ་མདོག་མཐིང་ཀར་བཞུགས་པའོ། །དེ་ནི་རྡོ་རྗེའི་རིགས་ཀྱི་སྐུ་མདོག་གོ། །དཀར་པོ་ནི་ཉེས་པའི་སྐྱོན་གྱིས་མ་གོས་པ་སྟེ་རྣམ་སྣང་ཡབ་ཡུམ་དང་སའི་སྙིང་པོ་ཡབ་ཡུམ་དང་ལྷའི་ཐུབ་པའི་སྐུ་མདོག་གོ། །དེ་ནི་དེ་བཞིན་གཤེགས་པའི་རིགས་སོ། །སེར་པོ་ནི་ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་ཏེ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དང་ནམ་མཁའི་སྙིང་པོ་ཡབ་ཡུམ་དང་མིའི་ཐུབ་པའི་སྐུ་མདོག་སྟེ་དེ་ནི་རིན་ཆེན་རིགས་སོ། །ལེ་བརྒན་ནམ་དམར་པོ་ནི་ཐུགས་རྗེས་འགྲོ་བའི་དོན་ལ་ཆགས་པའི་རྟགས་ཏེ་སྣང་བ་མཐའ་ཡས་ཡབ་ཡུམ་དང་སྤྱན་རས་གཟིགས་ཡབ་ཡུམ་དང་ཡི་དྭགས་ཀྱི་ཐུབ་པའི་སྐུ་མདོག་སྟེ་དེ་ནི་པད་མའི་རིགས་སོ། །ལྗང་གུ་ནི་འཕྲིན་ལས་བཞིས་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་པའི་རྟགས་ཏེ་དོན་ཡོད་གྲུབ་པ་ཡབ་ཡུམ་དང་ཕྱག་ན་རྡོ་རྗེ་ཡབ་ཡུམ་དང་དམྱལ་བའི་ཐུབ་པའི་སྐུ་མདོག་སྟེ་དེ་ནི་ལས་ཀྱི་རིགས་སོ། །རིགས་ཆུང་ནི་ལ་སོགས་ཞེས་པས་ཁ་དོག་ཉི་ཤུ་རྩ་ལྔའམ་ཡང་མཐིང་ཀ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ནམ་མཁའི་སྙིང་པོ་ཡབ་ཡུམ་སྒྲིབ་སེལ་ཡབ་ཡུམ་ཀུན་བཟང་ཡབ་ཡུམ་མོ། །དཀར་པོ་ནི་རྣམ་སྣང་ཡབ་ཡུམ་དང་ས་སྙིང་དང་བྱམས་པའོ། །སེར་པོ་ནི་རིན་འབྱུང་དང་ཐུབ་པ་དྲུག་གོ། །དམར་པོ་ནི་སྣང་བ་མཐའ་ཡས་དང་སྤྱན་རས་གཟིགས་ཀུན་བཟང་ངོ་། །ལྗང་གུ་ནི་དོན་ཡོད་གྲུབ་པ་དང་ཕྱག་ན་རྡོ་རྗེ་དང་འཇམ་དཔལ་ཡབ་ཡུམ་གྱིའོ། །སྒོ་བ་བཞི་ཕྱོགས་མཐུན་ནོ། །སྣ་ཚོགས་པའི་ཞེས་པ་ནི་རང་རང་མ་འདྲེས་པར་གསལ་བའོ། །ལྔ་པ་ཞི་ཚུལ་དགུ་ནི། མཉེས་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་ལྡན། །ཞེས་པ་སྟེ། དེ་ལ་ཞི་བའི་ཚུལ་དགུ་ལས་སྐུའི་ཚུལ་རྣམ་པ་ལྔ་ནི་མཉེན་པ་ནི་ཞེ་སྡང་དག་པས་རིན་པོ་ཆེ་གསེར་ལྟ་བུ་སྟེ་གྱོང་པོ་དང་ཁེངས་པ་ལྟ་བུ་ནི་མ་ཡིན་ནོ། །ལྕུག་པ་ནི་ཁོང་ཁྲོ་དག་པས་འབྲས་ས་ལུའི་ལྗང་བུ་ལྟ་བུ་སྟེ་དེ་ཡང་རེངས་པ་ལྟ་བུ་ནི་མ་ཡིན་ནོ། །འཁྲིལ་བ་ནི་འདོད་ཆགས་དག་པས་དཔེར་ན་སྦྲུལ་ལྟ་བུ་སྟེ་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བཞུགས་པའོ། །སོ་སོར་བཞུགས་པ་ལྟ་བུ་ནི་མ་ཡིན་ནོ། །ལྡེམ་པ་ནི་ང་རྒྱལ་དག་པས་ལྗོན་ཤིང་ལྟ་བུ་སྟེ་ཀྱོག་པོ་དང་ཡོན་པོ་ལྟ་བུ་ནི་སྤངས་པའོ། །གཞོན་ཚུལ་ཅན་ནི་གཏི་མུག་དག་པས་བྱིས་པ་ལོ་བརྒྱད་ལོན་པ་ལྟ་བུ་སྟེ་གཞོན་ཤ་ཆགས་པའོ་རྒན་པོ་ཁོགས་པ་ལྟ་བུ་ནི་མ་ཡིན་ནོ། །སྐུ་མདོག་གི་ཚུལ་ནི་གསལ་བ་ནི་ཕྲག་དོག་དག་པས་ཚེས་བཅོ་ལྔའི་ཟླ་བ་ལྟ་བུ་སྟེ་མོག་མོག་པོའམ་ནག་ནག་པོ་ནི་མ་ཡིན་ནོ། །འཚེར་བ་ནི་སེར་སྣ་དག་པས་ཉི་མའི་སྙིང་པོ་ལྟ་བུ་སྟེ་ཕྱོགས་གཅིག་པའམ་མི་གཅིག་པ་ལྟ་བུ་ནི་མ་ཡིན་ནོ། །ལྷུན་སྡུག་པ་ནི་བདག་འཛིན་དག་པས་རི་བོ་ལྟ་བུ་སྟེ་སྟུར་སྟུར་པོ་ནི་མ་ཡིན་ནོ། །གཟི་བརྗིད་དང་ལྡན་པ་ནི་ཞེན་པ་དག་པས་ནོར་བུ་ལྟ་བུ་སྟེ་མ་འདྲེས་ལ་གསལ་བའི་ནོར་བུ་འཆིང་བུ་ལྟ་བུ་ནི་མ་ཡིན་ནོ། །ལྷ་ཚོགས་རྣམས་ཀྱི་སྐུ་ནི་དེ་ལྟར་ལྟ་བས་ཆོག་མི་ཤེས་པར་བཞུགས་པའོ། །དྲུག་པ་འོད་ཟེར་ནི། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་འཕྲེང་བ་འཁྲིགས་པ་སྟེ། །མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་རྫོགས། །ཞེས་པ་སྟེ། དེ་ཡང་སྐུའི་བ་སྤུའི་བུ་ག་གཅིག་ནས་ཡང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་འབྱུང་ཞིང་འཕྲོ་བ་དང་ཞལ་གྱི་མཛོད་སྤུ་ནས་འོད་ཟེར་ཁ་དོག་མི་འདྲ་བ་ཉི་ཤུ་རྩ་ལྔའི་ཚོགས་ཆེན་པོ་འཕྲོ་བའོ། །དེ་ནི་ཞི་བའི་སྤྲུལ་པ་སྟེ་དེ་ཉིད་གནས་གྱུར་པས་ཁྲོ་བོའི་དུས་ཀྱི་མེ་དཔུང་ནི་སྒོ་བཞི་ན་གནས་པའི་ཁྲོ་བོ་བཞི་ལས་ཀྱང་ཉོན་མོངས་པ་བསྲེག་པའི་མེ་དཔུང་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་འཕྲེང་བ་འཁྲིལ་པ་སྟེ། དེ་ཡང་ཡེ་ཤེས་ཀྱི་མེ་ཡིན་པས་ན་མེ་ལྕེ་འཕྲེང་བ་ལྟར་བརྒྱུས་ནས་མེ་དཔུང་དུ་འཁྲིལ་ཞིང་འབར་བའོ། །ཕྱི་རོལ་ན་ཡང་ཡེ་ཤེས་ཀྱི་མེ་དཔུང་འབར་བའོ། །དེ་ཡང་ནམ་མཁས་གར་ཁྱབ་སར་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ལ་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་སར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྟོགས་པའི་རྟགས་སུ་ལྷའི་གཞལ་ཡས་ཁང་གིས་མཐའ་དང་དབུས་མེད་པར་ཁྱབ་པ་ཡི་ཚུལ་དུ་སྣང་སྟེ་དེ་བས་ན་རང་བཞིན་གྱི་དཀྱིལ་འཁོར་དེ་ཉིད་བློས་བསམ་གྱིས་མི་ཁྱབ་པས་མཐའ་ཡས་ཞིང་འབད་རྩོལ་མེད་པར་ལྷུན་གྱིས་རྫོགས་པའོ། །བཞི་པ་ནུས་པ་དང་ལྡན་པར་བྱ་བ་ནི། ༀ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨད་མ་ཀོ྅་ཧཾ། ཞེས་པས་བདག་གི་སྤྱི་བོར་རིན་པོ་ཆེའི་ཁང་བུའི་ནང་དུ་ཉི་མའི་དཀྱིལ་འཁོར་ལ་ༀ་ལས་རྣམ་པར་སྣང་མཛད་སྐུ་ཚོན་གང་བ་གཅིག་ལ་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་བསམ་མོ། །ༀ་མ་ཧཱ་ཨ་དཪྴ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། བདག་གི་དཔྲལ་བའི་ངོས་སུ་རིན་པོ་ཆེའི་ཁང་བུའི་ནང་དུ་ཉི་ཟླ་པདྨའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་མཐིང་ག་ས་གནོན་གྱི་ཕྱག་རྒྱ་ཅན་བསམ་མོ། །ༀ་མ་ཧཱ་ས་མནྟ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། བདག་གི་ལྟག་པ་གཡས་སུ་རིན་པོ་ཆེའི་ཁང་བུའི་ནང་དུ་ཉི་ཟླ་པདྨའི་གདན་ལ་སྭ་ལས་རིན་ཆེན་འབྱུང་ལྡན་སེར་པོ་སྦྱིན་གཏོང་གི་ཕྱག་རྒྱ་ཅན་བསམ་མོ། །ༀ་མ་ཧཱ་པྲ་ཏྱ་བེ་ཀྵ་ན་ཛྙཱ་ན་བཛྲ་སྭ་བྷ་བ་ཨད་མ་ཀོ྅་ཧཾ། བདག་གི་ལྟག་ཁུང་དུ་རིན་པོ་ཆེའི་ཁང་བུའི་ནང་དུ་ཉི་ཟླ་པདྨའི་གདན་སྟེང་དུ་ཨ་ལས་སྣང་བ་མཐའ་ཡས་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན་བསམ་མོ། །ༀ་མ་ཧཱ་ཀྲི་ཏྱ་ཨ་ནུ་ཏ་ན་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ ྅་ཧཾ། བདག་གི་ལྟག་པ་གཡོན་དུ་རིན་པོ་ཆེའི་ཁང་བུའི་ནང་དུ་ཉི་ཟླ་པདྨའི་གདན་སྟེང་དུ་ཧ་ལས་དོན་ཡོད་གྲུབ་པ་ལྗང་གུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་བསམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། བདག་གི་ཀླད་པའི་དུང་ཁང་དུ་འཁོར་ལོ་རྩིབས་བརྒྱད་ཀྱི་སྟེང་དུ་ༀ་ལས་རྣམ་པར་སྣང་མཛད་དུ་བསམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་ཝཀྐ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། བདག་གི་ལྕེ་སྟེངས་སུ་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཨ་ལས་སྣང་བ་མཐའ་ཡས་བསམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། བདག་གི་ཐུགས་ཀྱི་དཔལ་བེའུ་ཟུར་བརྒྱད་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་བསམ་མོ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །དབང་དང་བྱིན་རླབས་ཀུན་བསྡུས་ཐིམ། །དཀྱིལ་འཁོར་ཀུན་ཏུ་གསལ་བར་གྱུར། །ཞེས་པས་དེ་ནས་ཡབ་ཡུམ་སྦྱོར་བ་བྱས་པའི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་འོག་མིན་ནས་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་ཡབ་ཡུམ་སྦྱོར་བ་བྱས་པའི་བྱང་སེམས་ལས་རིག་པའི་ལྷ་མོ་བུམ་པ་ཐོགས་པ་མང་པོས་བདག་ལ་ཆུ་བླུག་སྟེ་དབང་བསྐུར་བས་དབང་རྟགས་སུ་རིགས་ལྔའི་དབུ་རྒྱན་བཞུགས་པར་བསམ། བདེ་བར་གཤེགས་པ་རིགས་ལྔས་ཡེ་ཤེས་ལྔའི་དབང་བསྐུར་བ་དང་། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀུན་བསྡུས་ནས་ཐིམ་པ་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་འོད་ཀྱི་རང་བཞིན་དུ་ཀུན་ཏུ་གསལ་བར་གྱུར་པའོ། །དེ་ལ་ལྷ་རེ་རེ་ལ་དབུ་རྒྱན་ལྔ་བསམ་སྟེ་རང་རང་གི་རིགས་ཀྱིས་གཙོ་བོ་བྱས་པ་ལྔ་ལྔ་བསམ་མོ། །ཐུབ་པ་དྲུག་ལ་མི་བྱེད་དེ་ཅི་ཕྱིར་ཞེ་ན། རྒྱུད་ལས། ཐུབ་དྲུག་སྤྲུལ་པའི་སྐུར་གནས་པས། །བྱིན་རླབས་དབུ་རྒྱན་མ་གསུངས་སོ། །ཞེས་པས་འདོད་པའི་ཡོན་ཏན་སྤངས་པའི་ཚུལ་ཡིན་པས་ཆགས་ལམ་གྱི་དབང་མི་བཞེད་པ་དང་སྤྲུལ་སྐུའི་ཚུལ་དུ་བཞུགས་པས་དབུ་རྒྱན་མི་བཞེད་པ་ལ་དགོངས་སོ། །བཞི་པ་བསྒོམ་པའི་ཆེ་བ་ནི། ས་ལ་སོགས་ལས་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་བས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་པ་སྟེ། ས་ལ་སྐུ་གདུང་བཏབ་པ་དང་། ལྡེར་ཚོ་བྱས་པ་དང་རས་སམ་དར་ལ་རིས་སུ་བྲིས་པ་དང་ཐགས་སུ་བཏགས་པའམ་རྡོའམ་ཤིང་ལ་འབུར་དུ་བརྐོས་པ་དང་གསེར་དངུས་ཟངས་ལྕགས་ལ་ལུགས་སུ་བླུགས་ནས་ལྷས་ཕྱག་རྒྱར་བྱས་པས་ཀྱང་དེའི་དོན་ལས་འཁོར་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་ནས་འབྲས་བུ་མྱ་ངན་ལས་འདས་པའི་གོ་འཕང་གི་རིམ་པ་ཐོབ་པར་འགྱུར་ན། འདིར་དང་པོར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གཟུང་འཛིན་དག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པ་དོན་དམ་པ་ཆོས་ཀྱི་དབྱིངས་སུ་སྦྱངས་པ་དང་། ཀུན་ཏུ་སྣང་གིས་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཡེ་ཤེས་སྒྱུ་མར་སྦྱངས་པ་དང་། རྒྱུའི་ཏིང་ངེ་འཛིན་གྱིས་ཡིག་འབྲུར་སྦྱངས་པ་དང་། ཕྱག་རྒྱ་གཅིག་པས་རང་གི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྦྱངས་པ་དང་། སྤྲོས་པའི་ཏིང་ངེ་འཛིན་གྱིས་སྤྱོད་ཡུལ་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་སྦྱངས་པས་ན་འབྲས་བུ་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ཏིང་ངེ་འཛིན་ཏེ་མངོན་དུ་གྱུར་པ་དེ་ཁོ་ན་ཉིད་འབྲས་བུ་ཡེ་ཤེས་ཡིན་པས་འབྲས་བུ་གཞན་ནས་བཙལ་དུ་མེད་པའི་ཕྱིར་རོ། །གཉིས་པ་ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་པ་ལ་སོགས་པ་ལ་གཉིས་ཏེ། སྤྱན་དྲངས་པ་དང་། མཆོད་པའོ། །དང་པོ་སྤྱན་དྲངས་པ་ལ་དྲུག་སྟེ། དམ་བཅའ་བ་དང་། ཚིག་གིས་སྤྱན་དྲངས་པ་དང་། སྔགས་ཀྱིས་སྤྱན་དྲངས་པ་དང་། རིག་པའི་མེ་ཏོག་དོར་བ་དང་། དངོས་གྲུབ་བསྐུལ་བ་དང་། གཉིས་མེད་དུ་བསྟིམས་པའོ། །དང་པོ་དམ་བཅའ་བ་ནི། ཕྱག་རྒྱའི་དཀྱིལ་འཁོར་གསལ་བསྐྱེད་ལ། །དབང་བསྐུར་བྱིན་རླབས་རྫོགས་བྱས་ཏེ། །སྟོ ང་གསུམ་ཉུངས་འབྲུར་གཞུགས་ཚུལ་གྱིས། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད། །ཅེས་པ་སྟེ། དེ་ལྟར་ཕྱག་རྒྱ་ལྷའི་དཀྱིལ་འཁོར་དམ་ཚིག་པ་གསལ་བར་བསྐྱེད་ལ་དེ་ལ་ཡེ་ཤེས་ལྔས་དབང་བསྐུར་བ་དང་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པ་རྫོགས་པར་བྱས་ལ་སྤྱན་དྲངས་པའོ། །ཏིང་ངེ་འཛིན་གྱིས་བསྐྱེད་པའི་གཞལ་ཡས་ཁང་དེར་དེ་བཞིན་གཤེགས་པའི་དཀྱིལ་འཁོར་མི་ཤོང་ཞེ་ན། ལྷའི་རྫུ་འཕྲུལ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་འཇིག་རྟེན་གྱི་ཁམས་ཐམས་ཅད་ཉུང་འབྲུར་ཏེ་ཉུང་འབྲུ་གཅིག་གི་ནང་དུ་གཞུགས་ཀྱང་ཉུང་འབྲུ་ཡང་ཆེར་མ་འཕེལ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་ཆུང་དུ་མི་འགྲོ་བར་ཆུད་པ་དེའི་ཚུལ་དུ་ཏིང་ངེ་འཛིན་གྱིས་བསྐྱེད་པའི་གཞལ་ཡས་ཁང་དེར་ཡེ་ཤེས་ཀྱི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་སྤྱན་དྲངས་ནས་བཞུགས་ཀྱང་གཞལ་ཡས་ཁང་ཆེར་མ་འཕེལ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་ཆུང་དུ་འགྲིབ་པ་མ་ཡིན་ནོ། །དེའི་ཕྱིར་ན་གསང་བའི་དཀྱིལ་འཁོར་ངོ་མཚར་ཆེ་བ་ཡིན་ནོ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྤྱན་དྲངས་ལ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་མཆོད་པར་བྱའོ། །གཉིས་པ་ནི། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་སོ། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་ཀུན་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག ། ཅེས་པ་སྟེ། གང་སྤྱན་དྲངས་ན་ཕྱོགས་བཅུ་དུས་བཞིས་བསྡུས་པའི་དཀྱིལ་འཁོར་ནི་བདག་ཉིད་ཆེ་བའམ་ཆེན་པོའི་རང་བཞིན་ལྷུན་གྲུབ་ཏུ་གནས་པ་སྟེ་གཞན་ལས་འཕགས་པའོ། །དེ་ཡང་ཕྱོགས་བཅུ་དུས་བཞིའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ནི་བདག་ཉིད་ཆེན་པོར་སངས་རྒྱས་པའི་བཞི་བཅུ་རྩ་གཉིས་པོའི་རྣམ་པར་སྤྱན་དྲང་ངོ་། །ཡུལ་གང་ནས་སྤྱན་དྲངས་ན་ཕན་ཚུན་དང་ཡུལ་དང་ཡུལ་ཅན་ལྟ་བུ་མི་དམིགས་པའི་རང་བཞིན་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་ནི་ཐུགས་ཀྱི་དཀྱིལ་འཁོར་ཡེ་ཤེས་ལྔར་སྣང་བ་སྟེ་དེ་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བཞུགས་པའི་གནས་ཡིན་ཏེ། གཟུང་འཛིན་བྲལ་བའི་ཡེ་ཤེས་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་སོ། །གནས་དེ་ནས་ངོ་བོ་གང་སྤྱན་དྲངས་ན་དཀྱིལ་རྡོ་རྗེ་སེམས་དཔའ་ལ་འཁོར་བུདྡྷ་བཞི་བཅུ་ཐམ་པས་བསྐོར་བའི་བུདྡྷ་བཞི་བཅུ་རྩ་གཉིས་པོ་ཐམས་ཅད་སྤྱན་དྲང་ངོ་། །གང་དུ་སྤྱན་དྲངས་ན་རང་རིག་པའི་སྣང་བ་ལས་བྱུང་བ་དམ་ཚིག་གི་དཀྱིལ་འཁོར་འདིར། དགོས་ཆེད་ཅིའི་ཕྱིར་སྤྱན་དྲངས་ན་དམ་ཚིག་པ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་དབྱེར་མེད་པའི་དཀྱིལ་འཁོར་ལ་རིག་པ་ལ་རིག་པ་འཇུག་དམ་ཚིག་པ་དང་ཡེ་ཤེས་པ་མཉམ་པར་སྦྱོར་བའི་ཕྱིར་ཏེ་དེ་ཡང་རང་སྣང་ལ་ཡེ་ཤེས་ཀྱི་ལྷ་འཇུག་པའི་མཚན་ཉིད་དམ་འཇུག་ལུགས་ནི་བདག་དང་ལྷ་མཉམ་པར་སྦྱོར་བས་སོ། །འབྲས་བུ་ཅི་འགྲུབ་ན་ཕྱོགས་བཅུ་དུས་བཞི་ཀུན་ནས་གཤེགས་པ་ཡི་འགྲོ་བའི་དོན་ཡོངས་སུ་རྫོགས་པར་མཛད་པའི་རྒྱལ་བ་བཞི་བཅུ་རྩ་གཉིས་པོ་དེ་དག་ཐམས་ཅད་བདག་གིས་ཚེ་སྔ་མའི་དུས་ཕན་ཆད་དུ་བསྙེན་བསྙེན་བསྒྲུབས་བསྒྲུབས་པའི་དཀྱིལ་འཁོར་ཡིན་པས་ལྷ་དང་བསྙེན་པ་ཀུན་ཏུ་རྫོགས་པར་ཕུལ་བས་ན་ད་ལྟར་གྱི་དུས་ན་བདག་དཀྱིལ་འཁོར་གྱི་ལྷ་དང་ཉེ་བར་གྱུར་པའི་ཕྱིར་དང་རྒྱལ་བ་དེ་དག་འགྲོ་བའི་དོན་མཛད་པར་ཐུགས་དམ་དུ་ཞལ་གྱིས་བཞེས་པ་ལས་མི་འདའ་བའི་དམ་ཚིག་མཆོག་གི་དབང་གིས་བདག་གི་དོན་མཛད་པའི་ཕྱིར་གནས་འདིར་བྱོན་པ་ཡིན་ནོ། །གསུམ་པ་ནི། ༀ་ཨེ་ཧ་ཡ་ཧི་བྷ་ག་ཝན། མ་ཧཱ་ཀ་རུ་ཎི་ཀ་དྲི་ཤ་ཡ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོ། ཞེས་པ་སྟེ། ༀ་ཨེ་ཧ་ཡ་ཧི་ནི་ཀྱེ་ཚུར་སྤྱོན་བྷ་ག་ཝན་བཅོམ་ལྡན་འདས་མ་ཧཱ་ཀ་རུ་ཎི་ཀ་ཐུགས་རྗེ་ཆེན་པོས་དྲི་ཤ་ཡ་ཧོ་གཟིགས་ཤིག །ས་མ་ཡ་སྟྭཾ་དམ་ཚིག་ལ་དགོངས། ཛཿཧཱུཾ་བཾ་ཧོ༔ ལྷ་མོ་བཞིའོ། །བཞི་པ་ནི། མེ་ཏོག་དོར་ལ་དངོས་གྲུབ་གསོལ། །གཉིས་མེད་ཐིམ་བཞུགས་ཉེས་པར་བྱ། །ༀ་བཛྲ་ས་མ་ཡ་ༀ། ཨཾ་བཛྲ་ས་མ་ཡ་ཨཾ། ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭ་བཛྲ་ས་མ་ཡ་སྭ། ཧ་བཛྲ་ས་མ་ཡ་ཧ། ཞེས་པ་སྟེ། རིག་པའི་མེ་ཏོག་དོར་ལ་རང་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྐུལ་བར་བྱ་བ་སྟེ། དེ་ལྟར་མདུན་གྱི་ནམ་མཁར་བྱོན་པ་ལ་རིག་པའི་མེ་ཏོག་དོར་བས་ལྷ་དང་བདག་དབྱེར་མེད་པར་རྟོགས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གསོལ་ཕྱིར་གཉིས་སུ་མེད་པར་ཐིམ་ནས་བདག་དངོས་གྲུབ་མ་ཐོབ་བར་དུ་བརྟན་པར་བཞུགས་སུ་གསོལ་ནས་མ་སྐྱེས་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི་ཞེས་པས་ཕྱག་འཚལ་ལ་མཉེས་པར་བྱའོ། །དེ་ཡང་དཀྱིལ་ལ་འཁོར་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏ ན་འཕྲིན་ལས་དབྱེར་མེད་པར་གསལ་བ་ལ་རིག་པའི་མེ་ཏོག་དོར་ཞེས་བྱ་སྟེ་སྔགས་ནི་ༀ་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་ༀ་སྐུ་སྟེ་དོན་དུ་སྐུ་རྡོ་རྗེ་དང་དབྱེར་མེད་པར་གྱུར་ཅིག་པའོ། །དེ་བཞིན་དུ་ཨཾ་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་ཨཾ་གསུང་སྟེ་གསུང་རྡོ་རྗེ་དང་དབྱེར་མེད་པར་གྱུར་ཅིག །ཧཱུཾ་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་ཧཱུཾ་ཐུགས་ཏེ་ཐུགས་རྡོ་རྗེ་དང་དབྱེར་མེད་པར་གྱུར་ཅིག །སྭ་བཛྲ་ཡོན་ཏན་རྡོ་རྗེ་ས་མ་ཡ་དམ་ཚིག་སྭ་ཡོན་ཏན་ཏེ་ཡོན་ཏན་རྡོ་རྗེ་དང་དབྱེར་མེད་པར་འགྱུར་ཅིག །ཧ་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་ཧ་ཕྲིན་ལས་ཏེ་འཕྲིན་ལས་རྡོ་རྗེ་དང་དབྱེར་མེད་པར་གྱུར་ཅིག་ཅེས་སོ། །ལྔ་པ་ནི། ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོ། ཞེས་གསུངས་ཏེ། ༀ་ཡེ་ཤེས་ལྔ་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་ཧཱུཾ་བསྡུ་བ་སྟེ་ནམ་མཁའ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་གསོལ་ཞེས་དངོས་གྲུབ་བསྐུལ་བའི་སྔགས་སོ། །ༀ་ཡེ་ཤེས་ལྔ་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་སྟྭཾ་སྦྱོར་བ་སྟེ་དངོས་གྲུབ་གསོལ་བའི་དུས་ལ་བབས་པའོ། །ༀ་ཡེ་ཤེས་ལྔ་བཛྲ་རྡོ་རྗེ་ས་མ་ཡ་དམ་ཚིག་ཧོ་དགྱེས་པར་རོལ་པ་སྟེ་དངོས་གྲུབ་གསོལ་བ་ལ་དགྱེས་པར་དགོངས་ཤིག་ཅེས་སོ། །དྲུག་པ་ནི། ཛཿཧཱུཾ་བཾ་ཧོ། ཞེས་ཕྱག་རྒྱ་བཞིས་དགུག་གཞུག་བྱ་ཞིང་དགྱེས་པ་བསྐྱེད་པའོ། །གཉིས་པ་མཆོད་པ་ལ་བརྒྱད་དེ། ཕྱག་རྒྱ་གར་གྱི་མཆོད་པ་དང་། །ལྷག་པ་ཏིང་ངེ་འཛིན་གྱི་དང་། ཏ་ན་སྒྲོལ་བའི་དང་། ག་ན་སྦྱོར་བའི་དང་། བདུད་རྩིའི་དང་། ཚོགས་ཀྱི་དང་། བསྟོད་པ་དང་། བཟླས་པའི་མཆོད་པའོ། །དང་པོ་ཕྱག་རྒྱ་ལ་གསུམ་སྟེ་ཅིག་ཆར་བ་ཕྱིའི་ཕྱག་རྒྱ་དང་། སྙོམས་འཇུག་གསང་བའི་ཕྱག་རྒྱ་དང་། རིམ་གྱིས་པ་ནང་གི་ཕྱག་རྒྱའོ། །དང་པོ་ཅིག་ཆར་བ་ལ་གསུམ་སྟེ། སེམས་ཀྱི་ཕྱག་རྒྱ་དང་། ལུས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་སྤྱིའི་ངེས་ཚིག་ཞར་བྱུང་ངོ་། །དང་པོ་ནི། སྒྱུ་འཕྲུལ་དྲྭ་བའི་མངོན་རྫོགས་པའི། །དབང་པོའི་ཡུལ་དུ་གང་གྱུར་པ། །མཉམ་པའི་ངང་དུ་རྟོགས་གསལ་ན། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །ཞེས་པས་བསྟན། དེ་ལ་སྒྱུ་མ་ནི་ཤེས་རབ་ཡུམ་གྱི་ཆ་འཕྲུལ་པ་ནི་ཐབས་ཡབ་ཀྱི་ཆ་དྲྭ་བ་ནི་དེ་གཉིས་འབྲེལ་བའི་དོན་ཡིན་པས་རྒྱལ་བ་བཞི་བཅུ་རྩ་གཉིས་པོ་ཐམས་ཅད་ཐབས་ཤེས་རབ་དབྱེར་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པའི་དོན་ཏེ་རང་རིག་པས་མངོན་སུམ་དུ་གསལ་ཞིང་རྟོགས་པ་ན་དབང་པོའི་ཡུལ་དུ་གང་གྱུར་པ་ཡི་ཆོས་ཐམས་ཅད་སངས་མ་རྒྱས་པ་གཅིག་ཀྱང་མེད་དེ། དེ་ཡང་ཕུང་པོ་དང་དབང་པོ་དང་རྣམ་པར་ཤེས་པ་ཐམས་ཅད་ཐབས་ཀྱི་རང་བཞིན་ཡབ་ཀྱི་དཀྱིལ་འཁོར་ལ། འབྱུང་བ་དང་ཡུལ་དང་དུས་ཐམས་ཅད་ནི་ཤེས་རབ་ཀྱི་རང་བཞིན་ཡུམ་གྱི་དཀྱིལ་འཁོར་ཏེ་དེས་ན་དེ་དག་ཐམས་ཅད་ཐབས་ཤེས་རབ་གཉིས་སུ་མེད་པ་བྱང་ཆུབ་སེམས་མཉམ་པའི་ངང་དུ་ལྟ་བས་རྟོགས་ཤིང་ཏིང་ངེ་འཛིན་གྱིས་གསལ་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ལྟར་རྟོགས་པའི་ངང་དེ་ལས་མི་འདའ་བ་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཞེས་བྱའོ། །དེ་ཡང་ཚིག་རྐང་དང་པོས་ཕྱག་རྒྱའི་དོན་གནས་ཐབས་དང་ཚིག་རྐང་བར་མ་གཉིས་ཀྱི་ལམ་རྟོགས་ཐབས་དང་ཐ་མས་འབྲས་བུའི་ངོ་བོ་བསྟན་པའོ། །གཉིས་པ་ནི། བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཐབས་དང་ཤེས་རབ་ཐམས་ཅད་ཀུན། །གསལ་ཞིང་འོད་ཟེར་འཕྲོ་བསྒོམས་ན། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །ཞེས་པ་སྟེ་ངོ་བོ་གང་སྒོམ་ན་བསྐྱོད་ཆེན་ནི་ལུས་ཀྱི་ཡན་ལག་ལྔའོ། །དེ་ལྟར་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པའི་གཞལ་ཡས་ཁང་དུ་བསྒོམ་པ་ནི་བཞུགས་པའི་གནས་སོ། །གཞལ་ཡས་ཁང་དེ་རྣམས་སུ་ཐབས་ཡབ་དང་ཤེས་རབ་ཡུམ་ཐམས་ཅད་དེའི་འཁོར་དང་བཅས་པ་ཀུན་བསྒོམ་པ་ནི་དབུ་ལ་དེ་བཞིན་གཤེགས་པའི་རིགས་ཡབ་ཡུམ་བཅུ། ལག་པ་གཡས་པ་ལ་རྡོ་རྗེའི་རིགས་ཡབ་ཡུམ་བཅུ། ལག་པ་གཡོན་པ་ལ་རིན་པོ་ཆེའི་རིགས་ཡབ་ཡུམ་བཅུ། རྐང་པ་གཡས་པ་ལ་ལས་ཀྱི་རིགས་ཡབ་ཡུམ་བཅུ། རྐང་པ་གཡོན་པ་ལ་པདྨའི་རིགས་ཡབ་ཡུམ་བཅུ་བསྒོམ་མོ། །དེ་ཡང་རྔམ་གློག་འཁོར་ལོ་བཀོད་པའི་མདོ་ལས། ལག་གཡས་རྡོ་རྗེ་མི་བསྐྱོད་པ། །ལག་གཡོན་རིན་ཆེན་སེམས་དཔའ་སྟེ། །རྐང་གཡས་ལས་ཀྱི་སེམས་དཔའ་ལ། །རྐང་གཡོན་པདྨའི་སེམས་དཔའ་ཡིན། །དབུ་ནི་དེ་བཞིན་གཤེགས་པའི་རིགས། །ཞེས་སོ། །རྣམ་པ་ཇི་ལྟར་སྒོམ་ན་སྐུ་དེ་ཡང་གསལ་ཞིང་འོད་ཟེར་འཕྲོ་བར་བསྒོམས་ཤིང་གསལ་ན་དེ་ལྟར་བསྒོམས་པའི་ཡོན་ཏན་ནི་རང་གི་ལུས་ཀྱིས་བསྒུལ་བསྐྱོད་བྱས་པ་ཐམས་ཅད་ལྷའི་ཕྱག་རྒྱ་ཡིན་ནོ། །ཅི་སྟེ་ན་རིག་པ་ནི་ལུས་ཀྱི་ཡན་ལག་ཐམས་ཅད་ཡི་དམ་ལྷའི་སྐུར་གསལ་བའི་ངང་ལས་མི་འདའ་བའི་ཕྱིར་རོ། །གསུམ་པ་ནི། གསང་བ་དེ་ཉིད་ངེས་པ་ལས། སྙིང་པོའི་ཕྱག་རྒྱ་འདའ་དཀའ་འོ། །ཞེས་པ་སྟེ། གོང་དུ་བཤད་པ་དེ་ལྟ་བུའི་སྤྱོད་ཡུལ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་གསལ་བ་ནི་སྐྱེ་བོ་དང་ཐེག་པ་འོག་མ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་གསང་བ་དང་། དེ་ཁོ་ན་ཉིད་ངེས་པའི་དོན་རྒྱུ་འབྲས་ལས་འདས་པའི་རང་བཞིན་ཡིན་ལ་དེ་ནི་ཕྱག་རྒྱ་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པས་ན་ཕྱག་རྒྱའི་སྙིང་པོའམ་སྙིང་པོའི་ཕྱག་རྒྱ་སྟེ། ཆོས་ཐམས་ཅད་དོན་གྱི་སྙིང་པོའི་ངང་དེ་ལས་མི་འདའ་བའི་ཕྱིར་ན་འདའ་དཀའ་འོ། །དེ་ཡང་ཚིག་རྐང་དང་པོས་ཁུངས་གང་ཡིན་དང་གཉིས་པས་ངེས་ཚིག་ཇི་ལྟར་ཡིན་བསྟན་པའོ། །གཉིས་པ་སྙོམས་འཇུག་གསང་བའི་ཕྱག་རྒྱ་ནི། ༀ་དང་མུྃ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བས། །བདེ་བ་ཆེན་པོ་འབྱིན་པའི་རྒྱ། །ཞེས་པ་སྟེ། བདག་ཀུན་ཏུ་བཟང་པོར་བསྒོམ་མཁའ་རྡོ་རྗེ་རྩེ་ལྔར་བསྒོམ་རྡོ་རྗེའི་རྩེ་མོར་ༀ་དང་རྭ་ལྟག་ཏུ་ཧཱུཾ་དང་སྭ་དང་ཨ་དང་ཧ་བསམ། ཡུམ་ཀུན་ཏུ་བཟང་མོར་བསྒོམ་མཁའ་པདྨ་འདབ་བཞིར་བསྒོམ་དབུས་སུ་མུཾ་བསམ་འདབ་མ་བཞི་ལ་ལཾ་མཾ་པཾ་ཏཾ་བསམ་དེ་ནས་རྡོ་རྗེ་དང་པདྨ་གཉིས་རྩེ་སྦྱར་བས་ༀ་དང་མུཾ་སྦྱར་པདྨ་དང་རྭ་འབྱོར་ཏེ་འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ་ནི་དུས་གསུམ་གྱི་རྒྱལ་བ་ཀུན་དང་མཉམ་པར་སྦྱོར་བ་བྱས་པས་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་འབྱིན་པའི་ཕྱག་རྒྱའོ། །དེ་ནི་ལྷག་པ་བྱང་ཆུབ་སེམས་ཀྱིས་དབང་བསྒྱུར་བའི་ཕྱག་རྒྱ་ཡིན་ལ། འདིར་ལག་པ་གཡས་གཡོན་སོར་མོ་བསྣོལ་ལ་རྩེ་སྤྲད་ནས་བསྒོམ་པར་བྱའོ། །གསུམ་པ་རིམ་གྱིས་པ་ལ་གཉིས་ཏེ། ཕྱག་རྒྱ་འབྱུང་བའི་རྒྱུ་དང་། ལྷ་སོ་སོའི་ཕྱག་རྒྱ་བཅའ་ཐབས་སོ། །དང་པོ་ནི། མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་སྤྲོས་པ་ལས། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །ཞེས་སོ། །ལག་པ་གཡས་པ་མི་བསྐྱོད་པའི་རང་བཞིན་གྱི་སོར་མོའི་བྲེ་ཁ་ལྔ་ལ་ཉི་མའི་དཀྱིལ་འཁོར་སེན་ཟླུམ་ཙམ་པ་ལྔ་སྒོམ། དེའི་སྟེང་དུ་གུང་མོ་ལ་ཡི་གེ་ༀ་མཛུབ་མོ་ལ་ཧཱུཾ་སྲིན་ལག་ལ་ཨ་ཐེའུ་ཆུང་ལ་སྭ་མཐེ་བོང་ལ་ཧ་བསམ་མོ། །ལག་པ་གཡོན་པ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་བསྒོམས་པའི་སོར་མོའི་བྲེ་ཁ་ལྔ་ལ་ཟླ་བའི་དཀྱིལ་འཁོར་སེན་ཟླུམ་ཙམ་པ་ལྔའི་སྟེང་དུ་གུང་མོ་ལ་ཡི་གེ་ལཾ་མཛུབ་མོ་ལ་མུཾ་སྲིན་ལག་ལ་པཾ་མཐེའུ་ཆུང་ལ་མཾ་མཐེ་བོང་ལ་ཏཾ་བསམ་མོ། །དེ་ལྟར་སོར་མོ་གཡས་ཀྱི་དཔའ་བོ་འབྲུ་ལྔ་དང་གཡོན་གྱི་དཔའ་མོ་འབྲུ་ལྔ་གཉིས་ཟུང་དུ་སྦྱར་བ་ལས་འོད་སྤྲོས་པ་དེས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་ལས་ཡི་གེ་བཅུ་ལ་ཐིམ་པས་འོད་དུ་འབར་རོ། །དེ་ཐུགས་ཀར་ཐལ་མོ་སྦྱར་བས་ཡབ་ཡུམ་སྦྱོར་བ་བྱེད་པར་བསམ་སྟེ་དེ་ལྟར་ཡབ་ཡུམ་ཐབས་ཤེས་རབ་སྦྱོར་བ་བྱེད་པ་དེ་ནི་ཕྱག་རྒྱ་འབྱུང་བའི་རྒྱུ་རྡོ་རྗེ་ཐལ་མོ་ཡིན་ནོ། །གཉིས་པ་ནི། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་བྲེང་རྩེ་མོ་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མུཾ་བསྒྲེང་རྩེ་མོ་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ༀ་སྒྲེང་རྩེ་མོ་འཁོར་ལོ་འབར། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ལཾ་སྒྲེང་རྩེ་མོ་དྲིལ་བསིལ་ཞིང་། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །སྭ་རྩེ་འབར་བ་རིན་པོ་ཆེ། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཾ་སྒྲེང་རྩེ་མོ་དྲིལ་གསིལ་འབར། །ཉི་མར་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཨཾ་སྒྲེང་རྩེ་མོ་པདྨ་འབར། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན། །འབྲུ་བཞི་སྦས་ནས་ཐུགས་ཀར་ཀན། །པཾ་སྒྲེང་རྩེ་མོ་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧ་སྒྲེང་རྩེ་མོ་རལ་གྲི་འབར། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཏཾ་སྒྲེང་རྩེ་མོ་དྲིལ་བསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ཞེས་གསུངས་ཏེ། སྤྱིར་ཕྱག་རྒྱ་ལ་བཞི་སྟེ་ཕྱག་རྒྱ་བཅའ་བའི་གནས་སྟ་ཟུར་གཡས་གཡོན་ནོ། །ཕྱག་རྒྱ་འབྱུང་བའི་རྒྱུ་རྡོ་རྗེ་ཐལ་མོའོ། །ཕྱག་རྒྱ་འབྱུང་བའི་ཐབས་ཐུགས་ཀ་དང་། ཕྱག་རྒྱ་དགྲོལ་བའི་དོན་སྟོང་ཉིད་དོ། །དེ་ལ་ཕྱག་རྒྱ་བསྒྱུར་བའི་ཐབས་ལ་གསུམ་སྟེ་ཕྱི་ལུས་ཀྱི་ཡན་ལག་བྱིན་གྱིས་རློབས་པའི་ཕྱག་རྒྱ་དང་། ནང་ལག་པ་གཡས་གཡོན་ལ་ཐབས་ཤེས་རབ་ཀྱི་ཡི་གེ་བཀོད་པ་དང་། གསང་བ་རྡོ་རྗེ་དང་པདྨ་རྩེ་སྤྲད་པའི་ཕྱག་རྒྱའོ། །དེ་ལ་ནང་གི་ཕྱག་རྒྱ་ལ་བཞི་སྟེ་བཅིང་བ་དམ་ཚིག་གི་ཕྱག་རྒྱ་དང་། བསམ་པ་ཆོས་ཀྱི་ཕྱག་རྒྱ་དང་། བྱེད་པ་ལས་ཀྱི་ཕྱག་རྒྱ་དང་། བསྒོམ་པ་ཕྱག་རྒྱ་ཆེན་པོའོ། །དེ་བཞིས་ལྷ་སོ་སོའི་ཕྱག་རྒྱ་ཐམས་ཅད་ཁྱབ་པར་བཅིང་ངོ་། །ཕྱག་རྒྱ་དགྲོལ་བ་ནི་སྟོང་ཉིད་དུ་དཀྲོལ་བའོ། །རྒྱས་པ་ལས་གཟུང་དང་འཛིན་པ་རྣམ་གཉིས་པོ། དག་པར་དོར་བ་ཕྱག་རྒྱ་ཡིན། །ཞེས་སོ། །དེ་ལྟར་ལས་འདིར་ནི་ཕྱག་རྒྱ་དེ་དག་ཐམས་ཅད་གཅིག་ཏུ་ཚང་བར་བཅིང་ནས་བྱེད་པའོ། །དེ་བས་ན་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ཞེས་བྱ་བར་ཡང་འགྲོའོ། །དེ་ཡང་ལག་པ་གཡས་པ་མི་བསྐྱོད་པའི་རང་བཞིན་གྱི་སོར་མོའི་སྟེང་གི་ༀ་སྭ་ཧ་ཨའི་ཡིག་འབྲུ་བཞི་ཁུ་ཚུར་ནང་དུ་སྦས་ནས་ཐུགས་ཀར་བཟུང་སྟེ་མཛུབ་མོ་སྒྲེང་ནས་ཕྱིར་ལ་བཀན་པའི་ཚུལ་གྱིས་བཟུང་བ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱའོ། །ཧཱུཾ་བསམ་པའི་མཛུབ་མོ་བསྒྲེང་བའི་རྩེ་མོ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་འོད་འབར་བ་གསལ་བ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱའོ། །ལག་པ་གཡོན་པ་ཟླ་བའི་དཀྱིལ་འཁོར་ཁུ་ཚུར་ནང་དུ་བཅངས་ནས་བཏུལ་ཞིང་འབྲུ་ལྔ་ནང་དུ་སྦས་ཏེ་དྲིལ་བུ་བསིལ་ཞིང་རང་གི་ཡུམ་ལ་འཁྲིལ་བ་ནི་བྱེད་པ་ལས་ཀྱི་ཕྱག་རྒྱའོ། །ཡབ་ལས་ཀྱི་རང་བཞིན་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་ཞལ་ཡུམ་ཆོས་ཀྱི་རང་བཞིན་ལ་བསྟན་ཅིང་འདུད་པ་ནི་བསྒོམ་པ་ཕྱག་རྒྱ་ཆེན་པོའོ། །ལག་པ་གཡོན་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི་ལཾ་མཾ་པྱཾ་ཏཾ་སྟེ་འབྲུ་བཞི་ཁུ་ཚུར་བཅངས་ཏེ་སྦས་ནས་ཐུགས་ཀར་ཕྱིར་གན་དུ་བཀན་ནས་བཅངས་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །མུཾ་གསལ་བའི་མཛུབ་མོ་བསྒྲེང་བའི་རྩེ་མོ་ལ་ཡི་གེ་མུཾ་ལས་དྲིལ་བུ་འབར་བ་གཅིག་གསལ་ནས་དྲིལ་བུ་བསིལ་བ་དྲིལ་བསིལ་འབར་ཞེས་པ་བསམ་པ་ཆོས་ཀྱི་ཕྱག་རྒྱའོ། །ལག་པ་གཡས་པ་ཉི་མ་ལ་གནས་པའི་ཡིག་འབྲུ་ལྔ་པོས་ལས་སུ་ཞེས་པ་ཡབ་ཀྱི་རང་བཞིན་ལ་འཁྲིལ་བ་ནི་བྱེད་པ་ལས་ཀྱི་ཕྱག་རྒྱའོ། །ཡུམ་གྱི་དབུ་ཡབ་ལ་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས་བལྟ་བའོ། །དེ་ལྟར་ཡུམ་གྱི་སྐུ་ལྷག་གིས་གསལ་བ་ནི་སྒོམ་པ་ཕྱག་རྒྱ་ཆེན་པོའོ། །ཡབ་ཡུམ་དེ་གཉིས་ཀྱིས་ལྷ་ཚོགས་ཐམས་ཅད་ལ་འགྲེ་བར་ཤེས་པར་བྱའོ། །ༀ་མ་གཏོགས་པའི་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན་པ་ནི་བཅངས་པ་དམ་ཚིག་གི་ཕྱག་རྒྱ། གསུང་ཡིག་འབྲུ་ༀ་བསྒྲེང་རྩེ་མོ་ཐུགས་ཕྱག་མཚན་འཁོར་ལོ་འོད་འབར་བ་གསལ་བ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ། ཟླ་བ་བཏུལ་ཞིང་ཡུམ་གྱི་འབྲུ་ལྔ་སྦས་ནས་དྲིལ་བུ་བསིལ་ཞིང་ཡུམ་ལ་འཁྲིལ་བ་ནི་བྱེད་པ་ལས་རྒྱ། འཁྲིལ་བའི་ཚུལ་གྱིས་ཆོས་ལ་ཞལ་བསྟན་པ་ནི་སྐུར་སྒོམ་པ་ཕྱག་རྒྱ་ཆེན་པོའོ། །མུཾ་མཾ་པྱཾ་ཏཾ་སྟེ་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན་པ་བཅངས་པ་དམ་ཚིག་གི་ཕྱག་རྒྱ། ལཾ་བསྒྲེང་རྩེ་མོ་དྲིལ་བསིལ་འབར་བ་གསལ་བ་བསམ་པ་ཆོས་རྒྱ། ཉི་མ་ཡི་དཔའ་བོ་འབྲུ་ལྔ་ལས་སུ་འཁྲིལ་བ་ནི་བྱེད་པ་ལས་ཀྱི་ཕྱག་རྒྱ། བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ་བ་སྐུ་ཕྱག་རྒྱ་ཆེན་པོའོ། །ༀ་ཧཱུཾ་ཨ་ཧ་སྟེ་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན་པ་བཅངས་པ་དམ་ཚིག །སྭ་བསྒྲེང་རྩེ་མོ་འོད་འབར་བ་ཡི་རིན་པོ་ཆེ་སྒོམ་པ་བསམ་པ་ཆོས་རྒྱ། ཟླ་བཏུལ་འབྲུ་ལྔ་སྦས་ནས་དྲིལ་བུ་བསིལ་ཞིང་ཡུམ་ལ་འཁྲིལ་བ་བྱེད་པ་ལས་རྒྱ། འཁྲིལ་བའི་ཚུལ་གྱིས་ཞལ་ཆོས་ལ་བསྟན་པ་སྐུ་ཕྱག་རྒྱ་ཆེན་པོའོ། །མུཾ་ལཾ་པྱཾ་ཏཾ་སྟེ་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན་པ་བཅངས་པ་དམ་ཚིག །མཾ་བསྒྲེང་རྩེ་མོ་ལ་དྲིལ་བསིལ་འབར་བ་བསམ་པ་ཆོས་རྒྱ། ཉི་མ་ཡི་དཔའ་བོ་འབྲུ་ལྔ་ལས་སུ་འཁྲིལ་བ་བྱེད་པ་ལས་རྒྱ། བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ་བ་སྐུ་ཕྱག་རྒྱ་ཆེན་པོའོ། །ༀ་ཧཱུཾ་སྭ་ཧ་སྟེ་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན་པ་བཅངས་པ་དམ་ཚིག ། ཨཾ་བསྒྲེང་རྩེ་མོ་པད་མ་འབར་བ་བསམ་པ་ཆོས་རྒྱ། ཟླ་བ་བཏུལ་བས་དཔའ་མོ་འབྲུ་ལྔ་སྦས་ནས་དྲིལ་བུ་བསིལ་ཞིང་འཁྲིལ་བ་བྱེད་པ་ལས་རྒྱ། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན་པ་སྐུ་ཕྱག་རྒྱ་ཆེན་པོའོ། །དཔའ་མོ་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན་པ་བཅིང་བ་དམ་ཚིག །པྱཾ་བསྒྲེང་རྩེ་མོ་དྲིལ་བསིལ་འབར་བ་བསམ་པ་ཆོས་རྒྱ། ཉི་མ་དཔའ་བོ་འབྲུ་ལྔ་ལས་སུ་འཁྲིལ་བ་བྱེད་པ་ལས་རྒྱ། བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ་བ་སྐུ་ཕྱག་རྒྱ་ཆེན་པོའོ། །ༀ་ཨ་ཧཱུཾ་སྭ་སྟེ་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན་པ་བཅངས་པ་དམ་ཚིག །ཧ་བསྒྲེང་རྩེ་མོ་རལ་གྲི་འབར་བ་བསམ་པ་ཆོས་རྒྱ། ཟླ་བཏུལ་དཔའ་མོ་འབྲུ་བཞི་སྦས་ནས་དྲིལ་བུ་བསིལ་ཞིང་ཆོས་ལ་འཁྲིལ་བ་བྱེད་པ་ལས་རྒྱ། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན་པ་སྐུ་ཕྱག་རྒྱ་ཆེན་པོའོ། །མུཾ་ལཾ་པྱཾ་མཾ་སྟེ་འབྲུ་བཞི་སྦས་ནས་ཐུགས་ཀར་བཀན་པ་བཅངས་པ་དམ་ཚིག །ཏཾ་བསྒྲེང་རྩེ་མོ་དྲིལ་བསིལ་འབར་བ་བསམ་པ་ཆོས་རྒྱ། ཉི་མ་དཔའ་བོ་འབྲུ་ལྔ་ལས་སུ་འཁྲིལ་བ་བྱེད་པ་ལས་རྒྱ། བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ་བ་སྐུ་ཕྱག་རྒྱ་ཆེན་པོའོ། །གཉིས་པ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ལ་གཉིས་ཏེ། ལྷག་པའི་ཏིང་ངེ་འཛིན་དངོས་དང་། འབྱུང་ཚུལ་ལོ། །དང་པོ་ནི། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཤིང་། །མཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་རོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །མཛེས་པའི་རྒྱན་རྣམས་སྣ་ཚོགས་དང་། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཞེས་པ་སྟེ། སྤྱིར་ན་མཆོད་པ་ལ་གཉིས་ཏེ་དངོས་སུ་འབྱོར་པ་དང་སེམས་ཀྱིས་དམིགས་པའོ། །དེ་ལས་འདིར་ནི་སེམས་ཀྱིས་དམིགས་པའོ། །ནང་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི་ཏིང་ངེ་འཛིན་གྱི་མཆོད་པ་ཟེར་རོ། །རང་རིག་པ་བྱང་ཆུབ་ཀྱི་སེམས་ནི་ཇི་ལྟར་དམིགས་པ་བཞིན་དུ་འགྲུབ་པར་འགྱུར་བ་ཉིད་ཀྱི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བས་མཆོད་པ་མང་ཉུང་གི་ཚད་སྤྲིན་ཚོགས་ཀྱི་ཕུང་པོ་ཙམ་སྤྲུལ་ནས་འབུལ་ལོ། །དེ་ཡང་ཏིང་ངེ་འཛིན་གྱིས་ཇི་ལྟར་སྤྲུལ་ཞེ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རྒྱན་བཀོད་པ་མནན་ན་ནེམ་སྙམ་བྱེད་པ་བཏེག་ན་འཕར་བ་སྙམ་བྱེད་པར་སྤྲུལ་ལོ། །ཞིང་ཁམས་དེའི་མཚན་ཉིད་ཅི་ལྟ་བུ་ཞེ་ན་མཉེན་ལ་འཇམ་པ་དང་རེག་ན་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པར་བྱེད་པ་ཡི་རང་བཞིན་ཅན་ནོ། །དེའི་གཞི་གང་ཞེ་ན་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རང་བཞིན་ལས་གྲུབ་པའི་ས་གཞི་བརྟན་ཅིང་འདོད་པ་འབྱུང་བ་དང་དྭངས་ཤིང་མཛེས་པར་སྣང་བའོ། །ཞིང་ཁམས་དེའི་རྒྱན་ནི་ཅི་ཞེ་ན་བར་བར་དུ་ཤིན་ཏུ་མཛེས་པར་སྣང་བའི་མིག་མང་རིས་སུ་བྲེས་ཤིང་། དེའི་མིག་ཏུ་གསེར་གྱི་སོར་གདུབ་ལ་གཡུ་ཡི་ཕྲ་བཅུག་པ་ལྟར་རིན་པོ་ཆེའི་ཟ་ར་ཚགས་དང་སྣ་འཕྱང་དང་ཆུན་འཕྱང་གི་ལྡ་ལྡི་རིས་སུ་སྤྲས་པ་དང་དེ་ལྟ་བུ་ཡང་དཀྱིལ་འཁོར་གྱི་ལྷ་ལ་འབུལ་ལོ། །འཇིག་རྟེན་གྱི་རི་ཐམས་ཅད་ཏྲཾ་ལས་འདོད་པའི་ཡོན་ཏན་ཀུན་འབྱུང་བའི་རིན་པོ་ཆེའི་ཕུང་པོ་ཁ་དོག་མཛེས་པ་འོད་འཕྲོ་ཞིང་འོད་ཟེར་འབར་བར་དམིགས་ལ་དབུལ་ལོ། །འཇིག་རྟེན་གྱི་ཁམས་ཀྱི་དབྱིབས་ལེགས་ཤིང་ཡིད་དུ་འོང་བའི་རྫིང་བུ་དང་འབབ་ཆུ་དང་ལྟེང་ཀ་དང་ཆུ་ཀླུང་ཆེན་པོ་ཐམས་ཅད་བདུད་རྩི་རོ་མཆོག་བརྒྱད་དང་ལྡན་པ་དབྱིབས་ལེགས་པ་བསིལ་ལ་འཇམ་པའི་བདུད་རྩིའི་ཆུ་རྒྱུན་དུ་དམིགས་ལ་འབུལ་ལོ། །འཇིག་རྟེན་གྱི་ཁམས་ན་སྦྲ་དང་གུར་དང་ཁང་པ་ལ་སོགས་པ་ཐམས་ཅད་རྣམས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་རྒྱན་གྱི་རིགས་སྣ་ཚོགས་ཀྱིས་བརྒྱན་པ་དང་ཕྱི་ནང་མེད་པ་དཔེར་ན་ཤེལ་གྱི་ཕོར་པ་ལྟ་བུར་གསལ་བ་ཟང་ཐལ་བར་དམིགས་ལ་དབུལ་ལོ། །འཇིག་རྟེན་གྱི་ཁམས་ན་རྩི་ཤིང་ཇི་སྙེད་ཡོད་པ་རྣམས་དགོས་འདོད་ཐམས་ཅད་འབྱུང་བའི་རྒྱན་དང་ལྡན་པའི་དཔག་བསམ་གྱི་ཤིང་ལྗོན་པའི་ཚལ་དུ་དམིགས་ལ་འབུལ་ལོ། །འཇིག་རྟེན་གྱི་ཁམས་ན་གླུ་ལེན་པ་དང་དབྱངས་དང་ཚིགས་སུ་བཅད་པའི་སྒྲ་ཇི་སྙེད་ཡོད་པ་ཐམས་ཅད་བདེ་བར་གཤེགས་པ་ལ་ཚིགས་སུ་བཅད་པའི་བསྟོད་པ་བྱེད་པར་བསམ་ལ་དབུལ་ལོ། །འཇིག་རྟེན་ཁམས་ཀྱི་གོས་ཀྱི་རྣམ་པ་ཇི་སྙེད་ཡོད་པ་ཐམས་ཅད་ནི་བདེ་བར་གཤེགས་པ་ལ་བླ་རེ་དང་རྒྱལ་མཚན་དང་ན་བཟའ་དང་གདུགས་དང་བ་དན་ལ་སོགས་པར་བསམ་ལ་དབུལ་བར་བྱའོ། །འཇིག་རྟེན་གྱི་ཁམས་ན་ནོར་བུ་དང་ཕྱག་གདུབ་དང་ཞབས་གདུབ་དང་རྒྱན་ཇི་སྙེད་ཡོད་པ་ཐམས་ཅད་བདེ་བར་གཤེགས་པ་ལ་དབུ་རྒྱན་དང་ཕྱག་གདུབ་དང་ཞབས་གདུབ་དང་མགུལ་ཆུ་དང་དོ་ཤལ་དང་དཔུང་རྒྱན་དང་སེ་མོ་དོ་དང་མཛེས་པའི་རྒྱན་རྣམ་པ་སྣ་ཚོགས་པར་བསམ་ལ་དབུལ་ལོ། །འཇིག་རྟེན་གྱི་ཁམས་ན་གོས་ཡོད་པ་རྣམས་ནི་བདེ་བར་གཤེགས་པ་ལ་སྐུའི་སྟོད་གཡོགས་དང་གསུང་གི་སྨད་དཀྲིས་དང་ཐུགས་ཀྱི་ཟིལ་ལྡིར་ཡོན་ཏན་གྱི་ཆོས་གོས་དང་མཛད་པ་ལས་ཀྱི་ཕུ་དུང་དང་མགུལ་ཆུ་ཟེའུ་འཕྲོག་དང་སྐེད་ཆིངས་ནོར་བུའི་རྩར་འཕྱང་ལ་སོགས་པར་འབུལ་ལོ། །འཇིག་རྟེན་གྱི་ཁམས་ན་བཟའ་བ་དང་བཅའ་བ་དང་བཏུང་བ་དང་ལྡག་པ་དང་མུར་བའི་ལོངས་སྤྱོད་ཇི་སྙེད་ཡོད་པ་ཐམས་ཅད་ནི་རོ་མཆོག་བརྒྱད་དང་ལྡན་པའི་བདུད་རྩིར་བསམ་ལ་བདེ་བར་གཤེགས་པ་རྣམས་ལ་དབུལ་བ་དང་། འཇིག་རྟེན་གྱི་ཁམས་ན་སྐྱེས་པ་དང་བུད་མེད་དང་བུ་དང་བུ་མོ་ཇི་སྙེད་ཡོད་པ་ཐམས་ཅད་རང་རང་ལ་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པ་ཡི་ལྷ་དང་ལྷ་མོ་གྲངས་བསམ་གྱིས་མི་ཁྱབ་པ་ནམ་མཁའི་རྡུལ་ཕྲ་མོ་སྙེད་ཀྱི་གྲངས་དང་མཉམ་པ་དེ་དག་ཐམས་ཅད་ཀྱང་རྐང་པས་སྟབས་མཛེས་པའི་བྲོ་བརྡུང་བ་དང་། ལག་པས་ཕྱག་རྒྱ་མཛེས་པའི་གར་བྱེད་པ་ལ་སོགས་པ་བསམ་ཡས་གྲངས་མེད་པའི་ཚོགས་ཀྱིས་མཆོད་པར་བསམ་མོ། །དེ་ལྟར་གོང་དུ་བསྟན་པ་དེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཆོད་པ་དེས་ཕྱོགས་བཅུ་ནམ་མཁའི་ཁམས་ཐམས་ཅད་གང་བར་དམིགས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ཀུན་ལ་རེ་རེ་ཞིང་ཡང་རྒྱས་པར་འབུལ་བར་བྱའོ། །གཉིས་པ་ནི། སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཆར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཞེས་པ་སྟེ། དབུལ་བའི་ཐབས་ནི་མ་ཧཱ་ཡོ་གའི་སྒོར་ཞུགས་པའི་རྣལ་འབྱོར་པ་དེ་ནི་སངས་རྒྱ་བའི་སྐལ་བ་དང་ལྡན་པ་སྟེ་དེ་ལ་ཏིང་ངེ་འཛིན་མི་གསལ་བ་དང་གསལ་བའི་ཁྱད་པར་གྱིས་མཆོད་པ་ཡང་རིམས་ཀྱིས་སམ་ཡང་ན་ཅིག་ཆར་དུ་འབུལ་ཏེ། དེ་ཡང་རྣལ་འབྱོར་པ་བློ་ཆེ་ན་ཅིག་ཆར་དུ་དུས་གཅིག་ལ་འབུལ་ལོ། །བློ་ཆུང་ན་རིམས་ཀྱིས་དབུལ་བ་དང་བློ་ཤིན་ཏུ་ཆུང་ན་རིམས་པའི་མོས་པས་དབུལ་བར་བྱའོ། །ནམ་མཁས་གར་ཁྱབ་པར་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པ་དང་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པར་བདེ་བར་གཤེགས་པས་ཁྱབ་པས་ན་མཆོད་པ་དང་བདེ་བར་གཤེགས་པ་མཉམ་པར་སྦྱོར་ཞིང་དབུལ་ལོ། །དེ་ནི་རྩོལ་བ་དང་བཅས་པའི་མཆོད་པ་མིན་ཏེ་ཏིང་ངེ་འཛིན་གྱིས་འབུལ་བས་ན་མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམས་པའོ། །གསུམ་པ་སྒྲོལ་མཆོད་ནི། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་པ་སྟེ། སྤྱིར་སྒྲོལ་བའི་མཆོད་པ་ལ་ལྔ་སྟེ། རང་བཞིན་གྱིས་སྒྲོལ་བ་དང་། ཏིང་ངེ་འཛིན་གྱིས་དང་། དབང་པོ་ཡུལ་གྱི་དང་། ཐབས་ཆེན་པོའི་དང་། མངོན་དུ་ཕྱུང་བའི་དང་ལྔ་ལས་འདིར་རང་བཞིན་གྱི་སྒྲོལ་བའོ། །དང་པོ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་དོན་དམ་པར་མ་སྐྱེས་པ་ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའོ། །དེ་བས་ན་མཆོག་གི་མཆོད་པ་ནི་མཆོད་པ་ཐམས་ཅད་ཀྱི་ཐོག་མར་འགྲོ་བའོ། །རང་རིག་པ་ཉིད་རྟོགས་ནས་མ་རིག་པའི་མུན་པ་རྣམས་མཆོད་པར་འབུལ་བའོ། །དོན་གྱི་ངོ་བོ་ལ་སྒྲོལ་བར་མ་གྱུར་པའམ་མཆོད་པར་མ་གྱུར་པ་གང་ཡང་མེད་པའོ། །ཐོག་མ་ནི་བདག་དང་གཞན་གཉིས་ལས་ཐོག་མར་བདག་བསྒྲལ་ལོ། །བདག་ཉིད་ནི་རང་ལུས་སོ། །རྟོགས་པ་ནི་དབང་པོ་ཡུལ་གྱི་སྒྲོལ་བ་སྟེ་ཡུམ་དུ་སྣང་བ་ཐམས་ཅད་ཡུམ་གྱི་དཀྱིལ་འཁོར་ཤེས་པ་འཇུག་པ་ཐམས་ཅད་ཡབ་ཀྱི་ད་ལར་བསམ་མོ། །སྒོམ་པ་ནི་རང་ལུས་སྐྱེ་བ་མེད་པར་སྒོམ། མ་རིག་པ་དང་ལོག་ལྟ་དང་བདག་འཛིན་ལ་སོགས་པ་ཕྱིན་ཅི་ལོག་གི་སྣང་བ་གང་ཡིན་པ་ཐམས་ཅད་མཆོད་པར་འབུལ་ལོ་ཞེས་དེས་རྟོགས་པས་བདག་བསྒྲལ་བ་བསྟན་ནས་ཐུགས་རྗེས་གཞན་བསྒྲལ་བ་ནི་དེ་ལྟར་རྟོགས་པས་བདག་བསྒྲལ་བ་དེ་ནས་བདག་རྣལ་འབྱོར་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་དང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་རྟོགས་པའི་བློ་དང་ལྡན་པའི་གང་ཟག་དེ་ཡིས་ནི་གཉིས་སུ་མེད་པའི་དོན་ལ་གཉིས་སུ་འཛིན་པའི་བློ་ངན་གྱི་སེམས་ཅན་འཇིག་རྟེན་ན་གནས་པ་དེ་དག་ཐམས་ཅད་སྙིང་རེ་རྗེ་ཞེས་སྙིང་རྗེས་འདུ་ཤེས་ཀྱིས་བདག་ཉིད་སྒྲོལ་བའི་ལྷ་ཊ་ཀི་ར་ཙར་གསལ་བ་དང་གྲི་འཇམ་དཔལ་ཡེ་ཤེས་སེམས་དཔར་གསལ་བ་དང་བསྒྲལ་བྱའི་སེམས་ཅན་དེ་དག་ཐམས་ཅད་རུ་ཏྲར་གསལ་བར་བྱས་ལ་བདག་ཏུ་རྟོག་པ་རྩད་ནས་བཅད་ནས་སེམས་འོག་མིན་དུ་བསྒྲལ་བ་དང་ཕུང་པོ་འདོད་ཡོན་གྱི་ལྷ་མོར་བྱས་ལ་དཀྱིལ་འཁོར་གྱི་ལྷ་ལ་འབུལ་བར་བྱའོ། །དེ་བས་ན་བདག་དང་གཞན་གཉིས་སུ་མེད་པར་བསྒྲལ་བར་བྱའོ། །བཞི་པ་སྦྱོར་མཆོད་ནི། གསལ་ལྡན་མའམ་བྱིན་བརླབས་ལ། །ཐབས་དང་ཤེས་རབ་གཉིས་མེད་པའི། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱ། །ཞེས་པ་སྟེ་སྦྱོར་བའི་མཆོད་པ་ལ་ལྔ་ལས་འདིར་མངོན་དུ་ཕྱུང་བའི་སྦྱོར་བའི་མཆོད་པ་སྟེ། དེ་ཡང་ཡུམ་དེ་རང་གིས་ཏིང་ངེ་འཛིན་སྒོམ་ཤེས་ན་གསལ་ལྡན་མ་ཞེས་བྱ་སྟེ་རྣལ་འབྱོར་པས་བྱིན་གྱིས་བརླབས་མི་དགོས་པ་དེའམ་ཏིང་ངེ་འཛིན་བསྒོམ་མི་ཤེས་ན་རྣལ་འབྱོར་པས་བྱིན་གྱིས་བརླབས་ལ་བྱའོ། །ཐབས་ཡབ་རྡོ་རྗེ་སེམས་དཔར་བསྒོམ། མཁའ་རྡོ་རྗེ་རྩེ་ལྔ་པར་བསྒོམ། རྩ་བར་ༀ་སྐེད་པ་ཧཱུཾ་རྩེ་མོར་ཕཊ་བསམ་པ་དང་ཤེས་རབ་ཡུམ་དབྱིངས་ཕྱུག་མར་བསྐྱེད། མཁའ་པདྨ་འདབ་བརྒྱད་དུ་བསམ། དཀྱིལ་དུ་ཧཱུཾ་དགོད་པར་བྱ། ཡབ་ཡུམ་གཉིས་སུ་མེད་པའི་སྦྱོར་བ་བྱེད་པ་ནི་ཡུམ་གྱིས་ས་མ་ཡ་ཧོ་ས་མ་ཡ་སྟྭཾ། ས་མ་ཡ་ཧཱུཾ་ཞེས་བརྡས་བསྐུལ། ཡབ་ཀྱིས་ར་ག་ཡ་ཧོ་ཞེས་ལན་བྱིན་ནོ། །ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་འཁྲིལ་བའི་མཆོད་པ་མཛད་ནས་རིག་པ་ནང་དུ་བཟུང་བས་དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་པའི་དགའ་བ་དང་དགའ་བྲལ་གྱི་དགའ་བ་ཆེན་པོས་རང་ལུས་བདེ་བས་རྒྱས་པར་བྱ། དེ་ནས་བྱང་སེམས་ཕྱིར་བྱུང་བ་དང་ལྷག་པ་བྱང་ཆུབ་སེམས་ཕར་ལ་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་ཕུལ་བ་སྟེ། དེ་ལྟ་བུའི་མཆོད་པ་དེ་གང་ལས་བྱུང་ན་ཡབ་ཡུམ་དགོངས་པ་ཐམས་ཅད་ཚང་བའི་དབང་པོ་མཉམ་པར་སྦྱོར་བ་ལས་བྱུང་བས་ན་སྦྱོར་བའི་མཆོད་པ་ཞེས་གསུངས་ལ། དེ་ནས་བྱང་ཆུབ་ཀྱི་སེམས་ཚུར་བདག་ཉིད་ཡུམ་ལ་ཐིམ་པས་རང་གི་རྟོག་ཚོགས་ཉིད་དཀྱིལ་འཁོར་དུ་གསལ་བ་ཡང་བདེ་བ་ཆེན་པོས་མཉེས་པས་དེ་དག་རྣམས་ལ་ཡང་མཉེས་པར་བྱ་བའི་མཆོད་པ་ཕུལ་བ་ཡིན་ནོ། །ལྔ་པ་བདུད་རྩིའི་མཆོད་པ་ནི། མཉམ་པའི་སྒྲུབ་རྫས་ཆེན་པོ་དག ། བདག་དང་མཉམ་པའི་ཚོགས་ལ་འབུལ། །ཞེས་པས་བསྟན་ཏེ། རྫས་ཀྱི་མཆོད་པ་ནི་གསུམ་སྟེ་ངོ་བོ་དང་། གྲུབ་པ་བཞིས་བརྒྱན་པ་དང་། དབུལ་ཐབས་སོ། །ངོ་བོ་དྲི་ཆེན་དྲི་ཆུ་མཾ་ས་རཀྟ་ལྷག་པའི་བྱང་སེམས་དང་ལྔའོ། །གྲུབ་པ་བཞིས་བརྒྱན་པ་ནི་ཆོས་ཉིད་རང་བཞིན་གྱིས་གྲུབ་པ་དང་། ཆོས་ཅན་ངོ་བོས་གྲུབ་པ་དང་། མཐུ་ཅན་ལས་ཀྱི་གྲུབ་པ་དང་། བྱིན་བརླབས་ནུས་པས་གྲུབ་པའི་རྫས་སོ། །དེ་ལྟ་བུའི་གྲུབ་རྫས་ཆེན་པོ་ནི་རང་བཞིན་གྱིས་མཉམ། ལས་ཀྱིས་མཉམ་པའི་ཕྱིར་ན་མཉམ་པའི་སྒྲུབ་རྫས་ཏེ། རྫས་དེ་ཉིད་སངས་རྒྱས་རིགས་ལྔ་དང་དབྱེར་མེད་པར་ལུས་ལ་ཁམས་བདུད་རྩིར་གནས་པས་ན་ཆེན་པོའོ། །དབུལ་བའི་ཐབས་ནི་དེ་ལྟ་བུའི་བླ་ན་མེད་པའི་དམ་རྫས་དག་པའི་མཆོད་པ་དེ་བདག་དམ་ཚིག་སེམས་དཔའ་དང་ལྷ་ཡེ་ཤེས་སེམས་དཔའ་མཉམ་ཞིང་དབྱེར་མེད་པའི་ཚོགས་ལ་འབུལ་བར་བྱའོ། །དྲུག་པ་ཚོགས་མཆོད་ནི། བཟའ་དང་བཅའ་དང་བཏུང་དང་བགོ། ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ཀུན། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཞེས་པ་སྟེ་བཟའ་བ་ཟས་ཀྱི་རྣམ་པ་དང་བཅའ་བ་རུས་པའི་རྣམ་པ་དང་བཏུང་བ་ཆང་གི་རྣམ་པ་དང་བགོ་བ་གོས་ཀྱི་རྣམ་པ་རྣམས་ནི་ལོངས་སྤྱོད་རྫས་ཀྱི་མཆོད་པ་ཆེན་པོར་འབུལ་ལོ། །མིག་གཟུགས་ཀྱི་ལོངས་སྤྱོད་དང་། རྣ་བ་སྒྲའི་སྣ་དྲིའི་ལྕེ་རོ་འདུས་རེག་བྱའི་ལོངས་སྤྱོད་དང་ལྔ་ནི་རང་ལ་གང་ཡོད་ལྡན་ན་དངོས་སུ་དབུལ། མ་ལྡན་ན་ཏིང་ངེ་འཛིན་གྱིས་སྤྲུལ་ལ་དབུལ་ཏེ་ལོངས་སྤྱོད་ལྔ་པོ་ཐམས་ཅད་ཀུན་དབུལ་ལོ། །དབུལ་ཐབས་ནི་ཡེ་ཤེས་ལྷའི་དཀྱིལ་འཁོར་དབུལ་བྱ་ལ་དབུལ་བྱེད་ནི་བདག་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོའི་དཀྱིལ་འཁོར་རམ་འདོད་ཡོན་གྱི་ལྷ་མོ་མང་པོ་སྤྲོས་ནས་ཐིམ་པའོ། །དེ་ལ་ནི་ཡེ་ཤེས་ལ་ཡེ་ཤེས་རོལ་ཞེས་བྱ་ཆོས་ཉིད་ལ་ཆོས་ཉིད་ཐིམ་ཞེས་བྱ་ལྷ་ལ་ལྷ་རོལ་ཞེས་བྱའོ་ཨ་ཨི་ཨུ་ལི་སྔགས་ཀྱི་དབུལ་ལོ། །བདུན་པ་བསྟོད་པ་ལ་དྲུག་སྟེ་སྐུ་ལ་བསྟོད་པ་དང་། གསུང་ལ་དང་། ཐུགས་ལ་དང་། ཡོན་ཏན་ལ་དང་། ཕྲིན་ལས་ལ་དང་། སྤྱིར་བསྡུས་ཏེ་བསྟོད་པའོ། །དང་པོ་ནི། ༀ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས། ། ཧོ། ཞེས་གསུངས། སྐུ་ལྔ་མངོན་པ་ཉིད་ཀྱི་ཕྱིར་ཡི་གེ་ༀ་གྱིས་འགོ་དྲངས་པའོ། །ཕྱོགས་བཅུ་དུས་བཞི་རྒྱུ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་དང་དུས་ཀུན་ཏུ་ཐུགས་དམ་གྱི་དབང་གིས་འགྲོ་བའི་དོན་རྫོགས་པར་མཛད་པ་ནི་རྒྱལ་བ་ཡབ་ཡུམ་ལྔ་ཡང་སྐུ་ལྔར་འདུས་རང་བྱུང་ཡེ་ཤེས་ཉིད་རང་བྱུང་ལ་མ་འགགས་པར་གསལ་བ་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །ཡེ་ཤེས་ལྔ་མི་རྟོག་པའི་ཡེ་ཤེས་སུ་གསལ་བ་ནི་དཀྱིལ་འཁོར་དེ་ཉིད་ཁྱབ་བརྡལ་ཆེན་པོར་གནས་པ་ནི་ཐིག་ལེ་ཆེའོ། །དེ་ཡང་ཆོས་ཉིད་ཀྱི་སྐུ་ནི་སྤྲོས་པའི་མཚན་མ་ཐམས་ཅད་བྲལ་བའི་ཆོས་ཉིད་ཡིན་ཏེ་དེ་ལྟར་སྣང་བའོ། །གང་ཡང་མ་སྤངས་པར་ཟག་པ་མེད་པའི་བསོད་ནམས་རང་སྣང་བ་ནི་དཀྱིལ་འཁོར་ལྟ་བུ་སྟེ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ལས་ངེས་པར་འབྱུང་བ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་དུ་བསྟན་པའོ། །རྒྱུ་བསོད་ནམས་ཀྱི་ཚོགས་བར་ཆད་མེད་པ་ལས་འབྲས་བུ་ངེས་པར་འབྱུང་བ་ནི་ལོངས་སྐུ་དེ་དག་ལས་འཁོར་སྤྲུལ་སྐུ་ཡི་ཚོགས་འགྲོ་བ་རིགས་དྲུག་གི་དོན་སྤྲུལ་སྐུ་མང་པོས་མཛད་དོ། །སྣང་བ་རྟགས་སྟོང་པ་དོན་དེ་གཉིས་སུ་མེད་པས་ཐིག་ལེ་ཀུན་ཏུ་རྫོགས་པས་གཉིས་སུ་མེད་པ་བྲག་ཆ་ལྟ་བུའོ། །དེ་སྐུ་གསུང་ཐུགས་དབྱེར་མེད་པ་རང་གི་ངོ་བོ་མཉམ་པ་ཉིད་འཇིགས་པ་ཐམས་ཅད་དང་བྲལ་བར་རང་བཞིན་གྱིས་གྲུབ་པ་ནི་རྡོ་རྗེའི་སྐུའོ། །དེ་ལྟར་སྐུ་ལྔ་ལ་དགྱེས་པས་ཧོ་ཞེས་པའོ། །གཉིས་པ་ནི། ༀ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ། །ཞེས་པ་སྟེ་གསུང་ལྔ་མངོན་པ་ཉིད་ཡི་གེ་ༀ་དེའི་ཕྱིར་མགོ་དྲངས་པའོ། །རྡོ་རྗེ་བསོད་ནམས་ཀྱི་ངོ་བོ་སྒྲ་མ་སྤངས་པའི་ཕྱིར་ན་བརྡས་སྟོན་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཕྱག་རྒྱ་དང་ཞབས་དང་སྤྱན་དང་ལྗགས་ཀྱི་བརྡས་བྱང་ཆུབ་སེམས་དཔའི་འཁོར་ལ་བརྡ་གོ་བ་སྤྲོད་པ་དང་སྒྲིབ་པ་སེལ་བས་ན་རྡོ་རྗེ་འབྲས་བུ་ཡེ་ཤེས་ཀྱི་བསོད་ནམས་ལས་གྲུབ་པས་ན་ལོངས་སྐུ་དགོངས་པ་བརྡའ་གསུང་ངོ་། །སྤྲོས་པ་མེད་པའི་ཐིག་ལེ་བརྗོད་དུ་མེད་པས་དོན་གྱི་གསུང་ཆེ་བའམ་ཆེན་པོས་ཏེ་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་ངོ་། །རྡོ་རྗེ་ནི་སྟོང་པ་ཡེ་ཤེས་ནི་སྟོང་པའི་དོན་ཤེས་པ་དཀྱིལ་འཁོར་ནི་དོན་རྟོགས་པ་ལྡན་པ་ནི་སྟོང་པའི་དོན་ཡེ་ཤེས་སུ་ལྡན་པ་ཡེ་ཤེས་དཀྱིལ་འཁོར་དུ་ལྡན་པའོ། །དེ་ལྟ་བུ་དེས་མ་བརྗོད་པར་ཐམས་ཅད་གསལ་བར་བརྡ་སྤྲོད་པའི་ཕྱིར་ན་རིག་པའི་གསུང་ངོ་། །དེ་ནི་མངོན་པར་བྱང་ཆུབ་པའི་རིག་པ་སྒྱུ་མའི་གསུང་ངོ་། །རྡོ་རྗེ་སྟོང་པ་སྒྲ་ཆེན་ཚངས་པའི་མཐའ་ཡས་པ་སྣ་ཚོགས་སུ་སྣང་བ་སྟེ་སྤྲུལ་པའི་སྐུའི་ཚངས་པའི་གསུང་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀྱིས་གོ་བར་སྤྱོད་པ་དང་དེ་དག་གི་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་གཏན་ནས་འཇོམས་པར་བྱེད་དོ། །གཅིག་ལ་མང་པོར་གྲགས་པའི་ཕྱིར་ན་སྤྲུལ་སྐུ་སྣ་ཚོགས་ཚངས་པའི་གསུང་ངོ་། །རྡོ་རྗེ་ནི་གྲགས་སྟོང་དབྱེར་མེད་པ་དེ་ཉིད་ཀྱིས་ཐམས་ཅད་ལ་དབང་བསྒྱུར་བས་རྒྱལ་པོ་དང་། གྲགས་སྟོང་ནི་སོ་སོའི་སྤྱོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐིག་ལེ་ཆེའོ་ཚིག་མེད་པ་ཉིད་བརྗོད་པ་དང་འདྲ་བར་གསལ་བ་གསུང་གི་རང་བཞིན་པས་ན་རྡོ་རྗེའི་སྐུ་གྲགས་སྟོང་དབྱེར་མེད་ཀྱི་གསུང་ངོ་། །དེ་ལྟ་བུའི་དོན་ལ་དགྱེས་པས་ན་ཧོ་ཞེས་པའོ། །གསུམ་པ་ནི། ༀ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་འཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ། །ཞེས་གསུང་སྟེ། ཐུགས་ལྔ་མངོན་པ་ཉིད་ཡི་གེ་ༀ་དེའི་ཕྱིར་མགོ་དྲངས་པའོ། །སྐུ་ནི་ཆོས་སྐུ་ཟག་བྲལ་ཏེ་དེའི་ཐུགས་ནི་མཉམ་པ་ཆེན་པོ་ཡིན་ལ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །གསུང་ནི་མངོན་པར་བྱང་ཆུབ་པ་སྟེ་མི་གཡོ་བའི་ཐུགས་ཡིན་ལ་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཐུགས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་དེ་ཉིད་ཀྱི་ཐུགས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་མི་གཡོ་བའི་རང་བཞིན་མ་འགགས་པའི་ཐུགས་སོ། །དེ་གསུམ་དབྱེར་མེད་པས་ན་རྫོགས་པའོ་མཆོག་ཏུ་གྱུར་པས་ན་ཆེ་བའམ་ཆེན་པོར་གནས་པའོ། །ཡོན་ཏན་ནི་རྡོ་རྗེའི་ཐུགས་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །འཕྲིན་ལས་ནི་འགྲོ་བ་སྒྲོལ་བའི་ཐུགས་ཏེ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་རྣམས་གཅིག་ཏུ་གནས་པས་ན་ཀུན་ཏུ་རྫོགས་ཞེས་སོ། །ཡེ་ནས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཉེར་ལྔར་རྫོགས་པའོ། །རིགས་ལྔའི་ཐུགས་ནི་ཡེ་ཤེས་ལྔར་གནས་ཏེ་དེ་ཡང་དེ་རེ་རེ་ལ་ཡང་ཡེ་ཤེས་ལྔ་ལྔར་ལྷུན་གྱིས་གྲུབ་པར་གནས་པས་ན་ཡེ་ནས་ལྷུན་རྫོགས་ཞེས་བྱ། མ་བཙལ་བར་སྐུ་ལྔ་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པས་ན་རང་བཞིན་ཀུན་ཏུ་བཟང་པོ་ཞེས་དེ་ལ་བྱའོ། །སེམས་དཔའ་དང་སེམས་མ་ཐམས་ཅད་ཀྱང་རང་རང་གི་རིགས་ཀྱི་ཡེ་ཤེས་ལྔའི་རང་བཞིན་དུ་འདུས་པའི་ཕྱིར་ན་ཚོགས་ཆེན་ཞེས་བྱ་བའི་རྒྱལ་བ་ཉིད་དང་དབྱེར་མེད་པའི་ཕྱིར་ན་ཐིག་ལེ་ཆེ་བའམ་ཆེན་པོའོ། །དེ་ལྟ་བུ་ལ་དགྱེས་པས་ན་ཧོ་ཞེས་བྱ་བའོ། །བཞི་པ་ནི། ༀ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོ། །ཞེས་པ་སྟེ་ཡོན་ཏན་ལྔ་མཚོན་པའི་ཡི་གེ་ༀ་གྱིས་ཐོག་དྲངས་ནས་ཆོས་ཀྱི་དབྱིངས་དང་རང་རིག་པའི་ངོ་བོ་ཉིད་དམིགས་པ་ཉིད་རང་རིག་པའི་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་ཤར་བ་སྟེ་དེ་ཕྱི་ནང་མེད་པར་གསལ་བའི་ཕྱིར་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་ངོ་། །མི་དམིགས་པའི་རིག་པ་ཉིད་སྒྱུ་འཕྲུལ་སྣ་ཚོགས་སུ་སྣང་བས་སྣང་སྟོང་དབྱེར་མེད་མཉམ་པའི་དབྱིངས་ཕྱི་ནང་དང་རྒྱ་ཆེ་ཆུང་མེད་པའི་གཞལ་ཡས་ཁང་ངོ་། །ཆོས་ཀྱི་དབྱིངས་ནི་ཡེ་ནས་རང་གི་ངོ་བོས་སྣང་སྟོང་དབྱེར་མེད་པར་མཉམ་པས་ཏེ་དེས་ཐམས་ཅད་ལ་ཁྱབ་པ་ནི་ནམ་མཁའ་དང་མཉམ་པ་མུ་མཐའ་མེད་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ངོ་། །དེ་ལྟ་བུའི་གཞལ་ཡས་ཁང་དེ་ནི་དེ་བཞིན་གཤེགས་པའི་བཞུགས་གནས་སོ། །མཐའ་ཡས་ཀུན་ནས་ནི་སྐུའི་གནས་ཀྱི་བ་སྤུའི་བུ་ག་ནས་སོ། །སྣ་ཚོགས་འཕྲོ་ནི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་མ་ལུས་པ་སྦྱོང་བར་བྱེད་པའོ། །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པ་ཀུན་སྣང་བའི་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ཐམས་ཅད་ནི་ཡེ་ནས་མཆོད་པའི་ལྷ་མོ་ལྔར་ལྷུན་གྱིས་གྲུབ་ནས་མཆོད་པ་འབུལ་བ་དང་ལྷ་ལ་ལྷ་ཐིམ་ཞེས་བྱའོ། །དེ་ཡང་མཐའ་ཡས་པའི་འདོད་ཡོན་ཀུན་ལ་མྱོང་བ་མེད་པའི་ཚུལ་གྱིས་སྤྱོད་པས་ན་ལོངས་སྤྱོད་པའོ། །སྣ་ཚོགས་ཞེས་པ་ནི་སེང་གེ་ལ་སོགས་པ་འབྲས་བུའི་བྱང་ཆུབ་སེམས་དཔའ་རེ་རེ་ཡང་བརྒྱད་བརྒྱད་དུ་སྣང་ནས་རྒྱལ་བའི་གདན་ཁྲི་འདེགས་པ་དང་སྐུ་སྣང་ལ་རང་བཞིན་མེད་པའམ་གསལ་བ་ཉི་ཟླ་དང་གསུང་ཉེས་པའི་སྐྱོན་གྱིས་མ་གོས་པས་པདྨའི་གདན་དང་ཐུགས་རིག་པའི་ཡེ་ཤེས་ཆེན་པོ་རང་སྣང་བའི་རྟགས་སུ་དགོས་འདོད་ཀུན་འབྱུང་བ་རིན་པོ་ཆེའི་གདན་ཏེ་དེ་ལ་དགྱེས་པས་ཧོ་ཞེས་སོ། །ལྔ་པ་ནི། ༀ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོ། །ཞེས་པ་སྟེ་འཕྲིན་ལས་ལྔ་འཚོགས་པའི་ཕྱིར་ༀ་གྱིས་སྣ་དྲངས་ནས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནི་མང་ཉུང་གི་ཚད་རྡུལ་ཕྲ་རབ་སྙེད་དང་མཉམ་པས་ན་དེ་ཉིད་དུ་གནས་པའི་སེམས་ཅན་ཡང་རྡུལ་ཕྲ་རབ་དང་མཉམ་པ་དེ་རྣམས་ནི་དོན་བྱ་བའི་ཡུལ་ལོ། །དེ་ཡང་གདུལ་བྱའི་གནས་ཕྱོགས་བཅུའི་འཇིག་རྟེན་ཚད་རྡུལ་ཕྲ་རབ་དང་ངོ་བོ་དག་པ་དང་མ་དག་པའི་གདུལ་བྱའོ། །དེ་དག་ནི་ཉོན་མོངས་པ་ཞི་བར་བྱེད་པས་ན་ཞི་བའི་འཕྲིན་ལས་སོ། །དེ་དག་ཏུ་རྒྱལ་བའི་སྤྲུལ་པས་འགྲོ་བའི་དོན་བྱེད་པ་ཡང་རྡུལ་ཕྲ་རབ་དང་མཉམ་པའོ། །དེ་བས་ན་རྒྱལ་བའི་དོན་རྣམས་ནི་འདུལ་བྱེད་དོ། །རྡུལ་ཕྲན་སྙེད་ནི་འདུལ་ཐབས་སོ་དེ་རྣམས འ་གྲོ་དོན་དཔག་ཏུ་མེད་པ་མཛད་པས་ན་རྒྱས་པའི་ཕྲིན་ལས་ཡིན་ནོ། །འདུལ་བྱེད་ཀྱི་ཚད་ནི་བདེ་བར་གཤེགས་པའི་སྤྲུལ་པ་ཐུབ་པ་དྲུག་གིས་གྲངས་རྡུལ་ཕྲན་ཙམ་ལ་གདུལ་ཐབས་ཞི་ཁྲོ་སྣ་ཚོགས་སུ་སྣང་བས་བསམ་ཡས་པའོ། །དེ་རྣམས་ཀྱིས་འགྲོ་བ་རྣམས་དབང་དུ་བྱེད་པས་ན་དབང་གི་འཕྲིན་ལས་སོ། །དོན་གྲུབ་ཚུལ་ནི་སྐད་ཅིག་གམ་ཡུད་ཙམ་མམ་ཐང་ཅིག་ལ་དོན་བྱེད་པ་དེ་ནི་དྲག་པས་ན་དྲག་པོའོ། །བཏུལ་བའི་ཚད་ནི་མ་བཙལ་བར་ལྷུན་གྱིས་གྲུབ་པའི་འཕྲིན་ལས་སོ། །དེ་ཡང་དོན་མཛད་པས་དེ་མ་ཐག་པའི་འཕྲིན་ལས་ཀྱིས་ཇི་ལྟར་བཏུལ་བ་བཞིན་དུ་ལྷུན་གྱིས་གྲུབ་པར་བྱེད་པས་ན་དྲག་པོ་དང་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཏེ་དགྱེས་པས་ཧོ་ཞེས་སོ། །དྲུག་པ་ནི། ༀ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ། །ཞེས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཚོགས་པའི་ཡི་གེ་ༀ་གྱིས་མགོ་དྲངས་ནས་འཁོར་འདས་ཀྱི་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པར་སྐུ་གསུང་ཐུགས་སུ་གནས་ལ་སྐུ་གསུང་ཐུགས་ཀྱི་རོལ་པས་ཡོན་ཏན་འཕྲིན་ལས་སུ་རང་ཤར་ཏེ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔར་གནས་སོ། །དེ་ལྟར་སྐུ་གསུང་ཐུགས་ཀྱང་རིག་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་རང་ཤར་བ་ཡིན་ཏེ། དེ་དག་གི་ངོ་བོ་ནི་བདག་ཉིད་ཆེ་བའམ་བདག་ཉིད་ཆེན་པོ་དཔལ་ཀུན་ཏུ་བཟང་པོའོ། །སྐུ་གསུང་ཐུགས་ཀྱི་རང་བཞིན་བདག་ཉིད་ཆེན་པོ་དེ་ཉིད་ཀྱི་ཐམས་ཅད་ལ་ཁྱབ་པ་ལྟར་གནས་པ་ཉིད་ན་དེས་ཅི་མཛད་ཅེ་ན་འཁོར་འདས་ཀུན་ཏུ་ཁྱབ་པར་མཛད་པའོ། །སྐུ་གསུང་ཐུགས་ཀྱིས་ཀྱང་དངོས་པོ་ཐམས་ཅད་ལ་མ་ཁྱབ་པ་གང་ཡང་མེད་དོ་ཐམས་ཅད་ལ་ཁྱབ་ཅིང་བདག་ཉིད་ཆེན་པོར་སྦྱོར་བ་དེ་ཉིད་ཀྱི་ཕྱིར་སྤྲོས་པ་ཐམས་ཅད་བྲལ་བས་ན་ཐིག་ལེ་ཆེ་ཞེས་བྱ་བའོ། །དེ་ལྟ་བུའི་དོན་ལ་དགྱེས་པས་ན་ཧོ་ཞེས་གསུངས་སོ། །བརྒྱད་པ་བཟླས་པའི་མཆོད་པ་ནི། དེ་ཡི་བཟླས་པ་འཕྲུལ་ཆེན་ནི། །རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བར། །སྔགས་བཟླས་འཕྲོ་འདུ་བར་མི་བཅད། །འདྲེས་གསལ་བརྟན་པ་མཆོག་གིས་བྱ། །ཞེས་སོ། །དེ་ལ་བཟླས་པ་ལ་གསུམ་སྟེ། ཛབ་ཁང་བསྐྱེད་པ་དང་། ལྷ་དབྱེ་བ་དང་། བཟླས་པ་བྱའོ། །དང་པོ་ནི་མདུན་གྱི་བར་སྣང་ལ་བྷཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་སུརྱ་རཏྣ་པདྨ་མཎྜ་ལ་ཞེས་བརྗོད་པས་གཞལ་ཡས་ཁང་བསམ་མོ། །དེ་ནས་ལྷ་དབྱེ་བ་ནི་ཧཱུཾ་ཞེས་ལན་གསུམ་བརྗོད་པས་ཧཱུཾ་དང་པོས་སྣང་སྲིད་གསལ་བར་བྱས་ཧཱུཾ་གཉིས་པས་ཐམས་ཅད་བདག་ལ་བསྡུས་ཧཱུཾ་གསུམ་པས་བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་གཉིས་སུ་དབྱེ་སྟེ་བདག་དམ་ཚིག་པའི་ལྷའི་དཀྱིལ་འཁོར་གྱི་མདུན་ན་ལྷ་ཡེ་ཤེས་པའི་དཀྱིལ་འཁོར་གསལ་ཏེ་མར་མེ་གཅིག་ལས་གཉིས་སུ་དབྱེ་བ་ལྟར་བསམ་མོ། །བཟླས་པ་ལ་ལྔ་སྟེ། ངོ་བོ་དང་། བཟླས་ཐབས་དང་། སྤྲོ་བསྡུ་དང་། གྲངས་ཚད་དང་། སྐྱོན་སྤངས་པའོ། །ངོ་བོ་ནི་གཉིས་ཏེ་སྤྱི་བསྙེན་དང་སྒོས་བསྙེན་ནོ། །སྤྱི་བསྙེན་ནི་རིགས་ཐམས་ཅད་རྡོ་རྗེ་སེམས་པར་འདུས་པས་ཧཱུཾ་བཛྲ་དྷྲིཀ་མུཾ་དྷ་དུ་ཤྭ་རི་ཞེས་པའོ། །སྤྱིར་དྲིལ་བཞི་ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱ་ན་དྷ་དྷུ་ཨ་ཞེས་བཟླས་སོ། །སྒོས་བསྙེན་ནི་ལྷ་རང་རང་གི་སྔགས་ཐད་ཀར་བཟླས་སོ། །བཟླས་ཐབས་ལ་གསུམ་སྟེ་ཕྱི་ལུས་ལ་དམིགས་པའི་བཟླས་པ་དང་། ནང་རྩ་ལ་དམིགས་པའི་བཟླས་པ་དང་། གསང་བ་མཁའ་དབྱིངས་ལ་དམིགས་པའི་བཟླས་པའོ། །ཕྱི་ལྟར་བཟླས་པ་ནི་བདག་གི་ཐུགས་ཀ་ན་ཉི་ཟླ་པདྨའི་གདན། དེའི་སྟེང་ན་རྡོ་རྗེ་སེམས་དཔའ་ཚོན་གང་བ་གཡས་གསེར་གྱི་རྡོ་རྗེ་ནས་ཙམ་པ། གཡོན་གཡུ་ཡི་དྲིལ་བུ་ཁུ་འཕངས་ཙམ་འཛིན་པ་སྐུ་སྟོད་ལ་དར་དཀར་གསེར་གྱི་ངང་རིས་ཅན་གྱི་སྐུའི་སྟོད་གཡོགས་གསོལ་བ། སྐུ་སྨད་ལ་བ་ཏི་སྨུག་པོའི་གསུང་གི་སྨད་དཀྲིས་གསོལ་བ། དར་ཆེན་པ་དར་རིས་ཀྱིས་ཐུགས་ཀྱི་ཟིལ་དིར་གསོལ་བ། དུར་ཁ་ངང་མིག་རིས་ཀྱི་ཡོན་ཏན་གྱི་ཆོས་གོས་གསོལ་བ། ཆུ་དར་སྔོན་པོས་མཛད་པ་ལས་ཀྱི་ཕུ་དུང་བྱས་པ། རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་པས་སྤྲས་པ་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་བསམ་ལ་དེའི་ཐུགས་ཀར་ཉི་མ་དེའི་སྟེང་ན་རྡོ་རྗེ་ནས་ཙམ་པ་དེའི་ལྟེ་བ་ལ་ཧཱུཾ་མཐིང་ཀ་ཉུང་འབྲུ་ཙམ་པ་དེའི་མཐའ་མ་ན་ཕར་ལ་སྔགས་ཀྱིས་བསྐོར་བར་བསམ། མདུན་དུ་ཡང་དེ་ལྟར་བསམ་ལ་བཟླས་པའི་འོད་བདག་དང་མདུན་དཀྱིལ་གཉིས་ལ་སྤྲོ་བསྡུ་བྱའོ། །ནང་ལྟར་བཟླས་པ་ནི་བདག་གི་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན་རྩ་འདབ་མ་སུམ་ཅུ་རྩ་གཉིས། མགྲིན་པ་ལོངས་སྤྱོད་ན་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་ན་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་དྲུག་ཅུ་རྩ་བཞི་གསང་གནས་རླུང་གི་འཁོར་ལོ་གཞུ་ལྟ་བུ་དང་ལྔ་ལ་སྤྱི་བོར་རྣམ་སྣང་། མགྲིན་པར་སྣང་མཐའ། ཐུགས་ཀར་མི་བསྐྱོད། ལྟེ་བར་རིན་འབྱུང་། གསང་བར་དོན་གྲུབ་རྣམས་བསྒོམ། བདག་གི་ཐུགས་ཀར་ཡེ་ཤེས་པ་རེ་རེ། དེའི་ཐུགས་ཀར་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་ཕྱག་མཚན་དེའི་ལྟེ་བ་ལ་ཧཱུཾ་དང་ༀ་ལ་སོགས་པ་རང་རང་གི་སྔགས་ཀྱིས་བསྐོར་བའོ། །དེ་ལ་དམིགས་ནས་བཟླས་པས་འོད་ཟེར་བདག་ལས་ཆད་སྤྱི་བོར་ཕོག་བྱང་སེམས་ཞུ་མགྲིན་པར་བབས་དེ་ནས་སྙིང་ག་དེ་ནས་ལྟེ་བ་དེ་ནས་གསང་གནས་སུ་བྱུང་ཕྱིར་འཕྲོས་བདག་གི་སྤྱི་བོར་ཕོག་དེ་བཞིན་དུ་མགལ་མེ་བཞིན་དུ་བྱའོ། །གསང་བ་ལྟར་བཟླས་པ་ནི་བདག་གིས་བཟླས་པ་བྱས་པས་ཐུགས་ཀའི་སྔགས་སྲོག་རྩ་ནང་ནས་ཡར་ལ་སོང་སྤྱི་བོར་ཐིམ་སྒལ་ཚིགས་ཀྱི་རྟ་བརྒྱུད་རྡོ་རྗེའི་ལམ་དུ་བྱུང་ཡུམ་གྱི་མཁའ་ལ་འཕྲོས་མདུན་གྱི་ལྷའི་ཐུགས་ཀར་ཐིམ་པར་མོས་པ་བཟླས་པའོ། །སྤྲོ་བསྡུ་ནི་བསྙེན་པའི་དུས་སུ་འོད་དཀར་པོ་ཕར་ལ། ཉེ་བསྙེན་གྱི་དུས་སུ་འོད་ཟེར་སེར་པོ་ཕར་ལ་འཕྲོས་པས་འགྲོ་བའི་སྒྲིབ་པ་སྦྱོང་། བསྒྲུབ་པའི་དུས་སུ་འོད་དམར་པོ་ཕར་ལ་འཕྲོས་པས་སེམས་ཅན་གྱི་སྒྲིབ་པ་སྦྱོང་ཚུར་བསྡུས་ནས་དངོས་གྲུབ་སྡུད་དོ། །སྒྲུབ་པ་ཆེན་པོའི་དུས་སུ་འོད་ལྗང་གུ་ཕར་ལ་མི་སྤྲོ་བར་ཚུར་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་སྡུད་དོ། །གྲངས་ཚད་ནི། གྲངས་ཀྱི་བསྙེན་པ་འབུམ་ཚོ་དྲུག །དུས་ཀྱི་བསྙེན་པ་དབང་པོ་རབ་ཟླ་བ་དྲུག་འབྲིང་ཟླ་བ་བཅུ་བཞི་ཐ་མ་ཟླ་བ་བཅུ་དྲུག་གོ། །མཚན་མ་ནི་རབ་ཡི་དམ་ལྷའི་ཞལ་མཐོང་འབྲིང་བསྒྲུབ་རྫས་ལ་རྟགས་ཐོན་ཐ་མ་ཉམས་དང་རྨི་ལམ་གསལ་ལོ། །སྐྱོན་ནི་ཏིང་ངེ་འཛིན་མི་གསལ་བ་དང་བཟླས་པ་སྒྲ་མ་དག་པ་དང་ལེ་ལོ་དང་གཡེང་བ་སྤང་ངོ་དེས་གྲུབ་པའོ། །དེ་ལྟར་གོང་དུ་བསྐྱེད་པའི་དཀྱིལ་འཁོར་གྱི་ལྷ་དེ་ཡི་བཟླས་པ་བྱ་བ་ཡང་ཕར་འཕྲོ་བ་དང་ཚུར་སྡུད་པའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ཆེན་པོ་སྟེ་དེ་ལ་ནི་བདག་ལས་ཡེ་ཤེས་ཀྱི་ལྷ་མདུན་དུ་དབྱེ་ཞིང་བདག་དམ་ཚིག་གི་ལྷར་གསལ་བ་དང་མདུན་ན་ཡེ་ཤེས་ཀྱི་ལྷ་གསལ་བ་དང་བར་དུ་སྔགས་ཀྱི་འཕྲོ་འདུ་གསལ་བ་སྟེ་རྣམ་པ་གསུམ་གྱི་ཚུལ་གྱིས་ཡིད་མ་འཁྲུལ་བར་གསལ་བའོ། །སྔགས་བཟླས་པས་འཕྲོ་འདུ་བྱ་ཚུལ་ཀྱང་ཕར་འཕྲོས་པས་ཡེ་ཤེས་ལྷའི་ཐུགས་དམ་བསྐུལ་བ་དང་སླར་འདུས་པས་བདག་ལ་དངོས་གྲུབ་གསོལ་བར་དམིགས་པ་དང་ཏིང་ངེ་འཛིན་གྱིས་འཕྲོ་འདུའི་བར་རྣམ་པར་རྟོག་པས་མི་བཅད་ཅིང་སྔགས་ཀྱི་བར་མི་ཚིག་གིས་མི་གཅད་པར་བཟླས་པར་བྱའོ། །དེ་ཡང་རང་ལྷའི་རྣལ་འབྱོར་ལ་འདྲིས་པ་དང་འཕྲོ་འདུའི་ཏིང་ངེ་འཛིན་གསལ་བ་དང་རྣམ་པར་རྟོག་པའི་རླུང་གིས་མི་བསྐྱོད་པར་བརྟན་པར་བྱའོ། །དེ་ནི་མཆོག་གིས་བཟླས་པར་བྱ་བའོ། །གསུམ་པ་མཇུག་གི་ལས་ལ་གསུམ་སྟེ། དཀྱིལ་འཁོར་བསྡུ་བ་དང་། རྒྱུན་གྱི་སྤྱོད་ལམ་དང་། རྩ་འཁོར་ལོའི་རྫོགས་རིམས་སོ། །དང་པོ་ནི། བསྙེན་པ་རྫོགས་ནས་དཀྱིལ་འཁོར་ཀུན། །ཧཱུཾ་ཞེས་བརྗོད་ཅིང་ཐུགས་ཀར་བསྡུ། །སྐྱེ་མེད་མཉམ་རྫོགས་དབྱིངས་སུ་ཐིམ། །ཞེས་པ་སྟེ་བསྙེན་པ་རྫོགས་ནས་ཚོགས་མཆོད་དང་ལྷག་ཆོག་བྱ། གཏོར་མ་གཏོང་། དེ་ནས་དཀྱིལ་འཁོར་ཀུན་བསྡུ་སྟེ་དམ་ཚིག་གི་དཀྱིལ་འཁོར་ལ་བསྡུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ། དེ་ནས་ཧཱུཾ་ཞེས་བརྗོད་ཅིང་བདག་ཉིད་གཙོ་བོའི་ཐུགས་ཀ་ནས་ཧཱུཾ་འཕྲོས་པས་ལྷ་དང་གཞལ་ཡས་ཁང་དང་བཅས་པ་ཐམས་ཅད་འོད་དུ་ཞུ་ནས་གཙོ་བོའི་ཐུགས་ཀར་བསྡུ་ཞིང་ཐིམ་པ་དང་བདག་ཉིད་འོད་དུ་ཞུ་ནས་ཆོས་ཀྱི་དབྱིངས་སྐྱེ་མེད་མཉམ་རྫོགས་ཆེན་པོའི་དབྱིངས་སུ་ཐིམ་པར་གྱུར་ཏོ། །དེ་ནི་སྟོང་པའི་གོ་ཆ་སྟེ་ཅིས་ཀྱང་མི་ཤིགས་པའོ། །དེ་ནི་རྟག་པ་ཡི་མཐའ་དང་བྲལ་བའི་ཕྱིར་ན་རྫོགས་པའི་རིམ་པ་སྒོམས་པའོ། །གཉིས་པ་ནི། སྟོང་པའི་གོ་ཆས་ལུས་བསྲུང་སྟེ། །སྤྱོད་ལམ་ཀུན་ཏུ་བཙལ་མེད་པར། །འགྲོ་དང་འདུག་དང་ཉལ་བ་དང་། །མཉམ་པ་དེ་ཡི་དབྱིངས་སུ་གནས། །ཞེས་པས་བསྟན། དེ་ལྟར་བསྒོམ་པ་ནི་སྟོང་པའི་གོ་ཆས་ལུས་བསྲུང་བ་སྟེ། ཅིས་ཀྱང་མི་ཚུགས་པའོ། །དེ་ནས་ཀཾ་ལས་རྡོ་རྗེའི་གོ་ཁྲབ་དང་ཧཾ་ལ་རྒྱུན་ཐག་དང་ཨཾ་ལས་རྡོ་རྗེ་དང་ཧཱུཾ་ལས་རིན་པོ་ཆེའི་ཐག་པ་རོ་གུང་མཛུབ་ལ་བསམ་ལ་བཅིང་ངོ་རཏྣ་མ་ལེ་ཨ་བེ་ཤིན་ཙ་ཞེས་པས་རིན་པོ་ཆེའི་ཕྲེང་བས་བཅིང་ངོ་། །ས་ཏ་ལཾ་ཞེས་པས་དར་དཔྱངས་དཀར་པོ་གཡས་སུ་འཕུར་བ་དང་ཨ་བི་ཤིན་ཙ་མཾ་ཞེས་པས་དར་དཔྱངས་དམར་པོ་གཡོན་དུ་འཕུར་བའོ། །སྤྱོད་ལམ་བྱ་བ་ཡང་དུས་ཀུན་ཏུ་རང་ལས་མ་གཏོགས་པའི་ལྷ་སྐུ་བཙལ་དུ་མེད་པར་རང་ལ་ཡེ་ནས་ཡོད་པ་དེ་ཉིད་སྤྱོད་ལམ་དུ་བྱེད་པའོ། །འགྲོ་བ་དང་འདུག་པ་དང་ཉལ་བ་དང་སྡོད་པའི་གནས་སྐབས་ཐམས་ཅད་དུ་ཡང་སྟོང་པ་ཉིད་ཀྱི་གནས་ལུགས་དེ་མ་ཉམས་པའམ་དེ་ཡི་ངང་ལས་མ་གཡོས་པས་དེའི་དབྱིངས་སུ་གནས་པ་དང་ཅུང་ཟད་བློ་ཆུང་བ་འདྲ་ན་དེའི་ངང་ལས་རང་ལྷའི་སྐུར་བསྐྱེད་ནས་ལུས་བསྲུང་བ་དང་གོ་བགོ་བ་བྱས་ལ་སྤྱོད་ལམ་ཐམས་ཅད་ལྷའི་སྐུ་གསལ་བར་བསྒོམ་མོ། །གསུམ་པ་ནི། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བའི། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །དེ་ཡིས་བྱང་ཆུ བ་སྙིང་པོ་ལེན། །ཞེས་པ་སྟེ། གཞི་དངོས་པོའི་གནས་ལུགས་རང་བཞིན་གྱི་དཀྱིལ་འཁོར་བདག་ལ་གནས་ཤིང་ལྡན་པའི་དོན་དེ་ཤེས་པར་བྱེད་པའི་དཀྱིལ་འཁོར་གྱིས་ཤེས་པར་བྱ་ཞིང་རང་བཞིན་གྱི་དཀྱིལ་འཁོར་ལ་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་སྟེ་རྟོགས་པར་བྱེད་པའོ། །དཀྱིལ་འཁོར་ཞེས་པ་རང་བཞིན་གྱི་དཀྱིལ་འཁོར་ལས་བྱུང་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏེ་ཐུགས་ཀྱི་དཀྱིལ་འཁོར་ཞེས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་ཉིད་ཀྱི་གཙོ་བོ་མཆོག་ནི་རྡོ་རྗེ་སེམས་དཔའ་ཡིན་པས་སྤྱོད་ལམ་ཐམས་ཅད་དུ་རྡོ་རྗེ་སེམས་དཔའ་སྒོམ་པའོ། །དེ་རྣམས་ནི་སྐུ་བསྒོམ་པར་འདོད་པ་ཁོ་ནའོ། །ཡང་ན་ནང་གི་རྫོགས་རིམ་དུ་བཤད་ན་དཀྱིལ་འཁོར་ལྡན་པ་ནི་རང་ལ་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན་རྩ་འདབ་མ་སུམ་ཅུ་རྩ་གཉིས་དང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་མ་བཅུ་དྲུག་དང་། སྙིང་ག་ཆོས་ཀྱི་འཁོར་ལོ་ལ་རྩ་འདབ་མ་བརྒྱད་དང་། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རྩ་འདབ་མ་དྲུག་ཅུ་རྩ་བཞི་གནས་པ་དང་། སྲོག་ཤིང་རྩ་གཡས་རོ་མ་དང་། གཡོན་རྐྱང་མ་དང་དབུས་ཀུན་དྷར་མ་རྣམས་རང་ལ་གནས་པའོ། །དཀྱིལ་འཁོར་གྱིས་ནི་དེ་ལྟར་གནས་པ་དེ་ཤེས་པར་གྱིས་སོ། །དཀྱིལ་འཁོར་ནི་གནས་པ་དེ་ལའོ། །བསྒོམ་པ་ནི་དཀྱིལ་འཁོར་དེ་རྣམས་བ སྒོམ་པའོ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ་ནི་སྤྱི་བོ་ན་ཡི་གེ་ཧཾ་མགོ་ཐུར་དུ་ལྟ་བ་དེ་ལས་བྱང་སེམས་ཞུ་བས་མགྲིན་པར་བྱུང་དེ་ནས་བྱང་སེམས་སྙིང་གར་བྱུང་བའོ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག་ནི་སྙིང་ག་ན་རྩ་འདབ་མ་བརྒྱད་ལ་རིགས་ལྔ་དང་ཡུམ་ལྔ་དང་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད་རྣམས་གནས་པར་བསྟན་པའོ། །དེ་བས་ན་གདམས་ངག་ཏུ་བྱས་པའོ། །དེ་ལྟར་སྒོམ་པའི་ལམ་དེ་ཡིས་བླ་ན་མེད་པ་བྱང་ཆུབ་ཀྱི་སྙིང་པོ་འབྲས་བུ་ཆོས་ཀྱི་སྐུ་མྱུར་དུ་འཐོབ་ཅིང་རང་རྒྱུད་ལ་ལེན་པར་བྱེད་དོ། །རྩ་བའི་ས་བཅད་གསུམ་པ་ཐ་མར་ཚོགས་བསྒྲུབ་པ་ལ་བདུན་ཏེ། མཚན་ཉིད་གསུམ་གྱིས་གཞི་བཟུང་བ་དང་། ཡོ་སྤྱད་དང་དུ་བླང་ཞིང་སྤྱད་པའི་ཡོན་ཏན་དང་། ཚོགས་བསྒྲུབ་པས་ཚེ་དབང་ཐོབ་པ་དང་། དེས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་དུས་དང་། དེས་ལྷུན་གྲུབ་ཐོབ་པའི་མཚན་ཉིད་དང་། དེས་འབྲས་བུ་ཆོས་སྐུ་ཐོབ་པ་དང་། ཡོན་ཏན་དེ་གཞན་ནས་མ་བྱུ ང་བར་བསྟན་པའོ། །དང་པོ་ནི། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པ་སྟེ། དེ་ལ་གཞི་ཤེས་པའི་མཚན་ཉིད་ལྟ་བ་ནི་ལམ་གྱི་རྒྱུ་ལྟ་བུ། རྐྱེན་འཇུག་པའི་མཚན་ཉིད་སྒོམ་པ་ནི་ལམ་གྱི་རྐྱེན་ལྟ་བུ། མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་ནི་འབྲས་བུའོ། །འབྱོར་བའི་གཟུང་ནི་འབྲེལ་བ་སྟེ་གཞི་དང་ལམ་ནི་ཤེས་བྱ་དང་ཤེས་བྱེད་ཀྱི་འབྲེལ་ལམ་དང་འབྲས་བུ་ནི་ཐོབ་བྱ་དང་ཐོབ་བྱེད་ཀྱིས་འབྲེལ་པའོ། །དེ་ལ་གཞི་ཤེས་པའི་མཚན་ཉིད་ལྟ་བ་ནི་ལྟ་བ་བདེན་པ་དབྱེར་མེད། རིག་པ་སྤྱོད་ཡུལ་དང་བྲལ་བ། སྐོར་བདུན་ངོ་བོ་ཉིད་ཀྱི་རྒྱུར་གནས་པའོ། །རྐྱེན་འཇུག་པའི་མཚན་ཉིད་སྒོམ་པ་ནི་རང་རང་གི་ལུས་རྟོག་ཚོགས་བུདྡྷ་བཞི་བཅུ་རྩ་གཉིས་ལས་ཡེ་ཤེས་ཀྱི་ལྷ་བཞི་བཅུ་རྩ་གཉིས་སྒོམ་པའོ། །དེ་ལྟ་བུའི་ལྟ་བསྒོམ་གཉིས་པོ་དེ་ནི་མངོན་དུ་གྱུར་པ་འབྲས་བུ་སྨིན་པར་བྱེད་པའི་རྒྱུ་དང་རྐྱེན་ཡིན་ལ་མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་ནི་ལམ་གྱི་ཏིང་ངེ་འཛིན་ནུས་པ་མཐུ་ཅན་དུ་གང་གྱུར་པ་དེ་ཡིས་ཉེ་སྦྱོར་གྱི་འབྲས་བུ་རིག་འཛིན་བཞི་དང་མཐར་ཐུག་གི་འབྲས་བུ་སྐུ་ལྔ་ལྷུན་གྱིས་འགྲུབ་པའོ། །དེ་བས་ན་གཞི་དང་ལམ་དུ་འབྱོར་ལམ་དང་འབྲས་བུར་འབྱོར་འབྲས་བུ་རྒྱུན་གྱི་ཏིང་ངེ་འཛིན་མི་བརྗེད་པའི་གཟུངས་དང་རྡོ་རྗེ་ལྟ་བུའི་སྐུ་གཡུང་དྲུང་ལྟ་བུའི་ཚེ་ཐོབ་པ་དེ་ཁོ་ན་སྨིན་བྱེད་དོ། །འབྲས་བུ་དེའང་གཞན་ནས་འོང་བ་མ་ཡིན་ནོ། །རིག་འཛིན་ནི་དང་པོ་དེ་ལས་བྱུང་བ་དང་བར་དུ་དེའི་བྱ་བ་བྱེད་པ་དང་ཐ་མར་དེའི་རྒྱུད་འཛིན་པའོ། །རྒྱལ་བའི་ཞིང་དུ་གྲགས་པ་ནི་རྣམ་པར་དག་པའི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ། །དེ་ལྟ་བུའོ། །འདིར་རིག་འཛིན་བཞི་ལས་རྣམ་པར་སྨིན་པའི་རིག་འཛིན་ཁོ་ན་འགྲུབ་པའོ། །འབྲས་བུ་ནི་གཉིས་ཏེ་ཐུན་མོང་གི་རིག་འཛིན་དང་ཁྱད་པར་གྱི་འབྲས་བུ་སངས་རྒྱས་སོ། །རིག་འཛིན་ནི་བཞི་སྟེ་རྣམ་པར་སྨིན་པའི་རིག་འཛིན་དང་། ཚེ་ལ་དབང་བའི་རིག་འཛིན་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པའོ། །རྣམ་པར་སྨིན་པ་ནི་རང་ལུས་ཀྱི་རྣམ་པ་ལྷའི་སྐུར་སྨིན་པ་སྟེ་ཡིད་ཀྱིས་ལྷའི་གཟུགས་འཛིན་པའོ། །ཚེ་ལ་དབང་བ་ནི་རང་དོན་དུ་ལོ་སྟོང་དྲུག་བརྒྱ་བཞུགས་ནས་གཞན་དོན་མཛད་དགོས་པ་བྱུང་ན་བརྒྱ་བརྒྱ་ན་མར་ལ་མནུར་ནས་བྱིས་པ་ལོ་བརྒྱད་པ་ལྟ་བུར་གནས་ནུས་པའོ། །ཕྱག་རྒྱ་ཆེན་པོ་ནི་ལུས་ལྷ་སྐུ་དང་ཁྱད་པར་མེད་པ་སྟེ་ལུས་རྡོ་རྗེ་སེམས་དཔའི་སྐུ་གཟུགས་སུ་གནས་པའོ། །ལྷུན་གྲུབ་ནི་རྒྱལ་བ་ཉིད་དང་མཉམ་པའོ། །དེ་ནས་སྐུ་ལྔ་ལྷུན་གྲུབ་ལ་སྦྱོར་བར་བྱེད་དེ་རྣམ་སྨིན་གྱི་རིག་འཛིན་ནི་ལམ་གྱི་འབྲས་བུའོ། །གཉིས་པ་ནི། སྒྱུ་འཕྲུལ་དྲྭ་བར་མངོན་རྫོགས་པའི། །དཀྱིལ་འཁོར་བསྟན་པའི་ཏིང་ངེ་འཛིན། །བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཨ་ལི་ཀ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་ཏེ་སྒྱུ་ཡུམ་སྟེ་ཆོས་ཀྱི་དབྱིངས་འཕྲུལ་ཡབ་སྟེ་མ་འགགས་པར་སྣང་བ་དྲྭ་བ་འབྲེལ་བ་སྟེ་ཐབས་ཤེས་རབ་དབྱེར་མེད་པར་རམ་ཟུང་དུ་འབྲེལ་པའོ། །མངོན་རྫོགས་པའི་ནི་ཏིང་ངེ་འཛིན་གསལ་བའི་རིག་པ་མངོན་དུ་རྫོགས་པའོ། །དེ་ལྟར་ལྷའི་དཀྱིལ་འཁོར་གསལ་བར་རྫོགས་པ་དང་ཤིན་ཏུ་བརྟན་པ་ཐོབ་པའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཕོ་མོ་རྣམས་ཀྱིས་ཡན་ལག་ལྔ་ལ་ཚོམ་བུ་ལྔའི་དཀྱིལ་འཁོར་དུ་གསལ་བར་བསྒོམས་ལ་རྐང་པས་བྲོ་བརྡུང་བ་དང་ལག་པས་གར་བྱ་བ་དང་ཡིད་ཀྱིས་འདུ་འཕྲོའི་ཕྱག་རྒྱ་སྟེ་ལྷ་རྣམས་ལ་བྱང་སེམས་ཕར་འཕྲོས་པས་ལྷའི་སྐུ་གསུང་ཐུགས་མཉེས་པ་དང་། སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས་པས་བདག་གིས་དངོས་གྲུབ་ཐོབ་པ་སྟེ། དེ་ཡིས་ཚེ་འདིར་ས་ལ་བྱི་བ་བཞིན་དུ་འཛུལ་ལམ་ནམ་མཁར་བྱ་བཞིན་དུ་འཕུར་ནས་འགྲོ་བར་འགྱུར་བ་དང་ཆུ་ལ་མི་བྱིང་བའི་དངོས་གྲུབ་ཐོབ་པ་ནི་རྣམ་པར་སྣང་མཛད་ཀྱི་དངོས་གྲུབ་བོ། །རྣལ་འབྱོར་པ་ཕོ་མོ་རྣམས་ལྟ་བ་དང་ཏིང་ངེ་འཛིན་གསལ་བས་རྡོ་རྗེའི་གླུ་བླང་བ་དང་དོན་ལྡན་རྡོ་རྗེ་ཡི་ཚིག་དང་སྒྲ་ཡིས་བདེ་བར་གཤེགས་པ་མཉེས་པར་བྱེད་པ་ལས་མི་འདའ་བའི་ཕྱིར་ན་ཕྱག་རྒྱ་སྟེ་དེ་ཡིས་ཆོས་ཉིད་ཀྱི་གསུང་དང་བསྟན་པ་ཐམས་ཅད་དུས་གཅིག་ཏུ་མཁྱེན་པའི་དངོས་གྲུབ་ཐོབ་པར་འགྱུར་བ་ནི་སྣང་བ་མཐའ་ཡས་གསུང་གི་དངོས་གྲུབ་བོ། །རྣལ་འབྱོར་ཕོ་མོ་རྣམས་ལྷར་གསལ་བ་ལས་ལུས་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་གདགས་པ་དང་དར་དང་ཟ་འོག་ལ་སོགས་པའི་གོས་སྣ་ཚོགས་བགོ་བའི་ཕྱག་རྒྱ་ཡིས་སྐུ་གང་གིས་ཀྱང་ཟིལ་གྱིས་མི་ནོན་པས་ལུས་ལ་འོད་འབར་བའི་ལྷ་དང་མིའི་རྒྱལ་པོ་རྣམས་ཀྱིས་ཀྱང་ཐུབ་པ་མེད་པ་འགྲུབ་པར་འགྱུར་བ་ནི་མི་བསྐྱོད་རྡོ་རྗེའི་དངོས་གྲུབ་བོ། །རྣལ་འབྱོར་པ་རྣམས་ལོངས་སྤྱོད་ཐམས་ཅད་བདུད་རྩིའམ་འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་བརླབས་ནས་བཟའ་བ་དང་བཏུང་བའི་ཚོགས་ལ་ལོངས་སྤྱད་ནས་ཕུལ་ཞིང་དངོས་གྲུབ་བླང་བའི་ཕྱག་རྒྱ་ཡིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བའི་སྐུ་དང་ལོངས་སྤྱོད་ཐམས་ཅད་བདུད་རྩིར་འགྲུབ་པར་འགྱུར་བ་ནི་རིན་ཆེན་འབྱུང་ལྡན་གྱི་དངོས་གྲུབ་བོ། །ཨ་ལི་སྦྱོར་བ་དང་ཀ་ལི་སྒྲོལ་བའི་མཆོད་པ་ཚུལ་བཞིན་དུ་ཕུལ་ལ་ཐབས་ཤེས་རབ་གཉིས་སྙོམས་འཇུག་གི་ཕྱག་རྒྱ་ཡིས་ཐབས་ཤེས་རབ་གཉིས་སུ་མེད་པར་གནས་པ་དེ་ཡང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཐམས་ཅད་ཚུལ་བཞིན་དུ་འགྲུབ་པར་འགྱུར་བ་དེ་ནི་དོན་ཡོད་གྲུབ་པའི་དངོས་གྲུབ་སྟེ་དེ་ཡན་ཆད་ཀྱིས་སྦྱོར་ལམ་བསྟན་ནོ། །གསུམ་པ་ནི། ཆོ་ག་སྔགས་དང་ཡོ་སྤྱད་རྣམས། །རྣལ་འབྱོར་ཚོགས་ཀྱི་དཀྱིལ་འཁོར་གྱིས། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་པས་བསྟན་ཏེ། དང་པོ་ཆོ་ག་ལྔ་རྫོགས་པར་སྒོམ་སྟེ། དེ་བཞིན་ཉིད་དང་། ཀུན་ཏུ་སྣང་དང་། རྒྱུ་དང་། སྐུར་བསྐྱེད་པ་དང་། ཡེ་ཤེས་པ་སྒྲུབ་པ་དང་ལྔ་རྫོགས་པར་བྱ་སྟེ་དེ་ནས་སྔགས་ཀྱི་ཡན་ལག་ལྔ་ནི་ཡབ་ཡུམ་རྩ་བའི་ལྷ་དང་བཞི་པོ་སོ་སོར་སྒོམ་པ་ཐབས་ཀྱི་ལྷ་དང་། ཡེ་ཤེས་སེམས་དཔའ་ཤེས་རབ་ཀྱི་ལྷ་དང་། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ལྷ་དང་། དབུ་རྒྱན་བདག་པོའི་ལྷ་ལྔའོ། །ཡོ་སྤྱད་རྣམས་ནི་བྲོ་གར་འདུ་འཕྲོ་དང་། གླུ་ཚིག་སྒྲ་དང་། རྒྱན་དང་བགོ་བ་དང་། བཟའ་དང་བཏུང་བ་དང་། ཨ་ལི་ཀ་ལིའི་ཡོ་སྤྱད་དང་ལྔའོ། །དེ་ལ་དང་པོ་ཆོ་ག་ལྔས་སྐུ་གསལ་བར་བྱེད་དེ་ནས་སྔགས་ཀྱི་ཡན་ལག་ལྔས་ཉི་ཁྲི་ཆིག་སྟོང་ལ་རིག་པ་རྩལ་སྦྱང་དེ་ནས་ཡོ་སྤྱད་ལྔས་མཆོད་པ་འབུལ་ལོ། །དེ་ལྟར་རིག་པ་རྩལ་འབྱོངས་ནས་ཚོགས་དཔོན་བྱ་སྟེ་རྣལ་འབྱོར་པ་རྣམས་ལྷན་དུ་འཚོགས་པའི་དཀྱིལ་འཁོར་གྱིས་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་། བསྙེན་སྒྲུབ་རྣམ་པ་བཞིས་ལམ་གྱི་གཞུང་བསྲང་། ཚོགས་ལྷག་གཉིས་ཀྱིས་མཆོད་པའི་འབྲེལ་བཅའ། ཐ་མ་འབྲས་བུ་ལ་སྦྱོར་བའོ། །དེ་ཡང་ཞག་ནི་སུམ་ཅུ་ཕྲག་དྲུག་ནི་ཟླ་བ་དྲུག་ཡིན་ཏེ་དབང་པོ་རབ་ཀྱིས་ཟླ་བ་དྲུག་གམ་དབང་པོ་འབྲིང་གིས་ཟླ་བ་བཅུ་གཉིས་སམ་བཅུ་བཞི་ན་འགྲུབ་དབང་པོ་ཐ་མས་ཀྱང་ཟླ་བ་བཅུ་དྲུག་གིས་འགྲུབ་བོ། །གང་འགྲུབ་ན་ཆོས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བའི་རིགས་ཀྱི་དམ་པ་ཚེ་ལ་དབང་བའི་རིག་འཛིན་འགྲུབ་པར་འགྱུར་ཏེ་ཚོགས་བསྒྲུབས་པའི་འབྲས་བུའོ། །བཞི་པ་ནི། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཡེ་ཤེས་ཐིག་ལེ་དེ་ཉིད་ལས། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཅེས་པ་སྟེ་ཚེ་ལ་དབང་བའི་རིག་འཛིན་ཐོབ་པ་དེ་ཁོ་ནའི་ཚེ་ན་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡང་དེའི་སྟེང་དུ་ཟླ་བ་བཅུ་དྲུག་ཚུན་ཆད་ཀྱིས་སྒྲུབ་ན་གྲུབ་པ་ཐོབ་པར་ངེས་ཏེ་དེ་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་སྦྱོར་བའོ། །དེ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི་རིག་འཛིན་ཉིད་ལས་སྒྲས་དཔགས་པ་ཙམ་དུ་འགྱུར་བའོ། །སྒྲིབ་པ་དག་པའི་ཡེ་ཤེས་མ་བཙལ་བར་ལྷུན་གྲུབ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཉི་ཤུ་རྩ་ལྔར་རྫོགས་པའོ། །དེ་ནི་མཐར་ཐུག་པའི་ལྷུན་གྱིས་རྫོགས་པའོ། །དེ་ཇི་ལྟར་ཐོབ་ན་ཡེ་ཤེས་ནི་ལྷུན་གྱིས་རྫོགས་པའི་རིག་འཛིན་ནོ། །ཐིག་ལེ་ནི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དབྱེར་མེད་པའོ། །དེ་ཉིད་ནི་རིག་འཛིན་ནོ་དེ་ལས་ཁྱད་པར་དུ་བྱས་པའོ། །ཡེ་ཤེས་ཐིག་ལེ་དེ་ཉིད་ནི་གཞི་དངོས་པོའི་གནས་ལུགས་སོ། །གནས་ལུགས་དེ་ནི་རྡོ་རྗེ་སེམས་དཔའོ། །ཐིག་ལེ་ཉིད་སྣང་བ་ནི་རིག་པས་དོན་དེ་ཉིད་རྟོགས་པའོ། །དེ་རྣམས་གཞན་ནས་བྱུང་བ་མ་ཡིན་ཏེ་གཞི་རང་བྱུང་གི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཉིད་ལས་ཡེ་ཤེས་ཀྱི་རོལ་པ་མ་འགགས་པར་སྣང་བའོ། །ཡེ་ཤེས་ཀྱི་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་མཆོག་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་གཟུང་དང་ཏིང་ངེ་འཛིན་དང་མཚན་དང་དཔེ་བྱད་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་མངོན་དུ་བྱས་པའོ། །ལྔ་པ་ནི། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞིང་ཁམས་གཞལ་ཡས་རྣམ་དག་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་ཐམས་ཅད་ཀུན། །མཐོང་ནས་ཉེ་བར་མཉེས་པ་དང་། །རྒྱ་ཆེན་གསུང་ལས་དོན་བྱུང་བ། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་པ་སྟེ་ཕྱོགས་བཅུ་དང་དུས་བཞི་ཡིས་བསྡུས་པའི་མངོན་པར་རྫོགས་པ་སངས་རྒྱས་པ་ཡི་བདག་ཉིད་སྐུ་ལྔ་ལྷུན་གྱིས་གྲུབ་པ་དེའི་བཞུགས་གནས་ཁྱད་པར་ཅན་ནི་སངས་རྒྱས་ཀྱི་ཞིང་ཁམས་དང་གཞལ་ཡས་ཁང་རྣམ་པར་དག་པ་སྟེ་དེ་ཡང་ཞིང་ཁམས་ནི་ཕྱི་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་ནང་འོག་མིན་གྱི་གནས་ལྟ་བུར་སྣང་བ་གསང་བ་ཡུམ་གྱི་མཁའ་བདེ་སྟོང་གི་ཉམས་ཅན་དང་གཞལ་ཡས་ཁང་རྣམ་པར་དག་པ་རྒྱ་ཡོངས་སུ་མ་ཆད་པ་ནི་ཆེ་ཆུང་གི་ཚད་དང་རྒྱ་དང་བྲལ་བའི་རང་བཞིན་ནོ། །གཞལ་ཡས་ཁང་དེ་ན་དབུས་སུ་འཁོར་ལོའི་གདན་དང་གཞན་ཡང་རིན་པོ་ཆེའི་རྒྱན་མང་པོ་བསམ་གྱིས་མི་ཁྱབ་པ་དང་འདོད་པའི་ཡོན་ཏན་གྱི་ལྷ་མོ་གྲངས་མེད་པའི་རོལ་མོའི་ཚོགས་ཀྱིས་བརྒྱན་པའོ། །གནས་དེ་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྒྱུད་ཡོངས་སུ་དག་པའི་བདེ་བར་གཤེགས་པ་བཞུགས་པས་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀུན་དེ་ན་གནས་པའོ། །འོག་མིན་གྱི་གནས་ཀྱི་དུས་གསུམ་གྱིས་བདེ་བར་གཤེགས་པ་དེའི་ཞལ་མཐོང་ནས་ཡིད་དགའ་བ་དང་བྲོད་པ་ཁྱད་པར་ཅན་སྐྱེ་བ་དང་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པ་སྤྲོས་ནས་ཉེ་བར་མཉེས་པར་བྱེད་པ་དང་། སངས་རྒྱས་ཀྱི་གསུང་གཅིག་ལ་ཡན་ལག་བསམ་གྱིས་མི་ཁྱབ་པ་མངའ་བས་རྒྱ་ཆེན་པོ་གསུང་ལས་ཆོས་ཀྱི་དོན་བྱུང་བས་སམ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་བྱིན་གྱིས་བརླབས་པ་ལས་དོན་གྱི་གསུང་བྱུང་བ་ཡིས་སྒྲིབ་པ་ཤིན་ཏུ་ཆ་ཕྲ་བ་དེ་བཅོམ་ནས་གསུང་རང་བཞིན་གྱི་ཡེ་ཤེས་ཇི་ལྟ་བ་དང་མཐུན་པའི་བཟོད་པ་ཐོབ་སྟེ་ཡེ་ཤེས་རང་སྣང་བར་འགྱུར་བའོ། །དྲུག་པ་ནི། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཉིད་ཀྱིས་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་གསུངས་ཏེ་གོང་དུ་བསྟན་པ་ཉིད་རང་རིག་པར་གཅིག་པ་དང་། རང་ཉིད་གཅིག་དང་དུ་མའི་མཐའ་ཐམས་ཅད་དང་བྲལ་ཞིང་གྲོལ་བའི་ཕྱིར་རང་རིག་པ་ཉིད་ཐམས་ཅད་དུ་མ་འགགས་པར་ཤར་བས་གཅིག་དང་དུ་མའི་མཐའ་མ་སྤངས་བར་བྲལ་བའོ། །དེ་ལྟར་མཐའ་མ་གྲུབ་པ་ཡི་ཕྱིར་ན་དབུས་ཀྱང་མ་གྲུབ་པའི་ཕྱིར་མཐའ་དང་དབུས་མེད་དེ་བཞིན་ཉིད་ཡིན་ནོ། །དེ་ནི་བདེ་བར་གཤེགས་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་ཀྱང་མི་གཟིགས་ཏེ་གཟིགས་རྒྱུ་མེད་པའོ། །འོ་ན་མེད་དོ་སྙམ་པ་ལ་རང་བྱུང་ཡེ་ཤེས་ཉིད་རྟེན་གནས་མེད་པར་སྣང་བའོ། །ཞེས་ཕྱིར་ན་དག་པ་ལ་བརྟེན། བདུན་པ་ཡོན་ཏན་དེ་གཞན་ནས་མ་བྱུང་བར་བསྟན་པ་ནི། ཕྱོགས་བཅུ་དུས་བཞིར་མངོན་རྫོགས་པའི། །བདེ་གཤེགས་ཡོན་ཏན་རྨད་པོ་ཆེ། །གཞན་ཡོད་པ་མ་ཡིན་ཏེ། །ལྷ་སྲིན་ལ་སོགས་སྨོས་ཅི་དགོས། །ཞེས་པ་སྟེ་དེ་ལྟར་བསྟན་པའི་འབྲས་བུ་དེ་ནི་ཕྱོགས་བཅུ་དང་དུས་བཞིར་ཏེ་དུས་བཞིས་བསྡུས་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པའོ། །སྐུ་ལྔ་ལྷུན་གྱིས་གྲུབ་པའི་སངས་རྒྱས་སོ། །དེ་ནི་ལམ་བདེ་བར་གཤེགས་པ་ཡོན་ཏན་གསང་བ་རྨད་པོ་ཆེའམ་རྨད་དུ་བྱུང་བ་བདེ་བར་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བདག་པོའོ། །དེ་ལྟར་བསྟན་པའི་འབྲས་བུ་དེ་དག་ཀྱང་གཞན་ན་ཡོད་པ་སྙེད་པ་ལྟ་བུ་མ་ཡིན་ཏེ་རང་རིག་པ་ཉིད་དེ་ལྟར་རང་ཤར་བ་ལས་མ་གཏོགས་པ་གཞན་ན་མེད་ཞེས་སོ། །དེ་ལྟ་བུའི་འབྲས་བུ་དེ་ཐོབ་བམ་མི་ཐོབ་བམ་བདེན་ནམ་མི་བདེན་ནམ་སྙམ་ན་དཔེར་ན་འཇིག་རྟེན་གྱི་ལྷ་སྲིན་ལ་སོགས་པ་བསྒྲུབ་པས་གྲུབ་རྟགས་ཕྱུང་ན་འདི་ལ་ཅི་སྨོས། འཇིག་རྟེན་ལྷ་ལ་ཡང་ཡོན་ཏན་ཡོད་ན་འདི་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །གསུམ་པ་མཇུག་གི་དོན་ལ་བསྟན་བཅོས་བརྩམ་པའི་དགེ་བ་བསྔོ་བ་དང་། བསྟན་བཅོས་མཛད་པ་པོའི་བསྟན་པ་དང་། འགྱུར་བྱང་སྨོས་པའོ། །དང་པོ་ནི། རྒྱུད་ཀྱི་དོན་ལས་སྒྲུབ་བའི་ཐབས། །རིན་ཆེན་དྲྭ་བ་འདི་བསྡུས་པས། བཅོམ་ལྡན་ཀུན་བཟང་སྐུ་གསུང་ཐུགས། །སེམས་ཅན་ཀུན་གྱིས་ཐོབ་པར་ཤོག །ཅེས་པ་སྟེ་གསང་བ་སྙིང་པོའི་རྒྱུད་ཀྱི་དོན་ལས་ཞི་བ་བསྒྲུབ་པའི་ཐབས་འདི་བསྡུས་པས་སོ། །དེའི་མཚན་ནི་ཅི་ཞེ་ན་རིན་ཆེན་དབང་གི་རྒྱལ་པོ་ལྟར་དགོས་འདོད་འབྱུང་དྲྭ་བ་ལྟར་ཐབས་ཤེས་སུ་འབྲེལ་བ་འདི་རྒྱུད་ལས་ལོགས་སུ་བཀོལ་ནས་བསྡུས་པས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཀྱི་བཅུད་དངོས་གྲུབ་ཀྱི་བཅུད་དམ་པ་རྣམས་བདག་དང་མཐའ་ཡས་པའི་སེམས་ཅན་ཀུན་གྱིས་ཐོབ་པར་ཤོག །གཉིས་པ་ནི། ཞི་བ་རིན་ཆེན་དྲྭ་བ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས་སོ། །གསུམ་པ་ནི། རྒྱ་གར་གྱི་པཎྜི་ཏ་སངས་རྒྱས་གསང་བ་དང་བོད་ཀྱི་ལོ་ཙཱ་བ་བྲ་ཀ་མུ་དྲི་ཏ། ཝ་ས་མ ནྟུ་ཤྲི་ཝར་མས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སླར་ཡང་སྨྲས་པ། ལེགས་བྱས་ཤར་རིའི་ཕྲག་པ་ནས་འཐོན་པའི། །བསིལ་ལྡན་འབུམ་ཕྲག་བརྒྱ་ཡི་ཟེར་གྱིས་ཀྱང་། །ཆ་ཙམ་བསྐྲུན་དུ་མེད་པའི་དགེ་ཚོགས་རྣམས། །གཅིག་ཏུ་བཟླུམ་སྟེ་བསྟན་པ་རྒྱས་ཕྱིར་བསྔོ། །ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས། །དཀྱིལ་འཁོར་གཅིག་སྒྲུབ་རིན་ཆེན་དྲྭ་བ་ཡི། །བསྟན་བཅོས་ཆེན་པོ་ཉི་ཟླ་གནས་ཀྱི་བར། །དར་ཞིང་རྒྱས་ལ་མི་ནུབ་ཡུན་གནས་ཤོག །འདི་ཉིད་འཆད་དང་འཛིན་སེམས་སྒོམ་པ་ལ། །བླ་མ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་ཀྱིས། །རྟག་ཏུ་དགོངས་ཤིང་བཀྲ་ཤིས་བྱིན་བརླབ་ཀྱི། །འོད་ཟེར་སྙིང་དབུས་པདྨོར་སིམ་གྱུར་ཅིག །ཅེས་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་མཛད་པའི་ཞི་བ་རིན་ཆེན་དྲྭ་བའི་བསྟན་བཅོས་ལ་དབུས་གྲུ་མཁས་པ་སྨོན་ལམ་སེངྒེའི་མཆན་ཏིག་རྩ་མཆན་སྡེབས་ཤིང་བསྡུས་དོན་དཀྱུས་སུ་བཀོད་དེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསལ་བར་བྱས་པའི་ཡི་གེའི་མཐུན་འགྱུར་མགོ་ཚ་མཁན་སྡེ་སྣོད་འཛིན་པ་གཞན་ཕན་བཟང་པོས་བགྱིས་པ་འདིས་ཀྱང་གསང་བ་སྙིང་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་འཕེལ་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒལཾ།། །།


previousསྒྱུ་འཕྲུལ་ཞི་བ་རིན་ཆེན་དྲྭ་བའི་མཆན་འགྲེལ་མི་བསྐྱོད་རྡོ་རྗེའི་དགོངས་རྒྱན། ཆོས་ཀྱི་བློ་གྲོས། next