cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་དྲུག་པ།

གླེགས་བམ། ལུ༽

མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ། པདྨ་བཛྲ། ཇིགས་བྲལ་ཡེ་ཤེས་རྡོ་རྗེ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་སྤྱི་དོན་རྣམ་པ་བཤད་པ་དངོས་གྲུབ་སྙིང་པོ། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ།

དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་སྤྱི་དོན་རྣམ་པ་བཤད་པ་དངོས་གྲུབ་སྙིང་པོ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྱོ་ཥཱ་ཡ། །དཔལ་ལྡན་པདྨ་ལས་འཁྲུངས་ཡེ་ཤེས་སྐུ། །རིག་འཛིན་བླ་མའི་ཚོགས་ཀྱི་སྤྲིན་སྤྲོ་བ། །བདེ་ཆེན་མཁའ་འགྲོའི་དབང་ཕྱུག་དཔའ་བོའི་རྗེར་དངོས་པོ་ཀུན་གྱིས་བཏུད་དེ་ཕྱག་བགྱིའོ། །ཡེ་ཤེས་སྐུ་མཆོག་འཇམ་དཔལ་དཔལ་དང་ལྡན། །རོལ་བའི་རྟ་སྐད་མ་ཆགས་པདྨའི་གསུང་། །ཡང་དག་གྲུབ་པའི་ཐུགས་མཆོག་འགྱུར་བ་མེད། །ཡོན་ཏན་ཀུན་བདག་ཆེ་མཆོག་དཔལ་ལ་འདུད། །དཔལ་གྱི་རོལ་པས་མ་མོ་དབང་སྡུད་ཅིང་། །ཕྲིན་ལས་ཕུར་པས་དགྲ་བགེགས་ཐལ་བར་རློག །དྲེགས་ཆེན་སྔགས་བདག་ཡོངས་ཀྱི་རྗེར་གྱུར་བ། །འབར་བའི་བཀའ་སྡོད་ཚོགས་བཅད་རྒྱལ་གྱུར་ཅིག །སྔགས་ཀྱིས་འདུལ་བའི་ལས་ཅན་མཐའ་དག་ལ། །རབ་འབྱམས་ལྷ་སྔགས་ཏིང་འཛིན་བཀོད་པ་ཡི། །སྒྱུ་འཕྲུལ་དྲ་བ་ཆེན་པོའི་སྙིང་པོ་ནི། །དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་སྒྲུབ་སྡེ་བརྒྱད། །གང་གིས་མཚན་ཙམ་ཐོས་དང་མོས་པ་ལའང་། །རྣམ་གཉིས་དངོས་གྲུབ་རྫོགས་ལྡན་སྤྲིན་བཞིན་དུ། །ཆེས་ཆེར་སྣང་བ་གསང་སྔགས་སྙིང་པོ་དེའོ། །དགོངས་དོན་བརྒྱུད་པའི་ལུང་བཞིན་རྣམ་པར་བརྗོད། །དེ་ལ་འདིར་དུས་གསུམ་གྱི་ཡི་དམ་ཞི་ཁྲོ་རབ་འབྱམས་མ་ལུས་པ་གཅིག་ཏུ་འདུས་པ། ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་པ་ལ་ཐབས་ཚུལ་མན་ངག་མཐའ་དག་གི་ཟབ་པ་མཐར་ཐུག་པ། བྱིན་རླབས་ཕྲིན་ལས་ཀྱི་ཚན་ཁ་ལྷག་པར་ཆེ་བ་དཔལ་མ་ཧཱ་ཡོ་གའི་སྒྲུབ་སྡེ་ཟབ་མོ་བཀའ་བརྒྱད་དུ་གྲགས་པའི་དགོངས་དོན་གྱི་ཚུལ་མདོ་ཙམ་བཤད་པ་ལ། ཐོག་མར་དགེ་བ་ལོ་རྒྱུས་ཀྱི་སྒོ་ནས་སྤྲོ་བ་བསྐྱེད་པ། བར་དུ་དགེ་བ་ལོ་རྒྱུས་དེ་ལྡན་གྱི་ཆོས་འཆད་པའི་ཐབས་སྤྱིར་བསྟན་པ། ཐ་མར་དགེ་བ་གསང་སྔགས་སྙིང་པོ་སྒྲུབ་པ་སྡེ་བརྒྱད་ཀྱི་དགོངས་དོན་རྣམ་པར་བཤད་པ་གསུམ་གྱི། དང་པོ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་བཀའ་དང་བསྟན་བཅོས་སྤྱིའི་ལོ་རྒྱུས་ནི། ལྷའི་བུ་ནོར་བུ་འཛིན་གྱིས་ཞུས་པའི་མདོ་ལས། ཆོས་རྣམས་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུང་དང་དེ་ཡི་དགོང་འགྲེལ་གཉིས། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་བཞིན་དུ་བཀའ་ཇི་ལྟར་བྱུང་བ་དང་། བསྟན་བཅོས་ཇི་ལྟར་བྱུང་བའི་ཚུལ་ལས། དང་པོ་ནི། དཔལ་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་རང་རིག་གདོད་མའི་དབྱིངས་སུ་སངས་རྒྱས་ཐམས་ཅད་ཀྱི་བྱེད་པ་པོར་སངས་རྒྱས་ནས། སྤྲུལ་པའི་རོལ་པ་བསམ་གྱི་མི་ཁྱབ་པས་ཞིང་དང་དུས་རིས་སུ་མ་ཆད་པར་མཉམ་པ་ཉིད་ཀྱི་བཀོད་པ་ཆེན་པོས་སེམས་ཅན་གྱི་ཁམས་མཐའ་ཡས་པའི་དོན་མཛད་པ་ལས། རེ་ཞིག་ཡུལ་དུས་འདིའི་སེམས་ཅན་རྣམས་འདུལ་བའི་དབང་གིས་སྣང་བ་ནི། བདག་ཅག་གི་སྟོན་པ་ཤཱ ཀྱ་ཐུབ་པ་འདི་ཉིད་ཀྱིས། དང་པོར་ཐུགས་བསྐྱེད། བར་དུ་བཀའ་བ་སྤྱད། མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་འདིར་མཛད་པ་བཅུ་གཉིས་སྟོན་པ་མཆོག་གི་སྤྲུལ་པའི་སྐུའི་ཚུལ་དུ་སྣང་བར་མཛད་དེ་ཐེག་པ་ཐུན་མོང་པ་དང་། ཁྱད་པར་པའི་ཆོས་ཀྱི་འཁོར་ལོ་རབ་འབྱམས་བསྐོར་བར་མཛད་དོ། །དེ་ཡང་ཐུན་མོང་གི་གདུལ་བྱའི་ངོར་ཤཱཀྱའི་རིགས་སུ་འཁྲུངས་ཤིང་སངས་རྒྱས་པ་ཆགས་བྲལ་རབ་བྱུང་གི་རྣམ་པའི་སྐུ་དངོས་དེས། ཡུལ་ཝ་ར་ན་སི་དྲང་སྲོང་ལྷུང་བའི་གནས་སུ་བཀའ་དང་བོ་བདེན་པ་བཞིའི་ཆོས་འཁོར་དང་། རྒྱལ་པོའི་ཁབ་ཏུ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་དང་། ཡུལ་པདྨ་ཅན་དུ་ཐ་མ་ངེས་པ་དོན་གྱི་ཆོས་འཁོར་གསུམ་བསྐོར་ཞིང་། གཞན་ཡང་རྒྱལ་པོའི་ཁབ་ཏུ་ལྷ་མིར་དགེ་བཅུའི་ཆོས་འཁོར། ཡུལ་མ་མ་དྷར་རང་རྒྱལ་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་འཁོར་བསྐོར་བར་གསུང་པ་སོགས། གདུལ་བྱའི་ངོར་ཆོས་ཀྱི་རྣམ་གྲངས་ཡུལ་སོ་སོར་བསྟན་པ་ནི་ཚད་མེད་ཀྱང་། དོན་ནི་གོང་དུ་བཤད་མ་ཐག་པའི་ཆོས་འཁོར་རིམ་པ་གསུམ་གྱི་ཁོངས་སུ་འདུ་བ་ཉིད་དོ། །དེ་དག་ལས་མངོན་མཐོ་ངེས་ལེགས་ཀྱི་ལམ་བསྟན་པ་ལྷ་མིའི་ཐེག་པ་དང་ཉན་རག་གི་ཐེག་པ་རྣམས་ལ་ཐེག་པ་ཐུན་མོང་པ་ཞེས་དང་། ཐེག་པ་ཆེན་པོ་ལ་ནི་ཁྱད་པར་བའི་ཐེག་པ་ཞེས་བྱ་ཞིང་། དེ་ལའང་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་སུ་ཡོད་དེ། གང་ཞེ་ན་དབུ་མ་དང་སེམས་ཙམ་གྱི་དགོགས་པ་རྣམ་བར་བཞག་བའི་གཞུང་གི་བཀའ་ཐམས་ཅད་ནི་རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པ་ཡིན་ལ། སྔགས་ཕྱི་ནང་གི་གཞུང་དུ་གྱུར་བའི་བཀའ་ཐམས་ཅད་ལ་ནི་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཅེས་བྱའོ། །ཐེག་པ་ཆེན་པོ་པ་འདི་དག་མཐར་འབྲས་སངས་རྒྱས་ཐོབ་པར་འདྲ་ཡང་རིང་ལམ་དང་ཉེ་ལམ་གྱི་ཁྱད་པར་ལས་རྒྱུ་འབྲས་གྱི་ཐེག་པ་ཞེས་བྱའོ། །གསང་སྔགས་ཀྱི་ཐེག་པ་དེ་ལའང་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་སྡེ་གསུམ་ལས། དང་པོ་བྱ་རྒྱུད་ལ་རིག་སྔགས་ཐམས་ཅད་ཀྱི་ཁོག་དབུབ་པ་དཔུང་བཟང་གི་རྒྱུད་སོགས་སྤྱི་རྒྱུད་དྲུག་དང་། བྱེ་བྲག་གི་རྒྱུད་འཇམ་དཔལ་དྲི་མ་མེད་པའི་རྒྱུད་སོགས་འཇམ་དཔལ་གྱི་སྐོར་དང་། ཟ་མ་རྟོག་ཆེ་ཆུང་སོགས་སྤྱན་རས་གཟིགས་ཀྱི་སྐོར་དང་། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་སོགས་ཕྱག་ན་རྡོ་རྗེའི་སྐོར་ཏེ་གསུམ་གྱིས་མཚོན་པའི་བྱ་རྒྱུད་རྣམས་ནི། ཐུན་མོང་གི་གནས་ནཻ་ར་ཛ་ན་དང་། ཁྱད་པར་གྱི་གནས་ལྕང་ལོ་ཅན་ལ་སོགས་པར་ལྷའི་དབང་པོ་སོགས་ཀྱིས་ཞུས་པའི་ངོར། སྟོན་པ་ཉིད་རིགས་གསུམ་མགོན་པོ་སོགས་སུ་སྤྲུལ་ནས་གསུངས་སོ། །རྣམ་སྣང་མངོན་བྱང་དང་རྣམ་པར་མི་རྟོག་པའི་ཏནྟྲ་སོགས་སྤྱོད་རྒྱུད་ནི་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་ཁོག་གདང་མཚུངས་པར་ཅི་རིགས་སུ་གསུངས་སོ། །རྣལ་འབྱོར་གྱི་རྒྱུད་དེ་ལ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། རྣལ་འབྱོར་མཆོག་གི་རྒྱུད་གསུམ་དུ་ཡོད་པ་ལས། དང་པོ་ཐུན་མོང་གི་གནས་སུམ་ཅུ་རྩ་གསུམ་དང་ཁྱད་པར་གྱི་གནས་འོག་མིན་དུ་སྟོན་པ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་རྣམ་པས། ཞུ་བ་པོ་གསང་བའི་བདག་པོ་སོགས་ལ་བཀའ་སྩལ་ཏེ། ཡོ་ག་གཞུང་ཆེན་པོ་བམ་པོ་སུམ་བརྒྱ་པ་དང་། ལུང་ཆེན་པོའི་རྒྱུད་བཞི་སྟེ། དེ་ཉིད་བསྡུས་པ། རྡོ་རྗེ་རྩེ་མོ། །དཔལ་མཆོག་དང་པོ། རྟོག་པ་བསྡུས་པའི་རྒྱུད་ལ་སོགས་པ་རྣམས་འཁོར་ལྷ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་གསུངས་སོ། །རྣལ་འབྱོར་ཆེན་པོ་ནི་མ་ཧཱ་ཡོ་གའི་རྒྱུད་རྣམས་ཏེ། དེ་ཡང་གླང་པོར་འབོག་གི་རྒྱུད་ལ་སོགས་པ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱིས་མཚན་པའི་མ་ཧཱ་ཡོ་གའི་རྒྱུད་རྣམས་སྟོན་པ་ཉིད་དཔལ་ཉིད་དཔལ་ཆེན་པོའམ་རྣམ་པར་སྣང་མཛད་སོགས་སུ་སྤྲུལ་ནས། ཞུ་བ་པོ་རྡོ་རྗེ་འཛིན་པ་སོགས་འཁོར་གྱི་ནང་དུ་གསུངས་སོ། །མ་ཧཱ་ཡོ་གའི་རྒྱུད་དེ་དག་བསྡུ་ན་ཐབས་དང་ཤེས་རབ་ཀྱི་རྒྱུད་གཉིས་སུ་འདུའོ། །རྣལ་འབྱོར་མཆོག་གི་རྒྱུད་ལ་རྫོགས་པ་ཨ་ནུ་ཡོ་གའི་ཐེག་བ་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཐེག་པ་གཉིས། དང་པོ། རྒྱལ་མོ་པུ་རིའི་ཚལ་དུ། སྟོན་པ་ཉིད་དཔལ་ཀུན་ཏུ་བཟང་པོའམ། རྡོ་རྗེ་སེམས་དཔར་སྤྲུལ་པ་ལ་ལངྐའི་བདག་པོས་ཞུས་ནས། མདོ་བཞི་དེམས་དང་ལྔར་བཀའ་སྩལ་ཏེ། མདོ་བཞི་ནི་ཀུན་དུས་རིག་པའི་མདོ། སེམས་ལུང་ཆེན་མོའི་མདོ། ཡེ་ཤེས་རྔམ་བ་གློག་གི་འཁོར་ལོའི་མདོ། དུར་ཁྲོད་ཁུ་བྱུག་རོལ་པའི་མདོ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ནི་བཀའ་ཐམས་ཅད་ཀྱི་དེམས་སུ་བཞག་པའོ། །ཨ་ཏི་ཡོ་ག་ནི། གནས་རྒྱལ་མོ་བུ་རིའི་ཚལ་དང་། ཟ་མ་པུ་རིའི་ཚལ་དུ་སྟོན་པ་ཉིད་དཔལ་ཀུན་ཏུ་བཟང་པོ་ཀུན་བྱེད་རྒྱལ་པོར་སྤྲུལ་ནས། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་སོགས་རྫོགས་པ་ཆེན་པོ་སེམས་མཆོག་གི་སྐོར་ལ་སོགས་བ་གསུངས་སོ། །དེ་ལྟར་ཆོས་སྣ་ཚོགས་གསུང་པ་དེ་དག་ཀྱང་འཛམ་གླིང་གི་མི་དང་ཉན་རང་བྱང་སེམས་ཀྱི་རིགས་ཅན་རྣམས་ལ་ཤཱཀྱའི་རྒྱལ་པོ་སྐུ་དངོས་ཀྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པ་རྣམས་འཕགས་པའི་ཡུལ་ལ་སོགས་པར་གསུགས་པ་དང་། ལྷ་རྣམས་དང་རིགས་གསུམ་མགོན་པོ་སོགས་སེམས་དཔའ་ཆེན་པོ་རྣམས་ལ་ཀུན་རིག་རྣམ་པར་སྣང་མཛད་དུ་སྤྲུལ་ནས་ཕྱི་རྒྱུད་སྡེ་གསུམ་གསུངས་པ་དང་། རིགས་ལྔ་སྲས་དང་བཅས་པ་རྣམ་ལ་དཔལ་ཀུན་ཏུ་བཟང་པོར་སྤྲུལ་ནས་ནང་རྒྱུད་སྡེ་གསུམ་གསུང་བ་དེ་དག་ཀྱང་གདུལ་བྱའི་བློའི་རིམ་པ་དང་མཐུན་པར་གནས་ཀྱང་ཐུན་མོང་གི་གནས་དྷ་ན་ཀོ་ཤ། བསིལ་བའི་ཚལ། རྒྱལ་པོའི་གནས། རི་མེ་རི་འབར་བ་སོགས་དང་། ཁྱད་པར་གྱི་གནས་འོག་མིན་དང་། ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་ལ་སོགས་པར་ཐུན་མོང་དང་ཁྱད་པར་གྱི་སྟོན་པར་སྣང་བས་འཁོར་གྱི་གདུལ་བྱ་ཕལ་པ་དང་ཁྱད་པར་ཅན་རྣམས་ལ་རྒྱུ་དང་འབྲས་བུའི་ཆོས་ཀྱི་འཁོར་བསྐོར་བ་ཉིད་དུ་སྣང་བར་ཟད་དེ། དོན་དུ་སྟོན་པ་གཅིག་ཉིད་ཀྱི་ཡེ་ཤེས་སྐུ་གདུལ་བྱའི་བསམ་པ་དང་མཐུན་པ་སྣ་ཚོགས་སུ་སྤྲུལ་པའི་རོལ་པ་སྣ་ཚོགས་ཀྱི་ཆོས་སྣ་ཚོགས་བསྟན་པ་དེ་དག་རྒྱས་པར་བཀའ་སྩལ་པ་ཆོས་སྒོ་བརྒྱ་ཁྲི་བཞི་སྟོང་། འབྲིང་དུ་བཀའ་སྩལ་པ་གསུང་རབ་ཡན་ལག་བཅུ་གཉིས། བསྡུས་ཏེ་བཀའ་སྩལ་པ་ཐེག་པ་རིམ་པ་དགུ་ཞེས་གྲགས་ཤིང་། གཞན་ཡང་ཡོ་ག་ཕྱི་ནང་གསང་བ་ལ་སོགས་པ་རྣམ་པར་བཞག་པ་བསམ་གྱིས་མི་ཁྱབ་པ་ཡོད་མོད་ཀྱི། དོན་དུ་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་སུ་འདུའོ། །བཀའ་དེ་ལ་གསུངས་ཚུལ་གྱི་ཕྱེ་ན། ཞལ་ནས་གསུངས་པའི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའ་གསུམ་དུ་ཡོད་ལ། དེ་ལྟ་བུའི་རྒྱུ་དང་འབྲས་བུའི་ཐེག་པའི་བཀའ་དེ་དག་དེ་དུས་ཀྱི་འཁོར་དུ་འདུས་བ་སོ་སོའི་སྡུད་པ་པོ་རྣམས་ཀྱིས་མི་འརྗེད་པའི་གཟུངས་སུ་བཟུང་སྟེ་ཡི་གེར་བཏབ་ནས་འཇིག་རྟེན་གྱི་ཁམས་འདིར་དར་ཞིང་རྒྱས་པར་མཛད་པ་ཡིན་ཏེ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཐུན་མོང་པ་རྣམས་གནས་བསྟན་འོད་སྲུང་ལ་སོགས་པས་བཀའ་བསྡུས་ཤིང་མི་ལམ་མིར་བརྒྱུད་དེ་དར། ཐེག་པ་ཆེན་པོ་ཁ་ཅིག་འཇམ་དཔལ་ལ་སོགས་པས་བསྡུས་ནས་བྱང་སེམས་ཕལ་མོ་ཆེ་ལས་བརྒྱུད་དེ་མིའི་འཇིག་རྟེན་དུ་དར་བར་མཛད་དོ། །འབྲས་བུ་གསང་སྔགས་ཀྱི་ཐོག་པ་ནི་མི་ཡུལ་གྱི་གདུལ་བྱ་ཐུན་མོང་བའི་ངོར་སྟོན་པ་ཤཱ ཀྱའི་རྒྱལ་པོ་ཉིད་ཀྱི་ཞལ་ནས་ཁྱབ་བརྡལ་དུ་མ་གསུང་བར་རེ་ཞིག་སྦས་པའི་ཚུལ་གྱིས་སྐལ་ལྡན་དབང་པོ་རབ་རྣམས་ཀྱི་དོན་དུ་བསྟན་པར་མཛད་པ་ཡིན་ལ། དེའི་དབང་གིས་གདུལ་བྱ་ཕལ་པ་དག་གིས་གསང་སྔགས་འདི་སངས་རྒྱས་ཀྱི་བཀའ་ཡིན་མིན་གྱི་ཐེ་ཚོམ་བཟློག་པའི་ཕྱིར་དེ་དུས་ཀྱི་གདུལ་བྱ་ཐུན་མོང་པའི་འཁོར་གྱི་ནང་དུ་སྟོན་པ་ཤཱཀྱའི་རྒྱལ་པོ་ཉིད་ཀྱི་ཞལ་ནས་གསང་སྔགས་ནི་གདོད་མི་ཡུལ་འདིར་འབྱུང་བའི་ཚུལ་དུ་དངོས་སུ་ལུང་བསྟན་ཏེ། མདོ་སྡེ་གདམ་ངག་འབོག་པའི་རྒྱལ་པོ་ལས། ང་ནི་མྱ་ངན་ལས་འོག་ཏུ། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །རྒྱལ་པོ་ཛ་ཡི་ཁང་ཐོག་ཏུ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །ལག་ན་རྡོ་རྗེས་སྟོན་པར་འགྱུར། ཞེས་པ་ལ་སོགས་པ་གསལ་བར་གསུང་པའི་ཚུལ་དང་མཐུན་པར། སྟོན་པའི་ཐུགས་རྗེས་རིགས་ལྔའི་སངས་རྒྱས་དང་། རྒྱ་ཚབ་རྣམས་ལ་བསྐུལ་བ་མཛད་དེ། །འབྲས་བུའི་ཆོས་འདི་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱའི་ཡི་གེར་བྲིས་ནས་ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས་རྒྱལ་པོ་ཛའི་ཁང་ཐོག་ཏུ་རང་བབས་སུ་སྣང་བར་གྱུར་བ་རྒྱལ་པོ་ཛ་དང་སློབ་དཔོན་ཀུ་ཀུ་རཱ་ཛས་དེའི་དོན་རྣམས་རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས་རྟོགས་ནས་མི་ཡུལ་འདིར་གསང་སྔགས་དར་བ་དང་། གཞན་ཡང་འཇམ་པའི་དབྱངས་ཀྱི་ལྷའི་གནས་དང་། སྤྱན་རས་གཟིགས་ཀྱིས་ཀླུའི་གནས་དང་། ཕྱག་ན་རྡོ་རྗེས་གནོད་སྦྱིན་གྱི་གནས་སུ་སྣང་བར་མཛད། འཛམ་བུའི་གླིང་འདིར་ནི་ཀྲི་ཡ་རྣམས་ཝར་ན་སི་དང་། ཡོ་ག་རྣམས་རི་མ་ལ་ཡ་མེ་རི་འབར་བ་དང་། མ་ཧཱ་དང་ཨ་ནུ་རྒྱལ་པོ་ཛ་ཉིད་ཀྱི་གནས་དང་། ཨ་ཏི་ཡོ་ག་དྷ་ན་ཀོ་ཤའི་གླིང་དུ་བཤད་ཅིང་སྒྲུབ་པར་བྱས་ཏེ་དེ་ལས་ཡུལ་ཀུན་ཏུ་རྒྱ་ཆེར་འཕེལ་བའོ། །བཤད་པའི་རྣམ་གྲངས་གཞན་དུ་ལུང་བཞི་དེམས་དང་ལྔ་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་སྤྱི་རྒྱུད་དང་། སྒྱུ་འཕྲུལ་སྡེ་བརྒྱད་ནི་ལྟ་བ་ཨ་ཏི་དང་སྤྱོད་པ་མ་ཧཱར་གཏོགས་པས་ཨ་ནའི་རྒྱུད་དུ་འང་གསུངས་ཏེ་བསྐྱེད་རྫོགས་རྫོགས་ཆེན་གྱི་གནད་བསྟན་པའི་ཆ་ནས་ཇི་ལྟར་བཞག་ཀྱང་རུང་ངོ་། །དེ་དག་ན་བཀའ་ཇི་ལྟར་བྱུང་བའི་ལོ་རྒྱུས་སོ། །བསྟན་བཅོས་ཇི་ལྟར་བྱུང་བ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལྷག་ཙམ་ན། ཡུལ་ཡངས་པ་ཅན་དུ་ཉན་ཐོས་སྡེབ་པ་ཐ་དད་པའི་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་པོ་བམ་པོ་སུམ་བརྒྱ་བ་མཛད་པ་བསྟན་པ་འདིའི་བསྟན་བཅོས་ཀྱི་ཐོག་མ་ཡིན་ལ། དེ་ནས་བཟུང་སྟེ་ཟབ་པ་དང་རྒྱ་ཆེ་བའི་བཀའ་ཡི་དགོངས་དོན་འགྲེལ་བའི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོག་མེད་རྣམ་པ་གཉིས་ལ་སོགས་པ་འཛམ་གླིང་རྒྱན་མཆོག་སློབ་མ་དང་བཅས་པའི་ཚོགས་ཀྱིས་བརྩམ་པའི་བསྟན་བཅོས་དང་། སྔགས་ཀྱི་ལུགས་ཁྱད་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་དང་། གྲུབ་པ་སྡེ་བདུན་དུ་གྲགས་པ་ལ་སོགས་པས་མཚོན་ཏེ་གྲུབ་ཆེན་རིག་འཛིན་རྣམ་ཀྱིས་མཛད་པའི་བསྟན་བཅོས་དུ་མ་རྣམས་བྱུང་བའོ། །བསྟན་བཅོས་ཞེས་པ་རྒྱལ་བའི་བཀའ་ཡི་རྗེས་སུ་འགྲང་ནས་རྩོམ་པ་པོ་མཚན་ཉིད་དང་ལྡན་པས་ལེགས་པར་བཤད་པ་ཡིན་ལ། དེའི་དབྱེ་བ་ལུང་བཏུས་པའི་བསྟན་བཅོས། ལུང་འགྲེལ་བའི་བསྟན་བཅོས། ལུང་དོན་རིག་པའི་བསྟན་བཅོས་གསུམ། དང་པོ་ཆེད་དུ་བརྗོད་པའི་ཚོམ་ལ་སོགས་པ་ལྟ་བུ། གཉིས་པ་འབུམ་ཊིཀ་ལ་སོགས་པ་ལྟ་བུ། གསུམ་པ་ནི་ཇི་སྐད་དུ། དོན་མེད་དོན་ལོག་དོན་དང་ལྡན། ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོངས། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་པ་ལྟར་ངན་པ་དྲུག་བྲལ་ཞིང་ཡོན་ཏན་གསུམ་དང་ལྡན་པ་སྟེ། རིག་ཚོགས་དྲུག་དང་བྱམས་ཆོས་སྐོར་ལྔ་ལ་སོགས་པ་བཞིན་ནོ། །དེ་དག་གིས་བཀའ་དང་བསྟན་བཅོས་སྤྱིའི་ཚུལ་མདོར་བསྡུས་སུ་བརྗོད་ནས། ད་ནི་གཉིས་པ་བྱེ་བྲག་ཏུ་ཁྱད་པར་གྱི་རྒྱུད་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་རིན་པོ་ཆེ་ཇི་ལྟར་བྱུང་བ་བརྗོད་ན། ཆོས་ཟབ་མོ་འདི་ནི་འོག་མིན་གྱི་གནས་སུ་ཀུན་ཏུ་བཟང་པོ་དཔལ་ཧེ་རུ་ཀས་ཡོངས་སུ་དག་པའི་འཁོར་རྣམས་ལ་རྡོ་རྗེའི་ཚིག་ཏུ་གསུང་པ་རྣམས་སྡུད་པ་པོ་རྡོ་རྗེ་ཆོས་ལ་སོགས་པས་བསྡུས་ཤིང་། རྫུ་འཕྲུལ་གྱི་ཡི་གེར་སྣང་བ་རིན་པོ་ཆེའི་སྒྲོམ་དུ་བཞུག་སྟེ་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པར་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པ་ལ་གཉེར་དུ་གཏད་པར་མཛད་པ་དང་། གང་གི་ཚེ་དུར་ཁྲོད་རོ་གླིང་བསིལ་བའི་ཚལ་ཞེས་འཇིགས་སུ་རུང་བའི་གནས་སུ་སློབ་དཔོན་ཧཱུྃ་ཀ་ར། འཇམ་དཔལ་བཤེས་གཉེན། ནཱ་ག་རྫུ་ན། པདྨ་འབྱུང་གནས་དྷ་ན་སཾ་ཀྲི་ཏ། བི་མ་ལ་མི་ཏྲ། རོམ་བུ་གུ་ཡ། ཤཱནྟྲིང་གརྦྷ་དང་བརྒྱད་དགོངས་པ་མཛད་ཅིང་བཞུགས་པའི་ཚེ། ཡ་མཚན་རྨད་དུ་བྱུང་བའི་སྒྲོམ་བུ་བརྒྱད་ལ་འོད་དང་འཇའ་ཚོན་དཀྲིགས་པ་སོགས་ལྟས་དང་། མཁའ་འགྲོ་དང་དྲེགས་པའི་ཚོགས་ཀྱིས་བསྐོར་བར་བྱེད་པ་གཟིགས་པར་དང་འདིར་འཇིག་རྟེན་ཕུང་འཆེངས་ནུས་པའི་གདམས་པ་ཟབ་མོ་འདུག་སྙམ་དུ་དགོངས་ཏེ། སློབ་དཔོན་རྣམས་ཀྱི་དེར་དགོངས་པ་གཏད་ཅིང་བཀའ་སྲུང་གི་ཚོགས་རྣམས་ལ་དམ་རྫས་བྱིན་ནས་དམ་བསྒྲགས་ཤིག་དབང་དུ་བསྡུས་པའི་དུས་དེར། མ་མོ་མཁའ་འགྲོ་རྣམས་ཀྱིས་བཀའ་ཅི་ཞིག་སྩལ་ཟེར་ནས་ལྷགས་པ་ལ་སྒྲོམ་བུ་རྣམས་གཏོད་ཅེས་གསུངས་པས། དངུལ་གྱི་སྒྲོམ་བུར་ཡག་དག་གི་ཆོས་སྐྱོར་གནས་པ་སློབ་དཔོན་ཧཱུྃ་ཀ་རའི་ཕྱག་ཏུ་གཏད། ལྕགས་སྒྲོམ་དུ་འཇམ་དཔལ་སྐུའི་ཆོས་སྐོར་གནས་པ་འཇམ་དཔལ་བཤེས་གཉེན་གྱི་ཕྱག་ཏུ་གཏད། ཟགས་སྒྲོམ་དུ་པདྨ་གསུང་གི་ཆོས་སྐོར་གནས་པ་ཀླུ་སྒྲུབ་སྙིང་པོའི་ཕྱག་ཏུ་གཏད། གཡུ་ཡི་རུས་པའིའང་སྒྲོམ་བུར་ཕུར་བའི་ཆོས་སྐོར་གནས་པ་པདྨ་འབྱུང་གནས་ཀྱི་ཕྱག་ཏུ་གཏད། གསེར་གྱི་སྒྲུམ་བུ་ཆེ་མཆོག་གི་ཆོས་སྐོར་གནས་པ་བི་མ་ལ་མི་ཏྲའི་ཕྱག་ཏུ་གཏད་བསེ་སྒྲོམ་དུ་མ་མོའི་ཆོས་སྐོར་ཡོད་པ་དྷ་ན་སཾ་ཀྲི་ཏའི་ཕྱག་ཏུ་གཏད། མཆོར་ལ་ཆའང་སྒྲོམ་དུ་མཆོད་བསྟོད་ཀྱི་ཆོས་སྐོར་ཡོད་པ་རམྦུ་གུ་ཡ་དེ་བཙནྡྲའི་ཕྱག་ཏུ་གཏད། གཟི་སྒྲོམ་དུ་དྲག་སྔགས་ཀྱི་ཆོས་སྐོར་ཡོང་པ་ཕུང་བྱེད་ཤནྟིང་གརྒྷའི་ཕྱག་ཏུ་གཏད། རིན་ཆེན་སྣ་ལྔའི་སྒྲིམ་བུ་ཕྲ་མེན་གྱི་རྒྱས་གཏབ་པ་བང་བ་བརྒྱད་བཅུག་བ་ཞིག་སློབ་དཔོན་རྣམས་ཀྱི་དབུས་སུ་བཞག་གོ། །ལོ་རྒྱུས་གཞན་ན་ཕུར་བའི་ཆོས་སྐོར་གྱི་སྒྲོམ་བུ་པྲ་བྷ་ཧ་སྟིའི་ཕྱག་ཏུ་གཏད། རིན་ཆེན་སྣ་ལྔའི་སྒྲོམ་བུ་བཀའ་བརྒྱད་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་ཆོས་སྐོར་ནི་ཐམས་ཅད་ཀྱི་བཀའ་བབ་པ་པདྨ་འབྱུང་གནས་ཀྱི་ཕྱག་ཏུ་གཏང་ཞེས་རིག་འཛིན་དབུའི་བཀའ་བབ་གྱི་ལོ་རྒྱུས་ཀྱང་འབྱུང་ངོ་། །དེ་ནས་སློབ་དཔོན་རྣམས་ཀྱིས་སོ་སོར་རང་རང་གི་སྒྲོམ་བུ་ཁ་ཕྱེས་ནས་སོ་སོའི་ཆོས་སྐོར་བཏོན། དབུས་ཀྱི་རིན་པོ་ཆེའི་སྒྲོམ་བུ་དེ་སློབ་དཔོན་གང་གིས་ཀྱང་ཁ་འབྱེད་མ་ནུས་ལ། རྒྱ་བཅག་པས་ཀྱང་མཆོག་ནས། སློབ་དཔོན་བརྒྱད་ཀྱི་དགུང་འདུན་དུ་དགོངས་པ་རྩེ་གཅིག་མཛད་ཅིང་། མཁའ་འགྲོ་མ་རྣམས་ལ་གསོལ་བ་བཏབ་པས་རྒྱ་རང་གྲོལ་དུ་གྱུར་ཏེ་དེའི་ནང་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་བྱུང་ངོ་། །བདེགས་ཤེགས་འདུས་པའི་ཆོས་སྐོར་སྒྲོམ་བུ་དེ་དུས་རྒྱ་མ་ཁྲོལ་བར་སླར་མཆོད་རྟེན་དེ་ཉིད་དུ་བཞུགས་པ་ཕྱིས་པདྨ་འབྱུང་གནས་ཀྱིས་རྒྱ་བཀྲོལ་ཞིང་། མཁའ་འགྲོ་རྣམས་ཀྱིས་བཤད་དང་སྒྲུབ་པར་བཀའ་གནང་ངོ་ཞེས་ཀྱང་འབྱུང་ངོ་། །དེ་ཡང་འདི་ལྟར་དབུས་ཀྱི་སྒྲོམ་བུར་བདེ་གཤེགས་འདུས་པའི་རྒྱུད་ཀྱི་སྐོར་ལ་ནི། རྩ་བའི་རྒྱུད། ཕྱི་མའི་རྒྱུད། ཕྱི་མའི་ཕྱི་མའི་རྒྱུད་ལ་སོགས་པ་རྒྱུད་ལྔ། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལ་སོགས་པ་བཅུ་སྟེ་རྒྱུ་བཅོ་ལྔ་བྱུང་ངོ་། །ལྕགས་སྒྲོམ་ལས་འཇམ་དཔལ་སྐུའི་སྐོར་ལ། འཕགས་པ་འཇམ་དཔལ། གསང་བ་རྒྱུད་ཀྱི་རྒྱལ་པོ་ཉེར་གཉིས་པ། འཇམ་དཔལ་གསང་རྒྱུ་ལེའུ་དྲུག་ཅུ་པ། གཤིན་རྗེ་མེ་ལྕེ་ཕྲེང་བའི་རྒྱུད་ལ་སོགས་པ་རྒྱུད་ཤིན་ཏུ་མང་པོ་བྱུང་ངོ་། །དེ་བཞིན་དུ་སྒྲོམ་བུ་སོ་སོའི་པདྨ་གསུང་གི་སྐོར་ལ། རྟ་མཆོག་རོལ་པའི་རྒྱུད། རྔོག་མ་ལེ་བརྒན་གྱི་རྒྱུད། དབང་ཆེན་འདུས་པའི་རྒྱུད་སོགས་ཤིན་ཏུ་མང་པོ་དང་། ཡང་དག་ཐུགས་ཀྱི་རྒྱུད་ལ་འཇིག་རྟེན་འདིས་མདོ་དང་རྔམ་གློག་གལ་པོ་ཆེ་རྒྱུད་སོགས་ཤིན་ཏུ་མང་པོ་དང་། ཕུར་པ་འཕྲིན་ལས་ཀྱི་རྒྱུད་ལ། བིད་ཏོ་ཏ་མ་རིག་པ་མཆོག་ལ་ཀཱི་ལ་ཡའི་རྒྱུད། ཀཱི་ལ་ཡ་བཅུ་གཉིས་ཀྱི་རྒྱུད། རྣལ་འབྱོར་མ་དམ་པ་གསང་ཆེན་གྱི་རྒྱུད་ལ་སོགས་པ་རབ་ཏུ་མང་པོ་དང་། ཆེ་མཆོག་ཡོན་ཏན་གྱི་སྐོོར་ལ། བདུད་རྩི་རོལ་པ་ལུང་བམ་པོ་བརྒྱད་པ། དབྱིངས་ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད་སོགས་ཤིན་ཏུ་མང་པོ་དང་། མ་མོ་རྦོད་གཏོང་གི་ཆོས་སྒོར་ལ། མ་མོ་གསང་བ་གཏན་ཚིགས་ཀྱི་རྒྱུད། མ་མོ་སྲིད་པའི་བེམ་འབུམ་ཕྲག་གཅིག་པ། མ་མོ་གསང་བ་འདུས་པའི་ཏནྟྲ་འབུམ་སྡེ་གཅིག་པ་ལ་སོགས་པ་ཆེས་མང་པོ་དང་། འཇིག་རྟེན་དྲེགས་པའི་རྒྱུད་ཀྱི་སྐོར་ལ། སྐུ་རྒྱུད་དྲེགས་པ་འདུས་པ། གསུང་རྒྱུད་ངན་སྔགས་ནག་པོ། །ཐུགས་ཀྱི་རྒྱུད་དྲེགས་པའི་སྲོག་ཏིག་ནག་པོ་ལ་སོགས་པ་ཤིན་ཏུ་མང་པོ་དང་དམོད་པ་དྲག་སྔགས་ཀྱི་ཆོས་སྐོར་ལ། སྐུའི་རྒྱུད་དྲག་སྔགས་ཤེལ་ཕྲེང་དཀར་པོ། གསུང་གི་རྒྱུད་དྲག་སྔགས་འདུས་པ། ཐུགས་ཀྱི་རྒྱུ་དྲག་སྔགས་ཙིཏྟ་དམར་འབྱིན་ལ་སོགས་པ་ཤིན་ཏུ་མང་པོ་བྱུང་བ་ནི་བཀའ་ཡི་སྐོར་རོ། །དེ་ནས་བསྟན་བཅོས་ཀྱི་སྐོར་ལ་གྲུབ་པའི་སློབ་དཔོན་རྣམས་ཀྱི་རྒྱུད་དེ་དག་གི་དགོངས་པ་ལེགས་པར་བཀྲལ་ནས་འཇམ་དཔལ་སྐུ་འཁོར་ལོ་བཞི་ཡི་དགོངས་པར་འདུས་པ་ལ་སོགས་པ་སྒྲུབ་སྡེ་བརྒྱད་སོ་སོའི་དགོངས་དོན་གྱི་གྲུབ་མཐའ་དང་། འཇམ་དཔལ་སྐུ་ཡི་སྐུ་ལ་སོགས་པ་སྐུ་ཡི་དྲག་སྔགས་ཀྱི་བར་གྱི་སྒྲུབ་པ་རེ་རེར་ཡང་སྒྲུབ་པ་བརྒྱད་ཀྱི་སྒྲུབ་ལུགས་དང་། འཇམ་དཔལ་བཤེས་གཉེན་གྱི་དགོངས་པས་སྒྲུབ་པ་བཀའ་བརྒྱད་ཀྱི་གནད་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་མཐར་ཐུག་པར་བཞེད་པ་དང་། དེ་བཞིན་དུ་སློབ་དཔོན་བི་མ་ལས་རྒྱུད་ལུང་མན་ངག་གསུམ་དུ་བསྡུས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་རྣལ་འབྱོར་རྣམས་གསུམ་དང་། སློབ་དཔོན་པདྨ་མ་ཧཱ་ཨ་ནུ་ཨ་ཏི་སྟེ་ཡོ་ག་གསུམ་གྱི་ཚུལ་དུ་བསྒྲུབ་པ་དང་། སློབ་དཔོན་ཧཱུྃ་ཀ་རས་ལྟ་སྤྱོད་སྒྲུབ་པ་གསུམ་དང་། སློབ་དཔོན་དྷ་ན་སཾ་ཀྲི་ཏས་ལྟ་སྤྱོད་རྣམས་གཉིས་སུ་འདུས་པར་བཞེད་ཅིང་། སློབ་དཔོན་རམ་བུ་གུ་ཧྱས་རྫོང་དང་འཕྲང་རྣམ་པ་གཉིས་སུ་འདུས་པ་དང་། ཕུང་བྱེད་ཤིཏྟིང་གརྦྷའི་གཞུང་གིས་སྒྲུབ་པ་བཀའ་བརྒྱད་ཀྱི་མཐའ་སྲོག་དང་སྲོག་འཕྲོ་གང་གཉིས་ཐུག་པར་གཞེད་དེ་སོ་སོའི་བཞེད་པས་སྒྲུབ་ཕུགས་ཀྱི་རྣམས་བཞག་གསུང་བ་རྣམས་དོན་ལ་དགོངས་གནང་མཐུན་ཏེ་གང་ལྟར་བཤད་ཀྱང་ཆོག་གོ། །དེ་ལས་མཆོག་ཏུ་འཕགས་པ་གྲུབ་པའི་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བསམ་ཡས་འཆིམ་ཕུའི་བྲག་དམར་ཀེའུ་ཚང་དུ་རྗེ་འབང་ཐུགས་ཀྱི་སྲས་དགུ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་སོ་སོའི་མེ་ཏོག་རིགས་ཀྱི་ལྷ་ཚོམ་བུ་དགུར་བབ་པའི་ལྷ་སོ་སོའི་གྲུབ་པ་བརྙེས་ཤིང་། དེ་རྣམས་ལ་གསང་བའི་མན་ངག་ཏུ་གདམས་པ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་འདི་ལ། རྒྱུད་ལུང་མན་ངག་གི་ཆོས་སྡེ་བརྒྱ་དང་སུམ་བཅུར་གྲགས་པ་ལས། དང་པོ་རྒྱུད་ཀྱི་སྐོར་ལ་བདེ་གཤེགས་འདུས་པ་རྩ་བའི་རྒྱུད། ཕྱི་མ་ངེས་པར་འབྱུང་བའི་རྒྱུད། ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད། མ་ཚང་པ་ཁ་སྐོང་བའི་རྒྱུད། འབྱེད་པར་བྱེད་པ་ལྡེའི་མིག་གི་རྒྱུད་ལྔ་ནི་སྤྱི་རྒྱུད་ལྔའོ། །སྒོས་རྒྱུད་བཅུ་ནི། ཞི་བ་འདུས་པ་རྩ་བའི་རྒྱུད་དང་། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལ་སོགས་པ་བརྒྱད་དང་། རིག་འཛིན་འདུས་པ་རྩ་བའི་རྒྱུད་དང་བཅུ་སྟེ་རྒྱུད་བཅོ་ལྔ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་ལུང་ལྔ་སྟེ། ཐུགས་རྗེ་དཔྱང་ཐག་གནས་ཀྱི་ལུང་། མཛད་པ་ཆོ་འཕྲུལ་ལྷ་ཡི་ལུང་། ཕྲིན་ལས་མཐར་ཕྱིན་སྒྲུབ་པའི་ལུང་། གསང་སྔགས་ངེས་པ་དོན་གྱི་ལུང་། གསལ་བར་བྱེད་པ་སྒྲོན་མེའི་ལུང་སྟེ་ལུང་ལྔ་དང་བཅས་པའི་དེ་ལྟར་རྒྱུད་ལུང་ཉི་ཤུའོ། །མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག །ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག །གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ་ལས། དང་པོ་ལ་བཞི་སྟེ། ཕྱིའི་སྡོམ་ལྔ། རྒྱུད་ཀྱི་ཆིངས་ལྔ། ལུང་གི་སྡེབས་ལྔ། སྒྲུབ་ཐབས་ཀྱི་སྦྱོར་སོ་ལྔ་སྟེ་ཆོས་སྡེ་ཉི་ཤུ་ཡོད་པ་ལས་ཕྱིའི་སྡོམ་ལྔ་ནི། གསང་སྔགས་ལུང་གི་བང་མཛོད། གསང་སྔགས་བཀའ་ཡི་ཐ་རམ། གསང་སྔགས་བཀའ་ཡི་ལྡེའུ་མིག །གསང་སྔགས་ལུང་གི་བཀའ་མགོ། སྒྲུབ་པ་ལུང་གི་བཀའ་མགོ་དང་ལྔའོ། །རྒྱུད་ཀྱི་ཆིངས་ལྔ་ནི། ཁོག་དབུབ་སྟོང་ཐུན་གྱི་ཆིངས། པ་ཅོང་ཚོམ་གྱི་ཆིངས། འགྲེལ་པ་འབྲུག་གནོན་གྱི་ཆིངས་དང་། ཊིཀ་བསྡུས་དོན་གྱི་ཆིངས། ལག་ལེན་མན་ངག་གི་ཆིངས་དང་ལྔའོ། །ལུང་གི་སྡེབས་ལྔ་ལ། རྒྱུད་ལུང་དང་སྡེབས་པ། ལུང་སྒྲུབ་ཐབས་དང་སྡེབས་པ། སྒྲུབ་ཐབས་ཕྲིན་ལས་དང་སྡེབས་པ། ཕྲིན་ལས་ལག་ལེན་དང་སྡེབས་པ། ལག་ལེན་ཉམས་མྱོང་དང་སྡེབས་པ་ལྔའོ། །སྒྲུབ་ཐབས་ཀྱི་སྦྱོར་ལུགས་ལྔ་ནི། རྩ་བ་སྒྲུབ་ཐབས་དང་སྦྱོར་བ། སྒྲུབ་ཐབས་ཕྲིན་ལས་དང་སྦྱོར་བ། ཕྲིན་ལས་སྒོམ་ཁོག་དང་སྦྱོར་བ། སྒོམ་ཁོག་ཏིང་ངེ་འཛིན་དང་སྦྱོར་བ། ཏིང་ངེ་འཛིན་གདམ་པར་དང་སྦྱོར་བ་ལྔའོ། །ནང་སྒྲུབ་ཐབས་གསལ་བར་བྱེད་པའི་མན་ངག་ལ། ཞི་བ་དང་ཁྲོ་བོའི་སྒྲུབ་ཐབས་གཉིས་ལས། དང་པོ་ལ་སྒྲུབ་ལུགས་ལྔ་སྟེ། དམ་པ་རིགས་བརྒྱར་སྒྲུབ་པ། ཞི་བ་བཞི་བཅུ་རྩ་གཉིས་སུ་སྒྲུབ་པ། དེ་ཁོ་ན་ཉིད་རིགས་ལྔར་སྒྲུབ་པ། གསང་ཆེན་རིགས་གཅིག་ཏུ་སྒྲུབ་པ། ཞི་བ་ཕྱག་རྒྱ་རྐྱང་པའི་སྒྲུབ་པ་དང་ལྔའོ། །དང་པོ་ནི། དམ་པ་རིགས་བརྒྱར་སྒྲུབ་པ་ལ་ལས་ཆེན་ལྔ། ལས་ཆུང་ལྔ་སྟེ་ཆོས་ཚན་བཅུར་ཡོད་པ་ལས། ལས་ཆེན་ལྔ་ནི། གཟུང་བ་དཀྱིལ་འཁོར་གྱི་ཆོ་ག །རིམ་པ་དབང་གི་ཆོ་ག །བྱིན་རླབས་རབ་གནས་ཀྱི་ཆོ་ག །ཚེ་འདས་རོ་སྲེག་གི་ཆོ་ག །ལྷོ་སྒོ་མཚན་བྱག་གི་ཆོ་ག་ལྔའོ། །ལས་ཆུང་ལྔ་ནི། མཉེས་པ་མཆོད་པའི་ཆོ་ག །མཆོད་མགྲོན་གཏོར་མའི་ཆོ་ག །མཆོད་སྦྱིན་ཆུ་གཏོར་གྱི་ཆོ་ག །སྐུ་གདུང་སཱཙྪའི་ཆོ་ག །ཞི་བ་རོ་སྲེག་གི་ཆོ་ག་དང་ལྔའོ། །ཞི་བ་བཞི་བཅུ་རྩ་གཉིས་ཀྱི་སྒྲུབ་ཐབས་ལའང་སྒྲུབ་ལུགས་ལྔར་བཀོད་དེ། ཕྱི་བསྐྱེད་རིམ་དུ་སྒྲུབ་པ། ནང་རྫོགས་རིམ་དུ་གྲུབ་པ། །གསང་བ་དེ་ཁོ་ན་ཉིད་ཡེ་ཤེས་ལྔར་སྒྲུབ་པ། ཕྲིན་ལས་དངོས་གྲུབ་དུ་སྒྲུབ་པ། ལས་ཕྲ་མོ་ཁ་ཚར་དུ་སྒྲུབ་པའོ། །དེ་ཉིད་རིགས་ལྔར་སྒྲུབ་པ་ལའང་སྒྲུབ་ལུགས་ལྔར་བཀོད་དེ། ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྒྲུབ་པ། ནང་ཕུང་པོའི་དཀྱིལ་འཁོར་དུ་བསྒྲུབ་པ། གསང་བ་དུག་ལྔའི་འཁོར་དུ་སྒྲུབ་པ། དེ་ཁོ་ན་ཉིད་ཡེ་ཤེས་ལྔར་སྒྲུབ་པ། ཡོངས་སུ་རྫོགས་པ་སྐུ་ལྔར་སྒྲུབ་པ་དང་ལྔའོ། །ཞི་བ་ཕྱག་རྒྱ་རྐྱང་པ་དང་། གསང་ཆེན་རིགས་གཅིག་ལའང་སྒྲུབ་ཐབས་ལྔ་སྟེ། གནད་ལྔ་བཅུ་རྩ་ལྔ་ལ་བརྟེན་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་གཏན་ལ་དབབ་སྟེ་སྒྲུབ་པ་དང་། ཆོས་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་འདུས་པ་ལ་བརྟེན་ནས་ཡི་དམ་རྒྱུད་དུ་ནར་མར་སྒྲུབ་པ་དང་། ཕྲིན་ལས་ཁ་ཚར་ལ་བརྟེན་ནས་ཆོས་སྤྱོད་ལམ་རིམ་དུ་སྒྲུབ་པ་དང་། ཤེས་པ་དགུ་ལ་བརྟེན་ནས་གསང་སྔགས་གཞུང་ཚུལ་དུ་སྒྲུབ་པ་དང་། བསྐྱེད་རྫོགས་གཞུང་འབྲེལ་དུ་བརྟེན་ནས་རྒྱུན་གྱི་ཡི་དམ་ནར་མར་སྒྲུབ་པ་སྟེ་དེ་ལྟར་ཞི་བ་ལ་ཆོས་ཚན་སུམ་ཅུ་ཐམ་པའོ། །ཁྲོ་བོ་ལ་འང་རྩ་བ་དང་ཡན་ལག་གི་སྒྲུབ་ཐབས་གཉིས་སུ་བཀོད་པ་ལས། དང་པོ་ལ་ལྔ་སྟེ། གང་ཟག་སྤྲོས་པ་ལ་དགའ་བའི་དོན་དུ་བསྐྱེད་རྫོགས་ཆེན་མོ་རྣམ་པར་སྤྲོས་པ་དང་། བསྡུས་པ་ལ་དགའ་པའི་དོན་དུ་བསྐྱེད་རྫོགས་འབྲིང་པོ་དང་། རབ་ཏུ་བསྡུས་པ་དང་ཤིང་ཏུ་བསྡུས་པ་ལ་དགའ་བའི་དོན་དུ་བསྐྱེད་རྫོགས་ཆུང་ངུ་ཤིན་ཏུ་བསྡུས་པ་དང་། རྒྱུན་དུ་སྒྲུབ་བར་མོས་པ་རྣམས་ལ་སྔགས་སྒྲུབ་ནར་མའི་སྒྲུབ་ཐབས་དང་། གང་ཟག་བློ་ཆུང་བ་རྣམས་ཀྱི་དོན་དུ་ཁྲོ་བོ་ཕྱག་རྒྱ་རྐྱང་བའི་སྒོས་སྒྲུབ་དང་ལྔའོ། །དེ་དག་ཀུན་ལའང་སྒྲུབ་ལུགས་ལྔ་ལྔར་བཀོད་དེ། ཕྱི་རྡུལ་ཚོན་གྱི་དལ་ལ་བརྟེན་ནས་བསྐྱེད་པ་མ་ཧཱ་ཡོ་གར་སྒྲུབ་པ་དང་། ནང་ཕུང་པོའི་དལ་ལ་བརྟེན་ནས་རྫོགས་པ་ཨ་ནུ་ཡོ་གར་སྒྲུབ་པ་དང་། གསང་བ་རིག་པ་སེམས་ཀྱི་དལ་ལ་བརྟེན་ནས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གར་སྒྲུབ་པ་དང་། དེ་ཁོ་ན་ཉིད་ལམ་རིམ་ལ་བརྟེན་ནས་བསྐྱེད་རྫོགས་ཟུང་འབྲེལ་དུ་སྒྲུབ་པ་དང་ཕྲིན་ལས་ཡོངས་སུ་རྫོགས་པ་ལ་བརྟེན་ནས་སྒྱུ་ལུས་ལྷ་སྐུར་ངོ་སྤྲོད་པ་དང་ལྔའོ། །ཡན་ལག་གི་སྒྲུབ་ཐབས་ལ་ལྔ་ལྔ་ཉེར་ལྔར་བཀོད་དེ། དེ་ཡང་བྱིན་རླབས་ཀྱི་སྒྲུབ་ཆེན་ལྔ། ཕན་གདགས་པའི་ལས་ཆེན་ལྔ། ཕྲིན་ལས་ཀྱི་གཟེར་ལྔ། ཉམས་ཆགས་ཀྱི་སྐོང་ཆེན་ལྔ། བསྟོང་སྐུལ་གྱི་བྱེ་བྲག་ལྔ་བཅས་སོ། །དང་པོ་བྱིན་རླབས་སྒྲུབ་ཆེན་ལྔ་ནི། དུས་ཀྱི་བསྟེན་པའི་སྒྲུབ་པ། མཆད་རྫས་བདུད་རྩིའི་སྒྲུབ་པ། རིམ་པ་དབང་གི་སྒྲུབ་པ། བཀྲ་ཤིས་ཚེའི་སྒྲུབ་པ། བྱིན་རླབས་ཕུར་པའི་སྒྲུབ་པ་དང་ལྔའོ། །ཕན་གདགས་ལས་ཆེན་ལྔ་ནི། དམ་རྫས་བམ་གྱི་ལས། བསྲེགས་སྦྱོང་རོ་ཡི་ལས། ཚེ་འདས་གཤིན་གྱི་ལས། འདུལ་བ་གྲིའི་ལས། སྒྲོལ་བ་རྒྱུའི་ལས་དང་ལྔའོ། །ཕྲིན་ལས་ཀྱི་གཟེར་ཆེན་ལྔ་ནི། འཁོར་ལོ་ལ་བརྟེན་ཏེ་སྲུང་བའི་གཟེར། གཏོང་མ་ལ་བརྟེན་ཏེ་བཟློག་པའི་གཟེར། ཐུན་ལ་བརྟེན་ཏེ་བསང་པའི་གཟེར། ཧོམ་ལ་བརྟེན་ཏེ་བསྲེག་པའི་གཟེར། ཐོད་པ་ལ་བརྟེན་ཏེ་མནན་པའི་གཟེར་ལྔའོ། །ཉམས་ཆགས་ཀྱི་སྐོང་ཆེན་ལྔ་ནི། མཆོད་པ་ཕུད་ཀྱི་སྐོང་། དམ་རྫས་མདངས་ཀྱི་སྐོང་། སྲོག་ཆགས་རྒྱུ་ཡི་སྐོང་། གླིང་བཞི་མདོས་ཀྱི་སྐོང་། འགྱོད་ཚངས་བཤགས་པའི་སྐོང་དང་ལྔའོ། །བསྟོད་བསྐུལ་གྱི་བྱེ་བྲག་ལྔ་ནི་གཞི་བསྟོད་ཆེན་པོ་ཆོས་ཉིད་དོན་རྟགས་ལ་བསྟོད་པ། བཞི་བསྟོད་བསྡུད་བ་ལྷའི་ཚོམ་བུ་ལ་བསྟོད་པ། སྤྱི་བསྐུལ་ཆེན་མོ་སྐུ་མདོག་ཕྱག་མཚན་ནས་བསྐུལ་བ། འབྲིང་པོ་ལྷའི་མཚན་གྲངས་རྐང་ཐོན་ནས་བསྐུལ་བ། ཆུང་ངུ་དལ་གྱི་ཕོ་བྲང་ནས་བསྐུལ་བ་དང་ལྔ་སྟེ། དེ་ལྟར་ཁྲོ་བོ་ཆོས་ཚན་སུམ་ཙུ་རྩ་ལྔའོ། །གསང་བ་ཉམས་ལེན་གསལ་བར་བྱེད་པའི་མན་ངག་ལ་ཆོས་ཚན་ཉེར་ལྔ་སྟེ། བསྐྱེད་རྫོགས་གསུམ་གྱི་སྒྲུབ་ལུགས་ལ། སྔགས་ཀྱི་ཡན་ལག་ལྔ། ཐུན་མོང་གི་རྣལ་འབྱོར་ལྔ། ཁྱད་པར་གྱི་རྫོགས་རིམ་ལྔ། སྐུ་གསུམ་གྱི་གཟེར་ལྔའོ། །དང་པོ་སྒྲུབ་ལུགས་ལྔ་ནི། བསྐྱེད་པ་མ་ཧཱ་ཡོ་གར་སྒྲུབ་པ། རྫོགས་པ་ཨ་ནུ་ཡོ་གར་སྒྲུབ་པ། རྫོགས་ཆེན་ཨ་ཏི་ཡོ་གར་སྒྲུབ་པ། འདོད་ཆགས་ཅན་ཞི་བ་ལ་བརྟེན་ཏེ་སྒྲུབས་པ། ཞེ་སྡང་ཅན་ཁྲོ་བོ་ལ་བརྟེན་ཏེ་སྒྲུབ་པ་ལྔའོ། །སྔགས་ཀྱི་ཡན་ལག་ལྔ་ནི། སྔགས་ཀྱི་སྒྲུབ་ཐབས་རིན་པོ་ཆེའི་ཕྲེང་བ། སྔགས་ཀྱི་བྱེ་བྲག་བཟླ་ཐབས་དང་བཅས་པ། སྔགས་ཀྱི་སྒྲའི་སྐྱོན་ཡོན་བསྟན་པ། གསང་སྔགས་སྤྱིའི་སྔགས་དོན་བསྟན་པ། བསྐྱེད་རིམ་སྔགས་ཀྱི་གེགས་སེལ་བསྟན་པ་དང་ལྔའོ། །ཐུན་མོང་གི་རྣལ་འབྱོར་ལྔ་ནི། ནང་ནུབ་ཆོས་སྤྱོད་ཀྱི་རྣལ་འབྱོར། སྔོན་འགྲོ་གཏོར་མའི་རྣལ་འབྱོར། གཏུང་བ་སྐོམ་གྱི་རྣལ་འབྱོར། བཟའ་བ་ཟས་ཀྱི་རྣལ་འབྱོར། སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་དང་ལྔའོ། །ཁྱད་པར་གྱི་རྫོགས་རིམ་ལྔ་ནི། བསྐྱེད་རིམ་ལ་བརྟེན་ཏེ་ལྷའི་རྫོགས་རིམ། སེམས་ཉིད་ལ་བརྟེན་པ་བྱང་ཆུབ་སེམས་ཀྱི་རྫོགས་རིམ། ལུས་ལ་བརྟེན་པ་རྩའི་རྫོགས་རིམ། དབུགས་ལ་བརྟེན་པ་རླུང་གི་རྫོགས་རིམ། བཅུང་ལ་བརྟེན་པ་ཐིག་ལེའི་རྫོགས་རིམ་དང་ལྔའོ། །སྐུ་གསུམ་གྱི་གཟེར་ལྔ་ནི། ཡི་དམ་གྱི་སྐུ་ལ་སྐུ་གསུམ་གྱི་གཟེར་བཏབ་པ། བར་གཅོད་ཀྱི་བདུད་ལ་སྐུ་གསུམ་གྱི་གཟེར་བཏབ་པ། གསང་བའི་དགྲ་གསུམ་ལ་སྐུ་གསུམ་གྱི་གཟེར་བཏབ་པ། འགྲོ་དྲུག་གི་གཡངས་ས་ལ་སྐུ་གསུམ་གྱི་གཟེར་བཏབ་པ། འབྱུང་བའི་བདུད་ལ་སྐུ་གསུམ་གྱི་གཟེར་བཏབ་པ་དང་ལྔའོ། །དེ་ལྟར་བདེ་གཤེགས་འདུས་པའི་ཆོས་སྡེ་ལ། རྒྱུད་ལུང་མན་ངག་གི་ཆོས་ཚན་བརྒྱ་སུམ་ཅུར་བཀོད་པ་འདི་ནི་མངའ་བདག་རྒྱལ་བོས་ཞུས་པ་ལ་སློབ་དཔོན་པདྨ་ཐོད་ཕྲེང་གིས་གནང་ནས་ལྷོ་བྲག་ཁོམ་ཐིང་རྣམ་སྣང་གི་སྐུ་རྒྱབ་ལ་སོགས་པར་གཏེར་དུ་སྦས་པ་ཉིད། །མངའ་བདག་རྒྱལ་པོའི་སྐུ་ཡི་སྐྱེ་བ་བཅུ་དྲུག་པ་མངའ་བདག་ཆེན་པོ་ཉང་ཉི་མ་འོད་ཟེར་གྱིས་གཏེར་ནས་གདན་དྲངས་ཤིང་། བདག་ཉིད་ཆེན་པོ་དེ་ལ་ལམ་འདིའི་བཀའ་གཏེར་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་བཀའ་བབ་པ་དེ་ལས་རིམ་པར་བརྒྱུད་ནས་དེང་སང་གི་བར་དུ་སྨིན་གྲོལ་ཉམས་ལེན་གྱི་རྒྱུད་བཟང་པོ་མ་ཉམས་པར་བཞུགས་པ་ཡིན་ནོ། །དེ་དག་ནི་ལོ་རྒྱུས་མདོར་བསྡུས་པ་སྟེ་རྒྱས་པར་གསང་སྔགས་ལུང་གི་བང་མཛོད་དང་ཆོས་འབྱུང་རྣམས་སུ་ཤེས་པར་བྱའོ། །གཉིས་པ་བར་དུ་དགེ་བ་ལོ་རྒྱུས་དེ་ལྡན་གྱི་ཆོས་འཆད་ཐབས་ཀྱི་སྒོ་ནས་ཁོག་དབུབ་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་བཀའ་ཐམས་ཅད་ནི་སྟོན་པ་དང་གནས་དང་འཁོར་དང་དུས་དང་ཆོས་ཕུན་སུམ་ཚོགས་པ་སྟེ་ཕུན་ཚོགས་ལྔ་ཡི་སྒོ་ནས་བཀའ་ཉིད་དུ་ངེས་པ་བསྐྱེད་པའི་ཚུལ་གྱིས་འཆད་ཅིང་། བསྟན་བཅོས་ཐམས་ཅད་ནི་རྩིས་མགོ་ལྔའི་སྒོ་ནས་འཆད་དེ་མཛད་པ་པོ་གང་གིས་མཛད། ལུང་གང་ནས་བཏུས་པ་དང་ཕྱོགས་གང་གཏོགས་མཚན་ཅི་ལས་བཏགས། དོན་གང་གི་ཆེད་དུ་མཛད། དབུ་ཞབས་ཀྱི་དོན་གང་ཡིན་ཏེ་རྣམ་པ་ལྔ་ངེས་པའི་ཚུལ་གྱིས་བསྟན་བཅོས་རྣམས་དག་རུ་ཤེས་ནས་འཆད་པར་བྱ་བ་ཡིན་ནོ། །ཐུན་མོང་དུ་ནི་སྤྱི་ཡི་དོན་ཀྱིས་ཁོག་དབུབ། དཀྱུས་ཀྱི་ས་བཅད། ཚིག་གི་འབྲུ་གཉེར་པའི་སྒོ་ནས་བཤད་ཅིང་། དེར་དགོས་པ་ཤེས་པར་བྱ་བ་དང་ཚིག་ཕན་ཚུན་མཚམས་སྦྱར་བ་དང་མི་འཐད་པར་དོགས་པ་ལ་བརྒལ་བའི་ལན་སྟོན་པ་དང་། རིགས་པའི་འཐད་པ་དང་བཅས་པའི་སྒོ་ནས་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་དང་བྲལ་བར་ངེས་པའི་ཤེས་པ་ཡང་དག་པ་བསྐྱེད་པའི་ཚུལ་དུ་བཤད་པར་བྱ་བ་ནི་སྤྱིར་བཏང་ངོ་། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་སྤྱིར་འཇིག་རྟེན་ལས་འདས་པའི་ཐེག་པ་དམ་པའི་ཆོས་ཀྱི་སྒོ་ཐམས་ཅད་ཐེག་པ་རིམ་པ་དགུར་བསྡུས་ནས་དེ་དག་གི་རིམ་པ་དང་མཐུན་པར་སོ་སོའི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྒོ་ནས་དེ་དག་རེ་རེའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ཁྱད་པར་རྣམས་མ་འདྲེས་པར་འཆད་པ་དང་། ཕྱི་པ་དང་ནང་པའི་གྲུབ་པའི་མཐར་སྣ་ཚོགས་པ་སོ་སོར་དབྱེ་ཞིང་འཆད་པར་བྱ་བ་ཡིན་ནོ། །དེ་དག་ནི་རྒྱས་པར་གསང་སྔགས་ལུང་གི་བང་མཛོད་དུ་བལྟ་བར་བྱ་དགོས་ལ། མདོ་ཙམ་འདིར་བརྗོད་ན་གྲུབ་པའི་མཐའ་ཞེས་པ་ལ་ཕྱི་རོལ་པ་དང་ནང་པ་གཉིས་ལས། དང་པོ་ལ་ལྟ་བ་སུམ་བརྒྱ་དྲུག་ཅུ་དང་། འཇིག་ལྟ་རེ་གཉིས། ལོག་ལྟ་ཉི་ཤུ། ཏརྐཱ་སྡེ་ལྔ། མུ་སྟེགས་སྡེ་བཞི། རྟག་ཆད་གཉིས་ལ་སོགས་པའི་དབྱེ་སྒོ་སྣ་ཚོགས་ཡོད་ཀྱང་མདོར་བསྡུས་ན་རྟག་ཆད་གཉིས་སུ་འདུ་སྟེ། རྟག་ལྟ་བས་ནི་བདག་གམ་ཚངས་པ་དབང་ཕྱུག་སོགས་ཀྱི་ངོ་བོ་རྟག་ཅིང་ཐམས་ཅད་དེས་བྱེད་པར་འདོད་པ་དང་། ཆད་ལྟ་བས་འབྱུང་བ་བཞི་ལས་ད་ལྟའི་ཕུང་པོ་འདི་གློ་བུར་སྐྱེ་ཞིང་ཤི་ནས་རྒྱུན་ཆད་པའི་ཕྱིར། སེམས་ཅན་འཁོར་བར་ཡང་ནས་ཡང་དུ་འཁོར་བ་ནི་མེད་པར་འདོད་དོ། །དེ་ལ་གང་ཟག་གི་བདག་ནི་ཕུང་པོ་དང་གཅིག་ཐ་དད་དུ་མ་གྲུབ་པའི་རིག་པས་ཁེགས་ལ། ཚངས་དབང་ཁྱབ་འཇུག་སོགས་རྟག་པའི་སྐྱེས་བུ་འཇིག་རྟེན་ཐམས་ཅད་སྐྱེད་པའི་དོན་བྱེད་པ་དེ་ལྟ་བུ་མེད་དེ། རྟག་པ་ལ་དོན་བྱེད་པས་སྟོང་པ་དང་། དོན་བྱེད་པ་ལ་མི་རྟག་པས་ཁྱབ་པ་དང་། གཞན་ཐམས་ཅད་མི་རྟག་ལ་དེ་གཅིག་པུ་རྟག་པའི་སྒྲུབ་བྱེད་མེད་དེ་དེ་དངོས་པོར་ཡོད་པ་ལ་རྒྱུ་ལས་མ་སྐྱེས་པའི་ཡེ་ཡོད་མི་སྲིད་པའི་ཕྱིར་རོ། །ཆད་པར་སྨྲ་པའང་མི་རིགས་ཏེ། ཆོས་གང་ཡང་རྒྱུ་མེད་པར་འབྱུང་བ་མི་སྲིད་དོ། །གལ་སྟེ་འབྱུང་ན་དེ་ཉིད་རྟག་ཏུ་ཡོད་པ་འམ་མེད་པར་ཐལ་བ་དང་། རྟེན་ཅིང་འབྲེལ་འབྱུང་གི་ཆོས་ལ་རྒྱུ་ཚང་བཞིན་དུ་འབྲས་བུ་རྒྱུན་ཆད་པ་མི་སྲིད་པས། སེམས་ཅན་སྐྱེ་བའི་སེམས་ཀྱི་རྒྱུ་སྔ་མའི་སེམས་ཡིན་པ་དང་། འཆི་དུས་ཀྱི་སེམས་ལས་སྲིད་པ་ཕྱི་མའི་སེམས་འབྱུང་བ་ལ་རིག་པས་གནོད་པ་མེད་ཅིང་སྒྲུབ་བྱེད་ཡོད་པ་དང་། དེ་ལྟར་མིན་ན་ད་ལྟ་སྣང་བའི་དངོས་པོ་འདི་ཀུན་ཀྱང་རྒྱུ་འབྲས་སུ་མི་རྟེན་པས་ཐམས་ཅད་ཡོད་པ་འམ་མེད་པར་ཐལ་བ་སོགས་ཉེས་པ་མང་པོ་ཡོད་པས་ཁེགས་སོ། །ནང་པ་སངས་རྒྱས་པ་ལའང་རྒྱུ་མཚན་ཉིད་ཀྱི་ཐེག་པའི་གྲུབ་མཐའ་དང་། འབྲས་བུ་སྔགས་ཀྱི་ཐེག་པའི་གྲུབ་མཐའ་གཉིས་ལས། དང་པོ་ལ། ཉན་ཐོས་དང་། རང་རྒྱལ་དང་། བྱང་སེམས་ཀྱི་ཐེག་པ་གསུམ་དུ་ཡོད་ལ། ཉན་ཐོས་པ་དེ་ལའང་བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་གྲུབ་མཐའ་གཉིས་སུ་ཡོད་དེ། །བྱེ་བྲག་སྨྲ་བས་ནི་ཕུང་པོ་ལྔ་དང་འདུས་མ་བྱས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཤེས་བྱ་གཞི་ལྔར་བསྡུས་ནས་འདུས་བྱས་ཀྱི་ཕྱོགས་དེ་དག་ལ་སྐད་ཅིག་མ་དང་རྡུལ་ཕྲ་རབ་ཀྱི་ཆར་དབྱེ་བར་བྱས་པས། གཟུགས་ཅན་རྣམས་རྡུལ་ཕྲན་ཆ་མེད་ཀྱི་མཐའ་ཅན་དང་། ཤེས་པ་རྣམས་སྐད་ཅིག་ཆ་མེད་ཀྱི་ཕྲེང་བ་རིམ་པར་སྐྱེ་བ་ཙམ་དུ་བློས་རྟོགས་ནས་དེ་ལ་གང་ཟག་གི་བདག་མེད་ཅིང་དུ་མ་འདུས་པའི་ཆོས་ཙམ་གྱི་རང་བཞིན་ཟག་པ་དང་བཅས་པའི་ཕུང་པོ་འདི་ནི་སྐད་ཅིག་གིས་མི་རྟག་པ་དང་། སྡུག་བསྔལ་གསུམ་གྱི་རྟེན་དུ་གྱུར་པ་དང་། གང་ཟག་གི་བདག་དེས་སྟོང་པས་བདག་པོ་དང་བྱེད་པ་མེད་པར་ཤེས་པའི་སྒོ་ནས་སྡུག་བསྔལ་གྱི་བདེན་པ་རྟོགས་པ་དང་། སྡུག་བསྔལ་བའི་རང་བཞིན་ཅན་ཡི་ཕུང་པོ་འདི་བདག་ཏུ་ཆགས་བའི་རྩ་བ་ཅན་གྱི་ཉོན་མོངས་པ་དང་དེའི་དབང་གིས་ལས་སྣ་ཚོགས་བས གས་པའི་རྒྱུ་རྐྱེན་ལས་ཀུན་ཏུ་འབྱུང་ཞིང་། སྲིད་པར་ཡང་ནས་ཡང་དུ་རབ་ཏུ་སྐྱེ་བར་མཐོང་བས་ཀུན་འབྱུང་བདེན་པ་རྟོགས་པ་དང་། སྲིད་པར་སྐྱེ་བའི་རྒྱུ་ཡི་རྩ་བ་བདག་ཏུ་འཛིན་པ་ཉིད་བདག་མེད་པར་རྟོགས་པའི་ཤེས་རབ་ཀྱིས་སྤང་བའི་ལམ་དེ་ནི། ཐར་པ་མྱང་འདས་སྒྲུབ་པའི་ལམ་ཡིན་ཞིང་། །དེ་ཉིད་ཀྱི་འཁོར་བའི་འདམ་ལས་ངེས་པར་འབྱིན་ཅིང་གཏན་གྱི་ཐར་པ་ཐོབ་པ་ནི་རིགས་པ་སྟེ་མཆོག་ཏུ་གྲུབ་ཅིང་འཐད་པ་ཡིན་གྱི། བདག་མེད་པའི་ལམ་ཁོ་ན་མ་གཏོགས་དེ་སྤངས་ནས་ཐར་པའི་ལམ་གཞན་མེད་པར་མཐོང་བ་ནི་ལམ་གྱི་བདེན་པ་རྟོགས་པའོ། །ལམ་དེ་གོམ་པས་བདག་འཛིན་ཀུན་བཏག་དང་ལྷན་སྐྱེས་རྣམས་སྤངས། ཁམས་གསུམ་འཁོར་བར་སྐྱེ་བ་རྒྱུན་བཅད་པའི་འགོག་པ་ནི་འཁོར་པ་ལས་གཏན་དུ་ངེས་པར་འབྱུང་བ། ལས་ཉོན་དང་སྡུག་བསྔལ་མིང་མེད་པ་ཞི་བ་དོན་དུ་གཉེར་བྱ་དང་ཐོབ་བྱ་ཀུན་གྱི་ནང་ན་ཕུལ་དུ་བྱུང་བའི་གྱ་ནོམས་པ་ཡིན་པར་ཤེས་པས་འགོག་པའི་བདེན་པ་རྟོགས་པ་སྟེ། དེ་ལྟར་ལྟ་བའི་སྒོ་ནས་བདེན་པ་བཞི་རྟོགས་པ་ཡིན་ལ། ཆ་མེད་གཉིས་པོ་དོན་དམ་པར་གྲུབ་པར་འདོད་ཅིང་སྐྱེ་འགག་དང་ཀུན་བྱང་གི་ཆོས་ཐམས་ཅད་གཞི་མེད་པའི་སྟོང་ཉིད་དུ་མ་རྟོགས་པའི་ཆོས་བདག་མེད་པ་མ་རྟོགས་པ་ཡིན་ནོ། །དེའི་བསྒོམ་པ་ནི་དུག་གསུམ་གྱི་གཉེན་པོར་མི་སྡུག་པ་སོགས་གོམས་པར་བྱེད་ཅིང་། སྤྱོད་པ་ནི་སོ་སོར་ཐར་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་ལ་གནས་པའི་སྒོ་ནས་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པའོ། །འབྲས་བུ་ནི་གང་ཟག་ཟུང་བཞི་ཡ་བརྒྱད་དེ། གནས་སྐབས་ལམ་གྱི་འབྲས་བུ་བདུན་དང་། མཐར་ཐུག་ཁམས་གསུམ་ཀུན་ཏུ་སྦྱོར་བ་ཟད་པའི་དགྲ་བཅོམ་པ་ཐོབ་བོ། །ཉན་ཐོས་དེའི་གྲུབ་པའི་མཐའ་བདེན་བཞི་དང་གང་ཟག་གི་བདག་མེད་འདོད་པ་དང་ཆ་མེད་གཉིས་དོན་དམ་པར་གྲུབ་པར་འདོད་པ་འདྲ་ཡང་། ལྡན་མིན་འདུ་བྱེད་དང་འདུས་མ་བྱས་རྣམས་བྱེ་སྨྲ་ལྟར་རྫས་སུ་མི་འདོད་པར་བཏགས་པ་ཙམ་དུ་འདོད་པ་དང་། ཕྱི་དོན་གྱི་རྣམ་པ་ཤེས་པ་ལ་ཤར་བ་ཉིད་ཀྱི་སྒོ་ནས་ཡུལ་རིག་པ་ལས་ཕྱི་དོན་དངོས་ལྐོག་ན་མོའི་ཚུལ་དུ་འདོད་པ་སོགས་ཐ་སྙད་ཀྱི་ཚུལ་ལ་དངོས་སྟོབས་ཀྱི་རིག་པ་དང་མཐུན་པའི་ཁས་ལེན་འགའ་ཞིག་གིས་འཕགས་པ་ལས་མདོ་སྡེ་པའི་གྲུབ་མཐའ་ཞེས་ལོགས་སུ་བརྗོད་ཀྱི། ལྟ་སྒོམ་སྤྱོད་འབྲས་རྣམས་ཉན་ཐོས་དང་ཁྱད་པར་མེད་པའོ། །གཉིས་པ་རང་རྒྱལ་གྱི་ཐེག་པ་ནི། སྔོན་གྱི་ཚེ་རྣམས་སུ་བདག་མེད་པའི་ཆོས་ཐོས་ཤིང་སྨོན་ལམ་བཏབ་པའི་རྒྱུ་ལས་སྲིད་པ་ཐ་མ་བར་གྱུར་པ་ན། སྲིད་པ་ལ་སྐྱོ་བའི་སེམས་ཤུགས་ཀྱིས་སྐྱེ་ཞིང་དུར་ཁྲོད་དུ་བོར་བའི་རུས་གོང་ལྟ་བུ་ལ་བརྟགས་ནས་འདི་ནི་ཤི་བ་ཅེས་བྱ་སྟེ། འདིའི་རྒྱུ་ནི་སྐྱེ་བ་བླང་པ་ལས་སོ་ཞེས་སོགས་མ་རིག་པའི་བར་དུ་རྟེན་འབྲེལ་ལུགས་ཟློག་དུ་བརྟགས་པས་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་རྟོགས་ལ། ཡང་གང་ཟག་གི་བདག་མེད་ཀྱང་དེ་ལྟར་མ་རིགས་པ་དེ་ནི་འཁྲུལ་པའི་སྒྲོ་བཏགས་པ་ལ་འཛིན་པ་ཙམ་ལས་དོན་དུ་དེའི་གཟུང་བ་ལྟར་གྱི་གང་ཟག་གི་བདག་མེད་པར་རྟོགས་ན་འཁོར་བའི་རྒྱུ་མ་རིག་པ་དེ་འགག་པར་ཤེས་པས་ལམ་བདེན་དང་། མ་རིག་པ་འགགས་པས་རྒ་ཤིའི་བར་འགགས་པའི་རྟེན་འབྲེལ་ལུགས་བཟློག་ལ་བསམ་པས་འགོག་བདེན་རྟོགས་པ་དང་། ནང་གི་སེམས་སྐད་ཅིག་མའི་ཕྲེང་བའི་རྟེན་འབྲེལ་གྱི་དབང་ལས་ཕྱི་རོལ་གྱི་དོན་རྣམས་རྨི་ལམ་གྱི་སྣང་བ་བཞིན་དུ་སྣང་བར་ཟད་ཀྱི་དོན་ལ་ཕྱི་དོན་དུ་གྲུབ་པའི་རྡུལ་ཕྲན་ཆ་མེད་ཀྱང་མ་གྲུབ་པར་ནང་གི་སེམས་སྐད་ཅིག་ཆ་མེད་ཙམ་བདེན་གྲུབ་ཏུ་ཁས་ལེན་པ་ཡིན་པས་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ལས་གཟུང་བ་གཟུགས་ཀྱི་ཕྱོགས་བདེན་མེད་དུ་ཤེས་པའི་བདག་མེད་ཕྱེད་གཉིས་རྟོགས་པའི་ལྟ་བ་ཅན་ནོ། །སྒོམ་པ་ནི་བསམ་གཏན་བཞི་པ་ལ་བརྟེན་ཏེ་སྦྱོར་ལམ་དྲོད་ནས་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱི་བར་དུ་སྟན་གཅིག་གི་སྟེང་དུ་རྒྱུད་ལ་བསྐྱེད་ནུས་པ་སྟེ། རྟེན་འབྲེལ་ལུགས་ཟློག་གི་གནད་ལ་ངེས་པ་འདྲོང་བའི་ཚུལ་གྱིས་སོ། །སྤྱོད་པ་ནི་སྒྲ་མེད་པར་ལུས་ཀྱི་བརྡས་ཆོས་སྟོན་ཅིང་རྫུ་འཕྲུལ་ཡ་མ་ཟུང་གིས་སེམས་ཅན་ལ་ཕན་འདོགས་པའོ། །འབྲས་བུ་ནི་ཡིད་བཞིན་བདེ་བ་མཆོག་གི་ས་ཞེས་རང་རྒྱལ་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ནི། བདག་མེད་གཉིས་ཀ་རྟོགས་པའི་མཁྱེན་པ་དང་། སེམས་ཅན་གྱི་ཁམས་མཐའ་དག་མི་འདོར་བའི་སྙིང་རྗེ་ཆེན་པོས་རྫོགས་སྨིན་སྦྱང་པ་མཐའ་རུ་ཕྱིན་ནས་སངས་རྒྱས་བསྒྲུབ་པར་བྱེད་པ་ཡིན་ལ། དེ་ལ་ཐེག་ཆེན་གྱི་མདོ་སྡེ་ཟབ་པ་དང་རྒྱ་ཆེ་བའི་དགོངས་པའི་ཕྱོགས་འགྲེལ་ལུགས་ཀྱི་སློབ་དཔོན་དག་གི་རྗེས་སུ་འབྲང་བའི་དབུ་མ་དང་སེམས་ཙམ་པ་གཉིས་སུ་ཡོད་དོ། །སེམས་ཙམ་པས་ནི་གཉིས་སྟོང་གི་རྣམ་ཤེས་གསལ་རིག་ཙམ་དོན་དམ་པ་ཡོངས་སུ་གྲུབ་ལ། རྣམ་ཤེས་དེ་ལ་དག་པ་དང་མ་དག་པའི་བག་ཆགས་བཞགས་པའི་རྟེན་འབྲེལ་གྱི་གཞན་དབང་གིས་སྣང་བ་སྣ་ཚོགས་སྣང་ཞིང་དེ་ལྟར་གཉིས་སུ་སྣང་ཞིང་གཉིས་སུ་གྲུབ་པར་འཛིན་པའི་ཀུན་བཏགས་ཅན་གྱི་ངར་བདག་གཉིས་སུ་གྲུབ་པར་འཛིན་ཀྱང་། དོན་ལ་གཟུང་འཛིན་གང་ཡང་མེད་པས་བདག་གཉིས་ཀྱིས་སྟོང་པའི་ཆོས་དབྱིངས་དེ་ནི་རྣམ་ཤེས་དེ་ལ་ཆོས་ཉིད་ཀྱི་ཚུལ་དུ་ཡོད་པས་གཟུང་འཛིན་མེད་པའི་ཤེས་པ་དེ་ཉིད་གནས་ལུགས་སུ་བྱས་ནས་གྲུབ་མཐའ་འཇོག་པ་དང་། དེ་ལའང་རྣམ་པ་འདི་དག་ཐ་སྙད་དུ་ཤེས་པའི་རང་བཞིན་དུ་བདེན་པ་རྣམ་བདེན་པ་དང་། མི་བདེན་པ་མེད་པ་གསལ་སྣང་ཙམ་དུ་འདོད་པ་རྣམ་རྫུན་པ་སྟེ། ཐ་སྙད་ཁས་ལེན་ཚུལ་གྱིས་གྲུབ་མཐའ་གཉིས་སུ་ཡོད་ལ། རྣམ་བདེན་པ་ལའང་སྒོ་ང་ཕྱེད་ཚལ་བ་སོགས་ནང་གསེས་གསུམ་ཡོད་དོ། །སེམས་ཙམ་པའི་སྒོམ་སྤྱོད་འབྲས་བུ་ནི་ཐེག་པ་ཆེན་པོ་པ་ཡིན་ཕྱིར་དབུ་མ་དང་འདྲའོ། །དབུ་མ་པས་ནི་གཟུང་འཛིན་མེད་པའི་རྣམ་ཤེས་ཙམ་ཀྱང་བདེན་གྲུབ་ཏུ་མི་འདོད་དེ། ཤེས་བྱའི་ཆོས་གང་ལའང་བདེན་པར་གྲུབ་པ་རྡུལ་ཙམ་མེད་པའི་སྟོང་པ་དང་རྟེན་འབྱུང་གི་སྣང་པ་ཟུང་དུ་ཞུགས་པའི་ཆོས་ཀྱི་དབྱིངས་ཟབ་མོ་ལྟ་བས་རྟོགས་པར་བྱེད་པའོ། །འདི་ལའང་གནས་ལུགས་གཞལ་ཚུལ་ལ་བློའི་རྩལ་ཆེ་ཆུང་གིས་སྒྱུ་མ་འདི་ལ་སྒྱུ་མ་རིག་གྲུབ་པའང་ཟེར་མཆན་ལྟར་གཉིས་སུ་མེད་པ་དང་། རབ་ཏུ་མི་གནས་པ་གཉིས། དང་པོའི་འདོད་པ་ནི་འདི་ལྟར་སྣང་བའི་ཀུན་རྫོབ་འདི་དག་བརྟགས་ན་མ་གྲུབ་པའི་ཕྱིར་སྣང་ཡང་མི་བདེན་པ་སྒྱུ་མ་ལྟ་བུ་ཡིན་ཏེ། དེས་ན་སྣང་སྟོང་གཉིས་མེད་སྒྱུ་མ་ལྟ་བུ་འདི་ཆོས་ཀྱི་གནས་ལུགས་ཡིན་པས་གཞི་ལམ་འབྲས་བུའི་སྐབས་ཐམས་ཅད་སྒྱུ་མ་ལྟ་བུ་འོ་ཞེས་འདོད་དེ། འདི་དག་གི་ལུགས་པ་ཀུན་རྫོབ་ལ་ཡང་ལོག་དང་དོན་དམ་ལ་རྣམ་གྲངས་ཡིན་མིན་གཉིས་སུ་འབྱེད་དོ། །འདི་ནི་ཐེག་པ་ཆེན་པོ་དབུ་མའི་ལུགས་ཀྱི་རྗེས་ཀྱི་ངེས་པ་ཙམ་ལས་སྤྲོས་བྲལ་ཇི་བཞིན་དུ་གཏན་ལ་མ་ཕེབ་པའོ། །གཉིས་པ་རབ་ཏུ་མི་གནས་པ་ལ་འང་། སྟོང་པ་རབ་ཏུ་མི་གནས་པ། རྒྱུན་ཆད་རབ་ཏུ་མི་གནས་པ། བཏང་སྙོམས་རབ་ཏུ་མི་གནས་པ། ཟུང་འཇུག་རབ་ཏུ་མི་གནས་པ་བཞི་ལས། དང་པོ་ནི་ཀུན་རྫོབ་དོན་དམ་ཐ་དད་དེ། །སྣང་བ་ཀུན་རྫོབ་ནི་འདི་ལྟར་སྣང་ཡང་འཁྲུལ་པས་བཏགས་པ་སྟེ་དཔྱད་ན་མི་བདེན་པའི་ཕྱིར་དོན་དུ་མེད་ལ། ཀུན་རྫོབ་མེད་པའི་སྟོང་པ་ནི་གནས་ལུགས་སོ་སྙམ་དུ་སྟོང་པ་ཕྱང་ཆད་པ་ཞིག་གནས་ལུགས་སུ་འདོད་པའོ། །འདི་ནི་སྣང་བ་ཉིད་ཡེ་ནས་སྟོང་བཞིན་དུ་སྣང་བའི་སྟོང་ཉིད་མཐའ་བྲལ་མ་ཤེས་པར་ཀུན་རྫོབ་བཀག་པའི་སྟོང་རྐྱང་ལ་སྟོང་པར་འཛིན་པ་མཐར་འཛིན་དུ་ལྷུང་བའོ། །རྒྱུན་ཆད་རབ་ཏུ་མི་གནས་པ་ནི་དོན་སྟོང་པ་འདོད་ལུགས་སྔ་མ་དང་ཕྱོགས་འདྲ། རྣམ་རྟོག་ཡོད་ཀྱི་རིང་ལ་ཚོགས་བསགས་པའང་ཡོད། དེའི་འབྲས་བུ་ཡེ་ཤེས་སྐྱེ་བའང་ཡོད་ལ། མཐར་རྣམ་རྟོག་ཟད་ནས་ཡེ་ཤེས་ཀྱང་རྒྱུན་ཆད་པར་འདོད་པའོ། །འདིས་ཀྱང་གཞི་ལམ་འབྲས་བའི་གནས་སྐབས་ཐམས་ཅད་དུ་སྣང་སྟོང་གཉིས་པོ་ཡེ་ནས་འདུ་འབྲལ་མི་སྲིད་པའི་ཆོས་དབྱིངས་མཐའ་འབྲལ་གྱི་གནས་ལུགས་མ་རྟོགས་པའོ། །བཏང་སྙོམས་རབ་ཏུ་མི་གནས་པ་ནི་ཡོད་པ་དང་མེད་པ་སོགས་ཇི་ལྟར་ཁས་བླང་ཀྱང་སྒྲོ་བཏགས་པ་ལས་མ་འདས་ལ། སྒྲོ་འདོགས་དེ་ནི་དཔྱད་ན་མ་གྲུབ་པས་འདི་ཞེས་ཁས་ལེན་པ་གང་ཡང་མེད་པའི་ལྟ་བ་འཛིན་པའོ། །སྤྱིར་གནས་ལུགས་ནི་སྨྲ་བསམ་བརྗོད་པ་ལས་འདས་པའི་ཁས་ལེན་དང་བྲལ་བ་ནི་བདེན་མོད་ཀྱི་གང་དུ་ཁས་བླང་ཀྱང་རིག་པས་སུན་ཕྱུང་ནུས་པ་ཙམ་ཞིག་ལ་བརྟེན་ནས་ཁས་ལེན་དང་དམིགས་པ་ཐམས་ཅད་བཏང་སྙོམས་སུ་བཞག་པ་ཙམ་གྱིས་གནས་ལུགས་ཇི་བཞིན་པ་གཏན་ལ་ཕེབ་པ་མ་ཡིན་ནོ། །བཞི་པ་ཟུང་འཇུག་རབ་ཏུ་མི་གནས་པས་ནི། སྣང་སྟོང་ངོ་བོ་ཉིད་ཀྱིས་འདུ་འབྲལ་མེད་པའི་ཆོས་དབྱིངས་སྤྲོས་པའི་དྲ་བ་ཀུན་གྱིས་དབེན་པ་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་བདེན་པ་གཉིས་དབྱེར་མེད་པའི་གནས་ལུགས་ཟབ་མོ་དེའི་ངང་དུ་ཆོས་ཀུན་རོ་མཉམ་པར་གྱུར་པས་ཀུན་རྫོབ་དང་དོན་དམ་གཉིས་སུ་ཡང་བཞག་པ་མེད་ལ། ཐ་སྙད་དུ་ནི་ཇི་ལྟར་སྣང་བ་རྣམ་ལ་བརྟགས་དཔྱད་མེད་པར། འཇིག་རྟེན་ན་སྣང་བ་ལྟར་ཁས་ལེན་པ་ཀུན་རྫོབ་དང་དེའི་རང་བཞིན་ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་པ་དོན་དམ་བདེན་པ་ཞེས་བྱ་སྟེ། མདོར་ན་དེང་སང་དབུ་མ་ཐལ་འགྱུར་པ་ཞེས་ཡོངས་སུ་གྲགས་པའི་ལུགས་ཉིད་དོ། །འདི་ནི་རྒྱལ་བའི་ཡུམ་ནས་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཆོས་ཀྱི་དབྱིངས་ཀྱི་དགོངས་པ་ཇི་བཞིན་པ་གཏན་ལ་ཕབ་པའི་ཕྱིར་རྒྱུ་ཡི་ཐེག་པའི་ལྟ་བ་མཐར་ཐུག་པའོ། །ཐེག་པ་ཆེན་པོ་པ་འདི་དག་གིས་ལྟ་བ་བདག་གཉིས་དང་བྲལ་བའི་ཆོས་ཀྱི་དབྱིངས་ལ་དམིགས་ནས། སྒོམ་པ་ཐེག་པ་ཆེན་པོའི་ལུགས་ཀྱི་བྱང་ཕྱོགས་སོ་བདུན་དང་། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་སྤྱད་པས། འབྲས་བུ་རྫོགས་པའི་སངས་རྒྱས་སུ་འགྲུབ་པར་འདོད་པ་ཡིན་ནོ། །འདི་དག་གི་ཚུལ་རྒྱས་པ་ནི་གསང་སྔགས་ལུང་གི་བང་མཛོད་དུ་ལྟ་བར་བྱའོ། །དེ་ཡན་ཆད་ཀྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པའི་གྲུབ་མཐའ་བཤད་ཟིན་ནས། གཉིས་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ལ། སྔགས་ཕྱི་པ་དང་། ནང་པ་བླ་ན་མེད་པ་གཉིས་ལས། དང་པོ་ལ་བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་གྱི་རྒྱུད་གསུམ་དུ་ཡོད་ལ། དེའི་དང་པོ་བྱ་རྒྱུད་པ་ནི་གཞུང་ཀྲི་ཡ་སྟེ་དྲུག་ཏུ་གྲགས་པ་ལ་སོགས་པའི་དགོངས་པ་གཙོ་བོར་བཟུང་ནས་དངོས་གྲུབ་བསྒྲུབ་པ་སྟེ། དེ་ལ་ཀྲི་ཡ་སྡེ་དྲུག་ནི། དབུའི་གཙུག་ཏོར་ནས་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྒྱུད། ལྗགས་ལས་ཁྲོ་བོ་པདྨ་འཁྱིལ་པའི་རྒྱུད། ཐུགས་ཀ་ནས་རིག་པ་མཆོག་གི་རྒྱུད། དཔུང་པ་ནས་རྡོ་རྗེ་དཔུང་བཟང་གི་རྒྱུད། ལྟེ་བ་ནས་ལེགས་གྲུབ་ཀྱི་རྒྱུད། ཕྱག་ལས་དཔལ་མཆོག་དང་པོ། ཞབས་འོག་ནས་བསམ་གཏན་ཕྱི་མ་དང་གཤིན་རྗེ་ནག་པོའི་རྒྱུད་དེ་བདུན་བྱུང་བ་དང་། རྒྱུད་ལས་བྱུང་བའི་སྒྲུབ་ཐབས་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་ཡོད་ལ། དེ་དག་འཇིག་རྟེན་ལས་འདས་པ་ཐམས་ཅད་དེ་བཞིན་གཤེགས་པ་དང་པདྨ་དང་རྡོ་རྗེའི་རིགས་གསུམ་གྱིས་བསྡུས་ལ། དེ་རེ་རེ་ལའང་རིགས་ཀྱི་བདག་པོའི་གཙུག་ཏོར་སྟེ་རྣམ་སྣང་ལ་སོགས་པ་རིགས་དེའི་སངས་རྒྱས་དང་། དེའི་ཡུམ་སྤྱན་མ་སོགས་ཀྱི་དཀྱིལ་འཁོར། འཇམ་དཔལ་ལ་སོགས་པ་རིགས་ཀྱི་སེམས་དཔའ་དང་སེམས་མ། གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་ཁྲོ་མོ་དང་དེ་དག་གི་བཀའ་ཉན་ཕོ་མོའི་སྒྲུབ་ཐབས་རྣམས་སུ་ཡོད་ཅིང་། འཇིག་རྟེན་པའི་རིགས་ལ་ནོར་ཅན་དང་། ལྔས་རྩེན་དང་། འཇིག་རྟེན་པའི་རིགས་གསུམ་ཏེ་བྱ་རྒྱུད་རིགས་དྲུག་གི་དཀྱིལ་འཁོར་ཞེས་བཤད་དོ། །དེ་ལ་ཀྲི་ཡ་པའི་ལྟ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་སྟོང་པ་ཉིད་མཐའ་བཞི་དང་བྲལ་བ་ལས། ཀུན་རྫོབ་དུ་ཡོངས་སུ་དག་པའི་ལྷ་དེ་དང་བདག་གཉིས་རྗེ་ཁོལ་གྱི་ཚུལ་གྱི་བྱིན་གྱིས་བརླབས་པའི་ལྷ་དེའི་སྐུ་གསུང་ཐུགས་ཀྱི་མཚན་མ་མངོན་དུ་བྱས་པའི་ཐབས་ལ་བརྟེན་ན་མྱུར་དུ་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་འགྲུབ་པའི་ཚུལ་ལ་ངེས་པ་བརྟན་པོར་གྱུར་པ་ཡིན་ཏེ། དེའི་ཕྱི་དག་པ་གསུམ་གྱི་སྒོ་ནས་འཇུག་པ་ཞེས་བྱའོ། །སྒོམ་པ་ནི་སྟོང་པ་ཡི་གེ་སྒྲ་གཟུགས་ལ་སོགས་པ་ཀྲི་ཡ་ལྷ་དྲུག་ཏུ་གྲགས་པའི་ཚུལ་གྱིས་གཙོ་བོར་ཡེ་ཤེས་པ་ལ་དམིགས་ནས་སྔགས་བཟླས་པས་ཐུགས་དམ་བསྐུལ་ཞིང་མཉེས་པའི་ཐབས་ལ་འཇུག་པའོ། །སྤྱོད་བ་ནི་ཁྲུས་གསུམ་དང་གཙང་སྦྲ་གསུམ་སྤྱོད་ཅིང་སྦྱིན་སྲེག་དང་མཆོད་པ་སོགས་སྔགས་འགྲུབ་བྱེད་ཀྱི་ཆོ་གའི་ཡན་ལག་རྣམས་ལ་བརྩོན་པ་ལྷུར་ལེན་པའོ། །འབྲས་བུ་ནི་གནས་སྐབས་སུ་ལུས་དང་རྫས་དང་ལོངས་སྤྱོད་ལས་བྱུང་བའི་ཐུན་མོང་གི་གྲུབ་པ་ཆེ་ཆུང་དང་། མཐར་ཐུག་མི་ཚེ་བཅུ་དྲུག་ན་རིགས་གསུམ་གྱི་སངས་རྒྱས་དེ་དང་གི་གོ་འཕང་ཐོབ་པའོ། །ཨུ་པ་ཡ་ནི་གཞུང་ཨུ་པ་སྡེ་བཞིར་གྲགས་པ་ལྟ་བུ་སོགས་བཀའ་དང་དེའི་དགོངས་འགྲེལ་གྱི་ལུང་ལ་བརྟེན་ནས། ཆོས་དབྱིངས་རིག་པའི་ཡེ་ཤེས་ཀྱི་བྱིན་རླབས་རིགས་བཞིའི་ལྷའི་མཚན་མ་ལ་བདག་མདུན་སྤུན་གྲོགས་ཀྱི་ཚུལ་དུ་བསྒོམ་པས་དངོས་གྲུབ་བསྒྲུབ་པར་འདོད་པ་སྟེ། དེ་ཡང་ཨུ་པ་སྡེ་བཞི་ནི། རྣམ་སྣང་མངོན་བྱང་གི་རྒྱུད། མེ་དཔུང་འབར་བའི་རྒྱུད། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། རྣམ་པར་མི་རྟོག་པའི་ཏནྟྲ་དང་བཞི་ཞེས་གསུངས་སོ། །ཨུ་པ་ཡ་ཞེས་གྲགས་པ་སྤྱོད་རྒྱུད་པའི་ལྟ་བ་ནི་ཆོས་ཀྱི་དབྱིངས་མཐའ་ཐམས་ཅད་དང་བྲལ་བ་དང་གཉིས་སུ་མེད་པ་རིག་པ་ཡེ་ཤེས་ཀྱི་བྱིན་རླབས་རྣམ་སྣང་སོགས་རིགས་བཞིའི་ལྷར་ཤར་བ་ཉིད་སྤུན་གྲོགས་ཀྱི་ཚུལ་དུ་དམིགས་ནས་དངོས་གྲུབ་ནོད་པ་ལ་ཡོད་ཆེས་ཐོབ་པའོ། །སྒོམ་པ་ནི་མངོན་བྱང་ལྔའི་ཚུལ་གྱིས་བསྐྱེད་བཟླས་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་རྣམ་པར་འཕྲུལ་པའོ། །སྤྱོད་པ་ནི་ཕྱིའི་ཁྲུས་དང་གཙང་སྦྲ་སོགས་གྲོགས་ཙམ་ལས་ནང་གི་ཏིང་ངེ་འཛིན་ཉིད་གཙོ་བོར་འཛིན་པའོ། །འབྲས་བུ་གནས་སྐབས་སུ་མངོན་ཤེས་སོགས་ཐུན་མོང་གི་གྲུབ་པ་དང་། མཐར་ཐུག་མི་ཚེ་ལྔ་ན་རིགས་བཞིའི་སངས་རྒྱས་སུ་འགྲུབ་པའོ། །འདི་དག་བྱ་བ་དང་རྣལ་འབྱོར་ཆ་མཉམ་པའི་ཚུལ་གྱི་གཉིས་ཀའི་རྒྱུད་ཅེས་ཀྱང་བྱའོ། །རྣམ་འབྱོར་རྒྱུད་ཉམས་སུ་ལེན་པ་ཡོ་ག་པས་ནི། དེ་ཉིད་བསྡུད་པ་སོགས་ལུང་གི་རྒྱུད་བཞིར་གྲགས་པ་ལྟ་བུའི་བཀའ་དང་དེའི་བསྟན་བཅོས་ཀྱི་རིམ་པ་ལ་བརྟེན་ནས་དོན་དམ་མཐའ་བྲལ་གྱི་དབྱིངས་སུ་ཆོས་ཐམས་ཅད་མཉམ་པར་གྱུར་ཀྱང་ཀུན་རྫོབ་བསླུ་བ་མེད་པའི་སྣང་ཚུལ་དུ་བདག་དམ་ཚིག་པ་ལ་འོག་མིན་ནས་རིགས་ལྔས་བསྡུས་པའི་ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ནས་ཇི་སྲིད་མ་ཀྲོལ་གྱི་བར་དུ་གཉིས་སུ་མེད་པར་གྱུར་པའི་ཚུལ་གྱིས་བཟླས་སྒོམ་ལ་བརྟེན་ནས་དངོས་གྲུབ་མྱུར་དུ་སྒྲུབ་པའོ། །དེ་ཡང་འདི་པའི་ལྟ་བ་ནི་ཡོངས་སུ་དག་པའི་ལྷ་ཉིད་དང་གཉིས་སུ་མེད་པར་བསྲེ་བའི་རྣལ་འབྱོར་གྱི་མཐུས་དངོས་གྲུབ་ཐོབ་པ་ལ་བསླུ་བ་མེད་པའི་ཡིད་ཆེས་དང་ལྔན་པའོ། །བསྒོམ་པ་ནི་སྐུ་གསུང་ཐུགས་མཛད་པ་དང་བཅས་པའི་ཚུལ་གྱིས་རྒྱས་བཏབ་པའི་ཕྱག་ཆེན་དང་ཆོས་དང་དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་སྟེ་ཕྱག་རྒྱ་བཞིའི་ཚུལ་གྱིས་བསྒྲུབ་པའོ། །སྤྱོད་པ་ནི་ཕྱིའི་ཀུན་སྤྱོད་ལ་མི་ལྟོས་པར་ནང་གི་ཏིང་འཛིན་ཟབ་མོ་ཁོ་ནས་དངོས་གྲུབ་སྒྲུབ་པ་གཙོ་བོར་བྱེད་པའོ། །འབྲས་བུ་ནི་གནས་སྐབས་ཐུན་མོང་གི་དངོས་གྲུབ་དང་མཐར་ཐུག་མི་ཚེ་གསུམ་ན་རིགས་ལྔའི་སངས་རྒྱས་སུ་འགྲུབ་པ་ཡིན་ནོ། །འདི་ཐམས་ཅད་ཡོངས་སུ་དག་པའི་ལྷའི་སྐུ་གསུང་ཐུགས་ཀྱི་མཚན་མ་ལམ་དུ་བྱེད་པའི་ཐབས་ཇེ་ཟབ་ཏུ་སོང་བས་མཐར་འབྲས་ལ་ཇེ་ཉེར་གྱུར་པས་ན་རྒྱུའི་ཐེག་པ་ལས་ཆེར་འཕགས་ཀྱང་། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིག་ཡོངས་སུ་དག་པ་ལྷའི་ངོ་བོ་ཉིད་དུ་ཡེ་ནས་སངས་རྒྱས་པའི་དོན་མ་རྟོགས་པས། སྔགས་ནང་པ་ལྟར་བདེ་མྱུར་དུ་ཚེ་གཅིག་གིས་འཚང་རྒྱ་ནུས་པ་མ་ཡིན་ནོ། །གཉིས་པ་སྔགས་ནང་པ་བླ་ན་མེད་པའི་གྲུབ་མཐའ་བཤད་པ་ཁྱད་པར་འཕགས་ཆོས་བཤད་པ་དང་། ཁྱད་པར་དེ་ལྔན་གྱི་སྔགས་ནང་པའི་གྲུབ་མཐའ་བཤད་པའོ། །དང་པོ། འདི་ལྟར་རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་། དེར་མ་ཟད་སྔགས་ཕྱི་པ་དང་བཅས་པ་ནི་རིང་པའི་ལམ་ཡིན་ལ། སྔགས་བླ་མེད་ནི་ཉེ་ལམ་དང་འབྲས་བུའི་ཐེག་པ་མཚན་ཉིད་པ་ཡིན་ཞིང་འདི་ལས་གོང་དུ་གྱུར་པའི་ཐེག་པ་མེད་དེ། ཐེག་པ་གཞན་རྣམས་གདུལ་བྱའི་བསམ་པ་ལ་ལྟོས་ནས་དྲང་བའི་ཐབས་སུ་བསྟན་ལ། འདི་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གཟིགས་པ་ཇི་ལྟ་བ་བཞིན་དུ་ངེས་པའི་དོན་མཐར་ཐུག་པ་བསྟན་པ་ཡིན་པའི་ཕྱིར་རོ། །དེས་ན་ཐེག་པ་འོག་མ་ཀུན་ལས་བླ་ན་མེད་པའི་ཐེག་པ་འདི་ཉིད་ཐབས་དང་ཤེས་རབ་ཀྱི་སྒོ་ནས་ཆེར་འཕགས་པའི་ཚུལ་དེ་དག་འདིའི་མཚན་གྱི་རྣམ་གྲངས་ལྔས་བསྟན་པའི་དོན་བཞིན་དུ་ཤེས་པར་བྱ་སྟེ། གང་ཞེ་ན། གསང་སྔགས་ཀྱི་ཐེག་པ་དང་། ཐབས་ཀྱི་ཐེག་པ་དང་། རྡོ་རྗེའི་ཐེག་པ་དང་། འབྲས་བུའི་ཐེག་པ་དང་། མི་མཉམ་པར་དང་མཉམ་པའི་ཐེག་པ་ཞེས་བྱ་བའི་མིང་ལྔས་བསྟན་ཏོ། །དེ་ལ་གསང་བ་ཞེས་པ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཟབ་མོ་གང་ཞིག་ཡེ་ནས་ཆོས་ཀུན་གྱི་རང་བཞིན་དུ་གནས་ཀྱང་འཁྲུལ་པའི་བློ་ཅན་རྣམས་ལ་ཡེ་གསང་ཐབས་ཀྱི་ཆོད་པའི་གབ་པ་དང་། ཐེག་པ་འོག་མ་རྣམས་སུ་གདུལ་བྱ་དམན་པ་ལ་དེ་ཉིད་ཇི་བཞིན་པར་མ་གསུང་པས་སྦས་པའི་གསང་བ་ཉིད་དུ་མཛད་པ་དེའི་དབང་གིས་གདུལ་བྱ་ཐུན་མོང་པའི་སྤྱོད་ཡུལ་དུ་མ་གྱུར་པ་ཡིན་ལ་སྔགས་ཞེས་པ་དེ་ལྟ་བུའི་གསང་བ་གསུམ་གྱི་དཀྱིལ་འཁོར་དེ་ཉིད་བསྒྲུབ་པར་བྱེད་པ་ལ་གབ་སྤས་མེད་པར་ཡེ་ཇི་བཞིན་པའི་དོན་བསྟན་པས་ཤེས་རབ་མ་རྨོངས་པ་དང་སྒྲུབ་བྱེད་ཀྱི་ཐབས་མཆོག་ཏུ་གྱུར་པ་ཡོད་པའི་ཕྱིར་སྔགས་བླ་མེད་ཀྱི་ལམ་འདིས་ནི་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་ཕྱིར་ལམ་གཞན་ཀུན་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ན་དེ་སྐད་ཅེས་གསུངས་སོ། །ཐབས་ཀྱི་ཐེག་པ་ཞེས་པ་ནི། ཐབས་ཆེ་བ་དང་། ཐབས་སླ་པ་དང་། ཐབས་མང་བ་དང་། ཐབས་མྱུར་བ་བཞི་དང་ལྡན་པ་སྟེ། དེ་ཡང་ལམ་འདིའི་གནད་དང་ལྡན་ན་ཀུན་བྱུང་གི་ཆོས་ཀུན་སྤང་བླང་མེད་པར་སྤྱོད་ཀྱང་སྒྲིབ་པར་མི་འགྱུར་བར་མ་ཟད་ཚོགས་ཆེན་པོ་རྫོགས་པར་འགྱུར་བའི་ཕྱིར་ཐབས་ཆེ་ཞེས་བྱ་སྟེ་ལམ་གཞན་ན་དེ་ལྟ་བུའི་ཐབས་མེད་དོ། །དེ་བཞིན་དུ་དཀའ་ཐུབ་དང་སྡོམ་པ་དྲག་པོས་གཟིར་མི་དགོས་པར་འདོད་པའི་ཡོན་ཏན་ལྔ་ལ་ཇི་བདེ་བར་སྤྱོད་བཞིན་དུ་དེ་ཉིད་ཀྱིས་གྲོལ་བ་ཉིད་དུ་བྱེད་པའི་ཕྱིར་ཐབས་སླ་བ་ཞེས་བྱའོ། །སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་ཆགས་སྡང་ལ་སོགས་པ་ཉོན་མོངས་པ་མཐའ་ཡས་པ་རྣམས་གཉེན་པོ་གཞན་གྱིས་བཀག་མི་དགོས་པར་ཉོན་མོངས་པ་དེ་ཉིད་ཀྱི་སྒོ་ནས་གྲོལ་བ་སྟེར་བའི་ཐབས་དུ་མ་ཡོད་པའི་ཕྱིར་ཐབས་མང་བའོ། །ཐབས་མྱུར་བ་ནི་རྒྱུ་མཚན་བཞིའི་སྒོ་ནས་ཏེ། གང་ཞེ་ན། ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་བག་ཆགས་མ་ལུས་པ་མྱུར་དུ་ལྡོག་པ་མ་བྱེད་པ་ནི། འདི་ལྟར་སྣང་བ་ལྟར་ཤེས་ཏེ་ཆོས་ཀུན་སྤང་བླང་མེད་པར་སྦྱར་པས་གཟུང་འཛིན་གྱི་རྟོག་པ་རང་ས་ལྡོག་པའི་ཕྱིར་དང་། རྣམ་པར་སྨིན་པ་ལས་ལྡོག་པ་ནི་ལྟ་སྤྱོད་ཕུལ་དུ་ཕྱིན་པའི་སྒོ་ནས་རྣམ་སྨིན་གྱི་ལུས་འདི་ཉིད་མ་བོར་བར་སངས་རྒྱས་ཀྱི་ས་ལ་སྤྱོད་ནུས་པའི་ཕྱིར་དང་། བསོད་ནམས་ཆེན་པོ་སྐྱེད་པ་ནི། སྣང་བ་ལྷའི་དཀྱིལ་འཁོར་དུ་ལྟ་ཞིང་མཉམ་པ་བཞིའི་དག་པ་དང་མ་བྲལ་བས། ཇི་ལྟར་སྤྱད་ཀྱང་ཚོགས་ཆེན་པོ་རྫོགས་པར་འགྱུར་བའི་ཕྱིར་དང་། ཆོས་རང་བཞིན་མེད་པ་ལ་ངང་གིས་འཇུག་པ་ནི། ཆོས་ཉིད་ཅི་ཡང་མ་ཡིན་པའི་གནད་ཀྱིས་ཅིར་ཡང་འཆར་དུ་རུང་བས་ན་ཏིང་ངེ་འཛིན་གྱི་ཇི་ལྟར་དམིགས་པ་བཞིན་དུ་འགྲུབ་པས་ཅི་ཡང་མིན་པའི་ཆོས་ཉིད་མངོན་དུ་རིག་པར་འགྱུར་བ་པའི་ཕྱིར་ཏེ་དེ་ལྟར་རྒྱུ་མཚན་བཞིའོ། །རྡོ་རྗེའི་ཐེག་པ་ཞེས་པའི་དོན་ནི། མཚན་ཉིད་པ་ལྟར་ཀུན་རྫོབ་སྒྱུ་མའི་ཆོས་ལ་བླང་དོར་དུ་སྤྱོད་པ་མ་ཡིན་གྱི། ཀུན་རྫོབ་དོན་དམ་དབྱེར་མེད་པར་སྤྱོད་ཅིང་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སྦྱོར་བས་ཡེ་ནས་བླང་དོར་མེད་པར་སངས་རྒྱས་པའི་བདག་ཉིད་རྡོ་རྗེ་ལྟ་བུ་དབྱེར་མི་ཕྱེད་པའི་དོན་དང་ལྡན་པའི་ཐེག་པ་ལ་རྡོ་རྗེའི་ཐེག་པ་ཞེས་བརྗོད་པ་ཡིན་ནོ། །འབྲས་བུའི་ཐེག་པ་ནི་ཐེག་པ་གཞན་ནས་རང་གི་ལམ་དེ་ཉིད་ཉམས་སུ་བླང་བའི་མཐུས་སྐྱེ་བ་གཞན་ན་འབྲས་བུ་ཆོས་སྐུ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་བདག་ཉིད་ཅན་དུ་གྲགས་པ་དེ་གདོད་ཐོབ་བྱར་འདོད་ལ། འདིར་གཞན་ཉིད་ནས་འབྲས་བུའི་ངོ་བོར་གནས་ཤིང་འབྲས་བུ་དེ་ཉིད་ད་ལྟ་ནས་ལམ་དུ་བྱེད་པའི་ཕྱིར་དེ་སྐད་དུ་བརྗོད་པའོ། །མི་མཉམ་པ་དང་མཉམ་པའི་ཐེག་པ་གང་ཞེ་ན། གང་དང་ཡང་མི་མཉམ་པ་ནི་མཐར་ཐུག་འབྲས་བུའི་སྐུ་བརྙེས་པ་དུས་གསུམ་གྱི་སངས་རྒྱས་རྣམས་ཏེ། གསང་སྔགས་འཛིན་པ་ནི་དེ་དག་གི་དགོངས་སྤྱོད་དང་མཉམ་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལྟར་ཁྱད་པར་འཕགས་པ་དེ་ཡི་ཕྱིར་ན་ཡེ་ཤེས་འཆར་ལུགས་གསུམ་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་བ་གསུམ་གྱི་ཡེ་ཤེས་འཆར་ལུགས་ཡེ་ཤེས་ཆེན་པོ་རྒྱབ་ནས་འཆར་བ་ཞེས་བྱ་སྟེ། ཇི་ལྟར་ན་ཆུ་རྙོགས་པ་དྭངས་པ་ལས་གཟུགས་བརྙན་འཆར་བ་ལྟར་རྣམ་པར་མི་རྟོག་པ་ལ་ཡུན་རིང་གནས་པར་བྱས་པས་རིམ་གྱིས་ཉོན་མོངས་པའི་རྣམ་རྟོག་སྙིགས་མ་དངས་ནས་ས་བཅུའི་མཐར་ཀུན་དུ་འོད་ཀྱི་ས་ལ་སངས་རྒྱས་ནས་ཐམས་ཅད་མཁྱེན་པར་འདོད་པ་ནི། ཡེ་ཤེས་དེ་ལྟ་བུ་བསྐལ་པ་གྲངས་མེད་གསུམ་སོགས་ནས་ཕྱིས་འབྱུང་བར་འབོད་པས་ཡེ་ཤེས་རྒྱབ་ནས་འཆར་བ་ཞེས་བྱའོ། །སྔགས་ཕྱི་རྒྱུད་སྡེ་གསུམ་ནི་ཡེ་ཤེས་ཆེན་པོ་མདུན་ནས་འཆར་བ་ཞེས་བྱ་སྟེ། ད་ལྟ་ཉིད་དུ་འོག་མིན་ན་བཞུགས་པའི་རྒྱལ་བ་རིགས་གསུམ་མམ་རིགས་ལྔ་འཁོར་བཅས་སྤྱན་དྲངས་ཏེ་མདུན་མཁའ་སོགས་སུ་བཞུགས་པ་ལ་ཕྱག་འཚལ་ཞིང་མཆོད་པ་ཕུལ་ལ་དངོས་གྲུབ་ནོད་པར་བྱས་པས་ལྷ་དེས་དངོས་གྲུབ་སྟེར་བར་ལྟ་ཞིང་། བདག་དང་ལྷ་དང་རྫས་ཀྱི་རྟེན་འབྲེལ་ཟབ་མོའི་ཐབས་ཀྱིས་བསྒྲུབ་པས། མི་ཚེ་བདུན་དང་བཅུ་དྲུག་ལ་སོགས་པས་མཐར་ཐུག་གི་འབྲས་བུ་འགྲུབ་པར་འདོད་པ་དེ་དག་གི་ལམ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་འབྲས་བུ་ཐོབ་པ་ལ་མྱུར་བའི་ཕྱིར་ཡེ་ཤེས་མདུན་ནས་འཆར་བ་ཞེས་བྱའོ། །སྔགས་ནང་པ་ཐབས་ཀྱི་ཐེག་པ་གསུམ་ནི་ཡེ་ཤེས་ཆེན་པོ་ཁོང་ནས་འཆར་བ་ཞེས་བྱ་སྟེ། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་བདག་ཉིད་ཆེན་པོའི་ངང་ལས་མ་འདས་པས་ན། རང་གི་སེམས་ཉིད་བདེ་བ་ཆེན་པོའི་དེ་ཉིད་ལ་གནས་བཞིན་དུ་སངས་རྒྱས་གཞན་དུ་ཚོལ་མི་དགོས་པར་ཚེ་འདི་ཉིད་ལ་མངོན་དུ་འཆར་བས་ན་ཡེ་ཤེས་ཁོང་ནས་འཆར་བ་ཞེས་བྱའོ། །ཚུལ་དེས་ན་འདི་ལྟར་ཕ་རོལ་དུ་ཕྱིན་པའི་ཐེག་པ་ལས་བཤད་པའི་ལམ་ཐམས་ཅད་ཀྱི་གཙོ་བོ་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཞེས་བྱ་བ། ཡུལ་གང་དུའང་མི་རྟོགས། སེམས་ཀྱི་འཛིན་པ་གང་ཡང་མེད་པ། འདུ་བྱེད་ཀྱི་འཇུག་པ་ཐམས་ཅད་དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ལ་གནས་པའི་ཚུལ་དེ་ཉིད། ཐེག་པ་འོག་མ་པ་དག་གིས་དང་པོར་སྤྲོས་པ་དང་བྲལ་བའི་ཆོས་ཉིད་དེ་ལྟ་བུ་རྣམ་པར་རྟོག་པའི་སྤྱོད་ཡུལ་དུ་དོན་སྤྱིའི་ཚུལ་གྱིས་གཏན་ལ་ཕབ་ནས་ཚོགས་མཐའ་ཡས་པ་བསགས་པ་དང་འབྲེལ་བའི་སྟོབས་ཀྱིས་བཟོད་རིང་མོ་ཞིག་ན་མངོན་དུ་བྱེད་པའི་ཡེ་ཤེས་སྐྱེད་ནུས་པ་ནི་རྒྱུའི་ཐེག་པའི་གཞུང་གི་འདོད་ཚུལ་ཡིན་ལ། སྔགས་ཀྱི་ཐེག་པ་འདིར་ནི་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བ་རྣམ་པར་རྟོག་པ་མཐའ་དག་གིས་བསླང་མི་ནུས་པ། བློས་བྱས་ཀྱི་བསྒོམ་པས་ཇི་ལྟར་འབད་ཀྱང་ཇི་ལྟ་བ་བཞིན་དུ་མཐོང་བབར་མི་ནུས་པ་དེ། རང་བཞིན་བསལ་བཞག་མེད་པ་གདོད་མའི་ཆོས་ཉིད་ཀྱི་གནད་ལས་མཐོང་བར་བྱེད་པའི་མན་ངག་ཟབ་མོ་བསྟན་པའི་ཕྱིར་འདི་ལྟ་བུའི་ཐབས་ནི་སྔགས་བླ་མེད་ཀྱི་གཞུང་ན་ཡོད་ཀྱི་མདོ་ལམ་ན་མེད་པས་སྔགས་ཀྱི་ལམ་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟ་བུའི་རང་བྱུང་གི་ཡེ་ཤེས་ཉིད་ལ་རིམ་དང་ཅིག་ཆར་དུ་འཇུག་པའི་ཐབས་ཀྱི་མན་ངག་གི་ཆ་ནས་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་རྣམ་པར་བཞག་པ་ཡིན་ནོ། །འོ་ན་དེ་ལྟར་ལམ་ལ་ཁྱད་བར་ཡོད་པའི་ཕྱིར་རྒྱུ་དང་འབྲས་བུའི་ཐེག་པའི་ཐོབ་བྱ་འབྲས་བུ་ལ་ཁྱད་ཡོད་དམ་སྙམ་ན་དེ་མེད་དེ། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ཉིད་ཐོབ་པར་འདྲ་ཡང་། སྔགས་ནི་ཐབས་ཤེས་ཁྱད་པར་དུ་འཕགས་བས་མཐར་འབྲས་ཚེ་འདིར་མངོན་དུ་བྱེད་པ་མྱུར་ལམ་ཉིད་ཡིན་ལ་ལམ་གཞན་གྱིས་དེ་ལྟར་མི་ནུས་པ་ཡིན་ནོ། །དེ་སྐད་དུ་ཡང་གསང་སྔགས་བཀའ་ཡི་ཐ་རམ་ལས། འོ་ན་འབྲས་བུ་ལ་ཁྱད་པར་རུང་ངམ་ཞེ་ན། འབྲས་བུ་ཡང་དག་པའི་དོན་དུ་གཅིག་མོད་ཀྱང་། གསང་སྔགས་ནི་ཐབས་ཁྱད་པར་ཅན་མང་བ་དང་ཐོགས་པ་མེད་པས་འབྲས་བུའི་མཆོག་ཡིན་པས་ན། ཚེ་འདི་ཉིད་དུ་དགྲ་གསུམ་སོད་པས། ས་ནས་སར་སྦྱང་བགྲོད་མི་དགོས་ཏེ། ཕུང་པོ་ལྔ་ཉིད་རྒྱལ་བ་རིགས་ལྔར་ཤེས་པས་སངས་རྒྱས་གཞན་ནས་ཐོབ་ཏུ་མེད་པར་ཡིད་ཆེས་པ་ལགས་སོ། །ཞེས་གསུངས་སོ། །གཉིས་པ་ཁྱད་པར་དེ་ལྡན་གྱི་སྔགས་ནང་པའི་གྲུབ་མཐའ་བཤད་པ་ལ། ཐུན་མོང་སྤྱི་ཡི་གྲུབ་མཐའ་བསྟན་པ། ཐུན་མིན་སོ་སོའི་གྲུབ་མཐའ་བཤད་པ། དེ་དག་གི་ཉམས་ལེན་འགགས་སུ་བསྡུ་བ་གསུམ་ལས། དང་པོ་སྔགས་ནང་པ་ཐབས་ཀྱི་ཐེག་པ་ཐམས་ཅད་ཐུན་མོང་དུ་སྣང་སྲིད་ཡེ་སངས་རྒྱས་པའི་རང་བཞིན་དུ་ལྟ་བ་ཡིན་ལ་ཚུལ་དེ་དང་མཚུངས་པར་སྒོམ་པ་དང་སྤྱོད་པ་དང་དབང་ལ་སོགས་པ་ཐམས་ཅད་ཀྱང་དོན་གཅིག་གི་གནད་ལ་འདུ་བར་ཤེས་པར་བྱ་དགོས་པས་འདི་ལྟར་ངེས་པར་བྱ་སྟེ། གང་ཞེ་ན་གསང་སྔགས་བཀའ་ཡི་ཐ་རམ་ལས། ལྟ་བ་བྱེ་བྲག་ཏུ་བཤད་པའི་སྐབས་སུ་གསུངས་པ། གསང་སྔགས་པའི་གཞུང་གིས་ཆོས་ཐམས་ཅད་ཡེ་ནས་ལྷ་ཡིན་ནོ་ཞེས་གྲགས་པ་དེ་ཇི་ལྟར་བསྒྲུབ་པར་བྱ་ན། ལུང་དང་རིག་པ་མན་ངག་གསུམ་གྱིས་བསྒྲུབ་པར་བྱ་སྟེ། དེ་ཡང་དང་པོ་ལུང་ནི་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ཕྱི་མ་དང་། གསང་བ་འདུས་པ་དང་། སྒྱུ་འཕྲུལ་དྲྭ་བ་སོགས་ལས་ཕུང་པོ་ཉིད་སངས་རྒྱས་སུ་ཡེ་ནས་གནས་པའི་ལུང་གིས་གྲུབ་ཅིང་། ལུང་གི་དགོངས་པ་དེ་བཞིན་དུ་སྔོན་གྱི་མཁའ་ཤིང་གྲུབ་པའི་རིག་འཛིན་རྣམས་ཀྱིས་དབང་གིས་སྨིན་པར་བྱས་པའི་གང་ཟག་ལ་ཞལ་ནས་སྙན་དུ་བརྒྱུད་པའི་མན་ངག་ལས་ཀྱང་དེ་ལྟར་གསལ་པོར་གཏན་ལ་ཕབ་པ་ཡིན་ནོ་ཞེས་དང་། དེ་ལྟར་ལུང་དང་མན་ངག་མེད་པར་གསང་སྔགས་གཏན་ལ་དབབ་མི་ནུས་པས་ན་སྒྲུབ་བྱེད་ལུང་གི་རྒྱབ་སྐྱོར་དང་བཅས་ཏེ་རྒྱ་ཆེར་གསུངས་པ་དང་། ཡང་དོན་དེ་ལྟ་བུ་ལ་རིག་པས་མི་གནོད་པའི་ཚུལ་གསུང་པ་ལྷ་ཞེས་པ་ཆོས་ཉིད་ཀྱི་ལྷ་དང་། ཡེ་ཤེས་ཀྱི་ལྷ་དང་། དེའི་དབང་གིས་སྣང་བའི་མཚན་མའི་སྐུ་རྣམས་ལ་ཐུན་མོང་དུ་གྲགས་པ་ཡིན་ལ། དེ་ལྟ་ན་ཆོས་ཐམས་ཅད་དོན་དམ་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ཀྱི་རང་བཞིན་དུ་དབྱེར་མེད་པ་དང་། ཀུན་རྫོབ་སྒྱུ་མ་ལྟ་བུར་ཡང་སྣང་བ་རྣམས་རང་བཞིན་གཅིག་ཏུ་ངེས་པ་མེད་པ་ནི། འགྲོ་བ་རྣམས་ཀྱི་རང་སྣང་དམྱལ་བའི་ཚ་གྲང་ཡི་དྭགས་ཀྱི་རྣག་ཁྲག་ལ་སོགས་པ་མ་དག་པའི་སྣང་བ་དང་། རིག་པ་འཛིན་པ་སོགས་རྒྱུད་དག་པ་རྣམས་ལ་ལྷའི་དཀྱིལ་འཁོར་དུ་སྣང་བ་སྟེ། དེ་ལྟར་དག་མ་དག་གི་སྣང་བ་སྣ་ཚོགས་སུ་སྣང་བ་ཡོད་པ་ནི་དགག་ཏུ་མེད་ལ། དེ་ཐམས་ཅད་སྣང་བ་ཙམ་དུ་འདྲ་ཡང་སྣང་བ་གང་དམ་པར་གཟུང་ཞེ་ན། ལྷའི་དཀྱིལ་འཁོར་དུ་སྣང་བ་འདི་དམ་པར་གཟུང་བར་བྱ་སྟེ། དོན་དམ་པ་ཐོབ་ཅིང་མི་བསླུ་བའི་ཕྱིར་རོ། །ཞེས་གསུངས་པ་འདིས་སྣང་བ་ལྷར་བསྒྲུབ་པ་དང་། གཞན་ཡང་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་གནས་པའི་ཕྱིར་དང་། རང་སྣང་ཙམ་ལས་གཞན་དུ་མེད་ལ་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་ཀྱི་སྣང་བ་མི་བསླུ་བའི་ཕྱིར་དེ་ཚད་མར་གཟུང་དགོས་པའི་ཕྱིར་ན་ཡུལ་ཅན་ཡེ་ཤེས་སུ་སྒྲུབ་པའི་གནད་ལོག་རྟོག་གི་རྩོད་སྤོང་དང་བཅས་པ་ལེགས་པར་བསྟན་པ་ནི་གཞུང་དེ་ཉིད་དུ་བལྟ་བར་བྱ་སྟེ། འདི་དག་གི་དོན་གནད་མདོ་ཙམ་ནི་གསང་བ་སྙིང་པོའི་སྤྱི་དོན་དུ་བཤད་ཟིན་པས་འདིར་རྒྱས་པར་མི་སྤྲོའོ། །གཞན་ཡང་ལུང་འདི་ཉིད་ལས། ཡང་གསང་སྔགས་རྣལ་འབྱོར་ཆེན་པོའི་གཞུང་གིས་ཆོས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་ཞིང་ཁམས་སུ་སངས་རྒྱས་ཤིང་། ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་ཡིན་པར་འདོད་ལ་རང་བཞིན་དང་གཟུགས་བརྙན་དང་ཏིང་ངེ་འཛིན་ཀྱང་དབྱེར་མེད་པ་ཡིན་ནོ་ཞེས་གྲགས་པ་དེ་ཡང་ཇི་ལྟར་སྒྲུབ་པར་བྱ་ཞེ་དང་། ལུང་མན་ངག་རིག་པ་གསུམ་གྱིས་གཏན་ལ་དབབ་པར་བྱ་སྟེ་ཞེས་དེའི་དོན་རེ་རེ་བཞིན་དུ་རྒྱ་ཆེར་བསྟན་པ་དང་། ཡང་གསང་སྔགས་ནང་པའི་གཞུང་གིས་རྣམ་པ་ཐམས་ཅད་སངས་རྒྱས་པའི་སྐུ་ཉིད་དུ་འདོད་པ་སྟེ་གཞི་ཙམ་དང་རྒྱུ་ཙམ་དུ་མ་ཡིན་པར་ངོ་བོ་ཉིད་དུ་འདོད། དེ་ཡང་ཚུལ་ཇི་ལྟར་འདོད་ན། སྣོད་བཅུད་ཀྱིས་བསྡུས་པའི་འཇིག་རྟེན་གྱི་ཆོས་ཅིར་ཡང་སྣང་བ་དེ་དག་སངས་རྒྱས་པའི་སྐུ་ཡིན། སྐུ་མདོག་དང་ཕྱག་མཚན་དང་དཔེ་བྱད་དང་ཡོན་ཏན་དང་ཆོ་འཕྲུལ་དུ་སྣང་བའི་སངས་རྒྱས་དང་། སྣོད་བཅུད་ཀྱིས་བསྡུས་པའི་ཆོས་སུ་སྣང་བའི་སངས་རྒྱས་ཀྱི་སྐུར་བྱེ་བྲག་ཕྱེ་བ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ན་གཅིག་གིས་ནི་འགྲོ་བ་འདྲེན་པར་ནུས་པ་ཡིན་ལ། གཅིག་གིས་ནི་དེ་ལྟར་མ་ཡིན་པས་ག་ལ་མཚུངས་ཤེ་ན། ལན་དུ་ལས་དག་པ་རྣམས་ལ་ནི་གང་གིས་ཀྱང་དོན་བྱེད་པར་ནུས་ལ། ལས་མ་དག་པ་རྣམས་ལན་གང་གིས་ཀྱང་དོན་བྱེད་པར་ནུས་པ་མ་ཡིན་བས་བྱེ་བྲག་ཏུ་ཕྱེ་བ་མེད་དོ། །འོ་ན་སྣང་བ་རྣམས་ཅིའི་ཕྱིར་སངས་རྒྱས་ཡིན་ཞེ་ན་རང་བཞིན་རྣམ་པར་དག་པའི་ཕྱིར་རོ། །ཞེས་སོགས་ལུང་དང་རིག་པའི་སྒོ་ནས་རྒྱ་ཆེར་གསུངས་སོ། །དེས་ན་ཨོ་རྒྱན་པདྨ་འབྱུང་གནས་སོགས་གྲུབ་པའི་རིག་འཛིན་ཆེན་པོ་བཞིའི་དགོངས་ཉམས་གཅིག་ཏུ་བསྡུར་ནས་བརྩམས་པ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྡེ་གསང་སྔགས་བཀའ་ཡི་ཐ་རམ་རིན་པོ་ཆེའི་ལྡེའུ་མིག་འདི་ན་སྣང་བ་ལྷར་བསྒྲུབ་པའི་ལུང་རིག་མན་ངག་ཟབ་མོ་སངས་རྒྱས་ལག་བཅངས་མ་འདི་ཉིད་མངོན་དུ་བཞུགས་བཞིན་པ་འདི་ལ་སྔགས་རྙིང་མ་ཐམས་ཅད་ཀྱིས་ལྟ་རྟོག་འཐེམ་པ་ཅིས་ཀྱང་གལ་ཆེའོ། །དེ་ལྟར་ལྟ་བ་ཉིད་ལེགས་པར་གཏན་ལ་ཕེབ་ནས། བསྐྱེད་རྫོགས་གང་གི་སྒོར་འཇུག་ཀྱང་ལྟ་བས་ཐག་བཅད་སྤྱོད་པས་ལ་དོར་རྡོ་རྗེ་རོལ་པའི་རྟགས་ལ་གནས་པ་གསུམ་གྱིས་ཉམས་སུ་ལེན་ཏེ། མ་ཧཱ་ཡོ་ག་ལྟར་ན་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཆེ་བའི་བདག་ཉིད་ཀྱི་ལྷར་ལྟ་བས་ཐག་བཅད། ལྟ་བ་དེ་ལྟ་བུའི་ངང་ནས་བླང་དོར་མེད་པའི་སྤྱོད་པས་སྦྱོར་སྒྲོལ་ཅི་བྱས་ཀྱང་ཉོན་མོངས་དང་བག་ཆགས་ཀྱིས་མི་གོས་པའི་ཕྱིར་སྤྱོད་པ་དེ་ལྟ་བུ་ནི་ལ་དོར་བའི་ཐབས་སུ་བསྟན། རོལ་པའི་རྟགས་ལ་གནས་པ་ནི་གྲུབ་པའི་མཐའ་དེ་ལས་མི་འདའ་བར་ཐབས་ཤེས་གཉིས་སུ་མེད་པའི་གདིང་གིས་ས་བཟུང་བའོ། །དེ་བཞིན་དུ་ཨ་ནུ་དང་ཨ་ཏི་གཉིས་ཀྱི་ལྟ་སྤྱོད་རོལ་རྟགས་གསུམ་ཀྱང་བཀའ་ཡི་ཐ་རམ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ཐུན་མིན་སོ་སོའི་གྲུབ་མཐའ་བཤད་པ་ལ་སྔགས་ནང་པ་བླ་མེད་དེ་ལའང་བསྐྱེད་པ་མ་ཧཱ་ཡོ་ག །རྫོགས་པ་ཨ་ནུ་ཡོ་ག ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་དུ་ཡོད་པ་ལས། དང་པོ་མ་ཧཱ་ཡོ་ག་དེ་ལ འང་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་བསྟན་དོན་རྒྱུད་སྡེ་དང་འཇམ་དཔལ་སྐུ་ལ་སོགས་པའི་རྒྱུད་ཀྱིས་བསྟན་དོན་སྒྲུབ་སྡེ་གཉིས་སུ་ཡོད་ལ། འདིར་དེ་དག་ཐུན་མོང་གི་གྲུབ་མཐའ་བཤད་པ་དང་། སྒྲུབ་སྡེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི་དང་པོ། མ་ཧཱ་ཡོ་ག་པའི་ལྟ་བ་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དག་པ་ལྷའི་དཀྱིལ་འཁོར་དུ་ལྟ་ཞིང་། དེ་དག་དོན་དམ་པར་གདོད་མའི་ཆོས་དབྱིངས་དང་གཉིས་སུ་མེད་པ་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བས་གཏན་ལ་འབེབས་པའོ། །བསྒོམ་པ་ནི་ཏིང་ངེ་འཛིན་རྣམ་པ་གསུམ་ཡན་ལག་དང་བཅས་པའི་ཚུལ་གྱིས་སྣང་སྲིད་ལྷའི་དཀྱིལ་འཁོར་དུ་འཆར་བའི་བསྐྱེད་རིམ་ལ་གཙོ་བོར་ལམ་དུ་བྱེད་པའོ། །སྤྱོད་པ་ནི་གང་ཤར་བླང་དོར་མེད་པའི་ངང་ནས་ཐབས་ལ་མཁས་པའི་སྤྱོད་པ་ཁྱད་པར་ཅན་སྦྱོར་སྒྲོལ་ལ་སོགས་པ་དང་དུ་ལེན་པའོ། །འབྲས་བུ་ཚེ་འདི་ལ་རིག་འཛིན་བཞིའི་ལམ་བགྲོད་དེ་ཡེ་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་སངས་རྒྱས་པར་འདོད་པ་ཡིན་ནོ། །དེ་ཡང་གསང་སྔགས་ཀྱི་གཞུང་ན་ལྷ་བསྒོམ་པ་དང་སྔགས་བཟླ་བ་དང་དཀྱིལ་འཁོར་འབྲི་བ་དང་དབང་བསྐུར་བ་ལ་སོགས་པ་བསླབ་པའི་མཐའ་བཅུ་པོ་ཐམས་ཅད་སྤྲོས་བཅས་ཀྱི་སྒོ་ནས་ཉམས་སུ་ལེན་པའི་གང་ཟག་སྣང་བ་ཡུལ་གྱི་བློ་ཅན་རྣམས་ཀྱིས་གཙོ་བོར་བསྐྱེད་རིམ་ལ་བརྟེན་ཏེ་སྒྲུབ་ཅིང་བསྐྱེད་པའི་རིམ་པའི་ཏིང་འཛིན་བརྟན་པོའི་སྒོ་ནས་རྫོགས་རིམ་དྲངས་ཏེ་བསྐྱེད་རྫོགས་ཟུང་འཇུག་གི་ཚུལ་ལ་འཇུག་པ་རྣམས་ཀྱི་ལམ་གནད་ཐམས་ཅད་མ་ཧཱ་ཡོ་གའི་སྣང་བ་ལྷར་བསྒྲུབ་པའི་གནད་ལ་ཐུག་པ་ཡིན་གྱི་དེ་དང་མི་ལྡན་ན་ལམ་གྱི་གཟུགས་བརྙན་དུ་འགྱུར་རོ། །གཉིས་པ་བྱེ་བྲག་ཏུ་སྒྲུབ་སྡེའི་རྣམ་གྲངས་བཤད་པས། དམ་ཅན་སྲོག་གི་སྒྲུབ་པ་དང་། དྲག་སྔགས་སྒྲུབ་པ་དང་། ངན་སྔགས་སྒྲུབ་པ་གསུམ་ལས། དང་པོ་ལ་འཇིག་རྟེན་ལས་འདས་པ་དང་། མ་འདས་པའི་སྲོག་སྒྲུབ་པ་གཉིས་ལས། དང་པོ་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་རིགས་དྲུག་དུ་འདུས་ཏེ། འཇམ་དཔལ་སྐུའི་སྒྲུབ་པ་ནས་མ་མོ་རྦོད་གཏོང་གི་སྒྲུབ་པའི་བར་གསང་བ་སྡེ་དྲུག་ཏུ་གྲགས་པ་རྣམས་སོ། །དེ་དག་རེ་རེ་ལའང་སྒྲུབ་ཐབས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་ཀྱང་འཇམ་དཔལ་སྐུའི་སྒྲུབ་པ་ཐམས་ཅད་ཡ་མཱནྟ་ཀའི་སྲོག་ཏུ་འདུས། པདྨ་གསུང་གི་སྒྲུབ་པ་ཐམས་ཅད་རྟ་མགྲིན་གྱི་སྲོག་ཏུ་འདུས། ཡང་དག་ཐམས་ཅད་ཧེ་རུ་ཀའི་སྲོག་ཏུ་འདུས། བདུད་རྩི་ཐམས་ཅད་ཆེ་མཆོག་གི་སྲོག་ཏུ་འདུས། ཕུར་པ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྲོག་ཏུ་འདུས། མ་མོ་ཐམས་ཅད་ཀུན་ཏུ་བཟང་མོའི་སྲོག་ཏུ་འདུས་སོ། །གཉིས་པ་འཇིག་རྟེན་པའི་སྲོག་སྒྲུབ་པ་ཐམས་ཅད་ཀྱང་ལྷ་མ་སྲིད་སྡེ་བརྒྱད་ཀྱི་སྲོག་ཏུ་འདུས་ལ། དེ་ཡང་ཕོ་རྒྱུད་མོ་རྒྱུད་གཉིས་སུ་འདུས་སོ། །དེ་ལྟར་འདས་མ་འདས་ཀྱི་ལྷ་གང་གི་སྲོག་བསྒྲུབ་ཀྱང་། ཕྱི་ནང་གསང་བའི་སྒྲུབ་ལུགས་གསུམ་སྟེ། ཕྱི་རྫས་ལ་བརྟེན་ཏེ་མཆོད་རྟེན་རྦོད་གཏོང་གི་ཚུལ་དུ་བསྒྲུབ་པས་ལས་དང་སྨོན་ལམ་ལ་སོགས་པའི་མཐུ་བཞིན་དངོས་གྲུབ་སྣ་ཚོགས་ཇི་ལྟར་བསམ་པ་བཞིན་ཐོབ་པའོ། །ནང་སྔགས་དང་ཏིང་ངེ་འཛིན་གྱིས་སྒྲུབ་པ་སྟེ། དེ་ཡང་སྙིང་པོ་སྔགས་ཀྱིས་རྒྱུད་བསྐུལ་བས་ལྷ་དེ་ཉིད་རང་དབང་མེད་པར་ཉེ་བ་དང་། ཏིང་ངེ་འཛིན་མི་གཏོང་བས་ནམ་ཞིག་ལས་སུ་རུང་ནས་སྒྲུབ་པའི་ལྷ་དེ་ཉིད་དངོས་སུ་གྲུབ་ཏེ་དབང་དུ་གྱུར་པ་ན། མཇུག་དྲག་སྔགས་དང་ངན་སྔགས་ཀྱིས་ལས་ལ་སྦྱར་བས་དགྲ་བགེགས་འདུལ་བ་སོགས་ལས་ཐམས་ཅད་གྲུབ་པའོ། །གསང་བ་ལྟར་སྒྲུབ་པ་ནི་ཤེས་རབ་དང་ཏིང་འཛིན་ལས་སུ་རུང་བས་ན། ཤེས་རབ་ཀྱིས་ཆོ་ག་ཐམས་ཅད་རང་སེམས་ཀྱི་རོལ་པར་ཤེས་ཤིང་ཏིང་ངེ་འཛིན་གྱིས་རང་དབང་དུ་བསྒྱུར་བཏུབ་པའི་དུས་ན། སེམས་ཀྱི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་རྒྱུན་མི་འཆད་པ་ལ་དབང་འབྱོར་ནས་གཞན་དབང་ལས་དང་ཉོན་མོངས་པའི་མི་བརྫི་བའི་ཚེ་སྲོག་ཡེ་ཤེས་ཆེན་པོར་སྒྲུབ་པ་ཞེས་བྱའོ། །འདི་དག་གི་གནད་ནི་སྲོག་གི་སྐབས་སུ་གདོད་བཤད་པས་ཤེས་ལ། དོན་དུ་ཡེ་ཤེས་དང་འཇིག་རྟེན་གྱི་ལྷ་རྣམས་ཀྱི་སྲོག་བསྒྲུབ་ནས་དངོས་གྲུབ་རང་དབང་དུ་བྱེད་པའི་གནད་ཀྱི་མན་ངག་རྣམས་སྒྲུབ་སྡེའི་ཆོས་སྐོར་ལས་གསལ་ཞིང་ཟབ་པར་བསྟན་ཏེ། ཇི་ལྟར་ན་ལུང་གི་སྡེབས་ལྔ་དང་། སྒྲུབ་ཐབས་ཀྱི་སྤྱིར་ལུགས་ལྔ་ལས་བཤད་པ་ལྟར་ལག་ལེན་གནད་དུ་ཁེལ་པར་བྱེད་པ་གདམས་པའི་མན་ངག་གི་སྒོ་ནས་ཆུད་མི་ཟ་བར་ནོར་བུ་ལག་གཏོང་གི་ཚུལ་དུ་དངོས་གྲུབ་འགྲུབ་པ་ཡིན་ནོ། །གཉིས་པ་དྲག་སྔགས་ཀྱི་སྒྲུབ་པ་ལ་ཡང་གཉིས་ཏེ། གསང་སྔགས་ཀྱི་དྲག་སྔགས་དང་། དམོད་པའི་དྲག་སྔགས་སོ། །དང་པོ་ལ་འཇམ་དཔལ་འཁོར་བཅས་ཀྱི་དྲག་སྔགས། ཁྲག་འཐུང་གི་ལྷ་ཚོགས་ཀྱི་དྲག་སྔགས། ཆེ་མཆོག་གི་ལྷ་ཚོགས་ཀྱི་དྲག་སྔགས། པདྨ་དབང་ཆེན་གྱི་དྲག་སྔགས། ཕུར་པའི་དྲག་སྔགས། དྲེགས་འདུལ་གྱི་དྲག་སྔགས། མ་མོའི་དྲག་སྔགས་སོ། །དམོད་པའི་དྲག་སྔགས་ལ་དྲེགས་པ་བཅོ་བརྒྱད་དམ། དྲེགས་པའི་རིགས་སྟོང་ཕྲག་བརྒྱད་བཅུའི་དྲག་སྔགས་སོ། །གསུམ་པ་ངན་སྔགས་ཀྱི་སྒྲུབ་པ་ཡང་གཉིས་ཏེ། ཕྱི་སྣོད་འཇོམས་བྱེད་སྦྱོར་བ་ནག་པོའི་ངན་སྔགས་དང་། ནང་བཅུད་སེམས་ཅན་འཇོམས་བྱེད་སྦྱོར་བ་ནག་པོའི་ངན་སྔགས་གཉིས་སོ། །དེ་ལས་གཉིས་པ་ནང་གི་ངན་སྔགས་དེ་ལ། ཡེ་ཤེས་ལྷའི་ངན་སྔགས་དང་། ལྷ་མ་སྲིན་སྡེ་བརྒྱད་ཀྱི་ངན་སྔགས་གཉིས་ཡོད་དོ། །གཉིས་པ་ལུང་ཨ་ནུ་ཡོ་གའི་ལྟ་བ་ནི་ལུང་གི་སྐོར་ལ་བརྟེན་ནས། སྣང་བའི་ཆ་ཡེ་ནས་དག་པ་ཀུན་ཏུ་བཟང་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། དེའི་སྟོང་ཆ་ནི་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཏེ་དབྱིངས་རིག་དེ་གཉིས་ཀྱང་སོ་སོ་མ་ཡིན་ཐ་མི་དད་དུ་དབྱེར་མེད་པ་ནི་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། འདི་ན་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཀྱི་གནད་ལུགས་དག་མཉམ་བདེ་བ་ཆེན་པོ་སྟེ་ལུང་གཞན་ལས་ཀུན་གཞི་རྒྱུ་ཡི་རྒྱུ་དང་བྱ་བ་རྒྱུའི་རྣལ་འབྱོར་ཞེས་ཀྱང་གསུངས་སོ། །གཞི་དེ་ལས་གཡོས་ཀྱང་གཉིས་འཛིན་གྱིས་བསླད་པ་ཅན་ལ་རིགས་དྲུག་སོ་སོའི་ལུས་དང་ངག་དང་སེམས་ཀྱི་རྣམ་པ་རིས་ཆད་དུ་སྣང་བའི་ཚེ་ན་རང་སྣང་གིས་དུམ་བུར་བཅིང་བའི་ལུས་ཀྱི་དབུས་སུ་བུམ་ནང་གི་ནམ་མཁའ་ལྟར་ཀུན་རྫོབ་རྒྱུ་ཡི་ཐིག་ལེ་རྣམས་ལ་བརྟེན་ནས་དོན་དམ་འོད་གསལ་བྱང་ཆུབ་སེམས་ཀྱི་ཐེག་ལེ་ཡང་རང་གི་ངོ་བོ་ཆ་མེད་ཀུན་འགྲོ་ཁྱབ་པའི་བདག་ཉིད་ཡིན་ཡང་དེ་སེམས་ཀྱི་ཆོས་ཉིད་བྲི་གང་བྲལ་བ་ཉིད་ཡིན་པའི་ཕྱིར། སེམས་ཅན་གང་ན་སྣང་བ་དེར་ཆོས་ཅན་སྒོ་གསུམ་གྱི་དབང་གིས་བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ་ཡང་དེར་སྙིང་པོའི་ཚུལ་དུ་འོད་དང་གདངས་ཀྱི་རྣམ་པར་སྣང་བའང་ཡོད་ལ། སྣང་ཡང་ཆ་དང་དབྱིབས་དང་མདོག་ལ་སོགས་པའི་མཚན་མའི་རྣམ་པས་གོས་པའང་མེད་དེ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་གནས་ན་གདོད་མའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་ནམ་མཁའ་ལྟར་འཕོ་འགྱུར་མེད་ཀྱང་དེ་སྟོང་པ་ཕྱང་ཆད་མིན་པར་འོད་ལྔ་ལ་སོགས་པའི་འཆར་གཞི་རིག་གདངས་ཀྱི་ཆ་ཡོད་པས་དེའི་རྩལ་སྣང་བ་ལ་གཉིས་འཛིན་ཞུགས་པའི་དབང་གིས་རྩལ་ཉིད་བསྐྱོད་བྱེད་ལས་ཀྱི་རླུང་དང་། ཕྲ་བའི་ཀུན་རྟོགས་ཟུང་དུ་འགྲོགས་བའི་རྣམ་པར་ཤར་བ་ལས་ཁུ་རྡུལ་རླུང་གསུམ་གྱིས་བྱེད་ལས་སྣང་བ་གསུམ་དང་འགྲོགས་བའི་རྣམ་ཤེས་ཇེ་རགས་སུ་སོང་བ་ལས་ཁམས་གསུམ་གྱི་བསྡུས་པའི་སྒོ་གསུམ་བྱུང་ཏེ། དེ་ལས་རགས་བའི་ལུས་དང་ལྔ་པ་འདོད་པའི་གནས་འདིར་ཁམས་དྲུག་དང་ལྡན་པའི་མི་ལུས་ལྟ་བུ་ལ་མཚོན་པ། ཕྲ་བ་ཀུན་གཞིའི་རྣམ་ཤེས་དང་སྲོག་གི་ལུང་འགྲོགས་པ་ཕ་མའི་ཁམས་དཀར་དམར་གྱི་དབུས་སུ་སོན་པའི་རླུང་སེམས་ཇེ་རགས་སུ་སོང་བའི་བྱེད་ལས་ཀྱིས་དབུ་མ་ལ་སོགས་པ་རྩ་གཙོ་མོ་གསུམ་དང་པོར་ཆགས་པ་ནས་གཟུང་ཏེ་མཐར་རྩ་ཡི་རིགས་ཕྲ་རགས་ཐམས་ཅད་ཆགས་པ་ལ་བརྟེན་ནས་གནས་སྐབས་བཅུའི་ཚུལ་གྱིས་ལུས་ཡོངས་སུ་རྫོགས་པར་གྲུབ་ཅིང་། ལུས་དེའི་གནས་ལྔའི་འཁོར་ལོ་ལྔ་ལ་སོགས་པའི་རྩ་ཡི་ནང་ན་རྩ་བ་དང་ཡན་ལག་གི་ལུང་དང་ཐིག་ལེ་ཕྲ་རགས་ཀྱི་ཁམས་རྣམས་གནས་པའི་བྱེད་ལས་ལ་བརྟེན་ནས་ནང་དུ་ཀུན་རྟོག་སྣ་ཚོགས་བསྐྱེད་པ་དང་ཕྱི་རོལ་དུ་སྣང་བ་སྣ་ཚོགས་འཆར་བར་བྱེད་པས་ན། ཇི་ལྟར་ཕྱི་རོལ་གྱི་སྣང་བ་རྣམས་ཇི་ལྟ་བ་དེ་བཞིན་དུ་ནང་ལུས་ཀྱི་ཆ་ལ་དེ་དག་སྣང་བའི་ས་བོན་ནམ་བྱེད་པ་ཚང་བའང་ཡོད་དེ། གལ་ཏེ་མེད་ན་ཕྱི་རོལ་གྱི་སྣང་བ་འདི་ཐམས་ཅད་ཀྱང་མི་སྣང་སྟེ། ཡུལ་གཅིག་ལའང་བཟང་ངན་དང་རྒྱ་ཆེ་ཆུང་སོགས་སྣ་ཚོགས་སུ་སྣང་བ་ཡོད་བ་ནི་ཆུ་གཅིག་ལ་ངན་སོང་གསུམ་དང་མི་དང་འདོད་ལྷ་དང་ནམ་མཁའ་མཐའ་ཡས་པའི་སེམས་ཅན་དྲུག་གིས་བལྟས་པའི་དཔེ་བཞིན་ཡིན་ལ། འདི་ལྟར་ནང་གི་རྩ་རླུང་ཐིག་ལེ་འདི་དག་ལམ་དུ་སློང་ན་དག་པ་ཡེ་ཤེས་ཀྱི་སྣང་བ་དང་། ལམ་དུ་མ་ལོང་ན་མ་དག་འཁྲུལ་པའི་སྣང་བ་འཆར་བར་ཤེས་ནས། ཕྱི་སྤྲོས་བཅས་ཀྱི་བསྐྱེད་རིམ་སོགས་ལ་མི་ལྟོས་པར་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་མན་ངག་གི་སྒོ་ནས། རགས་པའི་འགྱུར་བ་ཐམས་ཅད་ཐོག་མར་གང་ལས་བྱུང་བ་འགྱུར་མེད་ཡེ་ཤེས་ཀྱི་དབུ་མའི་དབྱིངས་སུ་བསྟིམ་པས་སེམས་ཉིད་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དེ་ཉིད་ལུས་ཐབས་ཀྱི་རྒྱུད་ལ་ལམ་དུ་བྱས་བ་ལས་མངོན་དུ་འཆར་བར་ཤེས་པ་འདི་ནི་ཨ་ནུ་ཡོ་ག་བའི་ལྟ་བ་ཡིན་ཏེ། གནད་འདི་མ་རྟོགས་ན་ལུས་ཀྱི་རྩ་རླུང་ཐིག་ལེ་ལམ་དུ་བྱས་པ་ཁོ་ནས་འཁྲུས་སྣང་འགག་ཅིང་ཡེ་ཤེས་ཀྱི་སྣང་བ་སྐྱེད་ནས་སངས་རྒྱས་སུ་འགྲུབ་པའི་གནད་མི་ཤེས་པས་མཚན་བཅས་ཀྱི་རྫོགས་རིམ་ཇི་སྙེད་པ་ཀུན་གྱི་གནད་འདི་ལ་མཐར་ཐུག་པར་ཤེས་པར་བྱའོ། །དེ་ལྟར་ཤེས་ནས་སྒོམ་པའི་རིམ་པ་ནི་དབང་བཞི་དང་རྗེས་སུ་འབྲེལ་བའི་ལྟ་བ་བཞི་དང་གྲུབ་མཐའ་བཞི་ལ་སོགས་པ་བློ་ཆེ་ཆུང་གི་རྩལ་འཕང་བཞིན་ཉམས་སུ་བླང་དུ་ཡོད་པ་ནི་ཧེ་རུ་ཀའི་གལ་པོ་ལས་བསྟན་པ་བཞིན་དུ་ཡིན་ལ། དེའི་ནང་ནས་ཀྱང་གསང་ཤེར་གྱི་ཉམས་ལེན་རང་ལུས་དང་གཞན་ལུས་ཐབས་ལྡན་གྱི་རྣལ་འབྱོར་གཙོ་བོར་ལམ་དུ་བྱེད་པ་ཡིན་ཅིང་། དེའི་ཉམས་ལེན་གྱི་རིམ་པ་ལའང་རྒྱུ་དང་སྒྲུབ་ཐབས་སོ་སོའི་མན་ངག་གི་དབང་གིས་སྣ་ཚོགས་སུ་བྱུང་ཡང་། དོན་ལ་ལས་རླུང་དབུ་མར་བསྟིམ་ནས་གཉུག་མ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཇུག་བར་མཐུན་བས་ན། འདི་ལྟར་ལུས་ཀྱི་དབུས་སུ་གཙོ་མོ་གསུམ་དང་འཁོར་ལོ་ལྔར་བརྟེན་པའི་རླུང་ཁམས་ཀྱི་རིམ་བ་སྣ་ཚོགས་ཡོད་པས་དེ་སོ་སོར་གནད་དུ་བསྣུན་པ་ལས་ཡེ་ཤེས་འཆར་བའི་ཐབས་ཀྱང་སྣ་ཚོགས་སུ་ཡོད་ལ་དེ་ཀུན་གྱི་རྩ་བ་ནི། སྙིང་གའི་རྩ་འདབ་བརྒྱད་ཀྱི་གསུམ་ནི་ཆོས་ཉིད་ཀྱི་རྩ་ཞེས་བྱ། གསུམ་ནི་ཡེ་ཤེས་ཀྱི་རྩ་ཞེས་བྱ། གཅིག་ནི་རང་རྒྱུད་ཀྱི་རྩ་ཞེས་བྱ། གཅིག་ནི་ཡོན་ཏན་གྱི་རྩ་ཞེས་བྱ་སྟེ་དེ་ལྟར་བརྒྱད་དོ། །ཆོས་ཉིད་ཀྱི་རྩ་ལ་འོད་སེར་པོ་ཟླུམ་པོ་གནས་ཤིང་། དེ་ལ་དག་པ་ཡེ་ཤེས་ཀྱི་བག་ཆགས་རྣམས་བསོག་པའི་རྟེན་སྙིང་པོ་ༀ་དང་། མ་དག་པ་འཁོར་བའི་དུས་ཀྱི་ལྷ་མིན་དང་བྱོས་སོང་དུ་སྐྱེ་བའི་བག་ཆགས་བསོག་པའི་རྟེན་ས་བོན་སུ་དང་ཏྲི་གནས་ཤིང་འོད་སེར་པོ་དེ་ལ་བརྟེན་ནས་ཀུན་གཞིའི་རྣམ་ཤེས་གནས་སོ། །ཡེ་ཤེས་ཀྱི་རྩ་ལ་འོད་མཐིང་ཀ་སྦྲུལ་དཀྱུས་པ་འདྲ་བ་ལ་དག་པའི་སྙིང་པོ་ཧཱུཾ་དང་མ་དག་པ་ལྷ་དང་མི འི་ས་བོན་ཨཱ་དང་ནྲྀ་གནས་ཤིང་། འོད་དེ་ལ་ཡིད་ཀྱི་རྣམ་ཤེས་གནས་སོ། །རང་རྒྱུད་ཀྱི་རྩ་ལ་འོད་དམར་པོ་ཟླ་གམ་ལ་དག་པའི་སྙིང་པོ་ཨཱ་དང་མ་དག་པ་ཡི་དྭགས་དང་དམྱལ་བའི་ས་བོན་པྲེ་དང་དུ་གནས་སོ། །འོད་དེ་ལ་བརྟེན་ནས་ཉོན་མོངས་པ་ཅན་གྱི་ཡིད་གནས་སོ། །ཡོན་ཏན་གྱི་རྩ་ལ་འོད་དམར་ནག་གནས་པ་ལ་བརྟེན་ནས་སྒོ་ལྔའི་རྣམ་ཤེས་རྒྱུའོ། །རྩ་དེ་རྣམས་ཀྱི་དབུས་ན་རྩ་གསུམ་གནས་ཏེ། གཡས་ཐབས་ཀྱི་རྩ་སྟེ་ཡི་གེ་ༀ། དབུས་ཡང་དག་ཡེ་ཤེས་ཀྱི་རྩ་སྟེ་ཡི་གེ་ཨཱཿ གཡོན་ཤེས་རབ་ཀྱི་རྩ་སྟེ་ཡི་གེ་ཧཱུྃ་གིས་མཚན་པའོ། །རྩའི་དྭངས་མ་འདི་དག་ནི་དབྱིབས་དར་དཀར་གྱི་སྐུད་པ་ལྟ་བུ་རྟ་རྔ་བཅུར་གཤགས་པའི་སྤོམ་ཕྲ་ཙམ་པ་ཕན་ཚུན་སྤེལ་ནས་ཐག་པ་ཁུགས་སུ་བྲན་པ་འདྲ་བར་གནས་སྟེ་འདི་ནི་སྲ་བའི་ཁམས་ཤིན་ཏུ་ཕྲ་བའི་ཆ་ཡིན་པས་ས་ཡི་དྭངས་མ་ཡིན་ན། སྟོང་པ་ཆེན་པོའི་ཡེ་ཤེས་ཏེ་ཁམས་གསུམ་ཐམས་ཅད་དབྱིངས་རྣམ་པར་དག་པའི་ངང་དུ་མ་གྱུར་པ་མེད་པའི་རྟེན་བྱེད་པའོ། །རྩའི་དྭངས་མ་དེ་ལ་ཁྲག་གི་དྭངས་མ་མཚལ་ཅོག་ལ་མ་ལྟ་བུ་གནས་པ་ནི་རགས་པའི་ཕུང་པོ་གདོས་པ་ཅན་འབྱུང་བའི་ས་བོན་ཤིན་ཏུ་ཕྲ་བ་ཆུ་ཁམས་ཀྱི་དྭངས་མ་ཡིན་ཞིང་། དེ་ནི་དོན་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྟེན་དེ་ཐམས་ཅད་བཀོལ་བ་མེད་པའི་དབྱིངས་གཅིག་དུ་སྡུད་པའོ། །དེ་ལ་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་འོད་ཀྱི་ངད་ཙམ་ཞིག་གནས་སྟེ། དེ་ནི་རགས་པའི་ཕུང་པོ་སྨིན་པར་བྱེད་པའི་མི་ཡི་ས་བོན་དྭངས་མ་ཉིད་ཡིན་ལ། འདི་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ཐམས་ཅད་བདེ་བ་ཆེན་པོའི་དབྱིངས་སུ་རྟོགས་པའི་སྒྲོན་མར་གྱུར་བའང་ཡིན་ནོ། །དེ་ཉིད་ལ་དབུས་ཀྱི་དྭངས་མ་གསེར་ས་འོག་ན་གནས་པའི་རླངས་པ་ཙམ་ཁ་དོག་སྣ་ཚོགས་པ་ཅན་གནས་པ་ནི་རགས་ཕུང་གི་རླུང་ཡང་ཞིང་གཡོ་བ་སྐྱེད་པའི་རྒྱུ་ཕྲ་བ་མཐར་ཐུག་པ་རླུང་གི་དྭངས་མའོ། །འདིས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་བྱ་བ་ཐམས་ཅད་ལ་འཇུག་པ་འབྱུང་བའི་རྟེན་བྱེད་དོ། །དེའི་དབུས་ན་ནམ་མཁའི་དྭངས་མ་བར་སྣང་སང་སང་པོ་གོ་འབྱེད་པའི་རྣམ་པ་ཅན་དུ་གནས་ལ། དེ་ལྟ་བུའི་དྭངས་མ་ལྔ་འདུས་པའི་དབུས་ན་སེམས་ཀྱི་དྭངས་མ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སྙིང་པོའི་ཐེག་ལེ་ཆེན་པོ་བཞུགས་ཏེ། དཔེ་ནི་གསེར་ཞུན་མའི་ནང་དུ་ནོར་བུ་ཀེ་ཀེ་རུ་བཅུག་བ་ལྟ་བུ་ལ་ཁ་དོག་ནི་ཉི་མ་འཆར་ཁའི་དཀྱིལ་ལྟ་བུའོ། །དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྟེ་གསལ་ལ་གོ་འབྱེད་པ་སྣང་ལ་རང་བཞིན་མེད་པ་ནམ་མཁའི་གཟུགས་ཅན་དེ་ཁྱབ་པ་ཆེན་པོའི་ཡེ་ཤེས་ནམ་མཁའི་དངས་མ་སྟེ་ཐམས་ཅད་ཡང་དག་པའི་དབྱིངས་སུ་གསལ་བའི་སྐབས་འབྱེད་པའོ། །དེ་ལྟར་ཡང་བརྟག་གཉིས་ལས། །ཡེ་ཤེས་ཆེན་པོ་རང་ལུས་གནས། །རྟོག་པ་ཐམས་ཅད་ཡང་དག་སྤང་། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་རིམ་ལྔ་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་བའི་སྐྱེས་བུ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་དང་། རྡོ་རྗེ་མེ་ལོང་གི་རྒྱུད་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིག་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། ཞེས་པ་ལ་སོགས་རྒྱུད་རྣམས་ནས་གསུངས་པའི་ཕྲ་མོའི་ཐེག་ལེ་རྣམས་ཀྱི་དོན་འདི་ལ་མཐར་ཐུག་པ་ཡིན་ཏེ། གསང་བའི་འབྱུང་བ་ཡེ་ཤེས་ཀྱི་གདངས་ལྔ་ལས་ལུས་ཀྱི་དྲོད་སོགས་ནང་གི་འབྱུང་བ་ཕྲ་རགས་རྣམས་སྐྱེད་ཅིང་། དེའི་མཐུ་བརྟས་པ་ལས་ཕྱི་རོལ་གྱི་འབྱུང་བ་ཕལ་བ་ཇི་སྙེད་པ་དང་། སྣོད་ཀྱི་འཇིག་རྟེན་གྱི་འབྱུང་བའི་བར་དུ་སྣང་བ་ནི་རླུང་སེམས་ཀྱི་ཆོ་འཕྲུལ་ཕྲ་མོ་ལས་ཇེ་རགས་སུ་མཆེད་པ་ཡིན་ཏེ། དྭངས་མ་ཆེན་པོ་དྲུག་གི་ས་ཆུ་གཉིས་ཟུང་དུ་ཞུགས་པ་སྐུ་རྡོ་རྗེ། མེ་རླུང་གཉིས་གསུང་རྡོ་རྗེ། མཁའ་སེམས་གཉིས་ཐུགས་རྡོ་རྗེ་སྟེ། ཤིན་ཏུ་ཕྲ་བའི་སྒོ་གསུམ་མམ་རྡོ་རྗེ་མི་ཤིག་པ་གསུམ་འདི་ལས་སྣང་བ་ཐམས་ཅད་མཆེད་པ་ཡིན་ནོ། །ཐམས་ཅད་ཀྱི་མཆེད་གཞི་མཐར་ཐུག་པ་ཡེ་ཤེས་ནམ་མཁའི་གཟུགས་ཅན་ནི་འཛིན་པ་བརྟས་པའི་དབང་གིས་རགས་པའི་ལུས་སུ་མངོན་པར་གྲུབ་པའི་ཚེ་སྙིང་ག་ན་བཅུད་ཀྱི་ཚུལ་དུ་གནས་པར་སྣང་བའང་ཡོད་མོད་ཀྱི་དེ་ནི་ལུས་ལས་མ་སྐྱེས་ཤིང་ལུས་ལ་གནས་ཀྱི་གཞན་ལ་མ་ཁྱབ་པའང་མིན་ལ། དབྱིབས་ཁ་དོག་དང་ཆེ་ཆུང་ལྟ་བུར་སྣང་ཡང་ངོ་བོ་ཕྲ་རགས་རྡུལ་གྱི་ཆོས་ལས་འདས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་པྲ་ཕབ་ཀྱི་སྣང་བ་ལྟ་བུ་ཡིན་པས་ཆེ་ཆུང་དང་ཕྱོགས་ཆར་ཡང་མ་གྲུབ་ཅིང་། རང་ལུས་ཀྱི་གནད་འདི་ཉམས་སུ་བླང་བས་རྣལ་འབྱོར་པ་ལ་དྲོད་རྟགས་ཉམས་མྱོང་གོང་འཕེལ་དུ་སྐྱེ་བ་ཡོད་ཀྱང་ཡེ་ཤེས་ཉིད་ཀྱི་ངོ་བོ་འཇིག་འབྲལ་མེད་པ་རྡོ་རྗེ་ལྟ་བུ་དུས་གསུམ་མཉམ་པ་ཉིད་ཡིན་བ་སྟེ་གནས་ཚུལ་རང་བྱུང་གི་ཡེ་ཤེས་ཉིད་ལས་མ་གཡོས་ཀྱང་། སྣང་ཚུལ་ཆོས་ཅན་སེམས་ཀྱི་ཆོས་ཉིད་དུ་བཞུགས་པ་དང་། ཀུན་རྫོབ་རྒྱུའི་ཐིག་ལེ་ལ་དོན་དམ་འོད་གསལ་གྱི་ཐིག་ལེ་རྟེན་དང་བརྟེན་པའི་ཚུལ་དུ་འབྲེལ་བ་དང་། ཐབས་ཀྱི་ལམ་གནད་དུ་ཚུད་པ་ལས་ཕུང་ཁམས་ཀྱི་འགྱུར་ཐམས་ཅད་འགྱུར་མེད་ཡེ་ཤེས་ཀྱི་དབྱིངས་སུ་སྡོམ་པའི་ཚུལ་འདི་དག་ཕྱི་དང་ནང་དང་གཞན་དང་དེ་ཁོ་ན་ཉིད་ཀྱི་ཚུལ་དུ་འགལ་མེད་དོན་གཅིག་ལ་སྡུད་བར་ཤེས་པ་ནི་གསང་སྔགས་ཐབས་ལམ་གྱི་དཀའ་གནད་མཐར་ཐུག་པ་ཡིན་པས་འདིར་མདོ་ཙམ་བརྗོད་པའོ། །དེ་ལྟར་ཤེས་ནས་སྒོམ་པས་ཉམས་སུ་ལེན་པའི་ཐབས་ལ་གཡོ་བ་རླུང་གི་རྫོགས་རིམ་རྡོ་རྗེའི་བཟླས་པ་དང་སྦྱོར་བ་བཞི་ལྡན་གྱི་བུམ་པ་ཅན་ཚད་དུ་གོམས་པས་རླུང་ལ་རང་བྱན་ཚུད་པ་ན་འཁོར་ལོ་ལྔ་ལ་སོགས་པའི་གནས་སུ་དམིགས་པ་གཏད་ཅིང་དེར་རླུང་ཟིན་པས་རྩ་ཡི་མདུད་པ་རྣམས་གྲོལ་ཤིང་རླུང་ཐམས་ཅད་དབུ་མར་བསྟིམ་བར་བྱེད་པ་སྟེ། རླུང་ལ་དབང་ཐོབ་པ་དེས་སེམས་ལ་དབང་ཐོབ་པ་དང་ཚེ་ལ་དབང་ཐོབ་པ་འབྱུང་སྟེ། རིག་པ་ཡེ་ཤེས་ལ་ཡང་དབང་ཐོབ་པ་འབྱུང་ངོ་། །རྟེན་པ་རྩ་ཡི་རྫོགས་རིམ་ནི་གཙོ་མོ་གསུམ་དང་འཁོར་ལོ་ལྔར་ཡིད་ཀྱི་དམིགས་པ་གཏད་པ་དང་། རླུང་བཟུང་བ་དང་། ལུས་ཀྱི་འཁྲུལ་འཁོར་ལ་གོམས་པའི་རིམ་པས་རྩ་ཡི་གནས་སོ་སོར་རྩ་ཡི་གནད་ལ་བརྟེན་ནས་རླུང་སེམས་ཟིན་པའི་ཡོན་ཏན་གྱི་ཁྱད་པར་གོང་ནས་གོང་དུ་སངས་རྒྱས་ཀྱི་སའི་བར་དུ་སྣང་བར་འགྱུར་རོ། །བཀོད་བ་ཐིག་ལེ་བྱང་ཆུབ་སེམས་ཀྱི་རྫོགས་རིམ་ནི་འབར་འཛག་གི་རྣལ་འབྱོར་ཟབ་མོས་ཀུན་རྫོབ་ཀུནྡ་ལྟ་བུའི་བྱང་ཆུབ་སེམས་ལ་བརྟེན་ནས་རང་ལུས་དང་གཞན་ལུས་ཀྱི་ཐབས་ལས་བདེ་བ་སྤར་ཞིང་ཁམས་འཛག་མེད་དུ་བཅིང་ནས་ཡས་བབ་དང་མས་བརྟན་གྱི་དགའ་བ་དྲང་བས་འཕོ་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་འགྱུར་ཏེ། འཁོར་ལོ་ལྔའི་རླུང་སེམས་ལས་སུ་རུང་བ་ལས་ལམ་ལྔའི་ཡོན་ཏན་འཆར་བ་དང་། དབུ་མར་ར་རྐྱང་གི་མདུད་པ་ཉེར་གཅིག་གྲོལ་བ་ལས་ས་བཅུ་གཅིག་གི་ཡོན་ཏན་འཆར་བ་ཡིན་ནོ། །དོན་དམ་འོད་གསལ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་བརྟེན་ནས་སྙིང་གའི་ཐིག་ལེ་ཕྲ་མོར་རླུང་སེམས་ཟིན་པས་སྣང་བ་གསུམ་ལུགས་ལྡོག་དུ་ཤར་ཏེ་དེའི་རིམ་བ་དང་མཐུན་པར་རང་བཞིན་བརྒྱད་ཅུའི་ཀུན་རྟོག་འགག་ནས་སློང་བྱེད་རྐྱེན་གསུམ་དང་བྲལ་བའི་ནམ་མཁའ་ལྟ་བུ་ཤིན་ཏུ་མཚོན་པར་དཀའ་བའི་འོད་གསལ་བ་བྱང་ཆུབ་སེམས་ཀྱི་གནས་ལུགས་དེའི་ངང་དུ་མཉམ་པར་འཇོག་པ་དང་། དེའི་ངང་ལས་ཆུ་ལས་ཉ་ལྡང་བ་ལྟར་སྣང་བ་གསུམ་ལུགས་འབྱུང་དུ་ཤར་བས་ཉེར་ལེན་གྱི་རྒྱུ་བྱས་རླུང་འོད་ཟེར་ལྔ་བས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་ལྷ་ཡི་སྐུར་ལྡང་བའི་སྒྱུ་མའི་ལུས་གྲུབ་པ་བྱ་བ་ནི་ཐབས་གཙོ་ཆེ་བས་མཚན་བཅས་ཀྱི་རྫོགས་རིམ་དུ་བསྒྲངས་ལ་སེམས་ཉིད་གཉུག་མའི་དབྱིངས་སུ་མཉམ་པར་བཞག་པས་རང་བྱུང་གི་ཡེ་ཤེས་ཁོང་ནས་ཤར་ཞིང་དེའི་རྩལ་སྣང་འཁོར་འདས་ཐམས་ཅད་རོ་མཉམ་དག་པ་ཆེན་པོར་ཤར་བ་ནི་མཚན་མེད་རྫོགས་པ་ཆེན་པོ་སྟེ། དེ་གཉིས་གང་ལྟར་ཀྱང་ཆོས་ཉིད་འོད་གསལ་གྱི་གནད་ལ་དོན་མཐུན་པ་ཉིད་དོ། །དེ་ལྟ་བུའི་མཚན་བཅས་ཀྱི་རྫོོགས་རིམ་ལ་གཙོ་བོར་གནད་དུ་བསྣན་པས་རྣལ་འབྱོར་ནང་གི་ས་ལམ་རྣམས་མྱུར་བར་བགྲོད་དེ་འབྲས་བུའི་ཡེ་ཤེས་བཙན་ཐབས་སུ་འཆར་བ་བྱེད་པ་འདི་ནི་གཙོ་བོར་ལུས་ལ་བརྟེན་པའི་ཕྱིར་ལུས་ཐབས་ཀྱི་རྒྱུད་ཅེས་བྱ་ཞིང་། བྱེད་པ་རྐྱེན་གྱི་རྣལ་འབྱོར་ཞེས་ཀྱང་བྱ་སྟེ། ལུས་ལ་བསྟེན་ནས་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་པའི་ཐབས་བསྟན་པའི་ཕྱིར་རོ། །འདི་ལྟར་ཁམས་དྲུག་དང་ལྡན་པའི་མི་ཡི་ལུས་ནི་རྡོ་རྗེ་ཐེག་པ་ཉམས་སུ་ལེན་པའི་རྟེན་མཆོག་གོ་ཞེས་གསུངས་པ་དེའི་རྒྱུ་མཚན་ཀྱང་དུད་འགྲོ་སོགས་ཕལ་བ་རྣམས་ནི་ཁམས་དྲུག་ཙམ་དང་ལྡན་ཀྱང་མི་ལྟར་ཤེས་རབ་མི་གསལ་བས་གསང་སྔགས་ཉམས་སུ་ལེན་པའི་སྐལ་པ་མེད་ལ། ལྷ་སོགས་སེམས་གསལ་ཀྱང་མི་ལྟར་གདོས་པའི་ལུས་མེད་པས་ས་ཁམས་སྲ་བ་ཤས་ཆུང་ཞིང་ཁུ་བ་དངོས་སུ་འབྱིན་པ་སོགས་མི་ལྟ་བུ་མིན་པས་ན། རགས་པའི་རྩ་ཡི་གནད་ལ་བརྟེན་ཏེ་རླུང་དང་ཁམས་རགས་པ་འཆིང་བའི་ཐབས་མེད་པ་དེ་མེད་པས་རླུང་ཁམས་ཕྲ་བ་འཆིང་བར་དཀའ་སྟེ་དེ་ནི་ཐོག་མར་རགས་པ་ལ་བརྟེན་ནས་བཅིང་དགོས་པའི་ཕྱིར་རོ། །དེས་ན་མཚན་བཅས་ཀྱི་རྫོགས་རིམ་ཚུལ་བཞིན་ཉམས་སུ་ལེན་པ་ལ་རྟེན་ནི་མངལ་ནས་སྐྱེས་པ་ཁམས་དྲུག་དང་ལྡན་པའི་མིའི་ལུས་སྐྱོན་མེད་པ་ཉིད་ཡིན་པར་ཤེས་པར་བྱའོ། །ཨ་ནུ་ཡོ་གའི་སྤྱོད་པ་ནི་རང་ལུས་དང་གཞན་ལུས་ལ་བརྟེན་པའི་ཞུ་བདེ་རྗེས་ཆགས་ཀྱི་བདེ་བ་ཉམས་སུ་ལེན་པ་གཙོ་བོར་གྱུར་པའི་ཐབས་མཁས་ཟབ་མོ་དང་ལྡན་པའོ། །འབྲས་བུ་ནི་སྙིགས་དུས་ཀྱི་ཚེ་ཐུང་འདི་ལ་འདུན་པ་སེམས་པ་སོགས་ལམ་ལྔ་དང་འགྱུར་དབང་མ་ངེས་པའི་ས་སོགས་ས་བཅུ་གཅིག་པོ་ནང་གི་ཐབས་མཁས་ཀྱིས་མྱུར་དུ་བགྲོད་ནས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་བདེ་བ་ཆེན་པོ་སངས་རྒྱས་རྡོ་རྗེ་འཆང་གི་སྐུ་འགྲུབ་པར་འགྱུར་ཏེ། འདི་ལ་ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་དང་མཐར་ཕྱིན་འབྲས་བུའི་རྣལ་འབྱོར་ཞེས་ཀྱང་བྱའོ། །གསུམ་པ་ཨ་ཏི་ཡོ་གའི་ལྟ་བ་ནི། སེམས་ཀློང་མན་ངག་གི་རྒྱུད་རྣམས་ལ་བརྟེན་ནས་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ངོ་བོ་སྟོང་པ་ཉིད་ལ་དམིགས་མཚན་ཐམས་ཅད་ཀ་ནས་དག་ཅིང་། རང་བཞིན་གསལ་བ་ཁྱབ་བརྡལ་ཆེན་པོ་སྐྱེ་འགག་ལས་འདས་པར་ལྷུན་གྱིས་གྲུབ་པས། དེ་ལྟར་ཀ་དག་དང་ལྷུན་གྲུབ་དབྱེར་མེད་པའི་ཆོས་ཉིད་དེའི་རྩལ་ལས་འཁོར་འདས་ཐམས་ཅད་འཆར་བས་ཐུགས་རྗེ་ཀུན་ཁྱབ་ཀྱི་བདག་ཉིད་དུ་བཞུགས་པ་དེ་ཉིད། བསྐྱེད་པ་དང་མཚན་བཅས་རྫོགས་རིམ་གྱི་ཐབས་ལ་ལྟོས་མི་དགོས་པར། བླ་མའི་དོན་བརྒྱུད་འཕོ་བའི་བྱིན་རླབས་དང་སེམས་ཉིད་རང་སར་རང་ངོ་སྤྲད་པའི་མན་ངག་གིས་བསལ་བཞག་མེད་པའི་ཆོས་ཉིད་ཐད་ཀར་ངོས་ཟིན་པར་བྱས་པས། འཁོར་འདས་ཐམས་ཅད་དེའི་རྒྱན་དང་རོལ་པར་འཆར་བས་དགག་སྒྲུབ་སྤང་བླང་མི་དགོས་པར་རང་སར་གྲོལ་ཞིང་། རིག་པ་འགྱུར་མེད་མཉམ་པ་ཉིད་ཀྱི་ངང་ལས་ནམ་ཡང་མི་གཡོ་བར་བྱེད་པའོ། །དེ་ལྟར་ལྟ་བ་བརྟོགས་ནས་སྒོམ་པ་ནི་རིག་པ་དེ་ཁོ་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཐར་ཐུག་པ་ཡིན་པས་དེའི་རང་བབ་ཡེ་ནས་ལྷུན་གྱིས་གྲུབ་པ་ལ་ད་རྩོལ་བས་སྒོམ་དུ་མེད་ཅིང་དེའི་དོན་ལ་ནམ་གནས་པ་ན་ཡེངས་སུ་ཡེ་ནས་མེད་པའི་རང་བཞིན་བབ་ཀྱི་བསམ་གཏན་ལ་གནས་པས་རྣམ་པར་རྟོག་པ་གློ་བུར་པ་ནི་དེའི་ངང་དུ་རང་ཤར་རང་གྲོལ་ཡིན་པའི་ཕྱིར་སེམས་གནས་མི་གནས་ཀྱི་རྩོལ་སྒྲུབ་མི་དགོས་པར་ཐམས་ཅད་དུ་རིག་པས་དབང་བསྒྱུར་བའོ། །སྤྱོད་པ་ནི་ཆེད་དུ་རྩོལ་བའི་དགག་སྒྲུབ་གང་ཡང་མེད་པར་སྣང་སྲིད་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རོལ་པ་ཉིད་ལ་ལྷུན་འབྱམས་ཤུགས་འབྱུང་གི་ཚུལ་གྱིས་སྤྱོད་པའོ། །འབྲས་བུ་ནི་རིག་པའི་གཞི་ལ་སྐུ་གསུམ་གྱི་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པ་ཉིད་ཇི་ལྟ་བ་བཞིན་མངོན་དུ་གྱུར་པའོ། །ལམ་འདི་ལའང་ཁྲེགས་ཆོད་ཅོག་བཞག་བཞི་ཡི་དང་ལས་མ་གཡོས་པར་མིག་ལས་ཡེ་ཤེས་འོད་རྩའི་ལམ་བརྒྱུད་དེ། ནམ་མཁའ་དངས་བའི་དབྱིངས་སུ་ནང་གི་དབྱིངས་དང་རིག་པའི་གདངས་རྩོལ་མེད་མངོན་སུམ་སྣང་བ་ལ་གནད་དུ་གཟིར་བས་སྣང་བ་བཞི་རྫོགས་ནས་གདོས་བཅས་ཀྱི་སྦུབ་འོད་གསལ་དུ་དེངས་ཤིང་གདོད་མའི་དབྱིངས་སུ་སངས་རྒྱས་པར་འགྱུར་རོ། །གསུམ་པ་ནང་རྒྱུད་སྡེ་གསུམ་གྱི་ཉམས་ལེན་འགགས་བསྡུས་ལ། སྤྱིར་གསང་སྔགས་ཀྱི་རྒྱུད་འདི་དག་གི་དགོངས་དོན། རྒྱུད་གསུམ་གྱི་རྣམ་བཞག་ཏུ་བསྡུས་ཏེ་སྤྱིར་བསྟན། ལམ་རྒྱུད་དངོས་པོ་དགུས་བྱེ་བྲག་ཏུ་བཤད་པར་གསུང་བས། དངོས་པོ་དགུ་ནི་བསླབ་བྱ་བཅུ་གཅིག་ལས་ལྟ་སྤྱོད་དེ་གཉིས་སྤྱིར་བཞག་པའི་ལྷག་མ་དགུར་གསུངས་སོ། །དེ་ལ་གཞི་ཡི་རྒྱུད་བཤད་པར་སྐབས་སུ། མ་ཧཱ་ཡོ་ག་པས་ནི་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའམ། དག་མཉམ་བདེན་པ་དབྱེར་མེད་ཀྱི་ཚུལ་དུ་གཏན་ལ་ཕབ་པ་སོགས་ནི་གོང་དུ་བཤད་པ་བཞིན་ནོ། །ནང་རྒྱུད་གསུམ་གྱི་གཞི་གཏན་ལ་དབབ་ཚུལ་གྱི་ལྟ་བའི་ཁྱད་པ་དེ་ལྟ་བུའི་ཕྱིར་ན། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་འདོད་ཙུལ་ལའང་འདི་ལྟར། མ་ཧཱ་ཡོ་གའི་གཞུང་གིས་ནི། །གནས་ཚུལ་ལ་དག་པ་ལྷའི་རང་བཞིན་དུ་གནས་ཀྱང་། སྣང་ཚུལ་ལ་འཁྲུལ་པ་ཅན་ལ་དེ་ལྟར་སྣང་མ་ནུས་པར་འདོད་དེ། ཐ་སྙད་དུ་ཡོངས་སུ་དག་པའི་ལྷ་དང་མ་དག་པའི་འཁོར་བ་གཉིས་སུ་འབྱེད་པའི་ཚུལ་གྱིས་སྣང་བའི་རང་བཞིན་ལྷར་བསྒྲུབ་པའོ། །འདི་ནི་ལས་དང་པོ་པའི་ངོར་ཚད་མས་སྒྲུབ་པར་བྱ་བ་ཡིན་པའི་ཕྱིར་གཉིས་སྣང་གི་བློ་ཅན་རྟོག་གེ་བའི་རྒོལ་བ་རྣམས་ལ་ཡང་རིག་པའི་སྟོབས་ཀྱིས་བསྒྲུབ་ནུས་པ་ཡིན་ནོ། །ལུང་གི་གཞུང་ལས། ཆོས་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པའི་ཕྱིར་རྒྱ་མཚོ་ལས་རླབས་ལྟར་བདེ་ཆེན་གཅིག་ཉིད་དུ་མའི་རོལ་པར་ཤར་བ་ལ་ཁྱད་མེད་པས། སྐྱེ་བ་རྒྱུའི་སངས་རྒྱས་ལ་སོགས་པའི་ཚུལ་དུ་སེམས་ཅན་ཐམས་ཅད་རང་བཞིན་གྱིས་སངས་རྒྱས་སུ་འདོད་པ་ནི། སྣང་སྲིད་ཡེ་སངས་རྒྱས་པ་ལྟ་བའི་ལུང་ཞེས་བྱ་སྟེ། རྣལ་འབྱོར་ཅན་ལ་ལམ་གྱི་སྟོབས་པས་དེ་ལྟར་བསླུ་མེད་དུ་གྲུབ་པ་ཡིན་ནོ། །ཨ་ཏིའི་གཞུང་ལས་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་མཐར་ཐུག་པ་ཡིན་ལ། དེ་ངོས་ཟིན་པའི་ཚེ་ཇི་ལྟར་སྣང་བ་ཐམས་ཅད་དེའི་རྩལ་དུ་ཤར་ཞིང་དོན་གྱི་ངོ་བོ་དེ་དང་གཉིས་སུ་མེད་པའི་ཕྱིར། སྣང་ཚུལ་ལ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་སུ་སྣང་ཡང་རུང་། སེམས་ཅན་གྱི་ལུས་དང་ཉོན་མོངས་པར་སྣང་ཡང་རུང་། དེ་གཉིས་ཀ་ངོ་བོ་ཡེ་ནས་འཁོར་འདས་མིང་མེད་ཀྱི་ཡེ་ཤེས་ཆེན་པོར་རྣམ་པར་དག་པའི་ཕྱིར། དེ་ལྟ་བུའི་ཡེ་ཤེས་ཅན་གྱི་ངོར་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་ཅིང་རང་སར་གྲོལ་བ་ལས། གནས་སྣང་འབྱེད་པ་དང་། དག་དང་མ་དག་ཅེས་རིས་སུ་ཆད་པ་མེད་པ་ན། ཐ་མལ་གྱི་སྣང་བ་འདི་རྣམས་མདོག་མ་རྗེས། སྤུ་མ་བསྒྱུར་བར་སངས་རྒྱས་སུ་གནས་པ་ཞེས་བྱ་སྟེ། ཇི་ལྟར་སྣང་བ་དེ་ཉིད་ཡེ་ནས་རྣམ་པར་དག་པ་ཀུན་བཟང་བདེ་བ་ཆེན་པོའི་གནས་ཉིད་ཡིན་ཀྱི། དེ་ལས་གཞན་ཞིག་ཏུ་དག་པ་ཞེས་བྱ་རྡུལ་ཙམ་མེད་པར་འདོད་དོ། །འདི་ནི་རིག་པ་རང་སྣང་གི་བློ་ཅན་གྱི་ངོར་ཆོས་ཉིད་ཀྱི་སྟོབས་ལས་མངོན་སུམ་དུ་གྲུབ་པའི་ཕྱིར་ལམ་ཐམས་ཅད་ཀྱི་དགོངས་པའི་སྐྱེས་སོ་ཡིན་ནོ། །ལམ་གྱི་རྒྱུད་ལ་ནི་མ་ཧཱ་ཡོ་ག་པའི་སྟོང་པ་ཆེན་པོ་སོགས་བསྐྱེད་པའི་རིམ་པའི་རྣལ་འབྱོར་གཙོ་བོར་བྱས་སྟེ་ཏིང་ངེ་འཛིན་གྱི་རྩལ་རྫོགས་པ་ན་མཚན་བཅས་ཀྱི་རྫོགས་རིམ་དང་དེས་དྲངས་པའི་རྫོགས་པ་ཆེན་པོ་ལ་འཇུག་པར་འགྱུར་རོ། །ཨ་ནུ་ཡོ་ག་པས་ནི་ཞུ་བ་དེ་འགྱུར་མེད་སྒྲུབ་པའི་མཚན་བཅས་ཀྱི་རྫོགས་རིམ་ལ་གཙོ་བོར་ལམ་དུ་བྱེད་ཅིང་། སྔགས་ཙམ་བརྗོད་པས་ལྷ་ཡི་འཁོར་ལོ་རྫོགས་པའི་བསྐྱེད་རིམ་དང་ཞུ་བ་དེ་དང་མཚུངས་ལྡན་གྱི་ལྷ་སྐུ་དང་། རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་རྣམས་ཀྱི་སྒོ་ནས་སྣང་ཆ་བསྐྱེད་རིམ་ཀྱི་དོན་ཐུན་མོང་མིན་པ་དང་། བདེ་བའི་ཐབས་ཀྱིས་དྲངས་བའི་དོན་གྱི་ལྷན་སྐྱེས་རྫོགས་པ་ཆེན་པོ་ཉམས་སུ་ལེན་པའང་ཡིན་ནོ། །རྫོགས་པ་ཆེན་པོ་བས་ནི། རིག་པ་ཡེ་ཤེས་ཀྱི་རྩལ་སྣང་ལྷའི་འཁོར་ལོ་ཡེ་ནས་ཡིན་པ་ཉིད་ལ་རྣམ་པ་མ་བསྒྱུར་ཀྱང་ཆོག་སྟེ། ཏིང་ངེ་འཛིན་གྱི་བསྐྱེད་པ་དང་། མཚན་བཅས་ཐབས་ཀྱིས་བསྒྲུབ་པའི་ལྷ་སྐུ་ལ་ཆེད་དུ་མི་རྩོལ་ཡང་། གལ་ཏེ་ལྷའི་རྣམ་པར་བསྒྱུར་བར་འདོད་ན་ཡང་སྐད་ཅིག་དྲན་རྫོགས་ཀྱི་ཚུལ་དུ་ཆུ་ལས་ཉ་ལྡང་བ་ལྟར་རིག་པའི་རྩལ་དེ་ཉིད་དུ་སྣང་བ་ནི་ཡེ་ནས་དམ་ཡེ་དབྱེར་མེད་ལྷུན་གྱིས་གྲུབ་པའི་ལྷ་ཉིད་དུ་གྱུར་པ་ཡིན་ནོ། །མཚན་བཅས་ཀྱི་རྫོགས་རིམ་རླུང་བཅིང་བའི་རིམ་པ་སོགས་ལའང་ཅུང་ཟད་ཀྱང་མི་ལྟོས་ཏེ། བསྐྱེད་རྫོགས་དེ་དག་འདིར་འཇུག་པའི་ལམ་ཡིན་ལ་འབྲས་བུ་ཡེ་ཤེས་ཉིད་ལ་དབང་འབྱོར་བའི་ཚེ་བསྐྱེད་པ་དང་རྫོགས་པའི་རྩོལ་བ་མེད་པར་དེ་ཡི་འབྲས་བུ་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །ཡེ་ཤེས་ཀྱི་འོད་རྩའི་ལམ་ནས་རིག་གདངས་རྩོལ་མེད་དུ་ཤར་བའི་ཐོད་རྒལ་གྱི་ཉམས་ལེན་སོགས་ནི་རྡོ་རྗེའི་ལུས་ལ་བརྟེན་པའི་ཐབས་ཁྱད་པར་ཡིན་ཀྱང་། མ་དག་ལས་རླུང་གི་བྱེད་པ་བཅིང་པ་སོགས་རྩོལ་བས་དྲངས་པའི་ལམ་འོག་མ་དང་མི་འདྲ་སྟེ། ཡེ་ཤེས་ཆེན་པོ་ཡེ་ནས་གནས་པའི་རང་གདངས་རྩོལ་མེད་ཡིན་པའི་ཕྱིར་རོ། །དེས་ན་ལམ་ཐམས་ཅད་ཀྱི་མཐའ་འདིར་ཐུག་པས་འདི་ནི་ཀུན་གྱི་བླ་མ་དམ་པའོ། །འབྲས་བུའི་རྒྱུད་ནི་རྣམ་གྲངས་སྣ་ཚོགས་ཀྱིས་བསྟན་ཀྱང་དོན་འདྲ་སྟེ་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་ཉིད་དུ་དབྱེ་བ་མེད་དོ། །དེ་ལྟར་རྒྱུད་ལུང་མན་ངག་གི་གཞུང་གསུམ་གྱི་གཏན་ལ་འབབས་བའི་ལྟ་བ་དང་། ལམ་ཉམས་སུ་ལེན་ཚུལ་དེའི་དབང་གིས་སྤྱོད་པ་ལའང་སྤྲོས་བཅས་ཀྱི་སྤྱོད་པ་ཕྱིའི་རྫས་དང་ཡོ་བྱད་སོགས་ཀྱི་རྩོལ་བ་མང་པོ་བརྟེན་པ་ནི་མ་ཧཱ་ཡོ་ག་པ་ཡིན་ལ། ཕྱིའི་བྱ་བ་གཙོ་བོར་མི་བྱེད་པར་སྤྲོས་མེད་ཀྱི་ཚུལ་དུ་ནང་གི་ཐབས་ཟབ་མོ་ལ་འབད་པས། ཞིང་སྔགས་ལྷན་སྐྱེས་ཀྱི་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་འདུ་བ་ཐོབ་པའི་ཉེ་རྒྱུའི་སྤྱོད་པ་གཙོ་བོར་བྱེད་པ་ཨ་ནུ་ཡོ་ག་པ་ཡིན་ཅིང་། ཕྱི་དང་ནང་གི་བྱ་རྩོལ་དེ་དག་གང་ཡང་གཙོ་བོར་མི་བྱེད་པར། ཤིན་ཏུ་སྤྲོས་མེད་ཀྱི་ཚུལ་དུ་རིག་པ་ཡེ་ཤེས་ཉིད་ཀྱི་ངང་ལས་རྩོལ་མེད་ཤུགས་འབྱུང་གི་སྤྱོད་པ་བྱེད་པ་ནི་ཨ་ཏི་ཡོ་ག་པའི་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་སྒོམ་པ་ལའང་མ་ཧཱས་སེམས་གནས་པའི་ཐབས་རིམ་བཞིན་གོམས་པས་ཏིང་ངེ་འཛིན་ཁྱད་པར་ཅན་བསྒྲུབ་པ་དང་། ཨ་ནུས་རྡོ་རྗེའི་ལུས་ལ་གནད་དུ་བསྟུན་པའི་ཐབས་ཀྱིས་རླུང་སེམས་བཅིང་ཏེ་ཞི་གནས་ཁྱད་པར་ཅན་མྱུར་དུ་བསྒྲུབ་པ་དང་གཉིས་ནི་རྩོལ་བ་དང་བཅས་པ་ཡིན་ལ། ཨ་ཏིའི་ལུགས་ལ་ནི་རིག་པ་ཡེ་ཤེས་ཉིད་ངོས་ཟིན་པས་རང་བཞིན་ལྷུན་གྱིས་གྲུབ་པའི་བསམ་གཏན་ལས་སེམས་འཛིན་གྱི་རྩོལ་བ་ཅི་ཡང་མི་དགོས་པའོ། །དེ་བཞིན་དུ་དཀྱིལ་འཁོར་ལ་ཡང་བསྐྱེད་རྫོགས་རྫོགས་ཆེན་གསུམ་པོའི་རིམ་པ་བཞིན་གཟུགས་བརྙན་དང་ལྷག་ཏིང་གི་དཀྱིལ་འཁོར་གཙོ་བོར་ཉམས་སུ་ལེན་པ་དང་། བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་ཉམས་ལེན་གཙོ་བོར་བྱེད་པ་དང་། རང་བཞན་གདོད་མའི་དཀྱིལ་འཁོར་རྩོལ་མེད་དུ་ལམ་དུ་བྱེད་པ་གསུམ་གྱི་ཁྱད་པར་དང་། དབང་ལའང་སྔགས་བླ་མེད་ཐམས་ཅད་དབང་བཞིས་སྨིན་པར་བྱེད་པ་འདྲ་ཡང་། གཟུགས་བརྙན་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་ཕྱི་རོལ་རྫས་ལ་བརྟོན་ཏེ་དབང་ནོད་པ་གཙི་བོར་བྱེད་པ་དང་། རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལས་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་དབང་རྫས་ལས་དབང་ནོད་པ་གཙོ་བོར་བྱེད་པ་དང་། རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བསྐུར་ཐོབ་མེད་པའི་ཆོས་ཉིད་ངོ་སྤྲོད་པ་རིག་པ་རྩལ་གྱི་དབང་བསྐུར་བ་གཙོ་བོར་བྱེད་པའི་ཁྱད་བར་དང་། དམ་ཚིག་ལའང་རྩ་བ་དང་ཡན་ལག་གིས་བསྡུས་པའི་སྲུང་བྱ་དང་། སྒྲུབ་བྱ་རྣམས་དྲན་ཤེས་ཀྱི་སྒོ་ནས་ཚུལ་བཞིན་བླང་དོར་བགྱིད་པ་དང་། དམ་ཚིག་ཐམས་ཅད་ལ་རང་དབང་འབྱོར་བའི་ཕྱིར་བདེ་བ་ཆེན་པོ་སྒྲུབ་པའི་རྟེན་ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་མི་ཉམས་པའི་ཐབས་དང་མཚན་ཉིད་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་བརྟན་པ་སོགས་ཀྱི་བྱ་བ་གཙོ་བོར་སྒྲུབ་པ་དང་། ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཉག་གཅིག་གི་ངང་དུ་ལྷུན་གྱིས་གྲུབ་པར་གནས་པས་བྱ་བ་དང་མི་བྱ་བའི་སྲུང་མཚམས་མེད་པར་ཕྱལ་བར་གནས་པ་འདའ་ཉམས་ལས་འདས་པའི་ཁྱད་པར་དང་། ཏིང་ངེ་འཛིན་དང་ཤེས་རབ་ནང་གི་ཡོ་བྱད་དང་ཕྱིའི་སྒྲུབ་བ་ཆེན་པོའི་ཡོ་བྱད་དེ་ཕྱི་ནང་གི་ཡོ་བྱད་དང་ལྡན་པའི་སྒོ་ནས་བསྙེན་སྒྲུབ་བྱེད་པ་དང་། རང་ལུས་ཐབས་ལྡན་བསྙེན་པ་དང་གཞན་ལུས་ཐབས་ལྡན་སྒྲུབ་པ་སྟེ་རྗེས་སུ་ཆགས་པའི་བརྟུལ་ཞུགས་ཉིད་གཙོ་བོར་ཕྱེད་པའི་ཚུལ་གྱིས་ལྷ་བསྒྲུབ་པ་དང་། སྒྲུབ་བྱ་སྒྲུབ་བྱེད་གཉིས་སུ་མེད་པ་བྱང་ཆུབ་ཀྱི་སེམས་ཤེས་ཤིང་དེ་ལ་གོམས་པ་གདིང་དུ་གྱུར་པ་ཁོ་ནས་བསྙེན་སྒྲུབ་བྱེད་པའི་ཁྱད་པར་དང་། ཕྱི་དང་ནང་གི་དམ་ཚིག་གི་རྫས་དངོས་སུ་བཤམས་པ་དང་ཡིད་ཀྱིས་སྲུལ་པའི་མཆོད་པ་གཙོ་བོར་བྱེད་བ་དང་། གསང་བའི་མཆོད་པ་དྷུ་ཏིའི་དབྱིངས་སུ་ལུང་དང་རྟོག་བ་གསོད་ཅིང་གཉིས་སུ་མེད་པར་སྦྱོར་བའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་མཆོད་པ་གཙོ་བོར་བྱེད་བ་དང་། ཡེ་ནས་མཆོད་བྱ་མཆོད་བྱེད་མེད་པར་དེ་ཁོ་ན་ཉིད་མཉམ་པ་ཆེན་པོའི་མཆོད་པ་གཙོ་བོར་བྱེད་པའི་ཁྱད་པར་དང་། རྫས་སྔགས་ཏིང་འཛིན་གྱི་ཐབས་གཙོ་བོར་བྱས་ཏེ་ཕྲིན་ལས་སྒྲུབ་བ་དང་། རླུང་སེམས་ལ་རང་དབང་ཐོབ་པའི་སྲོག་གཟུགས་གྲུབ་པའི་སྒོ་ནས་ལས་བསྒྲུབ་པ་དང་། སེམས་ཀྱི་ཆོས་ཉིད་ལ་དབང་འབྱོར་བ་ཉིད་ཀྱིས་རྩལ་སྣང་ལས་རབ་འབྱམས་རྩོལ་མེད་དུ་སྒྲུབ་པ་གསུམ་གྱི་ཁྱད་པར་དང་། ཕྱི་བཅའ་པའི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་ལྷ་སྐུའི་ཕྱག་རྒྱ་སྒོམ་པའི་རྩོལ་བ་གཙོ་བོར་བྱེད་པ་དང་། རྡོ་རྗེའི་ལུས་ཉིད་ཀྱི་བསྒུལ་བསྐྱོད་ཕྱག་རྒྱ་འགྲོ་འདུག་གར་དུ་ཤེས་ཤིང་གཟུངས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་བའི་བརྟུལ་ཞུགས་གྲུབ་པའི་ལམ་གཙོ་བོར་བྱེད་པ་དང་། ཆོས་ཐམས་ཅད་ཡེ་ནས་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པས་རྩོལ་བ་མེད་པར་ཕྱག་རྒྱ་བཞིའི་དོན་དང་ལྡན་པའི་ཁྱད་པར་དང་། བཟླས་བརྗོད་ཀྱི་སྔགས་ཀྱི་རྩོལ་བ་ལ་གཙོ་བོས་བྱེད་པ་དང་། རྡོ་རྗེའི་བཟླས་པ་དང་བུམ་ཅན་སོགས་ཀྱིས་སྲོག་མི་ཤིག་པའི་ཐིག་ལེར་སྒྲུབ་པའི་སྔགས་གཙོ་བོ་བྱེད་པ་དང་། ཆོས་ཉིད་རང་བྱུང་གི་ཡེ་ཤེས་ལ་དབང་འབྱོར་བས་གཞོམ་མེད་རྡོ་རྗེ་ནཱ་དེའི་གསུང་དང་ཡེ་ནས་ལྡན་བའི་ཕྱིར་ངག་ཏུ་བརྗོད་པ་མེད་ཀྱང་མི་གསུང་མཉམ་པར་བཞག་པ་སྔགས་ཀྱི་རྒྱལ་པོའི་དོན་དང་ལྡན་ཅིང་། ཚིག་ཏུ་བརྗོད་པ་ཐམས་ཅད་ཀྱང་རྡོ་རྗེའི་གླུ་དང་གསང་སྔགས་ཀྱི་ངོ་བོར་གྱུར་བའི་ཁྱད་པར་འདི་དག་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་གཞུང་གི་དགོངས་པས་བསླབ་པའི་མཐའ་བཅུ་གཅིག་ཉམས་སུ་ལེན་ཚུལ་གྱི་ཁྱད་བར་ཡིན་བས་དོན་གྱི་འགགས་བཀྲོལ་བ་ཡིན་ལ། རྒྱུད་གསུམ་དང་བསླབ་བྱ་བཅུ་གཅིག་གི་རྣམ་བཞག་རྒྱས་པ་ནི་གསང་བ་སྙིང་པོའི་སྤྱི་དོན་དུ་བརྗོད་ཟིན་པས་འདིར་མ་བྲིས་སོ། །རྒྱས་པར་སྔགས་རྒྱུད་སྡེ་དྲུག་སོ་སོའི་ཆེ་བ་དམ་ཚིག་ལྟ་བ་སོགས་བཅུ་བཤད་པ་དང་། ཕྱི་ནང་གི་གྲུབ་མཐའ་བཤད་པ་དང་། རྒྱུད་ཀྱི་འཆང་ཐབས་བཤད་པ་སོགས་ནི་ཕྱི་བཤད་ཐབས་གསལ་བར་བྱེད་པའི་མན་ངག་གི་ཆོས་སྡེ་ཉི་ཤུ་རྣམས་སུ་ལེགས་པར་བལྟ་བར་བྱའོ། །གསུམ་པ་ཐ་མར་དགེ་བ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་དགོངས་པའི་རྣམ་བཞག་བཤད་པ་ལ། སོ་སོའི་དགོངས་དོན་རྣམ་པར་བཤད་པ་དང་། ཐུན་མོང་དུ་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་འཇམ་དཔལ་སྐུ་འཁོར་ལོ་རྣམ་པ་བཞིའི་དགོངས་པ། པདྨ་གསུང་རྟ་སྐད་ཐེང་གསུམ་གྱི་དགོངས་པ། ཡང་དག་ཐུགས་རུ་ལུ་འབྲུ་བརྒྱད་ཀྱི་དགོངས་པ། ཆེ་མཆོག་ཡོན་ཏན་བདུད་རྩི་རྣམ་དག་གི་དགོངས་པ། ཕུར་པ་ཕྲིན་ལས་ཐལ་འབྱིན་རྣམ་པ་བཞིའི་དགོངས་པ། མ་མོ་རྦོད་གཏོང་རྩ་རླུང་ཐིག་ལེའི་དགོངས་པ། འཇིག་རྟེན་མཆོད་བསྟོད་མཆོད་བསྒྲུབ་བརྟེན་གསུམ་གྱི་དགོངས་པ། དམོད་པ་དྲག་སྔགས་འབོད་རྦད་བསད་གསུམ་གྱི་དགོངས་པ། བླ་མ་རིག་འཛིན་བསྙེན་སྒྲུབ་རྣམ་པ་བཞིའི་དགོངས་པ་བཤད་པའོ། །དང་པོ། །འཇམ་དཔལ་སྐུའི་སྒྲུབ་པ་ཐམས་ཅད་འཁོར་ལོ་རྣམ་པ་བཞིའི་དགོངས་པར་འདུས་པའི་ཚུལ་བསྟན་པ་གང་ཞེན། གནས་པའི་འཁོར་ལོ་ལྟ་བར་བཤད་པ། སྲིད་པའི་འཁོར་ལོ་གཅོད་པར་བཤད་པ། སྒྲུབ་པའི་འཁོར་ལོ་ཆོ་འཕྲུལ་དུ་བཤད་པ། གཅོད་པའི་འཁོར་ལོ་ཕྲིན་ལས་སུ་བཤད་པའོ། །དང་པོ་ལ་མདོ་རྒྱས་གཉིས། དང་པོ་གནས་པའི་འཁོར་ལོ་བདག་ཉིད་ཡ་མཱན་ཏ་ཀའི་ཐུགས་ཀ་ན་གནས་ཏེ། དཔེར་ན་ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཇི་ལྟར་ན་ནོར་བུ་ལས་དགོས་འདོད་ཐམས་ཅད་འབྱུང་བ་ལྟར། འཇམ་དཔལ་ཡ་མཱནྟ་ཀའི་ཐུགས་ཡང་དག་པའི་ཡེ་ཤེས་ནི་ཆོས་ཐམས་ཅད་འབྱུང་བའི་ངོ་བོར་གནས་ཤིང་ཡེ་ནས་རྣམ་དག་འཕོ་འགྱུར་མེད་པོའི་ཕྱིར་ཆོས་ཐམས་ཅད་ཡ་མཱནྟ་ཀའི་ཐུགས་ཀ་ན་གནས་ཞེས་བྱའོ། །གཉིས་པ་གནས་པའི་འཁོར་ལོ་ཞེས་བྱ་བ་དེ་གང་ཡིན་སྙམས་ན་རང་གི་སེམས་ཉིད་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་གནས་པའི་འཁོར་ལོ་ཞེས་བྱ་སྟེ། གང་གི་ཕྱིར་ན་དེ་ཁོ་ནར་ཆོས་ཐམས་ཅད་འདུས་ཤིང་འུབ་ཆུབ་པའི་ཕྱིར་རོ། །ཇི་ལྟར་འདུས་ན་སྐབས་འདིར་རྣམ་བཞག་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། སྐུ་གསུམ་གནས་པ་དང་། ཡེ་ཤེས་བཞི་གནས་པ་དང་། འཁོར་འདས་གཉིས་གནས་པ་དང་། བདེན་པ་གཉིས་གནས་པ་དང་། ལྟ་སྤྱོད་གཉིས་གནས་པ་དང་། ཐབས་ཤེས་གཉིས་གནས་པ་དང་། ཞི་ལྷག་གཉིས་གནས་པ་དང་། ཤེར་ཏིང་གཉིས་གནས་པའོ། །དང་པོ་སྐུ་གནས་པའི་ཚུལ་ནི། རང་གི་བྱང་ཆུབ་སེམས་རིག་པའི་རྒྱལ་པོ་རང་དབང་དུ་གྱུར་པའི་དུས་ན། ཕྱི་ནང་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནི་རང་སེམས་ལས་བྱུང་ཞིང་སེམས་ནི་དེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ལ། སེམས་ཀྱི་ངོ་བོའམ་རང་བཞིན་ནི་རིག་སྟོང་གཉིས་སུ་མེད་པར་ཡེ་ཤེས་ཆེན་པོ་དེ་ཁོ་ན་ལས་མི་འདའ་བ་ཡིན་པས། དེ་ལྟར་མངོན་དུ་གྱུར་བ་ལ་ཆོས་ཀྱི་སྐུ་ཞེས་བརྗོད་ཀྱི་དེ་ལས་གཞན་དུ་ཅུང་ཟད་ཀྱང་མེད་དོ། །དེའི་ཚེ་འདོད་ཡོན་ལྔ་མ་བཀག་པར་ཇི་ལྟར་འདོད་པ་བཞིན་ལོངས་སྤྱོད་པའི་དབང་ཟད་པ་མེད་པ་ཐོབ་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་བཞིན་དུ་བདག་ཉིད་ཐམས་ཅད་ཀྱི་ལུས་སུ་སྤྲུལ་ཞིང་ཡིད་ཀྱིས་ཇི་ལྟར་འདོད་པ་བཞིན་དབང་བསྒྱུར་བ་ནི་སྤྲུལ་པའི་སྐུ་ཞེས་བྱ་སྟེ། དེ་ལྟར་སྐུ་གསུམ་པོ་རང་ལོ་རང་ཆས་སུ་གནས་པ་ནི་སྐུ་གནས་པའོ། །གཉིས་པ་ནི། རང་སེམས་ནམ་མཁར་བཞིན་དུ་སྟོང་ལ། སྟོང་བཞིན་དུ་སྣང་བའི་སྣང་སྟོང་ཟུང་འཇུག་གི་ཆོས་ཉིད་མངོན་སུམ་སྣང་ལ་མ་ཞེན་པ་དེ་ལ་ནི་ཆོས་དབྱིངས་ཡེ་ཤེས་ཞེས་བྱའོ། །དེའི་ངང་ལས་འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་སྣ་ཚོགས་པ་བྱེད་པའི་དུས་ན་དངོས་པོ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་དང་འདྲ་བར་ཇི་ལྟར་བ་ལྟས་པ་ལྟར་སྣང་ཡང་དངོས་པོར་གྲུབ་པ་མེད་པར་རང་གིས་རྟོགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །རང་གི་བྱང་ཆུབ་ཀྱི་སེམས་ལ། ཕུང་ལྔ་དབང་ལྔ་རྣམ་ཤེས་ལྔ་ཡུལ་ལྔ་ཁ་དོག་ལྔ་ཡབ་ལྔ་ཡུམ་ལྔ་སོགས་ཡེ་ནས་གནས་ཤིང་དེ་དག་མཉམ་ལ་སོ་སོར་མ་འདྲེས་པའི་ཚུལ་གྱི་ཤེས་པ་ནི་སོ་སོར་རྟོགས་པའི་ཡེ་ཤེས་སོ། །ཆོས་ཐམས་ཅད་ཡེ་ནས་མ་རྩལ་མ་སྒྲུབ་པར་རྣམ་པར་གྲོལ་བའི་རང་བཞིན་དུ་གཟོད་ནས་ལྷུན་གྱིས་གྲུབ་པར་རྟོགས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། དེ་ལྟར་ཡེ་ཤེས་བཞི་ཡང་རང་གི་བྱང་ཆུབ་ཀྱི་སེམས་ལ་ཡེ་ནས་རང་བབ་ཀྱིས་གནས་པའོ། །གསུམ་པ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་སྣང་བ་ཡང་། རང་སེམས་ལ་དེ་དང་དེའི་རྣམ་པར་སྣང་བ་ཟད་ལ། ཇི་ལྟར་སྣང་བ་དེ་ནི་རང་གི་སེམས་ཀྱི་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཙམ་དུ་ཟད་ཅིང་། སེམས་རང་ཉིད་འཁོར་འདས་ལྟར་སྣང་གི། དེ་ལས་ལོགས་སུ་འཁོར་འདས་ཞེས་བྱ་བ་རང་གི་ངོ་བོས་གྲུབ་པ་རྡུལ་ཙམ་མེད་པར་ངེས་ཤིང་དེ་ཡང་བྱང་ཆུབ་ཀྱི་སེམས་དོན་དམ་པའི་དབྱིངས་སུ་མཐར་ཐུག་པས་ན་འཁོར་འདས་གཉིས་ཀྱང་དེར་གནས་པའོ། །བཞི་པ་ནི། ཆོས་ཐམས་ཅད་དོན་དམ་པར་བྱང་ཆུབ་སེམས་སུ་མཐར་ཐུག་པ་ནི་དོན་དམ་བདེན་པ་དང་། དེའི་རྩལ་སྣང་ལས་སྣང་པས་བསྡུས་པའི་ཆོས་ཐམས་ཅད་ཀྱང་ཀུན་རྫོབ་ཙམ་དུ་མ་འདྲེས་པར་སྣང་བ་ནི་ཀུན་རྫོབ་བདེན་པ་སྟེ། དེ་ལྟར་བདེན་པ་གཉིས་རང་གི་བྱང་ཆུབ་ཀྱི་སེམས་ལ་ཡེ་ནས་གནས་པའོ། །ལྔ་པ་ལྟ་བ་ནི་མིག་དང་འདྲ་སྟེ་ཡུལ་གྱི་ཉེས་སྐྱོན་ཐམས་ཅད་གདར་ཤ་གཅོད་ལ། སྤྱོད་པ་ལས་དང་འདྲ་སྟེ་ལས་སོ་སོའི་བྱ་བ་གང་ཡིན་ཆུད་མ་ཟོས་པར་སྤྱོད་པའི་ལྟ་སྤྱོད་ཀྱི་མཐའ་ནི་གང་ཞེ་ན། ཆོས་ཐམས་ཅད་སྙིང་པོ་ཆོས་ཉིད་བྱང་ཆུབ་སེམས་སུ་ཤེས་བཞི་ལྟ་བའི་མཐར་ཐུག་པ་ཡིན་ལ། ལྟ་བ་དེ་ལྟ་བུའི་ངང་ནས་གང་སྤྱོད་ཆོས་ཉིད་དང་མི་འགལ་མི་འབྲལ་བར་སྤྱོད་པ་ནི་སྤྱོད་པའི་རྒྱལ་པོ་སྟེ། དེ་ལྟ་བུའི་ལྟ་སྤྱོད་ཀྱང་གཞན་ན་མེད་དེ། རང་གི་བྱང་ཆུབ་ཀྱི་སེམས་ལ་ཡེ་ནས་གནས་པའོ། །དྲུག་པ་ནི། རང་གིས་བྱས་པའི་ལས་ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་སེམས་ལས་བྱུང་ཞིང་། དེའི་ངང་ལས་མ་འདས་པར་ཤེས་པ་ནི་ཤེས་རབ། དེ་ཉིད་རང་བཞིན་མེད་པར་སྤྱོད་པ་ནི་ཐབས་ཏེ། ཐབས་དང་ཤེས་རབ་དག་ཀྱང་རང་གི་བྱང་ཆུབ་ཀྱི་སེམས་ལ་རང་ཆས་སུ་གནས་པའོ། །བདུན་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་ངང་དུ་གནས་པའི་ཏིང་ངེ་འཛིན་ནི་ཞི་གནས་དང་། དེ་ལྟ་བུར་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པར་སྤྱོད་པ་ནི་ལྷག་མཐོང་སྟེ། ཞི་ལྷག་ཀྱང་རང་གི་བྱང་ཆུབ་སེམས་ལ་ཡེ་ནས་གནས་པའོ། །བརྒྱད་པ་རྣལ་འབྱོར་པའི་གསང་བའི་ཡོ་བྱད་གཉིས་སུ་གྲགས་པ་ནི་ཤེས་རབ་དང་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་གྱི་སེམས་ལས་སུ་རུང་བ་ལས་ཡོན་ཏན་ཐམས་ཅད་འབྱུང་ཞིང་། ཤེས་རབ་ཀྱིས་ཕྱིན་ཅི་མ་ལོག་པར་སྤྱོད་པའི་ལོངས་སྤྱོད་རྫོགས་པའི་མངའ་དབང་ཆེན་པོ་འབྱོར་བས་ན་འདི་དག་རྣལ་འབྱོར་པའི་ཡོ་བྱད་ཆེན་པོའོ། །དེ་གཉིས་ཀྱང་ཡེ་ནས་ཞི་ལྷག་ཟུང་དུ་འབྲེལ་བའི་རང་རིག་པ་བྱ་ཆུབ་ཀྱི་སེམས་ལ་ངང་གིས་གནས་པའོ། །དེ་ལྟར་རྣམ་བཞག་རྣམ་པ་བརྒྱད་པོ་འདིས་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངོ་བོར་གནས་པའི་ཚུལ་བཤད་པའོ། །འཁོར་ལོ་ཞེས་པ་ཐུགས་ཡང་དག་པའི་ཡེ་ཤེས་དེ་ལྟ་བུ་མཐའ་གང་དུ་འང་མ་ངེས་པས། ཆོས་ཐམས་ཅད་ཕར་དགག་སྒྱུབ་རིས་ཆད་མེད་པར་སྣ་ཚོགས་སུ་འཕྲུལ་ཞིང་རྒྱུན་མ་ཆད་པར་འཁོར་བས་འཁོར་ལོ་ཞེས་བྱའོ། །རྣམ་པ་གཅིག་ཏུ་ན་འཁོར་ལོའི་ལས་ནི་གཅོད་བའི་དོན་ཏེ། འཁོར་ལོ་གསང་བའི་མཛོད་ཅེས་བྱ་བའི་ལུང་ལས། འཇམ་དཔལ་ཐུགས་ཀྱི་ཡེ་ཤེས་འཁོར་ལོ་ཡིས། སྲིད་གསུམ་འཁོར་བའི་རྨོངས་པ་རྩད་ནས་གཅོད། །ཅེས་པ་ལ་སོགས་པ་གསུངས་བ་བཞིན་ནོ། །གཉིས་པ་སྲིད་པའི་འཁོར་ལོ་ནི་ཡ་མཱནྟ་ཀའི་ལྟེ་བ་ན་གནས་པ་ཞེས་བྱ་སྟེ། དཔེ་ས་མདོའི་མཁར་བཟང་པོ་ལྟ་བུའོ། །ཇི་ལྟར་ན་རྡོ་རྗེའི་མཁར་བཟང་པོ་དེར་ཡུལ་ཁམས་བདག་འདུག་པའི་གནས་ཡོད་པས་དེར་ཞུགས་ན་རང་ཉིད་གཞན་གྱིས་མི་ཚུགས་པ་སོགས་ཇི་ལྟར་བྱ་བའི་དབང་ཡོད་པ་ལྟར་འཇམ་དཔལ་ཡ་མཱནྟ་ཀ་དང་གཉིས་སུ་མེད་པའི་སྐུ་བརྙེས་པའི་དུས་ན། ཁམས་གསུམ་སྲིད་གསུམ་ལུས་ངག་ཡིད་གསུམ་རྩ་རླུང་ཐིག་གསུམ་ལ་སོགས་པ། སྲིད་པ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ལ་འཇམ་དཔལ་ཡ་མཱནྟ་ཀའི་ལོངས་སྤྱོད་རྫོགས་པའི་སྐུའི་དབང་བྱེད་པའི་ཕྱིར་ཏེ་ཐམས་ཅད་དེའི་སྐུའི་ངང་དུ་རྫོགས་པའི་ཕྱིར་རོ། །དེ་ལྟར་ཡང་ལུང་ལས། ང་ལས་སྲིད་པ་གསུམ་པོ་བྱུང་། །ང་ནི་ཐམས་ཅད་ཀུན་གྱི་རྗེ། ཞེས་སོགས་གསུངས་པ་བཞིན་ནོ། །དེའི་ཕྱིར་ཕྱི་ལྟར་ན་ལས་ཀྱི་གཤིན་རྗེའི་རྒྱལ་པོའི་ལྟོ་བ་ན་སྲིད་པ་གསུམ་གནས་པས་ཁམས་གསུམ་གྱི་སེམས་ཅན་རྣམ་ཚེའི་དུས་བྱེད་པའི་ཚེ་ན་རྣམ་པར་ཤེས་པ་ཁོའི་ལག་དུ་མི་འགྲོ་མི་སྲིད་པས་སྲིད་པ་གསུམ་གྱི་སྲོག་དབུགས་ཀྱི་བདག་པོ་ཡིན་ཞིང་། གཤིན་པོ་རྣམས་ཀྱི་རྗེར་གྱུར་པ་དེ་དག་ཀྱང། རྟགས་ཀྱི་ཕྱག་རྒྱ་བསྟན་པའི་སྐུ་གང་གི་ལྟོ་བ་ན་གནས་ཤིང་ཐ་མལ་པའི་གཤིན་རྗེའི་གཤེད་དུ་གྱུར་བ་འཁོར་འདས་ཐམས་ཅད་ཀྱི་བདག་པོ། དེའི་གོང་ན་གཞན་མེད་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་ཡ་མཱནྟ་ཀ་ཡིན་པའི་ཕྱིར་རོ། །ནང་ལྟ་ན་མངལ་ནས་སྐྱེས་པའི་སེམས་ཅན་རྣམས་དང་པོ་ལྟེ་བ་ནས་ཆགས་ཏེ། ལས་རླུང་འཕོ་བའི་གཞི་ལྟེ་བ་ལ་བརྟེན་ནས་ཆགས་ཤིང་ལྟེ་བ་དེ་ནི་བརྩོན་རའམ་ཟོ་ཆུའི་འཁྱུད་མོ་དང་འདྲ་བས་དེར་རྣམ་ཤེས་ཆགས་ནས་མི་འཆོར་བར་འཛིན་ཅིང་ནང་གི་འཕོ་བའི་དུས་ཀྱིས་སེམས་ཅན་རྣམས་རིམ་གྱིས་འཕོ་ཞིང་འཇོམས་བར་བྱེད་པ་ཡིན་ལ། གསང་བ་ལྟར་ན་ཡང་དག་པའི་ཡེ་ཤེས་དང་ཡེ་ཤེས་ཀྱི་རླུང་གི་བྱེད་པས་དུས་ཀྱི་དགྲ་དེ་དག་འཕོ་མེད་དུ་འཇོམས་པ་ནི་དཔལ་ཡ་མཱནྟ་ཀ་སྟེ། དེས་ན་སྲིད་པའི་འཁོར་ལོ་ལྟེ་བ་ན་གནས་ཞེས་བྱའོ། །དེ་ལ་འཁོར་ལོ་ཞེས་འདོགས་པ་ནི། སྲིད་པ་གསུམ་གྱི་སེམས་ཅན་རྣམས་མ་རིག་ལོག་རྟོག་གི་འཁྲུལ་པས་གཟུང་འཛིན་ཞེན་ཆགས་བརྟགས་ནས་གནས་གཅིག་ནས་གཅིག་ཏུ་འཁྲུལ་ཞིང་འཁོར་བས་ན་འཁོར་ལོ་ཞེས་བྱའོ། །དེ་ལྟར་ཤེས་ནས་སྲིད་པའི་འཁོར་ལོ་བསྐོར་བའི་འཕུལ་བྱེད་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡང་དག་པའི་ཡེ་ཤེས་ཀྱིས་གཅོད་པར་བྱེད་པ་ནི་དེའི་ཉམས་ལེན་ནོ། །གསུམ་པ་སྤྲུལ་པའི་འཁོར་ལོ་ནི་ཡ་མཱ ནྟ་ཀའི་ཞབས་ཀྱི་འོག་ན་གནས་ཏེ། དཔེ་སྒྱུ་མ་མཁན་ལྟ་བུའོ། །ཇི་ལྟར་སྒྱུ་མ་མཁན་མཁས་པས་སྒྱུ་མའི་སྣང་བ་སྣ་ཚོགས་ཀྱི་རྣམ་པ་ཅི་བྱས་ཀྱང་དེ་དང་དེའི་རྣམ་པར་སྣང་ཞིང་བྱ་བ་བྱེད་པ་ལྟར་སྟོན་པ་བཞིན། འཇམ་དཔལ་ཡ་མཱནྟ་ཀའི་ཐུགས་ཉིད་ལས་མ་གཡོས་བཞིན་དུ། འགྲོ་བ་རིགས་དྲུག་དང་། ཚོགས་དྲུག་དང་། རྒྱུད་དྲུག་དང་། སྤྲུལ་པ་དྲུག་དང་། འཁོར་ལོ་དྲུག་ཞབས་ཀྱིས་མནན་པར་སྣང་ཞིང་། ཐུགས་རྗེས་སྤྲུལ་སྐུ་ཐུབ་དྲུག་གིས་རིགས་དྲུག་གི་གནས་སུ་དོན་མཛད་པར་སྟོན་ཏེ། འདི་ནི་འགྱུར་མེད་བྱང་ཆུབ་ཀྱི་དབྱིངས་ལས་རྩལ་སྣང་མ་འགག་པར་འཆར་བའི་དབང་གིས་རྟགས་ཀྱི་ཕྱག་རྒྱར་སྣང་བ་ཡ་མཱནྟ་ཀའི་སྐུའི་ཞབས་འོག་ཏུ་རིགས་དྲུག་མནན་པའི་ཚུལ་དུ་སྣང་བ་ལ་སྤྲུལ་པ་ཞེས་བྱ་ཞིང་། རིགས་དྲུག་སོ་སོའི་ལམ་ཀྱི་རྣམ་སྨིན་པའི་དབང་གིས་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འཁོར་བས་འཁྲུལ་འཁོར་ཞེས་བྱའོ། །དེ་ལྟར་རྟོགས་ནས་དེའི་བྱེད་ལས་འཁོར་བའི་དུག་ལྔ་འཇོམས་པའི་ཆོ་འཕྲུལ་མངོན་དུ་འབྱིན་པར་བྱ་བ་ནི་ཉམས་སུ་ལེན་ཚུལ་ལོ། །བཞི་པ་གཅོད་པའི་འཁོར་ལོ་ནི་ཡ་མཱནྟ་ཀའི་སྐུ་ཡི་ཕྱག་ན་མཚོན་ཆའི་ཚུལ་དུ་བསྣམས་པ་སྟེ། དེའི་ངོ་བོ་ནི་ཕྲིན་ལས་ཡིན་ལ་དཔེ་མཚོན་ཆ་རྣོན་པོ་ལྟ་བུའོ། །ཇི་ལྟར་ན་མཚོན་ཆ་རྣོན་པོས་གང་ལ་བཏབ་པ་ཐོགས་མེད་དུ་གཅོད་པ་ལྟར། ཡ་མཱནྟ་ཀའི་ཕྱག་མཚན་གྱི་འཁོར་ལོ་ལས་ཕྲིན་ལས་རྣམ་པ་བཞིས་རང་རང་གི་འགལ་ཟླ་གཅོད་པར་བྱེད་དེ། ཞི་བའི་དུས་སུ་མེ་ཆུ་དུག་མཚོན་དམག་མུ་གེ་དགྲ་དུས་མིན་འཆི་བ་སྟེ་འཇིགས་པ་བརྒྱད་པོ་གཅོད་ཅིང་ཞི་བར་བྱེད། རྒྱས་པའི་དུས་སུ་ཚེ་རིང་དབང་ཆེ་བཀྲ་ཤིས་གཟི་མདངས་ཆེ་བ་འཁོར་མང་ལོངས་སྤྱོད་ཆེ་བའི་བར་དུ་གཅོད་པ་གཅོད་ཅིང་དེ་དྲུག་པོ་རྒྱས་པས་འབྱོར་པ་དྲུག་ལྡན་དུ་བྱེད། དབང་གི་དུས་སུ་གདུལ་བྱ་དེ་དག་གི་བདག་ལ་ཕ་མ་ལྟ་བུར་མོས་པ། རྗེ་བོར་མོས་པ། གཙོ་བོར་མོས་པ། སློབ་དཔོན་ལྟ་བུའི་ཚུལ་དུ་མོས་པར་བྱས་ནས་མི་གུས་པ་གཅོད་ཅིང་དབང་དུ་བྱེད། དྲག་པོའི་དུས་སུ་བསྟན་པ་ལ་གནོད་པའི་དགྲ་དང་བགེགས་ཐམས་ཅད་ཚར་གཅོད་པར་བྱེད་པས་གཅོད་པ་ཞེས་བྱ་ཞིང་། ཕྲིན་ལས་སྣ་ཚོགས་སུ་འཁྲུལ་ཅིང་འཁོར་བས་འཁོར་ལོ་ཞེས་བྱའོ། །དེ་ལྟར་འཁོར་ལོ་བཞི་པོ་དེ་ཡང་གནས་པའི་འཁོར་ལོ་སེམས་ལ་འདུས་ཏེ། སེམས་ལ་སེམས་འདུས་ཆོས་ཀྱི་སྐུ་ཞེས་དང་། སྲིད་པའི་འཁོར་ལོ་ལུས་ལ་འདུས་ཏེ། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ཞེས་དང་། སྤྲུལ་པའི་འཁོར་ལོ་ཞབས་ལ་འདུས་ཏེ། གོམས་པ་བགྲོད་པས་རིགས་དྲུག་མནན་ཞེས་དང་། གཅོད་པའི་འཁོར་ལོ་ཕྱག་མཚན་ཏེ། ཕྲིན་ལས་བཞི་ཡིས་དངོས་པོ་གཅོད། །ཅེས་གསུངས་སོ། །དེ་ལྟར་འཁོར་ལོ་རྣམ་པ་བཞི་པོ་བསྡུས་ན་དོན་རྟགས་གཉིས་སུ་འདུ་སྟེ། དོན་ནི་གནས་པའི་འཁོར་ལོ་ལ། རྟགས་ནི་འཁོར་ལོ་གསུམ་དུ་བཞེད་ཅེས་གསུངས་ཤིང་། དེ་ལ་དོན་ལྟ་བ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་འབྱུང་གནས་དང་ངོ་བོར་གྱུར་པ་ཆོས་ཉིད་བྱང་ཆུབ་ཀྱི་བསྟན་པའི་ཕྱིར་རོ། །རྟགས་ནི་ཕྲིན་ལས་ཡིན་ཏེ། སྲིད་པའི་འཁོར་ལོ་ནི་ཕྲིན་ལས་ཀྱི་ཡུལ་དང་། སྤྲུལ་པའི་འཁོར་ལོ་ནི་ཕྲིན་ལས་ཀྱི་གཞི་ཆོ་འཕྲུལ་སྣང་བ་དང་། གཅོད་པའི་འཁོར་ལོ་ནི་ཕྲིན་ལས་དངོས་ཡིན་པའི་ཕྱིར་རོ། །དེས་ན་ལྟ་བ་གཅིག་དང་སྦྱོད་པ་གསུམ་པོ་དེ་ལྟ་བུ་ལ་མ་བྲལ་ན་གསང་སྔགས་ཀྱི་དོན་ཁོང་དུ་ཆུད་ཀྱིས་ཚིག་ཙམ་དུ་གསང་སྔགས་ཞེས་བྱ་བ་དང་། ལྟ་སྤྱོད་ཅེས་གྲགས་ཀྱང་། བསླབ་པའི་མཐའ་དྲུག་རྫོགས་ཤིང་ཡོ་བྱད་གཉིས་ལ་ལོངས་མ་སྤྱད་ན་གསང་སྔགས་འཛིན་པར་རློམ་ཡང་རྣལ་འབྱོར་པ་དང་ཆོས་སུ་འཛོལ་བར་གསུངས་སོ། །གཉིས་པའི་གཅོད་པའི་འཁོར་ལོ་ཁྱད་པར་དུ་བཤད་པ་ནི། ཇི་སྐད་དུ། འཁྲུལ་འཁོར་མཐར་ཐུག་གཤིན་རྗེའི་གཤེད་ཅེས་དང་། གཤིན་རྗེ་གྲུབ་ན་འཁོར་ལོ་བསྐོར། ཞེས་གྲགས་པ་བཞིན་དུ། གཤིན་རྗེའི་གཤེད་ཀྱི་རྒྱུད་འདིར་འཁྲུལ་འཁོར་གྱི་ཚུལ་མཐའ་དག་བསྟན་པས་ན་དེའི་རྣམ་བཞག་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་གཅོད་པའི་འཁོར་ལོ་ནི་ཡ་མཱནྟ་ཀའི་ཕྱག་མཚན་གྱི་ཕྲིན་ལས་སུ་བཤད་ལ། རྣལ་འབྱོར་པ་རྣམས་ཀྱི་ཉམས་སུ་ལེན་པའི་ཚེ་ན་འཁྲུལ་འཁོར་ལ་བརྟེན་ནས་ལས་སྒྲུབ་པ་དེ་ལ་གཅོད་པའི་འཁོར་ལོར་བཤད་པའི་ཕྱིར། དེ་ལྟ་བུའི་གཅོད་པའི་འཁོར་ལོ་ལ་གཉིས་ཏེ། ཐོག་འདྲ་དང་ལྕགས་འདྲ་གཉིས། དང་པོ་ཐོག་གིས་བྲག་ལ་སོགས་པ་གང་ཡང་ཐོག་མེད་དུ་འཇོམས་པ་ལྟར། སྔགས་གཅིག་གིས་ལས་ཐམས་ཅད་ཐོག་རྡུག་མེད་པར་མྱུར་དུ་བྱེད་པ་གནམ་ཐོག་ཆེན་མོ་ཞེས་གྲགས་སོ། །གཉིས་པ་ལྕགས་ཀྱི་མཚོན་སྣ་ཚོགས་རྡེག་པ་ལྟར། སྔགས་མང་པོ་ལས་གཅིག་མ་གྲུབ་བར་དུ་ཡང་ཡང་བརྡེགས་པ་སྟེ། རྡོ་སྐྱོགས་ཆེན་པོ་དང་འདྲའོ། །ལྕགས་འདྲའི་འཁྲུལ་འཁོར་ལ། འཁྲུལ་འཁོར་དང་། འཁོར་ལོ་ཉི་མ་བཞི་པ་རྐྱང་པར་བསྐོར་བའོ། །དང་པོ་འཁྲུལ་འཁོར་ལ་གཉིས་ཏེ་འཁྲུལ་འཁོར་ཆེན་པོ་གསང་བ་དགུ་སྐོར། འཁྲུལ་བསྐོར་ཆུང་ངུ་ཕྱི་ནང་དྲུག་སྐོར་རོ། །དང་པོ་ལ་འཁྲུལ་འཁོར་བསྐོར་བ་འཁྲུགས་སྡེབ་གཞུང་བསང་བ་གསུམ། དང་པོ་ལ་དྲུག་སྟེ། འོད་ཟེར་རྣམ་པ་བརྒྱད་དུ་འཁྲུལ་འཁོར་བསྐོར་བ། འཁོར་ལོ་འཁྲུལ་འཁོར་བཞིར་བསྐོར་བ། བཟློག་ལུགས་བཅུར་འཁྲུལ་འཁོར་བསྐོར་བ། ཕྱི་ནང་གསང་བ་དགུར་བསྐོར་བ། རྒྱུ་རྡོ་རྗེ་རྒྱ་གྲམ་དུ་བསྐོར་བ། མགར་བ་ལས་ཀྱི་དོན་དུ་འཁྲུལ་འཁོར་བསྐོར་བ་སྟེ། དེ་རྣམས་ཀྱི་བཟླས་ཐབས་ནི་འཁོར་ལོ་དཀའ་གཅོད་སྒྲོན་མེར་ཤེས་པར་བྱའོ། །གཉིས་པ་འཁྲུགས་རྡེབ་ནི། མེ་ལོང་ཆེ་ཆུང་གཉིས། མཚོན་རྡེབ་ཆེ་ཆུང་གཉིས། དམིགས་གསལ་ཆེ་ཆུང་གཉིས། ལྡེའུ་མིག་ཆེ་ཆུང་གཉིས་སྟེ་བརྒྱད་དོ། །གསུམ་པ་གཞུང་བསྲང་བ་ནི། སྐུའི་སྒྲུབ་པའི་མདོ་བྱང་། གསུང་གི་སྒྲུབ་པ་ཁ་ཐུན། ཐུགས་ཀྱི་སྒྲུབ་པ་གསོད་བྱེད། ཡོན་ཏན་གྱི་སྒྲུབ་པ་ལས་བཅུ། ཕྲིན་ལས་ཀྱི་སྒྲུབ་པ་ལས་བཞིའོ། །རྩ་བ་གསུམ་ནི་ཁམས་གསུམ་དབང་སྡུད་ཆེ་འབྲིང་ཆུང་གསུམ། ཁ་སྐོང་གསུམ་ནི་སྒྲོལ་བ་མདུང་ཐུང་། གསོད་པའི་སྤུ་གྲི། ཆུ་གྲི་ནག་པོ་གསུམ། སྡུད་པ་གསུམ་ནི་ཁམས་གསུམ་དབང་སྡུད། སྲོག་འཇུག་སྡུད། ལས་ཀྱི་མཐའ་སྡུད་གསུམ་མོ། ལས་གང་ཡང་མ་གྲུབ་ན་མཐར་ཐུག་གསུམ་ལ། འཆི་བདག་དྲག་པོ་དམོད་ལ་བོར་བ། གཤེད་པོ་ལྟོ་བ་དཀྲུག་པ། ཕྱིན་ཅི་ལོག་གཉིས་ཀྱིས་གནད་ལ་དབབ་པ་སྟེ། ཉིན་བཞི་པའི་ཕྱིན་ཅི་ལོག་གིས་ཕོ་གནད་ལ་དབབ་པ། ནུབ་རེ་ལ་ཕྱིན་ཅི་ལོག་གིས་མོ་གནད་ལ་དབབ་པའོ། །དེ་ལྟ་བུའི་འཁྲུལ་འཁོར་ཐམས་ཅད་ཀྱི་དོན་བསྡུས་ན་ལྟ་བ་དོན་གྱི་འཁྲུལ་འཁོར་དང་སྤྱོད་པ་རྟགས་ཀྱི་འཁྲུལ་འཁོར་གཉིས། དང་པོ་སྙིང་པོ་བྱང་ཆུབ་སེམས་རིག་པ་རང་བྱུང་གི་ཡེ་ཤེས་འཁྲུལ་འཁོར་དུ་གནས་པ་དང་། འཁྲུལ་དམིགས་སུ་གནས་པ་དང་། དམིགས་གསལ་དུ་གནས་པ་དང་། འཁྲུལ་པའི་མེ་ལོང་དུ་གནས་པ་རྣམས་ནི་ལྟ་བ་དོན་གྱི་འཁྲུལ་འཁོར་ཏེ། འཁོར་ལོ་གསང་བའི་མཛོད་འབྱེད་པའི་ལྡེའུ་མིག་གོ། །གཉིས་པ་སྤྱོད་པ་རྟགས་ཀྱི་འཁྲུལ་འཁོར་ནི། དམ་ཅན་རྟགས་ཀྱི་འཁྲུལ་འཁོར་དང་། དགེ་སྡིག་ལས་ཀྱི་འཁྲུལ་འཁོར་གཉིས། དང་པོ་ལ། བཅུ་བདུན་པ་ཚོགས་བརྒྱད་ཀྱི་སྔགས་དང་། སུམ་ཅུ་རྩ་གཉིས་པའི་ངོ་བོ་གནས་པ་དེ། འཇིག་རྟེན་ལས་འདས་པའི་གཤིན་རྗེ་སྟོང་གི་ངོ་བོར་གནས་པ་དང་སྙིང་པོར་གནས་པ་དང་། འཇིག་རྟེན་པའི་བླ་སྲོག་གི་ངོ་བོར་བསྟན་པ་དང་། སྙིང་པོར་བསྟན་པའོ། །གཉིས་པ་དགེ་སྡིག་ལས་ཀྱི་འཁྲུལ་འཁོར་ལ། གསོ་བ་ཡོན་ཏན་གྱི་འཁྲུལ་འཁོར་དང་། གསོད་པ་ཕྲིན་ལས་དྲག་པོའི་འཁྲུལ་འཁོར། ཆོ་འཕྲུལ་གྱི་འཁྲུལ་འཁོར། ཆུ་འཁྱག་སེར་བའི་འཁྲུལ་འཁོར། ཐོག་སེར་སྐར་མདའི་འཁྲུལ་འཁོར་ལ་སོགས་པ་བསམ་གྱིས་མི་ཁྱབ་ཀྱང་། དེ་དག་ལས་བརྒྱ་རྩ་བརྒྱད་དུ་འདུས་ཤིང་། དེ་ཡང་བསྡུ་ན་ལས་བཅུར་འདུས་ཏེ། ཞི་བ་ཟླ་བའི་དཀྱིལ་འཁོར་དུ་བསྐོར་བ། རྒྱས་པ་གླང་ཆེན་རྒྱབ་ཏུ་བསྐོར་བ། དབང་བཙུན་མོའི་མཁར་བསྐོར་བ། བསད་པ་གཤིན་རྗེའི་ལྟོ་བར། དགུག་འདྲེན་སེང་གེའི་སྙིང་གར། དབྱེ་བ་རྟ་གླང་འཐབ་པའི་བར་དུ་བསྐྲད་པ་རྔ་མོའི་འཕོངས་སུ། སྨྱོ་འབོག་ཤན་དམར་གྱི་རྒྱབ་ཏུ། ལྐུག་པ་ལུག་གི་ཁོག་པར། མནན་པ་རི་རབ་རྨད་དུ་བསྐོར་བ་སྟེ། དེ་དག་ཀྱང་ཡེ་ཤེས་ཟླ་བར་ཞི་བའི་ལས་འགྲུབ་པའི་ནུས་པ་ཡོད། འཇིག་རྟེ་ཟླ་བར་ཞི་ལས་མྱུར་དུ་གྲུབ་པའི་ནུས་པ་ཡོད། ཐ་མལ་གྱི་ཟླ་བ་ལ་ཞི་ལས་འགྲུབ་པའི་ཆ་མཐུན་ཡོད། བྱིན་རླབས་ཀྱི་ཟླ་བ་ཐོབ་ཤོར་མེད་པས་ན་ཞི་བ་ཟླ་བའི་དཀྱིལ་དུ་བསྐོར་བས་བསྒྲུབ་བྱ་གང་ལའང་ཐེ་ཚོམ་མེད་པ་དེ་བཞིན་གཞན་དགུ་པོ་ལའང་། རྒྱུ་མཚན་བཞི་པོ་སྤྱར་ཏེ་ཤེས་པར་བྱའོ། །ལས་བཅུ་པོ་དེ་དག་ཀྱང་བསྡུས་ན་ཞི་རྒྱས་དབང་དྲག་བཞིར་འདུས་ལ། དེ་བཞིན་ཡང་གསོ་བསད་གཉིས་སུ་འདུས་སྟེ་ཞི་རྒྱས་ཀྱིས་གསོ་བའམ་རྗེས་སུ་འཛིན་པ། །དབང་དྲག་གིས་བསད་པ་འམ་ཚར་གཅོད་པར་བྱེད་དོ། །གཉིས་པ་ཐོག་འདྲའི་འཁྲུལ་འཁོར་ནི། ཀ་བ་བཞི་དང་གདུང་མ་དྲུག་སྟེ་འཁྲུལ་འཁོར་ཆུང་ངུའོ། །ཀ་བ་བཞི་ནི་ཉི་མ་བཞི་པའི་ལམ་ཀྱི་གང་མཚམས་ཆེན་པོ་བཞི་ལ་བྱའོ། །གདུང་མ་དྲུག་ནི། ཕྱི་ནང་གསང་བ་དྲུག་ལ་བྱའོ། །དེ་ཡང་ལྕགས་འདྲ་ནི་ཕྱི་ནང་གསང་བ་དགུ་བསྐོར་གྱི་གཞུང་སྟེ། སྤྱིའི་ཕྱི་ནང་གསང་བ་དང་། ནང་གི་ཕྱི་ནང་གསང་བ་དང་། གསང་བའི་ཕྱི་ནང་གསང་བའོ། །རེ་ལ་བསྐོར་ལུགས་གསུམ་སྟེ། ཕྱིའི་ཕྱི་མང་གསང་གསུམ་མི་རེང་འགྲོས་སུ་བསྐོར་བ་དང་། ནང་གི་ཕྱི་ནང་གསང་གསུམ་ཕྱི་རུས་སྦལ་འགྲོས་སུ་བསྐོར་བ་དང་། གསང་བའི་ཕྱི་ནང་གསང་གསུམ་ཕྱི་ནང་དབུས་མཐའ་མེད་པར་གླང་པོའི་འགྲོས་སུ་བསྐོར་བའོ། །དེ་ཡང་ཇི་སྐད་དུ། འཁོར་ལོ་བསྐོར་བའི་འཁོར་ས་གསུམ། ཕྱི་ཡི་ཕྱི་དང་གསང་བ་དང་། གསང་བའི་ཕྱི་དང་གསང་བ་ནི། དབུས་མཐའ་མེད་པར་འཁོར་བ་ཡིན། ནང་གི་ཕྱི་དང་གསང་བ་ནི། དབུས་དང་མཐའ་རུ་འཁོར་བའོ། །ལྕགས་ཕུར་བཅུ་བདུན་འཐོན་འཇུག་ཅན། མཐའ་དང་དབུས་སུ་འཁོར་བའོ། །ཞེས་སོ། །ལས་བྱང་རྒྱས་འབྲིང་བསྡུ་གསུམ་བཀའ་སྩལ་པ་བློའི་རིམ་པ་དང་སྦྱར་ནས་བཤད་པའོ། །ཡེ་ཤེས་ལྷ་ཉེ་བར་བསྙེན་པ་དང་། ཁྲོ་བོ་ཉེ་བར་སྒྲུབས་པ་གཞུང་བསྲང་ནས། ཉེ་བར་འོང་ཞིང་དངོས་སུ་བརྟན་པ་ཐོབ་པར་བྱས་ལ། འཁོར་ལོ་བསྐོར་བའི་དུས་སུ་སྒྲུབ་པའི་གཞུང་བསྲང་ངོ་། །མྱུར་འགྱོགས་བཙན་ཐབས་སུ་བྱེད་ན། རྡོ་རྗེ་གིང་ཕོ་མོའི་འཁོར་ལོ་སོ་བརྡར་ཏེ་འཚོན་མི་སྲིད་པའི་ལུགས་སུ་གཞུག་པར་བྱ་སྟེ། དེ་ཡང་ཕྱི་ནང་གསང་བ་གསུམ་གྱིས་འཁོར་ལོ་མཐའ་བསལ་ཏེ། སྔགས་ཀྱི་མཚམས་སྦྱར་བ་དང་། གཉའ་མནན་པ་དང་། འབྲུ་གཞུག་པ་དང་། སོ་གདགས་པ་དང་། ཡོན་ཏན་གྱི་འགྱུར་བསྟན་པ་ལ་སོགས་པ་ནི་མན་ངག་ལས་ཤེས་པར་བྱའོ། །དེ་དག་ནི་གཤིན་རྗེའི་ཐར་མ་བཤད་པ་སྟེ་དེང་སང་འདི་དག་གི་ལག་ལེན་རྒྱས་པ་བྱེད་མཁན་དཀོན་ཡང་། གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་གྱི་རྒྱུད་སྔ་འགྱུར་བཀའ་གཏེར་གྱི་ཕྱོགས་དུ་མ་དང་། རྟོག་པ་གསུམ་པའི་རྒྱུད་རོང་ཟོམ་ཆོས་བཟང་གིས་བསྒྱུར་བ་དང་། མན་ངག་སྙིང་གཟེར་ནག་པོ་སོགས་རྒྱུད་དང་མན་ངག་གི་རིམ་པ་མང་དུ་བཞུགས་པའི་གཤེད་སྐོར་གྱི་འཁྲུལ་འཁོར་གྱི་ཕྱག་བཞེས་མ་ཉམས་པར་བྱིན་རླབས་ཀྱི་ཚན་པ་དང་བཅས་ཏེ་གནས་པ་ཉིད་རྣལ་འབྱོར་པས་གཅོད་པའི་འཁོར་ལོ་ཉམས་སུ་ལེན་པའི་ཚུལ་ཡིན་ནོ། །དེ་ལྟར་འཇམ་དཔལ་གཤིན་རྗེ་གཤེད་ནི་སྐུ་ཡི་བདག་ཉིད་ཡིན་པས། དེའི་རྒྱུད་མཐའ་དག་གི་དགོངས་པ་སློབ་དཔོན་འཇམ་དཔལ་གཤེས་གཉེན་གྱིས་འཁོར་ལོ་བཞིར་བསྡུས་པ་འདི་དག་ཡ་མཱནྟ་ཀའི་སྐུ་གཅིག་ལ་ཚངས་པར་བསྟན་པའི་ཚུལ་གྱིས་གཤེད་རྒྱུད་ཀྱི་དགོངས་པ་གསལ་བར་མཛད་པའི་ཚུལ་ཡིན་ལ། འཆད་ཚུལ་ལ་གཞན་དུ་བདག་གི་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་སྙན་བརྒྱུད་སོགས་ལས་གནས་པའི་འཁོར་ལོ་ནི་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་སྟེ་སྦྱང་གཞི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དང་། སྲིད་པའི་འཁོར་ལོ་ནི་འཁྲུལ་པ་བཏགས་པའི་གཞི་སྟེ། དབྱིངས་ལས་གློ་བུར་གྱི་འཁྲུལ་པས་སེམས་ཅན་གྱི་སྒོ་གསུམ་ཀུན་གཞི་དང་བཅས་བའི་སྣང་བ་སྦྱང་བྱ་དྲི་མའི་ཆ་དང་། སྤྲུལ་པའི་འཁོར་ལོ་ནི་འཁྲུལ་པ་སྦྱོང་བྱེད་ཀྱི་ལམ་སྟེ། དེ་ཡང་སྣང་བ་སྤྱོད་བྱེད་དབྱིབས་ཀྱི་རྣལ་འབྱོར་ལྷ་སྐུའི་གསལ་སྣང་དང་སྔགས་ཀྱི་འོད་ཟེར་འཕྲོ་འདུ། ཞེན་པ་སྦྱོང་ཕྱིར་སྔགས་ཀྱི་རྣལ་འབྱོར་རྡོར་བཟླས་བུམ་ཅན་གཏུམ་མོ་གཞན་ལུས་དང་བཅས་པ། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་འཁོར་འདས་དབྱེར་མེད་ངེས་དོན་ཟིལ་གནོན་ཆེན་པོའི་རང་བཞིན་ཉིད་ལྟ་བས་རྟོགས་ཤིང་དེ་དང་མ་བྲལ་བའི་ཚུལ་གྱི་མཚན་བཅས་སོར་སྡུད་སོགས་ཀྱི་རྫོགས་རིམ་དང་། མཚན་མེད་ཁྲེགས་ཆོད་ཐོད་རྒལ་གྱི་རྫོགས་རིམ་སྟེ་སྒོམ་སྤྱོད་ཀྱིས་བསྡུས་པའོ། །གཅོད་བའི་འཁོར་ལོ་ནི་མཐར་ཐུག་གི་འབྲས་བུ་ངེས་པ་དོན་གྱི་ཡ་མཱནྟ་ཀའི་སྐུར་གྲུབ་བ་སྟེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་གཅོད་ཅིང་འགྲོ་དོན་རྒྱུན་མི་འཆད་པའི་འཁོར་ལོ་ལྟར་གྱུར་པའོ། །ཞེས་གསུངས་བ་སོགས། འཁོར་ལོ་བཞི་པོ་འདི་ལའང་། དྲང་དོན་བསྐྱེད་རིམ་དང་། ངེས་དོན་རྫོགས་པའི་རིམ་པར་སྦྱར་བའི་ཚུལ་གྱིས་བཞེད་པ་འདྲ་མིན་ཡོད་པ་ཤེས་པར་བྱ་ཞིང་དེ་བཞིན་སྒྲུབ་བཀའ་གཞན་ལའང་ཤེས་པར་བྱའོ། ༈ །གཉིས་པ་པདྨ་གསུང་གི་སྒྲུབ་པ་ཐམས་ཅད་རྟ་སྐད་ཐེང་གསུམ་གྱི་དགོངས་པར་བསྟན་པ་ལ། སྤྱིར་དོན་བཞིས་བསྟན་ཏེ། ཐེག་པ་རིམ་པར་བགྲོད་པའི་རྟ་སྐད་རྟ་ཡི་འགྲོས་དགུས་ཐེག་དགུ་རྩེར་ཆིབ་པར་བཤད་པ་དང་། ས་ལམ་ལ་སྦྱར་བའི་རྟ་སྐང་བཅུ་གསུམ་དང་སྦྱར་ཏེ་བཤད་པས་ས་བཅུ་ལམ་ལྔ་མྱུར་དུ་བགྲོད་བར་བཤད་པ་དང་། གསང་སྔགས་ལ་ཤན་དབྱེ་བའི་རྟ་སྐད་རྟ་མགོ་ལྗང་ཞུར་ཀྱིས་དཔལ་རྟ་མགྲིན་ཉིད་ཆེ་བའི་ཡོན་ཏན་གཞན་ལས་འཕགས་པའི་སྒོ་ནས་བཤད་པ་དང་། གདུལ་བྱ་ཐབས་ཀྱི་རྟ་སྐད་དཔལ་ཆེན་པོ་དང་མ་མོ་འབུམ་པ་རྔ་འཕྲད་ཀློང་རྡོལ་དབང་སྒྱུར་བའི་སྒོ་ནས་བཤད་པའོ། །དང་པོ། རྟ་ཡི་འགྲོས་དགུ་དཔེར་བྱས་ནས་ཐེག་པ་དགུ་མཚོན་བ་སྟེ། འཇིག་རྟེན་ན་རྟ་ལ་འགྲོས་ཚུལ་དགུ་ཡོད་པ་ནི། སུམ་ལག་སྒྲོག་གི་འགྲོས། སྡོམ་པ་ལྕགས་ཀྱི་འགྲོས། ཕོ་ཉ་སྲུན་ཞེས་པ་རུང་བའི་དོན་ནོ་སྲུན་གྱི་འགྲོས། མཚམས་ལེགས་གཟེངས་ཀྱི་འགྲོས། གོམ་བུ་ཉོལ་གྱི་འགྲོས། སྦྱང་མོ་འདུར་གྱི་འགྲོས། རོལ་མོ་སྟབས་ཀྱི་འགྲོས། འཇོལ་མོ་དཀྱུས་ཀྱི་འགྲོས། དཀྱུས་ཚང་བའི་འགྲོས་དང་དགུའོ། །དེ་ལ་དང་པོ་སྒྲོག་གི་འགྲོས་ནི། རྟ་རྣམས་སྒྲོག་གསུམ་ལག་དུ་ཚུད་བའི་ཚེ་འགྲོས་མི་མྱུར་བར་འགྲོ་བ་ལྟར། ལྷ་མིའི་ཐེག་པ་རྣམས་ནི་མ་སྐྱེས་མཉམ་པའི་དོན་གྱི་ལྟ་བ་ནི་མ་མཐོང་ལ། ལེགས་སྨོན་གྱི་བསམ་པས་དགེ་བ་བཅུ་ལ་སོགས་པའི་ཁྲིམས་དམ་པ་སྒྲོག་ལྟ་བུས་བསྡམ་ནས། བག་ཡང་པའི་ལྟ་སྤྱོད་ཟབ་མོར་དབང་མེད་པ་དང་ཆོས་འདྲའོ། །སོར་བཞག་ལྷ་མིའི་ཐེག་པ་སྟེ་དང་པོའོ། །གཉིས་པ་ལྕགས་ཀྱི་འགྲོས་ནི། རྟ་ལག་གཉིས་ལྕགས་གྲོག་གིས་བསྡམ་པ་དེ་སྒྲོག་གི་འགྲོས་ལས་མྱུར་ཡང་ལག་བ་བསྡམ་པས་རང་དབང་གིས་འགྲོར་མེད་པ་ལྟར། གང་ཟག་གི་བདག་མེད་ཙམ་མཐོང་བའི་ཉན་ཐོས་པ་རྣམས་ནི། ལྷ་མིའི་ཐེག་པ་རྐྱང་པ་ལས་འཕགས་ཀྱང་། ཐེག་པ་ཆེན་པོའི་དོན་མ་མཐོང་བས་མཉམ་པ་ཉིད་ཀྱི་ལྟ་སྤྱོད་ཀྱི་སྒོ་ནས་བག་ཡངས་སུ་རྒྱུ་བའི་དབང་མ་ཐོབ་པར། ལོག་ཏུ་ལྕི་བ་འདུས་བ་ལྕགས་སྒྲོག་དང་འདྲ་བས་བསྡམ་པ་ནི་མྱུར་དུ་སངས་རྒྱས་ཀྱི་ས་ལ་དབུགས་མི་འབྱིན་པའི་སྡུག་བསྔལ་དང་བཅས་པའོ། །གསུམ་པ། ཕོ་ཉ་སྲུན་གྱི་འགྲོས་ནི། རྟ་ཡི་རྐང་ལག་ལ་འཆིང་བྱེད་མེད་པར་རང་ཉིད་དལ་བུས་འགྲོ་བ་ནི་སྔ་མ་ལས་མྱུར་ཡང་འགྲོས་གོང་མ་རྣམས་ལས་ཞན་བ་ལྟར། རང་སངས་རྒྱས་ཀྱི་ཐེག་པ་ནི་ཉན་ཐོས་ལས་གཟུང་བ་གཟུགས་ཀྱི་ཕྱོགས་རང་བཞིན་མེད་པར་རྟོགས་པའི་ཆ་ནས་འཕགས་ལྟེ་སྲིད་པ་ཐ་མར་སྔོན་གོམ་པའི་ཤུགས་ཀྱིས་དགེ་བའི་བཤེས་གཉེན་ལ་མི་ལྟོས་པར་རྟེན་འབྲེལ་གྱི་དོན་རང་ཉིད་ཀྱིས་ཁོང་དུ་ཆུད་ནས་རང་རྒྱལ་བའི་འབྲས་བུ་མངོན་དུ་བྱེད་ནུས་ཀྱང་། ཐེག་པ་ཆེན་པོ་མཉམ་པ་ཉིད་ཀྱི་དོན་མ་མཐོང་ལ་ཐབས་ཤེས་ཆུང་བས་མཐར་ཐུག་གི་ས་ལ་མྱུར་དུ་ཕྱིན་མི་ནུས་པས་རྟ་ཡི་འགྲོས་དེ་དང་འདྲའོ། །བཞི་པ་མཚམས་ལེགས་གཟེངས་ཀྱི་འགྲོས་ནི། རྟ་དེ་མགོ་འཕང་བསྒྲིབ་ནས་ཅུང་ཟད་མགྱོགས་པར་འགྲོ་བ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་ཕ་རོལ་ཏུ་ཕྱིན་པའི་དོན་ཐུགས་སུ་ཆུད་པ་རྣམས་ནི་བདག་མེད་གཉིས་རྟོགས་ནས་མཐར་ཐུག་མཉམ་པ་ཉིད་ལ་ངེས་ཤེས་སྐྱེས་ཀྱང་ད་དུང་བསལ་བ་གྲངས་མེད་པའི་བར་དུ་སྦྱང་བགྲོད་དགོས་པས་ཐེག་དམན་ལས་སངས་རྒྱས་པ་མྱུར་ལ་སྔགས་ལས་བུལ་བའི་ཕྱིར་རྟ་ཡི་འགྲོས་འདི་དང་སྦྱར་རོ། །ལྔ་པ་གོམ་བུ་ཉོལ་འགྲོས་ཏེ། རྟ་གོམ་པའི་འགྲོས་སུ་མགྱོགས་པར་འགྲོ་བ་ལྟར་ཀྲི་ཡ་པས་མཉམ་པ་ཉིད་མཐོང་བའི་སྟེང་དུ། ཀུན་རྫོབ་ཏུ་ལྷའི་སྐུ་གསུང་ཐུགས་མཚན་ལ་དམིགས་ཤིང་གཙང་སྦྲ་ལ་སོགས་པའི་ཐབས་དང་བཅས་པས་ཚོགས་གཉིས་མྱུར་དུ་རྫོགས་པའི་ཐབས་མཁས་དང་ལྡན་པས་ཕར་ཕྱིན་ཐེག་པ་ལས་ལམ་བགྲོད་པ་མྱུར་བས་འགྲོས་འདི་དང་མཚུངས་པར་སྦྱར་བའོ། །དྲུག་པ་སྦྱང་མོའི་འདུར་འགྲོས་ནི་སྤྱང་ཀུ་འདུར་ནས་འགྲོ་བ་ལྟར། རྟ་རྣམས་གོམས་འགྲོས་ལས་ཀྱང་མགྱོགས་པར་བསྐུལ་ནས་འདུར་ནས་འགྲོ་བ་ལྟར། ཨུ་པ་ཡ་དང་ཡོ་གའི་ཐེག་པ་ནི། ཀྲི་ཡའི་ལྟ་སྤྱོད་ཀྱིས་སྟེང་དུ་བདག་དང་ལྷ་མཉམ་པ་སྤུན་གྲོགས་ཀྱི་ཚུལ་ལམ་དམ་ཡེ་གཉིས་མེད་དུ་སྒྲུབས་པའི་དགོངས་སྤྱོད་ཀྱིས་འཕགས་ལ་ཕྱི་ནང་གི་རྒྱུ་རྐྱེན་ཆ་མཉམ་པར་སྤྱོད་པས་བྱ་རྒྱུད་པ་ལས་ལམ་འགྲོད་པ་མྱུར་བ་ནི་རྟ་ཡི་འདུར་འགྲོས་དང་མཚུངས་པར་སྦྱར་བའོ། །བདུན་པ་ནི་འདུར་འགྲོས་ལས་ཀྱང་རོལ་མོའི་སྟབས་འགྲོས་ཞེས། ལྡང་སྟབས་ཀྱིས་འགྲོ་བ་མགྱོགས་པ་ལྟར། ཀྲྀ་ཡོག་ལས་ཀྱང་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་པའི་ཐེག་པ་འཕགས་ཏེ། སེམས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་ནས་ཡི་གེའི་ཆོ་འཕྲུལ་ལས་རྟེན་དང་བརྟེན་པའི་ལྷའི་འཁོར་ལོ་རྣམས་སྣང་སྟོང་ཟུང་འཇུག་ཆུ་ཟླའི་ཚུལ་དུ་བསྒོམ་པའི་ཕྱིར་ན་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ད་ལྟ་ནས་ལམ་དུ་བྱེད་པའི་ཐབས་ཁྱད་པར་འཕགས་པ་ཡོད་པས་སངས་རྒྱས་ཀྱི་ས་ལ་བགྲོད་པ་མྱུར་བའི་ཕྱིར་རོ། །བརྒྱད་པ་འཇོལ་མོ་དཀྱུས་ཀྱི་འགྲོས་ཞེས། རྟ་ཤིན་ཏུ་མགྱོགས་པར་རྒྱུག་ཆུང་བྱས་ཏེ་འགྲོ་བ་ནི། ལྡེང་འགྲོས་ལས་ཀྱང་ས་ཆོད་ཆེ་ཞིང་མགྱོགས་པ་ལྟར། ཨ་ནུའི་ཐེག་བ་ནི་ཕྱི་སྤྲོས་བཅས་བསྐྱེད་རིམ་གྱི་ངལ་བ་མི་དགོས་པར་རྒྱུ་དག་པའི་དབྱིངས་ནས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཤར་བའི་ཚུལ་རང་གི་ཕུང་ཁམས་རྣམས་གདོད་ནས་དག་པའི་སངས་རྒྱས་ཀྱི་ངོ་བོར་ཤེས་ནས་དབྱིངས་ཡེ་དབྱེར་མེད་བདེ་བ་ཆེན་པོའི་དེ་ཉིད་ལམ་དུ་བྱེད་པའི་ཐབས་ཁྱད་པར་ཅན་དུ་ལྡན་པའི་ཕྱིར་ལམ་བགྲོད་པ་འོག་མ་བས་ཆེས་མྱུར་བའི་ཕྱིར་རོ། །དགུ་པ་དཀྱུས་ཚང་པའི་འགྲོས་ཞེས་བྱ་བ་རྟ་རང་ལ་རྒྱུག་རྩལ་ཇི་ཡོད་ཕྱུང་ཏེ་ཐག་ཐོགས་མེད་པར་བརྒྱུག་པ་ལྟར། ཨ་ཏི་ཡོ་གའི་ཐེག་པ་ནི། ཆོས་ཐམས་ཅད་སེམས་ཀྱི་རང་སྣང་ཡིན་ལ། སེམས་ནི་སེམས་མེད་ངོ་བོ་ཉིད་ཀྱིས་སྟོང་ཏེ་ཡེ་ནས་སྐྱེ་འགག་མེད་པའི་རིག་པ་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོ་ཐིག་ལེ་ཉག་གཅིག་འོད་གསལ་བའི་ཡེ་ཤེས་རང་བྱུང་གི་བདག་ཉིད་ཆེན་པོ་བཅོས་སུ་མེད་པའི་དོན་འབྱུང་འཇུག་མེད་པའི་ཏིང་ངེ་འཛིན་ལ་བྱ་རྩོལ་གྱི་འཆིང་བ་སྤང་ཏེ་སོ་མ་གཉུག་མར་གནས་པས། ད་ལྟ་ནས་འབྲས་བུའི་ས་ལ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབང་འབྱོར་བར་བྱེད་པས་ན་ལམ་ཐམས་ཅད་ཀྱི་རྩེ་མོར་ཕྱིན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ལྟ་ཡི་འགྲོས་དགུས་ཐེག་པའི་རིམ་པ་ཤེས་པར་བྱ་བ་ནི། ཐེག་པ་ཀུན་གྱི་རྒྱལ་པོ་རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་མཉམ་པ་ཉིད་རྟ་སྐད་ཐེག་གཅིག་གམ་རྟ་སྐད་དང་པོའི་དགོངས་པ་ལྟ་བའི་གནད་བསྟན་པའི་ཕྱིར་དུ་ཡིན་ནོ། །གཉིས་པ་ལམ་ལ་སྦྱར་བའི་རྟ་སྐད་ནི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་རང་གཟུགས་འཕགས་མཆོག་སྤྱད་རས་གཟིགས་ཉིད་ཁྲོ་བོའི་སྐབས་ན་དཔལ་རྟ་མགྲིན་ཞེས་བྱ་སྟེ། མ་ཆགས་པདྨའི་རིགས་སུ་སྣང་བའི་ཁྲོ་བོ་ཐམས་ཅད་ཀྱི་སྤྱོ་དཔལ་ཆེན་པོ་འདི་ནི་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་གཙོ་བོ་དམ་པ་ཐམས་ཅད་ཟིལ་གྱིས་གནོན་པའི་རྗེ་བཙུན་བླ་ན་མེད་པ་ཡིན་པས་ལྷག་པའི་ལྷ་གཞན་ལས་ཀྱང་ཐུགས་རྗེ་བྱིན་རླབས་མྱུར་བའི་ཆེ་བ་རྟ་ཡི་སྐད་ལ་ཡོན་ཏན་བཅུ་གསུམ་ཡོད་པའི་ལྡོག་ཆས་མཚོན་པ་སྟེ། ཇི་ལྟར་ན། རྟ་ཡི་སྐད་སྙད་པ་དང་། འཇམ་པ་དང་། གཏང་བ་དང་། གསང་བ་དང་། རིང་པ་དང་། ཡིད་དུ་འོང་བ་དང་། འབྲེལ་བ་དང་། བར་མ་ཆད་པ་དང་། ཟིལ་ཆེ་བ་དང་། རྩལ་ཆེ་བ་དང་། གདོངས་ཆེ་བ་དང་། ངར་ཆེ་བ་དང་ཕུལ་དུ་ཕྱིན་པའོ། །དེ་ཡང་དང་པོ་རྟ་སྐད་སྙན་པ་ལྟར་དཔལ་རྟ་མགྲིན་ཡང་ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་དགའ་བ་སྟེ། ས་དང་པོ་རབ་ཏུ་དགའ་བ་དང་ལམ་ནི་ཚོགས་ཀྱི་ལམ་དང་སྦྱར་རོ། །གཉིས་པ་རྟ་སྐད་འཇམ་པ་ལྟར་དཔལ་རྟ་མགྲིན་ཡང་འགྲོ་བའི་དོན་ལ་ཐུགས་བྱམས་པ་ཆེན་པོས་འཇམ་པའོ། །ས་གཉིས་པ་དྲི་མ་མེད་པ་དང་ལམ་སྦྱོར་ལམ་དང་སྦྱར་རོ། །གསུམ་པ་རྟ་སྐད་རྒྱང་རིང་དུ་གཏང་པ་སྟེ་ཐོས་པ་ལྟར། དཔལ་རྟ་མགྲིན་ཀྱང་འགྲོ་བའི་དོན་ལ་མ་ཐོས་པ་མེད་པར་ཐམས་ཅད་དུ་སྙོམས་པར་ཁྱབ་ཅིང་གནས་པ་སྟེ། ས་གསུམ་པ་འོད་བྱེད་པ་དང་སྦྱར་རོ། །བཞི་པ་རྟ་སྐད་གསང་བ་ནི་སྒྲ་གཞན་དང་ནག་ནོག་མེད་པར་སང་ངེར་ཐོས་པ་ལྟར་དཔལ་རྟ་མགྲིན་ཡང་འགྲོ་བའི་དོན་ལ་ཐུགས་གསལ་ལ་གསང་ཞིང་དོན་མཛད་པའོ། །དེ་ནི་ས་བཞི་པ་འོད་འཕྲོ་བ་དང་སྤྱར་རོ། །ལྔ་པ་རྟ་སྐད་རིང་བ་སྟེ། དབུགས་སྣ་མི་ཐུང་བ་རིང་དུ་སྒྲོགས་པ་ལྟར། དཔལ་རྟ་མགྲིན་ནི་འགྲོ་བའི་དོན་ལ་དུས་རྟག་ཏུ་མི་སྐྱོ་བར་རིང་པའོ། །དེ་ནི་ས་ལྔ་པ་སྦྱང་བཀའ་བ་དང་མཐོང་བའི་ལམ་དང་སྦྱར་རོ། །དྲུག་པ་རྟ་སྐད་ནི་ཐོས་ན་ཡིད་དུ་འོང་བ་ལྟར་དཔལ་རྟ་མགྲིན་ནི་ཐམས་ཅད་ལ་ཐུགས་རྗེ་མཉམ་པས་རེ་བ་རྫོགས་པར་མཛད་པ་སྟེ་ས་དྲུག་པ་མངོན་དུ་གྱུར་པ་དང་སྦྱར་རོ། །བདུན་པ་རྟ་སྐད་ནི་གདངས་ཆེ་ཆུང་སོགས་སྙོམས་པར་འབྲེལ་བ་ལྟར། དཔལ་རྟ་མགྲིན་ནི་འགྲོ་བ་རྣམས་ལ་ཐུགས་རྗེ་རྟག་ཏུ་འབྲེལ་བས་གཟིགས་པའོ། །དེ་ནི་ས་བདུན་པ་རིང་དུ་སོང་བ་དང་སྦྱར་རོ། །བརྒྱད་པ་རྟ་ཡི་སྐད་ནི་སྟོང་ཐེབ་གཅིག་པོ་ངར་སྒྲ་བར་མ་ཆད་པར་སྒྲོགས་པ་ལྟར། དཔལ་རྟ་མགྲིན་ནི་འགྲོ་དོན་རྒྱུན་མི་གཅོད་པ་སྟེ། །ས་བརྒྱད་པ་མི་གཡོ་བ་དང་ལམ་ནི་བསྒོམ་པའི་ལམ་དང་སྦྱར་རོ། །དགུ་པ་རྟ་ཡི་སྐད་ཟིལ་ཆེ་བ་སྟེ་བྱིན་ཆགས་ཤིང་མངོན་པར་འཕགས་པ་ལྟར་དཔལ་རྟ་མགྲིན་ཀྱང་འགྲོ་བ་རྣམས་ཀྱི་ཉོན་མོངས་པ་འཇོམས་ཤིང་ཐམས་ཅད་ཟིལ་གྱིས་གནོན་སྟེ། ས་དགུ་པ་ལེགས་པའི་བློ་གྲོས་དག་སྦྱར་རོ། །བཅུ་པ་རྟ་སྐད་རྩལ་ཆེ་བ་སྟེ། སྐད་ཆེ་ཆུང་ཇི་ལྟར་འབྱིན་པར་འདོད་པ་བཞིན་བདེ་བླག་དུ་འབྱིན་པའི་རྩལ་ཡོད་པ་ལྟར། དཔལ་རྟ་མགྲིན་ནི་འགྲོ་བའི་དོན་ལ་མཐུ་སྟོབས་ཀྱི་རྩལ་དང་ལྡན་པ་སྟེ། ས་བཅུ་པ་ཆོས་ཀྱི་སྤྲིན་དང་ལམ་མི་སློབ་པའི་ལམ་དང་སྦྱར་རོ། །བཅུ་གཅིག་པ་རྟ་ཡི་སྐད་སྒྲ་གདངས་ཆེ་བ་ལྟར། དཔལ་རྟ་མགྲིན་ཀྱང་ཐུགས་རྗེ་ཆེན་པོས་འཁོར་བར་དོན་མཛད་པའི་གདེངས་སམ་དབྱིངས་རྒྱ་ཆེ་བའོ། །དེ་ནི་ས་བཅུ་གཅིག་པ་ཀུན་ཏུ་འོད་དང་སྦྱར་རོ། །བཅུ་གཉིས་པ་རྟ་སྐད་ངར་ཆེ་བ་སྟེ་ཤུགས་ཆེ་བར་སྒྲོགས་པ་བཞིན་དུ་དཔལ་རྟ་མགྲིན་ཀྱང་འགྲོ་བ་སྒྲོལ་པའི་ངར་དང་ལྡན་པ་སྟེ། ས་བཅུ་གཉིས་པ་མ་ཆགས་པདྨ་ཅན་དང་སྦྱར་རོ། །བཅུ་གསུམ་པ་རྟ་སྐད་ནི་ཡོན་ཏན་དུ་མ་དང་ལྡན་པས་ཕུལ་དུ་ཕྱིན་པ་ལྟར། དཔལ་རྟ་མགྲིན་ནི་འགྲོ་བའི་དོན་མཛད་པ་ལ་ཕུལ་དུ་ཕྱིན་པ་སྟེ། ས་བཅུ་གསུམ་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་སྦྱར་བར་བྱའོ། །དེ་ལྟར་དཔལ་རྟ་མགྲིན་གྱི་ཆེ་བའི་ཡོན་ཏན་བཅུ་གསུམ་པོ་རྟ་སྐད་ཀྱིས་མཚོན་ཅིང་། དཔལ་རྟ་མགྲིན་གྱི་རྟ་སྐད་ཐེང་གཅིག་བསྒྲགས་པ་ལ་རྟ་སྐད་ཀྱི་ཡོན་ཏན་བཅུ་གསུམ་དུས་གཅིག་ཚང་བ་ལྟར། ས་བཅུ་གསུམ་དང་ལམ་ལྔ་ཡང་མ་བགྲོད་དུས་གཅིག་ལ་རྫོགས་ནུས་པའི་ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་མངའ་བའི་དོན། དབུ་གཙུག་གི་རྟ་མགོ་ལྗང་གུ་དཔྲལ་བར་ཞུར་དཀར་པོ་རྔོགས་དམར་བོ། །ཕུ་ཕུན་སེར་པོ་ཅན་གྱིས་བརྡ་དང་རྟགས་ཀྱི་སྒོ་ནས་མཚོན་ཏེ་བསྟན་པ་ཤེས་པར་བྱའོ། །གསུམ་པ་གསང་སྔགས་ལ་ཤན་དབྱེ་བའི་རྟ་སྐད་ནི། དཔལ་རྟ་མགྲིན་གྱི་ལྷ་སྔགས་ཏིང་འཛིན་ལ་བརྟེན་པའི་གསང་སྔགས་ཀྱི་དགོངས་སྤྱོད་ནི། རྟ་ཤུགས་ཆེ་ལ་འགྲོ་མགྱོགས་པ་ལྟར་གསང་སྔགས་ཀྱི་དགོངས་སྤྱོད་ཟབ་མོ་ལ་བརྟེན་ན་ལམ་གཞན་ལས་སངས་རྒྱས་ཀྱི་ས་ལ་བགྲོད་པ་མགྱོགས། རྟ་ལམ་ལ་བགྲོད་མཁས་པ་ལྟར་ཐེག་དགུ་དང་ས་ལམ་བགྲོད་པ་ལ་མཁས་ཤིང་རྩེ་མོར་ཕྱིན་པར་བྱེད། རྟ་ཁ་རྩལ་ཆེ་བ་ལྟར། རྟ་མཆོག་གི་གསང་སྔགས་གཞན་ལས་ཁ་རྩལ་ཆེ། རྟ་ནི་དྲག་པོའི་ངར་དང་ལྡན་པ་ལྟར། རྟ་མགྲིན་ཀྱང་དྲག་པོའི་རྔམ་ཚུལ་གིས་གདུག་པ་འདུལ། རྟ་དེ་རྫུ་འཕྲུལ་གྱི་རྐང་པ་ལྡན་པས་སངས་རྒྱས་ཀྱིས་མྱུར་དུ་གནོན་པར་བྱེད་པའི་རྟགས་དང་ལྡན་པ་སྟེ། དེའི་ཕྱིར་རྟ་མགྲིན་ཞེས་བྱ་ལ། ཕྱི་ཡི་རྟ་མགྲིན་དེ་ཡང་ནང་རྣལ་འབྱོར་པའི་སྐུ། གསང་བ་རང་གི་སེམས་ལས་གུད་ན་མེད་པར་སྣང་གྲགས་རིག་གསུམ་རྟ་མགྲིན་གྱི་སྐུ་གསུང་ཐུགས་སུ་ཤེས་ཤིང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀུན་ཁྱབ་བདེ་བ་ཆེན་པོ་དེ་ཉིད་ངེས་པ་དོན་གྱི་པདྨ་དབང་གི་རྒྱལ་པོ་ཡིན་པར་ཤེས་ན་སྐད་ཅིག་དེ་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཡིན་པས་ས་ལམ་དང་སྦྱར་བ་དང་གསང་སྔགས་ལ་ཤན་དབྱེ་བའི་རྟ་སྐད་འདི་ནི་སྒོམ་པའི་གནད་ཀྱི་ཆེ་བ་བསྟན་པ་ཡིན་པར་རྟ་སྐད་གཉིས་པའི་དགོངས་པར་དོན་གྱིས་འགྲོ་བ་ཡིན་ནོ། །བཞི་པ་གདུལ་བྱ་ཐབས་ཀྱི་རྟ་སྐད་ནི། དཔལ་རྟ་མགྲིན་གྱི་རྟ་སྐད་ཐེང་གསུམ་གྱིས་མ་མོ་མཁའ་འགྲོའི་ཚོགས་ལ་བརྡའ་སྤྲད་པ་དང་། མ་མོའི་འགྱིང་སྐད་ཐེང་གསུམ་གྱིས་དཔལ་རྡོ་རྗེའི་མིང་སྲིང་བརྡ་འཕྲོད་དེ་དགོངས་ཀློང་རྡོལ་བ་དང་། རྣལ་འབྱོར་པའི་བརྡའ་སྐད་ཐེང་གསུམ་གྱིས་སྣང་སྲིད་མ་མོའི་ཚོགས་ལ་དབང་བསྒྱུར་ཏེ་ལས་བྱེད་པའི་ཚུལ་བསྟན་པ་གསུམ་ལས། དང་པོ་ཐབས་ཀྱི་རྟ་སྐད་ཐེང་གསུམ་ནི། དཔལ་རྟ་མགྲིན་གྱི་དབུ་གཙུག་ནས་རྟ་སྐད་དང་པོ་ཐེང་གཅིག་བསྒྲགས་པའི་ཚེ། སྣ་སྲིད་ཀྱི་ཆོས་ཐམས་ཅད་ཡེ་ནས་མ་བཅོས་མ་བསྒྱུར་བར་འཁོར་འདས་མཉམ་པ་ཉིད་རང་བྱུང་གི་ཡེ་ཤེས་ཆེན་པོའི་ངང་དུ་དཔལ་རྟ་མགྲིན་གྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་རྟོགས་པའོ། །རྟ་སྐད་བར་མ་བོས་པས། ཁམས་གསུམ་སྲིད་གསུམ་གྱི་བསྡུས་པའི་ཆོས་ཐམས་ཅད་ཤ་ཆེན་གྱི་ཕུང་པོ། ཁྲག་གི་རྒྱ་མཚོ། ཀེང་རུས་ཀྱི་རི་རབ་དུ་གྱུར་པས། སྣང་སྲིད་ཀྱི་མ་མོ་དང་མཁའ་འགྲོ་ཐམས་ཅད་དགྱེས་པའི་ལོངས་སྤྱོད་རྒྱུན་མི་འཆད་པར་བྱས། རྟ་སྐད་ཐ་མ་བསྒྲགས་པས་མ་མོ་དང་མཁའ་འགྲོ་ཐམས་ཅད་བཀའ་འོག་ཏུ་བསྡུས་ནས་ཅི་བགྱིས་བཀའ་ཉན་ཅིང་འགྱིང་གླུ་དང་བཅས་ནས་བཀུག་ཏེ། ཕྲིན་ལས་རྣམ་པ་བཞི་སོགས་ཡིད་བཞིན་དུ་རྫོགས་པར་བྱེད་དོ། །འདི་ནི་དཔལ་ཆེན་པོ་རྟ་མགྲིན་ཉིད་ཀྱི་རྟ་སྐད་ཐེང་གསུམ་བསྒྲགས་པའི་མཛད་པ་ཡིན་ལ། ལམ་དུས་སུ་རྟ་མགྲིན་གྱི་རྣལ་འབྱོར་པས་དེ་ལྟར་སྒོམ་པའང་ཡིན་ཅིང་། རྟ་སྐད་གསུམ་པོ་དེས་བརྡ་རྟགས་ཀྱིས་མཚོན་དོན། ལྟ་སྒོམ་སྤྱོད་པ་གསུམ་བསྟན་ཏེ། རྟ་སྐད་དང་པོས་མཉམ་པ་ཉིད་ཀྱི་ལྟ་བ་བསྟན། གཉིས་པས་གསང་སྔགས་ཐབས་ལ་མཁས་པའི་ཁྱད་པར་དུག་གསུམ་གནས་སུ་སྦྱོང་ཞིང་མ་མོ་མཁའ་འགྲོ་དབང་དུ་བསྡུས་ནས་གསང་བ་སྦྱོར་སྒྲོལ་གྱི་ཉམས་ལེན་དང་། ཁྲོ་བོའི་ཏིང་ངེ་འཛིན་སོགས་བསྐྱེད་རྫོགས་ཀྱི་ལམ་ཁྱད་པར་ཅན་བསྟན། རྟ་སྐད་གསུམ་པས་གསང་སྔགས་ཀྱི་རྣལ་འབྱོར་པས་མ་མོ་མཁའ་འགྲོའི་ཚོགས་དབང་དུ་བསྡུས་ཏེ་ཕྲིན་ལས་རྣམ་པ་བཞི་སྒྲུབ་པའི་ཚུལ་གྱིས་སྤྱོད་པ་བསྟན་པ་ཡིན་ནོ། །དེར་མ་ཟད་བདག་གི་བླ་མ་གཏེར་ཆེན་རིན་པོ་ཆེའི་སྙན་བརྒྱུད་ལས། དྲང་དོན་དང་སྦྱར་བའི་རྟ་སྐད་ཐེང་གསུམ་ཡོངས་གྲགས་ལ། ངེས་དོན་ལྟར་ན། རྟ་སྐད་དང་པོས་གཞི་འཁོར་འདས་དབྱེར་མེད་རིག་སྟོང་གཉུག་མ་དོན་གྱི་ཡེ་ཤེས་བསྟན། གཉིས་པ་ས་ལམ་བསྐྱེད་པའི་རིམ་པ་དང་། རྫོགས་རིམ་སོར་སྡུད་ལ་སོགས་པའི་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་བསྟན། རྟ་སྐད་གསུམ་པས་འབྲས་བུ་མཐར་ཐུག་གི་ཡེ་ཤེས་མངོན་དུ་བྱེད་པའི་ཚུལ་བསྟན་པ་སྨིན་ཁྲིད་ཀྱི་ཚུལ་དུ་བདག་ཅག་གིས་ལེགས་པ་ནོན་པ་ཡིན་ནོ། །དེ་ལྟར་དཔལ་གྱི་རྟ་སྐད་ཐེང་གསུམ་གྱིས་བསྐུལ་བའི་དུས་ན་མ་མོ་མཁའ་འགྲོ་རྣམས་འགྱིངས་བཞིན་སྔོན་གྱི་དམ་ཚིག་དང་ཐ་ཚིག་ལས་མི་འདའ་བའི་གླུ་ལེན་ཏེ་གང་ཞེ་ན། བདག་ཅག་ནམ་མཁའི་དབྱིངས་ནས་མཆི། ནམ་མཁའི་དབྱིངས་ནས་མི་མཆི་རུ། བདག་ཅག་གནས་ནི་ནམ་མཁའ་ལགས། །བདག་ཅག་འཐེང་ཞིང་གྲུམ་ཞིང་མཆི། །འཐིང་ཞིང་གྲུབ་ཞིང་མི་མཆི་རུ། །ཀེང་རུས་རིར་རབ་རྩེ་མོ་ཚ། །བདག་ཅག་འབོག་ཅིང་བརྐྱང་ཞིང་མཆི། །འབོག་ཅིང་རྒྱལ་ཞིང་མི་མཆི་རུ། །རཀྟའི་རྒྱ་མཚོ་གཏིང་རེ་ཟབ། །བདག་ཅག་ཐང་གཅིག་ཡུད་ལ་མཆི། །ཐང་གཅིག་ཡུད་ལ་མི་མཆི་རུ། །མིང་པོ་རྡོ་རྗེ་བཀའ་ལུས་གཉན། །ཞེས་གླུ་ལེན་ནོ། །དེ་ལ་རྣལ་འབྱོར་པའི་བརྡ་སྐད་ཐེང་གསུམ་ནི། ཆོས་ལ་དགྲ་བྱུང་གིས་སངས་རྒྱས་ར་མདའ་བཟློག་ཅེས་པའི་བརྡའ་སྐད་དང་བཅས་སྟེ། ཐལ་མོ་དང་པོ་བརྡབ་པའི་བརྡས་དཔལ་ཁྲག་འཐུང་རྣམས་དབྱིངས་ནས་བསྐུལ། བར་མ་བརྡབ་པས་ཕྲ་མེན་རྣམས་དབྱིངས་ནས་བསྐུལ། ཐལ་མོ་ཐ་མ་བརྡབ་པས་ལས་ཀྱི་མཁའ་འགྲོ་རྣམས་ལས་ལ་བསྐུལ་ཏེ་བསྟན་པའི་བརྩིགས་པ་ནི་རྣལ་འབྱོར་པའི་བརྡ་སྐད་ཐེང་གསུམ་ཞེས་བྱའོ། །དེ་ལ་དཔལ་གྱི་རྟ་སྐད་ཀྱི་བརྡ་སྤྲད། མ་མོའི་འགྱིང་སྐད་ཀྱིས་ཀློང་རྡོལ་རྣལ་འབྱོར་པའི་བརྡ་སྐད་ཀྱིས་དབང་དུ་བསྡུས་ཏེ་ཕྲིན་ལས་བྱེད་པ་ལ་གདུལ་བྱ་ཐབས་ཀྱི་རྟ་སྐད་ཅེས་བྱའོ། །དེ་ལྟར་རྟ་སྐད་དེ་དག་ཐམས་ཅད་ཀྱི་དོན་བསྡུས་ན། རྟ་སྐད་ལྟ་བར་དགོངས་པ་དང་། རྟ་སྐད་སྤྱོད་པར་དགོངས་པ་གཉིས་སུ་འདུལ། དང་པོ་ལ་ངོ་བོ་དོན་གྱི་རྟ་སྐད་དང་གསང་སྔགས་གནད་ཀྱི་རྟ་སྐད་གཉིས། དང་པོ་ལ། རང་བཞིན་ངོ་བོ་དོན་གྱི་རྟ་སྐད། རིག་པ་ངོ་བོ་དོན་གྱི་རྟ་སྐད། གཉིས་སུ་མེད་པའི་ངོ་བོ་དོན་གྱི་རྟ་སྐད་གསུམ་གྱི། དང་པོ་ནི་ཆོས་ཐམས་ཅད་མ་བཅོས་མཉམ་པ་ཉིད་ངེས་པ་དོན་གྱི་རྟམ་མགྲིན་དུ་རྟོགས་པའོ། །གཉིས་པ་དེའི་ངང་ལས་རང་རིག་པ་དཔལ་ཆེན་པོ་རྟ་མགྲིན་གྱི་སྐུར་ཡེ་ནས་མ་བཅོས་པར་གསལ་བའོ། །གསུམ་པ་དེ་ལྟ་བུའི་སྣང་སྟོང་ཐབས་ཤེས་བདེན་གཉིས་དབྱིངས་ཡེ་རྣམས་གཉིས་མེད་བདེ་བ་ཆེན་པོ་དཔལ་རྟ་མགྲིན་གྱི་དཀྱིལ་འཁོར་དུ་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྟོགས་པ་ནི་ངོ་བོ་དོན་གྱི་རྟ་སྐད་དེ་ལྟ་བ་བསྟན་པའོ། །གཉིས་པ་གསང་སྔགས་གནད་ཀྱི་རྟ་སྐད་ནི། རྟའི་འགྲོས་དང་ཐེག་རིམ་སྦྱར་བ་རྟ་སྐད་དང་ས་ལམ་སྦྱར་བ་རྟ་ཡི་ཡོན་ཏན་དང་སྦྱར་བའི་གསང་སྔགས་ལ་ཤན་དབྱེ་བ་གསུམ་ནི། དཔལ་རྟ་མགྲིན་གྱི་རྣལ་འབྱོར་ཟབ་མོའི་ལམ་ནི་ཐེག་པའི་རྩེ་མོ་དང་། ས་ལམ་ཅིག་ཅར་བགྲོད་པ་དང་། གསང་སྔགས་གཞན་ལས་འཕགས་པའི་ཆེ་བ་སྟོན་པར་བྱེད་པ་ཡིན་ནོ། །དེས་སྒོམ་པ་ཡང་དོན་གྱིས་མཚོན་ནོ། །གཉིས་པ་རྟ་སྐད་སྦྱོང་བར་དགོངས་པ་ལ། འདུལ་བྱ་ཐབས་ཀྱི་རྟ་སྐད་དང་། དཔལ་ཆེ་མཆེ་བའི་རྟ་སྐད་གཉིས། དང་པོ་ལ་གསུམ་ཏེ། དཔལ་གྱི་རྟ་སྐད་ཐེང་གསུམ། མ་མོའི་འགྱིང་སྐད་ཐེང་གསུམ། རྣལ་འབྱོར་པའི་བརྡ་སྐད་ཐེང་གསུམ་མོ། །དཔལ་གྱི་རྟ་སྐད་ཐེང་གསུམ་ནི། དང་པོ་དམ་ཚིག་རྗེས་སུ་བསྐུལ་བའི་རྟ་སྐད། བར་པ་བཀའ་ལ་དྲངས་པ། ཐ་མ་དོན་བྱེད་པའི་རྟ་སྐད་གསུམ་མོ། །མ་མོའི་འགྱིང་གླུ་ཐེང་གསུམ་ནི། རང་རྒྱུད་ཆེ་བའི་རྔམ་སྐད། བྱིན་རླབས་རྫས་ལྡན་གྱི་གདངས་སྐད། དྲག་པོའི་ལས་ལ་ཆས་པའི་རྔམ་སྐད་གསུམ་མོ། །རྣལ་འབྱོར་པའི་བརྡའ་སྐད་ཐེང་གསུམ། ལུས་བརྡའ། ངག་བརྡའ། ཡིད་བརྡ་གསུམ་མོ། །དཔལ་གྱི་ཆེ་བའི་རྟ་སྐད་ནི། པདྨ་ཁྲག་འཐུང་ཁྲོས་པའི་སྐུ། ཐམས་ཅད་དབང་དུ་སྡུད་པར་བྱེད། ཅེས་སོགས་གསུངས་པ་ལྟར། ལྷ་སྲིན་སྡེ་བརྒྱད་ཉེར་མ་འདོད། རྟགས་མ་ཐོན་བགོ་བ་མི་ཉན་ན། སྡེ་བརྒྱད་སྲིད་པ་དཀྲུགས་པའི་དོན་དུ་བདག་པདྨ་དབང་ཆེན་གྱི་ཏིང་འཛིན་གསལ་བརྟན་ཚད་དང་ལྡན་པས་ན་སྐད་ཐེང་གསུམ་བསྒྲགས་ན། སྣང་སྲིད་སྡེ་བརྒྱད་ཐམས་ཅད་འབྲོང་རྒོད་འདྲོག་པ་བཞིན་དུ་ཧད་ཀྱིས་སྡངས་ཤིང་། ཤ་རུལ་ལ་སྦྲང་བུ་བཞིན་རང་དབང་མེད་པར་འདུ་བ་དང་། རྒྱལ་ཁྲིམས་དམ་པའི་དམང་བཞིན་ལས་བྱེད་པར་འགྱུར་བས་དེ་ལྟ་བུའི་དོན་དང་ལྡན་པ་ནི་རྟ་མགྲིན་གྱི་རྣལ་འབྱོར་པའོ་ཞེས་གསུངས་སོ། །དེ་ལྟ་བུར་རྟ་སྐད་ཀྱི་དགོངས་པ་རྣམ་པར་བཞག་པ་སྣ་ཚོགས་ཀྱང་མཐར་ཐུག་རང་བྱུང་ཡེ་ཤེས་དེ་ལ་འདུས་ཞེས་གསུངས་པ་ལྟར་རྟ་སྐད་ཐེང་གཅིག་གི་དགོངས་པ་ཡང་ཟེར་ཏེ། རང་བྱུང་ཡེ་ཤེས་ཐིག་ལེ་ཉག་གཅིག་དུ་སྐྱོལ་བ་ནི་སྐབས་འདིར་མ་ཟད་སྒྲུབ་སྡེ་གཞན་ཐམས་ཅད་ཀྱི་དགོངས་པའི་ཕུག་དེ་ཁོ་ནར་སྐྱེལ་བར་བྱ་དགོས་སོ། །གསུམ་པ་ཡང་དག་ཐུགས་ཀྱི་སྒྲུབ་པ་ཐམས་ཅད་རུ་ལུ་འབྲུ་བརྒྱད་ཀྱི་དགོངས་པར་འདུས་པར་བསྟན་པ་ལ། ལྟ་བ་ལ་ཤན་དང་སྦྱར་ཏེ་བཤད་པ་དང་། ཕྲིན་ལས་ལག་ལེན་དང་སྦྱར་ཏེ་བཤད་པ། བསྐྱེད་རིམ་བསྙེན་སྒྲུབ་དང་སྦྱར་ཏེ་བཤད་པ། མན་ངག་སྒང་བསྒྲིལ་རྫོགས་རིམ་དང་སྦྱར་ཏེ་བཤད་པ་བཞི་ལས། དང་པོ་ནི། སྤྱིར་ཡང་དག་ཞེས་བྱ་བ་སྒྲིབ་པ་མི་མངའ་བའི་དོན་ཏེ། འཁོར་བ་དང་མྱ་ངན་ལས་འདས་བའི་ཆོས་ཐམས་ཅད་གཉིས་སུ་མེད་པར་མཉམ་ཉིད་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་དུ་གནས་པ་དེ་ཁོ་ན། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ཡིན་པས་དེ་ལ་ཡང་དག་ཅེས་བྱའོ། །དེའི་ཕྱིར་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་ནི་ཡང་དག་གྲུབ་པའོ། །དེ་ནི་རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་ཆེན་པོ་ཉིད་ཡིན་བས་གཅིག་པུ་ཉིད་ཅེས་བྱ་སྟེ། ཧེ་རུ་ཀའི་གལ་པོ་ལས། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ་ཞེས་དང་། སངས་རྒྱས་མཉམ་སྦྱོར་སོགས་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་ཉིད་ནི་ཆེ་བའི་ལྷ། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་ཡང་དག་པའི་ཡེ་ཤེས་དཔལ་ཆེན་པོའི་ཐུགས་ནི་རུ་ལུའི་གསང་སྔགས་ཀྱི་རྣམ་པར་ཤར་བ་དེའི་མཚོན་དོན་དོན་རྟགས་ཀྱི་ལྷ་དང་། དེ་བཟླས་སྒོམ་གྱི་ཐབས་དང་། དེ་ལ་བརྟེན་པ་ཟབ་གསལ་གྱི་ཏིང་ངེ་འཛིན་ལམ་དུ་བྱས་པས་དཔལ་ཧེ་རུ་ཀའི་ཐུགས་ཀྱི་དངོས་གྲུབ་མྱུར་དུ་ཐོབ་པས་ན་ཡང་དག་གི་སྒྲུབ་པ་ཐམས་ཅད་དུ་རུ་ལུའི་དགོངས་པར་འདུ་ཞིང་དེའི་ཚུལ་ལ་མཁས་པར་བྱ་དགོས་སོ། །དེ་ཡང་ཇི་སྐད་ན། ༀ་ནི་ཡེ་ཤེས་ལྔའི་རང་བཞིན། རུ་ནི་རཀྟའི་སྒྲ་ལས་ཆགས་པ་དང་དམར་བའི་དོན་ཏེ། སེམས་ཅན་གྱི་སྲོག་ཁྲག་གི་རང་བཞིན་ཆགས་པའི་ཡེ་ཤེས་པདྨ་ཧེ་རུ་ཀའི་ངོ་བོ། ཡང་རུ་ནི་ཀུན་གཞི་བྱང་ཆུབ་སེམས་མར་མེ་ལྟར་འབར་བའི་ཡེ་ཤེས་ཀློང་དགུ་ཧེ་རུ་ཀ་དགུའི་དོན་ཀྱང་ཡིན་ནོ། །ལུ་ནི་ལུམ་བི་ནི་སྟེ་དགའ་བའི་ཚལ་ལྟར་བདེ་བ་ཆེན་པོའི་འབྱུང་གནས་ཁྲོ་མོ་ཡུམ་གྱི་ཚོགས་སོ། །བྷྱོ་ནི་མ་མོ་མཁའ་འགྲོ་ལས་ལ་འཛུད་པ། ཧཱུྃ་འཕགས་པའི་ཐུགས་རྗེ་སྐུལ་བ་དང་། སླར་ཡང་དངོས་གྲུབ་རང་གི་ཐུགས་ཀར་བསྡུས་པའི་སྔགས་སོ། །དེ་ལྟ་བུའི་གསང་སྔགས་ཁྱད་པར་ཅན་དེས་གཞི་དུས་ན་སེམས་ཀྱི་ཆོས་ཉིད་ཡེ་ཤེས་ཀློང་བརྒྱད་མཚོན་ལ། དེ་ཐམས་ཅད་དབྱེར་མེད་པ་རང་བྱུང་གི་ཡེ་ཤེས་ནི་ཡང་དག་ཧེ་རུ་ཀ་གཅིག་པུའོ། །དེ་བཞིན་དུ་འཁྲུལ་པ་བཏགས་བའི་ཆོས་མ་དག་པའི་ཚོགས་བརྒྱད་ཀྱང་མཚོན། ལམ་དུས་སུ་བསྐྱེད་རིམ་གྱི་བསྙེན་སྒྲུབ་ཡན་ལག་བཞི་དང་རྫོགས་རིམ་གྱི་སྟོང་བཞི་དང་དགའ་བཞི་སྦྱར་བའི་ཡེ་ཤེས་བཞི་སྟེ་བརྒྱད་པོ་མཚོན་ཞིང་། འབྲས་དུས་ཀྱི་ཡེ་ཤེས་ཀློང་བརྒྱད་དང་དེ་ཀུན་གཅིག་དུ་འཁྱིལ་བའི་ཐུགས་ཡང་དག་པའི་ཡེ་ཤེས་འབྲས་བུའི་དཔལ་ཆེན་པོ་མཚོན་པའི་ཕྱིར་རུ་ལུ་འབྲུ་བརྒྱད་པོ་འདིས་གསང་སྔགས་དོན་གྱི་ལྟ་བ་བསྟན་པ་ཡིན་ཏེ། བླ་མའི་སྙན་བརྒྱུད་ཧཱུྃ་ཆེན་ཀ་རའི་མན་ངག་ལས་ཀྱང་དེ་ལྟར་གསལ་བར་གསུངས་སོ། །གཉིས་པ་ཕྲིན་ལས་ལག་ལེན་དང་སྦྱར་ཏེ་བཤད་ན། དཔལ་ཆེན་པོའི་ཐུགས་ཡང་དག་བའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་གྱུར་བས་ནམ་མཁའ་ལྟར་འཕོ་འགྱུར་མེད་ལ་དངོས་པོ་དང་མཚན་མ་མེད་པའི་བདག་ཉིད་ཡང་དག་པ་ཞེས་བྱའོ། །དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་གཉིས་སུ་མེད་པར་ཡེ་ནས་གྲུབ་ཅིང་། དེའི་རང་རྩལ་གསང་སྔགས་ཀྱི་རྒྱལ་པོ་རུ་ལུ་འབྲུ་བརྒྱད་ཀྱི་བཟླས་སྒོམ་ལ་བརྟེན་ནས་དེ་ཉིད་མངོན་དུ་སྒྲུབ་པའི་ཕྲིན་ལས་ཀྱི་ལག་ལེན་ཐམས་ཅད་ཀྱང་རུ་ལུ་འབྲུ་བརྒྱད་ལ་འདུ་སྟེ། གང་ཞེ་ན། རུ་ལུ་དཀྱིལ་འཁོར་དུ་ཤེས་པ། ལྷར་ཤེས་པ། སྒྲར་ཤེས་པ། ཕྲིན་ལས་སུ་ཤེས་པ། མཆོད་པར་ཤེས་པ། དབྱངས་སུ་ཤེས་པ། བསྙེན་པར་ཤེས་པ། ཆོས་ཉིད་དུ་ཤེས་པ་བརྒྱད་ཀྱི་སྒོ་ནས་ཕྲིན་ལས་ལག་ལེན་དུ་འདེབ་པ་ཡིན་པས། དང་པོ་རུ་ལུ་དཀྱིལ་འཁོར་དུ་ཤེས་པ་ལ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཕྱག་རྒྱའི་དཀྱིལ་འཁོར་གསུམ་ལས། དང་པོ་ལ་འཇིག་རྟེན་རིམ་གྱིས་བསྐྱེད་པའི་ཡིག་འབྲུ། ཅིར་ཡང་འགྱུར་བའི་ཡིག་འབྲུ། བསམ་གྱིས་མི་ཁྱབ་པའི་ཡིག་འབྲུ། ལྷ་བསྐྱེད་བའི་ཡིག་འབྲུ་ལ་སོགས་བ་ཐམས་ཅད་ནི་གསུང་ཡིག་འབྲུའི་དཀྱིལ་འཁོར་སྟེ། མདོར་ན་ས་བོན་ཧཱུྃ་དང་བྷྱོ་ལ་སོགས་པ་ལས་རྟེན་དང་བརྟེན་པའི་ལྷ་བསྐྱེད་པར་བྱེད་བའོ། །གཉིས་པ་རྣམ་པར་མི་རྟོག་པ་དང་ཀུན་ཏུ་སྣང་བ་སོགས་ཀྱི་ཏིང་ངེ་འཛིན་དང་། ཕྲ་མོའི་ཕྱག་མཚན་ལ་དམིགས་པ་སོགས་ཡིད་ཀྱི་ཏིང་འཛིན་དང་། དེའི་སྒོར་གྱུར་པ་ཕྱག་མཚན་ཐམས་ཅད་ནི་ཐུགས་ཕྱག་མཚན་གྱི་དཀྱིལ་འཁོར་ཞེས་བྱའོ། །གསུམ་པ་ཞི་བ་རྡོ་རྗེ་དབྱིངས་དང་། ཁྲོ་བོ་འཇིག་བྱེད་ཆེན་པོའི་སྐུ་ཡི་དཀྱིལ་འཁོར་རོ། །དེ་ལྟ་བུའི་སྐུ་གསུང་ཐུགས་ཐམས་ཅད་ཀྱང་རུ་ལུ་འབྲུ་བརྒྱད་ཀྱི་རང་བཞིན་ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་རོལ་པ་ཡིན་པས་རྟེན་དང་བརྟེན་པ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་གནས་པ་ཤེས་པའོ། །གཉིས་པ་རུ་ལུ་ལྷར་ཤེས་པ་ནི། ༀ་ཡེ་ཤེས་ལྔའི་སྙིང་པོ་རིགས་ལྔ་ཁྲག་འཐུང་ཡབ་ཡུམ་གྱི་ངོ་བོ། །རུ་ལུ་གོང་མ་ཀ་རི་བརྒྱད། འོག་མ་ཕྲ་མེན་བརྒྱད། ཧཱུྃ་སྒོ་མ་བཞི། བྷྱོ་དབང་ཕྱུག་ཉེར་བརྒྱད་དེ་ཟླ་གམ་ལྔ་བཅུ་རྩ་བརྒྱད་པའི་ལྷའི་ངོ་བོར་དག་བ་དང་། ཧཱུྃ་འོག་མ་ནི་དེ་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་རྣམས་རང་གི་ཐུགས་ཀར་བསྡུ་བའི་ས་བོན་ནི། །ཡང་ན་མཇུག་གི་ཧཱུྃ་ཁྲོ་བཅུའི་ས་བོན་དུ་བྱས་ཏེ་ཟླ་གམ་དྲུག་ཅུའི་བརྒྱད་པའི་ལྷར་བྱས་ནའང་རུང་ངོ་། །གསུམ་པ་རུ་ལུ་སྒྲར་ཤེས་པ་ནི། རུ་ནི་ར་མེ་སྟེ་རྨོངས་པ་མེད་པའི་མཛད་སྤྱོད་དང་ཐུགས་རྗེ་ཡེ་ཤེས་ཆེན་པོས་དགའ་བར་བྱེད་པ་དང་། ཡང་རུ་ནི་ར་ག་སྟེ། ཐུགས་རྗེ་ཆེན་པོས་ཆགས་པའི་བདག་ཉིད་ཡིན་པ་ཐབས་དང་། ལུ་ནི་ལུམྦའི་ཚལ་ཏེ། ཡུམ་གྱི་མཁའ་ཀློང་ངམ་རྣམ་པར་གསལ་བའི་ཤེས་རབ་སྟེ། དེ་ལྟར་ཐབས་ཤེས་གཉིས་སུ་མེད་པའི་ངང་ནས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་སྐྱེད་པའི་དོན་དུ་ཤེས་པ་ནི་རུ་ལུ་སྒྲར་ཤེས་པའམ། རུ་ལུའི་སྒྲ་དོན་ཤེས་པའོ། །བཞི་པ་རུ་ལུ་ཕྲིན་ལས་སུ་ཤེས་པ་ནི། རུ་ལུའི་འོད་ཟེར་རྣམས་ཕར་འཕྲོས་པས་འཕགས་པ་མཆོད་ཅིང་ཐུགས་དམ་བསྐུལ་ཏེ་འགྲོ་བའི་དོན་བྱས། སླར་བདག་གི་ཐུགས་ཀར་ཐིམ་པར་བསམ་པ་དོན་གཉིས་སྒྲུབ་པའི་ཕྲིན་ལས་ཀྱི་བཟླས་དམིགས་དང་། རུ་ལུའི་འོད་ཟེར་དཀར་པོས་ཞི་བ། སེར་པོས་རྒྱས་པ། དམར་པོས་དབང་། ནག་པོས་དྲག་པོའི་ཕྲིན་ལས་བྱེད་པར་དམིགས་པས་ཕྲིན་ལས་གང་དང་གང་བརྩམ་པ་དེ་བཞིན་འགྲུབ་པར་ཤེས་པའོ། །ལྔ་པ་རུ་ལུ་མཆོད་བར་ཤེས་པ་ནི། ༀ་ལས་ཡེ་ཤེས་ལྔའི་འོད་ཟེར་གྱིས་འཕགས་པ་རྣམས་མཉེས་ཤིང་ཐུགས་དམ་བསྐང་བ་དང་། རུ་ལུ་གོང་མས་ཏིང་འཛིན་ཡེ་ཤེས་ཀྱི་སྟོབས་ལས་སྤྲུལ་པའི་མེ་ཏོག་སོགས་ཕྱིའི་མཆོད་པ་དང་། རུ་ལུ་འོད་མས་འདོད་ཡོན་ལྔའི་ལྷ་མོ་སྤྲོས་ཏེ་ནང་གི་མཆོད་པ་ཕུལ་བ་དང་། ཧཱུྃ་ལས་བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས་དཀྱིལ་འཁོར་བ་རྣམས་མཆོད་ནས་ཐུགས་གསང་བའི་དངོས་གྲུབ་ཐོབ་པ་གསང་མཆོད་ཡིན་ནོ། །དྲུག་པ་རུ་ལུ་དབྱངས་སུ་ཤེས་པ་ནི། གླུ་དྲུག་བླང་པས་དོན་དྲུག་འགྲུབ་ཅེས་པ་ལྟར། རུ་ལུ་དབྱངས་སུ་བཟླས་པའི་ཚེ་ན་འདི་ལྟར་དབྱངས་ཀྱི་ཁྱད་པར་འཁུར་བ་དབུགས་ཀྱི་རླུང་འབྱིན་བའི་དབྱངས་སུ་བཟླས་པས་ཉོན་མོངས་པའི་རྟོག་པ་བུད་ཤིང་འདྲ་བ་རྣམས་བསྲེགས་པར་བྱེད། མཁུན་ཞིང་གདུང་བའི་དབྱངས་སུ་བཟླས་བས་གདུག་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་ཅིང་ཡེ་ཤེས་ཀྱི་ལྷའི་ཐུགས་རྒྱུད་སྐུལ། སྔགས་ཀྱི་ཡི་གེ་སྒྲ་སྒྲོགས་པའི་དབྱངས་སུ་བཟླས་པས་ཡང་དག་པའི་དོན་གསལ་བར་བྱེད་ཅིང་རྨོངས་པའི་མུན་པ་སེལ། ཟབ་ཅིང་འབྲུག་སྒྲ་ལྟར་སྒྲོགས་པའི་དབྱངས་སུ་བཟླས་པས་བདུད་དང་མུ་སྟེགས་ཐལ་བར་རློག །རྡོ་རྗེ་སྲིན་པོའི་ངུར་སྒྲའི་དབྱངས་སུ་བཟླས་པས་ཐུགས་རྗེ་ཆེན་པོ་མེ་དང་འདྲ་བས་ཉོན་མོངས་པའི་བུད་ཤིང་བསྲེགས་པར་བྱེད། ཚངས་པ་དབྱངས་ཀྱི་འདྲེན་ཚུལ་དུ་བཟླས་པས་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད་པར་བྱེད་པའོ། །བདུན་པ་རུ་ལུ་བསྙེན་པར་ཤེས་བ་ནི། བདག་ཧེ་རུ་ཀར་གསལ་བའི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པ་ལ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་ཨ་ལས་ཟླ་བའི་དལ་དོང་ཙེ་ཙམ་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་ཚོན་གང་བའི་ཐུགས་ཀར་མ་ལས་ཉི་དཀྱིལ་སྲན་མ་བཀས་པ་ཙམ་གྱི་དབུས་སུ་རྡོ་རྗེ་ནས་ཙམ་གྱི་ལྟེ་བར་ཧཱུྃ་སྤུས་བྲིས་པ་ཙམ་ལ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བ་དང་། རྡོ་རྗེའི་ཕྱི་ན་ཡང་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བར་བསམ་ལ་བསྙེན་པ་དབུལ་བར་བྱའོ། །བརྒྱད་པ་རུ་ལུ་ཆོས་ཉིད་དུ་ཤེས་པ་ནི། ཆོས་ཐམས་ཅད་གང་ནས་ཀྱང་མ་བྱུང་ལ་མ་སྐྱེས་པའི་ཆོས་ཉིད་མཉམ་པ་ཆེན་པོ་ཡང་དག་པའི་ཡེ་ཤེས་ཐིག་ལེ་ཉག་གཅིག་ཏུ་ཤེས་པ་ནི་ངེས་པ་དོན་གྱི་དཔལ་ཆེན་པོའི་ཐུགས་ཀྱི་སྒྲུབ་པའོ། །གསུམ་པ་བསྐྱེད་རིམ་བསྙེན་སྒྲུབ་དང་སྦྱར་ཏེ་བཤད་པ་ནི། རིག་འཛིན་སྒྲུབ་པ་པོ་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཡེ་ནས་གཉིས་སུ་མེད་པར་གྲུབ་པའི་བདག་ཉིད་ནི་དཔལ་ཆེན་པོ་གཅིག་པུའི་གོ་འཕང་རྡོ་རྗེ་ལྟ་བུའོ། །དེ་ནི་མ་སྐྱེས་པ་ཆོས་སྐུ། མ་འགགས་པའི་ལོངས་སྐུ། སྣ་ཚོགས་འཆར་བའི་སྤྲུལ་སྐུའི་རང་བཞིན་དུ་གནས་ལ། དེ་ཉིད་ཇི་ལྟ་བ་བཞིན་མངོན་དུ་བྱེད་པའི་ཕྱིར་བསྙེན་པ་དང་ཉེ་བསྙེན་སྒྲུབ་པ་དང་། སྒྲུབ་ཆེན་བཞིས་ཚུལ་གྱིས་འཇུག་པ་ལ། དང་པོ་བསྙེན་པ་ནམ་མཁར་ཡི་གེ་བྷྲཱུྃ་དམར་ནག་ཚོན་གང་བ་གསལ་ནས། དེ་ལས་འོད་འཕྲོས་དོན་གཉིས་བྱས། སླར་འདུས་པའི་རིན་པོ་ཆེ་དམར་པོ་ཚོན་གང་བ་དེ་ལས་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པ་ལྷ་སོ་སོའི་གདན་དང་བཅས་པར་གསལ་བའི་དབུས་ཀྱི་གདན་སྟེང་རང་གི་བྱང་ཆུབ་སེམས་ཉིད་ཀྱི་ངོ་བོ་ཐིག་ལེ་དཀར་ཟླུམ་དུ་གསལ་བ་བསྙེན་པའོ། །དེ་ཧཱུྃ་མཐིང་གར་གྱུར་པ་ཉེ་བསྙེན་ནོ། །ཧཱུྃ་རྡོ་རྗེ་རྩེ་ལྔར་གྱུར་པ་བསྒྲུབ་པའོ། །ཧཱུྃ་ཧ་ཧེ་ཕཊཿཅེས་བསྐུལ་བས། བདག་བཛྲ་ཧེ་རུ་ཀ་མཐིང་ནག་ཞལ་གསུམ་ཕྱག་དྲུག་གཡས་དཀར་གཡོན་དམར་དབུས་མཐིང་ནག་ཞབས་བཞི་བརྐྱང་བསྐུམ་དུ་བཞུགས་པ། དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ་མེ་དཔུང་འབར་བའི་དབུས་ན་བཞུགས་པར་སྒོམ་པ་ནི་སྐུ་ཡོངས་སུ་རྫོགས་པ་སྟེ་སྒྲུབ་པ་ཆེན་པོའོ། །དེ་ལ་ཞལ་གཡས་དཀར་བ་སྐུའི་རང་བཞིན་དང་ཀ་རི་མ། གཡོན་དམར་བ་གསུང་གི་རང་བཞིན་དང་པྲ་མོ་ཧ། དབུས་མཐིང་ག་ཐུགས་ཀྱི་རང་བཞིན་དང་དཔལ་ཆེན་པོ་ཉིད་ཡིན་ལ། ཕྱག་དང་པོ་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན་པ་མིག་གི་རྣམ་ཤེས་དག་པ་དང་ཙ་རི་མ། གཉིས་པས་ཁ་ཊྭཱཾ་འཛིན་པ་རྣ་བའི་རྣམ་ཤེས་དག་པ་དང་བཻ་ཏ་ལེ། ཐ་མས་རྔེ་ཆུང་འཛིན་པ་སྣའི་རྣམ་ཤེས་དག་པ་དང་པུཀྐསི། གཡོན་པས་དྲིལ་བུ་དཀུ་ལ་བརྟེན་པ་ལྕེའི་རྣམ་ཤེས་དག་པ་དང་གྷསྨ་རི། བར་མས་ཐོད་པ་ཁྲག་བཀང་འཛིན་པ་ལུས་ཤེས་དག་པ་དང་སྨེ་ཤ་ནི། ཐ་མས་རྒྱུ་ཞགས་བསྣམས་པ་ཉོན་ཡིད་དག་པ་དང་ཙནྡྷ་ལི་དང་སྦྱོར། རྒྱན་ཐམས་ཅད་མཆོད་པའི་ཡོ་བྱད་དང་སྦྱར། ཟླ་གམ་བརྒྱད་ནི་སེང་ཧ་ལ་སོགས་བའི་ཕྲ་ཆེན་བརྒྱད་དང་། དེ་ཡང་དམར་པོར་སྣང་བ་ནི་ཡུམ་ཀྲོ་ཏི་ཤྭ་རི་མ་དང་སྦྱར། དེ་ལྟར་ཡུལ་དགུ་ནི་དོན་དགུ་དང་སྦྱར་ཏེ། ཟླ་གམ་དམར་པོ་ཡུམ་གྱི་རཀྟ་དམར་པོ་སྟེ་ཀུན་ཏུ་བཟང་མོའི་དབྱིངས་ཡིན་ལ། སྒྱུབ་རྫས་དང་སྦྱར་ན། མར་མེའི་སྡོང་བུ་ནི་ཡབ། འོད་དགུ་ནི་ཡུམ་གྱི་རང་བཞིན་ཐིག་ལེ་དམར་པོའོ། །དེ་ལྟར་གསལ་ནས་བསྙེན་པ་བགྲང་བའི་དུས་སུ་རང་ཉིད་དཔལ་ཆེན་པོའི་ཐུགས་ཀར་ཟླ་དཀྱིལ་ལ་ཡེ་ཤེས་སེམས་དཔའ་དཀར་པོ་ཚོན་གང་བ་རྡོ་རྗེ་དྲིལ་བུ་འཛིན་པའི་ཐུགས་དབུས་རྡོ་རྗེ་ནས་ཙམ་གྱི་དཀྱིལ་དུ་ཧཱུྃ་དམར་པོ་ཡུང་འབྲུ་ཙམ་ལ་འགལ་མེ་བཞིན་དུ་ཧཱུྃ་དམར་པོ་གྲངས་མེད་པ་ཕྱོགས་བཅུར་འཕྲོས་པས། དཔལ་ཆེན་པོ་མ་མོ་མཁའ་འགྲོ་དང་བཅས་པའི་ཐུགས་ཀར་ཕོག་ཏེ་ཐུགས་རྒྱུད་བསྐུལ་ཚུར་འདུས་པས་དེ་དག་གི་བྱིན་རླབས་དངོས་གྲུབ་ཐམས་ཅད་བདག་གི་ཧཱུྃ་ལ་བསྡུས་པར་དམིགས་ཏེ། བཟླ་བྱའི་སྙིང་པོ་རུ་ལུ་འབྲུ་བརྒྱད་བཟླའོ། །དེ་ཡང་ༀ་ནི་ཡབ་ཧེ་རུ་ཀ །རུ་ནི་ཡུམ་ཀྲོ་ཏི་ཤྭ་རི། རུ་ནི་ཧེ་རུ་ཀ་རིགས་བཞི། ལུ་ནི་ཡུམ་རྣམས་ཧཱུྃ་ནི་ཐུགས་དམ་བསྐུལ་བ། བྷྱོ་ནི་དབང་ཕྱུག་མོ་རྣམས། ཧཱུྃ་ཐ་མ་ནི་དངོས་གྲུབ་བསྡུས་བ་སྟེ། དེ་ལྟར་བསྙེན་པ་དབུལ་བར་བྱའོ། །བསྐྱེད་རིམ་གྱི་སྐབས་འདིར་བསྙེན་སྒྲུབ་བཞིར་ཡོད་དེ། དཔལ་ཆེན་པོའི་སྐུར་གསལ་བ་བསྙེན་པ། ཡུམ་ཀྲོ་ཏི་ཤྭ་རིར་གསལ་བ་ཉེ་བསྙེན། ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་ཕྲ་མེན་བཅུ་དྲུག་བྱུང་བ་སྒྲུབ་པ། དེ་ཐམས་ཅད་ཀྱང་མ་སྐྱེས་པ་ཆོས་ཀྱི་དབྱིངས་སུ་མཉམ་པར་ཤེས་པ་སྒྲུབ་པ་ཆེན་པོའོ། །དེ་ལྟར་བསྙེན་སྒྲུབ་བྱེད་པའི་དྲོད་ཚད་ནི། དཔལ་ཆེན་པོ་ཕྲ་མེན་བཅུ་དྲུག་གིས་བསྐོར་བ་མངོན་སུམ་གསལ་བ་ནི་མངོན་སུམ་པའི་དྲོད་ཚད། བདག་སྒྲུབ་པ་བྱེད་པའི་དུས་སུ་ལུས་ལས་འོད་བྱུང་བ་འོད་ཀྱི་དྲོད་ཚད། དེ་ལས་སྒྲ་གྲགས་པ་དང་། གཟུགས་སུ་སྣང་བའི་དྲོད་ཚད་གཞན་ཐམས་ཅད་ཀྱང་འོད་ཀྱི་ཁོངས་སུ་འདུས་ཏེ། དེ་ལྟར་དྲོད་བྱུང་བ་ནི་སྒྲུབ་པ་ཆེན་པོའོ། །བཞི་པ་མན་ངག་སྒང་བསྒྲིལ་རྫོགས་པའི་རིམ་པ་དང་སྦྱར་ན་འདི་ལྟར་སེམས་དང་སེམས་བྱུང་གི་ཆོས་ཐམས་ཅད། དོན་དམ་པར་མ་སྐྱེས་མ་འགག་ཆོས་དབྱིངས་མཚན་མའི་སྤྲོས་པ་དང་བྲལ་བའི་ཀློང་དུ་མཉམ་པ་དེ་ཉིད་ལ་དོན་གྱི་ཆོས་ཉིད་ཡིན་པས་ན་ཡང་དག་ཅེས་བྱ་ཞིང་། ཆོས་ཉིད་དེ་ལྟ་བུ་རིག་པ་ཡེ་ཤེས་ཀྱིས་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་གྲུབ་པའམ་སྒྲུབ་པ་ཞེས་བྱའོ། །དབྱིངས་རིག་གཉིས་མེད་ཐིག་ལེ་ཉག་གཅིག་དེ་ནི་གཅིག་པུ་སྟེ་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་སོ། །དེ་ཉིད་ལུང་ལས་གསུངས་པ་ལྟར་རུ་ལུའི་དོན་དང་སྦྱར་ན། ༀ་མི་གནས་པ་ཡང་དག་པའི་ཡེ་ཤེས། རུ་མཁའ་ཀློང་བདེ་བ་ཆེན་པོ། །ལུ་དབྱིངས་རྣམ་དག་ཀུན་ཏུ་བཟང་མོ། །བྷྱོ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་བྱུང་བ། ཧཱུཾ་ནི་དེ་ཐམས་ཅད་བྱུང་ཡང་བྱང་ཆུབ་ཀྱི་སེམས་ལས་བྱུང་ལ་དེའི་ངོ་བོ་འདུས་མ་བྱས་པའོ། །དེ་ལྟ་བྱང་ཆུབ་ཀྱི་སེམས་ཐུགས་ཡང་དག་པའི་ཡེ་ཤེས་དེ་ནི་རང་གི་སེམས་ཀྱི་ཆོས་ཉིད་དུ་ཡེ་ནས་གྲུབ་ཅིང་འདུས་མ་བྱས་པ་ཐིག་ལེ་ཉག་གཅིག་གོ། །དེ་ལྟར་ཡང་དག་ཐུགས་ཀྱི་སྤྲུལ་པའི་མཐའ་ཐམས་ཅད་ཡང་དག་རྒྱུན་གྱི་རྣལ་འབྱོར་སངས་རྒྱས་ལག་བཅང་དུ་འདུས་ལ། དེའི་མཐའ་ཡང་རང་རིག་བྱང་ཆུབ་སེམས་ཐུགས་ཡང་དག་པའི་ཡེ་ཤེས་སུ་འདུ་ཞིང་། དེ་མངོན་དུ་བྱེད་པའི་ཐབས་དམན་པ་དབྱིབས་ཀྱི་རྣལ་འབྱོར་སྐུའི་གསལ་སྣང་ལ་སེམས་བཟུང་བ། ཟབ་པ་སྔགས་ཀྱི་རྣལ་འབྱོར་གསུང་བཟླས་པ་དང་རླུང་གི་རྫོགས་རིམ། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་སྙིང་གའི་མི་ཤིག་པའི་ཐིག་ལེ་ལ་སེམས་འཛིན་པ་སོགས་མཚན་བཅས་དང་། མཚན་མེད་རྩོལ་བྲལ་རྫོགས་པ་ཆེན་པོའི་ལམ་རྣམས་ལ་བརྟེན་ནས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ཉིད་དུ་གྲུབ་པར་བྱ་བ་ཉིད་ཡིན་ནོ། ༈ །བཞི་པ་ཆེ་མཆོག་ཡོན་ཏན་གྱི་སྒྲུབ་པ་ཐམས་ཅད་བདུན་རྩི་རྣམ་དག་གི་དགོངས་པར་འདུ་བར་བསྟན་པ་ལ། སྤྱིར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་ཅིར་བླང་དོར་ལས་འདས་པ་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོའི་བདག་ཉིད་དུ་གནས་པ་ནི་བདུད་རྩི་རྣམ་དག་གི་དགོངས་པ་ཡིན་ལ། ཚུལ་དེ་ཆོས་ཀྱི་བདུད་རྩི་དང་། དོན་གྱི་བདུད་རྩི་དང་། རྟགས་སམ་སྨན་གྱི་བདུད་རྩི་དང་། རྫས་ཀྱི་བདུད་རྩི་སྟེ་རྣམ་པ་བཞིའི་ཚུལ་གྱིས་གཏན་ལ་བབ་སྟེ་བསྟན་པ་ནི། ཆོས་བདུད་རྩི་ཐམས་ཅད་ཚང་བ་རྣམ་པ་བརྒྱད་དུ་བསྡུས་ཏེ་བཤད་པ་དང་། དོན་བདུད་རྩི་ཐམས་ཅད་ཤེས་པ་རྣམ་པ་བརྒྱད་དུ་བསྡུས་ཏེ་བཤད་པ་དང་། སྨན་བདུད་རྩི་ཐམས་ཅད་དམིགས་པ་རྣམ་པ་བརྒྱད་དུ་བསྡུས་ཏེ་བཤད་པ་དང་། དམ་རྫས་བདུད་རྩི་ཐམས་ཅད་བསྒོམ་པ་རྣམ་པ་བརྒྱད་དུ་བསྡུས་ཏེ་བཤད་པ་དང་བཞིའོ། །དང་པོ་ཆོས་ཐམས་ཅད་བསྡུས་ན་རང་གི་སེམས་ལ་ཚང་། སྨན་ཐམས་ཅད་བསྡུས་པས་རོ་རྣམ་པ་ལྔར་ཚང་། དམ་ཚིག་ཐམས་ཅད་རྩ་བ་གསུམ་དུ་ཚང་། ཕྲིན་ལས་ཐམས་ཅད་བསྡུས་ན་སྦྱོར་སྒྲོལ་དུ་ཚང་། དཀྱིལ་འཁོར་ཐམས་ཅད་བསྡུས་པས་དཀྱིལ་འཁོར་བརྒྱད་དུ་ཚང་། ཡེ་ཤེས་ཐམས་ཅད་བསྡུས་བས་ཡེ་ཤེས་ལྔར་ཚང་། སྒྲུབ་པ་ཐམས་ཅད་བསྡུས་པས་བདུད་རྩི་སྒྲུབ་པར་ཚང་། སངས་རྒྱས་ཐམས་ཅད་བསྡུ་པས་རྡོ་རྗེ་དབྱིངས་ལ་ཚང་སྟེ་དེ་ལྟར་བརྒྱད་དོ། །ཡང་རྣམ་པ་གཅིག་ཏུ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ལ་ཚང་། རྣམ་ཤེས་ཚོགས་བརྒྱད་ཀྱང་རྩ་བ་ཀུན་གཞིའི་རྣམ་ཤེས་ལ་ཚང་། ཐེག་པ་བརྒྱད་ཀྱང་བདུད་རྩི་ཡོན་ཏན་གྱི་སྒྲུབ་པའི་ནང་དུ་ཚད། འབྱུང་ལྔ་སྲིན་གསུམ་ལྷ་སྲིན་སྡེ་བརྒྱད་ཐམས་ཅ ད་ཆོས་ཀྱི་དབྱིངས་སུ་ཚང་། ཕུང་པོ་ལྔ་དང་ལུས་ངག་ཡིད་གསུམ་རང་གི་སེམས་ལ་ཚང་། ཕྱིའི་སྨན་ཐམས་ཅད་ཀྱང་རྩ་བ་ལྔ་འབྲུ་ལྔ་སྙིང་པོ་ལྔ། སྨན་ལྔ། སྤོས་ལྔ། རིན་ཆེན་ལྔ། ཆུ་ལྔར་ཚང་། ནང་གི་སྨན་ཐམས་ཅད་ཀྱང་དམ་རྫས་རྣམ་པ་ལྔར་འདུས་ཤིང་ཚང་བ་བརྒྱད་དོ། །དེ་ལྟར་གནད་ཀྱི་མདོ་འགག་བསྡུས་པའི་ཚུལ་གྱིས་བདུད་རྩིའི་སྒྲུབ་པའི་གནད་བཤད་པའོ། །གཉིས་པ་དོན་བདུད་རྩི་ཅི་ཞེ་ན། སེམས་ཉིད་རང་བྱུང་གི་ཡེ་ཤེས་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀར་ཤེས་པར་བྱ། འབྱུང་བ་ལྔ་ཡུམ་ལྔར་ཤེས་པར་བྱ། ཕུང་པོ་ལྔ་རིགས་ལྔར་ཤེས་པར་བྱ། བདུད་རྩི་ལྔ་དུག་ལྔ་ཡང་ཡེ་ཤེས་ལྔར་ཤེས་པར་བྱ། རྣམ་ཤེས་ལྔ་སྐུ་ལྔར་ཤེས་པར་བྱ། སྲིད་པ་གསུམ་པོ་བདུད་རྩིའི་དཀྱིལ་འཁོར་དུ་ཤེས་པར་བྱ། སྐྱེ་འགྲོ་ཐམས་ཅད་བདུད་རྩིའི་ལྷར་ཤེས་པར་བྱ། དམ་རྫས་རྣམས་བདུད་རྩི་དངོས་ཡིན་པར་ཤེས་པར་བྱའོ། །ཡང་འཆད་ལུགས་རྣམ་པ་གཅིག་ཏུ། ར་ས་ཡ་ན་ཏ་ན་ཛ་ཡ་ཞེས་པའི་ཡིག་འབྲུ་བརྒྱད་པོ་འདིར་རྒྱུད་འབུམ་སྡེའི་དོན་འདུས་ཏེ། ར་ས་ཡ་ན་བཞི་ནི་འབྱུང་བ་བཞི་དང་། དམ་རྫས་བཞི་དང་། ཕུང་པོ་བཞི་རྣམས་ནི་རིགས་བཞིར་ཤེས་པར་བྱ། ཏ་ནི་ནམ་མཁའ་དང་རྣམ་པར་ཤེས་པའི་ཕུང་པོ་བྱང་ཆུབ་སེམས་སུ་ཤེས་པར་བྱ། ན་ནི་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་བྱ། ཛ་ནི་དབང་པོ་བཞི་དང་རྣམ་ཤེས་བཞི་བྱམས་པ་ལ་སོགས་པའི་སེམས་དཔའ་བཞི་བཞིར་ཤེས་པར་བྱ། ཡ་ནི་གཟུགས་སྒྲ་སོགས་བཞི་དང་དུས་བཞི་ལྷ་མོ་བརྒྱད་དུ་ཤེས་པར་བྱ་སྟེ། དེ་ལྟར་ཡི་གེ་བརྒྱད་ཀྱི་མཚོན་པའི་ཤེས་པ་བརྒྱད་དོ། །ཡང་རྣམ་པ་གཞན་དུ་འབྱུང་ལྔ་ཡུམ་ལྔ། ཕུང་ལྔ་རིགས་ལྔ། བདུད་རྩི་ལྔ་ཡེ་ཤེས་ལྔ། དབང་ཤེས་བརྒྱད་སེམས་དཔའ་བརྒྱད། ཡུལ་དུས་བརྒྱད་སེམས་མ་བརྒྱད། ཉོན་མོངས་དྲུག་ཐུབ་པ་དྲུག །རྟག་ཆད་བཞི་སྒོ་བ་བཞིར་ཤེས་པར་བྱ་བ་དང་། དེར་མ་ཟད་གཞན་ཡང་བདུད་རྩི་སྒྲུབ་པའི་དུས་སུ་སྦྱོར་བ་ཆོས་ཉིད། སྒྲོལ་བ་སྙིང་རྗེ། སྣང་སྲིད་གསལ་བ་མཆོག་གི་མཎྜལ། སྲིད་གསུམ་བནྡྷཱ་དམར་པོའི་གཞལ་ཡས་ཁང་། སྒྲུབ་པོ་རྣམས་ལྷ་དང་ལྷ་མོ། །དཀྱིལ་འཁོར་དུར་ཁྲོད་ཆེན་པོ། དེ་ཡང་བཞི་བའི་དུས་ན་རྡོ་རྗེ་དབྱིངས་དང་། ཁྲོ་བོའི་དུས་ན་གསང་བ་མཆོག་གི་དཀྱིལ་འཁོར་དུ་ཤེས་པར་བྱ་བ་དང་། དཀྱིལ་འཁོར་གྱི་རྒྱན་རྣམས་ཀྱང་མདའ་བཞི་སེམས་དཔའ་བཞི། ཕུར་པ་བཞི་ཁྲོ་བོ་བཞི། རལ་གྲི་བཞི་རྒྱལ་པོ་བཞི། ས་ཚོན་ཡེ་ཤེས་ལྔ། སྨན་གྱི་བུམ་པ་ལྷའི་དཀྱིལ་འཁོར། གཟུངས་ཐག་བྱང་ཆུབ་ཀྱི་ལམ། སྔགས་འཕྲོ་འདུ་སྨན་སངས་རྒྱས་གདུགས་འཇམ་དཔལ། ལུས་ལ་བཏགས་པ་དང་གྱོན་པ་སོགས་ཡོ་བྱད་ཐམས་ཅད་ལྷ་རྣམ་གསུམ་གྱིས་མཆོད་པ་འབུལ་བའི་དོན་དུ་ཤེས་པར་བྱའོ། །མདོར་ན་དོན་གྱི་བདུད་རྩི་ནི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ཡེ་ནས་གནས་པའི་སྣང་སྲིད་བདེ་བ་ཆེན་པོའི་དོན་གྱི་བདུད་རྩི་ཡིན་ཏེ། ཁམས་གསུམ་གྱི་སྡུག་བསྔལ་དང་ཉོན་མོངས་སོགས་མ་དག་པ་ཐམས་ཅད་མིང་ཡང་མེད་པར་རྣམ་པར་དག་པའི་བདུད་རྩི་ཆེན་པོ་ཡིན་པའི་ཕྱིར་དེ་དག་ཤེས་པར་བྱ་བ་ཡིན་ནོ། །གསུམ་པ་སྨན་བདུད་རྩི་ཐམས་ཅད་དམིགས་པ་རྣམ་པ་བརྒྱད་དུ་བསྡུས་ཏེ་བཤད་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཐིག་ལེ་ཆེན་པོར་དམིགས། ཡིད་ཀྱི་ཡུལ་ནང་ཀུན་གཞི་ལ་བལྟས་ནས་བལྟར་མེད་པའི་གཟུང་དོན་ལ་བརྟགས་ན་མཐོང་བ་མེད་པའི་ཕྱིར་ཡུལ་སེམས་གཉིས་ཀ་ཐ་དད་དུ་མ་གྲུབ་པའི་སྟོང་པ་ཉིད་ལ་དམིགས། འབྱུང་བ་ལྔ་དང་དེས་བསྐྱེད་པ་དང་དེ་ལ་གནས་པ་ཐམས་ཅད་སྨན་ར་ས་ཡ་ནར་དམིགས། ཡབ་ཡུམ་གཉིས་སུ་མེད་པ་ལྷག་པའི་བྱང་ཆུབ་སེམས་ནི་བདུད་རྩི་གསང་བའི་མཆོད་པ་དང་དངོས་གྲུབ་ཏུ་དམིགས། ཡུམ་ནི་རིགས་ཀྱི་ཡུམ་དུ་དམིགས། བདག་ནི་རིགས་ཀྱི་གཙོ་བོ་གང་ཡིན་པར་དམིགས། སྒྲུབ་པའི་རྫས་སྨན་ར་ས་ཡཱ་ན་ཀུན་ལ་ལུས་ངག་ཡིད་གསུམ་དང་ཐབས་ཤེས་རབ་ཀྱི་ཆ་ཡོད་པར་དམིགས། བདག་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གསང་བ་མཆོག་གི་དཀྱིལ་འཁོར་དུ་དམིགས་སོ། །ཡང་རྣམ་པ་གཅིག་དུ་ན། མཎྜལ་གསང་བའི་དཀྱིལ་འཁོར་དུ་དམིགས་བནྡྷ་སྲིད་པ་མཆོག་གི་དཀྱིལ་འཁོར་དུ་དམིགས། སྣོད་སེམས་མ་བཅུ་དྲུག་ཏུ་དམིགས། རྫས་སེམས་དཔའ་བཅུ་དྲུག་ཏུ་དམིགས། སྨན་གྱི་བུམ་པ་སྔགས་ཀྱི་འཕྲོ་འདུ་བྱེད་པ་མཛད་པ་བཅུ་གཉིས་ཀྱི་འཕྲོ་འདུ་བྱེད་པར་དམིགས། ཀུན་ཏུ་བཟང་མོའི་མཁའ་དབྱིངས་སྟོང་གསུམ་དུ་ཐབས་ཀྱི་ཕྱག་རྒྱ་སེམས་རིག་ཀུན་གསལ་བའི་ཡེ་ཤེས་ལྔའམ་བརྒྱད་དུ་དམིགས། རུ་ཏྲའི་ཕུང་པོ་ནི་གཞལ་ཡས་ཁང་དུ་དམིགས། སེམས་ནི་སྐྱེ་ཤི་མེད་པ་རྡོ་རྗེ་སེམས་དཔར་དམིགས་པའོ། །འདི་ནི་བདུད་རྩི་སྒྲུབ་པའམ་ལམ་གྱི་དུས་སུ་དམིགས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་དོན་བསྒོམ་པའི་ཚུལ་བསྟན་པ་ཡིན་ནོ། །བཞི་པ་དམ་རྫས་ཐམས་ཅད་བསྒོམ་པ་རྣམ་པ་བརྒྱད་དུ་བསྡུས་ཏེ་བསྟན་པ་ནི། སྲིད་པ་གསུམ་ནི་མི་གཙང་བའི་མིང་མེད་པར་ཐམས་ཅད་བདུད་རྩིའི་དཀྱིལ་འཁོར་དུ་སྒོམ་པ་དང་། སེམས་ཉིད་མ་ཡིན་པ་ཅི་ཡང་མེད་པས་ཐམས་ཅད་སངས་རྒྱས་པར་བསྒོམ་པ་དང་། འཁོར་པའི་མིང་མེད་པར་ཡེ་ནས་སངས་རྒྱས་པར་བསྒོམ་པ་དང་། རྩྭ་བུར་དང་འཇག་མ་ཡན་ཆད་སྨན་ར་ས་ཡཱ་ཱན་རྩ་བ་ལྔའམ་བརྒྱད་ལ་ཡན་ལག་སྟོང་སྟོང་དང་ལྡན་པར་བསྒོམ་པ་དང་། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་དབྱིངས་ཡེ་གཉིས་དང་རྟགས་ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པའི་བྱང་ཆུབ་སེམས་སུ་བསྒོམ་པ་དང་། ཕྱི་འབྱུང་བ་ལྔ་རིགས་ཀྱི་ཡུམ་ལྔ་ནང་འགྲོ་བ་ལྔ་རིགས་ལྔའི་སངས་རྒྱས་ཁམས་སྐྱེ་མཆེད་ལྷ་དང་ལྷ་མོ་སེམས་དཔའ་སེམས་མའི་དཀྱིལ་འཁོར་དུ་བསྒོམ་པ་དང་། བདུད་རྩི་ལྔ་ནི་རིགས་ལྔ་ལ་སོགས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྒོམ་པ་དང་། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ནས་དེ་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ནས་དམ་ཚིག་སེམས་དཔར་ཐིམ་ནས་གཉིས་སུ་མེད་པར་བསྒོམ་པའོ། །ཡང་རྣམ་པ་གཅིག་དུ་ན། ཕྱི་ནང་སྣོད་བཅུད་གསང་བ་བྷ་གའི་དཀྱིལ་འཁོར་དུ་བསྒོམ་པ། དམ་རྫས་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔར་བསྒོམ། མར་མེ་ཡེ་ཤེས་ཀྱི་རང་བཞིན་དུ་བསྒོམ། རྣལ་འབྱོར་ཕོ་རྣམས་ཡབ་ཏུ་བསྒོམ། རྣལ་འབྱོར་མོ་རྣམས་ཡུམ་དུ་བསྒོམ། སྨན་བྱང་ཆུབ་སེམས་སུ་བསྒོམ་སྔགས་ཀྱི་འཕྲོ་འདུ་འོད་ཟེར་དུ་བསྒོམ། བདུད་རྩི་འཆི་མེད་མུ་ཏིག་དཀར་པོ་ལྟ་བུར་བསྒོམ་མོ། །འདི་ནི་བདུད་རྩི་སྒྲུབ་པའི་སྒོམ་པ་བསྟན་པའོ། །གཞན་ཡང་ཆོས་ཀྱི་བདུད་རྩི་ནི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཡིན་ཏེ། དེ་དག་གིས་གཏན་དུ་འཆི་བ་མེད་པར་བྱེད་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་ཕུང་ཐམས་ཅད་ཀྱི་དོན་ཀྱང་མཐར་ཐུག་བདུད་རྩིའི་ལུང་འདིར་འདུ་སྟེ། དེ་ནི་ཚང་བ་བརྒྱད་ཀྱི་ཚུལ་གྱིས་བསྟན་ཏོ། དོན་གྱི་བདུད་རྩི་ནི་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་ལ་འཁོར་བ་རྒྱུ་འབྲས་དང་འཆི་བ་མིང་མེད་པ་ནི་རྟོག་བྱའི་དོན་ཡིན་ཏེ། དེ་ནི་ཤེས་པ་རྣམ་པ་བརྒྱད་ཀྱིས་བསྟན་ཏོ། །རྟགས་ཀྱི་བདུད་རྩི་ནི་ཆོས་ཉིད་དེ་ལྟ་བུའི་ཕྱིར་ན་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཀྱང་བདུད་རྩི་དེ་མཚོན་པའི་སྒོ་ཡིན་པས་རྟགས་ཀྱི་བདུད་རྩི་ཞེས་བྱ་སྟེ། དེ་ནི་དམིགས་པ་བརྒྱད་ཀྱི་ཚུལ་གྱིས་བསྟན་ཏོ། །རྫས་ཀྱི་བདུད་རྩི་ནི་འཇིག་རྟེན་ན་བདུད་རྩིར་གྲགས་པའི་དངོས་པོ་སྟེ། དེ་ཡང་རང་བཞིན་དང་ཐབས་ལ་མཁས་པས་དེ་བསྒྲུབ་པའི་ཚུལ་གྱིས་ཀུན་ཀྱང་འཆི་བ་མེད་པའི་བཅུད་ལེན་དུ་གྱུར་པར་སྒྲུབ་ཚུལ་ནི་བདུད་རྩིའི་རྒྱུད་ལས་གསུང་པས་ན། དེ་ནི་བསྒོམ་པ་རྣམ་པ་བརྒྱད་ཀྱི་ཚུལ་དུ་ཤེས་པར་བྱ་བ་ཡིན་ཏེ། དེ་ལ་སོགས་པ་རྣམ་བཞག་གི་ཚུལ་གཞན་དང་གཞན་ཡང་ཤེས་པར་བྱའོ། །དེ་ལྟ་བུར་ཆོས་ཀྱི་བདུད་རྩི་ལ་སོགས་པ་རྣམ་པ་བཞིར་བསྟན་པ་ཡང་བསྡུས་ན། མ་འདྲེས་པའི་བདུད་རྩི་དང་། ཡོངས་སུ་རྫོགས་པའི་བདུད་རྩི་གཉིས་སུ་འདུ་ལ། མ་འདྲེས་པའི་བདུད་རྩི་ནི། ཕྱི་ནང་སྣོད་བཅུད་ཐམས་ཅད་བདུད་རྩི་ལྔར་བསྡུས་ལ་རྒྱལ་བ་རིགས་ལྔར་བསྒྲུབ་པར་བྱ་སྟེ། རང་བྱུང་གདོད་ནས་རྣམ་པར་དག །ཅེས་གསུངས་པ་བཞིན་ནོ། །དེ་ཡང་དྲི་ཆེན་དྲི་ཆུ་མམ་ས་རཀྟ་ཁུ་བ་སྟེ་བདུད་རྩི་ལྔ་ལ་ཕྱི་ནང་གི་རྩ་བ་བརྒྱད་བརྒྱད་དུ་ཕྱེ་བ་རྩ་བའི་སྨན་ཏེ། འདི་དག་འཇིག་རྟེན་ན་མི་གཙང་བར་གྲགས་ཤིང་དོར་བྱར་བྱེད་ཀྱང་དང་དུ་བླང་ན་རིགས་ལྔའི་དངོས་གྲུབ་ཐོབ་ཅིང་ནད་ལྔ་སེལ་ལ་ཡེ་ནས་གཙང་དམེ་མེད་པར་དག་པ་ཆེན་པོ་བདེ་ཆེན་བདུད་རྩིའི་བདག་ཉིད་དུ་རྟོག་པ་པའི་ལྟ་བ་དང་། རྗེས་སུ་མཐུན་པ་མཉམ་ཉིད་རྟོགས་པའི་བོག་དབྱུང་བ་དང་མཁའ་འགྲོའི་ཚོགས་མཉེས་ནས་དངོས་གྲུབ་མྱུར་དུ་ཐོབ་བར་བྱེད་དོ། །དེའི་སྐྱོབ་དང་འཕྲོད་དུ་གྱུར་པའི་སྨན་བཟང་པོ་དྲུག་དང་ཨ་རུ་ར་སོགས་ས་ལས་སྐྱེས་པའི་སྨན་ཐམས་ཅད་དང་། ས་དང་ཆུར་གནས་པའི་སྲོག་ཆགས་ཀྱི་ཤ་ཁྲག་སོགས་ཐམས་ཅད། ཡང་ན་རོ་ནུས་དང་། ཡང་ན་ཁ་དོག་སོགས་ཀྱི་སྒོ་ནས་རིགས་ལྔར་ཕྱེ་ལ་སྨན་དུ་སྒྲུབ་པར་བྱ་སྟེ། དེ་ཡང་བདུད་རྩིའི་གཙོ་བོ་ལྔ་ལ་རྩ་བ་བརྒྱད་དུ་ཡོད་ཅིང་། རེ་རེ་ལའང་ཁ་དོག་དང་དབྱིབས་གཉིས་གཉིས་ཕྱེ་བས་ལྔ་བཅུ། ནང་གི་དམ་རྫས་རྩ་བ་ལྔ་ལ་ཁ་དོག་དང་ནུས་མཐུས་ཕྱེ་བས་ལྔ་བཅུ་སྟེ་ཁྱོན་བརྒྱ་ཐམ་པ། དེ་ལ་ཐབས་ཤེས་གཉིས་ཀྱིས་ཕྱེ་བས་ཉིས་བརྒྱ། དེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་ཕྱེ་བས་སྟོང་འབྱུང་བས། རྩ་བརྒྱད་ཡན་ལག་སྟོང་ལ་སྦྱར་བའི་སྨན་ཞེས་བྱ་ཞིང་། དེ་ལྟ་བུའི་རིགས་དང་སྡེར་བྱས་ནས་མཐུན་པའི་སྐྱོབ་དང་འཕྲོད་དུ་སྨན་གྱི་རིགས་ཐམས་ཅད་སྦྱར་བས་རྩ་བ་འབུམ་ཕྲག་ཡངས་པའི་བཅུད་ཅེས་བྱའོ། །དེ་ལྟ་བུའི་བདུད་རྩི་ལ་དོན་རྣམ་པ་བརྒྱད་དེ། བདུད་རྩིའི་རྒྱུ་དང་། རང་བཞིན་དང་། སྤྱོད་པ་དང་། ལས་དང་། ཡོན་ཏན་དང་། དོན་དང་། ལུང་དང་། བདུད་རྩིའི་མན་ངག་གོ། །དང་པོ་བདུད་རྩིའི་རྒྱུ་ཡབ་ཡུམ་གཉིས་ཀུན་བཟང་ཡབ་ཡུམ་གཉིས་སུ་གནས་པའམ། སྤྱིར་དད་དང་རང་བཞིན་དང་བདག་ཉིད་ཆེན་པོ་སྟེ་སྣང་སྲིད་རྣམ་པར་དག་པའི་དབྱིངས་ནས་སྐྱེད་པའོ། །བདུད་རྩིའི་རང་བཞིན་ནི་འབྱུང་ལྔ་ཕུང་ལྔ་སྒོ་གསུམ་སྲིད་པ་གསུམ་ཐམས་ཅད་ཀྱང་ཡེ་ནས་བདུད་རྩིའི་རང་བཞིན་ནོ། །བདུད་རྩིའི་སྤྱོད་པ་ནི་ཟ་ཞིང་སྤྱད་པའི་ལས་སུ་བསྟན་ཏེ་གང་ཅིར་སྤྱད་ཀྱང་བདུད་རྩིའི་ལས་ལ་སྤྱོད་པའོ། །བདུད་རྩིའི་ལས་ནི་ནད་བཞི་བརྒྱ་རྩ་བཞི་ཞི་ཞིང་དུག་ལྔ་སེལ་ལ་བདུད་བཞི་འཇོམས་པར་བྱེད་པའོ། །བདུད་རྩིའི་ཡོན་ཏན་ནི་ཆོས་དབྱིངས་བྱང་ཆུབ་སེམས་ལ་སྐྱེ་ཤི་འདུ་འབྲལ་མེད་པའི་དོན་དང་ལྡན་པའོ། །བདུད་རྩིའི་ལུང་ནི་འདི་ལྟ་སྟེ། ལྟ་བའི་ལུང་དང་སྤྱོད་པའི་ལུང་དང་སྒྲུབ་པའི་ལུང་དང་དམ་ཚིག་གི་ལུང་དང་། ཕྲིན་ལས་ཀྱི་ལུང་དང་དཀྱིལ་འཁོར་གྱི་ལུང་དང་ཡེ་ཤེས་ཀྱི་ལུང་ཐམས་ཅད་ཀུན་བདུད་རྩིའི་ལུང་གི་ནང་དུ་འདུས་པ་སྟེ། དེ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་སྨན་གྱིས་རྟོག་པའི་དུག་སེལ་ཞིང་གཏན་དུ་མི་འཕོ་བའི་གོ་འཕང་སྟེར་བའི་དོན་དུ་འགྲོ་བའི་ཕྱིར་རོ། །བདུད་རྩིའི་དེ་ཉིད་ནི་ཕྱི་འབྱུང་བ་ལྔ་ཡང་བདུད་རྩིའི་དེ་ཉིད་ཡིན། ནང་དམ་རྫས་ལྔ་ཡང་བདུད་རྩིའི་དི་ཉིད་ཡིན། གསང་བ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱང་བདུད་རྩིའི་ཉིད་ཡིན་ཏེ། དེ་གསུམ་ལས་མ་གཏོགས་པའི་བདུད་རྩི་ཞེས་བྱ་བ་གཞན་ན་མེད་དེ། དེ་དག་རང་བཞིན་གྱིས་བདུད་རྩིར་གནས་པའོ། །བདུད་རྩིའི་མན་ངག་ནི། གཏན་དུ་མི་འཆི་བ་ཡེ་ཤེས་ཀྱི་བདུད་རྩི་དེ་ནི་དཔལ་ལྡན་བླ་མ་དམ་པའི་ཞལ་ནས་མན་ངག་གི་ཚུལ་དུ་སློབ་མའི་སྙན་གྱི་གའུར་བརྒྱུད་དེ་ཙིཏྟ་སེམས་ཀྱི་དཀྱིལ་འཁོར་དུ་བསྟིམ་པ་ན། དངོས་པོ་ཀུན་གྱི་རང་བཞིན་ལྷན་སྐྱེས་བདེ་བ་ཆེན་པོ་རང་རིག་པའི་ཡེ་ཤེས་མཉམ་པའི་དོན་ཐུགས་ལ་རྡོལ་ནས་ངོ་འཕྲོད་པ་ནི་རྡོ་རྗེ་གསང་བའི་བྲལ་དུ་ད་ལྟ་ནས་འཁོད་པའོ། །དེ་ལྟ་བུ་འདི་ལ་ནི་བདུད་རྩིའི་དོན་གྱི་རྣལ་བཞག་མ་འདྲེས་པ་གསལ་པོར་ཕྱེ་བའི་ཕྱིར་མ་འདྲེས་པའི་བདུད་རྩི་ཞེས་བྱའོ། །གཉིས་པ་ཡོངས་སུ་རྫོགས་པའི་བདུད་རྩི་ཆེན་པོ་ལ་ནི་དབྱེ་བསལ་མེད་པར་ཐམས་ཅད་བདུད་རྩི་བདེ་བ་ཆེན་པོ་ཐིག་ལེ་ཉག་གཅིག་དུ་ཟླུམ་པ་ནི་ཆོས་ཐམས་ཅད་བདུད་རྩི་ལྔར་རྫོགས་པར་གནས་པ་ཞེས་བྱ་སྟེ། བདུད་ནི་ཉོན་མོངས་པའི་རྣམ་པར་རྟོག་པ་ཡིན་ལ། རྩི་ནི་ཡེ་ཤེས་ཀྱི་རང་བཞིན་ཏེ། དོན་ལ་ཐམས་ཅད་ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩི་ཆེན་པོར་ཡེ་ནས་གནས་པའོ། །དེ་ཉིད་མ་རྟོགས་པར་འཇིག་རྟེན་ན་བདེ་སྡུག་འཁོར་འདས་གཙང་དམེ་གཉིས་སུ་མཐོང་ནས་སྤོང་ལེན་བྱེད་པའི་རྟོག་པས་འཆིང་ཞིང་དེ་ལས་བཟློག་ནས་མཉམ་པ་ཉིད་བླང་དོར་མེད་པར་རྟོགས་པའི་ཡེ་ཤེས་ཀྱིས་ཐམས་ཅད་བདུད་རྩིའི་རང་བཞིན་དུ་ཤེས་ཤིང་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་འཁོར་བ་བདེ་སྡུག་གཙང་དམེ་ཐམས་ཅད་རོ་མཉམ་དུ་གྱུར་བ་ལས་གཏན་དུ་འཆི་བ་མེད་པ་བདུད་རྩི་མཆོག་གི་གོ་འཕང་གྲུབ་པ་ཡིན་ནོ། །དེ་ལྟར་བདུད་རྩིའི་དགོངས་དོན་དེ་ཐམས་ཅད་ཀྱང་དོན་རྟགས་གཉིས་སུ་འདུ་སྟེ། དང་པོ་མཚོན་བྱ་དོན་གྱི་བདུད་རྩི་ནི། ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པའི་བདུད་རྩི་ཆེན་པོ་རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་དུ་གནས་པ་ཡིན་ལ། དེ་ཉམས་སུ་ལེན་པའི་ཐབས་ཐམས་ཅད་བཞག་ཐབས་བརྒྱད་དུ་འདུ་སྟེ། ཆོས་ཉིད་མཉམ་པའི་ངང་ལ་རིག་པ་མཉམ་པར་བཞག །སྣང་སྲིད་བདུད་རྩིའི་དཀྱིལ་འཁོར་དུ་ཐུགས་སུ་ཚུད་པར་བཞག །ཀུན་ཏུ་བཟང་མོ་ཡུམ་གྱི་བྷ་ག་ཡངས་པའི་མཁའ་ཀློང་དུ་རིག་པ་བྱང་ཆུབ་ཀྱི་སེམས་མཁའ་ལ་ཉི་མ་ཤར་བ་ལྟར་བཞག །རྣམ་པར་ཤེས་པའི་ཚོགས་བརྒྱད་གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོར་མ་བཅོས་བར་བཞག །ཕུང་པོ་ལྔ་དུར་ཁྲོད་ཀྱི་ཐོད་པ་ལྔའི་ནང་དུ་ཡེ་ཤེས་ཀྱི་མར་མེ་ལྔ་རང་གསལ་བར་བཞག །རང་སེམས་ཡེ་ནས་རང་བྱུང་གི་ཡེ་ཤེས་ཡིན་པའི་བློ་གཞག །རང་གི་དམ་རྫས་ལྔ་ནི་རང་བྱུང་གི་བདུད་རྩི་དམ་རྫས་ཆེན་པོ་ཡིན་པའི་བློ་བཞག །བདག་གི་ཡིད་དང་ཀུན་གཞི་གཉིས་ཀུན་ཏུ་བཟང་པོ་དང་བཟང་མོ་ཡིན་པའི་བློ་བཞག་སྟེ། མདོར་ན་ཡེ་ཇི་བཞིན་པའི་དོན་ལ་མ་བཅོས་སོར་བཞག་དུ་བཞག་པས་དོན་གྱི་བདུད་རྩི་ཉམས་སུ་མྱོང་བར་བྱེད་དོ། །མཚོན་བྱེད་རྟགས་ཀྱི་བདུད་རྩི་ནི་རྒས་རྒུད་ནད་སོགས་སེལ་ཞིང་མི་འཆི་བར་བྱེད་པའི་བདུད་རྩི་ར་ས་ཡཱ་ན་སྒྲུབ་པ་ཡིན་ལ། དེའི་ཉམས་ལེན་ནི་སྦྱོར་བ་བརྒྱད་ཀྱི་དཀྱིལ་འཁོར་དུ་འདུ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་ཆོས་ཉིད་སྟོང་ཞིང་བདག་མེད་པའི་དཀྱིལ་འཁོར་དུ་ལྷང་གིས་གསལ་བའི་དུས་ན་ནམ་མཁའ་ཡེ་ནས་དངས་ཤིང་གསལ་བ་ལ་ཉི་མ་ཤར་བ་ལྟ་བུ་ནི་རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྦྱོར་བ་སྟེ། དེ་ནི་རྣམ་དག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རྫོགས་པའོ། །མཆོད་པའི་རྫས་རྣམས་ལ་བརྟེན་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་སྦྱོར་བ་སྟེ་དོན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་རྫོགས། འབར་པ་ལས་ཀྱི་ཕྲིན་ལས་ནི། ཏ་ན་ག་ནའི་དཀྱིལ་འཁོར་དུ་སྦྱར་ཏེ། ཕྲིན་ལས་རྣམ་བཞིའི་དཀྱིལ་འཁོར་དུ་རྫོགས། ཐུགས་རྗེ་ཐབས་ལ་མཁས་པའི་དཀྱིལ་འཁོར་ནི་བསྒྲུབ་པའི་དམ་ཚིག་གང་ལ་སྦྱར་སྟེ། རྟ་མགྲིན་དབང་གི་དཀྱིལ་འཁོར་དུ་རྫོགས། དངོས་གྲུབ་དབང་གི་དཀྱིལ་འཁོར་ནི་ཨེ་སུམ་བརྩེགས་དང་སྦྱར་ཏེ། སྐུ་རང་བྱུང་གི་ཡེ་ཤེས་ཏེ་སྐུ་གདུང་འབར་བའི་དཀྱིལ་འཁོར་དང་སྦྱར། ཐམས་ཅད་བདུད་རྩིའི་རང་བཞིན་གསང་བ་མཆོག་གི་དཀྱིལ་འཁོར་དང་སྦྱར་བ་སྟེ་བརྒྱད་དོ། །རྟགས་ཀྱི་བདུད་རྩི་དམ་རྫས་སྒྲུབ་པ་ལ་ཁྲོལ་བུར་རིགས་བརྒྱ་རིགས་ལྔ་རིགས་གཅིག་གིས་སྒྲུབ་ནས། བཏགས་བཙགས་སྤོལ་ཞིང་གཞལ་ལ་བདུད་རྩིའི་དལ་དུ་བཞག་ནས། དཀྱིལ་འཁོར་བརྒྱད་དང་། སྦྱོར་བ་བརྒྱད་ཀྱིས་བྱང་ཆུབ་སེམས་ཀྱི་སྤྲིན་དབབ་ཏེ་བསྒྲུབ་པའི་མྱོང་གྲོལ་ར་ས་ཡཱ་ནའི་ཕྱག་ལེན་རྣམས་ནི་ཟུར་དུ་སྨན་གྱི་སྒྲུབ་པ་སོགས་ལས་ཤེས་པར་བྱའོ། །བདག་གི་བླ་མ་དམ་པའི་སྙན་བརྒྱུད་ལས་ནི། ཆོས་ཀྱི་བདུད་རྩི་ལྟ་བ་རང་བྱུང་གི་ཡེ་ཤེས་ངོ་སྤྲད། རྟགས་ཀྱི་བདུད་རྩི་ཧེ་རུ་ཀའི་དཀྱིལ་འཁོར་བསྐྱེད་པའི་རིམ་པ་སྲོག་སྡོམ་གཟིར་བཞིའི་ཚུལ་གྱིས་རྒྱུད་སྦྱང་། དོན་གྱི་བདུད་རྩི་དུག་ལྔ་ཡེ་ཤེས་ལྔར་ལམ་དུ་བྱེད་བའི་རྫོགས་རིམ་ལ། འབྱུང་ལྔ་ཕུང་ལྔ་དུག་ལྔ་དག་བྱེད་ལམ་ལྔ་སྟེ་བདག་བྱིན་རླབས་འབར་འཛག་གི་སྒོ་ནས་རང་ལུས་གཞན་ལུས་ལ་བརྟེན་པའི་ཐབས་ལམ་ནི་མེ་དང་འདུ་ཤེས་འདོད་ཆགས་དག་བྱེད་ཀྱི་ལམ་དང་། སྒྱུ་ལུས་ནི་ཞེ་སྡང་ནམ་མཁའ་རྣམ་ཤེས་དག་བྱེད། འོད་གསལ་ནི་གཏི་མུག་ས་ཁམས་གཟུགས་ཕུང་དག་བྱེད། རྨི་ལམ་ནི་ཆུ་ཁམས་ཚོར་བ་ང་རྒྱལ་དག་བྱེད། སྣང་གྲགས་རིགས་གསུམ་སྐུ་གསུང་ཐུགས་དང་བསྲེ་བ་བསྲེ་འཕོའི་རྣལ་འབྱོར་ནི་འདུ་བྱེད་དང་རླུང་ཁམས་ཕྲག་དོག་དག་པར་བྱེད་པ་སྟེ། དེ་ལྟར་རྫོགས་པའི་རིམ་པས་དུག་ལྔ། ལམ་དུ་ཁྱེར་བ་དོན་གྱི་བདུད་རྩི་ཡིན་ནོ། །རྟགས་དོན་གཉིས་ནི་བསྐྱེད་རྫོགས་ཏེ་སྒོམ་པའམ་སྒྲུབ་པའི་རིམ་པའོ། །དེ་ལྟར་སྒྲུབ་པ་བྱས་པའི་གང་ཟག་འདིས་ལས་སྦྱོར་གྱི་ཚུལ་དུ་མཐོང་ཐོས་མྱོང་རེག་གྲོལ་བ་བཞི་ལྡན་རྫས་ཀྱི་བདུད་རྩི་སྒྲུབ་པ་ལ། ཐབས་ཀྱི་རྫས་ཤ་ལྔ། ཤེས་རབ་ཀྱི་རྫས་བདུད་རྩི་ལྔ་གཙོ་བོར་གྱུར་པའི་རྩ་བརྒྱད་སྟོང་སྦྱར་འདུ་བྱས་ལ་ཁྲོལ་སྒྲུབ་སོགས་གཞུང་ལྟར་བསྙེན་སྒྲུབ་བཞིའི་ཚུལ་གྱིས་འབད་པས་དངོས་གྲུབ་ཐོབ་པར་བྱེད་པ་སྟེ། ལམ་དེ་ལྟ་བུ་ལ་བརྟེན་ནས་གནས་སྐབས་སུ་རིག་འཛིན་བཞི་དང་། མཐར་ཐུག་གི་འབྲས་བུ་དཔལ་ཆེ་མཆོག་ཧེ་རུ་ཀའི་གོ་འཕང་བླ་ན་མེད་པ་འགྲུབ་པོ་ཞེས་གསུངས་སོ། ༈ །ལྔ་པ་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་པ་ཐམས་ཅད་ཐལ་འབྱིན་རྣམ་པ་བཞིའི་དགོངས་པར་འདུས་པའི་ཚུལ་བཤད་པ་ལ། ཕུར་པའི་མཚན་ཉིད་རྣམ་པར་བཞིས་དོན་གྱི་ལ་ཤན་ཕྱེ་ནས་བཤད་པ་དང་། ཕུར་པ་སྒྲུབ་པའི་གང་ཟག་དེའི་སྣོད་ཀྱི་རིམ་པ་དང་སྦྱར་ནས་མཐར་དབྱུང་བར་བཤད་པ་དང་། ཕུར་པའི་སྒྲུབ་རྫས་བཞི་སོ་སོའི་སྒྲུབ་གཞུང་བཟུང་ནས་བཤད་པ་དང་། སྒྲུབ་ལུགས་ཆེན་པོ་བཞིས་ཕུར་པའི་གཏིང་ཕྱང་ཏེ་བཤད་པ་བཞི་ལས་དང་པོ་ནི། རིག་པ་ཡེ་ཤེས་ཀྱི་ཕུར་པ་དང་། གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པ་དང་། ཚད་མེད་སྙིང་རྗེའི་ཕུར་པ་དང་། འདུས་བྱས་རྫས་ཀྱི་ཕུར་པ་བཞི། དང་པོ་རིག་པ་ཡེ་ཤེས་ཀྱི་ཕུར་པ་ལ་གསུམ་སྟེ། དབྱིངས་ཀྱི་ཕུར་པ། ཡེ་ཤེས་ཀྱི་ཕུར་པ། གཉིས་སུ་མེད་པའི་ཕུར་པའོ། །དེ་རེ་རེ་ལའང་ངོ་བོ་ངེས་ཚིག་ཡུལ་ཐབས་ཡོན་ཏན་མ་གདབ་པའི་སྐྱོན། ཐེབས་པའི་འབྲས་བུ་སོགས་ཀྱི་སྒོ་ནས་རྒྱས་པར་འཆད་པའི་ཚུལ་ནི་གསང་སྔགས་བཀའ་ཡི་ཐ་རམ་དུ་ཤེས་པར་བྱའོ། །འདིར་ནི་དོན་གྱི་གནད་མདོར་བསྡུས་ཏེ་བསྟན་ན། དབྱིངས་སྤྲོས་པ་མེད་པ་དང་རིག་པ་རང་གསལ་གྱི་ཡེ་ཤེས་ཉིད་གཉིས་སུ་མེད་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་རང་ཤར་ཕྱོགས་རིས་མེད་པ་ནི་རིག་པ་ཡེ་ཤེས་ཀྱི་ཕུར་པའི་ངོ་བོ་སྟེ་དེས་ཆོས་ཐམས་ཅད་ལ་རྒྱས་བཏབ་པས་འཁྲུལ་པའི་སྣང་བ་ཐལ་འབྱིན་དུ་ཕུག་སྟེ་གཉིས་མེད་ཡེ་ཤེས་ཆེན་པོ་ཆོས་ཀྱི་སྐུ་ཐོབ་པ་ཡིན་ནོ། །གཉིས་པ་བྱང་ཆུབ་སེམས་ཀྱི་ཕུར་པ་ནི་ཡབ་ཡུམ་མཉམ་པར་སྦྱོར་པའི་སྟོབས་ཀྱི་ཞུ་བདེས་དྲང་པའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་དེའི་ངོ་བོ་ཡིན་ལ། དེས་རྩ་རླུང་ཐིག་ལེའི་གྲོང་ཁྱེར་ལ་རྒྱས་བཏབ་པས་མ་དག་པའི་རླུང་སེམས་དབྱིངས་སུ་ནུབ་ནས་དག་པའི་ཡེ་ཤེས་མངོན་དུ་འཆར་བར་བྱེད་ཅིང་ལྷ་དང་ལྷ་མོའི་དཀྱིལ་འཁོར་གྱི་དབང་ཕྱུག་ལོངས་སྐུ་ཐོབ་པར་བྱེད་དོ། །གསུམ་པ་ཚད་མེད་སྙིང་རྗེའི་ཕུར་པ་ནི་སྙིང་རྗེ་ཆེན་པོས་སེམས་ཅན་ཡོངས་སུ་མི་གཏོང་བ་ཡིན་ལ། དེས་ཡུལ་རིགས་དྲུག་གི་སེམས་ཅན་རྣམས་ལ་བཏབ་པས་ཐུགས་རྗེའི་དཔྱང་ཐག་གིས་ཟིན་ནས་འཁོར་བའི་གནས་ནས་སྒྲོལ་ཞིང་སྤྲུལ་པའི་སྐུ་ཐོབ་པར་བྱེད་དོ། །བཞི་པ་འདུས་བྱས་རྫས་ཀྱི་ཕུར་པ་ནི་མཚན་མ་རྟག་ཀྱི་ཕྱག་རྒྱ་རྟེན་དང་བཅས་སྟེ་འདིའི་ཁོངས་སུ་བསྐྱེད་རིམ་ཀྱང་འདུའོ། །འདི་ལ་གསུམ་ཏེ། སྐུ་ཕྱག་རྒྱའི་ཕུར་པ། ཕྲིན་ལས་བཞིའི་ཕུར་པ། སྲས་མཆོག་གི་ཕུར་པའོ། །དང་པོ་ལ་རང་བཞིན་གྱི་ཕུར་པ་དང་། ཏིང་ངེ་འཛིན་གྱི་ཕུར་པ་གཉིས་སུ་ཡོད་པའི་རང་བཞིན་གྱི་ཕུར་པ་ཞེས་བྱ་བ་ནི། འོག་མིན་གྱི་ཞིང་ན་རང་བཞིན་གྱིས་བཞུགས་པའི་ཕྲིན་ལས་ཀྱི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྟེ། དེ་ནི་རྣལ་འབྱོར་པས་སྒོམ་པར་བྱ་བ་དང་སྒྲུབ་པར་བྱ་བའི་ཡུལ་ཡིན་ནོ། །གཉིས་པ་ཏིང་ངེ་འཛིན་གྱི་ཕུར་པ་ནི། ཕུར་པའི་ལྷ་རྣམས་གསལ་བའི་ཏིང་ངེ་འཛིན་གྱིས་ཐ་མལ་པའི་རྣམ་རྟོག་ལ་རྒྱལ་བཏབ་ནས་བསྙེན་སྒྲུབ་ཡན་ལག་བཞིའི་ཚུལ་གྱིས་སྒྲུབ་པས་བསྐྱེད་རིམ་སྣང་སྲིད་ཕུར་བུའི་ལྷ་ཚོགས་སུ་ཤར་བས་དངོས་གྲུབ་ཐམས་ཅད་འགྲུབ་བོ། །ཏིང་འཛིན་དང་རང་བཞིན་ཀྱི་ཕུར་པ་རང་གཉིས་ལ་འདུས་བྱས་རྫས་ཀྱི་ཕུར་པར་ཅི་ལ་བཏགས་སྙམ་ན་འདུས་བྱས་རྫས་ཀྱི་ཕུར་པ་ལྷ་གྲངས་དང་མཉམ་པ་དལ་དུ་བཀོད་ནས་དེ་ལ་དམིགས་རྟེན་བྱས་ཏེ། ཏིང་འཛིན་གྱིས་སྤྲུལ་པ་དམ་ཚིག་གི་དཀྱིལ་འཁོར་དེ་རང་བཞིན་གྱི་དཀྱིལ་འཁོར་དང་དབྱེར་མེད་པར་སྒྲུབ་པས་ན་དེ་སྐད་དུ་བཏགས་སོ། །གཉིས་པ་ལས་བཞིའི་ཕུར་པ་ནི་ཕྲིན་ལས་རྣམ་པ་བཞིའི་ཕུར་པ་ཚད་ལྡན་འདུ་བྱས་ལ་དེ་རྟེན་དུ་བྱས་ཏེ་ལྷ་སྔགས་ཏིང་ངེ་འཛིན་གྱི་སྒོ་ནས་ཡུལ་གང་ལ་བཏབ་པ་ཙམ་གྱིས་ཕྲིན་ལས་བཞི་མཐར་ཕྱིན་པར་བྱེད་པའོ། །དེ་ཡང་ལས་སོ་སོའི་ཕུར་པའི་མཚན་ཉིད་བཅུ་གཅིག་དུ་གསུང་པའི་དོན་བསྡུས་ཏེ་བཤད་ན། ཞི་བའི་ཕུར་པའི་རྒྱུ་ནི་དངུལ་ལམ་ཤིང་སོགས་ཁ་དོག་དཀར་པོ་ཅན་ལ་མདོག་དཀར་པོ་ཕུར་པའི་དབལ་དབྱིབས་ཟླུམ་པོ་ཚད་སོར་བརྒྱད་པ་ཅན་བྱས་ལ་དེར་ཞི་བའི་ལྷ་དམིགས་ཤིང་ཤནྟིཾ་སོགས་ཀྱི་སྔགས་ཁ་སྒྱུར་ཅན་བཟླ་བ་དང་། འོད་ཟེར་དཀར་པོའི་འཕྲོ་འདུ་སོགས་ཞི་བའི་ཏིང་ངེ་འཛིན་གསལ་བའི་སྒོ་ནས་ཡུལ་འཇིགས་བརྒྱད་སོགས་ལ་བཏབ་པས་མི་མཐུན་པའི་ཕྱོགས་དེ་དག་ཞི་པར་བྱེད་པའོ། །རྒྱས་པར་གསེར་སོགས་ཀྱི་རྒྱུ་ལས་མདོག་སེར་པོ་དབྱིབས་གྲུ་བཞི་སོར་དྲུག་པའི་ཚད་ཅན་གྱི་ཕུར་བུ་རྟེན་དུ་བྱས་ནས་ལྷ་སྔགས་ཏིང་འཛིན་སོགས་རྒྱས་པའི་སྐབས་ཀྱི་དམིགས་གསལ་བཞིན་དུ་བྱའོ། །དབང་ལ་ཟངས་སོགས་དམར་པོའི་རྒྱུ་ལས་མདོག་དམར་ཞིང་དབྱིབས་ཟླ་གམ་སོར་བཅུ་པའི་ཚད་ཅན་གྱི་ཕུར་བུ་ལ་བརྟེན་ཏེ་དབང་གི་ལས་བྱའོ། །དྲག་པོའི་ཕུར་པ་རྒྱུ་ལྕགས་སོགས་ནག་པོའི་རྒྱུ་ལས་མདོག་ནག་ཅིག་དབྱིབས་གྲུ་གསུམ་པའི་དབལ་ཅན་ཚད་སོར་བརྒྱད་དམ་བཅུ་གཉིས་པ་རྟེན་དུ་བྱས་ཏེ་དྲག་པོའི་ལམ་སྒྲུབ་པར་བྱ་བ་ཡིན་ནོ། །གསུམ་པ་བྱིན་རླབས་སྲས་མཆོག་གི་ཕུར་པ་ནི་སྲས་མཆོག་རིགས་བཞིའམ་བསྡུ་ན་གཅིག་གིས་ཀྱང་རུང་སྟེ། སྟོད་ཞལ་གསུམ་མགྲིན་འོག་རྒྱ་མདུད་དེ་འོག་ལྕུམ་ཞོག་བརྒྱད་དམ་རྡོ་རྗེའི་དབྱིབས། དེ་འོག་རྒྱ་མདུད་འོག་མ། དེ་འོག་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དབལ་གྲུ་གསུམ་པ་ཅན་ནམ། རྩེར་རྒྱ་མདུན་ཅན་དུའང་གསུང་སྟེ། དེ་ཉིད་སྲས་མཆོག་དུ་ལྷ་སྔགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ལ་དགྲ་བགེགས་ཀྱི་སྙིང་དཀར་ནག་གི་མཚམས་སུ་བཏབ་བས་ལས་གྲུབ་བར་བྱེད་པ་སྟེ་འདི་ལ་བྱིན་རླབས་རྟགས་ཀྱི་ཕུར་པ་ཞེས་ཀྱང་བྱའོ། །དེ་ལ་སྟོད་ཀྱི་རྒྱ་མདུད་གོང་མའི་ཕྱོགས་བཞི་དབུས་ལྔ་རིགས་ལྔའི་སངས་རྒྱས་དང་ཡེ་ཤེས་ལྔའི་རང་བཞིན། །ལྕུམ་ཞོག་བརྒྱད་ནི་རྣམ་ཐར་བརྒྱད་ཀྱི་རང་བཞིན། རྒྱ་མདུད་འོག་མ་ཚད་མེད་པ་བཞི། ཆུ་སྲིན་གྱི་ཁ་ནི་འཛིན་ཅིང་མི་གཏོང་བའི་ཐུགས་རྗེ། ཟུར་གསུམ་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་ནོ། །དེ་ལྟ་བུའི་སྲས་མཆོག་གི་ཕུར་པ་ལ་ཤེས་པ་གསུམ་སྟེ། དང་པོ་སྲས་མཆོག་ལྷར་ཤེས་པ་ནི་ཅུམ་ཞོག་གི་དབུས་སུ་དཔལ་རྡོ་རྗེ་གཞོན་ནུ། རྒྱ་མདུད་གོང་འོག་གི་དངུལ་སུ་སྟེང་འོག་གི་ཁྲོ་བོ་དང་། ཟུར་བཞི་ལོག་བརྒྱད་ལ་ཕྱོགས་མཚམས་ཀྱི་ཁྲོ་བོ་བཅུ་སྐུ་དངོས་སམ་ཧཱུྃ་ཡིག་གི་ཚུལ་དུ་བཞུགས་པ། རྒྱ་མདུད་འོག་མའི་ལོག་ལ་སྒོ་མ་བཞི་བཞུགས་པའི་ལྷའི་རང་བཞིན་དུ་ཤེས་པའོ། །གཉིས་པ་སྲས་མཆོག་གཞལ་ཡས་ཁང་དུ་ཤེས་པ་ནི། ཕུར་བའི་ནང་གཞལ་ཡས་ཁང་དུ་གྱུར་པ་ན་ལྷ་རྣམས་རྡོ་རྗེ་རི་རབ་ཀྱི་ཕུར་པ་འདྲིལ་ཞིང་བཞུགས་པར་གསལ་བའོ། །གསུམ་པ་སྲས་མཆོག་ཉིད་དུ་ཤེས་པ་ལ་མུ་བཞི་སྟེ། མཆོག་ཡིན་ལ་སྲས་མ་ཡིན་པ། སྲས་ཡིན་ལ་མཆོག་མ་ཡིན་པ། སྲས་དང་མཆོག་གཉིས་ཀ་མ་ཡིན་པ། སྲས་དང་མཆོག་གཉིས་ཀ་ཡིན་པ་བཞི་ཡོད་པ་ལས། འདི་ནི་སྲས་ཀྱང་ཡིན་ལ་མཆོག་ཀྱང་ཡིན་ཏེ་གཙོ་བོའི་སྲས་ཡིན་ལ་འཁོར་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །སྲས་མཆོག་རྡོ་རྗེ་ཕུར་པ་འདི་ལ་དཀྱིལ་འཁོར་གསུམ་ཀ་རྫོགས་པ་ཡིན་ནོ། །གཉིས་པ་གང་ཟག་སྣོད་ཀྱི་རིམ་པར་སྦྱར་ནས་ཉམས་ལེན་མཐར་དབྱུང་སྟེ་བཤད་པ་ལ་བཞི་སྟེ། རིག་པ་ཡེ་ཤེས་ཀྱི་ཕུར་པ་ནི་ནམ་མཁའ་ལྟ་བུའི་གང་ཟག་གིས་མཐར་དབྱུང་བར་བྱེད་དེ། གང་ཞེ་ན་བློ་ཡངས་ཤིང་ཤེས་རབ་ཆེ་ལ་དབང་པོ་རྣོ་བའི་གང་ཟག་གང་ཞིག་མཉམ་པའི་བརྟུལ་ཞུགས་དང་ལྡན་པ་དེ་ལ་རིག་པ་རྩལ་གྱི་དབང་བསྐུར་ཏེ་རང་རིག་ཡེ་ཤེས་ཀྱི་ཕུར་བའི་ངོ་བོ་བསྟན་པས་ལྷང་གིས་རྟོགས་ནས་ཕུར་པ་ཐེབ་སྟེ་མཐར་ཕྱིན་པར་ནུས་སོ། །གཉིས་པ་འདོད་ཆགས་ཆེ་ཞིང་བརྩོན་འགྲུས་དང་ལྡན་པའི་གང་ཟག་བྱ་ཀ་ལནྟ་ཀ་ལྟ་བུ་ལ། ཡུམ་བཀྲ་ཤིས་མཚན་དང་ལྡན་པ་གཏད་ལ། གསང་ཤེར་གྱི་དབང་བསྐུར་ནས། ལྷག་པའི་བྱང་ཆུབ་སེམས་ཀྱི་ཕུར་པ་གཉིས་སུ་མེད་པ་བདེ་བ་ཆེན་པོའི་དོན་བསྟན་པས་ལྷང་གིས་རྟོགས་པ་དང་ཕུར་པ་ཐེབས་ཏེ་མཐར་ཕྱིན་པར་འགྱུར་རོ། །གསུམ་པ་ཚད་མེད་སྙིང་རྗེའི་ཕུར་པས་རི་བོ་ལྟ་བུའི་གང་ཟག་མཐར་དབྱུང་བ་ནི། གང་ཟག་དད་པ་དང་སྙིང་རྗེ་བརྟན་པོས་གཞན་དོན་དང་སྤྲོས་པ་ལ་དགའ་བ་དེ་ལ། རང་གཞན་གྱི་དོན་དུ་ཚད་མེད་པ་བཞིས་བློ་སྦྱོང་ཏེ་བླ་མེད་པའི་བྱང་ཆུབ་དུ་སེམས་བསྐྱེད་དུ་བཅུག་ལ་སྔགས་ཀྱི་དབང་བསྐུར་ནས། ཚད་མེད་བཞིའི་དམ་བཅའ་བཟུང་ཞིང་ལས་ཀྱི་མན་ངག་བསྟན་པས་ལྷང་གིས་རྟོགས་པ་དང་ཕུར་པ་ཐེབས་ཏེ་མཐར་ཕྱིན་པར་འགྱུར་རོ། །ཚད་མེད་སྙིང་རྗེའི་ཕུར་པ་འདིའི་ཚབ་དུ་གཞུང་གཞན་ན། བསྐྱེད་རིམ་སྲིད་པ་ཕུར་བུ་ཞེས་གསུངས་པ་ལྟར་ན་གང་ཟག་ང་རྒྱལ་ཆེ་ཞིང་སེམས་བརྟན་པ་རི་བོ་ལྟ་བུས་བསྐྱེད་རིམ་སྲིད་པ་ཕུར་བུ་ཉམས་སུ་བླང་ནས་མཐར་དབྱུང་བར་གསུངས་སོ། །བཞི་པ་མཚན་མ་རྫས་ཀྱི་ཕུར་པ་ལ་བརྟེན་ནས་ཙན་དན་ལྟ་བུའི་གང་ཟག་མཐར་དབྱུང་བ་སྟེ། འདི་རྣམས་ལ་གང་ཟག་གིས་ཕུར་པའི་དོན་དེ་མཐར་དབྱུང་བ་དང་། ཕུར་པ་དེས་གང་ཟག་དེ་མཐར་དབྱུང་བ་གཉིས་དོན་ལ་འདྲ་བར་སྦྱར་ལུགས་ཇི་ལྟར་བྱས་ཀྱང་རུང་ངོ་། །གང་ཟག་གང་ཞིག་ཞེ་སྡང་པས་གདུག་པ་དང་གནག་པ་ཆེ་ལ། བསྟན་པ་སྲུང་བར་བློ་ཕྱོགས་པ་དེ་ལ་དབང་བསྐུར་ནས་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི་སྔགས་བསྟན་པས་སྣང་སྲིད་ཕུར་པའི་དཀྱིལ་འཁོར་དུ་ལྷང་གིས་རྟོགས་ན་ཕུར་པ་ཐེབས་ཏེ་མཐར་ཕྱིན་པར་བྱེད་དོ། །གསུམ་པ་ཕུར་པའི་སྒྲུབ་རྫས་བཞིས་སོ་སོའི་གཞུང་བཙུགས་ཏེ་བཤད་པ་ནི། རིག་པ་ཡེ་ཤེས་ཀྱི་ཕུར་པ་ནི། ལྷ་ཕུར་དང་ཤེལ་ལམ་མེ་ལོང་ལ་རྟེན་བྱས་ཏེ་སྒྲུབ། བྱང་ཆུབ་སེམས་ཀྱི་ཕུར་པ་སྒྲུབ་པའི་སྣོད་ཐོད་པ་དང་རྡོ་རྗེ་དང་པདྨའི་འདུ་འཕྲོ་ལས་བསྒྲུབ། ཚད་མེད་སྙིང་རྗེའི་ཕུར་པ་ལས་ཀྱི་ཕུར་པ་དང་ལྷ་སྔགས་ཏིང་ངེ་འཛིན་དང་ཡུལ་སེམས་ཅན་ལ་རྟེན་བྱས་ཏེ་སྒྲུབ། འདུས་བྱས་རྫས་ཀྱི་ཕུར་པ་ནི་བསྙེན་པའི་དུས་སུ་ཕུར་པ་དང་ཉུངས་དཀར། བསྒྲུབ་པའི་དུས་སུ་འཁོར་ལོ་དང་ལིང་ག་ལས་རྫོགས་པའི་དུས་སུ་མནན་བསྲེག་འཕང་གསུམ་ལ་བརྟེན་དེ་སྒྲུབ་པར་བྱ་བའོ། །བཞི་པ་སྒྲུབ་ལུགས་ཆེན་པོ་བཞིས་ཕུར་པའི་གཏིང་ཕྱུང་ཏེ་བཤད་པ་ནི། རིག་པའི་ཤེས་ཀྱི་ཕུར་པ་རང་བཞིན་གྱི་དཀྱིལ་འཁོར་དུ་བསྒྲུབ་ལ་ལྟ་བའི་གཏིང་ཕྱུངས་ཏེ་བཤད། བྱང་ཆུབ་སེམས་ཀྱི་ཕུར་པ་བདེ་སྟོང་གཉིས་སུ་མེད་པའི་དཀྱིལ་འཁོར་དུ་བསྒྲུབ་ལ་སྦྱོད་པ་ལ་དོར་ཏེ་བཤད། ཚད་མེད་སྙིང་རྗེའི་ཕུར་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྒྲུབ་ཏེ་སྒོམ་པས་ཉམས་སུ་བླང་ཏེ་བཤད། འདུས་བྱས་རྫས་ཀྱི་ཕུར་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བསྒྲུབ་ཏེ་ཕྲིན་ལས་སུ་རྫོགས་པར་བཤད་པའོ། །དེ་ལ་གཟུགས་བརྙན་གྱི་དཀྱིལ་འཁོར་བསྒྲུབ་པ་ལ་གསུམ་ཏེ། བསྙེན་པའི་དཀྱིལ་འཁོར་རྩིབ་བརྒྱད་པ་དང་། སྒྲུབ་པའི་དཀྱིལ་འཁོར་ཨེ་ཁྲམ་ཉེར་གཅིག་པ། བསད་པའི་ལས་ཀྱི་དཀྱིལ་འཁོར་རྩིབ་དྲུག་པའོ། །དལ་སྒྲུབ་གཞུང་གསུམ་སྟེ། ཡེ་ཤེས་ཀྱི་ལྷ་དང་མཁའ་འགྲོ་མ་དང་གིང་སྒྲུབ་པ་གསུམ་མོ། །ཡེ་ཤེས་ཀྱི་ལྷ་བསྒྲུབ་པ་ལ་གསུམ་སྟེ། ཀི་ལ་ཡ་བརྒྱ་རྩ་བརྒྱད་ཀྱི་སྒྲུབ་ལུགས། ཀཱི་ལ་ཡ་རིགས་ལྔའི་སྒྲུབ་ལུགས། ཀཱི་ལ་ཡ་དཔལ་བོ་གཅིག་པའི་སྒྲུབས་ལུགས་སོ། །གཉིས་པ་མཁའ་འགྲོ་མ་སྒྲུབ་པ་ལའང་། ཕུར་སྲུང་བཅུ་གཉིས་ཕྱི་ནང་གསང་བ་ལྟར་སྒྲུབ་པ་གསུམ་མོ། །གསུམ་པ་སྐྱེས་བུ་གིས་བསྒྲུབ་པ་ལའང་། གིང་བཅུ་གཉིས་ཕྱི་ནང་གསང་བ་ལྟར་སྒྲུབ་པ་གསུམ་མོ། །སྤྱིར་འདུས་བྱས་རྫས་ཀྱི་ཕུར་པ་ལ་དཀྱིལ་འཁོར་བརྒྱད་དེ། འཁོར་ལོ་རྩིས་བརྒྱད་སྐུ་ཕྱག་རྒྱ་དཀྱིལ་འཁོར། གྲུ་གསུམ་ཤེས་གྱི་དལ་གསུང་ཡིག་འབྲུའི་དཀྱིལ་འཁོར། རྒྱ་མདུད་སྤེལ་མ་ཐུགས་ཕྱག་མཚན་གྱི་དཀྱིལ་འཁོར། མཁའ་འགྲོ་འདུས་པའི་དཀྱིལ་འཁོར་རྩིབ་བཅུ་དྲུག །མཱ་ར་ཡ་བསད་པའི་དཀྱིལ་འཁོར་བར་རིམ་གསུམ་པ། ལས་ཀྱི་མཐའ་སྡུད་ཀྱི་དཀྱིལ་འཁོར་མནན་བ སྲེག་འཕང་གསུམ་ཏེ། དེ་ཐམས་ཅད་བསྡུ་ན་འདུས་བྱས་རྫས་ཀྱི་ཕུར་པར་འདུས། དེ་ཡང་དཔལ་རྡོ་རྗེ་གཞོན་ནུ་ལ་འདུས་སོ། །བདག་གི་བླ་མའི་སྙན་བརྒྱུད་ཀྱི་གཏེར་ཁ་སོགས་ལས་ནི། རིག་པ་ཡེ་ཤེས་ཀྱི་ཕུར་པ། རྫོགས་རིམ་བྱང་སེམས་ཕུར་པ། བསྐྱེད་རིམ་སྲིད་བ་ཕུར་བུ། མཚན་མ་རྫས་ཀྱི་ཕུར་པ་བཞིར་གསུང་ཏེ་དེ་དག་གི་ཉམས་ལེན་ཀྱང་ལྷ་ཕུར་དང་ལས་ཕུར་ཚད་ལྡན་འདུ་བྱས་ལ་སྲས་མཆོག་ཏུ་བསྐྱེད་ཅིང་བྱིན་རླབས་བྱ་བྱུག་བདུག་བྲབ་གསུམ་གྱིས་གཟི་མདངས་བསྐྱེད་པའི་རྫས་ཕུར་ཚད་ལྡན་དལ་དུ་བཀོད་དེ་དེ་ལ་དམིགས་པའི་རྟེན་བྱས་ནས། བསྐྱེད་རིམ་སྲིད་པ་ཕུར་བུའི་དོན་ཆོ་གའི་སྔོན་འགྲོ་དངོས་གཞི་མཇུག་གསུམ་ཚང་བའི་སྒོ་ནས་བདག་རྡོ་རྗེ་གཞོན་ནུ་ཡབ་ཡུམ་རྩ་བའི་དཀྱིལ་འཁོར། ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་བཅས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། སྲས་མཆོག་གི་ཕུར་པ་ལ་ལྷ་བསྐྱེད་པ་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་གསུམ་གསལ་བརྟན་དག་གསུམ་ལྡན་པའི་སྒོ་ནས་བསྐྱེད་ཅིང་དགུག་བསྟིམས་མཆོད་བསྟོད་སོགས་དང་སྔགས་བཟླ་ཞིང་ནུས་པ་ཐོབ་པའི་སྒོ་ནས་སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དགྲ་བགེགས་བསྒྲལ་བའི་ལས་ཀྱི་རིམ་པས་བར་ཆད་བདུད་ལས་རྒྱལ་ཞིང་བསྐྱེད་རིམ་མཐར་དབྱུང་བ་དང་། དེ་ནས་རྫོགས་རིམ་བྱང་སེམས་ཕུར་བུའི་དགོངས་དོན། རང་ལུས་གཞན་ལུས་ཐབས་ལྡན་གྱི་སྒོ་ནས་དཔེ་ཡི་ཡེ་ཤེས་དྲངས་བར་བྱས་ལ། དེ་ཉིད་མཚོན་བྱ་དོན་གྱི་ཡེ་ཤེས་སུ་གོ་འཕོ་བའི་སླད་དུ་རིག་པ་ཡེ་ཤེས་ཀྱི་ཕུར་པ་རྫོགས་པ་ཆེན་པོ་ཁྲེགས་ཆོད་དང་ཐོད་རྒལ་གྱི་གནད་ཉམས་སུ་ལེན་པ་ཡིན་ནོ་ཞེས་གསུངས་སོ། ༈ །དྲུག་པ་མ་མོ་རྦོད་གཏོང་གི་དགོངས་པ་ཐམས་ཅད་མ་མོ་རྩ་རླུང་གི་དགོངས་པར་འདུས་པ་བསྟན་པ་ལ་བཞི་སྟེ། མ་མོ་ཐམས་ཅད་འཇིག་རྟེན་སྣང་ཚུལ་དང་སྦྱར་ཏེ་རིགས་རྒྱུད་ཆོ་འབྲང་དང་བཅས་ཏེ་བཤད་པ་དང་། གབ་སྤས་གཏེར་གྱི་ལུགས་སུ་སྦྱར་ཏེ་སྦས་པ་མངོན་དུ་ཕྱུངས་ནས་བཤད་པ་རང་། ལྟ་བ་དོན་དང་སྦྱར་ཏེ་སྦྱོར་སྒྲོལ་ལམ་དུ་བཤད་པ་དང་། བསྟན་སྲུང་ཕྲིན་ལས་དང་སྦྱར་ཏེ་དྲག་པོ་ངན་སྔགས་སུ་བཤད་པ་དང་བཞིའོ། །དང་པོ་། །དབྱིངས་ཀྱི་ཡུམ་དྲུག་དང་། རང་བཞིན་གྱི་རྣལ་འབྱོར་མ་བཅུ་བཞི་དང་། དམན་མོ་ལྔ་བཅུ་རྩ་བརྒྱད་ལ་སོགས་པ་ཡེ་ཤེས་དང་ལས་ཀྱི་མ་མོ་འབུམ་སྡེ་བསམ་ཡས་པ་རྣམས་ཏེ། དེ་དག་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ལས་སྤྲུལ་ཞིང་། རྣམ་རྟོག་དབང་གི་སྣང་སྟེ། རྟག་ཆད་ཀྱི་རྗེས་སུ་བཟུང་བས། དེ་རྣམས་ཀྱི་ཕ་དང་མ་དང་སྡེ་དང་ཚེ་དང་མིང་དང་གཟུགས་གང་ཡིན་པ་དང་། དབང་གང་ཆེ་བ་དང་། འདུལ་སྐལ་གང་གིས་འཁོར་བ་དང་། ནད་གང་སྟོན་པ་དང་། དུས་གང་ལ་རྒྱུ་བ་དང་། ལས་གང་འགྲུབ་པ་དང་། སྐྱོན་ཇི་ལྟ་ཡོད་པ་ལ་སོགས་པ་ཕན་གནོད་ཀྱི་བདག་མོ་རྣམས་ཀྱི་ཁུང་དང་ལུང་ཞིབ་དུ་སྤྲོས་པ་ཐམས་ཅད་ནི་འཇིག་རྟེན་སྣང་ཚུལ་དང་སྦྱར་ཏེ་བཤད་པ་ཡིན་ལ། དེ་ཡང་ཆོས་ཀྱིདབྱིངས་ལས་སེམས་ཅན་རྣམས་ཀྱི་རྣམ་པར་རྟོག་པ་གཡོ་ཞིང་ལས་མཐུན་པར་བསགས་པའི་དབང་གིས་ནམ་མཁའ་སྟོང་པའི་ཀློང་དུ་འབྱུང་བཞི་རི་རབ་ལྷ་མིའི་གནས་རིས་ཐ་དད་བའི་ཚུལ་ཅན་འཇིག་རྟེན་འདི་ཆགས་ཤིང་གནས་པའི་ཚེ། ཇི་ལྟར་སྣང་བའིི་སྲིད་པ་དེ་ལ་དབང་བྱེད་པའི་གཙོ་བོ་ནི་སྣང་སྲིད་མ་མོའི་ཚོགས་ཡིན་པས་དེ་རྣམས་ཀྱི་ལོ་རྒྱུས་ཤེས་ཤིང་བཀོལ་ཐབས་ལ་མཁས་པས་གནས་སྐབས་སུ་ཅི་དང་ཅི་ལ་རྦོད་ཅིང་གཏོང་བའི་དོན་འགྲུབ་ཅིང་། དབྱིངས་ཀྱི་མ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དོན་ལ་མཁས་པས་མཆོག་གི་དངོས་གྲུབ་ཐོབ་ཏེ། སྲིད་པ་མ་རྒྱུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཕྲིན་ལས་ཀྱི་མངའ་བདག་དམ་པ་ཡིན་ནོ། །གཉིས་པ་གབ་སྦས་མངོན་དུ་ཕྱུངས་ཏེ་བཤད་པ་ནི། ཐོག་མཐའ་བར་མའི་དུས་གསུམ་གྱིས་ཁྱད་པར་བྱར་མེད་པ། དུས་མེད་མཉམ་པ་ཆེན་པོའི་དུས་ཀྱི་ཚེ། ཆོས་དབྱིངས་སྐྱེ་བ་མེད་པ་ལས་མ་མོ་རིག་པའི་ཡེ་ཤེས་འགག་པ་མེད་པར་ཤར་བ་ན། དཔལ་ཆེན་པོ་མངོན་རྫོགས་རྒྱལ་པོའི་དགོངས་པ་ཁྱད་པར་ཅན་གྱིས་སྣང་སྲིད་མ་མོ་ཐམས་ཅད་ཡུམ་གྱི་བྷ་གར་ཤར་པར་གཟིགས་ནས། དབང་དུ་བསྡུས་ཤིང་དམ་ཚིག་བསྩལ་ཏེ་མ་མོ་ཐམས་ཅད་ཀྱིས་ཀྱང་ཕྲིན་ལས་སྒྲུབ་པའི་རྦོད་གཏོང་གི་བདག་མོར་ཁས་བླང་ཤིང་མནའ་བོར་ཏེ་ཡབ་མངོན་རྫོགས་རྒྱལ་པོའི་རྩ་རླུང་གི་དཀྱིལ་འཁོར་དུ་གབ་པའི་གཏེར་དུ་སྤས་ཏེ་བཞག་པའོ། །དེ་ནས་སྦས་པ་རྣམས་མངོན་དུ་ཕྱུངས་བའི་དུས་ནི། འཇིག་རྟེན་གྱི་ཁམས་འཁྲུགས་ཤིང་སངས་རྒྱས་ཀྱི་བསྟན་པ་ཉམས། ལོག་ལྟའི་རུ་ཏྲ་རྣམ་གཉིས་དར་བའི་ཚེ། ཡབ་ཀྱི་སྐུ་ལ་གབ་ཅིག་སྦས་པའི་མ་མོ་རྣམས་མངོན་དུ་ཕྱུངས་ཏེ་ཕྲིན་ལས་རྣམ་པ་བཞི་སྒྲུབ་པར་བྱ་བ་ཡིན་པས། དེ་ཡང་དུར་ཁྲོད་འཇིགས་ཤིང་ཡ་ང་བ་དབེན་ཞིང་མ་མོ་མཁའ་འགྲོ་འདུ་བའི་གནས་ལ་སོགས་པ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྒོ་ནས། འདུ་འཛིན་དང་རྣམ་གཡེང་ལེ་ལོ་ཉོན་མོངས་པ་རྣམས་སྤང་ཏེ། བར་ཆད་ཀྱི་རྣམ་པ་གང་གིས་ཀྱང་མི་ཚུགས་པའི་གདིང་དང་ལྡན་པས། ཏིང་ངེ་འཛིན་གསུམ་ལས་བྱུང་བ་འབྱུང་བ་རིམ་བརྩེགས་ཀྱི་དཀྱིལ་འཁོར་དང་དབང་ཆེན་གྱི་གཞལ་ཡས་ཁང་བསྒོམ་བའི་དབུས་སུ། རྣལ་འབྱོར་པ་བདག་གི་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་ལས། ཡབ་མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ་དབུ་དགུ་ཕྱག་བཅོ་བརྒྱད་པ་དུར་ཁྲོད་ཆས་ཀྱིས་བརྒྱན་པ་བསྐྱེད། ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་ལས། སྲིད་པ་རྒྱལ་མོ་ཉིད་བཞི་མུ་ཁ་ལེ་དབུ་གཅིག་ཞལ་ལྔ། ཞབས་བརྒྱད་མཁའ་བཞི་ཡིས་བརྒྱན་པར་བསྐྱེད་ལ། ཡབ་ཡུམ་གཉིས་མེད་དུ་རོལ་བའི་བརྡས་བསྐུལ་ཏེ་ཆགས་པ་སོ་སོར་གཡོ་ཤིང་རོལ་པ་མཛད་པས་ཡབ་ཀྱི་མཁའ་ནས་འབེབ་བྱེད་མ་དང་། བསྐྱོད་བྱེད་མ་དང་། བསྐུལ་བྱེད་མ་སྟེ་མ་མོ་གསུམ་བྱུང་ངོ་། །ཡུམ་གྱི་མཁའ་ནས་ལེན་བྱེད་མ་དང་། ཚོར་བྱེད་མ་དང་། ཚིམ་བྱེད་མ་སྟེ་མ་མོ་གསུམ་ཤར་རོ། །དེ་ནས་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ལས་ཡི་དམ་བསྒོམ་ལེགས་མ་ཞེས་བྱ་བ་བྱུང་སྟེ། དེ་ལྟར་མདུན་གྱི་མཁའ་དབྱིངས་ལ་དཀྱིལ་འཁོར་བདུན་ཅེས་བྱའོ། །དེ་ནས་ཡབ་ཀྱི་རྣམ་ཤེས་ཚོགས་བརྒྱད་ལས། ཀ་རཱི་མ་མོ་བརྒྱད་བྱུང་སྟེ། དེ་དག་ཡབ་ཀྱི་ཕྱག་གཡས་བརྒྱད་ན་ཁྲ་ཐབས་སུ་བསྣམས་པར་མཛད་དོ། །རྣམ་པར་ཤེས་པའི་ཆོ་འཕྲུལ་བརྒྱད་ལས་སིང་ཧ་ཕྲ་མེན་བརྒྱད་བྱུང་སྟེ། གཡོན་གྱི་ཕྱག་བརྒྱད་བུམ་ཐབས་སུ་བསྣམས་པར་མཛད་པ། དེ་དག་ཕྱག་མཚན་གྱི་ལས་ཞེས་བྱའོ། །དེ་ནས་སྤྱི་དཔལ་ཁྲོ་བོའི་རྒྱལ་པོས་འཇིག་རྟེན་གྱི་དྲེགས་པ་ཅན་རྣམས་གཟིར་ཏེ། ཤར་ཕྱོགས་བརྒྱ་བྱིན་གྱི་གདན་ལ་བདག་གི་ཤ་ཡི་ཁམས་ལས་མཁའ་འགྲོ་མ་རྣམ་སྣང་གསལ་བསྐྱེད། ལྷོར་གཤིན་རྗེ་བསྒྱེལ་བའི་གདན་ལ་དྲོད་ལས་འོད་གསལ་འབར་བསྐྱེད། ནུབ་ཏུ་ཆུ་བདག་གི་གདན་ལ་ཁྲག་ལས་མཉེན་གསལ་འཁྲིལ་བསྐྱེད། བྱང་དུ་གནོད་སྦྱིན་གྱི་གདན་ལ་དབུགས་ལས་གཡང་གསལ་གཡོས་བསྐྱེད། གཡས་ཕྱོགས་སུ་ཡ་བདུད་བསྒྱེལ་བའི་གདན་ལ་བཀྲག་དང་མདངས་ལས་བཀྲག་གསལ་མཉམ་བསྐྱེད། དེ་ལྟར་འབྱུང་བ་ལྔའི་མ་མོ་དེ་ཡང་ཆགས་པའི་གདན་གྱི་དཀྱིལ་འཁོར་དུ་གྱུར་ཏོ། །དེ་ནས་ཆེ་མཆོག་བླ་མེད་ཧེ་རུ་ཀས་རང་བཞིན་གྱི་རྣལ་འབྱོར་མ་བཅུ་བཞི་གཟིར་ཏེ། ཕྲ་མེན་རྒྱ་མཚོ་དང་ཉི་ཟླ་ཐོད་ཕྲེང་བསྒྱེལ་བའི་གདན་ལ་བདེ་ཆེན་བྱང་ཆུབ་སེམས་ཀྱི་རྩལ་དཔལ་འབར་ཁྲོ་མོར་བསྐྱེད། ཕུང་བྱེད་སྦས་པའི་མ་བཞི་སོ་སོར་བསྒྱེལ་བའི་གདན་ལ་མདངས་བཞིའི་རྩལ་དཀར་མོ་མིག་གཅིག་དང་། བདེ་བ་ཟ་བྱེད་དང་། བདེ་བ་ཚེ་འཕེལ་དང་། བདེ་བ་རྨོང་བྱེད་མ་སྟེ་གསང་བའི་ཡུམ་བཞི་བསྐྱེད། ཁྲོས་པའི་མ་བཞི་དང་དགྱེས་སྡེ་བཞི་བསྒྱེལ་བའི་གདན་ལ། མིག་རྣ་སྣ་ལྕེའི་དབང་ཤེས་བརྒྱད་ཀྱི་རྩལ་ལས་ཁམས་གསུམ་གཅོད་མ་བརྒྱད་བསྐྱེད་དོ། །དེ་ལྟར་རྗེ་མོ་བཅུ་བཞི་དབང་དུ་བསྡུས་ནས་ཆགས་པའི་གདན་དུ་གྱུར་ཏོ། །དེ་ནས་སྨན་མོ་ལྔ་བཅུ་རྩ་བརྒྱད་གཟིར་པས་དགྲ་ལ་རྦད་པ་དང་། ཐུན་མོང་གི་མཐུ་དང་རྫུ་འཕུལ་ཐམས་ཅད་ཀྱི་བདག་མོ་ཡིན་པས་ཐུན་མོང་གི་ལས་གང་འདོད་ལ་སྦྱར་བ་སྟེ། དེ་ལྟར་མ་མོའི་ཚོགས་དབང་དུ་བསྡུས་ནས་རྦོད་གཏོང་གི་ལས་རབ་འབྱམས་སྒྲུབ་པ་ཡིན་ནོ། །ཚུལ་འདིས་ནི་མ་མོ་རྣམས་དབང་དུ་བསྡུ་བའི་སྒྲུབ་པ་དང་། སྦས་དོན་ནང་རྩ་རླུང་གི་མ་མོ་དབང་དུ་བྱེད་པའི་རྫོགས་རིམ་ཀྱང་མཚོན་པར་བྱས་པའོ། །གསུམ་པ་མ་མོ་ལྟ་བ་དོན་དང་སྦྱར་ཏེ་བཤད་པ་ནི། རྣལ་འབྱོར་པའི་གྲོལ་ལམ་དུ་བཤད་པ་སྟེ། རྣལ་འབྱོར་པ་བདག་གི་ལུས་ངག་ཡིད་གསུམ་མ་མོ་རྦོད་གཏོང་གི་དཀྱིལ་འཁོར་དུ་ཤེས་ཤིང་དེ་ལ་གནས་པའི་དུས་ན་སྣང་གྲགས་ཀྱི་ཆོས་ཐམས་ཅད་མ་མོར་མ་གྱུར་བ་གང་ཡང་མེད་ལ། མ་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་པས་རྨད་དུ་བྱུང་བ་ཞེས་བྱ་སྟེ། འདི་ལྟར་ཆོས་ཐམས་ཅད་མ་མོའི་རང་བཞིན་དུ་སྤྱོད་པ་དེ་ཡང་གཞན་ནས་འོང་བ་མ་ཡིན་ཏེ། རང་གི་སྙིང་པོ་བྱང་ཆུབ་ཀྱི་སེམས་ཀྱི་ཆོ་འཕྲུལ་དུ་སྣང་བ་ཡིན་ལ། སེམས་ཀྱི་ཆོས་ཉིད་ནི་རྒྱུ་རྐྱེན་ལ་རག་མ་ལུས་པར་གདོད་མ་ནས་འབྲས་བུའི་སྙིང་པོར་རང་བྱུང་བས་མ་མོ་ཐམས་ཅད་ཀྱང་སེམས་སུ་ལྷུན་གྱིས་གྲུབ་པ་ཡིན་ཏེ། ལུང་ལས། མ་ཆོས་ཀྱི་དབྱིངས་ལས་མོ་རིག་པའི་ཡེ་ཤེས་སུ་ཤར་བ། མ་སྐྱེ་བ་མེད་པ་ལས་མོ་འགག་པ་མེད་པའི་རོལ་པར་ཤར་བ་ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཆོས་དབྱིངས་ཀུན་ཏུ་བཟང་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བཞི་མུ་ཁ་ལེའི་དབྱིངས་ལས་ཤར་བས་ན། དབྱིངས་ལས་ཡེ་ཤེས་དང་དེའི་རྩལ་ལས་ལས་ཀྱི་མ་མོར་སྣང་བ་སྣང་སྲིད་མ་མོའི་ཚོགས་ཐམས་ཅད་ཀྱང་རྩ་བ་ཆོས་དབྱིངས་བྱང་ཆུབ་སེམས་སུ་གདར་ཤ་ཆོད་ན་མ་དང་མོ་ཡི་དོན་རྟོགས་ཏེ་མ་མོའི་སྟོང་སྲོག་ཕྲོག་པ་ཡིན་ནོ། །ཚུལ་འདིས་ནི་ལྟ་བའི་གནད་བསྟན་པའོ། །བཞི་པ་བསྟན་སྲུང་ཕྲིན་ལས་དང་སྦྱར་ནས་དྲག་པོ་ངན་སྔགས་ཀྱི་ལུགས་སུ་བཤད་པ་ནི། སྤྱིར་སྲིད་པའི་མ་མོ་ཐམས་ཅད་ལ་མངོན་རྫོགས་རྒྱལ་པོའི་དགོངས་པ་ཁྱད་པར་ཅན་གྱིས་སྒྲུབ་ཐབས་མང་དུ་བཀའ་སྩལ་པ་ཡང་། བསྡུ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་འདུས་སྟེ། དེ་དག་གང་ལའང་དོན་བརྒྱད་ཀྱིས་ས་ལམ་མཐར་དབྱུང་བར་བྱ་དགོས་པས། དང་པོ་མ་མོའི་སྤྱི་འདུན་བཅའ་བ་ནི། སྤྱི་སྔགས་གཅིག་ཏུ་དྲིལ་ཏེ་བསྙེན་པ་བྱ་བའོ། །གཉིས་པ་དམག་དཔུང་བསྡུ་བ་ནི་སྒོས་སོ་སོ་ནས་བསྙེན་པ་བྱ་བའོ། །གསུམ་པ་དམག་དྲངས་པ་ནི། དྲུག་བཅུ་རྩ་བརྒྱད་ཐུན་གྱི་འཁོར་ལོ་བསྐོར་བ་དང་། རིགས་སོ་སོར་ཕྱེ་ནས་ཐུན་ཐིག་ལེར་བཏབ་པ་གཉིས་ཀྱིས་བྱའོ། །བཞི་པ་དམག་དཔོན་བསྐོ་བ་ནི་མ་མོ་ཐམས་ཅད་ཀྱི་ལས་མཁན་རེ་མ་ཏི་ཡིན་པས་རེ་མ་ཏི་ལས་མཁན་དུ་བསྡུ་བར་བྱའོ། །ལྔ་པ་ལས་ཀྱི་ངོ་བླང་བ་ནི་ལས་ཀྱི་དམིགས་དང་སྦྱར་ཏེ་བསད་པ་བཞི་སྟེ། གླིང་བཞི་སྤྱི་མདོས་དང་ལས་མཁན་མ་མོ་མ་ཏྲང་གི་གཏོར་བཟློག་ལ་བརྟེན་ནས་བསད་པ་དང་གཅིག །དབང་དྲག་ཕུར་བུས་བསད་པ་དང་གཉིས། མ་མོ་སྤྱིའི་ཉེ་འབྱེད་དང་ཕྲ་མེན་སྒོས་ཀྱི་ཉེ་འབྱེད་དེ་ཕྲ་མེན་ཉེ་འབྱེད་ཀྱིས་བསད་པ་དང་གསུམ། སྤྱི་ཐུན་གཅིག་ཏུ་དྲིལ་བ་དང་སྒོས་ཐུན་དུ་ཕྱོགས་བཞི་དབུས་ལྔའི་མ་མོས་ནད་མཚོན་གྱི་ཐུན་དབབ་ལུགས་ལྔ་ཏེ། དེ་ལྟར་ངན་སྔགས་ཐུན་གྱིས་བསད་པ་དང་བཞིའོ། །དྲུག་པ་ལས་ཀྱི་ལྷག་མ་བསྡུ་བ་ནི། མན་ངག་མནན་བསྲེགས་འཕང་གཏད་རྫོགས་པར་བྱ་བའོ། །བདུན་པ་ལས་འགོར་ན་བདུད་དཔུང་བཤིག་ཅིང་དམག་དཔུང་གཏོར་བ་ནི། མ་མོའི་ཤིས་བསྟན་ཕྱིར་དཀྲུག་པ་སྟེ། དཀྲུག་པ་དང་དཀྲུག་རིམ་དང་ལྟོ་བ་དཀྲུག་པའོ། །བརྒྱད་པ་དམག་ཟས་བྱིན་ཅིང་དམག་དུས་བཏབ་པ་ནི། ལས་གྲུབ་པ་དང་གཏང་རག་དུས་སུ་བཏང་ལ་ཕྱིས་ཀྱི་ལས་གཉེར་གཏད་བྱ་བའོ། །ཚུལ་འདི་རྦོད་གཏོང་དྲག་སྔགས་ཀྱི་བསྒྲུབ་ལུགས་བསྟན་པ་ཡིན་ནོ། །མདོར་ན་མ་མོ་རྩ་རླུང་གི་དགོངས་པ་ནི་ཕྱི་ནང་གསང་བ་གསུམ་གྱིས་ཤེས་པར་བྱ་སྟེ། ཕྱི་ལྟར་ན་འཇིག་རྟེན་ཆགས་གནས་བྱེད་པའི་རྩ་བ་སྲིད་པའི་དབང་ཆེན་མ་མོ་མཁའ་འགྲོ་རྣམས་ཀྱི་ཐོག་མའི་སྐྱེ་རྒྱུད། ད་ལྟ་གནས་པ་སོགས་དང་། ཕྲིན་ལས་གང་ལ་དབང་། བསྙེན་སྒྲུབ་ལས་སྦྱོར་ཇི་ལྟར་བྱེད་པའི་ཚུལ་ཤེས་པ་ནི། ཕྱི་སྲིད་པ་མ་མོའི་སྣང་ཚུལ་ལ་བརྟེན་ཏེ་སྒྲུབ་པ་ཡིན་ནོ། །ནང་ལྟར་ན་ཕྱིའི་མ་མོ་ཐམས་ཅད་ནང་རང་གི་རྩ་རླུང་གི་ཆོ་འཕྲུལ་ཡིན་ཏེ། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་ཞེས་གསང་སྔགས་སྤྱི་ཡི་གཞུང་གིས་བཞེད་ལ། ཕྱི་རོལ་དུ་འཇིག་རྟེན་ཆགས་གནས་འཇིག་པར་བྱེད་པ་མ་མོ་འདི་དག་གིས་བྱེད་པར་སྣང་བ་བཞིན་དུ་ནང་དུ་ལུས་དང་བདེ་སྡུག་ཐམས་ཅད་རྩ་རླུང་ཐིག་ལེའི་འཕོ་བས་བྱེད་ཅིང་འདི་གཉིས་རྟེན་ཅིང་འབྲེལ་འབྱུང་དུ་སྣང་སྟེ། ནང་གི་རླུང་སེམས་ཀྱི་ཆོ་འཕྲུལ་ལས་ཕྱི་རོལ་དུ་དེ་ལྟར་སྣང་ཞིང་ཕན་གནོན་ཀྱང་བསླུ་མེད་དུ་བྱེད་ལ། གང་དུ་ནང་གི་འཕོ་བ་དབང་དུ་གྱུར་པ་ན་ཕྱི་རོལ་གྱི་མ་མོ་རྣས་ཀྱང་དབང་དུ་འགྱུར་པས་ན་ནང་རྩ་རླུང་གི་བྱེད་བཅིང་ཟབ་མོའི་མན་ངག་གིས་སྲིད་པའི་སྣང་བ་ཐམས་ཅད་ལ་དབང་སྒྱུར་དགོས་པས་མ་མོའི་དགོངས་པའི་མཐའ་རྩ་རླུང་ལ་ཐུག་པ་འདི་མ་རྒྱུད་སྤྱི་དང་ལུགས་འདིར་ཁྱད་པར་དུ་བསྔགས་སོ། །དེ་ལ་སྣང་སྲིད་ཐམས་ཅད་ནི་ཀུན་ཏུ་བཟང་མོ་ཉིད་བཞི་མུ་ཁ་ལེའི་མཁའ་དབྱིངས་ལས་ཤར་ཞིང་དེ་ལས་ཡེ་ཤེས་དང་ལས་ཀྱི་མ་མོ་འབུམ་ཕྲག་ཡངས་པའི་ཆོ་འཕྲུལ་དུ་སྣང་ནས་སྲིད་པ་ཐམས་ཅད་སྣང་བ་བྱེད་དོ། །མ་མོ་འབུམ་ཕྲག་བསྡུ་ན་བཞི་བརྒྱ་རྩ་བཞིར་འདུས་ལ། དེ་དག་ཀྱང་སྐྱེ་འགྲོའི་རྩ་བཞི་བརྒྱ་རྩ་བཞི་ལ་གནས། རྩ་བཞི་བརྒྱ་རྩ་བཞི་ནི་རྩ་ཆེན་བཞི་ལ་འདུས་ནས་གནས། དེ་བཞི་ཡང་སྲོག་རྩ་གསེར་གྱི་སྤུ་གུར་འདུས་ནས་གནས། གསེར་སྤུག་ཀྱང་ཙིཏྟ་འོད་ཀྱི་ཁང་པར་འདུས་ནས་གནས། རྩ་ཆེན་པོ་ཙིཏྟ་འོད་ཀྱི་ཁང་པ་ན་དྭངས་མ་ལྔ་འདུས་པའི་ཐིག་ལེ་ལ་བརྟན་ནས་བྱང་ཆུབ་སེམས་ཀྱི་འོད་ཚོན་གང་བ་གཅིག་དུ་གནས་སོ། །སྣང་སྲིད་ཀྱི་ཆོས་སུ་སྣང་བ་ཐམས་ཅད་ཕར་སྤྲོས་པའི་ཚེ་བྱང་ཆུབ་ཀྱི་སེམས་ལས་རྩལ་སྣང་སྒྱུ་མ་ལྷར་འཕྲོ་ཞིང་སྤྲུལ། ཚུལ་བསྡུ་བའི་ཚེ་དེ་ལ་འདུ་བས་ན། ནང་དུ་རླུང་ཁམས་ཀྱི་བྱེད་པ་དབུ་མའི་དབྱིངས་སུ་སྡུད་པ་དང་། དེ་ལས་འཕྲོ་བའི་ཚུལ་གྱིས་འཁོར་འདས་ཀྱི་སྣང་བ་འཆར་ཚུལ་ཤེས་ནས་རྩ་རླུང་གནད་དུ་བསྡུ་བ་དང་། ཕྱི་རོལ་དུ་མངོན་རྫོགས་རྒྱལ་པོས་མ་མོ་རྣམས་གདན་དུ་བྱས་ཏེ་དབང་དུ་བྱེད་པའི་ཚུལ་མཚུངས་ལ། ཞིབ་པར་ནང་གི་རྩ་རླུང་དང་། ཕྱིའི་མ་མོའི་ལྷ་གྲངས་སྦྱར་ཏེ་བསྟན་པ་དང་། རྩ་རླུང་གི་ཉམས་ལེན་རྣམས་གཞུང་དང་མན་ངག་ལས་ཤེས་པར་བྱའོ། །གསང་བ་ལྟར་ན་ཆོས་ཐམས་ཅད་སྐྱེ་འགག་མེད་པ་ཆོས་དབྱིངས་ཀུན་ཏུ་བཟང་མོའི་རང་བཞིན་ལས་མ་འདས་པས་མ་མོའི་ངོ་བོ་ཉིད་དེ། རྩལ་སྣང་སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་སེམས་གདོད་ནས་མ་སྐྱེས་པའི་ཆོས་ཉིད་ཡོངས་ལ་བརྡལ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་འུབ་ཆུབ་པར་ཤེས་ན་མ་མོའི་དོན་རྟོགས་པ་ཡིན་ནོ། ༈ །བདུན་པ་འཇིག་རྟེན་མཆོད་བསྟོད་ཐམས་ཅད་མཆོད་བརྟེན་སྒྲུབ་གསུམ་དུ་འདུས་པར་བསྟན་པ་ལ། འཇིག་རྟེན་ལས་ཀྱི་དྲེགས་པ་ཅན་མཐུ་དང་སྟོབས་སུ་ལྡན་པ་ཕན་གནོད་ཀྱི་ལས་སྣ་ཚོགས་བྱེད་པ་དེ་དག་ལེགས་པར་མཆོད་ན་མགོན་བྱེད་པ་འཇིག་རྟེན་སྤྱི་ཡི་ཆོས་ལུགས་ཡིན་པས། ལུང་ལས་འཇིག་རྟེན་མཆོད་བསྟོད་ནི་མཆོད་ཅིང་བསྟོད་པས་འགྲུབ་པར་གསུང་པས་དེ་དག་མཆོད་ཅིང་བརྟེན་པའི་ཚུལ་གང་ཞེ་ན། འཇིག་རྟེན་འདི་ན་མཐུ་དང་སྟོབས་སུ་ལྡན་པའི་དྲེགས་པ་ཚད་མེད་པ་ཡོད་ཀྱང་དེ་དག་གི་གཙོ་བོ་སྡེ་དཔོན་ཆེན་པོ་སུས་ཅུ་པོ་འདི་ནི་དྲེགས་པ་ཡོངས་ཀྱི་རྒྱལ་པོ་ཡིན་ལ། དཔལ་ཆེན་པོའི་བཀའ་ཉན་ཅིང་རྣལ་འབྱོར་པའི་གྲོགས་བྱེད་པར་ཁས་བླངས་པའི་རྡོ་རྗེའི་ཐ་ཚིག་ལས་ནམ་ཡང་མི་འདའ་བས་འདི་དག་ནི་མཆོད་ཅིང་བརྟེན་པར་བྱས་ན་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ལ་མྱུར་ཞིང་། མཐར་ཐུག་གི་དངོས་གྲུབ་སྒྲུབ་པའི་གྲོགས་སུ་འགྱུར་པ་ཡིན་ལ། དེ་ཡང་མགོན་བྱེད་པའི་ལྷ་འདི་དག་ལ་མཐུན་པའི་རྫས་ཀྱིས་མཆོད་པས་མཉེས་པར་བྱ། ཕྱི་ནང་གསང་བའི་སྒྲུབ་རྫས་རྟེན་དུ་བཙུགས་ཏེ་རྒྱུན་དུ་བརྟེན། སྲོག་གི་སྙིང་པོ་དྲང་པའི་ཚུལ་གྱིས་སྒྲུབ་པར་བྱ་བ་གསུམ་ནི་སྤྱི་ཡི་དོན་དུ་ཤེས་པར་བྱ་ལ། གཞུང་གཞན་དུ་མཆོད་བསྟོད་ཀྱི་དགོངས་པ་སྒྲུབ་ལུགས་དོན་བཞི་པ་འདུས་པར་གསུངས་པ། ཡང་བསྙེན་སྒྲུབ་ལས་གསུམ་དུ་གསུངས་པ་སོགས་ཀྱང་སོ་སོའི་བཞེད་པའི་སྐབས་ཀྱིས་ཤེས་པར་བྱའོ། །དེ་ལ་འཇིག་རྟེན་པའི་དྲེགས་པ་ཆེན་པོ་དེ་དག་བསྡུ་ན་དྲེགས་པ་སྡེ་བརྒྱད་དུ་འདུས་ཤིང་དྲེགས་པ་དེ་རྣམས་ནི། ལྷ་ཡང་བྱེད་ལ་འདྲེ་ཡང་བྱེད། སྨན་ཀྱང་ཡིན་ལ་དུག་ཀྱང་ཡིན། །ཞེས་སོགས་གསུངས་པ་ལྟར། མཆོད་ན་འགོ་ཞིང་བཅོལ་ན་སྒྲུབ་ལ། རྦད་ན་འགྲོ་བ་ཆོས་ཉིད་ཡིན་པ་ནི་དྲེགས་པ་སྒྲུབ་པའི་སྐབས་སུ་མ་ཟད་ཡེ་ཤེས་ཀྱི་ལྷའི་སྔགས་རྣམས་ཀྱང་རྗེས་འཛིན་དང་ཚར་གཅོད་ཀྱི་ལས་རབ་འབྱམས་གང་ལ་སྦྱར་ཀྱང་རྟོག་མེད་ནོར་བུའི་ཚུལ་དུ་ཇི་ལྟར་དམིགས་པ་བཞིན་འགྲུབ་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པ་སྨོས་མ་དགོས་པ་བཞིན་ནོ། །དེ་ཡང་སྐབས་འདིར་འཇིག་རྟེན་མཆོད་བསྟོད་ཀྱི་བསྒྲུབ་པའི་ཁོང་སྙིང་བྲུས་ནས་དྲེགས་པ་ཅན་རྣམས་ཁྱི་སྙིང་འཁྲུད་མ་ལ་ཆགས་སུ་གཞུག་པའི་ཐབས་ཀྱི་མན་ངག་རྣམ་པ་བཞི་བཤད་དེ། འཇིག་རྟེན་པ་ཐམས་ཅད་ལྷ་མ་སྲིན་སྡེ་བརྒྱད་དུ་བསྡུས་ཏེ་བཤད་པ། མཆོད་ཐབས་ཐམས་ཅད་གསོལ་ཁ་བརྒྱད་དུ་བསྡུས་ཏེ་བཤད་པ། བརྟེན་ཐབས་ཐམས་ཅད་བརྟེན་ཐབས་རྣམ་པ་བརྒྱད་དུ་བསྡུ་ཏེ་བཤད་པ། སྒྲུབ་ཐབས་ཐམས་ཅད་སྒྲུབ་ལུགས་རྣམ་པ་བརྒྱད་དུ་བསྡུས་ཏེ་བཤད་པའོ། །དང་པོ་ནི། དཀར་པོ་ཐམས་ཅད་བསྡུ་ན་གིང་དུ་བསྡུ། དེ་བཞིན་དུ་དམར་པོ་ཐམས་ཅད་བཙན། ནག་པོ་ཐམས་ཅད་བདུད། སེར་པོ་ཐམས་ཅད་གནོད་སྦྱིན། སྨུག་པོ་ཐམས་ཅད་སྲིན་པོ། །སྟེང་གི་དབང་ཆེན་ཐམས་ཅད་གཟའ། འོག་གི་དབང་ཆེན་ཐམས་ཅད་ཀླུ། མོ་རྒྱུད་ཐམས་ཅད་མ་མོར་བསྡུ་ཏེ་སྡེ་བརྒྱད་པ་དེ། མཆོད་བསྟོད་བྱ་བའི་ཡུལ་འཇིག་རྟེན་གྱི་དྲེགས་པ་བཟུང་བར་བྱ་སྟེ། དེ་དག་ལ་སྤྱིར་མཐུ་ནུས་བསམ་གྱིས་མི་ཁྱབ་པ་དང་། བྱེ་བྲག་དུ་སྨྱོ་འབོག་ལ་དབང་བ་གིང་། ནད་རིམས་ལ་དབང་བ་མ་མོ་སོགས་སོ་སོའི་ལས་ཀྱི་མཐུ་རྩལ་དྲག་པོ་དང་ལྡན་པའི་ཕྱིར་མཆོད་ཅིང་བསྐུལ་ན་ལས་མྱུར་དུ་བྱེད་པའི་ཕྱིར་རོ། །གཉིས་པ་མཆོད་པ་ཐམས་ཅད་གསོལ་ཁ་བརྒྱད་དུ་བསྡུས་ཏེ་བསྟན་པ་ནི། གིང་ཐམས་ཅད་རྒྱལ་བཤོས་མཁར་ཐབས་ཀྱིས་གསོལ་ཞིང་མཆོད། དེ་བཞིན་དུ་བདུད་ཐམས་ཅད་ལ་བདུད་བཤོས་གསང་པུ། བཙན་ལ་གྲི་བཤོས་རྒྱན་ཅན། གནོད་སྦྱིན་འབྲས་ལུག་མཐེབ་གང་། སྲིན་པོ་དཔལ་བཤོས་ཟུར་གསུམ། གཟའ་ར་བཤོས་དཀྱུས་མོ། །ཀླུ་བཤོས་ཟླུམ་དཀར་མངར་བརྒྱན་པ། མ་མོ་མཁའ་འགྲོའི་སྐྱུས་གཏོར་གྱིས་གསོལ་ཞིང་མཆོད་པ་དེས་མཚོན་ནས་རང་རང་གི་ཕྱི་ནང་གསང་བའི་མཐུན་པའི་མཆོད་རྫས་ཀྱང་ལུང་དང་མན་ངག་གི་གཞུང་བཞིན་ཤེས་པར་བྱས་ནས། ལེགས་པར་མཆོད་ན་སྡོང་གྲོགས་བྱེད་པར་འགྱུར་བས་མཆོད་ཅིང་བསྟོད་པ་བྱེད་པ་གལ་ཆེའོ། །གསུམ་པ་བརྟེན་ལུགས་རྣམ་པ་བརྒྱད་དུ་བརྟེན་ཐབས་ཐམས་ཅད་བསྡུས་ཏེ་བསྟན་པ་ནི། གཞུང་ལས་བརྟེན་ཐབས་བརྒྱད། དེའི་ཕན་ཡོན་བརྒྱད། དེ་ལྟར་བསྟེན་མ་ཤེས་པའི་སྐྱོན་བརྒྱད་སོ་སོར་གསུང་ཡང་། འདིར་བསྡོམ་ཏེ་བཤད་ན། གིང་ཐམས་ཅད་རྒྱལ་པོ་ལྟར་བརྟེན། དེས་ཆེ་བཙན་དབང་གི་དངོས་གྲུབ་འབྱུང་། དེ་ལྟར་བརྟེན་མ་ཤེས་ན་འཁོར་ལ་ཆགས་ཤིང་རང་དཔལ་སོ་དམའ། བདུད་ཐམས་ཅད་ཕ་ལྟར་བརྟེན། དེ་ལྟར་བརྟེན་ན་ནོར་ཕྱུགས་འཕེལ། དེ་ལྟར་བརྟེན་མ་ཤེས་ན་ནོར་ལ་གཟན་ཅིང་རང་ཉིད་ལྟོག་པོར་འགྲོ། བཙན་ཐམས་ཅད་གྲོགས་ལྟར་བརྟེན། དེས་སྙིང་ཆགས་པར་སླུ་དངོས་གྲུབ་འབྱུང་། དེ་ལྟར་བརྟེན་མ་ཤེས་ན་གློ་བུར་ནད་མང་ལ་ཐ་མ་གྲི་རུ་འཆི། གནོད་སྦྱིན་ཐམས་ཅད་ལྷ་ལྟར་བརྟེན། དེས་རྒྱུད་འཇམ་ལ་མགོན་སྐྱབས་ཆེ་བའི་དངོས་གྲུབ་འབྱུང་། །དེ་ལྟར་བརྟེན་མ་ཤེས་ན། བསྒོ་བ་ཉན་དཀའ་ཞིང་བཀྲ་མི་ཤིས། སྲིན་པོ་ཐམས་ཅད་ཁོལ་བོ་ལྟར་བརྟེན། དེས་བཀའ་ཉན་ཅིང་ལས་གྲུབ་པའི་དངོས་གྲུབ་འབྱུང་། དེ་ལྟར་བརྟེན་མ་ཤེས་ན་བསྒོ་བ་མི་ཉན་ལ་ཙབ་ཙུབ་མང་། །གཟའ་རྒོད་ཐམས་ཅད་རྗེ་ལྟར་བརྟེན། དེས་དྲག་རྩལ་དབལ་སོ་རྣོ་བའི་དངོས་གྲུབ་འབྱུང་། དེ་ལྟར་བརྟེན་མ་ཤེས་ན་ཀོ་ལོང་ཆེ་ཞིང་ནོར་ལ་གཟན། ཀླུ་ཐམས་ཅད་བྲན་ལྟར་བརྟེན། དེས་ཁ་ལོག་ཆུང་ཞིང་ལས་མྱུར་བའི་དངོས་གྲུབ་འབྱུང་། དེ་ལྟར་བརྟེན་མ་ཤེས་ན་བཀྲ་མི་ཤིས་པ་དང་བུ་སྤལ་ལྕོང་འདྲ་བ་འབྱུང་། མ་མོ་ཐམས་ཅད་མ་ལྟར་བརྟེན། དེས་སྙིང་ཉེ་དམ་ལ་འདུ་ཟས་སྐོམས་འཕེལ། དེ་ལྟར་བརྟེན་མ་ཤེས་ན་ལས་ལ་གཡེལ་ཞིང་ཟས་ནོར་མི་འདུའོ། །བཞི་པ་སྒྲུབ་པ་ཐམས་ཅད་གནད་ཀྱི་སྒྲུབ་པ་བརྒྱད་དུ་བསྡུས་ཏེ་བསྟན་པ་ལ། ཐབས་བརྒྱད་དང་དེ་ལྟར་མ་ཤེས་པའི་སྐྱོན་བརྒྱད་སོ་སོར་སྡེ་ཚན་དུ་གསུང་ཡང་འདིར་བསྡུ་ཏེ་བཤད་ན་གིང་ལ་ཆིངས་ཀྱི་གནད་ཀྱིས་བསྒྲུབ་ན་འགྲུབ་ཅིང་། དེ་ལྟར་ཆིངས་ཀྱིས་མ་བཅིངས་ན་རྒྱལ་ཁྲིམས་གཅོད་པའི་རྒྱལ་པོ་བཞིན་དུ་སྙན་ཁ་མང་ལ་ཆེ་བས་འགྲུབ་དཀའོ། །བདུད་ལ་ཁུགས་ཀྱི་གནད་ཀྱིས་བསྒྲུབ་ན་འགྲུབ་ཏེ། དེ་ལྟར་ཁུགས་ཀྱིས་མ་བཀུག་ན། ཕ་ཚན་དབང་ཆེན་དང་འདྲ་སྟེ་བགོ་བ་མི་ཉན། བཙན་ལ་སེ་ལོང་གི་གནད་ཀྱིས་བསྒྲུབ་ན་འགྲུབ། སེ་ལོང་མེད་ན་གྲོགས་པོ་ཁྲེལ་མེད་དང་འདྲ་སྟེ་རང་གི་བདུད་དུ་འོང་། གནོད་སྦྱིན་ཆུན་གྱི་གནད་ཀྱིས་བསྒྲུབ་ན་འགྲུབ། ཆུན་གྱིས་མ་གཅུན་ན་གཙོ་བོ་དབང་ཆེན་དང་འདྲ་སྟེ་ལྷ་རྒོད་གྲིར་འཆོར་རོ། །སྲིན་པོ་ཨར་ལ་གཏད་པའི་གནད་ཀྱིས་སྒྲུབ་ན་འགྲུབ། དེ་ལྟར་ཨར་གཏད་མ་ཤེས་ན་གཤེད་མ་རྩུབ་མོ་དང་འདྲ་སྟེ་རང་སྲོག་རང་གིས་བཅད་ཉེན་ཡོད། གཟའ་རྒོད་ལྟོ་བ་དཀྲུག་པའི་གནད་ཀྱིས་བསྒྲུབ་ན་འགྲུབ། ལྟོ་བ་མ་དཀྲུགས་ན་དམག་དཔོན་མེད་པའི་དམག་མི་དང་འདྲ་སྟེ་ལས་རྣམས་རྡུག་པར་འགྱུར། ཀླུ་ལ་ལོག་ནོན་གྱི་གནད་ཀྱི་བསྒྲུབ་ན་འགྲུབ། ལོག་ནོན་མེད་ན་སྦྲུལ་སྨྱུག་དོང་དུ་བཅུག་པར་དང་འདྲ་སྟེ་རང་ལ་ལོག་ཉེན་ཡོད། མ་མོ་ལ་དབང་དུ་བསྡུ་བའི་གནད་ཀྱིས་བསྒྲུབ་ན་བ གྲུབ། དབང་དུ་མ་འདུས་ན་གཟའ་དཔོན་མེད་པའི་བྱི་མོད་དང་འདྲ་སྟེ། འཁུ་ལྡོག་མང་ཞིང་ལས་ལ་གཡེལ་ལོ། །དེ་ལྟར་ལྷ་མ་སྲིན་སྡེ་བརྒྱད་ཀྱི་མཆོད་བརྟེན་སྒྲུབ་ལུགས་ངོ་ཤེས་ན་ཁྱི་བཟང་ཇོ་བོས་རྦད་པ་ལྟར་བསྒོབ་ཉན་ཞིང་རང་ལ་བླ་ཡིད་ཆགས་པས་ན། འཇིག་རྟེན་མཆོད་བསྟོད་ཀྱི་སྒྲུབ་པ་ཁྱི་སྙིང་འཁྲུད་མ་ལ་ཆགས་སུ་གཞུག་པའི་གནད་ཀྱིས་མཆོད་ཐབས་བརྟེན་ཐབས་གལ་ཆེའོ། །དེ་ཡང་དྲེགས་པ་འདི་དག་གཙོ་བོར་མཆོད་བརྟེན་གྱི་སྒོ་ནས་སྒྲུབ་ཅིང་། ཁྱད་པར་དུ་གོང་གནོན་གཉེན་པོའི་ལྷའི་ལྷ་སྔགས་ཏིང་འཛིན་གྱི་སྒོ་ནས་སྲོག་དབང་དུ་བསྡུ་བ་དང་། མཆོག་ཏུ་གྱུར་པ་ལྷ་སྲིན་རང་སེམས་སུ་ཤེས་པའི་ལྟ་བས་ཟིན་པ་གལ་ཆེ་ཞིང་མཐོང་ཁོལ་དངོས་སུ་འབྱུང་བའི་བར་དུ་སྒྲུབ་པ་བྱས་ན་ལས་གང་ཡང་ཐོགས་མེད་དུ་འགྲུབ་པར་འགྱུར་རོ། །བརྒྱད་པ་དམོད་པ་དྲག་སྔགས་ཀྱི་སྒྲུབ་པ་ཐམས་ཅད་འབོད་རྦད་བསད་གསུམ་གྱི་དགོངས་པར་འདུ་བ་སྔགས་ཀྱི་སྤུ་གྲིའི་མན་ངག་དུ་བསྟན་པ་ལ་དམོད་པ་ཐམས་ཅད་ལྷ་སྲིན་སྡེ་བརྒྱད་ཀྱི་རང་སྐད་དུ་བསྡུས་ཏེ་བཤད་དང་། དྲེགས་པ་ཐམས་ཅད་རྣོ་བའི་དཔེ་བརྒྱད་དུ་བསྡུས་ཏེ་བཤད་པ་དང་། སྔགས་ཐམས་ཅད་མཚོན་ཆ་རྣམ་པ་བརྒྱད་དུ་བསྡུས་ཏེ་བཤད་པ་དང་། སྒྲུབ་པ་ཐམས་ཅད་མན་ངག་རྣམ་པ་བརྒྱད་དུ་བསྡུས་ཏེ་བཤད་པ་བཞིར་གསུངས་ལ། གཞུང་གཞན་དུ་དམོད་པ་དྲག་སྔགས་རྫོང་འཕྲང་སྲོག་གསུམ་གྱི་དགོངས་པ་ཞེས་གསུངས་པ་དེ་ནི་སྒྲོལ་བ་ལམ་དུ་བྱེད་པའི་དྲག་སྔགས་ཐམས་ཅད་ཀྱི་གནད་དོན་ཡིན་པས་འདིར་ཡང་དེ་ལྟར་ཡིན་མོད་ཀྱང་སྐབས་འདིར་དམོད་པའི་དྲག་སྔགས་རང་གི་སྒེར་ཆོས་ཀྱི་སྤྱི་སྡོམས་བོད་རྦད་གསུམ་དུ་འཆད་ལ། གཞུང་ལས་དྲག་སྔགས་དུག་ལྔ་རང་བསད་ཀྱི་དགོངས་པ་གནད་ཀྱི་མན་ངག་བཞི་ལ་སོགས་པར་གསང་བ་ཡང་ཕལ་ཆེར་རྫོང་དང་འཕྲང་གི་གནད་ཀྱིས་དྲག་སྔག་ལོག་པར་མི་གོལ་བར་སྒྲོལ་བ་ལམ་དུ་སློང་པའི་གནད་ལ་དགོངས་ཤིང་། འདིར་ནི་དྲག་སྔགས་རང་གི་ནུས་པས་སྲོག་དམར་འབྱིན་དུ་བྱེད་པའི་དམོད་པའི་མཐུ་གཙོ་བོར་བརྗོད་པའི་སྐབས་ཡིན་པའི་ཕྱིར་གོང་ལྟར་འཆད་དོ། །དེ་ལ་དམོད་པ་ཐམས་ཅད་སྡེ་བརྒྱད་ཀྱི་རང་སྐད་དུ་བསྡུས་ཏེ་བཤད་པ་གང་ཞེ་ན། ཡེ་ཤེས་དང་འཇིག་རྟེན་པའི་ལྷའི་དྲག་སྡགས་ཀྱི་རྣམ་པ་མང་དུ་ཡོད་ཀྱང་། འཇིག་རྟེན་གྱི་དྲེགས་པའི་གཙོ་བོ་བསྡུས་པའི་སྔགས་བདག་དྲེགས་པ་བཅོ་བརྒྱད་རང་རང་གི་དམོད་པའི་སྔགས་དང་དེའི་སྒྲུབ་ཐབས་རྣམས་དྲག་སྔགས་ཀྱི་སྒྲུབ་ཐབས་འདིར་འབྱུང་ཞིང་། དྲེགས་པ་དེ་དག་སྡུས་ན་སྡེ་བརྒྱད་དུ་འདུས་པས་དེ་དག་གི་དམོད་པ་བརྒྱད་དུ་བསྡུས་ཏེ་བསྟན་པ་ནི། འཆི་བདག་གཤིན་རྗེའི་དམོད་པ་གཤིན་རྗེ་དུ་འབོད་ཀྱི་དམོད་པ་དང་། འདོད་ཁམས་མ་མོའི་དམོད་པ་མ་ལ་ངུ་འབོད་ཀྱི་དམོད་པ། ཆེ་དྲེག་ལྷའི་དམོད་པ་བཀའ་ཆད་དྲག་རྩལ་ཀྱི་དམོད་པ་དང་། གདུག་རྩུབ་གནོད་སྦྱིན་གྱི་དམོད་པ་གནོད་སྦྱིན་དྲག་པོ་ལྕེ་མདུང་གི་དམོད་པ་དང་། མྱུར་མགྱོགས་སྲིན་པོའི་དམོད་པ་སྲིན་པོ་དུང་བ་རོ་ལེན་གྱི་དམོད་པ་དང་། ཁྱབ་འཇུག་གཟའ་ཡི་དམོད་པ་འབྲུག་སྒྲ་གློག་འབྱིན་གྱི་དམོད་པ་དང་། གླེན་པ་ཀླུ་ཡི་དམོད་པ་སྤྲུལ་ནག་དུག་ལྕེའི་དམོད་པ་དང་། ཁྲམ་བདག་བདུད་ཀྱི་དམོད་པ་མུན་གླིང་སུམ་ཁུགས་ཀྱི་དམོད་པ་དང་བརྒྱད་དེ་དམོད་པ་དེ་དག་སྡེ་བརྒྱད་སོ་སོའི་རང་དམོད་ཡིན་ཏེ་སྔོན་ས་བོན་རྩུབ་མོས་འཕང་བས་སོ་སོའི་རང་རྒྱུད་རྩུབ་མོ་བླངས་ནས་རང་སྐད་དམོད་པ་དེ་རྣམས་སུ་སྒྲོགས་པས་གང་ལ་བྱ་བའི་སྙིང་སྲོག་ལ་འཕབ་པར་བྱེད་པའོ། །དེས་ན་དྲག་པོའི་དམོད་པ་འདི་དག་བཟླས་པའི་དབང་གིས་ཕ་རོལ་ཕུང་བར་བྱེད་པའི་མཐུ་ཅན་དུ་ཤེས་པར་བྱའོ། །གཉིས་པ་དྲེགས་པ་ཐམས་ཅད་རྣོ་བའི་དཔེ་བརྒྱད་དུ་བསྡུས་ཏེ་བཤད་པ་ནི། འཆི་བདག་གཤིན་རྗེའི་ཁྲམ་ཤིང་དེས་གང་ལ་བྱ་བ་རི་དྭགས་གདོས་སུ་བཅུག་པ་དང་འདྲ། དེ་བཞིན་དུ་འདོད་ཁམས་མ་མོའི་ནད་རྐྱལ་རིམས་ནད་ཁོང་དུ་ཞུགས་པ་དང་འདྲ། སྣང་སྲིད་ལྷའི་དལ་ཡམས་ཁོག་དུ་མཚོན་ཤོར་བ་དང་འདྲ། ཀུན་ཁྱབ་གཟའི་ཐོག་སེར་ཁོང་གི་འབྱུང་བ་ཁོང་ནས་འཁྲུགས་པའམ་ཐོག་བབ་པ་དང་འདྲ། གླེན་པ་ཀླུའི་དུག་ནི་སྦྱར་དུག་ཁོང་དུ་སོང་བ་དང་འདྲ། གདུག་རྩུབ་གནོད་སྦྱིན་གྱི་སྦྱོར་བ་བཙན་དུག་ཁོང་དུ་སོང་བའམ་ལྕགས་སྒྲོག་དང་འདྲ། མྱུར་མགྱོགས་སྲིན་པོའི་ཤན་དམར་གཅན་གཟན་འཇུམ་ནས་སེམས་ཅན་གྱི་སྲོག་གཅོད་པ་དང་འདྲ། ནག་པོ་བདུད་ཀྱི་ཁྲམ་ནག་ཚེ་ཟད་ལུས་འཕོ་བ་དང་འདྲ། དེ་ལྟར་ལྷ་སྲིན་དྲེགས་པས་འགྱིངས་པ་རྣམས་ལ་རང་རང་གི་དྲག་རྩལ་རེ་རེ་ཡོད་པས་དེ་ལ་གཏད་ཅིང་དེ་དག་གི་སྔགས་ཀྱི་ལས་ལ་བསྐུལ་ནས་དྲག་རྩལ་གྱི་ལས་བྱས་ན། གང་ཡང་རང་དབང་མེད་པར་གང་ལ་བྱ་བ་དེ་འཆོར་མི་སྲིད་ཅིང་རྡུལ་དུ་བླག་པར་བྱེད་དོ། །གསུམ་པ་སྔགས་ཐམས་ཅད་མཚོན་ཆ་རྣམ་པ་བརྒྱད་དུ་སྡུས་ཏེ་བཤད་པ་ནི། འཆི་བདག་གཤིན་རྗེའི་སྔགས་ནི་མཚོན་ཆའི་འཁོར་ལོ་བསྐོར་བ་དང་འདྲ་སྟེ་འཁོར་ཞིང་གཅོད། །འདོད་ཁམས་མ་མོའི་སྔགས་ནི་དཔག་ཆེན་མདའ་དང་འདྲ་སྟེ་མཐུ་རྩལ་ཆེ། ཆེ་དྲེག་ལྷའི་སྔགས་ནི་མདུང་ལ་དར་བཏགས་པ་དང་འདྲ་སྟེ་གསོར་ཞིང་འབིགས། ཁྱབ་འཇུག་གཟའི་སྔགས་ནི་སྟོབས་ཆེན་སྒྱོག་དང་འདྲ་སྟེ་དྲག་ལ་མྱུར། གླེན་པ་ཀླུའི་སྔགས་ནི་ས་འོག་རལ་གྲི་དང་འདྲ་སྟེ་མ་ཚོར་བར་གཅོད། གདུག་རྩུབ་གནོད་སྦྱིན་གྱི་སྔགས་ནི་འུར་རྡོ་དང་ཐོག་འདྲ་སྟེ་དྲག་ཅིང་རྩུབ། མྱུར་མགྱོགས་སྲིན་པོའི་སྔགས་ནི་དཔལ་བོའི་རལ་གྲི་དང་འདྲ་སྟེ་མྱུར་དུ་རྒོལ། ཁྲམ་བདག་བདུད་ཀྱི་སྔགས་ནི་གསང་བུག་དུ་མདའ་དང་འདྲ་སྟེ་ཟིན་ཤོར་གནད་ལ་བརྡེག །དེ་ལྟར་ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྔགས་ནི་མཚོན་ཆ་བརྒྱད་ཀྱི་འདེབས་ལུགས་དང་འདྲ་སྟེ་གང་ལ་བྱ་པའི་སྲོག་ལ་རྒོལ་བའི་མཐུ་ཡོད་པར་ཤེས་པར་བྱའོ། །བཞི་པ་སྒྲུབ་ཐབས་ཐམས་ཅད་མན་ངག་བརྒྱད་དུ་བསྡུས་ཏེ་བཤད་པ་ནི། འཆི་བདག་གཤིན་རྗེའི་དྲག་སྔགས་སྐྱེས་དར་མའི་སྙིང་ཤུན་ལ་བསྒྲུབ་པའི་མན་ངག །དེ་བཞིན་དུ་ནད་བདག་མ་མོའི་དྲག་སྔགས་སྣེལ་གྲི་མོའི་སྙིང་ཤུན་དུ་བསྒྲུབ་པ་དང་། གདུག་རྩུབ་གནོད་སྦྱིན་གྱི་དྲག་སྔགས་ར་ཁམས་པ་གདན་དམར་གྱི་སྙིང་ཤུན་དུ་བསྒྲུབ་པ་དང་། ཀུན་ཁྱབ་གཟའི་དྲག་སྔགས་ལུག་སྔོ་ཚེའམ་ར་ནག་པོའི་སྙིང་ཤུན་དུ་བསྒྲུབ་པ་དང་། དྲག་རྩལ་ལྷ་ཡི་དྲག་སྔགས་གཡག་དཀར་པོའི་སྙིང་ཤུན་དུ་བསྒྲུབ་པ་དང་། གདུག་པ་ཀླུ་ཡི་དྲག་སྔགས་སྦལ་བའི་སྙིང་ཤུན་དུ་བསྒྲུབ་པ་དང་། མྱུར་མགྱོགས་སྲིན་པོའི་དྲག་སྔགས་སྐྱེས་པ་གྲིར་ཤི་བའི་སྙིང་ཤུན་དུ་བསྒྲུབ་པ་དང་། ཁྲམ་བདག་བདུད་ཀྱི་དྲག་སྔགས་ལུག་ནག་པོའི་སྙིང་ཤུན་དུ་བསྒྲུབ་པའི་མན་ངག་སྟེ། དེ་ལྟར་སྙིང་ཤུན་རྣམ་པ་བརྒྱད་ནི། ལྷ་མ་སྲིད་སྡེ་བརྒྱད་ཀྱི་སྲོག་ལ་བརྟེན་ནས། དགྲ་བོའི་སྲོག་གཅོད་པའི་རང་གནད་རང་ལ་དབབ་པའི་མན་ངག་སྟེ། ཕྱག་ཆ་དགྲ་ལ་བསྐོར་བའི་མན་ངག་ཅེས་བྱའོ། །དེ་ལྟར་ན་དོན་དང་པོ་དྲག་སྔགས་ཀྱི་ངོ་བོ། ། གཉིས་པས་སྔགས་བདག་གི་མཐུ། །གསུམ་པས་སྔགས་ཀྱི་མཐུ། །བཞི་པས་སྒྲུབ་ཐབས་ཀྱི་མན་ངག་གི་ཚུལ་ཙམ་སྨོས་པ་སྟེ། དྲག་སྔགས་ལག་ཏུ་ལེན་པའི་གོང་གནོན་སྟོབས་ལྡན་ནག་པོའི་བསྙེན་པ་མཐར་དབྱུང་ལ། འཁོར་འདས་སྟོང་སྲོག་འཕྲོག་པའི་ལྟ་བའི་གདིང་དང་ལྡན་པའི་སྒོ་ནས་གང་རྦད་པའི་དྲེགས་པ་དེ་ཉིད་ཐོག་མར་འབོད། བར་དུ་རྦད། མཐར་ལས་ལ་སྦྱར་བའི་ཚུལ་གྱིས་སྒྲུབ་པ་ཡིན་ཞིང་། བསྙེན་སྒྲུབ་དང་འབོད་རྦད་ལ་མི་ལྟོས་པར་གློ་བུར་ཅོག་བརྡུང་རལ་གྲི་ཕྱུང་བརྡེག་གི་དྲག་སྔགས་ལས་ལ་སྦྱོར་བའང་ཡོད་པ་སོགས་ཀྱི་གནད་ནི་སོ་སོའི་གཞུང་དང་མན་ངག་གི་རིམ་པ་བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་ཡན་ཆད་ཀྱིས་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་དགོངས་པའི་མདོ་བཤད་པ་སོང་ནས། ༈ ད་ནི་ཚོམ་བུ་དགུའི་ནང་ཚན་རིག་འཛིན་བླ་མའི་སྒྲུབ་ཐབས་ཀྱ ི་དགོངས་པ་མདོ་ཙམ་ཁ་སྐོང་དུ་བརྗོད་ན་བླ་མ་རིག་འཛིན་གྱི་སྒྲུབ་པ་ཐམས་ཅད་ནི་བསྙེན་སྒྲུབ་རྣམ་པ་བཞིའམ་བསྙེན་སྒྲུབ་ལས་གསུམ་དུ་འདུ་བ་ཡིན་ཏེ། འདི་ལ་གཞུང་གཞན་དུ་རིག་འཛིན་བླ་མ་བྱིན་རླབས་ཀྱི་དགོངས་པ་ཐུགས་གསལ་རྣམ་དག་ཅེས་ཀྱང་གསུངས་སོ། །དེ་ལ་སྤྱིར་ཐེག་པ་ཆེ་ཆུང་གི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལ་བརྟེན་ནས་འབྱུང་སྟེ། རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དགྲ་བཅོམ་ཉན་ཐོས་རང་རྒྱལ་དག །སོ་སོའི་སྐྱེ་བོ་དང་པོ་པའི། །ཡོན་ཏན་ཕུན་ཚོགས་མ་ལུས་པ། །གོང་མ་དག་ལ་བརྟེན་པས་འབྱུང་། །ཞེས་གསུངས་ལ། ཁྱད་པར་དུ་གསང་སྔགས་ཟབ་མོའི་དངོས་གྲུབ་ཐམས་ཅད་བླ་མ་ལ་བརྟེན་ཏེ་འབྱུང་གི་གཞན་དུ་ནམ་ཡང་མ་ཡིན་ཏེ། བླ་མས་དབང་གིས་སྨིན་པར་མ་བྱས་པ་ལ་གསང་སྔགས་ཉན་པ་ཙམ་གྱི་སྐལ་པའང་མེད་ལ། དབང་ཐོབ་ནས་ཀྱང་ཐུན་མོང་དང་ཐུན་མིན་གྱི་མན་ངག་རྣམས་བླ་མས་བསྟན་པ་ལས་ཤེས་དགོས་ཤིང་། མ་བསྟན་པ་དང་བཀའ་ལུང་ནོན་པ་མེད་པར་སྔགས་ཀྱི་ལས་ཕྲ་མོ་ལ་སྤྱོད་ནའང་ཆོས་ལ་དབང་ཟ་བའི་ཉེས་པ་ཡོད་པ་དང་། སྒྲུབ་པ་ཆུད་ཟ་ལ་འབྲས་བུ་མི་འབྱིན་པ་སོགས་ཉེས་པ་ཆེ་བས་སྔགས་ཀྱི་དངོས་གྲུབ་ཆེ་ཕྲ་ཇི་ཐོབ་པ་བླ་མའི་ཐུགས་མཉེས་ནས་བྱིན་རླབས་ཞུགས་པ་ཁོ་ནས་བྱེད་པ་ཡིན་པས་ལས་ཕྲ་མོ་སྒྲུབ་པའི་གདམ་པ་ཞིག་ཞུ་ནའང་ཡོན་སོགས་ཀྱིས་བླ་མ་མཉེས་པར་བྱས་ན་ཚེགས་མེད་པར་འགྲུབ་ཀྱི་དེ་ལས་བཟློག་ན་ཉེས་པ་འབྱུང་བའི་ཚུལ་ལུང་དང་ལོ་རྒྱུས་རྣམས་ལས་རྒྱ་ཆེ་འབྱུང་བ་ལྟར་ངེས་པ་རྙེད་པ་གལ་ཆེ་ཞིང་། ཁྱད་པར་དུ་ལྟ་བ་ཆོས་ཉིད་ཀྱི་རྗོད་ཚིག་དང་དཔེ་ལས་འདས་པའི་དོན་གྱི་ལྷན་ཅིག་སྐྱེས་པ་རྟོགས་པ་ནི་བླ་མའི་མན་ངག་གིས་ངོ་སྤྲད་པ་འམ། དོན་བརྒྱུད་ཀྱི་བྱིན་རླབས་འཕོ་བ་ཁོ་ན་ལས་གཞན་གང་གིས་ཀྱང་མི་ནུས་པའི་ཕྱིར་ཏེ་རྒྱུད་ལས་ཀྱང་། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་སོགས་བཀའ་དང་དགོངས་འབྲེལ་རྣམས་ནས་ཡང་ཡང་གསུངས་ཤིང་། དཔེ་ཇི་ལྟར་ན་ཉི་མ་ཡོད་ཀྱང། མཚམས་སྦྱར་རྐྱེན་མེ་ཤེལ་མེད་ན་སྤྲ་བ་ལ་མེ་འབྱུང་བའི་ཐབས་མེད་པ་ལྟར། དུས་གསུམ་གྱིས་སངས་རྒྱས་སྲས་བཅས་བཞུགས་སུ་ཟིན་ཀྱང་། བླ་མ་མེད་ན་སློབ་མའི་རྒྱུད་ལ་ལྷ་རྣམས་ཀྱི་བྱིན་རླབས་དང་ཟབ་མོའི་རྟོགས་པ་འཇུག་པ་མེད་པས་ན་བླ་མ་ཁོ་ན་བྱིན་རླབས་ཀྱི་རྩ་བ་དངོས་གྲུབ་ཀྱི་འབྱུང་གནས། ཕྲིན་ལས་ཀྱི་གཞི་མ་ཡིན་ཏེ། །སྔོན་གྲུབ་པ་ཐོབ་པའི་རིག་འཛིན་རྣམས་ཀྱིས་ཡི་དམ་གྱི་ལྷ་ཞལ་དངོས་སུ་བསྟན་པའི་ཚེ་ན་སློབ་མ་ཕལ་གྱི་ཡི་དམ་ཆེད་ཆེར་བཟུང་བས་རྟེན་འབྲེལ་འཆུག་ནས་དངོས་གྲུབ་མ་ཐོབ་པའི་ལོ་རྒྱུས་ལྟར་བླ་མ་ཉིད་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཡིན་ཏེ། མཚན་ཉིད་དང་ལྡན་པའི་བླ་མའི་ཐུགས་ཡེ་ཤེས་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཡིན་ལ། རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མའི་བ་སྤུའི་ཁུང་བུར་རྒྱལ་བ་རབ་འབྱམས་བཞུགས་ནས་བྱིན་གྱིས་རློབ་པར་གསུངས་པས། རང་གི་བླ་མ་དེ་ཡོན་ཏན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་དང་མཉམ་ལ། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་བྱང་སེམས་མང་པོ་བཞུགས་ཀྱང་མི་མཐོང་བའི་སྐལ་ངན་བདག་ལ་སངས་རྒྱས་སྲས་བཅས་ཀྱི་ཕྲིན་ལས་མཛད་པའི་ཕྱིར་སངས་རྒྱས་ལས་ཀྱང་ལྷག་པས་ན་དཀོན་མཆོག་ཀུན་འདུས་སམ་དཀོན་མཆོག་བཞི་པར་གྲགས་པ་གསང་སྔགས་སྟོན་པའི་བླ་མ་ལ་མཆོད་པ་ཕུལ་ན་དེའི་བ་སྤུའི་བུ་ག་གཅིག་མཆོད་ཀྱང་། ཕྱོགས་བཅུའི་སངས་རྒྱས་མཆོད་པ་ལས་ཆེས་འཕགས་པ་དང་། བརྙས་ན་ཕྱོགས་བཅུའི་སངས་རྒྱས་ལ་ཐུགས་མི་མཉེས་པར་སྒྲུབ་པ་ལས་ཆེས་ལྕི་བའི་ཚུལ་རྒྱུད་ལུང་རྣམས་ནས་རྒྱ་ཆེར་གསུངས་པའི་དོན་ཡིད་ལ་བཞག་ནས་སྔགས་ཀྱི་དངོས་གྲུབ་འདོད་པས་བླ་མ་རིག་པ་འཛིན་པ་བརྟེན་པར་བྱ་སྟེ། རིག་འཛིན་རྩ་རྒྱུད་ལས། དེ་བས་དང་པོའི་ལས་ཅན་གྱིས། ཐོག་མ་ཉིད་དུ་འབད་པ་ཡིས། རིག་པ་འཛིན་པ་ཉེ་བར་བརྟེན། ཞེས་གསུངས་པ་བཞིན་དུ། བྱིན་རླབས་བླ་མའི་སྒྲུབ་པ་ནི་ཤིན་ཏུ་གལ་ཆེ་སྟེ། དཔལ་ཨོ་རྒྱན་ཆེན་པོས་བདེ་གཤེགས་འདུས་པའི་བསྐྱེད་རྫོགས་ཆེན་མོའི་ཏི་ཀ་ལས་རིག་འཛིན་ནི་བླ་མ་སྒྲུལ་པར་བྱ་བ་ཡིན་ཏེ་ཤིན་ཏུ་གལ་ཆེ། བསྐྱེད་ན་རང་ཡི་དམ་གང་བྱེད་དུ་སྒོམ། དེའི་སྤྱི་བོར་བླ་མ་བསྒོམ། འཁོར་རིག་འཛིན་རྣམས་བསྐྱེད་ལ་སོ་སོ་ནས་སྤྱན་དྲང་བ་ལ་སོགས་པ་མ་འདྲེས་པར་བྱས་པས། བྱིན་རླབས་ཆེན་པོ་མོད་ལ་འབྱུང་ངོ་། །ཞེས་གསུངས་པ་གཞིན། རིག་འཛིན་བླ་མ་སྒྲུབ་པའི་ཚུལ་ལ་སྤྱི་དང་ཁྱད་པར་གཉིས། དང་པོ་ནི་སྤྱིར་དགེ་ལེགས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དང་། ཁྱད་པར་རྡོ་རྗེའི་ཐེག་པའི་ལམ་གྱི་རྩ་བར་གྱུར་པ་བླ་མ་མཚན་ཉིད་དང་ལྡན་པ་དེའི་དྲུང་དུ་བསྙེན་ནས་ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་ཐུགས་མཉེས་པར་བྱས་ལ་སྨིན་གྲོལ་གྱི་གདམ་པ་ལེགས་པར་ནོད་ཅིང་བླ་མའི་ཐུགས་མཛོད་ལོན་པ་ནི་བསྙེན་པའོ། །དེ་ཡང་རིང་ལུགས་རྡོ་རྗེ་རྩེ་མོའི་གྲུབ་མཐའ་སྙོགས་མི་སྙོག་ཀྱི་གནད་ནི། ཐོས་བསམ་རྒྱ་ཆེན་པོ་དང་བསགས་སྦྱང་ཕྱི་ཚུལ་སོགས་ཇི་ལྟར་ཕུན་སུམ་ཚོགས་པར་བྱས་ཀྱང་། དེ་ཁོ་ན་ཐུན་མིན་ལམ་གྱི་གྲུབ་མཐའ་ཟིན་པའི་ངེས་པ་མེད་ཅིང་། རྫོགས་པ་ཆེན་པོའི་དོན་བརྒྱུད་དང་ལྡན་པའི་བླ་མ། སེམས་ཉིད་ཆོས་སྐུར་ངོ་སྤྲོད་པའི་མན་ངག་སྙན་ཁུང་དུ་བརྒྱུད་ནུས་པ་རང་དང་སྐལ་བ་མཉམ་པའི་མི་ཡི་ཚུལ་དུ་བསྟན་པའི་བཤེས་གཉེན་ཆེན་པོ་དེ་ལྟ་བུ་གང་ན་ཡོད་ཀྱང་ཡོན་ཏན་དེ་ཁོ་ནས་སངས་རྒྱས་དང་མཚུངས་པར་རྙེད་དཀའ་བའི་འདུ་ཤེས་ཀྱིས་སྒོ་གསུམ་གཡོ་ཟོལ་མེད་པར་གུས་པས་བརྟེན་ནས་ཐུགས་མཛོད་ལོན་པ་དེ་གཅིག་པུས་རྡོ་རྗེའི་སྙིང་པོའི་གྲུབ་མཐའ་སྙོགས་པ་འབྱུང་བས་ན། རྒྱལ་བ་རིག་འཛིན་བརྒྱུད་པ་དང་བཅས་པས་ཡང་ཡང་གསུངས་པ་ལྟར། གསང་སྔགས་སྙིང་པོའི་ལམ་ཚོལ་བ་རྣམས་ཀྱི་བླ་མ་མཚན་ཉིད་དང་ལྡན་པ་དབང་བཞི་པའི་ཡེ་ཤེས་ལ་མྱོང་བ་ཅན་བསྟེན་པར་བྱ་བ་ལས། གཞན་གང་གིས་ཀྱང་མི་ཕན་པ་འདི་ཁོ་ན་མི་ཤེས་སུ་མི་རུང་བའི་གནད་ཡིན་པས། རིག་འཛིན་གོང་མ་རྣམས་ཀྱི་ལམ་མ་ནོར་བ་འདི་ལ་ལམ་ཉིད་དུ་ངོ་ཤེས་པའི་ངེས་ཤེས་སུ་ལ་ལྡན་པ་དེ་ལ་གསང་སྔགས་སྙིང་པོའི་སྐལ་བ་ཡོད་པའི་ཕྱིར། ཐོབ་གྲངས་དང་བཟླས་གྲངས་བླ་མ་མང་པོ་བརྟེན་པའི་གྲངས་ཙམ་ཞིག་ལ་བློ་གདིང་མི་འཆའ་བར་རང་སེམས་ཆོས་སྐུར་ངོ་སྤྲོད་པའི་མན་ངག་ཟབ་མོ་དཔལ་ལྡན་བླ་མའི་ཞལ་ནས་མཉན་ཏེ། དེ་ལ་ནན་ཏན་སྙིང་པོར་བྱ་བ་འདི་ཁོ་ན་བཤད་བཤད་ཀྱི་སྙིང་པོ། །སྒྲུབ་སྒྲུབ་ཀྱི་འབྲས་བུ། བཙལ་བཙལ་གྱི་དོན་པོ་ཡིན་པས་གནད་འདི་མ་སྟོར་བར་གྱུར་པ་ཅིས་ཀྱང་གལ་ཆེའོ། །དེ་ནས་བླ་མའི་གདམ་ངག་ཕོག་པ་བཞིན་དུ་བསྐྱེད་རྫོགས་ཟབ་མོའི་དོན་རྩེ་གཅིག་ཉམས་སུ་བླངས་ནས་བླ་མའི་ཐུགས་དང་དབྱེར་མེད་ཀྱི་དགོངས་པ་ཐོབ་པ་ནི་སྒྲུབ་པའོ། །དེ་ལྟར་རང་སེམས་གཉུག་མ་རྟོགས་པའི་དངོས་གྲུབ་ཐོབ་ནས་བསྟན་པ་དང་སེམས་ཅན་གྱི་དོན་ཇི་ལྟར་ནུས་པ་བཞིན་དུ་བྱེད་ཅིང་ཁྱད་པར་དུ་ཐེག་མཆོག་སྙིང་པོའི་བསྟན་པ་སྤེལ་བ་ནི་ལས་སྤྱོར་ཏེ། ཚུལ་དེས་རིག་འཛིན་གོང་མ་རྣམས་ཀྱི་ཐུགས་ཀྱི་བཞེད་པ་སྐོང་ཞིང་གདུང་འཛིན། རང་གིས་དངོས་གྲུབ་ཐོབ། གཞན་གྱི་དོན་བྱས་ནས་རང་ཡང་རིག་འཛིན་གྱི་གྲལ་ལ་གནས་པར་འགྱུར་རོ། །གཉིས་པ་ཁྱད་པར་དུ་བྱིན་རླབས་ཀྱི་རྩ་བ་བླ་མ་ཐམས་ཅད་ངོ་བོ་རིགས་བསྡུས་ནས་གྲུབ་པའི་རིག་འཛིན་དགུ་དང་། ལམ་གྱི་རིག་འཛིན་བཞི། རྡོ་རྗེ་སློབ་དཔོན་བཞི། འཁོར་དཔའ་བོ་མཁའ་འགྲོ་དང་བཅས་བའི་དཀྱིལ་འཁོར་དེ་ཉིད་བྱིན་རླབས་གསོལ་འདེབས་ཀྱི་ཚུལ་དུ་བསྙེན་པ་དང་ཉེ་བསྙེན་བྱ། རང་དང་དབྱེར་མེད་པའི་རྣལ་འབྱོར་གྱི་སྒོ་ནས་སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་ཚུལ་གྱིས་རིག་འཛིན་བླ་མའི་གོ་འཕང་སྒྲུབ་པའམ། ཡང་ན་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་ཚུལ་གྱིས་བྱིན་རླབས་བླ་མའི་སྒྲུབ་པ་མཐར་དབྱུང་བར་བྱ་སྟེ། དེ་དག་གི་ཚུལ་རྒྱས་པ་ནི། རིག་འཛིན་འདུས་པ་རྩ་བའི་རྒྱུད་དང་། དེ་དག་གི་སྒྲུབ་ཐབས་ལ་སོགས་པའི་ཁུང་དང་མན་ངག་རྣམས་ཀྱི་དགོངས་དོན་བཞིན་དུ་བྱིན་རླབས་བླ་མའི་སྒྲུབ་པ་སྤྱི་དང་ཀུན་འདུས་པདྨ་ཐོད་ཕྲེང་གི་སྒྲུབ་ཐབས་རྣམས་རང་རང་གི་གཞུང་བཞིན་བསྐྱེད་པ་དང་རྫོགས་པའི་ཚུལ་གྱིས་ཉམས་སུ་བླང་བར་བྱའོ། །དེ་ལྟར་རབ་འབྱམས་ཞི་ཁྲོའི་ཁྱབ་བདག་དངོས་གྲུབ་ཐམས་ཅད་ཀྱི་ཉེ་ལམ་དམ་པ་དཔལ་ལྡན་ཚོམ་བུ་དགུ་ཡི་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་དག་གི་དགོངས་པའི་དོན་རྣམ་པར་བཞག་པ་དེ་དག་ཀྱང་སོ་སོའི་ལུགས་ཀྱིས་ཇི་ལྟར་བཤད་ཀྱང་དོན་གྱི་མཐའ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རིག་པ་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་པོ་འདི་ལ་ཐ་མི་དད་པ་འདུ་ཞིང་དབྱེར་མེད་པར་གྱུར་པ་ཁོ་ན་ཡིན་ཏེ། དེ་ཉིད་ལ་སྐུ་འཇམ་དཔལ་འཆི་མེད་ཀྱི་དགོངས་པ། གསུང་རྟ་སྐད་ཐེང་གཅིག །ཐུགས་ཡང་དག་སྒྲུབ་པ། ཡོན་ཏན་བདུད་རྩི་རྣམ་དག་ལ་སོགས་པ་ཉིད་དུ་བརྗོད་པ་ལས་གཞན་དུ་མེད་ཅིང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ངེས་པ་དོན་གྱི་གནས་ལུགས་འདི་ཉིད་དུ་མཉམ་པར་གྱུར་པ་ཡིན་ནོ། །དེ་སྐད་དུ་ཡང་། བཀྲ་ཤིས་རིག་པའི་ཁུ་བྱུག་གི་རྒྱུད་ལས། །ཆོས་སྐུ་རོ་གཅིག་འགྲོ་དོན་བྱེད་མཉམ་སྟེ། །མོས་པའི་བློ་ལ་སོ་སོ་ཉིད་དུ་གསལ། །ཡེ་ཤེས་དབྱིངས་སུ་ཕྱག་རྒྱ་ཀུན་གཅིག་ཕྱིར། །བདེ་གཤེགས་གཅིག་བསྒོམ་རྒྱལ་བ་ཀུན་གྱི་ངང་། །ཞེས་གསུངས་པ་བཞིན་ནོ། ༈ །ད་ནི་ས་བཅད་གཉིས་པ་གོང་དུ་བསྟན་པའི་དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱ་ཀྱི་དགོངས་པའི་དོན་དེ་ཐམས་ཅད་ཉམས་ལེན་གནད་དུ་དྲིལ་ན། གསང་སྔགས་ཀྱི་བསླབ་པའི་མཐའ་བཅུའམ་དྲུག་ཏུ་འདུ་སྟེ། རྒྱུད་ཐོས་པས་གྲོལ། སྒོ་ཀུན་ནས་སྡུད། མདོ་གཅིག་ཏུ་བསྡུས། མཁས་པ་ཕུལ་དུ་ཕྱིན་པར་བསླབ་པ་བཞིས་སྒྲོ་འདོགས་བཅད་པར་བྱ་སྟེ། ཐོག་མར་རྒྱུད་ལུང་མན་ངག་གི་དོན་ཟབ་མོ་མ་ཐོས་ན་བླང་དོར་གྱི་དམིགས་མི་འབྱེད་པས་རྒྱུད་ཐོས་པས་གྲོལ་བ་རྟ་ཕོ་སྒྲོགས་བཀྲོལ་བ་ལྟ་བུ་གཞིར་བཞུག །དེ་ཡང་ཐོས་པ་ཉུང་ངུས་ཤེས་རབ་རྒྱ་ཆེན་པོ་གྲོལ་བར་མི་ནུས་པས་ཐོས་པའི་སྒོ་མང་པོ་བཙལ་ཏེ་སྒོ་ཀུན་ནས་སྡུད་པ་བུང་བ་ཚང་ཚོལ་བ་ལྟ་བུས་མང་དུ་ཐོས་པར་བྱ། མང་དུ་ཐོས་ཀྱང་ལག་ལེན་གནད་དུ་མ་ཁེལ་ན་རང་རྒྱུད་མི་གྲོལ་བས་མཐར་ཐུག་པའི་མན་ངག་གི་གནད་ཟབ་མོ་ཉམས་འོག་ཏུ་ཚུད་པར་བྱས་ནས་མདོ་གཅིག་ཏུ་སྡུད་པ་ཚོང་པ་ཁེ་ཚོལ་བ་ལྟ་བུའི་དོན་གནད་དུ་ཕོག་པར་བྱ། དེ་ལྟར་བྱས་ནས་ཐོས་པས་རྒྱུད་ཀྱི་དོན་ཤེས། ལུང་གིས་རྒྱུད་དོན་ཉམས་སུ་བླང་། མན་ངག་གིས་ཡིད་ཆེས་ནས་ཐེ་ཚོམ་མེད་པའི་གདིང་དང་ལྡན་པར་བསླབ་པའི་སྒོ་ནས་མཁས་པ་ཕུལ་དུ་ཕྱིན་པ་རི་མཐོན་པོའི་རྩེར་ཕྱིན་པ་ལྟ་བུ་ཞིག་བྱ་སྟེ། དེ་བཞི་ནི་གསང་སྔགས་ལ་བསླབ་པའི་ཚུལ་ལོ། །དེ་བཞིའི་སྟེང་དུ་བསླབ་བྱའི་ཡུལ་གྱི་ཆ་ནས་བསླབ་པའི་མཐའ་དྲུག་དུ་གསུངས་པ་བསྣན་ནས་བསླབ་པའི་མཐའ་བཅུར་བཞེད་དོ། །དེ་ལ་བསླབ་པའི་མཐའ་དྲུག་གང་ཞེ་ན། རིམ་པ་དབང་གིས་བགྲོད། གཞི་དམ་ཚིག་གིས་བཟུང་ཐག་ལྟ་བས་བཅད། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། ལ་སྤྱོད་པས་དོར། དོན་མན་ངག་གིས་སྒྲུབ་པ་དྲུག་གོ། །དེ་ལ་རིམ་པ་དབང་གིས་བགྲོད་པ་ནི་གསང་སྔགས་ཀྱི་དབང་ཐོབ་པ་དང་གསང་བའི་དབང་ཐོབ་ནས་ཉོན་མོངས་པས་མི་བརྫི་བའི་ལས་ཅན་དུ་གྱུར་པ་རྒྱལ་བུ་རྒྱལ་ས་ཟིན་པ་ལྟ་བུའོ། །གཞི་དམ་ཚིག་གིས་བཟུང་བ་ནི་བླ་མ་མཉེས་པར་བྱས་ལ་ཇི་སྐད་གསུངས་པའ ི་དམ་ཚིག་ལས་མི་འདའ་བ་ཞིང་ས་གཤིན་པོ་ལྟ་བུ་དངོས་གྲུབ་ཀྱི་ལོ་ཏོག་སྐྱེ་རུང་བའི་ལས་ཅན་ནོ། །ཐག་ལྟ་བས་བཅད་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་སུ་འདུ་ལ་སེམས་ཡེ་ནས་སངས་རྒྱས་པ་རང་བྱུང་གི་ཡེ་ཤེས་སུ་རྟོགས་ནས་བྱ་རྩོལ་རེ་དོགས་དང་བྲལ་ཏེ་བག་ཡངས་སུ་རྒྱུ་བ་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟ་བུའོ། །ཉམས་སུ་ཏིང་ངེ་འཛིན་གྱི་བླང་བ་ནི་ཤེས་རབ་ཀྱིས་དམིགས་པའི་དོན་ལ་ཏིང་ངེ་འཛིན་གྱིས་གཡེང་བ་མེད་པར་རྩེ་གཅིག་བྱས་པ་ནོར་བུ་རིན་པོ་ཆེ་ལེན་པ་ལྟ་བུའོ། །ལ་སྤྱོད་པས་དོར་བ་ནི་མཉམ་བཞག་ཏུ་བྱ་བའི་ལས་ཐམས་ཅད་སྤང་ནས་སྒོམ་པའི་ལས་ལ་འཇུག་པ་དང་རྗེས་ཐོབ་ཏུ་བླང་དོར་མེད་པ་མཉམ་པ་ཉིད་ཀྱི་ལྟ་བུ་ཟབ་མོ་དང་མཐུན་པར་འཇིགས་མེད་ཏུ་རྒྱུ་ཞིང་ཕྲིན་ལས་སྣ་ཚོགས་ལ་ཇི་ལྟར་འདོད་པ་བཞིན་འཇུག་པ་གླང་པོ་ཆེ་ཆུར་འཇུག་པ་ལྟ་བུའོ། །དོན་མན་ངག་གིས་སྒྲུབ་པ་ནི་གང་ཆེད་དུ་སྒྲུབ་པའི་དོན་ལ་གནད་དུ་འབྱོར་བའི་མན་ངག་གིས་ཐེ་ཚོམ་མེད་པའི་གདིང་དང་ལྡན་པར་སྒྲུབ་པས་ཉམས་སུ་ལོན་ནས་ཏིང་འཛིན་ཐོབ་པའི་དུས་ན་བདུད་བཞི་ཆོམ་ནས་སྐུ་གསུམ་ཐོབ་པ་རིན་པོ་ཆེ་ཉོས་པ་ལྟ་བུའོ། །དེ་ལྟར་མཐའ་དྲུག་ལ་བསླབ་ཅིང་ཤེར་ཏིང་གི་ཡོ་བྱད་གཉིས་ལ་ལོངས་སྤྱོད་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའོ། །ཞེས་གསུངས་སོ། །དེ་ལྟར་བསྒྲུབ་པའི་མཐའ་བཅུ་འམ་དྲུག་ཏུ་བསྟན་པའི་ཚུལ་གྱིས་སྒྲུབ་པ་ཆེན་པོས་བརྒྱད་ཀྱི་དགོངས་དོན་ལ་འཇུག་ཚུལ་དེ་ཡང་གནད་བསྡུས་ན་རྫོང་འཕྲང་སྲོག་གསུམ་གྱི་ཉམས་ལེན་ལ་འདུ་བས་དེ་མདོ་ཙམ་བཤད་ན། རྫོང་ནི་ལྟ་བ་ཡིན་ཏེ་ལྟ་བ་གདིང་ལྡན་གྱི་རྫོང་ཟིན་ན་གང་ལས་ཀྱང་མི་འཇིགས་པར་རང་ཉིད་གཏན་སྲིད་ཟིན་པའི་ཕྱིར་རོ། །ལྟ་བའི་རྫོང་འཛིན་པ་ལ། སྒོམ་པའི་འཕྲང་ནས་དེར་འགྲོད་དགོས་ཏེ། ལྟ་ཐོག་ཏུ་མྱོང་བས་མ་སླེབ་ན་གོ་ཡུལ་ཙམ་གྱིས་མི་ཕན་པས་སྒོམ་པའི་འཕྲང་བགྲོད་ནས་ལྟ་བའི་རྫོང་དུ་ཕྲིན་པར་བྱེད་དགོས་སོ། །དེས་ན་ལྟ་དོན་བཞིན་བསྒོམ་པ་གལ་ཆེ་སྟེ། མ་སྒོམ་པར་སངས་རྒྱས་བ་ནི་རྡོ་རྗེ་སེམས་དཔས་ཀྱང་མ་གསུངས་སོ་ཞེས་གདམ་པ་ཡིན་ནོ། །སྒོམ་པའི་འཕྲང་ལས་ལྟ་བའི་རྫོང་ཟིན་ཏེ་སྤྱོད་པའི་སྒོ་ནས་སྲོག་ཕྲོག་པས་འཁོར་འདས་ཀྱི་ཆོས་ཀུན་ལ་དབང་བསྒྱུར་བ་ཐོབ་པས་ན་དེ་ལྟ་བུ་ནི་རྣལ་འབྱོར་དབང་ཕྱུག་ཆེན་པོའི་དགོངས་པ་ཞེས་བྱའོ། །དེ་ལ་ལྟ་བའི་རྫོང་གང་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་སེམས་སུ་འདུ་ལ། རང་གི་སེམས་ཡེ་ནས་སྐྱེ་འགག་མེད་པ་མཉམ་པ་ཉིད་རང་བྱུང་གི་ཡེ་ཤེས་གདོད་མའི་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་སུ་རྒྱུད་དང་ལུང་གི་དགོངས་པ་བཞིན་བླ་མའི་མན་ངག་གིས་གནད་དུ་ཕོག་སྟེ་ངོ་འཕྲོད་པ་ནི་རྫོང་ཞེས་བྱ་སྟེ། འཁོར་འདས་སྟོང་སྲོག་འཕྲོག་བའི་གནད་མཐར་ཐུག་པ་འདི་ཡིན་ཏེ། སེམས་གྱི་རང་བཞིན་གཉུག་མའི་ཡེ་ཤེས་ངོས་ཟིན་ན། སྒྲུབ་བྱའི་ལྷ་དང་འཇིག་རྟེན་གྱི་དྲེགས་པ་དང་། སྣང་སྲིད་ཀྱི་ཆོས་ཐམས་ཅད་དེ་ཁོ་ན་ཉིད་ཉག་གཅིག་གི་ཀློང་དུ་མཐར་ཕྱིན་ཅིང་འུབ་ཆུབ་པ་ཡིན་ནོ། །འདི་ལ་གསང་སྔགས་བཀའ་ཡི་ཐ་རམ་ལས་ལྟ་བའི་རྫོང་དང་འཕྲང་གཉིས་དང་། རྫོང་ལའང་ཁྱབ་བདལ་བདེ་ཆེན་རྫོགས་པའི་རྫོང་དང་འུབ་ཆུབ་ཀུན་འདུས་དགོངས་པའི་རྫོང་ཞེས་སུ་དབྱེ་ཞིང་གསུངས་པ་དང་། བཀའ་བརྒྱད་རྫོང་འཕྲང་ལས་རྫོང་གི་ཆོས་གསུམ་སྟེ་ཀུན་གཞི་གནད་ཀྱི་སྟོང་ཐུན། འབྲས་བུ་སྐུ་གསུམ་ལྷུན་གྲུབ། མ་རིག་སྒོ་ངའི་སྦུབ་འབྱེད་གསུམ་གྱིས་བསྟན་པ་དང་། གཞན་ཡང་དགོངས་པའི་དོན་བཅུ་སོགས་ཀྱིས་བསྟན་པ་ལ་སོགས་བ་ལྟ་བའི་གནས་བཤད་པའི་ལུང་དང་མན་དག་ཐམས་ཅད་དོན་ལ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་དེ་ཁོ་ནའི་གནད་ལ་ཐུག་པ་ཡིན་ནོ། །གཉིས་པ་ནི་ཏིང་ངེ་འཛིན་ལ་བརྟེན་པ་ཐོབ་དགོས་པས་རེ་ཞིག་བཀའ་བརྒྱད་རྫོང་འཕྲང་ལས་གསུངས་པ་ལྟར་ཕྱག་བཞེས་ཀྱི་དབང་དུ་བྱས་ཏེ་ཐོག་མར་རས་བྲིས་ཀྱི་ལྷ་སྐུ་ལྟ་བུ་ལ་ལྟ་ཞིང་དམིགས་རྟེན་བྱས་ཏེ་མ་ཡེངས་པར་བསྒོམ་པས་དམིགས་པ་ཟིན་ཅིང་བརྟན་པ་ན་ཡིད་ཡུལ་དུ་བསྒོམ་ཞིང་ཉམས་ལྔ་མཐར་ཕྱིན་པར་བྱས་པའི་ལག་རྗེས་ལ་གསལ་བ་གསུམ་འབྱུང་སྟེ། དང་པོ་ཡིད་ཀྱི་ཡུལ་དུ་མེ་ལོང་ལ་གཟུགས་བརྙན་ལྟར་ལྷང་ངེར་གསལ་ཞིང་མི་གཡོ་བ་འབྱུང་། དེ་ནས་རང་གི་དབང་པོའི་ཡུལ་དུ་མཐོང་རེག་གི་རྣམ་པ་ཅན་དུ་གསལ། མཐར་ལུས་ཀྱི་ཡུལ་དུ་གསལ་བ་ཞེས་ཏིང་ངེ་འཛིན་གྱི་སྤྲུལ་པ་རང་གཞན་ཀུན་གྱི་སྤྱོད་ཡུལ་དུ་དངོས་སུ་ཐོག་རེག་གི་རྣམ་པ་ཅན་དུ་བྱེད་ནུས་པ་ཡུལ་དངོས་དང་ཁྱད་མེད་པ་ལྟ་བུ་འབྱུང་ཏེ་གོམ་པའི་ཚད་དོ། །དེ་ཡི་དུས་སུ་ཏིང་ངེ་འཛིན་གྱིས་སྤྲུལ་པའི་སྣང་བ་དེ་དབང་པོའི་སྤྱོད་ཡུལ་དུ་མངོན་སུམ་སྣང་ཡང་རང་སེམས་ཀྱི་ཆོ་འཕྲུལ་ལས་མེད་པས་ལྷར་སྣང་རབ་འབྱམས་སུ་བསྒོམ་པ་འང་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ཡིན་ལ་དེས་མཚོན་ནས་སྣང་སྲིད་ཀྱི་ཆོས་སེམས་ལ་སྣང་བ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པར་བྱ་ཞིང་། ཐམས་ཅད་ཀུན་བྱེད་ཀྱི་མཁན་པོ་སེམས་དེ་ཡང་དངོས་པོ་དང་མཚན་མའི་རང་བཞིན་ཐམས་ཅད་དང་བྲ་བའི་ཡེ་སྟོང་གཞི་མེད་རང་གསལ་རང་བབ་རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོར་ལ་བཟླ་བར་བྱའོ། །དེ་ལྟར་བསྒོམས་པས་ཉམས་ལེགས་པར་སྐྱེ་དགོས་པས་དེའི་ཚུལ་བསམ་གཏན་ཉམས་ཀྱི་ཡིག་ཆུང་དང་ཉམས་སྣ་ཚོགས་སྐྱེས་པ་ཙམ་གྱིས་མི་ཕན་ཏེ་རིམ་གྱིས་སངས་རྒྱས་ཀྱི་སའི་བར་དུ་བགྲོད་དགོངས་པས་བསླབ་མཐའ་སྐྱོང་པའི་ཡིག་ཆུང་ལ་སོགས་པའི་དགོངས་དོན་བཞིན་སྒོམ་པ་རྩལ་སྤྱོད་པར་བྱས་ན། ཚུལ་དེ་སྒོམ་པའི་འཕྲང་ལས་ལྟ་བའི་རྫོགས་ཟིན་ཏེ། གསང་བའི་དགྲ་གསུམ་སོད། འཇིག་པའི་བདུད་བཞི་ཆོམ། འགྲོ་དྲུག་གི་གཡང་ས་ཆོད་པ་ཡིན་ནོ། །དེ་ལ་དང་པོ་དགྲ་གསུམ་གྱི་ཕྱི་དགྲ་ནི་འབྱུང་བཞིའི་གནོད་པ་དང་དགྲ་བགེགས་ལྟ་བྱ་ཕྱི་རོལ་གྱི་ཉེ་བར་འཚེ་བ་ཐམས་ཅད་དོ། །ནང་གི་དགྲ་ནི་རང་གི་ཕུང་པོ་ལས་བྱུང་བའི་ལུས་སེམས་ཀྱི་ནད་དང་ཉོན་མོངས་པ་ལྟ་བུ་ནང་གི་ཉེ་བར་འཚེ་བ་ཐམས་ཅད་དོ། །གསང་བའི་དགྲ་ནི་སེམས་ཀྱི་སྟེང་གི་གཟུང་འཛིན་ང་བདག་དུ་ཞེན་པ་ལྟ་བུ་ཡང་དག་པའི་དོན་ལ་སྒྲིབ་ཅིང་། འཁོར་བའི་སྡུག་བསྔལ་གྱི་རྩ་བར་གྱུར་པ་ཐམས་ཅད་དོ། །འཇིགས་པའི་བདུད་བཞི་ནི་རང་དབང་མེད་པར་འཆི་བར་བྱེད་པ་འཆི་བདག་གི་བདུད་དང་། དུག་གསུམ་ལ་སོགས་པ་ཉོན་མོངས་པའི་བདུད་དང་། སྲིད་པ་ཉེ་བར་ལེན་པའི་ཕུང་པོ་ཕུང་པོའི་བདུད་དང་། སྲིད་པར་བཟིར་བྱེད་དགའ་རབ་དབང་ཕྲུག་སོགས་ནག་པོའི་རྩ་ལག་རྣམས་ལྷའི་བུའི་བདུད་སྟེ་བདུད་བཞི་པོ་དེ་དག་ཀྱང་མིང་མེད་དུ་བཅོམ་པའོ། །འགྲོ་བ་དྲུག་ནི། ལྷ་དང་ལྷ་མིན་མི་དང་བྱོལ་སོང་། ཡི་དྭགས་དང་དམྱལ་བ་སྟེ། རང་དབང་མཐོང་པའི་སོ་སོའི་སྐྱེ་བོ་རྣམས་ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བར་གྱུར་པའི་གནས་ཀྱི་གཡེང་བ་འདི་དག་རིག་པའི་སྟོངས་ཀྱིས་བཅད་ནས་སླར་གཏན་དུ་ལས་ཉོན་གྱིས་དེར་མི་འཁོར་བར་གྱུར་པའོ། །གོང་དུ་སྨོས་པ་ལྟ་བུ་ལ་ཤེར་ཏེང་གི་ནུས་པ་མ་རྫོགས་ཤིང་ཀློང་དུ་མ་གྱུར་ན། གསང་བའི་དགྲ་གསུམ་མེ་མ་མུར་བས་ཚ་སྟེ་རང་རྒྱུད་བསྲེགས། འཇིགས་པའི་བདུད་བཞི་མཚོན་ཆ་པས་རྣོ་སྟེ་སྲོག་ལ་རྒོལ། འགྲོ་དྲུག་གི་གཡངས་ས་རིག་པར་རྦབ་པས་ངོས་དྲག་ཏེ་བཟློག་ཏུ་མེད་པས་དེ་ཐམས་ཅད་རང་གི་སེམས་ལ་སེམས་ཀྱིས་བཅད་དགོས་པས་བདེ་བར་གཤེགས་པ་དང་། དེ་ཡི་སྲས་རིག་པ་འཛིན་པ་རྣམས་ཀྱི་གདམ་ངག་སངས་རྒྱས་ལག་བཅང་མ་འདི་ལྟ་བུ་དང་འཕྲད་པའི་སྐབས་སུ་ཕྱི་བཤོལ་མེད་པའི་བརྩོན་པ་དྲག་པོས་རྫོང་འཕྲང་གི་གནད་ལ་བློ་སྦྱང་སྟེ་རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་གྲུབ་མཐའ་སྙེགས་པར་བྱ་དགོས་སོ། །གསུམ་པ་སྲོག་ཅེས་བྱ་བ་ནི། ཆོས་དབྱིངས་བྱང་ཆུབ་ཀྱི་སེམས་ནི་འཁོར་འདས་ཐམས་ཅད་ལ་ཁྱབ་པའི་སྲོག་གམ་རང་བཞིན་ལྷུན་གྱིས་གནས་པའི་སྲོག་དང་གཉུག་མ་རྡོ་རྗེའི་སྲོག་ཞེས་བྱ་བ་སྟེ། དེ་ནི་ལྟ་བས་གཏན་ལ་དབབ་པར་བྱ་བ་ཡིན་ལ། དེ་ལ་འཕྲོག་བྱ་དང་འཕྲོག་བྱེད་འཕྲོག་པའི་བྱ་བ་གསུམ་གང་ཡང་མི་དམིགས་མོད་ཀྱི། དེ་ཉིད་ཀྱི་དོན་ལ་གདིངས་ནམ་ཐོབ་པ་ན་འཁོར་འདས་ཐམས་ཅད་ཀྱི་སྲོག་དུས་གཅིག་ལ་ཐོབ་པ་ཡིན་པས་ལྟ་བའི་གནད་འདི་ལ་གསང་བའི་སྲོག་ལྟ་བ་ཟབ་མོས་འཕྲོག་པ་ཞེས་བྱ་སྟེ་འཁོར་འདས་སྟོང་སྲོག་འཕྲོག་པའི་ཐ་སྙད་མཛད་དོ། །ཆོས་ཉིད་དེ་ལྟ་བུའི་ངང་ལས་མ་གཡོས་བཞིན་དུ་ཆོས་ཅན་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་པར་ཤར་བའི་ཚེ་ན་དག་པ་དང་མ་དག་པ་གང་ལྟར་སྣང་ཡང་རུང་སོ་སོ་བརྒྱུད་ཀྱི་རྣམ་པར་སྣང་བཞི་སངས་རྒྱས་དང་སེམས་ཅན་གང་ཡིན་པ་དེ་ཉིད་གྱི། རྒྱུད་གཅིག་པོ་དེའི་སྒོ་གསུམ་དང་དབང་པོའི་སྙེད་པ་རིས་མཐུན་པར་གནས་པའི་རྩ་བ་ཕྲ་མོ་ལྗོན་པའི་སྐད་ལྟ་བུར་སྙིང་པོར་གྱུར་པ་ལ་སྲོག་ཅེས་བྱ་སྟེ། དེ་འཕྲོག་པས་གང་ལ་བྱ་བ་དེ་བདག་གི་དབང་དུ་འདོད་དགུར་གྱུར་པ་ཡིན་ནོ། །དེ་ཡང་རླུང་སེམས་ཀྱི་ཆོ་འཕྲུལ་ཤིན་ཏུ་ཕྲ་བ་གང་ཞིག་རགས་པའི་ཕུང་པོ་ཀུན་གྱི་གཞིར་གྱུར་པ་ནི་ཡི་གེའི་རྣམ་པར་སྙིང་ག་ན་གནས་པ་གཙོ་ཆེ་ལ། དག་པའི་སངས་རྒྱས་རྣམས་ལའང་ཡེ་ཤེས་ཀྱི་རླུང་དང་ཡེ་ཤེས་ཀྱི་སྣང་ཆ་ཐུགས་སྲོག་གི་རྣམ་པར་གནས་པ་དང་། མི་ལ་སོགས་པའི་འགྲོ་བ་ཕལ་མོ་ཆེའི་རང་རང་གི་སྙིང་ག་ན་ས་བོན་སོ་སོའི་ངོ་བོ་གནས་པ་དང་། མི་མ་ཡིན་པ་རྣམས་ལའང་དེ་བཞིན་དུ་སོ་སོའི་སྲོག་ཡིག་དང་། ཕྱི་རོལ་གྱི་རྫས་ལ་གནས་པའང་ཡོད་པར་གསུང་ལ། ཁྱད་པར་དུ་ཆོས་ཉིད་ཀྱི་དོན་རྟོགས་པ་མཐར་ཕྱིན་པས་གཉུག་མའི་སྲོག་ལ་དབང་ཐོབ་པའི་སངས་རྒྱས་རྣམ་ཀྱི་སྲོག་ནི་མི་འཕོ་སྟེ་ཆོས་ཀྱི་དབྱིངས་དང་མཉམ་པ་འཆི་མེད་རྡོ་རྗེའི་སྐུ་བརྙེས་པའོ། །ཆོས་ཉིད་ཀྱི་དོན་མ་རྟོགས་པའི་སེམས་ཅན་རྣམས་ནི་རིགས་དྲུག་སོ་སོའི་རྟེན་དེའི་བླ་སྲོག་ལ་རྟེན་བྱས་ནས་སོ་སོའི་ཚེ་ཚད་རྫོགས་པའི་བར་དུ་གནས་ཤིང་སྲོག་མི་བརྟན་པས་ཉམས་ཤིང་འཕོ་བའི་ཚེ་དང་ལྡན་པའོ། །དུག་ལྔ་ལྷག་པར་བརྟས་ཤིང་ལས་ཀྱི་དབང་གིས་དྲེགས་པ་ཅན། ཞེ་སྡང་དབང་གིས་བྱུང་བ་བདུད་དང་གཤིན་རྗེ་རྣམས་ཀྱི་སྲོག་ལྕགས་ཀྱི་སྤྱང་ཀུ་བུང་བ་ཙམ་རི་རབ་ཀྱི་འོག་དཔག་ཚད་བརྒྱད་ཁྲི་ན་ལྕགས་མཁར་སྒོ་མེད་པའི་ནང་དུ་བསེ་སྒྲོམ་ནག་པོའི་ནང་དུ་བཅུག་ནས་ལྕགས་ཀྱི་ཐ་རམ་བརྒྱབ་ནས་གནས་སོ། །འདོད་ཆགས་དབང་གིས་དྲེགས་པ་མ་མོ་དང་གནོད་སྦྱིན་གྱི་སྲོག་ཟངས་ཀྱི་བྱེ་མ་ལེ བ་བྱེའུ་སྐྱིག་མོའི་མགོ་ཙམ་ཞིག །རྒྱ་མཚོ་ཆེན་པོའི་གཏིང་ན། གཡུ་ཡི་གུར་ཕུབ་པའི་ནང་ན་གཡུ་སྒྲོམ་དུ་བཅུག་ཏེ་ལྕགས་ཀྱི་ཐ་རམ་བཙལ་ནས་གནས་སོ། །གཏི་མུག་དབང་གིས་དྲེགས་པ་ཅན་དུ་གྱུར་པ་ཀླུ་བ་སུ་རིགས་བཞིའི་སྲོག་ནི་དུག་སྦྲུལ་ནག་པོ་གཤོགས་པ་ཅན་ཞིག་རུས་སྦལ་གྱི་སྒྲོམ་དུ་བཅུག་ནས་མཐིང་གི་གཟེར་བཅས་ཏེ་སྤོས་ངད་ལྡན་གྱི་མཚོའི་ནང་ན་གནས་སོ། །ང་རྒྱལ་དབང་གིས་དྲེགས་པ་གཟའ་སྐར་དང་རྒྱལ་པོའི་སྲོག་ནི་དུང་གི་བྱ་རྒོད་མེ་སྟག་ཙམ་ཞིག་དུང་གི་ག་བུར་བཅུག་ཏེ། བར་སྣང་ལ་ལྡིང་པ་རླུང་གིས་ཕྱོགས་བཞིར་འདེད་པར་བྱེད་དེ། །ཕྲག་དོག་དབང་གིས་དྲེགས་པ་དམུ་དང་བཙན་གྱི་སྲོག་ནི་ཟངས་ཀྱི་སྟག་མོ་བྱེའུ་ཙམ་ཞིག་ཟངས་ཀྱི་གུ་འུར་བཙལ་ཏེ་བསེའི་སྒོ་ལྕགས་བཅུག་ནས་གཡའ་དང་གངས་ཀྱི་སྟོད་ན་གནས་སོ། །སྨན་དང་མ་སང་གི་སྲོག་ནི་དངུལ་གྱི་བྱེ་མ་ལེབ་ཞིག་དར་དཀར་གྱི་ཁུག་མར་བཅུག་ཏེ། སྤང་སྣར་ཕྱི་ལོག་ལ་གནས་སོ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ལྷ་སྲིན་སྡེ་བརྒྱད་ཀྱི་བླ་སྲོག་དེ་ལྟར་གནས་པར་གཟིགས་ཏེ། འཇམ་དཔལ་གནམ་སྡོམ་ཆེན་པོའི་རྒྱུད་ལས་བཏུས་ནས། སྲོག་གི་སྒོ་ལྕགས་དབྱེ་བའི་དངོས་གཞི་དང་། འདས་མ་འདས་ཀྱི་སྲོག་དང་བླ་བརྟགས་པའི་མན་ངག་རྣམས་ཕྱི་རབས་ཀྱི་དོན་དུ་མཛད་དོ། །དེ་ལྟར་བཤད་མ་ཐག་པའི་སྲོག་དེ་ལྟ་བུ་ནི་སྡེ་བརྒྱད་ཀྱི་སྡེ་ཚན་སོ་སོའི་སྤྱི་སྲོག་གནས་པའི་ཚུལ་ཡིན་ལ། སོ་སོའི་སྲོག་ཡིག་ནི་གཞུང་རྣམས་སུ་བཤད་པ་བཞིན་ནོ། །དེ་ལྟར་འདས་པའི་སྲོག་ནི་རིགས་ལྔའམ། སྐུའི་རིགས་ཐམས་ཅད་ཀྱི་སྲོག་འཇམ་དཔལ་ཡ་མཱནྟ་ཀ་འདུས་པ་སོགས་སྒྲུབ་པ་ཆེན་པོ་བཀའ་བརྒྱད་དུ་འདུས་ལ། དེ་དག་འཕྲོག་ནས་བྱིན་རླབས་དངོས་གྲུབ་ཐམས་ཅད་བདག་གིས་ཐོབ་པར་བྱེད་པ་ལ་བསྐྱེད་རྫོགས་གཉིས་ཏེ། དང་པོ་སྲོག་སྡོམས་གཟེར་བཞིའི་སྒོ་ནས་ལྷའི་ཐུགས་སྲོག་འཕྲོག་ཏེ་ལྷ་དང་རང་གཉིས་སུ་མེད་པར་བྱ་བ་དང་། རྫོགས་རིམ་རྡོ་རྗེ་བཞི་ཡི་ཡེ་ཤེས་སྐྱེད་པ་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་ཟབ་མོས་གཉུག་མ་རྡོ་རྗེའི་སྲོག་ལ་རང་དབང་ཐོབ་པར་བྱེད་པ་ཡིན་ཅིང་། འཇིག་རྟེན་ལས་མ་འདས་པའི་ལྷ་སྲིན་དྲག་པོ་རྣམས་ནི་སྲོག་འཕྲོག་པའི་མན་ངག་གིས་དབང་དུ་བསྡུ་ཞིང་ལས་ལ་བསྐུལ་བ་དང་། དགྲ་བགེགས་རྣམས་ཀྱི་སྲོག་དྲག་པོའི་སྔགས་ཀྱི་ཆོ་གས་ཕྲོགས་ཏེ་བདག་གི་ཚེའི་གསོས་སུ་བྱ་བ་ཡིན་ལ། དེ་ཡང་རྫོང་འཕྲང་ལས་འདི་ལྟར་གསུངས་ཏེ་སྲོག་གི་འཕྲོག་ལུགས་བཞི་ནི། བདག་གི་སྲོག་ཕྲོགས་ཏེ་ཕུང་པོ་ལྷག་མ་མེད་པའི་ས་ལ་བཏང་། ཡེ་ཤེས་ལྷའི་སྲོག་ཕྲོགས་ནས་སེམས་རྣམ་གྲོལ་སངས་རྒྱས་ཀྱི་ས་ལ་བཏང་། དམ་ཅན་སྲུང་མའི་སྲོག་འཕྲོགས་ཏེ་འཇིག་རྟེན་གྱི་མི་མ་ཡིན་མཐོང་འཁོལ་མངོན་སུམ་དུ་བྱ། དམ་ཉམས་དགྲ་འདྲེའི་སྲོག་ཕྲོགས་པས་ཕྱི་བསྟན་པ་ལ་འཚེ་བ་ནང་བར་ཆད་ཀྱི་དམ་སྲི་རྣམས་བསྒྲལ་བའོ། །དེ་ཡང་བདག་སྲོག་བཙའ་སྟེ་ཚེ་འགུག །བུ་སྲོག་བསྐྱབས་ཏེ་བླ་འགུག །དགྲ་སྲོག་བཅད་དེ་སྲོག་དང་ཕྲལ་ལོ། །དེ་ཡང་ཉམས་ན་ཚེ་ཉམས། འཁྱམས་ན་བླ་འཁྱམས། ཆད་ན་སྲོག་ཆད་པས། བདག་གི་བླ་བསྐྱབ་ཚེ་བ སྲིང་སྲོག་གསོ། དགྲའི་བླ་འགུགས་ཚེ་བསྟུང་སྲོག་གཅོད་པའི་ཕན་གནོད་ཀྱི་བསྒྱུར་ཁ་ཤེས་པ་གལ་ཆེ་བས། དེ་ཡང་བླ་ན་གནས་པ་ལུས་ལ་གནས། གཟུགས་ནི་ཤ་བ་གཡག་དང་ལུག་དང་ར་ལ་སོགས་པར་སྤྲུལ། འཁྱམ་ས་ནི་ངེས་མེད་གར་ཡང་འཁྱམས། བསྡོང་ནི་ལྷན་སྐྱེས་ཀྱི་ལྷ་དང་བསྡོང་། ཚེ་ནི་སྙིང་གི་དཀྱིལ་རྩ་བ་སྤྲ་འདྲ་བ། དྭངས་མ་ལྔ་འདུས་ཀྱི་དབུས་སུ་ནྲྀ་ལྗང་གུའི་དབྱིབས་སུ་གནས་ཤིང་དྲན་བྱེད་ཀྱི་ཤེས་པ་དེ་ལ་བརྟེན་ནས་གནས་ཏེ་དབུགས་དང་འགྲོགས་ནས་དྲན་རིགས་སྣ་ཚོགས་འབྱུང་། འཆི་དུས་ནྲྀ་དེ་རླུང་དང་འགྲོགས་ནས་ཕྱིར་ཐོན་ནས་ཡལ་འགྲོ། །ཡིད་ལ་རྟེན་མེད་པས་བར་དོའི་གནས་སུ་འཁྱམས་སོ། །སྲོག་ལ་རྣམ་པ་བཞི་ཡོད་དེ། ཆགས་པ་ཁྲག་གི་སྲོག་ནི་ལུས་ཆགས་ཤིང་དེ་ལ་ཏེ། སྲིད་པ་ཆགས་བྱེད་ཆ་སྙོམས་བསྒྱེལ་བའི་གདན་ལ་གསང་བའི་རྩ་ལས་དུག་གསུམ་དབང་དུ་སྡུད་མ་བསྐྱེད། ནམ་མཁའི་རྒྱལ་མོ་བསྒྱེལ་བའི་གདན་ལ་ལྟེ་བའི་རྩ་ལས་རཀྴ་ཀྲོ་ཏི་ཤྭ་རི་བསྐྱེད། ཨེ་ཀ་ཛཱ་ཊི་སྤུན་དྲུག་བསྒྱེལ་བའི་གདན་ལ། སྐྱེ་ཤི་རྩད་གཅོད་མ་བསྐྱེད། འདོང་ཁམས་གཙོ་མོ་སྤུན་གཉིས་བསྒྱེལ་བའི་གདན་ལ་སྲོག་རྩ་ལས་པདྨ་ཀྲོ་ཏི་ཤྭ་རི་བསྐྱེད། མ་བདུན་བསྒྱེལ་བའི་གདན་ལ་སྙིང་གི་རྩ་ལས་ཡཀྴ་ཀྲོ་ཏི་ཤྭ་རི་བསྐྱེད། དམག་གི་རྒྱལ་མོ་བཞི་དང་སྲིང་མོ་བཞི་བསྒྱེལ་བའི་གདན་ལ་ཉོན་ཡིད་དང་རྐང་ལག་བཞིའི་རྩ་ལས་གུ་ཡ་ཀྲོ་ཏི་ཤྭ་རི་བསྐྱེད། དབང་ཕྱུག་མ་ཉེར་བརྒྱད་བསྒྱེལ་བའི་གདན་ལ། ཉོན་ཡིད་འགྱུ་བའི་རྩ་ལས་བི་ཤྭ་ཀྲོ་ཏི་ཤྭ་རི་བསྐྱེད་ཅིང་དེ་ལྟར་བསྒོམ་མོ། །དབྱིངས་ཀྱི་མ་མོ་བཅུ་གསུམ། དབྱིངས་ཀྱི་དཀྱིལ་འཁོར་ལུས་ལ་དྲུག་ཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་རྫོགས་པ་ནི་དྲག་ཤུལ་ནན་ཏན་ཀྱི་དཀྱིལ་འཁོར་སྐུ་ལས་བསྐྱེད་པའི་སྲས་མཆོག་བཅོ་བརྒྱད་ནི་སྐུའི་དཀྱིལ་འཁོར། སྲིད་པ་སེམས་ཀྱི་དབུ་གཅིག་མ་ཐུགས་ཀྱི་དཀྱིལ་འཁོར་ན་གནས་པ་ནི་སྲིད་པ་ཐུགས་ཀྱི་དཀྱིལ་འཁོར། ཡབ་མངོན་རྫོགས་རྒྱལ་པོའི་དབུ་གཙུག་ན་རྟ་མགོ་ཐོན་པ་ནི་དཔལ་རྟ་མགྲིན་གྱི་དཀྱིལ་འཁོར་རོ། །དེ་ལྟ་མ་མོ་ཐམས་ཅད་མངོན་རྫོགས་རྒྱལ་མོའི་སྐུ་ལ་རྫོགས་པས་ན། སྲིད་པའི་མ་མོ་ཐམས་ཅད་ཀུན། །རྣལ་འབྱོར་པ་ཡི་ཁྱོན་དུ་རྫོགས། །ཞེས་བྱའོ། །དེ་ནས་མངོན་རྫོགས་རྒྱལ་པོའི་ཞལ་ནས་ཧཱུཾ་གི་སྒྲ་དང་། སྤྱི་གཙུག་གི་རྟ་ཞལ་ནས་ཧྲཱིཿ་ཡི་སྒྲ་བྱུང་སྟེ། རྟ་སྐད་ཐེང་གསུམ་གྱིས་ཐམས་ཅད་དབང་དུ་བསྡུས་ཤིང་ཆེ་བའི་ང་རྒྱལ་བསྐྱེད་ནས་མ་མོ་རྣམས་ཀྱི་སྙིང་ཁྲག་ཞལ་དུ་བསྡུས་ཏེ་སྲོག་འཕྲོག་པར་མཛད། སླར་ཕྱག་དང་པོ་གཉིས་ན་རྡོ་རྗེས་འཁོར་བ་བསྒྲལ་བའི་དུང་ཁྲག་དཀྲུགས་ཏེ་མ་མོ་རྣམས་ཀྱི་ཞལ་དུ་བདུད་རྩི་དམར་ཆེན་བླུག །ལག་ཏུ་རྡོ་རྗེ་བྱིན་དམ་ཚིག་འབྲུ་གསུམ་སྙིང་གར་བཞག་ནས་དམ་ཚིག་ལ་གནས་པར་བྱས། འབྱོར་ཚོགས་ཀྱི་མཆོད་པ་ཕུལ་ནས་རིམ་པ་རིམ་པར་གདན་ལས་བཀྱེ་སྟེ་ཕྲིན་ལས་རྦོད་གཏོང་གི་ལས་ལ་མངག་པ་ལ་མ་མོ་རྦོད་གཏོང་གི་སྒྲུབ་པ་ཞེས་བྱའོ། །དེ་ཡང་སྲིད་པ་གསུམ་ན་དབང་ཆེ་བ་མ་མོ་ཡིན་པས་དབང་གི་མ་མོར་བྱས་ཏེ་དབང་བསྒྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་མ་མོ་མཁའ་འགྲོའི་ལག་ན་གནས་པས་ཚེ་ཡི་མ་མོར་བྱས་ཏེ་ཚེ་སྒྲུབ་པ་དང་། ནད་ཡམས་ཐམས་ཅད་ཀྱི་བདག་མོ་ཡིན་པས་འཇིག་རྟེན་ནད་ཡམས་བཅད་པ་དང་། དམོད་པ་དྲག་སྔགས་ཀྱི་བདག་མོ་ཡིན་སེམས་བརྟེན་པའི་སྲོག་ཆགས་གཟུགས་སུ་སྣང་བ་ཐམས་ཅད་དོ། །འདི་ལ་བསད་དང་བཅད་དུ་ཡོད་པས་འཆི་བར་སྣང་པ་ཡིན་ནོ། །གནས་པ་དོན་གྱི་སྲོག་ནི་བདེ་བར་གཤེགས་པའི་སྲོག་ཡིན་ཏེ་ཆོས་ཉིད་དོན་གྱི་གནས་ལུགས་ཀྱི་སྲོག་དགོངས་པས་ཆོད་པས་མྱ་ངན་ལས་འདས་པའི་དགོངས་པ་ཐོབ་བོ། །འཁྲུལ་པ་ཡིད་ཀྱི་སྲོག་མི་མ་ཡིན་གྱི་སྲོག་སྟེ། ཡིད་ལུས་ལ་བརྟེན་པས་དངོས་སུ་བསད་ཅིང་བརྡུང་དུ་མེད་ཀྱང་། རྫས་སྔགས་ཏིང་ངེ་འཛིན་གྱིས་ཡིད་སེམས་དབང་དུ་བསྡུས་པས་བོར་བ་ལ་རང་དབང་མེད་པར་དེའི་སྲོག་ལ་དབང་བྱར་ཡོད་དོ། །རྩ་རླུང་བྱང་ཆུབ་སེམས་ཀྱི་སྲོག་ནི་སྒོམ་པ་ཡིན་ཏེ་ལུས་གང་ན་གནས་པ་ན་རྩ་གནས། རྩ་ལ་རླུང་གནས་པས་རླུང་སེམས་དྷུ་ཏིར་ཚུད་ན་རླུང་སེམས་ལ་དབང་ཐོབ་པས་འཁོར་འདས་ཀྱི་སྲོག་དུས་གཅིག་དུ་ཐོབ་པ་ཡིན་ནོ། །ཞེས་གསུངས་པ་ལྟར་བླ་ཚེ་སྲོག་གསུམ་གྱི་གནད་འདི་སྲོག་ལས་ལ་གལ་ཆེ་སྟེ། དོན་དུ་སྔར་བཤད་པ་ལྟར་རླུང་སེམས་ཀྱི་ཆ་ཕྲ་བ་ཀུན་གཞི་དང་དྲན་རིག་གི་རྟེན་ལུས་ཀྱི་དབུས་ན་དྭངས་མའི་ཚུལ་དུ་གནས་པ་དེ་ལ་རེས་སྲོག་ཞེས་ཀྱང་བྱ་སྟེ། དེ་དབང་པོ་ཐམས་ཅད་ཀྱི་གཞི་འཛིན་པའི་རྩ་བ་ཡིན་པའི་ཕྱིར་དང་། རེས་དེ་ལ་ཚེ་ཞེས་བཏགས་ཏེ་དེ་མཉམས་པ་སྲིད་དུ་འཚོ་བའི་རྒྱུད་གནས་པའི་ཕྱིར་དང་། དེ་ཉིད་ཀྱི་ཆ་ལས་རླུང་སེམས་འཕོ་བའི་དབང་གིས་ནང་དུ་ལུས་ལ་འཕོ་ཞིང་གཡོ་བའི་ཚུལ་གྱིས་གནས་ལ། དེ་ཉིད་ལ་རགས་ལུས་མེད་པར་རླུང་སེམས་ཀྱི་ཆ་ཡིན་པའི་ཕྱིར། ཕྱི་རོལ་དུ་གང་ཟག་དེའི་རྣམ་པའམ་བླ་རྟགས་ཀྱི་ཚུལ་དུ་འཁྱམས་པ་རེས་གཞན་གྱིས་མཐོང་བའང་ཡོད་ལ། བླ་དགུག་པའི་ཚེ་བླ་རྟགས་མཐོང་ཐོས་དང་རྗེས་སོགས་འོང་བ་དེ་ཡིན་ཏེ། དེའི་ཕྱིར་མཛོད་ལས། །སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་ཚེ་སྲོག་དོན་གཅིག་དུ་བཤད་པ་དང་། གཞུང་ལ་ལར་ཐ་དད་དུ་བཤད་པ་དང་། ཡང་སྲོག་རླུང་ལ་ངོས་འཛིན་པ་སོགས་བཞེད་པ་དེ་ཐམས་ཅད་དོན་ལ་མི་འགལ་ཏེ། ལུས་ཀྱི་དབུས་ན་རྣམ་ཤེས་ཀྱི་རྟེན་རླུང་ཁམས་དྭངས་མིའི་ཡི་གེ་གནས་པ་དེ་སྲོག་དང་། དེ་གནས་པའི་ཡུན་གྱི་ཆ་ལ་ཚེ་ཞེས་བྱ་བ་དང་། དེ་སེམས་དང་འགྲོགས་ནས་འཕོ་བའི་ཆ་ནས་བླ་ཞེས་བཏགས་ཏེ་ཐ་དད་དུ་བཞག་ལ། དགྲ་བོའི་བླ་ཁུག་ན་དེའི་ཚེ་ཉམས་ཤིང་སྲོག་ཆད་པའི་གནད་ཀྱང་དེའོ། །དེས་ན་སྲོག་གི་གནས་ལུགས་ཤེས་ཏེ་ཐབས་ཀྱིས་འཕྲོག་པ་སོགས་ཅིར་ཡང་བསྒྱུར་བཏུབ་པའི་གནད་ཤེས་ཤིང་ལག་ལེན་གྱིས་རང་དབང་དུ་གྱུར་པ་ན་ཇི་ལྟར་འདོད་བ་བཞིན་ནུས་པའི་གདིངས་ཐོབ་སྟེ། དཔེར་ན་མཛེ་ནད་ཅན་ལ་ཕན་འདོགས་པའི་ཚེ་ཀླུའི་སྲོག་འཕྲོག་ནས་ཕྱག་རྡོར་དུ་མཚན་བསྒྱུར་བས་གནོད་བྱེད་ཀླུའི་སྲོག་གནས་གྱུར་ཏེ་གནོད་བྱེད་ཀྱི་འདྲེ་ཡང་ཕན་བྱེད་ཀྱི་ལྷར་གྱུར་ནས་བྱིན་རླབས་ཤིན་ཏུ་ཆེ་བར་འགྱུར་ལ། གནོད་སྐྱེལ་ན་དེའི་ལྷ་ཕྱག་རྡོར་གྱི་སྲོག་ཕྲོག་ནས་ཀླུར་མཚན་བསྒྱུར་བས་ཕན་བྱེད་ཀྱི་ལྷ་ཡང་གནོད་པའི་འདྲེར་འགྱུར་བ་ལྟར་སྲོག་ལ་དབང་ཐོབ་པས་ཕན་གནོད་ཀྱི་ལས་གང་ལའང་རང་དབང་བྱར་ཡོད་པ་རྟེན་འབྲེལ་ཟབ་མོའི་དོན་ཤེས་པས་སེམས་ཅན་གྱི་སྲོག་སངས་རྒྱས་ཀྱི་སྲོག་ཏུ་བསྒྱུར་ནས་མཚན་བསྒྱུར་ཏེ་ལྷ་ཉིད་དུ་འགྲུབ་པ་སོགས་ལས་གང་ཡང་འདོད་དགུར་འགྲུབ་པར་གསུངས་སོ། །དེ་ལྟར་སྲོག་གི་གནས་ལུགས་ཤེས་ནས་སྲོག་དེ་ཇི་ལྟར་འཕྲོག་པའི་ཐབས་བཤད་པ་ལ་གསུམ་ཏེ། ཕྱི་སྲོག་གསང་སྔགས་ཟབ་མོས་འཕྲོག་པ། ནང་སྲོག་ཏིང་ངེ་འཛིན་ཟབ་མོས་འཕྲོག་པ། གསང་སྲོག་ལྟ་བ་ཟབ་མོས་འཕྲོག་པའོ། །དང་པོ་ནི་ཡ་ཀི་རྒྱལ་བ་ཞི་ཁྲོ་ནས་མ་ཀི་གྲོང་རྒྱུག་ཐེའུ་རང་ཡན་ཆད་ལ་སྲོག་བཞིས་ཁྱད་པར་གནས་སྟེ། མི་འགྱུར་བའི་སྲོག་ནི་འཁོར་འདས་ཐམས་ཅད་ཀྱི་ཨེའམ་ཡང་ན་ཏྲི། གནས་པའི་སྲོག་ནི་མི་ཡི་ནྲྀ་ལ་སོགས་པ་སོ་སོའི་སྲོག་དངོས། འདྲེན་པའི་སྲོག་ནི་ལྷ་འདྲེ་སོ་སོའི་སྙིང་པོའི་སྔགས་བགྲང་རྒྱུ་དེ་ཡིན་ལ། བརྟགས་པའི་སྲོག་ནི་སོ་སོའི་མིང་སྟེ་བཞིའོ། །འདྲེན་པའི་སྲོག་མིང་ནས་འབོད་པ་ཅན་དེར་བཏགས་འདྲེན་གཉིས་ཀ་ཚང་། ཡང་བླ་དྭགས་སོགས་མིང་གཞན་ཀྱང་བཏགས་སྲོག་ཏུའང་རུང་། ཡང་ན་མི་ཡི་མི་འགྱུར་བའི་སྲོག་ནྲྀ་བཏགས་སྲོག་འདྲེན་སྲོག་གཉིས་ཀ་རང་མིང་། གནས་སྲོག་མིང་ཡིག་དང་པོ་བཤད་དོ། །ཡང་བཀའ་བརྒྱད་རྫོང་འཕྲང་ལས་ལྷ་སྲིན་རྣམས་ཀྱི་རང་བཞིན་གྱི་སྲོག་བླ་གནས་སྒྲོམ་བུ་སྟེ་དེ་ལ་རྣམ་ཤེས་བརྟེན་པའོ། །གནས་པ་སྲོག་གི་སྙིང་པོ་རང་སྲོག་ཡི་གེའི་ཚུལ་དུ་སྙིང་ལ་གནས་པའོ། །མྱུར་བ་སྲོག་གི་སྙིང་པོ་བཟླས་པས་ཕྲིན་ལས་གང་བཅོལ་སྒྲུབ་པའོ། །ངོ་བོ་ཉིད་ཀྱི་སྲོག་གི་སྙིང་པོ་སེམས་དང་ཆོས་ཉིད་དབྱེར་མེད་པའོ། །ཞེས་གསུངས་ཤིང་། ཡང་སྲོག་ནི་ས་བོན་གྱི་ཡིག་འབྲུ་དང་སྙིང་པོ་བཟླ་བྱའི་སྔགས་སུ་གསུངས་པ་སོགས་སྲོག་གི་རྣམ་གྲངས་དུ་མར་གསུང་པ་ཐམས་ཅད་དོན་ལ་བསྒྲུབ་བྱའི་ལྷ་ལ་ནི་དེའི་ཐུགས་སྲོག་དང་སྙིང་པོའི་སྔགས་གཉིས་སུ་དོན་གྱི་འདུ་ལ། ཕལ་པ་མི་ལ་སོགས་པ་ལའང་རང་སྲོག་དང་མིག་གཉིས་སུ་འདུ་བས་དེ་འཕྲོག་ཅིང་གཟིར་བའི་ལས་ཀྱིས་ཇི་ལྟར་དམིགས་པ་བཞིན་ལས་འགྲུབ་པོ། །དེ་ལ་འཇིག་རྟེན་ལས་འདས་པའི་ལྷ་ལ་ནི་རང་དང་གཉིས་སུ་མེད་པར་མཉམ་པར་བཞག་པའི་སྒོ་ནས་སྲོག་སྡོམས་གཟེར་བཞི་བཏབ་སྟེ་ལྷའི་སྙིང་པོ་བཟླས་པས་ཡང་ནས་ཡང་དུ་བསྐུལ་བས་ལྷ་རང་ལ་ཉེ་བར་འགྱུར་ཞིང་གཉིས་སུ་མེད་པར་སྒྲུབ་པའི་སྒོ་ནས་དངོས་གྲུབ་ཐོབ་པར་འགྱུར་རོ། །འཇིག་རྟེན་པའི་དྲེགས་པ་རྣམས་ཀྱི་སྲོག་གི་ཐ་རམ་འབྱེད་པའི་ལྡེའུ་མིག་ནི། ཐོག་མར་ལྷ་སྲིན་དབང་དུ་འདུ་བའི་རྟེན་འབྲེལ་གྱི་ཆེ་ཤོས་བླ་མ་མཉེས་པར་བྱས་ལ་གོང་ནོན་ཡི་དམ་ལྷའི་བསྙེན་པ་ལེགས་པར་ཐེམ་ནས། བདག་ཧེ་རུ་ཀ་གང་རུང་ཏིང་ངེ་འཛིན་ལ་གནས་པས་གང་ལ་བྱེད་པ་དེའི་སྔགས་བཟླས་པས་སྔགས་ཀྱི་སྒྲ་འོད་ཀྱིས་བདེ་གཤེགས་མཆོད་ཐུགས་དམ་བསྐུལ། རིགས་དྲུག་སེམས་ཅན་གྱི་བག་ཆགས་སྦྱར། སྡེ་བརྒྱད་སྤྱིའམ་གང་བྱེད་དེ་ལ་ཕོག་པས་སོ་སོའི་སྙིང་གི་དབུས་སུ་གནས་པའི་རིན་པོ་ཆེའི་སྒྲོམ་བུ་རྣམས་ཁ་བ་ཉི་མས་བཞུས་པའམ་བྱ་སྒྲོ་མེས་ཚིག་པ་ལྟར་ཞུ་བར་བསམ་པ་སྒོ་ལྕགས་དབྱེ་བའམ་སྲོག་མཁར་གཞོམ་ཞེས་བྱའོ། །དེ་ནས་རིན་ཆེན་སྒྲོམ་བུའི་ནང་ན་དྭངས་མ་ལྔ་འདུས་ཀྱི་ས་བོན་ལ་ཁོ་ཡི་མིང་གིས་བསྐོར་ལ་དེ་སྔགས་ཀྱི་ལྕགས་ཀྱུས་ཉ་ལྟར་དྲང་པར་བསམ་ལ། ཡི་དམ་དང་ཁྱད་པར་གང་བྱེད་དྲེགས་པའི་སྲོག་སྙིང་བཟླའོ། །དེ་ཡང་ཆོས་ཉིད་ཀྱི་ལྟ་བས་རྩིས་ཟིན་ཅིང་གོང་ནོན་ལྟའི་ང་རྒྱལ་གྱིས་ལྷ་སྲིན་དྲེགས་པའི་སྲོག་སྙིང་བཟླས་ན་ཤིང་ལོ་རླུང་གིས་བརྡབ་བ་བཞིན་སྡེ་བརྒྱད་ལ་འདུག་པའི་དབང་མེད་དེ་སྲོག་གི་དབང་པོས་མི་བཟོད་པར་བདག་གི་དྲུག་དུ་འོང་བར་འགྱུར་རོ། །དེ་ནས་དེ་ལ་ཕྱི་དང་ནང་གི་མཐུན་རྫས་ཀྱིས་མཆོད་ཅིང་ལས་ལ་བསྐུལ་བས་དོན་འགྲུབ་བོ། །དེའི་ཚེ་བསྙེན་དུས་ཉེར་མ་བཏུབ་ན་རེངས་པ་ཁུགས་སུ་གཞུག །རྦད་དུས་འགྲོ་རམ་བཏུབ་ན་འཁྱིལ་བ་ལམ་དུ་གཞུག །བསད་དུས་ལས་མ་གྲུབ་ན་ལོག་རྡུག་མཐའ་ལ་གཏད་པའི་མན་ངག་སོགས་སྔགས་ཀྱི་མན་ངག་རྣམས་ཉམས་འོག་ཏུ་ཚུད་པར་བྱས་ན་ཚེགས་མེད་པར་འགྲུབ་བོ། །ཕྱི་ལྟར་སྲོག་འཕྲོག་པ་འདི་ནི་ལྟ་སྒོམ་མོས་སློབ་ཙམ་ལས་མེད་ཀྱང་། དབང་ཐོབ་ཅིག་དམ་ཚིག་ལ་གནས་པས་སྔགས་ཀྱི་བཟླས་པ་ཉིད་ཀྱི་སྒོ་ནས་དྲེགས་པ་དངོས་སུ་མཐོང་ཁོལ་གྱི་བར་དུ་འབྱུང་བ་ཡིན་ནོ། །གཉིས་པ་ནང་ལྟར་སྲོག་འཕྲོག་པ་ནི་ཏིང་ངེ་འཛིན་གྱིས་ཏེ། གསང་སྔགས་བཀའ་ཡི་ཐ་རམ་ལས། །ནང་ལྟར་སྲོག་སྙིང་འཕྲོག་པ་ནི། །སྲོག་ནི་ཏིང་འཛིན་བརྟན་པོ་ལ། །སྙིང་པོ་འགུག་པའི་གསང་སྔགས་ཏེ། །ཡོན་ཏན་ཕ་རོལ་དྲུང་དུ་འོང་། །ཞེས་སོགས་གསུངས་ཏེ། དེ་ཡང་སྔགས་བཟླས་པ་གྲུབ་པའི་དབང་གིས་སྙིང་པོ་ཟབ་མོས་དངོས་སུ་ཁུག་ཅིང་སྔགས་དེ་གང་ལ་བཏབ་ཀྱང་བདེན་པ་གྲུབ་པ་དང་། དགོངས་པ་ཟབ་མོས་ཐམས་ཅད་རང་སེམས་སུ་ཤེས་ཤིང་གཉིས་མེད་དུ་གྲོལ་བ་དང་ཏིང་འཛིན་ཟབ་མོས་ཡི་དམ་གྱི་ལྷ་སྐུ་ལ་ཡུལ་གསུམ་གསལ་བའི་གསལ་སྣང་ཚད་དུ་གྱུར་ནས་སྐུ་མཐོང་བ་དེ་ལྟ་བུའི་དགོངས་པས་སྲོག་སྡོམས་གཟེར་བཞིའི་གནད་དང་སྲོག་གི་དམིགས་གནད་ཀྱིས་གཅུན་ནས་སྙིང་པོ་བཟླས་པས་ཡེ་ཤེས་འཇིག་རྟེན་གང་ཡང་དངོས་སུ་མཐོང་ཞིང་དངོས་གྲུབ་སྟེར་བར་བྱེད་དོ། །ནང་ལྟར་སྲོག་འཕྲོག་ཚུལ་འདི་ལ་ལྟ་སྤྱོད་གྲོགས་སུ་ལྡན་པ་ཙམ་ཡིན་གྱི་གཙོ་བོ་ཏིང་ངེ་འཛིན་བརྟན་པའི་སྒོ་ནས་བསྒྲུབ་པ་ཡིན་ནོ། །གསང་བ་ལྟར་སྲོག་འཕྲོག་པ་ནི། གསང་སྔགས་བཀའ་ཡི་ཐ་རམ་ལས། །གསང་བ་སྲོག་སྙིང་འཕྲོག་པ་ནི། །སྣང་སྲིད་ལྷ་སྲིན་ཐམས་ཅད་ཀུན། །རང་གི་སེམས་ཉིད་ཡིན་ཤེས་ན། །ལོག་ནས་སྲོག་སྙིང་འཕྲོག་ཏུ་མེད། །དེས་ན་གསང་བའི་སྙིང་འཕྲོག་པའོ། །ཞེས་གསུངས་པ་ལྟར། གཉིས་མེད་ཆོས་སྐུ་ཆེན་པོ་ཐིག་ལེ་ཉག་གཅིག་གི་ལྟ་བ་སྔར་སྨྲོས་པ་ལྟར་ཐག་ཆོད་ཅིང་གདིངས་རྙེད་ན་འཁོར་འདས་ཐམས་ཅད་ཀྱི་སྲོག་དེར་འུབ་ཆུབ་པ་ལས་གཞན་ཅུང་ཟད་ཀྱང་མེད་ལ། ཏིང་ངེ་འཛིན་གསལ་བརྟན་གྱད་དུ་གྱུར་པས་མཐོང་རེག་གི་མཚན་མ་དང་ལྷ་སྐུ་དངོས་སུ་མཐོང་ཡང་ལྟ་བའི་གདིངས་མཆོད་ན་ཐུན་མོང་གི་དངོས་གྲུབ་ཙམ་ལས་མཆོག་གི་དངོས་གྲུབ་སངས་རྒྱས་མི་ཐོབ་ལ། ཆོས་ཉིད་མཉམ་པ་ཆེན་པོའི་ལྟ་བའི་གདིངས་གྱིས་ཟིན་ན་འགོང་པོ་སྤུན་དགུའི་ནང་ནས་ངན་ཤོས་ཤིང་བསྒྲུབ་ཀྱང་འཚང་རྒྱ་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་རྫོང་འཕྲང་སྲོག་གསུམ་གྱི་གནད་སྤྱིར་ཤེས་པར་བྱས་ནས་བྱེ་བྲག་དུ་གདུལ་བྱ་གདུག་པ་ཅན་རྣམས་མངོན་སྤྱོད་ཀྱི་སྒོ་ནས་བསྒྲལ་ཏེ་སྲོག་འཕྲོག་པར་བྱ་བ་ནི་སྔགས་ཀྱི་ཕྲིན་ལས་ཐམས་ཅད་ཀྱི་ནང་ན་ཕུལ་དུ་བྱུང་བ་སྟེ། རྒྱུ་མཚན་གང་གིས་ཕྱིར་ཞེ་ན། ཐུགས་རྗེའི་དཔྱད་ཐག་གིས་བཟུང་ཞིང་སྔགས་ཀྱི་ཕྲིན་ལས་འཇུག་པའི་ཡུལ་སེམས་ཅན་གྱི་རིས་ནི་རྣམས་པ་གཉིས་ཏེ། གདུལ་སླ་བ་དང་། གདུལ་དཀའ་བའོ། །དང་པོ་ལས་ཉོན་སྲབ་ཅིང་དཀོན་མཆོག་གསུམ་ལ་གུས་པ་རྣམས་ནི་ཆོས་བསྟན་པ་སོགས་ཐུགས་རྗེའི་ཐབས་ཀྱིས་ཐར་པའི་གནས་སུ་བསྒྲལ་བའི་སྐལ་བ་དང་ལྡན་པ་ཡིན་པས་གདུལ་བར་སླ་བའོ། །གཉིས་པ་ལས་ཉོན་ཤུགས་དྲག་པོས་རང་དབང་མེད་པར་མནར་བ་གང་ཞིག་དཀོན་མཆོག་གསུམ་ལ་རྒྱབ་ཀྱི་ཕྱོགས་ཤིང་བསྟན་པ་དང་སེམས་ཅན་ལ་གནོད་པ་ཞི་བའི་ཐབས་གང་གིས་ཀྱང་གདུལ་བར་མི་ནུས་པ་མནར་མེད་པ་སོགས་ངན་སོང་གི་འགྲོ་བར་ཤིན་ཏུ་མུ་མཐའ་མེད་པར་འཁྱམས་པ་དེ་ནི་དྲག་པོའི་ཤུགས་ཀྱིས་སྒྲོལ་བའི་ཕྲིན་ལས་འཇུག་པའི་ཡུལ་ཡིན་པས། ལས་ངན་གདུལ་དཀའ་དེ་ལྟ་བུ་ཐུགས་རྗེའི་དཔྱང་ཐག་གིས་མི་གཏོང་ཞིང་ཐབས་མཁས་པའི་ཆོ་འཕྲུལ་གྱི་སྒོ་ནས་རྗེས་སུ་འཛིན་པའི་ཐབས་ཤེས་གཉིས་ཀ་ཕུལ་དུ་བྱུང་བ་ནི་སྒྲོལ་བའི་ལམ་འདི་ལ་ཡོད་པའི་ཕྱིར་རོ། །ཇི་ལྟར་བསྒྲལ་བའི་ཚུལ་ནི་ཐོག་མར་རྫོང་འཕྲང་སྲོག་གསུམ་གྱི་དགོངས་སྤྱོད་ཟབ་མོའི་སྒོ་ནས་རྟོགས་པས་བདག་བསྒྲལ་བར་བྱས་ནས། དེའི་འོག་ཏུ་ལས་ངན་གྱི་གདུལ་བྱ་ལ་སྙིང་རྗེ་ཆེན་པོ་མཚུངས་པ་མེད་པ་དང་། མཉམ་ཉིད་དུ་རྟོགས་པའི་ཤེས་རབ་ཆེན་པོ་ཕུལ་དུ་བྱུང་བའི་སྟོབས་ཀྱི་ཐུགས་རྗེས་གཞན་སྒྲོལ་བ་དང་དུ་ལེན་པ་ཡིན་ལ། དེ་ཡང་མདུན་དུ་རང་གི་སེམས་ཀྱིས་སྤྲུལ་པའི་དམིགས་བྱ་གསལ་ལ་དེའི་ལག་པ་ནས་བཟུང་ཏེ་བསྒྲལ་བར་བསམ་པ་དང་། ཡུལ་དངོས་ཀྱི་ལག་པ་ནས་བཟུང་ཏེ་བསད་པ་གཉིས་ལ་ཁྱད་ཡོད་པར་འཛིན་པ་ཡོད་ཀྱི་རིང་ལ་བསྒྲལ་ཀྱང་རྣམ་སྨིན་ཡོད་ལ། དེ་གཉིས་ཀ་སེམས་ཀྱི་སྣང་བ་ཙམ་དུ་བྱེད་མེད་པས་བསྒྲལ་ཀྱང་སྒྱུ་མ་མིག་ཡོར་གྱི་ཚུལ་དུ་ཡ་ང་སྤུ་ཙམ་མི་སྐྱེ་བའི་ཚེ་ན་བསྒྲལ་ཀྱང་ལས་ཀྱི་འབྲས་བུ་རང་གི་ཁུར་དུ་མི་འགྱུར་བས་རྟོགས་ཚད་དེ་ལྟ་བུ་དགོས་པའི་རྫོང་འཕྲང་ལས་གསུང་ཞིང་ཚད་དང་ལྡན་པའི་སྒྲོལ་བ་ལམ་དུ་བྱས་པ་ལ་རྣམ་སྨིན་ངན་པ་མེད་པར་མ་ཟད་ཚོགས་རྫོགས་པའི་ཐབས་ཀྱི་ནང་ན་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཚད་དུ་མ་ཕྱིན་པའི་སྒྲོལ་བ་བྱས་པ་རྣམས་ནི་སྔགས་ཀྱི་ཐབས་ཟབ་པས་ཕ་རོལ་གསོད་པར་ནུས་ཀྱང་རང་ལ་རྣམ་སྨིན་མེད་པ་དཀའ་བས་ན་ཕ་རོལ་ལ་གནས་སྦྱོང་གི་འདུན་པ་རྣམས་ནན་ཏན་བྱེད་དགོས་སོ། །བསྒྲལ་བའི་ཐབས་ནི་དམིགས་པའི་རྟེན་ལ་གཟས་པ་པོ་འགུག་ཅིང་ལྷ་དང་དབྱེ་ལ་དྲག་པོའི་ཐུན་དབབ། སྙིང་གའི་དྭངས་མ་ལྔ་འདུས་ཀྱི་སྲོག་འཕྲོག་ཏེ། ལས་ངན་གྱི་བག་ཆགས་ཐམས་ཅད་ཡེ་ཤེས་ཀྱི་འོད་ཀྱིས་སྦྱོང་བར་བསམ་པའི་ཁྲུས་ལུང་། ཕ་རོལ་པའི་ཚེ་བསོད་བདག་གི་ཚེ་ཡི་གསོས་སུ་བསྟིམ་པ་ཚེ་ལུང་། དགྲ་བགེག་ཀྱི་རྣམ་ཤེས་འོག་མིན་དུ་རྒྱལ་བ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕང་ཏེ་རིགས་ཀྱི་སྲས་སུ་བསྒྱུར་བ་གནས་ལུང་སྟེ། དགོངས་སྤྱོད་དེ་ལྟ་བུ་དང་ལྡན་པའི་ཕྱིར་ཕ་རོལ་གྱི་ཚེ་བསོད་རང་ལ་ཁུག་པས་བདག་རྣལ་འབྱོར་པ་འཚེངས་པ་དང་། དགྲ་བགེགས་ཀྱི་ཤ་ཁྲག་ཡེ་ཤེས་ཀྱི་བདུད་རྩིར་གྱུར་བས་བཀའ་སྡོད་དང་བཅས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་འཚེངས་པ་དང་། ཕ་རོལ་དགྲ་བགེགས་ཀྱི་ལས་ངན་རྒྱུན་ཆོད་ནས་བདེ་བར་གཤེགས་པའི་སྲས་སུ་གྱུར་པས་གཟས་པ་པོ་ཚེངས་པ་སྟེ། འཚེངས་པ་གསུམ་དང་ལྡན་པའི་དགོངས་སྤྱོད་ཟབ་མོ་གྲུབ་པའི་རྣལ་འབྱོར་པ་རྣམས་ནི་འཇིགས་མེད་ཕྱོགས་ལས་རྣམ་པར་རྒྱལ་བའི་བརྟུལ་ཞུགས་དབང་འབྱོར་པ་ཡིན་ནོ། །དེ་ཡང་རྫོང་ལྟ་བས་མ་ཟིན་ན་ཐོག་རེག་གི་མཚན་མ་བྱུང་ཡང་མི་གྲོལ། མཐུ་སྟོབས་ཆེ་ཡང་སྲིན་པོ་དང་འདྲ། འཕྲང་སྒོམ་སྤྱོད་ཀྱིས་ལ་མ་བཟླས་ན། སྣང་བ་ལྷའི་དཀྱིལ་འཁོར་ལ་དབང་མི་ཐོབ། མཐོང་ཁོལ་དངོས་སུ་མི་འོང་། ཐོས་པ་ཆེ་ཡང་ནེ་ཙོ་དང་འདྲ། སྲོག་བླ་ཚེ་གསུམ་གྱི་གནད་ལ་མཁས་ཤིང་གདིངས་མ་ཐོབ་ན་ཕན་གནོད་ཀྱི་ཕྲིན་ལས་མཐར་ཕྱིན་པ་ལ་དབང་མི་འབྱོར་བས་དེ་གསུམ་གཅིག་གྲོགས་སུ་གཅིག་བཟུང་ཞིང་ཡ་མ་བྲལ་བར་རྣམ་པ་ཀུན་དུ་གསུམ་ལྡན་དུ་ཉམས་སུ་བླང་བས་གྲུབ་པའི་རིག་འཛིན་དམ་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་དགོངས་སྤྱོད་ཟབ་མོའི་གྲུབ་མཐར་སྙེགས་པར་འགྱུར་རོ། །དེས་ན་དེ་གསུམ་གྱི་དོན་གཏན་ལ་དབབ་པའི་ཕྱིར་རྒྱལ་བ་བྱང་ཆུབ་སེམས་ཀྱི་རྫོང་བསྟན་པ་སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དོན་རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་ཉམས་ལེན་དུ་བསྡུས་པ་དགོངས་པ་བཅུ་ལ་སོགས་པ་དང་གདུང་རབ་ཉེར་ལྔའི་མན་ངག་ཅི་རིགས་པ་དང་། གཞན་ཡང་བཀའ་གཏེར་གྱི་གདམ་པ་སེམས་ཉིད་ཆོས་སྐུར་ངོ་སྤྲད་པའི་རིམ་པ་ཐམས་ཅད་དང་། བསྒོམ་པ་གསལ་བ་གསུམ་གྱད་དུ་གྱུར་པར་སྒྲུབ་པའི་འཕྲང་གཏན་ལ་འབེབ་པ། སྒྲུབ་པ་བཀའ་བརྒྱད་ལ་སོགས་པའི་སྒྲུབ་ཐབས་མན་ངག་གི་རིམ་པ་ཇི་སྙེད་པ་དང་། བསམ་གཏན་ཉམས་ཀྱི་གནད་ཡིག་གི་རིམ་པ་སྣ་ཚོགས་པ་དང་། སྤྱོད་པ་མངོན་སྤྱོད་ཕྲིན་ལས་སྲོག་གི་ཆོས་དྲག་སྔགས་ཀྱི་ཤོག་དྲིལ་ཉི་ཤུ་པ་དང་། གཞན་ཡང་ཉེ་བར་མཁོ་བའི་མན་ངག་གི་གནད། སྔགས་སྡེབ་སྙིང་གཟེར་ནག་པོ་མ་བུ་དང་བཅས་པ། སྲིད་པའི་གཏེར་ཁྱིམ་དང་སྲོག་ཁྱིམ་ལ་སོགས་པའི་མན་ངག་གི་རིམ་པ་མཁའ་དང་མཚོ་ལྟར་རྒྱ་ཆེ་བ་རྣམས་ཅི་རིགས་སུ་ཤེས་པར་བྱ་ལ། གནད་ཀྱི་མཐར་ཐུག་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་རང་ལ་མངོན་དུ་གསལ་བའི་ཐབས་ནི་ཟབ་མོའི་དགོངས་བརྒྱུད་ལྡན་པའི་བླ་མ་དམ་པ་སྒོ་ཀུན་ནས་མཉེས་པར་བྱས་ཏེ། དོན་བརྒྱུད་ཀྱི་དགོངས་པ་འཕོ་བར་བྱ་དགོས་སོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་མཛོད་ཟབ་མོའི་ཐེག་པ་འདི་ལ་འཕགས་ཡུལ་དུ་བཀའ་བབ་པའི་མཁས་གྲུབ་མང་དུ་བཞུགས་མོད་ཀྱི། ཐམས་ཅད་ཀྱི་དབུས་ན་མཆོག་དུ་འཕགས་ཤིང་འགྲན་ཟླ་དང་བྲལ་བའི་བཀའ་སྲོལ་ལ་རྒྱ་གར་གྱི་པཎ་གྲུབ་བཞི། བོད་ཀྱི་བཞི་སྟེ་བརྒྱད་དུ་ཡོད་པ་ལས། དང་པོ་ཡི་དམ་ལྷས་དབང་བསྐུར་ནས་ཐོབ་པ་དགའ་རབ་རྡོ་རྗེ་སྟེ། དེ་ཡང་འོག་མིན་དུ་ཀུན་བཟང་ཡབ་ཡུམ་གྱིས་རྒྱལ་ཚབ་རྡོ་རྗེ་སེམས་དཔའ་ལ་དབང་བསྐུར། རྡོ་རྗེ་སེམས་དཔའ་དངོས་ལས་ཧེ་བཛྲ་སྟེ། དགའ་རབ་རྡོ་རྗེས་ཐོབ་པས་བྱང་ཆུབ་སེམས་ཡེ་ནས་མ་བཅོས་ལྷུན་གྲུབ་ཏུ་ཤར་བའོ། །བཀའ་རྒྱུད་རྟགས་ཀྱི་གླེངས་བམ་གྱི་དབང་བསྐུར་ནས་ཐོབ་པ་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱལ་པོ་ཨིནྡྲ་བོ་དྷི་སྟེ། དེ་ཉིད་རི་མ་ལ་ཡར་དགོངས་པར་བཞུགས་པ་ན། རྨི་ལམ་དུ་གླེགས་བམ་ཁང་སྟེང་དུ་བབ་པ་སོགས་རྨིས་པ་ལྟར་ཁང་སྟེང་དུ་གླེགས་བམ་རྣམས་བབས་འདུག་པ་དོན་མ་ཤེས་པའི་ཚུལ་མཛད་ནས་སློབ་དཔོན་ཀུ་ཀུ་རཱ་ཛ་ལ་བསྟན་ཀྱང་མ་ཤེས་ནས། གླེགས་བམ་རང་གི་སྤྱི་བོར་བཞག་སྟེ་གདུང་བ་བསྐྱེད་ནས་ཞག་བདུན་མཉམ་པར་བཞག་པས་རྡོ་རྗེ་སེམས་དཔའི་ཞལ་མཐོང་། དེ་ནས་ཡང་ཞག་ཉེར་གཅིག་ཏུ་མཉམ་པར་བཞག་པས་གླེགས་བམ་གྱི་དོན་ཐམས་ཅད་ཐུགས་སུ་ཆུད་དེ་ཏཱནྟྲའི་དོན་ཐམས་ཅད་ལ་མཁས་པར་གྱུར་པས་དེ་དབང་ཐོབ་པའོ། །རང་རིག་པ་རྩལ་གྱིས་དབང་བསྐུར་ནས་ཐོབ་པ་པདྨ་སཾ་བྷ་ཝ་ཏེ། སྣང་སྲིད་ཐམས་ཅད་རང་རིག་བྱང་ཆུབ་སེམས་སུ་གནས་པ་དེ་ཉིད་དཔའ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཡིན་པ་ལ་རིག་པ་རང་ལ་རང་ཤར་ཏེ་ཁམས་གསུམ་ཡོངས་བསྒྲལ། སྲིད་གསུམ་གཏན་དཀྲུགས། དུག་གསུམ་རྩད་བཅད་ནས་རང་གིས་རང་རྟོགས་པའི་དབང་ཐོབ་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྷུན་གྱིས་གྲུབ་པར་གྱུར་པའོ། །དགེ་བའི་བཤེས་གཉེན་གྱིས་དབང་བསྐུར་ནས་ཐོབ་པབི་མ་ལ་མི་ཏྲ་སྟེ། རྒྱ་གར་གྱི་རྒྱལ་པོའི་མཆོད་གནས་སུ་པཎྜི་ཏ་ལྔ་བརྒྱ་བཞུགས་པའི་གྲལ་དུ་རྒྱལ་པོ་དེས་ཞུས་པ། བདག་ལ་བོད་ཀྱི་རྒྱལ་པོས་གསེར་ཕྱེ་བྲེ་གང་བསྐུར་ནས་སྐྱེས་ལན་པཎྜི་ཏ་མཁས་པ་བོད་དུ་རྫོངས་ཤིང་ཞུས་འདུག་པས་ཁྱེད་རྣམས་ཀྱི་ནང་ནས་མཁས་པ་ཞིག་བོད་དུ་གཤེགས་པར་འཚལ་ཞེས་ཞུས་པས། ལྔ་བརྒྱའི་ནང་ན་ལྔ་ཚིགས་དབུས་སུ་མཁས་པ་བི་མ་ལ་མི་ཏྲ་བཞུགས་པ་ལ་ཡར་མར་རྣམས་ཀྱི་སྤྱན་དུས་གཅིག་ཏུ་བི་མ་ལ་ལ་གཟིགས་པས་བི་མས་བོད་དུ་སོང་ཅིང་པར་གོ་ནས་གཞུ་མོ་དག་ལ་བརྟེན་པའི་མདའ། ཞེས་སོགས་ཚིགས་སུ་བཅད་པ་གསུང་ནས་བོད་དུ་བྱོན། བི་མ་ལ་དེ་ནི་པཎྜི་ཏ་ལྔ་བརྒྱས་དབང་བསྐུར་ནས་ཐོབ་པའོ། །དེ་ནས་བོད་ཡུལ་དུ་པད་འབྱུང་བི་མ། བུདྡྷ་གུ་ཏ། ཤནྟིང་གརྦྷ་བཞི་བྱོན་པས་བུདྡྷ་གུ་ཏ་ནི་གངས་ཏི་སེ་ནས་རྗེ་འབང་ལ་གདམ་ངག་སྤྲད་སྟེ་སླར་རྒྱ་གར་དུ་གཤེགས། ཤིནྟིང་གརྦྷ་རཀྵི་ཏ་དགོངས་པ་ལ་གཤེགས་ནས་བོད་ལ་ཆོས་སྤེལ་བ་མ་བྱུང་། བོད་དུ་དབང་གི་ཆུ་བོ་བཞིའི་མགོ་བོ་ནི། པདྨ་འབྱུང་གནས། བ་མ་མི་ཏྲ། ནམ་མཁའི་སྙིང་པོ། །བཻ་རོ་ཙ་ན་སྟེ་རྒྱ་གར་གྱི་སློབ་དཔོན་གཉིས། བོད་ཀྱི་གཉིས་ཏེ་བཞིའོ། །དེ་ཡང་ཕྱག་རྡོར་གྱི་སྤྲུལ་པ་གུ་རུ་པད་མ་ལ་རྒྱ་གར་གྱི་བཀའ་བབ་གསུམ་པོའི་དབང་གི་ཆུ་བོ་ཡང་འདུས་ཤིང་བོད་ཡུལ་དུ་རྗེ་བཙུན་རིག་འཛིན་ཆེན་པོ་དེ་ཉིད་ཀྱིས་བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་རྗེ་འབངས་ཐུགས་ཀྱི་སྲས་དགུར་དབང་བསྐུར་བའི་ཚེ་མདའ་བདག་རྒྱལ་པོའི་མེ་ཏོག་དབུས་སུ་བབ་པ་སོགས་སོ་སོའི་རིགས་ཀྱི་དཀྱིལ་འཁོར་སྒྲུབ་པས་ཞེས་མཐོང་ཞིང་དངོས་གྲུབ་ཐོབ་ནས་རྫུ་འཕྲུལ་སྣ་ཚོགས་བསྟན་པར་མཛད་དོ། །དེ་བཞིན་དུ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་ཡང་དབང་བསྐུར་རོ། །དེ་དག་གི་བཀའ་ཡང་གཉག་ཛྙཱ་ན་ལ་བབ་སོ། །ཡང་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བ་སློབ་དཔོན་བི་མ་ལ་མི་ཏྲས་ཡར་ལུང་མཆོང་གི་ཡང་རྫོང་དུ། གསང་བ་མཆོག་གི་དཀྱིལ་འཁོར་བཞེངས་ནས་ཞང་གི་བནྡེ་ཛྙཱ་ན་ལ་དབང་བསྐུར་གསང་མཚན་དྲི་མེད་ཟླ་ཤར་དུ་བཏགས་ནས་གྲུབ་པ་ཡང་ཐོབ། ལྷ་སྲས་རལ་པ་ཅན་གྱི་ཕྱག་རྒྱ་བཏབ་པ་དབང་གི་ཆུ་བོ་གཅིག་གོ། །ཡང་རྣམ་པར་སྣང་མཛད་ཀྱི་སྤྲུལ་བ་ལོ་ཙཱ་བ་བཻ་རོ་ཙ་ནས་རྒྱ་གར་དུ་སློབ་དཔོན་དགའ་རབ་རྡོ་རྗེ་དངོས་དང་དེའི་སློབ་མ་འཕགས་པ་འཇམ་དཔལ་གྱི་ཞལ་དངོས་སུ་མཐོང་བ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གཉིས་ལས་དབང་ཐོབ་ཅིང་བཻ་རོ་ཙ་ནས་རྒྱལ་མོ་གཡུ་སྒྲ་ལ་དབང་བསྐུར། དེས་ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ་ཞང་ཛྙཱ་ན་ལ་དབང་བསྐུར་བའོ། །ཉི་ཟླ་རྟོད་ལ་གནོན་ནུས་པ་སློབ་དཔོན་ནམ་མཁའི་སྙིང་པོས་རྒྱ་གར་གྱི་ཡུལ་གསེར་བྲག་བྱ་ཁྱུང་ཚལ་དུ་བཛྲ་ཧཱུཾ་ཀ་ར་ལ་དབང་ནོས་ནས་གཉལ་གྱི་དགེ་རི་རུ་མར་མེད་དགུ་པ་བཞེངས་ནས་ཞང་ལ་དབང་བསྐུར་བ་ཡིན་ནོ། །དེ་ལྟར་ན་སློབ་དཔོན་བཞི་བོ་དེ་དག་གི་དབང་གི་ཆུ་བོ་བཞི་ཀ་གཅིག་ཏུ་འདུས་པའི་ཞང་ཛྙཱ་ན་ཀུ་མཱ་རའམ་གསང་མཚན་དྲི་མེད་ལ་ཟླ་ཤར་དུ་གྲགས་པ་དེ་ཉིད་ཡིན་ལ། དེས་གྲའི་མན་ཁང་དུ་སོག་པོ་ལྷ་དཔལ་དང་། གནུབ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་དབང་བསྐུར། སངས་རྒྱས་ཡེ་ཤེས་ཀྱིས་གནུབ་ཡོན་ཏན་རྒྱ་མཚོ་སོགས་གཙང་གི་མི་བཞི་ལ་དབང་བསྐུར། དེའི་ནང་ནས་བཀའ་ཐམས་ཅད་བབ་པའི་མཆོག་གནུབ་ཡོན་ཏན་རྒྱ་མཚོ་གསང་མཚན་གཏེར་བཞད་རྩལ་ལ་སྔར་གྱི་བཀའ་བབ་བཞིའི་སྟེང་དུ་ཕྱིས་དཱ་ན་ཏ་ལའི་དབང་བཀའ་དང་ལྔ་འདུས་ཤིང་། དེ་ལས་རིམ་པར་གྲུབ་ཐོབ་དངོས་གྲུབ་ཀྱི་པར་དུ་བརྒྱུད་ནས་མངའ་བདག་ཉང་རལ་པ་ཅན་གྱིས་ཞུས། མངའ་བདག་ཉང་རིན་པོ་ཆེ་ནི་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་སྐུ་ཕྲེང་བཅུ་དྲུག་པ་ཡིན་པས་བཀའ་མའི་དབང་བརྒྱུད་དུ་མ་ཟད་བདེ་གཤེགས་འདུས་པའི་ཆོས་གཏེར་ཀྱི་བཀའ་བབ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་ཉིད་ཡིན་ལ། དེ་ལས་རིམ་པར་བརྒྱུད་དེ་ཆོས་ཀྱི་རྒྱལ་པོའི་སྤྲུལ་པ་མངའ་རིས་ཀྱི་པཎྜི་ཏ་པདྨ་དབང་གི་རྒྱལ་པོ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེ་སློབ་དཔོན་ཟམ་མ་ཆད་པ་ལས་རིམ་པར་བརྒྱུད་དེ་བདག་གི་བླ་མ་དམ་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་གཙུག་ལག་སྨྲ་བའི་ཉི་མ འམ། མཚན་གཞན་པདྨ་འོད་གསལ་མདོ་སྔགས་གླིང་པ་ཞེས་སུ་ཡུལ་གྱི་ཐ་གྲུ་ཀུན་ན་གྲགས་པ་མངའ་བདག་ཆོས་ཀྱི་རྒྱལ་པོའི་སྤྲུལ་པའི་སྐུར་རྡོ་རྗེའི་ལུང་གིས་བསྔགས་ཤིང་། རྗེ་རང་ཉིད་ཀྱིས་ཀྱང་ཆོས་རྒྱལ་དང་མངའ་རིས་པཎྜི་ཏར་འཁྲུངས་དུས་སོགས་ཁར་སང་བཞིན་དུ་གསལ་པོར་དྲན་ཚུལ་ཞལ་ནས་གསུངས་ཤིང་མཁས་དང་གྲུབ་པའི་རྣམ་ཐར་འགྲན་ཟླ་མེད་པའི་སྙན་པ་ཆེན་པོས་བོད་ཀྱི་ཡུལ་ལྗོངས་ཐམས་ཅད་དུ་ཁྱབ་པ་བཀའ་བབ་བདུན་དང་ལྡན་ཞིང་ཁྱད་པར་དུ་གྲུབ་པའི་རིག་འཛིན་བརྒྱད་དང་གུ་རུ་མཚན་བརྒྱད་དང་དབྱེར་མེད་པའི་དཔལ་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་གྱི་བདག་པོ་རྣམས་ལས། ལམ་འདིའི་སྨིན་གྲོལ་དངོས་སུ་ནོས་ཤིང་ཡོངས་སུ་རྫོགས་པའི་བཀའ་བབ་པ་གང་དེས་གཟིམ་ཁང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བདག་ཅག་ལ་སོགས་པ་འདུས་པའི་ཚོགས་ལ་ཐུགས་དགྱེས་པ་ཆེན་པོའི་ངང་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ཡོངས་རྫོགས་སུ་གནང་ཞིང་། དེར་མ་ཟད་རྗེ་ཉིད་ཀྱི་ཟབ་གཏེར་གྱི་ཆོས་སྐོར་གུ་རུ་མཚན་བརྒྱད་དང་གྲུབ་པའི་རིག་འཛིན་བརྒྱད་ཀྱི་དགོངས་པ་སྙན་དུ་བརྒྱུད་པའི་བཀའ་བརྒྱད་ཀྱི་ཆོས་སྡེ་རྣམས་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྒྲུབ་པའི་དབང་དང་དེ་དག་གི་དགོངས་དོན་གྱི་བཤད་པ་དང་། ཟབ་མོའི་དམར་ཁྲིད་རྣམས་དང་། གཞན་ཡང་ཉེ་བརྒྱུད་ཀྱི་བཀའ་བརྒྱད་དུ་མའི་དབང་དང་བཤད་བཀའ་སྣ་ཚོགས་རྩལ་ནས་འདི་རྣམས་ལ་བརྟེན་ཏེ་བཀའ་བརྒྱད་ཀྱི་རྣམ་བཤད་ཞིག་ཀྱང་གྱིས་ཞེས་བདག་ཅག་ལ་སྔ་ཕྱིར་གསུང་གིས་ཡང་ནས་ཡང་དུ་ནན་ཏན་ཆེན་པོས་བསྐུལ་ཞིང་རྗེས་སུ་གནང་ལ་ཐུགས་ཀྱི་དགོངས་པ་གཏད་པ་མཛད་པ་དང་། སླད་ནས་གཟིམ་ཁང་དེ་ཉིད་དུ་རྗེ་བླ་མ་ཉིད་དབུར་བཞུགས་པའི་རིག་འཛིན་འདུས་པའི་ཚོགས་དང་བདག་ཅག་ལྷན་ཅིག་ཏུ་འཇམ་མགོན་སྨྲ་བའི་སེང་གེ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེའི་ཞལ་སྔ་ནས་བཀའ་བརྒྱད་བདེ་གཤེགས་འདུས་པ་ཆེན་པོའི་གཞུང་པོད་དགུའི་ལུང་གི་རྒྱུད་ཀྱང་ལེགས་པར་ནོས་ཏེ། དེ་ལྟ་བུར་གཏེར་ཆེན་བླ་མ་རིན་པོ་ཆེ་རྣམ་པ་གཉིས་ལས་བརྒྱུད་པའི་བཀའ་སྲོལ་ཐོབ་པའི་སྐལ་བཟང་དུ་གྱུར་པ་ཡིན་ནོ། །དེ་ལྟ་དེང་སང་གི་བར་དུ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་སྨིན་གྲོལ་ཟབ་མོའི་ཚུལ་དང་ལྡན་པའི་ཉམས་ལེན་གྱི་བརྒྱུད་པ་འདི་ལ། མཁའ་ལ་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག །ས་ལ་དཀྱིལ་འཁོར་སྒྲུབ་པའི་བཀྲག་མ་ཡལ། བར་དུ་སྨན་རཀ་བདུད་རྩིའི་མཚོ་མ་སྐམ། དམ་ཉམས་དང་འདྲེས་ཁྱེར་གྱི་སླད་མ་ཞུགས། མ་དང་མཁའ་འགྲོའི་ཁ་རླངས་ཀྱི་ངད་མ་ཡལ། བྱིན་རླབས་དོན་བརྒྱུད་ཀྱི་ཟམ་མ་ཆད་པར་བཞུགས་པ་ལག་པས། སྔ་འགྱུར་པའི་རིང་ལུགས་འཛིན་པ་རྣམས་ཀྱིས་ལམ་འདི་གཙོ་བོར་འཛིན་དགོས་པར་ཨོ་རྒྱན་བརྒྱུད་པ་དང་བཅས་པའི་བཀའ་གཙིགས་ཕྱག་རྒྱས་བཏབ་པ་ཡིན་པས། དུས་ཀྱི་མཐར་སྐྱེས་པ་རྙིང་མའི་ཆོས་གྲལ་འཛིན་པའི་དམན་པ་བདག་གིས་ཀྱང་སྒོ་གསུམ་གཡོ་ཟོལ་མེད་པས་བླ་མའི་བཀའ་དང་རང་གི་མོས་པ་ལ་བརྟེན་ནས་བཀའ་བརྒྱད་ཀྱི་རྣམ་བཤད་ཞིག་འབྲི་འདོད་ཡོད་ཀྱང་ཇི་བཞིན་དུས་སུ་སྨིན་པ་ཕྲལ་དུ་མ་བྱུང་བས་དེ་གར་ལུས་པར་གྱུར་ཅིང་། ཆུ་འབྲུག་གི་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་ཉེར་གཅིག་ལ་བདག་གི་བླ་མ་རིན་པོ་ཆེ་ཞིང་འདིར་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་གྱིས་རི་བོ་རྩེ་ལྔ་པཎ་ཆེན་བི་མ་ལའི་ཐུགས་ཀྱི་དབྱིངས་སུ་ཐིམ་པའི་མཛད་པ་བསྟན་པའི་རྗེས་སུ། ཉེ་ཆར་ཞེ་ཆེན་པ་རྒྱལ་ཚབ་སྤྲུལ་པའི་སྐུ་རིན་པོ་ཆེ་དཔོན་སློབ་ཀྱིས་བཀྲ་ཤིས་པའི་ལྷ་རྫས་དང་། གཏེར་བྱོན་གནམ་ལྕགས་རྡོ་རྗེ་རིན་ཆེན་བྱི་རུའི་ཕྲེང་བ་སྤུས་ལེགས། མི་ཡི་ནོར་བུ་བདེ་སྐྱོང་གི་སྣོད་སོགས་དངོས་རྫས་དུ་མ་དང་བཅས་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྤྱི་དོན་ཞིག་འབྲི་དགོས་པར་ནན་གྱིས་བསྐུལ་བ་སོགས་དོན་གཉེར་ཅན་དུ་མས་བསྐུལ་བའི་རྐྱེན་བྱས་ནས། རྣམ་རྒྱལ་ཞེས་པ་ཆུ་སྦྲུལ་གྱི་ལོར་ཡང་དབེན་པདྨ་བདེ་ལྡན་དུ་བདེ་གཤེགས་འདུས་པའི་བསྙེན་སྒྲུབ་ལ་ཟླ་བ་དྲུག་གི་བར་དུ་ངག་བཅད་ཀྱི་ཚུལ་དུ་གཅད་རྒྱ་དམ་པོར་བྱས་ནས་གསོལ་བ་བཏབ་ཅིང་སླར་ཚོགས་ཀྱི་མཆོད་པ་སོགས་ཕུལ་ཏེ། ལོ་དེ་ཡི་གྲོ་བཞིན་ཟླ་བའི་ཚེས་བཅོ་བརྒྱད་ལ་གློ་བུར་འབྲི་འདོད་ཞིག་བྱུང་བ་བཞིན། པད་འབྱུང་བི་མ་བཻ་རོ་ནམ་སྙིང་སྟེ་མཁས་པ་མི་བཞིས་བརྩམས་པའི་བདེ་གཤེགས་འདུས་པའི་བཤད་ཐབས་ཀྱི་གཞུང་རྣམས་གཞི་བྱས། བཀའ་བརྒྱད་རྫོང་འཕྲང་དང་བླ་མའི་མན་ངག་སོགས་ཀྱིས་ཟུར་བརྒྱན་ཏེ་ཉིན་བཞིན་བརྒྱུད་མར་བྲིས་པས་སྲོག་གི་སྐོར་འབྲི་ཚེ་ནད་ཉམས་ཤིན་ཏུ་འཚུབ་པ་བྱུང་ཡང་ཚོགས་མཆོད་སོགས་ཕུལ་ནས་ནན་ཏན་གྱིས་བྲིས་ཏེ་ཟླ་བ་དེ་ཡི་ཚེས་ཉེར་གཅིག་པའི་སྔ་དྲོ་ལེགས་པར་གྲུབ་པར་བགྱིད་པ་པོ་ནི་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའམ་ཆེ་མཆོག་དགྱེས་པ་རྩལ་དུ་འབོད་པ་སྟེ་འདིས་ཀྱང་ཀུན་མཁྱེན་རྒྱལ་པའི་བསྟན་པ་སྤྱི་དང་བྱེ་བྲག་དུ་གསང་སྔགས་རྡོ་རྗེའི་ཐེག་པ་ཁྱད་པར་བདེ་གཤེགས་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ལམ་སྲོལ་འདི་ཉིད་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པ་མི་ནུབ་པར་གནས་ཤིང་དེ་ཡི་མཐུ་ལས་སེམས་ཅན་ཐམས་ཅད་ཀྱི་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་འགྲུབ་པར་གྱུར་ཅིག །དཔལ་ལྡན་མཁའ་འགྲོའི་ཚོགས་བཅས་ཧེ་རུ་ཀ། །བཀའ་སྡོད་མི་བཟད་འབར་བའི་སྲིན་འཕྲོ་བས། །ཚུལ་འདིར་གུས་ཤིང་འཛིན་པར་བགྱིད་རྣམས་ལ། །དངོས་གྲུབ་འདོད་དགུའི་གྲུ་ཆར་འབེབ་པར་མཛོད། །གྲུབ་པའི་རིག་འཛིན་ཚོམ་བུར་བཅས་པ་དང་། །སྲས་བཅས་རྒྱལ་བའི་དགྱེས་ཞལ་མངོན་བསྟན་ནས། །གླུ་དབྱངས་དང་བཅས་མཛེས་པའི་མེ་ཏོག་གི། །ཆར་གྱིས་དེང་འདིར་དགེ་མཚན་བཀྲ་ཤིས་སྩོལ། །ལམ་མཆོག་འདི་ཉིད་ཕྱོགས་དང་དུས་ཀུན་དུ། །ཆེས་ཆེར་འཕེལ་ཞིང་མི་ཉམས་གནས་པའི་མཐུས། །ས་དང་བར་སྣང་ནམ་མཁའི་ཁྱོད་ཀུན་ཀྱང་། །སྔགས་ཀྱི་སྙན་གྲགས་ཆེན་པོས་ཁྱབ་གྱུར་ཅིག །ཅེས་ཀྱང་སྨྲས་སོ།། །།མངྒ་ལཾ།། ༀ་སྭ་སྟི། །སྟོན་པ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀས། །དུས་གསུམ་རྣམ་དག་འོག་མིན་གསང་མཆོག་ཏུ། །དཔལ་ཆེན་རྣམ་བརྒྱད་རིག་འཛིན་འཁོར་ཚོགས་ལ། །བརྗོད་མེད་དགོངས་བརྒྱུད་ཆོས་ཉིད་རང་སྒྲས་གསུངས། །རིག་འཛིན་རྩལ་འཆང་རྡོ་རྗེ་ཆོས་རབ་ཀྱིས། །ངག་ཏུ་བསྡུས་ཏེ་སེམས་འགྲེལ་ལུང་ལྔར་བཅས། །མཁའ་འགྲོའི་གཙོ་དང་གཏུམ་ཆེན་སྡེ་བརྒྱད་ལ། །བརྡའ་བརྒྱུད་ཆོས་ཀྱི་འཁོར་ལོས་གཏད་བརྒྱད་མཛད། །རེ་ཞིག་སྤེལ་བར་དུས་ལ་མ་བབ་བས། །སོ་སོར་ཕྱིན་ཏེ་རིན་ཆེན་སྒྲོམ་དུ་བཅུག །མི་འཇིགས་བཀའ་རྟག་རིམ་པ་བདུན་གྱིས་བཏབ། །རོ་གླིང་ཚལ་གྱི་བདེ་བྱེད་བརྩེགས་པར་སྤས། །ནམ་ཞིག་གྲུབ་པའི་རིག་འཛིན་རྣམ་དགུ་ཡི། །འོད་གསལ་ཉམས་ཀྱི་སྣང་བར་མཆོད་རྟེན་དེ། །མཁའ་འགྲོ་དྲེགས་པ་བྱེ་བས་སྲུང་ཞིང་མཆོད། །འཇམ་ཤར་གློགས་འགྱུར་འོད་ཆེན་འབར་བར་གཟིགས། །བརྟགས་པས་འཛམ་གླིང་འཚེངས་ནུས་ཆོས་གཏེར་མཐོང་། །རྫུ་འཕྲུལ་གྱིས་འདུས་ཏིང་འཛིན་མཐུས་བསྐུལ་པས། །དྲེགས་པའི་ཚོགས་ཀྱིས་སྒྲོམ་རྣམས་སོ་སོར་ཕུལ། །མཁའ་འགྲོས་དབང་བསྐུར་སྙན་བརྒྱུད་བཀའ་བབས་སོ། །དེ་ཉིད་ཀུན་འདུས་པདྨ་སམ་བྷ་ཡིས། །བྲག་དམར་ཀེའུ་ཚང་བྱང་ཆུབ་ལེན་ཚལ་དུ། །རྗེ་འབངས་བཀའ་བབ་སྙིང་གི་བུ་དགུ་ལ། །དབང་དང་གདམས་པ་མ་ལུས་རྫོགས་པར་སྩལ། །ད་ལྟ་མ་སྤེལ་ལྔ་བརྒྱའི་ཐ་མ་ལ། །བོད་ཡུལ་བདེ་སྤྱིད་ཆོས་ཀྱི་རྩ་བར་འགྱུར། །མདོ་སྔགས་བསྟན་པ་གཞན་ཀུན་ཉམས་ཀྱང་སླའི། །བཀའ་བརྒྱད་རྣམ་གསུམ་ཉམས་མ་འཇུག་ཅེས་གདམས། །དེ་ཕྱིར་པདྨའི་རིང་ལུགས་འཛིན་རྣམས་ཀྱིས། །འདི་ཉིད་ཁོ་ནར་བཤད་སྒྲུབ་འབད་རིགས་པས། །མི་ཕམ་བཤེས་གཉེན་དམ་པའི་དཔྱད་གསུམ་གྱིས། །རྨད་བྱུང་རྣམ་བཤད་དངོས་གྲུབ་སྙིང་པོར་གྲུབ། །གང་དེ་འཛད་མེད་ཆོས་སྦྱིན་རྒྱ་ཆེའི་རྒྱུ། །གཅིག་ལས་དུ་མར་འབྱུང་བ་སྤར་གྱི་འཕྲུལ། །ལ་དཀར་ཁྱིམ་བདག་དད་གསུམ་བློ་ཡིས་གཞེངས། །དེ་ལས་བྱུང་བའི་རྣམ་དཀར་དགེ་ཚོགས་ཀུན། །བསྟན་འཛིན་མཆོག་རྣམས་ཞབས་པད་རྟག་བརྟན་ཅིར། །བསྟན་པ་རིན་ཆེན་བཤད་དང་སྒྲུབ་པ་རྒྱས། །བསྟན་འཛིན་རྣམ་ཀྱང་ཐུགས་མཐུན་ཁྲིམས་གཙང་བས། །བསྟན་པ་ཡུལ་དུ་གནས་པའི་རྒྱུ་རུ་བསྔོ། །རྒྱུ་སྦྱོར་པོ་ཡང་གནས་སྐབས་ཐམས་ཅད་དུ། །མི་མཐུན་ལོག་འདྲེན་མདའ་ལྔའི་འཚེབ་ཞི། །ཚེ་དཔལ་ཡོན་ཏན་ཡར་ཟླའི་རྗེས་འགྲོ་བས། །བསྟན་པའི་ཞབས་འདེགས་རྟག་ཏུ་བགྱིད་པར་ཤོག །ཕྱོགས་མཐའ་མི་མངོན་མཁའ་མཉམ་འགྲོ་ཚོགས་ཀུན། །བདེ་ལེགས་རྩ་བ་དགེ་བཅུའི་ལམ་བཟང་སྤྱོད། །བདེ་སྐྱིད་སྐབས་གསུམ་ལྗོངས་ཀྱི་དཔལ་ཐོབ་སྟེ། །བདེ་དགའ་འགྱུར་མེད་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་པའི་སྤར་བྱང་ཉུང་ངུ་འདི་ཡང་ཕྱི་མོའི་ཞུ་དག་དང་ཆབས་ཅིག་མཁན་མིང་རཏྣ་ཀི་རྟིས་སྨྲས་པ་སརྦ་མངྒ་ལཾ།། །།

སྔ་འགྱུར་རྒྱུད་འབུམ་གྱིས་མཚོན་པའི་མདོ་རྒྱུད་སྤྱིའི་འཆད་ཐབས་ཨུད་པ་ལའི་ཕྲེང་བ། པདྨ་བཛྲ།

སྔ་འགྱུར་རྒྱུད་འབུམ་གྱིས་མཚོན་པའི་མདོ་རྒྱུད་སྤྱིའི་འཆད་ཐབས་ཨུད་པ་ལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །གང་གི་མཁྱེན་དང་བརྩེ་བའི་ཡེ་ཤེས་ཀྱིས། །ཤེས་བྱའི་ཆོས་ཁམས་མཐའ་དག་ཅིག་ཆར་དུ། །མཉམས་ཤིང་མ་འདྲེས་ཡོངས་སུ་རྫོགས་པ་རུ། །ཀུན་གཟིགས་ཁྱབ་བདག་བླ་མས་དགེ་ལེགས་སྩོལ། །རྣམ་དག་ཐུབ་པའི་གཞུང་ལུགས་རྒྱ་མཚོ་ལ། །སྦྱངས་པའི་སྤྱན་རས་ཡངས་པོར་གྱུར་པ་རྣམས། །འདི་འདྲའི་གཏམ་གྱི་སྦྱོར་བས་ཅི་ཞིག་མགུ། །འོན་ཏང་བློ་གསར་འཆད་ཉན་སྤྲོ་བ་དག །སྦྱོར་བ་གཏམ་གྱིས་ཆོས་སྒོ་འབྱེད་པ་ལ། །ཐོག་མར་དགེ་བ་འཆད་བྱའི་ཆོས་ངོས་བཟུང་། །གླེང་གཞི་སྟོན་པས་ཇི་ལྟར་གསུང་པའི་ཚུལ། །བརྒྱུད་པའི་བབས་ལུགས་འཆད་པའི་གོ་རིམ་དང་། །འཆད་པའི་སློབ་དཔོན་ཉན་པའི་སློབ་མའི་ཚུལ། །འཆད་ཉན་བགྱིད་པའི་བསམ་པ་ཀུན་སློང་དང་། །སྦྱོར་བ་ཀུན་སྤྱོད་དམ་པ་གསུམ་ལྡན་གྱིས། །ཕན་ཡོན་དང་བཅས་གོ་རིམ་ཇི་བཞིན་བཤད། །དེ་ལ་འདིར་སྔ་འགྱུར་རྒྱུད་འབུམ་ལྟ་བུས་མཚོན་པའི་ཆོས་འཆད་པ་ལ་ཞུགས་པའི་ཚེ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་བླ་ན་མེད་པ་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྐུ་ཚེ་འདི་ཉིད་ལ་མངོན་དུ་བྱ། དེའི་ཆེད་དུ་ཟབ་གསང་བླ་ན་མེད་པ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཟབ་མོའི་རིམ་པ་རྣམས་གསན་ནས་དེ་དག་གི་བརྗོད་བྱའི་དོན་རྣམས་ཚུལ་བཞིན་ཐུགས་ཉམས་སུ་བཞེས་པར་བགྱིའོ་སྙམས་པའི་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་བཅས་པས་ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་རྣམས་གསལ་གདབ་སྟེ། དྲན་པ་ཉེ་བར་བཞག་ནས་སྤངས་བླང་མ་ནོར་བའི་སྒོ་ནས་གསན་པར་ཞུ། འདིར་གང་ཞིག་གསན་པར་བྱ་བའི་སྐབས་སུ་བབས་པའི་ཆོས་ནི། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཀུན་མཁྱེན་ཤཱཀྱ་སེང་གེའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་ལས་གསང་སྔགས་རྙིང་མའི་རྒྱུད་འབུམ་ཞེས་ཡོངས་སུ་གྲགས་པ་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པའི་རྒྱུད་སྡེ་རྣམས་འཆད་པའི་སྐབས་ཡིན། དེ་ལ་སྤྱིར་བདག་ཅག་གི་སྟོན་པ་གདུལ་བྱ་འདུལ་བའི་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་སེམས་ཅན་རྣམས་ཀྱི་ཁམས་དང་དབང་པོ་བསམ་པའི་བྱེ་བྲག་དང་མཐུན་པའི་ཆོས་ཀྱི་སྒོ་དང་ཐེག་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་དེ་ཐམས་ཅད་སྤངས་གཉེན་གྱི་སྒོ་ནས་བཞག་ན་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སྟེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམས་འདུལ་བའི་གཉེན་པོ་རུ། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་པ་ལྟར་ལ། དེ་ཐམས་ཅད་རྗོད་བྱེད་ཚིག་གི་སྒོ་ནས་ལུང་སྡེ་སྣོད་གསུམ་དང་། བརྗོད་བྱ་དོན་གྱི་སྒོ་ནས་མངོན་རྟོགས་བསླབ་པ་གསུམ་སྟེ་ངོ་བོ་ལུང་རྟོགས་གཉིས་ཀྱི་ཆོས་སུ་གནས་པ་ཡིན་ཏེ། མཛོད་ལས། ཐུབ་པའི་བསྟན་པ་རྣམ་གཉིས་ནི། །ལུང་དང་རྟོགས་པའི་བདག་ཉིད་ཅན། །ཞེས་གསུངས། འོ་ན་གསང་སྔགས་རྡོ་རྗེའི་ཐེག་པ་ཡང་དེ་དག་ཏུ་འདུའམ་ཞེ་ན་འདུ་མོད་ཀྱི་འོ་ན་ཀྱང་བསྡུ་བའི་ཚུལ་ལ། རྒྱ་གར་གྱི་སློབ་དཔོན་རྣམས་ཀྱང་འཆད་ལུགས་མི་འདྲ་བར་སྣང་སྟེ། ཁ་ཅིག་ནི། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཅེས་པ་དང་། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས་ཅེས་པ་ལ་སོགས་པའི་རྗེས་སུ་འབྲང་ན་མདོ་སྡེར་འཆད། སློབ་དཔོན་བི་མ་ལ་སོགས་ཁ་ཅིག་ནི། སྡེ་སྣོད་རིན་པོ་ཆེ་གསུམ་ལས་མངོན་པ་སྟེ་ཞེས་ལྟ་བ་དང་ཤེས་རབ་གཙོ་བོར་སྟོན་པའི་སྒོ་ནས་མངོན་པར་འཆད། སློབ་དཔོན་ཁ་ཅིག་ནི་སྡེ་སྣོད་གསུམ་གའི་མན་ངག་ཏུ་གྱུར་པ་གང་ཞིག་འབྲས་བུ་ལམ་དུ་བྱེད་ཅིང་ཐབས་མཁས་ཀྱི་ཁྱད་པར་སྤངས་གཉེན་ཐ་དད་དུ་མི་བལྟ་ཞིང་ལམ་གྱི་ལུས་མི་འདྲ་བར་སྟོན་པའི་ཕྱིར་ཐུན་མིན་རིག་པ་འཛིན་པའི་སྡེ་སྣོད་ཅེས་སྡེ་སྣོད་ཟུར་པ་ཞིག་ཏུ་མཛད་དེ་སྡེ་སྣོད་བཞི་པར་བཞག་གོ། །དེ་དག་གང་ལྟར་ཀྱང་དོན་གྱི་ངོ་བོ་བསླབ་པ་གསུམ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་ཏུ་འཆད་དགོས་པས་ན་ལམ་གྱི་ངོ་བོ་མཐུན་ཅིང་ཐབས་ཀྱིས་ཁྱད་པར་འཕགས་པ་ཁོ་ནའོ། །དེ་ལས་སྐབས་འདིར་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་བཞིའི་སྒོ་ནས་འཕགས་པ་འབྲས་བུ་རྡོ་རྗེའི་ཐེག་པ་ཉིད་སྟོན་པའི་སྐབས་ཡིན། དེ་ལ་ལྟ་སྤྱོད་གཙོ་བོར་སྟོན་པའི་བྱེ་བྲག་གིས་བྱ་བའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་གཉིས་ལས། བྱ་བའི་རྒྱུད་ལའང་བྱ་བའི་རྒྱུད་དངོས་དང་། དེའི་ཆ་མཐུན་སྤྱོད་པའི་རྒྱུད་དེ་གཉིས་ཡོད། རྣལ་འབྱོར་གྱི་རྒྱུད་ལའང་རྣལ་འབྱོར་གྱི་རྒྱུད་ཙམ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་གཉིས་ཏེ་རྒྱུད་སྡེ་བཞིར་དབྱེ་བ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལའང་ནང་གསེས་ཐབས་ཀྱི་རྒྱུད་དང་། ཤེས་རབ་ཀྱི་རྒྱུད་དང་། གཉིས་ཀའི་རྒྱུད་གསུམ་དུ་དབྱེ་བས་རྒྱུད་སྡེ་དྲུག་ཏུ་འགྱུར་བ་ཡིན་ལ། དེ་ལ་ཁ་ཅིག་བླ་མེད་ཀྱི་རྒྱུད་ལ་ཐབས་ཤེས་ཀྱི་རྒྱུད་གང་རུང་གིས་ཁྱབ་པས་གཉིས་མེད་ཀྱི་རྒྱུད་ཅེས་ཟུར་དུ་མི་བཞེད་པར་སྣང་བ་ནི། དོན་ལ་ལམ་གྱི་ངོ་བོ་ཐབས་ཤེས་གཉིས་ལས་མི་འདའ་བ་བདེན་མོད་ཀྱང་། གདུལ་བྱའི་ཁྱད་པར་ལས་ཚིག་གིས་ཟིན་ཚོད་དང་ལམ་གྱི་དངོས་གཞི་ལ་ཐབས་ཤེས་ཀྱི་ཕྱོགས་རེ་རེ་དང་། དེ་དག་ཆ་མཉམས་པ་འམ་ལམ་དེ་དག་ལས་སྐྱེས་པའི་ཡེ་ཤེས་གཙོ་བོར་སྟོན་མི་སྟོན་གྱི་བྱེ་བྲག་མངོན་སུམ་གྲུབ་པས་རྒྱུད་སྡེ་དྲུག་ཏུ་བཞག་པ་ལ་སྐྱོན་མེད་དོ། །དེ་ལྟར་རྒྱུད་སྡེ་བཞིའམ་དྲུག་ཏུ་བཞག་པ་དེ་དག་ལས། ད་རེས་ཀྱི་སྐབས་སུ་བབས་པ་ནི་གསང་ཆེན་བླ་ན་མེད་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་འཆད་པའི་སྐབས་ཡིན། དེ་ལ་བོད་འདིར་འགྱུར་སྔ་ཕྱིའི་དབང་གིས་བཞག་པའི་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པ་ལས། འདིར་སྔ་འགྱུར་རྙིང་མའི་རིང་ལུགས་ལྟར་ན་སྔགས་བླ་མེད་ཀྱི་ལམ་ཐམས་ཅད་མདོ་སྒྱུ་སེམས་གསུམ་མམ། རྒྱུད་ལུང་མན་ངག་གསུམ་དུ་གྲགས་པ་ནང་རྒྱུད་ཡོ་ག་སྡེ་གསུམ་དུ་ཡོངས་སུ་རྫོགས་པར་འདུ་བ་ཡིན་ལ། དེ་ལས་གསར་རྙིང་ཐུན་མོང་དུ་བཞེད་པའི་བླ་མེད་ཀྱི་རྒྱུད་སྡེ་རྣམས་ན་ཕལ་ཆེར་མ་ཧཱ་ཡོ་གའི་ཕྱོགས་སུ་གཏོགས་པ་ཡིན་ནོ། །སྔ་འགྱུར་གྱི་ཐུན་མོང་མ་ཡིན་པའི་རྒྱུད་སྡེ་རྣམས་ཕྱོགས་གཅིག་ཏུ་བཞུགས་པ་ལ་སྔ་འགྱུར་རྙིང་མའི་རྒྱུད་འབུམ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་དོ། །གཞན་ཁ་ཅིག་ཕྱི་ནང་གི་རྒྱུད་སྡེ་ལྔའམ་དྲུག་ཏུ་བཞག་པ་རྣམས་ནི་རྒྱུད་སྡེའི་རིམ་པའི་དབྱེ་བ་ལས་ཐེག་པའི་རིམ་པ་མིན་ནོ་ཞེས་རྩོད་པ་ནི་ཚིག་ལ་རྩོད་པ་ཙམ་སྟེ། དོན་ལ་ནི་འབྲས་བུ་རྡོ་རྗེའི་ཐེག་པ་ཞེས་གསང་སྔགས་མཐའ་དག་ཐེག་པ་གཅིག་ཏུ་བཞག་པ་ནི་གསར་རྙིང་ཐུན་མོང་གི་རྒྱུད་སྡེ་རྣམས་དང་། རྒྱ་བོད་ཀྱི་མཁས་པ་ཆེན་པོ་ཐམས་ཅད་ལ་གྲགས་ཤིང་གྲུབ་པ་ཡིན་ནོ། །དེ་ལྟར་ན་སྤྱིས་བྱེ་བྲག་ལ་ཁྱབ་པ་ནི་རིགས་པར་སྨྲ་བ་རྣམས་བཞེད་པས། སྔར་རྒྱུད་རྣམས་སྤྱིར་ཐེག་པ་ཡིན་པ་གང་ཞིག །དེ་ལ་བྱེ་བྲག་རྒྱུད་སྡེའི་རིམ་པ་ཁས་བླངས་པའི་ཕྱིར་ཐེག་པའི་རིམ་པ་ཤུགས་ཀྱིས་གྲུབ་བོ། །འོན་ཀྱང་དེ་ལ་ཐེག་པ་མཆོག་དམན་དུ་འདོད་པ་མི་འཐད་དོ་ཞེ་ན། དེ་ནི་ཁྱེད་རང་རྣམས་འདོད་པའི་རྒྱུད་རྡོ་རྗེ་གུར་ལས་ཀྱང་། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །དབང་པོ་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་རྒྱུད་སྡེ་བཞི་པོ་རང་རང་གི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་མཆོག་དམན་གྱི་རིམ་པ་བཞི་ལ་དགོངས་ནས་གསུང་བར་བཤད་པའི་ཕྱིར་རྒྱུད་སྡེ་གོང་འོག་ཏུ་གྲུབ་ཕྱིན་ཐེག་པས་མཆོག་དམན་དུའང་གྲུབ་པ་ཉིད་དོ། །བླ་མེད་ཀྱི་སྡེ་ཚན་ནང་རྒྱུད་སྡེ་གསུམ་པོའང་རིག་པ་དེ་ཉིད་ཀྱིས་ཐེག་པའི་རིམ་པ་ཡིན་པ་དང་། ཕ་རྒྱུད་ལས་མ་རྒྱུད་ཉིད་ལ་ཟབ་པའི་ཁྱད་པར་ཡོད་པ་རྒྱུད་ནས་བཤད་པ་བཞིན་འདིར་དོན་གྱི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྫོགས་པ་ཆེན་པོར་ཉེ་བ་དང་། ཤིན་ཏུ་ཉེ་བ་དང་། མངོན་དུ་བྱེད་པའི་སྒོ་ནས་དམན་མཆོག་གི་རིམ་པའང་གྲུབ་བོ། །རྒྱུ་མཚན་དེའི་ཕྱིར་རང་རང་གི་སྤྱོད་ཡུལ་དུ་གྱུར་པའི་མདོ་རྒྱུད་ཉི་ཚེ་ཞིག་ལས། ཐེག་པ་རིམ་དགུའི་ཚིག་ཟིན་དངོས་སུ་མ་བྱུང་བ་ཙམ་ལ་བརྟེན་ནས་ནན་གྱིས་འགོག་པ་ནི་ཚིག་ཙམ་ལ་རྩོད་པ་ཁོ་ནའོ། །དེ་ལྟར་ཐེག་པ་རིམ་པ་དགུའི་རྩེ་མོར་གྱུར་པའི་ནང་རྒྱུད་ཡོ་ག་སྡེ་གསུམ་པོ་འདི་ཉིད་གང་གིས་གསུངས་པའི་སྟོན་པ་ནི་བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱ་སེངྒེ་ཉིད་ཡིན་ལ། དེ་ལ་སྐུ་གསུམ་གྱི་སྣང་ཚུལ་མི་འདྲ་བ་གསུམ་ལས་གླེང་གཞིའི་རིམ་པ་ཡང་གསུམ་སྟེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་བཤད་རྒྱུད་ལས། གླེང་གཞི་རྣམ་པ་གསུམ་ཡིན་ཏེ། །འོག་མིན་གནས་དང་རི་རབ་རྩེ། །འཛམ་བུ་གླིང་འདིར་གྲགས་པ་ཡིན། །བྱང་ཆུབ་སེམས་དཔའི་ལྷ་རྣམས་དང་། །མི་རྣམས་ཀྱི་ནི་དོན་དུ་གསུང་། །སྟོན་པ་ཡང་ནི་རྣམ་གསུམ་སྟེ། །སངས་རྒྱས་རྡོ་རྗེ་འཆང་ཆེན་དང་། །ལོངས་སྐུ་འཁོར་ལོས་སྒྱུར་བ་དང་། །ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། །དུས་ནི་གདུལ་བྱ་འདུལ་བའི་ཚེ། །འཁོར་རྣམས་འདུས་པའི་དུས་དེར་གསུངས། །ཞེས་གསུངས་པ་དང་མཐུན་པར་སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཆེན་པོའི་རང་སྣང་ཤིན་ཏུ་རྣམ་པར་དག་པའི་འོག་མིན་ཆེན་པོ་ན་དབྱིངས་ངོ་བོ་ཉིད་ཀྱི་སྐུ་དང་ཡེ་ཤེས་ཆོས་ཀྱི་སྐུ་གཉིས་དབྱེར་མེད་པ་ཟུང་དུ་འཇུག་པའི་བདག་ཉིད་ཡེ་ཤེས་ཀྱི་བྱེ་བྲག་ཚད་མེད་པ་དང་ལྷན་ཅིག་ཟབ་ཞི་སྤྲོས་དང་བྲལ་བའི་འོད་གསལ་གྱི་དགོངས་པ་ལས་མི་གཡོ་བར་བཞུགས་པ་ནི་དཔལ་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོས་འཁོར་ཉིད་ལས་མི་གཞན་པའི་རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཆོས་འོད་གསལ་བརྗོད་དུ་མེད་པའི་དགོངས་པ་ཉིད་དུས་གཞི་རྫོགས་འཕོ་འགྱུར་མེད་པའི་དབྱིངས་སུ་སྒྲ་ཚིག་རང་མཚན་ལས་འདས་པའི་གསུང་གིས་སྣང་བར་མཛད་དོ། །ཞེས་བཤད་དེ། འདི་ནི་གཞན་ངོར་ཆོས་སྟོན་པའི་ཐོག་མར་སྟོན་པ་རང་ཉིད་ཏིང་ངེ་འཛིན་གྱི་བྱེ་བྲག་དུ་མ་ལ་སྙོམས་པར་ཞུགས་སོ་ཞེས་མདོ་རྒྱུད་རྣམས་ཀྱི་གླེང་གཞིའི་སྐབས་ནས་འབྱུང་བ་དང་མཐུན་པ་སྟེ། སྟོན་པའི་རྣམ་མཁྱེན་གྱིས་ཇི་ལྟར་ཐུགས་སུ་ཆུད་པའི་ངོས་ནས་བཞག་པ་གླེང་གཞིའི་དང་པོར་གྲུབ་བོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་དང་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རྐྱེན་ལས་གཟུགས་ཀྱི་སྐུ་རྣམ་པ་ཐམས་ཅད་པར་སྣང་བར་མཛད་ནས་ཆོས་ཀྱི་འཁོར་ལོ་མཐའ་དག་བསྐོར་བར་མཛད་པ་ལས། ཐོག་མར་དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་སྟུག་པོའི་འོག་མིན་དང་། གཙང་གནས་ཀྱི་འོག་མིན་དང་། རི་རབ་ཀྱི་རྩེ་ལ་སོགས་པར་སྟོན་པ་ཉིད་ལོངས་སྤྱོད་རྫོགས་པ་རྣམ་པར་སྣང་མཛད་ཆེན་པོ་དང་རྡོ་རྗེ་འཆང་ཆེན་པོའི་རྣམ་པས་རྒྱུ་དང་འབྲས་བུའི་ཐེག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་རྟག་པ་རྒྱུན་གྱི་འཁོར་ལོར་སྟོན་པར་མཛད་པ་གླེང་གཞི་གཉིས་པ་དང་། དེའི་བདག་པོའི་རྐྱེན་དང་གདུལ་བྱའི་སྣོད་དག་པའི་དབང་ལས་མཁའ་ཟླ་ཆུ་མཚོར་སྣང་བ་བཞིན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྟོན་པ་ཐུབ་པའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་དང་སྐུའི་རྣམ་འགྱུར་མི་འདྲ་བ་དུ་མར་སྣང་བས། འཁོར་རྣམ་པ་བཞི་དང་དབང་རྣོན་སྔགས་ཀྱི་གདུལ་བྱར་གྱུར་པ་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་ཚད་མེད་པ་དང་། བྱེ་བྲག་ཏུ་རྡོ་རྗེའི་ཐེག་པ་ཉིད་ཡང་ནས་ཡང་དུ་རྒྱ་ཆེར་བསྒྲགས་པར་མཛད་པ་ནི་གླེང་གཞི་གསུམ་པའོ། །དེ་ལྟར་གླིང་གཞི་རྣམ་པ་གསུམ་གྱི་སྒོ་ནས་གསུངས་པའི་སྔགས་ཀྱི་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་དེ་རྣམས་སྤྱིར་གསང་བའི་བདག་པོ་ལག་ན་རྡོ་རྗེ་དང་བྱེ་བྲག་རང་རང་གི་སྡུད་པ་པོ་རྣམས་ཀྱིས་བསྡུས་ཏེ་ཇི་ལྟར་བརྒྱུད་པའི་ཚུལ་ནི། མདོ་དགོངས་པ་འདུས་པ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་བ། །དགོངས་རིག་རྣ་བར་བརྒྱུད་པ་སྟེ། །གང་ལ་ཐུག་གི་བར་དུའོ། །ཞེས་པ་ལྟར། རྒྱལ་མཆོག་ཀུན་ཏུ་བཟང་པོའམ་རྡོ་རྗེ་འཆང་ཆེན་པོས་རྒྱལ་ཚབས་རིགས་ལྔ་སོགས་ཉིད་ལས་མི་གཞན་པའི་འཁོར་ལ་དགོངས་པས་བརྒྱུད་དེ་བཤད། རྒྱལ་ཚབས་སྐྱེས་བུ་རྣམས་ཀྱི་རང་རིགས་ཀྱི་སེམས་དཔའ་སེམས་མ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་ལ་རིག་པས་བརྒྱུད་ནས་བཤད། རྒྱལ་སྲས་རིགས་གསུམ་གྱི་སེམས་དཔའ་དང་ཁྱད་པར་གསང་བའི་བདག་པོ་སོགས་ཀྱིས་རང་རང་གི་གདུལ་བྱ་རྣམས་ལ་རྣ་བར་བརྒྱུད་པའི་ཚུལ་གྱིས་བཤད། དེ་ནས་རིམ་པར་ཆོས་རྒྱལ་ལུང་བསྟན་རྡོ་རྗེའམ་སྐལ་ལྡན་རྒྱལ་པོ་ཛཿདང་། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་སོགས་ནས་རིམ་པར་བརྒྱུད་ནས་བདག་ཅག་གི་བླ་མ་དམ་པའི་བར་དུ་སྨིན་བྱེད་དབང་གིས་ལག་ལེན་མ་ཉམས། བཤད་བརྒྱུད་ཚིག་གི་ཕྲེང་བ་མ་ཆད། སྙན་བརྒྱུད་གདམས་པའི་ཆུ་བོ་མ་ནུབ་པར་བྱོན་པ་ཡིན་ནོ། ༈ །བརྒྱུད་པ་དེ་ལྟ་བུ་ལས་བྱུང་བའི་གདམས་ངག་ཇི་ལྟར་འཆད་པའི་གོ་རིམ་ཡང་སྔོན་གྱི་ཤིང་རྟ་ཆེན་པོ་དག་གི་ཕྱག་བཞེས་ལྟར་གདུལ་བྱ་རྣམས་བསྟན་པ་ལ་རིམ་གྱིས་གཞུག་པའི་ཚུལ་གྱིས། ཐོག་མར་ཐུན་མོང་རྒྱུ་འབྲས་ཀྱི་ཆོས་ཀྱིས་བློ་ཁ་དབྱེ་ཞིང་ངེས་འབྱུང་རྣམ་དག་གིས་དྲངས་པའི་སྐྱབས་སུ་འགྲོ་བ་གསུམ། བསླབ་པའི་གཞི་ལྔ་སོགས་སོ་སོ་ཐར་པའི་ཁྲིམས་ཀྱིས་རྒྱུད་བསྡམས། དེ་ནས་ཚད་མེད་བཞིས་བློ་སྦྱངས་ཏེ་སྙིང་རྗེས་དྲངས་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། གཟོད་རྒྱུད་སྡེ་ནས་བཤད་པ་ལྟར་གྱིས་དཀྱིལ་འཁོར་ཆེན་པོར་བཅུག་སྟེ་སྨིན་བྱེད་ཀྱི་རྒྱུ་དབང་ལེགས་པར་བསྐུར། དེ་ལྟར་སྡོམ་པ་གསུམ་ལ་གནས་ཤིང་རྒྱུད་དག་པའི་གང་ཟག་དེ་ལ་བློ་ནུས་དང་མཐུན་པར་རྒྱུད་ཀྱི་བཤད་པ་འབོགས་ཤིང་སྔགས་ལམ་གྱི་གོ་བ་ཆགས་པར་བྱ། དེ་ནས་སྙན་བརྒྱུད་གདམས་ངག་གི་དམར་ཁྲིད་ལག་ལེན་དུ་ཐེབས་པར་གདམས་ནས་ཉམས་ལེན་གྱི་སེམས་ཐོག་ཏུ་ལོངས་པར་བྱ། དེ་དག་གི་རྒྱབ་རྟེན་དུ་རྒྱུད་སྡེ་སོ་སོའི་བཀླག་ལུང་ཕོག་སྟེ་ཆོས་གཞུག་རྫོགས་པར་བྱ་བ་ཡིན་ནོ། །སྐབས་འདིར་ཁྲིད་དང་ལུང་དང་བཤད་པ་གསུམ་གྱི་ཁྱད་པར་དཔྱད་ན། སྤྱིར་བཏང་ཙམ་ན་དེ་གསུམ་དོན་གཅིག་དགོས་ཏེ། ཐུབ་པའི་བསྟན་པ་རྣམ་གཉིས་ཏེ། །ལུང་དང་རྟོག་པའི་བདག་ཉིད་ཅན། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཅེས་པ་ལྟར་ལུང་གི་བསྟན་པ་བཤད་པས་འཛིན་པ་ཡིན་པ་དང་། སྔོན་སྟོན་པས་ཀྱང་བསམ་གཟུགས་ཀྱི་ཏིང་ངེ་འཛིན་བསྒོམ་པའི་གདམས་ངག་གསན་པ་ལ་དེ་དང་དེའི་ལུང་བླངས་ཏེ་ཞེས་བཤད་པ་དང་། སྡེ་སྣོད་གསུམ་གྱི་ལུང་ཕོག་ཅེས་པ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱེད་པ་དང་ཞེས་སོགས་ལུང་གིས་ཀྱང་བྱེ་བྲག་མ་ཕྱེ་བར་བཤད་པ་དང་། རིག་པས་ཀྱང་ལུང་ནི་ལུང་ནོད་པའི་དོན་ཏེ། རྣམ་པར་དཀྲོལ་ཞིང་གསལ་བར་ཕྱེ་ནས་དོན་ཁོང་དུ་ཆུད་པར་བྱེད་པ་ཡིན་ལ། ཁྲིད་དང་བཤད་པ་ཡང་དེ་ཡིན་པས་སོ། །འོ་ན་ལུང་ཙམ་གྱིས་ཀྱང་དོན་ངེས་པར་བྱེད་ནུས་སམ་ཞེ་ན། དེ་ནི་མ་ངེས་ཏེ་འཆད་པའི་ཚུལ་དང་དབང་པོའི་བྱེ་བྲག་གིས་བཤད་ཁྲིད་ཁ་ཅིག་ལུང་བྱས་པ་དང་འདྲ་བར་དོན་མ་ངེས་པའང་ཡོད། ལུང་ཁ་ཅིག་དེ་དག་དང་མི་འདྲ་བར་དོན་སྤྱི་ངེས་པ་ཙམ་དུ་འགྲོ་བའང་ཡོད་པ་ཡིན་ནོ། །དེས་ན་བཤད་པ་དང་ལུང་གཉིས་གཅིག་རྒྱུན་གཅིག་གིས་འཛིན་པར་ནུས་སམ་སྙམ་མོ། །ཁྲིད་ཀྱང་གཞུང་ལུགས་ཆེན་མོ་རྣམས་གདམས་ངག་ཏུ་ཤར་བ་དགོས་སོ་ཞེས་མཁས་པའི་གསུང་ལས་བྱུང་བ་ལྟར་ན་བཤད་པ་དང་དོན་གཅིག་ཏུ་འགྲོ་མོད་ཀྱང་། སྔགས་ལ་ཚོགས་དང་སློབ་མ་ལ་བཤད་པའི་ཚུལ་ཐ་དད་དུ་ཡོད་པས་དེ་གཉིས་ལ་ཁྱད་པར་ཡོད་ཅིང་གཅིག་གིས་གཅིག་གི་དོན་མི་ཐུབ་པའི་སྐབས་ཀྱང་ཡོད་སྲིད་དམ་སྙམ་མོ། །དེ་ལྟ་བུའི་དབང་ཁྲིད་ལུང་སོགས་གང་ཡིན་ཀྱང་འཆད་པ་པོ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ནི། མདོ་སྡེའི་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བཙོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོང་ལ་སྤངས་ལ་བསྟེན། །ཅེས་ཐེག་པ་ཆེན་པོ་སྦྱིར་སྟོན་པའི་སློབ་དཔོན་དང་། བྱེ་བྲག་ཏུ་སྔགས་ཀྱི་སློབ་དཔོན་ནི། རྒྱུད་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །ཞེས་རང་བཞིན་བརྒྱད་ལྡན་ཏུ་བཤད་པ་རྣམས་དང་ལྡན་པ་ཞིག་དགོས་སོ། །ཉན་པ་པོ་སློབ་མའི་མཚན་ཉིད་ཀྱང་དད་པ་བརྩོན་འགྲུས་ཤེས་རབ་སྙིང་རྗེ་སོགས་གཞུང་ནས་བཤད་པའི་ཡོན་ཏན་རྣམས་དང་ལྡན་པ་གལ་ཆེ། དེ་ནས་སློབ་མས་ཇི་ལྟར་ཉན་པའི་ཚུལ་ལ་ཐུན་མོང་གི་ཀུན་སློང་མི་དགེ་བ་དང་འདྲེས་མའི་བསམ་པ་རྣམས་དང་། སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག་བཅས་སྤངས་ཤིང་། འདུ་ཤེས་བཞི་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ཚངས་པའི་བསམ་སྦྱོར་རྣམས་པར་དག་པའི་ངང་ནས་ཉན། ཐུན་མོང་མ་ཡིན་པ་སྟོན་འཁོར་གནས་དུས་རྣམས་ལ་ཐ་མལ་གྱི་སྣང་ཞེན་སྤངས་ནས་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་གསལ་གདབ་སྟེ་གསན་པ་དང་། མདོར་ན་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད་རྗེས་ལ་བསྔོ་བ་སྟེ་དམ་པ་གསུམ་གྱིས་ཟིན་པའི་སྒོ་ནས་འཆད་ཉན་གྱི་བྱ་བ་ཐམས་ཅད་ཐོག་མ་བར་དང་ཐ་མར་དགེ་བའི་ཚུལ་གྱིས་མཐར་ཕྱིན་པར་བྱའོ། །དེ་ལྟར་འཆད་ཉན་ཚུལ་བཞིན་བགྱིས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། ཐོས་པས་ལས་ངན་གྱི་སྒྲིབ་པ་མཛད། བསམ་པས་ཤེས་རབ་ཀྱི་གཏེར་ཆེན་རྡོལ། བསྒོམས་པས་ཐར་ལམ་གྱི་བཙན་ས་ཟིན། སྐྱེ་བ་ཀུན་ཏུ་དམ་པའི་ཆོས་ཀྱི་སྣང་བ་དང་མི་འབྲལ། གནས་སྐབས་སུ་ཡང་དཀར་ཕྱོགས་ཀྱི་ལྷས་བསྲུང་། ནད་གདོན་དང་བར་ཆད་ཞི། བསམ་དགུ་ཡིད་བཞིན་དུ་འགྲུབ། མཐར་ཐུག་ཆོས་ཀྱི་རྒྱལ་པོའི་གོ་འཕང་མངོན་དུ་བྱས་ནས་ཆོས་ཀྱི་རྔ་ཆེན་འཇིག་རྟེན་ཀུན་ཏུ་སྒྲོགས་པར་འགྱུར་ཏེ། ཀུན་མཁྱེན་བླ་མས། ཆོས་རྔ་སྒྲོགས་པའི་སྒྲ་ཐོས་སེམས་ཅན་ཡང་། །ངན་སོང་རྣམ་གྲོལ་ཉན་རྣམས་སྨོས་ཅི་དགོས། །ཞེས་སོགས་གསུངས་པའི་ཚུལ་ལ་བསམ་ནས་སྤྲོ་དགའ་མཆོག་ཏུ་བསྐྱེད་དེ་ཉན་པར་ཞུ། ཞེས་སོགས་མཚམས་སྦྱར་བར་བྱའོ། །རབ་དཀར་ལྷག་བསམ་གངས་ཀྱི་རི་བོ་ལས། །བབས་པའི་ལེགས་བཤད་ཕན་བདེའི་རླབས་ཕྲེང་ཅན། །ལྷུང་ལྷུང་དཔྱོད་ལྡན་རྣ་བའི་དགའ་སྟོན་དུ། །སྙན་སྙན་སྒྲོགས་འདིས་ཡིད་དབང་སིམ་གྱུར་ཅིག །གང་ཟིན་ཚིག་འདིས་མཁས་རྣམས་ཅི་འགུ་ཡང་། །དམ་པའི་སྐྱེས་བུའི་ཐུགས་ཀྱིས་བཞེད་དོན་བཞིན། །བྲིས་པ་དམ་པའི་ཐུགས་དགོངས་ཡོངས་རྫོགས་ཤིང་། །སྐྱེ་བར་ཆོས་ཀྱི་དགའ་བས་དགའ་བར་ཤོག །ཅེས་པ་འདི་ཡང་སྤྲང་བཙུན་པདྨ་བཛྲ་པས་སྨྲས་པ་དགེའོ། །དགེའོ། །དགེའོ། །

གསང་སྔགས་སྔ་འགྱུར་རྙིང་མ་པའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན། ཇིགས་བྲལ་ཡེ་ཤེས་རྡོ་རྗེ།

གུ ཧྱ མ ནྟྲ པཱུ རྦཱ བ རྟྟ ན པུ རཱ ཎ ཤཱ ས ན བྱ བ སྠ པ ན པྲ ཏི སཾ ཀྵཻ པ ཏ ཿ ཀ ཐི ཏ སུ བྷཱ ཥི ཏཱ ལོ ཀོ ཏྶ བ ཿ ནཱ མ བི ཧ ར ཏི། །
གསང་སྔགས་སྔ་འགྱུར་རྙིང་མ་པའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །
ཡོ སི དྡྷ བ ཪྻཱ སྟ པ དཱ ནི མཱ ཏྲ ཉྩི ཏྲཱ དྷ རོ བཱ ཀྤ བི བུ དྡྷ ས རྦ། །
གང་ཞིག་གྲུབ་པ་མཆོག་བརྙེས་གོ་འཕང་ཙམ། །ངོ་མཚར་འཛིན་མིན་རྒྱལ་ཀུན་གསུང་རྡོ་རྗེ། །
ཏྲཻ ལོ ཀྱ ནེ ཏཱ གུ རུ ཀཱ ཡ དྲྀ ཥྚཱ དྷི ཥྛ ནྟུ པ དྨཱ ཀ ར གོ དྷ རི ཎ།
སྲིད་གསུམ་ཟིལ་གནོན་རིག་འཛིན་སྐུར་བཞེངས་པ། །ཨོ་རྒྱན་རྡོ་རྗེ་འཆང་གིས་བྱིན་གྱིས་རློབས། །
ཐབས་མཆོག་བདེ་ཆེན་སྣང་བའི་དྲྭ་བ་ཀུན། །ཤེས་རབ་སྟོང་ཉིད་གཉུག་མའི་ཕྱག་རྒྱར་སྡོམ། །བརྟན་གཡོའི་སྲོག་ཏུ་ཡོངས་བཞུགས་ཧེ་རུ་ཀ །ཁྱབ་བདག་བླ་མས་བྱང་ཆུབ་བར་དུ་སྐྱོངས། །ཆོས་ཚུལ་དྲི་མེད་ཆུ་གཏེར་ལས་སྐྱེས་པའི། །ལེགས་བཤད་གཏམ་གྱི་ཨུཏྤལ་མཚར་སྡུག་ཅན། །དོན་བཟང་སྦྲང་རྩིའི་རྡུལ་ཕྲེང་འཛག་པ་ན། །དཔྱོད་ལྡན་བུང་བའི་དགའ་སྟོན་ཅི་ཡང་འཕེལ། །དེའང་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཞིང་ཁམས་བསིལ་ལྡན་གངས་རིའི་ལྗོངས་སུ་སྤྲུལ་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཐུགས་བསྐྱེད་ཕྲིན་ལས་བླ་ན་མེད་པའི་ཉེར་ལེན་གྱིས། སྟོན་པའི་ཞལ་སྐྱིན་མཁན་སློབ་པཎ་གྲུབ་བྱང་སེམས་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བཤད་འཆད་ཉན་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ་ནས་རྒྱལ་བསྟན་གཞིར་བཞེངས་སུ་གསལ་བར་མཛད་ཅིང་། དེ་ལས་གནུབས་ཆེན་ཁུ་དབོན་ཟུར་པ་མེས་དབོན་ཉང་རོག་རོང་ཀློང་སོགས་གྲུབ་བརྙེས་རིག་འཛིན་རྒྱལ་བ་དངོས་དང་མཚུངས་པ་གྲགས་མེད་པའི་ཚང་ཆེན་པོ་བརྡོལ་ཏེ་ད་ལྟའི་བར་བཤད་སྒྲུབ་ཕྲིན་ལས་ཀྱི་རྒྱུན་མཉམས་པར་བཟུང་བཞིན་བཞུགས་པ་གསང་སྔགས་སྔ་འགྱུར་རྙིང་མ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ཀྱི་བསྟན་པའི་ལུས་རྣམ་པར་གཞག་པ་སྙིང་པོར་དྲིལ་ཏེ་མདོ་ཙམ་འཆད་པར་འདོད་དོ། །དེ་ཡང་ཐོག་མར་སྤྱིར་འཁོར་འདས་ཀྱི་ཆོས་ངོས་འཛིན་ཅིང་དེའི་མཚན་ཉིད་གཏན་ལ་དབབ་པར་བྱ་སྟེ། དེ་ལ་གསུམ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། གང་ལ་དམིགས་པས་ཟག་པ་དང་བཅས་པའི་ལས་ཀྱིས་ཁམས་གསུམ་དུ་འཁོར་ཞིང་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པའི་སྐྱོན་གྱི་རང་བཞིན་ཅན་ནི་འཇིག་རྟེན་པའི་ཆོས་ཀྱི་མཚན་ཉིད། གང་གིས་རྒྱུད་ལ་བརྟེན་པས་སྒྲིབ་གཉིས་འཇིག་ཅིང་འཁོར་བའི་སྡུག་བསྔལ་ལས་སྐྱོབས་པར་བྱེད་པའི་རྣམ་དཀར་གྱི་ཡོན་ཏན་མངའ་བ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་མཚན་ཉིད་དེ། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་སོ། །གཉིས་པ་ངེས་ཚིག་ནི། ཌུ་དྷྲི྅྄་འཛིན་པའོ། །ཞེས་པའི་བྱིངས་ལས་བསྒྲུབས་པའི་དྷརྨ་ཞེས་བྱ་བའི་སྒྲ་ལས་དོན་བཅུ་འཛིན་པའམ། དེ་དག་ལ་འཇུག་སྟེ། འདོད་འཇོ་ལས། ཐམས་ཅད་འཛིན་པས་ན་དྷརྨ་སྟེ་ཆོས་སོ། །ཞེས་བཤད་དོ། །དོན་བཅུ་ནི་རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་འབྱུང་བ་ལྟར་ཆོས་ཀྱི་སྒྲ་ཤེས་བྱ་ལ་འཇུག་པ་ནི་དཔེར་ན་མདོ་ལས། ཆོས་གང་ལ་ལ་འདུས་བྱས་སམ། འདུས་མ་བྱས་སམ། ཞེས་དང་། ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་པ་ལ་སོགས་པ་ལྟ་བུ། ལམ་ལ་འཇུག་པ་ནི། དགེ་སློང་དག་ལོག་པའི་ལྟ་བ་ནི་ཆོས་མ་ཡིན་ལ་ཡང་དག་པའི་ལྟ་བ་ནི་ཆོས་ཡིན་ནོ། །ཞེས་པ་ལྟ་བུ་དང་། མྱང་འདས་ལ་འཇུག་པ། ཆོས་ལ་སྐྱབས་སུ་སོང་བ། ཞེས་པ་ལྟ་བུ། ཡིད་ཀྱི་ཡུལ་ལ་འཇུག་པ། ཆོས་ཀྱི་སྐྱེ་མཆེད། ཅེས་པ་ལྟ་བུ། བསོད་ནམས་ལ་འཇུག་པ། བཙུན་མོའི་འཁོར་དང་གཞོན་ནུ་མ་རྣམས་དང་ལྷན་ཅིག་ཏུ་ཆོས་སྤྱོད། ཅེས་པ་ལྟ་བུ། ཚེ་ལ་འཇུག་པ། བྱིས་པ་ནི་མཐོང་བའི་ཆོས་གཅེས་པར་འཛིན་པ་ཡིན། ཅེས་པ་ལྟ་བུ། གསུང་རབ་ལ་འཇུག་པ། དགེ་སློང་ཆོས་ཞེས་པ་ནི། འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ཞེས་པ་ལྟ་བུ། འབྱུང་འགྱུར་ལ་འཇུག་པ། འདུ་བྱེད་ཀྱི་རྫས་རྣམས་ནི་དེའི་ཆོས་སོ། །ཞེས་དང་། ང་ཡང་འཆི་བའི་ཆོས་དང་འཆི་བའི་ཆོས་ཉིད་ལས་མ་འདས་སོ། །ཞེས་པ་ལྟ་བུ། ངེས་པ་ལ་འཇུག་པ། དགེ་སློང་གི་ཆོས་བཞི་ཞེས་དང་། དགེ་སློང་དག་སྲོག་གཅོད་པ་ནི་ཆོས་མ་ཡིན་ལ། སྲོག་གཅོད་པ་སྤང་བ་ནི་ཆོས་ཡིན་ནོ། །ཞེས་སོགས་འབྱུང་བ་ལྟ་བུ། ལུགས་ལ་འཇུག་པ། ཡུལ་ཆོས་དང་རིགས་ཆོས་ལྟ་བུ་རྣམས་སོ། །དེ་དག་འཛིན་པའི་སྒྲ་དོན་དང་ཇི་ལྟར་འབྲེལ་སྙམ་ན། ཤེས་བྱ་རྣམས་ཀྱིས་ནི་རང་དང་སྤྱིའི་མཚན་ཉིད་འཛིན་པ་སྟེ། དཔེར་ན་ས་ནི་སྲ་བའོ། །ཆུ་ནི་གཤེར་བའོ། །མེ་ནི་ཚ་བའོ། །རླུང་ནི་ཡང་ཞིང་གཡོ་བའོ། །ཞེས་པ་ལྟ་བུ་རང་མཚན་དང་། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ན ི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་པ་ལྟ་བུ་སྤྱི་མཚན་འཛིན་པ་དང་། ལམ་དང་མྱང་འདས་ཀྱིས་ནི་འཁོར་བར་ལྟུང་བ་ལས་འཛིན་པ་དང་། ཡིད་ཡུལ་གྱིས་ནི་ཡིད་འཛིན་པ་དང་། བསོད་ནམས་ཀྱིས་ངན་འགྲོར་ལྟུང་བ་ལས་འཛིན་པ་དང་། ཚེའམ་སྲོག་གིས་ནི་ལུས་སམ་རིས་མཐུན་འཛིན་པ་དང་། གསུང་རབ་ཀྱིས་ནི་དོན་ཕྱིན་ཅི་མ་ལོག་པར་འཛིན་པ་དང་། འབྱུང་འགྱུར་གྱིས་འབྱུང་རྒྱུའི་ཆོས་དེ་འཛིན་པ་དང་། ངེས་པས་ངེས་པར་བྱ་བའི་གཞི་འཛིན་པ་དང་། ལུགས་ཀྱིས་ནི་རང་དང་མཚུངས་པའི་སྤྱོད་པ་འཛིན་པ་དང་། རིག་པས་ནི་འཁྲུལ་པའི་ཕྱོགས་ལས་འཛིན་པ་ལྟ་བུར་རིགས་པས་དཔག་པར་བྱའོ། །གསུམ་པ་དབྱེ་བ་ལ་གཉིས་ཏེ། འཁོར་བའི་ཆོས་དང་། འདས་པའི་ཆོས་སོ། །དེ་གཉིས་ཀྱི་ཁྱད་པར་ནི། ཡུམ་ལས། སྦྱིན་པ་ནི་འཇིག་རྟེན་པ་ལའང་ཡོད་འཇིག་རྟེན་ལས་འདས་པའང་ཡོད་དོ། །དེའང་འཇིག་རྟེན་པའི་སྦྱིན་པ་གང་ཞེ་ན། གང་སྦྱིན་པ་བྱིན་པས། འཇིག་རྟེན་ལས་མི་གཡོ། མི་འཕགས། མི་འདའ་ན་འཇིག་རྟེན་པའི་སྦྱིན་པ་ཞེས་བྱའོ། །གང་སྦྱིན་པ་བྱིན་པས་འཇིག་རྟེན་ལས་གཡོ། འཕགས། འདའ་ན་འཇིག་རྟེན་ལས་འདས་པའི་སྦྱིན་པ་ཞེས་བྱའོ། །ཞེས་སོགས་གསུངས་པ་ལྟར། ཐབས་གང་གིས་མཐར་ཕྱིན་པར་བསྒྲུབས་པས་འབྲས་བུ་འཇིག་རྟེན་ལས་འཕགས་ནུས་མི་ནུས་ཀྱི་ཁྱད་པར་རོ། །དེ་ལའང་དང་པོ་འཁོར་བའི་ཆོས་ལ་གསུམ། འཁོར་བའི་མཚན་ཉིད། འཇིག་རྟེན་པའི་ཐེག་པ། འཕྲོས་དོན་མ་རྟོགས་ལོག་རྟོགས་ཀྱི་ལྟ་བ་བཤད་པའོ། །དང་པོ་ནི། འཁོར་བའི་ཆོས་རྒྱུ་མ་རིགས་པ་གསུམ་མཚུངས་ལྡན་དུ་ཤར་བ་སྟེ། བདག་ཉིད་གཅིག་པའི་མ་རིག་པ་ཤེས་པ་སྐྱེས་པ་དེ་ལ་དེ་ཉིད་དུ་མ་ཤེས་པ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་མ་ཤེས་པ་དེ་དང་ཤེས་པ་དེ་གཉིས་ལྷན་གཅིག་ཏུ་སྐྱེས་པ་ལ། ཀུན་ཏུ་བརྟགས་པའི་མ་རིག་པས་རང་སྣང་ལ་གཞན་དུ་དཔྱད་པའི་ཆ་དེ་གསུམ་ངོ་བོ་གཅིག་ལས་ལྡོག་པ་ཐ་དད་དུ་ཤར་བས་གཞི་ལས་གཞི་སྣང་དུ་ཤར་བ་དེ་རང་ཉིད་ལས་བྱུང་བར་མ་ཤེས་པས་ཡུལ་ཡུལ་ཅན་དུ་དཔྱོད་བྱེད་ཀྱི་མ་རིག་པ་གསུམ་པོ་རྒྱུའི་རྐྱེན། རང་ལས་གཞན་དུ་བཟུང་བས་སྣང་ཡུལ་མེ་ལོང་ལ་རང་གི་བྱད་ཤར་ལྟ་བུ་དམིགས་པའི་རྐྱེན། ང་དང་ང་ཡི་བར་འཛིན་པའི་ཤེས་པ་བདག་པོའི་རྐྱེན། གསུམ་པོ་དུས་མཚུངས་པས་དེ་མ་ཐག་པའི་རྐྱེན་ཏེ། བཞི་པོ་དེ་འཛོམ་པའི་དམིགས་པ་མ་དག་པའི་ཆ་ལས་སྣང་བ་དང་ཤེས་པ་གཉིས་ནང་དང་ཕྱི་རོལ་དུ་གཟུང་འཛིན་གྱི་རྣམ་ཆར་བཟུང་བས་འཁྲུལ་པ་སྟེ། ཐལ་འགྱུར་ལས། འཁྲུལ་པའི་རྒྱུ་ནི་མ་རིག་པ། །མ་རིག་པ་ནི་རྣམ་པ་གསུམ། །ཞེས་དང་། རྒྱུ་གཅིག་བྱེད་མེད་རྩ་བ་ལས། །རང་ངོ་ཡིན་པར་མ་ཤེས་པས། །འདི་ནི་འཁོར་བའི་ཐོག་མའོ། །ཞེས་དང་། བཀོད་པ་ཆེན་པོ་ལས། ལྷུན་གྲུབ་སྟོང་པའི་ཡུལ་ལ་ཤར། །དེ་ཚེ་རྐྱེན་བཞིའི་འཁྲུལ་འཁོར་ལས། །འཛིན་པའི་རྒྱ་དང་བཅས་པར་འགྱུར། །ཞེས་སོ། །འཁྲུལ་པ་དེ་ཉིད་འཁྲུལ་དུས་ཉིད་ནས་རང་ངོ་མ་ཤེས་པའི་སྒྲིབ་བྱེད་ཀྱི་རང་རྩལ་ལ་མ་རིག་པའི་ཆར་ཀུན་གཞི་དང་། དེ་ལ་བརྟེན་པ་ཀུན་གཞིའི་རྣམ་པར་ཤེས་པའི་སེམས་དང་། དེ་ལས་བྱུང་བའི་ཉོན་མོངས་པ་དྲུག་སྟེ། ཤེས་རབ་ཀྱི་ཆ་ལས་འཁྲུལ་པ་གཏི་མུག །སྐྱེད་པའི་རིམ་པའི་ཆ་ལས་འཁྲུལ་པ་ཞེ་སྡང་། ལྟ་བའི་ཆ་ལས་འཁྲུལ་པ་ང་རྒྱལ། སྣང་བའི་ཆ་ལས་འཁྲུལ་པ་འདོད་ཆགས། མ་རྟོགས་པའི་ཆ་ལས་འཁྲུལ་པ་ཕྲག་དོག་སྟེ། དེ་ལ་སོགས་པ་ཉོན་མོངས་པ་བསམ་པ་རྗེས་སུ་འཛིན་པའི་སེམས་དང་། དྲན་པ་རྣམས་རྗེས་སུ་འཛིན་པའི་ཡིད་དང་། མཚམས་སྦྱོར་བའི་བག་ཆགས་དང་ཐེ་ཚོམ་རྣམས་ཀྱི་གཞིར་གྱུར་པའི་རྟོག་པ་དང་། ཡུལ་དང་དངོས་པོར་འཛིན་པའི་ཆ་ལ་སོགས་པ་རྟོག་ཚོགས་ཀྱི་རིམ་པས་བརྒྱད་ཁྲི་བཞི་སྟོང་སྟེ། དུག་གསུམ་ཀ་ཆ་མཉམ་པ་ལ་ཉི་ཁྲི་ཆིག་སྟོང་དུ་མཆིས་པ་རྣམས་བག་ལ་ཉལ་གྱི་ཆར་ཤར་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང་། སྒོ་ལྔའི་ཤེས་པ་བྱུང་ཞིང་། དེ་ཉིད་ཡུལ་ལ་འཇུག་པ་ན་ལྔ་ལོགས་པའི་ཤེས་པ་དྲུག་གང་ཡང་རུང་བའི་རྒྱུན་ཡོད་པ་ཡུལ་དང་། དེ་ཉིད་སྐད་ཅིག་གིས་དེ་དང་དེའི་རྣམ་པར་འཛིན་པ་ད་ལྟའི་ཤེས་པ་དང་། དེའི་རྗེས་ལ་བདེ་སྡུག་བར་མ་གསུམ་གང་རུང་ཚོར་བ་ནི་རེག་པའི་ཚོར་བ་ཞེས་བྱ་སྟེ། དེ་ལྟར་དྲུག་ཚན་གསུམ་དུ་དབྱེ་བའི་ཁམས་བཅོ་བརྒྱད་དང་། རྡུལ་ཕྲ་རབ་ཚོགས་པ་གཞིག་ཅིང་གཞོམ་དུ་རུང་བའི་གཟུགས་ཀྱི་ཕུང་པོ། མྱོང་ཞིང་སྲིད་པ་འབྱུང་བ་ཚོར་བའི་ཕུང་པོ། གཡོ་ཞིང་ཡུལ་ལ་འཇུག་པ་འདུ་ཤེས་ཀྱི་ཕུང་པོ། བྱེད་ཅིང་བག་ཆགས་སོགས་པ་འདུ་བྱེད་ཀྱི་ཕུང་པོ་སྟེ་ལྔ་དང་། རྟོག་ཚོགས་གང་ཞིག་སྐྱེ་ཞིང་མཆེད་པར་བྱེད་པའི་ཡུལ་གྱི་རྣམ་པ་ལས་རང་གི་སྐད་ཅིག་ཕྱི་ལོགས་ཀྱི་རྒྱུན་དང་དེ་ཉིད་འཛིན་བྱེད་ཀྱི་ཤེས་པ་གཉིས་སྐྱེ་ཞིང་མཆེད་པར་བྱེད་པའི་མིག་གིས་གཟུང་ཡུལ་གཟུགས་སོགས་དྲུག་དང་། ཤེས་པའི་རྣམ་པ་ལས་སྐད་ཅིག་ཕྱིར་ལོགས་སུ་སྐྱེ་ཞིང་ཡུལ་ལ་མཆེད་རུང་དུ་སྐྱེ་བའི་གཟུགས་ལ་གཟུགས་སུ་ཤེས་པ་མིག་གི་རྣམ་ཤེས་ལ་སོགས་དྲུག་སྟེ་བཅུ་གཉིས་པོ་དང་། ཡུལ་འཛིན་པ་ལ་དབང་བྱེད་པའི་མིག་གི་དབང་པོ་སོགས་ལྔ་དང་། རྣམ་པར་རིག་བྱེད་ཤེས་པ་དང་པོའི་གཟུགས་ཅན་གྱི་བདག་པོའི་རྐྱེན་ལས་བྱུང་བ་ཡིད་ཀྱི་དབང་པོ་སྟེ་དྲུག་དང་། ལས་ཀྱང་བསོད་ནམས་དང་། བསོད་ནམས་མ་ཡིན་པ། མི་གཡོ་བ་གསུམ་སྟེ། དང་པོ་ནི་འཁོར་བའི་བདེ་འབྲས་སྐྱེད་བྱེད་དགེ་བཅུ་ལ་སོགས་པ་དང་། གཉིས་པ་ནི་དེ་ལས་ལྡོག་པའི་ལས་ངན་འགྲོར་འཕེན་བྱེད། གསུམ་པ་ནི་ཁམས་གོང་མར་འཕེན་བྱེད་ཀྱི་ལས་སོ། །དེ་རྣམས་ནི་ནང་སེམས་ཀྱིས་བསྡུས་པ་ཡིན་ལ། དེ་དག་གི་སྣང་ཆ་དང་རྟེན་གཞིར་གྱུར་པ་ཕྱི་ཡུལ་གྱིས་བསྡུས་པའི་ཁམས་འབྱུང་བ་ཆེན་པོ་ལྔ་ཆགས་པ་དང་། གནས་པ་དང་། འཇིག་པ་དང་། སྟོངས་པ་བཞིས་རྒྱུ་དང་རྐྱེན་དང་རྟེན་དང་དངོས་པོ་བྱེད་ལ། དེ་ལས་ཡུལ་སྣང་སེམས་ཀྱི་བག་ཆགས་བརྟས་པས་རྨི་ལམ་ལྟ་བུར་འདོད་པའི་ཁམས་གླིང་བཞི་རི་རབ་ཁོར་ཡུག་དང་བཅས་པའི་འཇིག་རྟེན་དང་། གཟུགས་ཀྱི་ཁམས་འོད་ལྔ་རང་གསལ་འཇའ་ཚོམ་ལྟ་བུ་དང་། གཟུགས་མེད་པའི་ཁམས་སྲིད་རྩེའི་ཏིང་ངེ་འཛིན་གྱི་ཆ་ལས་བྱུང་བ་སོགས་མདོར་ན་ཁམས་གསུམ་གྱིས་བསྡུས་པའི་སྣོད་བཅུད་བརྟན་གཡོའི་བཀོད་པ་ཐམས་ཅད་འཕགས་པ་རྣམས་ཀྱི་དོན་དམ་པའི་གཟིགས་ངོར་མི་སྣང་ཡང་། སེམས་ཅན་རྣམས་ཀྱི་བློ་འཁྲུལ་པའི་སྣང་ཚུལ་སྨིག་རྒྱུ་ལ་ཆུར་འཁྲུལ་པ་དང་། ཐག་ཁྲལ་སྦྲུལ་དུ་མཐོང་བའི་ཤེས་པ་ཕྱིན་ཅི་ལོག་ཏུ་གྱུར་པའི་གཟུང་འཛིན་གྱི་དབང་གི་སྣང་སྟེ། མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་ལྟར། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟག་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་སྟེ། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །སྤྲུལ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་ཐོ་ལ་བྱ་བཞིན་གནས། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་བ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལས་ནི། །དེ་ཡི་ངོ་བོ་ཐམས་ཅད་གྲོལ། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། འཁོར་བའི་ཆོས་རྣམས་ཐག་ཁྲ་ལ། །སྦྲུལ་ལྟར་མེད་པ་ཉིད་དུ་འདོད། །ཅེས་གསུངས་པ་བཞིན་ནོ། །དེ་ཡང་འཁོར་བ་བདེ་སྡུག་མཐོ་དམན་སོགས་སྣང་ཚུལ་མཐའ་དག་པ་རྣམས་སྐྱེད་མཁན་ནི་ཀུན་ནས་ཉོན་མོངས་པ་དང་བཅས་པའི་ཟག་བཅས་ཀྱི་ལས་གསུམ་པོ་སྟེ། ལས་ཀྱིས་བྱས་པ། ལས་ཀྱིས་སྤྲུལ་པ། ལས་ཀྱིས་རྣམ་པར་སྨིན་པ། ལས་ཀྱིས་སྣང་བ་ལས་གཞན་དུ་མ་གྱུར་པ་སྟེ། མདོ་སྡེ་ལས་བརྒྱ་པ་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །བདེ་དང་སྡུག་བསྔལ་ལས་ཀྱིས་བྱས། །རྐྱེན་རྣམས་ཚོགས་ནས་ལས་བྱུང་ཞིང་། །ལས་ཀྱིས་བདེ་དང་སྡུག་བསྔལ་བྱས། །ཞེས་དང་། དབུ་མ་འཇུག་པ་ལས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་སྣ་ཚོགས་ལས་ལ་བགོ། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །ཞེས་བཤད་པ་ལྟར་རོ། །གཉིས་པ་འཇིག་རྟེན་པའི་ཐེག་པའམ་སོར་བཞག་ལྷ་མིའི་ཐེག་པ་བཤད་པ་ལ་གསུམ་སྟེ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། ལྷ་དང་མིའི་བདེ་བ་མཐར་ཐུག་པའི་བར་དུ་འགོད་པའི་ཐབས་གང་ཞིག་འཁོར་བ་ལས་འཕགས་པར་མི་ནུས་པའོ། །གཉིས་པ་ངེས་ཚིག་ནི། ལྷ་མིའི་བདེ་འབྲས་ཙམ་ལ་སྦྱོར་ཞིང་འགོད་ནུས་པའི་ཕྱིར་ཐེག་པའོ། །གསུམ་པ་དབྱེ་བ་ལ། འཇུག་སྒོ། ལྟ་བ། ཚུལ་ཁྲིམས། སྒོམ་པ། སྤྱོད་པ། འབྲས་བུ་དང་དྲུག་ལས། དང་པོ་འཇུག་སྒོ་ནི། ངན་སོང་གསུམ་སྡུག་བསྔལ་གྱི་རང་བཞིན་ཅན་དུ་མཐོང་ནས། དེར་སྐྱེས་པའི་རྒྱུ་མི་དགེ་བའི་ལས་སྦོང་བའི་སྒོ་ནས་འཇུག་སྟེ། ཧེ་རུ་ཀ་གལ་པོ་ལས། ལྷ་མའི་ཐེག་པས་མི་དགེ་སྤང་། །ཞེས་སོ། །དེ་ལ་མི་དགེ་བཅུ་ནི། ལུས་ཀྱི་ལས་སྲོག་གཅོད་མ་བྱིན་ལེན། འདོད་ལོག་གསུམ། ངག་གི་རྫུན། ཕྲ་མ། ངག་འཁྱལ། ཚིག་རྩུབ་བཞི། ཡིད་ཀྱི་བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་སྟེ་བཅུའོ། །གཉིས་པ་ལྟ་བ་ནི། ཡང་དག་པའི་ལྟ་བ་ཞེས་བྱ་བ་འཇིག་རྟེན་ཕ་རོལ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་སོ། །དེ་ལས་ལྡོག་སྟེ་ལོག་པར་བལྟ་བས་སྲོག་གཅོད་སྤངས་པ་སོགས་དགེ་བའི་ལས་གཞན་ལ་སྤྱད་ཀྱང་འབྲས་བུ་སྡུག་བསྔལ་དུ་སྨིན་པར་འགྱུར་ཏེ། བཤེས་སྤྲིང་ལས། གང་ཟག་ལོག་པར་བལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་གསུངས་པའི་ཕྱིར་ཡང་དག་པའི་ལྟ་བས་ཟིན་པ་གལ་ཆེའོ། །གསུམ་པ་ཚུལ་ཁྲིམས་ནི། མི་དགེ་བཅུ་སྤོང་བའི་ཚུལ་ཁྲིམས་ལས་གཞན་མེད་དོ། །དེ་ལྟར་ན་སྔ་མ་ལས། གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱི། །ཞེས་ལྷའི་གོ་འཕང་བགྲོད་པར་བྱེད་པ་ལ་ཡང་དག་པར་བླངས་པ་ལས་བྱུང་བའི་ཚུལ་ཁྲིམས་དགོས་པར་མ་བཤད་དམ་ཞེ་ན། བཤད་མོད་ཀྱི། འོན་ཀྱང་དེ་ནི་ཁྱད་པར་ཅན་གྱི་དབང་དུ་བྱས་ནས་གསུངས་ཀྱི། ཙམ་པོ་ལ་ནི་དགོས་པར་མ་ངེས་ཏེ། ཡང་དག་པའི་ལྟ་བས་ཟིན་པའི་དགེ་བཅུའི་ལས་ལམ་འཁོར་བཅས་ཀྱིས་འགྲུབ་པར་བཞེད་པའི་ཕྱིར་རོ། །གཞན་ཡང་ཉེར་ལེན་གྱི་ཕུང་པོ་ལ་གཙང་བ་ལ་སོགས་པ་འཛིན་ཅིང་། ངོ་ཚ་ཁྲེལ་ཡོད་ཀྱིས་ཀུན་ནས་བསླངས་ཏེ་ལུས་ངག་གི་བྱ་བ་ཚུལ་དང་མཐུན་པར་སྒྲུབ་པ་ལ་སྐྱེ་བོ་དམ་པའམ་ཡ་རབས་དང་། དེ་ལས་ལྡོག་པ་ལ་སྐྱེ་བོ་ངན་པའམ་མ་རབ་ཞེས་བྱ་སྟེ། ལུགས་ཀྱི་བསྟན་བཅོས་དམ་པའི་རྒྱན་ལས། བཀུར་བར་འོས་པ་ལེགས་བཀུར་ཞིང་། །མགོན་མེད་རྣམས་ལ་ལྷག་པར་བྱམས། །བྱས་ལ་དྲིན་ལན་མི་བརྗེད་པ། །དམ་པ་རྣམས་ཀྱི་མཛད་སྤྱོད་ཡིན། །ངོ་ཚ་དོར་བའི་འཚོ་བ་དང་། །སྡིག་དང་འདྲེས་པའི་ལོངས་སྤྱོད་དང་། །མཛའ་བོ་བསླུ་པའི་མངའ་ཐང་བས། །དམ་པ་རང་ཉིད་འཆི་བ་འདམ། །ཞེས་དང་། སྐྱེ་བོ་ངན་པ་སྡིག་ལ་དགའ། །བྱས་ལ་དྲིན་དུ་མི་གཟོ་བ། །ངོ་ཚ་དགྲ་བོ་བཞིན་དུ་འདོར། །རང་དོན་འགྲུབ་ན་ཅི་ཡང་བྱེད། །ཅེས་སོགས་གསུངས་ཤིང་། འབྱེད་པ་ལེའུ་ཆུང་ལས། དཀོན་མཆོག་གསུམ་ལ་དད་པ་སྐྱོ་ངལ་མེད་པར་བྱེད་པ་དང་། དོན་དམ་པར་དམ་པའི་ཆོས་བཙལ་བ་དང་། གཙུག་ལག་བཟང་པོ་ལ་མཁས་པར་སློབ་པ་དང་། ཅི་ལའང་དྲན་ཞིང་ཚོད་ཟིན་པར་བྱ་བ་དང་། མ་བཅོལ་བའི་ལས་ལ་རྟོགས་འདོད་མི་བྱེད་པ་དང་། མིག་མཐོ་སར་བལྟ་ཞིང་གོང་མ་རྣམས་ཀྱི་རྗེས་བསྙེག་པ་དང་། དུས་གསུམ་ཕ་མ་ལ་དྲིན་ལན་བསླན་པ་དང་། ཕུ་ནུ་དང་ཕ་ཚན་ནང་དུ་ཤོང་ཡངས་ཆེ་བ་དང་། རིམ་པས་རྒན་པ་ལ་གཞོན་པས་བཀུར་སྟི་བྱ་བ་དང་། ཁྱིམ་མཚེས་ལ་བྱམས་པར་བྱ་བ་དང་། གཉེན་གྲོགས་ཀྱི་དགེ་བཤེས་ལ་དཀའ་ལས་ཀྱིས་ཕན་འདོགས་པ་དང་། སྲིད་ཀྱིས་འབྲེལ་བའི་ཉེ་རིགས་ལ་ཆབ་གང་མཐར་དབྱུང་བ་དང་། རིག་བྱེད་བཟོ་ལ་མཁས་པས་གཞན་ལ་ཕན་པ་དང་། ལྟོས་པའི་མི་དྲིན་གྱིས་སྐྱབས་འོག་ཏུ་གཞུག་པ་དང་། ངན་བྱེད་ཀྱི་གྲོས་བཀག་ནས་རྒྱལ་ཁམས་བདེ་ཡངས་ཀྱི་གྲོས་གཞི་འདིང་བ་དང་། ལས་ཆོས་ལ་གཏད་དེ་ཕྱི་མར་བུ་སྨད་ཀྱིས་བྱང་ཆུབ་ཀྱི་གཞི་ཐོབ་པར་བྱའོ། །ཞེས་གསུངས་པ་ལྟར་མི་ཆོས་གཙང་མ་བཅུ་དྲུག་ལ་བསླབ་པའོ། །བཞི་པ་སྒོམ་པ་ནི། རང་གི་འབྲས་བུ་འབྱིན་ནུས་ཀྱི་བར་དུ་གོམས་པར་བྱེད་པའོ། །ལྔ་པ་སྤྱོད་པ་ནི། ཟག་པ་དང་བཅས་པའི་དགེ་བཅུའི་ལས་ལམ་འཁོར་བཅས་ལ་སྤྱོད་པ་སྟེ། དེ་ནི་མི་དགེ་བཅུ་སྤངས་པའི་ཆ་ནས་བཏགས་སོ། །གཞན་ཡང་ལུས་ཀྱི་ལས་ཕྱག་སོགས་དང་། ངག་གི་བསྟོད་པ་སོགས་དང་། ཡིད་ཀྱི་གཞན་ལ་ཕན་འདོད་ཀྱི་སེམས་དགེ་བ་ལ་སོགས་པའོ། །འོ་ན་ཧེ་རུ་ཀ་གལ་པོར། ལྷ་མའི་ཐེག་པའི་སྐབས་སུ་ཡི་གེ་འདྲི་མཆོད་སོགས་ཆོས་སྤྱོད་བཅུ་ལ་སྤྱོད་དགོས་པར་གསུངས་པ་མ་ཡིན་ནམ་ཞེ་ན། འདིར་ཡང་སྔར་ལྟར་ཁྱད་པར་ཅན་དང་ཙམ་པོའི་ཁྱད་དོ། །དྲུག་པ་འབྲས་བུ་ནི། དགེ་བའི་ལས་སྟོབས་ཆེ་ཆུང་གིས། གླིང་བཞིའི་མི་དང་། འདོད་ལྷ་རིགས་དྲུག་སྟེ་འདོད་ཁམས་ཀྱི་མཐོ་རིས་གནས་བཅུར་སྐྱེ་བའོ། །དེ་ལྟར་ཡང་རྒྱས་པ་ལས། དགེ་བཅུ་སྤྱོད་ཅིང་མི་དགེ་སྦོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཞེས་དང་། སངས་རྒྱས་གསང་བའི་ལམ་རིམ་ལས། དགེ་བཅུ་དག་ལ་གཙོར་ལེན་ཅིང་། །དགེ་དང་མི་དགེ་མི་མཉམ་པས། །ལྷ་དང་མི་ཡི་སྐྱེ་གནས་ཏེ། །མཉམ་ཉིད་མ་རྟོགས་འདོད་ཁམས་འཁོར། །ཞེས་སོ། །དེའང་འདིའི་འདོད་པའི་བདེ་བ་མཐར་ཐུག་པ་མིའི་འཁོར་ལོས་སྒྱུར་རྒྱལ་དང་། ལྷའི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོའི་བར་དུ་བགྲོད་པའི་ཕྱིར། ལང་གཤེགས་སུ་བགྲོད་བྱའི་གཙོ་བོའི་སྒྲས་སྨོས་ཏེ་ལྷའི་ཐེག་པ་ཞེས་གསུངས་སོ། །ཐེག་པ་འདི་ནི་ལམ་རིམ་ལས། གཞི་ཡི་ཐེག་པའི་དང་པོར་གཞག །ཅེས་པ་ལྟར་ཐེག་པ་ཐམས་ཅད་ཀྱི་གཞིར་གྱུར་པའམ་སྔོན་དུ་འགྲོ་བའང་ཡིན་ཏེ། གང་ཡང་དག་པའི་ལྟ་བས་མ་ཟིན་པ་དང་དངོས་གཞི་དགེ་བཅུའི་ལས་ལམ་ལ་མི་སྤྱོད་པའི་ཐེག་པ་ནི་གང་ནའང་མེད་པའི་ཕྱིར། དགྱེས་རྡོར་ལས་ཀྱང་། དགེ་བ་བཅུ་ལས་བརྩམ་ནས་ནི། །དེ་ཡི་ཆོས་ནི་རབ་ཏུ་དབྱེ། །ཞེས་གསུངས་པ་ཡིན་ནོ། །ཡང་ལང་གཤེགས་ལས། ཚངས་པའི་ཐེག་པ། ཞེས་གསུངས་པའི་ཚངས་པ་ནི་ཚངས་རིས་ལ་སོགས་པ་གསུམ་ཁོ་ན་མ་ཡིན་གྱི། བྲཧྨའི་སྒྲ་ལས་ཚངས་པ་དང་། གཙང་བ་དང་། དག་པ་ལ་འཇུག་པས། འདོད་པའི་ཉོན་མོངས་པས་གཙང་བའམ་དག་ཅིང་ཚངས་པས་ན། སྒྲ་ཡངས་པའི་དབང་དུ་བྱས་ཏེ། ཁམས་གོང་མའི་ལྷ་གཟུགས་ཁམས་གནས་རིས་བཅུ་བདུན་དང་། གཟུགས་མེད་ཁམས་པའི་གནས་བཞི་སྟེ་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ལ་ཚངས་པའི་སྒྲས་བརྗོད་ཅིང་། དེར་བགྲོད་པའི་ལམ་འཁོར་བཅས་ལ་ཚངས་པའི་ཐེག་པ་ཞེས་བྱའོ། །དེའང་ཞི་གནས་དང་། རང་རང་གི་ས་འོག་མ་ལ་རགས་པར་བལྟ་ཞིང་། རང་ས་ལ་ཞིབ་པར་བལྟ་བའི་ལྷག་མཐོང་བསྒོམས་པའི་སྟོབས་ཀྱིས། ས་འོག་མའི་ཉོན་མོངས་པ་སྤངས་པ་ཞིག་གོང་མར་སྐྱེ་བར་གསུངས་པས། རང་རང་གི་ས་འོག་མ་ལ་ཆགས་པ་བྲལ་བྱེད་ཀྱི་ལམ་བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་འཇུག་བཞིའི་དངོས་གཞི་གང་རུང་ཞིག་མ་ཐོབ་ན་གོང་མར་མི་སྐྱེ་བའི་ཕྱིར་བསམ་གཟུགས་གཉིས་ནི་ཚངས་པའི་ཐེག་པ་དངོས་དང་། ཚད་མེད་བཞི་དང་། འཇིག་རྟེན་པའི་མངོན་ཤེས་ལྔ་ནི་ཚངས་ཐེག་གི་ཡོན་ཏན་ཁྱད་པར་ཅན་གྱི་ལམ་དུ་བཞེད་དོ། །འདི་དག་ལའང་། ལྟ་བ་ལས་འབྲས་དང་། འཇུག་སྒོ་དང་ཚུལ་ཁྲིམས་མི་དགེ་བཅུ་སྤོང་བ་དང་། སྤྱོད་པ་དགེ་བཅུ་ལ་སྤྱོད་པ་སྔར་ལྟར་གྱི་སྟེང་དུ། བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞི་ལ་སྤྱོད་པའོ། །བསྒོམ་པ་ལ། གཟུགས་དང་། གཟུགས་མེད་ཀྱི་སྙོམས་འཇུག་གཉིས། དང་པོ་ནི། འདོད་པའི་ཚོར་བ་ལས་ཡིད་འབྱུང་བའི་མཚན་ཉིད་ཅན་གྱི་བསམ་གཏན་བཞི་སྟེ། ཡུམ་བར་མ་ལས། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ནི་བསམ་གཏན་དང་པོའོ། །རྟོག་པ་མེད་ལ་དཔྱོད་པ་ཙམ་དང་བཅས་པ་ནི་བསམ་གཏན་གཉིས་པའོ། །རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཡིད་ལ་བྱེད་པ་ནི་བསམ་གཏན་གསུམ་པའོ། །དགའ་བ་སྡུད་པ་ཡིད་ལ་བྱེད་པ་ནི་བསམ་གཏན་བཞི་པའོ། །ཞེས་སོ། །གཉིས་པ་ནི། བསམ་གཏན་བཞིའི་འདུ་ཤེས་ལ་ཡིད་འབྱུང་བའི་མཚན་ཉིད་ཅན་གྱི་སྙོམས་འཇུག་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་སྙོམས་འཇུག་སྟེ་སྲིད་རྩེའི་ལམ་མཐར་ཐུག་པའོ། །དེ་དག་ཀྱང་རྒྱས་པ་ལས། ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་སོ། །འབྲས་བུ་ལའང་། གཟུགས་དང་། གཟུགས་མེད་གཉིས་ལས། དང་པོ་ནི། བསམ་གཏན་དང་པོའི་དངོས་གཞི་ཆུང་འབྲིང་ཆེ་གསུམ་དུ་སྒོམས་པ་ལས་ཚངས་རིས་སོགས་གསུམ་དུ་སྐྱེ་བ་ལ་སོགས་པ་སྟེ། སོ་སྐྱེའི་གནས་བཅུ་གཉིས་པོ་ལ་འགྲེ་ཞིང་། བཞི་པ་ལ་འཕགས་པའི་ཟག་མེད་ཤེས་རབ་སྦེལ་ཞིང་རིམ་པ་ལྔར་བསྒོམས་ན་མི་ཆེ་བ་སོགས་གཙང་གནས་ལྔར་སྐྱེ་བ་ཡིན་ནོ། །དེའང་གཟུགས་ལ་ཆགས་བྲལ་མ་ཐོབ་ཅིང་བསམ་གཏན་གྱི་རོ་ལ་ཆགས་པས་འཁོར་ཏེ། ལམ་རིམ་ལས། ཚད་མེད་བཞི་དང་བསམ་གཏན་བཞི། །རིམ་ལས་སོ་སོར་བདག་འཛིན་ཅིང་། །གཟུགས་རྣམས་ཀུན་ལ་བདག་ཏུ་རྟོག །འདི་ནི་ཚངས་གནས་རིམ་པར་སྐྱེ། །ཞེས་སོ། །གཉིས་པ་ནི། ལྷག་མཐོང་གི་ཤེས་རབ་ཀྱི་དབེན་པས་མིང་བཞི་ལ་ལྡན་པའི་ཏིང་ངེ་འཛིན་ལ་བདག་ཏུ་བཟུང་བས་གཟུགས་མེད་ཀྱི་ལྷར་སྐྱེ་སྟེ། དེ་ལས། མཉམ་དང་གཟུགས་མེད་མ་རྟོགས་ནས། མིང་བཞི་མེད་པར་མ་ཤེས་ཏེ། །སྐྱེ་མཆེད་བཞི་ལ་གནས་གྱུར་ན། །སྲིད་པའི་རྩེ་མོའི་ས་རུ་སྐྱེ། །ཞེས་སོ། །གསུམ་པ་འཕྲོས་དོན་མ་རྟོགས་ལོག་རྟོགས་ཀྱི་ལྟ་བ་བཤད་པ་ནི། འདི་ལ་སྔོན་གྱི་སློབ་དཔོན་རྣམས་དགོངས་པ་ཅུང་མི་མཐུན་ཏེ། སློབ་དཔོན་ཉི་འོད་སེང་གེ་ནི་མ་རྟོགས་པ་ཕྱལ་རྒྱང་མུར་སྟུག་གསུམ་དང་། ལོག་པར་རྟོགས་པ་མུ་སྟེགས་པར་བཞེད། སློབ་དཔོན་སྒེག་རྡོར་ནི་མ་རྟོགས་པ་ཕྱལ་པ་དང་། ལོག་པར་རྟོགས་པ་མུ་སྟེགས་རྟག་ཆད་གཉིས་ལ་བཞེད། བི་མ་ལ་ནི། མ་རྟོགས་ཕྱལ་པ་རྒྱང་འཕེན་དང་། །ལོག་རྟོགས་མུར་སྟུག་མུ་སྟེགས་དང་། །ཞེས་གསུངས་ཤིང་། སློབ་དཔོན་ཆེན་པོ་པདྨའི་མན་ངག་ལྟ་ཕྲེང་ལས་ཀྱང་དེ་ལྟར་འབྱུང་བས། འདིར་ཡང་དེ་བཞིན་དུ་འཆད་པ་ལ། མ་རྟོགས་པ་དང་། ལོག་པར་རྟོགས་པ་གཉིས་ལས། དང་པོ་ལ། གོ་བ་དང་དབྱེ་བ་གཉིས། དང་པོ་ནི། སོ་སོ་སྐྱེ་བོ་གྲུབ་མཐས་བློ་མ་བསྒྱུར་བའི་གང་ཟག་གོ། །གཉིས་པ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་མ་རྟོགས་པ་དངོས་ནི། འཇིག་རྟེན་ཕྱལ་པ་སྟེ། དེ་ལ། ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། ངོ་བོ་ནི། ལས་རྒྱུ་འབྲས་ཡེ་མ་རྟོགས་པས་ཀུན་ཏུ་རྨོངས་པའོ། །ངེས་ཚིག་ནི། རྟེན་འབྱུང་རྒྱུ་འབྲས་ཀྱི་ཆོས་ཡོད་མེད་གང་དུའང་མི་སྤྱོད་ཅིང་སྤོང་ལེན་མི་བྱེད་པའི་ཕྱིར་ཕྱལ་པ་ཞེས་བྱ་སྟེ། སྤར་ཁབ་ལས། ཅིར་ཡང་མ་རྟོགས་པ་ནི་འཇིག་རྟེན་ཕྱལ་པ་སྟེ། ཞེས་སོ། །དབྱེ་ན། དམན་རིགས་དང་། རིགས་མ་ངེས་པ་གཉིས། དང་པོ་ནི། ཡོན་ཏན་ལ་ཐོབ་བློ་མེད་པའི་བློ་འཕང་སྨད་པའོ། །གཉིས་པ་ལ། བཟང་ངན་གཉིས་ཏེ་འོག་དང་འདྲ། གཉིས་པ་ཞར་ལས་བྱུང་བའི་མ་རྟོགས་པ་ནི། རྒྱང་འཕེན་པ་སྟེ། དེ་ལའང་གསུམ་ལས། ངོ་བོ་ནི། ཚེ་སྔ་ཕྱི་ཡོད་མེད་དུ་མ་རྟོགས་ཤིང་ཚེ་གཅིག་གི་ཕན་བདེ་བག་ཙམ་སྒྲུབ་པའི་བློ་ཅན་ནོ། །ངེས་ཚིག་ནི། ཕྱི་མ་རྒྱང་དུ་བོར་ཏེ་ཚེ་འདིའི་བཙན་ཕྱུག་དང་མཐུ་སྟོབས་སོགས་འཇིག་རྟེན་པའི་གསང་ཚིག་མོ་རྨི་རྩིས་སོགས་ལ་བརྟེན་ནས་བསྒྲུབས་པའི་ཕྱིར་རྒྱང་འཕེན་པ་ཞེས་བྱའོ། །དབྱེ་ན། རིགས་ཆད་དང་། འདུ་ཤེས་ཅན་གཉིས། དང་པོ་ལ། རང་བཞིན་དང་། རྐྱེན་གྱིས་ཆད་པ་གཉིས་ཏེ། ཐེག་ཆེན་གྱི་གྲུབ་མཐའ་འཛིན་པས་འདོད་བྱ་མ་ཡིན་པས་རྒྱས་པར་གཞན་ལས་ཤེས་སོ། །འདུ་ཤེས་ཅན་ལ་བཞི་སྟེ། མདོ་ཆེན་པོ་ལས། འདུ་ཤེས་ཅན་བཞི་ཆགས་པ་དང་། །གང་ལ་གཡེང་དང་ཡ་ང་ཅན། །མོས་པ་ཅན་ཞེས་གྲགས་པ་བཞི། །ས་བོན་འཛིན་པའི་ཞིང་དུ་སྣང་། །ཞེས་པ་རྣམས་རིམ་བཞིན། འདོད་ཡུལ་ལ་ཆགས་སྲེད་འབྲལ་མི་ཕོད་པ་དང་། ཚེ་འདིའི་མི་ཆོས་ཀྱི་བྱ་བས་གཡེང་བ་དང་། བཙན་ཕྱུག་སྡིག་དང་བསྡོས་ནས་སྒྲུབ་པ་དང་། མི་དགེ་བཅུ་སྤོང་ཞིང་ཐར་པ་ལ་མོས་པའི་རིགས་ཅན་ནོ། །གཉིས་པ་ལོག་པར་རྟོགས་པ་ལ། གོ་དོན་དང་། དབྱེ་བ་གཉིས། དང་པོ་ནི། རྟེན་གྱི་གང་ཟག་གང་ཞིག་ལོག་པའི་གྲུབ་མཐས་བློ་བསྒྱུར་བའོ། །གཉིས་པ་ལ། ནང་པ་ལས་ཕྱི་རོལ་དུ་གྱུར་པ་མུ་སྟེགས་པའི་སློབ་དཔོན་སྔ་མ་དག་རྟོག་གེ་སྡེ་ལྔར་འདོད་པ་ལས། རྟག་ལྟ་སྡེ་བཞིའི་དང་པོ་གྲངས་ཅན་པ་ནི། སྐྱེ་དགུ་རྣམས་ཚེ་ལོ་ཉི་ཁྲི་པའི་དུས་སུ། དྲང་སྲོང་སེར་སྐྱས་མུ་སྟེགས་པའི་དཀའ་ཐུབ་ཀྱིས་གྲུབ་པ་ཐོབ་སྟེ་བསྟན་བཅོས་མང་དུ་བརྩམས་པས། གྲུབ་མཐའ་འཛིན་པའི་སློབ་མ་གཉིས་བྱུང་སྟེ། བྷར་དྷཱ་ཛ་དང་། ཆུ་ལྷུང་གི་བུའོ། །བྷ་ར་དྷཱ་ཛས་ཤེས་བྱ་ཐམས་ཅད་གྲངས་ཉི་ཤུ་རྩ་ལྔར་འདོད་པའི་རྗེས་སུ་འབྲངས་པ་ལ་གྲངས་ཅན་པ་དང་། ཆུར་ལྷུང་གི་བུས་ཉི་ཤུ་རྩ་ལྔ་པོའི་གནས་ལུགས་ཀྱང་སྟོང་པར་འདོད་པ་ལས་སེར་སྐྱ་པ་སྟེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། གྲངས་ཅན་པ་རྣམས་ཡོན་ཏན་སྨྲ། །སེར་སྐྱ་པ་རྣམས་སྟོང་པར་འདོད། །ཅེས་སོ། །དེ་ལ་གྲངས་ཅན་ལ། སེར་སྐྱ་པ། ཡོན་ཏན་གསུམ་པ་ཞེས་བྱའོ། །གཉིས་པ་དབང་ཕྱུག་པ་ནི། ལྷ་དབང་ཕྱུག་གི་རྒྱུད་སྡེ་མང་དུ་གསུངས་པས། དངོས་གྲུབ་བརྙེས་པའི་སློབ་མ་གཉིས་བྱུང་སྟེ། རྐང་མིག་དང་། གཟེག་ཟན་ནོ། །རྐང་མིག་གིས་བརྩམས་པ་རིགས་པའི་ལྟ་བ་ལ་བརྟེན་པའི་རིགས་པ་ཅན་དང་། གཟེག་ཟན་གྱིས་བརྩམས་པའི་བྱེ་བྲག་གསལ་བ་ལ་བརྟེན་པའི་བྱེ་བྲག་པ་གཉིས་སོ། །འདིས་སེམས་ཅན་བཅིངས་གྲོལ་ཐམས་ཅད་དབང་ཕྱུག་གིས་བྱས་པར་འདོད་དེ། འགྲོ་བ་འདི་དག་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་སའམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཞེས་སོ། །དེ་ལ་དབང་ཕྱུག་པ། འུག་ཕྲུག་པ། དོན་དྲུག་པ་ཞེས་སོ། །གསུམ་པ་ཁྱབ་འཇུག་པ་ནི། ཁྱབ་འཇུག་གིས་རིགས་བྱེད་ཀྱི་བསྟན་བཅོས་འབུམ་སྟེ་བརྩམས་ཤིང་། ལྟེ་བ་པདྨོའི་སྐྱེ་གནས་ལས་ཚངས་པ་གདོང་བཞི་པ་བྱུང་སྟེ། དེས་སྣོད་བཅུད་ཐམས་ཅད་སྤྲུལ་ནས། སྙན་ངག །ངེས་བརྗོད། སྲིད་བསྲུང་། མཆོད་སྦྱིན་ཏེ། རིག་བྱེད་ཆེན་པོ་བཞི་དྲན་ནས་བཤད་པ་ཕྱིས་དྲང་སྲོང་རྣམས་ཀྱིས་བསྡུས་ཏེ། ཁྱབ་འཇུག་གི་བསྟན་བཅོས་བརྡ་སྤྲོད་ངག་གི་འོད་ཟེར་ལ་བརྟེན་པ་བརྡ་སྤྲོད་པ་དང་། དྲང་སྲོང་ཨགྞའི་སྨྲ་བའི་མཚོན་ཆ་ལ་བརྟེན་པའི་ཚད་མ་པ་ལ་རྣམ་ཕུག་པ་དང་། དྲང་སྲོང་བདེན་སྨྲས་ཀྱི་བསྒོམ་རིམ་སྐོར་དགུ་ལ་བརྟེན་པའི་སྒོམ་སྒྲུབ་པ་ལ་གསང་བ་པ་དང་། དྲང་སྲོང་ངན་སློང་གི་རྣམ་དཔྱོད་གསལ་བ་ལ་བརྟེན་པའི་གཞུང་བཤད་པ་ལ་སྤྱོད་པ་བ་དང་། དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་ཙ་ར་ཀ་འབུམ་སྡེ་ལ་བརྟེན་པའི་གསོ་དཔྱད་པ་ལ་ཙ་ར་ཀ་བ་ཞེས་བྱ་སྟེ་ལྔའོ། །འདི་དག་གིས་རིགས་བྱེད་བཞི་ཚད་མར་འདོད་དེ། དབྱེ་ན་ཁྱབ་འཇུག་པ། ཚངས་པ་བ། རིགས་བྱེད་པ་ཞེས་གྲགས་སོ། །བཞི་པ་རྒྱལ་བ་པ་ནི། ལྷ་ཆེན་པོ་རྒྱལ་བ་དམ་པས། སྲོག་དང་ཟད་པ་སྡོམ་པ་དང་། །ངེས་པར་དགའ་དང་འཆི་དང་ལས། །སྡིག་དང་བསོད་ནམས་ཐར་པ་སྟེ། །ཤེས་བྱ་ཚིག་གི་དོན་དགུར་ངེས། །ཞེས་ཚིག་དོན་རྒྱན་གྱི་སྣང་བ་ལ་བརྟེན་པ་སྟེ། ཐར་པ་མདོག་དབྱིབས་ཅན་དང་། ཤིང་སེམས་པ་ཅན་དུ་འདོད་དེ། འདི་ལ་རྒྱལ་བ་པ། དོན་དགུ་པ། གཅེར་བུ་པ། ཞེས་སོ། །ལྔ་པ་ཆད་ལྟ་སྡེ་གཅིག་ནི། སུམ་ཅུ་རྩ་གསུམ་དུ་ཕུར་བུ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ལྷའི་བླ་མས། ལྷ་རྣམས་ལྷ་མ་ཡིན་ལ་འཐབ་པ་ལ་སྤྲོ་བ་བསྐྱེད་བའི་ཕྱིར། ཐམས་ཅད་ལ་སྐུར་པ་འདེབས་པ་ལྟ་བའི་སྙིང་པོ་ཞེས་བྱ་བའི་བསྟན་བཅོས་བརྩམས་པ། ཕྱིས་མི་ཡུལ་དུ་གྲོགས་མཁར་བས་དར་བར་བྱས་ཏེ། དེ་ལས། བཟང་མོ་མ་ཤི་བར་ལ་དགའ་མགུར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །ལུས་ཀྱང་ཐལ་བ་བཞིན་སོང་ནས། །སླར་སྐྱེ་བ་དག་ག་ལ་སྲིད། །ཅེས་སྐྱེ་བ་སྔ་ཕྱི་ལ་སྐུར་པ་འདེབས་ཤིང་། ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །ཀྱེ་མ་མང་ཐོས་གང་སྨྲ་བ། །སླུ་བྱེད་སྤྱང་ཀིའི་རྗེས་དང་མཚུངས། །ཞེས་མ་མཐོང་བའི་འགྲོ་བ་ལ་སྐུར་བ་འདེབས་པ་དང་། བློ་ནི་ལུས་ཀྱི་བདག་ཉིད་དང་། ལུས་འབྲས་ལུས་ཀྱི་ཡོན་ཏན་དང་། འདི་ལྟར་ལུགས་གསུམ་ལ་བརྟེན་ནས། །གོམས་པ་སྲིད་པ་ཡོད་མ་ཡིན། །ཅེས་ལམ་གོམས་པའི་འབྲས་བུ་སངས་རྒྱས་ལ་སྐུར་པ་འདེབས་དང་། སྒྲོ་བཏགས་འཛིན་ཕྱིར་ཚད་མ་མིན། །ཅེས་ཚད་མ་ལ་སྐུར་པ་འདེབས་པ་དང་། པདྨའི་གེ་སར་སུ་ཡིས་བྱས། །རྨ་བྱའི་རི་མོ་སུ་ཡིས་བྲིས། །ཚེར་རྩེ་རྣོ་བ་སུ་ཡིས་བདར། །ཐམས་ཅད་རྒྱུ་མེད་ངོ་བོས་བྱུང་། །ཞེས་རྒྱུ་འབྲས་ལ་སྐུར་པ་འདེབས་པ་སྟེ། འདི་ལ་ཕུར་བུ་པ། རྒྱང་འཕེན་པ། ཚུ་རོལ་མཛེས་པ་བ། ནམ་མཁའི་ཡིད་ཅན་པ་ཞེས་སོ། །མ་རྟོགས་ལོག་རྟོགས་ཀྱི་ལྟ་བ་བཞི་པོ་དེ་ནི་མ་རིག་པ་ཁོ་ན་ལས་བྱུང་བའི་ཕྱིར་འཇིག་རྟེན་པའི་ལྟ་བ་སྟེ། ལྟ་ཕྲེང་ལས། འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཕྱིན་ཅི་ལོག་གི་ལྟ་བ་གྲངས་མེད་པའི་མདོ་རྣམ་པ་བཞིར་འདུས་ཏེ། ཕྱལ་བ་དང་། རྒྱང་འཕེན་དང་། མུར་སྟུག་དང་། མུ་སྟེགས་པའོ། །ཞེས་པ་ནས། འདི་དག་ནི་མ་རིག་པའི་ལྟ་བའོ། །ཞེས་པའི་བར་གསུངས་སོ། །དེ་ལ་མ་རྟོགས་པ་གཉིས་ནི་གྲུབ་མཐའི་ལྟ་བ་མ་ཡིན་མོད་ཀྱི། འོན་ཀྱང་སེམས་ཀྱི་གནས་ཚུལ་བསྡུ་བའི་ཕྱིར་དེའི་ཟླ་ལ་བཤད་དོ། །ལོག་པར་རྟོགས་པའི་ལྟ་བ་གཉིས་ནི་གྲུབ་མཐས་བློ་བསྒྱུར་བའི་ལྟ་བ་ཡིན་ཀྱང་། ཆོས་ཉིད་མཐའ་དང་བྲལ་བ་སྒྲོ་སྐུར་གྱི་མཐར་ཞེན་པས་ལོག་པར་བསྒྱུར་བའི་ཕྱིར། འཁོར་བ་ལས་སྒྲོལ་བའི་ཐབས་མ་ཡིན་ཏེ། གྲུབ་མཐའ་སྨྲ་བ་རྣམས་ཀྱི་ནང་ནས་ཐ་ཆད་པ་མུར་སྟུག་པར་མ་ཟད། མུ་སྟེགས་པའང་བདག་འདོད་པས་འཁོར་བའི་རྩ་བ་བདག་འཛིན་གྱིས་བཅིངས་པའི་ཕྱིར། དེ་ལྟར་ཡང་རྣམ་འགྲེལ་ལས། ཇི་སྲིད་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་དང་། ལམ་རིམ་ལས། རྟག་ཆད་གཉིས་ལ་གང་གིས་བློ་ཞེན་པ། །དོན་གྱི་སྙིང་པོ་ཉིད་ལས་གོལ་བར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་རང་རང་གི་འདོད་གཞུང་སོགས་མ་བྲིས་ཏེ། ཤེས་པར་འདོད་ན་གཞན་དུ་བལྟ་བར་བྱའོ། །འདིར་ཁ་ཅིག་རྒྱལ་བའི་བཀའི་དབྱེ་བ་འཆད་པའི་སྐབས་སུ་ཕྱི་རོལ་པའི་གྲུབ་མཐའ་སོགས་འཆད་པ་ནི་ཤིན་ཏུ་མི་རིགས་པ་ཉིད་དོ་ཞེ་ན། སྐྱོན་མེད་དེ། མུ་སྟེགས་རང་རྒྱུད་པའི་དབང་དུ་བྱས་ན་ལམ་གྱི་ལྟུང་ས་དང་སྤང་བྱ་ངོ་ཤེས་ནས་འདས་པའི་ཐེག་པ་རང་ལམ་ལས་མི་འགྱངས་པའི་དགོས་པ་ཡོད་པའི་ཕྱིར་ཏེ། ཧེ་རུ་ཀ་གལ་བོ་ལས། མུ་སྟེགས་ཐེག་པ་རབ་ངེས་ན། །མི་སྤྱོད་སྤང་ཕྱིར་ཁྱོད་ལ་བཤད། །ཅེས་སོ། །ཡང་སྤྲུལ་པ་པའི་དབང་དུ་བྱས་ནས། །སྔར་གྱི་དགོས་པ་དང་ལྡན་པར་མ་ཟད་ཀྱི། འདི་དག་ཀྱང་གང་ལ་གང་འདུལ་གྱི་རྒྱལ་བའི་ཕྲིན་ལས་ཡིན་པར་གསུངས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས་མཛད་པའི་བདེ་འདུས་ཀྱི་ཐུགས་རྗེ་དཔྱང་ཐག་གནས་ཀྱི་ལུང་ལས། ཐུགས་རྗེའི་འཇུག་པ་སྣ་ཚོགས་པས། །ཇི་ལྟར་འོས་པས་འདུལ་མཛོད་དེ། །ཕྱི་རོལ་བྱེད་པའི་སྡེ་རྣམས་ལ། །དེ་དང་དེར་སྣང་སྟོན་པས་གསུངས། །ཞེས་སོ། །དེ་ལྟ་མོད་ཀྱི། ཆད་ལྟ་མུར་སྟུག་པའི་ལྟ་བ་ནི་ཤིན་ཏུ་ཡ་ང་བའི་ལོག་ལྟ་ཡིན་པས་དེ་ལྟ་བུ་བསྐྱེད་པ་རྒྱལ་བའི་ཐབས་མཁས་སུ་ཇི་ལྟར་རིགས་སྙམ་ན། དེའང་རིགས་པ་ཉིད་དེ། མུར་སྟུག་པའང་རིགས་པ་དུ་མ་ཁས་ལེན་པའི་ཕྱིར། གསུང་རབ་མཐོང་བའམ། ཐལ་འགྱུར་རྣམ་དག་འགོད་མཁན་གྱི་རྒོལ་བ་དང་འཕྲད་པའི་ཚེ། ཐོག་མར་ཐེ་ཚོམ་དང་། དེ་རྗེས་ལྡོག་ཕྱོགས་ཀྱི་སྒྲུབ་བྱེད་རྣམ་དག་མཐོང་ནས་ཡང་དག་པའི་ཚད་མ་སྐྱེ་བར་འགྱུར་བས་ན། གྲུབ་མཐའ་ལ་ཡེ་མ་ཞུགས་པའི་བླུན་པོ་ལས་ཡང་དག་པའི་ལྟ་བ་སྐྱེ་བ་ལ་ཉེ་བའི་ཕྱིར་རོ། །ཡང་འདི་དག་ལྷ་མིའི་ཐེག་པ་ལས་འཕྲོས་ཏེ་འཆད་པ་གང་ཞེ་ན། ལྷ་དང་མིའི་ཐེག་པ་གཉིས་ཀྱིས་བགྲོད་པར་བྱེད་པའི་རྟེན་གྱི་གང་ཟག་ནི་ཕྱི་ནང་གཉིས་ཀ་ལ་ཡོད་པའི་ཕྱིར་སྨོས་ཏེ། ཕྱི་པའི་དབང་དུ་བྱས་ན། དཔའ་བོས། ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་མ་རིག་གིས་ལྡོངས་པ། །སྲིད་རྩིའི་བར་དུ་སོང་ནས་ཀྱང་། །སྡུག་བསྔལ་ཡང་འབྱུང་སྲིད་པ་བསྒྲུབ། །ཅེས་དང་། ནང་པའི་དབང་དུ་བྱས་ན། དཀོན་མཆོག་གསུམ་ལ་བྱ་བ་བྱེད་པར་མོས་པའི་སྒོ་ནས་སྐྱབས་སུ་འཛིན་ཡང་ཐར་པ་དོན་གཉེར་གྱི་བློ་མེད་པར་འཇིག་རྟེན་པའི་ལམ་ཉིད་ལ་གནས་པའི་དབང་དུ་མཛད་དེ། རྒྱུད་བླར། མོས་པ་རྣམས་ཀྱི་དབང་མཛད་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་སོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་བཤད་པ་ལ་གཉིས། ཕྱི་རོལ་པ་ལས་འཕགས་པའི་ཚུལ། དེའི་རང་བཞིན་རྒྱས་པར་འཆད་པའོ། །དང་པོ་ནི། འཁོར་བའི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པ་མྱང་འདས་དམ་པའི་ཆོས་ཏེ། དེ་ནི་ཆོས་ཐམས་ཅད་ཀྱི་རབ་དང་། མཆོག་དང་། ཕུལ་དུ་གྱུར་ཅིང་གཞན་ལས་ཁྱད་པར་དུ་གྱུར་པས་ན་དམ་པ་ཞེས་པའི་སྒྲས་བརྗོད་པའོ། །དེའང་དཀོན་མཆོག་གསུམ་སྐྱབས་གནས་སུ་བཟུང་ནས། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའམ། དེའི་ཁོངས་སུ་གཏོགས་ཤིང་། ཡང་དག་པའི་བསླབ་པ་གསུམ་ལ་སློབ་པས། འབྲས་བུ་སྲིད་རྩེ་ལས་བརྒལ་ནུས་པས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་དག་མེད་པའི་ཕྱིར། དེ་ལ་སྐྱབས་འགྲོ་ནི་ལམ་གྱི་གཞི་རྟེན་ལ་མེད་དུ་མི་རུང་སྟེ། དེ་སྡོམ་པའི་རྒྱུ་མྱང་འདས་ཀྱི་བསམ་པ་རྟེན་བྱེད་ཉིད་ཡིན་པའི་ཕྱིར། སྐྱབས་སུ་མ་སོང་བ་ལ་སྡོམ་པ་མི་སྐྱེ་ལ། སྡོམ་པས་མ་བསྡམས་ན་ཡང་དག་པའི་ལམ་མེད་པའི་ཕྱིར་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་དང་། སྡོམ་པ་ཀུན་ལ་ཡོང་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་སོ། །ཕྱག་བརྒྱ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །བསླབ་པ་གསུམ་ལ་སློབ་པ་ནི། ལྷག་པའི་ཚུལ་ཁྲིམས་དང་། སེམས་དང་། ཤེས་རབ་གསུམ་ལ་ཐོས་བསམ་བསྒོམ་གསུམ་གྱི་སྒོ་ནས་བསླབས་པས་ཐོག་མཐའ་བར་གསུམ་དུ་དགེ་བ་སྟེ། འོད་ལྡན་ལས། བསླབ་པ་གསུམ་ནི་རབ་སྟོན་ཅིང་། ཕྱག་རྒྱ་གསུམ་དང་ཡང་དག་ལྡན། ཐོག་མ་བར་དང་མཐར་དགེ་བ། །སངས་རྒྱས་གསུང་དུ་མཁས་པས་རྟོགས། །ཞེས་སོ། །འབྲས་བུ་སྲིད་རྩེ་ལས་བརྒལ་ནུས་པ་ནི། དཔའ་བོས། ཁྱོད་ཀྱི་བསྟན་པའི་རྗེས་འགྲོ་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་རས་བཙའ་བཞིན་དུ། །སྲིད་པ་དག་ནི་ལྡོག་པར་བགྱིད། །ཅེས་སོ། །གཉིས་པ་དེའི་རང་བཞིན་རྒྱས་པར་འཆད་པ་ལ་གཉིས་ཏེ། སློབ་དཔོན་བ་སུ་བནྡྷུས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར། བརྗོད་བྱ་རྟོགས་པའི་ཆོས་དང་། རྗོད་བྱེད་ལུང་གི་ཆོས་སོ། །དང་པོ་རྟོགས་པའི་ཆོས་ལའང་གཉིས། འཕགས་པ་རྣམས་གང་དུ་གཤེགས་པའི་འགོགས་བདེན་བསམ་བརྗོད་ཀྱི་ཡུལ་ལས་བརྒལ་བའི་མྱང་འདས་ཆེན་པོ་གཉིས་སྣང་གི་མཚན་མ་ཐམས་ཅད་ནུབ་པའི་དབྱིངས་སུ་སྙོམས་པར་ཞུགས་པ་རྟོགས་པའི་ཡོན་ཏན་གྱིས་ཐོབ་པ་གང་ཡིན་པ་དེ་དང་། གང་གིས་གཤེགས་པའི་ལམ་བདེན་རང་བཞིན་གྱིས་རྣམ་པར་དག་པའི་འོད་གསལ་བའི་སྙིང་པོ་ཅན་སོ་སོ་རང་གིས་རིག་པར་བྱ་བའི་སྤྱོད་ཡུལ་སྒྲིབ་པའི་གཉེན་པོར་གྱུར་པའི་ཟག་མེད་ཀྱི་ཡེ་ཤེས་འཁོར་བཅས་རྟོགས་པའི་ངོ་བོར་གྱུར་པ་སྟེ། སྔ་མ་ནི་འཕགས་བཞིའི་ཐུགས་རྒྱུད་ཀྱི་སྤང་བྱ་སྤངས་པའི་ཟད་མི་སྐྱེའི་ཡེ་ཤེས་ཏེ་ཆགས་བྲལ་གྱི་ངོ་བོ་དང་། ཕྱི་མ་ནི་གང་གིས་སྤོང་བྱེད་ཆགས་པ་དང་བྲལ་བར་བྱེད་པའི་གཉེན་པོའི་ཡེ་ཤེས་ཀྱི་རང་བཞིན་ཏེ། འཕགས་པ་མ་ཕམ་པས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པར་དག་གིས་བསྡུས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་རྗོད་བྱེད་ལུང་གི་ཆོས་ལའང་གཉིས། ལེགས་པར་གསུངས་པའི་བཀའ་དང་། དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་སོ། །དང་པོ་ལ་གསུམ་གྱིས་འཆད་དེ། མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་བཀའི་མཚན་ཉིད་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་སྟོན་པ་སངས་རྒྱས་ལ་བརྟེན་ནས་བྱུང་བའི་ཁྱད་པར་བཞི་ལྔན་གྱི་རྒྱལ་བའི་གསུང་རབ་གང་ཞིག་མདོ་འམ་རྒྱུད་སྡེར་གནས་པ། དེ་དང་ལུང་གི་ཆོས་འཁོར་དོན་གཅིག་མིང་གི་རྣམ་གྲངས་སོ། །ཁྱད་པར་བཞི་ནི། བརྗོད་བྱ་དོན་དང་ལྡན་པ། བརྗོད་བྱེད་ངག་ཚིག་དྲི་མ་མེད་པ། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་བ། འབྲས་བུ་ཞི་བའི་ཕན་ཡོན་སྟོན་པ་དང་བཞིར་ལྷག་བསམ་བསྐུར་བའི་མདོ་ལས་གསུངས་པ་ལྟར། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་གསུངས། ཡང་བརྗོད་བྱ་བསླབ་པ་གསུམ་སྟོན། རྗོད་བྱེད་ངག་ཚིག་དྲི་མེད། སྒྲུབ་བྱེད་ཚད་མ་གསུམ་ལྡན། འབྲས་བུ་ཐོག་མཐའ་བར་གསུམ་དུ་དགེ་བ་དང་བཞིར་བཤད་དེ། བསླབ་པ་གསུམ་སྟོན་ངག་ཚིག་དྲི་མ་མེད། །ཚད་མ་གསུམ་ལྡན་ཐོག་མཐའ་བར་དགེ་བ། །དེ་ནི་ཆེན་པོར་གསུངས་པ་རྒྱལ་པའི་བཀའ། །ལྡོག་པ་གཞན་གྱི་གཞུང་དུ་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་བཀའི་སྒྲ་དོན་ནི། སུ་བྷཱ་ཥི་ཏ་ཞེས་པའི་སྒྲ་ལས་དྲངས་ན། སུ་ནི་བཟང་པོ་དང་། མཛེས་པ་དང་། བདེ་བ་དང་། རབ་དང་། ལེགས་བ་ལྔ་ལ་འཇུག་པ་ལས་འདིར་ལེགས་པ། བྷཱ་ཥི་ཏ་གསུངས་པ་སྟེ། ལེགས་པར་གསུངས་པས་ན་བཀའོ། །ཇི་ལྟར་ལེགས་པར་གསུངས་སྙམ་ན། རྣམ་པ་བཅུས་ཏེ། རྣམ་བཤད་རིགས་པ་ལས། ཇི་ལྟར་ལེགས་པར་གསུངས་པ་ཡིན་ཞེ་ན། རྣམ་པ་བཅུ་དག་གིས་ཏེ། ཡང་དག་པར་བསླང་བ་ཉིད་ཀྱིས་དང་། དབང་དུ་མཛད་པ་ཉིད་ཀྱིས་དང་། འཇུག་པ་ཉིད་ཀྱིས་དང་། རབ་ཏུ་བསྟན་པ་ཉིད་ཀྱིས་དང་། རབ་ཏུ་དབྱེ་བ་ཉིད་ཀྱིས་དང་། རྟེན་ཉིད་ཀྱིས་དང་། ཀོ་བར་མཛད་པ་ཉིད་ཀྱིས་དང་། གདགས་པ་ཉིད་ཀྱིས་དང་། དུས་ཉིད་ཀྱིས་དང་། ཡོན་ཏན་ཡོངས་སུ་འཛིན་པ་ཉིད་ཀྱིས་སོ། །ཞེས་འབྱུང་ངོ་། །གསུམ་པ་བཀའི་དབྱེ་བ་ལ་ལྔ། བདག་རྐྱེན་གྱི་སྒོ་ནས། དུས་ཀྱི་སྒོ་ནས། སྡེ་ཚན་གྱི་སྒོ་ནས། གཉེན་པོའི་སྒོ་ནས། དབང་པོའི་སྒོ་ནས་དབྱེ་བའོ། །དང་པོ་བདག་རྐྱེན་གྱི་སྒོ་ནས་དབྱེ་ན། ཞལ་ནས་གསུངས་པ་དང་བྱིན་གྱིས་བརླབས་པ་དང་། རྗེས་སུ་གནང་བའི་བཀའ་དང་གསུམ་ལས། དང་པོ་ཞལ་ནས་གསུངས་པ་ལའང་གཉིས་ཀྱི། སྟོན་པས་མདུན་བསུས་ནས་གསུངས་པ་ནི་སྡུད་པ་ལྟ་བུ་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དེ་དག་ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་ཕྱིར། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཅིང་། དེའི་ཚེ་ཆིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཞེས་གསུངས། འཁོར་གྱིས་ཞུས་ནས་གསུངས་པ་ནི་འཇམ་དཔལ་མཚན་བརྗོད་ལྟ་བུ་སྟེ། རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱིས་དགྱེས་པ་ཡིས། །རབ་གསུངས་གང་ལགས་བཤད་དུ་གསོལ། །ཞེས་སོ། །གཉིས་པ་བྱིན་གྱིས་བརླབས་པའི་བཀའ་ལ་གསུམ་སྟེ། སྟོན་པའི་ཕྱག་རྡོ་རྗེ་སྙིང་པོ་དང་རྣམ་གྲོལ་ཟླ་བའི་སྤྱི་བོར་བཞག་པས་འཆད་པ་དང་ཞུ་བའི་སྤོབས་པ་སྐྱེས་ནས་མདོ་སྡེ་ས་བཅུ་པ་གསུངས་པ་ལྟ་བུ་སྐུས་བྱིན་གྱིས་བརླབས་པའི་བཀའ་དང་། བཅོམ་ལྡན་འདས་ཀྱིས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་ཁྱོད་སྤོབས་པར་བྱོས་ཤིག །ཅེས་གསུངས་པས་རབ་འབྱོར་གྱིས་བརྒྱད་སྟོང་པར་ཤེར་ཕྱིན་བཤད་པ་ལྟ་བུ་གསུང་གིས་བྱིན་གྱིས་བརླབས་པའི་བཀའ་དང་། ཐུགས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་ལ་གསུམ་ལས། སྟོན་པས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་མཐུས་ཤཱ་རིའི་བུ་དང་སྤྱན་རས་གཟིགས་གཉིས་ཀྱིས་དྲི་བ་དྲི་ལན་གྱི་སྒོ་ནས་གསུངས་པ་ཤེར་སྙིང་ལྟ་བུ་ཐུགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་བཀའ་དང་། ཡང་སངས་རྒྱས་ཀྱི་མཐུས་ནམ་མཁའ་དང་བྱ་དང་ལྗོན་ཤིང་སོགས་ལས་ཀྱང་ཆོས་ཀྱི་སྒྲ་བྱུང་བར་ལྟ་བུ་ཐུགས་བདེན་པའི་སྟོབས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་དང་། སངས་རྒྱས་ཀྱི་མཐུས་ཉན་ཐོས་དང་གནོད་སྦྱིན་སོགས་ཀྱིས་སྨྲས་པའི་འབྲས་བུ་ཁྱད་པར་ཅན་འབྱིན་ནུས་ཀྱི་སྔགས་ཚིག་བཀར་བསྡུས་པ་ལྟ་བུ་ཐུགས་རྗེའི་སྟོབས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་ཞེས་བྱའོ། །གསུམ་པ་རྗེས་སུ་གནང་བའི་བཀའ་ནི། མྱ་ངན་ལས་འདས་པའི་མདོ་ལས། ཀུན་དགའ་བོ། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྡུ་བ་བྱེད་པའི་ཚེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་པས་གླེང་སློང་ལ། བར་དུ་མཚམས་སྦྱོར་བའི་ཚིག །མཐར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བའི་བར་གྱིས་སྡུས་ཤིག །ཅེས་གདམས་པ་བཞིན་དུ་སྡུད་པ་པོ་རྣམས་ཀྱིས་དེ་ལྟར་བཅུག་པའི་ངག་ཚིག་རྣམས་བཀར་བསྡུས་པ་ལྟ་བུའོ། །གཉིས་པ་དུས་ཀྱི་སྒོ་ནས་དབྱེ་ན། ཆོས་འཁོར་རིམ་པ་གསུམ་སྟེ། དང་པོ་བདེན་བཞིའི། གཉིས་པ་མཚན་ཉིད་མེད་པའི། གསུམ་པ་དོན་དམ་རྣམ་པར་ངེས་པའི་ཆོས་འཁོར་རོ། །གསུམ་པ་སྡེ་ཚན་གྱི་སྒོ་ནས་དབྱེ་ན། གསུང་རབ་ཡན་ལག་བཅུ་གཉིས་སམ་དགུ་སྟེ། བཅུ་གཉིས་ནི། བརྒྱད་སྟོང་འགྲེལ་ཆེན་ལས། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིག་བཅད་ཆེད་བརྗོད་རྟོགས་པ་བརྗོད། །དེ་ལྟ་བྱུང་དང་གླེང་གཞི་དང་། །ཤིན་ཏུ་རྒྱས་དང་སྐྱེས་རབས་བཅས། །གཏན་ཕབ་རྨད་དུ་བྱུང་བའི་སྡེ། །དེ་ལྟར་རྣམ་པ་བཅུ་གཉིས་ནི། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་གསུངས། དགུ་ནི། རྟོག་བརྗོད། དེ་ལྟ་བུ་བྱུང་། གཏན་ལ་ཕབ་པའི་སྡེ་གསུམ་མ་གཏོགས་པའོ། །དེ་ལྟར་ཡང་ཚིག་གསལ་ལས། སངས་རྒྱས་རྣམས་ཀྱི་མདོ་སྡེ་ལ་སོགས་པ། །བདེན་པ་གཉིས་བརྟེན་བསྟན་པ་རྣམ་པ་དགུ། །ཞེས་སོ། །བཅུ་གཉིས་པོའང་སྡེ་སྣོད་གསུམ་དུ་འདུ་སྟེ། ལུང་ཕྲན་ཚེགས་ལས། མདོ་ཡི་སྡེ་དང་དབྱངས་སུ་བསྙད་པའི་སྡེ། །ལུང་བསྟན་ཚིགས་སུ་བཅད་པའི་སྡེ་དང་ནི། །ཆེད་དུ་བརྗོད་པ་ལྔ་ནི་མདོ་སྡེར་བསྡུས། །གླེང་གཞིའི་སྡེ་དང་རྟོགས་པ་བརྗོད་པ་དང་། །དེ་ལྟ་བྱུང་བའི་སྡེ་ཞེས་བྱ་བ་དང་། །སྐྱེས་པ་རབས་དང་བཞི་ནི་འདུལ་བར་བསྡུས། །ཤིན་ཏུ་རྒྱས་དང་རྨད་དུ་བྱུང་བ་དང་། །གཏན་ལ་ཕབ་པ་གསུམ་ནི་མངོན་པར་བསྡུས། །ཞེས་གསུངས། དེ་ལ་གསང་སྔགས་ནི། སྔ་རབས་ཕལ་ཆེར་ཞིག་གིས་འཇམ་དཔལ་སྒྱུ་དྲྭ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཤིན་ཏུ་རྒྱས་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་གསུངས་པས་ཤིན་ཏུ་རྒྱས་པའི་སྡེའོ། །ཞེས་བཞེད། མཁས་པ་སྣར་སྟོན་སེང་གེ་འོད་ནི་གཏན་ལ་ཕབ་པའམ་རྨད་དུ་བྱུང་བའི་སྡེ་ཡིན་གསུངས་སོ། །བཞི་པ་གཉེན་པོའི་སྒོ་ནས་དབྱེ་ན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ། ལྷ་མོ་བཞིས་ཞུས་པ་ལས། ཐུབ་པ་ཆེན་པོས་ཆོས་རྣམས་ཀྱི། །ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ། །ཞེས་སོ། །དེ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དུག་གསུམ་ཆ་མཉམ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་རེ་རེའི་གཉེན་པོར་འདུལ་བ་དང་། མདོ་སྡེ་དང་། མངོན་པ་དང་། རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་རྣམས་ཉི་ཁྲི་ཆིག་སྟོང་རེ་རེ་གསུངས་པ་ཡིན་ཏེ། མི་ཟད་པའི་གཏེར་བསྟོན་པ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང་། །དུག་གསུམ་ཆ་མཉམ་སྤྱོད་པ་དང་། །ཉི་ཁྲི་ཆིག་སྟོང་གཉེན་པོ་ནི། །ཆོས་ཀྱི་ཕུང་པོ་དེ་སྙེད་གསུངས། །ཞེས་སོ། །དེ་ལས་གཞན་དུ་པཎ་ཆེན་བི་བ་ལ་མི་ཏྲས་རྫོགས་པ་ཆེན་པོ་དུང་ཡིག་ཅན་དུ། སྡེ་སྣོད་ལས་མངོན་པ་སྟེ། ཞེས་པས་སྔགས་མངོན་པའི་སྡེ་སྣོད་དུ་བསྡུ་བར་མཛད་པ་ལྟར། སྐྱི་ཉི་མ་རྡོ་རྗེ་སོགས་ཀྱང་མངོན་པའི་སྡེ་སྣོད་ལ་ཕྱི་ནང་གཉིས་ལས་སྔགས་ནང་གི་མངོན་པའོ། །ཞེས་བཞེད། སློབ་དཔོན་ཤཱནྟི་པ་དང་སྣར་སྟོན་སེང་གེ་འོད་སོགས་ཟབ་མོའི་དོན་མདོར་བསྡུས་ཏེ་སྟོན་པས་སྔགས་ནི་མདོ་སྡེའི་སྡེ་སྣོད་དེ། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། མདོ་སྡེ་འདི་ནི་ལེགས་བཤད་པ། །ཞེས་དང་། རྣམ་འཇོམས་ལས། མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་གསུངས། རང་ལུགས་མངོན་པ་དང་མདོ་སྡེར་བསྡུ་བ་སོགས་ནི་རྒྱུད་གཞུང་ཕྱོགས་རེ་བ་དང་བསྟུན་པ་དེ་དང་དེར་འཇོག་པར་མཛད་པ་ཡིན་པས་མི་འགལ་ཡང་། རྒྱུད་སྡེ་སྤྱིའི་དབང་དུ་བྱས་ན་རིག་པ་འཛིན་པའི་སྡེ་སྣོད་དམ་སྡེ་སྣོད་བཞི་པ་ཞེས་སྡེ་སྣོད་རྐང་ཐུབ་པ་གཅིག་ཏུ་བཞག་ན་ལེགས་པ་ཡིན་ཏེ། ཀུན་བྱེད་ལས། ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་དང་། དཔུང་བཟང་གི་ཞུས་པ་ལས་ཀྱང་། བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་གསུངས་པའི་ཕྱིར་རོ། །ཡང་རྡོ་རྗེ་རྩེ་མོ་ལས། སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའོ། །ཞེས་གསུངས་པ་ལྟར། དེ་གསུམ་སྟོན་བྱེད་ཉན་ཐོས་དང་། བྱང་སེམས་དང་། རིག་པ་འཛིན་པའི་སྡེ་སྣོད་ཅེས་གསུམ་དུ་བསྡུ་ཚུལ་གཅིག་དང་། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུས་འདོད་དོ། །ཞེས་པས། ཆོས་ཀྱི་ཕུང་པོ་ཐམས་ཅད་བསྡུ་ན་འདུལ་བ་དང་། མདོ་སྡེ་དང་། མངོན་པའི་སྡེ་སྣོད་གསུམ་མམ། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ། གཉིས་སུ་བསྡུར་རུང་ངོ་། །དེ་ལ་འདིར་གསུམ་དུ་བསྡུ་བའི་དབང་དུ་བྱས་ནས། དེར་གྲངས་ངེས་པའི་རྒྱུ་མཚན་ནི། རྒྱུ་དགུས་སྡེ་སྣོད་གསུམ་དུ་བཞག་སྟེ། སྤང་བྱ་དང་། བསླབ་བྱ་དང་། ཤེས་བྱ་ལ་ལྟོས་ནས་གསུམ་གསུམ་མོ། །དེ་ལ་སྤང་བྱ་ལ་ལྟོས་ནས་གསུམ་དུ་བཞག་པ་ནི། ཐེ་ཚོམ་གྱི་གཉེན་པོར་མདོ་སྡེ། མཐའ་གཉིས་ལ་སྦྱོར་བའི་གཉེན་པོར་འདུལ་བ། རང་ལྟ་མཆོག་འཛིན་གྱི་གཉེན་པོར་མངོན་པའི་སྡེ་སྣོད་རྣམས་གསུངས། བསླབ་བྱ་ལ་ལྟོས་ནས་མདོ་སྡེས་བསླབ་པ་གསུམ་བཤད། འདུལ་བས་ལྷག་པ་ཚུལ་ཁྲིམས་དང་སེམས་སྒྲུབ། མངོན་པས་ལྷག་པའི་ཤེས་རབ་སྒྲུབ་པ་ཡིན་ནོ། །ཤེས་བྱ་ལ་ལྟོས་ནས་ཆོས་དང་དོན་མདོ་སྡེས་བཤད། འདུལ་བས་སྒྲུབ། མངོན་པས་འབེལ་བའི་གཏམ་རྣམས་པར་གཏན་ལ་དབབ་པ་ལ་མཁས་པར་འགྱུར་བ་སྟེ། རྒྱུ་དགུ་པོ་འདིས་སྡེ་སྣོད་གསུམ་དུ་བཞག་ལ། དེ་ལྟར་བཞག་པའི་དགོས་པའང་། སྡེ་སྣོད་གསུམ་ལ་ཐོས་པས་སེམས་ལ་བག་ཆགས་འཇོག །བསམ་པས་དོན་རྟོགས་པར་བྱེད། བསྒོམ་པས་ཞི་གནས་ཀྱིས་ཉོན་མོངས་པ་ཞི་ཞིང་ལྷག་མཐོང་གིས་དེ་ཁོ་ན་ཉིད་རབ་ཏུ་རྟོགས་པའི་སྒོ་ནས་རྣམ་པར་གྲོལ་བར་བྱེད་པ་སྟེ། རྒྱན་ལས། དེ་ནི་བག་ཆགས་རྟོགས་དང་ཞི་བ་དང་། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །ཅེས་གསུངས་སོ། །ཞར་བྱུང་སྒྲ་དོན་ནི། སཱུ་ཏྲའི་སྒྲ་ལས་མགོ་སྨོས་པས་ན་མདོ་ཞེས་བྱ་སྟེ། དེ་ལས། གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་པས་མདོ་སྡེ་དང་། ཨ་བྷི་ནི་མངོན་པ་ཡིན་ལ། མུ་ཁྱ་ལ་སོགས་པའི་ཡི་གེ་གཞན་བསྣན་པས་མངོན་དུ་གྱུར་པ་སོགས་སུ་འགྱུར་ཏེ། མངོན་དུའི་ཕྱིར་དང་ཡང་ཡང་ཕྱིར། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་པས་མངོན་པ་དང་། བི་ན་ཡ་ཞེས་པ་འདུལ་བ་སྟེ། ཡི་གེ་དབྲེ་བསྣན་གྱིས་ལྟུང་བ་སོགས་སུ་འགྱུར་བས། ལྟུང་དང་འབྱུང་དང་ལྡན་པ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་གསུངས་ལ། སྡེ་སྣོད་ཅེས་པ་བི་ཊ་ཀའི་སྒྲ་ལས་དྲངས་ན་བིཎྜི་ཀ་བསྡུས་པའི་གོང་བུ་དང་། བི་ཊ་ཀ་པྲེ་བོ་ཆེ་ལ་འཇུག་པས་ཤེས་བྱའི་དོན་ཐམས་ཅད་བརྗོད་བྱར་བསྡུས་པས་སམ། འདི་དག་གི་ནང་དུ་བརྗོད་བྱ་མང་པོ་འདུས་པའི་ཕྱིར་སྡེ་སྣོད་དོ། །ལྔ་པ་དབང་པོའི་སྒོ་ནས་དབྱེ་ན། སྤྱིར་ཡཱ་ནའི་སྒྲ་ལས་ཐེག་པ་ཞེས་བྱ་བ་བཞོན་པ་ལ་འཇུག་པ་ལྟར་འདིར་ལམ་གོང་ནས་གོང་དུ་བགྲོད་པར་བྱེད་པས་དེ་དང་འདྲ་བའི་ཕྱིར་ཐེག་པའོ། །དེ་ལྟར་ཡང་སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱེད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་འདའ། །ཞེས་གསུངས་པའི་ཕྱིར། དབྱེ་ན་རྣམ་གྲངས་འདི་ཁོ་ནར་ངེས་ཞེས་མཐའ་གཅིག་ཏུ་ངེས་པ་བཟུང་དུ་མེད་དེ། གདུལ་བྱའི་བློ་དང་མཚམས་པར་སངས་རྒྱས་ཀྱི་ཐུགས་རྗེས་གང་ལ་གང་འདུལ་དུ་བསྟན་པའི་ཕྱིར། དེ་ལྟར་ཡང་ལངྐར་གཤེགས་པ་ལས། སེམས་ཅན་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་མཐའ་དག་ངས་བཤད་དེ། །འདི་ཞེས་དམིགས་སུ་ཡོད་མ་ཡིན། །ཅེས་སོ། །དེ་ཡང་ཅུང་ཟད་བསྡུས་ཏེ་བརྗོད་ན། དམ་ཆོས་པད་དཀར་ལས། ཐེག་པ་གཅིག་སྟེ་ཐེག་པ་གསུམ་དུ་མེད། །ཅེས་པ་ལྟ་བུ་ལ་དགོངས་ཏེ་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པ་དང་། ཡང་ཐེག་པ་ཆུང་ངུ་དང་ཆེན་པོའི་རྒྱུ་འབྲས་ཀྱི་དབྱེ་བ་གཉིས་དང་། ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་མམ། སྤྱི་མདོ་ལས། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་པ་ལྟར་གསུམ་དང་། འཇམ་དཔལ་སྒྱུ་དྲྭ་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་རྒྱུའི་ཐེག་པ་གསུམ་འབྲས་བུའི་ཐེག་པ་དང་བཅས་བཞི་དང་། ཡང་དེ་བཞིའི་ལམ་སྟེགས་སུ་མངོན་མཐོའི་ཐེག་པ་གཅིག་ཏུ་བྱས་པ་བསྣན་པས་ཐེག་པ་ལྔ་སྟེ། གསང་སྙིང་ལས། ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་བྱང་ཆུབ་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པ། ཞེས་གསུངས། ཡང་ཀུན་འབྱུང་འདྲེན་པའི་ཐེག་པ་ལ་ཉན་རང་བྱང་སེམས་གསུམ་དང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ལ་བྱ་སྤྱོད་རྣལ་འབྱོར་གསུམ་དང་། དབང་བསྒྱུར་ཐབས་ཀྱི་ཐེག་པ་ལ་མ་ཧཱ་ཨནུ་ཨ་ཏི་གསུམ་དུ་ཕྱེ་བས་ཐེག་པ་རིམ་པ་དགུ་སྟེ། ཀུན་བྱེད་ལས། ཡོད་ནི་གཅིག་ལས་མེད་པ་ལ། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །ཞེས་གསུངས་པའི་ཕྱིར་རོ། །མདོར་ན་ཇི་སྲིད་བློའི་རིམ་པ་མ་ཟད་ཀྱི་བར་དེ་སྲིད་དུ་ཐེག་པའི་མཐར་ལའང་ཐུག་པ་མེད་པས་བསམ་གྱིས་མི་ཁྱབ་པར་གསུངས་ཏེ། ལང་གཤེགས་ལས། ཇི་སྲིད་འདུལ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ཡང་ཐུག་པ་མེད། །ཅེས་འབྱུང་ཞིང་། གང་ལ་བརྟེན་ནས་འགྲོ་བའི་ལམ་དང་གང་གིས་འགྲོ་བ་ལ་སོགས་པ་བློ་ངོ་བོ་ཉིད་ཀྱིས་དག་པའི་ངོ་ནས་ཐེག་པ་ཞེས་པའང་དམིགས་སུ་མེད་དེ། སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་གསུངས་པ་ཡིན་ནོ། །ཁ་ཅིག་གིས་རྡོ་རྗེ་སྙིང་འགྲེལ་དུ། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་པའི་དོན་གྱིས་ཐེག་པ་གསུམ་ལས་གྲངས་གཞན་མི་འཐད་པར་དམ་འཆའ་ཡང་། ལུང་དེའི་དོན་ནི་ཉན་རང་དང་བྱང་ཆུབ་སེམས་དཔའི་ཐེག་པར་གསང་སྔགས་ཀྱང་དོན་གྱིས་བསྡུས་ནས་སྐབས་དེར་སྤྱི་ཙམ་དུ་དེ་ལྟར་བསྟན་ནས། བྱེ་བྲག་ཏུ་སངས་རྒྱས་པ་ལ་ཞེས་པའི་ཚིག་གི་ནུས་པས་ཕྱི་རོལ་ལྟ་བ་ལ་ལོག་པའི་རྩ་བའི་གྲུབ་མཐའ་ལྔ་སོགས་གྲངས་མཚུངས་འགོག་པའི་ཆེད་དུ་དགོས་དབང་གིས་དེ་སྐད་གསུངས་པ་ཡིན་ལ། གལ་ཏེ་ཐེག་པ་གསུམ་ལས་གྲངས་གཞན་ངེས་པར་འགོག་པ་ཡིན་ན། ལང་ཀར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །ཉན་ཐོས་ཀྱི་དང་དེ་བཞིན་དུ། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་དེ་དག་ངས་བཤད་དོ། །ཞེས་ཐེག་པ་ལྔར་གསུངས་པ་དང་། འཇམ་དཔལ་སྒྱུ་དྲྭ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་བརྩོན་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པའི་ཐེག་པ་གཅིག་འདི་གང་ལ་ངོས་འཛིན། ཉན་རང་འཁོར་བ་ལས་ངེས་པར་འབྱུང་བ་གང་ཞིག་གདོད་ཐེག་ཆེན་གྱི་བསམ་སྦྱོར་རྒྱུད་ལ་སྐྱེས་ནས་རྣམ་མཁྱེན་སྒྲུབ་པ་ལ་བསམས་ན་མི་རུང་སྟེ། ཐེག་པ་གསུམ་གྱི་ངེས་འབྱུང་ཞེས་བཤད་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་མཐའ་གཉིས་ལས་ངེས་པར་འབྱུང་བས་རྒྱུའི་ཐེག་ཆེན་རང་ལམ་གྱིས་སངས་རྒྱས་འཕགས་པའི་གོ་འཕང་མངོན་དུ་བྱེད་པ་ལ་བསམས་ན་ཐེག་པ་གསུམ་གྱི་རྗེས་སུ་ཐེག་པ་གཅིག་བཀར་ནས་གསུངས་པ་ལ་དོན་གྱིས་དབེན་པར་འགྱུར་ཏེ། འདིར་གང་བཞག་ཅེ་ན། གནས་སྐབས་སུ་ཐེག་པ་དུ་མའི་རྣམ་གཞག་མཛད་པའང་དེ་དང་དེའི་གནས་སྐབས་དང་གཙོ་ཆེ་ཆུང་དབང་གིས་གདུལ་བྱ་དྲང་བའི་ཐབས་སུ་བསྟན་ནས། དེ་རྣམས་རང་རང་གི་ལམ་གྱི་འབྲས་བུ་རྗེས་མཐུན་རེ་ཐོབ་ཏུ་ཟིན་ཀྱང་ད་དུང་དེའི་གོང་དུ་སངས་རྒྱས་ཐམས་ཅད་ཀྱིས་གང་དུ་བགྲོད་པ་གཅིག་པའི་ལམ་རྡོ་རྗེའི་ཐེག་པ་མཆོག་བསྟན་དུ་ཡོད་པ་ལ་དགོངས་པ་སྟེ། གཞན་རྣམས་དེ་ཉིད་ལ་བཀྲི་བའི་ལམ་སྟེགས་ཙམ་དུ་བསྟན་ཅིང་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བགྲོད་བྱའི་ལམ་རྣམས་སྐས་ཀྱི་གདང་བུ་ལྟར་གནས་པས་ན། ཀླུ་སྒྲུབ་ཀྱིས། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདང་བུ་ལྟ་བུར་བསྟན། །ཞེས་དང་། མདོ་པདྨ་དཀར་པོ་ལས། དྲང་སྲོང་རྣམས་ཀྱི་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ཀྱི་ཐབས་ལ་མཁས་པ་སྟེ། །ཐེག་པ་གཅིག་ལས་གཉིས་སུ་ཡོད་མ་ཡིན། །བཀྲི་བའི་དོན་དུ་ཐེག་པ་གསུམ་བསྟན་ཏོ། །ཞེས་དང་། ལང་གཤེགས་ལས། སྲིད་པའི་ལམ་གྱིས་དུབ་པ་རྣམས། །ངལ་གསོའི་དོན་དེ་དེ་ཉིད་མིན། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་ཐེག་པ་གསུམ་ཁོ་ནར་བཞག་པས་མ་ཁྱབ་སྟེ། དཀོན་མཆོག་བརྩེགས་པར། འོད་སྲུང་ཐེག་པ་ནི་གཉིས་ཏེ། ཆུང་ངུ་དང་། ཆེན་པོའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་བས་ན་རང་ལུགས་འདིར་ཉན་རང་བྱང་སེམས་སྔགས་ཀྱི་ཐེག་པ་སྟེ་བཞིར་གྲངས་ངེས་པའི་ཕྱི་མ་ལ་རྒྱུད་སྡེ་འོག་མ་གསུམ་དང་། བླ་མེད་ལ་བསྐྱེད་རྫོགས་གསུམ་དུ་དབྱེ་བར་མཛད་ནས་དེ་ཐེག་པའི་རིམ་པར་བཞག་པ་ལ་འགལ་བར་འདུ་བའི་ཆ་ཤས་ཙམ་ཡང་གནས་པའི་སྐབས་མེད་དེ། སངས་རྒྱས་ཀྱིས་ས་བསྡུས་པའི་ཆོས་ཐམས་ཅད་ལ་སྤྱིར་ཐེག་པ་གཅིག་གི་སྒྲ་སྦྱར་བའམ་བྱེ་བྲག་ཇི་སྙེད་པ་ལ་ཐེག་པ་སོ་སོའི་སྒྲ་སྦྱར་ཀྱང་རུང་སྟེ་ཐམས་ཅད་མཁྱེན་པའི་བར་དུ་བགྲོད་བྱེད་ཀྱི་ལམ་ཡིན་པས་སོ། །དེའང་དང་པོ་ཕྱི་མཚན་ཉིད་ཀྱི་ཐེག་པ་གསུམ་པོས་རིམ་བཞིན་དགྲ་བཅོམ་པ་དང་། ནེ་ཙོའམ་བསེ་རུ་ལྟ་བུའི་རང་སངས་རྒྱས་དང་། བཅུ་གཅིག་ཀུན་ཏུ་འོད་ཀྱིས་མཐར་འདེགས་པས་ན་ཐེག་པ་དང་། གཉིས་པ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་གསུམ་པོས་རིམ་བཞིན་རིགས་གསུམ་རྡོ་རྗེ་འཛིན་པའི་ས་དང་། རིགས་བཞི་མཁའ་ལ་སྤྱོད་པའི་ས་དང་། རིགས་ལྔ་སྟུག་པོ་བཀོད་པའི་སར་འདེགས་པར་བྱེད་པས་ན་ཐེག་པ་དང་། གསུམ་པ་ནང་པ་ཐབས་ཀྱི་རྒྱུད་རྣམ་པ་གསུམ་གྱིས་རིམ་པ་བཞིན་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། བདེ་བ་ཆེན་པོའི་ས་དང་། ཡེ་ཤེས་བླ་མའི་སར་འདེགས་པར་བྱེད་པས་ན་ཐེག་པའི་སྒྲ་བཤད་བཞག་ལ། འདི་ལ་དགོངས་ནས་ལང་གཤེགས་སུ། །ཇི་སྲིད་སེམས་ཅན་འཇུག་པའི་བར། །ཐེག་པ་དག་ལ་ཐུག་པ་མེད། །ཅེས་གསུངས་པ་སེམས་ཀྱི་རྣམ་པར་རྟོག་པ་ཇི་སྙེད་པ་དང་རྗེས་སུ་འཚམས་པར་ཐེག་པའི་སྒོ་ཡང་དེ་སྙེད་དུ་ཡོད་པར་གསུངས་པའི་ཕྱིར། སྐབས་འདིར་དབང་པོ་འབྲིང་དང་རྣོན་པོ་དག་ལའང་དབྱེ་བ་གསུམ་གསུམ་དུ་ཕྱེས་པ་གདུལ་བྱའི་བློ་ཚོད་ལ་དགོངས་ནས་སྔགས་ཀྱི་ཐེག་པ་གོང་འོག་རྣམས་དེ་དང་མཚུངས་པར་བསྟན་ཏེ་རང་རང་གི་གཞུང་ལམ་དུ་ལྟ་སྒོམ་སྤྱོད་འབྲས་ཚར་རེ་ཚང་བར་ལམ་སོ་སོར་རང་རྐྱ་ཐུབ་པའི་དོན་ཙམ་དུ་བཤད་ནས། མཐར་ཕྱིན་པ་བློ་ཟད་ཆོས་ཟད་འཕགས་པའི་ལམ་བདེན་སྒྲ་ཇི་བཞིན་པའི་མཐར་ཐུག་པར་བཞག་པ་ཡིན་ཏེ། དེར་མ་ཟད་ཉན་རང་ཐེག་པའི་མྱང་འདས་ནི་གནས་སྐབས་ཙམ་ལས་མཐའ་ཐུབ་མ་ཡིན་ཅིང་། དེས་རྣམ་པར་གྲོལ་བའི་མྱང་འདས་འཐོབ་པར་བྱེད་པ་ལ་རང་ལམ་གྱི་འབྲས་བུ་མངོན་དུ་བྱས་ནས་གདོད་ཐེག་ཆེན་ལ་འཇུག་དགོས་པའི་ཕྱིར་ཐེག་ཆེན་དུ་དོན་གྱིས་འདུ་ཞིང་། རྒྱུའི་ཐེག་ཆེན་དང་རྒྱུད་སྡེ་འོག་མ་གསུམ་དུ་འབྲས་བུའི་རྣམ་གཞག་རྣམ་གྲངས་པ་རེ་བསྟན་ཀྱང་དེ་དག་ཏུ་འབྲས་བུ་བདེ་བགྲོད་བྱེད་ཀྱི་ལམ་སྦས་དོན་ཟབ་མོ་ཁྱད་པར་བ་རྣམས་མ་བསྟན་ལ། འབྲས་བུ་དངོས་ལའང་ཡོངས་སུ་རྫོགས་པ་དང་མ་རྫོགས་པའི་ཁྱད་པར་ཆེ་ཞིང་། བླ་མེད་ཀྱི་ཐེག་པར་ནི་ཐབས་ཡོངས་སུ་རྫོགས་པར་བསྟན་པའི་ཕྱིར་དང་། འགོ་མ་རྣམས་ཀྱི་ལམ་དང་འབྲས་བུའི་ཚུལ་ཐམས་ཅད་ཀྱང་འདི་ཉིད་ལ་ཚང་ཞིང་། བླ་མེད་ཀྱི་ཐུན་མོང་མིན་པའི་ཆོས་རྣམས་དེ་དག་ལ་མེད་ཅིང་དེ་དང་དེའི་དོད་ཐུབ་ཀྱང་གཞག་ཏུ་མེད་པའི་ཕྱིར་དེར་འདུ་ལ། བླ་མེད་ལའང་བསྐྱེད་རྫོགས་གཉིས་པོ་ལམ་གང་ཞིག་སྒྲུབ་ཚུལ་བློས་བྱས་ལས་མ་འདས་པས་བསྒྲུབ་བྱ་འདུ་བྱས་སུ་འགྱུར་བས་ཡེ་ཤེས་མཐོང་བ་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། རྫོགས་པ་ཆེན་པོ་ནི་བློས་བྱས་ཀྱི་ཆོས་ཀྱིས་རེག་པའི་སྐབས་མེད་པས་ཆོས་ཉིད་ཀྱི་བདེན་པ་གནས་ལུགས་ལྟར་རྟོགས་པའི་སྟོབས་ཀྱིས་ཐོབ་པ་འཕགས་རྒྱུད་ཀྱིས་བསྡུས་པའི་ལམ་བདེན་ཟག་པ་མེད་པའི་ཡེ་ཤེས་ཏེ། ལམ་འོག་མས་མངོན་དུ་བྱ་རྒྱུ་རྣམ་གྲངས་མང་པོས་བསྟན་པའི་ཆོས་ཉིད་མ་ནོར་བ་འདིར་མངོན་སུམ་དུ་མཐོང་བར་འགྱུར་བའི་ཕྱིར། ཐེག་པ་མ་ལུས་པ་ཐེག་པ་ཆེན་པོ་བླ་ན་མེད་པ་འདིར་འདུ་བ་ཡིན་པས་དེའི་ཕྱིར་འདི་ལ་ཡེ་ཤེས་ཀྱི་ཐེག་པ་ཞེས་བཤད་པའང་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། ཡེ་ཤེས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་རབ་ཏུ་གཞོལ་བའི་སེམས་ཀྱིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཞེས་དང་། ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པའི་མདོ་ལས། ཐེག་པ་ཆེན་པོའི་ཐེག་པ་འདི། །སངས་རྒྱས་ཐེག་པ་བསམ་མི་ཁྱབ། །སེམས་ཅན་གྱི་ནི་གོ་སྐབས་འབྱེད། །ཐེག་པ་ཆེན་པོ་བླ་ན་མེད། །ཐེག་པ་ཇི་སྙེད་ཅི་ཡོད་པ། །འདི་ནི་དེ་ཡི་མཆོག་ཏུ་དགོངས། །དེ་ཕྱིར་ཐེག་པ་ཆེན་པོ་ལས། །ཐེག་པ་ཐམས་ཅད་བར་དུ་དབྱེ། །ཞེས་དང་། འཕགས་པ་རྟོགས་ཆེན་ཕྱག་རྒྱ་ལས་ཀྱང་། ཐེག་པ་ནི་གཅིག་ཁོ་ནར་ངེས་ཏེ། །གཉིས་དང་གསུམ་དུ་མ་མཆིས་སོ། །ཞེས་དང་། དེའི་འགྲེལ་པར། དེ་ཡང་གདུལ་བྱར་ཐེག་པ་གསུམ་གྱིས་འདུལ་བ་ལ་ཉན་ཐོས་དང་། རང་རྒྱལ་དང་། ཐེག་པ་ཆེན་པོ་བསྟན་ཏོ། །ཡང་དག་པར་ཐེག་པ་གཅིག་སྟེ་འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་དང་། ཡུམ་བར་མ་ལས། རབ་འབྱོར་ཐེག་པ་ནི་གཅིག་ཁོ་ན་སྟེ། བླ་ན་མེད་པ་སངས་རྒྱས་ཀྱི་ཐེག་པའོ། །ཞེས་དང་། ལང་ཀར་གཤེགས་པ་ལས། ཐེག་པ་གཅིག་ལས་གཉིས་པ་ཡོད་མ་ཡིན། །གསུམ་པ་ནམ་ཡང་ཡོད་མིན་འཇིག་རྟེན་ན། །སྣ་ཚོགས་འགྲོ་བ་འདུལ་བར་མཛད་མ་གཏོགས། །ཞེས་པ་ལ་སོགས་སྐབས་འགར་ཐེག་པ་གཅིག་ཏུ་གསུངས་པ་དང་། ཡང་ཁ་ཅིག་ཏུ་གཉིས་དང་གསུམ་དང་ལྔ་སོགས་སུ་གྲངས་ཀྱི་མཐའ་མ་བཀག་པར་གསུངས་པའང་ཡོད་དེ། བྱིས་པ་རྣམས་ནི་དྲང་བའི་ཕྱིར། ཐེག་པ་ཐ་དད་ངས་བཤད་དོ། །ཞེས་དང་། ལྷ་ཡི་ཐེག་དང་ཚངས་ཐེག་དང་། སོགས་སྔར་སྨོས་པ་བཞིན་དང་། ལ་ལར་གྲངས་མེད་པར་ཡང་གསུངས་ཏེ། ཇི་སྲིད་སེམས་ནི་འཇུག་གི་བར། །ཞེས་སོགས་གསུངས་པ་དང་གནས་ལུགས་མ་འཁྲུལ་བ་མཐོང་བའི་གང་ཟག་ལ་དགོངས་ནས་ཐེག་པ་མེད་པར་ཡང་གསུངས་ཏེ། ལང་གཤེགས་ལས། སེམས་ནི་རབ་ཏུ་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ས་གསུངས་པ་བཞིན་དགོས་པའི་དབང་གིས་དེ་ལྟ་བུར་བསྟན་པ་རྣམས་ལ་མཐའ་གཅིག་ཏུ་འདི་ཙམ་ཞིག་ཡིན་ལ་འདི་ཙམ་ཞིག་མིན་ནོ་ཞེས་རྣམ་གཞག་འགྲིགས་འགྲིགས་ལྟར་སྨྲ་བའང་ཡང་དག་པའི་གནས་ལ་བློ་གྲོས་ཀྱི་འཇུག་པ་མ་ཕྱོགས་པའི་རྟགས་སུ་ཤེས་པར་བྱ་ཞིང་། འདིར་རེ་ཞིག་ཐེག་པའི་རིམ་པ་དགུར་གྲངས་ངེས་པར་མཛད་པ་ལྟར་ན། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུ་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེ་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱས་པ་ཆེན་པོ་འདི་ལྟར་ཏེ། །དབྱེ་བ་རྣམ་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་དང་། །དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲི་ཡ་དང་ནི་ཨུ་པ་དང་། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང་། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཞེས་གསུངས་པ་ལྟར། གདུལ་བྱ་དབང་པོ་དམན་འབྲིང་མཆོག་གི་གནས་སྐབས་ལ་གསུམ་གསུམ་དུ་དབྱེ་བར་འདུལ་བྱེད་ཀྱི་ཐེག་པའང་དེ་དང་མཚུངས་པར་སྟོན་པར་མཛད་དེ། ཨ་ཏི་བཀོད་པ་ཆེན་པོ་ལས། ང་ཡི་བསྟན་པའི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་གི་ཁྱད་པ་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ། །ཞེས་གསུངས་པའི་རང་རང་གི་ལྟ་བ་ལ་ཕྱིན་ཅི་ལོག་དང་ཡང་དག་པ་གཉིས་སུ་དབྱེ་བའི་ཕྱི་མ་ནི། དེ་ཉིད་ལས། ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་བའི་བློ་དང་ཆེན་པོ་དང་། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་དང་། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོའི་རིམ་ལྔན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་དང་། །སེམས་བཅུད་ཅན་ལ་རྫོགས་པ་སྟེ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་དགོངས་འགྲེལ་བསྟན་བཅོས་ཀྱི་རྣམ་གཞག་བསྟན་པ་ལ་གསུམ། མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་ནི། གཙོ་བོར་བསྟན་བཅོས་རྩོམ་པའི་བསམ་པས་ཀུན་ནས་བསླངས་ཏེ། རང་གི་ཞེ་འདོད་གྲུབ་མཐའ་གཞན་ལ་སྟོན་པའི་ཕྱིར་དུ་བསྡེབས་པའི་ལུང་གི་ཆོས་དེ་བསྟན་བཅོས་ཙམ་གྱི་མཚན་ཉིད། གང་ཞིག་ཁྱད་ཆོས་བཞི་དང་ལྡན་པ་དེ་བསྟན་བཅོས་རྣམ་དག་གི་མཚན་ཉིད། ཁྱད་ཆོས་བཞི་པོ་གང་རུང་དང་བྲལ་བ་དེ་བསྟན་བཅོས་ལྟར་སྣང་གི་མཚན་ཉིད་དོ། །ཁྱད་ཆོས་བཞི་ནི། རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་ཚིག་དོན་རྟོགས་པའི་ཤེས་རབ་དང་གཞན་ལ་ཕན་འདོད་ཀྱི་སྙིང་རྗེས་ཀུན་ནས་བསླངས་པ་བསམ་པ་ཀུན་སློང་གི་ཁྱད་པར། སྡེབ་སྦྱོར་དག་པའི་ཚིག་འབྲེལ་ཆགས་པ་རྗོད་བྱེད་ཚིག་གི་ཁྱད་པར། ཐར་པ་དོན་གཉེར་གྱི་གདུལ་བྱ་ལ་ཉེ་བར་མཁོ་བའི་ཐབས་སྟོན་པ་བརྗོད་བྱ་དོན་གྱི་ཁྱད་པར། ཚིག་དེ་ལ་ཐོས་བསམ་བྱས་པས་ཐར་པ་ཐོབ་པའི་ནུས་པ་ཡོད་པ་དགོས་པ་བྱེད་ལས་ཀྱི་ཁྱད་པར་སྟེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བ་སྟོན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་སྒྲ་དོན་ནི། ཤསྟྲའི་སྒྲ་ལས་ཤཱ་བ་ན་འཆོས་པ་སྟེ། རྒྱུ་ཉོན་མོངས་དུག་གསུམ་ལས་བསླབ་པ་གསུམ་ལྡན་དུ་འཆོས་པའི་ཕྱིར་དང་། ཏྲ་ཡ་སྐྱོབ་པ་སྟེ། འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་བསྟན་བཅོས་ཏེ། རྣམ་བཤད་རིགས་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་ཡིན་ནོ། །གསུམ་པ་བསྟན་བཅོས་ཀྱི་དབྱེ་བ་ལ། །བྱེད་ལས་མཆོག་དམན། དགོས་པ་བྱེད་ལས། རྩོམ་བྱེད་གང་ཟག །ཇི་ལྟར་བརྩམས་ཚུལ། བཤད་བྱ་བཀའི། བརྗོད་བྱ་དོན་གྱི་སྒོ་ནས་དབྱེ་བ་དང་དྲུག་ལས། དང་པོ་བྱེད་ལས་མཆོག་དམན་གྱི་སྒོ་ནས་དབྱེ་ན། བདེ་འདུས་ཀྱིས་གཅོད་ཚོམས་ཀྱི་ཆིངས་ལས། བསྟན་བཅོས་དོན་མེད་དོན་དམན་དང་། །དོན་ལོག་དོན་ལྡན་བཞིར་ཤེས་བྱ། །ཞེས་པས་བཞི་སྟེ། དོན་མེད་པ་བྱ་རོག་སོ་བརྟག་གི་བསྟན་བཅོས་ལྟ་བུ། དོན་དམན་པ་ཐུན་མོང་གི་རིག་གནས་བཞིའི་བསྟན་བཅོས་ལྟ་བུ། དོན་ལོག་པ་ཕྱི་རོལ་མུ་སྟེགས་པའི་བསྟན་བཅོས་ལྟ་བུ། དོན་དང་ལྡན་པ་སངས་རྒྱས་པའི་ནང་རིག་པའི་བསྟན་བཅོས་ལྟ་བུའོ། །ས་སྡེ་ལས་དགུར་བཤད་དེ། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་རྣམ་པ་དགུ་ཡིན་ནོ། །ཞེས་གསུམ་ཚན་གསུམ་ལས། སྔ་མ་གཉིས་བསྟན་བཅོས་ལྟར་སྣང་བ་སྟེ་དམན་པ་དང་། ཕྱི་མ་རེ་རེ་བསྟན་བཅོས་ཡང་དག་པ་སྟེ་མཆོག་ཡིན་ནོ། །གཉིས་པ་དགོས་པ་བྱེད་ལས་ཀྱི་སྒོ་ནས་དབྱེ་བ་ལ། བཀའི་དོན་རྒྱ་ཆེན་པོ་སྡུད་པའི་བསྟན་བཅོས། འཁྲུགས་པ་གོ་རིམ་བསྡེབས་པའི་བསྟན་བཅོས། ཟབ་མོ་རྣམ་པར་འབྱེད་པའི་བསྟན་བཅོས་གསུམ་སྟེ། མཚན་གཞི་རིམ་བཞིན་མངོན་པ་ཀུན་ལས་བཏུས། འདུལ་བ་མདོ་རྩ་བ། རྒྱུད་བླ་མ་ལྟ་བུའོ། །གསུམ་པ་རྩོམ་བྱེད་གང་ཟག་གི་སྒོ་ནས་དབྱེ་བ་ལ་ལྔ་སྟེ། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ལ་བསྟན་བཅོས་སུ་བྱས་པ་རྡོ་རྗེ་ཆོས་ཀྱིས་མཛད་པའི་བདེ་འདུས་ཀྱི་ལུང་ལྔ་དང་། བྱམས་ཆོས་སྡེ་ལྔ་ལྟ་བུ། དགྲ་བཅོམ་པས་གསུངས་པ་ལས་བསྟན་བཅོས་སུ་བྱས་པ་མངོན་པ་སྡེ་བདུན་ལྟ་བུ་སྟེ། སྡེ་བདུན་ནི་མཛོད་འགྲེལ་ལས། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོངྒལ་བུས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱེད་ཀྱིས། །ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་བྱས་པ་དབྱིག་བཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། །གསུམ་པོ་ཆེ་ཡིས་བྱས་ཞེས་གྲགས། །ཞེས་གསུངས། དེ་ལ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལུགས་ལྟར་ན། སྟོན་པས་ཡུལ་དུས་གང་ཟག་ཐ་དད་ལ་ཐོར་བུར་གསུངས་པ་རྣམས་ཤཱ་རིའི་བུ་སོགས་ཀྱིས་བསྡུས་པས་ཆེད་དུ་བརྗོད་པའི་ཚོམས་བཞིན་དུ་བཀའ་ཡིན་པས། དགོངས་འགྲེལ་གྱི་ཐོག་མ་ནི་བྱེ་བྲག་བཤད་མཛོད་ཡིན་ནོ་ཞེས་ཟེར། མདོ་སྡེ་པ་ལྟར་ན་མངོན་པ་སྡེ་བདུན་ནི་ཉན་ཐོས་སོ་སྐྱེ་དག་གིས་བྱས་ནས་སྟོན་པའི་གསུང་དགྲ་བཅོམ་པས་བསྡུས་པར་ཁ་འཕངས་པར་འདོད་པས་དགོངས་འགྲེལ་གྱི་ཐོག་མ་སྡེ་བདུན་ཡིན་ནོ་ཞེས་ཟེར་རོ། །དེ་ལ་དོགས་པ་འདི་འདྲ་ཞིག་འཇུག་སྟེ། ཐེག་པ་ཆེན་པོ་ལ་མངོན་པའི་སྡེ་སྣོད་ལོགས་ན་ཡོད་པ་ཞིག་ཏུ་ཉན་ཐོས་ལའང་འབྱུང་དགོས་པ་དང་། སྡེ་སྣོད་གཞན་གཉིས་གླེགས་བམ་ཐ་དད་དུ་འབྱུང་ཞིང་མངོན་པ་ལ་དེ་ལྟར་མི་འབྱུང་བའི་རྒྱུ་མཚན་ཡང་མེད་དམ་སྙམ་པའི་དོགས་པ་འདི་སྐྱེའོ། །དེས་ན་བྱེ་བྲག་ཏུ་སྨྲ་བའི་ལུགས་དེ་འཐད་འཐད་འདྲ་བ་ཞིག་སྣང་རུང་། སློབ་དཔོན་ཆེན་པོ་དབྱིག་གཉེན་ནི་མདོ་སྡེ་པའི་འདོད་པ་དང་མཐུན་པར་བཞེད་ཅེས་མཁས་མཆོག་རྣམས་གསུང་པས། འདིར་དགྲ་བཅོམ་པས་མཛད་པའི་བསྟན་བཅོས་ཀྱི་མཚན་གཞིར་བཟུང་བ་ཡིན་ལ། གཞན་དུ་བརྡོལ་ཐབས་སུ་སྨྲ་བ་ཁ་ཅིག །སྡེ་བདུན་བཀའ་མ་ཡིན་ཏེ། ནོར་བ་དུ་མ་ཡོད་པའི་ཕྱིར། ཤཱ་རི་བུ་ལ་སོགས་པས་བྱས་པའོ། །ཞེས་ཟེར་བ་ནི་ཤིན་ཏུ་བླུན་པའི་གཏམ་སྟེ། སྟོན་པ་ཉིད་ཀྱིས་རྣམ་པར་འཕྲུལ་པ་ལས་བྱུང་བའི་དགྲ་བཅོམ་ཆེན་པོ་མཆོག་ཟུང་ལྟ་བུས་བཀའི་དོན་ལོག་པར་འགྲེལ་བ་ཡིན་ན་དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པས་ན། དབང་དུ་གྱུར་བའི་སྐྱེ་བོ་ངོས་འཛིན་རྒྱུ་མ་དམིགས་པའི་ཕྱིར་དང་། དགྲ་བཅོམ་པ་རྣམས་ཀྱིས་ཀྱང་དེ་ཉིད་མ་མཐོང་ན་ཉན་ཐོས་ཀྱི་ལུགས་ལ་དེ་ཉིད་མཐོང་བའི་གང་ཟག་མི་སྲིད་པར་ཐལ་བའི་ཕྱིར་སྙམ་དུ་སེམས་སོ། །ཡང་བྱང་སེམས་འཕགས་པས་གསུངས་པ་ལ་བསྟན་བཅོས་སུ་བྱས་པས་གསུམ་པ་ལ་གནས་པ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་རྒྱས་པའི་བསྟན་བཅོས་ས་སྡེ་ལྔ་དང་། བསྡུས་པའི་བསྟན་བཅོས་སྡོམ་རྣམ་གཉིས་ལྟ་བུ། ཡི་དམ་ལྷའི་ལུང་བསྟན་ཐོབ་ནས་བརྩམས་པ་ལ་བསྟན་བཅོས་སུ་བྱས་པ་ཕྱོགས་ཀྱི་གླང་པོའི་ཚད་མ་ཀུན་ལས་བཏུས་པ་དང་། ཀུན་མཁྱེན་ཆེན་པོའི་གསུངས་རབ་མཛོད་བདུན་ལྟ་བུ། རང་གི་གྲུབ་མཐས་ཟློས་ཤིང་གཞན་གྱི་ལོག་རྟོག་སུན་འབྱིན་པ་ལ་མཁས་པ་སོ་སྐྱེས་པཎྜི་ཏས་བརྩམས་པ་ལ་བསྟན་བཅོས་སུ་བྱས་པ་མཁས་མཆོག་དབྱིག་གཉེན་གྱིས་མཛད་པའི་པྲ་ཀ་ར་ཎ་སྡེ་བརྒྱད་ལྟ་བུ་སྟེ། རྩོམ་བྱེད་གང་ཟག་གི་སྒོ་ནས་དབྱེ་ན་ལྔ་པོ་དེར་འདུས་སོ། །བཞི་པ་ཇི་ལྟར་བརྩམ་ཚུལ་གྱི་སྒོ་ནས་དབྱེ་ན། བཀའ་ཉིད་ལ་འགྲེལ་པར་བཏགས་པའི་བསྟན་བཅོས་དང་། བཀའི་དོན་རང་རྒྱུད་དུ་བརྩམས་པའི་བསྟན་བཅོས་གཉིས་སུ་ཡོད། དང་པོ་ལའང་བཞི་ལས། ཚིག་དོན་གཉིས་ཀ་ཞིབ་ཏུ་གཏན་ལ་འབེབས་པ་ནི་རྒྱ་ཆེར་འགྲེལ་ཏེ། སོ་ཐར་གྱི་མདོའི་འགྲེལ་པ་བམ་པོ་ལྔ་བཅུ་པ་དང་། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལྟ་བུ། ཚིག་གི་ཆ་སྤྲོས་པ་དང་བཅས་ནས་འཆད་པ་ནི་ཚིག་འགྲེལ་ཏེ། ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་དང་། སྙིང་འགྲེལ་ཕྱོགས་བཅུ་མུན་སེལ་ལྟ་བུ། གོ་བཀའི་གནས་རྣམ་པར་འབྱེད་པ་ནི་དཀའ་འགྲེལ་ཏེ། སྡུད་པའི་འགྲེལ་པ་ལྟ་བུ། དོན་གྱི་གཙོ་བོར་བསྡུས་ཏེ་གཏན་ལ་འབེབས་པ་ནི་བསྡུས་དོན་གྱི་འགྲེལ་བ་སྟེ། བི་མ་ལའི་སྙིང་འགྲེལ་པཎྜི་ཪྠ་དང་། རོང་ཟོམ་ཆེན་པོའི་ལེ་ལག་གི་ས་མ་འགྲེལ་ལྟ་བུ་རྣམས་སོ། །གཉིས་པ་བཀའི་དོན་རང་རྒྱུད་དུ་བརྩམས་པའི་བསྟན་བཅོས་ལའང་གསུམ་ལས། བཀའ་གཅིག་གི་དོན་རྫོགས་པར་སྟོན་པའི་བསྟན་བཅོས་ནི་འདུལ་བ་མདོ་རྩ་བ། མངོན་རྟོགས་རྒྱན། སངས་རྒྱས་གསང་བའི་སྒྱུ་འཕྲུལ་ལམ་རིམ་ལྟ་བུ། བཀའ་ཐོར་བུའི་དོན་སྟོན་པའི་བསྟན་བཅོས་ནི་དགེ་ཚུལ་གྱི་ཀཱ་རི་ཀཱ་ལྟ་བུ། བཀའ་མང་པོའི་དོན་སྟོན་པའི་བསྟན་བཅོས་ནི་ཞི་བ་ལྷའི་བསླབ་བཏུས་དང་། ཀུན་མཁྱེན་འཇིགས་མེད་གླེང་པའི་ཡོན་ཏན་མཛོད་ལྟ་བུའོ། །ལྔ་པ་བཤད་བྱ་བཀའི་སྒོ་ནས་དབྱེ་ན། བཀའ་སྤྱི་འགྲེལ་པར་བྱེད་པ་ལ། ཚིག་གི་ཆ་འགྲེལ་པར་བྱེད་པ་བརྡ་སྤྲོད་པའི་བསྟན་བཅོས་ཀ་ཙ་ན་ལྟ་བུ། དོན་གྱི་ཆ་འགྲེལ་བར་བྱེད་པ་ཚད་མ་སྡེ་བདུན་མདོ་དང་བཅས་པ་ལྟ་བུ། བྱེ་བྲག་སོ་སོའི་དགོངས་འགྲེལ་གྱི་བསྟན་བཅོས་ལ། ཆོས་འཁོར་དང་པོའི་དགོངས་འགྲེལ་ལའང་། ལྟ་བ། སྤྱོད་པ། ལྟ་སྤྱོད་ཟུང་འགྲེལ་དུ་གཏན་ལ་འབེབས་པའི་བསྟན་བཅོས་གསུམ་ལས། དང་པོ་ནི་མངོན་པ་མཛོད་ལྟ་བུ་སྟེ། ལུས་རྣམ་གཞག་སྔོན་དུ་འགྲོ་བས་གནས་བརྒྱད་ཀྱི། དང་པོ་ཤེས་པར་བྱ་བའི་ཡུལ་ཕུང་ཁམས་སྐྱེ་མཆེད། གཉིས་པས་དབང་པོའི་རང་བཞིན་དང་འདུས་བྱས་ཀྱི་སྐྱེ་ཚུལ་རྒྱུ་རྐྱེན་འབྲས་བུ་དང་བཅས་པ། གསུམ་པས་སྡུག་བདེན་སྣོད་བཅུད་ཀྱི་འཇིག་རྟེན་ཀུན་འབྱུང་བདེན་པ། བཞི་པས་ལས། ལྔ་པས་ཉོན་མོངས་པའི་རྣམ་བཞག །དྲུག་པས་ལམ་དང་གང་ཟག་བསྟན་པས་ལམ་ཉམས་སུ་ལེན་ཚུལ། བདུན་པས་འབྲས་བུ་ཡོངས་ཤེས་ཐོབ་ཚུལ། བརྒྱད་པས་སྔར་དྲུག་པར་བསྟན་པའི་གཉེན་པོ་ལམ་བདེན་གྱི་རྟེན་དུ་བསམ་གཏན་གྱི་སྙོམས་འཇུག་སོགས་དགོས་པས་དེའི་རྣམ་བཞག་བསྟན་ནོ། །གཉིས་པ་སྤྱོད་པའི་ཆ་སྟོན་པ་ནི་འདུལ་བ་མདོ་རྩ་བ་ལྟ་བུ་སྟེ། གཞི་བཅུ་བདུན་ལས་རབ་བྱུང་གི་གཞི་དང་པོར་བསྟན་ནས། དེ་ནས་རྣམ་འབྱེད་གཉིས་དང་། གཞི་བཅུ་དྲུག་རྣམས་གཞིར་བྱས་པ་ལ། གཞུང་དམ་པའི་འདུལ་བ་འདུལ་འབྱེད་སོགས་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་རྣམས་ཇི་ལྟར་རིགས་པ་སྦྱར་ནས་འཆད་ཅིང་། མེ་ཏོག་ཕྲེང་རྒྱུད་ལྟ་བུ་ནི་རྣམ་འབྱེད་གཞིར་བྱས་པ་ལ་གཞན་རྣམས་ཅི་རིགས་པར་སྦྱར་ནས་འཆད་དོ། །གསུམ་པ་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་ནི་བྱེ་བྲག་བཤད་མཛོད་ཆེན་མོ་ལྟ་བུ་སྟེ། དེ་ལ་བྱེ་བྲག་ཏུ་བཤད་པའི་དོན་ནི་ཞིབ་མོར་བཤད་པའི་དོན་ཡིན་ལ། འདི་ནི་ཉེར་སྦས་ཀྱི་དུས་སུ་དགྲ་བཅོམ་པ་རྣམས་སྤྱི་མཐུན་དུ་བརྩམས་ཟེར་བ་དང་། ཁ་ཅིག་གྲགས་པ་དང་ཐམས་ཅད་འདོད་སོགས་ཀྱིས་མཛད་པར་འདོད། བོད་རྣམས་གཏམ་དེ་གཉིས་བསྲེས་ཏེ་ཐམས་ཅད་འདོད་དང་སྒུར་པོ་སོགས་དགྲ་བཅོམ་པ་ལྔ་བརྒྱས་བྱང་ཕྱོགས་རི་བོ་འབིགས་བྱེད་གར་མཁན་གྱི་གཙུག་ལག་ཁང་དུ་མཛད་ཅེས་འབྱུང་། དོན་ལ་དགྲ་བཅོམ་པ་དེ་དག་གི་གསུང་རྒྱུན་ཕྱོགས་གཅིག་ཏུ་བསྒྲིགས་པ་གནས་བརྟན་རྣམས་ཀྱི་རྣ་བ་ནས་རྣ་བར་བརྒྱུད་པ་ཕྱིས་ཡི་གེར་བཀོད་པ་ཡིན་གསུང་སྟེ་འཐད་པ་འདྲའོ། །ཡང་ཆོས་འཁོར་བར་པའི་དགོངས་འགྲེལ་ལའང་། ལྟ་བ། སྤྱོད་པ། ལྟ་སྤྱོད་ཟུང་འབྲེལ་དུ་གཏན་ལ་འབེབས་པའི་བསྟན་བཅོས་གསུམ་ལས། དང་པོ་ནི་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་ལྟ་བུ་སྟེ། བསྒྲུབ་བྱ་སྤྲོས་པའི་མཐའ་འགོག་པའི་རིགས་ཚོགས་རྩ་བ་ཤེས་རབ། རིག་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་ཟློག་སྟེ་བཞི། སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པའི་རིགས་ཚོགས་ཞིབ་མོ་རྣམ་འཐག་བཅས་རིགས་ཚོགས་ལྔའམ། དེའི་སྟེང་དུ་དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་ཐ་སྙད་འཐད་ཅིང་གྲུབ་པར་སྟོན་པ་ཐ་སྙད་སྒྲུབ་པ་བསྣན་པས་རིགས་ཚོགས་དྲུག་ཅེས་ཡོངས་སུ་གྲགས་མོད། ཚིག་གསལ་གྱི་དགོངས་པ་ལྟར་ན་རིགས་ཚོགས་ལྔར་འཐད་ཅེས་གསུང་། གཉིས་པ་སྤྱོད་པ་སྟོན་པ་ནི་ཞི་བ་ལྷའི་སྤྱོད་འཇུག་ལྟ་བུ་སྟེ། ལེའུ་བཅུ་ཡིས་བྱང་སེམས་ཕན་ཡོན་དང་། །སྡིག་བཤགས་གཙོར་སྟོན་བྱང་ཆུབ་སེམས་ཡོངས་བཟུང་། །བག་ཡོད་ཤེས་བཞིན་བསྲུང་དང་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་བསྔོ་བའོ། །ཞེས་པ་ལྟར་རོ། །གསུམ་པ་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་ནི་མངོན་རྟོགས་རྒྱན་ལྟ་བུ་སྟེ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་གསུངས་པ་ལྟར། འཇུག་ཡུལ་མཁྱེན་པ་གསུམ། འཇུག་ཆོས་སྦྱོར་བ་བཞི། འཇུག་འབྲས་ཆོས་སྐུ་སྟེ། དངོས་བརྒྱད་དོན་བདུན་ཅུས་གཏན་ལ་འབེབས་པར་བྱེད་དོ། །ཡང་ཆོས་འཁོར་གསུམ་པ་བཀའ་ཐ་མའི་དགོངས་འགྲེལ་ལས། ལྟ་བ་སྤྱོད་པ། ལྟ་སྤྱོད་ཟུང་འབྲེལ་དུ་གཏན་ལ་འབེབས་པའི་བསྟན་བཅོས་གསུམ་ལས། དང་པོ་ནི་རྒྱུད་བླ་མ་དང་འབྱེད་གཉིས་ལྟ་བུ་སྟེ། རྒྱུད་བླ་མར། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ། །ཞེས་པས་དཀོན་མཆོག་གསུམ་དང་། དེའི་རྒྱུ་ཁམས་བདེ་གཤེགས་སྙིང་པོ། འབྲས་བུ་བྱང་ཆུབ་དང་སངས་རྒྱས་ཀྱི་ཡོན་ཏན་དྲུག་ཅུ་རྩ་བཞི་དང་ཕྲིན་ལས་བདུན་རྣམས་གཏན་ལ་འབེབས་པར་བྱེད། དབུས་མཐའ་རྣམ་འབྱེད་ནི། ཡོད་མེད་དམ་རྟག་ཆད་ཀྱི་མཐའ་བསལ་ནས་དབུ་མའི་ལམ་སྟོན་པར་བྱེད། ཆོས་དང་ཆོས་ཉིད་རྣམ་འབྱེད་ནི། ཆོས་ཅན་འཁོར་བ་དང་། ཆོས་ཉིད་མྱ་ངན་ལས་འདས་པའི་རྣམ་དབྱེ་སྟོན་པར་བྱེད་པས་ན། དེ་གཉིས་རྣམ་པར་འབྱེད་པའི་གཞུང་ངོ་། །གཉིས་པ་སྤྱོད་པ་སྟོན་པ་ནི་སྡོམ་པ་ཉི་ཤུ་པ་ལྟ་བུ་སྟེ། བྱང་སེམས་དབང་འབྲིང་གི་རྩ་ལྟུང་བཞི་ཉེས་བྱས་ཞེ་དྲུག་དང་བཅས་པ་གཏན་ལ་འབེབས་པའི་གཞུང་ངོ་། །གསུམ་པ་ལྟ་སྤྱོད་ཟུང་འགྲེལ་དུ་སྟོན་པ་ནི་མདོ་སྡེ་རྒྱན་ལྟ་བུ་སྟེ། ཐེག་ཆེན་བཀའ་སྒྲུབ་སོགས་སྐབས་ཉི་ཤུ་རྩ་གཅིག་གིས། རིགས་དང་ཆོས་ལ་མོས་པ་དང་། །ཞེས་སོགས་དོན་ཚན་བཅུའི་སྒོ་ནས་གཏན་ལ་འབེབས་པར་བྱེད་དོ། །དེ་བཞིན་དུ་སྡེ་སྣོད་བཞི་པ་རིག་པ་འཛིན་པའི་སྡེ་སྣོད་ལའང་། རྒྱུད་སྡེ་བཞིའམ་དྲུག་གི་དགོངས་པ་འགྲེལ་བར་བྱེད་པའི་བསྟན་བཅོས་རྣམས་ཏེ། དཔེར་མཚོན་ན། ལྟ་བ་སྟོན་པའི་བསྟན་བཅོས་སློབ་དཔོན་ཆེན་པོ་པདྨའི་ལྟ་ཕྲེང་དང་། སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་སྣང་བ་བཅུ་བདུན་པ་ལྟ་བུ། སྤྱོད་པ་སྟོན་པའི་བསྟན་བཅོས་སྒེག་པ་རྡོ་རྗེའི་དམ་ཚིག་གསལ་བཀྲ་ལྟ་བུ། ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པའི་བསྟན་བཅོས་སློབ་དཔོན་སངས་རྒྱས་གསང་བའི་སྒྱུ་འཕྲུལ་ལམ་རྣམ་བཀོད་ལྟ་བུ་རྣམས་སོ། །དྲུག་པ་བརྗོད་བྱ་དོན་གྱི་སྒོ་ནས་དབྱེ་བ་ལ། ཇི་སྙེད་པ་སྟོན་པའི་བསྟན་བཅོས། ཇི་ལྟ་བ་སྟོན་པའི་བསྟན་བཅོས། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་ཐབས་སྟོན་པའི་བསྟན་བཅོས་དང་གསུམ། དེའི་དང་པོ་ཇི་སྙེད་པ་སྟོན་པའི་བསྟན་བཅོས་དེ་ལའང་། ཕལ་པ་དང་། ཁྱད་པར་ཅན་གཉིས་ལས། ཕལ་པ་ནི། འཇིག་རྟེན་པའི་ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིག་པ་དང་། ཙ་ར་ཀ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལྟ་བུ་སྟེ། དེ་དག་ཀྱང་དངོས་སུ་མངོན་མཐོའི་རྒྱུ་ཡིན་མོད། བརྒྱུད་ནས་ཐར་པའི་རྟེན་དུའང་འགྲོ་སྲིད་པ་ཡིན་ཏེ། ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱོད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་དང་། གཞན་ཡང་བརྟག་པ་བརྒྱད་ནི། རིན་ཆེན་ས་གཞི་གཙོ་བོར་གཏན་ལ་འབེབས་པའི་བསྟན་བཅོས་རྣམས་ཏེ། དྲིན་ལན་བསབ་པའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔར་མ་བསླབ་ན་ནམ་དུའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་ནུས་སོ། །དེ་ལྟ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་རིག་པའི་དངོས་པོ་ལྔ་བསླབ་པར་བྱའོ། །ཞེས་དང་། རྣལ་འབྱོར་སྤྱོད་པའི་ས་ལས། རིག་པའི་གནས་ལྔ་གང་ཞེ་ན། འདི་ལྟ་སྟེ། ནང་རིག་པ་དང་། གསོ་བའི་རིག་པ་དང་། གཏན་ཚིགས་ཀྱི་རིག་པ་དང་། སྒྲའི་རིག་པ་དང་། བཟོའི་ལས་ཀྱི་གནས་རིག་པའོ། །ཞེས་གསུངས། དེའི་ནང་ནས་རིག་གནས་དང་པོ་བཞི་ལ་སྦྱངས་པའི་དགོས་པ་ཡང་། རྒྱལ་ཚབ་མ་ཕམ་མགོན་གྱིས། དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། ཞེས་པས། གཞན་དག་ཚིག་དང་དོན་ལ་ལོག་པར་རྟོག་པ་ཚར་གཅོད་པར་བྱེད་པ་ལ་སྒྲ་དང་ཚད་མ། དགོས་དགུ་སྤྱི་དང་བྱེ་བྲག་ཏུ་ནད་མེད་པ་དོན་དུ་གཉེར་བ་རྣམས་རྗེས་སུ་འཛིན་པར་བྱེད་པ་བཟོ་དང་གསོ་བ་རིག་པ་གཉིས་སོ། །དེ་ལ་བཟོ་རིག་པའི་ནང་དུ་གཞན་གསུམ་འདུབས་ན་བཟོ་རིག་པ་ཐོག་མར་འཆད་པ་སྐབས་སུ་བབ་སྟེ། ཇི་ལྟར་འདུ་སྙམ་ན། ལུས་ངག་གཙོ་བོར་བྱེད་དང་མི་བྱེད་ལས། །ལུས་ངག་ཡིད་ཀྱི་བཟོ་ཞེས་གསུམ་དུ་དབྱེ། །ཞེས་གསུངས་པ་ལྟར། ཡིད་དང་འབྲེལ་བའི་ལུས་ཀྱི་གཡོ་བ་དང་། ངག་གི་བརྗོད་པ་གཙོ་བོར་གྱུར་པ་ལ་ལུས་ངག་གི་བཟོར་འཇོག་ཅིང་། དེ་གཉིས་དང་མ་འབྲེལ་བར་ཡིད་ཀྱིས་བསམ་པ་ཙམ་གྱི་དབང་དུ་བྱས་པ་ལ་ཡིད་ཀྱི་བཟོ་ཞེས་བྱའོ། །རྒྱུ་མཚན་དེས་རྒྱ་ཆེ་རོལ་པ་དང་ལུང་ཕྲན་ཚེགས་ཀྱི་འགྲེལ་པར་བཤད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི། བྱེ་བྲག་རྟོགས་བྱེད་དུ་བཤད་པའི་བཟོར་བཏགས་པ་སུམ་ཅུ། གར་མཁན་དང་བྲོ་སོགས་རོལ་མོའི་བྱེ་བྲག་བཅོ་བརྒྱད། བར་མ་དང་དྲང་སྲོང་སོགས་ཀླུ་དབྱངས་ཀྱི་ངེས་པ་བདུན། སྒེག་པ་སོགས་གར་གྱི་ཆ་བྱད་དགུ། མདོ་སྡེ་ལས་བཤད་པའི་བཟོ་སྦྱངས་བཅོ་བརྒྱད་དང་། བརྟག་པ་བརྒྱད་སོགས་དགོས་དགུ་སྒྲུབ་པའི་ཐབས་མཐའ་ཡས་ཤིང་། ཁྱད་པར་ལུས་བཟོ་མཆོག་ནི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བརྟེན་པར་བཅས་པ་བཞེངས་ཚུལ་དང་། ངག་བཟོ་མཆོག་རྒྱལ་བ་མཆོད་པའི་བསྟོད་དབྱངས་ལ་སོགས་པ་དང་། ཡིད་བཟོ་མཆོག་ཐོས་བསམ་སྒོམ་པ་ལ་སོགས་པ་བསམ་བྱུང་གི་ཤེས་རིག་ཁྱད་པར་ཅན་རྣམས་ཡིན་ཅིང་། དེ་དག་སྟོན་པའི་གཞུང་ལུགས་ཤཱ་རིས་བུས་ཞུས་པའི་མདོ་དང་། དུས་འཁོར། སྡོམ་འབྱུང་སོགས་གསུངས་རབ་འགྲེལ་བར་བཅས་པ་དང་། དྲང་སྲོང་ཨེ་ཏྲེའི་བུས་བྱས་པའི་ཆག་ཚད་ཀྱི་ཡི་གེ་དང་གསེར་འགྱུར་ལ་སོགས་པ་བཟོའི་བསྟན་བཅོས་རྣམས་སོ། །ཡང་རིག་གནས་གཉིས་པ་གསོ་བ་རིག་པ་ནི། དཔལ་ལྡན་རྒྱུད་བཞིའི་དགོངས་པ་གཡུ་ཐོག་པས་བཀྲལ་བ་ལྟ་བུ་སྟེ། དེ་ཡང་ཡན་ལག་བཤད་རྒྱུད་ལས། འགྲོ་དྲུག་གཙོ་བོར་གྱུར་པ་མི་ལུས་ལ། །མི་ན་གནས་དང་ན་བ་གསོ་བ་དང་། །ཚེ་རིང་ཆོས་ནོར་བདེ་བ་སྒྲུབ་པའི་ཕྱིར། །གསོ་བ་རིག་པའི་དོན་རྣམས་མདོར་བསྡུ་ན། །གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བ་དང་། །གསོ་བ་པོ་དང་རྣམ་པ་བཞི་རུ་བཤད། །ཅེས་པས་གསོ་བྱ་ནད་དང་ནད་པ། གསོ་བྱེད་སྤྱོད་ལམ་ཟས་དང་སྨན་དཔྱད། ཇི་ལྟར་གསོ་བ་ནད་མེད་རེང་དུ་འཚོ་བ་དང་། རྣམ་འགྱུར་ན་བ་གསོ་བ། གསོ་བར་བྱེད་པ་པོ་སྨན་པ་དང་ནད་གཡོག་རྣམས་དང་། ཡང་ན་དཔའ་བོས་ཡན་ལག་བརྒྱད་དུ་བསྡུས་ནས་བསྟན་པ་རྣམས་སོ། །ཡང་རིག་གནས་གསུམ་པ་སྒྲ་རིགས་པ་ནི། པཱ་ཎི་པའི་འགྲེལ་པར་བཤད་པ་ལྟར་འཕགས་ཡུལ་དུ་གྲགས་པ་སྒྲ་མདོ་ཆེན་པོ་བརྒྱད་དམ། ཁྱད་པར་བོད་འདིར་ཉི་ཟླ་ལྟ་བུར་གྲགས་པ་ཀཱ་ལ་པ་དང་ཙནྜ་བྱཱ་ཀ་ར་ཎའི་བསྟན་བཅོས་མན་ངག་དང་བཅས་པ་ལྟ་བུ་སྟེ། དེའི་བརྗོད་བྱ་ཐུན་མོང་ནི། སྨྲ་བ་རྒྱན་གྱི་མེ་ཏོག་ལས། ངོ་བོ་ཙམ་དང་ཁྱད་པར་སྟོན། །དེ་གཉིས་རྟེན་དུ་གྱུར་པ་ནི། །མིང་དང་ཚིག་དང་ཡི་གེ་ཡིན། །ཞེས་པ་ལྟར། མིང་ཚིག་ཡི་གེ་གསུམ་ཡིན་ལ། བརྗོད་བྱ་ཁྱད་པར་བ་ནི། བརྡལ་སྤྲོད་སྙིང་པོ་གསལ་བ་ལས། །རང་བཞིན་རྐྱེན་དང་རྣམ་འགྱུར་རྣམས། །བརྡ་སྤྱོད་གཞུང་གི་བརྗོད་བྱ་ཡིན། །ཞེས་གསུངས་པས། རྐྱེན་གྱི་དབང་གི་རྣམ་འགྱུར་སྣ་ཚོགས་སུ་སྒྲུབ་པར་བྱ་བའི་གཞིར་གྱུར་པ་ནི་རང་བཞིན་ཏེ། དབྱེ་ན། རང་བཞིན་བྱིངས་དང་མིང་དེ་ལའང་། །ཐོག་མའི་རང་བཞིན་བྱ་བའི་དོན། །རྟགས་གསུམ་དབྱངས་དང་གསལ་བྱེད་མཐའ། །ཞེས་སོ། །སྒྲའི་རང་བཞིན་གཉིས་པོ་དེ་མིང་ཚིག་དབྱངས་གསུམ་གང་རུང་དུ་སྒྲུབ་པར་བྱེད་པ་སྒྲའི་ཡན་ལག་གི་རྐྱེན་ཏེ། དེ་ལའང་བྱིངས་རྟགས་སུ་སྒྲུབ་པ། བྱིངས་ཚིག་ཏུ་སྒྲུབ་པ། བྱིངས་བྱིངས་སུ་སྒྲུབ་པ། རྟགས་རྟགས་སུ་སྒྲུབ་པ། མིང་མིང་དུ་སྒྲུབ་པ། རྟགས་བྱིངས་སུ་སྒྲུབ་པ། རྟགས་ཚིག་ཏུ་སྒྲུབ་པ་སྟེ་རྐྱེན་བདུན་དང་། དེ་ལས་ཀྱང་གཉིས་པ་དང་བདུན་པ་གཉིས་ནི་རྐྱེན་དང་རྣམ་དབྱེའི་གཞི་མཐུན་ཏེ། གཉིས་པ་ཏི་སོགས་ཀྱི་བྱིངས་ཚིག་ཏུ་སྒྲུབ་པའི་སྒོ་ནས་དུས་དང་དོན་རྣམ་པར་འབྱེད་པར་བྱེད་པའི་ཕྱིར། རང་བཞིན་དང་རྐྱེན་ནམ་ཡི་གེ་ཕན་ཚུན་འབྲེལ་བའི་དབང་གིས་བསྒྱུར་པ་དང་དབྱི་བ་སོགས་ནི་རྣམ་འགྱུར་ཏེ། དཔང་ལོ་ཆེན་པོས། རང་བཞིན་རྐྱེན་དང་འབྲེལ་བའམ། །ཡི་གེ་ཙམ་དང་འབྲེལ་བ་ཡི། །བསྒྱུར་དང་དབྱི་བ་རྣམ་འགྱུར་ཏེ། །ཞེས་གསུངས། དེ་ཡང་མཚམས་སྦྱོར། མིང་གི་ཀུན་བཤད། པྲྀཏྟ་སོགས་ཀྱིས་མདོའི་རྩ་བ་བསྟན་ལ། ཡན་ལག་ནི་བྱིངས་མདོ་དང་། ཉེར་བསྒྱུར་དང་། ཨུ་ཎ་ལ་སོགས་པ་རྣམས་སོ། །ཡང་རིག་གནས་བཞི་པ་གཏན་ཚིགས་རིག་པ་ནི། ཀུན་བཏུས་ལས། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་བྱེད། །སྒྲུབ་པ་དང་ནི་སུན་འབྱིན་དག །ལྟ་སྣང་བཅས་པ་གཞན་རྟོགས་བྱེད། །ཅེས་པས། རྟོག་གེའི་ཚིག་དོན་བརྒྱད་དུ་བཤད་དེ། མངོན་སུམ། རྗེས་དཔག་སྒྲུབ་དག །ཐལ་འགྱུར་བཞིར་རེ་རེ་ལའང་། ཡང་དག་དང་ལྟར་སྣང་གཉིས་སུ་ངེས་པའི་ཕྱིར་རོ། །དེ་ཡང་བསྡུ་ན། རང་གིས་གཞལ་བྱ་རྟོགས་པའི་ཐབས་དང་། རྟོགས་ནས་གཞན་རྗེས་སུ་འཛིན་པའི་ཐབས་གཉིས་སུ་འདུ། དེ་ཡང་། མཚན་ཉིད་བསླུ་མེད་ཅན་ཤེས་པ། །ཞེས་པས། ཚད་མའི་མཚན་ཉིད་རང་གི་འཇུག་ཡུལ་ལ་གསལ་དུ་མི་བསླུ་བའི་རིགས་པ་ཞེས་འབྱུང་བས། བྲེ་ཚད་སྲང་ཚད་ལྟར་འཇལ་བྱེད་ཚད་མ་ཞིག་ལ་འཇོག །གཞལ་བྱ་ལ་གསུམ་སྟེ། མངོན་གྱུར། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་རོ། །དེ་དག་འཇལ་བྱེད་ནི། གཞལ་བྱ་མངོན་གྱུར་འཇལ་བྱེད་ལ་མངོན་སུམ་གསུམ་སྟེ། དབང་པོའི་མངོན་སུམ། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་མོ། །ལྐོག་གྱུར་གྱི་འཇལ་བྱེད་དང་སྒྲུབ་བྱེད་ནི། དངོས་སྟོབས་རྗེས་དཔག་གི་གཏན་ཚིགས་གསུམ་སྟེ། འབྲས་བུའི་གཏན་ཚིགས། རང་བཞིན་གྱི་གཏན་ཚིགས། མ་དམིགས་པའི་གཏན་ཚིགས་སོ། །གཞལ་བྱ་ཤིན་ཏུ་ལྐོག་གྱུར་གྱི་གཏན་ཚིགས་ནི། མངོན་སུམ་དང་དངོས་སྟོབས་ཀྱི་གཏན་ཚིགས་གཉིས་ཀས་མི་འགྲུབ་པའི་ཕྱིར། དཔྱད་གསུམ་དག་པའི་ལུང་ཉིད་ལ་བརྟེན་དགོས་པ་ཡིན་ནོ། །དེ་ཡང་ཚད་མའི་བསྟན་བཅོས་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་མདོ་དང་། དེའི་དགོངས་འགྲེལ་དུ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་སྡེ་བདུན་ལྟ་བུ་སྟེ། དེ་ལ་རབ་ཏུ་བྱེད་པ་སྡེ་བདུན་ནི། རྒྱས་པ་རྣམ་འགྲེལ། འབྲིང་རྣམ་ངེས། བསྡུས་པ་རིག་ཐེགས་ཏེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། དེ་ལས་འཕྲོས་པ་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་ནི། རང་དོན་རྗེས་དཔག་ལས་འཕྲོས་པ་གཏན་ཚིགས་ཐིག་པ་དང་། འབྲེལ་རྟག་པ། གཞན་དོན་རྗེས་དཔག་ལས་འཕྲོས་པ་རྒྱུད་གཞན་གྲུབ་པ་དང་། རྩོད་པའི་རིག་པ་སྟེ་བཞིའོ། །དེ་ཡང་མཁས་མཆོག་ལ་ལ་དག་ཚད་མའི་བསྟན་བཅོས་རྣམས་མངོན་པའི་སྡེ་སྣོད་ཡིན་པས་ནང་རིག་པའི་བསྟན་བཅོས་ཡིན་ཞེས་གསུངས་པ་ཡོད་ནའང་མི་འཐད་པ་འདྲ་སྟེ། ཚད་མ་ཀུན་ལས་བཏུས་སུ། ཚད་མ་དང་གཞལ་བྱ་ཉེར་བར་བརྗོད་པ་ཉིད་ཀྱིས་མུ་སྟེགས་པའི་འདོད་པ་སྙིང་པོ་མེད་པའི་ཕྱིར། དེར་ཞན་པ་རྣམས་བཟློག་པའི་དོན་དུ་འདི་བརྩམས་པ་ཡིན་གྱི། འདི་ཙམ་གྱིས་དེ་བཞིན་གཤེགས་པའི་བསྟན་པ་ལ་གཞུག་པའི་དོན་དུ་ནི་མ་ཡིན་ཏེ། དེའི་ཆོས་ནི་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་རོ། །ཞེས་དང་། གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན། དེ་ནི་ཐུབ་པའི་བསྟན་ལས་ཆེས་བསྲིངས་ཉམས་པ་ཡིན། ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་པའི་ཕྱིར་སྙམ་མོ། །ཡང་འཕྲོས་དོན་བཟོ་རིག་པའམ་སྒྲ་རིག་པའི་ཡན་ལག་ཏུ་གཏོགས་པ་རིག་པའི་གནས་ཆུང་བ་ལྔ་ནི། སྐར་རྩིས་སྙན་ངག་སྡེབ་སྦྱོར་དང་། །མངོན་བརྗོད་ཟློས་གར་འདི་ལྔ་ལ། །རིག་གནས་ལྔ་ཞེས་འཕགས་ཡུལ་ན། །གྲགས་པའི་བ་དན་རླུང་ལྟར་སྒྲོགས། །ཞེས་འབྱུང་བ་ལྟར་ལྔ་ལས། སྐར་རྩིས་ནི། གང་ལ་ལོངས་སྤྱོད་པའི་གཞི་ཡུལ་གྱི་དབང་དུ་བྱས་ཏེ་སྐར་ཁྱིམ་གྱི་གོ་ལ་དང་། དུས་ཀྱི་དབང་དུ་བྱས་ཏེ་ལོ་ཟླ་ཞག་གསུམ་དུས་ཚོད་དང་བཅས་པ། གང་གི་ལོངས་སྤྱོད་པར་བྱེད་པ་པོ་གཟའ་བཅུ། དེས་ཇི་ལྟར་སྤྱོད་ཚུལ་བརྟག་པའི་ལོངས་སྤྱོད་དང་། རྐང་པའི་ལོངས་སྤྱོད་དག་པར་བྱེད་པའི་ཆོ་ག །དེ་ལྟར་སྤྱོད་པའི་ལག་རྗེས་ལ། འཁོར་ཚུལ་གྱི་དབང་དུ་བྱས་ཏེ་མཁའ་ལ་དུས་སྦྱོར་འཆར་རྩིས་དང་། ས་ལ་དུས་བཞི་འཁོར་ཚུལ། རང་རང་གི་རྐང་པའི་དབང་གིས་གཟའ་རྣམས་ཀྱི་འཆར་ནུབ། སྐོར་ཕྱོགས་ཀྱི་དབང་གིས་ཉི་ཟླར་སྒྲ་གཅན་འཇུག་པ། རང་རང་གི་ལོངས་སྤྱོད་ལ་སྤྱད་པའི་དབང་གིས་ངེས་པ་འཕོ་སྡུད་སྐྱེ་ཚུལ་བཤད་པ་སྟེ། བསྡུ་ན། བརྩི་བྱ་དང་། བརྩི་བྱེད་གཉིས་སུ་འདུས་པ་ཡིན་ནོ། །དེ་ལྟར་སྟོན་པའི་བསྟན་བཅོས་ཐུན་མོངས་མ་ཡིན་པ་དུས་གདན་གྱི་རྒྱུད་འགྲེལ་སོགས་རྗེས་སུ་འཇུག་པའི་སྐར་རྩིས་ཀྱི་བསྟན་བཅོས་རྣམས་དང་། ཕྱི་རོལ་དང་ཐུན་མོང་པ་གཡུལ་ལས་རྣམ་པར་རྒྱལ་བའི་རྩིས་གཞུང་ལ་སོགས་པ་རྣམས་ཡིན་ལ། དེ་ལས་གཞན་དུ་བདག་རིག་པ་བརྟག་པ་ལ་ཤིན་ཏུ་མཁོ་བ་རྒྱ་ནག་པོ་ལས་བྱུང་བའི་འབྱུང་རྩིས་སམ་ནག་རྩིས་སུ་གྲགས་པ་ནི། བརྩི་བྱ་འབྱུང་བ་ལྔའི་སྐོར་མགོ་ལ། བརྩི་བྱེད་རང་བཞིན་གཞིའི་གཙུག་ལག་དང་། འབྱུང་བ་རང་རྒྱུད། སྣང་བ་ཡུལ། སྤྱོད་བྱེད་ཡིད། འཛིན་པ་སེམས་ཀྱི་གབ་རྩེ་བཞིར་བསྡུས་པའི་མ་རིག་འཁྲུལ་སྣང་གི་གཙུག་ལག་གཉིས་ཀྱི་སྒོ་ནས། བརྩི་ཐབས་ལ། ཁམས་ལོ་སྨེ་བ་སྤར་ཁ་དང་། །ཟླ་ཞག་དུས་ཚོད་གཟའ་སྐར་རོ། །ཞེས་དོན་རྣམ་པ་དགུར་བསྡུས་ཏེ་འཆད་པའི་བསྟན་བཅོས་རྒྱུད་དུ་གྲགས་པ་དང་། དེ་དག་གི་མན་ངག་གསལ་སྒྲོན་མ་བུ་ལ་སོགས་པས་བསྟན་པ་ལྟ་བུའོ། །སྙན་ངག་གི་བསྟན་བཅོས་ནི། དཎྜི་འི་མེ་ལོང་ལྟ་བུ་སྟེ། དེ་ཡང་སྔོན་གྱི་སློབ་དཔོན་རྣམས་ཀྱིས་སྙན་ངག་གི་བརྗོད་བྱ་ཐམས་ཅད་འདོད་པའི་དོན་སྒྲུབ་པར་བྱེད་པ། ལུས་བཅད་ལྷུག་སྤེལ་མ་གསུམ་མཛེས་པར་བྱེད་པའི་སྦྱོར་བ་ཁྱད་པར་ཅན་གྱི་ཆོས་གཉིས་སུ་བསྡུས་ནས་བཤད་དེ། མེ་ལོང་ལས། དེ་དག་གིས་ནི་སྙན་ངག་གི། །ལུས་དང་རྒྱན་ཡང་རབ་ཏུ་བསྟན། །ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱི་རྣམ་བཅད་ཚིག་གི་འཕྲེང་། །དེ་ཡང་ཚིག་བཅད་ལྷུག་པ་དང་། །སྤེལ་མ་རྣམ་གསུམ་ཉིད་དུ་གནས། །ཞེས་དང་། སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །ཅེས་གསུངས་པར་ལྟར་དང་། རྒྱན་དེ་ལ་དབྱེ་ན། ལམ་རྣམ་པར་དབྱེ་བ་ཐུན་མོང་མ་ཡིན་པའི་རྒྱན་དང་། ཐུན་མོང་གི་རྒྱན་གཉིས་ལས། ཐུན་མོང་ལའང་། རང་བཞིན་བརྗོད་པ་དང་། དཔེ་གཟུགས་སོགས་དོན་རྒྱན་སུམ་དུ་སོ་ལྔ་དང་། ཟུང་ལྡན་བྱ་དཀའི་ཁྱད་པར་དང་། དབྱངས་སོགས་ངེས་པའི་བྱ་དཀའ་ལ། རྣམ་གྲངས་དབྱེ་བ་དུ་མ་ཡོད། ཅེས་པ་ལྟར་སྒྲ་རྒྱན་དང་། གབ་ཚིག་གི་རྒྱན་བཅུ་དྲུག་རྣམས་སོ། །སྡེབ་སྦྱོར་གྱི་བསྟན་བཅོས་ནི། སློབ་དཔོན་ཤཱནྟི་པའི་རིན་ཆེན་འབྱུང་གནས་ལྟ་བུ་སྟེ། དེའང་སྤྱིར་སྡེབ་སྦྱོར་གང་ལ་བྱ་བའི་གཞི་ལ། ཆོས་རྗེ་ས་སྐྱ་པཎྜི་ཏས་སྡེབ་སྦྱོར་གྱི་ཚོམས་ཞེས་བྱ་བའི་རྗེས་སུ་འབྲངས་ནས་རྒྱུན་ཆགས་རྐང་པས་མ་བཅད་པའང་བཞེད་པ་ནི་རིན་ཆེན་འབྱུང་གནས་དང་མི་མཐུན་ཀྱང་། སྙན་ངག་མེ་ལོང་ལས། བརྗོད་པ་ཚིག་སྡུད་མ་པོ་ཉིད། །འདི་ནི་ལྷུག་པ་དག་གིས་གསོས། །ཚིགས་བཅད་ལ་ཡང་ལྷོ་ཕྱོགས་པ། །མིན་པ་འདི་ཉིད་གཅིག་པུ་བཞེད། །དེ་ལ་ལྕི་དང་ཡང་བ་རྣམས། །མང་དང་ཉུང་བ་ཉིད་སྤེལ་བ། །མཐོ་དམན་གྱིས་ནི་རྣམ་པ་དེ། །བརྗོད་པ་ལ་སོགས་རྣམས་ལ་མཐོང་། །ཞེས་གསུངས་པ་དང་དགོངས་པ་མཐུན་ནམ་སྙམ་པས། དེ་འདྲའི་རྣམ་བཞག་སྙན་ངག་གི་གཞུང་འདིར་མ་སྨོས་ཞེས་གསུང་མཁན་བྱུང་འདུག་པ་ལའང་དཔྱད་པ་འཇུག་པའི་གཞིར་སྣང་ཞིང་། རིན་ཆེན་འབྱུང་གནས་སུ་གསུངས་པ་ནི་ཚིག་བཅད་ཁོ་ནའི་སྡེབ་སྦྱོར་གྱི་དབང་དུ་མཛད་པའོ་ཞེས་ཀྱང་འཆང་དགོས་པར་མངོན་ནོ། །དེའི་དབང་དུ་བྱས་ན་སྡེབ་སྦྱོར་གང་ལ་བྱ་བའི་གཞི་ཚིགས་སུ་བཅད་པ་སྟེ། དབྱེ་ན་པྲྀཏྟ་དང་། ཛཱ་ཏི་གཉིས་སོར་དེ་ལྟར་ཡང་། །ཚིགས་བཅད་རྐང་བཞི་དེ་ཡང་ནི། །པྲྀཏྟ་ཛཱ་ཏི་རྣམ་གཉིས་དབྱེ། །ཡི་གེ་བགྲང་བ་པྲྀཏྟ་ཡིན། །ཕྱི་མོ་བགྲང་བ་ཛཱ་ཏིར་འགྱུར། །ཞེས་གསུངས། པྲྀཏྟ་ལའང་། མཉམ་པ་དང་། ཕྱེད་མཉམ་པ་དང་། མི་མཉམ་པའི་པྲྀཏྟ་གསུམ། ཛཱ་ཏི་ལའང་། འཕགས་མ་དང་། ཕྱི་མོ། མཉམ་པའི་ཛཱ་ཏི་དང་གསུམ་ཡོད་དོ། །མངོན་བརྗོད་ཀྱི་བསྟན་བཅོས་ནི། འཆི་མེད་མཛོད་ལྟ་བུ་སྟེ། དེ་ཡང་སྒྲ་གཅིག་ལ་དོན་དུ་མ་འཇུག་པ་གོ་སྒྲ་ལྟ་བུ་དང་། དོན་གཅིག་ལ་མིང་དུ་མ་འཇུག་པ་ཉི་མ་ལ་རྟ་ལྗང་ཅན་དང་ཚ་ཟེར་ཅན་ལ་སོགས་པ་མིང་བརྒྱ་ལྷག་པ་འབྱུང་བ་ལྟ་བུ་སྟེ། ཇི་སྐད་དུ། མངོན་བརྗོད་དུ་མའི་དོན་ལ་མིང་གཅིག་ཉིད། །འཇུག་པ་དག་ཕྱོགས་པ་དང་འོད་ཟེར་དང་། །ཕྱུགས་སོག་བཅུ་ལ་གོ་སྒྲ་ཉིད་འཇུག་དང་། །དོན་གཅིག་ཉིད་ལ་དུ་མའི་མིང་འཇུག་པ། །ཉི་མ་ཉིད་ལ་རྟ་ལྗང་ཚ་ཟེར་ཅན། །ནམ་མཁའི་ནོར་བུ་པདྨའི་གཉེན་སོགས་སོ། །ཞེས་པ་ལྟར་རོ། །ཟློས་གར་གྱི་བསྟན་བཅོས་ནི། བྷ་ར་ཏ་དང་ཀླུ་ཀུན་ཏུ་དགའ་བ་ལྟ་བུ་སྟེ། དེའི་དོན་ནི་ཚིག་བཅད་ལྷུག་སྤེལ་མར་ཡོད་པ་གང་ཞིག །སྐད་རིགས་བཞི་བསྲེས་པའི་སྒོ་ནས་སྟོན་པའོ། །དེ་ཡང་མཚམས་སྦྱོར་གྱི་ཡན་ལག་སྒོ་ལ་སོགས་པ་ལྔ་དང་། ཚིག་ལྡན་སོགས་བཞི་ལ། རབ་ཏུ་སྣང་བྱེད་སོགས་བཅུ་དྲུག་ཏུ་ཕྱེ་བ་འཇུག་པའི་ཡན་ལག་ཅན་དབྱངས་བདུན་ལ་སོགས་པ་རྣམས་དང་། རྒྱན་འབྱེད་དང་ཡི་གེ་འདུས་པ་སོགས་མཚན་ཉིད་སུམ་རྩ་དྲུག་དང་། སྒེག་པ་དང་། ཕྲེང་བ་དང་། མཚམས་སྦྱོར་གཞན་རྣམས་ཀྱི་ཡན་ལག་སོགས་སྒྱུ་རྩལ་གྱི་རིགས་རྣམས་སོ། །གཉིས་པ་ཇི་ལྟ་བ་སྟོན་པའི་བསྟན་བཅོས་ནི། བདག་མེད་གཉིས་གཙོ་བོར་གཏན་ལ་འབེབས་པ་དབུ་མའི་བསྟན་བཅོས་ལྟ་བུའོ། །གསུམ་པ་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་སྟོན་པའི་བསྟན་བཅོས་ནི། བྱང་ས་དང་སྤྱོད་འཇུག་ལྟ་བུའོ། །དེ་ལྟ་བུའི་བསྟན་བཅོས་རྩོམ་བྱེད་སློབ་དཔོན་གྱི་མཚན་ཉིད་ཇི་ལྟ་བུ་སྙམ་ན། རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་སློབ་དཔོན་དཔལ་མགོན་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ལྟ་བུ་ཡིན་ལ། འབྲིང་ནི་ཡིད་དམ་གྱི་ལྷས་དངོས་སུ་གནང་བ་ཐོབ་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་ཙནྡྲ་གོ་མི་ལྟ་བུ། ཐ་མའང་རིག་པའི་གནས་ལྔ་ལ་མཁས་ཤིང་བླ་མ་བརྒྱུད་པའི་མན་ངག་ཡོད་པ་སྟེ་སློབ་དཔོན་དཔལ་སྤས་དང་ཤཱཀྱ་བློ་གྲོས་ལྟ་བུའོ། །དེ་ཡང་བརྒྱུད་པའི་མན་ངག་ཡོད་པ་ནི། རྣམ་བཤད་རིག་པ་ལས། མདོ་རྣམས་འཆད་འདོད་དེ་དག་ལ། །ངས་ནི་མན་ངག་སྦྱིན་པར་བྱ། །དེ་ལ་མན་ངག་འདི་ཡིན་ཏེ། །དགོས་པ་སྡུད་པའི་དོན་བཅས་པ་དང་། །ཚིག་དོན་བཅས་དང་བརྒལ་ལན་བཅས། །མཚམས་སྦྱོར་བསྙན་དེ་བཤད་པར་བྱ། །ཞེས་མན་ངག་ལྔའམ། ཡང་ན་སྒྲོན་མ་གསལ་བར། །རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། །སུ་ཡི་དོན་དུ་འདི་ཉིད་མཛད། །སུ་ཞིག་བྱེད་པོ་འདིའི་ཚད་ཅི། །འདི་ཡི་དགོས་པའང་ཅི་ཞིག་ཡིན། །ཞེས་གླེང་བསླང་བ་ལྔ་གསུངས་པ་དང་རྗེས་སུ་མཐུན་པར་རྩིས་སྒོ་ལྔའི་སྒོ་ནས་བཤད་པར་བྱའོ། །ཞེས་ཀྱང་གསུངས་སོ། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེའི་རྣམ་གཞག་ལེགས་བཤད་སྣང་བའི་དགའ་སྟོན་ཅེས་བྱ་བ་ལས། སྤྱིར་འཁོར་འདས་ཀྱི་ཆོས་ངོས་བཟུང་ཞིང་དེའི་མཚན་ཉིད་གཏན་ལ་དབབ་པའི་ཆམས་ཏེ། སྐབས་དང་པོའོ། །དེ་ལྟར་འཁོར་འདས་ཀྱི་ཆོས་སོ་སོར་ངོས་བཟུང་ཞིང་དམ་པའི་ཆོས་ཀྱི་རྣམ་གཞག་རགས་པ་ཙམ་སྤྱིར་སྨོས་ནས། དེ་ནི་དམ་པའི་ཆོས་ཟབ་མོ་དེ་ཉིད་གང་ལས་བྱུང་བའི་གཞི་རྒྱལ་བ་སྐུ་གསུམ་གྱི་སྟོན་པའི་རྣམ་གཞག་བསྟན་པ་ལ་བཞི་སྟེ། གདོད་མའི་མགོན་པོ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་ཚུལ། དེའི་རྣམ་འཕྲུལ་རྡོ་རྗེ་འཆང་གིས་ཞིང་འདིར་ཞིབ་བརྙེས་ཚུལ། དེ་ལས་གསུངས་སྐུ་གཉིས་ཀྱི་སྤྲུལ་པ་སྣང་ཚུལ། རྒྱུ་འབྲས་ཐེག་པའི་སྐུ་དང་ཡེ་ཤེས་ཀྱི་ཁྱད་པར་དབྱེ་བའོ། །དང་པོ་ནི། སྤྱིར་ཐེག་དམན་རྣམས་ཀྱི་འདོད་པར་འོ་སྐོལ་གྱི་སྟོན་པ་འདི་ལྟ་བུར་ཡང་སོ་སོ་སྐྱེ་བོ་གྲངས་མེད་གསུམ་དུ་ཐར་པ་ཆ་མཐུན་བསགས་པ་ཞིག་སྲིད་པ་ཐ་མ་པར་གྱུར་པ་ཞིག་བྱང་ཆུབ་སྙིང་པོ་རྡོ་རྗེའི་གདན་དུ་སྲོད་ལ་བདུད་བཏུལ། གུང་ལ་བསམ་གཏན་བཞིའི་དངོས་གཞིས་སྦྱོར་ལམ་རྒྱུད་ལ་བསྐྱེད་ནས། ཐོ་རངས་སྐྱ་རེངས་འཆར་ཀའི་སྐད་ཅིག་གཅིག་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་དུ་མཛད་ནས་ཆོས་དང་གཟུགས་སྐུའི་བདག་ཉིད་ཅན་དུ་སངས་རྒྱས་ཏེ། ཀུན་ཤེས་ནས་རབ་བཟང་གི་བར་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་ལས་སྐུ་གསུམ་གྱི་རྣམ་གཞག་ཚང་བར་ཁས་མི་ལེན་ལ། ཐེག་ཆེན་གྱི་མདོ་སྡེ་རྣམས་སུ་གསུངས་པའི་སྐུ་གསུམ་དང་། སྔགས་ལའང་ཕྱི་ནང་གི་མངོན་བྱང་ལྔ་དང་། རྒྱུ་འབྲས་རྡོ་རྗེ་འཛིན་པ། ལུས་རྩལ་སྤྲུལ་སྐུ། ངག་རླུང་ལོངས་སྐུ། ཡིད་ཁམས་བདུད་རྩི་ཆོས་ཀྱི་སྐུ། སྙིང་པོ་ཡེ་ཤེས་རླུང་ངོ་བོ་ཉིད་ཀྱི་སྐུ་སོགས་གདུལ་བྱ་དབང་པོ་རྣོ་རྟུལ་དང་ལམ་པའི་རྣལ་འབྱོར་པའི་མོས་པའི་དབང་གིས་དེ་ལྟར་བསྟན་པ་ཙམ་དུ་ཟད་ལ། འདིར་ཐེག་མཆོག་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོ་ཐུན་མོང་མ་ཡིན་པའི་ལུང་ལྟར་འཆད་ན། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་གང་དུའང་དབྱེར་མི་འབྱེད་པ་ཀུན་གྱི་སྔོན་རོལ་དུ་སྲིད་ཞི་ཡོངས་ལ་མངའ་དབང་སྒྱུར་བའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་བའི་སྐད་ཅིག་ལ་རང་སྣང་དུ་ངོ་ཤེས་པས་རང་རིག་པའི་ཡེ་ཤེས་ཉིད་རང་སར་གྲོལ་བས་དུས་གསུམ་མཐའ་དབུས་ཐོག་མཐའ་སོགས་ཤེས་བྱ་ཐམས་ཅད་ལ་རྣམ་པར་མི་རྟོག་པ་རང་བྱུང་གི་ཡེ་ཤེས་སུ་སངས་རྒྱས་པ་སྟེ། རྒྱུད་བླ་མ་ལས། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཅེས་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་ཀྱང་། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཞེས་སོ། །དེའང་དོན་ལ་མེད་ཀྱང་འཁྲུལ་སྣང་བློ་བུར་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་རང་ངོ་ལ་ཡོངས་སུ་དག་པས་སྤང་བ་ཆེན་པོ། ཤེས་དང་ཤེས་བྱ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོས་སྲིད་ཞི་རིས་སུ་མ་ཆད་པ་ཀུན་ཁྱབ་ཏུ་གཟིགས་པས་རྟོགས་པ་ཆེན་པོ། དེ་དག་གི་མཐུས་འགྲོ་བ་ཐམས་ཅད་ཀྱི་དོན་དམིགས་པ་མེད་པར་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛད་པ་ནི་སེམས་ཆེན་པོ་སྟེ། མངོན་རྟོགས་རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤངས་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི། །ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་སོ། །དེ་ཉིད་ཅི་ཡང་མི་དམིགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། འཁོར་འདས་བཟང་ངན་མེད་པ་མཉམ་པ་ཉིད་དུ་གཟིགས་པས་སྲིད་བཞིའི་མཐའ་ལ་མི་གནས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ལ་དབང་འབྱོར་པས་རྒྱུའི་ཐེག་པ་དག་གིས་འཇུག་པ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཞི་བའི་འགོག་པ་དམ་པ་ལ་གནས་པ་བཤད་པའི་སྟོང་རྐྱང་ཙམ་ལས་འདས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོ་རང་གི་ཡེ་ཤེས་ཀྱིས་གཟིགས་པའི་ཡུལ་ས་བཅུའི་དབང་ཕྱུག་རྒྱལ་སྲས་རྣམས་དང་། གདུལ་བྱའི་ཚོགས་ལ་གཟུགས་སྐུ་མིག་ལ་སྣང་བ་དང་། གསུང་རྣ་བར་ཐོས་པ་དང་། འཕགས་པའི་ཚུལ་ཁྲིམས་ཀྱི་དྲི་སྣོམ་པ་དང་། ཆོས་ཀྱི་རོ་མྱོང་བ་དང་། ཏིང་ངེ་འཛིན་བདེ་བའི་རེག་བྱ་སྣང་བ་དང་། རྟོག་དཔྱོད་ཀྱི་ཤེས་རབ་ཀྱིས་ཆོས་ལ་འཇལ་བ་སོགས་ཀྱི་གཞིའམ་རྒྱུར་གྱུར་པའི་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཕྲ་བའི་རང་བཞིན་ནང་གསལ་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ཆེན་པོར་ཤེལ་འོད་ནང་དུ་བསྡུས་པའི་ཚུལ་ཅན་དུ་བཞུགས་སོ། །དེའི་བྱིན་རླབས་ལས་རང་སྣང་ཞིང་ཁམས་ལྷུན་གྲུབ་སྟུག་པོ་བཀོད་པ་བསམ་བརྗོད་དང་མཚན་མའི་ཡུལ་ལས་རིང་དུ་སོང་བ་རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུངས་པར། སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱིས་བསྡུས་པའི་རང་སྣང་ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་ངེས་པ་ལྔ་ལྡན་གྱི་བདག་ཉིད་ཅན་རིགས་ལྔའི་སྟོན་པ་རྣམས་ཀྱང་སྐུ་དང་ཡེ་ཤེས་ཐ་མི་དད་ཀྱི་རོལ་པ་ཆེན་པོར་བཞུགས་པ་ལས། དུས་གཞན་དུ་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་བའི་རྩལ་རང་ངོ་མ་ཤེས་པས་རྨི་ལམ་ལྟ་བུའི་སེམས་ཅན་རྣམས་འཁྲུལ་པའི་རྒྱུ་མེད་བཞིན་དུ་འཁྲུལ་པ་ལྟར་སྣང་བའི་སྡུག་བསྔལ་གྱི་འཁོར་ལོ་གཡོ་བར་གཟིགས་ཏེ། བརྩེ་བའི་ཐུགས་རྗེ་སྐྱེས་ནས་དེ་དག་གི་དོན་དུ་ཞིང་ཁམས་ཀྱི་བཀོད་པ་རྒྱ་ཆེན་པོ་སྤྲུལ་པ་ནི་རང་སྣང་ལོངས་སྤྱོད་རྫོགས་སྐུ་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོའི་ཕྱག་རྒྱའི་གནས་རྣམས་དང་། བ་སྤུའི་ཁུང་བུ་རེ་རེ་ལའང་འབྱུང་བ་བཞིའི་རྡུལ་ཕྲ་རབ་ཇི་སྙེད་པའི་གོ་ཐམས་ཅད་ན་ཞིང་ཁམས་ཆེན་པོ་དབྱིབ་དང་ཚད་དང་ཐོག་ཐ་ལ་སོགས་པར་བརྗོད་པའི་ཡུལ་ཐམས་ཅད་ལས་འདས་པ་ཁོ་ནས་རྒྱས་པར་གཏམས་ཤིང་། དེ་དག་ཀྱང་རྣམ་པ་ཐ་དད་པ་སྟེ། ཕན་ཚུན་འདྲེས་པ་དང་། རྣམ་པ་གཞན་དུ་སྐྱེ་ཞིང་འགྱུར་བ་དང་། འཕོ་ཞིང་ལྟུང་བ་དང་། རྫས་གཞན་གྱིས་གོས་པ་ཅུང་ཟད་མེད་པར་ཞིང་དང་སྐུ་རྒྱལ་མཚོས་ཆོས་ཀྱི་དབྱིངས་གང་བར་གྱུར་སྟེ། སྡོང་པོ་བཀོད་པའི་མདོ་ལས། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བཀོད་པ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་མེད། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཞི་བའི་བློ་གྲོས། ནམ་མཁས་ཇི་ཙམ་ཁྱབ་པ་དེ་ཙམ་དུ། །དེ་བཞིན་གཤེགས་པའི་ཞིང་དང་སྐུས་ཁྱབ་བོ། །ཞེས་གསུངས་པ་ལྟར། དེ་དག་ཀྱང་སངས་རྒྱས་སྐུ་གསུམ་གྱི་སོ་སོའི་ཞིང་ཁམས་མི་འདྲ་བ་གསུམ་དུ་བཀོད་པ་ནི་ཆོས་སྐུའི་དུས་སུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དང་། རང་སྣང་ལོངས་སྐུའི་དུས་སུ་ཚངས་པ་རྔ་སྒྲའི་ཞིང་དང་། སྤྲུལ་སྐུའི་དུས་སུ་ཚངས་ཆེན་གྱི་བསྐལ་པ་ཞེས་བྱ་ལ། དེ་དག་རྣམས་སུ་གདོད་མའི་མགོན་པོ་ཉིད་ཀྱི་སྤྲུལ་པའི་སངས་རྒྱས་རྒྱ་མཚོ་དུས་གསུམ་དུ་བྱོན་པ་རྣམས་དང་། སེམས་ཅན་གྱི་ཁམས་རྒྱ་མཚོ་ཡང་ཡོད་དེ་འབྱུང་བ་བཞི་དང་ནམ་མཁས་ཁྱབ་ཚད་ཐམས་ཅད་ཚངས་ཆེན་བསྐལ་པ་འདིའི་ཁོངས་སུ་འདུ་ལ། དེར་མ་དག་པའི་སེམས་ཅན་རྣམས་འཆི་འཕོ་བ་དང་། སྐྱེ་ཞིང་འབྱུང་བ་དང་། སངས་རྒྱས་རྣམས་མྱ་ངན་ལ་འདའ་བ་དང་། བསྟན་པ་གནས་པ་དང་། ནུབ་པ་དང་། ལམ་སྒྲུབ་པ་ལ་སོགས་བདེ་སྡུག་གི་སྣང་བ་སྣ་ཚོགས་ལ་སྤྱོད་པའི་ཚུལ་དང་། དེ་ལྟར་རྡུལ་ཕྲན་རེ་རེའི་ནའང་རི་གླིང་རྒྱ་མཚོ་སོགས་ཞིང་ཁམས་ཚད་མེད་པ་སྣང་ཞིང་། དེར་མ་ཟད་རྡུལ་གཅིག་གི་སྟེང་གི་འཇིག་རྟེན་དེའི་རྡུལ་ཕྲ་རབ་གཅིག་ལའང་སེམས་ཅན་གྱི་ཁམས་ཚད་མེད་པ་གནས་པ་རྣམས་བདེ་བར་གཤེགས་པའི་རྣམ་འཕྲུལ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་སྦྱོང་བའི་སྨོན་ལམ་གྱི་མཐུ་ཆེན་པོ་དང་། སེམས་ཅན་རྣམས་ཀྱི་འཁྲུལ་སྣང་གིས་ལས་ཀྱི་ཚོགས་མངོན་པར་འདུ་བགྱིས་པ་དང་། ཆོས་ཉིད་ཀྱིས་རབ་ཏུ་ཐོབ་པ་ལ་སོགས་པའི་རྒྱུ་དང་རྐྱེན་གྱིས་རབ་ཏུ་ཚོགས་པ་སྟེ། སངས་རྒྱས་ཕལ་པོ་ཆེ་ལས། སངས་རྒྱས་ཡེ་ཤེས་ཡུལ་ནི་བསམ་ཡས་པས། །བྱིན་རླབས་རྣམ་འཕྲུལ་དེ་དག་འདི་ལྟ་བུ། །ཞིང་ཁམས་རྒྱ་མཚོར་བསྟན་པ་མཐའ་དབུས་མེད། །རྣམ་པར་སྣང་མཛད་ཆོས་ཀྱིས་ཡོངས་སུ་སྦྱངས། །བྱང་ཆུབ་སེམས་ནི་ཀུན་གྱི་བསམ་པ་བཞིན། །སྨོན་ལམ་རྒྱ་མཚོ་བསམ་ཡས་རྣམས་སྦྱང་ཤིང་། །སེམས་ཅན་ལས་རྣམས་རྒྱ་མཚོ་བསམ་ཡས་པས། །ཕྱོགས་ཀུན་ཞིང་རྣམས་རྒྱ་མཚོ་ཐམས་ཅད་འབྱུང་། །བྱང་ཆུབ་སེམས་དཔའ་ཀུན་གྱི་རྣམ་འཕྲུལ་དང་། །ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་སྒོ། །སྨོན་ལམ་རྒྱ་མཚོ་ཐམས་ཅད་མངོན་བསྒྲུབས་ཤིང་། །ནམ་མཁའི་དབྱིངས་ལ་འབྱམས་ཀླས་ཞིང་འབྱུང་ངོ་། །སྤྱོད་པ་རྒྱ་མཚོས་མཐའ་དང་དབུས་མེད་རྣམས། །སྤྱོད་ཅིང་ཚད་མེད་བདེ་གཤེགས་ཡུལ་ལ་འཇུག །ཕྱོགས་ཀྱི་ཞིང་རྣམས་རྒྱ་མཚོ་ཀུན་བྱང་ཞིང་། །བསྐལ་པ་ཐམས་ཡས་ཞིང་རྣམས་རེ་རེར་སྦྱོང་། །སེམས་ཅན་བསམ་དབྱིངས་བསམ་གྱིས་མི་ཁྱབ་པའི། །ལས་ཀྱི་ཞིང་རྣམས་རྒྱ་མཚོ་ཐམས་ཅད་འབྱུང་། །ཞེས་དང་། བཟང་པོ་སྤྱོད་པ་ལས། སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། །བསྐལ་པ་རྒྱ་མཚོ་སྤྱོད་ཅིང་རབ་ཏུ་འཇུག །ཅེས་སོ། །དེ་དག་ཀྱང་དོན་ལ་མེད་པ་གསལ་སྣང་ཡིན་ཏེ་ཆོས་ཀྱི་དབྱིངས་ལ་ཀུན་རྫོབ་པ་རྣམས་གདོད་ནས་གྲུབ་མ་མྱོང་པའི་ཕྱིར་རོ། །གཉིས་པ་དེ་ལས་ཞིང་འདིར་རྡོ་རྗེ་འཆང་གིས་སངས་རྒྱས་བསྙེས་ཚུལ་ནི། ཞིང་འདིའི་གདུལ་བྱའི་དོན་དུ་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཐབས་ལ་མཁས་པའི་རྣམ་འཕྲུལ་ཆེན་པོས་སོ་སྐྱེ་རང་ག་མས་སེམས་བསྐྱེད་པ་ལྟར་བསྟན་ནས་སངས་རྒྱས་པའི་ཚུལ་དང་མཛད་པའི་རོལ་པ་བཀྱེ་བ་སྟེ། ཚུལ་དེ་ལྟ་བུ་ནི་ཐུན་མོང་གི་ཐེག་པར་ཡང་གྲགས་ཏེ། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མཛད་པ་མང་སྟོན་མཛོད། །ཅེས་དང་། འཕགས་པ་ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བསྙེས་གྱུར་ནས་ཀྱང་། །སེམས་ཅན་རྒྱ་མཚོ་རབ་ཏུ་མིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང་། །མི་འགྲིབ་སྤྱོད་པ་རྒྱ་མཚོ་དུས་ཀུན་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ། །ཞེས་གསུངས་པ་བཞིན། འདི་ནས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་ཞིང་ཁམས་རང་བཞིན་རྣམ་པར་བཀོད་པ་ཞེས་བྱ་བར། ཐོག་མའི་མགོན་པོའི་རྣམ་པར་འཕྲུལ་པས་སངས་རྒྱས་མེ་ཏོག་མཛེས་པ་ཆེན་པོ་ལ་གསེར་གྱི་རྡོ་རྗེ་གཅིག་ཕུལ་ནས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། དེ་ནས་སྐྱེ་བ་གཉིས་ནས་ཁྱིམ་བདག་ལེགས་སྦྱིན་གྱི་སྲས་ནོར་བུའི་ཕྲེང་བ་ཞེས་པར་གྱུར་ནས་སངས་རྒྱས་འཁོར་ལོ་ལེགས་པར་སྤྱོད་པའི་དྲུང་དུ་ཆོས་མཉན། དེ་ནས་གློག་གི་འོད་ཅེས་བྱ་བའི་སྲས་བྲམ་ཟེའི་ཁྱེའུ་ལེགས་བྱིན་ཅེས་པར་གྱུར་ཏེ་སངས་རྒྱས་དགེ་བའི་བློ་གྲོས་ལ་ཆོས་ཉན་ཅིང་ལོ་བདུན་ཏུ་ཏིང་ངེ་འཛིན་ལ་གནས་ཤིང་། བདུན་ཅུ་རྩ་ལྔའི་མཐར་གྱིས་རིན་པོ་ཆེའི་ཕུང་པོ་རྣམ་པར་བཀོད་པ་ཞེས་བྱ་བའི་རི་བོའི་རྩེ་མོར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས་ཆོས་སྐུའི་དགོངས་པར་བསྐལ་ཆེན་གཅིག་ཏུ་བཞུགས་ཤིང་། ལོངས་སྤྱོད་ཐམས་ཅད་རྫོགས་པའི་སྐུ་རྒྱན་དང་ཁ་དོག་གི་འཁོར་ལོར་རང་བྱོན་ཅིང་དེ་ཉིད་ཀྱི་ངང་ལས་རང་སྣང་གི་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་གྲངས་ལས་འདས་པ་རང་བྱུང་ལ། སྣང་ཆ་ལས་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ་རྡོ་རྗེ་འཆང་གི་སྐུར་བྱུང་བ་ནི་ཐུགས་བསྐྱེད་པའི་རྟེན་རྡོ་རྗེ་ཕུལ་བ་ལས་བྱུང་བའོ། །དེ་དག་ཀྱང་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཛད་པ་སུམ་ཅུ་རྩ་དྲུག་ལ་དབང་འབྱོར་པ་སྟེ་སྙིིང་ཐིག་གི་འཆད་ཚུལ་ཕྱོགས་གཅིག་ཡིན་ལ། དོན་ལ་གོང་དུ་བཤད་པ་ལྟར་ཐོག་མའི་མགོན་པོའི་ཐབས་ལ་མཁས་པའི་སྒྱུ་འཕྲུལ་ཙམ་ལས་ཐ་མི་དད་ཅིང་། གསང་སྔགས་ཀྱི་རྒྱུད་ཕལ་ཆེར་སྟོན་པའི་རྡོ་རྗེ་འཆང་དང་། སྙིང་ཐིག་ཡང་གསང་གི་རྡོ་རྗེ་གནས་ཟབ་མོ་སྟོན་པ་ལ་ཀུན་ཏུ་བཟང་པོ་དང་། གཞན་དུ་དམ་པ་དང་པོའི་སངས་རྒྱས་དང་། རྡོ་རྗེ་སེམས་དཔའ་སོགས་མཚན་གྱི་རྣམ་གྲངས་དུ་མས་བསྙད་པ་སྟེ། རྟོག་བསྡུས་ལས། རབ་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །བྱང་ཆུབ་སེམས་ཉིད་ངེས་པའོ། །ཞེས་དང་། སེམས་དཔའ་ཐོག་མ་ཐ་མ་མེད། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །རྡོ་རྗེ་སྙིང་པོ་གཙོ་བོའི་གཙོ། །གདོད་མ་ཐ་མ་མེད་ཕྱིར་ཡང་། །དམ་པའི་དང་པོ་ཞེས་འདོད་དེ། །འཁོར་ལོ་ཀུན་གྱི་གཙོ་ཕྱིར་ན། །དམ་པ་དམ་པའི་དབང་ཕྱུག་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་གཟུགས་སྐུའི་སྤྲུལ་པ་སྣང་ལ་ཚུལ་གཉིས་ཏེ། ལོངས་སྐུ་དང་། སྤྲུལ་སྐུའོ། །དང་པོ་ནི། སངས་རྒྱས་གསང་བའི་ལམ་རིམ་ལས། ལྷུན་རྫོགས་རིག་པ་རང་སྣང་བའི། །ཞིང་དང་གཞལ་ཡས་གདན་ཁྲི་རྒྱན། །འོད་ཟེར་དུ་མར་སྣང་བ་སྟེ། །ཞེས་བཤད་པ་ལྟ། ཆོས་ཀྱི་སྐུ་ཆེན་པོ་ནང་གསལ་ཆོས་ཉིད་ཀྱི་ངང་དུ་བཞུགས་པ་དེ་ཉིད་མན་ཤེལ་གྱི་ནང་འོད་ཁ་དོག་ལྔ་ཉི་ཟེར་གྱི་རྐྱེན་གྱིས་གསལ་བ་ལྟར། རང་སྣང་གི་ཡུལ་ལ་ཕྱི་གསལ་མཆེད་པའི་ཡེ་ཤེས་ཀྱི་སྣང་ཆ་སྐུ་དང་ཞིང་ཁམས་ཚད་མེད་པ་ལ་ལོངས་སུ་སྤྱོད་པའི་གནས་སུ། སྤྲུལ་པའི་བཀོད་པ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་མཐིལ་ན་པདྨའི་སྡོང་པོ་སྐྱེས་པའི་འདབ་མ་དང་ཟེ་འཕོས་རྣམས་ལ་ཞིང་ཁམས་ཉི་ཤུ་རྩ་ལྔ་རེ་བརྩེགས་མར་གནས་ཤིང་། ཞབས་ཀྱི་སྐྱིལ་ཀྲུང་མན་ཆད་ལས་སྤོས་ཆུའི་རྒྱུན་འབེབ་པ་དག་ཏུའང་ཞིང་ཁམས་བཅུ་དྲུག་རེ་ཡོད་པ་དེ་རྣམས་སུ་རིགས་ལྔའི་སངས་རྒྱས་ངེས་པ་ལྔ་ལྡན་གྱི་རང་བཞིན་མཚན་དང་དཔེ་བྱད་རྒྱ་མཚོའི་བདག་ཉིད་རྟག་པ་རྒྱུན་གྱི་འཁོར་ལོར་ལོངས་སྤྱོད་པ་བགྲངས་ཀྱིས་མི་ལང་བར་བཀོད་པ་དེ་དག་ནི་ཡེ་ཤེས་གསང་ཆེན་མཚོའི་ཞིང་དང་སྐུའི་བཀོད་པ་ལོངས་སྐུ་ཆེན་པོའི་མཚན་གཞི་སྟེ། དེ་དག་རྡུལ་གཅིག་གི་སྟེང་ན་རབ་འབྱམས་རྒྱ་མཚོའི་རྡུལ་སྙེད་ཀྱི་ཞིང་ཡང་མི་འགལ་ཞིང་སྐུ་གཅིག་ལ་རབ་འབྱམས་རྒྱ་མཚོའི་སྐུ་འདུ་བ་དང་། སྐུ་རེ་རེས་ཀྱང་ཞིང་རབ་འབྱམས་རྒྱ་མཚོར་ཁྱབ་པ་སོགས་སྒྱུ་འཕྲུལ་རྡོ་རྗེ་རོལ་མོ་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་སུ་ཤེས་པར་བྱ་སྟེ། གསང་བ་སྙིང་པོ་ལས། སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་གྱིས། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད། །ཅེས་དང་། ཕལ་པོ་ཆེ་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་དག །ཅེས་སོགས་གསུངས་པ་བཞིན་ནོ། །ཞིང་ཁམས་དེ་དག་ལ་མངའ་དབང་མཛད་པའི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དེའང་རང་བཞིན་བདུན་གྱི་ཁྱད་པར་དང་ལྡན་པ་ཡིན་ཏེ། དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན། ཡོན་ཏན་མ་བཙལ་བར་ལྷུན་གྱིས་གྲུབ་པའི་རང་བཞིན། ཡེ་ཤེས་མཐའ་དབུས་དང་བྲལ་བའི་རང་བཞིན། འབྲས་བུ་ལ་མངའ་མཛད་ཀྱང་རང་གི་ངོ་བོ་བསྟན་དུ་མེད་པའི་རང་བཞིན། མཉམ་པ་ཉིད་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན། གཅིག་དང་དུ་མ་ལས་གྲོལ་བའི་རང་བཞིན། དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་ཏེ། བདུན་གྱི་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པ་ཉིད་གདུལ་བྱའི་དབང་གིས་སྐུ་གསུང་ཐུགས་ཀྱི་མཚན་མ་སྣ་ཚོགས་པར་སྣང་བའི་རྣམ་འགྱུར་གྱི་ཆ་ལས་མཚན་དང་དཔེ་བྱད་ཀྱི་རྣམ་པ་འབར་བའི་གཟུགས་ཀྱི་སྐུ་ལ་ཕྱག་ཞབས་འཁོར་ལོས་མཚན་པ་སོགས་མཚན་བཟང་པོ་སོ་གཉིས་དང་། སེན་མོ་ཟངས་མདོག་སོགས་དཔེ་བྱད་བརྒྱད་ཅུ་རྣམས་ཏེ་ཐུན་མོང་གི་མཚན་དཔེ་རྣམས་དང་། སྟོན་པའི་ཐུགས་ཡེ་ཤེས་བཞིས་ཕྱེ་པའི་རྩལ་ལས་ཕྱིའི་མཚན་དཔེ། རྩ་འཁོར་རྣམས་དག་པའི་ཆ་ལས་ནང་གི་མཚན་དཔེ། ཁམས་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་ཆ་ལས་གསང་བའི་མཚན་དཔེ་སྟེ། ལོངས་སྤྱོད་རྫོགས་པ་ཆེན་པོ་ལ་རྩ་ཁམས་རྣམ་པར་དག་པ་བདེ་བ་ཆེན་པོའི་རང་བཞིན་དུ་རོ་མཉམ་པ་ནི་རྒྱན་གྱི་ནང་ནས་མཛེས་བྱེད་མཆོག་ཏུ་གྱུར་པར་བཤད་དེ། སྒྱུ་འཕྲུལ་རྒྱ་མཚོ་ལས། ཨ་ལི་ཀ་ལི་བདེ་བ་གཉིས། །ཕན་ཚུད་མ་འདྲེས་གཅིག་པར་ཤེས། །བཅུ་དྲུག་ངོས་གཉིས་མཚན་དང་ལྡན། །ཕྱོགས་གཅིག་ཡེ་ཤེས་ལྔ་ལྡན་པ། །བརྒྱད་ཅུའོ་བཟོད་སོགས་རྒྱུ་ལས་འཕགས། །ཞེས་སོ། །རྟོག་ཚོགས་ལས་ཤིན་ཏུ་འདས་པའི་ཟག་པ་དང་བྲལ་བའི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ། ཏིང་ངེ་འཛིན་གྱི་ཕུང་པོ། ཤེས་རབ་ཀྱི་ཕུང་པོ། རྣམ་པར་གྲོལ་བའི་ཕུང་པོ་ལྔ་པོ་ཡང་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བདག་ཉིད་ཆེན་པོ་རྣམ་སྣང་། མི་བསྐྱོད། རིན་འབྱུང་། སྣང་མཐའ། དོན་གྲུབ་ལྔ་དང་། ཁམས་ལྔ་དང་། དབྱིངས་ཕྱུག །སྦྱན་མ། མཱ་མ་ཀཱི། གོས་དཀར་མོ། དམ་ཚིག་སྒྲོལ་མར་རང་བཞིན་གྱིས་རྣམ་པར་དག་པས་མི་འགྱུར་བའི་བདེ་བ་ཆེན་པོ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཁ་སྦྱོར་དུ་བཞུགས་པ་ལས། དཀྱིལ་དང་། འཁོར་དང་། སོ་སོའི་ཚོམ་བུ་དང་། ཡབ་དང་། ཡུམ་དང་། སྐུ་མདོག་དང་། ཕྱག་མཚན། ཆགས་ཅན། ཆགས་བྲལ། དེ་བཞིན་གཤེགས་པ། གཤེགས་མ། སེམས་དཔའ། སེམས་མ། ཁྲོ་བོ། ཁྲོ་མོ་སོགས་རོལ་པ་རྨད་དུ་བྱུང་བའི་འཁོར་ལོའི་བཀོད་པ་རྣམས་ཀྱང་ཡུལ་ཡུལ་ཅན་ལས་འདས་པའི་ཡེ་ཤེས་རང་སྣང་གི་ཡུལ་ཀུན་ཏུ་ལོངས་སྤྱོད་པའི་ཆ་ནས་བཞག་པ་སྟེ། མཐོང་ཐོས་སྣོམ་མྱོང་བཞི་ཡང་རིམ་བཞིན། ས་སྙིང་། ཕྱག་རྡོར། ནམ་སྙིང་། སྤྱན་གཟིགས་བཞི་དང་། ཡུལ་གཟུགས་སྒྲ་དྲི་རོ་བཞི་ཡང་། སེམས་མ་སྒེག་མོ། ཕྲེང་བ་མ། གླུ་མ། གར་མ་བཞི་དང་། དེ་བཞིན་དུ་སྤྱན་དང་། སྙན་དང་། ཤངས་དང་། ལྗགས་ཏེ་དབང་པོ་བཞི་ཡང་། བྱམས་པ། སྒྲིབ་སེལ། ཀུན་བཟང་། འཇམ་དཔལ་རྣམས་དང་། འདས་པ། མ་འོང་། ད་ལྟ། མ་ངེས་པའི་དུས་བཞི་པོ་ཡང་། མེ་ཏོག་མ། བདུག་པ་མ། མར་མེ་མ། དྲི་ཆབ་མ་རྣམས་དང་། གཞན་ཡང་རྡོ་རྗེ་བཙུན་མོ་དང་སྙོམས་པར་འཇུག་པའི་གསང་བའི་ཡུལ་དང་རྣམ་ཤེས་གསུམ་འདུས་ཀྱི་རེག་པ་དང་། རེག་བྱེད། རེག་བྱ། རེག་ཤེས་ཀྱིས་དགའ་བ་ཆེན་པོའི་རོ་ཉམས་སུ་མྱོང་བ་ཡང་མཐར་བྱེད་ཀྱི་ཆེན་པོ་བཞི་དང་། རྟག་ཆད་བདག་མཚན་བཞི་ཡང་ཁྲོ་མོ་ཆེན་མོ་བཞིའི་རང་བཞིན་དང་ལྡན་པ་སོགས་མཐའ་ཡས་པའི་འཁོར་གྱི་རྣམ་པ་རྣམས་ཀྱང་སྟོན་པ་ཉིད་ཀྱི་རོལ་པ་དཀྱིལ་དང་འཁོར་གྱི་ཚུལ་དུ་སྣང་བ་མི་ཟད་རྒྱན་གྱི་འཁོར་ལོ་ལས་གཞན་དུ་མ་གྱུར་པ་སྟེ། སྙིང་པོའི་རྒྱུད་ལས། རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཞེས་དང་། ཁོག་གཞུང་ལས། འབྲས་བུ་མཐར་ཕྱིན་འོག་མིན་ན། །བཞུགས་པ་དཀྱིལ་དང་འཁོར་གྱི་ཚུལ། །ཞེས་བཤད་པ་ལྟར་དང་། དེ་དག་ཀྱང་སངས་རྒྱས་རང་སྣང་གི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་བདག་ཉིད་སྒྱུ་འཕྲུལ་དྲྭ་བའི་རོལ་པ་རྣམ་པ་ཀུན་ཏུ་ཞིང་དང་། ཀུན་ཏུ་གདན་དང་། ཀུན་ཏུ་གཞལ་མེད་ཁང་དང་། ཀུན་ཏུ་ཤར་དང་། ཀུན་ཏུ་སྟེང་དང་། ཀུན་ཏུ་འོག་དང་། ཀུན་ཏུ་ཟླུམ་པོ། ཀུན་ཏུ་གྲུ་བཞི། ཀུན་ཏུ་གྲུ་གསུམ། ཀུན་ཏུ་ཞལ་དང་། ཀུན་ཏུ་ཕྱག་དང་། ཀུན་ཏུ་ཞབས་དང་། ཀུན་ཏུ་སྤྱན་དང་། ཀུན་ཏུ་མདུན་ཏེ། དབང་པོ་རེ་རེས་ཀྱང་དབང་པོ་ཐམས་ཅད་ཀྱི་བྱ་བ་བྱེད་པ་སྟེ་ཡེ་ཤེས་ཀྱི་རྩལ་འགག་པ་མེད་པས་ཆོས་ཀྱི་དབྱིངས་མཐའ་ཀླས་པར་ཁྱབ་ཅིང་གདལ་བའི་ཕྱིར་ཏེ། སེང་གེ་རྩལ་རྫོགས་ལས། ཀུན་ཏུ་བཟང་པོའི་ཞལ་ནི་ཕྱོགས་བཅུར་གཟིགས། །ཀུན་གཟིགས་ཀུན་བཟང་སྐུ་ལ་མདུན་རྒྱབ་མེད། །ཕྱོགས་བཅུ་གང་བ་སྤྱན་གྱིས་རྣམ་པར་གཟིགས། །ཞེས་དང་། དུས་ཀྱི་འཁོར་ལོ་ལས། ཐམས་ཅད་ནས་ནི་ཕྱག་དང་ཞབས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་གསན་ལྡན་འཇིག་རྟེན་མཐའ། །ཐམས་ཅད་ཁྱབ་པར་བཞུགས་པ་ནི། །ཞེས་གསུངས་པ་ལྟར་རོ། །སངས་རྒྱས་ཀྱི་ཡུལ་དེ་ནི་སངས་རྒྱས་ཁོ་ནའི་རྒྱུད་ཀྱིས་བསྡུས་པའི་ཕྱིར་ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཀྱང་མི་མཐོང་སྟེ། སྒྲིབ་པ་མཐའ་དག་ལས་མ་གྲོལ་ཞིང་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་རྡུལ་དང་བྲལ་བ་མ་བརྙེས་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོགས་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་རོ། །གང་དུ་འཇིག་རྟེན་ལས་འདས་པའི་ཞིང་ཁམས་ཕུན་སུམ་ཚོགས་པ་དེ་རྣམས་ཀྱང་རང་སྣང་གཞིའི་འོད་གསལ་ཆེན་པོའི་སྣང་ཆ་དག་པ་རབ་འབྱམས་ཀྱི་འཁོར་ལོའི་སྣོད་བཅུད་དུ་ཤར་བ་རྨི་ལམ་དག་པ་དང་ཆོས་མཚུངས་པས། གང་གི་ཚེ་གཟུང་འཛིན་བག་ཆགས་ཆ་བཅས་རྣམ་པར་བྱང་བའི་གནས་སྐབས་དེར་སྣང་བ་ལས་ཕྱོགས་གཞན་ཤིང་དུ་རྡུལ་རྫས་རང་མཚན་དུ་གྲུབ་པ་ཞིག་ཡོད་པར་མི་བསམས་ཏེ། སྒྱུ་འཕྲུལ་རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་ཆེན་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་སྤྲུལ་པའི་སྐུ་ནི། དེ་ཡང་གདུལ་བྱ་རང་རྒྱུད་ཀྱི་བདེར་གཤེགས་སྙིང་པོ་ལ་སྒྲིབ་བྱེད་ཀྱི་དྲི་མ་མ་དག་པ་དང་། ཅུང་ཟད་དག་པ། ཤིན་ཏུ་དག་པ་གསུམ་གྱི་གོ་རིམ་ལ་ལྟོས་ནས་འདུལ་བྱེད་ཀྱི་སྟོན་པ་ཡང་དེ་ལྟར་སྣང་བ་ཡིན་ཏེ། ཤིན་ཏུ་དག་པ་ཆོས་ཀྱི་སྐུ་ལ་འཁོར་འདས་རོ་མཉམ་ཆེན་པོ་ཉིད་ཀྱི་ཕྱིར་དོན་དམ་པའི་དབྱིངས་ལས་མ་གཡོས་བཞིན་དུ་གཟུགས་ཀྱི་སྐུ་ནི་རྩོལ་བ་མེད་པའི་ཐུགས་རྗེེ་ཆེན་པོའི་རྣམ་འཕྲུལ་འགག་པ་མེད་པའི་རོལ་པ་ཅི་ཡང་བཀྱེ་བ་ལས། གདུལ་བྱ་འདུལ་བྱེད་གཉིས་ལྟར་སྣང་བའི་གཞན་དབང་གི་ཚུལ་དུ་མོས་པའི་ཆུ་སྣོད་རྙོག་པ་མེད་པ་ཇི་སྙེད་དུ་སྤྲུལ་པའི་ཟླ་གཟུགས་དེ་སྙེད་འཆར་བ་ཆོས་ཉིད་དེ། མ་ཕམ་པས། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་དང་། མདོ་ལས། རྒྱལ་བའི་ཆོས་ཉིད་ལུས་མེད་རབ་ཞི་བ། །གཉིས་མེད་རང་བཞིན་མེད་པར་ཐུགས་ཆུད་ནས། །གཟུགས་སྐུ་བཟང་པོ་མཚན་གྱིས་བརྒྱན་པ་ཡིས། །འགྲོ་བ་མ་ལུས་བཀང་ཞིང་སྟོན་པར་མཛད། །ཅེས་གསུངས་པ་ལྟར་རོ། །དེ་ལ་དབྱེ་ན་གསུམ་སྟེ། རང་བཞིན་སྤྲུལ་པ། འགྲོ་འདུལ་སྤྲུལ་པ། སྣ་ཚོགས་སྤྲུལ་པའོ། །དང་པོ་རང་བཞིན་སྤྲུལ་པ་ནི། གོང་གི་དབྱིངས་སྣང་ལོངས་སྐུ་ཆེན་པོའི་སྟོན་པ་དེ་ཉིད་ཇི་ལྟར་དྭངས་ཤེལ་ལ་གཟུགས་བརྙན་འཕོས་པ་ལྟར་ཅུང་ཟད་དག་པའི་གདུལ་བྱ་ས་བཅུའི་དབང་ཕྱུག་རྣམས་ལ་སྣང་བ་ནི་འདི་ལྟར་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་དབུས་ན་འོག་མིན་དང་། ཕྱོགས་བཞིར་རིམ་པ་བཞིན་མངོན་པར་དགའ་བ། དཔལ་དང་ལྡན་པ། པདྨ་བརྩེགས་པ། ལས་རབ་གྲུབ་པ་ལྔར། སྟོན་པ་དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་ལ་སོགས་པ་ལྔ་པོ་མཚན་དང་དཔེ་བྱད་རྒྱ་མཚོའི་བདག་ཉིད་ཅན་ཞི་བ་དང་ཁྲོ་བོའི་རྣམ་འགྱུར་དཔག་ཏུ་མེད་པའི་སྐུས་ཆོས་རྣམས་འཇལ་ཞིང་སྟོན་པ་དང་། གདུལ་བྱའི་ཉོན་མོངས་པ་ལྔའི་གཉེན་པོར་ཆེ་བའི་ཞིང་ཁམས་ལྔ་དང་། སྐུ་ལྔ་དང་། ཆོས་ལྔ་དང་། ཡེ་ཤེས་ལྔ་ལ་སོགས་པས་བརྗོད་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཉིད། སྟོན་པ་ལོངས་སྤྱོད་རྫོགས་སྐུ་དང་འཁོར་རྒྱུད་གཞན་གྱིས་བསྡུས་པའི་ཕྱིར་ཕྱེད་སྣང་རང་བཞིན་སྤྲུལ་པ་ཞེས་ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་ལས་ཕྱེ་བར་མཛད་པ་ཡིན་ལ། དེ་དང་མཚུངས་པར་དབུ་མ་པ་ཆོས་ཀྱི་བཤེས་གཉེན་གྱིས། བྱང་སེམས་མཐོང་ལམ་པ་ཡན་ཆད་ལ་སྣང་བའི་ལོངས་སྐུ་བཏགས་པ་བར་བཤད་པ་སྐུ་འདི་དང་སྨོན་ལམ། ཚོགས་ཀྱི་འཕེན་པའམ་བཞེད་པ་ཙམ་གྱིས་ཕྱེ་བའི་འོག་མིན་གྱིས་གནས་གཅིག་ཁོ་ནར་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རྣམ་པ་རབ་ཏུ་མང་པོའི་ལོངས་སྤྱོད་རྫོགས་སྐུ་འོག་མིན་རྣམས་ན་གནས་པའི་སྤྲུལ་པའི་སྐུ་འབའ་ཞིག་རྒྱ་ཆེན་པོར་སྣང་བར་ཟད་དོ། །ཞེས་གསལ་བར་བཤད་ཅིང་། འདི་ལ་ལང་གཤེགས་སུ། འདོད་པའི་ཁམ་དང་གཟུགས་མེད་དུ། །སངས་རྒྱས་རྣམ་པར་འཚང་རྒྱ་མི། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་པ་ལ་སོགས་ཀྱིས་མི་ཡུལ་དུ་མཆོག་གི་སྤྲུལ་སྐུ་སངས་མ་རྒྱས་པའི་གོང་རོལ་དུ་འོག་མིན་དུ་འཚང་རྒྱ་བར་ཤད་པའི་ལུང་དོན་སྐབས་འདིར་སྦྱོར་བར་མཛད་དོ། །གཉིས་པ་འགྲོ་འདུལ་སྤྲུལ་པ་ནི། དེ་ཉིད་ཀྱི་ངང་ལས་འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་ནི་འཇིག་རྟེན་གྱི་ཁམས་མ་ལུས་པར་གདུལ་བྱའི་ཚོགས་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་ཐབས་ལ་མཁས་པས་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པའི་ཚུལ་སྟོན་པ་སྟེ། རྗེ་བཙུན་མ་ཕམ་པས། ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་གྱི་དོན་སྒྲུབ་པའོ། །ཞེས་གསུངས་པ་ལྟར། དགའ་ལྡན་གྱི་གནས་ན་བཞུགས་པ་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་སྙིང་པོ་གཤེགས་པ་དང་། བདུད་ཀྱི་དཔུང་བཅོམ་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཆོས་གནས་པ་དང་། ཆོས་ནུས་པ་སྟོན་པ་ལ་མཁས་པས་དུས་གཅིག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་སུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་མཆོག་གི་སྤྲུལ་པའི་སྐུ་སྟེ། དེ་རེ་རེ་ལའང་གདུལ་བྱ་རིགས་དྲུག་སོ་སོའི་དབང་ཤེས་ལ་རང་རང་གི་རིགས་དང་མཐུན་པའི་འདུལ་བྱེད་རིག་པའི་སྐྱེས་བུ་ཐུབ་པ་དྲུག་ཏུ་སྤྲུལ་ནས་དོན་མཛད་པ་སྟེ། གླང་པོའི་རྩལ་ལྟ་བུའི་མདོ་ལས། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོས་པདྨོ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སེམས་ཅན་དམྱལ་བའི་གནས་ཡོངས་སུ་བཟུང་བའང་ཡོངས་སུ་འཛིན་ཏེ། དེ་ལྟའི་བདེ་བ་ཅུང་ཟད་ཡོད་པ་དེ་དག་ཐམས་ཅད་དེ་ན་མྱང་བར་བྱེད་དོ། །སེམས་ཅན་དེ་དག་ཀྱང་དེ་དམྱལ་བས་དམྱལ་བ་མཐོང་སྟེ། དེ་ཆ་ལུགས་དེས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་དམྱལ་བ་དང་བྲལ་བར་གྱུར་པ་ལ་ཆོས་འཆད་དོ། །ཞེས་དང་། སངས་རྒྱས་ཕལ་པོ་ཆེ་ལས། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་དང་གང་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། །ཞེས་གསུངས་པ་བཞིན་ནོ། །འོ་ན་འགྲོ་བ་དྲུག་གི་གནས་དེར་ཐུབ་པ་ཇི་ལྟ་བུས་འགྲོ་དོན་མཛད་ཅེ་ན། སྒྱུ་འཕྲུལ་བླ་མ་ལས། ལྷ་ཡི་གནས་ན་བརྒྱ་བྱིན་མགོན། །ལྷ་མ་ཡིན་ལ་ཐག་བཟང་རིས། །མི་ལ་བདུད་འདུལ་ཤཱཀྱའི་མགོན། །ཡི་དྭགས་གནས་ན་ཁ་འབར་ཏེ། །བྱོལ་སོང་སེང་གེ་ཉིད་དུ་སྨྲ། །དམྱལ་བ་ལས་ཀྱི་གཤིན་རྗེ་མགོན། །ཞེས་སོ། །དེ་ལྟར་གནས་རིགས་དྲུག་པོ་ནི་གོང་དུ་བཤད་པའི་ཡེ་ཤེས་གངས་ཆེན་མཚོའི་ཞིང་ཁམས་རྡུལ་སྙེད་ཀྱི་དབུས་ཀྱི་ཕྱག་མཐིལ་པདྨའི་སྙིང་པོ་ལ་གནས་པའི་འཇིག་རྟེན་གྱི་ཁམས་རྒྱུད་ཉི་ཤུ་རྩ་ལྔ་བརྩེགས་མར་ཡོད་པའི་བཅུ་གསུམ་པ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཉིད་དེ། དེ་ལ་མི་མཇེད་ཅེས་པ་བཟོད་པ་དང་། རྟུལ་ཕོད་པ་སྟེ་ཞིང་འདིའི་སེམས་ཅན་རྣམས་འདོད་ཆགས་ལ་མི་མཇེད་པ་དང་། ཞེ་སྡང་ལ་མི་མཇེད་པ་དང་། གཏི་མུག་ལ་མི་མཇེད་པ་དང་། ཉོན་མོངས་པའི་འཆིང་བ་རྣམས་ལ་མི་མཇེད་པ་ཞེས་བཤད་པ་སྟེ། སཱ་ཧའི་སྒྲ་ནི་བཟོད་པའམ་ནུས་པ་ལ་འཇུག་པའི་ཕྱིར་དེ་སྐད་དུ་གྲགས་སོ། །འགྲོ་བ་སོ་སོའི་ལས་སྣང་ཡང་། ཕལ་ཆེན་ལས། ལས་ཀྱི་བྱེ་བྲག་བསམ་མི་ཁྱབ། །དམྱལ་བའི་འཇིག་རྟེན་ཐུར་འཕྱང་དང་། །གཤིན་རྗེའི་འཇིག་རྟེན་སྣྲེལ་ཞི་སྟེ། །བྱོལ་སོང་ལྷ་མིན་གྱེན་ཐུར་འགྲོ། །ཞེས་དང་། ཡང་ན། མགོ་གྱེན་བསྟན་དུ་འགྲོ་བ་མཐོ་རིས། འཕྲེད་བསྟན་གྱིས་འགྲོ་བ་དུད་འགྲོ། མཐར་བསྟན་གྱིས་འགྲོ་བ་དམྱལ་བ་དང་ཡི་དྭགས་ཏེ། དེ་དྲུག་པོ་སྟོང་གསུམ་འཇིག་རྟེན་གཅིག་གི་ནང་དུ་ཚང་བ་སྟེ། སྙིང་པོའི་འགྲེལ་ཆུང་ལས། སྟོང་གསུམ་གཅིག་ལ་ཆགས་ཚུལ་དྲུག །སྤྲུལ་སྐུ་གཅིག་གི་ཞིང་དུ་གྲགས། །ཞེས་གསུངས་པ་ལྟར། རླུང་དཀྱིལ་ནས་འོག་མིན་གྱི་བར་གླིང་བཞི་བའི་འཇིག་རྟེན་ཁམས་ཏེ། དེ་སྟོང་ཕྲག་གཅིག་ཏུ་བགྲངས་པ་ཁོར་ཡུག་གཅིག་གིས་བསྐོར་བ་སྟོང་དང་པོ་དང་། དེ་འདྲ་བ་སྟོང་ལ་སྟོང་བར་མ་སྟེ་མུ་ཁྱུད་གཉིས་པས་བསྐོར་བ་དང་། སྟོང་བར་མ་དེ་འདྲ་བ་སྟོང་ལ་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་མུ་ཁྱུད་གསུམ་པས་བསྐོར་བ་དང་། དེ་ལྟ་བུ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་མཚམས་སྦྱོར། དེ་ཉིད་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱུད། དེ་ཡང་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས། དེ་འདྲ་བ་དུང་ཕྱུར་ཕྲག་བཅུ་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་གཅིག་སྟེ་མཆོག་གི་སྤྲུལ་སྐུ་གཅིག་ཞིང་དུ་བཤད་ཅིང་། གནས་དེ་དག་ཏུ་གདུལ་བྱའི་ཁམས་དབང་སྤྱོད་ཚུལ་ཇི་སྙེད་པ་དེ་སྙེད་དུ་འདུལ་བྱེད་ཀྱི་སྒྲོན་མ་རྣམ་པར་བཀོད་ནས་འདུལ་བ་རྣམ་པ་བཞིས་སེམས་ཅན་གྱི་དོན་ལ་སྤྱོད་པ་སྟེ། དེ་ཡང་སྐུ་བསོད་ནམས་ཆེན་པོས་འདུལ་བ། ཐུགས་མངོན་སུམ་པས་འདུལ་བ། རྫུལ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ། གསུང་རིག་པས་འདུལ་བ་དང་བཞི་ལས། དང་པོ་ནི། སྟོན་པ་སྤྲུལ་པའི་སྐུའི་མཛད་པའི་ཚུལ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས་གྲངས་སོགས་མཐའ་གཅིག་ཏུ་ངེས་བཟུང་བྱར་མེད་ཅིང་ཐེག་ཆེན་གྱི་མདོ་སྡེ་རྣམས་སུའང་མང་ཉུང་ཅི་རིགས་འབྱུང་བ་འགལ་བར་མ་འདུ་ལ། འདིར་གཙོ་ཆེ་བ་དག་བསྡུ་བས། སྐུ་བལྟམས་པ། རབ་ཏུ་བྱུང་བ། དཀའ་ཐུབ་མཛད་པ། བདུད་བཏུལ་བ། སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་བསྐོར་བ། ཆོ་འཕྲུལ་ཆེན་པོ་བསྟན་པ། ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་ནི་སྐུ་བསོད་ནམས་ཆེན་པོས་འདུལ་བ་སྟེ། དེ་དག་དངོས་སུ་མཐོང་བའི་གདུལ་བྱ་རྣམས་བསོད་ནམས་ཚད་མེད་པ་དང་ལྡན་པའི་ཕྱིར་དེ་ལྟར་དུ་བརྗོད་དོ། །གཉིས་པ་ཐུགས་མངོན་སུམ་པས་འདུལ་བ་ནི། དུས་གསུམ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ལ་འཇུག་པ་ཉིད་ཀྱིས་དུས་གསུམ་སོ་སོར་མི་རྟོག་བཞིན་དུ། ཀུན་ཏུ་སྒྲིབ་པ་མེད་པར་དུས་མཁྱེན་པའི་མངོན་ཤེས། ཀུན་ཏུ་མ་བསྒྲིབས་པར་གཞན་སེམས་མཁྱེན་པའི་མངོན་ཤེས། ཐམས་ཅད་ཀུན་ཏུ་གཟིགས་པ་སྤྱན་གྱི་མངོན་ཤེས། ཐམས་ཅད་ཀུན་ཏུ་གསན་པ་སྙན་གྱི་མངོན་ཤེས། ཀུན་ཏུ་སེམས་ཅན་གྱི་དོན་ལ་སྤྱོད་པ་ཆོ་གའི་དོན་སྤྱོད་པའི་མངོན་ཤེས། སྒྲིབ་པ་དག་པ་ཟག་ཟད་ཀྱི་མངོན་ཤེས་དྲུག་པོ་ནི་ཐུགས་ཀྱི་རྗེས་སུ་འགྲོ་ཞིང་། ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་ཤིང་དབང་བསྒྱུར་བའི་ཕྱིར་ཐུགས་མངོན་སུམ་པས་འདུལ་བའོ། །གསུམ་པ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་ནི། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པས་གདུལ་བྱའི་དོན་མཛད་པ་སྟེ། ལྷ་རྣམས་ལ་ཚངས་པ་དང་དབང་ཕྱུག །མི་རྣམས་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ། ལྷ་མ་ཡིན་ལ་ཐགས་བཟང་རིས་སོགས་དང་། དེ་བཞིན་དུ་བྱ་རྣམས་ཀྱི་ཆེད་དུ་ཤིང་རྟ་མོ་དང་། རི་དྭགས་རྣམས་ཀྱི་ཆེད་དུ་སེང་གེའི་རྒྱལ་པོ་ཡི་དམ་བརྟན་པ་སོགས་འགྲོ་བ་གང་འདུལ་བ་དེའི་རིགས་མཐུན་དུ་སྤྲུལ་པ་དང་། གཞན་ཡང་ཞལ་གྱི་དཀྱིལ་འཁོར་ཞི་བ་དང་། ཁྲོ་བོ་དང་། ཕྲ་མེན་ལ་སོགས་པ་རང་སྣང་དང་མཐུན་པའི་སྟོན་པ་དང་། རང་རང་གི་སྐལ་པ་དང་རྗེས་སུ་མཐུན་པར་སྐྱེ་ཞིང་འཕོ་བ་དང་། གནས་པ་དང་། གཤེགས་ཤིང་བཞུགས་པ་ལ་སོགས་དུས་མ་ངེས་པར་སྟོན་པ་སྐུའི་གསང་བ། གདུལ་བྱ་དེ་དང་དེའི་བློ་རྟོག་དང་རྗེས་སུ་འཚམས་པར་འཇུག་པའི་ཆོས་སྟོན་པའང་སོ་སོའི་སྐད་དང་བརྡའ་ཡི་ཚུལ་གྱིས་གོ་བར་མཛད་པ་སྟེ། ཕལ་པོ་ཆེ་ལས། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། འགྲོ་བ་ཀུན་གྱི་སྒྲ་སྐད་ཅི་ཙམ་པ། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །ཞེས་གསུངས་པ་ནི་གསུང་གི་གསང་བ། ཟག་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱིས་གདུལ་བྱའི་བློ་རྒྱུད་ཇི་ལྟ་བར་མཁྱེན་པའི་ཚུལ་གྱིས་ཀུན་ཏུ་མཐུན་པར་འཇུག་པ་ཐུགས་ཀྱི་གསང་བ་སྟེ། དེ་གསུམ་པོ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་པའོ། །བཞི་པ་གསུང་རིག་པས་འདུལ་བ་ནི། རིགས་ཅན་ལྔའི་གདུལ་བྱ་རྣམས་ཀྱི་འདུ་ཤེས་དང་མཐུན་པའི་ཐེག་པ་ལྔའི་སྒོ་ནས་མདོར་བསྟན། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་བཞི་སྟོང་གསུངས་ཏེ་རྒྱས་པར་བཤད་པ་དང་། དབང་པོའི་རིམ་པས་མཇུག་བསྡུ་བ་སྟེ། ཐམས་ཅད་ཀྱང་སྒྲ་ཚིག་རང་མཚན་ལས་འདས་པ་ཉིད་སེམས་ཅན་གྱི་ཁམས་ལ་དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱི་མཐུས་རྣམ་རིག་དང་མཐུན་པར་གོ་བར་འགྱུར་བ་ནི་གསུང་རིག་པས་འདུལ་བ་སྟེ། ངེས་དོན་གྱི་མདོ་སྡེ་ལས། ང་ཡིས་འདི་ཀུན་བསྟན་པ་ནི། །ཚིག་འབྲུ་གཅིག་ཀྱང་བསྟན་པ་མེད། །ཅེས་གསུངས་པ་བཞིན་ནོ། །གསུམ་པ་སྣ་ཚོགས་སྦྲུལ་པ་ནི། སེམས་ཅན་རྣམས་ལ་གང་ཕན་པ་ཆེན་པོའི་གཞིར་གྱུར་ཏོ་ཅོག་རྣམས་ཏེ། འདི་ལྟར་རང་བཞིན་དང་འདུ་བྱེད་ལས་བྱུང་བ་གཟུགས་ཀྱི་སྐུ་དང་། ཁང་བཟང་། སྐྱེད་མོས་ཚལ། གྷནྡྷོ་ལ། མྱ་ངན་གྱི་ཐང་ལ་གྲོང་ཁྱེར་དུ་སྤྲུལ་པ་དང་། དཔག་བསམ་གྱི་ཤིང་། ཡིད་བཞིན་ནོར་བུ། གྲུ་གཟིངས། ཟམ་པ། ཤིང་རྟ། ཟས་གོས། སྨན་སོགས་བེམ་པོའི་དངོས་པོ་དང་། མུ་གེའི་ཚེ་ཉ་བོ་ཆེ། ནད་ཀྱིས་གདུངས་པ་ལ་སྲོག་ཆགས་ངེས་པ། སྲིན་མོའི་གླིང་དུ་ཅང་ཤེས་བྷ་ལ་ཧ། འདམ་ཁྲོད་དུ་གསེར་གྱི་བུང་བ་ལ་སོགས་བཟོ་དང་སྐྱེ་བའི་སྤྲུལ་པ་སྣ་ཚོགས་པར་སྟོན་པ་སྟེ། དཀོན་མཆོག་སྒྲོན་མེའི་མདོ་ལས། དེ་དག་སྙན་ངག་མཁན་རྒྱལ་སྙན་ངག་སྦྱོར། །གར་མཁན་རྔ་མཁན་གྱད་དང་རོལ་མོ་མཁན། །བཞག་མཛེས་རྒྱན་ཕྲེང་ཐོགས་ནས་གར་བྱེད་དང་། །སྒྱུ་མ་མཁན་པོ་གཟུགས་མང་ཀུན་ཏུ་སྟོན། །གྲོང་པ་གྲོང་དཔོན་ཁ་ལོ་སྒྱུར་བར་འགྱུར། །དེ་བཞིན་ཚོང་དཔོན་དེད་དཔོན་ཁྱིམ་བདག་འགྱུར། །རྒྱལ་པོ་བློན་པོ་མདུན་འདོན་ཕོ་ཉ་དང་། །སྨན་པ་འཇིག་རྟེན་བསྟན་བཅོས་ཆོ་ག་མཁན། །དེ་དག་དགོན་པ་ལྗོན་ཤིང་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་འཛད་གཏེར་རྣམས་དང་། །ཡིད་བཞིན་ནོར་བུ་འདོད་འབྱུང་སྡོང་པོ་དང་། །ལམ་གོལ་དོང་བ་རྣམས་ལ་ལམ་སྟོན་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །བྱེ་བྲག་རྫོགས་ཆེན་ཐུན་མོང་མིན་པའི་སྤྲུལ་པའི་སྐུའི་འཆད་ཚུལ་ཕྱོགས་གཅིག་ལ། ལོངས་སྤྱོད་རྫོགས་པའི་སྣང་ཆ་དེ་ཉིད་ལས་གནས་རིས་བཅུ་གཉིས་སུ་སྤྲུལ་པའི་སྐུ་སྟོན་པ་བཅུ་གཉིས་སྤྲུལ་པ་དེ་དང་དུས་མཚུངས་པར་སྐུ་གསུང་ཐུགས་ཀྱི་སྤྲུལ་པའི་བསྟན་པ་ཆེན་པོ་གསུམ་དུ་སྣང་བས་འགྲོ་བའི་དོན་མཛད་པ་སྟེ། འཛམ་བུའི་གླིང་འདིར་ཆོས་སྐུའི་བསྟན་པ་དངོས་རྫོགས་པ་ཆེན་པོས་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་ལས་འཁྲུངས་པའི་རྡོ་རྗེ་ཕྱག་གང་བ་དང་། ལོངས་སྤྱོད་ཡོངས་སུ་རྫོགས་པར་སྤྱོད་པའི་བསྟན་པ་དངོས་རང་བྱུང་བ་བསྟན་པ་བུ་གཅིག་པའི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་ལས་འཁྲུངས་པའི་གླེགས་བམ་སོར་བཞི་བ་ཆོས་ཉིད་ཀྱི་རང་སྒྲ་སྒྲོགས་པ། སྤྲུལ་པའི་སྐུ་སྟོན་པ་བཅུ་གཉིས་ཀྱི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་ལས་རང་བྱུང་བའི་སྐུ་གཟུགས་འགྲོ་བའི་ལུས་བོངས་དང་མཉམ་པ་སྟེ། དེ་གསུམ་ནི་འདུས་མ་བྱས་པས་སྐྱེ་འཇིག་མེད་ཅིང་བྱིན་རླབས་ལས་རང་བྱུང་དུ་ཤར་བས་རྫུ་འཕྲུལ་དང་ཡོན་ཏན་དཔག་ཏུ་མེད་པས་གང་དང་འཕྲད་པས་འཇིག་རྟེན་གྱི་ཁམས་སུམ་བྱོན་དང་འབྱོན་གྱུར་གྱི་སངས་རྒྱས་སྤྲུལ་པའི་སྐུ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བསྟན་པ་འཕེལ་བར་བྱེད་པའི་རྟེན་ཡིན་ལ་མཐོང་ཐོས་རེག་པས་རྡོས་བཅས་རང་དེངས་སུ་འགྲོ་བའི་ཕྲིན་ལས་ཀྱི་བདག་ཉིད་ཅན་ཞིག་གོ། །དེ་ཡང་རྟག་པ་རྒྱུན་གྱི་འཁོར་ལོའི་རང་བཞིན་ཅན་ཏེ་གང་དུ་བཞུགས་པའི་གནས་ནི་སྐུ་གསུང་ཐུགས་ཀྱི་བསྟན་པས་འདུལ་བའི་དུས་ཀྱི་དབང་གིས་གནས་སོ་སོར་བཞུགས་ཤིང་། རྡོ་རྗེ་ནི། སྐུའི་བསྟན་པའི་དུས་སུ་ཨོ་རྒྱན་གྱི་ཡུལ་རྒྱ་མཚོའི་གླིང་ན་བཞུགས་ཤིང་འོད་དང་སྒྲ་དང་དགེ་སློང་རྫུ་འཕྲུལ་དང་ལྡན་པའི་སྤྲུལ་པ་གྲངས་མེད་པ་འབྱུང་བར་བྱེད། གསུང་གི་བསྟན་པའི་དུས་སུ་རི་མ་ལ་ཡ་ལག་ན་རྡོ་རྗེའི་གནས་སུ་གནོད་སྦྱིན་གྱི་རྒྱལ་པོ་རྣམས་ཀྱིས་ཕྱག་བྱེད་དོ། །ཐུགས་ཀྱི་བསྟན་པའི་དུས་སུ་རྡོ་རྗེ་གདན་གྱི་སྟེང་གི་ནམ་མཁའ་ལ་གནས་སོ། །གླེགས་བམ་ནི། སྐུའི་བསྟན་པའི་དུས་སུ་རྡོ་རྗེ་གདན་གྱི་སྟེང་དུ་དཔག་ཚད་ལྔ་བརྒྱ་འཕགས་པའི་ནམ་མཁའ་ལ་ཌཱ་ཀི་མ་རྣམས་ཀྱིས་བཟུང་ནས་གནས་སོ། །གསུང་གི་བསྟན་པའི་དུས་སུ་འདི་ཉིད་དང་ལྷན་ཅིག་ཏུ་གནས་སོ། །ཐུགས་ཀྱི་བསྟན་པའི་དུས་སུ་རབ་ཏུ་ཁྲོས་པ་དྲང་སྲོང་གི་ཕུག་བར་གནས་སོ། །སྐུ་གཟུགས་ནི། སྐུའི་བསྟན་པའི་དུས་སུ་འདི་ཉིད་ཀྱི་བྱིན་རླབས་ཀྱིས་སངས་རྒྱས་ཀྱི་སྐུ་དངོས་དང་། དེ་ཉིད་ཀྱི་སྤྲུལ་པ་དང་། ཡང་སྤྲུལ་རྣམས་དང་། ལྷན་ཅིག་ཏུ་གནས་ཤིང་། དེ་དག་གི་ཞལ་གྱི་དཀྱིལ་འཁོར་དང་དངོས་སུ་སྤྱོད་པའོ། །གསུང་གི་བསྟན་པའི་དུས་སུ་གཅིག་ཏུ་མ་ངེས་པར་འཛམ་གླིང་ཀུན་ཏུ་འཁོར་བར་གནས་ཏེ། ལྷ་དང་མིའི་འདུ་བ་ཁྱད་པར་ཅན་རྣམས་ཀུན་གྱིས་མཆོད་པའི་གནས་སུ་འགྱུར་ཞིང་། སྐབས་སུ་བསྟན་པའི་གནོད་པ་བྱུང་བའི་ཚེ་སྐུ་ལས་འོད་འབྱུང་། ཞལ་ནས་ཧཱུྃ་འབྱུང་། སྤྱན་ནས་ཡེ་ཤེས་ཀྱི་མེ་འབྱུང་ངོ་། །ཐུགས་ཀྱིས་འདུལ་བའི་བསྟན་པ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་ལག་ན་རྡོ་རྗེའི་ཁང་བ་རྩེགས་ཀྱི་ཡང་ཐོག་ན་མཉམ་པའི་རང་བཞིན་དཔའ་ཆེན་པོ་ཞེས་བྱ་བས་ཕྱག་མཛད་ཅིང་ཆོ་འཕྲུལ་རྒྱ་མཚོའི་བདག་ཉིད་དུ་བཞུགས་སོ། །དེ་དང་དུས་མཚུངས་པར་སྤྲུལ་པའི་སྐུ་སྟོན་པ་བཅུ་གཉིས་ཀྱང་གནས་རིས་བཅུ་གཉིས་སུ་བྱོན་ཏེ། གདུལ་བྱའི་གནས་བསྐལ་པ་དང་པོ་ལ་དགའ་ལྡན་བརྩེགས་པ་ཞེས་བྱ་བར། སྟོན་པ་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ། འཁོར་སངས་རྒྱས་སྟོང་རྩ་གཅིག །བསྟན་པ་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར། སྡུད་པ་པོ་ལྷའི་དགའ་བྱེད་དབང་ཕྱུག །གྲོགས་ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད། སེམས་ཅན་རྣམས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་ནའོ། །གནས་འཇིག་རྟེན་མི་མཇེད་དུ། སྟོན་པ་ཁྱེའུ་འོད་མི་འཁྲུགས་པ། འཁོར་མཁའ་འགྲོ་མ་འབུམ་ཁྲག་གཉིས། བསྟན་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། དུས་ཚེ་ལོ་བྱེ་བའི་དུས་ནའོ། །གནས་དྲོད་གཤེར་འདུས་པ་འོད་ཀྱིས་སྤུངས་པར། སྟོན་པ་དཔལ་འཇིགས་པ་སྐྱོབ་པའི་ཡིད། འཁོར་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག །བསྟན་པ་འཁོར་བ་དོང་སྦྲུགས་དང་། རྨ་བྱ་མཇིང་བསྣོལ། དཔལ་འབྱུང་བཞི་ཟད་པའི་རྒྱུད་རྣམས། དུས་ཚེ་ལོ་འབུམ་པའི་དུས་སུའོ། །གནས་ཆགས་འབྱུང་མངལ་དུ་སྣང་བར། སྟོན་པ་གཞོན་ནུ་རོལ་པ་རྣམ་པར་རྩེ་བ། འཁོར་གནོད་སྦྱིན་དང་སྲིན་པོ་སྟོང་ཕྲག་གཅིག །བསྟན་པ་སེམས་སྡེ་རྩ་བའི་རྒྱུད་ལྔ་དང་། ཡན་ལག་གི་རྒྱུད་དྲུག །དུས་ཚེ་ལོ་བརྒྱད་ཁྲིའི་དུས་སུའོ། །གནས་འཚོ་བྱེད་གཞོན་ནུའི་ལྡུམ་རར། སྟོན་པ་དྲུག་པ་རྡོ་རྗེ་འཆང་། འཁོར་སངས་རྒྱས་རབས་བདུན་ལ་སོགས་པ། བསྟན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སོགས། དུས་ཚེ་ལོ་བདུན་ཁྲིའི་དུས་སུའོ། །གནས་གསང་ཆེན་རོལ་པ་དུར་ཁྲོད་མེ་རི་འབར་བར། སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན། འཁོར་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན། ཆོས་ཕ་རྒྱུད་མ་རྒྱུད་ལ་སོགས་པ་རྒྱུད་སྡེ་དུ་མ། དུས་ཚེ་ལོ་དྲུག་ཁྲིའི་དུས་སུའོ། །གནས་སྲིན་ཕུག་རུ་ལུའི་སྒྲ་དང་ལྡན་པར། སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ། འཁོར་སྲིན་པོ་བྱེ་བ་གཅིག་ལ། ཆོས་རགས་པ་འདུལ་བའི་རྒྱུད་བཅུ་ལ་སོགས་པ། དུས་ཚེ་ལོ་ཁྲིའི་དུས་ནའོ། །གནས་བྱ་རྒོད་ཕུང་པོའི་རྒྱལ་པོའི་ཁབ་ན། སྟོན་པ་དགྲ་བཅོམ་པ་གསེར་འོད་དམ་པ། འཁོར་འཕགས་པ་ཉན་ཐོས་རྫུ་འཕྲུལ་དང་ལྡན་པ་དཔག་ཏུ་མེད་པ་ལ། དམ་པའི་ཆོས་འདུལ་བ་ཁྲི་ཕྲག་དཔག་ཏུ་མེད་པ། དུས་ཚེ་ལོ་ལྔ་སྟོང་ཐུབ་པའི་དུས་སུའོ། །གནས་སོགས་པོ་གཡུའི་སྨིན་མ་ཅན་བྱང་ཆུབ་ཀྱི་ཤིང་རྣམ་པར་རྒྱལ་བའི་དྲུང་དུ། སྟོན་པ་བརྩེ་བས་རོལ་པའི་བློ་གྲོས། འཁོར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཆོས་ཕྲ་བརྒྱུད་བདུན་པ་ལ་སོགས་པ། དུས་ཚེ་ལོ་སྟོང་གི་དུས་སུའོ། །གནས་བྱ་རྒོད་སྤུངས་བར། སྟོན་པ་འོད་སྲུང་བགྲེས་པོ། འཁོར་ཚེ་དང་ལྡན་པ་བདུན། དམ་པ་ཆོས་མདོ་སྡེ་དང་། ཀྲྀ་ཡ། ལུང་ཨ་ནུའི་ཆོས་ཁྲི་ཕྲག་བརྒྱད་ལ་སོགས་པ། དུས་ཚེ་ལོ་ལྔ་བརྒྱ་པའི་དུས་སོ། །གནས་རྡོ་རྗེ་གདན་བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ། སྟོན་པ་ཡབ་མངོན་རྫོགས་རྒྱལ་པོ། འཁོར་རིགས་གསུམ་མགོན་པོ་ལ། ཆོས་ངེས་པའི་དོན་འབའ་ཞིག །དུས་ཚེ་ལོ་སུམ་བརྒྱ་པའི་དུས་སོ། །གནས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་བར། སྟོན་པ་ཤཱཀྱ་ཐུབ་པ། འཁོར་རྣམ་པ་བཞི་ལ། ཆོས་བདེན་པ་རྣམ་པ་བཞིའི་འཁོར་ལོ་ལན་བཅུ་གཉིས་སུ་བསྐོར། དུས་ཚེ་ལོ་བརྒྱ་བའི་དུས་ནའོ། །དེ་ལྟར་ན་གནས་བཅུ་གཉིས་སུ་བྱོན་པ་དེ་དག་ལ་ཕུན་སུམ་ཚོགས་པ་ལྔ་རེ་བསྡོམས་པས་ཆོས་ཀྱི་རྣམ་གྲངས་དྲུག་ཅུ་འབྱུང་ཞིང་། མཛད་པ་ཕྲིན་ལས་ཀྱི་སྒོ་ཡང་། སྐུའི་མཛད་པ་བཅུ་གཉིས་ནི་གནས་མི་འདྲ་བ་བཅུ་གཉིས་སུ། སྟོན་པ་ཉིད་སྐུ་མདོག་ཕྱག་མཚན་མི་འདྲ་བ་བཅུ་གཉིས་སུ་སྤྲུལ་ནས་བྱོན་པས། གདུལ་བྱ་རིགས་མི་མཐུན་པ་བཅུ་གཉིས་ཀྱི་ཚོགས་མི་འདྲ་བ་དཔག་ཏུ་མེད་པའི་དོན་མཛད་པ་མི་འདྲ་བ་བཅུ་གཉིས་མཛད་པའི་མཛད་པ་ཞེས་སྐུའི་གཟི་མདངས་ལ་བསྟན་ནས་སྐུའི་བསྟན་པ་འཕེལ་བའི་དོན་དུ་བྱུང་བའོ། །སྐུ་དེ་དག་གི་དུས་སུ་གསུང་ཆོས་ཀྱི་འཁོར་ལོ་མི་འདྲ་བ་བཅུ་གཉིས་གསུངས་པས། འགྲོ་བའི་ངག་གི་བཅིངས་པ་མི་འདྲ་བ་བཅུ་གཉིས་ལས་གྲོལ་བར་མཛད་པའི་མཛད་པ་ཞེས་གསུང་གི་བསྟན་པ་འཕེལ་བའི་དོན་དུ་བྱུང་བའོ། །གསུང་དེ་ཙམ་ཞིག་གི་ཚེ་ན་ཐུགས་ཀྱི་དགོངས་པ་མི་འདྲ་བ་བཅུ་གཉིས་ཀྱིས། འགྲོ་བའི་རིགས་མི་འདྲ་བ་རྣམས་ཀྱི་རྟོག་པ་བཅུ་གཉིས་ལས་གྲོལ་བར་མཛད་པའི་མཛད་པ་ཞེས་ཐུགས་ཀྱི་བསྟན་པ་འཕེལ་བའི་དོན་དུ་བྱུང་བ་སྟེ། དེ་ལྟར་བསྟན་པ་ངེས་པའི་སྤྲུལ་པའི་སྐུ་གཅིག་ལ་ཆོས་ཀྱི་རྣམ་གྲངས་དགུ་བཅུ་རྩ་དྲུག་ཚོགས་དགོས་ཏེ། དེ་དག་དང་ལྡན་པ་ནི་བསྟན་པའི་བདག་པོ་ཞེས་བྱའོ། །གལ་ཏེ་མི་ལྡན་ན་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཁོལ་བུའི་བསྟན་པ་ཞེས་བྱ་སྟེ་དེ་དག་ཀྱང་སྔོན་གྱི་སེམས་བསྐྱེད་རྫོགས་པ་ལས་བྱུང་བའོ། །ཞེས་ཁྱད་པར་དུ་མ་དང་བཅས་པས་བཤད་ཅིང་། བཀོད་པ་ཆེན་པོ་ལས། ཕྱི་ལ་སོགས་པ་དགུ་ཡིས་ནི། །མཛད་པའི་བྱེ་བྲག་དགོས་པར་འགྱུར། །ཞེས་མཛད་པ་ལའང་སྐུ་གསུང་ཐུགས་ལ་ཕྱི་ནང་གསུམ་རེར་དབྱེ་བ་དང་། དེ་རེ་རེ་ལའང་བཞི་བཞིར་དབྱེ་བ་སོགས་མང་དུ་གསུངས་ཀྱང་འདིར་མི་སྤྲོ་ལ། དེ་དག་རྣམས་ཀྱང་ཁྱད་པར་གྱི་དགོངས་པའི་ཕྱོགས་གཅིག་ཏུ་མངོན་ཅིང་བདེ་བར་གཤེགས་པ་ཐབས་ལ་མཁས་པས་གདུལ་བྱའི་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་དང་རྗེས་སུ་མཐུན་པར་འཚམས་པའི་གཟུགས་ཀྱི་སྐུ་སྣང་ཞིང་། སངས་རྒྱས་ཀྱི་མཛད་པ་སྟོན་པ་ནི་ཚུལ་གཅིག་ལ་ཐ་དད་པ་དག་ཀྱང་འགལ་བར་མི་བསམ་ཏེ་སངས་རྒྱས་ཀྱི་རྣམ་འཕྲུལ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པའི་ཕྱིར་སོ་སྐྱེ་ལྟ་ཞོག་འཕགས་ཆེན་རྣམས་ཀྱི་བློའི་སྤྱོད་ཡུལ་ཀྱང་མ་ཡིན་ལ། དུས་དང་གདུལ་བྱ་སོགས་མཐའ་གཅིག་ཏུ་ངེས་གཟུང་མ་མཆིས་པས་ཕྱོགས་གཅིག་མཐོང་བས་གཅིག་ཤོས་ལ་སྨད་པར་མི་བྱ་སྟེ། འདི་ལྟར་འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ་ལས། འཇིག་པའི་བསྐལ་པ་འཆགས་པའི་བསྐལ་པར་མོས་ནའང་འཇིག་པའི་བསྐལ་པ་འཆགས་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་འཆགས་པའི་བསྐལ་པར་ཤེས་སོ། །འཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་མོས་ན་ཡང་འཆགས་པའི་བསྐལ་པ་འཇིག་པའི་བསྐལ་བར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་འཇིག་པའི་བསྐལ་པར་ཤེས་སོ། །འཇིག་པ་དང་འཆགས་པ་ཡང་གཞན་དུ་འགྱུར་བ་མ་ཡིན་ཏེ། མོས་པ་དེ་ལྟར་ཡང་འགྱུར་རོ། །དེ་བཞིན་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་མོས་ན་ཡང་དེ་ན་སེམས་ཅན་དེ་དག་གིས་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་ཤེས་སོ། །སྔ་དྲོ་བསྐལ་པ་ཙམ་དུ་མོས་ན་ཡང་དེ་བཞིན་དུ་འགྱུར་ཏེ། དེ་ནས་སེམས་ཅན་དེ་དག་གི་དེ་བཞིན་དུ་ཤེས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མོས་པ་ལས་བྱུང་བའི་རྫུ་འཕྲུལ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་སྐུ་གསུམ་པོ་དེ་སྐུ་ལྔར་དབྱེ་བ་ལ་འཆད་ཚུལ་གཉིས་ཏེ། ཟུར་གྱི་མཁས་པ་རྣམས་ནི། སྐུ་གསུམ་པོ་དེའི་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ་དང་། ངོ་བོ་དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་སྟེ་ལྔར་བཞེད་པས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ནི་སྐུ་མཚན་ཉིད་པ་ཡིན་ལ། གཞན་གཉིས་རྣམ་པའི་ལྡོག་ཆ་དང་ངོ་བོ་དབྱེར་མི་ཕྱེད་པའི་ཆ་ནས་བཞག་པས་སྐུ་བཏགས་པ་བར་བཞེད། ཀུན་མཁྱེན་ཀློང་ཆེན་པ་ནི། ཆོས་སྐུ་མངོན་བྱང་རྡོ་རྗེའི་སྐུ་གསུམ་པོ་སངས་རྒྱས་རང་སྣང་གི་སྐུ་མཚན་ཉིད་པ་དང་། ལོངས་སྤྲུལ་གཉིས་ནི་གདུལ་བྱ་གཞན་སྣང་གིས་བསྡུས་པའི་ཕྱིར་སྐུ་བཏགས་པ་བར་བཞེད། གང་ལྟར་བཤད་ཀྱང་འགལ་བར་མ་མཐོང་མེད་ཀྱི་འོན་ཀྱང་མཚན་ཉིད་ཀྱི་སྒོ་ནས་རྣམ་པར་བཞག་ན། གདོད་ནས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གྲོལ་སའི་ཀ་དག་ཆེན་པོ་སངས་རྒྱས་ཐམས་ཅད་གང་དུ་དབྱིངས་གཅིག་པའི་ཀློང་། ལམ་ཐམས་ཅད་ཀྱི་བགྲོད་པ་མཐར་ཕྱིན་པའི་ཆོས་ཉིད་དེ་ནི་རྣམ་པ་ཀུན་ཏུ་མི་འཕོ་ཞིང་མི་འགྱུར་བས་རྟག་བརྟན་འདུས་མ་བྱས་པས་མི་འགྱུར་རྡོ་རྗེའི་སྐུ་དང་། གདོད་ནས་དྲི་མ་དང་བྲལ་བས་རང་བཞིན་རྣམ་དག་དང་། གློ་བུར་སྒྲིབ་གཉིས་ཆ་བཅས་ཤིན་ཏུ་རྣམ་པར་བྱང་བས་ན་དག་པ་གཉིས་ལྡན་གྱི་སངས་རྒྱས་ཞེས་ཀྱང་བྱ་སྟེ། ཡེ་ཤེས་དྲྭ་བ་ལས། དབྱིངས་ཀྱི་དག་པ་རྡོ་རྗེའི་སྐུ། །མི་འགྱུར་མི་ཤིགས་བསམ་ལས་འདས། །ཞེས་སོ། དག་པ་གཉིས་ལྡན་དེ་ཉིད་ངང་ལས་སྣང་ཆ་མཁྱེན་པའི་ཡེ་ཤེས་མ་འགག་པའི་རྩལ་གྱིས་བྲལ་བའི་ཡོན་ཏན་སྟོབས་བཅུ། མི་འཇིགས་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ཐུགས་རྗེ་ཆེན་པོ་ལ་སོགས་མཁྱེན་བརྩེ་ནུས་པའི་ཡོན་ཏན་རྣམས་མངའ་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ་ཞེས་བྱ་བ་མ་འདྲེས་པའི་ཆོས་ཐམས་ཅད་ཀྱི་འཆར་གཞིར་གནས་པ་སྟེ། སྔ་མ་ལས། དྲི་མ་བྲལ་ཕྱིར་བྱང་བ་སྟེ། །ཡོན་ཏན་རྒྱས་པས་ཆུབ་པ་ཉིད། །གཉིས་མེད་འདྲེས་ཕྱིར་ཟུང་འཇུག་ཕྱིར། །མངོན་པར་བྱང་ཆུབ་སྐུར་བརྗོད་དོ། །ཞེས་བཤད་པ་ལྟར་རོ། །ཡེ་ཤེས་ཀྱི་སྒོ་ནས་བཞག་ན། ཆོས་དབྱིངས་ཡེ་ཤེས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཡེ་ཤེས་ཕྱི་མ་བཞི་པོ་རྟེན་བརྟེན་པའི་ཆ་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་བཤད་ཅིང་། ཕྱིས་ཀྱི་ངེས་དོན་སྨྲ་བའི་མཁས་པ་ཆེན་པོ་དག་གིས་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་དོན་དམ་པ་དང་། ཕྱི་མ་བཞི་པོ་ལ་ཀུན་རྫོབ་ཀྱི་ཆ་ཅི་རིགས་པར་འདྲེས་པར་བཤད་པ་དང་དོན་གཅིག་ལ། ཡེ་ཤེས་དེ་དག་ཀྱང་སྔ་མ་ནི། རྒྱུད་བླ་མ་ལས། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཅེས་སོགས་གསུངས་པ་ལྟར་ཆོས་ཀྱི་སྐུ་དང་། ཕྱི་མ་བཞི་པོ་རིམ་བཞིན། མདོ་སྡེ་རྒྱན་དུ། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ལ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཅེས་དང་། མཉམ་ཉད་ཡེ་ཤེས་སེམས་ཅན་ལ། །བསྒོམ་པ་དག་པ་ལ་འདོད་དོ། །མི་གནས་ཞི་བར་བཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་རྣམས་ཀུན་ཏུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོས་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཅེས་དང་། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ། །འབྱོར་པ་ཐམས་ཅད་ཀུན་ཏུ་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་ལོངས་སྤྱོད་རྫོགས་པའི་སྐུ་དང་། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་གྱི་དོན་སྒྲུབ་པའོ། །ཞེས་པ་ནི་སྤྲུལ་པའི་སྐུའོ། །འདི་ལ་ཀུན་མཁྱེན་ཆེན་པོས། ཆོས་དབྱིངས་མཉམ་ཉིད་གཉིས་གནས་ལུགས་གཟིགས་པའི་ཆ་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཡེ་ཤེས་གཞན་གསུམ་པོ་འཆར་གཞི་དང་། ཡུལ་གཟིགས་པ་དང་། འགྲོ་དོན་མཛད་པའི་ཆ་ནས་ཇི་སྙེད་མཁྱེན་པའི་ཡེ་ཤེས་སུ་བཤད་དེ། ཐལ་འགྱུར་ལས། ཇི་ལྟར་མཁྱེན་པའི་དངོས་པོ་ཡིས། །གནས་ལུགས་རང་གི་དོན་དུ་ཤེས། །ཇི་སྙེད་པ་ཡིས་གདུལ་བྱ་ཡི། །བསམ་པ་ཇི་ལྟར་གནས་པ་ཤེས། །དེ་ལྟར་ཐུགས་རྗེའི་འཆར་ཚུལ་ལས། །གདུལ་བྱའི་འགྲོ་བ་ཐ་དད་ལ། །འདུལ་བྱེད་སྐུ་ཡང་དེ་ཙམ་མོ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཆེན་པོའི་གོ་འཕང་དེ་ཉིད་རྒྱུའི་ཐེག་ཆེན་གྱི་ལམ་ལྔ་ས་བཅུ་མཐར་ཕྱིན་པའི་རྒྱུན་མཐའི་བར་ཆད་མེད་ལམ་ལ་བརྟེན་པའི་བྱང་ཆུབ་སེམས་དཔའ་འཚང་རྒྱ་ཀ་མ་དེ་ལ་ཕྱོགས་བཅུ་རབ་འབྱམས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་བར་མཛད་པ་མདོ་ལས་གསུངས་པས་རང་སའི་སྒྲིབ་པ་གཉིས་བྱང་བར་གྱུར་ཀྱང་། དཀར་དམར་རླུང་གསུམ་ལ་བརྟེན་པའི་འགྱུར་བ་དེ་མྱོང་བའི་སྣང་གསུམ་འཕོ་བའི་བག་ཆགས་ཕྲ་བ་འདོད་ཆགས་ཆེན་པོའི་དབང་བསྐུར་ལ་མ་བརྟེན་པར་སྦྱོང་བའི་ཐབས་མེད་པར་སྔགས་བླ་མེད་ཀྱི་རྒྱུད་དང་འགྲེལ་བ་རྣམས་སུ་ཅི་རིགས་པར་བཤད་པ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་ཀྱང་། ཐེག་པ་གསུམ་གྱི་ངེས་འབྱུང་གི། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པའི་དགོངས་པ་དང་ཡང་འབྱོར་བའི་ཕྱིར་རྒྱུའི་ཐེག་པའི་མཐར་ཐུག་སྔགས་ལ་བརྟེན་ནས་འགྲུབ་དགོས་པ་ནི་རྒྱུ་འབྲས་ཀྱི་ཐེག་པ་སོ་སོའི་མིང་གིས་ཀྱང་ཤེས་ནུས་སོ། །འོ་ན་རྒྱུའི་ཐེག་ཆེན་དུ་འབྲས་བུའི་རྣམ་གཞག་གསུངས་པ་དོན་མེད་དུ་འགྱུར་རོ་སྙམ་ན། སྐྱོན་མེད་དེ། དབང་རྟུལ་རྒྱུའི་ཐེག་པར་མོས་པ་དག་གི་ངོར་དེ་ལྟར་བསྟན་དུ་ཟིན་ཀྱང་མདོའི་ངེས་དོན་མཐར་ཐུག་པ་སྔགས་སུ་གནས་ཤིང་། དེར་རང་བཞིན་ཡོངས་གྲུབ་དང་། ཆོས་ཉིད་འོད་གསལ། དམ་པའི་བདག་སོགས་སྤྱི་ཙམ་ཞིག་གསུངས་ནས། གནས་ལུགས་ཤིན་ཏུ་རྒྱས་པ་ཆེན་པོ་དང་དེ་ཉིད་རྟོགས་པའི་ཐབས་ཀྱི་སྒོ་ཡོངས་སུ་རྫོགས་པ་སྔགས་སུ་བསྟན་པའི་ཕྱིར་སྔགས་ཀྱི་སངས་རྒྱས་དེ་ཉིད་མདོ་ལམ་གྱི་སངས་རྒྱས་མ་ཡིན་པར་མི་འགྱུར་ཏེ། ལམ་རིང་བའི་སྣེ་ཉེ་ལམ་དང་འཕྲད་པ་ཞིག་ལ་དེ་གཉིས་གང་ནས་ཕྱིན་ཀྱང་དོན་གྱི་གནས་སུ་གཅིག་པ་བཞིན་ནོ། །འོ་ན་སྔགས་མ་གཏོགས་མདོའི་ལམ་བསྟན་པ་དོན་མེད་དོ་སྙམ་ན། དེ་ཡང་མ་ཡིན་ཏེ། བགྲོད་ཐག་ཤིན་ཏུ་ཉེ་ཡང་ངམ་གྲོག་དང་། གཡང་སའི་ལམ་ལ་སྐྱེས་བུ་ལུས་དང་བློ་སྟོབས་ཆེ་བ་མ་གཏོགས་འཇུག་མི་ནུས་པ་བཞིན་སྔགས་ཀྱི་གདུལ་བྱ་དབང་རྣོན་བློ་སྟོབས་ཆེ་བ་མ་གཏོགས་ཁེ་ཉེན་ཆེ་བའི་ཕྱིང་དང་། བགྲོད་ཐག་རིང་ཡང་ངམ་གྲོགས་སོགས་ཀྱི་འཇིགས་པ་མེད་པར་ལུས་དང་བློ་སྟོབས་ཉམས་དམའ་བས་འཇུག་པས་དལ་བུས་ཕྱིན་པས་ཁེ་ཉེན་ཆུང་བ་ལྟར་མདོའི་རིང་ལམ་བསྟན་པའང་ཐམས་ཅད་མཁྱེན་པ་ཐབས་ལ་མཁས་པའི་ཕྱིར་ཆོས་སྟོན་ཚུལ་བླ་ན་མེད་པ་ཉིད་དུ་ཤེས་པར་བྱ་བ་གནད་དམ་པ་ཡིན་ལ། དེ་ལྟར་མ་ཡིན་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་དགོངས་གཞི་འགལ་བ་ཅན་དུ་འགྱུར་ཞིང་མཐར་ཐུག་ཐེག་པ་གཅིག་ཏུ་མི་འདུ་བ་དང་། ངེས་དོན་གྱི་ཕྱོགས་ཀྱང་གཉིས་སུ་འགྱུར་བ་སོགས་ཀྱི་སྐྱོན་ཆེན་པོ་གནས་པའི་ཕྱིར་རྒྱལ་བའི་ཕྲིན་ལས་ཆུད་མི་གསན་པ་ལ་མཁས་པར་བྱ་དགོས་སོ། །བཞི་པ་རྒྱུ་འབྲས་ཐེག་པའི་སྐུ་དང་ཡེ་ཤེས་ཀྱི་ཁྱད་པར་སྟོན་པ་ནི། སྔོན་གྱི་མཆོག་གཟིགས་མཁས་པ་ཆེན་པོ་དག་རྒྱུ་འབྲས་ཐེག་པའི་ཁྱད་པར་དང་བློ་གྲོས་རྣམ་འབྱེད་ཀྱི་ཆེད་དུ་མདོ་དང་སྔགས་སུ་བཤད་ཚོད་ཀྱི་སངས་རྒྱས་ལ་ཁྱད་པར་འདི་ལྟར་དཔྱད་དེ། ཆོས་སྐུ་ལ་ངོ་བོ། མཚན་ཉིད། བྱིན་རླབས་ཀྱི་ཁྱད་པར་དང་གསུམ་ལས། དང་པོ་ནི། མཚན་ཉིད་ཐེག་པའི་ཆོས་སྐུ་སྤྲོས་པ་དང་བྲལ་བའི་སྟོང་ཉིད་ནམ་མཁའ་ལྟ་བུ་ཡིན་ཏེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་མ་ལུས་སྐམ་པོ་དག །བསྲེགས་པས་ཞི་དེས་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པ་ལྟར་རོ། །སྔགས་ཀྱི་ཆོས་སྐུ་ནི་དབྱིངས་དང་ཡེ་ཤེས་ཀྱི་རང་བཞིན་སྣང་སྟོང་ཟུང་དུ་འཇུག་པ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་དངོས་པོ་མེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ནི། མཚན་ཉིད་ཐེག་པའི་ཆོས་སྐུ་སྟོང་པའི་མཐར་ལྷུངས་ལ། སྔགས་ཀྱི་ཆོས་སྐུ་ནི་སྣང་སྟོང་གཉིས་སུ་མེད་པས་རྟག་ཆད་ཀྱི་མཐར་མ་ལྷུང་བའོ། །གསུམ་པ་ནི། མཚན་ཉིད་ཀྱི་ཆོས་སྐུ་ལས་བྱིན་རླབས་གཟུགས་སྐུ་གཉིས་ལས་མི་འཆར། སྔགས་ཀྱི་ཆོས་སྐུ་ནི་དབྱིངས་དང་ཡེ་ཤེས་སྣང་སྟོང་ཟུང་དུ་འཇུག་པའི་བྱིན་རླབས་ལས་སྐུ་ལྔ་ལ་སོགས་པ་ཅི་རིགས་པར་འཆར་རོ། །དེ་བཞིན་དུ་ལོངས་སྐུ་དང་སྤྲུལ་སྐུའི་ཁྱད་པར་ཡང་འདི་ལྟར་ཡོད་དེ། རྒྱུ་མཚན་ཉིད་ཀྱིས་གཟུགས་སྐུ་གཉིས་རྒྱུ་རྐྱེན་གྱིས་བསྐྱེད་པར་འདོད་ལ། སྔགས་ཀྱི་གཟུགས་སྐུ་ནི་རྒྱུ་དང་རྐྱེན་གྱིས་བསྐྱེད་པར་མ་བྱུང་སྟེ། སྔ་མ་ལས། རྒྱུ་རྐྱེན་རག་ལུས་མེད་པའི་ཕྱིར། །ཞེས་སོ། །དབྱེ་ན་གཉིས་ཏེ། ལོངས་སྐུའི་ཁྱད་པར་དང་། སྤྲུལ་སྐུའི་ཁྱད་པར་རོ། །ལོངས་སྐུའི་ཁྱད་པར་ལའང་གཉིས་ཏེ། ལོངས་སུ་སྤྱོད་པའི་ཁྱད་པར་ནི། མཚན་ཉིད་ཐེག་པའི་ལོངས་སྐུས་དཀར་པོའི་ཕྱོོགས་ལ་ལོངས་སྤྱོད་པ་ལས་ནག་པོའི་ཕྱོགས་ལ་མི་སྤྱོད། སྔགས་ཀྱི་ལོངས་སྐུ་ནི་གཉིས་ཀ་ལ་ལོངས་སྤྱོད། སྤྱོད་བྱེད་ཐབས་ཀྱི་ཁྱད་པར་ཡང་། མཚན་ཉིད་ཐེག་པར་ནག་པོའི་ཕྱོགས་ལ་ལོངས་སྤྱོད་པའི་ཐབས་མེད། སྔགས་ལ་དཀར་ནག་གཉིས་ཀར་ལོངས་སྤྱོད་པའི་ཐབས་ཡོད་པའི་ཕྱིར་རོ། །སྤྲུལ་སྐུ་ལའང་ཁྱད་པར་གཉིས་ལས། གདུལ་བྱ་ཡུལ་གྱི་ཁྱད་པར་ནི། མཚན་ཉིད་ཐེག་པའི་སྤྲུལ་སྐུས་དཀར་ཕྱོགས་ཀྱི་གདུལ་བྱ་འདུལ་བ་ལས་ནག་ཕྱོགས་ཀྱི་གདུལ་བྱ་མི་འདུལ། སྔགས་ཀྱི་སྤྲུལ་སྐུའི་གདུལ་བྱ་ལ་ཕྱོགས་རིས་མེད་པའོ། །འདུལ་བྱེད་ཐབས་ཀྱི་ཁྱད་པར་ཡང་། རྒྱུ་མཚན་ཉིད་ཀྱི་སྤྲུལ་སྐུ་ལ་ནག་ཕྱོགས་འདུལ་བའི་ཐབས་མེད། སྔགས་ཀྱི་སྤྲུལ་སྐུ་ནི་གདུལ་བྱ་དཀར་ནག་གི་ཕྱོགས་གཉིས་ཀ་འདུལ་བའི་ཐབས་དང་ལྡན་པའོ། །གཞན་ཡང་ཆོས་སྐུ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པ་དང་། ལོངས་སྐུ་ངེས་པ་ལྔ་ལྡན་ཀྱང་ཞིང་དང་སྟོན་འཁོར་ཐམས་ཅད་རང་སྣང་གཞིའི་འོད་གསལ་ཆེན་པོར་ལྷུན་གྱིས་གྲུབ་པའི་སྣང་ཆ་ལས་གཞན་སྣང་གིས་བསྡུས་པ་མིན་པ་དང་། སྤྲུལ་སྐུ་ཡང་འདུལ་བ་རྣམ་པ་བཞིའི་སྒོ་ནས་ཕྲིན་ལས་རྣམ་པ་བཞི་རབ་འབྱམས་ཅི་ཡང་རུང་བ་ལ་མངའ་དབང་བསྒྱུར་ནས་གདུལ་བྱའི་དོན་མཛད་པ་ལ་དབང་འབྱོར་པ་སོགས་ཁྱད་པར་གཞན་ཡང་ཡོད་པར་ཤེས་པར་བྱའོ། །དེ་ཉིད་ཀྱིས་འགྲོ་བའི་དོན་མཛད་པ་དེ་ཡང་། གང་གི་ཚེ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་མཛད་པ་ན་རང་གི་ངོ་བོའི་ཆ་ལས་གདུལ་བྱ་སེམས་ཅན་གྱི་ཁམས་རབ་འབྱམས་རྒྱ་མཚོ་དང་འདུལ་བྱེད་ཐབས་ཀྱི་ཁྱད་པར་དེ་སྙེད་ཀྱང་ཐུགས་རྗེ་ཆེན་པོའི་རོལ་པ་ལས་གཞན་དུ་མ་གྱུར་བ་སྟེ། ཐམས་ཅད་རོ་གཅིག་པར་འབད་མེད་ལྷུན་གྲུབ་ཏུ་གནས་པས་གདུལ་བྱའི་བསོད་ནམས་ཀྱི་ཚོགས་དང་། རྒྱལ་བའི་ཐུགས་བསྐྱེད་ཀྱི་ཁྱད་པར་སོགས་རྒྱུ་དང་རྐྱེན་ལ་མ་ལྟོས་པར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་གང་ཡིན་པ་དེ་དང་སངས་རྒྱས་ཀྱི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཉིད་ཀུན་ཁྱབ་ཀྱི་རང་བཞིན་འགྲོ་འོང་འཕོ་འགྱུར་མེད་པར་ཏིལ་གྱི་ཁམས་ལ་སྣུམ་གྱིས་ཁྱབ་པ་བཞིན་རྣམ་པར་དབྱེར་མེད་པའི་བདག་ཉིད་ཅན་དུ་བཞུགས་པ་ནི་གཤིས་ལུགས་སུ་ཁྱབ་པའི་ཕྲིན་ལས་འདུས་མ་བྱས་པའི་ངོ་བོས་རྟག་པ་དང་། ཁྱབ་པ་དང་། ལྷུན་གྱིས་གྲུབ་པའི་མཚན་ཉིད་ཅན་ཏེ། དད་པའི་སྟོབས་བསྐྱེད་པ་འཇུག་པའི་མདོ་ལས། འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ན་མུ་སྟེགས་ཅན་གྱི་གནས་ཐམས་ཅད་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལས་བྱ་བ་ཐམས་ཅད་གང་ཅི་འབྱུང་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །ཞེས་དང་། རྒྱུད་བླ་མ་ལས། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་རྟག་པའི་དོན་དང་། དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱི། །འགྲོ་བ་རྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་དག་འཇུག །ཅེས་ཁྱབ་པ་དང་ལྷུན་གྱིས་གྲུབ་པའི་དོན་དང་། མདོ་སྡེ་ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་གསུངས་པ་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དེ་ཉིད་གདུལ་བྱ་སོ་སོའི་རྒྱུད་ལ་སྐལ་བ་དང་འཚམས་པར་སད་ཚུལ་ལ་ལྟོས་ནས་མྱང་འདས་ཀྱི་རྒྱུད་ཀྱིས་བསྡུས་པའི་འབད་རྩོལ་དང་རྣམ་པར་མི་རྟོག་བཞིན་དུ་གཤེགས་སྙིང་གི་རྩལ་འཁོར་བ་ལྟར་ཤར་བ་གློ་བུར་གྱི་ཆོས་དང་འཛོམ་པ་ལས། རྣམ་གྲོལ་གྱི་ལམ་སྟོན་པ་དགེ་བའི་བཤེས་གཉེན་དང་། ལམ་གྱི་སྟེགས་དང་། ལམ་གྱི་རྣམ་པར་ཤར་བ་དྲི་མ་སྦྱོང་བའི་གཉེན་པོར་འགྲོ་བས། བྱང་ཆུབ་ཀྱི་མྱུ་གུ་སྨིན་ཟིན་པ་དང་། སྨིན་པ་དང་། སྨིན་པར་འགྱུར་བའི་ཐབས་ཚུལ་ནི་བདེ་བར་གཤེགས་པའི་ཕྲིན་ལས་དང་ཐུགས་རྗེའི་རོལ་པ་རྨད་དུ་བྱུང་བ་སྟེ། སྒྱུར་འཕྲུལ་རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མི་གསོན། །ངན་སོང་སྦྱོངས་ཤིང་བྱང་ཆུབ་ཞིང་། །ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཞེས་གསུངས་པའི་ཕྱིར་རོ། །གཞན་དུ་མཉམ་གཞག་གི་ཡེ་ཤེས་ལ་གཡོ་བ་མེད་བཞིན་དུ་རྗེས་ཐོབ་ཀྱིས་སེམས་ཅན་གྱི་དོན་མཛད་པར་འདོད་པ། ཇི་སྐད་དུ། མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་བཤད་པ་དང་། གདུལ་བྱའི་དཀར་པོ་རྣམ་པར་འཕེལ་བའི་རྒྱུ་དང་སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་གྱི་རྐྱེན་ལས་འགྲོ་བའི་དོན་འབྱུང་བར་འདོད་པ་ནི། འཇུག་པ་ལས། ཞིང་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་པ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་སྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་གསུངས་པ་རྣམས་ཀྱང་ཐུན་མོང་གི་གདུལ་བྱ་ལ་ལྟོས་པའི་འཆད་ཚུལ་ཕྱོགས་རེ་ཙམ་ལས་ངེས་དོན་མཐར་ཐུག་ཡིན་དཀའོ། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེའི་རྣམ་གཞག་ལེགས་བཤད་སྣང་བའི་དགའ་སྟོན་ཅེས་བྱ་བ་ལས། རྒྱལ་བ་སྐུ་གསུམ་གྱི་སྟོན་པ་ཇི་ལྟར་བྱོན་པའི་ཚུལ་བཤད་པའི་ཚོམས་ཏེ། སྐབས་གཉིས་པའོ། །དེ་ལྟར་མི་མཇེད་འཇིག་རྟེན་གྱི་ཁམས་སུ་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་ཇི་ལྟར་བྱོན་པའི་ཚུལ་མདོ་ཙམ་སྨོས་ནས། ད་ནི་སྟོན་པ་དེ་དག་གིས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་ལས། ཐོག་མར་རྒྱུའི་ཆོས་འཁོར་གསུམ་གྱི་རྣམ་གཞག་འཆད་པ་ལ་གཉིས། གོ་དོན་སྤྱིར་དབྱེ་བའི་སྒོ་ནས་སྨོས་པ་དང་། སྐབས་དོན་བྱེ་བྲག་ཏུ་བསྡུས་ཏེ་འཆད་པའོ། །དང་པོ་ནི། དེ་ཡང་ཐོག་མར་ཐུབ་པ་མཆོག་གི་སྤྲུལ་སྐུས་རྒྱུའི་ཐེག་པའི་ཆོས་འཁོར་གསུམ་རིམ་པ་ཅན་དུ་བསྐོར་ཏེ། དང་པོ་བདེན་པ་བཞི་ལས་བརྩམ་པ་དང་། གཉིས་པ་མཚན་ཉིད་མེད་པ། གསུམ་པ་ལེགས་པ་རྣམ་པར་ཕྱེ་བའོ། །དང་པོ་ནི། སྟོན་པས་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བ་གང་ཞིག །ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་གཟིགས་ནས། མི་རྟག་པ། མི་གཙང་བ། སྡུག་བསྔལ་བ། བདག་མེད་པ། མི་སྡུག་པ་སོགས་ཡིད་འབྱུང་བའི་གཏམ་གྱིས་བསྐུལ་ནས། འཁོར་བ་ལ་མངོན་པར་ཆགས་པའི་བློ་འདོར་བར་བྱེད་པས་དོན་དམ་བདེན་པ་མཐོང་རུང་དུ་བསྒྲུབས་པས་ཐེག་ཆེན་གྱི་ལམ་སྟེགས་སུ་འགྱུར་བ་ལ་དགོངས་ཏེ། ཡུལ་ཝཱ་ར་ཎཱ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ་དུ། འཁོར་ལྔ་སྡེ་བཟང་པོ་ལ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། ལམ་དང་། འགོག་པ་བཞི་པོ་ལན་གསུམ་དུ་བཟླས་ནས་ཆོས་ཀྱི་ཚུལ་སྟོན་པ་ཐེག་དམན་ཉན་རང་གི་སྡེ་སྣོད་ལུང་སྡེ་བཞི་ལ་སོགས་པ་རྣམས་སོ། །གཉིས་པ་ནི། སྟོན་པས་ཆོས་ཀྱི་འཁོར་ལོ་བར་པ་བསྐོར་བ་གང་ཞིག །ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བ་དེ་ཙམ་གྱིས་དེ་བཞིན་གཤེགས་པའི་བརྩོན་འགྲུས་ཀྱི་རྒྱུན་མི་གཅོད་ཅིང་། དེའི་འོག་ཏུ་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཚུལ་རྒྱ་ཆེན་པོའི་གཏམ་གྱིས་སངས་རྒྱས་ཀྱི་ཚུལ་ཁོང་དུ་ཆུད་ནས་བདག་འཛིན་བཟློག་པའི་ཕྱིར་སྤྲོས་པའི་ཕྱོགས་གཅིག་འགོག་པ་རྣམ་གྲངས་པའི་དོན་དམ་བདེན་པ་རྟོགས་པས་ཐེག་ཆེན་གྱི་ལམ་དངོས་གཞི་ལ་དགོངས་ཏེ། རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་སོགས་སུ། གཙོ་བོར་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་རང་གི་ངོ་བོས་ཤིན་ཏུ་དབེན་པའི་སྨྲ་བསམ་བརྗོད་མེད་དེ་བཞིན་ཉིད་ཀྱི་ཚུལ་རྒྱ་ཆེ་བར་སྟོན་པ་ཐེག་ཆེན་བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ། རྒྱས་པ་ཤེར་ཕྱིན་བྱེ་བ་ཕྲག་བརྒྱ་པ་དང་། སྟོང་ཕྲག་བརྒྱ་པ། འབྲིང་པོ་ཉི་ཁྲི་ལྔ་སྟོང་སོགས་དང་། བསྡུས་པ་བརྒྱད་སྟོང་པ་ལ་སོགས་པ་དང་། དེ་ལས་འཕྲོས་པ་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱའོ། །གསུམ་པ་ནི། སྟོན་པས་ཆོས་ཀྱི་འཁོར་ལོ་མཐའ་མ་བསྐོར་བ་གང་ཞིག །ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་དེ་ཙམ་གྱིས་དེ་བཞིན་གཤེགས་པས་བརྩོན་འགྲུས་ཀྱི་རྒྱུན་མི་གཅོད་ཅིང་། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དང་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་སེམས་ཅན་དེ་དག་སངས་རྒྱས་ཀྱི་ཡུལ་ལ་འཛུད་པར་བྱེད་པས་ཡོད་མེད་ལ་སོགས་ལྟ་བའི་གཞི་ཐམས་ཅད་བཟློག་ནས་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་དངོས་སུ་སྟོན་པ་ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་ལ་དགོངས་ཏེ། རི་མ་ལ་ཡ་དང་། བྱང་ཆུབ་སྙིང་པོ་དང་། ཡངས་པ་ཅན་སོགས་སུ། དུས་ངེས་པ་མེད་པར། སྙིང་པོའི་གདུལ་བྱ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས་ལ། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ཀུན་ཏུ་བརྟག་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པ་གསུམ་དུ་ལེགས་པར་ཕྱེས་ཤིང་། གཞི་ལམ་འབྲས་བུའི་ཚུལ་དུ་གཏན་ལ་ཕབ་ནས་དེ་བཞིན་གཤེགས་པའི་སྙིང་པོའི་གནས་ལུགས་རྒྱ་ཆེ་པར་བསྟན་པ་སྟེ། ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེ་འདུས་པ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་། སངས་རྒྱས་ཕལ་པོ་ཆེ་དང་། ལང་ཀར་གཤེགས་པ་དང་། རྒྱན་སྟུག་པོ་བཀོད་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དང་། དགོངས་པ་ངེས་པར་འགྲེལ་བ་ལ་སོགས་པ་རྣམས་སོ། །དེའང་བྱེ་བྲག་སྨྲ་བ་རྣམས་ཀྱིས་ལུང་གི་ཆོས་འཁོར་ལ་མཐོང་ལམ་ཁོ་ནས་ཁྱབ་པ་འདོད་ཅིང་། མདོ་སྡེ་པས་མཐོང་སྒོམ་མི་སློབ་གསུམ་ཆར་ལ་ཆོས་འཁོར་དུ་འདོད། ཐེག་ཆེན་པས་ལམ་ལྔ་པོ་ཐམས་ཅད་ལ་ཆོས་འཁོར་དུ་བཞེད་པ་ཡིན་ནོ། །རྒྱུའི་ཐེག་པ་དེ་ལ་གྲུབ་མཐའི་སྒོ་ནས་དབྱེ་ན་གཉིས་ཏེ། ཐེག་དམན་ཉན་རང་དང་། ཐེག་ཆེན་བྱང་སེམས་སོ། །དང་པོ་ལའང་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ་གཉིས་ལས། དང་པོ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བས་ཤེས་བྱ་ཐམས་ཅད་གཞི་ལྔར་འདོད་པ་སྟེ། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་པ་མ་ཡིན་འདུ་བྱེད་ཀྱི་གཞི། འདུས་མ་བྱས་ཀྱི་གཞི་སྟེ་ལྔ་ལས། དང་པོ་ནི། རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཅན་གྱི་རགས་པའི་དངོས་པོ་བཅོམ་པའམ་བློས་སོ་སོར་བསལ་བ་ན། དེར་འཛིན་གྱི་བློ་འདོར་རུང་གི་ཆོས་སུ་དམིགས་པ་ཀུན་རྫོབ་བདེན་པའི་མཚན་ཉིད། བཅོམ་པའམ་བློས་བསལ་བས་དེར་འཛིན་གྱི་བློ་འདོར་དུ་མི་རུང་བ་དོན་དམ་བདེན་པའི་མཚན་ཉིད་དེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་བ་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་གཞན་ཡིན་ནོ། །ཞེས་བཤད་པ་བཞིན་དང་། འདིས་ཀུན་རྫོབ་བདེན་པ་དམ་དུ་མ་གྲུབ་ཀྱང་བདེན་གྲུབ་ཏུ་འདོད་དེ་དངོས་པོ་ཐམས་ཅད་ལ་བདེན་གྲུབ་ཀྱིས་ཁྱབ་པར་ཁས་བླངས་པས་སོ། །གཉིས་པ་ནི། སྒོ་ལྔ་ཡིད་དང་བཅས་པའི་རྣམ་ཤེས་ཀྱིས་ཕྱིའི་དོན་མཐོང་བ་དང་། གསུམ་པ་ནི། ཚོར་བ་འདུ་ཤེས་སོགས་སེམས་བྱུང་ལྔ་བཅུ་རྩ་གཅིག་པོ་ཐམས་ཅད་གཙོ་བོ་རྣམ་ཤེས་དང་ལྷན་ཅིག་ཡུལ་ལ་འཇུག་པས་དམིགས་པ་མཚུངས་པ་དང་། དཔྱོད་པ་མཚུངས་པ། དུས་མཚུངས་པ། རྟེན་མཚུངས་པ། རྫས་མཚུངས་པའི་སྒོ་ནས་དབང་པོས་དོན་ལ་བལྟས་པས་རྣམ་ཤེས་རྟོགས་པ་དང་། སེམས་བྱུང་གིས་ཀྱང་དོན་གྱི་ཁྱད་པར་རྟོགས་པ་གཟུང་འཛིན་དུས་མཉམ་དུ་སྐྱེ་བར་འདོད་པས་སེམས་དང་སེམས་བྱུང་གཉིས་ཀ་ཕྱི་རོལ་གྱི་དོན་རིག་པ་མ་གཏོགས་རང་རིག་པ་མེད་པར་འདོད་ལ། བཞི་པ་ནི། སྙོམས་འཇུག་སོགས་དང་མིང་ཚིག་ཡི་གེ་སོགས་དུས་གསུམ་རྫས་སུ་ཡོད་པ་དཔེར་ན། བུམ་པ་བུམ་པའི་འདས་པའི་དུས་སུ་ཡོད་ལ། མ་འོངས་པའི་དུས་སུའང་ཡོད། ད་ལྟའི་དུས་སུའང་ཡོད་པ་ལྟ་བུ་སྟེ། ལས་གང་བྱས་པའང་ཆུད་མི་ཟ་བར་རྫས་སུ་ཐོབ་པར་འདོད། ལྔ་པ་ནི། འདུས་མ་བྱས་ནམ་མཁའ་དང་། སོ་སོར་བརྟག་འགོག །སོ་སོར་བརྟག་མིན་འགོག་གསུམ་དང་། ལམ་བདེན་འཁོར་བཅས་དང་། ཡིད་ཀྱི་རྣམ་ཤེས་འཁོར་བཅས་ཟག་མེད་ཡིན་ལ། ལྷག་མ་རྣམས་ནི་ཟག་བཅས་སུ་འདོད་དོ། །གཉིས་པ་མདོ་སྡེ་པའི་འདོད་པ་ཕལ་ཆེར་བྱེ་སྨྲ་དང་མཚུངས་ལ། ཁྱད་པར་ནི། བྱེ་སྨྲས་གཟུགས་སུ་འདོད་པ་རིག་བྱེད་མ་ཡིན་པའི་གཟུགས་སྤོང་སེམས་རྒྱུན་ཆགས་པ་ལ་སོགས་པ་ཡིན་ཀྱང་། གཟུགས་ལ་བརྟེན་ནས་འབྱུང་བས་གཟུགས་བཏགས་ཡོད་ཙམ་དང་དུས་གསུམ་ཡང་རྫས་གྲུབ་ཏུ་མི་འདོད་ཅིང་། དབང་པོ་རྣམས་རྣམ་ཤེས་ཀྱི་བདག་ཅན་ཡིན་པ་དང་། ཡུལ་རྣམས་ཀྱང་ཤེས་པ་ལ་རྣམ་པ་གཏོད་བྱེད་ཀྱི་དམིགས་པའི་རྐྱེན་དུ་འདོད། སེམས་དང་སེམས་བྱུང་གི་གཞི་སྒོ་ལྔའི་རྣམ་ཤེས་དང་འཁོར་སེམས་བྱུང་གཟུགས་ལ་སོགས་པ་ཡུལ་ལ་དམིགས་ཏེ་གཟུགས་སྒྲ་ལ་སོགས་ཕྱི་རོལ་གྱི་ཡུལ་མཐོང་བ་མེད་ཀྱང་མེ་ལོང་ལ་རང་གི་བཞིན་དང་འདྲ་བའི་རྣམ་པ་གཏད་པ་ལྟར། སྐད་ཅིག་ད་ལྟའི་སྔ་ལོགས་སུ་གཟུགས་སོགས་ཀྱི་དོན་གྱི་རྣམ་པ་གཏོད་བྱེད་ཕག་ན་མོས་གཏད་པས། སྐད་ཅིག་ད་ལྟ་བ་ལ་གཟུགས་སོགས་དེ་དང་དེའི་རྣམ་པར་ཤར་བ་ཡིན་ཅིང་། སྐད་ཅིག་དེའི་མ་འོངས་པ་ལ་ད་ལྟའི་གཏོང་བྱེད་ཀྱི་ཕྱི་ལོགས་སུ་རྣམ་པ་གཏོད་པས་ཤེས་པ་ཕྱི་རོལ་གྱི་རྣམ་པར་ཤར་ཏེ་ཡུལ་དུ་དམིགས་པས་གཟུང་འཛིན་ཡུལ་ཅན་དུ་གྱུར་པ་ལ་དོན་རྟོགས་སོ་ཞེས་བཏགས་པ་སྟེ། རྣམ་ངེས་ལས། འདྲ་བ་ཉམས་སུ་མྱོང་བ་ལ། །དོན་མྱོང་ཞེས་ནི་རྣམ་པར་བརྗོད། །ཅེས་སོ། །སྣང་བ་ཤེས་པའི་ངོ་བོ་ཡིན་ཡང་རྣམ་པ་གཏོད་བྱེད་ཕྱི་རོལ་ན་མེད་པས་འཁྲུལ་པ་ཡིན་ལ། ཤེས་པ་ཐམས་ཅད་གསལ་བར་མྱོང་བ་རང་རིག་པ་ནི་མ་འཁྲུལ་པའོ་ཞེས་འདོད། ལྡན་མིན་འདུ་བྱེད་རྣམས་ཀྱང་གཟུགས་དང་། སེམས་དང་། སེམས་བྱུང་གི་གནས་སྐབས་ཙམ་ལས་རྫས་གཞན་དུ་མི་འདོད་ཅིང་འདུས་མ་བྱས་གསུམ་ནི་མོ་གཤམ་གྱི་བུ་ལྟར་རྫས་སུ་མེད་པའོ། །ཞེས་སྨྲའོ། །དེ་ལྟར་ཉན་ཐོས་རིགས་ངེས་རྣམས་ཀྱིས་སྤྱོད་པ་སོ་ཐར་བརྒྱད་གང་རུང་ལ་གནས་ཤིང་བདེན་པ་བཞི་ལ་མི་རྟག་པ་སོགས་བཞི་རེ་བསྒོམས་པས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གིས་དབེན་པར་རྟོགས་ཤིང་དེ་ཉིད་གོམས་པས་དུག་གསུམ་ས་བོན་དང་བཅས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའི་སྒྲིབ་པ་གཉིས་ལམ་ལྔ་མཐའ་ཕྱིན་པ་ན་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་སྟེ་ཐེག་པ་ཆད་པའི་ཚུལ་གྱིས་སྤངས་ཏེ་ལྷག་བཅས་དང་ལྷག་མེད་ཀྱི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པ་ཡིན་ལ། རང་སངས་རྒྱས་རྣམས་ཀྱིས་བདེན་བཞི་མི་རྟག་སོགས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་བཅུ་གཉིས་བསྣན་ནས་བསྒོམས་པས་ལམ་བགྲོད་ཚུལ་སྤྱིར་སྔ་མ་དང་མཚུངས་མོད། ཉན་ཐོས་པས་འཛིན་པ་གང་ཟག་གི་བདག་སྤང་བར་འདོད་ཀྱང་གཟུང་བ་ཡུལ་གྱི་དངོས་པོ་རྡུལ་ཕྲན་ཆ་མེད་དོན་དམ་དུ་འདོད་པ་གང་ཞིག །རང་སངས་རྒྱས་རྣམས་ཀྱིས་ཕྱིའི་དོན་བསླུས་པ་སེམས་སྣང་ཙམ་ལས་དོན་དམ་དུ་མི་བདེན་པར་འདོད་ཀྱང་ནང་འཛིན་བྱེད་ཀྱི་ཤེས་པ་བདེན་པར་འདོད་པ་སེམས་ཙམ་པ་དང་ཕྱོག་མཚུངས་ཏེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤང་ཕྱིར་དང་། །འཛིན་པ་མི་སྤང་ཕྱིར་དུ་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུས་ཚོགས་ལམ་ཆེན་པོ་མན་ཆད་དུ་བདག་མེད་པ་བསྒོམས་ནས་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་སྟན་ཐོག་གཅིག་ཏུ་མངོན་དུ་བྱེད་པས་དབང་པོ་རྣོ་རྟུལ་གྱི་དབང་གིས་ཉན་རང་གཉིས་ཐེག་པ་ཐ་དད་དུ་འབྱེད་པ་ཡིན་ལ། བསམ་པ་དང་རྟོགས་རིགས་ལ་ཁྱད་པར་ཆེར་མེད་ཅིང་དེའི་དབང་གིས་སྡེ་སྣོད་ཀྱང་གཅིག་གོ། །གཉིས་པ་ཐེག་ཆེན་བྱང་ཆུབ་སེམས་དཔའི་ཐེག་པ་ལའང་གྲུབ་མཐའི་སྒོ་ནས་གཉིས་ཏེ། རྣམ་རིག་སྨྲ་བ་དང་། དབུ་མ་པའོ། །དང་པོ་ནི། བྱེ་བྲག་སྨྲ་བས་འདོད་པའི་ཤེས་པ་དུས་ཆ་དང་རྡུལ་ཕྲན་ཕྱོགས་ཆས་གཞིག་ན་མི་རྙེད་པ་མདོ་སྡེ་པས་བཀག་པ་ལྟར་དོན་ལ་མ་རེག་ཅིང་ཕག་ན་མོའི་རྫས་ཀྱང་དམ་བཅའ་ཙམ་སྟེ། དེའི་ཕྱིར་ན་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་བཀའ་སྩལ་པ་ལྟར་ཆོས་ཐམས་ཅད་སེམས་ཀྱི་སྣང་ཆ་ཙམ་དུ་འདོད་པའི་ཕྱིར་རྣམ་རིག་སྨྲ་བའི་གྲུབ་མཐའ་བཏགས་ཤིང་། འདིས་ཀྱང་འཁོར་ལོ་ཐ་མའི་ལུང་གི་རྗེས་སུ་འབྲངས་ནས་ཆོས་ཐམས་ཅད་ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པ་གསུམ་གྱི་རྣམ་པར་གཞག་པ་ཁས་ལེན་པ་ཡིན་ལ། ཀུན་བརྟགས་ལའང་དབྱེ་ན། རྣམ་གྲངས་པའི་ཀུན་བརྟགས་དང་། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་གཉིས་ལས། སྔ་མ་ནི་ཐ་སྙད་གདགས་པའི་ཕྱིར་ཆོས་རྣམས་ཀྱི་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་བཏགས་པ་དོན་ལ་མེད་བཞིན་དུ་བློས་སྒྲོ་བཏགས་པ་རྣམས་སོ། །ཕྱི་མ་ནི་བདག་གཉིས་ལྟ་བུའོ། །གཞན་གྱི་དབང་ལའང་གཉིས་ཏེ། མ་དག་པའི་གཞན་དབང་དང་། དག་པའི་གཞན་དབང་ངོ་། །སྔ་མ་ནི། ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་བྱུང་། ཞེས་པ་ནས། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་བྱུང་པར་གྱུར་རོ། །ཞེས་པའི་བར་གསུངས་པ་ལྟར་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔས་བསྡུས་པ་རྣམས་སོ། །ཕྱི་མ་ནི། ཤིན་ཏུ་དག་པའི་རྒྱལ་བ་རྣམས་ཀྱི་སྐུ་དང་ཡེ་ཤེས་ཞིང་ཁམས་ལ་སོགས་པ་རྣམས་ཏེ། སྔ་མ་ལས་དང་བག་ཆགས་ཀྱི་རྐྱེན་གཞན་དང་། ཕྱི་མ་ནི་སྒྲིབ་པ་བྲལ་སྟོབས་ཀྱི་རྐྱེན་ལས་བྱུང་བས་ན་དེ་ལྟར་བཏགས་པའོ། །ཡོངས་སུ་གྲུབ་པའང་གཉིས་ཏེ། འགྱུར་མེད་དང་། ཕྱིན་ཅི་མ་ལོག་པའོ། །སྔ་མ་ནི། གནས་ལུགས་ཀྱི་དོན་ཆོས་དབྱིངས་འགྱུར་མེད་རང་བཞིན་འོད་གསལ་བའི་སྙིང་པོ་ཅན་ཏེ། རྒྱན་སྟུག་པོ་བཀོད་པ་ལས། སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །རབ་ཏུ་བརྟག་པར་གྱུར་པ་ཡིན། །ཞེས་གསུངས། ཕྱི་མ་ནི། ཟག་པ་མེད་པའི་ལམ་མཐར་ཕྱིན་ནས་འབྲས་བུའི་དམ་པ་ཀུན་གཞིའི་སྟེང་གི་ཉོན་མོངས་པ་ཆ་དང་བཅས་པ་རྣམ་པར་བྱང་བས་སྙིང་པོ་དེ་ཉིད་ཕྱིན་ཅི་མ་ལོག་པར་མངོན་དུ་གྱུར་པ་ལ་བཤད་དོ། །སེམས་ཙམ་པའི་གྲུབ་མཐའ་འདི་ལ་དབྱེ་ན། རྣམ་བདེན་པ་དང་། རྣམ་རྫུན་པ་གཉིས་ཏེ། སྔ་མས་སྔོན་པོར་འཛིན་པའི་མིག་ཤེས་ལ་སྔོན་པོ་སྔོན་པོར་སྣང་བ་ལྟར་གྲུབ་པར་ཁས་ལེན། ཕྱི་མས་ནི་སྔོན་པོར་སྣང་བ་སོགས་ཐམས་ཅད་དོན་དང་བློ་གཉིས་ཀའི་ངོ་བོར་མེད་དེ་མ་རིག་པའི་བག་ཆགས་ལ་སྒྲོ་བཏགས་ནས་དེ་ལྟར་སྣང་བ་བློ་མ་རིག་པའི། སླད་པ་ཞུགས་པའི་ཤེས་པ་ལས་རྫས་གཞན་མ་ཡིན་པར་འདོད་པ་སྔ་མ་ལས་ཅུང་ཟད་འཕགས་ཤིང་། དེ་ལ་དབྱེ་ན་གཟུང་འཛིན་གྲངས་མཉམ་པ་དང་། སྣ་ཚོགས་གཉིས་མེད་པ། སྒོ་ང་ཕྱེད་ཚལ་པ་སོགས་ཡུལ་ཤེས་གཉིས་ཀྱི་ས་དབྱེ་བས་ཐ་དད་པ་དང་། རྣམ་རྫུན་པ་ལའང་སེམས་ཀྱི་ངོ་བོ་མ་རིག་པའི་བག་ཆགས་ཀྱི་དྲི་མས་བསླད་པ་དང་མ་བསླད་པར་འདོད་པས་དྲི་བཅས་དྲི་མེད་གཉིས་སུ་དབྱེ་ལ། གཟུང་འཛིན་གྲངས་མཉམ་པ་ལ་རྣམ་ཤེས་ཚོགས་བརྒྱད་སྨྲ་བ་གཉིས་སོ། །སྣ་ཚོགས་གཉིས་མེད་པ་ལ་ཚོགས་དྲུག་འདོད་པ་དང་རྣམ་ཤེས་གཅིག་པུར་འདོད་པ་གཉིས་སོགས་དབྱེ་བས་མཐའ་ཡས་པར་འགྱུར་ཞིང་། འདི་ཉིད་ཉན་རང་གི་ཐེག་པ་ལས་ཅུང་ཟད་འཕགས་ཀྱང་ཡོངས་གྲུབ་དོན་དམ་པའི་བདེན་པ་ཇི་བཞིན་མ་རྟོགས་ཏེ། རྣམ་བདེན་རྫུན་གཉིས་ཀས་ཕྱི་རོལ་ཡུལ་གྱི་རྣམ་པ་བདེན་མེད་དུ་རྟོགས་ཀྱང་གཉིས་སུ་མེད་པའི་ཤེས་པ་རང་རིག་རང་གསལ་དོན་དམ་པར་བདེན་པ་དང་ཡོངས་གྲུབ་ཏུ་ཁས་བླངས་པའི་ཕྱིར་རོ། །གཉིས་པ་དབུ་མ་པ་ལ་གཉིས། རགས་པ་ཕྱིའི་དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བ་དང་། ཕྲ་བ་ནང་གི་ངེས་དོན་དབུ་མ་ཆེན་པོའོ། །དང་པོ་ལའང་། རང་རྒྱུད་སྨྲ་བའི་དབུ་མ་དང་། ཐལ་འགྱུར་བ་གཉིས་ལས། དང་པོ་ནི། བྱེ་མདོ་སེམས་གསུམ་གྱི་གྲུབ་མཐའ་ནི་དངོས་པོར་འཛིན་པའི་མཐར་ལྷུང་བའི་ཕྱིར་འཛིན་ཞེན་གྱི་སྤྲོས་པ་ལས་མི་ལྡོག་ལ། འདིར་ཆོས་ཐམས་ཅད་མཐའ་གཉིས་གང་དུའང་མ་ལྷུང་བའི་དབུས་མ་ཉིད་ཁས་བླངས་པའི་ཕྱིར་དབུ་མ་སྟེ། དེ་ཡང་ཆོས་ཐམས་ཅད་ཀུན་རྫོབ་བློ་འཁྲུལ་པའི་ཤེས་ངོ་ལ་ཡོད་ཅིང་། དོན་དམ་པར་བློ་མ་འཁྲུལ་པའི་རིག་ཤེས་སུ་མེད་པར་འདོད་པ་གང་ཞིག་རང་རྒྱུད་སྨྲ་བའི་དབུ་མའི་འདོད་པ་སྟེ། དེ་ལ་དབྱེ་ན། སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ་དང་། སྣང་ལ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་གཉིས་དང་། དོན་དམ་ལའང་མྱུ་གུ་བདག་ལས་མི་སྐྱེ་བ་སོགས་སྤྲོས་པ་ཕྱོགས་རེ་གཅོད་པ་རྣམ་གྲངས་པ་དང་། མྱུ་གུ་བདག་ལས་མི་སྐྱེ་གཞན་ལས་ཀྱང་མི་སྐྱེ་བ་སོགས་མཐའ་བཞིའི་སྤྲོས་པ་རྣམས་གཅོད་པ་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་སུ་འདོད་ལ། མཚན་ཉིད་ནི། དཔྱོད་བྱེད་ཀྱི་རིག་པས་དགག་པར་ནུས་པ་ལ་དཔྱད་མི་བཟོད་པ་ཀུན་རྫོབ་དང་། རིག་པས་དགག་མི་ནུས་པ་ལ་དཔྱད་བཟོད་པ་ཞེས་དོན་དམ་བདེན་པའི་མཚན་ཉིད་དེ། འདི་ལྟར་ཆོས་ཅན་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་དགག་བྱ་མེད་པ་ལ་མེད་པར་རྟོགས་པར་བྱ་བའི་ཕྱིར། བདེན་དངོས་མེད་པ་ལ་མེད་པར་ཤེས་པར་བྱེད་པས་ཕྱི་རོལ་གྱི་དོན་དང་ཤེས་པའི་དངོས་པོ་གཉིས་ཀས་སྟོང་སྟེ་ཡོད་མེད་ཀྱི་སྒྲོ་སྐུར་གང་དུའང་མ་ཕྱེ་བའི་ཡེ་ཤེས་ཙམ་ཞིག་ཁས་ལེན་པ་ཡིན་ཏེ། འགྲེལ་ཆུང་ལས། སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས། །ཞེས་སོགས་གསུངས་པ་བཞིན་དང་། དགག་བྱ་འགོག་བྱེད་ཀྱི་རིགས་པ་ཡང་། རྒྱུ་ལ་དཔྱོད་པ་རྡོ་རྗེའི་ཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག །གཉིས་ཀར་དཔྱོད་པ་མུ་བཞི་སྐྱེ་འགོག །མ་ཡིན་དགག་གཏན་ཚིགས་སུ་བཀོད་པ་རྟེན་འབྲེལ་ཆེན་པོ། མེད་དགག་གཏན་ཚིགས་སུ་བཀོད་པ་གཅིག་དང་དུ་བྲལ་ལ་སོགས་གཏན་ཚིགས་དང་རིགས་པས་བསྒྲུབས་པས་བསྒྲུབ་བྱ་སྒྱུ་མ་ལ་སོགས་ཡོངས་དཔྱོད་མ་ཡིན་པར་དགག་པ་མ་ཡིན་ཅིང་བདེན་པའི་དངོས་པོ་བཀག་པ་ཙམ་གྱི་རྣམ་དཔྱད་མེད་དགག་བསྒྲུབས་པ་ཡིན་ཏེ། རིག་ཤེས་རྗེས་དཔགས་ཀྱི་རང་བཞིན་སྐྱེ་མེད་ནམ་མཁའ་ལྟ་བུ་སྤྲོས་བྲལ་དོན་དམ་བདེན་པའི་མཚན་ཉིད་དུ་དབུ་མ་རང་རྒྱུད་པའི་བཞེད་པ་ཡིན་ལ། འདིས་དོན་དམ་པར་མེད་ལ་ཀུན་རྫོབ་ཏུ་ཡོད་པར་བསྒྲུབས་པས་རྟག་ཆད་ཀྱི་སྐྱོན་གནས་ཤིང་བློས་དཔྱད་པའི་རིག་ཤེས་ཀྱི་སྤྲོས་བྲལ་མེད་དགག་ཙམ་རྟོགས་པའང་ངེས་པའི་དོན་དུ་མི་གནས་ལ་སྤྲོས་པ་འགོག་པའི་རིག་ཤེས་ཀྱང་སྤྲོས་པའི་བྱེ་བྲག་ལས་མི་འདའོ། །གཉིས་པ་ཐལ་འགྱུར་བ་ནི། བློ་འཁྲུལ་པ་དང་མ་འཁྲུལ་བ་གཉིས་ཀྱི་དབྱེ་བས་བདེན་པ་གཉིས་སུ་འབྱེད་དེ། བྱང་འཕགས་ཀྱི་མཉམ་གཞག་དང་། སངས་རྒྱས་ཀྱི་རྣམ་པ་ཀུན་ཏུ་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དུ་ཤེས་དང་ཤེས་བྱ་ཡུལ་ཡུལ་ཅན་གྱི་གཟུང་འཛིན་དུ་སྣང་བ་གང་ཡང་མེད་དེ་དཔེར་ན་གཉིས་དུ་མ་ལོག་པས་རྨི་ལམ་མི་མཐོང་བ་བཞིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་ཡས་ཁང་། །གནས་ལ་སོགས་པ་མཐོང་གྱུར་ན། །སད་ནས་དེ་ཡིས་མི་སྣང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དང་། །བློ་གྲོས་མིག་ནི་བྱེ་གྱུར་ཞིང་། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །ཞེས་གསུངས་པ་བཞིན་ནོ། །ཡུལ་ཅན་ཡེ་ཤེས་ཀྱི་འཇུག་པའང་ཉེ་བར་ཞི་བ་ཞེས་བྱ་ལ། གང་གི་ཚེ་སེམས་དང་སེམས་ལས་བྱུང་བའི་སྤྲོས་པ་ཐམས་ཅད་རྒྱུན་ཆད་ཅིང་འགག་ནས་བསམ་བརྗོད་ཐམས་ཅད་དང་བྲལ་བའི་ཆོས་དབྱིངས་ཞི་བ་ཆེན་པོའི་འགོག་པར་གནས་པ་དེ་ལ་བློ་མ་འཁྲུལ་པའི་ཆོས་ཉིད་ཅེས་བྱ་སྟེ། ཟླ་བ་གྲགས་པས། གང་ཕྱིར་ཆོས་ཉིད་སྐྱེ་མེད་ཡིན་ཕྱིར་བློ་ཡང་སྐྱེ་བ་དང་བྲལ་ལ། །དེ་ཕྱིར་དེ་རྣམས་བརྟེན་ལ་དེ་ཡིས་དེ་ཉིད་རིག་པ་ལྟ་བུ་སྟེ། །གང་ཕྱིར་སེམས་ནི་ཡུལ་གྱི་རྣམ་པར་འབྱུང་བས་དེ་ཡི་ཡུལ། །དེ་རབ་རིགས་པ་དེ་བཞིན་ཐ་སྙད་བརྟེན་ནས་རིག་པ་ཡིན། །ཞེས་དང་། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་ནས་ཞི་སྟེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་བཤད་པའི་གནས་དེ་དོན་དམ་པའི་བདེན་པ་རྟོགས་པ་ཞེས་བཏགས་ཏེ་དེའི་ཡུལ་ནི་གཤིས་ཀྱི་གནས་ལུགས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམས་པར་དག་པ་ཡིན་ལ། མཐོང་བ་རྫུན་པ་བློ་འཁྲུལ་པ་ནི་སོ་སྐྱེ་མ་རིག་པའི་བག་ཆགས་ཀྱིས་བསླད་པས་ཇི་ལྟར་མིག་ནད་ཅན་གྱིས་རབ་རིབ་དང་སྐྲ་ཤད་འཛག་པ་ལ་བདེན་པར་ཞེན་པ་ལྟར། འདི་ལྟར་འགྲོ་བ་དྲུག་གི་གནས་དང་ལོངས་སྤྱོད་བདེ་སྡུག་མཐོ་དམན་སྣ་ཚོགས་སུ་སྣང་བ་འཁྲུལ་པའི་གཟུང་འཛིན་གྱི་རྣམ་པ་དང་། འཕགས་པ་རྣམས་ཀྱིས་རྗེས་ཐོབ་ཏུ་གཞན་དང་མཐུན་མོང་དུ་སྣོད་བཅུད་ལ་སོགས་པར་སྣང་བའི་རྣམ་པ་གཉིས། དབང་པོ་སྐྱོན་ཅན་གྱི་རྣམ་པ་དང་སྐྱོན་མེད་པ་གཉིས་ལྟར་ཀུན་རྫོབ་གཉིས་སུ་བཞག་སྟེ། འཇུག་པ་ལས། མཐོང་བ་རྫུན་པ་རྣམ་པ་གཉིས་ཡིན་ཏེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་པོ་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ལ་ལྟོས་ལོག་པར་འདོད། །ཅེས་སོ། །དེའི་དབང་གིས་འཁོར་བའི་ཆོས་སེམས་དང་སེམས་ལས་བྱུང་བ་ཡུལ་གྱི་རྣམ་པར་སྣང་བ་དང་བཅས་པ་ཐམས་ཅད་ཀུན་རྫོབ་ཡིན་ལ། ས་ཐོབ་ཀྱང་སེམས་དང་སེམས་བྱུང་མ་འགགས་པའི་ཆ་ཡུལ་མ་དག་པའི་གཟུགས་སོགས་ཚོགས་དྲུག་སྣང་བ་དང་བཅས་པ་མདོར་ན་སྤང་བྱ་གྱུར་ཏོ་ཅོག་ཀུན་རྫོབ་ཀྱི་ཕྱོགས་སུ་བསླན་ནས་འཁྲུལ་པར་བཞག་སྟེ། ཀུན་རྫོབ་དེའང་དབང་པོ་སྐྱོན་ཅན་ལ་སྣང་བ་ལོག་པའི་ཀུན་རྫོབ་དང་། སྐྱོན་མེད་ཀྱི་ཡུལ་དུ་སྣང་བ་ཡང་དག་པའི་ཀུན་རྫོབ་གཉིས་ཏེ། སྔ་མ་ནི་འཇིག་རྟེན་ཤེས་ངོ་ལ་སྣང་ཡང་མི་བདེན་པར་གྲགས་པ་ཟླ་བ་གཉིས་དང་རྨི་ལམ་ལ་སོགས་དང་། ཕྱི་མ་ནི་འཇིག་རྟེན་ཤེས་ངོར་སྣང་ལ་བདེན་པར་གྲགས་པ་ཟླ་བ་གཅིག་ཏུ་སྣང་བ་ལ་སོགས་པའོ། །དེའང་གཉིས་སུ་འཛིན་པའི་འཁྲུལ་བློའི་གནས་སྐབས་སུ་བདེན་པ་ལྟར་སྣང་བ་མིག་སྐྱོན་ཅན་ལ་སྐྲ་ཤད་དུ་སྣང་བ་མིག་དག་པ་ལ་ཅི་ཡང་མེད་པའི་བཞིན་དུ་བློ་འཁྲུལ་པ་ལ་སྣ་ཚོགས་སུ་སྣང་བ་ཉིད་འཕགས་པའི་མཉམ་གཞག་དང་འཁྲུལ་པ་ཟད་པའི་སངས་རྒྱས་ལ་དམིགས་པར་བྱ་བ་ཅི་ཡང་མེད་པས་འཁྲུལ་སྣང་ཆ་དང་བཅས་པ་མི་སྣང་སྟེ། སྔ་མ་ལས། རབ་རིབ་མཐུ་ཡི་སྐྲ་ཤད་ལ་སོགས་པ། །དངོས་པོ་ལོག་པ་གང་ཞིག་རྣམ་བརྟག་ལས། །དེ་ཉིད་གང་གིས་བདག་ཉིད་མིག་དག་པས། །མཐོང་བ་གང་ཡིན་དེ་བཞིན་འདིར་ཤེས་བྱ། །ཞེས་དང་། ཀླུ་སྒྲུབ་ཀྱི་དབུ་མ་འཁྲུལ་འཇོམས་སུའང་། དེ་བཞིན་མཁས་པ་ཡང་དག་གིས། །ཤེས་པ་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་གཟིགས། །ཞེས་གསུངས་པ་ལྟར་གཟུང་འཛིན་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་སྒྲ་ཚིག་ལ་སོགས་པ་དངོས་སུ་མི་རྟོག་པའི་ཆ་ནས་གཞན་ལས་ཤེས་པ་མ་ཡིན་པ་སེམས་དང་སེམས་བྱུང་གི་རྙོག་པ་མ་ལུས་པ་ཆོས་ཀྱི་དབྱིངས་སུ་ཞིབ། རྣམ་པར་རྟོག་པ་ལས་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། གྲུབ་པའི་མཐའ་མ་རེག་པའི་ཆོས་ཉིད་ཀྱི་གནས་ལུགས་དེ་ནི་དོན་དམ་བདེན་པའི་མཚན་ཉིད་དེ། རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་བཤད་པ་ལྟར་རོ། །མདོར་བསྡུ་ན་སངས་རྒྱས་འཕགས་པའི་ཐུགས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཟབ་པ་དང་ཞི་བའི་མཚན་ཉིད་ཅན་གྱི་དབྱིངས་དང་། དེ་རྟོགས་བྱེད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས། བྱང་འཕགས་ཀྱི་མཉམ་གཞག་གི་ཡེ་ཤེས་ཀྱི་ངོ་བོ་དང་། དེའི་རྗེས་ཐོབ་ཀྱི་སྣང་བ་ལྷག་མཐོང་གི་རྣམ་པར་གྱུར་ཏོ་ཅོག་དོན་དམ་པའི་བདེན་པའོ། །དེ་ཡང་གཏན་ཚིགས་ལྔ་པོ་རྣམས་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་འཇལ་མོད་ཀྱི། རང་རྒྱུད་པ་ལྟར་ཀུན་རྫོབ་བདེན་པ་བཀག་ནས་རྫུན་པར་བསྒྲུབ་པ་དང་། དོན་དམ་སྤྲོས་པ་བཀག་ནས་སྤྲོས་མེད་དུ་སྒྲུབ་པ་སོགས་རེས་འཇོག་ཅན་མ་ཡིན་པར། ཆོས་ཐམས་ཅད་ཡོད་མིན་མེད་མིན་གང་དུའང་མི་ཕྱེ་བར་བརྗོད་དུ་མེད་པའི་གནས་ལུགས་བསམ་གྱིས་མི་ཁྱབ་པར་སྐྱེལ་བའི་ཐལ་འགྱུར་མ་འཁྲུལ་པའི་དགོངས་པ་འདིས་ཁས་བླངས་པའི་གྲུབ་མཐའ་ཐམས་ཅད་བཀག་སྟེ། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དང་། བཞི་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རོང་པོ་ནའང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་དང་། རིན་ཆེན་སྒྲོན་མ་ལས། ཁས་བླངས་པ་ཡི་དངོས་པོ་ནི། །ཕྲ་རབ་ཙམ་ཡང་ཡོད་མིན་ཏེ། །གདོད་ནས་སྐྱེ་བ་མེད་པའི་ཕྱིར། །མོ་གཤམ་གྱི་ནི་བུ་བཞིན་ནོ། །ཞེས་བཤད་པ་ལྟར་རོ། །འོ་ན་བདེན་པ་གཉིས་ཀྱི་རྣམ་གཞག་ཀྱང་མེད་པར་འགྱུར་རོ་ཞེ་ན། གནས་ལུགས་ལ་བདེན་གཉིས་སོགས་གཉིས་ཆོས་ཐམས་ཅད་ལས་འདས་ཀྱང་། འཇིག་རྟེན་སྣང་ལུགས་སུ་སྒྲོ་བཏགས་པ་ཙམ་དུ་དེ་ལྟར་འདོགས་པར་བྱེད་པ་དེ་ཉིད་གྲུབ་མཐའི་བདེན་ཞེན་ལྟར་བཟུང་བ་མ་ཡིན་ཏེ། འཇུག་པ་ལས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་གང་དང་སྟོན་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །ཉན་ཅིང་སྟོན་པར་བྱེད་པའང་ཡིན། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་ཆོས་ཉིད་ལ་མཉམ་པར་བཞག་པ་ཤེས་རབ་དང་ཐབས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་ཅིང་བསྒོམས་པ་ཡེ་ཤེས་ཀྱི་ཚོགས་དང་། རྗེས་ཐོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པས་བསོད་ནམས་ཀྱི་ཚོགས་བསགས་པ་ལས། མཐར་གྱིས་ཆོས་ཀྱི་སྐུ་དང་གཟུགས་སྐུ་རྣམ་པ་གཉིས་འཐོབ་པར་འགྱུར་བ་སྟེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདི། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས། དེ་ཡང་གཞི་དབུ་མ་བདེན་གཉིས། ལམ་དབུ་མ་ཚོགས་གཉིས། འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་ཏུ་འདུས་པ་ཡིན་ནོ། །གཉིས་པ་ཕྲ་བ་ནང་གི་ངེས་དོན་དབུ་མ་ཆེན་པོའི་ཚུལ་ནི། སློབ་དཔོན་སྐལ་ལྡན་གྱི་དབུ་མའི་བསྟན་བཅོས་རིན་ཆེན་སྒྲོན་མར། ཐལ་རང་གི་དབུ་མ་ནི་རགས་པ་ཕྱིའི་དབུ་མ་སྟེ། ཐོས་པ་ལས་བྱུང་བའི་རིག་པར་སྨྲ་བས་ཕྱི་རོལ་པ་དང་རྩོད་པའི་དུས་དང་། བསྟན་བཅོས་ཆེན་པོ་བྱེད་པ་དང་། རིག་པ་ཆེན་པོའི་གཞུང་འཛུགས་པའི་ཚེ་སྨྲ་བར་བྱ་བ་ཡིན་ལ། ཕྲ་བ་ནང་གི་དབུ་མ་ཉམས་སུ་ལེན་པའི་ཚེ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་ཉིད་བསྒོམ་པར་བྱའོ། །ཞེས་དབུ་མ་ལ་ཕྱི་ནང་ཕྲ་རགས་གཉིས་སུ་གསུངས་པའི་ཕྱི་མ་འཁོར་ལོ་ཐ་མའི་དགོངས་པ་ཕྱིར་མི་ལྡོག་པ་དང་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་བསྟན་པའི་དོན་རྒྱ་ཆེ་བའི་གནས་རྣམས་རྒྱལ་ཚབ་མ་ཕམ་པས་དོན་གྱི་དགོངས་པ་རྒྱས་པར་ཕྱེས་པ་སྟེ། དེ་ཡང་སྔར་སྨོས་པ་སེམས་ཙམ་སྨྲ་བའི་ལུགས་ཀྱི་སྟོང་གཞི་གཞན་དབང་དགག་བྱ་ཀུན་བརྟགས་ཀྱིས་སྟོང་བའི་ཡོངས་གྲུབ་ཏུ་བཤད་པ་ཡིན་ལ། འདིར་ནི་ཆོས་ཉིད་ཡོངས་གྲུབ་དགག་བྱ་ཀུན་བརྟགས་ཀྱིས་སྟོང་པར་བཞེད་དེ། འདི་ལྟར་གཞན་དབང་དུ་རྟོག་པའི་ཕུང་པོ་ཁམས་དང་སྐྱེ་ཆེད་ཀུན་བརྟགས་བདག་དང་བདག་གི་བས་སྟོང་པའི་གཞིར་གསུངས་ཤིང་། སྟོང་གཞི་གཞན་དབང་གིས་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ཡིན་ཏེ། དེ་ཉིད་སྟོང་པའི་གཞི་ནི་ནམ་ཡང་མི་སྲིད་དེ་ངོ་བོ་དྲི་མ་དང་སྐྱོན་གྱི་དངོས་པོ་རྣམ་པར་དབྱེ་བ་དང་བཅས་པའི་འཁོར་བའི་ཆོས་གློ་བུར་བའི་མཚན་ཉིད་ཅན་གྱིས་སྟོང་ལ། ཡེ་ནས་ལྷུན་གྲུབ་ཏུ་གནས་པའི་མྱ་ངན་ལས་འདས་པའི་ཡོན་ཏན་གྱི་ཚོགས་ཀྱིས་མི་སྟོང་པ་སྟེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཀྱིས། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང་། དེའི་འགྲེལ་པར། འདིས་ཅི་བསྟན་ཞེ་ན་གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལ་གསལ་བས་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ནི་འགའ་ཡང་མེད་དེ་གློ་བུར་བའི་དྲི་མ་དང་བྲལ་བ་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་ཅན་གཞག་པར་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ་དང་བྲལ་བ་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པས་མི་སྟོང་ངོ་། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་ཀུན་ཏུ་བརྟགས་པ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ། གཞན་གྱི་དབང་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། ཡོངས་སུ་གྲུབ་པ་དོན་དམ་ངོ་བོ་ཉིད་མེད་པར་གསུངས་པའི་སྔ་མ་གཉིས་ནི་བཅོས་མ་གློ་བུར་བར་གྱུར་པའི་གཟུང་འཛིན་སྤྲོས་པའི་ཆ་རྣམས་རང་གི་ངོ་བོས་སྟོང་ཞིང་། ཕྱི་མ་ནི་རང་བཞིན་གཉུག་མ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་རྣམ་པར་དག་པས། སྟོང་ཆ་ནས་ཆོས་སྐུའི་ཡོན་ཏན་དང་། སྣང་ཆ་ནས་སྐུ་དང་ཞིང་ཁམས་གཞལ་ཡས་ཁང་སོགས་ཀྱི་འཆར་གཞིར་གནས་ཤིང་། རིག་པའི་ཆ་ནས་སྟོབས་བཅུའི་མི་འཇིགས་པ་བཞི་སོགས་ཀྱི་རྟེན་གཞིར་གྱུར་པས་བྲལ་རྒྱུ་དང་བྲལ་འབྲས་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པའི་སངས་རྒྱས་ཀྱི་རང་བཞིན་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བ་དེ་ནི་སྐྱེ་འཇིག་འཕོ་འགྱུར་འཕེལ་འགྲིབ་རྒྱུ་རྐྱེན་སོགས་ཀྱི་ཁམས་སུ་མི་གནས་ཤིང་ཐ་སྙད་དང་བསམ་བརྗོད་ཀྱི་ཡུལ་ཡང་མ་ཡིན་པ་རྟག་ཏུ་གོས་པ་མེད་པར་ཡོད་པ་ཡིན་ཏེ། འཇམ་དཔལ་རྣམ་པར་རོལ་པ་ལས། སྲིང་མོ་གང་རང་བཞིན་གྱིས་འོད་གསལ་བ་ལ་གློ་བུར་གྱི་ཉོན་མོངས་པ་བྱུང་ཡང་རང་བཞིན་གྱི་འོད་གསལ་བ་དེ་ནི་གློ་བུར་གྱི་ཉོན་མོངས་པ་དེས་ཀུན་ནས་ཉོན་མོངས་པར་བྱེད་མི་ནུས་སོ། །ཞེས་དང་། རྒྱལ་ཚབ་མ་ཕམ་པས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས། གཞན་དུ་རང་སྟོང་པ་ལྟར་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་ཁོ་ནར་བ ཟུང་ན་མཐའ་གཅིག་ཏུ་ཆོས་ཀྱི་སྐུ་ཡང་རང་སྟོང་དུ་འགྱུར་ཞིང་སྐུ་དང་ཡེ་ཤེས་ཞིང་ཁམས་སོགས་ཀྱང་མེད་པར་འགྱུར་བ་དང་། དེར་བརྟེན་པའི་ཚོགས་བསགས་པ་དང་སྒྲིབ་པ་སྦྱོང་བ་རྣམས་ཀྱང་མེད་པར་འགྱུར་ཞིང་། རྒྱུ་དང་འབྲས་བུའི་ཐེག་པ་དག་གིས་གཞི་གང་དུ་ལམ་གང་གིས་དྲི་མ་སྦྱོང་བའི་ཐབས་ཇི་སྙེད་བསྟན་པ་རྣམས་ཀྱང་ཉམས་པར་འགྱུར་ཏེ། སྦྱང་གཞི་མེད་པས་སྦྱོང་བྱེད་དགོས་པ་མེད་པ་དང་། ཡེ་ཤེས་ཀྱིས་སྟོང་པས་གཞན་དོན་མཛད་པ་དང་མཁྱེན་པར་མི་འགྱུར་བ་དང་། མ་དག་པའི་གཞན་དབང་ཀུན་རྫོབ་ཙམ་དུའང་མེད་པས་དག་པའི་གཞན་དབང་གནས་ཡོངས་སུ་འགྱུར་བའི་ཡོན་ཏན་རྣམས་ཀྱང་མེད་པར་འགྱུར་བ་དང་། བཅིངས་པ་དང་གྲོལ་བའི་གཞིར་གྱུར་པའི་བདག་མེད་པར་འགྱུར་བ་དང་། སོ་སོ་རང་གིས་རིག་པར་བྱ་བའི་ཆོས་མེད་པར་འགྱུར་བ་སོགས་སྐྱོན་གྱི་རྣམ་པ་དུ་མ་གནས་ཤིང་ལྟ་བ་མི་བཟད་པའི་འབྱུང་གནས་སྐྱེ་བའི་བདག་ཉིད་ཅན་དུ་གསུངས་ཏེ། འཕགས་པ་དཀོན་མཆོག་བརྩེགས་པའི་འོད་སྲུང་གིས་ཞུས་པའི་མདོ་ལས། འོད་སྲུང་གང་ཟག་སྟོང་པ་ཉིད་དུ་དམིགས་པའི་སྟོང་པ་ཉིད་ལ་རྟོན་པ་དེ་དག་ནི་ངའི་གསུངས་རབ་འདི་ལས་ཉམས། རབ་ཏུ་ཉམས་པར་བཤད་དེ། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་སླའི། མངོན་པའི་ང་རྒྱལ་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་ལྟ་བ་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན་འོད་སྲུང་གང་སྟོང་བ་ཉིད་ཁོ་ནར་བལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །ཞེས་གསུངས་པ་སོགས་ཀྱིས་ཤེས་པར་ནུས་ཤིང་། འོ་ན་མི་སྟོང་པ་ཡིན་ནམ་ཞེ་ན་དེ་ཡང་མ་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། ཆོས་ཐམས་ཅད་ཀྱི་དོན་དམ་པ་འཕགས་པའི་ཡེ་ཤེས་ཆེན་པོ་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཐོབ་པ་ནི་ལྟ་བ་དང་ཉེས་པ་ཐམས་ཅད་ཀྱི་བག་ཆགས་ཀྱིས་སྟོང་སྟེ་འདི་ནི་ཆོས་ཐམས་ཅད་ཀྱི་དོན་དམ་པ་འཕགས་པའི་ཡེ་ཤེས་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །ཞེས་སོ། །དེ་ལྟར་དོན་དམ་པ་གཞན་གྱིས་སྟོང་པའི་ཚུལ་འདི་འཁོར་ལོ་བར་པའི་མདོ་སྡེ་ནས་ཀྱང་འབྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཀྱི་གནས་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ནི་དེ་བཞིན་ཉིད་དུ་གནས་པ་སྟེ། དེ་ལྟར་ཆོས་ཉིད་དེ་དག་གཞན་གྱིས་སྟོང་པ་གང་ཡིན་པ་དེ་ནི་གཞན་གྱི་དངོས་པོས་སྟོང་པ་ཉིད་ཅེས་བྱ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོའོ། །ཞེས་དང་། རྒྱུད་བླ་མ་ལས་ཀྱང་། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། ཞེས་སོགས་སྔར་སྨོས་པ་ལྟར་རྒྱ་ཆེར་གསུངས་སོ། །དེ་ལྟ་བུའི་དབྱིངས་དེ་ཉིད་སེམས་ཅན་གྱི་རྒྱུད་ལ་སའི་ཁམས་སུ་རིན་པོ་ཆེའི་གཏེར་གནས་པ་བཞིན་རང་གི་ངོ་བོ་ལ་དྲི་མས་མ་གོས་ཀྱང་གློ་བུར་འཁོར་བ་དང་རྣམ་པ་མཚུངས་ལྡན་དུ་གནས་པ་ཆུ་དང་ཆབ་རོམ་གྱི་དཔེ་བཞིན་དུ་བཞུགས་པ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ནི། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང་། སློབ་དཔོན་ཀླུའི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པར། ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་ཡང་དག་གནས། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་སོགས་ངེས་དོན་སྙིང་པོའི་བཞུགས་ཚུལ་བསམ་གྱིས་་མི་ཁྱབ་པར་གསུངས་ཤིང་། གཤེགས་སྙིང་དེ་ཉིད་རང་ངོ་ལ་ལྟོས་ནས་འཁོར་འདས་བཟང་ངན་མེད་པར་མཉམ་པ་ཉིད་དེ། དེ་བཞིན་ཉིད་དེ་ཐམས་ཅད་ལ། །ཁྱད་པར་མེད་ཅིང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་ནི་ཆོས་ཉིད་མི་འགྱུར་བའི་ཡོངས་གྲུབ་ལ་དགོངས་པ་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །དྲི་མ་གློ་བུར་བ་དེ་ལ་གནས་སྐབས་ཀྱི་སྒོ་ནས་དབྱེ་ན་གསུམ་དུ་འགྱུར་ཏེ། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་དང་། དེའི་འགྲེལ་པར། འདི་ལྟར་མ་དག་པའི་གནས་སྐབས་སུ་ནི་སེམས་ཅན་གྱི་ཁམས་ཞེས་བྱ་བ་དང་། མ་དག་པ་དག་པའི་གནས་སྐབས་སུ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སུ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །ཞེས་བཤད་པ་བཞིན་དང་། དེ་བཞིན་དུ་ཐེག་པ་གསུམ་སོགས་ཐ་དད་པ་དང་། ས་བཅུ་ལམ་ལྔ་སོགས་གོང་འོག་གི་དབྱེ་བས་ཐ་དད་པར་བཞག་པ་རྣམས་དང་། དེ་བཞིན་དུ་འགྲོ་བ་བཟང་ངན་ཉན་རང་དང་བྱང་སེམས་སངས་རྒྱས་འཕགས་པ་ལ་སོགས་གོང་འོག་བཟང་ངན་ལྟར་དུ་སྣང་བ་ཐམས་ཅད་ཀྱང་། དཔེར་ན་རྫ་སྣོད་དང་། ཤིང་སྣོད་དང་། རིན་པོ་ཆེའི་སྣོད་ལ་སོགས་པ་ཐ་དད་བཟང་ངན་ལྟར་དུ་སྣང་ཡང་སྣོད་དེ་དག་གི་ནང་གི་ནམ་མཁའ་ལ་བཟང་ངན་མེད་པར་མཉམ་པ་ལྟར། ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་རང་བཞིན་གྱི་འོད་གསལ་བ་དེ་ནི་བཟང་ངན་དང་དབྲི་བསྣན་མེད་པར་ཀུན་ལ་ཁྱབ་པར་ཡོད་དེ། རྒྱུད་བླ་མ་ལས། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །དེ་སྤྱིའི་མཚན་ཉིད་ངེས་པ་དང་། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང་། །བར་པ་མཆོག་ལ་ནམ་མཁའ་བཞིན། །ཞེས་གསུངས་པ་ལྟར་རོ། །འོ་ན་གོང་དུ་གནས་སྐབས་གསུམ་སྨོས་པ་ཅི་ཞེ་ན། སྙིང་པོ་དེ་ཉིད་སྒྲིབ་བྱེད་ཀྱི་དྲི་མ་ལས་གྲོལ་བ་དང་མ་གྲོལ་བའི་ཁྱད་པར་གྱིས་འཁོར་བ་དང་མྱང་འདས་གཉིས་སུ་ཕྱེ་བ་ཡིན་ཏེ། དེ་ཉིད་ལས། ཉོན་མོངས་དྲྭ་བས་གཡོགས་པ་ལ། །སེམས་ཅན་ཞེས་ནི་ངེས་པར་བརྗོད། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱེད། །ཅེས་གསུངས་པ་བཞིན་དང་། གནས་སྐབས་གསུམ་པོ་དེ་ཡང་། སྒྲིབ་པའི་མུན་པ་ཆེན་པོས་བསྒྲིབས་པའི་སོ་སོ་སྐྱེ་བོ་ལ་ཡོན་ཏན་ཆ་ཤས་ཙམ་ལས་མེད་པ་ལས། སྙིང་པོའི་དྲི་མ་བསལ་སྟོབས་གཉན་པོའི་ནུས་པ་ཆེ་ཆུང་གི་དབང་གིས་རིམ་པ་བཞིན་སྲབ་ཏུ་སོང་བས་ཉན་རང་གི་དགྲ་བཅོམ་ཡོན་ཏན་འཕགས་པ་དང་། དེ་དག་གིས་ཀྱང་མི་ཤེས་པ་ཐམས་ཅད་མ་སྤངས་པ་ལས་གོང་མར་གྱུར་པ་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་འཕགས་པར་སྣང་བ་དང་། དེ་བས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་སངས་རྒྱས་འཕགས་པར་སྣང་བའོ། །དེ་ལྟ་བས་ན་དབྱིངས་དོན་དམ་པའི་བདེན་པ་དེ་ཉིད་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་སྟེ་འཕགས་པ་འོག་མ་གསུམ་གྱིས་གནས་ལུགས་ཇི་ལྟ་བ་བཞིན་མ་མཐོང་སྟེ། ཚོགས་སྦྱོར་གྱིས་ལམ་ལ་གནས་པས་ཡིད་དཔྱོད་ཀྱི་མོས་པ་ཙམ་ལས་མངོན་སུམ་དུ་མི་མཐོང་། མཐོང་སྒོམ་གཉིས་སུ་ཕྱོགས་རེ་མཐོང་ལ། འོན་ཀྱང་ལམ་དེ་བས་བུ་ཆུང་གིས་མཐོངས་ཀའི་ཉི་ཞུར་མཐོང་བ་ཙམ་ལས་ཡོངས་ལ་ཁྱབ་པའི་ཉི་མ་མ་མཐོང་བ་མཐོང་བ་བཞིན་དབྱིངས་ཀྱི་ཡོན་ཏན་ཆ་ཤས་ཙམ་ལས་ཡོངས་སུ་རྫོགས་པར་མཐོང་བའི་སྐབས་མེད་དེ། ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོགས་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །ཅེས་སྔར་དྲངས་པ་ལྟར་རོ། །སངས་རྒྱས་ཀྱི་སར་ནི་རང་བཞིན་ཅི་ཡིན་པ་མངོན་སུམ་དུ་གྱུར་ནས་ཡོངས་སུ་རྫོགས་པར་གཟིགས་པ་སྟེ། རྒྱུད་བླ་མའི་འགྲེལ་པར། སྤྲིན་མཐོངས་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་རབ་ཏུ་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་རྣམ་དག་བློ་གྲོས་མཐའ་ཡས་པས། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། །ཞེས་བཤད་པ་བཞིན་ནོ། །དེ་ལྟར་ན་སེམས་ཅན་གྱི་ཁམས་ལ་དབྱིངས་རང་བཞིན་གྱིས་འོད་གསལ་བ་དེ་རང་ཆས་སུ་བཞུགས་པས་སེམས་ཅན་རྣམས་ཚོགས་གཉིས་བསགས་ཤིང་སྒྲིབ་གཉིས་སྤངས་པའི་སངས་རྒྱས་སུ་འགྱུར་རོ་ཞེ་ན། དེ་མ་ཡིན་པའི་རྒྱུ་མཚན། སྤང་བ་ལ་གཉིས་ཡོད་དེ། རང་བཞིན་རྣམ་དག་དང་། གློ་བུར་དྲི་བྲལ་ལོ། །དང་པོ་ནི། ཆོས་ཉིད་རང་གི་ངོ་བོ་གདོད་མ་ཉིད་ནས་དག་པ་ཆེན་པོའི་གཤིས་ལུགས་སུ་གནས་པ་ལ་འགྱུར་བ་མེད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ་སེམས་ནི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཏེ་དེ་ནི་གློ་བུར་བའི་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཉེ་བར་ཉོན་མོངས་པར་ཟད་ཀྱིས། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མ་ཡིན་ནོ། །རང་བཞིན་གྱིས་འོད་གསལ་བ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་ཡིན་ནོ། །ཀུན་ནས་ཉོན་མོངས་པ་མེད་པ་དེ་ལ་ནི་གཉེན་པོ་གང་གིས་ཀུན་ནས་ཉོན་མོངས་པ་སྤོངས་བར་འགྱུར་བའི་གཉེན་པོ་མེད་དོ། །ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ཀ་ཤི་ཀ་དེ་ཇི་སྙམ་དུ་སེམས། དེ་ལ་སེམས་ཅན་གང་ཡང་སྐྱེ་བའམ་འགག་པར་གྱུར་པ་ཡོད་དམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མེད་དེ། དེ་ཅིའི་ཕྱིར་ཞེ་ན་སེམས་ཅན་ཐོག་མ་ནས་རྣམ་པར་དག་པའི་ཕྱིར་རོ། །ཞེས་དང་། ཡང་དེ་ཉིད་ལས། གཟུགས་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མེད་པའོ། །ཚོར་བར་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མེད་པའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་རྣམ་པར་ཤེས་པའི་ཆོས་ལས་འདས་པ་དང་སྒྲིབ་པ་ཀུན་ལས་ངེས་པར་གྲོལ་བ་ཉིད་ཀྱི་ཕྱིར་རང་བཞིན་གྱི་སྤང་བ་དེ་དོན་དམ་པའི་ཆོས་ཉིད་ལ་གདོད་ནས་ཚང་བ་སྟེ། ཆོས་ཉིད་ཡོངས་གྲུབ་དེ་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །སྤང་བ་གཉིས་པ་ནི། གློ་བུར་གྱི་སྒྲིབ་བྱེད་དེ་དང་འཚམས་པའི་གཉེན་པོས་བསལ་བ་སྟེ། ལམ་གྱིས་མ་སྦྱངས་པར་གཞི་ལ་ཡོད་པའི་ཡོན་ཏན་མངོན་དུ་མི་འགྱུར་བ་སྔར་བཤད་པ་བཞིན་སེམས་ཅན་གྱི་སྐབས་སུ་གྱུར་ཀྱང་དེས་གྲུབ་མཐའ་འདི་ལ་སྐྱོན་དུ་མི་འགྱུར་ཏེ་སེམས་ཅན་རྣམས་སྒྲིབ་པ་ཀུན་བྲལ་གྱི་སངས་རྒྱས་སུ་མི་བཞེད་པའི་ཕྱིར་རོ། །དེ་བཞིན་དུ་རྟོགས་པ་ལའང་གཉིས་ཏེ། གདོད་ནས་ཆོས་ཉིད་རང་གི་རིག་པས་རྟོགས་པ་རང་བྱུང་ཡེ་ཤེས་དང་། ལམ་བསྒོམ་སྟོབས་ཀྱིས་རྟོགས་པ་གཞན་བྱུང་ཡེ་ཤེས་སོ། །དང་པོ་ནི། དོན་དམ་ཆོས་ཉིད་དེ་རྟོགས་བྱེད་སོ་སོ་རང་གི་རིག་པ་ཤེས་རབ་རང་བྱུང་གི་ཡེ་ཤེས་འཇིག་རྟེན་ལས་འདས་པའི་མཚན་ཉིད་ཅན་ཏེ། བདག་རིག་གཞན་རིག་ཐམས་ཅད་རིག །ཀུན་ཤེས་ཀུན་རིག་དམ་པ་པོ། །ཞེས་གསུངས་པ་ལྟར་གཉུག་མའི་སྤངས་རྟོགས་གཉིས་པོ་དོན་དམ་པའི་གནས་ལུགས་རང་གི་ངོ་བོར་ཚང་བ་སྟེ། རྗེ་བཙུན་བྱམས་པས། འདི་ལ་བསལ་བྱ་གང་ཡང་མེད། །གཞག་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པ་བཞིན་ནོ། །རྟོགས་པ་གཉིས་པ་ནི། ལམ་བསྒོམ་སྟོབས་ཀྱིས་རྟོགས་པ་རྒྱས་འགྱུར་གྱི་རིགས་དེ་མཉམ་གཞག་གིས་ཡེ་ཤེས་ཀྱི་ཚོགས་དང་། རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་གཉིས་བསགས་པས་མཐར་བྲལ་སྟོབས་ཀྱི་ཡོན་ཏན་མངོན་དུ་གྱུར་པ་ལ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཏུ་གདགས་པ་སྟེ། མདོ་སྡེ་རྒྱན་ལས། སྔ་མ་ཕྱི་མ་ཁྱད་མེད་ཀྱང་། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །ཅེས་པ་བཞིན་ནོ། །དེ་ལ་ཀུན་རྫོབ་རང་གི་ངོ་བོ ས་སྟོང་པ་དང་། དོན་དམ་གཞན་གྱིས་སྟོང་པའི་ཚུལ་འདི་ཉིད་འཁོར་ལོ་བར་ཐ་གཉིས་ནས་ཅི་རིགས་པར་བསྟན་ལ། ཁྱད་པར་སྟོང་གཞི་བདེ་གཤེགས་སྙིང་པོ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བཞུགས་ཚུལ་བཀའ་ཐ་མའི་སྡེ་སྣོད་རྣམས་སུ་རྒྱས་པར་གསུངས་པ་དང་ཆོས་ཐམས་ཅད་སེམས་ཀྱི་སྣང་ཆ་ཙམ་དུ་གསུངས་པ་ལས། སྔོན་གྱི་སློབ་དཔོན་འགའ་ཞིག་གིས་དགོས་པའི་དབང་གིས་སེམས་དོན་དམ་པར་ཁས་བླངས་པས་དེང་སང་གྲུབ་མཐའ་བཞིར་གྲགས་པའི་ནང་གི་རྣམ་རིག་སྨྲ་བར་བརྗོད་པ་འདི་བྱུང་བ་ཡིན་ལ། དོན་གྱི་དགོངས་པ་ནི་བཞིན་མ་ལོངས་ཏེ་ཆོས་ཐམས་ཅད་སེམས་ཀྱི་སྣང་ཆ་ཙམ་དུ་གསུངས་པའི་སེམས་དེ་ཀུན་གཞིའི་རྣམ་ཤེས་སུ་དགོངས་པའི་སྐབས་དང་། ཆོས་ཉིད་ཡོངས་གྲུབ་ལ་དགོངས་པའི་སྐབས་གཉིས་ཡོད་དེ། སྔ་མ་ལ་དགོངས་ནས་འཁྲུལ་པའི་ཡུལ་དང་ཡུལ་ཅན་ཀུན་རྫོབ་པ་ཡིན་པའི་ཕྱིར་རྟག་པ་མི་སྲིད་པས་དོན་དམ་བདེན་པར་མ་གསུངས་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཤཱ་ར་དྭ་ཏའི་བུ། སེམས་ཞེས་བྱ་བ་ནི་སེམས་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཡིད་ཀྱི་ལུས་དང་། ཡིད་ཀྱི་དབང་པོ་དང་། ཡིད་ཀྱི་ཁམས་ཏེ། འདི་ནི་སེམས་ཞེས་བྱའོ། །དེས་སྟོང་པ་ཉིད་གང་ཞེ་ན། ཤཱ་ར་དྭ་ཏའི་བུ་སེམས་ནི་སེམས་ཀྱིས་སྟོང་སྟེ། དེ་ལ་བྱེད་པ་པོ་གང་ཡང་མེད་དོ། །གལ་ཏེ་དེའི་བྱེད་པ་པོ་འགའ་ཞིག་ཡོད་ན་ནི་དེས་བྱས་ན་གཞན་གྱིས་མྱོང་བ་དེ་ལྟ་བུར་འགྱུར་རོ། །སེམས་ཀྱིས་ཀྱང་སེམས་མངོན་པར་འདུ་མི་བྱེད་དོ། །ཞེས་སོགས་གསུངས་ཤིང་། ཆོས་ཐམས་ཅད་སེམས་ཀྱི་སྣང་ཆ་ཙམ་དུ་གསུངས་ཀྱང་དེ་དོན་དམ་པའི་བདེན་པར་གསུངས་པའི་སྐབས་མེད་ལ། སེམས་དང་། ཡིད་དང་། རྣམ་ཤེས་ཐམས་ཅད་ལས་འདས་པའི་ཡེ་ཤེས་ལ་དོན་དམ་པའི་བདེན་པར་བསྟན་ཏེ། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། རྣམ་པར་རྟོག་པ་དང་། འདུ་ཤེས་མེད་པར་གྱུར་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏེ། བློ་གྲོས་ཆེན་པོ་སྣང་བ་མེད་པ་རྣམ་པར་རྟོག་པས་དབེན་པའི་ཆོས་བསྟན་པའི་ཕྱིར་དོན་དམ་པ་འདི་ལ་གོ་རིམ་དང་གོ་རིམ་གྱི་མཚམས་སྦྱར་བ་མེད་དོ། །ཞེས་དང་། སེམས་དང་ཡིད་དང་རྣམ་ཤེས་དང་། །འདུ་ཤེས་རྟོག་པ་སྤངས་པ་སྟེ། །རྣམ་པར་རྟོག་པའི་ཆོས་ཐོབ་པ། །ཉན་ཐོས་རྣམས་ནི་རྒྱལ་སྲས་ཡིན། །ཞིང་དང་བཟོད་པའི་ཁྱད་པར་ལས། །དེ་བཞིན་གཤེགས་ཀྱི་ཡེ་ཤེས་དགེ། །ཞེས་སོགས་གསུངས་པ་བཞིན་ནོ། །གཞན་ཡང་སེམས་ཙམ་པའི་གྲུབ་མཐའ་སྨྲ་བ་གང་ཞིག །དོན་དམ་བདེན་པར་འདོད་པ་ནི་རྣམ་ཤེས་ལས་མ་འདས་ལ་དེ་ནི་འཁོར་བའི་ཡུལ་ཅན་གྱི་ཤེས་པ་ཟང་ཀ་མ་སྟེ་འཇིག་རྟེན་ལས་འཕགས་པར་མི་ནུས་པའི་ཕྱིར་དང་། དོན་དམ་པའི་བདེན་པ་ནི་ཟག་པ་མེད་པའི་དབྱིངས་དང་དེ་རྟོགས་པའི་སྒྲིབ་བྲལ་གྱི་ཡེ་ཤེས་འཕགས་པ་རྣམས་ཀྱི་སོ་སོ་རང་གི་རིག་པ་འཇིག་རྟེན་ལས་འདས་པའི་མཚན་ཅན་ཏེ། དེ་གཉིས་ཀྱི་ཁྱད་པར་ནི་ཐེག་པ་ཆེན་པོའི་མདོ་སྡེ་ལས། དེ་ལ་བློ་གྲོས་ཆེན་པོ་ཡེ་ཤེས་ནི་རྣམ་པ་གསུམ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི་མཆོག་གོ། །དེ་ལས་སྐྱེས་ནས་འཇིག་པ་ནི་རྣམ་པར་ཤེས་པའོ། །མ་སྐྱེས་མི་འཇིག་པ་ནི་ཡེ་ཤེས་སོ། །གཞན་ཡང་བློ་གྲོས་ཆེན་པོ་མཚན་མ་དང་མཚན་མ་མེད་པར་ལྟུང་བ་དང་། ཡོད་པ་དང་མེད་པར་ལྟུང་བ་དང་། མཚན་ཉིད་སྣ་ཚོགས་ཀྱི་རྒྱུ་ལས་སྐྱེས་པ་རྣམས་ནི་རྣམ་པར་ཤེས་པའོ། །མཚན་མ་དང་མཚན་མ་མེད་པ་ལས་ཤིན་ཏུ་འདས་པའི་མཚན་ཉིད་ནི་ཡེ་ཤེས་སོ། །གཞན་ཡང་བློ་གྲོས་ཆེན་པོ་དེ་ལ་སོགས་པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ། །བྲི་བའི་མཚན་ཉིད་ནི་ཡེ་ཤེས་སོ། །དེ་ལ་རྣམ་པ་གསུམ་ནི་འདི་ལྟ་སྟེ། རང་དང་སྤྱིའི་མཚན་ཉིད་རྟོགས་པར་བྱེད་པ་དང་། སྐྱེ་བ་དང་འཇིག་པ་རྟོགས་པར་བྱེད་པ་དང་། སྐྱེ་བ་མེད་པ་དང་འགག་པ་མེད་པར་རྟོགས་པར་བྱེད་པའོ། །དེ་ལ་འཇིག་རྟེན་པའི་ཡེ་ཤེས་ནི་ཡོད་པ་དང་མེད་པའི་ཕྱོགས་ལ་མངོན་པར་ཆགས་པ་མུ་སྟེགས་བྱེད་དང་། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ནི་རང་དང་སྤྱིའི་མཚན་ཉིད་དུ་ལྟུང་བའི་བསམ་པ་ལ་མངོན་པར་ཆགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིའོ། །དེ་ལ་འཇིག་རྟེན་ལས་འདས་པ་མཆོག་གི་ཡེ་ཤེས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་མེད་པའི་ཆོས་ལ་རབ་ཏུ་རྣམ་པར་འབྱེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པར་མཐོང་བ་དང་། ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་པ་དེ་བཞིན་གཤེགས་པའི་ས་བདག་མེད་པ་ཐུགས་སུ་ཆུད་པའི་ཕྱིར་འབྱུང་བའོ། །གཞན་ཡང་བློ་གྲོས་ཆེན་པོ་ཆགས་པ་མེད་པའི་མཚན་ཉིད་ནི་ཡེ་ཤེས་སོ། །ཡུལ་སྣ་ཚོགས་ལ་ཆགས་པའི་མཚན་ཉིད་ཅན་ནི་རྣམ་པར་ཤེས་པའོ། །གཞན་ཡང་བློ་གྲོས་ཆེན་པོ་གསུམ་དུ་འདུས་པའི་བྱ་བ་སྐྱེ་བ་དང་ལྡན་པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ། །མི་ལྡན་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་ཡེ་ཤེས་སོ། །གཞན་ཡང་བློ་གྲོས་ཆེན་པོ་ཐོབ་པ་མེད་པའི་མཚན་ཉིད་ནི་ཡེ་ཤེས་ཏེ་བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱིས་རྟོགས་པའི་སྤྱོད་ཡུལ་དུ་མི་འབྱུང་མི་འཇུག་པའི་ཕྱིར་ཆུ་ལ་ཆུ་ཟླ་བཞིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། །སེམས་ཀྱིས་སུ་ནི་ལས་ལ་སོགས། །ཡེ་ཤེས་ཀྱི་ས་ནི་རྣམ་པར་འབྱེད། །ཤེས་རབ་ཀྱིས་ཀྱང་སྣང་མེད་དང་། །མཐུ་ཡང་རབ་ཏུ་ཐོབ་པར་བྱེད། །སེམས་ནི་ཡུལ་དང་འབྲེལ་བ་སྟེ། །ཞེས་པ་ལ་སོགས་པས་རྒྱས་པར་གསུངས་པ་དང་། དེ་བཞིན་དུ་འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། ཆོས་འདི་ནི་ཡི་གེ་ཐམས་ཅད་ལས་ཡང་དག་པར་འདས་པ་སྨྲ་བ་ཐམས་ཅད་ལས་ཡང་དག་པར་འདས་པ། ཚིག་གི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ། ངག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། བླང་བ་དང་དོར་བ་ཐམས་ཅད་དང་བྲལ་བ། ཕྱེ་བ་དང་བཙུན་པ་ཐམས་ཅད་དང་བྲལ་བ། རྟོག་གེ་ཐམས་ཅད་དང་བྲལ་བ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། མཚན་མ་མེད་པ། མཚན་མ་དང་བྲལ་བ། མཚན་མའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། བྱིས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། བདུད་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། ཉོན་མོངས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། གནས་མ་ཡིན་པ། མི་གནས་པ། ཞི་བ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། དེ་དག་ཉིད་ཀྱི་སོ་སོ་རང་གིས་རིག་པ། དྲི་མེད་པ། མ་གོས་པ་དང་། རྣམ་པར་དག་པ། གྱ་ནོམ་པ། མཆོག །དམ་པ། ཕུལ། རྟག་པ། བརྟན་པ། ཐེར་ཟུག །མི་འཇིག་པའི་ཆོས་ཅན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ་ཆོས་ཀྱི་དབྱིངས་འདི་ནི་འདུག་པ་ཁོ་ནའོ། །ཞེས་པ་ལ་སོགས་པས་དོན་དམ་འཕགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཚུལ་རྒྱས་པར་བསྟན་པ་དག་ནི་སེམས་ཙམ་པ་འདོད་པའི་ལམ་དུ་མི་གནས་ཏེ། གཟུང་འཛིན་གཉིས་མེད་ཤེས་པ་རང་རིག་རང་གསལ་དེ་ཉིད་སངས་རྒྱས་ཀྱི་རྒྱུ་གྲུང་པོར་ཁས་བླངས་ཤིང་ཡུལ་ཅན་གཞན་དབང་བདེན་པར་འདོད་པས་རྣམ་ཤེས་རྫས་གྲུབ་དོན་དམ་པར་འདོད་པ་གང་ཞིག་ཆོས་ཀྱི་བདག་མེད་སྒྲ་ཇི་བཞིན་པ་ཡང་རྟོགས་པར་དཀར་བའི་ཕྱིར་རོ། །དེ་ལྟར་ཡང་ལང་གཤེགས་ལས། སེམས་ཙམ་ཡིན་ཏེ་སྣང་བ་མེད། །སྣང་བ་མེད་པས་མི་སྐྱེ་སྟེ། །དབུ་མ་ཡི་ནི་ལམ་འདི་དག །ང་དང་གཞན་དག་གིས་ཀྱང་བཤད། །སེམས་ཙམ་དུ་ནི་རྟོགས་པ་དང་། །ཕྱི་རོལ་དངོས་པོ་རྣམ་བསལ་བ། །རྣམ་པར་རྟོག་པ་རྣམ་ལྡོག་པས། །ལམ་དེ་ཉིད་ནི་དབུ་མའོ། །ཞེས་གསུངས་པ་བཞིན་བཀའ་ཐ་མའི་དགོངས་པ་འདི་ཉིད་ངེས་དོན་དབུ་མ་ཆེན་པོར་གནས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འགྲེལ་བ་དང་ཐེག་ཆེན་གྱི་སློབ་དཔོན་ཤིང་རྟ་གཉིས་རྗེས་འབྲངས་དང་བཅས་པས་རང་གཞུང་རྣམས་སུ་གསལ་བར་བསྟན་པ་ཡིན་ལ། འོན་ཀྱང་སློབ་དཔོན་འགའ་ཞིག་གིས་དགོས་དབང་ལ་བརྟེན་ནས་རྣམ་གཞག་གཞན་དང་གཞན་དུ་སྨྲ་བ་དག་བྱུང་སྲིད་ནའང་དེ་དག་རྣམས་སྐྱེ་འཕགས་ཇི་ལྟར་ཡིན་ཚད་གཟུང་བར་དཀའ་ཞིང་། འཕགས་པའི་སར་བཞུགས་པར་གྲུབ་ན་དགོངས་གཞི་གཞན་དང་གཞན་གྱིས་དེ་ལྟར་གསུངས་པའི་སྐབས་སྲིད་པ། རང་རེ་བྱིས་པ་རྣམས་ཀྱིས་མཐའ་གཅིག་ཏུ་བཟུང་ནས་ཆོས་སྤང་གི་ལས་ངན་མི་གསོག་པ་ཉིད་གནད་དུ་གོ ལ། གལ་ཏེ་འདིར་ངོ་བོ་ཉིད་གསུམ་བསྟན་པའི་ཕྱིར་སེམས་ཙམ་པའོ་ཞེས་སྨྲས་ཀྱང་། ཡུམ་བར་མ་ལས། བྱམས་པ། ཡོངས་སུ་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྫས་མེད་པར་བལྟའོ། །རྣམ་པར་བརྟགས་པའི་གཟུངས་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་རྫས་ཡོད་པའི་ཕྱིར་རྫས་ཡོད་པར་བལྟ་ཡི་རང་དབང་དུ་འཇུག་པ་ནི་མ་ཡིན་ནོ། །ཆོས་ཉིད་ཀྱི་གཟུགས་གང་ཡིན་དེ་ནི་རྫས་མེད་པ་ཡང་མ་ཡིན་རྫས་མེད་པ་ཡང་མ་ཡིན་དོན་དམ་པས་རབ་ཏུ་ཕྱེ་བ་ཡིན་པར་བལྟ་བར་བྱའོ། །ཞེས་སོགས་གསུངས་པ་དང་། བརྒྱད་སྟོང་དོན་བསྡུས་སུའང་། ཤེས་རབ་ཕ་རོལ་ཕྱིན་པ་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །བརྟགས་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཁོ་ནའོ། །མེད་ཅེས་བྱ་བ་སོགས་ཚིག་གིས། །བརྟགས་པ་ཐམས་ཅད་འགོག་པ་སྟེ། །སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་ཡང་དག་བསྟན། །རྣམ་པར་བྱང་བ་བཞི་ཡིས་ནི། །ཡོངས་སུ་གྲུབ་པར་རབ་ཏུ་བསྒྲགས། །ཤེས་རབ་ཕ་རོལ་ཕྱིན་པ་ནི། །སངས་རྒྱས་རྣམས་ཀྱི་གཞན་བསྟན་མེད། །ཅེས་པ་ལ་སོགས་པ་ངོ་བོ་ཉིད་གསུམ་གྱི་ཚུལ་བཀའ་བར་པ་ནས་ཀྱང་རྒྱས་པར་བསྟན་པ་དང་། དེ་བཞིན་དུ་གཞན་ཡང་སློབ་དཔོན་ཀླུའི་བཤེས་གཉེན་གྱི་སྐུ་གསུམ་ལ་འཇུག་པའི་སྒོར་ཡང་། ངོ་བོ་ཉིད་གསུམ་གྱིས་སྐུ་གསུམ་འཐོབ་པའི་རྒྱུར་བསྡུས་པ་དང་། དེའི་འགྲེལ་བ་དབུ་མ་པ་ཆེན་པོ་ཡེ་ཤེས་ཟླ་བས་མཛད་པར་ཡང་དེ་དང་དོན་གཅིག་པར་བཤད་པ་སོགས་དབུ་མའི་གཞུང་ཆེན་པོ་ཐམས་ཅད་དུ་ངོ་བོ་ཉིད་གསུམ་གྱི་རྣམ་གཞག་མཛད་པ་ཐམས་ཅད་ཀྱང་དབུ་མའི་ལུགས་སུ་དེ་མེད་ཅིང་སེམས་ཙམ་གྱི་ལུགས་ཁོ་ནའོ་ཞེས་སྨྲ་བ་རྣམས་ཀྱིས་གཞུང་དེ་དང་དེ་མ་མཐོང་བར་ཟད་ལ། གཞན་ཡང་ལང་གཤེགས་ལས། །སེམས་ཙམ་ལ་ནི་བསྟན་ནས་སུ། །ཕྱི་རོལ་དོན་ནི་མི་བརྟག་གོ། །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ་། །ཞེས་གནས་སྐབས་སུ་སེམས་ཙམ་དུ་བསྟན་ནས་མཐར་དེ་ལས་ཡང་དག་པར་འདས་ནས་སྣང་མེད་དུ་དབུ་མ་དང་། དེ་ལས་ཀྱང་འདས་ནས་སྣང་བཅས་དབུ་མ་སྟོན་ཅིང་། དེ་ལ་མ་སླེབ་ན་ཐེག་ཆེན་གྱི་དོན་ཟབ་མོ་མི་མཐོང་བར་གསུངས་པ་ཡིན། སྦྱིན་སེམས་ཀྱི་སྒྲས་སྨོས་པ་ཐམས་ཅད་སེམས་ཙམ་དུ་སྨྲ་བའང་ནོངས་ཏེ། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་། ཆོས་ཀྱི་དབྱིངས་དང་། འོད་གསལ་བའི་སེམས་དང་། ཀུན་ཏུ་བཟང་པོའི་ཡིད་ལ་སོགས་པ་མཐའ་ཐམས་ཅད་དང་བྲལ་བའི་གནས་ལ་སེམས་ཀྱི་སྒྲས་བསྟན་པའི་སྐབས་ཡོད་དེ། ཡུམ་རྒྱས་པ་ལས། རབ་འབྱོར་སེམས་དེ་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་འཁོར་བའི་སེམས་དང་སེམས་བྱུང་ལས་འདས་པའི་འོད་གསལ་བའི་སེམས་ཉིད་གསུངས་པ་རྣམ་ཤེས་ལས་འདས་པའི་སེམས་ཙམ་དུ་ནོར་བར་མི་བྱ་སྟེ། ཕྱི་མའི་མཚན་ཉིད་ནི། མདོ་ལས། རྣམ་པར་རྟོག་པའི་བག་ཆགས་འབྲེལ། །སེམས་ལས་བྱུང་བ་སྣ་ཚོགས་པ། །མི་ལས་ཕྱི་རོལ་སྣང་བ་ནི། །འཇིག་རྟེན་པ་ཡི་སེམས་ཙམ་མོ། །ཞེས་གསུངས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་ཙམ་གྱི་ཁྱད་པར་བསྟན་པ་སྔར་བཤད་པའི་རྣམ་ཤེས་ཡེ་ཤེས་ཀྱི་ཁྱད་པར་དང་དོན་གཅིག་ཅིང་། དེ་བཞིན་དུ་ཤིན་ཏུ་ཟབ་པའི་ཐེག་ཆེན་རྣམས་སུ་བསྟན་པའི་མིང་གཞན་གྱིས་བསྙད་པའི་སེམས་ཀྱི་དོན་ཅན་རྣམས་ཀྱང་དེ་བཞིན་དུ་ཤེས་དགོས་ལ། དེར་མ་ཟད་ཟག་པ་མེད་པའི་དབྱིངས་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། དོན་དམ་པའི་དགེ་བ་དང་། ཆོས་ཉིད་མི་འགྱུར་ཞིང་བརྟན་པ་དང་། དོན་དམ་པའི་གནས་ལུགས་སུ་བདེན་པ་དང་། གདོད་ནས་རྣམ་པར་གྲོལ་བའི་སྐུ་དང་། མཐའ་བཞིའི་སྤྲོས་པ་ཐམས་ཅད་དང་བྲལ་བ་དང་། བདག་གཉིས་སྤངས་པ་སོགས་ཐུབ་པ་ཆེན་པོའི་ཆོས་ཀྱི་སྐུ་དང་དབྱེར་མེད་པའི་ཡོན་ཏན་གྱི་ཚོགས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་རྣམས་ཀྱང་རྣམ་ཤེས་ཀྱི་ཆོས་ལས་ཤིན་ཏུ་འདས་པར་ལྷུན་གྲུབ་ཏུ་གནས་པའི་ཕྱིར་འཇིག་རྟེན་པའི་སེམས་ཙམ་སྨྲ་བ་དང་རྣམ་པ་རབ་ཏུ་འགལ་བ་ཅན་ནོ། །སྤྱིར་ཕྱོགས་སུ་མ་ལྷུང་བའི་བློ་གྲོས་ཚད་མར་གྱུར་པ་དག་གིས་སྟོང་ལུགས་གཉིས་ཀ་ཡང་ཤིང་རྟའི་སྲོལ་སོ་སོ་ལ་བརྟེན་པའི་གྲུབ་མཐའ་བཞིར་གྲངས་ངེས་པ་དག་གི་རྩེ་མོར་གྱུར་བའི་དབུ་མར་གནས་པ་ལ་ཁྱད་པར་མེད་དེ། ངེས་དོན་གྱི་དགོངས་པ་འགྲེལ་བ་ལ་རྒྱལ་བས་ལུང་བསྟན་པའི་སློབ་དཔོན་ཆེན་པོ་ཀླུ་ཐོགས་རྣམ་གཉིས་སོ་སོའི་བསྟན་བཅོས་ཀྱིས་གསལ་བར་རྟོག་ཤིང་། དེ་དང་མཐུན་པར་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཆེན་འབྱུང་གནས་ཞི་བ་དང་། ལེགས་ལྡན་ཞབས་དང་། གསེར་གླིང་པ་དང་། ཇོ་བོ་རྗེ་སོགས་ཀྱིས་ཀྱང་བཤད་ལ། སློབ་དཔོན་སེང་གེ་བཟང་པོས་ཀྱང་ཞལ་གྱིས་བཞེས་ཏེ། དེས་རྒྱན་གྱི་དགོངས་པ་འཆད་པ་ན། གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས་ཞེས་པ་འདི་རྣལ་འབྱོར་གྱིས་གསུམ་པའི་སྒོམ་བྱུང་གི་རྣལ་འབྱོར་རམ་བསམ་བྱུང་གི་རིམ་པ་གང་རུང་དུ་བཞེད་པའི་ཕྱིར་དང་། དེ་བཞིན་ཉིད་གྱི་ངོས་འཛིན་ཡེ་ཤེས་ལ་བཤད་པ་དང་། ངོ་བོ་ཉིད་སྐུའི་འགྲེལ་པ་གནས་ཚུལ་གྱི་སྐུ་ལྷག་མ་གསུམ་པོ་ཆོས་ཉིད་དུ་བཤད་པའི་ཕྱིར་རོ། །དེའི་ཕྱིར་འཁོར་ལོ་བར་པ་ནས་དངོས་སུ་བསྟན་པའི་སྟོང་ཉིད་ཀྱིས་ལུས་ཅན་རྣམས་ཀྱི་བློ་ལྷན་སྐྱེས་ཀྱི་ངར་འཛིན་དང་། མུ་སྟེགས་བྱེད་རྣམས་ཀྱིས་གྲུབ་མཐའ་གསར་དུ་བཏགས་པའི་བདག་ཏུ་ལྟ་བ་དང་། རང་སྡེ་དངོས་པོར་སྨྲ་བའི་གྲུབ་མཐའི་འཛིན་ཞེན་གྱི་སྤྲོས་པ་གཅོད་པའི་དོན་དུ་ངེས་དོན་མེད་དགག་ཁོ་ནར་བཞེད་ཅིང་། ཅི་ཡང་མི་བསྒོམ་པ་ལ་སྟོང་ཉིད་བསྒོམ་པ་དང་། ཅི་ཡང་མི་མཐོང་བ་ལ་དེ་ཁོ་ན་ཉིད་རྟོགས་པར་བསྟན་པས་དེ་དང་དེའི་དོན་མཐོང་བས་བདག་མེད་ཚུལ་བཞིན་དུ་རྟོགས་པར་བྱེད་པའི་གོ་ཡུལ་གྱི་ལྟ་བ་སྟེ། མཚན་འཛིན་གཞིག་པར་དཀའ་བ་ཡང་ཐོས་བསམ་ལས་བྱུང་བའི་ཤེས་རབ་ཀྱིས་འགོག་པར་བྱེད་པ་ལ་ཐལ་རང་གི་རིག་པ་སྤྲོས་པ་གཅོད་བྱེད་ལ་རྣོ་བ་དང་། བསྒོམ་པ་ཉམས་མྱོང་གིས་གཏན་ལ་འབེབས་པའི་ཚེ་ནི་འཁོར་ལོ་གསུམ་པར་གསུངས་པའི་དབུ་མ་ཆེན་པོའི་ལུགས་འདི་ཉིད་མཆོག་ཏུ་ཟབ་ལ་རྒྱ་ཆེ་བ་ཡིན་ཏེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་པའི་བདེན་པ་རང་བྱུང་གི་ཡེ་ཤེས་འདི་ཉིད་ནི་ཆོས་ཐམས་ཅད་ཀྱི་ཐོག་མའི་གནས་ལུགས་ཡིན་པ་གང་ཞིག །སོ་སོ་རང་གི་རིག་པས་ཉམས་སུ་མྱོང་བྱར་ཡོད་པའི་ཡེ་ཤེས་ཡིན་པའི་ཕྱིར་ཏེ། སྒྲ་གཅན་ཟིན་གྱིས་ཡུམ་ལ་བསྟོད་པར། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་དང་། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །ཅེས་གསུངས་པ་སོགས་ཀྱིས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མཚོན་པར་བྱས་ཤིང་འདི་ཉིད་ཀྱི་རང་བཞིན་མཐོང་བས་དོན་དམ་བདེན་པ་མཐོང་བ་ཞེས་བྱ་ཡི་ཅི་ཡང་མེད་པའི་སྟོང་ཉིད་ཙམ་ལ་དོན་དམ་བདེན་པར་མི་རུང་ངོ་། །དེའི་ཕྱིར་ཆོས་ཉིད་ཡོངས་གྲུབ་ནི་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་རྣམ་ཤེས་ཀྱི་ཆོས་ལས་ཡང་དག་པར་འདས་པ་སངས་རྒྱས་ཆོས་ཀྱི་སྐུ་དང་། ངོ་བོ་ཉིད་སྐུའི་སྒྲས་བསྟན་པ། གསང་སྔགས་སུ་གསུངས་པའི་རྒྱུད་གསུམ་གྱི་རྣམ་པར་གཞག་པ་དང་། ལྷ་དང་། སྔགས་དང་། རྡོ་རྗེའི་བདག་དང་། བདེ་བ་ཆེན་པོ་དང་། རྣམ་པར་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་། གཉུག་མའི་ལུས་ངག་ཡིད་གསུམ་གྱི་རྟེན་མི་ཤིགས་པའི་ཐེག་ལེ་ཆེན་པོ་སོགས་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་བདག་གིས་སྦྱང་གཞི་དང་སྦྱོང་བྱེད་དང་སྦྱངས་འབྲས་སོགས་ཀྱི་རྣམ་པར་གཞག་པ་དང་། གཞི་ལམ་འབྲས་བུའི་རྣམ་གཞག་ཐུན་མོང་མ་ཡིན་པ་རྣམས་ཀྱང་སེམས་ཙམ་པར་གྲགས་པའི་གྲུབ་མཐའ་དང་འགལ་བའི་ཆོས་སུ་གནས་ཤིང་། རང་སྟོང་པ་ལྟར་འདོད་པའི་ལམ་དུའང་མི་གནས་པར་འཁོར་ལོ་ཐ་མའི་དགོངས་པ་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་བཀྲལ་བ་དང་སྔགས་ཀྱི་རྒྱུད་སྡེ་རྣམས་ཀྱིས་བསྟན་པ་གཅིག་ལ་གཅིག་ལྟོས་ཀྱིས་མི་འགལ་བར་གནས་པའང་ཤེས་པར་བྱ་དགོས་ལ། དེ་ཕྱིར་བཀའ་ཐ་མའི་དགོངས་པ་འཇིག་རྟེན་པའི་སེམས་ཙམ་སྨྲ་བ་དང་རྣམ་པ་ཀུན་ཏུ་གཅིག་པ་མ་ཡིན་པར་ཐེག་པའི་རིམ་པ་འོག་མ་འོག་མའི་དགོས་པ་གོང་མ་གོང་མའི་ནང་དུ་རིམ་གྱིས་འདུ་ཞིང་མཐའ་གཅིག་ཏུ་གྲུབ་པ་ལས་འགལ་བ་མེད་ཀྱང་། འོག་མ་ལས་གོང་མ་ཆེས་ཁྱད་པར་དུ་འཕགས་པ་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་ཁྱད་པར་དུ་ངེས་པ་ཁོང་དུ་ཆུད་དགོས་ཏེ། དེ་ལྟར་མིན་ན་འཁོར་ལོ་དང་པོར་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་གཙང་བ་དང་། མི་རྟོག་པ་ཞེས་བསྟན་ནས། བཀའ་བར་པར་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབ་སྟེ། སླར་ཡང་བཀའ་མཐའ་མར། བདེ་བ་དང་། གཙང་བ་དང་། རྟག་པ་དང་། བདག་དམ་པར་བསྟན་པའི་དོན་གྱི་དགོངས་པ་ཉིད། རྟོན་པ་བཞི་ལ་གདིང་དུ་གྱུར་པའི་བློ་གྲོས་ཀྱིས་བླངས་མ་ཤེས་པར་སྒྲ་ཇི་བཞིན་པར་བཟུང་ན་གདུལ་བྱ་མགོ་རྨོངས་པར་འགྱུར་བ་དང་བསྟན་པ་འགལ་བར་དཔྱོད་པའི་རྣམ་པར་རྟོག་པ་ཅན་དུ་འགྱུར་ཏེ། འདི་ལ་དགོངས་ནས་རྒྱུད་བླ་མའི་འགྲེལ་པར། མདོར་བསྡུ་ན་གང་ཟག་བཞི་པོ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་བཞག་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། སོ་སོ་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ལ་ག སར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི། འཇིག་ཚོགས་ལ་བལྟ་བར་ལྷུང་བ་རྣམས་དང་། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང་། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་རྣམས་ཀྱིས་སྤྱོད་ཡུལ་མ་ལགས་སོ། །ཞེས་གསུངས་པ་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་དང་། གཞན་ཡང་ཚུལ་འདི་ཉིད་བཀའ་དང་བསྟན་བཅོས་ཐམས་ཅད་ནས་ཤིན་ཏུ་སྒྲུབ་ཏུ་ཡོད་ཀྱང་འདིར་རེ་ཞིག་དེ་ཙམ་མོ། །བསྟན་པ་དེ་དག་དྲང་ངེས་གཉིས་སུ་རྣམ་པ་གཞག་ན། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་པོ་དེ་དག་གིས་གང་དུ་སྒྲིབ་བྱེད་གློ་བུར་བའི་དྲི་མ་རགས་པ་དང་། ཕྲ་བ་དང་། ཤིན་ཏུ་ཕྲ་བའི་ཚུལ་རྣམས་སྦྱོང་བྱེད་ཀྱི་ཐབས་རྒྱ་ཆེ་ཆུང་ལས་དོན་དུ་གཤེགས་སྙིང་གཅིག་པུའི་སྟེང་གི་དྲི་མ་སྦྱོང་བ་ལ་གསུམ་ཀ་མཐུན་ཞིང་། འདི་ལྟར་དང་པོས་མི་རྟག་པ་སོགས་ཀྱིས་འཁོར་བ་ལས་ཡིད་འབྱུང་ཞིང་མྱ་ངན་ལས་འདས་པའི་སྒོར་འཇུག་པའི་རྒྱུ་བྱེད། གཉིས་པ་རྣམ་པར་ཐར་པའི་སྒོ་གསུམ་གྱིས་འཇིག་རྟེན་པའི་བདག་ཏུ་ལྟ་བ་སོགས་མཚན་འཛིན་གྱི་གཉེན་པོར་འགྱུར་ཞིང་། གསུམ་པ་ཕྱིར་མི་ལྡོག་པའི་གཏམ་གྱིས་བདེ་བར་གཤེགས་པའི་ཚུལ་རྒྱ་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་ལ་དགོངས་པ་སྟེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟར་དཔེར་ན་ནོར་བུ་མཁན་མཁས་པས་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས། ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་བླངས་ཏེ་ལན་ཚྭའི་ཆུ་རྙོག་པོར་སྤངས་ནས་སྐྲའི་རེ་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་བཞིན་དུ་དེའི་འོག་ཏུ་ཟས་ཀྱི་ཁུ་བར་སྦྱོངས་ཏེ་བལ་གྱི་ལུ་བས་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་བཞིན་དུ་དེའི་འོག་ཏུ་སྨན་བཟང་པོའི་ཁུ་བས་སྤངས་ཏེ་རས་སྲབ་མོས་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻཌཱུརྱ་རིགས་ཆེན་པོ་ཞེས་བརྗོད་དོ། །དེ་བཞིན་དུ་སེམས་ཅན་ལ་དང་པོ་མི་རྟག་པ་དང་སྡུག་བསྔལ་བ་སོགས་ཡིད་འབྱུང་བའི་གཏམ་གྱིས་འདུལ་བ་ལ་འཛུད་པར་མཛད་པ་དང་། དེའི་འོག་ཏུ་རྣམ་པར་ཐར་པ་གསུམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་པ་དང་། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛོད་དོ། །ཞུགས་པར་གྱུར་ཅིང་ཆོས་ཉིད་རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་སོ། །ཞེས་པ་ལ་སོགས་པས་རྒྱས་པར་གསུངས་ཤིང་། དེ་བཞིན་དུ་བཀའ་རིམ་པ་གསུམ་པོ་དྲང་དོན་དང་ངེས་དོན་དུ་རྣམ་པར་དབྱེ་བ་ཡང་། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་སྟོན་པའི་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། ཐེག་པ་ཆེན་པོར་ཡང་དག་པར་ཞུགས་པ་རྣམས་ལ། སྟོང་པ་ཉིད་སྟོན་པའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིར་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན། རྩོད་པའི་གཞིར་མ་གྱུར་བ་ལགས་སོ། །ཞེས་པ་ལ་སོགས་པའི་སྒོ་ནས་དྲང་ངེས་ཀྱི་རྣམ་པར་བཞག་པར་མཛད་ལ། དེ་ལྟར་འཁོར་ལོ་བར་པ་དྲང་དོན་དུ་བཞག་པའི་རྒྱུ་མཚན་ནི། ཆོས་འཁོར་འདིར་དགོས་པའི་དབང་གིས་བདེ་བར་གཤེགས་པའི་སྟོབས་སོགས་དོན་དམ་གྱིས་ཡོན་ཏན་རང་སྟོང་མ་ཡིན་པ་རྣམས་ཀྱང་ཕལ་ཆེར་རང་སྟོང་དུ་སྟོན་པ་དང་། དེ་དག་ལེགས་པར་ཕྱེ་སྟེ་ནང་འགལ་མེད་པར་མ་བསྟན་པ་སོགས་ཀྱིས་བླ་ན་མཆིས་པ་ལ་སོགས་པ་གསུངས་ལ། གསུམ་པར་ནི་ཀུན་རྫོབ་ཀྱི་ཆོས་རྣམས་རང་སྟོང་དང་དོན་དམ་པའི་ཆོས་གཞན་གྱིས་སྟོང་བས་དེ་དག་གི་ཚུལ་ཉིད་ལེགས་པར་རྣམ་པར་ཇི་ལྟ་བར་ཕྱེས་ནས་བསྟན་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བཞག་གོ། །གལ་ཏེ་འཁོར་ལོ་བར་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར་ངེས་དོན་ཡིན་ལ། དེ་ལས་བཟློག་ནས་སྟོན་པའི་ཕྱིར་ཐ་མ་དྲང་དོན་དགོངས་པ་ཅན་ཡིན་ནོ་ཞེས་སྨྲ་བ་ནི་ལེགས་པར་མ་བརྟགས་པ་སྟེ། མ་སྐྱེས་མི་འགག་གདོད་ནས་ཞི་བ་ལ་སོགས་པ་ཤེར་ཕྱིན་སྒྲ་ཇི་བཞིན་བ་ནི་འཁོར་ལོ་ཐ་མ་ཉིད་དུ་མཆོག་ཏུ་རྒྱས་ཤིང་། ཤིན་ཏུ་ཟབ་པའི་ཚུལ་ནི་རྡོ་རྗེ་ཐེག་པར་བསྟན་ལ། དེ་ཉིད་མི་གསལ་བ་དང་། གསལ་བ་དང་། རབ་ཏུ་གསལ་བར་སྟོན་པའི་རྒྱུ་མཚན་གྱིས་བླ་ན་ཡོད་མེད་ཀྱི་ཁྱད་པར་གསུངས་པ་ཡིན་གྱི་ཤེར་ཕྱིན་གྱི་ངོ་བོ་ལ་ཁྱད་པར་ཡོད་པ་མ་ཡིན་ཏེ། གང་བདེ་གཤེགས་སྙིང་པོ་དང་། ཆོས་ཀྱི་དབྱིངས་དང་། འོད་གསལ་བའི་སེམས་དང་། རང་བཞིན་གྱིས་དག་པའི་རིགས་དང་། ཡང་དག་པའི་མཐའ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སོགས་པ་མིང་གིས་བསྟན་པ་མཐའ་ཡས་པ་ཐམས་ཅད་རང་བྱུང་གཉིས་སུ་མེད་པའི་ཡེ་ཤེས་སུ་གཅིག་པ་ཡིན་ལ། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སློབ་དཔོན་ཕྱོགས་ཀྱི་གློང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེའི་སྒྲ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བཀའ་ཐ་མ་ངེས་དོན་མཐའ་ཐུག་ཏུ་ལུང་དང་རིགས་པ་ཐམས་ཅད་ཀྱིས་འགྲུབ་སྟེ་རྒྱལ་བ་ཉིད་ཀྱིས་དྲང་ངེས་དབྱེ་བར་མཛད་པ་དང་། གཞན་ཡང་ཇི་སྐད་དུ། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ཡི་དོན་ལ་མཁས། །མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་རྒྱལ་བས་དྲང་ངེས་འབྱེད་པ་པོར་ལུང་དུ་བསྟན་པའི་འཕགས་པ་དེ་ཉིད་ཀྱིས་ཐ་མ་ངེས་དོན་མཐར་ཐུག་ཏུ་བཞག་པ་ཡིན་ཅིང་། བར་པ་ངེས་དོན་དང་། ཐ་མ་དྲང་དོན་ཡིན་པའི་ལུང་གང་ཡང་མེད་མོད་ཀྱི། འོན་ཏེ་བཀའ་ཐ་མ་འདི་ཉིད་རྣམ་རིག་སྨྲ་བར་འདོད་པ་དག་གིས་དེ་ལྟར་བྱས་པ་ཡིན་སྲིད་ཀྱང་གོང་དུ་དྲངས་བའི་ནོར་བུ་སྦྱོང་བའི་དཔེ་དང་ནད་པའི་སྨན་དང་ཡི་གེ་སློབ་པའི་དཔེ་སོགས་ཀྱིས་བསྟན་པའི་གོ་རིམ་དང་འགལ་བ་དང་། རྒྱལ་བ་ཉིད་དང་འཕགས་པས་རྣམས་པར་གཞག་པ་ལའང་དགོས་པ་མེད་པར་འགྱུར་བ་སོགས་སྐྱོན་མཐའ་ཡས་ཤིང་། དེར་མ་ཟད་གདུལ་བྱ་རྣམས་ལ་དང་པོ་དྲང་དོན་དང་། བར་དུ་ངེས་དོན་བསྟན་ནས། སླར་ཡང་དྲང་དོན་ཟློས་ཏེ་བསྟན་པ་ལ་དགོངས་པའི་ལེན་ལུགས་དང་དགོས་པ་ཅི་ཡོད་ཀྱང་བསམ་དགོས་སོ། །དེས་ནི་ངེས་དོན་མཐར་ཐུག་ལ་དངོས་པོར་སྨྲ་བའི་གྲུབ་མཐར་བཞག་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཀུན་རྫོབ་བསྟན་པའི་སྐུར་ཞུས་དང་། སྙིང་པོའི་ཆོས་འདི་སྤང་བར་འགྱུར་བ་སོགས་སྡིག་ཏོ་མི་བཟད་པར་ཤེས་པར་བྱའོ། །གཞན་ཡང་ཐེག་པ་གསུམ་གྱི་སྒོ་ནས་ངེས་དོན་འཁོར་ལོ་ཐ་མར་འདུ་བའི་དབང་དུ་མཛད་པས་ཀྱང་ངེས་དོན་མཐར་ཐུག་ཏུ་གྲུབ་སྟེ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས་ཀྱང་། དེ་ནས་བཅོམ་ལྡན་འདས་དེའི་བསྙེན་བཀུར་བ་བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲ་དབྱངས་སྙན་པ་ཞེས་པ་དེ་པདྨའི་སྟན་ལས་ལངས་ཏེ་གསོལ་བ། བཅོམ་ལྡན་འདས། འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཇི་སྲིད་ཅིག་ན་མཆིས། བཀའ་སྩལ་པ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་འདི་ནས་ནུབ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་ནའོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་དེ་ན་བཅོམ་ལྡན་འདས་གང་ཆོས་སྟོན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱའོ། །ཆོས་སྟོན་པ་ཅི་འདྲ་ཞིག་ལགས། ཐེག་པ་གསུམ་ལས་བརྩམས་ཏེའོ། །ཐེག་པ་གསུམ་པོ་གང་ལགས། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་སྟེ་ཐེག་པ་གསུམ་པོ་དེ་ལས་བརྩམས་ཏེ་ཆོས་སྟོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་མཐུན་ལགས་སམ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་མཐུན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ཅི་ཙམ་ཞིག་མཐུན། བཀའ་སྩལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ནི་ཕྱིར་མི་ལྡོག་པའི་འཁོར་ལོར་མཐུན་ནོ། །ཞེས་པ་ལ་སོགས་པས་རྒྱ་ཆེར་གསུངས་སོ། །དེ་ལྟར་བླ་ན་མེད་པའི་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་རིགས་དེ་ལ་དབྱེ་ན། རྒྱུད་བླ་མར། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམས་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླང་བ་མཆོག་ཡིན་ནོ། །ཞེས་གསུངས་པས། རང་བཞིན་གནས་པའི་རིགས་དང་། སྒྲུབ་པའི་རིགས་གཉིས་ཀྱི། དང་པོ་ནི། མྱང་འདས་ལས། རིགས་ཀྱི་བུ། དེ་ལ་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་རང་བཞིན་གྱིས་ངོ་བོ་ཉིད་མེད་པ་ནི། རང་བཞིན་གྱིས་དག་པའི་སེམས་ཇི་ལྟར་སྣང་བ་མཚན་དང་དཔེ་བྱད་འབར་བའི་ཡོན་ཏན་གྱིས་བགོས་པ་དང་ཐ་དད་པར་མ་ཡིན་ཏེ། འོན་ཀྱང་སྣང་བ་དང་སྟོང་པའི་རང་བཞིན་གྱིས་རྣམ་པར་ཕྱེའོ། །ཞེས་གསུངས་པས། འདི་ལའང་དབྱེ་ན། ཆོས་ཉིད་རང་བཞིན་གྱིས་གནས་པའི་རིགས་དབྱིངས་ཟག་མེད་ངོ་བོ་ཉིད་སྐུའི་བྲལ་རྒྱུའམ་བྲལ་གཞི་ལྷུན་གྱིས་གྲུབ་པས་རིན་པོ་ཆེའི་སྐུ་ལྟ་བུ་དང་། ཆོས་ཅན་རང་བཞིན་གྱིས་གནས་པའི་རིགས་ལོངས་སྤྱོད་རྫོགས་སྐུའི་བྲལ་རྒྱུ་འཁོར་ལོས་བསྒྱུར་བ་ལྟ་བུ་དང་། དེའི་གཟུགས་བརྙན་སྣང་བ་སྤྲུལ་སྐུའི་བྲལ་རྒྱུ་གསེར་གྱི་གཟུགས་བརྙན་ལྟ་བུ་སྟེ་མཐར་ཕྱིན་འབྲས་བུའི་སྐུ་གསུམ་གྱི་འཆར་གཞིར་གྱུར་པའི་ཆ་ནས་ལྡོག་པའི་གསུམ་དུ་འགྱུར་ནའང་། དོན་ལ་དེ་གསུམ་ངོ་བོ་དབྱེར་མེད་པའི་ཆོས་ཉིད་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཆེན་པོའི་ཡེ་ཤེས་ཆོས་ཀྱི་སྐུ་རང་བྱུང་འདུས་མ་བྱས་ཆེན་ཏེ། སྣང་སྟོང་ཐ་དད་དུ་དབྱེ་གཞི་ཟད་པའི་དབྱེར་མེད་ཆེན་པོ་ཡིན་པས་དེ་བཞིན་གཤེགས་པ་ཉིད་དང་དཔེ་མཚུངས་པར། རྒྱུད་བླ་མར། འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །འདི་ལ་དཔེ་ནི་མ་དམིགས་པས། །དེ་བཞིན་གཤེགས་པ་ཉིད་དང་ཁམས། །འདྲ་བ་ཉིད་དུ་བསྟན་པ་ཡིན། །ཞེས་སོ། །འདི་ཉིད་སྒྲིབ་བྲལ་མངོན་དུ་གྱུར་དུས་ཐེག་ཆེན་གྱི་འགོག་བདེན་མཐར་ཐུག་པ་དག་པ་གཉིས་ལྡན་ངོ་བོ་ཉིད་སྐུ་ཡིན་ལ། སྒྲུབ་པའི་རིགས་ནི་དབྱིངས་ཡེའམ་ཆོས་ཉིད་དང་ཆོས་ཅན་རང་བཞིན་གྱིས་གནས་པའི་རིགས་དེ་གཉིས་པོ་སད་པ་ལ་བརྟེན་ནས་དེའི་སྟེང་གི་དྲི་མ་གློ་བུར་བ་རྣམས་སེལ་བྱེད་སེམས་བསྐྱེད་པ་སོགས་གནས་སྐབས་སློབ་ལམ་གྱིས་བསྡུས་པའི་ཐབས་ཤེས་ཚོགས་གཉིས་ཟུང་འབྲེལ་ལ་སློབ་པ་སྟེ། སྡོག་པོ་བཀོད་པ་ལས། ཀྱེ་རྒྱལ་བའི་སྲས་དང་། །བྱང་ཆུབ་ཀྱི་རིགས་ཞེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ལྷུང་ལེན་པ་སྟེ། ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་མཐོང་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ལ་རྗེས་སུ་སློབ་པ་དག་གོ། །ཞེས་གསུངས། དེས་ན་སྔ་མ་ནི་བྲལ་གཞི་དང་། ཕྱི་མ་ནི་དེའི་སྟེང་གི་དྲི་མ་སེལ་བྱེད་ཀྱི་ལམ་མོ། །ལམ་བདེན་བྲལ་རྒྱུས་བསྡུས་པ་ཀུན་གཞི་ལ་བརྟེན་ཡང་དེས་ཐོས་པའི་ཆ་བྲལ་འབྲས་རིགས་སམ་སྙིང་པོ་ལ་བརྟེན་པས་འཕོ་འགྱུར་མེད་པའི་ཐར་པ་དམ་པའི་རྒྱུ་བྱེད་པར་གསུངས་སོ། །དེ་ལྟ་བུའི་རང་བཞིན་གནས་རིགས་དེ་ཡོད་པར་གང་གིས་ཤེས་ན། སྤྱིར་དུ་བ་ལས་མེ་བཞིན་རིགས་སད་པའི་རྟགས་ཀྱིས་རིགས་ཉིད་ཡོད་པར་རྗེས་སུ་དཔོག་སྟེ། རང་བཞིན་ཆོས་སྐུའི་རིགས་སད་པའི་རྟགས་ནི། འཇུག་པར། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྦུ་ལྡང་བར་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་ཐོབ་བློའི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟོད་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་བར་བྱ། །ཞེས་སོ། །གཟུགས་སྐུ་ཆོས་ཅན་གྱི་རིགས་སད་པའི་རྟགས་ནི། མདོ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་སོ། །རིགས་དེ་སད་པའི་ཕན་ཡོན་ཡང་། དེ་ཉིད་ལས། རིང་མོ་ཞིག་ནས་ངན་སོང་དུ། །སོང་ཡང་མྱུར་དུ་ཐར་བར་འགྱུར། །དེ་ནའང་སྡུག་བསྔལ་ཆུང་ངུ་མྱོང་། །སྐྱོ་བྱས་སེམས་ཅན་སྨིན་པར་བྱེད། །ཅེས་གསུངས་པས། རིགས་དེ་ལན་གཅིག་སད་ཕན་ཆད་ངན་སོང་དུ་མི་སྐྱེ་བ་དང་། གལ་ཏེ་སོང་ཡང་དར་གྱི་ཕོ་ལངས་བརྡབ་པའི་ཡུལ་ཙམ་གྱིས་ཐར་ཞིང་། དེར་ཡང་སྡུག་བསྔལ་ཆུང་བ་དང་། སྐྱོ་ཤས་དྲག་པོས་སེམས་ཅན་ཡང་སྨིན་པར་བྱེད་དེ། སྟོན་པ་ཉིད་དམྱལ་བར་ཤིང་རྟ་འདྲེན་པའི་གྱད་དུ་གྱུར་བའི་ཚེ། སྙིང་རྗེ་ཆེན་པོའི་རིགས་སད་པའི་རྐྱེན་གྱིས་མོད་ལ་ཐར་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ཤིང་། དེ་ལས་འཕོས་ཏེ་འཛམ་གླིང་དུ་རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་གསུངས་པ་དང་། གཞན་ཡང་མཛའ་བོའི་བུ་མོ་སོགས་སྐྱེས་རབས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་རིགས་འདི་འགྲོ་བ་ལ་མེད་ན་གང་དག་ལ་སྡུག་བསྔལ་བྱུང་བས་དེ་དག་སྐྱོ་བར་ཡང་མི་འགྱུར་ལ། འགའ་ཞིག་འཁོར་འདས་ལ་བླང་དོར་བྱེད་པའི་བློ་ཡང་མི་འབྱུང་བར་རིགས་པ་དང་། ཐར་པ་འདོད་པའང་སེམས་ལ་འཆར་མི་སྲིད་པ་ལས། སུས་ཀྱང་མ་བསྟན་པར་སྐྱེ་བོ་འགའ་ལ། གཞན་སྡུག་བསྔལ་འབྱུང་བ་ལ་སྙིང་རྗེ་སྐྱེ་བ་དང་། སྡུག་བསྔལ་མྱོང་བས་ཡིད་འབྱུང་བ་སོགས་ཀྱང་འབྱུང་བ་སོགས་ཀྱང་ཐོག་མེད་ནས་ཆོས་ཁམས་དགེ་བའི་མཐུན་ཤེས་པར་བྱ་སྟེ། རྒྱུད་བླ་མར། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། །སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་ཕྱིར་འདི། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་གསུངས། གང་དུ་རིགས་མེད་པའམ་རིགས་ཆད་གསུངས་པ་ནི་རིགས་མ་སད་པ་རྣམས་ལ་དམན་པ་དགག་སྒྲ་སྦྱར་བ་ཡིན་གྱིས། རང་བཞིན་གནས་རིགས་མེད་པའི་འགྲོ་བ་ནི་འགའ་ཡང་མེད་དེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོར། ཀྱེ་རིགས་ཀྱི་བུ། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་དང་། དཔལ་ཕྲེང་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་སོ། །དེས་ན་རྒྱུ་རིགས་དེ་གཉིས་སད་པ་ལ་བརྟེན་ནས་ཐེག་པ་ཆེན་པོའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། གཙོ་བོར་མཉམ་གཞག་ཏུ་རྣམས་པར་མི་རྟོག་པའི་ཡེ་ཤེས་ལ་གོམས་པས་ཆོས་སྐུ་ལ་སྒྲིབ་པའི་དྲི་མ་སེལ་ཞིང་། རྗེས་ཐོབ་ཏུ་སྙིང་རྗེ་སྒྱུ་མ་ལྟ་བུ་དང་འགྲོགས་ཏེ་ཐབས་ལ་མཁས་པས་ཚོགས་གཉིས་ལ་སྤྱོད་པས་གཟུགས་སྐུ་གཉིས་ལ་སྒྲིབ་པའི་དྲི་མ་བསལ་ནས། མཐར་ཐུག་བྲལ་འབྲས་ཟག་མེད་ཀྱི་ཡོན་ཏན་བསམ་མི་ཁྱབ་པས་འཁྱུད་པའི་དབྱིངས་ཀྱི་ངོ་བོ་ཉིད་སྐུའམ་གཞན་སྣང་གཟུགས་སྐུའི་འཆར་གཞི་ནམ་མཁའི་ཟླ་བ་ལྟ་བུ་སངས་རྒྱས་རང་སྣང་གི་སྐུ་གསུམ་པོ་གཞན་ནས་བརྩལ་བ་མེད་པར་ཡེ་ཤེས་རང་ལ་རང་སྣང་བར་བྱེད་པ་སྟེ། རྒྱུད་བླ་མར། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉིད་དེ་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོས་བསྒྲིབས་པ་ལས་ནི་བྲལ་གྱུར་བ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟེན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་འཐོབ། །ཅེས་དང་། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །གཞན་མེད་གངྒཱའི་བྱེ་མ་ལས་འདས་པ། །དཔག་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན། །དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་ཀུན་གཏན་སྤངས་པའོ། །ཞེས་སོ། །དེ་ལས་ཤར་བའི་གཟུགས་སྐུ་གཉིས་པོ་ནི་རྒྱུ་གདུལ་བྱའི་སྣོད་དག་པ་དང་རྐྱེན་སྔོན་གྱི་ཐུགས་བསྐྱེད་དང་ཚོགས་གཉིས་ལ་གོམས་པའི་ལྷན་ཅིག་བྱེད་རྒྱུས་རང་བྱུང་ཟག་མེད་ཀྱི་ཡེ་ཤེས་ཉིད། དཔེ་ཆུ་ཟླའི་ཚུལ་དུ་གདུལ་བྱ་གཞན་སྣང་དུ་སྟོན་པའི་ཆ་ནས་སྨིན་འབྲས་སུ་བཞག་པ་སྟེ། སྔ་མ་ལས། སྣ་ཚོགས་དམ་ཆོས་འོད་ཟེར་སྣང་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་སྒྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུ་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་ཀྱང་དེ་ཡི་རང་བཞིན་མིན། །འཇིག་རྟེན་ཞི་བའི་ལམ་དུ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟགས་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་དང་། ཀླུ་སྒྲུབ་ཀྱིས། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་པས། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་འབྱུང་ངོ་། །ཞེས་གསུངས། མདོར་ན་ཤིང་རྟ་ཆེན་པོར། སྐབས་འདིར་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས་གདུལ་བྱ་ལ་མི་སྣང་བ་དབྱིངས་ཀྱི་སྐུ་གསུམ་ཆོས་སྐུ་ཉག་གཅིག་ཏུ་རོ་གཅིག་པ་ནང་དབྱིངས་ཕྲ་བའི་ཡེ་ཤེས་སུ་ཡོད་པ་དང་། དེའི་བྱིན་རླབས་དང་གདུལ་བྱའི་སྨོན་ལམ་ལས་ཕྱིར་གསལ་གཞན་སྣང་དུ་ཤར་བ་ཡེ་ཤེས་ཕྲིན་ལས་དག་པའི་གཟུགས་སྐུ་གཉིས་སྣང་བ་ནི་ནམ་མཁའི་ཟླ་བ་དང་ཆུ་ཟླ་ལྟར་ཤེས་པར་བྱའོ། །ཞེས་དང་། གྲུབ་མཐའ་མཛོད་ལས། རིགས་གཉིས་ལ་སངས་རྒྱས་སྐུ་གསུམ་ཡེ་ལྡན་དུ་ཡོད་པས། སངས་རྒྱས་ཀྱི་སའི་རྒྱས་འགྱུར་སྣང་ཆ་ལོངས་སྐུ་དང་། དེའི་སྟོང་ཆ་ཆོས་སྐུ་རང་བཞིན་གནས་རིགས་གཉིས་དབྱེར་མེད་པའི་བྱིན་རླབས་ལས། སྤྲུལ་སྐུ་གདུལ་བྱ་གཞན་སྣང་དུ་སྟོན་པ་འཁོར་བསྒྱུར་གྱི་གཟུགས་བརྙན་གསེར་རིར་ཤར་བའི་དཔེས་གསུངས་པ་བཞིན་ནོ། །དེ་ལྟར་མ་ཤེས་པར་རང་བཞིན་གནས་རིགས་མེད་དགག་སྟོང་རྐྱང་འདུས་མ་བྱས་དང་རྒྱས་འགྱུར་ལམ་གྱི་གསར་སྐྱེ་འདུས་བྱས་ཁོ་ནར་ཞེན་པས་ནི། མཐར་ཐུག་གི་འབྲས་བུའི་སྐབས་སུ་སློབ་ལམ་གྱི་རྟོགས་པ་རྒྱུན་ཆད་པས་ཉོན་ཐོས་ཀྱི་འགོག་པ་མར་མེ་ཤི་བའི་དཔེ་ལྟར་སྐུ་དང་ཡེ་ཤེས་སོགས་གང་ཡང་བཞག་ཏུ་མེད་པའི་ལུགས་འཛིན་པ་དེ་བྱུང་བ་ཡིན་ཞིང་། དེ་ལྟ་ན་ཐེག་ཆེན་འགོག་བདེན་གྱི་དྲི་ཙམ་ཡང་མི་བྲོ་སྟེ། གཞི་སྤྲོས་པའི་མཐར་ལྷུང་བ་དང་། ལམ་ཐེག་ཆེན་གྱི་ཚོགས་གཉིས་ལ་དགོས་པ་མེད་པ་དང་། འབྲས་བུ་ཐེག་གསུམ་གྱི་མྱང་འདས་ལ་ཁྱད་པར་མེད་པ་དང་། མཐར་ཐུག་འབྲས་ཆད་ཀྱི་གཡང་ལས་བརྒལ་མི་ནུས་པས་དོན་དམ་པའི་སྐྱབས་ཀྱང་རྙེད་པར་མི་འགྱུར་བས་ན། ཚུལ་དེ་ལ་དགོངས་ཏེ་ཀུན་མཁྱེན་ཆོས་རྗེས་ཡིད་བཞིན་རིན་པོ་ཆེའི་མཛོད་དུ། ཚུལ་འདི་མི་ཤེས་སྟོང་པ་ཕྱང་ཆད་པ། །ཚིག་ཏུ་ཡོད་མེད་མཐའ་བྲལ་ཞེས་སྨྲ་ཡང་། །བྲལ་གཞི་མི་ཤེས་སྲིད་རྩེའི་ལྟ་བ་ཅན། །བསྟན་པ་འདི་ལས་ཕྱི་རོལ་གྱུར་པས་ན། །ནམ་མཁའི་ཡིད་ཅན་ཐལ་བས་བྱུག་ན་རུང་། །ཞེས་ལོག་པར་ལྟ་བ་ཕུར་བུ་པའི་ཁོངས་སུ་བསྡུ་བར་མཛད་པ་དང་། དོ་ཧ་ལས། མདའ་བསྣུན་ན་རེ་ནམ་མཁའི་ཡིད་ཅན་ལ། །ཐར་པ་ནམ་ཡང་ཡོད་པ་མ་ཡིན་ལོ། །ཞེས་གསུངས་པ་བཞིན་ནོ། །གལ་ཏེ་སློབ་ལམ་དུ་རྒྱུ་ཚོགས་གཉིས་ཀྱིས་སྔར་མེད་གསར་དུ་བསྐྱེད་དོ་སྙམ་ན། སངས་རྒྱས་ཆོས་སྐུའམ་ངོ་བོ་ཉིད་སྐུ་དང་ལོངས་སྐུ་འདུས་བྱས་དང་མི་རྟག་བར་འགྱུར་བས་དེ་ལྟ་ན། རྒྱུད་ཉི་ཚེ་བས་བསྡུས་པ་དང་། འགྱུར་བཅས་ཀྱི་ཟུག་རྔུ་མ་སྤང་བ་དང་། མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ་ཅན་མ་ཡིན་པ་དང་། རྡོ་རྗེའི་སྐུ་ལ་མི་རྟག་པར་བལྟས་པའི་ཉེས་པ་ཚད་མེད་པར་གསུངས་པས་མཚོན་སྐྱོན་མཐའ་ཡས་པའི་ཕྱིར་ཐེག་པ་ཆེན་པོའི་དོན་ལས་གཞན་དུ་གྱུར་པའོ། །དེས་ན་རིགས་གཉིས་ཀྱང་དབྱིངས་གཅིག་གི་སྣང་སྟོང་གི་ལྡོག་ཆས་ཕྱེ་བ་ཙམ་ལས་ངོ་བོའམ་རང་བཞིན་དབྱེར་མེད་ཟག་མེད་འདུས་མ་བྱས་ཆེན་ལ་བཞག་པ་འདི་ཀུན་མཁྱེན་ཆོས་རྗེའི་དགོངས་པ་རྨ་མེད་པ་ཡིན་ཏེ། ཤིང་རྟ་ཆེན་མོར། དེའང་རང་བཞིན་གྱིས་དག་ཅིང་ངོ་བོ་ཉིད་དྲི་མ་མེད་པའི་སེམས་ཉིད་སངས་རྒྱས་ཀྱི་ཡེ་ཤེས་དམ་པ་ཡེ་ནས་གནས་པའི་སེམས་ཀྱི་རང་བཞིན་འོད་གསལ་བའི་སྣང་ཆ་ལས་སངས་རྒྱས་གཟུགས་སྐུའི་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པ་དཔེ་དགུས་བསྟན་ཅིང་། སྟོང་ཆ་ལ་ཆོས་སྐུའི་ཡོན་ཏན་ནམ་མཁའ་ལྟ་བུའི་དཔེ་མདོ་དང་རྒྱུད་ཐམས་ཅད་ནས་བཤད་ལ། དེ་གཉིས་དབྱེར་མི་ཕྱེད་པ་ནི་ཐོག་མ་མེད་པའི་ཆོས་ཁམས་དགེ་བ་སྟེ། འགྱུར་བ་མེད་པས་རང་བཞིན་གནས་པའི་རིགས་དང་། དྲི་མ་སྦྱངས་ནས་ཡོན་ཏན་རྒྱས་པར་མངོན་པས་རྒྱས་འགྱུར་གྱི་རིགས་ཞེས་བཏགས་ཀྱང་། རྩ་བ་རང་རིག་པའི་ཡེ་ཤེས་འོད་གསལ་བའོ། །ཞེས་གསུངས། དེ་བཞིན་ཀུན་གཟིགས་རོང་ཟོམ་པའི་གསུང་དམ་ཚིག་མདོ་རྒྱས་ལས་ཀྱང་། འདི་ལྟར་རྡོ་རྗེ་ལྟར་མི་ཤིགས་པ་ནི། ཐོག་མ་མེད་པའི་དུས་ཅན་གྱི་བྱང་ཆུབ་ཀྱི་སེམས་དང་། རིགས་དང་བཤེས་གཉེན་གྱི་སྟོབས་ལ་བསྟེན་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས་བཟུང་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུག་གི་བར་དུ་དེའི་རྒྱུའི་གནས་སྐབས་ཀྱི་སེམས་དང་། འབྲས་བུའི་ངོ་བོ་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་སེམས་རྣམས་རང་བཞིན་བྱེ་བྲག་མེད་པས་རྡོ་རྗེ་ལྟར་མི་ཕྱེད་པ་ཀུན་ཏུ་བཟང་པོའི་སེམས་ཞེས་གཞི་ལམ་འབྲས་གསུམ་དབྱེར་མེད་པའི་རང་བྱུང་གི་ཡེ་ཤེས་ལ་བྱང་ཆུབ་ཀྱི་སེམས་སམ་རིགས་སུ་གསུངས་པས་མཚོན། ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་སྐུ་མཆེད་སོགས་སྔ་འགྱུར་གྱི་པཎ་གྲུབ་ཐམས་ཅད་ཀྱིས་ཚུལ་དེ་དང་མཐུན་པར་ཞལ་གྱིས་བཞེས་པ་ཤ་སྟག་སྟེ། ཞིབ་པར་ཐམས་ཅད་མཁྱེན་པ་མི་ཕམ་འཇམ་དཔལ་དགྱེས་པའི་གསུང་བདེ་གཤེགས་སྙིང་པོའི་སྟོང་ཐུན་དང་། གཞན་སྟོང་ཁས་ལེན་སེང་གེའི་ང་རོ། གཉུག་སེམས་སྒྲུབ་པ་ཡན་ལག་དང་བཅས་པ་ལས་ཤེས་པར་བྱ་ལ། དེ་དང་མཐུན་པར་འགྲོ་བའི་མགོན་པོ་ཨ་ཏི་ཤས་ཀྱང་ཆོས་ཀྱི་དབྱིངས་ལ་ལྟ་བའི་གླུ་ལས། ཇི་ལྟར་སྒྲུམ་མའི་ལྟོ་ན་བུ། །ཡོད་ཀྱང་མཐོང་བ་མ་ཡིན་པ། །དེ་བཞིན་ཉོན་མོངས་ཀྱིས་གཡོག་པའི། །ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ཡིན། །ཆོས་དབྱིངས་གང་ཕྱིར་བདག་མ་ཡིན། །བུད་མེད་མ་ཡིན་སྐྱེས་མ་ཡིན། །གཟུང་བ་ཀུན་ལས་རྣམ་གྲོལ་བ། །ཇི་ལྟར་འཛིན་པར་བརྟག་པར་བྱ། །མི་གཙང་མི་རྟག་སྡུག་བསྔལ་ཞེས། །བྱ་བ་གསུམ་པོས་སེམས་སྦྱོང་བྱེད། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་འདི་སྐད་གསུངས་པ་སྟེ། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་དང་། ཆོས་དབྱིངས་རང་བཞིན་ནམ་མཁའ་ཡི། །ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །སྐྱེ་དང་རྒ་དང་གནས་པ་དང་། །འཇིག་པ་མེད་བ་འདུས་མ་བྱས། །སངས་རྒྱས་ཆོས་དབྱེར་མེད་པ་དང་། །དེ་རིགས་དེ་བཞིན་ཐོབ་པ་དང་། །བརྫུན་མེད་བསླུ་མེད་འཚེ་མེད་པས། །གདོད་ནས་རང་བཞིན་ཞི་ཉིད་དོ། །ཞེས་ཀུན་བརྟག་ལས་ཉོན་གྱིས་སྟོང་ཞིང་ཟག་མེད་ཀྱི་ཡོན་ཏན་དང་རྣམ་དབྱེར་མེད་པའི་ཆོས་དབྱིངས་སྣང་སྟོང་ཟུང་འཇུག་འདུས་མ་བྱས་ལ་རིགས་སུ་འཇོག་པར་མཛད་པ་དང་། ཏིལླི་པས་འོག་མིན་ནས་སྤྱན་དྲངས་པའི་བཀའ་ཡང་དག་པའི་ཚད་མ་ཞེས་མཁའ་འགྲོ་མའི་མན་ངག་ལས། ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་ཏུ་ནི་སྣང་མི་འགྱུར། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་པ་རང་ལུས་ཉིད། །འོད་གསལ་མར་མེ་ལྟ་བུ་ཡིན། །བླ་མའི་ཞལ་གྱིས་ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་གསལ་བར་གྱུར། །ཞེས་དང་། ཏཻ་ལོ ས་ནཱ་རོ་ལ་གནང་བའི་ཕྱག་ཆེན་གངྒཱ་མར། དཔེར་ན་ནམ་མཁའི་རང་བཞིན་ཁ་དོག་དབྱིབས་ལས་འདས། །དཀར་ནག་དག་གིས་གོས་ཤིང་འགྱུར་བ་མེད། །དེ་བཞིན་རང་སེམས་སྙིང་པོ་ཁ་དོག་དབྱིབས་ལས་འདས། །དགེ་སྡིག་དཀར་ནག་ཆོས་ཀྱི་གོས་པ་མེད། །དཔེར་ན་གསལ་དྭངས་ཉི་མའི་སྙིང་པོ་དེ། །བསྐལ་པ་སྟོང་གི་མུན་པས་སྒྲིབ་མི་འགྱུར། །དེ་བཞིན་རང་སེམས་སྙིང་པོའི་འོད་གསལ་དེ། །བསྐལ་པའི་འཁོར་བས་སྒྲིབ་པར་མི་ནུས་སོ། །ཞེས་དང་། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་དེ་ཁོ་ན་ཉིད་བཅུ་པ་ཞེས་མངའ་བདག་མཻ་ཏྲི་པའི་གདམས་སྐོར་ལས། དེ་བཞིན་ཉིད་ནི་ཤེས་འདོད་པས། །རྣམ་བཅས་མ་ཡིན་རྣམ་མེད་མིན། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་དུ་གནས། །ཞེས་དང་། བྲམ་ཟེ་ཆེན་པོས་མངའ་བདག་མར་པ་ལ་གདམས་པའི་མགུར་ལས་ཀྱང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྒྱུན་ཆད་མེད་པ་གཉུག་མའི་སེམས། །གདོད་ནས་དག་པའི་དེ་བཞིན་ཉིད། །ནམ་མཁས་ནམ་མཁའ་སྦྱོར་བ་མཐོང་། །ཞེས་དང་། རྗེ་མི་ལས་སྙི་བ་རིན་ཆེན་ལ་གནང་བའི་སྙན་བརྒྱུད་དངོས་པོ་གསལ་བྱེད་ལས། ལུས་ཅན་དག་ནི་ཀུན་ལ་ཡང་། །སྙིང་པོའི་དོན་འདི་གདོད་ནས་གནས། །དེས་ན་སེམས་ཅན་སངས་རྒྱས་རྒྱུ། །རྒྱུ་ལས་འབྲས་བུ་ཐེབས་པ་ལ། །གདོད་ནས་ཐེབས་ཀྱིས་ད་ལྟར་མིན། །ཞེས་སྤྱིར་བསྟན་ནས། བྱེ་བྲག་གདམས་རྫོང་སྙན་བརྒྱུད་རྩ་བ་ཚེ་རིང་སྐོར་གསུམ་གྱི་ཞུས་ལན་རྡོ་རྗེའི་མགུར་ལས། དོན་དམ་བདེན་པའི་དབང་དུ་ནི། །བགེགས་བས་སངས་རྒྱས་ཉིད་ཀྱང་མེད། །ཅེས་སོགས་དང་། ཀུན་རྫོབ་བདེན་པའི་དབང་དུ་ནི། །འཁོར་བ་དང་མི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཞེས་གནས་སྐབས་སུ་རྣམ་གྲངས་པའི་བདེན་གཉིས་སོ་སོར་ཕྱེས་ནས། མཐར་ཐུག་ཏུ། ཡོད་པ་དངོས་པོར་སྣང་བ་དང་། །མེད་པ་སྟོང་བའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། །རང་རིག་གཞན་རིག་ཡོད་མིན་ཏེ། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །ཞེས་རྣམ་གྲངས་མ་ཡིན་པའི་དོན་དམ་ཉིད་རྩལ་འདོན་དུ་མཛད་ནས། །དེ་ལྟར་རྟོགས་པའི་མཁས་པ་ཡིས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །ཆོས་ཅན་མ་མཐོང་ཆོས་ཉིད་མཐོང་། །དེ་ལས་སྙིང་རྗེ་ཤུགས་འབྱུང་སྟེ། །སྟོབས་དང་མི་འཇིགས་གཟུངས་ལ་སོགས། །སངས་རྒྱས་ཡོན་ཏན་གང་ཡིན་པ། །ནོར་བུ་རིན་ཆེན་ཚུལ་དུ་འབྱུང་། །དེ་རྣལ་འབྱོར་བདག་གི་རྟོགས་ཚད་ཡིན། །ཞེས་དྲི་མེད་འཕགས་པའི་ཡེ་ཤེས་ཀྱིས་གཟིགས་ཚུལ་སྒྲ་ཇི་བཞིན་པར་དྲང་ཐད་དུ་སྟོན་པར་མཛད་པ་དང་། ཞང་རིན་པོ་ཆེས་ལམ་མཆོག་མཐར་ཐུག་ཏུ། ངེས་དོན་མཐར་ཐུག་སྙིང་པོ་ཆོས་ཀྱི་སྐུ། །ངོ་བོ་ཉིད་ཀྱིས་རྣམ་དག་འོད་གསལ་དབྱིངས། །དུས་གསུམ་རྒྱལ་བ་བྱོན་རུང་མ་བྱོན་རུང་། །འཕགས་པའི་ཚོགས་ཀྱིས་རྟོགས་རུང་མ་རྟོགས་རུང་། །ཐུབ་པ་རྣམས་ཀྱིས་གསུངས་རུང་མ་གསུངས་རུང་། །དགོངས་འགྲེལ་མཁན་པོས་དཀྲོལ་རུང་མང་དཀྲོལ་རུང་། །ཆོས་ཉིད་འོད་གསལ་སྤྲོས་བྲལ་རྣམ་དག་འདི། །ཡེ་ནས་ལྷུན་གྲུབ་འཕེན་འགྲིབ་མེད་པར་གནས། །ནམ་མཁའ་དག་ལ་འཇིག་རྟེན་ཆགས་འཇིག་གི། །མེ་ཡིས་བསྲེགས་དང་རླུང་གིས་གཏོར་ལ་སོགས། །བསྐལ་བ་དཔག་མེད་མང་པོར་གནོད་བྱས་ཀྱང་། །མཁའ་ལ་མི་གནོད་འཕེལ་འགྲིབ་མེད་པ་ལྟ། །ཉི་འོད་རབ་གསལ་སྤྲིན་གྱིས་རབ་བསྒྲིབས་པས། །མུན་པ་འཐིབས་དང་སྤྲིན་ཚོགས་ཡལ་བའི་ཚེ། །གསལ་བར་འགྱུར་བའི་འཕེལ་འགྲིབ་ལྟར་སྣང་གི། །ཉི་མའི་སྙིང་པོ་འཕེལ་དང་འགྲིབ་མི་སྲིད། །དེ་ལྟར་གནས་པའི་འགྱུར་མེད་ཆོས་སྐུ་འདི། །རང་གི་སེམས་ལས་མ་གཏོགས་གཞན་ན་མེད། །སྣ་ཚོགས་འཁོར་བ་མ་ལུས་སེམས་ལས་ཤར། །རང་སེམས་མ་རྟོགས་ཕྱིན་ལོག་འཁྲུལ་སྣང་གིས། །དཀྲུགས་པས་འཁོར་བའི་སྣོད་བཅུད་སྡུག་བསྔལ་འཕེལ། །རང་སེམས་ངེས་རྟོགས་མྱ་ངན་འདས་པ་ཡི། །ཡེ་ཤེས་མཐའ་ཡས་བདེ་བ་ཆེན་པོར་ཤར། །དེ་ཕྱིར་མ་ལུས་རང་གི་སེམས་ཉིད་ལས། །འཕྲོས་ཕྱིར་རང་གི་ཆོས་ཉིད་ངོ་ཤེས་ན། །སེམས་ཅན་ཀུན་གྱི་ཆོས་ཉིད་ཤེས་པར་འགྱུར། །དེ་ཤེས་མྱ་ངན་འདས་སོགས་ཆོས་ཀུན་ཤེས། །ཆོས་ཀུན་ཡོངས་ཤེས་ཁམས་གསུམ་ཀུན་ལས་འདའ། །གཅིག་ཤེས་པས་ནི་ཆོས་ཀུན་མཁས་པར་འགྱུར། །ཞེས་དང་། རྒྱལ་དབང་ཀརྨ་པ་རང་བྱུང་ཞབས་ཀྱིས་ནང་དོན་རང་འགྲེལ་དུ་རྒྱུད་བླ་དང་ཐེག་བསྡུས་ཀྱི་ལུང་གིས་རིགས་ཀྱི་དབྱེ་བ་རྒྱས་པར་བཤད་ནས། ཡང་རྒྱས་འགྱུར་གྱི་རིགས་དེ་གསར་དུ་བྱུང་བ་སྙམ་དུ་ཁ་ཅིག་སེམས་ན་དེ་ལྟ་མ་ཡིན་ཏེ་ཞེས་སོགས་ཀྱིས་རང་བཞིན་གནས་རིགས་ཆོས་དབྱིངས་དང་། རྒྱས་འགྱུར་ཚོགས་བརྒྱད་དག་པའི་ཡེ་ཤེས་དེ་དབྱིངས་དང་ཡེ་ཤེས་གཉིས་སུ་གསལ་བར་བསྟན་ནས་དེ་གཉིས་ཀྱང་། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་རྣམ་དག་འདོད། །ཅེས་དབུས་མཐའི་ལུང་གིས་རང་བཞིན་རྣམ་དག་ཏུ་སྒྲུབ་ཅིང་། གཞུང་ཆུང་གཉིས་ནས་ཀྱང་གསལ་བར་བསྟན་པ་བཞིན། རྗེ་བདུན་པས་ཀྱང་ཡོན་ཏན་གྱི་ཆོས་དྲུག་ཅུ་རྩ་བཞི་དང་རྣམ་དབྱེར་མེད་པའི་དབྱིངས་སྟོང་ཉིད་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་བཞེད་པ་དང་། སི་ཏུ་ཀུན་མཁྱེན་སོགས་ཀྱི་བཞེད་ཚུལ་བཀའ་བརྒྱུད་ཡོངས་ལ་གྲགས་པ་ལྟར་དང་། ས་པཎ་གྱིས་རང་བཞེད་མཐར་ཐུག་བསྟོད་འགྲེལ་དུ། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་དག་ཀྱང་སེམས་ཀྱི་མཚན་ཉིད་ལ་གློ་བུར་གྱི་དྲི་མས་བསྒྲིབས་པའི་ཚུལ་དང་། དྲི་མ་དེ་གློ་བུར་བ་ཡིན་པས་སྦྱར་དུ་རུང་བ་དང་། དེ་བསལ་བས་སངས་རྒྱས་སུ་འགྱུར་ཚུལ། དེའི་ཚེ་ཆོས་ཉིད་ལ་ལྟོས་ནས་གནས་གྱུར་པ་མེད་པ་རེགས་ཚོགས་ཀྱི་དགོངས་པ་དང་། ཡོན་ཏན་སྣང་ཚུལ་ལ་ལྟོས་ནས་གནས་གྱུར་ཡོད་པ་བསྟོད་ཚོགས་ཀྱི་དགོངས་པ་སྟེ། དེ་གཉིས་གནད་ཀྱིས་མི་འགལ་བ་དང་། སངས་རྒྱས་ལ་ཡེ་ཤེས་མེད་པར་འདོད་པ་ཕྱོགས་སྔར་བཞག་ནས། རང་བཞེད་སངས་རྒྱས་ལ་ཡེ་ཤེས་མེད་པ་མ་ཡིན་པ་དང་། སྐུ་མེད་པ་མ་ཡིན་པ་དང་། དེ་གཉིས་དབྱེར་མེད་པར་གསུངས་པ་དང་། སྙེ་མོ་སྒོམ་ཆེན་གྱིས་དྲིས་ལན་དུ། སེམས་སྟོང་པར་རྟོགས་པ་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིར་བརྩི་མི་བཏུབ་ཉན་ཐོས་འགོག་པ་དང་མཚུངས། ཟུང་འཇུག་ཏུ་རྟོགས་པ་ལ་བརྩི་ན་བཞག་ཏུ་རུང་། སེམས་སྟོང་ཆ་རྐྱང་པར་དཀོན་མཆོག་གསུམ་མི་ཚང་། རིག་སྟོང་ཟུང་འཇུག་ལ་ས་བོན་ཚང་། ཟུང་འཇུག་གི་དོན་ལེགས་པར་རྟོགས་ན་མངོན་གྱུར་དུ་ཚང་བ་ཡིན། ཞེས་གསུངས་པས་མཚོན། སྤྲོས་བྲལ་དུ་གཏན་ལ་ཕབ་ནས་ཟུང་འཇུག་ཏུ་ཉམས་སུ་ལེན་པ། ཞེས་དང་། རྒྱུ་དུས་ཀྱི་ལྟ་བ་དུག་ཅན་དང་། འབྲས་དུས་ཀྱི་ལྟ་བ་དུག་མེད་ཅེས་སྔ་མ་ཐོས་བསམ་གྱིས་གཞལ་བའི་དཔྱོད་སྟོང་སྤྲོས་བྲལ་ཙམ་སྟེ་དེས་གོ་མི་ཆོད་པར་ཕྱི་མ་བདེ་སྟོང་རིག་སྟོང་ཟུང་འཇུག་དབང་དང་རིམ་གཉིས་ལས་བྱུང་བ་སངས་རྒྱས་ཀྱི་སའི་ཡེ་ཤེས་དང་ངོ་བོ་གཅིག་པར་བཞེད་པ་སོགས་དཔལ་ལྡན་ས་སྐྱ་པ་རྣམས་ལ་ཡོངས་སུ་གྲགས་པ་དང་། གཞན་ཡང་བདག་ཉིད་ཆེན་པོ་ཙོང་ཁ་པའི་ལམ་གྱི་གཙོ་བོ་ནམ་གསུམ་དུ། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ཚེ་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་བ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་གནས་པ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་སྣང་སྟོང་ཟུང་འཇུག་རྣམ་གྲངས་མིན་པའི་དོན་དམ་ཉིད་རྩལ་འདོན་མཛད་པ་དང་། ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོར་གསུངས་པ་སོགས་ཀྱང་། གནས་སྐབས་སུ་སྣང་སྟོང་གཉིས་རྩལ་འདོན་ཆེ་ཆུང་དང་། བདེན་གཉིས་འཇོག་མཚམས་ཐ་དད་པ་སོགས་གྲུབ་མཐའི་ཞལ་བཞེས་ཕྲ་མོའི་ཁྱད་པར་ཙམ་ལས། དོན་ལ་བདེན་གཉིས་རོ་མཉམ་རྣམ་གྲངས་མིན་པའི་དོན་དམ་མཐར་ཐུག་བློ་བྲལ་ཡེ་ཤེས་ཆེན་པོའི་ཀློང་དུ། ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་འཕགས་ཆེན་རྣམས་ཀྱི་དགོངས་བའི་གསང་མཛོད་ཆུ་དང་ལན་ཚྭ་བཞིན་དབྱེར་མེད་རོ་མཉམ་པས་ན་ཚུར་མཐོང་བྱིས་བློས་གཞལ་བྱའི་ཡུལ་མིན་ཏེ། མགོན་པོ་ཨ་ཏི་ཤས། གང་ཕྱིར་དེ་ནི་རྒྱ་མཚོ་ལྟར། །སྒྲ་དང་དཔེ་དང་བློ་རྣམས་ཀྱིས། །གཏིང་དང་ཕ་རོལ་མི་རྙེད་བས། །དེ་ཕྱིར་རབ་ཏུ་ཟབ་པ་ཉིད། །ཅེས་དང་། ཆོས་ལ་སྐུར་བ་མི་འདེབས་ཤིང་། །གང་མོས་དེ་ལ་འདུན་པར་བྱ། །ཞེས་དང་། གཞན་ཡང་བདེ་མཆོག་ཉུང་ངུའི་རྒྱུད་དང་བྱམས་གཞུང་དང་། རིན་ཆེན་ཕྲེང་བ་སོགས་ལས་གསུངས་བའི་དོན་རྣམས་དྲན་པར་བྱས་ནས་བདག་ཉིད་ཀྱིས་བདག་ཉིད་སྲུང་བར་བྱེད་པ་འདི་ཤིན་ཏུ་གལ་ཆེ་བར་མངོན་ནོ། །དེའི་ཕྱིར་ཚིག་སྤྱི་སྦས་མཐར་གང་ལྟར་བཤད་ཀྱང་མི་འགལ་བས། དོན་གནད་མདོ་ཙམ་སྨོས་ན། རགས་པ་ཕྱིའི་དབུ་མ་ཐལ་རང་གི་སྐབས་སུ། འཁོར་ལོ་བར་པའི་བསྟན་བྱའི་གཙོ་བོ་གནས་སྐབས་སུ་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་དང་། ཀུན་རྫོབ་རྟེན་འབྱུང་གི་སྣང་བ་གཉིས་མི་འགལ་བར་གཏན་ལ་ཕབས་ནས། མཐར་ཐུག་རྣམ་གྲངས་མ་ཡིན་པའི་དོན་དམ་ལ་སྦྱོར་བར་མཛད་པ་ཡིན་ལ། ཕྲ་བ་ནང་གི་དབུ་མའི་སྐབས་དེ་ཉིད་གཞིར་བཞག་གི་སྟེང་དུ། འཁོར་ལོ་ཐ་མའི་བསྟན་དོན་རྟོགས་བྱ་ལྟ་བས་གཏན་ལ་འབེབས་པའི་ཡུལ་ཆོས་དབྱིངས་དེ་ཡང་མེད་དགག་ཕྱོགས་གཅིག་པའི་སྟོང་རྐྱང་ཙམ་མིན་པར་སྐུ་དང་ཡེ་ཤེས་ཀྱིས་བརྒྱན་པའི་སྣང་བ་དང་ཐ་མི་དད་པའི་རང་བྱུང་ཟག་མེད་འདུས་མ་བྱས་སུ་སྒྲུབ་པའི་ཁྱད་པར་ཙམ་སྟེ། གཉིས་ཀས་མཉམ་བཞག་ཏུ་བསལ་བཞག་དང་བྲལ་བའི་ཆོས་དབྱིངས་ལ་མཉམ་པར་འཇོག་པ་སྟེ་དེའི་ངོར་གཟུང་འཛིན་མཚན་མའི་སྤྲོས་པ་མཐའ་དག་འགོག་པ་ལ་ཁྱད་པར་མེད་ལ། རྗེས་ཐོབ་ཏུ་སྔ་མས་སྟོང་ཉིད་ལ་དོན་དམ་དང་། སྣང་བ་ལ་ཀུན་རྫོབ་ཏུ་བཞག་སྟེ་བདེན་གཉིས་དབྱེ་བར་མཛད་ཅིང་། ཕྱི་མས་གནས་སྣང་མཐུན་མི་མཐུན་ལ་བདེན་གཉིས་འཇོག་པའི་ཁྱད་པར་རོ། །དེ་ཡང་སྔ་མ་གཏན་ལ་མ་ཕེབས་ན་ཕྱི་མ་ཉིད་གཏན་ལ་འབེབས་མི་ནུས་པས། ཐོག་མར་དབུ་མ་རིགས་ཚོགས་ཀྱི་དགོངས་པ་ཐལ་འགྱུར་བ་ལྟར། ཆོས་རྣམས་མ་སྐྱེས་པ། མི་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་མྱ་ངན་ལས་འདས་པ། ཟུང་འཇུག་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་མཐར་ཐུག་རྣམ་གྲངས་མིན་པའི་དོན་དམ་ཉིད་གཏན་ལ་ཕེབས་པར་བྱ་ཞིང་། དེ་ཕེབས་པ་ན་བྱམས་གཞུང་དང་བསྟོད་ཚོགས་སོགས་ཀྱི་དགོངས་པ་ལྟར་སྐུ་དང་ཡེ་ཤེས་སོགས་ཟག་པ་མེད་པའི་ཆོས་རྣམས་ཀྱང་ཆོས་ཀྱི་དབྱིངས་དེ་དང་ངོ་བོ་ཐ་མི་དད་པའི་ཕྱིར་རང་བྱུང་འདུས་མ་བྱས་སུ་མི་འགྲུབ་པའི་གནས་མེད་ལ། ཆོས་དབྱིངས་སྣང་སྟོང་ཟུང་འཇུག་མི་འགལ་བའང་གོང་གི་བདེན་གཉིས་དཔྱོད་པའི་མཐར་ཐུག་དཔྱོད་རིགས་ཀྱིས་གྲུབ། དེ་མ་གྲུབ་ན་ཐལ་འགྱུར་རང་ཡང་མི་འགྲུབ། དེ་ཉིད་ད་ལྟ་སེམས་ཅན་ལ་མི་སྣང་ཞིང་སངས་རྒྱས་ཀྱི་སར་མངོན་གྱུར་དུ་སྣང་བ་དང་། ད་ལྟའི་བག་ཆགས་འཁྲུལ་སྣང་འདི་སེམས་ཅན་ལ་སྣང་སངས་རྒྱས་དུས་མི་སྣང་བ་གཉིས་གཉིད་དུ་སོང་མ་སོང་གི་སྣང་བ་དང་། མ་སད་པ་དང་སད་དུས་ཀྱི་རྨི་ལམ་བཞིན་ཐ་སྙད་དུ་ཚད་མས་གྲུབ་པས་བདེན་གཉིས་འཇོག་མཚམས་ཕྱི་མ་འདི་ཡང་བདེ་བླག་ཏུ་ཤེས་ནུས། དེ་ལྟར་བདེན་མི་བདེན་སོགས་སུ་བཞག་པ་འདི་ཐ་དཔྱོད་ངོར་ཡིན་པས་དོན་དཔྱོད་ངོར་བདེན་གྲུབ་ཏུ་སྒྲུབ་པ་མིན་པའི་གནད་གཞན་སྟོང་ཁས་ལེན་དུ་གསུངས་པ་ལྟར་ཤེས་པར་བྱ་ལ། དེ་ལྟའི་ཚུལ་གྱིས་ཆོས་དབྱིངས་སྣང་སྟོང་ཟུང་འཇུག་རྣམ་གྲངས་མིན་པའི་དོན་དམ་འདི་ཉིད་མཐར་ཐུག་ཐེག་གཅིག་ཏུ་སྒྲུབ་པའི་གཞི་ཡིན་པས། འདི་ཉིད་སྔགས་སུ་ཨེ་ཝྃ་དང་། རྒྱུ་ཡི་རྒྱུད་དང་། རྡོ་རྗེའི་བདག་དང་། ཕྱག་རྒྱ་ཆེན་པོ་དང་། རྣམ་ཀུན་མཆོག་ལྡན་དང་། གཉུག་མའི་སེམས་དང་། རང་བྱུང་གི་ཡེ་ཤེས་སོགས་སུ་གསུངས་པ་ཡིན་པས། དེ་ལྟར་ཤེས་ན་འདི་ཉིད་ངེས་དོན་མཐར་ཐུག་ཏུ་གྲུབ་པ་ལ་བསྙོན་དུ་མེད་པའི་ཕྱིར། ཚུལ་འདི་ནི་སྔགས་ཕྱི་རྒྱུད་རྣམས་སུ། བདག་གི་དེ་ཁོ་ན་ཉིད་དང་། དོན་དམ་མཚན་མ་མེད་པའི་བྱིན་རླབས་རྡོ་རྗེ་དབྱིངས་ཀྱི་ལྷ་དང་། ནང་བར་མ་ཧཱའི་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་དང་། ཨ་ནུའི་དབྱིངས་ཡེ་དབྱེར་མེད་དང་། མཐར་ཐུག་རྫོགས་ཆེན་གྱི་ཀ་དག་ལྷུན་གྲུབ་ཟུང་འཇུག་གདོད་མ་གཞི་ཡི་བཞུགས་ཚུལ་གསུངས་པ་རྣམས་དང་དོན་གཅིག་པས། ཐོག་མར་འདི་ཉིད་གཏན་ལ་མ་ཕེབས་ན་ཕྱི་མ་ཕྱི་མ་རྣམས་གཏན་ལ་ཕེབས་པར་མི་འགྱུར་ཞིང་། འདི་ཉིད་ལེགས་པར་གོ་ན་ཕྱི་མ་རྣམས་ཀྱང་རིམ་བཞིན་གཏན་ལ་ཕེབས་པ་ལ་དཀའ་བ་མེད་པའི་རྣམ་དཔྱོད་ཀྱི་མཐུ་ཐོབ་པར་འགྱུར་བས། ཚུལ་འདི་ལྟར་ཤེས་པ་ཅིས་ཀྱང་གལ་ཆེའོ། །དེས་ན་ལེགས་པར་བརྟག་ན། རགས་པ་ཕྱེའམ་ཤེས་རབ་རྒྱུའི་དབུ་མ་ལ་བརྟེན་ནས་བདེན་གཉིས་ཀྱི་མཚན་ཉིད་ལེགས་པར་ཕྱེས་ཏེ་བདག་མེད་གཉིས་ཀྱི་དོན་གཏན་ལ་ཕབ་ནས་ངེས་པའི་ཤེས་པ་ཐེ་ཚོམ་གྱི་སྨག་དང་བྲལ་བ་སྐྱེས་པ་ན། མཉམ་བཞག་སྒོམ་པའི་ཚེ་ཕྲ་བ་ནང་ངམ་ཟུང་འཇུག་འབྲས་བུའི་དབུ་མ་གཉིས་མེད་ཡེ་ཤེས་ཆེན་པོའི་དོན་ལ་རིམ་གྱིས་སྦྱོར་ཞིང་གོམས་པ་བྱེད་པ་ལ། ངེས་དོན་གྱི་དབུ་མ་རྣམ་གཉིས་མཐར་ཐུག་གི་དགོངས་པ་མི་མཐུན་པ་ཅིའང་མེད་དེ། ཐལ་འགྱུར་བས་བློ་གཉིས་སྣང་ངམ་རྣམ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་རྣམ་གྲངས་པའི་དོན་དམ་ནི་གནས་སྐབས་སུ་འཇུག་པའི་སྒོ་ཙམ་ལས་མཐར་ཐུག་ཏུ་མི་བཞེད་ལ། སོ་སོ་རང་རིག་ཡེ་ཤེས་དམ་པའི་སྤྱོད་ཡུལ་དུ་གྱུར་པའི་ཟུང་འཇུག་རྣམ་གྲངས་མ་ཡིན་པའི་དོན་དམ་སྨྲ་བསམ་བརྗོད་མེད་ཤེས་རབ་ཕར་ཕྱིན་མཚན་ཉིད་པ་ཉིད། དམ་པའི་དོན་གྱི་བདེན་གཅིག་པུར་གསུངས་ལ། དེ་བཞིན་གཞན་སྟོང་པས་ཀྱང་ཐ་དཔྱོད་ངོར་རྣམ་ཤེས་ཡུལ་དང་བཅས་པ་ནི་བསླུ་པ་བརྫུན་པ་ཀུན་རྫོབ་གློག་དང་སྤྲིན་ལྟ་བུ་སྟེ་དེའི་ངོར་མི་བདེན་ལ། ཡེ་ཤེས་ཡུལ་དང་བཅས་པ་ནི་རྟག་པ་བརྟན་པ་འཕོ་འགྱུར་མེད་པས་བསལ་བཞག་དང་བྲལ་བའི་ཆོས་ཉིད་མཐར་ཐུག་མི་བསླུ་བའི་དབང་གིས་དོན་དམ་བདེན་པར་བཞག་ཅིང་སྒོམ་པས་ན་དོན་གྱིས་གནད་གཅིག་ཅིང་། གྲུབ་མཐའི་ཁས་ལེན་ཡོད་མེད་ཀྱང་རང་ལུགས་ཀུན་མཁྱེན་ཆེན་པོའི་བཞེད་པ་ཐེག་ཆེན་འཕགས་པའི་མཉམ་བཞག་གི་ཡེ་ཤེས་སམ་དོན་དམ་ཉིད་ཡུལ་དུ་བྱེད་པའི་ཚེ་ན། དེའི་ངོར་མེད་དགག་དང་མ་ཡིན་དགག་གི་འཛིན་སྟངས་སོགས་སྤྲོས་པ་གང་ཡང་ཡོད་མི་སྲིད་པའི་ཕྱིར། ཟུང་འཇུག་སྤྲོས་བྲལ་མཉམ་པ་ཆེན་པོའི་ངོར་གྲུབ་མཐའི་ཁས་ལེན་གང་ཡང་བྱར་མེད་ལ། རྗེས་ཐོབ་ཐ་སྙད་ཡུལ་དུ་བྱེད་པའི་ཚེ་གཞི་ལམ་འབྲས་བུའི་རྣམ་བཞག་སོགས་ཚད་མའི་ལུང་ལས་ཇི་སྐད་གསུངས་པ་ལྟར་ཤན་ཕྱེས་ཏེ་གདོན་མི་ཟ་བར་ཁས་ལེན་པར་གསུངས་པའི་གནད་ཀྱང་གཉིས་ཀར་མི་འགལ་ཏེ། གཉིས་ཀས་དོན་དཔྱོད་དམ་མཉམ་བཞག་གི་ངོར་ཡོད་མེད་སོགས་ཀྱི་སྤྲོས་པའི་མཚན་རྟོག་མཐའ་དག་བཀག་ནས་བསལ་བཞག་དང་བྲལ་བའི་སྤྲོས་བྲལ་མཉམ་པ་ཆེན་པོར་ལ་བཟླ་ཞིང་མཉམ་པར་འཇོག་པ་དང་། རྗེས་ཐོབ་ཀུན་རྫོབ་ཐ་དཔྱོད་ངོར་རང་རང་གི་གྲུབ་མཐའི་ཞལ་བཞེས་ཀྱི་བདེན་གཉིས་སོ་སོར་ཕྱེས་ཏེ་ཁས་ལེན་པའི་ཕྱིར་ནའོ། །དེ་བས་ན་དོན་ལ་རྟོན་པར་བྱ་ཡི། ཚིག་ཙམ་གྱི་རྗེས་སུ་འབྲངས་ཏེ་དགག་སྒྲུབ་ཀྱི་སྤྲོས་པས་ངལ་བར་མི་བྱའོ། །དེས་ན་སྣང་སྟོང་གང་རུང་རེའི་ཕྱོགས་སུ་ཞེན་ཅིང་བཟུང་བས་ནི་མཐར་འཛིན་གྱི་ལྟ་བ་ངན་པ་བཟློག་མི་ནུས་པས། ཆོས་དབྱིངས་ཉིད་སྣང་སྟོང་ཟུང་འཇུག་མཐར་ཐུག་རྣམ་གྲངས་མ་ཡིན་པའི་དོན་དམ་སྲིད་ཞི་མཉམ་ཉིད་དུ་ལེགས་པར་གཏན་ལ་འབེབས་དགོས་ཤིང་། དེ་ཉིད་གཏན་ལ་འབེབས་པའི་ཚུལ་ཡང་། ཡིད་བཞིན་མཛོད་ཀྱི་ལེའུ་བཅོ་བརྒྱད་པར་གསུངས་པ་ལྟར། ཐ་སྙད་དུ་སྣང་བ་ཀུན་རྫོབ་ཀྱི་ཆོས་ཀུན་དོན་ལ་མེད་ཀྱང་བག་ཆགས་འཁྲུལ་པའི་དབང་གིས་སྔོན་མེད་ཕྱིས་མེད་པར་འདིར་མེད་བཞིན་སྣང་བའི་འཁྲུལ་སྣང་སྟོང་གཟུགས་དྷ་དུ་རས་མྱོས་པའི་མིག་ལ་སྐྲ་ཤད་འཇོག་པ་སོགས་སུ་སྣང་བ་བཞིན་དོན་ལ་ཡོད་མ་མྱོང་བས་སྣང་སྟོང་ཐ་དད་དུ་དབྱེ་བའི་གཞི་ཟད་ལ། དོན་དམ་རང་བཞིན་གྱིས་འོད་གསལ་བའི་སྐུ་དང་ཡེ་ཤེས་སོགས་ཀྱང་ཟག་པ་མེད་པའི་དབྱིངས་དང་སོ་སོ་མ་ཡིན་ཐ་མི་དད་པའི་རང་བཞིན་ཡེ་ནས་མཉམ་པ་ཉིད་དུས་གསུམ་འཕོ་འགྱུར་དང་བྲལ་བས་ན་སྣང་སྟོང་ཐ་དད་དུ་དབྱེར་མེད་པའི་ཕྱིར། བློས་བཏགས་པའི་བདེན་པ་གཉིས་ཀྱང་མིང་ཙམ་ཚིག་ཙམ་སྟེ་དོན་ལ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་དབྱེར་མེད་རྣམ་དག་ཆེན་པོ་སྲིད་ཞི་མཉམ་ཉིད་དུ་ཤེས་པར་བྱ་སྟེ། ཀུན་རྫོབ་རྣམ་ཆད་རྣམ་དབྱེའི་ཡུལ་འདས་པས། །བཏགས་པའི་བདེན་གཉིས་འདས་ཕྱིར་སྤྲོས་ཀུན་ཞི། །བདེན་པ་དབྱེར་མེད་གྲུབ་དང་མ་གྲུབ་མེད། །དབྱིངས་ལ་སྣང་སྟོང་རང་བཞིན་གཉིས་མེད་པས། །བདེན་པ་དེ་ཡང་དབྱེར་མེད་ཅེས་སུ་བརྗོད་དོ། །ཅེས་སོ། །འདི་ལ་ཐ་སྙད་པའི་ཀུན་ཏུ་ཚད་མ་ལ་བརྟེན་ནས་གནས་སྣང་གི་དབང་གིས་བདེན་པ་གཉིས་སུ་བཞག་ན། འདི་ལྟར་འཁྲུལ་སྣང་འཁོར་བའི་ཆོས་རྣམས་ཀུན། །མི་བདེན་བསླུ་ཕྱིར་ཀུན་རྫོབ་བདེན་པ་ལགས། །ཟབ་ཞི་འོད་གསལ་མྱ་ངན་འདས་པའི་ཆོས། །འགྱུར་མེད་རང་བཞིན་དོན་དམ་བདེན་པར་འདོད། །ཅེས་གསུངས་པས། གོང་དུ་སྨོས་པའི་བདེན་གཉིས་དབྱེར་མེད་སྤྲོས་བྲལ་མཉམ་པ་ཆེན་པོར་གཏན་ལ་འབེབས་པ་ཉིད་སྔོན་དུ་བཏང་ནས། དེ་ལྟ་བུའི་གནས་ཚུལ་དང་སྣང་ཚུལ་ཀུན་ནས་མཐུན་པར་གྱུར་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་དོན་དམ་དང་། གནས་སྣང་མི་མཐུན་པའི་ཡུལ་ཡུལ་ཅན་གཉིས་ཀ་ཀུན་རྫོབ་ཏུ་བཞག་སྟེ། འདི་ནི་ཐ་སྙད་དུ་བསླུ་མི་བསླུའི་དབང་གིས་དེ་ལྟར་འཇོག་དགོས་ཏེ། དེ་ལྟ་མ་ཡིན་ན་དུང་དཀར་འཛིན་དང་སེར་འཛིན་གཉིས་ལའང་བདེན་རྫུན་དུ་བཞག་མི་ཤེས་པས་ཐ་སྙད་ཀྱི་རྣམ་གཞག་ཐམས་ཅད་འཁྲུགས་པར་འགྱུར་བས་སོ། །དེས་ན་གནས་སྣང་མཐུན་པའི་སྟོབས་ཀྱིས་ཐོབ་པའི་མྱང་འདས་ཀྱི་ཆོས་ཐམས་ཅད་དོན་དམ་ཡིན་ལ། མི་མཐུན་པའི་སྟོབས་ཀྱིས་བྱུང་བའི་འཁོར་བའི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་བཞག་ཏུ་རུང་སྟེ། ཐ་དཔྱོད་ཀྱིས་དཔྱད་ན་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ལས་ཉོན་འཁྲུལ་བས་བསྐྱེད་པ་མིན་ཞིང་། ཡང་དག་པའི་ཡེ་ཤེས་ཀྱི་དབང་ལས་བྱུང་བ་དང་། སྒྲིབ་པས་བསླད་མ་ཞུགས་པའི་ཕྱིར་བདེན་ཞིང་མི་བསླུ་བར་གྲུབ་བོ། །འཁོར་བའི་ཆོས་རྣམས་ནི་དེ་ལས་ལྡོག་པས་བདེན་པར་མ་གྲུབ་ཅེས་བྱའོ། །འདིའི་བདེན་མི་བདེན་ནི་མི་བསླུ་བ་དང་བསླུ་བར་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་གྲུབ་པ་ཡིན་ནོ། །དེ་ལྟ་ན་གནས་སྣང་མཐུན་པར་གྱུར་པའི་ཡུལ་ཅན་ལ་ཡེ་ཤེས་ཞེས་བྱ་སྟེ་གཟུང་འཛིན་མེད་པས་སོ། །མི་མཐུན་པར་འཛིན་པ་ལ་རྣམ་ཤེས་ཞེས་བྱ་སྟེ་གཟུང་འཛིན་ཅན་ནོ། །གནས་སྣང་མཐུན་པའི་ཡུལ་ལ་ཚད་མའི་གནོད་པ་བསྟན་པས་ནམ་ཡང་ལྡོག་བྱེད་མེད་པས་བརྟན་པ་འཇིག་རྟེན་པའི་དཔེར་བྱས་ན་ཐག་པ་ལ་ཐག་པར་འཛིན་པའི་བློ་བཞིན་ནོ། །གནས་སྣང་མི་མཐུན་པའི་ཡུལ་ལ་ཚད་མས་གནོད་པ་མཐོང་ན་ལྡོག་སྟེ་ཐག་པ་ལ་སྦྲུལ་འཛིན་གྱི་བློ་བཞིན་མི་བརྟན་ནོ། །དེས་ན་བློ་གྲོས་མི་ཟད་པའི་མདོར། ཡེ་ཤེས་ནི་རྟག་རྣམ་ཤེས་ནི་མི་རྟག་གསུངས་པའི་དོན་ཡང་དེ་ཡིན་ནོ། །དེའི་ཕྱིར་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་འདི་ཆོས་ཉིད་དང་ཐ་དད་མེད་པའི་དབང་གིས་རྟག་པར་གྲུབ་སྟེ། སྡོང་པོ་བཀོད་པ་ལས། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་མི་འགྱུར་བ། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་དང་། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །འགྱུར་བ་མེད་དང་འདུས་མ་བྱས། །རྡོ་རྗེས་ལྟ་བུའི་ཚིག་བརྗོད་ན། །རང་བྱུང་ཡེ་ཤེས་ཆེན་པོར་བཤད། །ཅེས་དང་། རྡོ་རྗེ་སྙིང་འགྲེལ་ལས། ཇི་ལྟར་བུམ་པ་ཞིག་གྱུར་ཀྱང་། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་བཞིན་སེམས་ནི་ཞིག་གྱུར་ཀྱང་། །ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་དང་། འཕགས་པ་ཀླུས། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་གྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེག །དེ་ཉིད་འོད་གསལ་མ་ཡིན་ནོ། །ཞེས་གསུངས། འདི་ཆོས་ཅན་ལ་ལྟོས་ནས་སྐྱེ་འགགས་ལྟར་སྣང་ན་ཡང་དེ་རྣམ་ཤེས་འཁྲུལ་པ་ཅན་ལ་སྣང་ཚུལ་ཡིན་པས། དེས་ཆོས་ཉིད་མ་འཁྲུལ་པའི་གཤིས་ལུགས་དོན་དམ་པར་གནོད་མི་ནུས་ཏེ། དཔེར་ན་སྣོད་ཀྱི་དབང་གིས་ནམ་མཁའ་འཕེལ་འགྲིབ་ལྟར་སྣང་ཡང་། དེས་ནམ་མཁའ་འདུས་བྱས་དང་མི་རྟག་པར་སྒྲུབ་མི་ནུས་པ་བཞིན་ནོ། །དེ་ལྟ་བུའི་ཆོས་ཉིད་དམ་ཡེ་ཤེས་རང་གི་ངོ་བོ་ལ། ཡེ་ནས་ཉེས་པའི་རྡུལ་གྱིས་མ་གོས་པས་གཙང་། རང་བཞིན་འཕོ་འགྱུར་མེད་པས་རྟག་པ། ནམ་ཡང་སྡུག་བསྔལ་གྱིས་ཟིལ་གྱིས་མི་ནོན་པས་བདེ་བ། འཁོར་འདས་ཀུན་ལ་ཁྱབ་ཅིང་བདག་བདག་མེད་ཀྱི་སྤྲོས་པ་ཉེ་བར་ཞི་བས་དམ་པའི་བདག་སྟེ། ཚུལ་མཐོང་བྱིས་བློའི་ཡུལ་ལས་ཕ་རོལ་བསྐལ་དོན་དུ་གྱུར་པའི་ཡོན་ཏན་གྱི་ཆོས་བཞི་དང་ལྡན་ཏེ། མགོན་པོ་བྱམས་པས་རྒྱུད་བླ་མར། གཙང་བདག་བདེ་བ་རྟག་ཉིད་ཕྱིར། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་དང་། མཚན་བརྗོད་ལས། རང་བཞིན་གྱིས་དག་དག་པའི་དག །ཐོག་མ་མེད་ནས་སྤྲོས་མེད་བདག །ཅེས་གསུངས་པ་བཞིན་ནོ། །དེར་མ་ཟད་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་དབང་གིས་དེ་ལས་ཤར་བའི་ཆོས་ཅན་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱི་ནང་གི་ཆོས་འདི་ཐམས་ཅད་ཀྱང་། གནས་ཚུལ་མཐར་ཐུག་པའི་དབང་དུ་བྱས་ན་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་ཡེ་ནས་སངས་རྒྱས་པའི་རང་བཞིན་མཉམ་པ་ཉིད་ལས་མ་གཡོས་ཏེ། མཐར་ཐུག་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་ཐམས་ཅད་དང་བྲལ་བས་དེ་ལྟར་གཟིགས་པའི་ཕྱིར། སྡོང་པོ་བཀོད་པ་ལས། གང་ཞིག་བདག་དང་སེམས་ཅན་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་བདེ་བར་གཤེགས་པར་གསུངས། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་དང་། དུས་འཁོར་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །ཞེས་དང་། གསང་སྙིང་ལས། ཨེ་མ་ཧོ་ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །སྲིད་པ་གསུམ་ན་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོ་བས། །གཞན་དུ་རྒྱལ་བས་ཆོས་མི་བཙལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཡང་རྒྱལ་བས་མི་བརྙེས་སོ། །ཞེས་གསུངས་སོ། །འོ་ན་སངས་རྒྱས་ཀྱིས་ཕུང་སོགས་སྡུག་ཀུན་གྱི་མཚན་གཞིར་ཡང་མ་གསུངས་སམ་སྙམ་ན། དེ་ནི་དགོངས་པའི་དབང་གིས་ཏེ། མ་ཕམ་པས། བདག་གོ་ཞེས་ཀྱང་བསྟན་གྱུར་ལ། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། །རྒྱལ་བ་རྣམས་ཀྱིས་བདག་དང་ནི། །བདག་མེད་འགལ་མེད་ཅེས་ཀྱང་བསྟན། །ཞེས་གསུངས་པ་ལྟར། སངས་རྒྱས་ལ་བདག་རྟོག་མེད་ཀྱང་ང་དང་ང་ཡིར་གསུངས་པ་འཇིག་རྟེན་མཐུན་འཇུག་ཡིན་པ་དང་། ང་བདག་མེད་ཀྱང་བྱིས་པའི་ངོར་ཡོད་པ་ལྟར་གཟིགས་པ་མི་འགལ་བ་ཐེག་ཆེན་སྤྱི་ལ་གྲགས་པ་བཞིན་དུ། སྣང་སྲིད་སྐུ་དང་ཡེ་ཤེས་སུ་གཟིགས་ཀྱང་། སེམས་ཅན་མ་དག་པའི་འཁྲུལ་ངོར་སྡུག་ཀུན་ལྟར་སྣང་བ་མི་ཁེགས་པས་དེ་ལྟར་གཟིགས་ནས་ཚུལ་དེ་བཞིན་བསྟན་པ་མི་འགལ་ལོ། །དེ་བཞིན་དུ་སེམས་ཅན་སངས་རྒྱས་ཡིན་ན་སེམས་ཅན་དམྱལ་བར་སྡུག་བསྔལ་ཚེ་སངས་རྒྱས་ལ་སྡུག་བསྔལ་ཡོད་པར་ཐལ་བ་སོགས་ཀྱང་མི་འགྲུབ་སྟེ། དོན་དམ་པར་འཁོར་བ་མ་གྲུབ། ཀུན་རྫོབ་སྣང་ཚུལ་དུ་དེར་སྐྱེས་པ་དེ་སྒྲིབ་པ་དག་ཟིན་གྱི་སངས་རྒྱས་མ་ཡིན་པས། རང་རྒྱུད་ལྡན་གྱི་སྒྲིབ་པའི་དབང་གིས་འཁྲུལ་སྣང་རྨི་ལམ་ལྟ་བུར་མྱོང་བ་ཡིན་པའི་ཕྱིར་སྐྱོན་མེད་ལ། གནས་ཚུལ་དུ་སྡུག་བསྔལ་སོགས་མ་གྲུབ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཉིད་འོག་མིན་དགའ་ལྡན་གནས། །ཞེས་གསུངས། དེས་ན་མ་དག་འཁོར་བའི་སྣང་བ་ཐམས་ཅད་འཁྲུལ་སྣང་ཡིན་པས་དེའི་ངོར་སྣང་བ་ལྟར་མིན་ལ། དག་པ་མྱང་འདས་ཀྱི་སྐུ་དང་ཡེ་ཤེས་སོགས་ཀྱི་སྣང་བ་ཐམས་ཅད་མ་འཁྲུལ་བ་ཡིན་པས། འདི་གཉིས་ཁོ་ནས་ཐ་སྙད་ཚད་མའི་སྒྲུབ་ཚུལ་ཤེས་པར་བྱའོ། །དེ་ཡང་དམྱལ་སོགས་མ་དག་འཁོར་བའི་སྣང་བ་འདི་ཐམས་ཅད་སེམས་སྡིག་པ་ཅན་གྱི་དབང་གིས་རང་གི་འཁྲུལ་ངོར་སྣང་བ་ནི། སྤྱོད་འཇུག་ལས། ལྕགས་བསྲེགས་གཞི་སུ་ཡིས་བྱས། །མེ་ཚོགས་འདི་དག་ཅི་ལས་བྱུང་། །དེ་ཕྱིར་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོ། །དག་པ་སངས་རྒྱས་ཀྱི་ཞིང་སྐུའི་བཀོད་པ་སོགས་ནི་རང་སེམས་དག་པའི་དབང་གིས་སྣང་བ་ཡིན་པར་མདོ་རྒྱུད་དགོངས་པ་མཐུན་ཞིང་། ཚངས་པ་རལ་པ་ཅན་དང་ཤཱ་རིའི་བུ་གཉིས་ཞིང་འདི་དག་མ་དག་ཏུ་རྩོད་པས་ཀྱང་ཤེས་པར་ནུས་ལ། ཁྱད་པར་སྔགས་བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་ནང་གི་རྩ་རླུང་ཐིག་ལེའི་ཁམས་དང་སེམས་ཉིད་དག་མ་དག་གིས་བྱུང་བར་གསུངས་པ་བཞིན་ཏེ། དེས་ན་ཆོས་ཐམས་ཅད་རང་སེམས་ཀྱི་རྟོག་པས་ཕར་བཏགས་པ་ཙམ་ལས་དོན་ལ་གྲུབ་པ་མེད་ཀྱང་། རྟོག་བཏགས་ཀྱི་ཡུལ་དེ་ཉིད་རང་རང་གི་བློ་ངོར་གནས་སྐབས་རྟེན་འབྱུང་གི་དབང་གིས་སྣང་བ་བསླུ་མེད་ཉིད་ལ་ཐ་སྙད་ཚད་གྲུབ་ཅེས་བྱ་སྟེ། ལས་མཐུན་པར་བསགས་ཤིང་བག་ཆགས་མཐུན་པར་སད་པའི་ད་ལྟ་རང་རེ་མེ་ལྟ་བུ་ལ་མེ་ཉིད་ཚ་བར་སྣང་བའང་ཚད་མས་གྲུབ་པས་སུས་ཀྱང་མེ་ཚ་བ་མིན་ཞེས་བསྙོན་དུ་མེད་ལ། དེ་བཞིན་དགེ་སྡིག་སོགས་ཀྱང་འདྲ། དོན་དམ་པར་དེ་ལྟར་མཐའ་གཅིག་ཏུ་ཆད་པ་ནི་མེད་དེ། རི་དྭགས་མེ་ཡི་གཙང་སྦྲ་ཅན་སོགས་ལ་མེ་ཚ་བར་མི་སྣང་བའི་ཕྱིར་དང་། དབང་ཐོབ་པ་རྣམས་ཀྱིས་དངོས་པོ་སྤྲུལ་བསྒྱུར་སྣ་ཚོགས་པར་སྟོན་ནུས་པས་ཤེས་ལ། ལེགས་པར་བརྟགས་ན། དངོས་གཅིག་ཡིད་ན་ཐ་དད་ཕྱིར། །དོན་མ་གྲུབ་པར་སྣང་བ་ཡིན། །ཞེས་པ་ལྟར། རང་གི་ལུས་གཅིག་པུ་འདི་ལའང་། ནང་གི་སྲིན་བུ་དང་། ཕྱི་རོལ་གྱི་བྱ་རྒོད་དང་། འདོད་ལྡན་དང་། ཆགས་བྲལ་དང་། རང་གཞན་དགྲ་གཉེན་སོགས་དུ་མས་བལྟས་ན། གནས་དང་། བཟའ་བ་དང་། གཙང་བ་དང་། མི་གཙང་བ་དང་། བདག་གི་དང་། གཞན་གྱི་དང་། སྙིང་དུ་སྡུག་པ་དང་། མི་སྡུག་པ་དང་། བར་མ་སོགས་མཐོང་ཚུལ་དང་འཛིན་ཚུལ་ཐ་དད་པ་དང་། འཕགས་པ་རྣམས་ཀྱིས་གཟིགས་ན་ལུས་རང་བཞིན་གྱིས་གྲུབ་པ་མེད་པ་ལ་སོགས་དང་། མཐར་མཐར་ཐུག་སངས་རྒྱས་ཀྱི་སར་གཟུགས་ཕུང་དག་པ་རྣམ་སྣང་གི་ངོ་བོར་གསུངས་པ་རྣམས་དེ་ལྟར་བསྙོན་མེད་དུ་གྲུབ་པ་ཡིན་ཞིང་། དེ་ཡང་ལེགས་པར་བརྟགས་ན་ལུས་ཞེས་པའང་བཙལ་ན་མི་དམིགས་ཤིང་རྡུལ་ཕྲ་རབ་ཙམ་དུའང་གྲུབ་པ་མེད་པ་ནི་ད་ལྟར་ཡང་དཔྱད་པ་གནད་དུ་སོང་བས་ཤེས་ནུས་པ་འདིའི་ཕྱིར། དེ་ཉིད་གཞན་གྱི་ལུས་སོགས་ཕྱི་ནང་གི་ཆོས་ཐམས་ཅད་ལ་སྦྱར་བས་རང་བཞིན་མེད་པར་གཏན་ལ་འབེབས་ནུས་པས་ན། དོན་དམ་པར་དེ་ཐམས་ཅད་ཀྱང་རང་བཞིན་གྱིས་དབྱེ་བསལ་མེད་པར་ཆོས་ཉིད་མཉམ་པ་ཆེན་པོར་ཤེས་དགོས་ཀྱང་། ཐ་སྙད་དུ་ནི་ད་ལྟ་སེམས་ཅན་ཕལ་པ་ལ་སྣང་བ་ནི་མ་དག་འཁྲུལ་བའི་སྣང་བ་ཡིན་པས་དེའི་ངོར་སྣང་བ་ལྟར་མི་བདེན་ཞིང་། ལམ་བྱང་སེམས་ཀྱི་སྣང་བའང་ད་དུང་གོང་ནས་གོང་དུ་མཐོང་བ་རྣམ་པར་དག་རྒྱུ་ཡོད་པའི་ཕྱིར་དེའི་ངོར་དབང་བཙན་དུ་མིན་ལ། མཐར་ཐུག་སངས་རྒྱས་ཀྱི་སའི་གཟིགས་པ་དེ་ལས་གོང་དུ་བོགས་དབྱུང་དུ་མེད་པའི་ཕྱིར་གནས་ཚུལ་མཐར་ཐུག་པར་གྲུབ་པས་དེ་ལྟར་ངེས་པར་བྱ་སྟེ། མདོར་ན་བརྗོད་མཐའ་བརྗོད་བྲལ། རྟོག་མཐའ་མི་རྟོག་པ། རྣམ་ཤེས་ཀྱི་མཐའ་ཡེ་ཤེས། ཆོས་ཅན་གྱི་མཐའ་ཆོས་ཉིད་ལ་ཐུག་པའི་ཕྱིར། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ནི་གཟུང་འཛིན་མཚན་མའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རང་བཞིན་རྣམ་དག་ཆེན་པོར་གྲུབ་པ་ཡིན་ནོ། །འོ་ན་ལམ་སྒོམ་པ་ལ་དོན་མེད་དོ་སྙམ་ན་མ་ཡིན་ཏེ། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་རྟོགས་པའི་དབང་གིས་འཁྲུལ་སྣང་རྨི་ལམ་ལྟ་བུ་འདི་གློ་བུར་དུ་བྱུང་ཞིང་དེ་ལྟར་ཞེས་པའི་འཁྲུལ་རྟོག་གི་བག་ཆགས་སྦྱོང་བའི་ཕྱིར་ལམ་བསྒོམ་པ་སྟེ། དེས་ན་ལམ་དང་འབྲས་བུའི་ཆོས་རྣམས་ལ་བདེན་པར་ཞེན་པས་ནི་མ་ཡིན་ཏེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་དམག་གིས་ལམ་གྱི་འཇིགས་པ་སེལ་བར་བྱེད་པའམ་བད་ཀན་ཅན་གྱི་མིག་ནད་སྦྱོང་བ་བཞིན་ནོ། །དེའི་ཕྱིར་རྟོགས་བྱ་མཐར་ཐུག་པའི་དབང་དུ་བྱས་ན། ཀུན་རྫོབ་དང་དོན་དམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་དབྱེར་མེད་པར་ཡེ་ནས་སངས་རྒྱས་པའི་རང་བཞིན་སྤྲོས་བྲལ་དག་མཉམ་ཆེན་པོར་གཏན་ལ་ཕེབས་དགོས་ཀྱི། ཚུར་མཐོང་གི་བྱིས་བློས་ཕྱོགས་རེར་གཞལ་བའི་ཡོད་མེད་སྣང་སྟོང་དག་མ་དག་སོགས་གཉིས་ཆོས་ཀྱི་སྤྲོས་པ་གང་གི་ཕྱོགས་སུའང་ཞེན་ཅིང་ལྷུང་བར་མི་བྱའོ། །མདོར་ན་བཅོམ་ལྡན་འདས་ཀྱིས། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པར་གསུངས་པ་བཞིན། ཤེས་བྱ་བདེན་གཉིས་ཀྱི་གནས་ཚུལ་ལ་ཕྱིན་ཅི་མ་ལོག་པར་ལུང་རིགས་མན་ངག་ཚད་མས་གཞལ་འབྲས། འོ་མ་ལས་མར་དང་། མར་ལས་ཉིང་ཁུ་བཞིན། དེ་བཞིན་གཤེགས་པའི་གསུང་རབ་མདོ་རྒྱུད་ཀྱི་དགོངས་པ་མཐའ་དག་སྙིང་པོ་གཅིག་ཏུ་བསྡུ་ཤེས་དགོས་པ་ཡིན་པས། མཚན་ཉིད་རྒྱུའི་ཐེག་པའི་གྲུབ་མཐའི་རྩེ་མོ་ནི། བཀའ་འཁོར་ལོ་བར་ཐ་གཉིས་ཀའི་ངེས་དོན་གྱི་བཅུད་བསྡུས་པ་རྒྱུད་བླ་སོགས་བྱམས་གཞུང་དང་འཕགས་པ་ཀླུས་བསྟོད་ཚོགས་སོགས་ནས་བསྟན་དོན་ཐེག་མཆོག་དབུ་མ་ཆེན་པོ་ཉིད་ཡིན་ཏེ། ལང་ཀར་གཤེགས་པ་ལས། ཆོས་ལྔ་རང་བཞིན་གསུམ་དང་ནི། །རྣམ་པར་ཤེས་པ་ཚོགས་བརྒྱད་དང་། །བདག་མེད་དོན་ནི་རྣམ་གཉིས་པོར། །ཐེག་ཆེན་མཐའ་དག་བསྡུས་པ་ཡིན། །ཞེས་དང་། ཡུམ་བར་མ་ལས། བྱམས་པ། ཡོངས་སུ་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྫས་མེད་པར་ལྟའོ། །རྣམ་པར་བརྟགས་པའི་གཟུགས་གང་ཡིན་པ་དེ་རྣམ་པར་རྟོག་པའི་རྫས་ཡོད་པའི་ཕྱིར་ཡོད་པར་བལྟ་ཡི་རང་དབང་དུ་འཇུག་པ་ནི་མ་ཡིན་ནོ། །ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་རྫས་མེད་པའང་མ་ཡིན། ཡོད་པའང་མ་ཡིན། དོན་དམ་པས་རབ་ཏུ་ཕྱེ་བ་ཡིན་པར་བལྟ་བར་བྱའོ། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་སྣང་ལུགས་ཀུན་རྫོབ་ཀྱི་བདེན་པ་དང་། གནས་ལུགས་དོན་དམ་པའི་བདེན་པ་གཉིས་སུ་ཕྱེ་ནས། གཞལ་བྱ་དམ་ཆོས་རིན་ཆེན་མཛོད་ཀྱི་རྣམ་གཞག་ངེས་པར་བྱས་ཏེ། དེ་འཇལ་བྱེད་རིན་ཆེན་ལྡེ་མིག་གི་རྣམ་པར་གཞག་པ་ལ་གཉིས་ལས། དང་པོ་དྲང་དོན་དང་ངེས་དོན་གྱི་རྣམ་པར་གཞག་པ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དབྱིངས་སེམས་ཉིད་འོད་གསལ་བའི་དགོངས་པ་རང་བཞིན་གྱིས་དག་ཅིང་འཕོ་འགྱུར་མེད་པ་སྐྱེ་འགག་གནས་གསུམ་ལས་འདས་པ་ནམ་མཁའི་ངོ་བོ་ནི་ངེས་པའི་དོན་ཡིན་ལ། དེ་སྟོན་པའི་བཀའ་དང་བསྟན་བཅོས་མ་ལུས་པ་ངེས་པའི་དོན་གྱི་ཁོངས་སུ་བསྡུའོ། །ཆོས་ཅན་སྣང་ཚོད་པ་སྐྱེ་བ་དང་། འགག་པ་དང་། འོང་བ་དང་། འགྲོ་བ་དང་། དག་པ་དང་། མ་དག་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་རིམ་པ་རྣམ་པ་སྣ་ཚོགས་པར་སྣང་བ་རྨི་ལམ་ལྟ་བུ་སྨྲ་བསམ་བརྗོད་པའི་རིམ་པས་གཞལ་ཞིང་སྒྲོ་བཏགས་ནས་བསྟན་པ་ཐམས་ཅད་དྲང་པའི་དོན་ཞེས་བྱ་སྟེ། དེ་སྟོན་པའི་བཀའ་དང་བསྟན་བཅོས་ཐམས་ཅད་ཀུན་རྫོབ་པའི་ནང་དུ་བསྡུའོ། །དཔེར་ན་སེམས་ཉིད་ནམ་མཁའ་ལྟ་བུ་ཞེས་སྨྲ་བརྗོད་དང་བསམ་པས་རློམ་པ་ནི་ཀུན་རྫོབ་ཡིན་ལ། དོན་དམ་པའི་གཤིས་གང་ཡིན་པ་དེ་ངེས་པའི་དོན་ཏེ་ཡང་དག་པ་ཡིན་པ་བཞིན་ནོ། །དེ་སྐད་དུ་དབུ་མ་བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། ཆོས་རྣམས་ཀྱི་ནི་སྟོང་པ་ཉིད། །ངེས་པའི་དོན་ཏོ་ཞེས་ཀྱང་བསྟན། །གང་ལ་སྐྱེ་དང་འགག་ལ་སོགས། །སེམས་ཅན་སྲོག་ལ་སོགས་བསྟན་པ། །དེ་ནི་དྲང་དོན་དེ་ཀུན་རྫོབ། །ཅེས་དང་། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། སྟོན་པ་བདེ་བར་གཤེགས་པས་གསུངས་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལ་སེམས་ཅན་གང་དག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་དང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ལམ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་བདག་དང་། སེམས་ཅན་དང་། སྲོག་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེས་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། སྒྲ་རྣམ་པ་སྣ་ཚོགས་སུ་བཤད་པ་དང་། བདག་པོ་མེད་པ་ལ་བདག་པོ་དང་བཅས་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་འབྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། བདག་པོ་མེད་པ་དང་། རྣམ་པར་ཐར་པའི་སྒོའི་བར་དུ་མེད་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱ་སྟེ། འདི་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི། དྲང་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་ཞེས་བྱའོ། །ཞེས་གསུངས་སོ། །མདོར་ན་གཤིས་ཀྱི་གནས་ལུགས་དང་དེ་སྟོན་པའི་མདོ་སྡེ་རྣམས་ལ་ངེས་པའི་དོན་དང་དེའི་མདོ་སྡེ་ཞེས་བྱ་ལ། གཤིས་ལ་འཇུག་པའི་ཐབས་སུ་ཐབས་མང་པོས་སེམས་ཅན་གྱི་བློ་འདྲེན་པའི་ཆོས་མ་དག་པ་འཁྲུལ་པ་དང་དེའི་དབྱེ་བ་ལ་སོགས་པར་སྟོན་པ་ཐམས་ཅད་དང་བའི་དོན་དང་དྲང་དོན་གྱི་ཆོས་ཞེས་བྱའོ། །གཉིས་པ་དགོངས་པ་ལྡེམ་དགོངས་ཀྱི་ཚུལ་ལའང་གཉིས་ལས། དང་པོ་དགོངས་པ་ནི། ཅུང་ཟད་སྒྲོ་བཏགས་ནས་བཤད་དུ་ནི་ཡོད་ལ། ཁ་དྲང་པར་མ་ཡིན་པའི་ཚུལ་དགོས་ཆེད་དང་བཅས་པར་སྟོན་པ་རྣམས་ཡིན་ཏེ། མདོ་སྡེའི་རྒྱན་ལས། མཉམ་པ་ཉིད་དང་དོན་གཞན་དང་། །དེ་བཞིན་དུ་ནི་དུས་གཞན་དང་། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །ཞེས་པས། མཉམ་པ་ཉིད་ལ་དགོངས་པ་ནི། ཆོས་སྐུ་མཉམ་པ་ལ་དགོངས་ནས་ང་དེའི་ཚེ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་པ་ལྟ་བུའོ། །དོན་གཞན་ལ་དགོངས་པ་ནི། ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་གསུངས་པ་ལྟ་བུ་སྟེ། དེའང་ཀུན་བརྟགས་ལ་མཚན་ཉིད་ངོ་བོ་ཉིད་མེད་དེ་དོན་དུ་ངེས་པར་མ་གྲུབ་པའི་ཕྱིར་རོ། །གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་དེ་མུ་བཞི་ལས་སྐྱེ་བ་མ་གྲུབ་པའི་ཕྱིར། རང་ལས་སྐྱེ་བ་མེད་དེ་སྐྱེས་པ་དང་སྐྱེ་བ་སྐད་ཅིག་མ་རྫས་འགལ་བའི་ཕྱིར་དང་། གཞན་ལས་སྐྱེ་བ་མེད་དེ་གཞན་རང་མཚན་པ་དཔྱད་ན་མ་གྲུབ་པའི་ཕྱིར་དང་། གཉིས་ཀ་ལས་སྐྱེ་བ་རྫས་འགལ་བས་མ་གྲུབ་ལ་རྒྱུ་མེད་པས་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་སྣང་ཚོད་པའི་སྐྱེ་སོགས་ཙམ་ནི་རྨི་ལམ་སྒྱུ་མ་ཙམ་དུ་རྟེན་འབྲེལ་ཡིན་པའི་ཕྱིར་ན་མོད་ལ་སྣང་བ་སྟེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ། རྨི་ལམ་ནི་སྣང་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྣང་ལ་ཡོད་པ་མ་ཡིན་ནོ། །ཞེས་པ་ནས། སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། ཆུ་ཟླ་དང་། གཟུགས་བརྙན་དང་། སྤྲུལ་པའི་བར་དུ་གསུངས་སོ། །ཡོངས་གྲུབ་ལ་དོན་དམ་པའི་ངོ་བོ་ཉིད་མེད་དེ། དོན་དམ་པ་ཡིན་ཞིང་བདག་ཉིད་ལ་མ་དག་པ་ལ་སོགས་པ་སྤྲོས་པའི་ངོ་བོ་མེད་པའི་ཕྱིར་རོ། །དེ་སྐད་དུ་མདོ་སྡེ་དགོངས་པ་ངེས་པར་འགྲེེལ་པ་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ངས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། །ཞེས་སོ། །དུས་གཞན་ལ་དགོངས་པ་ནི། དེ་བཞིན་གཤེགས་པ་དྲི་མེད་ཟླ་འོད་ཀྱི་མཚན་གཟུང་བ་ཙམ་གྱིས་སངས་རྒྱས་འཐོབ་པོ་ཞེས་པ་ལྟ་བུ་སྟེ། དེའང་དེ་གཅིག་པུས་མི་ཐོབ་ཀྱང་། དེ་སྔོན་དུ་སོང་བའི་ཚོགས་མང་དུ་བསགས་པས་ནམ་ཞིག་ན་འཚང་རྒྱ་བ་ཡིན་ནོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི། ཁ་ཅིག་ཚུལ་ཁྲིམས་མཆོག་འཛིན་གྱི་ལྟ་བར་ཞེན་པ་རྣམས་ལ། ཚུལ་ཁྲིམས་ལ་སྨད་ནས་སྦྱིན་པ་ལ་བསྟོད་པ་ལྟ་བུའོ། །གཉིས་པ་ལྡེམ་དགོངས་ནི། ཕ་རོལ་གང་ལ་དགའ་བས་ཡང་དག་པའི་ལམ་མམ་དོན་ལ་གཟུང་པའི་ཕྱིར། དེའི་མིང་ངམ་ཆ་ལྡན་ཅུང་ཟད་ཡོད་པ་ཉིད་ལ་བརྟེན་ནས་ཚུལ་མཐུན་ཡང་དོན་མི་མཐུན་པར་བཤད་པ་སྟེ། མདོ་སྡེ་རྒྱན་ལས། ཞུགས་པ་ལྡེམ་པོར་དགོངས་པ་དང་། །མཚན་ཉིད་ལྡེམ་པོར་དགོངས་པ་གཞན། །གཉེན་པོ་ལྡེམ་པོར་དགོངས་པ་དང་། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉིས་པ་གདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་རྣམ་པ་བཞི། །ཞེས་པས། དེ་ལ་ཞུགས་པ་ལྡེམ་པོར་དགོངས་པ་ནི། ཉན་ཐོས་ཀྱི་རིགས་ཅན་ཁ་ཅིག་སྟོང་པས་སྐྲག་ནས་ཐེག་ཆེན་དུ་མི་འཇུག་པར་དག་གཞུག་པའི་དོན་དུ། གཟུགས་ཡོད་དོ་ཞེས་སྨོས་པས། ཉན་པ་པོས་དོན་ལ་གྲུབ་པར་གོ་ནས་འཇུག་ལ། འཆད་པ་པོས་སྣང་ཚོད་ལ་རྨི་ལམ་ལྟར་ཡོད་པ་ལ་དགོངས་པ་བཞིན་ནོ། །མཚན་ཉིད་ལྡེམ་པོར་དགོངས་པ་ནི། ངོ་བོ་ཉིད་མེད་པའི་གནས་ལུགས་ཤེས་པར་བྱ་བའི་དོན་དུ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཅེས་བསྟན་པ་ལྟ་བུའོ། །ངོ་བོ་ཉིད་མེད་པ་གསུམ་ནི་ཀུན་བརྟགས། གཞན་དབང་། ཡོངས་གྲུབ་ཡིན་ཏེ་སྔར་བཤད་ཟིན་ཏོ། །གཉེན་པོ། ལྡེམ་པོར་དགོངས་པ་ནི། ཁ་ཅིག་ཤཱཀྱ་ཐུབ་པ་སྐུ་བོང་ཆུང་ཞིང་སྐུ་ཚེ་ཐུང་བ་ལ་སོགས་པས་སྟོན་པ་གཞན་ལས་དམན་པ་ཞིག་གོ་སྙམ་པ་ལ་དགོངས་ཏེ། ང་དེའི་ཚེ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དུ་གྱུར་ཏོ་ཞེས་པ་ལྟ་བུ་སྟེ། ཉན་པ་པོས་གཟུགས་སྐུར་མཉམ་པར་གོ་ཞིང་། འཆད་པ་པོས་ཚོགས་རྫོགས་པར་མཉམ། ཆོས་སྐུ་ཐོབ་པར་མཉམ། འགྲོ་དོན་མཛད་པར་མཉམ་པ་གསུམ་ལ་དགོངས་སོ། །མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པ། །མཉམ་པ་ཉིད་དེ་སྐུ་ཚེ་དང་། །རིགས་དང་སྐུ་བོང་ཚད་ཀྱིས་མིན། །ཞེས་པ་ལྟར་རོ། །བསྒྱུར་བ་ལྡེམ་པོར་དགོངས་པ་ནི། ཆོས་འདི་གོ་སླ་བའི་ཕྱིར་གཞན་ལས་དམན་པ་ཞིག་གོ་སྙམ་པའི་ཉེས་པ་ཞི་བའི་ཕྱིར་ཤིན་ཏུ་རྟོགས་དཀའ་བར་བསྟན་པ་རྣམས་ཏེ། དཔེར་ན་ཆེད་དུ་བརྗོད་པའི་ཚོམས་ལས། ཕ་དང་མ་ནི་གསད་བྱ་ཞིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་སྐོར་བཅས་བཅོམ་པ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པ་ལྟ་བུའོ། །དེའང་འཁོར་བར་འདུ་བྱེད་པས་སྲེད་པ་དང་ལན་པ་གཉིས་ནི་ཕ་མའོ། །ཀུན་གཞི་ནི་བག་ཆགས་སྣ་ཚོགས་པའི་རྟེན་ནམ་གཞིར་གྱུར་པས་རྒྱལ་པོའོ། །བྲམ་ཟེ་འཇིག་ཚོགས་ལ་བལྟ་བ་དང་། དགེ་སྦྱོང་ཚུལ་ཁྲིམས་དང་བརྟུལ་བཞུགས་མཆོག་འཛིན་གྱིས་བལྟ་བ་སྟེ་གཙང་སྦྲ་ཅན་གཉིས་སོ། །ནང་གི་སྐྱེ་མཆེད་གཟུང་འཛིན་དང་བཅས་པ་རྣམ་ཤེས་ཚོགས་བརྒྱད་ནི་ཡུལ་འཁོར་གྱི་སྐོར་དང་བཅས་པའོ། །དེ་དག་བཅོམ་པ་སྟེ་དག་ན་འཚང་རྒྱ་བ་ཡིན་ནོ། །དེའང་དགོངས་པ་ལྡེམ་དགོངས་གཉིས་ཅི་རིགས་ངོ་བོ་གཅིག་ལ་བྱེ་བྲག་ཐ་དད་པ་ཡོང་ཡོད་དེ། དེ་གཉིས་ཀྱི་ཁྱད་པར་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི། །སྨྲ་བ་པོས་བསམས་པའི་དོན་ལས་དོན་གཞན་སྨྲ་བ་པོའི་ཚིག་ལས་ཉན་པ་བོས་གོ་བར་བྱེད་པ་ནི་དགོངས་པ་ཡིན་ལ། སྨྲ་བ་པོས་བསམས་པའི་དོན་དེ་ཉིད་ཉན་པ་པོས་གོ་བར་བྱེད་པ་ནི་ལྡེམ་དགོངས་སོ་ཞེས་བཞེད་ཅིང་། ཐེག་བསྡུས་ཀྱི་འགྲེལ་པ་བཤད་སྦྱར་ལས། དགོངས་པ་ནི་ཡིད་ལ་རྣམ་པར་བཞག་པ་ཙམ་ཡིན་གྱི་ཕ་རོལ་གཟུང་བ་ལ་ལྟོས་པ་ནི་ཁས་མི་ལེན་ཏོ། །ལྡེམ་པོར་དགོངས་པ་ནི་ཕ་རོལ་གཟུང་བ་ལ་ལྟོས་པའོ། །ཞེས་གསུངས་སོ། །དེ་གཉིས་ཀའང་འགལ་བ་མེད་པར་ཤེས་ཏེ། དེའང་འགའ་ཞིག་ལ་ལྟོས་ནས་དེའི་ཆ་ལྡན་དུ་བཤད་པ་ནི་ཕ་རོལ་གཟུང་བའམ་གཟུང་བ་ལ་མ་ལྟོས་ཀྱང་དགོངས་པ་ཡིན་ལ། དེ་ཉིད་གཞན་གྱིས་དྲིས་པ་ལ་སོགས་པའི་ཚེ་དོན་མཐའ་དག་མ་རྫོགས་པས་ད་དུང་དགོངས་གཞི་ལ་ཡུས་པའི་ཕྱིར་དགོངས་པ་ཞེས་སོ། །གཞན་ལ་ཕན་གདགས་པའི་ཕྱིར་ཟུར་ཅུང་ཟད་ལ་བརྟེན་ནས་ཁོའི་སྣང་བ་དང་མཐུན་པར་སྟོན་པ་ནི་ལྡེམ་དགོངས་ཞེས་བྱ་སྟེ། སྨྲ་བ་པོས་ཀྱང་སྨྲས། ཕ་རོལ་པོས་ཀྱང་དེ་གོ་ནས་ཞུགས་པས་ད་གཟོད་དོན་གཞན་རྫོགས་པར་གོ་བའི་རྟེན་བྱེད་ཅིང་། བརྫུན་དུའང་མ་གྱུར་ཙམ་དུ་གནས་པའི་ཕྱིར་རོ། །འདི་དག་ནི་གསུང་རབ་བལྟ་བའི་ལྡེ་མིག་སྟེ། སྒྲ་དང་། དོན་དང་། དགོངས་པ་དང་། དགོས་བྱེད་ཀྱི་གནས་སྐབས་དུ་མ་ཡོད་པས་ཟབ་མོའི་གཞུང་རྣམས་ཚུལ་འདིས་འབྱེད་ཤེས་པ་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །དེ་ལྟར་སྤྱིའི་གོ་དོན་རགས་པ་ཙམ་སྨོས་ནས། གཉིས་པ་སྐབས་དོན་བྱེ་བྲག་ཏུ་བསྡུས་ཏེ་སླར་ཡང་འཆད་པ་ནི། གསང་སྙིང་ལས། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །ཞེས་པས། རྣམ་པར་ཐར་པ་བདེན་པའི་སྒོ་ཕྱོགས་རེ་ཙམ་རྟོགས་པ་ཐེག་དམན་དང་། བསམ་གྱིས་མི་ཁྱབ་པའི་རྣམ་ཐར་གྱི་སྒོ་ལ་སྤྱོད་ཀྱང་རྡོ་རྗེ་ཐེག་པའི་དོན་མ་རྟོགས་པས་ཡང་དག་ཉིད་མ་རྟོགས་པ་བྱང་ཆུབ་སེམས་དཔའི་ཐེག་པའོ། །དང་པོ་ལའང་། ཉན་ཐོས་དང་། རང་རྒྱལ་གཉིས། དང་པོ་ཉན་ཐོས་ཀྱི་ཐེག་པ་འཆད་པ་ལ་གསུམ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། འཁོར་བ་ལས་རང་གཅིག་པུ་ཐར་འདོད་ཀྱི་བློས་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །གཉིས་པ་ནི། ཤྲ་བ་ཀཿཞེས་པའི་སྒྲ་ཉན་པ་དང་ཐོས་པ་གཉིས་ཀ་ལ་འཇུག་བས་ཉན་ཐོས་ཞེས་བྱ་བ་ལ། རྣམ་པ་གཅིག་ཏུ་ན། ཡུལ་གཅིག་ལ་ཐོས་ནས། ཡུལ་གཞན་ལ་སྒྲོགས་པའི་ཕྱིར་ཐོས་སྒྲོགས་ཞེས་ཀྱང་བྱའོ། །གསུམ་པ་ལ། འཇུག་སྒོ། ལྟ་བ། ཚུལ་ཁྲིམས། སྒོམ་པ། སྤྱོད་པ། འབྲས་བུ་དང་དྲུག་ལས། དང་པོ་འཇུག་སྒོ་ནི། འཁོར་བའི་དུཿཁས་ཡིད་སྐྱོ་ནས། རང་ཞི་བདེ་དོན་གཉེར་གྱི་བསམ་པས་བདེན་པ་བཞིའི་སྒོ་ནས་འཇུག་སྟེ། རང་ཤར་ལས། འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །ཞེས་སོ། །དེ་ཡང་སྡུག་བསྔལ་གྱི་བདེན་པ་ནད་ལྟ་བུ། ཀུན་འབྱུང་ནད་དེའི་རྒྱུ་ལྟ་བུ། འགོག་བདེན་ནད་ལས་གྲོལ་བའི་བདེ་བ་ལྟ་བུ། ལམ་བདེན་ནད་ཀྱི་གཉེན་པོའི་སྨན་ལྟ་བུ་ཡིན་པས། དེའི་ཕྱིར། སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། འགོག་པ་ཐོབ་བྱ། ལམ་བརྟེན་བྱར་བྱས་ཏེ། བདེན་བཞི་ལ་དམིགས་པའི་རྒྱུ་འབྲས་སྤང་བླང་གི་སྒོ་ནས་འཇུག་པའོ། །གཉིས་པ་ལྟ་བ་ནི། གཟུང་ཡུལ་དངོས་པོ་རགས་སྣང་འདི་གཉེན་པོ་དང་བློས་གཞིག་ཅིང་གཞོམ་དུ་རུང་བ་ཕྱིར་དང་། འཛིན་པ་སེམས་ཀྱི་རྒྱུན་དུས་གསུམ་གྱི་ཆས་གཞིག་ཏུ་རུང་བའི་ཕྱིར་དང་། གཟུང་འཛིན་རགས་པ་འདི་ཀུན་རྫོབ་ཏུ་སྣང་བ་ཙམ་ལས་རང་བཞིན་མེད་པས་གང་ཟག་གི་བདག་མེད་པར་རྟོགས་ཀྱང་། གཟུང་ཡུལ་དངོས་པོ་རགས་སྣང་རྩོམ་པའི་གཞི་རྡུལ་ཕྲ་རབ་འདི་གཉེན་པོ་དང་བློས་གཞོམ་དུ་མེད་པ་དང་། འཛིན་སེམས་སྐད་ཅིག་མ་དུས་ཀྱི་ཆ་དང་བྲལ་བས་གཟུང་འཛིན་ཕྲ་བ་དོན་དམ་དུ་འདོད་པའི་ཕྱིར་ཆོས་ཀྱི་བདག་མ་རྟོགས་ཏེ། ལྟ་ཕྲེང་ལས། ཆོས་ཐམས་ཅད་ལ་མུ་སྟེགས་པ་ལ་སོགས་པས་སྒྲོ་དང་སྐུར་བས་ཀུན་ཏུ་བརྟགས་པ། ཡེ་མེད་པ་ཆད་པའི་ལྟ་བ་དང་། རྟག་པ་ལ་སོགས་པའི་ཡོད་པར་བལྟ་བ་ནི། ཐག་པ་ལ་སྦྲུལ་དུ་མཐོང་བ་བཞིན་དུ་མེད་དེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་དང་། རྣམ་པར་ཤེས་པ་ནི་དོན་དམ་པར་ཡོད་པར་བལྟ་བ། །ཞེས་གསུངས་སོ། །དབྱེ་ན། སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་སྣང་བ་བཅུ་བདུན་པ་ལས། ཆོས་ཙམ་བལྟ་བའི་ཉན་ཐོས་པ། །མདོ་སྡེ་བ་དང་བྱེ་བྲག་གཉིས། །ཕྱི་རོལ་རྡུལ་ལ་རྩོད་བྱེད་ཅིང་། །ཤེས་པ་སྐད་ཅག་སྣང་བྱེད་མཐུན། །ཞེས་པས། བྱེ་སྨྲ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་ནི་སིང་ལྟར་ཚོགས་པ་གཅིག་ཏུ་སྣང་ཡང་། དོན་དམ་པར་རྡུལ་ཕྲ་རབ་བསྐོར་བ་བར་མེད་དང་བཅས་པས་ཆ་ལྡན་སིལ་བུར་འདོད་དེ། ཀླུ་སྒྲུབ་ཀྱི་གཡུ་ཐང་ལས། ཀུན་རྫོབ་བྱེ་བྲག་འདོད་གཞུང་ཉིད། །སྣོད་ཀྱི་རྫས་རྣམས་དངོས་པོ་འདི། །རྡུལ་ཕྲན་སིལ་བུ་ཕན་ཚུན་པས། །མ་འདྲེས་ནེ་སེང་ལྟ་བུ་སྟེ། །སེམས་ཅན་ལས་ཀྱི་རླུང་གི་མཐུའམ་སྟོབས་ཀྱིས་འདུས་པར་འདོད་དེ། །དོན་དམ་ཤེས་པ་སྐད་ཅིག་མ། །རེ་རེ་ཡོད་པར་འདོད་པའོ། །ཞེས་སོ། །མདོ་སྡེ་པ་ནི། རྡུལ་ཕྲ་རབ་འབྱར་ཡང་མ་འབྱར། བར་ཡང་མེད་པ་འབྲུའི་ཕུང་པོ་ལྟ་བུར་འདོད་དེ། དེ་ལས། མདོ་སྡེ་ཀུན་རྫོབ་ཕྲ་རབ་རྣམས། །འདུས་པའི་རྣམ་པ་གཅིག་ཏུ་འདོད། །དོན་དམ་ཤེས་པ་མཐུན་པར་འདོད། །ཅེས་སོ། །འདིས་རྡུལ་ཕྲན་ལས་གོང་བུ་བརྩམ་པ་དེའང་ཆ་མེད་དུ་རྟོགས་པས་བྱེ་སྨྲ་ལས་འཕགས་ཏེ་དོན་གྱིས་བལྟར་མེད་པའི་ཕྱིར་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །མདོར་ན་ཆོས་བདག་གཟུང་འཛིན་དོན་དམ་དུ་བལྟ་ཞིང་འཁོར་འདས་བདེན་བཞིའི་རྒྱུ་འབྲས་ལ་བླང་དོར་དུ་འཛིན་ན་ཉན་ཐོས་པ་སྟེ། ལམ་རིམ་ལས། གཉིས་མེད་མ་རྟོགས་ཐམས་ཅད་ལ། །བདེན་བཞིའི་དངོས་པོར་ཡོད་ལྟ་ཞིང་། །སྤོང་དང་མི་སྤོང་བྱེད་གྱུར་ན། །འདི་ནི་ཉན་ཐོས་ས་པ་ཡིན། །ཞེས་སོ། །གསུམ་པ་ཚུལ་ཁྲིམས་ནི། སོ་ཐར་རིགས་བརྒྱད་གང་རུང་ངམ། ཁྱད་པར་སངས་རྒྱས་ཀྱི་རྗེས་སུ་མཐུན་པར་བསླབ་དགོས་པའི་ཕྱིར། མཆོག་དགེ་སློང་གི་སྡོམ་པ་ལ་བརྟེན་པར་བྱ་སྟེ། མཛོད་ལས། སོ་སོར་ཐར་ཞེས་བྱ་རྣམས་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད། །སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བ་ནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། །ཅེས་སོ། །བཞི་པ་བསྒོམ་པ་ནི། དེ་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པས། གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས། དགེ་བའི་བཤེས་གཉེན་ལས་ཉན་ཐོས་ཀྱི་སྡེ་སྣོད་ཚུལ་བཞིན་དུ་ཐོས། ཐོས་དོན་བསམ། བསམ་དོན་སྒོམ་པ་སྟེ། དེའང་དང་པོར་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་བསྒོམ་པ་སོགས་ཞི་གནས་ཀྱིས་སེམས་ལས་སུ་རུང་བར་བྱས་རྗེས། ལྷག་མཐོང་ནི། བདེན་བཞི་རེ་རེའང་བཞི་བཞིར་ཕྱེ་བའི་བདེན་ཆུང་བཅུ་དྲུག་བསྒོམས་ཏེ། གཞི་དེ་ལས་ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བས་སྤང་བ་སོགས། སྤོང་ཚུལ་ཡེ་ཤེས་བཅུ་དྲུག་གི་རིམ་པར་སྤོང་ངོ་། །དེ་ལ་བདེན་ཆུང་བཅུ་དྲུག་ནི། མི་རྟག །སྡུག་བསྔལ། སྟོང་པ། བདག་མེད་བཞི་ནི་སྡུག་བདེན་གྱི་རྣམ་པའོ། །རྒྱུ། ཀུན་འབྱུང་བ། སྐྱེ་བ། རྐྱེན་བཞི་ནི་ཀུན་འབྱུང་གིའོ། །འགོག་པ། ཞི་བ། གྱ་ནོམ་པ། ངེས་འབྱུང་བཞི་ནི་འགོག་བདེན་གྱིའོ། །ལམ། རིག་པ། སྒྲུབ་པ། ངེས་འབྱིན་བཞི་ནི་ལམ་བདེན་གྱི་རྣམ་པ་སྟེ་བཅུ་དྲུག་གོ། །ཡེ་ཤེས་བཅུ་དྲུག་ནི། བདེན་བཞི་རེ་རེ་ལའང་། ཆོས་ཤེས། ཆོས་བཟོད་གཉིས། རྗེས་ཤེས། རྗེས་བཟོད་གཉིས་ཏེ་བཅུ་དྲུག་གོ། །ལྔ་པ་སྤྱོད་པ་ནི། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་ནས་རང་དོན་གཙོ་བོར་སྤྱོད་པ་སྟེ། གཡུ་ཐང་ལས། སྤྱོད་པའང་རང་དོན་འབའ་ཞིག་པའོ། །ཞེས་སོ། །དྲུག་པ་འབྲས་བུ་ནི། རྒྱུན་ཞུགས་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་སྟེ་གནས་སྐབས་ཀྱི་འབྲས་བུ་དང་། མཐར་ཐུག་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་གཉིས་དང་ལྡན་པའི་ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་པ་ཐོབ་ཅིང་། འབྲས་བུ་བཞི་པོ་རེ་རེ་ལའང་ཞུགས་གནས་གཉིས་གཉིས་སུ་ཕྱེ་བས་བརྒྱད་དེ། དབྱེ་གཞི་ལ་ལྟོས་ནས་སྐྱེས་བུ་ཟུང་བཞི་དང་། དབྱེ་ཆོས་ལ་ལྟོས་ནས་གང་ཟག་ཡ་བརྒྱད་ཅེས་བྱའོ། །དེ་དག་ཀྱང་རྒྱས་པ་ལས། བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་བ་ཡི། །ཡེ་ཤེས་བཅུ་དྲུག་ཆ་སྦྱངས་རབ་ཞི་བ། །རྒྱུན་ཞུགས་ལ་སོགས་རིམ་པས་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམས་ཞི་བའི་ས་རུ་འགྲོ། །ཞེས་སོ། །གཉིས་པ་རང་བྱང་ཆུབ་ཀྱི་ཐེག་པ་ལའང་གསུམ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་བྱང་ཆུབ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་ཀྱི་སྒོ་ནས་རྟེན་འབྲེལ་གྱི་ལམ་བསྒོམ་པའོ། །གཉིས་ནི། པྲ་ཏྱེ་ཀ་བུདྡྷའི་སྒྲ་ལས་རང་གི་བྱང་ཆུབ་རང་གིས་རྟོགས་པར་བྱེད་པའི་ཕྱིར། སོ་སོའམ་རང་གཅིག་པུ་བྱང་ཆུབ་སྒྲུབ་པས་ན་རང་རྒྱལ་ལོ། །གསུམ་པ་ལ། སྔར་ལྟར་དྲུག་ལས། དང་པོ་འཇུག་སྒོ་ནི། རང་ཤར་ལས། འཇུག་པའི་སྒོ་ནི་རྟེན་འབྲེལ་བཅུ་གཉིས་སོ། །ཞེས་པས། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག །དེའང་རྟེན་འབྲེལ་ནི། ཧེ་རུ་ཀ་གལ་པོ་ལས། རང་རྒྱལ་ཆོས་ལ་བློ་སྦྱང་ཕྱིར། །ཕྱི་དང་ནང་གི་རྟེན་འབྲེལ་ཆོས། །ཞེས་པས་ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་སོ། །དེ་དག་ཇི་ལྟར་འཁོར་ཞེ་ན། ཕྱིའི་རྟེན་འབྲེལ་མང་ཉུང་གི་ཚུལ་དང་། ནང་གི་རྟེན་འབྲེལ་ལུས་མེད་རྣམས་ལ་བག་ཆགས་དང་། ལུས་ཅན་རྣམས་ལ་དངོས་སུ་འཁོར་རོ། །དེའི་སྒོ་ནས་ཇི་ལྟར་འཇུག་ན། སྤྱིར་རང་རྒྱལ་དབང་རབ་བསེ་རུ་ལྟ་བུ་ནི་ཚོགས་ལམ་གྱི་ཚོགས་བསྐལ་པ་བརྒྱ་དང་། དབང་འབྲིང་ཚོགས་སྤྱོད་ཆེ་བ་བཟོད་འབྲིང་མན་ཆད་ཀྱིས་བསྡུས་པའི་ཚོགས་མི་ཚེ་བརྒྱ་དང་། དབང་རྟུལ་ཚོགས་སྤྱོད་ཆུང་བ་མཐོང་ལམ་སྐད་ཅིག་མ་བཅོ་ལྔ་མན་ཆད་ཀྱིས་བསྡུས་པའི་ཚོགས་མི་ཚེ་བཅུ་གསུམ་དུ་བསགས་ཏེ། རྟེན་དེ་ལ་བྱང་ཆུབ་ཐོབ་པའི་སྐལ་པ་མེད་པར་ཤེས་ནས་སྨོན་ལམ་བཏབ་པས་སངས་རྒྱས་དང་ཉན་ཐོས་ཀྱིས་ཡོངས་སུ་མ་བཟུང་བའི་འཇིག་རྟེན་དུ་སྐྱེ་བ་ལེན་ཏེ། དབུ་མ་རྩ་བ་ལས། སངས་རྒྱས་རྣམས་ནི་མ་བྱོན་ཞིང་། །ཉན་ཐོས་རྣམས་ནི་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་སོ། །རྟེན་དེ་ལ་མཁན་སློབ་མེད་པར་རང་བྱུང་གི་དགེ་སློང་དུ་གྱུར་ཅིང་། དུར་ཁྲོད་དུ་ཕྱིན་པས་ན། རུས་པ་མཐོང་མ་ཐག་འཁོར་བ་ལ་ཡིད་འབྱུང་སྟེ། རུས་པ་འདི་དག་གང་ལས་བྱུང་བརྟགས་པས་རྒ་ཤི་ལས་བྱུང་། དེ་སྐྱེ་བ་ལས་བྱུང་བ་སོགས། འདི་ལྟར་རིམ་གྱིས་འཁོར་བའི་རྩ་བ་མ་རིག་པར་རྟོགས་ཏེ། འདི་ལས་ཇི་ལྟར་ཐར་པར་བྱ་སྙམ་པ་ན། ཡང་མ་རིག་པ་འགགས་ན་འདུ་བྱེད་འགག་པ་ནས་རྒ་ཤིའི་བར་འགག་པ་སྟེ། ལུགས་ལྡོག་རྟེན་འབྲེལ་རྟོགས་པའི་སྒོ་ནས་འཇུག་པའོ། །གཉིས་པ་ལྟ་བ་ནི། གང་ཟག་གི་བདག་མེད་རྟོགས་པ་ཉན་ཐོས་དང་འདྲ་ལ། །དེའི་སྟེང་དུ་ཆོས་ཀྱི་བདག་གི་གཟུང་ཆ་རྡུལ་ཕྲ་རབ་རང་བཞིན་མེད་པར་རྟོགས་ཀྱང་ད་དུང་འཛིན་སེམས་སྐད་ཅིག་མ་དོན་དམ་དུ་བལྟ་ཞིང་། འཁོར་འདས་རྟེན་འབྲེལ་རྒྱུ་འབྲས་སུ་འདོད་པས་ན། བདག་མེད་ཕྱེད་དང་གཉིས་རྟོགས་ཞེས་བྱ་སྟེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་དང་། ལྟ་རིམ་ལས། དེ་བཞིན་རང་རྒྱལ་ཐེག་པ་ཡང་། །ཕྱི་རོལ་བཅུ་གཉིས་སྒྱུ་མ་ཙམ། །རྡུལ་ཀྱང་ཕྱོགས་ཆས་མ་གྲུབ་འཕགས། །ཤེས་པ་སྐད་ཅིག་རྗེས་སུ་མཐུན། །ཞེས་དང་། ལམ་རིམ་ལས་ཀྱང་། ལས་དང་ཉོན་མོངས་ཐམས་ཅད་ལ། །མཉམ་པའི་དོན་དུ་མི་ཤེས་ཤིང་། །རྟེན་འབྲེལ་རྒྱུ་འབྲས་ཡོངས་འཛིན་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །ཞེས་སོ། །དེ་ལྟར་ན་སུམ་ཅུ་པ་ལས། གཟུང་བ་མེད་ན་འཛིན་པ་མེད། །ཅེས་པ་དང་འགལ་ཟེར་ན། སྐྱོན་མེད་དེ། ལུང་དེའི་དོན་ནི་མངོན་སུམ་གྱི་མཚན་ཉིད་ཅན་གྱིས་གཟུང་བ་རང་བཞིན་མེད་པར་རྟོགས་ན། འཛིན་པའང་རྟོགས་དགོས་པར་བཤད་པ་ཡིན་གྱི། འདིར་ནི་ཡིད་ལ་དོན་ཅི་སྣང་བའི་གཟུང་བ་རང་བཞིན་མེད་པར་རྟོགས་པ་ཡིན་ལ། དེ་འདྲ་བ་རྟོགས་པ་ན་དུག་གསུམ་གྱི་རྩ་བར་གྱུར་པའི་མ་རིག་པ་བཟློག་པའི་ཕྱིར། གཟུང་བ་རང་བཞིན་མེད་པར་རྟོགས་པ་ཞེས་བསྙད་དོ། །གསུམ་པ་ཚུལ་ཁྲིམས་ནི། ཉན་ཐོས་དང་འདྲ་སྟེ། ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། །ཉན་ཐོས་རང་རྒྱལ་བསྲུང་མཚམས་ནི། །ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་ཡིན། །ཞེས་སོ། །བཞི་པ་བསྒོམ་པ་ནི། ས་སྡེ་ལས། ཉན་ཐོས་ཇི་ལྟ་བ་བཞིན་དུ་རིག་པར་བྱ་སྟེ། དེ་དག་དང་ལམ་གྱི་རང་བཞིན་མཚུངས་པའི་ཕྱིར། ཞེས་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ལམ་བསྒོམ་པར་བཞེད་ཀྱང་། མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོར་ཉན་ཐོས་ཀྱི་སྡེ་སྣོད་ལས་ལོགས་སུ་རང་རྒྱལ་གྱི་སྡེ་སྣོད་མདོར་བཤད་ཅེས་གོང་མ་རྣམས་གསུང་ཞིང་། མངོན་རྟོགས་རྒྱན་རྩ་འགྲེལ་སོགས་ལས་ཀྱང་ཉན་རང་ལ་ལམ་གྱི་ཁྱད་པར་ཡོད་པར་བཞེད་པ་ལྟར། བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་སྟེང་དུ། རྟེན་འབྲེལ་ལུགས་འབྱུང་བཀག་ནས་ལུགས་ལྡོག་སྟོང་པ་བཅུ་གཉིས་ཁྲིགས་ཆགས་སུ་བསྒོམ་པར་བྱེད་པའོ། །ལྔ་པ་སྤྱོད་པ་ནི། གདུལ་བྱ་ལ་ངག་གིས་ཆོས་མི་གསུང་བར། ལུས་ཀྱི་རྫུ་འཕྲུལ་གྱི་བརྡས་དོན་བྱེད་པ་སྟེ། མངོན་རྟོགས་རྒྱན་ལས། གང་གང་དོན་ནི་གང་གང་ལ། །ཇི་ལྟར་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དོན། །སྒྲ་མེད་ཀྱང་སྟེ་དེ་ལྟར་སྣང་། །ཞེས་དང་། གཡུ་ཐང་ལས། སྤྱོད་པ་ལུས་ཀྱི་རྫུ་འཕྲུལ་གྱིས། །གཞན་དོན་ཤས་འགའ་སྤྱོད་པའོ། །ཞེས་སོ། །དྲུག་པ་འབྲས་བུ་ནི། དབང་རྣོན་བསེ་རུ་ལྟ་བུ་གཅིག་པུར་བཞུགས་པ་ནི་ལམ་ལྔ་སྟན་ཐོག་གཅིག་ཏུ་རྫོགས་ནས། ཡིད་བཞིན་བདེ་བ་མཆོག་གིས་ཟད་པ་དང་མི་སྐྱེ་བ་ཤེས་པའི་དགྲ་བཅོམ་པ་མངོན་དུ་མཛད་དེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་སོ། །ནེ་ཙོ་ལྟ་བུ་ཁྱུས་བཞུགས་པ་ཚོགས་སྤྱོད་ཆེ་ཆུང་གཉིས་ནི་རིམ་པར་ལམ་བཞི་དང་གསུམ་སྔོན་དུ་མཛད་དོ། །དེ་དག་ཀྱང་རྒྱས་པ་ལས། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་ཤིང་། །དངོས་པོའི་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། །བྱང་ཆུབ་ས་བགྲོད་ཡིད་བཞིན་བདེ་བ་མཆོག །ཅེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གཉིས། ཐེག་དམན་ལས་འཕགས་ཚུལ་དང་། ཁྱད་པར་འཕགས་པའི་ཐེག་པ་ཉིད་བཤད་པའོ། །དང་པོ་ནི། ཤེས་རབ་ཆེ་བས་བདག་མེད་གཉིས་རྣལ་མར་རྟོགས་ནུས་པ་དང་། སྙིང་རྗེ་ཆེ་བས་གཞན་དོན་འབའ་ཞིག་སྤྱོད་ནུས་པས་འཕགས་ཏེ། ཐེག་ཆུང་པ་ལ་དེ་དག་མེད་པའི་ཕྱིར་རོ། །དེ་ལྟར་ཡང་ཡེ་ཤེས་རྣམ་པར་བཀོད་པའི་རྒྱུད་ལས། ཐུགས་རྗེས་སེམས་ཅན་ལ་དམིགས་ཤིང་། །ཤེས་རབ་ཆོས་ཀྱི་དབྱིངས་སུ་ཁྱབ། །ཐེག་པ་ཆེན་པོ་ཞེས་བཤད་དེ། །གཞན་དག་དེ་ལས་བཟློག་པའོ། །ཞེས་དང་། སློབ་དཔོན་ཨ་རོས། ཐེག་པ་ཁྱད་པར་ཤེས་རབ་སྙིང་རྗེ་ཁོ་ན་སྟེ། །འདི་དག་ཆེ་ཆུང་དབང་གིས་ཐེག་པའི་ཁྱད་པར་བསྟན། །ཞེས་དང་། སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྷུང་། །ཞེས་སོ། །གཉིས་པ་ཁྱད་པར་འཕགས་ཆོས་དེ་ལྡན་བྱང་ཆུབ་སེམས་དཔའི་ཐེག་པ་འཆད་པ་ལ་གསུམ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། ཆོས་ཐམས་ཅད་བདག་མེད་པར་རྟོགས་ཤིང་། སྙིང་རྗེ་ཆེན་པོས་གཞན་དོན་རླབས་པོ་ཆེ་སྤྱོད་པའི་ཐབས་དམ་པར་གྱུར་བའོ། །གཉིས་པ་ནི། བོ་དྷི་ས་ཏྭའི་སྒྲ་ལས་སེམས་སྟོབས་ཆེན་པོས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ་གཅིག་ཏུ་མི་ཞུམ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གསུམ་པ་ལ་དྲུག་ལས། དང་པོ་འཇུག་སྒོ་ནི། བདེན་པ་གཉིས་ཀྱི་སྒོ་ནས་ཏེ། རང་ཤར་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ནི། །འཇུག་པའི་སྒོ་ནི་བདེན་པ་གཉིས། །ཞེས་སོ། །དེ་ཡང་དབུ་མ་པའི་གཞུང་ལྟར་ན། མ་བརྟགས་མ་དཔྱད་པའི་སྣང་བ་འདི་རྣམས་སྣང་ཡང་ངོ་བོ་བདེན་མེད་སྒྱུ་མ་ལྟ་བུར་ཤེས་བའི་བློས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ནས་དགེ་མི་དགེའི་འཇུག་ལྡོག་གི་ཚུལ་གྱིས་ཀུན་རྫོབ་ཀྱི་བདེན་པར་འཇུག་ལ། དོན་དམ་གཤིས་ཀྱི་གནས་ལུགས་སྤྲོས་བྲལ་དུ་ཤེས་པར་བྱས་ཏེ་ཟུང་འཇུག་གི་སྒོ་ནས་འཇུག་གོ། །དེ་ལ་བདེན་པ་གཉིས་ནི། ཧེ་རུ་ཀ་གལ་པོ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་སུ་ཡང་དག་འདུས། །ཞེས་སོ། །དེ་ཡང་དབྱེ་གཞི་ཤེས་བྱ་ཙམ་ལས། སྣང་ལུགས་ཀུན་རྫོབ་དང་། གནས་ལུགས་དོན་དམ་པའི་བདེན་པ་གཉིས་སུ་དབྱེ་སྟེ། དེ་ལས། ཤེས་བྱ་ཙམ་གྱི་སྣང་བ་ལ། །བདེན་པ་གཉིས་ཀྱི་ཞིང་ཡང་གྲུབ། །ཅེས་གསུངས་པའི་ཕྱིར། དེ་ལས་ཀུན་རྫོབ་བདེན་པ་ནི། བློའི་ཡུལ་དུ་གྱུར་པའི་ཆོས་ཅན་མཚན་མ་ཅན་ཏེ། དེ་ལས། བསླུ་ཞིང་བློ་ཡི་ཡུལ་གྱུར་པ། །ཀུན་རྫོབ་སྤྱི་ཡི་མཚན་ཉིད་དོ། །ཞེས་སོ། །དབྱེ་ན། སྣང་ལ་དོན་བྱེད་ནུས་པ་མི་ལ་མིར་སྣང་བ་ལྟ་བུ་ཡང་དག་ཀུན་རྫོབ། སྣང་ལ་དོན་བྱེད་མི་ནུས་པ་ཐོ་ཡོར་ལ་མིར་སྣང་བ་ལྟ་བུ་ལོག་པའི་ཀུན་རྫོབ་ཏེ། དེ་ལས། ཀུན་རྫོབ་དབྱེ་བ་ཡང་དག་དང་། །ལོག་པའི་ཀུན་རྫོབ་ཅེས་བྱའོ། །སོ་སོའི་མཚན་ཉིད་རབ་བཤད་བྱ། །སྣང་ལ་དོན་བྱེད་མི་ནུས་ལོག །ཡང་དག་སྣང་ལ་དོན་བྱེད་ནུས། །ཞེས་དང་། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོ། །དོན་དམ་བདེན་པ་ནི། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟེ། གལ་པོ་ལས། དོན་དམ་པ་ཡི་མཚན་ཉིད་ནི། །སྤྲོས་པ་ཐམས་ཅད་བྲལ་བ་ཡིན། །ཞེས་དང་། ཛེ་ཏཱ་རའི་བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པ་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་དུ་ཡང་མེད། །མཐའ་བཞི་དག་ལས་ངེས་གྲོལ་བ། །ཞེས་སོ། །དབྱེ་ན། སྤྲོས་པ་ཕྱོགས་རེ་དང་བྲལ་བ་རྣམ་གྲངས་པའི་དོན་དམ་དང་། སྤྲོས་པ་མཐའ་དག་དང་བྲལ་བ་རྣམ་གྲངས་མ་ཡིན་པའི་དོན་དམ་སྟེ། གལ་པོ་ལས། དབྱེ་ན་རྣམ་གྲངས་དོན་དམ་དང་། །རྣམ་གྲངས་མ་ཡིན་མཐའ་བརྒྱད་བྲལ། །ཞེས་སོ། །དེ་ལྟར་བདེན་པ་གཉིས་པོ་དེ་གཅིག་གམ་ཐ་དད་ཅེ་ན། ཐ་སྙད་དུ་ཆུ་དང་ཆུ་ཟླ་ལྟར་རང་བཞིན་གཅིག་ལ་ལྡོག་པ་ཐ་དད་པ་སྟེ། བྱང་ཆུབ་སེམས་འབྲེལ་ལས། བུ་རམ་རང་བཞིན་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གནས། །ཞེས་སོ། །དོན་དམ་པར་གཅིག་ཐ་དད་གང་དུའང་བརྗོད་དུ་མེད་དེ། བྱམས་པས་ཞུས་པ་ལས། འདུ་བྱེད་ཀྱི་མཚན་མ་ལས་བརྗོད་དུ་མེད་པའི་དབྱིངས་དེ་ཉིད་ཀྱང་མ་ཡིན་ལས། གཞན་ཡང་མ་ཡིན་ནོ། །ཞེས་སོ། །དེའང་དབུ་མ་པས་དོན་དམ་འཇོག་ཚུལ་ལ་ཐ་དད་མེད་ཀྱང་། ཀུན་རྫོབ་ཏུ་སྣང་བ་སྒྱུ་མ་ཙམ་དུ་གྲུབ་པར་ཁས་ལེན་པ་རང་རྒྱུད་པ་དང་། སྣང་དུས་ཉིད་ནས་སྤྲོས་པ་དང་བྲལ་བར་འདོད་པ་ཁས་ལེན་པའི་ཀུན་རྫོབ་རྩམ་ཡང་འགོག་པ་ཐལ་འགྱུར་བའོ། །སེམས་ཙམ་པ་ནི། གཟུང་འཛིན་གཉིས་སྣང་གི་ཡུལ་དང་ཡུལ་ཅན་ཀུན་རྫོབ་དང་། གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ནི་དོན་དམ་བདེན་པར་འདོད་དོ། །དབྱེ་ན། ཕྱི་དོན་ཤེས་པའི་རྣམ་པ་ཙམ་དུ་བདེན་པར་འདོད་པའི་རྣམ་བདེན་པ་དང་། སྣང་བ་ཤེས་པས་སྒོ་བཏགས་པར་འདོད་པའི་རྣམ་རྫུན་པ་གཉིས་སོ། །གཉིས་པ་ལྟ་བ་ནི། བདག་མེད་གཉིས་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །དེའང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཆུ་ཟླ་ལྟར་སྣང་ལ། དོན་དམ་པར་སྤྲོས་པ་ཐམས་ཅད་ཞི་བའི་ཚུལ་དུ་རྟོགས་པས་བདེན་གཉིས་ཀྱི་གནས་ལུགས་རྟོག་ས་པ་སྟེ། ལྟ་ཕྲེང་ལས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་དོན་དམ་པར་ནི་རང་བཞིན་མེད་པ་ཡིན་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་ཙམ་དུ་སོ་སོའི་མཚན་ཉིད་མ་འདྲེས་པར་ཡོད་དོ། །ཞེས་དང་། ལམ་རིམ་ལས། མཉམ་པའི་དོན་ཉིད་མི་ཤེས་ཤིང་། །ཀུན་རྫོབ་དོན་དམ་གཉིས་འབྱེད་ལ། །ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་ས་པ་ཡིན། །ཞེས་སོ། །གསུམ་པ་ཚུལ་ཁྲིམས་ལ། དགེ་བ་ཆོས་སྡུད་ཀྱི། སེམས་ཅན་དོན་བྱེད་ཀྱི། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་གསུམ། དང་པོ་ནི། ཚོགས་གཉིས་དང་ཕྱིན་དྲུག་གིས་བསྡུས་པའི་ལེགས་སྤྱོད་དགེ་བའི་ཚོགས་སྒྲུབ་པའོ། །གཉིས་པ་ནི། བསམ་སྦྱོར་ཐམས་ཅད་སེམས་ཅན་གྱི་དོན་དུ་སྤྱོད་པའོ། །གསུམ་པ་ནི། དབུ་མ་པའི་ལུགས་ལ་སེམས་བསྐྱེད་ལེན་པའི་རྟེན་དུ་སོ་ཐར་གྱི་སྡོམ་ལྡན་དགོས་པར་མ་ངེས་ཀྱང་། བྱང་སར་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སོ་ཐར་རིགས་བདུན་ལ་བཤད་པ་ལྟར་དེ་དག་གི་བསླབ་བྱར་གནས་པ་གཞིར་བཞག་གི་སྟེང་དུ། བྱང་ཆུབ་ལ་དམིགས་པའི་སྨོན་སེམས་དང་། དེའི་ཆེད་དུ་ཚོགས་དང་བྱ་བ་ལ་སྦྱོར་བའི་འཇུག་སེམས་ཏེ། དབུ་སེམས་གང་རུང་གི་ཚོགས་བླངས་ལ། དེའི་བསླབ་བྱ་ལ་བསླབ་པའོ། །དེ་ལ་སེམས་ཙམ་པ་ནི་རྩ་ལྟུང་བཞིར་འདོད་དེ། སྡོམ་པ་ཉི་ཤུ་པ་ལས། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོ་བས་གཞན་ལ་འཚོགས་པར་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་སོ། །དབུ་མ་པ་ལྟར་ན། བཅུ་དགུའམ་ཉི་ཤུར་འདོད་དེ། རྒྱལ་པོ་ལ་ངེས་པ་ལྔ། བློན་པོ་ལ་ངེས་པ་ལྔ། ཕལ་པ་ལ་ངེས་པ་བརྒྱད། ཐུན་མོང་པ་སྨོན་སེམས་བཏང་བ་དང་བཅུ་དགུར་ནམ་མཁའི་སྙིང་པོའི་མདོའི་རྗེས་སུ་འབྲངས་ཏེ་བསླབ་བཏུས་སུ་བཤད། དེའི་སྟེང་དུ་འཇུག་སེམས་སྤངས་ཏེ་དགེ་བ་ལ་མི་སྦྱོར་བ་དང་ཉི་ཤུར་དཀོན་མཆོག་བརྩེགས་པ་ལས་གསུངས་སོ། །དེ་དག་ཀྱང་སྤྱོད་འཇུག་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབས་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་པས། དྲན་པ་དང་། ཤེས་བཞིན་མ་ཉམས་པས། ནག་པོའི་ཆོས་བཞི་སྤང་ཞིང་། དཀར་ཆོས་བཞི་དང་དུ་བླང་བ་ལ་སོགས་པའི་སྒོ་ནས་ཆུད་མ་ཟོས་པར་བསྲུང་བ་ལ་འབད་པའོ། །བཞི་པ་བསྒོམ་པ་ནི། སྤྱིར་སློབ་པའི་ལམ་བཞིར་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་སྟེ། ཚོགས་ལམ་ཆུང་ངུར་དྲན་པ་ཉེར་གཞག་བཞི། འབྲིང་དུ་ཡང་དག་སྤོང་བཞི། ཆེན་པོར་རྫུ་འཕྲུལ་རྐང་བཞི། སྦྱོར་ལམ་དྲོད་རྩེར་དབང་པོ་ལྔ། བཟོད་པ་ཆོས་མཆོག་ཏུ་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན། བསྒོམ་ལམ་ས་དགུར་འཕགས་ལམ་བརྒྱད་བསྒོམ་པའོ། །བྱེ་བྲག་ཏུ་ཐོག་མ་ནས་ཇི་ལྟར་ཉམས་སུ་བླང་བའི་ཚུལ་འཁོར་ལོ་ཐ་མ་ངེས་པ་དོན་གྱི་མདོ་སྡེའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་ཁོང་དུ་ཆུད་པར་བྱས་ལ། རིགས་ཅན་དེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྣང་ཡུལ་མ་འགགས་ལ་འཛིན་རྟོག་ཞི་བའི་ཏིང་ངེ་འཛིན་སྐྱེ་བའི་ཞི་གནས་དང་། ལྷག་མཐོང་ནི་སྣང་བ་སྒྱུ་མའི་དཔེ་བརྒྱད་དུ་བལྟ་བ་དང་། གཟུང་འཛིན་ཕྲ་རགས་ཐམས་ཅད་སྟོང་པར་ཐག་བཅད་པ་ཆོས་ཉིད་སྟོང་པ་ལ་བརྟག་པ་དང་། མཐའ་བྲལ་དབུ་མའི་དོན་ལ་མཉམ་པར་འཇོག་པ་རྣམས་ཏེ། ཞི་ལྷག་ཟུང་འབྲེལ་གྱི་སྒོ་ནས་བསྒོམ་པའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། ཞིག་ནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱ་སྟེ། །ཞེས་སོ། །ལྔ་པ་སྤྱོད་པ་ནི། རྗེས་ཐོབ་ཀྱི་དུས་སུ་བདག་བས་གཞན་གཅེས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའོ། །དེའང་སྤྱོད་པའི་རང་བཞིན་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་སྒྱུ་མ་ཙམ་དུ་སྤྱོད་དེ། དྲུག་ནི་སྦྱིན་སོགས་དང་། བཅུ་ནི་ཐབས། སྟོབས། སྨོན་ལམ། ཡེ་ཤེས་བཞི་བསྣན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུའོ། །དྲུག་པ་འབྲས་བུ་ནི། ས་བཅུ་དང་ལམ་ལྔ་རིམ་གྱིས་བགྲོད་ནས། མི་སློབ་པའི་ལམ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ། རང་དོན་དུ་ཆོས་ཀྱི་སྐུར་གྲོལ་ཏེ་གཞན་དོན་དུ་གཟུགས་སྐུ་གཉིས་ལ་བརྟེན་ནས་སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པ་ཡིན་ནོ། །དེ་དག་ཀྱང་རྒྱས་པ་ལས། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པའི། །ས་བཅུ་རིམ་གྱིས་བགྲོད་པའི་རྣལ་འབྱོར་བས། །སངས་རྒྱས་ས་བགྲོད་གོ་འཕང་འཐོབ་པའི་ལམ། །བདེན་པ་གཉིས་ཀྱིས་རབ་ཏུ་འཐོབ་པར་འགྱུར། །ཞེས་སོ། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེའི་རྣམ་གཞག་ལེགས་བཤད་སྣང་བའི་དགའ་སྟོན་ཅེས་བྱ་བ་ལས། རྒྱུ་མཚན་ཉིད་ཀྱི་ཐེག་པའི་རྣམ་གཞག་བཤད་པའི་ཚོམས་ཏེ། སྐབས་གསུམ་པའོ། །དེ་ལྟར་རྒྱུ་མཚན་ཉིད་ཀྱི་ཐེག་པའི་རྣམ་གཞག་མདོ་ཙམ་སྨོས་ནས། ད་ནི་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་སྡེ་སྣོད་ཀྱི་རྣམ་གཞག་འཆད་པ་ལ་གཉིས་ཏེ། རྒྱུའི་ཐེག་པ་ལས་ཁྱད་པར་འཕགས་ཚུལ་དང་། ཁྱད་པར་ཅན་གྱི་ཐེག་པ་ཉིད་བཤད་པའོ། །དང་པོ་ནི། ཕར་ཕྱིན་ཐེག་པ་རྒྱུ་ལམ་བྱེད་ལས། འདིར་འབྲས་བུ་ལམ་བྱེད་ཀྱིས་འཕགས་སོ། །དེ་ལ་མཚན་ཉིད་ཀྱི་ཐེག་པ་བ་རྣམས་ན་རེ། ཁྱེད་གསང་སྔགས་པ་རྣམས་འབྲས་བུ་ལམ་དུ་བྱེད་པ་དེ། སྨིན་པ་ཞིག་ལམ་དུ་བྱེད་དམ། མ་སྨིན་པ་ཞིག་ལམ་དུ་བྱེད། དང་པོ་ལྟར་ན་ཐུག་མེད་དུ་འགྱུར་ཏེ། སྨིན་ནས་ཀྱང་ལམ་དུ་བྱེད་པའི་ཕྱིར། རྟགས་ཁས། ཁྱབ་པ་ཚད་མས་གྲུབ་སྟེ། ན་ནིང་གི་འབྲས་བུ་ད་གཟོད་ཀྱི་ས་བོན་དུ་འགྱུར་བ་བཞིན། འདོད་ན་གསང་སྔགས་ཉིད་རིང་ལམ་དུ་ཐལ་ལོ། །གཉིས་པ་ལྟར་ན། འབྲས་བུ་ལམ་དུ་བྱེད་པ་མ་ཡིན་པར་འགྱུར་ཏེ། མ་སྨིན་པའི་ཕྱིར། འདོད་ན་རང་ཚིག་ཉམས་ལ། གང་མ་སྨིན་པ་ལ་མཐར་ཐུག་གི་འབྲས་བུ་མིན་པས་ཁྱབ་སྟེ། མྱུ་གུ་སྔོན་པོ་བཞིན་ཞེ་ན། ལན་ནི། ཡིན་ཚུལ་ནས་ཐོབ་བྱ་དོན་གྱི་ངོ་བོ་རང་ལ་གནས་ཀྱང་། རྟོགས་ཚུལ་ནས་མ་རྟོགས་པས། དེ་རྟོགས་པའི་ཐབས་ཙམ་ལ་ལམ་དུ་བྱེད་ཅེས་འདོགས་ཏེ། ལམ་རིམ་ལས། དེ་ལྟར་ཡེ་ཤེས་རང་གནས་པ། ལམ་དང་འབྲས་བུ་ཀུན་ངོ་བོ། །འབྲེལ་བ་དག་ཕྱིར་ཐབས་ཆེན་པོས། །མངོན་བྱེད་རང་ལས་བྱུང་བར་ཟད། །ཅེས་སོ། །དེ་ལྟར་ན་རང་གནས་ཀྱི་འབྲས་བུ་ལམ་གྱིས་མངོན་དུ་བྱས་པའི་ཚེ་སྔར་གྱི་འབྲས་བུ་ལ་སྐྱེད་བྱུང་དམ་མ་བྱུང་ཟེར་ན། ངོ་བོ་ལ་ལྟོས་ནས་སྐྱེད་དུ་བྱར་མེད་དེ། རྒྱལ་བུ་དམངས་འཁྱམས་ཉིད་རྒྱལ་བུར་ངོ་ཤེས་པའི་ཚེ་རིགས་ཀྱི་ངོ་བོ་བཟང་དུ་འགྲོར་མེད་པ་བཞིན། འོན་ཀྱང་མངོན་གསལ་ལ་ལྟོས་ནས་སྐྱེད་དུ་བྱས་ཏེ། རྒྱལ་བུར་ངེས་པས་དམངས་ལ་དབང་བསྒྱུར་ནུས་པ་བཞིན། དེའི་ཕྱིར་འདི་ལྟར་ཤེས་པར་བྱ་སྟེ། ཧེ་རུ་ཀ་གལ་པོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་རྒྱུ་རུ་ཤེས། །འབྲས་བུ་སྔགས་ཀྱི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་ཉིད་དུ་བསྒོམ། །རྒྱུ་དང་འབྲས་བུ་གང་ཡིན་པའི། །ཕྱོགས་ཀྱང་རབ་ཏུ་ཤེས་པར་བྱ། །ཞེས་པས། མཚན་ཉིད་ཐེག་པར་སེམས་ཉིད་སངས་རྒྱས་ཀྱི་རྒྱུ་ཙམ་དུ་ཤེས་པ་དེ། རྐྱེན་ཚོགས་གཉིས་ཀྱིས་གོང་དུ་འཕེལ་བས་སངས་རྒྱས་ཐོབ་པར་འདོད་པའི་ཕྱིར་དང་། མྱང་འདས་ཀྱི་རྒྱུ་རྣམ་བྱང་གི་ཆོས་ལམ་དུ་བྱེད་པའི་ཕྱིར་རྒྱུའི་ཐེག་པ་ཞེས་བྱ་སྟེ། རྒྱུ་འབྲས་སྔ་ཕྱིར་ཁས་ལེན་པའི་ཕྱིར་རོ། །སྔགས་ཀྱི་ཐེག་པས་སེམས་ཉིད་འབྲས་བུའི་ངོ་བོ་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་དུ་ཡེ་ནས་རང་ལ་གནས་པས་ཐོབ་བྱ་ད་ལྟ་ཉིད་ནས་རང་ལ་ཡོད་པ་ནི་གཞི། དེ་ཉིད་ཤེས་འཇུག་གི་བྱེད་པས་གནས་སྐབས་གློ་བུར་གྱི་དྲི་མ་བསལ་ཏེ་ངོ་ཤེས་པར་བྱེད་པའི་ཆ་ནས་ལམ། གཞི་དེ་ཉིད་མངོན་དུ་གྱུར་པའི་ཆ་ནས་འབྲས་བུར་བཞག་པས། དོན་ལ་རྒྱུ་འབྲས་སྔ་ཕྱི་དབྱེར་མི་བྱེད་པའི་ཕྱིར་འབྲས་བུའི་ཐེག་པ་དང་རྡོ་རྗེའི་ཐེག་པ་ཞེས་བྱ་སྟེ། གསང་སྙིང་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་བརྙས་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཞིག །ཅེས་དང་། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་དང་། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་དང་། རྒྱས་པ་ལས། རྒྱུ་འབྲས་ཡེ་ནས་སྔ་ཕྱི་མ་ཡིན་པས། །འབྲས་བུ་ལམ་དུ་གྱུར་ནས་དུས་གཅིག་མཉམ་པར་སྦྱོར། །ཞེས་སོ། །དེ་བཞིན་དུ་ཕྱི་རྒྱུད་ཀྱི་དབང་དུ་བྱས་ཏེ། ལམ་རིམ་ལས། བྱ་བའི་ལུགས་ཀྱིས་ཤེས་རབ་དང་། །ཆོ་ག་ཡན་ལག་གྲངས་རྫོགས་པས། །འབྲས་བུ་ལམ་བྱས་བདེ་གཤེགས་པས། །ཞེས་དང་། ནང་རྒྱུད་ཀྱི་དབང་དུ་བྱས་ཏེ། དེ་ལས་གཞན་པའི་ཐོབ་བྱ་མེད། །ཀུན་ཀྱང་སྨིན་ཟིན་བགྲོད་པ་མེད། །དེ་ཉིད་ལམ་གྱི་ངོ་བོ་སྟེ། །ཞེས་གསུངས་པ་བཞིན་ནོ། །ཡང་གོང་མ་རྣམས། ཀུན་རྫོབ་ལམ་དུ་བྱེད་ནུས་པ་དང་མི་ནུས་པའི་ཁྱད་པར་ཡོད་པར་བཞེད་དེ། ཕ་རོལ་ཏུ་ཕྱིན་པས་དོན་དམ་བསྒྲུབ་བྱ་དང་། ཀུན་རྫོབ་སྤང་བྱར་བྱེད་ལ། སྔགས་ལས་ནི་ཀུན་རྫོབ་ཏུའང་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་སྤྱོད་པས་ན་མི་སྤོང་བར་ལམ་དུ་བྱེད་པའི་ཕྱིར། བདེན་གཉིས་ཕྱོགས་སུ་མ་ལྷུང་བས་འཕགས་ཏེ། ལམ་རིམ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོ། །ཚུལ་དེས་ཀྱང་འབྲས་བུ་ལམ་བྱེད་དུ་འགྱུར་ཏེ། ཆོས་ཐམས་ཅད་དབྱེར་མེད་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུར་བལྟ་ཞིང་ཐབས་ཀྱིས་གོམས་པར་བྱེད་པའི་ཕྱིར། དེ་ལྟར་ཡང་རྒྱས་པ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་སོ། །དེའང་སྔགས་ཕྱི་པས་ལྷའི་སྐུ་གསུང་ཐུགས་སུ་བརྟས་ཏེ་བསྒོམ་པ་དང་། ནང་པ་ལྟར་ན་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་རྟོགས་ནས་གོམས་པར་བྱེད་པའི་ཕྱིར་ན་འབྲས་བུ་ལམ་བྱེད་དང་རྡོ་རྗེ་ཐེག་པའི་ངེས་ཚིག་གྲུབ་སྟེ། བང་མཛོད་འཕྲུལ་གྱི་ལྡེ་མིག་ལས། འབྲས་བུ་རྡོ་རྗེའི་ཐེག་པ་ནི། །ཕྱག་རྒྱའི་དཀྱིལ་འཁོར་ལམ་བྱས་ནས། །འབྲས་བུ་དེ་ཉིད་ལམ་དུ་ཁྱེར། །རང་གི་ལུས་ངག་ཡིད་གསུམ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྦྱོར། །དེ་རིགས་རྡོ་རྗེ་ཐེག་པར་བཏགས། །ཞེས་སོ། །ཁྱད་པར་གཞན་ཡང་ཡོད་དེ། ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་ཏེ། རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་གཉིས་ཀ་སེམས་ཅན་གྱི་དོན་ལ་དམིགས་ནས་བྱང་ཆུབ་འདོད་པར་དོན་གཅིག་ནའང་། སྔགས་ཁྱད་པར་བཞིས་འཕགས་ཏེ། ལྷ་བསྒོམ་སྔགས་བཟླ་བ་སོགས་ཐབས་ཀྱི་ཆ་ལ་མ་རྨོངས་པ་དང་། དེའང་ཐབས་ཀྱི་ཆའི་སྒོ་གཅིག་མ་ཡིན་པར་དབང་པོའི་རིམ་པ་དང་མཐུན་པར་བྱ་སྤྱོད་ལ་སོགས་པའི་རྒྱུད་སྡེའི་སྒོ་མཐའ་ཡས་པའི་ཕྱིར་མང་བ་དང་། དེ་དག་ཀྱང་རྒྱུའི་ལམ་ལྟར་བསྐལ་པ་གྲངས་མེད་གསུམ་སོགས་སུ་དཀའ་བས་བགྲོད་མི་དགོས་པར་ཚེགས་ཆུང་ངུས་འགྲུབ་པའི་ཕྱིར་དཀའ་བ་མེད་པ་དང་། དེ་ཉིད་སྔགས་ཀྱི་ཐེག་པའི་དངོས་ཀྱི་གདུལ་བྱ་དབང་རྣོན་ལ་དགོངས་ནས་གསུངས་པའི་ཕྱིར་ཚུལ་བཞི་པོ་དེས་འཕགས་པ་ཡིན་ནོ། །གཞན་ཡང་འདིར་མཐུན་མིན་ནང་རྒྱུད་ཀྱི་དགོངས་པ་བཞིན་ཅུང་ཟད་ཞིབ་ཏུ་འཆད་ན། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཟབ་ཅིང་རྒྱ་ཆེ་བའི་གནས་ལུགས་འཇལ་བ་ན། མཚན་ཉིད་ཐེག་པས་གཏན་ཚིགས་ཀྱི་སྒོ་ནས་གཞལ་བའི་བསམ་ཤེས་ཀྱིས་རྗེས་སུ་དཔག་པ་ངེས་པའི་ཚད་མས་གཏན་ལ་ཕབ་པའི་དོན་དམ་བདེན་པ་བློས་བྱས་ཀྱི་གཞི་དང་། དེ་ལ་ངེས་ཤེས་ཀྱི་བློ་སྐྱེས་པ་ལ་འབད་པས་འཇོག་པའི་ཞི་གནས་དང་། དེ་ལ་རྟོག་དཔྱོད་ལྷག་མཐོང་དུ་བཏགས་པ་ཙམ་གྱིས་ཏིང་ངེ་འཛིན་དང་། དུས་རིང་པོ་ཞིག་ཏུ་ཚོགས་གྲངས་མེད་པར་འདུ་བྱས་པའི་རྒྱུ་ལས་ཐོབ་པ་ལ་ཕྱོགས་པའི་འབྲས་བུ་ལ་དམིགས་པའི་ཟབ་པ་ཙམ་དང་། རྒྱ་ཆེ་བའི་ཕུང་ཁམས་སྐྱེ་མཆེད་ལ་སོགས་ཀྱང་ཀུན་རྫོབ་ཀྱི་བདེན་པར་གཏན་ལ་ཕབ་ནས་བླང་དོར་གྱི་འདུ་ཤེས་དམ་པོས་དཀྲིས་པ་ཙམ་ལས་མེད་ལ། སྔགས་སུ་གཏན་ཚིགས་དང་བློས་བྱས་པའི་བསམ་བྱུང་གི་ཤེས་རབ་ལ་མ་ལྟོས་པར། དབང་གསུམ་པ་དང་། ཡེ་ཤེས་བཙན་ཐབས་སུ་དབབ་པ་དང་། རྡོ་རྗེའི་ལུས་ཀྱི་རྟེན་འབྲེལ་ལས་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པས་བློས་མ་བྱས་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཆོས་ཉིད་དམ་ཆོས་ཀྱི་སྐུའི་སྙིང་པོ་གཏན་ལ་ཕེབས་ནས། དེ་ཉིད་ཀྱི་ངང་དུ་རང་བཞིན་གྱི་བློས་གནས་པས་དོན་དམ་པའི་བདེན་པ་རྟོགས་ནས་ཚེ་གཅིག་ལ་སོགས་པ་ལ་བྱང་ཆུབ་མངོན་དུ་བྱེད་པས་ཟབ་མོ་མངོན་སུམ་དུ་སྐྱེ་བ་དང་། རྒྱ་ཆེ་བ་ཡང་དབྱིངས་འོད་གསལ་གྱི་དཀྱིལ་འཁོར་དུ་ཡེ་ནས་གནས་པས་གཞི་རྒྱུད་གཏན་ལ་ཕབ་ནས། དེ་ལ་བརྟེན་པའི་ཀུན་རྫོབ་ལྟར་སྣང་བའི་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྤང་བླང་དང་བྲལ་བའི་ལྷ་དང་གཞལ་ཡས་ཁང་དང་ཞིང་གི་བཀོད་པར་རྟོགས་པས་ལམ་གྱི་རྒྱུད་རྣམས་ཉམས་སུ་བླང་བྱར་བསྟན་པས། ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་སོགས་དང་། ཐུན་མོང་མ་ཡིན་པ་མཐོང་ལམ་ནས་མི་སློབ་པའི་བར་གྱི་འབྲས་བུའི་རྒྱུད་གཏན་ལ་འབེབས་པའི་ཕྱིར་ཟབ་ཅིང་རྒྱ་ཆེ་བའི་དོན་ལ་རྨོངས་པ་མེད་པ་ཡིན་ནོ། །རྣམ་པ་གཞན་དུ་མྱུར་བ་དང་། བདེ་བ་དང་། ཐབས་ལ་མཁས་པས་ཀྱང་ཁྱད་པར་དུ་འཕགས་ཏེ། ཇི་ལྟར་མྱུར་བ་ཡིན་ཞེ་ན། སྐྱེ་བ་འདིའམ། སྐྱེ་བ་བཅུ་དྲུག་གམ། བསྐལ་པ་གསུམ་མམ། བསྐལ་པ་བརྒྱད་ཀྱིས་བྱང་ཆུབ་ཐོབ་པ་དང་། རྒྱུ་ཅིས་མྱུར་བ་ཡིན་ཞེ་ན། ཆོ་གའི་ཁྱད་པར་གྱིས་ལྷ་རྣམས་དངོས་སུ་མཆོད་པ་ལེན་པས་ཡོངས་སུ་སྤྱོད་པ་ལས་བྱུང་བའི་བསོད་ནམས་ཡོད་པ་དང་། སྔགས་ཀྱི་མཐུས་ཆུ་ཐིགས་པ་གཅིག་ཀྱང་གངྒཱའི་བྱེ་སྙེད་དུ་འགྱུར་བས་དེ་སྙེད་ཀྱི་བསོད་ནམས་འབྱུང་བ་དང་། ལས་དང་པོ་པས་མ་དག་པའི་སྣང་བ་འགོག་པའི་ཞིང་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་དང་། སྔགས་དང་ཏིང་ངེ་འཛིན་གྱི་ཁྱད་པར་རེ་རེས་ཀྱང་སེམས་ཅན་རྣམས་སྨིན་པའི་རྒྱུ་ཁྱད་པར་ཅན་འདི་དག་ཐེག་པ་འདི་ཉིད་ལ་ཞུགས་པ་ཙམ་ལའང་ཡོད་ཅིང་། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱིས་གཟུགས་བདེན་པ་གཉིས་ཀའི་ཚུལ་གྱིས་འབྲས་བུའི་རྣམ་པ་ལ་དམིགས་པའི་ཤེས་རབ་རྣམས་དང་པོ་ནས་ཐ་མའི་བར་དུ་ཡོད་པ་དང་། ཇི་ལྟར་བདེ་བ་ཡིན་ཞེ་ན། ལུས་དང་སེམས་ལ་ཚོར་བ་རྩུབ་པོ་མེད་པ་ཉིད་དེ། རྒྱུ་ཅིས་བདེ་བ་ཡིན་ཞེ་ན། འདི་ལ་བསྐལ་པ་དྲུག་དང་ལྡན་པའི་ལུས་ཀྱང་འགྲུབ་པ་དང་། རྫུ་འཕྲུལ་དང་ཏིང་ངེ་འཛིན་མང་པོ་འཐོབ་པ་དང་། སྔགས་ཀྱི་མཐུས་སངས་རྒྱས་རྣམས་མངོན་སུམ་དུ་བཞུགས་པ་དང་། སྔགས་དང་རྒྱུད་ཀྱི་སྦྱོར་བས་སེམས་ཅན་གྱི་བསམ་པ་ཐམས་ཅད་སྒྲུབ་པའི་ཕྱིར་དང་། ཐབས་ལ་མཁས་པ་གང་ཞེ་ན། འཕོ་བ་མེད་པའི་བདེ་བ་སོགས་ཚུལ་ཁྲིམས་ཀྱི་བསླབ་པ་དང་། མཚན་བཅས་དང་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་བསླབ་པ་དང་། བདེན་གཉིས་གདོད་ནས་དབྱེར་མེད་པའི་རང་བཞིན་དུ་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་དང་། སྤྱོད་ཡུལ་ལ་འཇུག་པ་རྣམས་སོ། །གཞན་ཡང་ར་ལི་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། ཉན་ཐོས་ལ་སོགས་ཐེག་ཆུང་ལ། །མན་ངག་ཡོད་པ་མ་ཡིན་ཏེ། །ལྟ་བ་སྤྱོད་པ་སེམས་བཟུང་དང་། །རྒྱུ་དང་ལམ་དང་འབྲས་བུ་ས། །དུས་དང་ལོངས་སྤྱོད་རྣལ་འབྱོར་དང་། །བདག་གཞན་དོན་དང་དགོས་པ་དང་། །ངལ་དུབ་མཐའ་སྤངས་ཚེགས་ཆུང་དང་། །ཚོགས་བསགས་པ་དང་ཁྱད་པར་དང་། །ཁྱད་པར་རྣམ་པ་བཅོ་ལྔ་ཡིས། །རིག་འཛིན་ཐེག་པ་ཁྱད་པར་འཕགས། །ཞེས་བསྟན་པས། ལྟ་བས་ཁྱད་པར་དུ་འཕགས་པ་ནི། སེམས་ཉིད་དོན་དམ་བདེན་པ་དཀོར་བདུན་ངོ་བོ་ཉིད་དུ་གདོད་ནས་ལྷུན་གྱིས་གྲུབ་པ་སྟེ། དེ་ཡང་ངོ་བོ་རང་བཞིན་གྱིས་དག་པའི་ཆ་ནས་དབྱིངས་དོན་དམ། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་འཆར་གཞིར་གནས་པ་དེ་ཉིད་དངས་གསལ་སྒྲིབ་གཡོགས་ཐམས་ཅད་དང་བྲལ་བའི་ཆ་ནས་ཡེ་ཤེས་དོན་དམ། དེ་ལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་འཆར་རུང་མ་འགགས་པར་གནས་པ་འབྲས་བུའི་དོན་དམ་སྟེ། ཕྱི་མ་འདི་ལ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གསང་བ་ཆེན་པོ་འབྲས་བུའི་ཆོས་རྣམས་ལྷུན་གྲུབ་ཏུ་བཞུགས་པ་ནི་རང་བཞིན་གདོད་མའི་འགོག་པ་དོན་དམ་བདེན་པ། སེམས་ཉིད་དོན་དམ་བདེན་པ་དེ་ཉིད་ཀྱི་རྩལ་ལམ་སྣང་ཆ་སྣོད་བཅུད་ཀྱི་བཀོད་པ་བྱིས་པ་རྣམས་ལ་ཀུན་རྫོབ་པ་ལྟར་སྣང་བ་རྣམས་ཀྱང་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་རང་སྣང་བས་འཁོར་འདས་བཟང་ངན་དབྱེར་མེད་པར་མཉམ་པ་ཉིད་དུ་རྫོགས་པ་ཀུན་རྫོབ་ཀྱི་བདེན་པ། དེ་གཉིས་ཀྱང་བླང་དོར་རེས་འཇོག་ཅན་མ་ཡིན་པར་གསེར་དང་གསེར་གྱི་ཁ་དོག་དང་། མར་མེ་དང་མར་མེའི་འོད་ལྟ་བུར་ཟུང་འཇུག་ངོ་བོ་གཅིག་པའི་བདག་ཉིད་དུ་གདོད་ནས་གནས་པ་ནི་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་སྟེ། དེར་འཛིན་གྱི་བསམ་བརྗོད་ལས་ཡང་དག་པར་འདས་པས་ན་ཐ་སྙད་ཙམ་དུ་བདེན་པ་དབྱེར་མེད་བསམ་བརྗོད་ལས་འདས་པ་ཞེས་གདགས་པ་ཡིན་ལ། དེ་ཉིད་སངས་རྒྱས་ཀྱིས་བཟང་པོར་མ་མཛད། སེམས་ཅན་གྱིས་ངན་པར་མ་བཅོས། བཅོས་མ་གློ་བུར་གྱི་ཆོས་མ་ཡིན་པར་གདོད་མ་ཁུངས་ཐུབ་ཀྱི་ཆོས་སེམས་ཉིད་གཉུག་མའི་གཤིས་ལུགས་སུ་དེ་ལྟར་དུ་གནས་པའི་ཕྱིར་ཏེ། སངས་རྒྱས་གསང་བའི་ལམ་རིམ་དུ། །རྒྱལ་འགྲོས་མ་མཛད་མ་བཅོས་ཕྱིར། །རང་བཞིན་རང་གིས་དབྱེར་མེད་ལ། །དེ་མིང་ཞེན་པ་དགྲོལ་ཕྱིར་དུ། །ཐ་སྙད་གཉིས་པར་བསམ་བརྗོད་འདས། །ཞེས་སོ། །བདེན་པ་གཉིས་ཀྱི་གནས་ཚུལ་འདི་སྔགས་ཀྱི་ལྟ་བ་ཁྱད་པར་དུ་འཕགས་པ་ཡིན་ཀྱང་། བོད་ཀྱི་མཁས་པ་འགའ་ཞིག་གིས་སྤྱིར་ཕར་ཕྱིན་ཐེག་པའི་ལྟ་བ་དང་གསང་སྔགས་གཉིས་ཁྱད་པར་མི་འབྱེད་པར་འདོད་པ་དང་། བྱེ་བྲག་ཀུན་རྫོབ་ཇི་ལྟར་སྣང་བ་དེ་ནི་ལྟ་བར་མི་རུང་སྟེ། ཡུལ་ཀུན་རྫོབ་ལ་དམིགས་པའི་ཡུལ་ཅན་གྱིས་བསྒོམ་པའི་བློ་ངོ་ཡིན་པའི་ཕྱིར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་སྒོམ་པ་བཞིན་ནོ། །ཞེས་འཆད་མོད། འདི་ནི་རྡོ་རྗེ་ཐེག་པའི་གྲུབ་མཐའ་ལ་བློ་མ་ཕྱོགས་པའི་གཏམ་སྟེ། གོང་དུ་བཤད་པ་དེ་སྔགས་ཀྱི་ལྟ་བ་ཤེས་པར་བྱ་བའི་གནད་གལ་པོ་ཆེ་ཡིན་ལ་བསྒོམ་པར་བྱ་བའང་ཤིན་ཏུ་ཡིན་ཏེ། ལྟ་བ་ཞེས་པ་ཆོས་ཐམས་ཅད་ཀྱི་གནས་ལུགས་གང་ཡིན་པ་དེ་ལ་དེ་དང་རྗེས་སུ་མཐུན་པའི་ཤེས་རབ་ཀྱི་མིག་གིས་ལྟ་བའི་དོན་ཡིན་པ་གང་ཞིག་འཕགས་པ་རྣམས་ཀྱིས་མ་འཁྲུལ་པའི་ཡེ་ཤེས་ལ་སྣང་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པར་བདེན་པ་ཚད་མ་ཡིན་ལ། སེམས་ཅན་རྣམས་ཀྱི་འཁྲུལ་བློའི་རྣམ་ཤེས་ཀྱི་ཡུལ་དུ་སྣང་བའི་ཆོས་རྣམས་ནི་སྣང་ལུགས་ཀུན་རྫོབ་པར་རྫུན་པ་ཡིན་པའི་ཕྱིར། དཔེར་ན་ཆུ་གཅིག་ལའང་འགྲོ་བ་དྲུག་གིས་སྣང་ཚུལ་དུ་མར་མཐོང་ལ། སངས་རྒྱས་རྣམས་ཀྱིས་ཡུམ་མཱ་མ་ཀཱིའི་དབྱིངས་སུ་སྣང་བ་བཞིན་ནོ། །ཡང་གནས་ལུགས་ལ་ཅི་ཡང་མི་དམིགས་པའི་སྤྲོས་པ་དང་བྲལ་བ་ཁོ་ནའོ། །དེ་ནི་མདོ་ལམ་དུ་བཤད་པའི་མཚན་ཉིད་མ་འཁྲུལ་པ་ཡིན་པའི་ཕྱིར་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་མེད་པར་གྲུབ་ཟེར་ན། དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆ་ནས་ཆོས་སྐུའི་རྣམ་པ་ལམ་བྱེད་རྒྱུའི་ཐེག་ཆེན་དུ་བཤད་པ་ལྟར་ཡིན་ཀྱང་། སྤྲོས་བྲལ་མེད་དགག་ཁོ་ན་ལ་ཟག་མེད་ཀྱི་ཆོས་ཐམས་ཅད་ཀྱི་འཆར་གཞིར་གྱུར་པའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་། སྔགས་ཀྱིས་ཁྱད་པར་དུ་བྱས་པའི་བདེ་བ་ཆེན་པོའི་ཡོན་ཏན་ཀྱང་མ་ཚང་སྟེ། དྲི་མ་མེད་པའི་འོད་ལས། ནམ་མཁའི་ཁམས་ལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དང་མེ་ལོང་གི་པྲ་ཕབ་པ་བཞིན་དུ་སྐྱེ་བ་མེད་པའི་ཆོས་རྣམས་ངེས་པར་མཐོང་ལ། རང་གི་སེམས་ཀྱིས་སྤྲོས་པའི་རབ་ཏུ་སྣང་བ་རྨི་ལམ་དང་མཚུངས་པའི་དོན་དུ་སེམས་པ་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་པའི་སྟོང་པ་ཆད་པའི་སྟོང་པ་ཉིད་ལས་རིང་དུ་བྱས་པ། ནང་གི་བདེ་བ་རང་གི་རིག་པར་བྱ་བའི་ཆོས་ལ་རྗེས་སུ་ཆགས་པ། ཕྱི་རོལ་གྱི་དབང་པོས་རང་རིག་པར་བྱ་བའི་བདེ་བའི་ཆོས་ཡོངས་སུ་སྤངས་པ། ཞེས་སོགས་གསུངས་པའི་ཕྱིར་དང་། ལྟ་འདོད་མདོར་བསྟན་དུ། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེ་བ་མེད་པ་འགག་མེད་པ། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོས་སྟོང་པ་ཉིད། །ཕུང་པོ་རྣམ་པར་དཔྱད་པས་མིན། །ཅེས་བཤད་པ་ལྟར་དང་། མཚན་ཉིད་པས་ཀུན་རྫོབ་ཀྱི་མཚན་ཉིད་མེད་པར་གཏན་ལ་ཕབ་པ་ཙམ་ལས་དག་མཉམ་ཆེན་པོར་གདོད་ནས་གནས་པའི་གནད་མི་ཤེས་ལ། དེ་མ་ཤེས་པས་གཟུགས་སྐུ་གཉིས་ཀྱི་རྟེན་འབྲེལ་སྒྲིག་པའི་རྣམ་པ་ལམ་བྱེད་སྒོམ་པ་མི་ཤེས། དེ་མ་ཤེས་པས་འདོད་ཡོན་ལོངས་སུ་སྤྱོད་པའི་ཚོགས་ཁྱད་པར་ཅན་བསགས་པའི་ཐབས་མི་ཤེས་པས་སྤང་གཉེན་གྱི་འཆིང་བས་གྲངས་མེད་གསུམ་གྱི་མཐའ་ལ་རེ་ལྟོས་འཆའ་དགོས་པ་ཡིན་ལ། སྔགས་སུ་བདེ་སྟོང་ཟུང་དུ་འཇུག་པའི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱི་འབྲས་བུ་དམ་པ་ཡེ་ནས་ལྷུན་གྱིས་གྲུབ་པར་བཞུགས་པའི་ཐོག་མའི་གནས་ལུགས་ཤིན་ཏུ་རྣམ་པར་དག་པ་དེ་ཉིད་ལྟ་བའི་ཡུལ་དུ་ཤེས་པར་བྱས་ནས་དེ་ཁོ་ན་ཉིད་ལ་བསླབ་པའམ་དེ་ལ་གོམས་སུ་འཇུག་པ་སྒོམ་པ་ཡིན་པའི་ཕྱིར། དེ་དང་དེ་རྣམ་པ་ལམ་བྱེད་ཀྱིས་སྒྱུ་མ་ལྟ་བུའི་བསྐྱེད་རིམ་དང་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་རྫོགས་རིམ་ཁྱད་པར་ཅན་ལ་བློ་སྦྱོངས་པས། མ་དག་པའི་གཞན་དབང་ལས་བྱུང་བའི་འཁྲུལ་རྟོག་གློ་བུར་བའི་སྣང་ཚུལ་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རིམ་གྱིས་ནུབ་ནས་ཡོངས་སུ་དག་པའི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གདོད་མའི་གནས་ལུགས་མངོན་དུ་འགྱུར་བའི་གནད་ཡོད་པས་ན་སྔགས་ཀྱི་ལྟ་སྒོམ་ཁྱད་པར་དུ་འཕགས་པའི་ཕྱིར་འབྲས་བུའི་ཐེག་པར་གྲུབ་སྟེ། པདྨ་རྩེ་མོ་ལས། དྲི་མེད་དབྱིངས་ཀྱི་རང་བཞིན་ནི། །སྐུ་གསུམ་ཡེ་ཤེས་བཞི་དང་བཅས། །གང་ཚེ་དག་པ་དེ་ཉིད་དུ། །རང་གསལ་མངོན་དུ་འཆར་བ་དང་། །འདྲ་བ་ལམ་དུ་བྱེད་པ་ལ། །འབྲས་བུའི་ཐེག་པར་ཡང་དག་བརྗོད། །ཅེས་གསུངས་པའི་ཕྱིར་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་ཇི་ལྟར་སྣང་བ་ལ་དམིགས་པའི་ཡུལ་ཅན་གྱི་ཤེས་པ་མ་དག་པའི་བཅོས་མ་གློ་བུར་བ་ཡིན་པའི་ཕྱིར་སྔགས་ཀྱི་ལྟ་སྒོམ་ཐུན་མོང་མ་ཡིན་པ་དང་གཅིག་པའི་སྐབས་མེད་དེ། དེ་ནི་མདོའི་གཞུང་ལམ་དུ་གསུངས་པའི་ཀུན་རྫོབ་སེམས་བསྐྱེད་ཀྱི་བྱེ་བྲག་ཡིན་པ་བྱིས་པའི་བློ་གྲོས་ཀྱིས་ཀྱང་རྟོགས་ནུས་པ་དེར་ཟད་ལ། དེའི་ཕྱིར་སྒྱུ་འཕྲུལ་ལམ་རིམ་དུ། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་མཉམ་རྫོགས་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་དུ། །དག་དང་མ་དག་གཉིས་སུ་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་པས། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སྔར་དྲངས་པ་ལྟར་རོ། །ད་དུང་དེ་ལས་ཀྱང་ཆེས་ཁྱད་པར་དུ་གྱུར་པ་ནི། དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་འོད་གསལ་རང་གནས་ཆེན་པོའི་ཡེ་ཤེས་བྱས་ཆོས་བཅིངས་གྲོལ་གཟོད་ནས་དག་པའི་ངང་ལ་ཡིད་དཔྱོད་བློས་བཏགས་ཀྱིས་བཟོ་འཆོས་མི་དགོས་པར་རང་བབ་གཤིས་ཀྱི་ལུགས་སུ་བཞག་པ་དུས་གསུམ་ལས་འདས་པའི་རིག་པ་དྲི་མ་མེད་པ་སྤྲོས་ཐམས་ཅད་དང་བྲལ་བའི་གནས་ལུགས་ཕྱིན་ཅི་མ་ལོག་པར་གནས་པ་དེ་དང་། བློ་དང་ཡིད་དཔྱོད་ཀྱིས་རྟག་ཆད་ཀྱི་མཐའ་བསལ་བར་རློམ་པས་སེམས་དང་སེམས་བྱུང་བླང་དོར་གྱི་མཐའ་ལ་ཞེན་ཏེ་འབད་རྩོལ་གྱིས་བྱས་པའི་ལྟ་བ་དེ་གཉིས་ལ་ཁྱད་པར་གནམ་ས་ལྟ་བུར་ཡོད་ཅིང་ལྟ་བའི་གནས་ལུགས་སུ་སྔ་མ་དངོས་དང་ཕྱི་མ་བཏགས་པ་བཞིན་ནོ། །ལྷར་བལྟ་བ་ན་ཀྲི་ཡས་དག་པ་ཆོས་ཉིད་ཀྱི་ལྷ་དང་། ཡོ་གས་དེའི་སྟེང་དུ་མི་གནས་པའི་ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་པའི་ལྷ་དང་། བླ་ན་མེད་པས་དེ་གཉིས་ཀའི་སྟེང་དུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་རྟོགས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་གཞིའི་གནས་ལུགས་སུ་སྦྱངས་གཞི་མེད་པས་སྦྱང་བྱ་དང་སྦྱོང་བྱེད་ཀྱི་རྟེན་འབྲེལ་ལ་དགོས་པ་མ་གྲུབ་ཅིང་དེ་མ་ཡིན་ལ་དེར་འཛིན་དུ་འགྱུར་བས་རི་བོང་ལ་རྭ་བསྒོམ་པ་དང་མཚུངས་སོ། །གཞན་ཡང་འདི་ཉིད་ལྟ་བས་ཁྱད་པར་དུ་གྱུར་པ། སློབ་དཔོན་ཨིནྡྲ་བྷུ་ཏིས་ཀྱང་། བླ་མའི་ཁྱད་པར། སྣོད་ཀྱི་ཁྱད་པར། ཆོ་གའི་ཁྱད་པར། ལས་ཀྱི་ཁྱད་པར། དམ་ཚིག་གི་ཁྱད་པར། ལྟ་བའི་ཁྱད་པར། སྤྱོད་པའི་ཁྱད་པར་ཞེས་བཤད་པའི་ཕྱིར་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཀྱང་། ཐེག་པ་འདི་ནི་རྣམ་པ་གསུམ་གྱིས་ཐུན་མོང་མ་ཡིན་ཏེ། འདི་ལྟར་སྒྲུབ་པ་པོ་དང་། ལམ་དང་། འབྲས་བུ་གསུམ་མོ། །ཞེས་པས་ལྟ་བ་དང་འབྲས་བུ་ལ་ཁྱད་པར་ཡོད་པར་བཤད་པའི་ཕྱི་མས་རྒྱུ་འབྲས་ཀྱི་སངས་རྒྱས་ལ་ཁྱད་པར་ཕྱེ་བའང་ཡིན་ལ། གཞན་དུ་ཁྱད་པར་གསུམ་གྱིས་འཕགས་པར་ཡང་བསྟན་ཏེ། ཐེག་པ་གསུམ་རྣམ་པར་གཞག་པ་ལས། དམིགས་པ་རྣམ་པར་དག་པ་དང་། །གྲོགས་ཀྱི་མཐུ་དང་སྤྱོད་པའི་ས། །བློ་ལྡན་རྣམས་ཀྱིས་ཐེག་པ་ནི། །ཆེན་པོའི་ཆེན་པོར་ཡོངས་སུ་བསྒྲགས། །ཞེས་པས་ཆོས་ཐམས་ཅད་དབྱེར་མེད་པར་དཀྱིལ་འཁོར་གསུམ་གྱི་རང་བཞིན་ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པར་བལྟ་བས་དམིགས་པ་རྣམ་པར་དག་པ་ལྟ་བ་དང་། དེའི་གྲོགས་ཐུན་མོང་མ་ཡིན་པའི་དམ་ཚིག་གི་སྡོམ་པ་དང་ལྡན་པའི་མཐུ་དང་། དེ་བཞིན་གཤེགས་པའི་མཛད་སྤྱོད་ཉམས་སུ་ལེན་པས་འཕགས་པར་བསྟན་ཏོ། །ཞེས་བཀྲལ་ལོ། །ཡང་ན་འཕགས་པ་ཐབས་ཀྱི་ཞགས་པ་ལས། དམིགས་པ་ཆེན་པོའི་ཡང་ཆེན་པོ་དང་། དེ་བཞིན་དུ་སྒྲུབ་པ་དང་། ཡེ་ཤེས་དང་། ཐབས་རྣམས་ཀྱི་ཆེན་པོའི་ཡང་ཆེན་པོར་གྱུར་བ་ཞེས་ཆེན་པོའི་ཆེན་པོ་བཞིས་འཕགས་པར་བསྟན་ལ། ཌོམྦི་པས་ཀྱང་། འདིར་ནི་སྣོད་ཀྱི་ཁྱད་པར་དང་། །སྣོད་དུ་བྱེད་པའི་ཆོས་དང་ནི། །གཞུང་དང་ལམ་གྱི་ཁྱད་པར་དང་། །འབྲས་བུ་དག་གི་ཁྱད་པར་གྱིས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པས། གནས་ལུགས་རྟོགས་པའི་ལྟ་བ་ནི་འབྲས་བུ་ཡིན་པའི་ཕྱིར་དེ་ལ་ཁྱད་པར་བསྟན་པས་ལྟ་བ་ལ་ཁྱད་ཡོད་པར་གྲུབ་བོ། །དེ་བཞིན་དུ་སྤྱོད་པ་ཡང་། མཚན་ཉིད་པས་སྤང་བྱ་དུག་ལྔ་སྤོང་འགོག་གི་འདུ་ཤེས་ལ་གནས་པས་ཟག་བཅས་ཀྱི་ཚུལ་ཁྲིམས་ལ་བླང་དོར་བྱེད་ལ། སྔགས་སུ་དག་མཉམ་སྒྱུ་མའི་རང་བཞིན་གྱིས་ཀུན་འབྱུང་ལམ་དུ་བསྒྱུར་བས་ཚོགས་དང་། མཆོད་པ་དང་། འཕོ་བ་མེད་པའི་ཚུལ་ཁྲིམས་སོགས་ཀྱིས་འཕགས། སེམས་བཟུང་བ་ཡང་། མཚན་ཉིད་པས་ཞི་ལྷག་གི་ཏིང་ངེ་འཛིན་ལས་སེམས་བཟང་བའི་འབད་རྩོལ་གྱི་ངལ་བ་ཆེན་པོས་དུས་རིང་པོར་སྒྲུབ་དགོས་པ་ཉིད། སྔགས་སུ་རིམ་པ་གཉིས་དང་ཟུང་འཇུག་གི་རྣལ་འབྱོར་ཁྱད་པར་ཅན་གྱིས་སྐད་ཅིག་ལ་ཡེ་ཤེས་རྟོགས་པའི་ཕྱིར་འཕགས། རྒྱུའང་མཚན་ཉིད་པས་ཚོགས་སོགས་སྔོན་དུ་སོང་བས་དོན་དམ་མཐོང་བར་འདོད་ལ། སྔགས་སུ་བྲལ་རྒྱུའི་ཡེ་ཤེས་རང་ལ་གནས་པ་ཉིད་བཙན་ཐབས་སུ་ངོ་སྤྲད་པས་ཆོས་ཉིད་ཀྱི་བདེན་པ་རྟོགས་པས་འཕགས། ལམ་ཡང་མཚན་ཉིད་པས་ཚོགས་བསགས་པ་ལ་མཉམ་རྗེས་རེས་འཇོག་གིས་ལམ་བསྐལ་ཆེན་དུ་མར་བགྲོད་དགོས་པ་ཉིད། སྔགས་སུ་མཉམ་རྗེས་དབྱེར་མེད་ཀྱི་ལམ་ལ་ཞུགས་པས་མྱུར་དུ་བགྲོད་པས་འཕགས། འབྲས་བུའང་མཚན་ཉིད་དུ་དུས་རིང་པོ་ཞིག་ཏུ་ཕྱིར་འབྱུང་བར་འདོད། སྔགས་སུ་གཞི་འབྲས་དབྱེར་མེད་ད་ལྷ་ལྷུན་གྲུབ་ཏུ་འདོད་པས་འཕགས། ས་འང་མཚན་ཉིད་དུ་སྦང་གཉེན་རིམ་ཅན་གྱིས་དབྱེ་བས་བཅུ་གཅིག་ཏུ་འདོད་ལ། སྔགས་སུ་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་དང་། བཅུ་གསུམ་རྡོ་རྗེ་འཛིན་པ་སོགས་ཀྱི་ས་འཕགས་དུས་ཀྱང་མཚན་ཉིད་བས་བསྐལ་ཆེན་གྲངས་མེད་གསུམ་སོགས་འགོར་ལ། སྔགས་སུ་དམ་ཚིག་མ་ཉམས་པས་ཚེ་གཅིག་སོགས་ཀྱིས་འགྲུབ་པས་འཕགས། ལོངས་སྤྱོད་ཀྱང་མཚན་ཉིད་ལ་འདོད་ཡོན་སྤངས་ཏེ་སྒྲུབ། སྔགས་ལ་གྲོགས་སུ་བྱེད་པས་འཕགས། རྣལ་འབྱོར་ཀྱང་མཚན་ཉིད་པས་མཉམ་རྗེས་ཐ་དད་དུ་འབྱེད་ལ། སྔགས་སུ་དབྱེར་མེད་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་ལམ་དུ་བྱེད་པས་འཕགས། བདག་གཞན་གྱི་དོན་སྒྲུབ་པའང་མཚན་ཉིད་པས་གནས་སྐབས་ཅུང་ཟད་ཕན་པ་ཙམ་ལས་ཆེར་མི་འགྲུབ། སྔགས་ཀྱིས་ལས་གང་ཡང་རུང་བ་ཚར་གཅོད་དང་རྗེས་འཛིན་གྱི་སྒོ་མང་པོས་རང་གཞན་གྱི་དོན་ལ་སྤྱོད་པས་འཕགས། དགོངས་པའང་མཚན་ཉིད་ལ་རྒྱུའི་ཐེག་པ་ཙམ་ལས་མ་ཤེས་པ་ཉིད། སྔགས་ལ་འབྲས་བུ་གསང་ཆེན་ངེས་པར་བྱེད་པས་འཕགས། བྱ་སླ་བས་ངལ་དུབ་ཀྱི་སྐྱོན་སྤངས་པ་དང་། ཚེགས་ཆུང་ངུས་དོན་ཆེན་པོ་འགྲུབ་པའི་ཕྱིར་ཡང་མཚན་ཉིད་ལས་འཕགས་ལ། ཚོགས་བསགས་པ་ཡང་མཚན་ཉིད་པས་སྦྱིན་སོགས་ཕར་ཕྱིན་དྲུག་གི་སྤྱོད་པའི་བསྐལ་པ་གྲངས་མེད་རྣམས་སུ་རྒྱ་ཆེར་བསགས་དགོས་པ་ཉིད། སྔགས་སུ་ཉུང་ངུ་ཙམ་ཡང་སྔགས་ཀྱི་བྱིན་རླབས་ཀྱིས་ནམ་མཁའི་མཛོད་དུ་སྤེལ་ནས་སྦྱིན་པ་བྱར་ཡོད་པའི་ཕྱིར་རྒྱ་ཆེ་ཞིང་། ཡུལ་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་ཤེས་པ་དང་། ལོངས་སྤྱོད་ཐམས་ཅད་ཚོགས་སུ་འགྱུར་བ་དང་། ཉོན་མོངས་རྣམས་རང་བཞིན་གྱིས་མ་སྤངས་པར་དག་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མྱུར་དུ་འདུ མས་ཤིང་རྫོགས་པས་འཕགས་སོ། །གཞན་ཡང་མཚན་ཉིད་དུ་སྐུ་སྣང་ལ་སྒྱུ་མའི་རང་བཞིན་དང་། ལུས་བྱ་བ་ཐ་མལ་གྱི་སྒོ་ནས་དགེ་བ་ལ་འཇུག་པ་ལས་མེད། སྔགས་སུ་སྐུའི་གསང་བ་སྣོད་བཅུད་དུ་སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་། ལུས་དཀྱིལ་འཁོར་དུ་རྫོགས་པས་ལྷའི་ཕྱག་རྒྱ་འདུ་འཕྲོ་སས་མ་འདས་པས་འཕགས། མཚན་ཉིད་དུ་གསུང་བྲག་ཆ་ལྟར་སྟོང་པ་དང་། ངག་སྨྲ་བའི་འཇུག་པ་བཅད་དེ་དགེ་བ་ལ་འཇུག་པ་ཙམ་ལས་མེད་སྔགས་སུ་གསུང་གི་གསང་བ་སྒྲ་དབྱངས་མི་ཤིགས་པའི་ནཱ་ད་ཆེན་པོའི་རང་བཞིན་དུ་ཤེས་པས་ཆོས་ཀྱི་ཆར་འབེབས་པ་དང་། ངག་གསུང་གི་དཀྱིལ་འཁོར་དུ་གདོད་ནས་གནས་པས་སྒྲ་ཚིག་གྲགས་པ་ཐམས་ཅད་སྔགས་ཀྱི་རང་གདངས་སུ་ཤར་བས་ཅི་སྨྲས་ཐམས་ཅད་ནུས་པ་ཐོགས་པ་མེད་པར་དོན་སྒྲུབ་པས་འཕགས། མཚན་ཉིད་པས་ཐུགས་དྲན་རྟོགས་ཐམས་ཅད་རང་བཞིན་མེད་པས་རྒྱས་འདེབས་པ་དང་། ཡིད་ཐ་མལ་གྱི་རྣམ་རྟོག་འདུ་འཕྲོ་བཀག་ནས་ཞི་ལྷག་གི་ཏིང་ངེ་འཛིན་སྒྲུབ་པ་ཙམ་ལས་མེད། སྔགས་སུ་ཐུགས་ཀྱི་གསང་བ་ཆོས་ཉིད་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་རྣམ་ཀུན་མཆོག་ལྡན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པར་ཉིད་ཟུང་དུ་འཇུག་པའི་རང་བཞིན་དུ་ཤར་བས། ཡིད་ཀྱི་དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་རོལ་པའི་ཏིང་ངེ་འཛིན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་མཉམ་རྗེས་གཉིས་མེད་རྣམ་པར་མི་རྟོག་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་ཕྱིར་འཕགས་སོ། །དེ་ཙམ་གྱིས་མཚོན་པས་ཁྱད་པར་གཞན་ཡང་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱ་སྟེ། མདོར་ན་དགོངས་པ་ལུང་སྟོན་ལས། ཤིན་ཏུ་གྲངས་མེད་བསྐལ་པ་རུ། །སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ། །སྔགས་པ་རྣམས་ཀྱིས་དུས་གཅིག་ཏུ། །ཚེ་གཅིག་རྫོགས་པའི་བྱང་ཆུབ་ཐོབ། །ཅེས་གསུངས་པས་སྡུད་པར་བྱའོ། །གཉིས་པ་ཁྱད་པར་ཅན་གྱི་ཐེག་པ་ཉིད་འཆད་པ་ལ་གཉིས། གོ་དོན་སྤྱིར་དབྱེ་བའི་སྒོ་ནས་རྒྱས་པར་བཤད་པ་དང་། སྐབས་དོན་བྱེ་བྲག་ཏུ་བསྡུ་བའི་སྒོ་ནས་སྨོས་པའོ། །དང་པོ་ལ་གསུམ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། སྟོན་པ་རྡོ་རྗེ་འཆང་གིས་གསུངས་པའི་ཐེག་ཆེན་སྔགས་ཀྱི་སྡེ་སྣོད་གང་ཞིག་རྒྱུ་འབྲས་དབྱེར་མེད་ལྷུན་གྲུབ་ཏུ་བལྟ་བས། ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་དང་། སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དུ་སྣང་བས། བྱེད་ལས་གཞིའི་གནས་ལུགས་ལ་སྤང་བླང་མེད་པར་ཉམས་སུ་བླངས་པས་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པ་ཞིག་གོ། །གཉིས་པ་ངེས་ཚིག་ནི། མ་ན་ཡིད་དང་ཏྲ་ཡ་སྐྱོབ་པ་ལ་འཇུག་པ་ཡི་གེ་ཕྱིས་བསྣན་གྱི་དབང་གིས་མནྟྲ་ཞེས་པའི་སྒྲ་ལས་ཡིད་སྐྱོབ་སྟེ། གསང་བ་འདུས་པ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དེ་མན་ཅེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །ཅེས་དང་། སྔ་འགྱུར་ཐིག་ལེ་ཀུན་གསལ་ཆེན་པོ་ལས་ཀྱང་། སྔགས་གསུམ་དག་གི་ངེས་ཚིག་ནི། །ཤེས་སྐྱོབ་ཕྱིར་ན་དེར་བརྗོད་པའོ། །ཞེས་བཤད་པ་ལྟར་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་ཕྱིར་ན་སྔགས་སོ། །དེ་ཡང་བདེ་བས་སྐྱོབ་པ་ནི། མ་ཧཱ་མཱ་ཡ་ལས། འདོད་པའི་ལོངས་སྤྱོད་ལྔ་པོ་ལ། །ཅི་བདེ་བར་ནི་སྤྱད་པས་འགྲུབ། །ཅེས་དང་། མྱུར་བར་སྐྱོབ་པ་ནི། གྲངས་མེད་པ་གསུམ་གྱི་ཚོགས་སོགས་ལ་མ་ལྟོས་པར་ཐབས་ལ་མཁས་པས་ཚེ་གཅིག་སོགས་ཀྱིས་འབྲས་བུ་མངོན་དུ་བྱེད་ནུས་པས་ན་མྱུར་བ་དང་འབྲས་བུའི་ཐེག་པར་བཞག་པ་ཡིན་ཏེ། དཔལ་ཁ་སྦྱོར་ཐིག་ལེ་ལས། བསྐལ་པ་བྱེ་བ་དུ་མ་རུ། །བསྒྲུབ་པར་དཀའ་བའི་སངས་རྒྱས་ཀྱང་། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། བསྐལ་པ་བྱེ་བ་གྲངས་མེད་ཀྱིས། །སངས་རྒྱས་ཀུན་དངོས་མི་ཐོབ་པ། །གསང་སྔགས་ཚེ་འདིའི་ཆོ་ག་ཡིས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །ཡང་ན་ཨེ་ཝཾ་གྱིས་མཚོན་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཞུ་བ དེས་དྲངས་པས་འདོད་ཆགས་ཆེན་པོའི་ཐིག་ལེའི་འགྲོས་ལས་ཤར་བའི་ལྷན་ཅིག་སྐྱེས་པའི་བདེ་བ་དང་སྟོང་པ་ངོ་བོ་གཅིག་ཏུ་གྱུར་པའི་ཟུང་འཇུག་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོ་དེ་ནི་སངས་རྒྱས་ཀུན་གྱི་སྡོམ་པ་ཡིན་ལ། དེས་སྤང་བྱ་འགྱུར་བདེ་འཕོ་བའི་བག་ཆགས་དང་མཚན་རྟོགས་སྡོམ་པར་བྱེད་པ་ཡིན་བདེ་མྱུར་གྱི་སྒོ་ནས་སྐྱོབ་པས་ཀྱང་སྔགས་ཏེ། དུས་ཀྱི་འཁོར་ལོ་ལས། དབྱངས་དང་གསལ་བྱེད་ཀྱི་ཚོགས་ནི་མི་འགྱུར་བ་མ་ཡིན་ཏེ་མི་འགྱུར་བའི་སྒྲས་ནི་མཆོག་ཏུ་མི་འགྱུར་བ་བདེ་བའི་ཡེ་ཤེས་རྡོ་རྗེ་སེམས་དཔའོ། །དེ་བཞིན་དུ་ཡིད་སྐྱོབ་པར་གྱུར་བ་ཉིད་ཀྱི་ཕྱིར་སྔགས་ཀྱང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སུ་བརྗོད་དོ། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པས། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཞེས་སོ། །དེ་རྒྱས་པར་སྟོན་པའི་བཀའི་ཚོགས་ལ་རིག་པ་འཛིན་པའི་སྡེ་སྣོད་དམ་རྡོ་རྗེ་ཐེག་པའི་སྡེ་སྣོད་ཅེས་བཏགས་ཏེ། པི་ཊོ་ཀ་ཞེས་པ་གང་བུ་དང་བྲེ་པོ་ཆེ་ལ་འཇུག་པའི་དོན་གྱིས་འདི་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ནས་སྐུ་དང་ཡེ་ཤེས་ཀྱི་བར་གྱི་ཤེས་བྱའི་ཚུལ་རྣམས་གནས་ལུགས་ལྟར་གཏན་ལ་ཕབ་ཅིང་ཞིབ་པར་བསྟན་པའི་ཕྱིར་ཤིན་ཏུ་རྒྱས་པའི་སྡེ་སྣོད་དང་། སྡེ་སྣོད་འོག་མ་གསུམ་གྱི་བརྗོད་བྱ་ཐམས་ཅད་འདིར་འདུས་ཤིང་རྫོགས་པས་སྡེ་སྣོད་ཐམས་ཅད་ཀྱི་མ་མོའང་ཡིན་ཏེ། སྒྱུ་འཕྲུལ་རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐེར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་སོ། །དེ་ལ་རིག་པ་འཛིན་པ་ནི། རིལ་བུ་མིག་སྨན་རྐང་མགྱོགས་དང་། །ས་འོག་རལ་གྲིའི་དངོས་གྲུབ་དང་། །མཁའ་ལ་འཕུར་དང་མི་སྣང་དང་། །ཤི་བ་མེད་དང་ནད་འཇོམས་སོ། །ཞེས་ལས་ཆེན་བརྒྱད་གྲུབ་པ་རིག་པ་འཛིན་པ་ཆུང་ངུ་དང་། འབྲིང་ནི་འདོད་པའི་རིག་པ་འཛིན་པ་ཕལ་པ་དང་། ཆེན་པོ་ནི་ཚེ་དང་ལོངས་སྤྱོད་ལ་སོགས་པ་བསྐལ་པ་དྲུག་གམ་དཔག་ཏུ་མེད་པ་སྟེ་འདོད་པ་དང་གཟུགས་ཀྱི་རིག་པ་འཛིན་པ་གསུམ་དང་། འཇིག་རྟེན་ལས་འདས་པ་མཐོང་ལམ་ནས་བཟུང་སློབ་པའི་སར་གནས་པ་ཟུང་འཇུག་གི་སེམས་ཅན་ནམ་དྲི་མ་མེད་པའི་ཡེ་ཤེས་ཀྱི་སྐུ་སྟེ་རིག་པ་འཛིན་པ་དང་། དེ་ཉིད་འཇའ་ལུས་ཡིན་མོད་ཀྱི་ཁམས་གསུམ་པའི་གཟུགས་ཅན་མ་ཡིན་ཅིང་དེ་ལ་ཡོན་ཏན་གྱི་ཁྱད་པར་བདུན་དང་ལྡན་ཏེ། ཏིང་ངེ་འཛིན་ལ་གནས་པ་དང་། མངོན་ཤེས་ལྔ་དང་ལྡན་པ་དང་། ཞིང་སྣ་ཚོགས་སུ་འགྲོ་བའི་དོན་སྤྱོད་པ་དང་། འདོད་ཅིང་འཆུམས་པ་མེད་པ་དང་། འདོད་པ་མཐའ་ཡས་པ་ལ་བདེ་བ་ཆེན་པོར་ལོངས་སྤྱོད་པ་དང་། ཚེ་ཚད་ལས་བརྒལ་བ་དང་། ཡིད་ཀྱི་ལུས་སུ་གནས་པའོ། །དེ་ཡང་ཕུང་པོའི་ཟ་མ་ཏོག་མ་ཉམས་པ་ནི་ཡེ་ཤེས་ཀྱི་སྐུ་ཙམ་དང་། ལས་སམ་ཏིང་ངེ་འཛིན་གྱིས་ཉམས་པ་དེའི་ཚེ་རིག་པ་འཛིན་པའི་ཡེ་ཤེས་ཀྱི་སྐུ་ཞེས་བྱ་སྟེ། འདི་ལ་མ་ཧཱ་ཡོ་གར་རྣམ་སྨིན། ཚེ་དབང་། ཕྱག་ཆེན། ལྷུན་གྲུབ་སྟེ་བཞི་དང་། མཉམ་སྦྱོར་དུ་བདུན་དུ་དབྱེ་བར་མཛད་ལ། དེ་དག་རྣམས་ཀྱིས་བསླབ་པར་བྱ་བའི་གཞིར་གྱུར་པས་སམ་ཐེག་པ་འདི་ལ་ཞུགས་པས་ཐུན་མོང་དང་མཆོག་གི་གྲུབ་པ་དེ་ལྟ་བུ་ཐོབ་པར་འགྱུར་བའི་ཕྱིར་རིག་པ་འཛིན་པའི་སྡེ་སྣོད་དེ། དཔུང་བཟང་གི་རྒྱུད་ཀྱི་འགྲེལ་པ་ལས། རིག་འཛིན་གྱི་སྡེ་སྣོད་ཅེས་བྱ་བ་ནི་རིགས་སྔགས་འཆང་རྣམས་ཀྱིས་བསླབ་པའི་གཞི་དང་། ལྟ་བའི་རླུང་གི་གྲུབ་པའི་མཐའ་འདི་ཉིད་ཀྱིས་སྟོན་ཏོ། །ཞེས་བཤད་པ་ལྟར་རོ། །དེ་ཉིད་རྡོ་རྗེ་ཐེག་པ་ཡིན་ལ། རྡོ་རྗེ་མི་ཕྱེད་བ་དང་མི་ཤིགས་པའི་དོན་དུ་བཤད་དེ། གང་ཐ་དད་དུ་མི་ཕྱེད་པ་ནི་འཁོར་འདས་གཉིས་སྣང་ཚུལ་ལ་ཐ་དད་ཀྱང་གནས་ལུགས་སུ་སེམས་ཉིད་ལས་ནམ་ཡང་གཡོས་པ་མེད་པས་ན། ཐ་དད་མེད་པའི་རང་བཞིན་ནི། །རྡོ་རྗེ་ཞེས་སུ་བརྗོད་པ་ཡིན། །ཞེས་དང་། མི་ཤིགས་པ་ནི་མཚན་མར་གྱུར་པའི་ཆོས་གང་གིས་ཀྱང་མི་ཤིགས་པ་ཆོས་ཉིད་ཀྱི་ངོ་བོ་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཏེ། དེ་ཉིད་རྡོ་རྗེ་དང་མཚུངས་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཞེས་བརྗོད་པ་ནི་སྔགས་ཀྱི་ངོ་བོར་གནས་པ་གོང་དུ་སྨོས་པ་བཞིན་དང་། དེ་འཐོབ་བྱེད་ཀྱི་རྟེན་ནམ་བགྲོད་བྱེད་དུ་གྱུར་པའི་ཕྱིར་ཐེག་པའི་སྒྲས་སྨོས་པ་བརྗོད་བྱ་དང་རྗོད་བྱེད་ཀྱི་ཚུལ་ཏེ། འདུས་པའི་འགྲེལ་པ་ལས། རྡོ་རྗེའི་ཐེག་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མ་ལུས་པ་བསྡུས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ། དེ་རྣམས་བསྡུས་པ་ནི་ཐབས་དང་ཤེས་རབ་ཡིན་ཞིང་། དེ་དག་ཀྱང་བསྡུས་པ་རོ་གཅིག་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་ཡང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་དེ་ཉིད་ཀྱི་རྡོ་རྗེ་ཡིན་ནོ། །རྡོ་རྗེ་ཡང་ཡིན་ལ་ཐེག་པ་ཡང་ཡིན་པས་ན་རྡོ་རྗེ་ཐེག་པ་སྟེ་སྔགས་ཀྱི་ཐེག་པ་ཞེས་བྱ་བའི་དོན་ཏོ། །བླ་མེད་ཅེས་བྱ་བ་ནི་ཐེག་པ་ཐམས་ཅད་ཀྱི་མཆོག་ཉིད་དུ་གྱུར་པའི་ཕྱིར་རོ། །ཞེས་བཤད་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱིས་དྲི་མ་མེད་པའི་འོད་ལས། རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་ཡེ་ཤེས་བསམ་དུ་མེད་པའི་ཐུགས་རྡོ་རྗེའོ། །དེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་ཅན་ཏེ། ཞེས་དང་། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ་དེ་ཉིད་ཐེག་པ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཚུལ་དང་། ཕ་རོལ་ཏུ་ཕྱིན་པའི་ཆུ་ལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ། །ཞེས་དང་། རྡོ་རྗེ་ཐེག་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་སྟེ། མུ་སྟེགས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེ་ཐེག་པ་སྟེ། ཐར་པར་འདིས་འགྲོ་བའི་ཕྱིར་རྡོ་རྗེ་ཐེག་པའོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ཡང་ན་ཏནྟྲའི་སྒྲ་ལས་སེམས་སྐྱོབ་པ་ལ་འཇུག་སྟེ། ཙི་ཏན་སེམས་དང་ཏྲ ཡ་སྐྱོབ་པ་ལ་འཇུག་པའི་ཕྱིར། དཀའ་འགྲེལ་ཡེ་ཤེས་ལྡན་ལས། དེ་སེམས་རྣམ་པར་རྟོག་པ་ལས་སྐྱོབ་པར་བྱེད་པས་ན་རྒྱུད་དོ། །རྒྱུད་ཀྱི་ཚོགས་སམ་རིགས་སུ་གྱུར་པས་ན་རྒྱུད་སྡེའོ། །ཞེས་འབྱུང་བ་ལྟར་དང་། ཡང་ན་པི་ཝང་གི་རྒྱུད་ལྟར་རྒྱུན་ཆགས་སུ་གནས་པ་ལ་འཇུག་སྟེ། སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་སེམས་ཀྱི་ཆོས་ཉིད་རང་བཞིན་རྣམ་དག་དེ་གཞི་ལམ་འབྲས་གསུམ་གྱིས་བསྡུས་པ་རྒྱུན་མ་ཆད་པར་འབྲེལ་བར་གནས་པའི་ཕྱིར་རྒྱུད་དེ། གསང་བ་འདུས་པ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང་། །མི་འཕྲོག་པ་ཡིས་རབ་དབྱེ་བས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོག་འབྲས་བུ་དེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་དང་། སྙིང་པོའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་སོ། །གསུམ་པ་དབྱེ་བ་ལ་གཉིས། བརྗོད་བྱ་རྒྱུད་གསུམ་གྱི་རྣམ་གཞག་སྤྱིར་བསྟན་པ་དང་། རྗོད་བྱེད་རྒྱུད་སྡེ་བཞིའི་དབྱེ་བ་བྱེ་བྲག་ཏུ་འཆད་པའོ། །དང་པོ་ལའང་། གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད། གང་གིས་རྟོགས་ཤིང་བགྲོད་པ་ཐམས་སམ་ལམ་གྱི་རྒྱུད། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དང་གསུམ་ལས། དང་པོ་ནི། གཞི་འཆིང་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བར་ཡེ་ནས་གནས་པ་གང་ཡིན་པ་སྟེ། ཞིང་དང་། སྐུ་དང་། ཡེ་ཤེས་ལ་སོགས་པ་འབྲས་བུའི་ཆོས་མཐུན་པའི་ཁྱད་པར་ཅན་རང་བཞིན་བདེ་བ་ཆེན་པོ་རྒྱུད་ཆད་པ་མེད་པ་ཆོས་ཉིད་ཀྱིས་ཐོབ་པ་སྟེ་ཁྱད་པར་གྱི་ཆོས་བཞི་དང་ལྡན་པ་ཉིད། རྟོགས་མ་རྟོགས་ཀྱི་དབང་གིས་འཁོར་འདས་གཉིས་ཀྱི་གཞིའམ་རྒྱུར་འགྱུར་མོད་ཀྱི། འོན་ཀྱང་རང་བཞིན་ལ་འགྱུར་བ་མེད་པར་རྒྱུན་ཆགས་པས་ན་རྒྱུའི་རྒྱུད་ཅེས་བྱ་སྟེ། དེ་ཉིད་སངས་རྒྱས་ཀྱི་ངོ་བོ་ཡིན་པའི་ཆ་ནས་བདེ་གཤེགས་སྙིང་པོ་དང་། སྟོང་ཆས་ཆོས་སྐུའི་ཡོན་ཏན་དང་། སྣང་ཆས་གཟུགས་སྐུའི་ཡོན་ཏན་འཆར་རུང་དུ་གནས་པས་རང་བཞིན་གནས་རིགས་དང་། འཁོར་འདས་གཉིས་ཀྱི་འབྱུང་གཞི་ཡིན་པས་ཀུན་གཞིའི་ཡེ་ཤེས་དང་། ཀྲི་ཡའི་བདག་གི་དེ་ཁོ་ན་ཉིད་དང་། ཨུ་པ་དང་ཡོ་གའི་དོན་དམ་མཚན་མ་མེད་པའི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷ་དང་། མ་ཧཱ་ཡོ་གའི་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་དང་། ཨ་ནུ་ཡོ་གའི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། ཨ་ཏི་ཡོ་གའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སོགས་པའི་ཐ་སྙད་གང་ལའང་འཇུག་པའི་གཞི་སྟེ། བྱེ་བྲག་ལུས་ཅན་རྣམས་ཀྱི་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་རྒྱུའི་རྒྱུད་ཀྱི་རྟེན་དྭངས་མ་ལྔ་ལྡན་གྱི་དབུས་སུ་ཆོས་སྐུ་བྱང་ཆུབ་སེམས་ཉིད་ཐིག་ལེ་མི་ཤིགས་པའི་རང་བཞིན་དུ་བཞུགས་པར་བཤད་ཅིང་། འབྱུང་ལྔ་སེམས་དང་བཅས་པའི་དྭངས་མ་དྲུག་ཡང་གཉིས་གཉིས་རོ་གཅིག་ཏུ་འཇུག་པས་ཤིན་ཏུ་ཕྲ་བའི་སྒོ་གསུམ་རྡོ་རྗེ་མི་ཤིགས་པ་གསུམ་གྱི་རང་བཞིན་དུ་ཡེ་ནས་གནས་ཤིང་རྣམ་པ་ཀུན་ཏུ་མི་གཡོ་བ་སྟེ། རྡོ་རྗེ་ཕྲེང་བ་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། དཔལ་དུས་ཀྱི་འཁོར་ལོ་ལས། བུམ་པའི་ཆུ་ནི་ལེན་པར་བྱེད་པ་ན་ཡང་ན་ནམ་མཁའ་འགྲོ་བ་མིན་པ་ཀྱི་ལྟ་བར། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་པ་ལ་སོགས་པས་རྒྱས་པར་གསུངས་པ་དེ་ཉིད་གྲོལ་གཞི་ལྷུན་གྲུབ་ཀྱི་ཆོས་ཉིད་ཡེ་ཤེས་རང་ལ་གནས་པ་འབྲས་རྒྱུད་ཉེར་ལེན་གྱི་རྒྱུར་ངེས་པ་སྟེ། མན་ངག་སྙེ་མ་ལས། དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ནི་རང་བཞིན་དང་རྣམ་པ་ཞེས་དོན་གཞན་མ་ཡིན་ཏེ། རང་གི་ངོ་བོ་ཞེས་པའི་དོན་ཏོ། །དེ་རྒྱུ་སྟེ། ཉེ་བར་ལེན་པའི་བྱེད་པ་པོའི་རྡོ་རྗེ་འཛིན་པ་སྟེ། གང་འདི་རྣམས་ཀྱི་ཐོག་མ་མེད་པའི་དུས་ནས་དྲི་མས་མ་གོས་པའི་ངོ་བོ་ཉིད་ཀྱིས་གྲུབ་པའི་སངས་རྒྱས་ཉིད་དེ་ཁོ་ན་ནི་དྲི་མ་མེད་པ་ཐོབ་པའི་མཚན་ཉིད་ཅན་སངས་རྒྱས་ཉིད་ཀྱི་རྒྱུའོ། །ཞེས་གསུངས་པའི་ཕྱིར་དང་། སྦྱང་གཞི་འབྲས་རྒྱུད་ཉེར་ལེན་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་འཁོར་བ་ལྟར་སྣང་བའི་ཆོས་རྣམས་ནི་གཟུང་ཡུལ་བདེན་བར་མེད་བཞིན་དུ་འཛིན་བྱེད་ལོག་པའི་རྣམ་ཤེས་ཀྱིས་དེ་དང་དེར་བཏགས་ནས་བཞག་པའི་ཕྱིར་སྦྱང་བྱ་ཡིན་ལ། དེས་བསྒྲིབས་པས་འདམ་རྫབས་ཁྲོད་ཀྱི་ནོར་བུ་བཞིན་གནས་པ་སྟེ། ཀླུ་སྒྲུབ་ཀྱིས། ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་ཡང་དག་གནས། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པ་གནས། །ཞེས་བཤད་པ་ལྟར་རོ། །གཉིས་པ་ལམ་གྱི་རྒྱུད་ནི། གཞི་རྒྱུད་ལ་སྒྲིབ་བྱེད་ཀྱི་དྲི་མ་དེ་ཉིད་སྦྱོང་བྱེད་ཀྱི་ཐབས་སུ་གྱུར་པ་ལ་བྱ་སྟེ། གཞི་ཤེས་པར་བྱེད་པ་དང་མར་འབྲེལ། འབྲས་བུ་འཐོབ་པར་བྱེད་པ་དང་ཡང་འབྲེལ་བ་ས་གཞི་འབྲས་བར་གྱི་བྱ་བྱེད་འབྲེལ་པ་ཅན་དུ་གནས་པའི་ཕྱིར་ན་ལམ་གྱི་རྒྱུད་དོ། །དེའང་སློབ་དཔོན་ཆེན་པོའི་མན་ངག་ལྟ་བའི་ཕྲེང་བ་ལས། དེ་ལ་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་འགྱུར་ཏེ། རྟོགས་པ་རྣམ་པ་བཞིའི་ཚུལ་རིག་པ་ནི་ཤེས་པའི་མཚན་ཉིད་དོ། །ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་འཇུག་པའི་མཚན་ཉིད་དོ། །གོམས་པའི་མཐུས་མངོན་དུ་གྱུར་པ་ནི་འབྲས་བུའི་མཚན་ཉིད་དོ། །ཞེས་གསུངས་པར་ལྟར་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། མངོན་དུ་གྱུར་པའི་མཚན་ཉིད་འབྲས་བུ་སྟེ། ཉམས་ལེན་གྱི་སྦྱོར་བའི་འཇུག་ཡུལ་ཤེས་པར་བྱེད་པའམ། བསྒོམ་བྱའི་དབང་དུ་མཛད་ནས་ལྟ་བ་དང་། ཉམས་ལེན་གྱི་སྦྱོར་བས་འཇུག་པའམ་སྒོམ་བྱེད་ཀྱི་དབང་དུ་མཛད་ནས་ཏིང་ངེ་འཛིན་དང་། བསྒོམ་པའི་དོན་མངོན་དུ་གྱུར་བའི་དབང་དུ་མཛད་ནས་འབྲས་བུར་བཞག་གོ། །ཕྱི་མ་འདི་ལ་རྟོགས་བྱ་མཐའ་དག་མངོན་དུ་གྱུར་པ་མཐར་ཐུག་གི་འབྲས་བུ་དང་། ཅི་རིགས་ཙམ་མངོན་དུ་གྱུར་པ་ལམ་གྱུར་གྱི་འབྲས་བུ་གཉིས་ལས། སྔ་མ་འབྲས་རྒྱུད་དང་གཅིག་ལ། ལམ་རྒྱུད་སྐབས་ཀྱི་མཚན་ཉིད་གསུམ་པ་ནི་ཕྱི་མའོ། །འདི་དག་གི་རྣམ་གཞག་མདོ་ཙམ་འོག་ཏུ་འཆད་པར་འགྱུར་རོ། །དེ་ལྟར་ལམ་གྱི་ཁོག་དབུབ་ཚུལ་སྤྱིར་བསྟན་ནས། དེའི་ཆ་རྐྱེན་དུ་དགོས་པའི་རྒྱུད་དོན་གྱི་དངོས་པོ་བྱེ་བྲག་ཏུ་ཕྱེ་ནས་བསྟན་ཏེ། དེ་ཁོ་ན་ཉིད་ལྟ་བ། ལ་དོར་བ་སྤྱོད་པ། བཀོད་པ་དཀྱིལ་འཁོར། རིམ་པར་བགྲོད་པ་དབང་། མི་འདའ་པ་དམ་ཚིག །རོལ་པ་ཕྲིན་ལས། དོན་དུ་གཉེར་པ་སྒྲུབ་པ། མི་གཡོ་བ་ཏིང་ངེ་འཛིན། གནས་སུ་སྟོབས་པ་མཆོད་པ། ཟློས་པ་སྔགས། འཆིང་བ་ཕྱག་རྒྱ་དང་བཅུར་གསལ་བར་ཕྱེ་བའི་ཚུལ་གྱིས་གསུངས་སོ། །གསུམ་པ་འབྲས་བུའི་རྒྱུད་ནི། དེ་ལྟར་གཞི་རྒྱུད་སྒྲིབ་བྱེད་ཀྱི་དྲི་མ་དེ་ལམ་བསྒོམ་སྟོབས་ཀྱིས་དག་པ་ལས་གཞི་ལ་ཇི་ལྟར་ཡོད་པའི་ཡོན་ཏན་མངོན་དུ་གྱུར་པ་ནི་འབྲས་བུ་སྟེ། སྙིང་པོའི་འགྲེལ་པ་ཁོག་གཞུང་ལས། །གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་པས། བླ་ན་མེད་པ་མཆོག་གི་འབྲས་བུ་དོན་དུ་གཉེར་བ་རྣམས་བསམ་པ་ཡོངས་སུ་རྫོགས་པའི་ཕྱིར་འབྲས་བུ་དང་། ནམ་ཡང་རྒྱུན་མི་འཆད་པས་ན་རྒྱུད་དོ། །ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ནས་ཀྱང་བྱང་ཆུབ་ཆེན་པོའི་འབྲས་བུ་རྒྱས་པར་བསྟན་མོད་དེ། དེ་དང་སྔགས་བླ་མེད་ནས་བཤད་པའི་སངས་རྒྱས་གཉིས་སྨོན་ལམ་དང་ཚོགས་གཉིས་ཀྱི་སྤྱོད་པས་བསྒྲུབས་པ་དང་། རང་བཞིན་གཞི་རྒྱུད་ཀྱི་གནས་ཚོད་ཇི་ལྟ་བ་བཞིན་མངོན་དུ་མཛད་པའི་ཁྱད་ཆེ་ཞིང་། གསང་སྔགས་ཐུན་མིན་གྱི་ལམ་ལ་མ་བརྟེན་པར་དེའི་ཐུན་མིན་གྱི་འབྲས་བུ་འགྲུབ་པ་མི་འཐད་པས་མཐར་ལམ་ལྷུན་གྲུབ་རིག་འཛིན་ཙམ་ལ་སངས་རྒྱས་སུ་བཏགས་པ་ཡིན་གྱི། སྔགས་ལམ་གྱི་སངས་རྒྱས་དངོས་ནི་དེའི་ཕྱི་ནས་འཐོབ་དགོས་སོ་ཞེས་དཔལ་ལྡན་ཟུར་བའི་སྲོལ་འཛིན་ཆེན་པོ་རྣམས་བཞེད་དོ། །འབྲས་བུའི་ཆོས་ལ་དབྱེ་ན། སྤྱིར་གྲགས་པའི་སྟོབས་བཅུ་མི་འཇིགས་སོགས་དང་། བླ་མེད་ཁོ་ན་ལ་གྲགས་པའི་ཁ་སྦྱོར་ཡན་ལག་བདུན་སོགས་མང་དུ་ཡོད་ཅིང་། ཁྱད་པར་སྙིང་པོའི་རྒྱུད་གཞུང་ལྟར་ན་འབྲས་ཆོས་ཉིར་ལྔར་གསུངས་ཏེ། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་ཀྱི་རྣམ་གཞག་རྣམས་ཀྱང་དེ་དག་ཏུ་འདུས་སོ། །གཉིས་པ་རྗོད་བྱེད་རྒྱུད་སྡེ་བཞིའི་དབྱེ་བ་བྱེ་བྲག་ཏུ་འཆད་པ་ནི། རྡོ་རྗེ་སྙིང་པོ་བཀོད་པའི་རྒྱུད་ལས། བདེ་བར་གཤེགས་པས་དགོངས་པའི་རྒྱུད། །རྣམ་པ་བཞི་རུ་ཡང་དག་བཤད། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་གསུངས་པ་བཞིན། དབྱེ་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང་ཡོངས་སུ་གྲགས་པ་རྒྱུད་སྡེ་བཞིར་དབྱེ་བ་དེ་དག་གི་དགོས་པ་ཡང་། དབང་པོ་ཐ་མ་དང་། འབྲིང་དང་། རབ་དང་། ཆེས་རབ་ཏུ་གྱུར་པ་རྣམས་ལ་ལྟོས་ནས་ལམ་དེ་དང་དེས་རིམ་གྱིས་འབྲས་བུའི་བར་བཀྲི་བའི་ཐབས་སུ་བསྟན་པ་སྟེ། གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་དང་། དུས་བཞིར་ལྟོས་ནས་ཀྱང་རྒྱུད་སྡེ་བཞི་བསྟན་པར་གསུངས་ཏེ། ཇི་སྐད་དོ། །རྫོགས་ལྡན་དང་པོར་བྱ་བའི་རྒྱུད། །གསུམ་ལྡན་གཉིས་པར་སྤྱོད་པའི་རྒྱུད། །གཉིས་ལྡན་གསུམ་པར་རྣལ་འབྱོར་རྒྱུད། །རྩོད་ལྡན་བཞི་པར་བླ་མེད་དོ། །དུས་བཞི་ལ་ནི་དགོངས་ནས་ཀྱང་། །རྒྱུད་ནི་རྣམ་པ་བཞིར་བཤད་དོ། །ཞེས་འབྱུང་བ་ལྟར་དང་། ཡང་འདོད་ཆགས་རིགས་བཞིའི་གདུལ་བྱ་རྣམས་འདུལ་བའི་ཕྱིར་རྒྱུད་སྡེ་བཞིར་བསྟན་པར་གསུངས་པའང་དེ་ལ་དོན་གྱིས་འདུས་པས་ལོགས་སུ་མི་སྤྲོ་ལ། རྒྱུད་སྡེ་བཞིར་གྲངས་ངེས་པ་དེ་དག་གི་དང་པོ་གསུམ་ནི་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཞེས་ལུས་ངག་ཕྱིའི་བྱ་བ་གཙོ་བོར་སྟོན་པ་དང་། ཕྱིའི་བྱ་བ་དང་ནང་གི་སེམས་གཉིས་མཉམ་པ་དང་། ནང་གི་སེམས་གཙོ་བོར་སྟོན་ཅིང་ཕྱིའི་བྱ་བའང་མི་འདོར་བ་རིམ་པ་བཞིན་སྟོན་པས་ན་ཕྱི་རྒྱུད་སྡེ་གསུམ་དུ་བཞག་ཅིང་། ཕྱི་མ་ཉིད་དེ་དག་ལས་ཀྱང་ཁྱད་པར་དུ་གྱུར་པའི་ཕྱིར་ཐབས་ཤེས་ཟུང་འཇུག་རྣལ་འབྱོར་བླ་ན་མེད་པ་དབང་སྒྱུར་ཐབས་ཀྱི་ཐེག་པར་བཞག་པ་ཡིན་ནོ། །དེ་ལས་དང་པོ་ལ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གསུམ་སྟེ། དེ་དག་ཀྱང་དགྱེས་རྡོར་དོན་བསྡུས་ཀྱི་འགྲེལ་པ་ལས། དེ་ཁོ་ན་ཉིད་བསྒོམ་པའི་ནུས་པ་ཆུང་ན་མཚན་མ་ཅན་གྱི་སྤྱོད་པ་ལ་མངོན་པར་དགའ་བ་རྣམས་ལ་ཕྱིའི་སྤྱོད་པ་དེ་དག་ཤས་ཆེར་སྟོན་པ་བྱ་བའི་རྒྱུད། ཅེས་དང་། གང་ཞིག་བྱ་བའི་ཁྱད་པར་ལའང་མོས་ཤིང་ཐབས་ཤེས་རབ་ཀྱི་སྤྱོད་པ་རྒྱ་ཆེན་པོ་ལའང་སྦྱོར་བའི་ནང་གི་བདག་ཉིད་ཅན་གྱིས་ཚུལ་ཡང་མི་འདོར་བར་སྤྲོ་བ་དེ་དག་ལ་ནི་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་ཆ་གཉིས་ལས་མཐུན་པའི་གཉིས་ཀའི་རྒྱུད། ཅེས་སོགས་དང་། རྣམ་སྣང་མངོན་བྱང་གི་འགྲེལ་པ་ལས། འཕགས་པ་དེ་ཉིད་བསྡུས་པ་ལས་སོགས་པ་ནང་གི་སྦྱོར་བ་གཙོ་བོར་གྱུར་པ་ཡིན་མོད་ཀྱི། ཕྱིའི་སྤྱོད་པ་རྣམས་ཀྱང་མེད་པ་མ་ཡིན་ནོ། །ཞེས་སོ། །དེ་ལ་དང་པོ་ནི། ཀྲི་ཡ་ཞེས་པ་བྱ་བའི་དོན་ཏེ་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པའི་ཕྱིར་དང་། ལྟ་བ་དོན་དམ་པར་མཐའ་བཞིའི་སྤྲོས་པ་དང་བྲལ་བའི་དག་པར་བདག་གི་དེ་ཁོ་ན་ཉིད་རྟོགས་པའི་ཡོན་ཏན་ལས། ཀུན་རྫོབ་ཡོངས་སུ་དག་པ་ལྷའི་མཚན་ཉིད་དུ་བལྟ་བས་དངོས་གྲུབ་གཞན་ལ་རེ་ཞིང་རྩོལ་བའི་ཐབས་སུ་གྱུར་པ་སྟེ། སངས་རྒྱས་གསང་བའི་ལམ་རིམ་དུ། །གཉིས་མེད་མཉམ་པར་མ་ཤེས་པས། །དོན་དམ་དག་པ་ཆོས་ཉིད་ཙམ། །ཡེ་ཤེས་ཡོན་ཏན་ཀུན་རྫོབ་ལྷ། །རེས་བསྒོམ་བྱ་བ་ལས་ཀྱི་ས། །ཞེས་བཤད་པ་བཞིན་བསྒོམ་པ་ཀུན་རྫོབ་དག་པའི་ལྷ་རིགས་གསུམ་གྱི་རྣལ་འབྱོར་ཏེ། སྟོང་པའི་ལྷ། ཡི་གེའི་ལྷ། སྒྲའི་ལྷ། གཟུགས་ཀྱི་ལྷ། ཕྱག་རྒྱའི་ལྷ། མཚན་མའི་ལྷ་སྟེ་དྲུག་གིས། བདག་ལྷ་རུ་གསལ་བའམ་མི་གསལ་བ་གང་རུང་གིས། ཡེ་ཤེས་པ་རྗེ་བོ་དང་། བདག་འབངས་ཀྱི་རྣམ་པ་དངོས་གྲུབ་དོན་དུ་གཉེར་བ་སྟེ། རང་ཤར་ལས། ལྷ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབངས་ཀྱི་ཚུལ་དུ་བལྟ། །ཞེས་སོ། །སྤྱོད་པ་ཁྲུས་དང་། གཙང་སྦྲ་དང་། མྱུར་བར་གནས་པ་ལ་སོགས་དཀའ་ཐུབ་ཀྱིས་ལྷ་མཉེས་པར་བྱེད་པ་དང་། བརྟུལ་ཞུགས་དང་རྗེས་སུ་མཐུན་པ་ལ་གནས་པས་བཟླས་བརྗོད་ཀྱི་དེ་ཉིད་སྒྲ་དང་། སེམས་དང་། གཞི་ལ་སེམས་གཞོལ་བ་དང་། བསམ་གཏན་གྱི་དེ་ཉིད་ནི། ཇི་སྐད་དུ། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲར་གནས་རྣལ་འབྱོར་སྟེར་བར་བྱེད། །སྒྲ་མཐས་ཐར་བ་སྦྱིན་པར་བྱེད། །ཅེས་བཤད་པ་ལྟར་གསུམ་མོ། །དེ་དག་ལམ་དུ་བྱས་པའི་འབྲས་བུ་གནས་སྐབས་སུ་འདོད་པའི་ལྷ་དང་སྐལ་པ་མཉམ་པའི་རིག་འཛིན་མཁའ་སྤྱོད་འགྲུབ་ཅིང་། རྟེན་དེ་ལ་སྔགས་ཀྱི་སྤྱོད་པ་སྤྱད་པའི་ཉེ་རྒྱུ་ལ་བརྟེན་ནས་མཐར་ཐུག་འདིར་བཤད་པའི་རིགས་གསུམ་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་པ་སྟེ། གལ་པོ་ལས། མི་ཚེ་བདུན་ན་སངས་རྒྱས་ས། །རིགས་གསུམ་མགོན་པོའི་འགྲོ་བ་འདུལ། །ཞེས་གསུངས་སོ། །དེ་དག་སྟོན་པའི་སྡེ་སྣོད་ཀྱང་། དཔུང་བཟང་གི་རྒྱུད་དང་། སྒྲོལ་མ་འབྱུང་བ་དང་། དམ་ཚིག་གསུམ་རྒྱལ་དང་། འབྱུང་པོ་འདུལ་བྱེད་ལ་སོགས་པ་རྣམས་སོ། །རིགས་ཀྱི་སྒོ་ནས་དབྱེ་ན་དྲུག་ཏུ་འགྱུར་ཏེ། དེ་བཞིན་གཤེགས་པའི། པདྨའི། རྡོ་རྗེའི། ནོར་བུའི། རྒྱས་པའི། འཇིག་རྟེན་པའི་རིགས་སོ། །དེ་དག་རེ་རེ་ལའང་རིགས་ཀྱི་གཙོ་བོ་དང་། བདག་པོ་དང་། ཡུམ་དང་། གཙུག་ཏོར་དང་། ཁྲོ་བོ་དང་། ཁྲོ་མོ་དང་། ཕོ་ཉ་དང་། ཕོ་ཉ་མོ་དང་། བཀའ་ཉན་ཕོ་དང་། བཀའ་ཉན་མོ་རྣམས་སུ་དབྱེར་ཡོད་ལ། དེ་རྣམས་ཀྱང་བསྡུ་ན་གསང་སྔགས་དང་རིགས་སྔགས་གཉིས་སུ་བསྡུའོ། །གཉིས་པ་ནི། ཨུ་པ་ཡ་སྟེ་ལྟ་བ་རྣལ་འབྱོར་དང་སྤྱོད་པ་བྱ་བ་ལྟར་སྤྱོད་པས་ན་ཆ་མཉམ་གྱི་རྒྱུད་དམ་གཉིས་ཀའི་རྒྱུད་དུ་བརྗོད་པ་དེ་གཉིས་ཀྱིས་མཚམས་སྦྱོར་དུ་གྱུར་པ་སྟེ། རང་ཤར་ལས། ཨུ་པ་ཡ་ནི་འདི་ལྟར་ཏེ། །ལྟ་བ་ཡོ་གར་བལྟ་བ་ལ། །སྤྱོད་པ་ཀྲི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་དུ་གྲགས། །ཞེས་སོ། །ལྟ་སྤྱོད་དེ་དག་གཞིར་བཞག་ནས་སྒོམ་པ་མཚན་བཅས་ཡི་གེ་དང་། ཕྱག་རྒྱ་དང་། གཟུགས་ཀྱི་ལྷ་རྣམས་ངེས་པའི་སྒོ་ནས་བསྒོམ་ཞིང་རྩེ་གཅིག་པའི་སྦྱོར་བས་ཏིང་ངེ་འཛིན་བརྟན་པར་གྱུར་བ་སྟེ། རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་ཉིད། །ཤིན་ཏུ་བསྡམས་པས་ཡིད་ལས་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཞེས་པ་ལྟར་དང་། མཚན་ཉིད་ཀྱི་རྣལ་འབྱོར་དོན་དམ་པའི་ངང་ལ་སེམས་འཇོག་པ་སོགས་ལ་གོམས་པར་གྱུར་པས། འབྲས་བུ་རིག་པ་འཛིན་པའི་ལུས་འགྲུབ་པ་སོགས་གནས་སྐབས་དང་། རྟེན་དེས་སྔགས་ཀྱི་སྤྱོད་པ་སྤྱད་པས་མཐར་ཐུག་མི་ཚེ་ལྔའམ། འགོར་ན་བསྐལ་པ་གསུམ་མམ་གཅིག་གིས་རིགས་བཞི་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་དེ། གལ་པོ་ལས། རིགས་བཞི་རྡོ་རྗེ་འཆང་སར་གནས། །ཞེས་སོ། །དེ་དག་སྟོན་པའི་སྡེ་སྣོན་ཀྱང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་རྣམས་སོ། །གསུམ་པ་ནི། ཡོ་ག་ཞེས་པ་རྣལ་འབྱོར་ཏེ། སློབ་དཔོན་ཀུན་དགའ་སྙིང་པོས། རྣལ་འབྱོར་གྱི་རྒྱུད་འདི་ནི་བསྒོམ་པ་གཙོ་བོར་སྟོན་པ་ཡིན་པས། ཅི་དགའ་བའི་བཟླས་པ་བསྟན་པའི་ཕྱིར། ཞེས་དང་། དེ་ཁོ་ན་ཉིད་སྣང་བའི་དོན་བསྡུས་ལས་ཀྱང་། རྒྱུད་འདི་ནི་ཏིང་ངེ་འཛིན་བསྒོམ་པ་གཙོ་བོར་སྟོན་པས་རྣལ་འབྱོར་གྱི་རྒྱུད་ཅེས་བྱའོ། །ཞེས་གསུངས་པ་ལྟར། ལྟ་བ་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་རང་བཞིན་འོད་གསལ་བ་སྟོང་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ཀྱི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བལྟ་བས་རྟོག་པ་བཟང་ངན་གྱི་རྩོལ་བས་འབྲས་བུ་སྒྲུབ་པར་འདོད་པ་སྟེ། ལམ་རིམ་ལས། ལྷུན་གྲུབ་མཉམ་པ་མ་རྟོགས་པས། །ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱི། །བྱིན་རླབས་རྡོ་རྗེ་དབྱིངས་སྤྲུལ་ལྷ། །བླང་དོར་བྱེད་པ་ལས་ཀྱི་ས། །ཞེས་པ་ལྟར་བསྒོམ་པ་ཕྱག་རྒྱ་བཞི་དང་འབྲེལ་བའི་རིམ་པ་མངོན་བྱང་ལྔ་དང་། རྣལ་འབྱོར་བཞིའི་རིམ་པས་བདག་ལྟར་བསྒོམ་པ་འཁོར་བཅས་ཐབས་ཀྱི་རྣལ་འབྱོར་དང་། སེམས་ཀྱི་དེ་ཁོ་ན་ཉིད་མངོན་པར་རྟོགས་པ་སོ་སོ་རང་རིག་པའི་ཡེ་ཤེས་མཉམ་པར་འཇོག་པ་སོགས་ནང་གི་ཏིང་ངེ་འཛིན་ལ་གཙོ་བོར་བྱེད་པ་དང་། སྤྱོད་པ་གཙང་སྦྲ་སོགས་ཕྱི་ལྟར་གྲོགས་སུ་བརྟེན་པས། འབྲས་བུ་མཁའ་སྤྱོད་རིག་པ་འཛིན་པ་སོགས་གནས་སྐབས་དང་། མཐར་ཐུག་མི་ཚེ་གསུམ་མམ་བཅུ་དྲུག་གིས་ཕྱག་རྒྱ་ཆེན་པོ་གྲུབ་ནས་རིམ་གྱིས་རིགས་ལྔ་སྟུག་པོ་བཀོད་པའི་སར་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་ཡེ་ཤེས་ལྔའི་ངོ་བོར་འཚང་རྒྱ་བ་སྟེ། ཀུན་བྱེད་རྒྱལ་པོ་ལས། ཡོ་ག་སྟུག་པོ་བཀོད་འདོད་པས། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་སོ། །དེ་སྟོན་པར་བྱེད་པའི་སྡེ་སྣོད་ཀྱང་། དེ་ཁོ་ན་ཉིད་འདུས་པ་དང་། དཔལ་མཆོག་དང་པོ་ལ་སོགས་པ་རྣམས་སོ། །རིགས་ཀྱི་སྒོ་ནས་དབྱེ་ན། རྩ་བའི་རིགས་དང་། སངས་རྒྱས་དང་། རྡོ་རྗེ་དང་། རིན་ཆེན་དང་། ཆོས་དང་། ལས་ཀྱི་རིགས་ཏེ་ལྔ་དང་། དེ་རེ་རེ་ལའང་རིགས་ཆུང་ལྔ་ལྔ། དེ་ཡང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིགས་སྔགས་བཞི་བཞིར་ཕྱེ་བས་བརྒྱད་དུ་འགྱུར་ལ། བསྡུ་ན་ཐབས་ཤེས་གཉིས་སུ་འདུ་སྟེ། དེ་ཁོ་ན་ཉིད་འདུས་པར་ཡབ་དང་། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ་ལ་ཡུམ་གྱི་སྒྲས་སྨོས་པ་བཞིན་ནོ། །གཉིས་པ་དབང་བསྒྱུར་ཐབས་ཀྱི་ཐེག་པའམ་རྣལ་འབྱོར་བླ་ན་མེད་པ་ནི། རྒྱུད་སྡེ་འོག་མ་གསུམ་དུ་བླང་དོར་དང་སྤང་གཉེན་སོགས་གཙང་སྨེའི་འདུ་ཤེས་ཀྱིས་དཀྲིས་པ་དང་། ཐབས་ཤེས་ཡ་བྲལ་བས་བདེ་བ་ཆེན་པོའི་གནས་ལུགས་ལ་རྨོངས་པ་སོགས་ཀྱིས་མཚན་ཉིད་ཐེག་པ་དང་ཚུལ་མཐུན་པ་ཉིད་ཤས་ཆེ་བའི་ཕྱིར་ཕྱི་རྒྱུད་སྡེ་གསུམ་མམ་རྒྱུད་སྡེ་འོག་མ་མར་བཞག་པ་ཡིན་ལ། ཁྱད་པར་ཅན་གྱི་ལམ་འདི་ནི་ཉེ་བའི་ལམ་དང་ཐབས་ཀྱི་རྒྱུད་ཀྱང་ཡིན་ཏེ། རྣལ་འབྱོར་བླ་ན་མེད་པའི་ལམ་འདི་ལ་ཞུགས་ནས་ཐེག་པ་གཞན་སྣོན་མི་དགོས་པར་འདི་ཉིད་ཁོ་ནས་འབྲས་བུ་ལ་སྦྱོར་བའི་ཕྱིར་དང་། ཐེག་པ་གཞན་དུ་དུག་གསུམ་སྤང་བྱར་བྱེད་ལ། འདི་ནི་དམིགས་མེད་ལྟ་བའི་གཟེར་བཏབ་པས་འདོད་ཆགས་བདེ་སྟོང་། ཞེ་སྡང་གསལ་སྟོང་། གཏི་མུག་རིག་སྟོང་གི་ངོ་བོར་དུག་གསུམ་མ་སྤངས་ལམ་དུ་ཁྱེར་བས་ཚེ་གཅིག་གིས་ཟུང་འཇུག་གི་གོ་འཕང་ཁྱད་པར་ཅན་འགྲུབ་པའི་ཐབས་རྨད་དུ་བྱུང་བ་སྟེ། དེའི་ཕྱིར་ཕྱི་རྒྱུད་སྡེ་གསུམ་ལ་རིང་ལམ་ཞེས་པ་སྤྱིར་སྔགས་ལམ་ཡིན་པས་མྱུར་ལམ་དུ་གྲུབ་མོད་ཀྱི། འོན་ཀྱང་དེ་དག་མཐར་གྱིས་བླ་ན་མེད་པའི་ལམ་འདིར་འཇུག་དགོས་པས་ཐེག་པ་འདི་ཉིད་ལ་ལྟོས་ནས་རིང་བའི་ལམ་ཞེས་བཤད་པ་ཡིན་ནོ། །གཞན་ཡང་ཐབས་རང་བྱུང་གི་ཡེ་ཤེས་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འཇུག་པའི་མཚོན་བྱེད་ལྷ་ཡབ་ཡུམ་འཁྲིལ་སྦྱོར་དང་། ཤ་ལྔ་བདུད་རྩི་ལྔ་སོགས་ལ་ལོངས་སྤྱོད་པའི་ཐབས་ཀྱི་རྣལ་འབྱོར་ཁྱད་པར་ཅན་སོགས་དུ་མས་འཕགས་པ་སྟེ། གསང་བ་འདུས་པ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །གང་གི་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་སོ། །དབྱེ་ན། ཐབས་ཕ་ཡི་རྒྱུད་དང་། ཤེས་རབ་མ་ཡི་རྒྱུད་དང་། ཟུང་གཟུག་གཉིས་མེད་ཀྱི་རྒྱུད་དང་གསུམ་མོ། །རིགས་ཀྱི་སྒོ་ནས་དབྱེ་ན། ཕ་རྒྱུད་ལ་མི་བསྐྱོད་པའི། རྣམ་སྣང་གི། རིན་འབྱུང་གི། འོད་དཔག་མེད་ཀྱི། དོན་གྲུབ་ཀྱི། རྡོ་རྗེ་འཆང་གི་རིགས་ཏེ་དྲུག་དང་། དེ་བཞིན་དུ་མ་རྒྱུད་ཕྱོགས་སུའང་། རྡོ་རྗེ་སེམས་དཔའི། རྣམ་སྣང་གི། རྡོ་རྗེ་ཉི་མའི། པདྨ་གར་དབང་གི། རྟ་མཆོག་གི། ཧེ་རུ་ཀའི་རིགས་ཏེ་དྲུག་ཏུ་དབྱེ་བ་བསྡོམས་པས་རྒྱུད་ཀྱི་རབ་ཏུ་དབྱེ་བ་བཅུ་གཉིས་སུ་འགྱུར་ལ་དེ་ལས་ཀྱང་དབྱེ་ན་རིགས་མཐའ་ཡས་པར་གསུངས་བས་རྒྱུད་ཀྱང་དེ་སྙེད་དུ་འགྱུར་ཏེ། བསྡུ་ན་ཐབས་ཤེས་གཉིས་དང་དེ་ཡང་བསྐྱེད་རྫོགས་གཉིས་སུ་མ་འདུས་པ་མེད་ལ། དེ་དག་ཀྱང་རྫོགས་པ་ཆེན་པོར་དོན་གྱིས་འདུས་སོ། །དེ་ལྟར་བླ་མེད་དབང་སྒྱུར་ཐབས་ཀྱི་ཐེག་པ་ལ་ནང་གསེས་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་དབྱེ་བ་ལས། དང་པོ་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག་ནི། མ་ཧཱ་ཡོ་ག་ཞེས་རྣལ་འབྱོར་ཆེན་པོ་སྟེ། ཡོ་ག་ཕྱི་པ་ལས་ཆེས་འཕགས་པ་གཉིས་མེད་ཀྱི་དོན་ལ་བློ་འབྱོར་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེའི་ངེས་པས་དུ་མར་སྤྲོར་ཡོད་ཀྱང་། འདིར་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལྟར་འཆད་ན། གཞི་རྒྱུད་ཀྱི་གནས་ལུགས་དེ་ཉིད་རྟོགས་བྱའི་ལྟ་བ་གཏན་ལ་འབེབས་པར་བྱེད་པ་ལ་རྟོག་གེའི་རིགས་པ་ལྟར་སྣང་གིས་གཏན་ལ་མི་ཕེབས་པས་ཀུན་ཁྱབ་ཚད་མ་གསུམ་གྱིས་གཏན་ལ་ཕབ་ཅིང་རང་རིག་མངོན་སུམ་གྱིས་རྟོགས་དགོས་པ་ཡིན་ལ། དེ་གཏན་ལ་འབེབས་བྱེད་ཀྱི་གཏན་ཚིགས་ཀྱང་། རྟོགས་པ་བཞིའི། དག་པ་གསུམ་གྱི། མཉམ་པ་བཞིའི། བདག་ཉིད་ཆེན་པོའི་གཏན་ཚིགས་དང་བཞི་ལས། དང་པོ་ནི། སྙིང་པོའི་རྒྱུད་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་རླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་པས། རྒྱུ་གཅིག་པའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་རང་བྱུང་སྐྱེ་མེད་དུ་གཏན་ལ་ཕབ། ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་རོལ་པ་འགག་མེད་དུ་གཏན་ལ་ཕབ། བྱིན་གྱིས་རླབས་ཀྱི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་ངོ་བོ་དབྱེར་མེད་དུ་གཏན་ལ་ཕབ། མངོན་སུམ་པའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་མཚན་ཉིད་བློ་བྲལ་དུ་གཏན་ལ་ཕབ་པ་ནི་རྟོགས་པ་བཞིའི་གཏན་ཚིགས་སོ། །གཉིས་པ་ནི། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་པས། དག་པ་གསུམ་གྱི་གཏན་ཚིགས་ཀྱིས་ཕྱི་ནང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དག་པ་ཆེན་པོར་གཏན་ལ་ཕབ། གསུམ་པ་ནི། མཉམ་ཉིད་ལྷག་པའི་མཉམ་ཉིད་ཀྱི། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་པས། མཉམ་པ་བཞིའི་གཏན་ཚིགས་ཀྱིས་ཀུན་རྫོབ་དང་དོན་དམ་གྱི་བདེན་པས་བསྡུས་པའི་ཆོས་ཐམས་ཅད་མཉམ་པ་ཆེན་པོར་གཏན་ལ་ཕབ། བཞི་པ་ནི། རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་པས། བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་བདག་ཉིད་དུ་ཡེ་ནས་གནས་པར་གཏན་ལ་ཕབ་པ་སྟེ། འཇལ་བྱེད་ཀྱི་གཏན་ཚིགས་དེ་རྣམས་ཀྱིས་རང་བཞིན་རྒྱུའི་རྒྱུད་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པ་ནི་རྣལ་འབྱོར་ཆེན་པོའི་གྲུབ་པའི་མཐའ་ཐུན་མོང་མ་ཡིན་པའོ། །དེ་ལྟར་ཡང་རྒྱ་མཚོ་ལས། རྒྱ་མཚོ་དྭངས་པའི་གཟུགས་བརྙན་ལྟར། །སྒྲ་བརྙན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་དམིགས་བྲལ་བ། །རང་གསལ་གསུམ་བྲལ་མི་བསྒུལ་བར། །ངེས་པར་གདིང་དུ་གང་བྱེད་པ། །ཐོས་བསམ་བསྒོམ་པའི་ལྟ་མཐར་ཕྱིན། །ཞེས་དང་། རྔམ་གློག་ལས། མངོན་སུམ་རིག་པར་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབ་པ་ཡིན། །ཞེས་སོ། །དེ་ལྟར་ལྟ་བའི་དོན་ངེས་པ་གཞིར་བཞག་ནས། ལམ་ལ་ཐབས་ཀྱི་རིམ་པ་དང་། གྲོལ་བའི་རིམ་པ་གཉིས་ལས། དང་པོ་ལའང་། གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །ཞེས་པས། འཆིང་བྱེད་ཀྱི་ལས་ལས་སྤྱོད་པས་གྲོལ་བའི་འབྲས་བུ་ཐོབ་པ་སྟེ། གཙོ་བོ་ཐབས་ཀྱི་ཁྱད་པར་དུག་གསུམ་མ་སྤངས་ཐོག་བརྫིས་ཀྱི་སྤྱོད་པའི་བརྟུལ་བཞུགས་གང་ཞིག །ལྟ་བའི་གདིང་དང་ལྡན་པས་སྤྱད་ན་མི་འཆིང་བར་མ་ཟད་གྲོལ་བའི་འབྲས་བུ་མྱུར་དུ་ཐོབ་ལ། དེ་ལྟར་མ་ཡིན་པ་ཞིག་གིས་སྤྱད་ན་གྲོལ་བ་མི་ཐོབ་པར་མ་ཟད་ངན་སོང་དུ་ལྟུང་བའི་ཉེས་ཆེན་པོ་དང་ལྡན་པས་མི་ཀའི་སྦྱོར་བ་བཞིན་ཁེ་ཉེན་ཆེའོ། །དེ་ལྟ་བུའི་ཐབས་ལམ་དེ་ལ་གཉིས་ཏེ། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་པས། སྔ་མ་ནི། རིམ་གྱིས་པ་ལྟར་རང་ལུས་སྟེང་སྒོ་འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བ་བཤད་རྒྱུད་རྒྱ་མཚོ་ནས་བསྟན་པ་དང་། ཕྱི་མ་ནི། ཅིག་ཅར་བ་ལྟར་གཞན་ལུས་འོག་སྒོ་མཁའ་གསང་གཉིས་ལ་བརྟེན་ནས་བསྙེན་པ་དང་། ཉེ་བར་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའི་སྦྱོར་བ་བཞིས་སྐད་ཅིག་ལ་བདེ་སྟོང་གི་ཡེ་ཤེས་བཙན་ཐབས་སུ་སྐྱེ་བས་ས་ལམ་ཆིག་ཆོད་དུ་རྫོགས་པ་བཤད་རྒྱུད་ཐལ་བ་ནས་བསྟན་པ་བཞིན་ནོ། །གཉིས་པ་གྲོལ་ལམ་ནི། གཙོ་བོར་ཤེས་རབ་གསུམ་གྱིས་གཏན་ལ་ཕབ་ཅིང་རྟོགས་པས་རང་རྒྱུད་ཀྱི་འཆིང་བ་རང་སངས་སུ་སོང་ནས་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བར་འགྱུར་བ་ཐབས་ལམ་ལྟ་བུའི་མྱུར་ཁྱད་མེད་ཀྱང་། ཇི་ཞིག་ན་འབྲས་བུར་སྦྱོར་བ་ལ་ཁྱད་མེད་ཅིང་ཁེ་ཉེན་ཆུང་བ་རིན་པོ་ཆེ་ཀ་སྟུ་བྷའི་དཔེ་བཞིན་ནོ། །དེ་ལའང་དབང་པོའི་རིམ་པས་ཅིག་ཅར་པ་དང་། རིམ་གྱིས་པ་གཉིས་སུ་འབྱེད་པའི། དང་པོ་ནི། དབང་དུས་སུ་གྲོལ་བ་ཨིནྡྲ་བྷུ་ཏི་ལྟ་བུའོ། །གཉིས་པ་ནི། སྙིང་པོའི་རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པས། དེ་ལ་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྱུར་གྱི་འབྲས་བུ་རིག་འཛིན་ནོ། །དང་པོ་ནི་གོང་དུ་སྨོས་ཟིན་ལ། གཉིས་པ་ཏིང་ངེ་འཛིན་ལ། མོས་བསྒོམ་དང་། ངེས་རྫོགས་གཉིས་ལས། སྔ་མ་ནི། དོན་སྤྱིའི་རྣམ་པ་ཙམ་དེ་དང་དེ་མོས་པ་ལམ་བྱེད་ཀྱིས་བསྒོམ་པའོ། །ཕྱི་མ་ནི། རིམ་པ་གཉིས་པོའི་ཏིང་ངེ་འཛིན་ཉམས་ལྔ་མཐར་ཕྱིན་གྱི་བར་དུ་སློབ་པ་སྟེ། བི་མ་ལའི་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་པ་ལས། གཡོ་ཐོབ་གོམས་བརྟེན་མཐར་ཕྱིན་ལྔ། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། །ཞེས་སོ། །བསྒོམ་བྱའི་ལམ་ནི། སྙིང་པོའི་རྒྱུད་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེ་བའི་རིམ་གསུམ་གཉིས་མེད་དོན། །ཞེས་པས། འཆི་བར་སྐྱེ་གསུམ་གྱི་སྲིད་པ་གཅིག་ཅར་དུ་སྦྱོང་བའི་ལམ་རྫོགས་པར་སྟོན་པ་ལ། འཆི་བ་འོད་གསལ་དང་རྗེས་སུ་མཐུན་པའི་ལམ་སྟོང་བ་ཆེན་པོ་དང་། བར་དོ་དང་རྗེས་སུ་མཐུན་པའི་ལམ་སྙིང་རྗེ་ཆེན་པོ་དང་། སྐྱེ་བའི་རིམ་པ་གསུམ་དང་རྗེས་སུ་མཐུན་པའི་ལམ་ཕྱག་རྒྱ་གཅིག་པ་དང་། ཕྱག་རྒྱ་སྤྲོས་བཅས་དང་། ཚོམ་བུ་ཚོགས་སྒྲུབ་སྟེ་ལྔའོ། །དེ་ལའང་རགས་པ་བསྐྱེད་རིམ་དང་། ཕྲ་བ་རྫོགས་རིམ་གྱིས་སྦྱོང་ཚུལ་གཉིས་ལས། དང་པོ་ནི། ལུས་ཅན་རྣམས་འཆི་འཕོ་བའི་ཚེ་ཕྱི་ནང་གི་ཐིམ་རིམ་རྣམས་རྫོགས་པའི་མཐར་འཆི་སྲིད་ཆོས་སྐུའི་འོད་གསལ་འཆར་ལ། དེ་ཉིད་ལམ་དུ་མཁྱེར་བའི་ཕྱིར་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་སྐུ་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་དང་། འོད་གསལ་དེ་ཉིད་ངོས་མ་ཟིན་པར་བར་དོའི་ཡིད་ལུས་སྒྱུ་མ་ལྟ་བུའི་གནས་སྐབས་ཀྱི་བག་ཆགས་སྦྱོང་བྱེད་དམིགས་པ་མེད་པའི་ཀུན་སྣང་གི་ཏིང་ངེ་འཛིན་གྱི་ངོ་བོ་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་ཞིང་། གཞི་དེ་ལས་བར་དོར་མ་གྲོལ་བར་མའི་མངལ་དུ་སྐྱེ་བ་བཟུང་བ་ནས་བཙས་པའི་བར་གྱི་བག་ཆགས་སྦྱོང་བྱེད་ཕྱག་རྒྱ་གཅིག་པ་ལ་ཕྲ་རགས་གཉིས་ཏེ། གང་དུ་སྐྱེ་བར་འགྱུར་བའི་གནས་ལ་སྲེད་པ་སྐྱེས་པའི་རྐྱེན་གྱིས་དེར་འཇུག་མ་རག་གི་བར་སྲིད་ཀྱི་གནས་སྐབས་སྦྱོང་བྱེད་ཕྲ་བ་རྒྱུའི་ཏིང་ངེ་འཛིན་གྱི་ངོ་བོ་ཡིག་འབྲུ་གསལ་བརྟེན་གྱི་ཚད་བརྒྱད་དང་ལྡན་པ་ལ་བསླབ་པ་དང་། དེ་ཉིད་ཕ་མའི་ཁུ་རྡུལ་གྱི་བར་དུ་ཞུགས་ནས་ཕྱི་རོལ་དབང་པོ་ཡུལ་སད་ཀྱི་བར་གྱི་གནས་སྐབས་སྦྱོང་བྱེད་རགས་པ་ལྷ་སྐུ་ལ་བསླབ་པ་མངོན་བྱང་བཞི་དང་། ཆོ་ག་གསུམ་ལ་སོགས་ཀྱིས་བསྐྱེད་པ་སྐྱེ་གནས་རིགས་བཞིའི་ཚུལ་དང་མཐུན་པ་ལ་བསླབ་པ་དང་། བཙས་ནས་ནར་སོན་པའི་བར་གྱི་བག་ཆགས་སྦྱོང་བྱེད་ཕྱག་རྒྱ་སྦྲོས་བཅས་ལ་བསླབ་པ་ལའང་བཞི་སྟེ། ལམ་རིམ་ལས། འཁོར་ལོ་ཚོམ་བུ་གྲངས་ཞལ་ཕྱག །ཅེས་བཤད་པ་ལྟར། དཀྱིལ་འཁོར་སྤྲོ་བ་དང་། ཚོམ་བུ་སྤྲོ་བ་དང་། གྲངས་སྤྲོ་བ་དང་། ཞལ་ཕྱག་སྤྲོ་བ་སྟེ། བཞི་ལ་རིམ་བཞིན་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་དང་། ཚོམ་བུ་གཅིག་གསུམ་ལྔ་པ་དང་། གྲངས་ལའང་། ཞི་བ་ལ་སྟོང་དང་ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྲུབ་རྣམས་དང་། ཁྲོ་བོ་ལའང་སྟོང་བཞི་བརྒྱ་ལྔ་བཅུ་དང་། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་དང་། བསམ་ཡས་ལྷུན་གྲུབ་ལ་བསླབ་པ་རྣམས་དང་། ཞལ་ཕྱག་ཡང་རྒྱས་འབྲིང་བསྡུས་གསུམ་གྱི་ཚུལ་ལོ། །ནར་སོན་ནས་རྒན་པོའི་བར་གྱི་བག་ཆགས་སྦྱོང་བྱེད་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ལ། ཕུམ་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་དང་། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བ་དང་། འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན་པ་དང་གསུམ་གྱི་ཆིངས་སུ་ཡན་ལག་གི་དབྱེ་བ་མཐའ་ཡས་པར་འགྱུར་རོ། །དེ་ལྟར་ཟག་བཅས་ཀྱི་ལམ་ལྔ་པོ་དེས་མ་འཁོར་བ་དང་རྣམ་པར་མཐུན་པས་དེ་དང་དེའི་བག་ཆགས་སྦྱོང་ཞིང་དག །ཡར་སངས་རྒྱས་སྐུ་གསུམ་དང་དེའི་མཛད་སྤྱོད་ཀྱི་རིགས་ཀྱི་ནུས་པ་གསོས་ཐེབས་པས་འབྲས་བུ་རྫོགས་པར་བྱེད། བར་དུ་ལམ་འོག་མས་གོང་མ་སྒོམ་རུང་གི་གཞི་བཏིང་བས་སྨིན་བྱེད་དུ་འགྲོ་བའི་ཐབས་སོ། །གཉིས་པ་ཕྲ་བ་རྫོགས་རིམ་གྱིས་སྦྱོང་ཚུལ་ཀྱང་། དེ་དང་རྣམ་པ་མཐུན་པར་བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་སུ་ལུས་གནད་དང་ལྡན་པས་རིག་པ་མ་བཅོས་པར་སོ་མའི་ངང་དུ་འཇོག་པ་རིག་པ་སྤྱི་བླུགས་དང་། ཐོས་བསམ་གྱི་ལྟ་བ་དྲན་པར་བྱས་ནས་དེའི་ངང་ལ་འཇོག་པ་ནི་མཐོང་བའི་རྗེས་ལ་འཇོག་པ་སྟེ། འཇོག་ཐབས་གཉིས་པོ་གང་རུང་གི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་བསླབ་པ་ཉིན་མོའི་རྣལ་འབྱོར་དང་། མཚན་མོ་གཉིད་སྟུག་གི་འོད་གསལ་དང་སྦྲེལ་བའི་ཉིན་མཚན་ཁ་སྦྱོར་དུ་ཉམས་སུ་བླངས་པས་ཉམས་ལྔ་མཐར་ཕྱིན་པ་ལ་བསླབ་པ་དང་པོ། སྟོང་ཉིད་འོད་གསལ་གྱི་ངང་དུ་སེམས་འགགས་པ་དེའི་ངང་ལས་སྟོང་གཟུགས་ཀྱི་རྣམ་པར་འཆར་བ་དེ་དང་མཚན་མོ་འོད་གསལ་གྱི་སྣང་བ་གང་ཤར་འཛིན་མེད་ཀྱིས་རྒྱས་འདེབས་པ་གཉིས་པ། སྣང་བ་རིས་མེད་ལ་སྙིང་རྗེ་ཆེན་པོའི་འཕེན་པ་ཏིང་ངེ་འཛིན་གྱིས་ཞུ་བ་དེ་དང་མཚུངས་ལྡན་དུ་གྱུར་པའི་ལྷ་སྐུ་ཕྱག་རྒྱ་གཅིག་པས་གང་ཤར་གྱི་སྣང་བ་ལ་རྒྱས་འདེབས་པ་གསུམ་པ། ལྷ་སྣང་དེ་ལས་ཆེས་ཆེར་འཕེལ་བས་སྣང་བ་ཐམས་ཅད་ཟུང་འཇུག་གི་ལྷ་སྐུ་གཙོ་འཁོར་དང་ཚོམ་བུ་མ་འདྲེས་ཡོངས་སུ་རྫོགས་པ་ལ་གོམས་སུ་འཇུག་པ་བཞི་པ། ཚོམ་བུ་གང་རུང་ལ་བརྟེན་པ་སྤྲོས་བཅས་བསྐྱེད་རིམ་དང་ཕྱོགས་མཐུན་ནམ། སྤྲོས་མེད་རྣལ་འབྱོར་པ་ཕོ་མོ་གཙོ་བོ་ཡབ་ཡུམ་ཚོགས་པ་ལ་བརྟེན་པ་དང་། ཤིན་ཏུ་སྤྲོས་མེད་ཡབ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། ཡུམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཁ་སྦྱོར་ཟུང་འཇུག་ཏུ་བསྒོམ་པ་ལྔ་པའོ། །དེ་དག་གི་དུས་སུ་སྤྱོད་པ་ཡང་། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་གཉིས་ལས། སྔ་མ་ནི་དཀྱུས་བཞིན་དང་། ཕྱི་མ་ལ། དད་བརྩོན་གྱི་སྤྱོད་པ་དང་། ཤེས་རབ་དང་མཐུན་པའི། སྙིང་རྗེ་དང་མཐུན་པའོ། །ཕྱོགས་གཅིག་པའི། སྤྲོས་བཅས་ཀྱི། ཚོགས་ཀྱི། རྫུ་འཕྲུལ་གྱི། ཅིག་ཅར་བའི་སྤྱོད་པ་དང་བརྒྱད་དུ་ཕྱེས་ནས་བཤད་དོ། །དེ་དག་གིས་བློ་རབ་འབྲིང་ཐ་མའི་དབྱེ་བས། ཟླ་བ་དྲུག །ལོ་གཅིག་ཟླ་བ་གཉིས། ལོ་གཅིག་ཟླ་བ་བཞི་རྣམས་ཀྱིས་ཟག་པ་མེད་པའི་མཐོང་ལམ་ལ་སྦྱོར་བར་བྱེད་དེ། ལམ་རིམ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་གསུངས་སོ། །གསུམ་པ་ལམ་གྱུར་གྱི་འབྲས་བུ་རིག་འཛིན་ནི། དེ་ལྟར་བསྒོམས་པས་ཟག་པ་མེད་པའི་མཐོང་སྒོམ་མཐར་ལམ་གསུམ་གྱིས་བསྡུས་པའི་རིག་འཛིན་བཞི་མངོན་དུ་བྱེད་པ་སྟེ། མཐོང་ལམ་ལ་བློའི་ནུས་སྟོབས་ཆེ་ཆུང་གི་ས་རྣམ་སྨིན་གྱི་ལུས་དྭངས་མའི་ལུས་སུ་མ་གྱུར་བ་རྣམ་སྨིན་རིག་འཛིན་དང་། དྭངས་མའི་ལུས་སུ་གྱུར་པ་ལམ་མཆོག་ཡོངས་སུ་རྫོགས་པ་ཚེ་དབང་རིག་འཛིན་གཉིས་དང་། ས་ལྷག་མ་དགུ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱིས་བསྡུས་ཤིང་། དེའང་ས་གཉིས་པ་ནས་ལྔ་པའི་བར་ལ་རྡོ་རྗེའི་རིག་འཛིན་དང་། དྲུག་པ་དང་བདུན་པ་གཉིས་ལ་འཁོར་ལོའི་རིག་འཛིན་དང་། བརྒྱད་པ་རིན་པོ་ཆེའི་རིག་འཛིན་དང་། དགུ་པ་པདྨའི་རིག་འཛིན་དང་། བཅུ་པ་རལ་གྲིའི་རིག་འཛིན་དུ་མཛད་སྤྱོད་ཀྱི་སྒོ་ནས་དབྱེ་རུ་ཡོད་ལ། ས་བཅུའི་རྣམ་གྲོལ་ལམ་ཚུན་ཆད་ཕྱག་ཆེན་དུ་བསྡུས་ཤིང་། ས་བཅུའི་ཁྱད་པར་ལམ་མམ་མཐར་ལམ་ལྷུན་གྲུབ་རིག་འཛིན་ནི་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པ་དྲུག་པའི་རྒྱལ་ཚབ་མཛད་པ་གསང་བའི་བདག་པོ་བཞིན་ནོ། །དེ་ཡང་རྒྱུའི་ཐེག་པའི་འཕགས་པ་རྣམས་དང་། རྣལ་འབྱོར་ཆེན་པོ་འདི་ཉིད་ཀྱི་རིག་པ་འཛིན་པ་རྣམས་སའི་མུ་ཚོད་མཚུངས་ཀྱང་དགོངས་པ་ལ་ཁྱད་པར་ཆེ་སྟེ། རྒྱུའི་ཐེག་པའི་ས་དང་པོ་དང་རྣམ་སྨིན་རིག་འཛིན་གཉིས་དགོངས་པ་མཉམ་ལ། རྒྱུའི་ས་བརྒྱད་པ་དང་ཚེ་དབང་རིག་འཛིན། བཅུ་པ་དང་ཕྱག་ཆེན་རིག་འཛིན། མི་སློབ་པའི་ས་ཀུན་ཏུ་འོད་དང་ལྷུན་གྲུབ་རིག་འཛིན་གཉིས་དགོངས་པ་མཉམ་པའི་ཕྱིར་ཏེ། ལམ་ཆུང་ལས། དེ་ཡང་དང་པོ་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་ཅན་དང་། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་དང་བཅུ་དག་སྐལ་མཉམ་མོ། །དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས། །ཞེས་བཤད་པ་བཞིན་ནོ། །དེ་ལམ་གོང་མར་སྦྱོར་བའི་མཐར། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། རྡོ་རྗེའི་སྐུ། མངོན་བྱང་གི་སྐུ་སྟེ་སྐུ་ལྔ་དང་། སྐྱེ་མེད་དོན་གྱི་གསུངས། དགོངས་པ་བརྡའི་གསུང་བརྗོད་པ་ཚིག་གི་གསུང་། དབྱེར་མེད་རྡོ་རྗེའི་གསུང་། རིག་པ་བྱིན་རླབས་ཀྱིས་གསུང་སྟེ་གསུང་ལྔ་དང་། ཆོས་དབྱིངས། མཉམ་ཉིད། བྱ་གྲུབ། སོར་རྟོག །མེ་ལང་ཡེ་ཤེས་ཏེ་ཐུགས་ལྔ་དང་། རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་བྲལ་བའི་གཞལ་ཡས་ཁང་། གསལ་ཞིང་དག་པའི་འོད་ཟེར། ཁྱད་པར་འཕགས་པའི་གདན་ཁྲི། དགྱེས་རྒུར་སྤྱོད་པའི་ལོངས་སྤྱོད་དེ་ཡོན་ཏན་ལྔ་དང་། སྡུག་བསྔལ་རྒྱུར་བཅས་ཞི་བ། ལེགས་ཚོགས་རྒྱས་པ། གདུལ་བྱ་དབང་དུ་མཛད་པ། གདུལ་དཀའ་རྣམས་དྲག་པོས་ཚར་བཅད་པ། རྩོལ་མེད་དུ་འབྱུང་བ་ལྷུན་གྲུབ་སྟེ་ཕྲིན་ལས་ལྔའོ། །དེ་ལྟར་འབྲས་བུའི་ཆོས་ཉེར་ལྔའི་བདག་ཉིད་ཆེན་པོའི་གོ་འཕང་མངོན་དུ་བྱེད་པ་ཡིན་ནོ། །དེ་དག་སྟོན་པའི་སྡེ་སྣོད་ལ། རྒྱུད་སྡེ་དང་། སྒྲུབ་སྡེ་གཉིས་ལས། དང་པོ་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སོགས་སྒྱུ་འཕྲུལ་སྡེ་བརྒྱད་རྣམས་སོ། །གཉིས་པ་ནི། འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་བ་ཕྲིན་ལས། མ་མོ་རྦོད་གཏོང་། འཇིག་རྟེན་མཆོད་བསྟོད། དམོད་པ་དྲག་སྔགས་ཏེ། སྒྲུབ་སྡེ་བརྒྱད་སྤྱི་བྱེ་བྲག་རྣམས་དང་། གཞན་ཡང་འདུས་པ་དང་། གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་སོགས་དང་། ཟླ་གསང་ཐིག་ལེ་སོགས་ཕ་རྒྱུད་དང་། བདེ་མཆོག་དང་། དུས་ཀྱི་འཁོར་ལོ་སོགས་མ་རྒྱུད་རྣམས་ཀྱང་འདིར་སྡུད་པར་བྱའོ། །གཉིས་པ་ལུང་རྫོགས་པ་ཨ་ནུ་ཡོ་ག་ནི། ཨ་ནུ་ཡོ་ག་ཞེས་རྗེས་སུ་རྣལ་འབྱོར་སྟེ། བསྐྱེད་པ་རྣལ་འབྱོར་ཆེན་པོ་དང་། ཡོངས་སུ་རྫོགས་པ་ཤིན་ཏུ་རྣལ་འབྱོར་གྱི་ཐེག་པ་དག་གི་མཚམས་སྦྱོར་དུ་གྱུར་པ་ཡིན་ལ། འདི་ཉིད་ཀྱི་རྟོགས་བྱའི་ལྟ་བ་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་མཚན་ཉིད་ཅན་དཀྱིལ་འཁོར་རྣམ་པ་གསུམ་དབྱེར་མེད་པའི་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཡ་གདོད་མ་ནས་སངས་རྒྱས་པ་ཉིད་དེ། སྤྱི་མདོ་དགོངས་པ་འདུས་པ་ལས། ཐམས་ཅད་བདག་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་སོ། །དེ་ལ་དཀྱིལ་འཁོར་རྣམ་པ་གསུམ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་རང་རྩལ་དུ་འདུ་ཞིང་སེམས་ཉིད་སྐྱེ་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་ནི་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང་། དེ་ཉིད་ཐམས་ཅད་ནས་ཐམས་ཅད་དུ་མ་འགགས་པར་རང་སྣང་རིས་མེད་ཀུན་ཁྱབ་ཏུ་ཤར་བ་ནི་ཀུན་ཏུ་བཟང་པོ་རང་བྱུང་གི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དང་། དེ་གཉིས་ཀྱང་ངོ་བོ་ཐ་མི་དད་པར་ཟུང་འཇུག་ཏུ་གནས་པ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །རྟོགས་བྱའི་གཞི་དེ་དང་རྟོགས་བྱེད་ཀྱི་ལམ་གཉིས་ཀ་རྣལ་འབྱོར་གསུམ་དུ་བསྡུས་ནས་བཤད་དེ། སྤྱི་མདོ་དགོངས་འདུས་ལས། གྲོགས་པོ་དག །དེ་བས་ན་བསམ་གྱིས་མི་ཁྱབ་པའི་རྣམ་པ་གང་ཞེ་ན། འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ནི་རྣལ་འབྱོར་རྣམ་པ་གསུམ་གྱིས་ཡོངས་སུ་འབྲེལ་པ་སྟེ། གསུམ་གང་ཞེ་ན། བྱ་བའི་རྣལ་འབྱོར་དང་། བྱ་བ་བྱེད་པའི་རྣལ་འབྱོར་དང་། བྱ་བ་མེད་པའི་རྣལ་འབྱོར་རོ། །ཞེས་དང་། ཡང་རྒྱུའི་རྣལ་འབྱོར་དང་། རྐྱེན་གྱི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་གསུམ་དུ་རྩ་རྒྱུད་ཀུན་འདུས་རིག་པར་གསུངས་ཤིང་། རྩ་བཤད་ཀྱི་རྒྱུད་དེ་གཉིས་ཀྱི་དགོངས་དོན་གཅིག་ཏུ་བསྡུས་ནས་བསྟན་པ་ནི། དོན་བསྡུས་ལས། ཀུན་བཟང་ཐུགས་རྗེས་འགྲོ་དོན་དུ། །ཐེག་པ་གསུམ་སྣང་འདུས་མཛད་པའི། །དོན་དམ་ངེས་པའི་ཐེག་པ་ལས། །གསང་སྒོ་མཚོན་པའི་མདོ་རྒྱུད་དོན། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །བྱ་བ་རྒྱུ་དང་བྱེད་པ་རྐྱེན། །བྱ་བྲལ་འབྲས་བུའི་རྣལ་འབྱོར་དག །ཇི་སྙེད་ཆོས་ཀྱི་རྩ་བར་བཤད། །ཅེས་གསུངས་པས། བྱ་བ་རྒྱུའི་རྣལ་འབྱོར་དང་། བྱེད་པ་རྐྱེན་གྱི་རྣལ་འབྱོར་དང་། བྱ་བྲལ་འབྲས་བུའི་རྣལ་འབྱོར་ཏེ་གསུམ་ལས། དང་པོ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དཀྱིལ་འཁོར་རྣམ་པ་གསུམ་གྱི་རང་བཞིན་དུ་མ་འདྲེས་ཡོངས་སུ་རྫོགས་པར་གནས་པ་ཉིད་ཡིན་ཏེ། དེ་ཉིད་ལས། ཕྱི་ནང་བྱེ་བྲག་ཇི་སྙེད་པའི། ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཇི་བཞིན་ངང་དུ་ཡེ་གནས་པས། །ཤེས་པར་བྱ་བ་རྒྱུད་དོན་ཡིན། །ཞེས་སོ། །གཉིས་པ་ནི། ལམ་གྱི་རྩོལ་བ་དང་བཅས་པའི་བྱེད་པས་སྲིད་པ་ལ་བརྒལ་ཏེ་ཞི་བ་གནས་སྐབས་ཀྱི་འབྲས་བུ་ལ་འཇུག་པར་བྱེད་པ་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་སྟེ། སྔ་མ་ལས། རྩོལ་བཅས་སྤྱོད་པས་འདྲེན་འཇུག་པའི། །ཐེག་པ་དེ་ནི་བྱ་བྱེད་རྐྱེན། །ཞེས་སོ། །གསུམ་པ་ནི། སེམས་ཀྱི་ཆོས་ཉིད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པས་འབྲས་བུ་གཞན་ནས་བཙལ་བའི་རྩོལ་སྒྲུབ་ཀྱི་རེ་དོགས་དང་བྲལ་བ་སྔགས་ཕྱི་ནང་གི་ཐེག་པ་སྟེ། དེ་ཉིད་ལས། གཞན་དུ་འབྲས་བུ་རེ་རྩོལ་མེད། །བསྒྲུབ་བྱ་ཉིད་ལ་ལམ་གནས་པས། །ཐབས་ཆེན་ཐེག་འདི་བྱ་བྲལ་ལོ། །ཞེས་སོ། །དེ་ལྟར་རྣལ་འབྱོར་ཕྱི་མ་གཉིས་པོ་དེ་ལ་ཐུན་མོང་སྤྱིའི་ལམ་ཞེས་བྱ་ཞིང་། དེའི་ནང་ནས་ཀྱང་ཁྱད་པར་འདིའི་ལམ་ལ་དབྱེ་ན། དེ་ཉིད་ལས། ངོ་བོ་ཐབས་དང་ཤེས་རབ་སྟེ། །ཞེས་པས། ཐབས་ཀྱི་ངེས་པའི་ལམ་དང་། ཤེས་རབ་རྣམ་པར་གྲོལ་བའི་ལམ་གཉིས་ལས། དང་པོ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་ཞུ་བདེའི་ཡེ་ཤེས་སྒྲུབ་པའི་ཐབས་གང་ཞིག །འཁོར་ལོ་བཞིའི་སྒོམ་ཐབས་ཀྱིས་ལྷན་སྐྱེས་ཡེ་ཤེས་རིམ་གྱིས་འདྲེན་པའི་ཐབས་སྟེང་སྒོའི་མན་ངག་དང་། མཁའ་གསང་གི་སྙོམས་འཇུག་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་ཅིག་ཅར་དུ་འདྲེན་པའི་ཐབས་འོག་སྒོའི་མན་ངག་གཉིས་ཏེ། དེ་ལས། རོལ་པའི་ཀ་ར་ལ་སོགས་པ། །མན་ངག་ཐབས་ཀྱིས་དེར་འཇུག་དང་། །ཞེས་སོ། །གཉིས་པ་ནི། གོང་གི་དེའི་འཕྲོས་སུ། ཐོས་བསམ་བསྒོམ་པའི་ཚུལ་འགྲོ་བའི། །དེ་ནི་འཇུག་པ་རྣམ་གསུམ་སྟེ། །རྟོག་དཔྱོད་དོན་དང་ཡི་གེ་ཡིད། །ཅེས་པས། དང་པོ་རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པ་ནི། ལྟ་བ་གཏན་ལ་ཕབ་པ་སྟེ་ལམ་གྱི་སྔོན་དུ་འགྲོ་དགོས་པས། དེ་ཡང་ཆོས་ཅན་ཤེས་བྱའི་དོན་ལ། ཤེས་བྱེད་རིག་པའི་གཏན་ཚིགས་རྣམས་ཀྱིས་སོ་སོར་བརྟག་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་ཡེ་ཇི་བཞིན་པ་དཀྱིལ་འཁོར་གསུམ་གྱི་རང་བཞིན་སྨྲ་བསམ་བརྗོད་བྲལ་དུ་གཏན་ལ་ཕེབས་པ་ནི་འདི་ཉིད་ཀྱི་གྲུབ་མཐའོ། །གཉིས་པ་དོན་གྱི་རྗེས་སུ་འཇུག་པ་ནི། མཚན་མེད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་སྟེ། བསྒོམ་བྱ་ཆོས་ཉིད་ཇི་བཞིན་པའི་ངང་ལ། བསྒོམ་བྱེད་ཀྱི་བློ་ཡང་དེ་བཞིན་པར་བཞག་པ་ཡིན་ཏེ། དགོངས་འདུས་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་ན། །བརྗོད་པ་མེད་པའི་ངང་ཉིད་ལས། །མ་ཡེངས་རྒྱུན་དུ་དྲན་པའོ། །ཞེས་སོ། །གསུམ་པ་ཡི་གེའི་རྗེས་སུ་འཇུག་པ་ནི། མཚན་བཅས་ལྷའི་ཏིང་འཛིན་བསྒོམ་པ་སྟེ། ས་བོན་ནམ་རྟེན་དང་བརྟེན་པ་སོ་སོའི་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་ཆུ་ལས་ཉ་ལྡང་བ་ལྟར་སྣོད་བཅུད་ཐམས་ཅད་ལྷའི་གཞལ་ཡས་ཁང་དང་དཀྱིལ་འཁོར་གྱི་འཁོར་ལོར་གསལ་ལ་མ་འདྲེས་པར་བསྒོམ་པ་གཙོ་བོར་བྱེད་པའི་ཉམས་ལེན་ལམ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་རོ། །དེ་ལྟར་བསྒྲུབས་པས་གྲུབ་པ་འབྲས་བུའི་ཚུལ་ལའང་། བློ་སྟོབས་ཆེ་བ་རྣམ་རྟོགས་གོམས་ཐམས་ཅད་ཆིག་ཆོད་དུ་མཐར་ཕྱིན་པས་ས་ལམ་རིམ་བགྲོད་ཀྱི་རྩོལ་བ་དང་བྲལ་ཞིང་། བློ་འབྲིང་ཐ་གཉིས་ཀྱིས་ནི་ས་བཅུ་བའི་སློབ་ལམ་བཞི་རིམ་གྱིས་སམ་ཐོད་རྒལ་གང་རུང་གིས་བགྲོད་ནས་མི་སློབ་པའི་ལམ་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་བྱེད་དེ། དེ་ཡང་དང་པོ་འགྱུར་བ་མ་ངེས་པའི་ས་དང་བརྟེན་པ་གཞིའི་ས་གཉིས་ནི་ཚོགས་ལམ་འདུན་པ་སེམས་དཔའི་རྣལ་འབྱོར་གྱིས་བསྡུས་ཤིང་མོས་སྤྱོད་ཀྱི་ལྷ་སྐུ་དང་། ཐུན་མོང་གི་དངོས་གྲུབ་སྤྱན་དང་མངོན་ཤེས་ལ་སོགས་པ་འགྲུབ། གལ་ཆེན་སྦྱོང་བ་དང་། བསླབ་པ་རྒྱུན་གྱིས་དང་། བསོད་ནམས་རྟེན་གྱིས་གསུམ་ནི་སྦྱོར་ལམ་རིགས་ཆེན་འབྱེད་པའི་རྣལ་འབྱོར་ཏེ་རླུང་སེམས་ཀྱི་ལྷ་སྐུ་འགྲུབ་ཅིང་། དེ་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་འགྱུར་བ་དེ་རགས་པ་བཅོམ་སྟེ་ཟག་པ་ཐམས་ཅད་ཟད་ནས། བརྟེན་པས་ཁྱད་པར་དུ་འགྲོ་བའི་ས་ནི་མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཏེ་བདེ་སྟོང་འོད་གསལ་གྱི་ལྷ་སྐུ་འགྲུབ། མཐོང་ལམ་འོད་གསལ་ལས་ལངས་པའི་རྗེས་ལ་དམིགས་པ་འབྲས་བུ་སྐྱེ་བའི་ས་སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་ཏེ་ཡེ་ཤེས་དང་དག་པའི་སློབ་པའི་ཟུང་འཇུག་གི་ལྷ་སྐུ་རྒྱུན་མི་འཆད་པར་འགྲུབ། དེ་ནས་གནས་པ་མི་འགྱུར་པའི་ས་དང་། གདལ་བ་ཆོས་ཉིད་ཀྱི་ས་དང་། རྫོགས་པ་ཅི་ཆིབས་ཀྱི་ས་གསུམ་པོ་མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱིས་བསྡུས་པ་སྟེ། དེའི་མཐར་མི་སློབ་པའི་ལམ་རྒྱུན་མཐའི་བར་ཆད་མེད་ལམ་ལ་བརྟེན་ནས་འདོད་ཆགས་ཆེན་པོའི་ལམ་གྱིས་འབྲས་བུའི་དབང་བསྐུར་བས་སྣང་གསུམ་འཕོ་བའི་བག་ཆགས་ཕྲ་བའང་སྦྱངས་ཏེ་མི་སློབ་པའི་ཟུང་འཇུག་འབྲས་ཆོས་ཉེར་ལྔ་པོ་དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་མངའ་དབང་འབྱོར་བས་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་གདུལ་བྱའི་དོན་མཛད་པ་སྟེ། དོན་བསྡུས་ལས། འབྲས་བུ་ཉིད་ནི་རྫོགས་སངས་རྒྱས། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ཉི་ཤུ་རྩ་ལྔས་བསྡུས་མཐའ་ཡས། །ལྷུན་རྫོགས་རྣམ་ཀུན་མཁྱེན་པའོ། །ཞེས་གསུངས་སོ། །འདི་ལྟར་སྟོད་པའི་སྡེ་སྣོན་ཀྱང་། ཀུན་འདུས་རིག་པ་སོགས་རྩ་བའི་མདོ་བཞི། མཐར་དྲུག་གསལ་བར་བྱེད་པའི་རྒྱུད་དྲུག །དཀོན་རྒྱུད་བཅུ་གཉིས། ལུང་གི་ཡི་གེ་བདུན་ཅུ་ལ་སོགས་པའོ། །དེ་ལྟར་གཞལ་བྱ་ཐུན་མིན་རྒྱུད་ལུང་མན་ངག་ངེས་པའི་གསང་རྒྱུད་རྡོ་རྗེའི་ཚིག་ཤིན་ཏུ་བརླིང་བར་གནས་པ་རྣམས་ནི་ལྟར་སྣང་རྟོག་གེའི་ལུང་དང་རིགས་པས་ནམ་ཡང་གཏན་ལ་མི་ཕེབ་པས། འཇལ་བྱེད་མཐའ་དྲུག་ཚུལ་བཞིའི་སྒོ་ནས་རྟོགས་པར་བྱ་སྟེ། དུས་འཁོར་རྩ་རྒྱུད་ལས། དགོངས་པའི་སྐད་དང་དེ་བཞིན་མིན། །ཇི་བཞིན་སྒྲ་དང་དེ་བཞིན་མིན། །དྲང་བའི་དོན་དང་ངེས་དོན་ཏེ། །རྒྱུད་ནི་མཐའ་དྲུག་མཚན་ཉིད་དོ། །ཞེས་གསུངས་པ་ལྟར། ཡང་དག་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་སྐལ་པ་མེད་པ་དང་ཡོད་པ་ལ་དགོངས་ནས་རྡོ་རྗེའི་ཚིག་གི་རྒྱུད་གཅིག་གིས་ཐ་དད་པའི་དོན་སྟོན་པར་བྱེད་པ་སྟེ། དེ་ལ་དྲང་དོན་ནི། རྡུལ་ཚོན་སོགས་དཀྱིལ་འཁོར་དང་། མཆོད་པ་དང་། བརྡའ་དང་ལག་པའི་ཕྱག་རྒྱ་དང་། སྦྱིན་སྲེག་དང་། བསྐྱེད་རིམ་དང་། ལས་ཚོགས་བསྒྲུབ་པ་ལ་སོགས་པ་ནང་གི་ཚུལ་ལ་འཇུག་པའི་ཐབས་ཡན་ལག་དང་བཅས་པ་རྣམས་སོ། །ངེས་དོན་ནི། རྫོགས་པའི་རིམ་པ་རྩ་རླུང་བྱང་ཆུབ་ཀྱི་སེམས་བཅིང་བ་དང་། རང་བཞིན་གྱིས་འོད་གསལ་བའི་སེམས་ཀྱི་གནས་ལུགས་རྒྱུ་རྒྱུད་དེ་བཞིན་གཤེགས་པའི་སྙིང་པོ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བ་སྟོན་པའི་གཞུང་རྣམས་ཏེ། ཧེ་བཛྲ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་པ་ལྟ་བུའོ། །བསྐྱེད་རྫོགས་ཀྱི་དོན་གཅིག་ལ་རྡོ་རྗེའི་ཚིག་ཐ་དད་པས། དེ་དང་འགལ་བའི་ཚིག་གི་སྦྱོར་བས་བཅིངས་ཏེ་བརྗོད་དོན་དགོངས་གཞི་ལ་ལྟོས་ནས་གོ་དགོས་པ་ནི་དགོངས་བཤད་དོ། །ཡང་ན་རྡོ་རྗེའི་ཚིག་གཅིག་ལ་དོན་ཐ་དད་པའི་དགོངས་པ་གནས་པ་སྟེ། དེའི་དབང་དུ་བྱས་ན། དུས་ལ་དགོངས་པ། དོན་ལ་དགོངས་པ། བསམ་པ་ལ་དགོངས་པའོ། །དང་པོ་ནི། མ་འོངས་པའི་དུས་ན་འབྱུང་བ་ལ་དགོངས་ནས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་པ་ལྟ་བུ། གཉིས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་པྲ་ཕབ་ཀྱི་རང་བཞིན་ལྟ་བུ་ལ་དུས་རྟག་ཏུ་ལོངས་སྤྱོད་དགོས་པར་དགོངས་ནས། སངས་རྒྱས་ཀུན་ལས་ཕྲོགས་ནས་ནི། །ལྷ་མཆོག་ལས་སྐྱེས་བུ་མོ་སྤྱོད། །ཅེས་མ་ཧཱ་མཱ་ཡཱ་ལས་གསུངས་པ་ལྟ་བུ་དང་། གསུམ་པ་ནི། སྲོག་ཆེན་པོའི་རླུང་གི་མིང་དུ་བསྟན་པ་བདག་འཛིན་གསོད་དགོས་པ་ལ་དགོངས་ནས། ཧེ་བཛྲ་ལས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །ཞེས་སོགས་གསུངས་པ་ལྟ་བུ། ཡང་བརྗོད་དོན་དགོངས་གཞི་ལ་མི་ལྟོས་པར་རྗོད་བྱེད་དངོས་བསྟན་ཙམ་གྱིས་གསལ་བར་གོ་བ་ནི་དགོངས་པ་ཅན་མ་ཡིན་པ་སྟེ། ཁྱོད་ཀྱིས་སྲོག་ཆགས་བསོད་མི་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་མི་བྱ། །ཞེས་སོགས་གསུངས་པ་ལྟ་བུའོ། །དོན་དང་མིང་འཇིག་རྟེན་པའི་བསྟན་བཅོས་སོགས་ལ་ཡོངས་སུ་གྲགས་པའི་ཚིག་གིས་གསུངས་པ་དཀྱིལ་འཁོར་དང་སྦྱིན་སྲེག་དང་གཏོར་མ་ལ་སོགས་པའི་ཆོ་ག་རྣམས་ནི་སྒྲ་ཇི་བཞིན་པ་ཡིན་ལ། འཇིག་རྟེན་པའི་བསྟན་བཅོས་ལ་མ་གྲགས་ཤིང་དེ་བཞིན་གཤེགས་པའི་གསང་བའི་སྐད་ཀྱི་བརྡ་ཡིས་བཅིངས་པ། རླུང་བཅུའི་མིང་ལ། ཀོ་ཊཱ་ཁྱཱཿལ་སོགས་པ་དང་། རྒྱུད་གསང་བ་སྙིང་པོར་སྦྱོར་སྒྲོལ་ལ་ཨཱ་ལི་ཀཱ་ལི་ཞེས་པ་ལྟ་བུ་ནི་སྒྲ་ཇི་བཞིན་མ་ཡིན་པ་སྟེ། གསང་བའི་ཚིག་དང་དོན་ཐམས་ཅད་འདི་ལས་མི་འདའ་བས་མཐའ་དྲུག་ཅེས་བྱའོ། །གཉིས་པ་ཚུལ་བཞིན་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བཤད་པ་བཞི་ནི། ཡི་གེ་དང་སྤྱི་དང་སྦས་པ་དང་མཐར་ཐུག་གོ། །ཞེས་པ་ལྟར་ལས། དང་པོ་ནི། ཚིག་གི་འབྲུ་དོན་ཙམ་ལ་གཞོལ་བའི་བཤད་པ་སྒྲ་ཚད་ཀྱི་གཞུང་དང་མཐུན་པར་བཀོད་པ་ནི་ཡི་གེའམ་གལྦོ་ལས་ཚིག་གི་དོན་ཅེས་གསུངས་སོ། །གཉིས་པ་སྤྱི་དོན་ལ་གསུམ། དང་པོ་མདོ་སོགས་ལ་ཞུགས་པའི་འགྱོད་པ་ཟློག་པ་ནི། སྔགས་ནང་པའི་ལམ་བདེ་ཞིང་མྱུར་བ་འདི་ལྟ་བུ་ལ་མ་ཞུགས་པར་སྔར་འདོའམ་བྱ་སྤྱོད་སོགས་ལ་ཞུགས་པ་ནི་མ་ལེགས་སོ་སྙམ་དུ་འགྱོད་ན། དེ་དག་འདིའི་ལམ་སྟེགས་ཡིན་པ་དང་། མདོ་ལས་ཀྱང་། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་པ་དབང་རྣོན་ཐབས་ཤེས་ཁྱད་པར་ཅན་དང་ལྡན་ན་ཚོགས་ཀྱི་བྱ་བ་རླབས་ཆེན་གཅིག་གིས་བསྐལ་པ་མང་པོའི་ཚོགས་བཟླུམ་པ་སོགས་བདེ་མྱུར་གྱི་ལམ་མདོ་སོགས་ཀྱང་བཞེད་པས་སྤྱིའི་དོན་ཞེས་པའོ། །གཉིས་པ་སྔགས་ནང་པ་ལ་ཞུགས་པའི་འགྱོད་ཟློག་ནི། འདིར་ཁྲུས་དང་གཙང་སྦྲ་ལ་སོགས་གཙང་དམེ་མེད་པར་སྤྱོད་པ་ཁྱི་ཕག་ལྟ་བུ་དང་། སྦྱོར་སྒྲོལ་སོགས་འཚེ་བ་ཆོས་སུ་སྨྲ་བས་མུ་སྟེགས་ཀྱི་ཆོས་སོ་སྙམ་དུ་འགྱོད་ན། གཙང་དམེའི་ཞེན་པ་མ་སྤངས་ན་ཆོས་ཉིད་ཀྱི་དོན་མི་རྟོགས་པས་ཞེན་པ་སྤང་ཕྱིར་རོ་སྙམ་དུ་སྤྱོད་པ་ནི་མི་ནག་མདུང་ཐུང་ཅན་བསད་པ་དང་། དེད་དཔོན་གྱི་བུ་མོ་ལ་བསྒྲོད་པ་སོགས་སེམས་དགེ་བས་སྦྱོར་སྒྲོལ་ལ་སྤྱོད་ཀྱང་ཉེས་པས་མི་གོས་ཤིང་བསོད་ནམས་དཔག་མེད་འཕེལ་བར་མདོ་སོགས་ཀྱང་བཞེད་པས་བསླབ་བྱ་མཐུན་མོང་པའི་ཕྱིར་སྤྱི་དོན་ཞེས་བྱའོ། །གསུམ་པ་བསྐྱེད་རིམ་པའི་སྤྱི་དོན་ནི། རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་བསྒོམ་པ་སོགས་བསྐྱེད་རིམ་དང་འབྲེལ་བ་རྣམས་ཏེ། བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་བསླབ་བྱ་ཡིན་པའི་ཕྱིར་སྤྱི་དོན་ནོ། །གསུམ་པ་ནི། ལས་རྒྱ་དང་སྙོམས་པར་འཇུག་པའི་ཆོ་ག་སྟོན་པ་སོགས་ཚོགས་སུ་དབྱུང་བར་མི་འོས་པའི་ཕྱིར་འདོད་ཆག་ཆོས་སྦས་དང་། རང་བྱིན་གྱིས་རློབ་པ་རྩ་རླུང་ཐིག་ལེའི་རྫོགས་རིམ་སོགས་ཀུན་རྫོབ་བདེན་པས་སྦས་པ་སྟེ། སྤྱིར་མཐའ་གཉིས་ཀྱི་དབུས་སུ་ཆུད་པས་སྙིང་པོ་ལྟ་བུར་གྱུར་པའི་ཕྱིར་སྦས་པའོ། །བཞི་པ་ནི། དེ་དག་གི་རྒྱས་གདབ་ཏུ་གྱུར་པ་དོན་དམ་འོད་གསལ་གྱི་རྫོགས་རིམ་ནི་ལམ་གྱི་མཐར་ཐུག་དང་། བདེན་གཉིས་ཟུང་འཇུག་ཏུ་རྟོགས་པ་ནི་འབྲས་བུའི་མཐར་ཐུག་སྟེ། ཚུལ་བཞི་ཀ་རྡོ་རྗེའི་ཚིག་གཅིག་ཉིད་དབང་པོ་དམན་མཆོག་གི་རིམ་པ་དང་མཐུན་པར་ཐ་དད་པར་དབྱེ་དགོས་པས་བཤད་པའི་ཚུལ་བཞི་ཞེས་བྱའོ། །མན་ངག་འདི་དག་དང་མི་ལྡན་པར་བསམ་པའི་རྟོག་དཔྱོད་ཇི་ཙམ་ཞིབ་ཀྱང་ཡང་དག་པའི་གནད་གསང་རྟོགས་པར་མི་ནུས་ལ། འདི་དག་དང་ལྡན་པས་རྡོ་རྗེ་ཐེག་པའི་གསང་བའི་དགོངས་དོན་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །གསུམ་པ་ཐེག་པ་ཀུན་གྱི་ཡང་རྩེར་གྱུར་ཅིང་བགྲོད་བྱ་ཐམས་ཅད་ཀྱི་མཐར་ཐུག་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་རྣམ་གཞག་འཆད་པ་ལ་གཉིས། འོག་མ་ལས་ཁྱད་དུ་འཕགས་ཚུལ་དང་། དེའི་དབྱེ་བ་བསྟན་པའོ། །དང་པོ་ནི། དབྱིངས་གདོད་ནས་རྣམ་པར་དག་པ་སེམས་ཉིད་འོད་གསལ་བའི་རང་བཞིན་ལྷུན་གྲུབ་རང་གནས་ཆེན་པོ་རང་བྱུང་གི་ཡེ་ཤེས་འགྱུར་བ་མེད་ལ་རྫོགས་པ་ཆེན་པོའི་གཞིར་འདོད་པ་གང་ཞིག །ཐེག་པའི་རྒྱལ་པོ་འདི་ཉིད་ཀྱིས་གཞལ་ན་རིམ་པ་འོག་མ་བརྒྱད་པོའི་ཐེག་པ་རྣམས་ཀྱིས་དོན་ལ་ཡོད་མ་མྱོང་བའི་སེམས་རྟོག་གློ་བུར་བ་འབའ་ཞིག་གིས་འགྱུར་བ་མེད་པ་ལ་བློས་བཟོ་འཆོས་ཤིང་བསྒྱུར། སྤང་དུ་མེད་པ་ལ་གཉན་པོས་བཅོས་ནས་སྤངས། བསལ་དུ་མེད་པ་ལ་བསལ་འདོད་ཀྱི་བློས་སྐྱོན་དུ་དམིགས། ཐོབ་ཏུ་མེད་པ་ལ་གཞན་ནས་ཐོབ་བྱར་ཡོད་པའི་རེ་དོགས་ཀྱིས་དབྱེ་ན་བཅུག །རྩོལ་སྒྲུབ་དང་བྲལ་བ་ལ་འབད་རྩོལ་གྱི་བྱ་བས་རང་གནས་ཀྱི་ཡེ་ཤེས་ལ་བསྒྲིབས་ནས་རྣལ་མའི་དེ་ཁོ་ན་ཉིད་ལ་རེག་པའི་སྐབས་མེད་པ་སྟེ། འདི་ལྟར་ཐེག་པ་འོག་མའི་ཉན་རང་གིས་རྟོགས་པའི་བདག་མེད་ནི་ཤེས་པ་དང་རྡུལ་རྫས་ལ་དོན་དོམ་དུ་འདོད་ལ། རྣམ་རིག་སྨྲ་བས་རང་ཤེས་རང་གསལ་ཉིད་ཀྱི་རྣམ་ཤེས་ལ་དོན་དམ་ཡོངས་གྲུབ་ཏུ་འདོད་པ་དག་འཇིག་རྟེན་པའི་སེམས་དང་སེམས་བྱུང་ལས་འདས་པ་མེད་ཅིང་། དབུ་མའི་བདེན་པ་གཉིས་ཀྱིས་གཞལ་བའི་སྐྱེ་མེད། འགག་མེད། ཡོད་མིན། མེད་མིན་ལ་སོགས་གཏན་ཚིགས་ཆེན་པོ་བཞི་ལ་སོགས་པས་དཔྱོད་པའི་འགོག་བདེན་དང་། མཐའ་བྲལ་དང་། སྤྲོས་བྲལ་སོགས་ཀྱི་མཚུངས་དཔེ་ནམ་མཁའ་ལྟ་བུའི་སྟོང་པར་འཛིན་པ་དང་། སྔགས་འོག་མའི་བྱ་བས་དག་པ་གསུམ་གྱི་ལྷ་གཙང་སྦྲ་སོགས་དཀའ་ཐུབ་ཀྱིས་མཉེས་པའི་དངོས་གྲུབ་འགྲུབ་པར་འདོད་པ་དང་། ཉེ་བའི་རྣལ་འབྱོར་གྱིས་ལྟ་སྤྱོད་གོང་འོག་ཡ་ཆབས་མཚན་འཛིན་དང་། རྣལ་འབྱོར་གྱིས་དོན་དམ་པའི་བྱིན་རླབས་ལྷར་བལྟས་ནས་ཕྱག་རྒྱ་བཞིའི་རྣལ་འབྱོར་ལ་དམིགས་པ་དང་། རྣལ་འབྱོར་ཆེན་པོས་བསྐྱེད་རིམ་དང་རྫོགས་རིམ་རྩ་ཐིག་རླུང་གསུམ་ལ་གནད་དུ་གཅུན་པས་ཡེ་ཤེས་སྐྱེ་བར་འདོད་ཅིང་། རྗེས་སུ་རྣལ་འབྱོར་གྱིས་དབྱིངས་ཡེ་ཤེས་བསྐྱེད་བྱ་སྐྱེད་བྱེད་ལྷའི་དཀྱིལ་འཁོར་དུ་བལྟ་བ་སོགས་མདོར་ན་ཨ་ནུ་མན་ཆད་ཀྱི་རིམ་པ་དེ་དག་ཐམས་ཅད་བློས་རེག་པའི་གྲུབ་མཐའ་ཁོ་ན་སྟེ། དེ་དག་ཐམས་ཅད་ཀྱང་བློ་ངོར་འདི་ནི་མེད་དོ། །སྟོང་ངོ་། །བདེན་ནོ། །སྙམ་པའི་སྙམ་བྱེད་དང་། ཡིད་བྱེད་དང་། རྟོགས་དཔྱོད་ཀྱིས་ཡུལ་ཡུལ་ཅན་ལ་ཆོས་ཉིད་ཡིན་པར་བརླམས་པ་ལས་གཉུག་མའི་གནས་ལུགས་ཇི་བཞིན་མཐོང་བ་མེད་དེ། ཇི་སྐད་དུ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། རྒྱལ་པོས་ལོང་བ་དུ་མ་བསགས་ཏེ་གླང་ཆེན་བསྟན་ཏེ། མཚན་ཉིད་སོ་སོར་སྨྲོས་ཤིག །ཅེས་བསྒོམ་པས། དེ་དག་རྣམས་ཀྱིས་གླང་པོ་ཆེའི་སྣ་ལ་རེག་པ་རྣམས་ནི་ལྕགས་ཀྱུ་འདྲའོ། །ཞེས་ཟེར། མིག་ལ་རེག་པ་རྣམས་ནི་ཕོར་པ་འདྲའོ། །རྣ་བ་ལ་རེག་པ་རྣམས་ནི་ཞིབ་མ་འདྲའོ། །རྒྱལ་ལ་རེག་པ་རྣམས་ནི་ཁྱོགས་དང་འདྲའོ། །མཇུག་མ་ལ་རེག་པ་རྣམས་ནི་ཐིག་གུ་འདྲའོ། །ཞེས་ཟེར་རོ། །དེ་རྣམས་ཀྱིས་གླང་པོ་ཆེ་གཞན་ལ་སྨྲས་པ་མ་ཡིན་ཡང་། ཐམས་ཅད་དུ་རྟོགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་རང་བཞིན་ཡང་། སྟོང་པ་ཉིད་དང་། སྒྱུ་མ་ལྟ་བུ་དང་། འོད་གསལ་བ་ལ་སོགས་ཐ་དད་པར་སྨྲས་ཀྱང་ཐམས་ཅད་དུ་རྟོགས་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ལམ་དེ་དག་གིས་རྫོགས་པ་ཆེན་པོའི་དོན་ལ་བསྒྲིབས་ཤིང་རྫོགས་པ་ཆེན་པོའི་ལམ་ལ་གནས་བཞིན་པར་དེ་དག་གི་རྟོགས་པ་སྐྱེས་ན་གོལ་སར་བཤད་དེ། ཀུན་བྱེད་རྒྱལ་པོ་ལས། ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །དེ་ཡང་ཇི་ལྟ་བུ་ཞེ་ན། །བྱང་ཆུབ་སེམས་དཔའི་མདོ་སྡེ་ནི། །ཀུན་ཏུ་འོད་ཀྱི་ས་འདོད་པ། །བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས། །ཆོས་ཉིད་སྟོང་པ་ནམ་མཁའ་འདོད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས། །རྟོག་དཔྱོད་འདས་ལ་མདོ་སྡེས་བསྒྲིབས། །རྫོགས་ཆེན་རྟོག་དང་དཔྱོད་པ་ནི། །མདོ་སྡེ་དག་ཏུ་གོལ་བར་བཤད། །ཀྲི་ཡ་རྡོ་རྗེ་འཛིན་འདོད་པ། །དག་པ་རྣམ་གསུམ་སྒོར་ཞུགས་ནས། །གཟུང་འཛིན་དག་པའི་ཡུལ་ལ་གནས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཟུང་འཛིན་འདས་པའི་བྱང་ཆུབ་སེམས། །གཟུང་འཛིན་འདས་པ་དེ་ཡིས་བསྒྲིབས། །རྫོགས་ཆེན་གཟུང་དང་འཛིན་བྱེད་པ། །ཀྲི་ཡ་དག་ཏུ་གོལ་བར་བཤད། །ཨུ་པ་ཡ་ཡི་ལྟ་སྤྱོད་ནི། །ཀྲི་ཡ་སྤྱོད་ཅིང་ཡོ་ག་བསྒྲུབ། །ལྟ་སྤྱོད་འབྲེལ་བའི་དོན་མེད་པས། །གཉིས་སུ་མེད་པའི་དོན་མ་རྟོགས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །གཉིས་སུ་མེད་ལ་ཨུ་པས་བསྒྲིབས། །རྫོགས་ཆེན་གཉིས་སུ་བྱེད་པ་ནི། །ཨུ་པ་ཡ་རུ་གོལ་བར་བཤད། །ཡོ་ག་སྟུག་པོ་བཀོད་འདོད་པ། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཕྱག་རྒྱ་བཞི་ལ་གཙོར་བྱེད་དེ། །བླང་དོར་མེད་ལ་འཇུག་མ་ནུས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །བླང་དོར་མེད་ལ་ཡོ་གས་བསྒྲིབས། །རྫོགས་ཆེན་བླང་དང་དོར་བྱེད་པ། །ཡོ་ག་དག་ཏུ་གོལ་བར་བཤད། །མ་ཧཱ་རྡོ་རྗེ་འཆང་འདོད་པ། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་སྒྲུབ་རྣམ་བཞི་སྒྲུབ་པར་བྱེད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་སྒྲུབ་འདས་ལ་མ་ཧཱས་བསྒྲིབས། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་པ་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་བལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་བལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་གསུངས་པས། དེ་དག་རྣམས་ནི་སེམས་ཀྱིས་བྱས་ཤིང་བཅོས་པས་ན་སེམས་ནི་ཚོགས་བརྒྱད་ཀུན་ཏུ་རྟོག་པ་དོར་བྱའི་དྲི་མ་ཡིན་ལ། འདི་ལྟར་རང་བཞིན་རྫོགས་པ་ཆེན་པོ་ནི་སེམས་ལས་འདས་པའི་སེམས་ཉིད་རིག་པ་རང་བྱུང་གི་ཡེ་ཤེས་འོད་གསལ་འདུས་མ་བྱས་པར་གཤིས་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་བཞུགས་པ་ལས། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་དང་གཞན་གྱི་རྐྱེན་ལ་སོགས་པའི་ཁམས་ལས་རང་བཞིན་གྱིས་གྲོལ་བས་ལྟོས་མི་དགོས་པ་ནམ་མཁའ་ལྟ་བུའི་མཚན་ཉིད་གནས་ལུགས་འཕོ་འགྱུར་མེད་པར་གྲུབ་པའི་གནད་ཀྱིས་ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་ཀྱང་བྱས་པ་མེད་པར་རང་བྱུང་གི་ཡེ་ཤེས་རང་ངོ་རྟོགས་པའི་ཆ་ནས་སངས་རྒྱས་ལས་ཐོས་བསམ་དང་འདུ་བྱས་པའི་ཚོགས་བསགས་སོགས་རྐྱེན་གཞན་གྱིས་མ་བྱུང་བར་བསྟན་པ་སྟེ། སངས་རྒྱས་རྣམས་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། སངས་རྒྱས་རྣམས་ཀྱིས་ནི་ཆོས་འགའ་ཡང་མ་གཟིགས། མ་གསན། མ་དགོངས། རྣམ་པར་མི་མཁྱེན། ཀུན་ཏུ་མི་མཁྱེན་ཏོ། །སངས་རྒྱས་རྣམས་ཀྱིས་ནི་མ་གསུངས། མ་བརྗོད་དོ། །སངས་རྒྱས་རྣམས་ཀྱིས་ནི་མི་གསུངས་མི་བརྗོད་དོ། །སངས་རྒྱས་རྣམས་ནི་གསུང་བར་མི་འགྱུར་བརྗོད་པར་མི་འགྱུར་རོ། །སངས་རྒྱས་རྣམས་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མི་མཛད་དོ། །སངས་རྒྱས་རྣམས་ཀྱིས་ནི་ཆོས་གང་ཡང་མངོན་པར་རྫོགས་པར་འཚང་མ་རྒྱས་སོ། །སངས་རྒྱས་རྣམས་ནི་ཉོན་མོངས་པ་མ་སྤངས་སོ། །སངས་རྒྱས་རྣམས་ཀྱིས་ནི་རྣམ་པར་བྱང་བ་མངོན་སུམ་དུ་མཛད་དོ། །སངས་རྒྱས་རྣམས་ཀྱིས་ནི་ཆོས་གང་ཡང་མ་གཟིགས། མ་གསན། མ་མྱངས། མ་མནམས། མ་རིག །མི་མཁྱེན་ཏོ། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ཆོས་ཐམས་ཅད་ནི་གཟོད་མ་ནས་ཡོངས་སུ་དག་པའི་ཕྱིར་རོ། །ཞེས་དང་། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང་། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །ཞེས་སོགས་གསུངས་པ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ། གནས་ལུགས་སམ། གཤིས་ལུགས་སམ། ཆོས་ཉིད་གང་ཡིན་པ་དེ་ནི་འདུས་མ་བྱས། རྒྱུ་རྐྱེན་གྱིས་མ་བསྐྱེད་པ། གཞན་ལ་རག་མ་ལུས་ཤིང་། རྐྱེན་གཞན་གྱིས་མི་རྟོགས་པ། བློས་བསྒྲུབས་པའི་མཐའ་ལ་མི་གནས་པ་ཞིག་སྟེ། འཕགས་པ་དཀོན་མཆོག་བརྩེགས་པ་འོད་སྲུང་གིས་ཞུས་པ་ལས། གང་འདུས་མ་བྱས་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ། །འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་བསླབ་པ་ཡང་མེད་བསླབ་པ་ལས་འདས་པ་ཡང་མེད་དོ། །གང་བསླབ་པ་ཡང་མེད་བསླབ་པ་ལས་འདས་པ་ཡང་མེད་པ་དེ་ལ་རྒྱུ་བ་ཡང་མེད། མི་རྒྱུ་བ་ཡང་མེད། རབ་ཏུ་རྒྱུ་བ་ཡང་མེད། གང་ལ་རྒྱུ་བ་ཡང་མེད། མི་རྒྱུ་བ་ཡང་མེད། རབ་ཏུ་རྒྱུ་བ་ཡང་མེད་པ་དེ་ལ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་དོ། །གང་ལ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་པ་དེ་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ། །གང་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་པ་དེ་ལ་བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་དོ། །གང་ལ་བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཏེ། འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་ནི་ལས་ཀྱང་མེད། ལས་མངོན་པར་འདུ་བྱེད་པ་ཡང་མེད་དོ། །ཞེས་དང་། དགོངས་པ་ངེས་པར་འགྲེལ་པ་ཐེག་ཆེན་པོའི་མདོ་སྡེ་ལས། འཕགས་པ་རྣམས་ཀྱིས་འཕགས་པའི་ཤེས་པ་དང་། འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་སྟེ། བརྗོད་དུ་མེད་པའི་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་མ་བྱས་ཞེས་མིང་དུ་བཏགས་སོ། །ཞེས་དང་། རྩ་བའི་ཤེས་རབ་ལས། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ནི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་གྱུར། །རང་བཞིན་དག་ནི་བཅོས་མེད་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཅེས་སོགས་རྒྱ་ཆེར་གསུངས་པ་འདིར་རང་བཞིན་གཤིས་ཀྱི་གནས་ལུགས་རྫོགས་པ་ཆེན་པོའི་གྲུབ་པའི་མཐའ་རྒྱུ་རྐྱེན་ལས་འདས་པའི་འདུས་མ་བྱས་ཀྱི་ཡེ་ཤེས་མངོན་པར་རྟོགས་པའི་སྒྲ་དབྱངས་མངོན་སུམ་དུ་སྒྲོགས་པར་མཛད་ཅིང་། དེ་ཉིད་མཐའ་བྲལ་དུ་གཏན་ལ་ཕབ་པའི་ཚུལ་ཡང་། གང་དག་རང་བཞིན་གཞན་དངོས་དང་། དངོས་དང་དངོས་མེད་ཉིད་བལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །ཞེས་དང་། དཔལ་ནཱ་རོ་པས་དེ་ཁོ་ན་ཉིད་སྒྲུབ་པའི་ཐབས་ཞེས་བྱ་བ་རྫོགས་པ་ཆེན་པོའི་ལམ་གྱི་རིམ་པ་ལས་ཀྱང་། སངས་རྒྱས་སེམས་ཅན་རང་བཞིན་གཅིག །སེམས་ཀྱི་ཡེ་ཤེས་གསང་བ་འདི། །སྙིང་པོའི་དོན་ལས་རྨད་དུ་བྱུང་། །རང་བྱུང་ཆེ་བ་བདག་ཉིད་སྐུ། །རང་རིག་བདེ་བ་རྫོགས་པ་ཆེ། །ཐུགས་རྗེ་སྣང་བ་སྤྲུལ་པའི་སྐུ། །ངོ་བོ་མ་གྲུབ་གསང་བའི་སེམས། །སྣང་དང་མི་སྣང་དབྱེར་མེད་དོ། །ཞེས་དང་། དེ་ཉིད་ལ་ལམ་གྱི་དམིགས་པ་འོག་མ་ལྟར་མི་གནས་པའི་ཚུལ་ཡང་། སྔ་མ་ལས། རྫོགས་པའི་ཡེ་ཤེས་སྙིང་པོ་ལ། །རིམ་པའི་ལམ་མེད་མཐར་ཕྱིན་པ། །ཞེས་སོ། །འོ་ན་རིམ་པ་འོག་མ་དེ་དག་བསྟན་པ་ལ་དགོས་པ་ཅི་ཞེ་ན། གདུལ་བྱའི་བློ་རིམ་ལ་ལྟོས་པའམ་འོག་མས་བློ་སྦྱངས་ནས་རིམ་གྱིས་ལམ་འདིར་འཇུག་པའི་ཐབས་སམ་ལམ་སྟེགས་སུ་འགྱུར་བ་ལ་དགོངས་པ་སྟེ། བདེ་བར་གཤེགས་པའི་བསྟན་པ་ཐམས་ཅད་ཀྱི་སྙིང་པོའམ་བརྗོད་བྱའི་མཐར་ཐུག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་གཉུག་མའི་དེ་བཞིན་ཉིད་གཅིག་པུ་ཡིན་ལ། དེ་ཉིད་རང་རིག་མངོན་སུམ་གྱིས་རྫོགས་པར་གཏན་ལ་ཕེབས་པ་ནི་རྫོགས་པ་ཆེན་པོའི་ལམ་ལས་གཞན་དུ་མེད་ཅིང་། སྡོམ་པ་གསུམ་དང་། ཕར་ཕྱིན་དྲུག་དང་། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དེ་དག་ཐམས་ཅད་ཀྱང་རྫོགས་པ་ཆེན་པོ་རྟོགས་པོའི་ཐབས་དང་དེ་ཉིད་གང་དུ་བགྲོད་པའི་ངལ་སྟེགས་ཙམ་དུ་བསྟན་པ་སྟེ། གསང་སྙིང་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་དང་། ཨིནྡྲ་བྷུ་ཏིའི་དབང་གི་འཁོར་ལོའི་མན་ངག་ལས། རང་བཞིན་གྱིས་ནི་འོད་གསལ་ཞིང་། །རྫོགས་པ་ཆེན་པོའི་མཐར་ཐུག་པ། །མན་ངག་ཀུན་གྱི་མཆོག་གི་མཆོག །དེ་སྒྲུབ་ཐབས་སུ་གསུངས་པར་ཟད། །ཅེས་དང་། ཞི་བ་ལྷས་ཀྱང་། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་བཤད་པས་སོ། །དེས་ན་རྫོགས་པ་ཆེན་པོའི་རང་བཞིན་འདི་ཉིད་བདེ་བར་གཤེགས་པས་བཀའ་འཁོར་ལོ་བར་པར་སྤྲོས་པའི་མཚན་མ་མི་དམིགས་པའི་ཚུལ་གྱིས་བསམ་གྱིས་མི་ཁྱབ་པའི་གནས་ལུགས་རྒྱས་པར་བསྟན་མོད་ཀྱི་གཤིས་ཀྱི་བཞུགས་ཚུལ་མ་བསྟན། འཁོར་ལོ་ཐ་མར་གཤིས་ཀྱི་བཞུགས་ཚུལ་བསྟན་ཀྱང་དེ་མངོན་དུ་བྱེད་པའི་ལམ་མཚན་ཉིད་པ་མ་བསྟན། དེའི་ཕྱིར་འཁོར་ལོ་བར་བའི་དགོངས་པ་འཕགས་མཆོག་ཀླུས་བཀྲལ་བའི་རིག་ཚོགས་ཀྱི་དགོངས་པ་མ་འགྱུར་བ་དང་། དེའི་ཆོས་དབྱིངས་བསྟོད་པ་སོགས་དང་། ཐ་མའི་དགོངས་པ་རྒྱལ་ཚབ་བྱམས་པ་དང་འཕགས་མཆོག་ཐོགས་མེད་སྐུ་མཆེད་སོགས་ཀྱིས་བཀྲལ་པ་བཅས་ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱི་དགོངས་པ་མཐར་ཐུག་འགལ་བར་མི་འདུ་བར་རྫོགས་པ་ཆེན་པོ་ཉིད་དུ་དོན་གྱིས་གནས་ཏེ། གང་གི་ཕྱིར་ཞེ་ན། རང་བཞིན་ཆོས་ཉིད་ཟབ་མོའི་གནས་ལུགས་དེ་ལས་གཞན་དུ་སློབ་དཔོན་དེ་དག་མི་བཞེད་ཅིང་། དེ་ལས་གཞན་དུ་རྫོགས་པ་ཆེན་པོའང་མ་གྲུབ་པའི་ཕྱིར་རོ། །འོན་ཀྱང་དེ་ཉིད་མངོན་དུ་བྱེད་པའི་ལམ་སྔགས་ཁོ་ན་ཁྱད་པར་དུ་འཕགས་མོད་ཀྱི། དེ་ལྟ་ནའང་སྔགས་འོག་མའི་མཚན་བཅས་དང་མཚན་མེད་ཀྱི་རིམ་པ་ཙམ་པོ་དང་། བླ་མེད་མཆོག་ཏུ་གྲགས་པ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་དང་། གཞན་ཡང་རིམ་པ་ལྔ་པ་སོགས་ཀྱིས་རྩ་ཐིག་རླུང་གསུམ་གྱི་བྱེད་པ་བཅིངས་པས་འོད་གསལ་རྟགས་བཅུ་དང་སྟོང་གཟུགས་རེ་ཁཱ་ནག་པོའི་ནང་དུ་སྲིད་པ་གསུམ་གྱི་གཟུགས་བརྙན་མཐོང་བར་བཤད་པ་ཙམ་སྟེ། དེའང་ཤེས་ཉམས་འཕེལ་འགྲིབ་ཅན་ཏེ་ཇི་ལྟར་བསྒོམས་ཀྱང་འབྱུང་བ་འོད་དུ་དེངས་པའི་རྡོ་རྗེའི་སྐུ་སྒྲུབ་མི་ནུས་པའི་ཕྱིར་དེ་དག་སྐལ་དམན་རྣམས་འདིར་དྲང་བའི་དོན་ཙམ་ལས་ངེས་པའི་དོན་ལ་མ་རེག་སྟེ། ནཱ་རོ་པས། ངེས་པའི་ཐབས་གཅིག་སྙིང་པོའི་དོན། །ཕྱག་རྒྱ་རིམ་བཞི་སྦྱོར་བ་དྲུག །བསམ་པའི་ཐེག་པ་སྣ་ཚོགས་པ། །དྲང་བ་ཉིད་གྱུར་ངེས་པ་མིན། །ངོ་བོ་ཉིད་ལ་མཐོ་དམན་མེད། །མོས་འཇུག་བསམ་པའི་རྟོག་པར་ཟད། །ཅེས་གསུངས་པ་བཞིན་ནོ། །དེར་མ་ཟད་ལམ་འོག་མའི་བསྐྱེད་རིམ་བསྒོམ་པ་ནི་རྫོགས་རིམ་གྱི་སྨིན་བྱེད་ཙམ་དང་། དེ་བསྒོམ་པས་ལས་རྒྱ་དང་ཡེ་རྒྱའི་ཁྱད་པར་གྱིས་འདོད་པའི་རིག་འཛིན་དང་གཟུགས་ཀྱི་རིག་འཛིན་གང་རུང་གི་རྟེན་དེས་མཁའ་སྤྱོད་འགྲུབ་པ་ཙམ་ལས་མེད་ལ། རྫོགས་རིམ་རྩ་ཐིག་རླུང་གསུམ་གཅུན་པས་ཡེ་ཤེས་སྐྱེ་བར་འདོད་པ་ཡང་རྩོལ་བཅས་ཀྱི་རྐྱེན་ཁར་མ་འདས་ལ། དབང་གསུམ་པའི་བདེ་སྟོང་གི་ཡེ་ཤེས་ཀྱང་དབང་པོ་གཉིས་སྦྱོར་གྱི་དགའ་བའི་རྗེས་སུ་སྐྱེ་བར་འདོད་པ་གང་ཞིག་ཁམས་གསུམ་ལས་མ་གྲོལ་བའི་ཕྱིར་འཕོ་མེད་ཀྱི་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ནི་དེས་རྟོགས་པར་མ་བསྟན་ཅིང་སྔ་མ་དེ་དག་བདེ་བའི་བསམ་གཏན་ཙམ་དུ་བཤད་པ་སྟེ། དཔལ་ནཱ་རོ་པས་དེ་ཁོ་ན་ཉིད་སྒྲུབ་པ་ལས། ངེས་པ་སྤྲོས་བྲལ་རང་བྱུང་སེམས། །ཆགས་པའི་ལམ་གྱིས་ཤེས་མི་འགྱུར། །རང་བྱུང་འོད་གསལ་སྙིང་པོ་འདི། །མཚན་མ་མེད་པའི་རང་བཞིན་པས། །ཤེས་རབ་ཐབས་ཀྱི་ཆགས་པ་བྲལ། །ཐིག་ལེ་འདོད་རྩོལ་སྤྲོ་བ སྡུ་མེད། །ཤེས་རབ་ཐབས་ལ་སྙོམས་འཇུག་ས། །བདེ་བའི་བསམ་གཏན་ཆེན་པོ་ཡིན། །སྒྱུ་མའི་རོ་ལ་མ་ཆགས་པར། །ཆགས་མེད་མི་ཤེས་རྫོགས་པའི་ལམ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་གྲུབ་པ་ཉིད་ཀྱིས་རང་བཞིན་ཡོངས་སུ་དག་པའི་ཤེས་རབ་རྫོགས་པ་ཆེན་པོའི་གནས་ལུགས་གང་ཞིག་མ་རྟོགས་པར་ནི་བློའི་ཡུལ་དུ་དམིགས་པའི་སྡོམ་པ་གསུམ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྐྱེད་རྫོགས་སོགས་ལམ་བདེན་གྱི་རྣམ་པ་དེ་དང་དེས་ཉོན་མོངས་པའི་ཚོགས་ཉན་རང་གིས་སྤང་། བྱང་སེམས་ཀྱིས་འགོག །གསང་སྔགས་ཀྱིས་ལམ་དུ་སྒྱུར་བ་སོགས་ཅི་རིགས་པའི་ཐབས་རྣམས་དྲན་བསམ་རང་རྒྱུད་པའི་རྟོག་དཔྱོད་ཀྱིས་བསྒྲུབས་པའི་དགེ་རྩ་འདུ་བྱས་པ་ལས་མ་འདས་ཤིང་། དབུ་མ་རྒྱན་ལས། ངོ་བོ་འདུས་བྱས་མ་ཡིན་པ། །འགའ་ཡང་གང་ན་ཡོད་མ་ཡིན། །ཞེས་པ་ལྟར་རོ། །གནས་ལུགས་ཀྱི་དེ་ཉིད་རྟོགས་པའི་སྐབས་ཐོབ་པ་ཉིད་ནས་ཀྱང་འོག་མ་ལྟར་དཀར་ནག་དགེ་སྡིག་གི་སྤང་བླང་ལ་སོགས་སྤྱོད་པའི་མཐའ་ལ་ཞེན་ན་ཡེ་ཤེས་ཀྱི་ཚོགས་དམ་པའི་གེགས་དང་གོལ་ས་ཆེན་པོར་བཤད་དེ། དཀོན་བརྩེགས་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པའི་རྣམ་གྲངས་འདི་ལ་འཇུག་པར་བྱའོ། །དགེ་བའམ་མི་དགེ་བའི་ཆོས་རྣམས་ལ་མངོན་པར་ཞེན་པར་མི་བྱ་སྟེ། མི་དགེ་བའི་ཆོས་རྣམས་ལ་མངོན་པར་ཞེན་པས། མི་དགེ་བའི་ཆོས་རྣམས་ལ་མངོན་པར་ཞེན་པར་འགྱུར་རོ། །མི་དགེ་བའི་ཆོས་རྣམས་ལ་མངོན་པར་ཞེན་པས་སྡུག་བསྔལ་དང་། ཡིད་མི་བདེ་བའི་ཆོས་རྣམས་མངོན་པར་འབྱུང་བར་འགྱུར་བ་འདི་དག་ནི་སྡུག་བསྔལ་འཕགས་པའི་བདེན་པར་བཏགས་པས་དེ་བཞིན་གཤེགས་པས་མི་དགེ་བའི་ཆོས་ཀྱི་རྣམ་གྲངས་སུ་བསྟན་ཏོ། །དགེ་བ་དང་མི་དགེ་བ་ལ་མངོན་པར་ཞེན་པ་མེད་པ་དང་། སྲེད་པ་འགོག་པ་འདི་དག་ནི་ཀུན་འབྱུང་བ་སྤང་ཞིང་འཕགས་པའི་བདེན་པ་གཉིས་པོ་རྟོགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་དགེ་བའི་ཆོས་ཀྱི་རྣམ་གྲངས་སུ་བསྟན་ཏོ། །ཞེས་དང་། ཡང་དེ་ཉིད་ལས། དེ་ལ་དགེ་བ་ཡང་སྟོང་ལ། མི་དགེ་བ་ཡང་སྟོང་། དགེ་བ་ཡང་རྣམ་པར་དབེན་ལ། མི་དགེ་བ་ཡང་རྣམ་པར་དབེན། དགེ་བ་ཡང་མི་དགེ་བ་དང་མི་འདྲེ་ལ། མི་དགེ་བ་ཡང་དགེ་བ་དང་མི་འདྲེ་ཞིང་། དགེ་བ་དང་མི་དགེ་བར་མངོན་པར་ཞེན་པའི་རྒྱུ་དང་རྐྱེན་མེད་དོ། །ཞེས་དང་། ཐེག་པ་ཆེན་པོའི་སྡེ་སྣོད་ཡེ་ཤེས་དམ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཏོག་གིས་གསོལ་བ། བསོད་ནམས་ཀྱི་ཚོགས་གང་ལགས། བཀའ་སྩལ་པ། སྦྱིན་པ་ལ་སོགས་དཀར་པོའི་ཆོས་མཚན་མ་དང་བཅས་པའོ། །ཡེ་ཤེས་ཀྱི་ཚོགས་གང་ལགས། ཤེས་རབ་ལ་སོགས་མཚན་མ་མེད་པའོ། །གསོལ་བ། དེ་གཉིས་ཇི་ལྟར་གསོག་པར་བགྱི། བཀའ་སྩལ་པ། བསོད་ནམས་ཀྱི་ཚོགས་ནི་འཁོར་བའི་བསོད་ནམས་ཀྱི་ཚོགས་ཞེས་བྱ་ལ་དཔེར་ན་བ་ལང་གི་རྨིག་རྗེས་ཀྱི་ཆུ་དང་མཚུངས་སོ། །དེ་ཕྱིའི་ཕྱིར་ཞེ་ན། མྱུར་དུ་བརླག་པ། ཟད་པ། འབྲི་བ། ལྷ་མིའི་བདེ་བ་མྱོང་ནས་སླར་ངན་སོང་དུ་འཁོར་བར་བྱེད་པ་ཡིན་ནོ། །ཡེ་ཤེས་ཀྱི་ཚོགས་ནི་མྱ་ངན་ལས་འདས་པའི་ཚོགས་ཞེས་བྱ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོའི་ཆུ་ལྟ་བུ། མི་བརླག་པ། མི་འཛད་པ། མི་བསླུ་བ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ། །ཡེ་ཤེས་རྟོག་ཡེ་ཤེས་ཚོགས་ཁོ་ན་བསག་པར་བྱའོ། །ཞེས་གསུངས་པ་དང་། དེར་མ་ཟད་སྔགས་ཕྱི་ནང་གི་དེ་ཉིད་བཅུ་ཡང་རྣལ་མའི་དོན་ལ་སྒྲིབ་བྱེད་ཀྱི་མཚན་མར་གྱུར་པ་སྟེ། ཀུན་བྱེད་ལས། ལྟ་བ་སྒོམ་མེད་དམ་ཚིག་བསྲུང་དུ་མེད། །ས་ལ་སྦྱང་མེད་ལམ་ལ་བགྲོད་དུ་མེད། །ཕྲིན་ལས་རྩོལ་མེད་དབང་ལ་བསྐུར་དུ་མེད། །སྒོ་གསུམ་རྩོལ་མེད་དཀྱིལ་འཁོར་བསྐྱེད་དུ་མེད། །རྒྱུ་འབྲས་གཉིས་མེད་ནམ་མཁའ་ལྟ་བུའོ། །ཞེས་དང་། འཕག་ས་པ་འཇམ་དཔལ་གྱིས་ཀྱང་། །དེ་ལ་དཀྱིལ་འཁོར་སྦྱིན་སྲེག་དང་། །གཏོར་མ་བཟླས་པ་བགྲང་ཕྲེང་དང་། །སྐྱིལ་མོ་ཀྲུང་དང་སྟངས་སྟབས་སོགས། །སྤྲོས་བྲལ་རྣམ་པར་བསླུ་བ་སྟེ། །བྱ་བ་མ་ཡིན་དགག་པའང་མིན། །ཞེས་དང་། བྱ་བ་རྣམས་ལ་རྣལ་འབྱོར་པ། །ལམ་ཆེན་དག་ཏུ་ཡོངས་འཛིན་པ། །རི་དྭགས་སྨིག་རྒྱུ་བསྙེགས་པ་ལྟར། །རྟག་ཏུ་སྣང་ཡང་མི་ཟིན་ནོ། །ཞེས་དང་། ཀྱེ་རྡོ་རྗེ་ལས། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་དང་། མཁའ་འགྲོ་མའི་གསང་མཛོད་ལས་ཀྱང་། འདི་ལྟར་སྣང་བ་དངོས་པོ་རྣམས། །སྒྱུ་མ་ལྷ་དང་ལྷ་མོར་གནས། །བསྡོམ་བྱ་མེད་ཅིང་སྡོམ་བྱེད་མེད། །རྩ་དང་རླུང་དང་ཐིག་ལེ་མེད། །སྟོང་པ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་དང་། ཁྲུས་དང་གཙང་སྦྲ་འདིར་མི་དགོས། །དཀའ་ཐུབ་དཀའ་སྤྱོད་འདིར་མི་དགོས། །ཞེས་སོགས་ཀྱིས་རྒྱ་ཆེར་བསྟན་པ་ལྟར་རོ། །དེ་ལ་བློ་རྒྱ་ཆུང་བ་དག་གིས་བྱ་བ་དང་སྤྱོད་པའི་རྒྱུད་སོགས་རྡོ་རྗེ་ཐེག་པ་མ་ཡིན་ནམ། དེ་དག་ལས་ནི་ལས་དང་བྱ་བས་འགྲུབ་པར་བསྟན་ལ། གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས་སྦྱིན་པ་སོགས་བསོད་ནམས་ཀྱི་ཚོགས་ཉིད་ཐམས་ཅད་མཁྱེན་པའི་རྒྱུའི་གཙོ་བོར་གསུངས་པ་དང་འགལ་ལོ་ཞེ་ན། དེ་དག་ནི་བདེ་བར་གཤེགས་པས་དགོངས་ཏེ་གསུངས་པ། བྱིས་པ་བློ་དམན་པ་དང་། སྤྲོས་པ་ལ་དགའ་བ་དང་། ཤིན་ཏུ་ཟབ་མོའི་གནས་ལ་འཇིགས་པ་རྣམས་ཉེ་བར་བཟུང་བའི་ཕྱིར་གསུངས་པ་ཡིན་ཏེ། ཇི་སྐད་དུ་དེ་ཁོ་ན་ཉིད་འཇུག་པ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་ཏེ། །སྒོམ་པ་ལྷག་མ་དེ་དོན་ཡིན། །ལུས་ངག་ཡིད་ཀྱི་སྤྱོད་པ་ཀུན། །ཐེག་པ་དམན་ལ་བསྟན་པ་ཡིན། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་སྨྲ་བར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་པ། །ཕྱིས་ནི་རྣམ་པར་དབེན་དོན་ཉིད། །ཅེས་དང་། གཞན་ཡང་རྡོ་རྗེ་གཙུག་ཏོར་ལས་ཀྱང་། དེ་ཁོ་ཉིད་ལ་མཉམ་གནས་ན། །དམ་ཚིག་མེད་ཅིང་སྔགས་སྤྱད་མེད། །རྡོ་རྗེ་དྲིལ་བུ་གཟུང་མི་དགོས། །དེ་ཉིད་བཅུ་བྲལ་འགྲུབ་པར་འགྱུར། །ཞེས་པ་ལ་སོགས་པའི་ལུང་དང་བཅས་སློབ་དཔོན་འཇམ་དཔལ་གྲགས་པས་རྒྱ་ཆེར་བཤད་ལ། འཁོར་འདས་རོ་མཉམ་ཆེན་པོར་གཤིས་ལུགས་སུ་གྲོལ་བའི་རང་གྲོལ་རྒྱ་ཡན་ཆེན་པོ་དམ་ཚིག་བསྲུང་མཚམས་དང་། ཚིག་དང་ཡི་གེའི་ཡུལ་ལས་འདས་པའི་བརྗོད་མེད་ཀྱི་དེ་ཁོ་ན་ཉིད་མ་རྟོགས་ན་བསྐྱེད་རྫོགས་སོགས་ཡིད་དཔྱོད་ཀྱི་ཆོས་སོ་ཅོག་གིས་མི་གྲོལ་བའི་ཚུལ་གསལ་བར་བསྟན་ཅིང་། དེ་དང་མཚུངས་པར་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་ཀྱང་། ལག་ན་རྡོ་རྗེ། ངས་སེམས་ཅན་རྣམས་ཀྱི་བློའི་ཁྱད་པར་དང་རིགས་ཀྱི་བྱེ་བྲག་གིས་ཐེག་པའི་ཁྱད་པར་རྣམས་བསྟན་ཏེ་ལ་ལ་ཕྱི་རོལ་པའི་ཚུལ་ལོ། །ལ་ལ་ཉན་ཐོས་ཀྱི་ཐེག་པའོ། །ལ་ལ་རང་སངས་རྒྱས་ཀྱི་ཐེག་པ་དང་། གཞན་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། རིག་པ་འཛིན་པའི་རྒྱུད་དཔག་ཏུ་མེད་པ་བསྟན་ཀྱང་ཐིག་ལེ་ཆེན་པོ་ཡི་གེ་མེད་པ་བརྡའ་དང་བྲལ་བས་གཉིས་སུ་མེད་པར་སངས་རྒྱས་པར་རིག་པར་བྱའོ། །ཞེས་རྡོ་རྗེའི་ལུང་གིས་བསྙོན་དུ་མེད་པའི་སྒྲ་དབྱངས་སྒྲོགས་པར་མཛད་དོ། །གལ་ཏེ་རྫོགས་པ་ཆེན་པོར་དེ་ལྟར་བསྟན་པར་ཉིད་ཀྱིས་ལམ་འོག་མའི་ཐབས་ཀྱི་ཕྱོགས་རྣམས་སྤང་བར་ཡང་མི་འགྲུབ་སྟེ། རང་བྱུང་གི་ཡེ་ཤེས་རྫོགས་པ་ཆེན་པོའི་དེ་ཁོ་ན་ཉིད་ལ་རྣམ་བྱང་གི་ཆེ་བའི་ཡོན་ཏན་རྣམས་ལྷུན་གྲུབ་ཏུ་ཞུགས་ཤིང་སངས་རྒྱས་སྐུ་གསུམ་རང་ཆས་སུ་ཡོད་པས་ལོགས་ནས་བཙལ་ཞིང་བསྒྲུབ་མི་དགོས་པ་དེ་ཉིད་བླ་མའི་མན་ངག་གིས་རྟོགས་པར་གྱུར་པའི་སྐབས་ཉིད་ནས། དག་མཉམ་ཆེན་པོའི་དཀྱིལ་འཁོར་སྤྲོས་པ་མེད་པའི་བདག་ཉིད་ལ་ལྷ་དང་སྔགས་ཀྱི་རང་བཞིན་ཀྱང་ཚང་ཞིང་འདི་ཉིད་མ་བཅོས་ཡེ་ཇི་བཞིན་པའི་ངང་ལས་མ་གཡོས་པ་རྩོལ་སྒྲུབ་མེད་པ་ཁོ་ནར་བཞག་པས་འགྲུབ་ཅིང་། དེ་ལ་སྦྱིན་སོགས་ཕར་ཕྱིན་དྲུག་གི་སྤྱོད་པའི་ཕྱོགས་ཀྱང་ཚང་བར་འགྱུར་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཐེག་པ་ཆེན་པོའི་མདོ་ལས། མངོན་པར་འདུ་མི་བྱེད་པའི་ཚུལ་གྱིས་ཁྲིམས་ཀྱིས་མྱ་ངན་ལས་འདས་པའོ། །སྐད་ཅིག་པའི་ཚུལ་གྱིས་བཟོད་པས་མྱ་ངན་ལས་འདས་པའོ། །བླང་བ་དང་དོར་བ་མེད་པའི་ཚུལ་གྱིས་བརྩོན་འགྲུས་ཀྱིས་མྱ་ངན་ལས་འདས་པའོ། །རྣམ་པར་མི་རྟོག་པའི་ཚུལ་གྱིས་བསམ་གཏན་གྱིས་མྱ་ངན་ལས་འདས་པའོ། །ཐོགས་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱིས་མྱ་ངན་ལས་འདས་པའོ། །ཆོས་ཀྱི་དབྱིངས་འདོད་ཆགས་དང་བྲལ་བས་ན་འདོད་ཆགས་ནི་འདོད་ཆགས་དང་བྲལ་བའི་མཐའོ། །ཆོས་ཀྱི་དབྱིངས་ལ་གཏུམ་པ་མེད་པས་ཞེ་སྡང་ནི་ཡང་དག་པའི་མཐའོ། །ཆོས་རྣམས་ལ་རྨོངས་པ་མེད་པའི་ཕྱིར་གཏི་མུག་ནི་གཏི་མུག་མེད་པའི་མཐའོ། །ཤི་འཕོ་མེད་པ་དང་སྐྱེ་བ་མེད་པའི་ཚུལ་གྱིས་འཁོར་བ་ཡང་མྱ་ངན་ལས་འདས་པའོ། །མངོན་པར་ཆགས་པ་མེད་པའི་ཚུལ་གྱིས་མྱ་ངན་ལས་འདས་པ་ཡང་འཁོར་བའོ། །ཐ་སྙད་དུ་འདོགས་པའི་ལྟ་བས་བདེན་པ་ཡང་བརྫུན་པའོ། །མངོན་པའི་ང་རྒྱལ་ཅན་རྣམས་ལ་ནི་བརྫུན་པ་ཡང་བདེན་པའོ་ཞེས་དེ་ལྟར་ཤེས་སོ། །ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། དེ་ཉིད་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ལྷུར་ལེན་པ་མ་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལྷུར་ལེན་པ་མ་ཡིན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལྷུར་ལེན་པ་མ་ཡིན། སངས་རྒྱས་བལྟ་བ་ལྷུར་ལེན་པ་མ་ཡིན། དགེ་བའི་རྩ་བ་བསྐྱེད་པ་ལྷུར་ལེན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་ལྷུར་བླང་བ་བསྐྱེད་པ་དང་། གང་གིས་བསྐྱེད་པ་དང་། གང་ལ་བསྐྱེད་བར་བྱ་བའི་ཆོས་དེ་ལྟ་བུ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་བྱ་བ་ཐམས་ཅད་དང་བྲལ་བའི་གནས་ལུགས་དེ་ལ་ལམ་བདེན་གྱི་ཆོས་ཐམས་ཅད་མ་རྩོལ་བཞིན་དུ་ཆུ་བརྒྱ་ཟམ་འོག་ཏུ་འདུ་བ་ལྟར་རང་བཞིན་གྱིས་ཚང་བ་ཡིན་ཏེ། གསང་སྙིང་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ལས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་དང་། ཀུན་བྱེད་ལས། སེམས་ནི་ཇི་བཞིན་པ་ཡི་དངོས་པོ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་འགྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་བསྒྲུབས་ཤིག །བཙལ་བ་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས། །སྔར་བསྒྲུབས་ཟིན་པས་ད་སྒྲུབ་མ་བྱེད་པར། །མི་རྟོག་ཅིར་མི་དགོངས་ལ་མཉམ་པར་ཞོག །ཅེས་དང་། ཀྱེ་རྡོ་རྗེ་ལས། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་རྣམ་པར་གནས། །ཞེས་སོ། །གཞན་ཡང་སྔགས་དང་། ཕྱག་རྒྱ་དང་། དམ་ཚིག་དང་། འཕྲོ་འདུ་སོགས་ཐམས་ཅད་ཀྱང་དྲན་མཆོག་རྒྱལ་པོ་རིག་པའི་ཆོས་ཉིད་ལ་རྫོགས་པའི་ཚུལ། དཔལ་ན་རོ་པའི་དེ་ཁོ་ན་ཉིད་སྒྲུབ་ཐབས་ལས། ཡི་གེ་མེད་པ་སྙིང་པོའི་གསུང་། །དམ་པ་བྱང་ཆུབ་སེམས་ལ་གནས། །རྒྱལ་པོ་དམ་ཚིག་མ་བཅོས་པ། །བསྲུང་བ་མེད་པའི་ཚུལ་གྱིས་བསྲུང་། །འགྱུར་བ་མེད་པའི་ཕྱག་རྒྱ་ལ། །འགྱུར་བ་མེད་པའི་དོན་གྱིས་འདེབས། །མཐའ་དབུས་མེད་པའི་དཀྱིལ་འཁོར་ལ། །ཡེ་ཤེས་འདུ་འཕྲོ་མེད་པར་གསལ། །བསམ་བྲལ་རང་བཞིན་རྒྱལ་བའི་ཐུགས། །བྱང་ཆུབ་སེམས་ལས་འདའ་བ་མེད། །ཅེས་དང་། དེ་བཞིན་དུ་རྒྱུའི་ཐེག་པའི་སྤྱོད་པའི་ཕྱོགས་ཀྱང་ཚང་བར་བསྟན་ཏེ། དེ་ཉིད་ལས། དེ་ཉིད་སྙིང་པོའི་དོན་ལྡན་པས། །འདོད་པའི་ཚོགས་ལ་ཡིད་མི་འཇུག །དེ་བཞིན་ཕ་རོལ་ཕྱིན་པ་དྲུག །རང་བྱུང་རྫོགས་པའི་སེམས་ལ་གནས། །བསམ་བྲལ་མི་རྟོག་དགོངས་པ་ལ། །དེ་ཉིད་ཕ་རོལ་ཕྱིན་དྲུག་ལྡན། །མི་རྟོག་འཛིན་མེད་ཚུལ་ལ་གནས། །མ་ཡེངས་རིག་པ་རྒྱུན་མི་འཆད། །དམིགས་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་སོགས་གཞན་དང་གཞན་དུའང་རྒྱ་ཆེར་གསུངས་ཀྱང་འདིར་དེ་ཙམ་མོ། །དེ་ལྟར་ཡིན་པ་ཉིད་ཀྱིས་གནས་ལུགས་དེ་བཞིན་ཉིད་ཀྱི་ལྟ་བའི་གཞི་འདི་ནི་དམིགས་པ་མེད་པའི་ངོ་བོའི་མི་མཐུན་ཕྱོགས་རྣམ་རྟོག་གིས་དབེན་པ། ཡུལ་གྱི་མི་མཐུན་ཕྱོགས་མཚན་མའི་སྣང་བས་དབེན་པ། ཡུལ་ཅན་གྱི་མི་མཐུན་ཕྱོགས་གཏི་མུག་དང་བྲལ་བའི་སྒོ་ནས་འཁོར་བའི་ས་བོན་དྲུང་ནས་འབྱིན་པ་དུས་གསུམ་མཉམ་པ་ཉིད་ཀྱི་ལྟ་བ་ཞེས། བསམ་བརྗོད་རྒྱུ་འབྲས་དང་བཅས་པའི་རྣམ་ཤེས་ཚོགས་བརྒྱད་ཀྱི་རྒྱལ་ཁམས་ལས་འདས་ཤིང་རིག་པའི་ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོའི་ཡེ་ཤེས་སུ་གནས་པ་ཡིན་ཏེ། དེ་སྐད་དུའང་སློབ་དཔོན་འཕགས་པས། འཇིག་རྟེན་པས་ནི་གང་སྤངས་པ། །དེ་ནི་དོན་དམ་ཡིན་པར་བཤད། །ཅེས་དང་། དེའི་འགྲེལ་བར། ཕྱིན་ཅི་མ་ལོག་པ་དེ་ཉིད། འཇིག་རྟེན་ཐ་མལ་པས་གང་ལ་མ་རྟོགས་པར་གང་ཡིན་གྱིས་བསམ་པར་མ་གྱུར། ཡིད་ཀྱིས་བསམ་གྱིས་མི་ཁྱབ་པ། དབང་པོའི་ཡུལ་དུ་མ་གྱུར་པ། མ་རིག་པའི་ལིང་ཏོག་གིས་མུན་པས་མ་མཐོང་བ་སྤངས་པ། དབང་པོ་ཤིན་ཏུ་རྣོན་པོ་འཕགས་པའི་ཡེ་ཤེས་ཀྱིས་མཐོང་བའི་ཡུལ་དོན་དམ་པའོ། །ཞེས་གསུངས་པ་ལྟར་འཕགས་པའི་བདེན་པ་གཟུང་འཛིན་གཉིས་དང་བྲལ་བའི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱང་བྱ་དང་། དོན་དམ་པའི་བདེན་པ་དང་། ཡང་དག་པའི་མཐའ་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་སོགས་མཚན་གྱིས་བསྙད་པ་གང་ཡིན་པ་སྟེ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་དང་མཚུངས་ལྡན་དུ་ཡོད་པའི་ཡེ་ཤེས་ཀྱི་སྤྱི་གཟུགས་ཅན་གང་ཞིག །འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། ཆོས་འདི་ནི་ཡི་གེ་ཐམས་ཅད་ལས་ཡང་དག་པར་འདས་པ། སྨྲ་བ་ཐམས་ཅད་ལས་ཡང་དག་པར་འདས་པ། ཚིག་གི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ། ངག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། །བླང་བ་དང་དོར་བ་ཐམས་ཅད་དང་བྲལ་བ། ཕྱེ་བ་དང་བཙུམས་པ་ཐམས་ཅད་དང་བྲལ་བ། རྟོག་གེ་ཐམས་ཅད་དང་བྲལ་བ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། མཚན་མ་མེད་པས་མཚན་མ་དང་བྲལ་བ། མཚན་མའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། བྱིས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། བདུད་ཐམས་ཅད་ཀྱི་ཡུལ་ལས་ཡང་དག་པར་འདས་པ། ཉོན་མོངས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། གནས་མ་ཡིན་པ། མི་གནས་པ། ཞི་བ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། དེ་དག་ཉིད་ཀྱི་སོ་སོ་རང་གིས་རིག་པ། དྲི་མ་མེད་པ། མ་གོས་པ་དང་། རྣམ་པར་དག་པ། གྱ་ནོམ་པ། མཆོག །དམ་པ། ཕུལ། རྟག་པ། བརྟན་པ། ཐེར་ཟུག །མི་འཇིགས་པའི་ཆོས་ཅན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཆོས་ཀྱི་དབྱིངས་འདི་ནི་འདུག་པ་ཁོ་ནའོ། །ཞེས་གསུངས་ཤིང་ཚིག་ཐ་མས་རྫོགས་པ་ཆེན་པོའི་གནས་ལུགས་གདོད་ནས་དག་པའི་དངོས་དོན་ཇི་བཞིན་པར་བསྟོན་ཏོ། །དེ་ལ་རྫོགས་པ་ཆེན་པོ་ཞེས་པའི་མཚན་གྱིས་བསྙད་པ་ནི་རང་བྱུང་གི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པ་གང་དུ་ཐེག་པ་མཐའ་དག་གི་བརྗོད་བྱ་གང་ཡིན་པ་གཅིག་གི་ངོ་བོར་གནས་ཤིང་རྫོགས་པས་སམ། རྣམ་པར་བྱང་བའི་ཆོས་ཐམས་ཅད་བློའི་འཛིན་སྟངས་ཀྱིས་ཆེད་དུ་མ་དཔྱད་པར་རིག་པའི་ཆོས་ཉིད་སྐད་ཅིག་མའི་ངང་དུ་རྫོགས་པའི་ཕྱིར་ཏེ། ཀུན་བྱེད་ལས། གཅིག་རྫོགས་གཉིས་རྫོགས་སེམས་ལ་རྫོགས། །གཅིག་རྫོགས་སེམས་ཀྱིས་བྱས་པར་རྫོགས། །གཉིས་རྫོགས་ཕུན་སུམ་ཚོགས་པར་རྫོགས། །ཀུན་རྫོགས་བྱང་ཆུབ་སེམས་སུ་རྫོགས། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། །གང་དག་ཆོས་ཚུལ་འདི་དག་རྣམ་དག་ཅིང་། །རྫོགས་པའི་བྱང་ཆུབ་སེམས་བསྟན་ཁ་ལོ་བསྒྱུར། །དེ་དག་བྱང་ཆུབ་སེམས་མཆོག་རྣམ་དག་སྟེ། །ཉོན་མོངས་དྲི་མས་གཞར་ཡང་གོས་མི་འགྱུར། །ཇི་སྟེ་ནམ་མཁའ་ཉོན་མོངས་བྱ་བར་ནུས། །དེ་ལ་རྗེས་ཀྱང་བསྟན་པར་ནུས་སྲིད་ཀྱི། །རང་བཞིན་འོད་གསལ་རྫོགས་པའི་བྱང་ཆུབ་སེམས། །དེ་ནི་ནམ་ཡང་ཉོན་མོངས་བྱར་མི་ནུས། །ཞེས་གསུངས་པས་རྫོགས་པ་ཆེན་པོ་ཆོས་ཉིད་འོད་གསལ་བྱང་ཆུབ་སེམས་ཀྱི་རང་བཞིན་ཀ་དག་གི་མཚན་ཉིད་མ་འཁྲུལ་པར་བསྟན་ཅིང་། དེ་དང་མཚུངས་པར་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས་ཀྱང་། གཞན་ཡང་ཡང་དག་པ་ཞེས་བྱ་བ་ནི་འཇིག་རྟེན་གྱིས་དབུ་མའོ། །རྫོགས་པ་ཞེས་བྱ་བ་ནི་མཐར་ལམ་དབུ་མ་ལ་ནན་ཏན་བྱས་ན་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པར་ཤེས་པའོ། །ཞེས་གསུངས་པ་འདིས་སྔ་མ་ནི་རིག་ཤེས་ཀྱིས་རྗེས་དཔགས་ཚད་མས་བཞག་པ་དང་། ཕྱི་མ་འདི་བློའི་ཡུལ་མ་ཡིན་པའི་ཕྱིར་འཕགས་པའི་ལམ་འདི་ཉིད་ཀྱི་དགོངས་པར་དོན་གྱིས་གནས་པ་ཡིན་ནོ། །ཨ་ཏི་ཡོ་ག་ཞེས་པ་ངས་ཚིག་གི་དབང་དུ་ན། ཨ་ཏི་ནི་ཤིན་ཏུ་བའི་དོན་ཏེ། མཆོག་དང་། རབ་དང་། ཕུལ་དང་། རྩེ་མོ་དང་། ཡང་སྙིང་དུ་གྱུར་པའོ། །ཡོ་ག་རྣལ་འབྱོར་ཏེ། རྣལ་འབྱོར་ཐམས་ཅད་ཀྱི་མཐར་ཐུག་པས་ན་ཤིན་ཏུ་རྣལ་འབྱོར་རོ། །དེ་ཉིད་རྫོགས་རིམ་ཐམས་ཅད་ཀྱི་སྙིང་པོར་གྱུར་པར་དེའི་བླ་ན་བགྲོད་བྱ་གཞན་མེད་ལ། འདི་ཉིད་ཀྱིས་ཤིན་ཏུ་ཟབ་ཅིང་བརྟག་པར་དཀའ་བའི་ནམ་མཁའ་ལྟ་བུའི་སྐྱེ་བ་མེད་པའི་ཆོས་ཉིད་བཅར་ཕོག་ཏུ་སྟོན་པས་ན་ཆེན་པོའི་སྒྲས་བསྟན་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ནི་ཤིན་ཏུ་ཆེན་པོའོ། །ཞེས་བཀའ་སྩལ་པའང་འདིའི་ངེས་ཚིག་ལ་དགོངས་པའོ། །གཞན་ཡང་རང་བྱུང་གི་རིག་པ་ཉིད་ལ་འཁོར་འདས་ཀྱི་ཆོས་མཐའ་དང་རྫོགས་པའི་ཚུལ། ནཱ་རོ་པས་ཀྱང་། མ་བཅོས་རིག་པའི་ཏིང་འཛིན་གསལ། །བྱ་བ་མེད་བཞིན་དོན་ཀུན་རྫོགས། །རང་བྱུང་གཉུག་མ་ཀུན་གྱི་གཞི། །བགྲོད་མེད་རྣལ་འབྱོར་ལྷུན་གྲུབ་ལམ། །ཇི་བཞིན་ཀུན་རྫོགས་འབྲས་བུ་ཉིད། །ཐིག་ལེ་བྱ་བྲལ་རྫོགས་པའི་གཏེར། །བདེ་བའི་ཡེ་ཤེས་མི་རྟོག་ཐུགས། །སྐལ་ལྡན་དང་པོ་ཉིད་ནས་རྫོགས། །འགྲོ་དྲུག་འཁོར་བའི་རྟོག་པ་དང་། །རྒྱལ་བའི་ཡེ་ཤེས་མྱ་ངན་འདས། །བདེ་ཆེན་རིག་པ་གཅིག་གི་ངང་། །རང་བྱུང་ཇི་བཞིན་མ་བཅོས་པ། །ལྷུན་རྫོགས་སྤྲོས་པ་མེད་པའི་ངང་། །ཞེས་སོ། །གཞན་ཡང་འཕགས་པ་འཇམ་དཔལ་དབྱངས་ཀྱི་ཞལ་ལུང་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་བསྡུས་པ་ལས་ཀྱང་། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །དཔལ་ལྡན་ཀུན་གྱི་ངོ་བོ་རིམ་གཉིས་འདིས། །སྡུག་བསྔལ་ལམ་བཅས་བསྐལ་པ་གསུམ་དུ་ཡང་། །རང་གི་རྗེས་མཐུན་བྱང་ཆུབ་བླ་དང་བཅས། །ཐོབ་ནས་དེ་བདེ་ཅུང་ཙམ་རབ་ཆགས་པ། །རྣལ་འབྱོར་དེ་ཡིས་ཅི་ཕྱིར་དེ་མི་བསྒོམ། །ཞེས་དང་། དེའི་འགྲེལ་པར་རྫོགས་པ་ཆེན་པོ་ཞེས་པ་ནི་རིམ་པ་གཉིས་པའི་རིམ་པ་གཉིས་པའོ། །དེའི་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པ་ལྔའོ། །སྤྱི་གཟུགས་ཞེས་པ་ནི་དེ་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཡོངས་སུ་དག་པ་སྟེ། དེ་བས་ན་ཡོངས་སུ་དག་པའི་སྐུ་ཞེས་ཏེ། ཇི་བཞིན་པའི་འབྲས་བུའི་སྐུ་ཡིན་པས་ན་དེ་སྐད་དེ་དེ་ཉིད་ལ་རྡོ་རྗེ་འཆང་ཆེན་པོ་ཞེས་སོ། །དཔལ་ལྡན་ཀུན་ཞེས་པ་ནི། རང་གི་ཤེས་རབ་དང་ལྡན་པས་ན་སངས་རྒྱས་ཐམས་ཅད་ལ་བྱའོ། །དེ་ཉིད་དེ་ཐམས་ཅད་ཀྱི་དོན་དམ་པ་དང་ཀུན་རྫོབ་ཀྱི་ངོ་བོའོ། །དེ་ཉིད་ལ་རིམ་པ་གཉིས་འདི་ཞེས་ཏེ་རྫོགས་པའི་རིམ་པ་དེ་ཁོ་ན་ཞེས་སོ། །ལམ་རིང་བ་རྣམས་ཀྱི་ཐབས་ཆེ་བ་འདི་བསྒོམ་པར་གསུངས་པ། སྡུག་བསྔལ་ཞེས་པ་ལ་སོགས་པའོ། །སྡུག་བསྔལ་ཞེས་པ་ནི་མགོ་སྦྱིན་པ་ལ་སོགས་པའི་སྒོ་ནས་ལམ་རྣམས་ལ་བསྐལ་པ་གསུམ་དུ་ཡང་གསུངས་ཏེ། དད་པས་སྤྱོད་པ་དང་། དང་པོ་ནས་བདུན་པ་དང་། བརྒྱད་པ་ནས་བཅུ་པའི་བར་དུ་གྲངས་མེད་པའི་བསྐལ་པ་རང་གིས་རྗེས་སུ་མཐུན་པའི་བྱང་ཆུབ་ཐོབ་ཀྱང་དེའི་གོང་ན་བླ་ན་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཡོད་པས་ན་བླང་དང་བཅས་ཞེས་སོ། །དེའི་བདེ་བ་ནི་བདེ་བ་ཆེན་པོའི་སྦྱོར་བ་ལ་ལྟོས་ན། ཅུང་ཟད་ཙམ་སྟེ་དེ་ལ་རབ་ཏུ་ཆགས་པའི་རྣལ་འབྱོར་པ་དེ་ཡིས་འདི་ལྟ་བུ་དཔལ་དང་ལྡན་པ་ཀུན་ནས་བཀྲ་ཤིས་པ་འདི། ཚེ་གཅིག་གིས་འགྲུབ་པའི་ལམ་འདི་ཅིའི་ཕྱིར་མི་བསྒོམ་སྟེ་བསྒོམ་པར་བྱ་བ་ཁོ་ནའོ། །ཞེས་བི་ཏ་པ་དེས་ལེགས་པར་བཤད་དོ། །དེ་བཞིན་ཉིད་ཀྱི་ཆོས་ཉིད་ཟབ་མོའི་གནས་ལུགས་ནི་ཚད་མ་དང་རྟོག་གེའི་རིག་ཤེས་ལྟར་སྣང་གིས་རྟོགས་བྱའི་ཡུལ་དུ་མི་གནས་པའི་ཚུལ་ཡང་། འཕགས་པ་དགོངས་པ་ངེས་འགྲེལ་ལས། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་པ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་དང་། ལང་ཀར་གཤེགས་པ་ལས། བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་དེ་ལྟར་བརྟག །ཅེས་གསུངས་པ་བཞིན་ནོ། །གང་དག་རྟོག་གེའི་བསམ་བྱུང་གི་ཤེས་རབ་ནི་སྒྲ་ཚིག་ཐ་སྙད་དང་མཚན་མའི་ཆོས་ཀྱི་རྗེས་སུ་རྣམ་པར་རྟོག་པའི་སེམས་དང་སེམས་བྱུང་གིས་ཀུན་ཏུ་བསྐྱེད་པའི་ཕྱོགས་ཆོས་དང་། མཚན་མཚོན་དང་། རྫས་ལྡོག་དང་། འགལ་ཁྱབ་སོགས་ཀྱི་རྟོག་པས་བཏགས་པས་ཆོས་ཐམས་ཅད་རང་བཞིན་མེད་པ་དང་། རྣམ་རིག་མེད་པ་དང་། དངོས་པོ་མེད་པ་དང་། ཀུན་གཞི་མེད་པ་ལ་སོགས་སྟོང་པ་ཉིད་དུ་བློས་བཞག་ཅིང་རྗེས་སུ་དཔག་པར་བྱེད་པ་ནི་བྱིས་པའི་སྐྱེ་བོ་དག་གི་རྟོག་པའི་ཕྲེང་བ་ཙམ་དུ་སློབ་དཔོན་འཕགས་པ་ཉིད་ཀྱི་ཞལ་གྱིས་བཞེས་ཤིང་། ཇི་སྐད་དུ་སློབ་དཔོན་ཉིད་ཀྱིས། སྐྱེ་བ་དང་ནི་འགག་པ་ལ། །རྐྱེན་ནི་རྟོག་པ་གཅིག་པུ་ཡིན། །རྣམ་རིག་ཙམ་དུ་འབྱུང་བ་ནི། །དངོས་པོའི་རང་བཞིན་ཡོད་མ་ཡིན། །རྟོག་པར་གྱུར་པའི་རྟོག་གེ་བ། །བཏགས་པ་ཙམ་དུ་བསྒོམ་པ་ན། །རང་བཞིན་མེད་ཅིང་རྣམ་རིག་མེད། །དངོས་པོ་མེད་ཅིང་ཀུན་གཞི་མེད། །འདི་དག་བྱིས་པས་རབ་ཏུ་བཏགས། །རྟོག་གེ་ངན་པས་ཀུན་ཏུ་བསྐྱེད། །ཅེས་གསུངས་པས་སོ། །དེ་ལྟ་བས་ན་དོན་དམ་པའི་བདེན་པ་ནི་སྤྲོས་པ་ཉེ་བར་ཞི་བ། མཚན་མའི་ཆོས་དང་བྲལ་པ། ཚིག་དང་ཐ་སྙད་ཀྱི་ལམ་དུ་མི་གནས་པ། ཀུན་ཏུ་རྟོག་པའི་རྗེས་སུ་འབྲང་མ་མྱོང་བས་ན་རྟོག་དཔྱོད་དང་རྗེས་དཔགས་ཀྱི་ཡུལ་དང་ཤིན་ཏུ་འགལ་བ་ཅན་ཡིན་པ། དེའི་ཕྱིར་གནས་ཚུལ་དེ་ལྟ་བུའི་ཡེ་ཤེས་དེ་ཉིད་ལ་མཉམ་པར་བཞག་པའི་གནས་སྐབས་གཤིས་ལ་བྱ་རྩོལ་དང་བྲལ་བའི་གྲུབ་མཐའི་འཇོག་ལུགས་འདི་མ་ཤེས་ན་རྟོག་དཔྱོད་ཀྱི་ཐོས་པ་ཐམས་ཅད་ནི་ཚིག་གི་སྤུན་པ། བསམ་པ་དང་གོ་བ་ནི་རྣམ་རྟོག་གི་ཡོ་ལང་། བསྒོམ་པ་ནི་དེར་འཛིན། མྱོང་བ་ནི་འོལ་ཚོད་དུ་སོང་བས་བློའི་ངོ་ལ་འཐད་འཐད་འདྲ་བ་ཇི་ལྟར་ཤར་རུང་གནས་ལུགས་ཟབ་མོའི་ཕྱོགས་ཉེ་ཙམ་དུ་ཕྱིན་པར་ཡང་ཤིན་ཏུ་དཀའ་སྟེ། འདི་ལྟར་སངས་རྒྱས་ཀྱི་སྙིང་པོའི་མདོ་ལས། གང་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སྙིང་པོ་མཐོང་བ་མ་ཡིན་ནོ། །དཔེར་ན་དམུས་ལོང་ཞིག་གིས་གཞན་ལ་མར་གྱི་ཁ་དོག་དྲིས་པས། ཁ་བ་འདྲའོ་ཞེས་སྨྲས་པ་དང་། དེས་ཁ་བ་ལ་རེག་པས་མར་གྱི་ཁ་དོག་གྲང་མོར་འཛིན་ཏོ། །དྲིས་པ། ཁ་བའི་ཁ་དོག་ཅི་འདྲ། སྨྲས་པ། ངང་པའི་གཤོག་པ་འདྲའོ། །ངང་པའི་གཤོག་སྒྲ་ཐོས་པས་ཁ་བའི་ཁ་དོག་འུར་འུར་པོར་འཛིན་ཏོ། །དྲིས་པ། གཤོག་པའི་ཁ་དོག་ཅི་འདྲ། དུང་དང་འདྲའོ། །དུང་ལ་རེག་པས་འཇམ་པོར་འདུག་པས། དེ་ཡང་འཇམ་པོར་འཛིན་ཏོ། །ཇི་ལྟར་སྨྲས་ཀྱང་དམུས་ལོང་གིས་ཁ་དོག་ཇི་ལྟ་བ་བཞིན་མི་ཤེས་པ་དེ་ལྟར་སངས་རྒྱས་ཀྱི་རང་བཞིན་མཐོང་བར་ཡང་རབ་ཏུ་དགའོ། །ཞེས་བཀའ་སྩལ་ཞིང་། དེ་བཞིན་དུ་འཕགས་པ་འཇམ་དཔལ་དེ་ཁོ་ན་ཉིད་སྒྲུབ་པའི་ཞལ་ལུང་དུ་ཡང་། དེ་འདྲའི་རབ་མཆོག་ཡེ་ཤེས་ནི། །སོ་སོ་སྐྱེ་བོས་ག་ལ་ཤེས། །ཉན་ཐོས་རྣམས་ཀྱིས་མི་ཤེས་སོ། །རང་སངས་རྒྱས་ཀྱིས་ཀྱང་མི་ཤེས། །རྣལ་འབྱོར་སྤྱོད་དང་དབུ་མ་པ། །བྱང་ཆུབ་སེམས་དཔས་མི་ཤེས་སོ། །བླ་བཅས་སངས་རྒྱས་ཀུན་གྱིས་ཀྱང་། །འདི་ནི་ཅུང་ཟད་མི་ཤེས་སོ། །ཞེས་སོགས་རྒྱལ་བ་སྲས་དང་བཅས་པས་རྒྱ་ཆེར་བསྟན་ལ། དེ་ལྟར་རྟོགས་པར་དཀའ་བ་ཡང་འབད་རྩོལ་དང་། ཞེ་འདོད་དང་། རྟོག་དཔྱོད་དང་། རྒྱུ་འབྲས་སུ་དམིགས་པའི་རྟོག་པ་འབའ་ཞིག་པའི་སེམས་དང་སེམས་ལས་བྱུང་བའི་ཉེར་ལེན་སྤྲོས་པའི་མཚན་མ་སྣ་ཚོགས་པ་ལྟ་བུའི་ཡུལ་དང་ཡུལ་ཅན་དུ་བཟུང་བའི་རེ་དོགས་ཀྱིས་དབྱེན་བཅོས་ཤིང་བསྒྲིབས་པར་གྱུར་ལ། འདིར་ནི་རྫོགས་པ་ཆེན་པོ་སྤྱིའི་ལམ་དུ་བཅིང་གྲོལ་མེད་པའི་གནས་ལུགས་གཤིས་ཀྱི་བཞུགས་ཚུལ་གཏན་ལ་ཕེབས་པའི་ངང་དེ་ལས་མ་གཡོས་པར་མཉམ་པར་བཞག་པས་སྤྲོས་པ་ཐམས་ཅད་རང་གི་དབྱིངས་སུ་ཞི་བ་ལས། བྱ་བ་ཐམས་ཅད་དང་བྲལ་བའི་བློ་འདས་ཆེན་པོའི་ངང་ལ་རང་གནས་རྒྱུན་བཞག་ཏུ་སྐྱོང་བ་ལས་བཟོ་མི་འཆོས། རྩལ་སྣང་གློ་བུར་གྱི་དྲི་མ་མཐའ་དག་ཀྱང་རང་རིག་ཡེ་སྟོང་འཕོ་འགྱུར་མེད་པའི་ཀློང་དུ་ཆུ་དང་རླབས་བཞིན་སྤང་གཉེན་དུ་མ་གྲུབ་པར་རང་སངས། རང་དྭངས། རང་གྲོལ་དུ་འགྱུར་བ་ཙམ་ལས། གཞན་དུ་མི་བཙལ། ཆེད་དུ་མི་བསྒོམ། གཅིག་ཏུ་མི་གནས། བློས་མི་གཞག །རྣམ་པར་མི་རྟོག །སྐྱོན་དུ་མི་འཛིན། ཕྱིར་མི་བསལ། ནང་དུ་མི་བསྒྲུབ་པར་རང་བབ་རང་ལུགས་སུ་འཇོག་པ་ཙམ་ལ་བསྒོམ་པ་དང་མཉམ་གཞག་གི་ཐ་སྙད་བཏགས་པ་སྟེ། དེ་ཉིད་ཀྱི་ཕྱིར་ངོ་བོ་བསམ་བརྗོད་དང་བྲལ་བས་སྟོང་པ་ཉིད། རྣམ་པར་རྟོག་པ་དང་བྲལ་བས་མཚན་མ་མེད་པ། བློང་དོར་རེ་དོགས་དང་བྲལ་བས་སྨོན་པ་མེད། དུས་གསུམ་དུ་དམིགས་པ་མི་འཇུག་པའི་ཕྱིར་འཁོར་གསུམ་ཡོངས་སུ་དག་པའི་མཚན་ཉིད་དུ་རང་བཞིན་གྱིས་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། གང་འདས་པ་ལ་སེམས་མི་འཇུག་པ་དང་། མ་འོངས་པ་ལ་རྣམ་པར་ཤེས་པ་རྗེས་སུ་མི་འཇུག་པ་དང་། དེ་ལྟར་བྱུང་བ་ལ་ཡིད་ལ་བྱེད་པ་མི་འཇུག་པ་སྟེ། དེ་སེམས་དང་། ཡིན་དང་། རྣམ་པར་ཤེས་པ་ལ་མི་གནས་པས། འདས་པ་ལ་མི་རྟོག །མ་འོངས་པ་ལ་རློམ་སེམས་སུ་མི་བྱེད། དེ་ལྟར་བྱུང་བ་ལ་སྤྲོས་པར་མི་བྱེད། འདི་ནི་དུས་གསུམ་མཉམ་པ་ཉིད་འཁོར་གསུམ་ཡོངས་སུ་དག་པ་ཡིན་ན་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ། །དེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། །ཞེས་དང་། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཆོས་ཐམས་ཅད་སྔོན་གྱིས་མཐའ་ནས་ཡོངས་སུ་དག་པའོ། །ཆོས་ཐམས་ཅད་ཕྱི་མའི་མཐའ་ནས་ཡོངས་སུ་དག་པའོ། །ཆོས་ཐམས་ཅད་ད་ལྟར་བྱུང་བའི་མཐའ་ནས་ཡོངས་སུ་དག་པ་སྟེ། འདི་ནི་དུས་གསུམ་ཡོངས་སུ་དག་པ་ཞེས་བྱའོ། །གང་ཡོངས་སུ་དག་པ་འདི་ནི་ནམ་དུ་ཡོང་ཡོངས་སུ་མ་དག་པར་མི་འགྱུར་ཏེ། ཡོངས་སུ་དག་པ་གང་གིས་རང་བཞིན་ཡོངས་སུ་དག་པ་འདི་ནི་ཤིན་ཏུ་ཡོངས་སུ་དག་པ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ་དམིགས་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་ཅན་ཏེ་རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ། བླང་བ་མེད་པ། དོར་བ་མེད་པ། བསམ་པ་མེད་པ། ནུས་པ་མེད་པ། ཤིང་ཏུ་ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། དེ་ནི་རང་བཞིན་གྱིས་འོད་གསལ་བའོ། །འཁོར་བའི་རང་བཞིན་གང་ཡིན་པ་དེ་མྱ་ངན་ལས་འདས་པའི་རང་བཞིན་ནོ། །མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། དེའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །ཞེས་དང་། ཀུན་བྱེད་རྒྱལ་པོ་ལས། ངང་ལ་གནས་པས་གཡོ་མེད་ལྷུན་གྱིས་གྲུབ། །རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད། །མ་བཅོས་ཇི་བཞིན་པ་རུ་གནས་པ་དེ། །བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟན། །གཅིག་ལ་གཉིས་སུ་བལྟས་པས་བསྒོམ་པ་ནོར། །ངོ་བོ་གཅིག་ལ་གཉིས་ཀྱི་ཐོབ་པ་མེད། །ཅེས་དང་། སློབ་དཔོན་ནཱ་རོ་ཏ་པས། འཛིན་པའི་ཆ་ལ་གང་གནས་ཀྱང་། །འཁོར་བའི་འབྲས་བུ་ཉིད་དུ་འགྱུར། །རང་འདོད་དོན་གྱི་མཐར་མི་ཕྱིན། །ཡེ་ཤེས་གསང་བ་བདེ་བའི་ས། །འདོད་པས་མི་འགྲུབ་ཐོབ་པ་མེད། །འདོད་མེད་རང་བཞིན་ཉིད་ལས་འབྱུང་། །ཤེས་པ་རང་ལུགས་སོ་མ་ཉིད། །ཀུན་བཟང་རྒྱལ་བའི་དགོངས་པའོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། སློབ་དཔོན་ཀླུའི་དབུ་མ་ལས་ཀྱང་། གྲུབ་པ་མེད་པའི་ཆོས་རྣམས་ལ། །གཉིས་དང་གསུམ་སོགས་ག་ལ་སྲིད། །སྣང་སེམས་ཁས་ལེན་སྤྲོས་དང་བྲལ། །ཆོས་ཉིད་བློ་འདས་བསྒོམ་དུ་མེད། །ཅེས་བློ་འདས་ཆེན་པོ་བསྒོམ་དུ་མེད་པའི་དོན་གསལ་བར་བསྟན་ལ། གཞན་ཡང་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་ཀྱང་། ཨ་ཏིའི་རྣལ་འབྱོར་རིག་པ་མེད། །ཇི་ལྟར་བཞག་པ་དེ་ལྟར་ཡིན། །གཉིས་མེད་སེམས་ལ་རྟག་ལྟ་དང་། །ཆད་པར་གྱུར་པ་མ་ཡིན་ནོ། །ཞེས་གཤིས་ལུག་རང་བབ་ཏུ་བཞག་པ་ཉིད་ཀྱིས་འགྲུབ་པར་བསྟན་པ་ལྟ་བུའོ། །དེ་ལྟར་བཞག་པས་བློ་འདས་འཕགས་པའི་ཡེ་ཤེས་བསལ་བཞག་མེད་པའི་དེ་ཁོ་ན་ཉིད་རང་རིག་མངོན་སུམ་དུ་རྫོགས་པར་གཏན་ལ་ཕབས་ཤིང་རྟོགས་པའི་གནས་སྐབས་དེར་དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་ཆོས་ཀྱི་སྒོ་ཐམས་ཅད་དེར་འདུ་ཞིང་གནས་པའི་ཚུལ་ཡང་། ཟླ་བ་སྒྲོན་མའི་མདོ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཚིག་གཅིག་རྣམ་པར་བསྒོམ་ན་ནི། །དེ་དག་ཐམས་ཅད་བསྒོམ་པར་འགྱུར། །ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱིས། །ཆོས་རྣམས་མང་པོ་རབ་བཤད་པ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །མི་གང་དོན་ལ་མཁས་པ་དག །ཚིག་འདི་བསླབ་པར་གྱུར་པ་ན། །སངས་རྒྱས་ཆོས་ནི་དཀོན་མ་ཡིན། །ཞེས་སོ། །གཉིས་པ་ཁྱད་ཆོས་དེ་ལྡན་གྱི་མན་ངག་ཨ་ཏི་ཡོ་གའི་ཐེག་པའི་དབྱེ་བ་བསྟན་པ་ནི། དེ་ལ་དབང་པོའི་རིམ་པས་གྲུབ་མཐའ་འཇལ་ལུགས་གསུམ་དུ་བྱུང་སྟེ། བཀོད་པ་ཆེན་པོ་ལས། འོན་ཀྱང་འདས་འོག་དག་ཏུ། །འདི་ལྟར་རྣམ་པར་སྣང་བར་འགྱུར། །ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་བར་མན་ངག་སྟེ། །ཞེས་པས། འདི་ལྟར་ཆོས་ཐམས་ཅད་སེམས་ཉིད་ལས་གུད་ན་མེད་པས་སྦང་བྱའི་མཐའ་ལས་གྲོལ་བ་སེམས་ཀྱི་སྡེ། ཆོས་ཅན་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་དུ་འུར་ཆུབ་པས་གཉེན་པོའི་མཐའ་ལས་གྲོལ་བ་བྱ་བྲལ་ཀློང་གི་སྡེ། དོན་རང་གི་མཚན་ཉིད་ཡིན་ལུགས་ལྟར་གཏན་ལ་འབེབས་པས་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་ཟབ་པ་མན་ངག་གི་སྡེ་དང་གསུམ་མོ། །དང་པོ་སེམས་ཀྱི་སྡེ་ནི། ཐེག་པའི་རིམ་པ་དང་། བདེན་པ་གཉིས་དང་། ཕར་ཕྱིན་དྲུག་དང་། རིམ་པ་གཉིས་སོགས་ལ་དེར་འཛིན་གྱི་འདུ་ཤེས་དམ་པོས་དཀྲིས་པའི་ཟག་པ་དང་བཅས་པའི་ལམ་བདེན་འདུ་བྱས་པ་གང་ཞིག་དག་མཉམ་ཆེན་པོའི་ཡེ་ཤེས་གཉུག་མ་བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་དོན་དམ་བདེན་བའི་གཤིས་དེ་ཉིད་རྒྱུ་འབྲས་དགེ་སྡིག་བླང་དོར་གྱི་ཆ་ལས་རྣམ་པར་གྲོལ་བའི་དབྱིངས་ཆེན་པོར་ལ་བཟླ་བ་ནི་སེམས་སྡེའི་གྲུབ་མཐའ་སྟེ། མདོར་ན་གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་ལས་འདས་པའོ། །དེའི་ཚུལ་ཡང་ཀུན་བྱེད་ལས། སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བ་སྒོམ་མེད་སྤྱོད་པ་སྤྱད་དུ་མེད། །འབྲས་བུ་སྒྲུབ་མེད་ས་ལ་བགྲང་དུ་མེད། །དཀྱིལ་འཁོར་བསྐྱེད་མེད་བཟླས་བརྗོད་རྫོགས་རིམ་མེད། །དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད། །ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ཉིད་ལ། །གློ་བུར་རིམ་རྩོལ་རྒྱུ་འབྲས་ཆོས་ལས་འདས། །ཞེས་དང་། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཟེར་སྨྲ་བྱེད་ན། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་ན། །སྒྲོ་དང་སྐུར་པ་གདབ་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པར་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱི་རྟོགས་པ་ཡང་། །གཉིས་སུ་མ་མཐོང་རྣམ་གཞག་གཅིག་ཏུ་རྟོགས། །ཞེས་དང་། འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པའི་མདོ་ལས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་མཚམས་མེད་པ་ལྔ་པོ་དག་ཀྱང་ང་དང་མཉམ་མོ། །དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་ལྟ་བར་གྱུར་པ་རྣམས་ཀྱང་དེ་དང་མཉམ་མོ། །ཞེས་སོ། །དེ་ལྟར་བསྟན་པས་ཟབ་མོའི་གནས་ལ་བལྟ་བའི་བློ་གྲོས་ཀྱི་སྤྱན་ཕྲ་བ་འགའ་ཞིག་གིས་རྫོགས་ཆེན་གྱིས་ཐབས་ཀྱི་ཆ་ཡལ་བར་དོར་བས་ལས་རྒྱུ་འབྲས་ལ་སྐུར་པ་བཏབ་པོ་ཞེས་ནན་གྱིས་འགོག་པར་བྱེད་མོད། ཟབམོའི་གནས་ལ་བྱིས་པའི་བློ་གྲོས་སྐྲག་པ་སྐྱེ་བ་བདེན་ཀྱང་ཆོས་འདི་པས་རྣམ་ཤེས་རྟོག་པའི་ཡུལ་ལས་འདས་པའི་ཡེ་ཤེས་ཀྱི་རྒྱལ་ཁམས་དོན་དམ་པའི་བདེན་པ་ཆོས་ཀྱི་དབྱིངས་འདུས་མ་བྱས་སུ་སྨྲ་བ་གང་ཞིག །ཁམས་གསུམ་དང་དཀར་ནག་ལས་ཀྱི་ཆ་འདུ་བྱས་པའི་ཁམས་སུ་མི་གནས་ཤིང་དེ་ལས་ཡོངས་སུ་གྲོལ་བའི་བདག་ཉིད་ཅན་དུ་འདོད་པའི་ཕྱིར་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་སྔར་གྱི་ལུང་རྣམས་ཀྱིས་ཀྱང་རྟོགས་པར་ནུས་ལ། གལ་ཏེ་དེར་འདོད་ན། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེས་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་པས་དཀར་ནག་གི་རྒྱུ་འབྲས་ཐམས་ཅད་རྣམ་རྟོག་གི་མཚན་མ་ཙམ་ལས་བྱུང་བར་གསུངས་ནས་དེ་དག་ཐམས་ཅད་སྤྲོས་པ་དང་བྲལ་པའི་སྟོང་པ་ཉིད་ཀྱིས་ཞི་བར་གསུངས་ཤིང་། དེ་ཉེ་བར་ཞི་བའི་ཚུལ་ཡང་། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་དང་། ཉོན་མོངས་ལས་དང་ལུས་རྣམས་དང་། །བྱེད་པ་པོ་དང་འབྲས་བུ་དག །དྲི་ཟའི་གྲོང་དང་སྨིག་རྒྱུ་དང་། །མིག་ཡོར་ཆུ་ཟླ་ཇི་བཞིན་ནོ། །ཞེས་དང་། དེ་ཉིད་ཀྱི་དབུ་མ་སྲིད་པ་འཕོ་བ་ལས། ཅིར་ཡང་མེ་རྟོག་སྟོང་པ་སྟེ། །ཡིད་ལ་མི་བྱེད་སྐྱེ་འཆི་མེད། །སྣང་བ་སྒྱུ་མ་དགེ་སྡིག་བྲལ། །སྟོང་དང་སྙིང་རྗེ་འཁོར་འདས་སྟོང་། །སྒྱུ་མ་གསལ་སྟོང་བརྗོད་མེད་ཀྱི། །ཆོས་ཉིད་གསལ་དངོས་རྟོག་པ་མེད། །ཅེས་སོགས་དོན་དམ་བདེན་པའི་ཆོས་ཉིད་རྟོགས་པའི་དོན་འདུས་བྱས་པའི་དཀར་ནག་གི་ལས་ཐམས་ཅད་ཀྱིས་འཆིང་གྲོལ་མེད་པར་བཟང་ངན་རོ་མཉམ་ཆེན་པོར་རྟོགས་པ་སྔར་སྨོས་པ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་སྨོན་པ་མེད་པའི་མཚན་ཉིད་ཅན་དུ་ལ་བཟླ་བའི་ཆོས་ཉིད་དྲང་ཐད་དུ་སྟོན་པའི་སྐབས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་དམ་པ་ལས། རིན་ཆེན་བྱིན་གྱིས་སྨྲས་པ། འདི་སྐད་ཅེས་སྨྲ་བར་བྱ་སྟེ། འདོད་ཆགས་མ་སྤངས་ཤིག །ཞེ་སྡང་མ་གཞིལ་ཅིག །གཏི་མུག་མ་བསལ་ཅིག །རང་གི་ལུས་ལས་གྱེན་དུ་མ་བསྐྱོད་ཅིག །མི་དགེ་བ་སྤྱོད་ཅིག །བལྟ་བ་ཚར་མ་གཅོད་ཅིག །ཀུན་ཏུ་སྦྱོར་བ་རྣམས་མ་སྟོན་ཅིག །ཕུང་པོ་རྣམས་ཡོངས་སུ་ཟུང་ཞིག །ཁམས་རྣམས་རིལ་པོར་གྱིས་ཤིག །སྐྱེ་མཆེད་རྣམས་ལ་སྤྱོད་ཅིག །བྱིས་པའི་ས་ལས་འདའ་བར་མ་བྱེད་ཅིག །མི་དགེ་བ་ལ་རྟོགས་ཤིག །དགེ་བ་ལ་སྤོངས་ཤིག །སངས་རྒྱས་ཡིད་ལ་མ་བྱེད་ཅིག །ཆོས་མ་སེམས་ཤིག །དགེ་འདུན་ལ་ནི་མཆོད་པ་མ་བྱེད་ཅིག །བསླབ་པ་དག་ཡང་དག་པར་མ་ལེན་ཅིག །སྲིད་པ་ཉེ་བར་ཞི་བ་དོན་དུ་མ་གཉེར་ཅིག །ཆུ་བོ་ལས་མ་བརྒལ་ཅིག །ཅེས་གདམས་ངག་འདི་ལྟ་བུས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་གདམས་པར་བྱའོ། །རྗེས་སུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་གནས་པ་འདི་ནི་གནས་པ་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་དང་། དེ་བཞིན་དུ་དཔལ་གསང་བ་འདུས་པ་ལས་ཀྱང་། སེམས་ཅན་སངས་རྒྱས་མི་མཉམ་མཉམ། །བསྒྲུབ་བྱ་སུ་ཡིན་སྒྲུབ་པོ་གང་། །སྒྲུབ་པའི་དབང་པོ་བདག་ཉིད་ཆེ། །སངས་རྒྱས་ཐམས་ཅད་གསོད་པ་ཡིན། །ཇི་ལྟར་སྡིག་པས་གོས་མི་འགྱུར། །གལ་ཏེ་གོས་གྱུར་འབྲས་བུ་གང་། །ཞེས་དང་། དངོས་རྣམས་ཐམས་ཅད་སྒྱུ་བ་བཞིན། །སྐྱེ་དང་སྡུད་པར་མཛད་པ་པོ། །དེས་ན་དེ་ཡི་སྡིག་མི་འགྱུར། །བསོད་ནམས་དག་ཀྱང་དེ་བཞིན་ནོ། །གང་ལ་སྡིག་དང་བསོད་ནམས་མེད། །དེ་ནི་བྱང་ཆུབ་ཡིན་པར་གསུངས། །ཞེས་པ་ལ་སོགས་པས་རྒྱས་པར་བསྟན་པ་དེ་རྣམས་ཀྱིས་ཀྱང་ཐབས་ཀྱི་ཆ་ཡལ་བར་འདོར་བར་འགྱུར་རམ། འོན་ཀྱང་གནས་ལུགས་དེ་ཉིད་མ་རྟོགས་ཤིང་རྨི་ལམ་ལྟ་བུའི་ཆོས་ལ་བདེན་པར་འདུ་ཤེས་པ་རྣམས་ལ་རྨི་ལམ་ལྟ་བུའི་རྒྱུ་འབྲས་སྨིན་པ་ཆོས་ཉིད་དེ། དབུ་མ་ལས། ཡུལ་ཅན་སྒྱུ་མ་ཙམ་ཉིད་དུ། །སྒྱུ་མའི་སེམས་དང་ལྡན་པ་ལ། །བསོད་ནམས་དང་ནི་སྡིག་པ་འབྱུང་། །དེ་ཕྱིར་རྨི་ལམ་ལྟ་བུར་རྫུན། །ཞེས་གསུངས་པས་སོ། །སེམས་ཀྱི་སྡེ་ལ་དབྱེ་ན་བདུན་ཏེ། དང་པོ་འབྲས་བུ་སེམས་ཀྱི་བྱུང་སར་འདོད་པའི་སེམས་ཕྱོགས་པ་ནི། འབྲས་བུ་གདོད་མའི་དབྱིངས་ལ་འགྱུར་བ་མེད་པས་སེམས་ལ་འཕོ་འགྱུར་མེད་པའི་ངང་ལས་གྲོལ་གཞིའི་ལྷུན་གྲུབ་ཀྱི་སྣང་ཆ་ལས་འཁོར་བ་ལྟར་ཤར་ཡང་ངང་ལས་མ་གཡོས་པས་མ་དག་རང་མཚན་གྱིས་སྟོང་ལ། སྣང་བའི་ཆ་ནས་དབྱིངས་ལས་བྱུང་ཞིང་དབྱིངས་ལ་གནས། དབྱིངས་སུ་ཐིམ་པ་ནམ་མཁའི་ཆོ་འཕྲུལ་བཞིན་ཏེ་ཡེ་གྲོལ་རང་གཞག་འབད་རྩོལ་མེད་པར་ལ་བཟླ་བའོ། །གཉིས་པ་གོལ་སྒྲིབ་ལ་བཟླ་བ་ནི། ཨ་ནུ་མན་ཆད་ཀྱི་རིམ་པ་བརྒྱད་པོ་རྣམས་ནི་བློས་བཏགས་པས་གཞི་ལས་གོལ་བ་ཡིན་ལ། འདིར་ནི་རང་བྱུང་གི་ཡེ་ཤེས་བློ་དང་བྲལ་བས་རྒྱུ་རྐྱེན་ལ་བཟླ་བས་ཆོས་ཉིད་ཡེ་སྟོང་ཆེན་པོ་དྲན་བསམ་ཕྱོགས་འཛིན་བྱུང་ཚོར་སོགས་ལས་འདས་པའི་གཤིས་སུ་མ་བསྒྲིབས་པའོ། །གསུམ་པ་གཏན་ཚིགས་ཁུངས་རྡིབ་པ་ནི། གཞི་སེམས་ཉིད་སྤྲོས་བྲལ་ཆེན་པོ་ལ་བཅོས་སུ་མེད་པའི་དོན་རྟོགས་པས་ངོ་བོ་སྐྱེ་མེད་དུ་གྲོལ། རྩལ་འགག་མེད་རྒྱ་ཡན་ཆེན་པོར་ཕྱམ་གདལ་བས་ན་བག་ཆགས་ཀྱི་རྟེན་མེད་པས་རྣམ་སྨིན་དཀར་ནག་གཉིས་མ་གྲུབ་པས་ཆོས་ཉིད་ཡེ་སྟོང་། རང་སངས། མཐའ་གྲོལ་ཆེན་པོའི་གཏན་ཚིགས་ཀྱིས་འཁོར་འདས་མཉམ་པ་ཉིད་དུ་གྲོལ་བར་འདོད་པའོ། །བཞི་པ་རྒྱ་ཆད་ཕྱོགས་ལྷུང་མེད་པར་འདོད་པ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་འཁོར་འདས་ཀུན་ལ་ཁྱབ་ཀྱང་། སྣང་བ་དངོས་པོར་རྒྱ་མ་ཆད། སྟོང་བ་དངོས་མེད་དུ་རྒྱ་མ་ཆད། གཉིས་ཀ་མ་ཡིན་པས་ཟུང་འཇུག་གི་ཕྱོགས་སུའང་མ་ལྷུངས། ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ། རྩལ་མ་འགགས་པས་ཆད་པའི་མཐའ་ལས་གྲོལ་བས་བྱ་བྲལ་བདེ་སྡུག་ལས་འདས་པའི་ཆོས་ཉིད་དོ། །ལྔ་པ་ཕྱོགས་འཛིན་གྲུབ་མཐའི་ས་ནི། སེམས་ཀྱི་ངོ་བོ་གང་དུའང་མི་གནས་ཤིང་གང་དུའང་མ་གྲུབ་པར་ཅིར་ཡང་སྣང་ལ་ཅིར་ཡང་མ་འགགས་པར་འཆར་བ་སྟེ། སྒྱུ་འཕྲུལ་བླ་མ་ལས། ཅིར་ཡང་མེད་ལ་ཅིར་ཡང་སྣང་། །མ་སྐྱེད་སྒྱུ་འཕྲུལ་སྣ་ཚོགས་སྣང་། །རྒྱལ་བའི་དཀྱིལ་འཁོར་སྣ་ཚོགས་ཀྱང་། །སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིན། །ཞེས་གསུངས་པ་ལྟར་ཤར་ཡང་མི་དགག་མི་འཛིན་མི་རྟོག་པའོ། །དྲུག་པ་བློ་བྲལ་ཕྱོགས་འཛིན་ལས་འདས་པ་ནི། རང་བྱུང་གི་ཡེ་ཤེས་བློ་དང་བྲལ་བས་ཇི་ལྟར་སྣང་ཡང་བདེན་རྫུན་གང་དུའང་མ་གྲུབ་པས་ཡོད་མེད་མཐའ་གྲོལ་ཆེན་པོའི་རོལ་པའོ། །བདུན་པ་སེམས་ཀྱི་ཕྱོགས་ཡིན་ཏུ་སྨྲ་བ་ནི། འདི་ལྟར་སྣང་བ་ཐམས་ཅད་སེམས་ཀྱི་རོལ་པ་ཡིན་པས་སྣ་ཚོགས་སུ་སྣང་ཡང་སེམས་ཉིད་ངོ་བོ་མེད་པས་སྣང་བ་སྣ་ཚོགས་ཀྱང་ངོ་བོ་མེད་པའི་ཕྱིར་དང་། གང་ཤར་སེམས་ཀྱི་རྣམ་པ་འཛིན་བྱེད་དང་། སྣང་བ་གཟུང་བར་བྱུང་བ་གཉིས་ཀའང་སྣང་བ་ཐ་དད་དུ་སྣང་ཡང་། ཡིན་གང་ཡང་མ་ཡིན་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་དབྱེར་མེད་པའི་ཕྱིར། རང་རྩལ་ལྷུན་གྲུབ་ཀྱི་གདངས་ལས་འཁོར་འདས་གཉིས་སུ་ཤར་ཡང་ཤར་མཁན་ལ་ངོ་བོ་མེད་པས་ཤར་ས་རང་གྲོལ་དུ་འགྲོ་བ་འདིའི་ཁྱད་པར་གྱི་ཆོས་ཏེ། ཀུན་བྱེད་ལས། སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་ཀུན། །སེམས་ཀྱིས་བྱས་ཤིང་སེམས་ཀྱི་ངང་དུ་གཅིག །ཅེས་སོ། །དེ་ལྟར་སེམས་ཀྱི་སྡེ་ལ་རྗོད་བྱེད་ཀྱི་རྒྱུད་ཤྭ་ལོ་ཀ་འབུམ་ཕྲག་ཉི་ཤུ་རྩ་གཉིས་ཡོད་པར་གསུངས་པ་བསྡུ་ན། ཆོས་ཉིད་བརྗོད་དུ་མེད་པའི་ཀློང་དང་། ལྟ་བ་མེད་པ་མེད་པའི་ཀློང་དང་། སྤྱོད་པ་ཡིན་པ་མེད་པའི་ཀློང་གསུམ་པོ་ལ་བམ་པོ་དྲུག་སྟོང་སུམ་བརྒྱར་གནས་པ་ཡིན་ལ། དེ་ཡང་བསྡུ་ན། གནས་པ་གཞི་ཐོག་ཕེབས་པའི་འཕྱོང་། སྣང་བ་རང་སར་གྲོལ་བའི་འཕྱོང་། ངོ་མཉམ་ཐ་དད་མེད་པའི་འཕྱོང་གསུམ་དུ་འདུ་ལ། ཆོས་ཉིད་ལ་འཆུགས་པ་མེད་པའི་གཟེར་བུ་ལྔ་བཅུ། ཡུལ་སེམས་ལ་ལྟ་བའི་གནས་ལྔ་བརྒྱ་བཅུ་གཅིག །སྣང་སེམས་ཅིག་ཅར་དུ་ཤན་འབྱེད་པ་ཁྲི་ཕྲག་གཉིས། ལྟ་བ་ཐོད་རྒལ་དུ་ལ་བཟླ་བ་ལྔ་ཁྲི། སྒོམ་ཡོད་རྟོག་པ་གཅོད་པའི་གནས་ཆིག་སྟོང་རྣམས་མཚན་ཐོགས་པའི་རྒྱུད་སྡེ་ཆེན་པོ་སྟོང་དང་གསུམ་བཞུགས་པ་ཡིན་ནོ། །མདོ་འགག་ཏུ་དྲིལ་ན་སེམས་སྡེའི་གྲུབ་མཐའ་འདིས་ཆོས་སུ་ཇི་ལྟར་སྣང་བ་ལ་ཆོས་ཉིད་ཀྱི་ཕྱག་རྒྱས་ཕར་རྒྱས་མི་འདེབས་པར་ཆོས་ཅན་ཇི་ལྟར་སྣང་བ་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དབྱིངས་སུ་རྫོགས་པས་རྩལ་ལམ་རོལ་པ་ཙམ་དུ་སྣང་རིག་ངོས་བཟུང་དང་བྲལ་བར་སྐྱེལ་བ་སྟེ། དཔའ་ནཱ་རོ་ཏ་པས་ཀྱང་། སྣ་ཚོགས་སྣང་བའི་རང་བཞིན་འདི། །ཆོས་ཉིད་ཡིན་པར་དབྱེར་མེད་པས། །ཟུང་དུ་འཇུག་པ་གང་དགོངས་པ། །གསལ་བའི་སེམས་དེ་ཉིད་ལ་ནི། །ཆོས་ཉིད་མ་ཡིན་བག་མི་སྣང་། །ཐམས་ཅད་སྣང་བའི་ངོ་བོ་འདི། །ཡེ་ཤེས་སྙིང་པོ་ཉིད་དུ་མཐོང་། །ངོ་བོ་ཉིད་ལ་བརྗོད་པ་བྲལ། །ཞེས་གསུངས་སོ། །གཉིས་པ་ཀློང་གི་སྡེ་ནི། རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ཡངས་པར་ཆོས་ཅན་ཇི་ལྟར་སྣང་བ་ཐམས་ཅད་རང་སྣང་བཀོད་པའི་རྒྱན་ཙམ་ལས། འཆིང་གྲོལ་དང་ཤར་བྱ་ཤར་བྱེད་དུ་མ་གྲུབ་པས། སེམས་སྡེ་ལྟར་རྩལ་དང་རོལ་པར་སྣང་བར་མི་བཞེད་ཅིང་། ལྟོས་གྲུབ་དང་། ཡོད་མེད་དང་། ཡོད་མིན་དང་། དག་མ་དག་གང་དུའང་མི་དཔྱོད་པར་ཡེ་གྲོལ་ཕྱོགས་འབྱམས་ཆེན་པོར་གཏན་ལ་ཕབ་པ་ཀློང་སྡེ་འདི་ཉིད་ཀྱི་གྲུབ་པའི་མཐའོ། །དེ་ཡང་སློབ་དཔོན་ནཱ་རོ་པའི་དེ་ཁོ་ན་ཉིད་སྒྲུབ་པའི་ཐབས་ལས། རྩོལ་བྲལ་རིག་པ་མི་རྟོག་པ། །མ་བཅོས་རང་སྣང་བདེ་བའི་ཀློང་། །ཡེ་ཤེས་ལྷུན་གྲུབ་ཀློང་དུ་ཤར། །རང་བྱུང་ནམ་མཁའ་ལྟ་བུར་ཁྱབ། །རང་སྣང་རོལ་བ་བྱང་ཆུབ་སེམས། །སྒྱུ་མའི་ཡེ་ཤེས་བདེ་བའི་ཀློང་། །རང་རིག་ཡེ་ཤེས་འཛིན་པ་ཡི། །རང་བྱུང་སྒྱུ་མར་མངོན་སུམ་གསལ། །ཞེས་སོ། །འདི་ལ་དབྱེ་ན་བཞི་སྟེ། དང་པོ་ཀློང་ནག་པོ་རྒྱུ་མེད་དུ་སྨྲ་བའི་ངོ་བོ་ནི། རང་བྱུང་གཉུག་མའི་ཡེ་ཤེས་དེ་ཉིད་འགྱུར་མེད་རྒྱུ་དང་རྐྱེན་ལས་འདས་པའི་རང་བཞིན་ཕྱོགས་ཆར་མེད་པས་ཆོས་ཅན་དང་ཆོས་ཉིད་གཉིས་ཀར་མི་ལྟོས་པར་འདོད་པ་སྟེ། དེ་ལ་དབྱེ་ན། མཛད་པ་ཀློང་ནག །ཐུགས་རྗེ་ཀློང་ནག །སྤྲུལ་པ་ཀློང་ནག་གི་སྡེ་དང་གསུམ་མོ། །གཉིས་པ་ཀློང་ཁྲ་བོ་སྣ་ཚོགས་སུ་སྨྲ་བའི་ངོ་བོ་ནི། རང་བྱུང་གི་ཡེ་ཤེས་དེ་ཉིད་ཀྱི་རོལ་པར་སྣང་བ་རྣམས། ཡིན་སྣ་ཚོགས་རང་ཤར་དུ་སྣང་བ་ཆོས་ཉིད་ཀྱི་རྒྱན་དང་རོལ་པ་ལ། མིན་ཕྱོགས་མིད་ཀུན་ཁྱབ་ཏུ་ཤར་བ་རོལ་པ་དགག་སྒྲུབ་ལས་འདས་པར་འདོད་པའོ། །དེ་ལ་དབྱེ་ན། ཡོད་སྨྲ་སེམས་སྡེ་དང་མཐུན་པའི་ཀློང་ཁྲ་བོ་དང་། མེད་སྨྲ་རང་གནས་དང་མཐུན་པའི་ཀློང་ཁྲ་བོ་དང་། ཡོད་མེད་མན་ངག་དང་མཐུན་པའི་ཀློང་ཁྲ་བོ་གསུམ་མོ། །གསུམ་པ་ཀློང་དཀར་པོ་སེམས་སུ་སྨྲ་བའི་ངོ་བོ་ནི། རང་བྱུང་རིག་པའི་ངང་ལས་ཕྱི་སྣང་བ་དང་ནང་རིག་པ་ཤར་བ་ཐམས་ཅད་སེམས་ཀྱི་རོལ་པ་སྟེ། སྣང་བ་དང་རྐྱེན་རང་སར་གྲོལ་བས་བྱར་མེད་རྒྱུ་ནས་དག་སྟེ་གནས་ལུགས་ལ་བསྒྲུབ་ཏུ་མེད་པར་འདོད་པའོ། །དེ་ལ་དབྱེ་ན། བརྗོད་མེད་རང་ཤར་ཆེན་པོའི་ཀློང་དཀར་པོ་དང་། ལྟ་སྒོམ་གཉིས་སུ་མེད་པའི་ཀློང་དཀར་པོ་གཉིས་སོ། །བཞི་པ་ཀློང་རབ་འབྱམས་རྒྱུ་འབྲས་ལ་བཟླ་བའི་ངོ་བོ་ནི། རང་བྱུང་གི་ཡེ་ཤེས་ཀྱི་ངང་ལས་ཤར་བའི་ཆོས་ཐམས་ཅད་སྣང་བར་སེམས་ཀྱིས་ཤེས་ལ། མི་སྣང་བར་གནས་ལུགས་ཀྱིས་ཤེས་པར་འདོད་དོ། །དེ་ལའང་དབྱེ་ན། བྱ་བ་དང་བྲལ་བ་ཕྱིའི་རབ་འབྱམས། གྲུབ་མཐའ་རང་གཞུང་དུ་སྨྲ་བ་ནང་གི་རབ་འབྱམས། གེགས་བསལ་བ་གསང་བའི་རབ་འབྱམས། གནད་བཀྲོལ་བ་དེ་ཁོ་ན་ཉིད་ཀྱི་རབ་འབྱམས་དང་བཞིའོ། །དེ་དག་ཀྱང་བསྡུ་ན། རོལ་པ། རྒྱན། ཆོས་ཉིད། བྱ་བྲལ་གྱི་ཀློང་བཞི་ལས། དང་པོ་ནི། སེམས་ཉིད་ཀྱི་རོལ་པ་འགག་མེད་དུ་ཤར་བའི་ངང་ནས་འཕོ་འགྱུར་མེད་པས་ཡིན་ལ། དངོས་མེད་ཀྱི་རོལ་པ་མཐའ་འཛིན་དུ་མ་གྲུབ་པས་མིན། ཕྱོགས་ཡན་ནམ་མཁའ་དང་འདྲ་བའི་དགོངས་པའོ། །གཉིས་པ་ནི། སྣང་བ། སེམས། རང་བྱུང་། བཅོས་བསླད་མེད་པ་བཞི་རིམ་པ་བཞིན་ཡེ་ནས་རྒྱན་དུ་ཤར་བ་སྐྱེ་མེད་ཀྱི་ངང་ལས་འགག་མེད་དུ་ཤར་བས། སྣང་སེམས་མི་དགག །མི་བསྒྲུབ། རང་འགྲོ་ས་རང་གསལ་ཆེན་པོའི་དགོངས་པའོ། །གསུམ་པ་ནི། ཐམས་ཅད་གང་ནས་ཀྱང་མ་འོངས། མི་གནས། མི་འགག །ཆོས་ཉིད་ཀྱི་ངང་ལས་དེའི་རོལ་རྩལ་ཐམས་ཅད་སྣང་ཡང་འབྱུང་བཞི་ནམ་མཁའི་དབྱིངས་ལས་མ་གཡོས་པ་ལྟར་ཆོས་ཉིད་ཀྱི་ངང་དུ་ཕྱམ་གདལ་བའོ། །བཞི་པ་ནི། གང་ལའང་འབད་རྩོལ་གྱིས་བླང་དོར་མི་དགོས་ཏེ། མ་བྱས་ཡེ་ཟིན། མ་དགྲོལ་ཡེ་གྲོལ། མ་སྦྱངས་ཡེ་དག །མ་བསྒྲུབས་ཡེ་གྲུབ་ཏུ་གནས་པས་ནམ་མཁའ་ལྟར་འདུས་མ་བྱས་ཀྱི་ཁམས་སུ་གནས་པའོ། །དེ་ལྟར་ཀློང་གི་སྡེ་དེ་རྣམས་བསྡུ་ན་དགུར་འདུས་ཏེ། ལྟ་བ་འཕོ་འགྱུར་མེད་པའི་ཀློང་། བསྒོམ་པ་ཡིན་མིན་མེད་པའི་ཀློང་། འབྲས་བུ་རེ་དོགས་མེད་པའི་ཀློང་། ངོ་བོ་གྲུབ་བསལ་མེད་པའི་ཀློང་། རང་བཞིན་མ་འགགས་པའི་ཀློང་། མཚན་ཉིད་ལ་སྣང་སེམས་གྲོལ་བའི་ཀློང་། དབྱིངས་འཕོ་འགྱུར་མེད་པའི་ཀློང་། རོལ་པ་འགག་མེད་རང་ཤར་གྱི་ཀློང་། ལྷུན་མཉམ་ཡེ་གྲོལ་ཅོག་བཞག་གི་ཀློང་དང་དགུའོ། །དེ་ཡང་བསྡུ་ན། ལྷུན་གྲུབ་ཡངས་པ་ཆེན་པོའི་ཀློང་། རང་གསལ་བྱ་རྩོལ་མེད་པའི་ཀློང་། མ་བྱས་ཡེ་ནས་གྲུབ་པའི་ཀློང་དང་གསུམ་དུ་འདུས་སོ། །དེ་དག་གི་ཚུལ་རྒྱས་པར་སྟོན་པའི་རྒྱུད་སྟོང་ཕྲག་གསུམ་གྱི་མཚན་གྱིས་བསྡུས་པ་ལ། ལེའུ་ཆིག་ཁྲི་ཆིག་སྟོང་། ཤྭ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡོད་པ་རྣམས་ཀྱང་ལ་བཟླ་བ་ཁྲི་ཕྲག་བརྒྱད་དུ་འདུས་ལ། དེའང་ཤན་འབྱེད་ཁྲི་ཕྲག་གཉིས་སུ་འདུ། དེ་ཡང་འགགས་དགུ་བརྒྱར་འདུས་ཏེ། གནད་ཉིས་སྟོང་གཟེར་བུ་ལྔ་བཅུ་དང་བཅས་པ་ཐམས་ཅད་ཀྱང་བསྡུ་ན། བྱས་གྲོལ། བཞག་གྲོལ། ཅེས་གྲོལ་གསུམ་དུ་འདུས་ཏེ། མངའ་བདག་མེ་ཏྲི་པས་བསྡེབས་པའི་དོ་ཧ་ལས། མི་རྟོག་རྟོག་མེད་རྟོག་དཔྱོད་ཡུལ་ལས་འདས། །མི་སེམས་སེམས་མེད་བསམ་དུ་ཅི་ཡང་མེད། །རྟེན་དང་རྟེན་མེད་འགྲོ་འོང་གནས་དང་བྲལ། །འཁོར་འདས་བདེ་སྡུག་བདེ་ཆེན་ཀློང་དུ་སད། །མ་བཅོས་ཡེངས་མེད་རང་བཞིན་ལྷུག་པ་ལ། །སེམས་བྱུང་རྒྱུན་ཆད་འོད་གསལ་འགྲོ་འོང་བྲལ། །སྣང་བ་སྨྲར་མེད་སློབ་དཔོན་སུ་ཡང་མེད། །ཆོས་ཉིད་རང་གསལ་རིག་པ་ཆོས་སྐུར་འཕྲོད། །ཅེས་གསུངས་པས་ཀྱང་འདིའི་གྲུབ་མཐའ་ལྷོངས་པའོ། །གསུམ་པ་མན་ངག་གི་སྡེ་ནི། འོག་མ་གཉིས་ལས་ཁྱད་པར་དུ་གྱུར་པ་སྟེ། འདི་ལྟར་སེམས་སྡེས་སེམས་ཡིན་པས་གསལ་བ་ལས་ཟབ་མོའི་ཕྱོགས་ཤས་ཆེ་བར་བསྒྲུབ་ཀྱང་། གསལ་བའི་རྩལ་ཆོས་ཉིད་དུ་མ་རྟོགས་པས་ཡིད་དཔྱོད་དུ་འཛིན་པར་ཉེ་ཞིང་། ཀློང་སྡེས་ཟབ་གསལ་མཉམ་པར་བ་སྒྲུབས་ཀྱང་ཆོས་ཉིད་ལ་འཛིན་པའི་ཡིད་དཔྱོད་ལས་སྟོང་ཕྱོགས་ཀྱི་གོལ་སར་ཤོར་ཉེ་ལ། མན་ངག་སྡེ་ནི་ངོ་བོ་ཀ་ནས་དག་པ་བརྗོད་བྲལ་བློ་འདས་ཆེན་པོའི་གདངས་རང་སྣང་ལྷུན་གྲུབ་ཀྱི་རང་རྩལ་ལས་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་སྡུད་པའི་དོན་གྱིས་ཁྱད་པར་དུ་འཕགས་པར་སྟེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱེ་རྡོ་རྗེ་འཛིན་པ། དེ་ལྟར་གཏན་ལ་མ་ཕབ་ན། །ཡིད་དཔྱོད་འཛིན་པ་རྣམས་དང་ནི། །ཁྱད་པར་ཅི་ཡང་མེད་པར་འགྱུར། །དེ་ཕྱིར་ངེས་གསང་སྙིང་པོ་འདི། །མུན་པ་ལས་ནི་མར་མེའམ། །བ་ལང་རྣམས་ལས་གླང་ཆེན་ནམ། །གཅན་གཟན་རྣམ་ལས་སེང་གེའམ། །རྐང་ཐང་རྣམས་ལས་རྟ་པ་བཞིན། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་སོ། །འདིའི་ངོ་བོ་ནི་གདོད་མ་ཉིད་ནས་གྲོལ་ཞིང་ཀ་ནས་དག་པའི་ཆོས་ཉིད་ལ་ཉི་ཚེ་བའི་བལྟ་བྱའི་ཡུལ་དང་། ལྟ་བྱེད་ཀྱི་ཤེས་པ་གཉིས་སུ་ཆད་པས་འཁྲུལ་མ་འཁྲུལ་དང་། རྟོགས་མ་རྟོགས་སུ་བསྒྲུབས་པའི་ལྟོས་གཞི་དང་། ལྟོས་པའི་ཆོས་ལས་ལོག་པས། རང་གི་ངོ་བོ་སྤྲོས་བྲལ་གྱི་ཆ་ནས་ཤེས་བྱ་ཤེད་བྱེད་ཀྱི་ཡུལ་ཡུལ་ཅན་གཉིས་ཀ་ཡང་དག་པ་མ་ཡིན་པར་མཉམ་ཞིང་། ཐ་སྙད་ཙམ་དུ་བཏགས་པ་ལས་དེ་འཛིན་གྱི་བསམ་བརྗོད་ལས་ཡང་དག་པར་འདས་པས་ན། བློ་དང་། ཡིན་སྙམ་དང་། སྙམ་བྱེད་དང་། ཡིད་དཔྱོད་ལས་འདས་པའི་དོན་གནས་ཐོག་ཏུ་ཕེབས་པའི་མེ་བཙའ་ལྟ་བུ་སྟེ། འཇམ་དཔལ་གྱིས། རང་བཞིན་གྱིས་ནི་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །ཡེ་ནས་ཆོས་རྣམས་མཚན་ཉིད་སྤངས། །ཆོས་དང་ཆོས་ཉིད་ཡང་མེད་དེ། །དངོས་པོ་མེད་པའི་མཁའ་དང་མཚུངས། །ཚིག་དང་ཡི་གེ་ཀུན་ལས་གྲོལ། །ཞེས་གསུངས། འདི་ལས་གཞན་དུ་ལྟ་བར་འདོགས་པའི་ཡུལ་དུ་དམིགས་པ་དེ་སྲིད་དུ་ཡུལ་ཅན་སེམས་ཀྱི་འཛིན་སྟངས་སྤང་པར་མི་ནུས་ཤིང་། དེ་མ་སྦངས་པས་མི་ཟད་པ་དང་སྐྱེ་བའི་བདག་ཉིད་ཅན་དུ་འགྱུར་བས་སྲིད་པའི་རྩ་བ་འབྱིན་པར་མི་ནུས་པའི་ཕྱིར། དེ་ཉིད་ལས། རྒྱལ་བ་རྣམས་ཀྱི་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་གསུངས་པས་སོ། །འདི་ལ་དབྱེ་ན། ཁ་འཐོར་དང་། ཁ་གཏམ་དང་། རྒྱུད་རང་གཞུང་དུ་བསྟན་པ་དང་གསུམ་ལས། དང་པོ་ཁ་འཐོར་གྱི་ངོ་བོ་ནི། བློ་ལས་འདས་པའི་ཡེ་ཤེས་དབྱེ་བསལ་གཞན་ལྟོས་མེད་པར་སྐད་ཅིག་ཉིད་ལ་འཆར་བའོ། །དེའང་དབྱེ་ན། བཞག་པ་ལམ་གྱི་མཐའ་གཅོད་པའི་མན་ངག་དང་། གྲོལ་བ་སྟོབས་དག་པ་ལམ་མངོན་གྱུར་གྱི་མན་ངག་གཉིས་སོ། །གཉིས་པ་ཁ་གཏམ་གྱི་ཚུལ་དུ་གསུངས་པ་ནི། ངོ་བོ་བློ་བྲལ་མ་འཁྲུལ་པ། རང་བཞིན་རྣམ་རྟོག་གི་ཁུངས་རྡིབ་པ། མཚན་ཉིད་ངོས་བཟུང་དང་བྲལ་བའོ། །དབྱེ་ན། གླེང་བ་ཡོངས་ལ་བོར་བའི་ཁ་གཏམ་དང་། ཁར་ཕོག་དུས་མེད་པའི་ཁ་གཏམ་གཉིས་སོ། །གསུམ་པ་རྒྱུད་དང་གཞུང་དུ་བསྟན་པ་ནི། ངོ་བོ་བཀའ་ཐམས་ཅད་ཀྱི་བྱུང་སར་གྱུར། རང་བཞིན་འཁོར་འདས་དང་བྲལ་བས་སྤང་བླང་བྱ་རྩལ་མེད། ཆོས་ཉིད་སྒྲ་དང་ཚིག་ཏུ་མི་གནས་པས་སྟོང་ཉིད་ལ་རྩོད་པས་མི་རེག་བའོ། །དབྱེ་ན། ལྟ་བ་སྒང་དྲིལ་བ་དང་། གཏར་ག་གེགས་སེལ་བ་དང་། གབ་པ་མངོན་དུ་ཕྱུང་བ་དང་། བཤད་པ་རང་གསལ་གྱི་ཚུལ་དང་བཞིའོ། །འདི་དག་ལའང་ལྟ་སྒོམ་སྤྱོད་གསུམ་གྱི་གནས་གབ་པ་དང་། མངོན་དུ་ཕྱུར་པ་དང་། དྲོད་ཚད་དང་། ཡུལ་ཤེས་གནད་ལ་བོར་ནས་རིག་པ་ཐེར་ལ་འབྱིན་པའི་གནད། འཁྲུལ་པ་གཞི་ལ་བཟློག་པ། ཐེག་ལེ་གནད་ལ་དབབ་པ་སོགས་ཟབ་ལ་རྒྱ་ཆེ་བའི་ནང་གསེས་ཀྱི་དབྱེ་བ་མང་དུ་ཡོད་ཀྱང་། མདོར་བསྡུ་ན། ལུས་དང་འདྲ་བ་ཕྱི་སྐོར། མིག་དང་འདྲ་བ་ནང་སྐོར། སྙིང་དང་འདྲ་བ་གསང་སྐོར། ཐམས་ཅད་རྫོགས་པ་དང་འདྲ་བ་ཡང་གསང་བླ་ན་མེད་པའི་སྐོར་ཏེ་བཞིའོ། །དང་པོ་ཕྱི་སྐོར་ནི། ངོ་བོ་ལ་ཉོན་མོངས་མ་གྲུབ་པས་དུག་ལྔ་ལམ་དུ་ཁྱེར། རང་བཞིན་ལ་རྩོལ་སྒྲུབ་མེད་པས་ཅིར་སྣང་ཆོས་ཉིད་དུ་ཤར། མཚན་ཉིད་ལ་ཕྱོགས་ཆ་མེད་པས་སྟོང་ཉིད་གང་དུའང་ཕྱེ་བ་མེད་པའོ། །གཉིས་པ་ནང་སྐོར་ནི། ངོ་བོ་གཟུགས་ཅན་ལས་འདས་པས་མཚན་མ་མེད་པའི་ཆོས་ཉིད། རང་བཞིན་འགྲོ་འོང་མེད་པས་རྟག་པ་རྒྱུན་གནས་ཀྱི་ཡེ་ཤེས་སོ། །མཚན་ཉིད་ཀྱང་། འཁོར་འདས་གཉིས་ཀ་ལ་ཟུག་པས་རྩ་བ། རང་ངོ་ཐ་དད་དུ་འདྲིལ་བས་སྡོང་པོ། རྩལ་སྣང་ཅིར་ཡང་རྒྱས་པས་ཡལ་ག །གསལ་ཆ་མི་འགག་པས་མེ་ཏོག །སྣ་ཚོགས་གཅིག་ཏུ་སྨིན་པས་འབྲས་བུ་ལྟ་བུའོ། །གསུམ་པ་གསང་སྐོར་ནི། ངོ་བོ་ངོ་སྤྲོད་པ་དང་རྟོགས་པ་དུས་མཉམ་པས་ཤེས་རབ་གསུམ་ལ་མ་ལྟོས། རང་བཞིན་དབུགས་ཆད་པ་དང་གྲོལ་བ་དུས་མཉམ་པས་གོམས་སྟོབས་ལ་མ་ལྟོས། མཚན་ཉིད་སངས་རྒྱས་པ་དང་ཐུགས་རྗེ་འབྱུང་བ་དུས་མཉམ་པས་རྒྱུ་ཚོགས་གཉིས་ལ་མི་ལྟོས་པའོ། །བཞི་པ་ཡང་གསང་བླ་ན་མེད་པ་ནི། ངོ་བོ་ཤེས་བྱ་མ་ཡིན་པས་ཤེས་བྱེད་ལ་མི་ལྟོས། རང་བཞིན་མངོན་སུམ་མཐོང་བས་ཆོས་ཉིད་ཡིད་དཔྱད་དུ་མི་གནས། མཚན་ཉིད་སྣང་བ་བཞིས་འབྲས་བུ་ཕྱི་དུས་ལ་རེ་བ་མི་འཆའ་བར་ཚེ་འདི་ཉིད་ཀྱིས་གདོད་མའི་གཞི་དབྱིངས་སུ་སྦྱོར་བའོ། །དེ་ལྟ་བུའི་ཚུལ་ལ་རྗོད་བྱེད་ཚིག་གི་རྒྱུད་ཁྲི་ཕྲག་གཉིས། ལེའུ་སྟོང་ཕྲག་སུམ་ཅུ་རྩ་ལྔ། ཤཱ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། གནད་སྟོང་ཕྲག་ལྔ། འཕྱོང་ཆེན་པོ་བརྒྱད། གཟེར་བུ་བརྒྱ་དང་བརྒྱད་ཅུ། འགགས་སྟོང་ཕྲག་དགུ་བརྒྱ། ཤན་འབྱེད་ཁྲི་ཕྲག་བདུན། ལ་བཟླ་བ་འབུམ་ཕྲག་ཕྱེད་དང་གཉིས་སོགས་བརྗོད་བྱ་དང་རྗོད་བྱེད་ནམ་མཁའི་མཐའ་དང་མཉམ་པར་བཀའ་སྩལ། མན་ངག་གི་སྡེ་དེ་བཞི་ཀའང་ཀློང་གསུམ་དུ་འདུ་སྟེ། རོལ་པ་འགག་པ་མེད་པའི་ཀློང་། བློ་ལ་མ་གྲོལ་བ་མེད་པའི་ཀློང་། ངོ་བོ་ལ་བཟང་ངན་མེད་པའི་ཀློང་གསུམ་མོ། །མན་ངག་གི་སྙིང་པོའང་། གནད་བཀྲོལ་བ་དང་། འགག་བསྡམ་པ་དང་། ངོ་སྤྲོད་པ་དང་། མངོན་སུམ་རང་གནད་ལ་དབབ་པ་དང་བཞིའོ། །དེ་ལྟར་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་རྫོགས་པ་ཆེན་པོ་མན་ངག་སྡེ་པའི་ལུགས་འདིས་སོ་སོ་རང་གི་རིག་པ་ནི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱའི་ཡུལ་ཡིན་ལ། ཟག་པ་དང་བཅས་པའི་ཉེ་བར་ལེན་པའི་རྣམ་ཤེས་ཚོགས་བརྒྱད་པོའི་རང་བཞིན་ཅན་གྱི་སེམས་ལས་འདས་པའི་ཚུལ་ཡང་། སེང་གེ་རྩལ་རྫོགས་ལས། སེམས་དང་ཡེ་ཤེས་བག་ཆགས་དངོས་མ་ཡིན། །ཡེ་ཤེས་བག་ཆགས་ཀུན་དང་བྲལ་གྱུར་ཀྱང་། །སེམས་ཀྱིས་སྣ་ཚོགས་བག་ཆགས་སྡུད་པར་བྱེད། །སེམས་དང་ཡེ་ཤེས་གཉིས་སུ་མ་ཕྱེ་ན། །སྣང་བ་ཡུལ་གྱི་རྩ་བ་མི་ཆོད་པས། །རྐྱེན་བྲལ་ཆོས་ཉིད་དག་ཀྱང་རྟོགས་པར་དཀའ། །ཞེས་དང་། ནཱ་རོ་བའི་དེ་ཁོ་ཉིད་སྒྲུབ་པའི་ཐབས་ལས་ཀྱང་། བྱང་ཆུབ་སེམས་ཀྱི་རང་རིག་འདི། །བག་ཆགས་འཁྲུལ་པའི་དབང་གིས་ན། །བརྟགས་པས་སྣ་ཚོགས་མེད་བཞིན་འགྲུབ། །སེམས་ཀྱི་བག་ཆགས་ཕྱིར་སྣང་ཡང་། །རིག་པ་འོད་གསལ་འགྱུར་བ་མེད། །ཅེས་དང་། རྣམ་རྟོག་སེམས་ཀྱི་རྒྱུ་བ་བྲལ། །རང་རིག་འོད་གསལ་འཛིན་པ་མེད། །ཅེས་སོ། །མདོར་ན་སྣང་གྲགས་བསམ་ཡུལ་དུ་གནས་སོ་ཅོག་ཐམས་ཅད་ནི་སེམས་ཀྱི་སྣང་བ་འཁོར་བའི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་འཛིན་པའི་སེམས་ཏེ། འཕགས་པ་སྟོང་ཕྲག་བརྒྱ་པ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་འཇིག་རྟེན་པའི་སེམས་སེམས་བྱུང་ལས་འདས་པའི་སེམས་ཉིད་ཀྱི་དོན་དུ་གསུངས་པའང་སྔ་མ་དང་དོན་གཅིག་གོ། །གཞན་ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་བ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། འདི་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། སེམས་མེད་པས་ན་ཆོས་ཀྱང་མེད། །དེ་ལྟར་ལུས་དང་ཁམས་ཀྱང་མེད། །དེ་ལྟར་གཉིས་མེད་ལམ་གྱིས་ནི། །དེ་ཉིད་དུ་ནི་རབ་ཏུ་བཤད། །ཅེས་སོགས་རྒྱ་ཆེར་གསུངས་པ་རྣམས་ཀྱང་སེམས་ལས་འདས་པའི་རིག་པ་ལ་དགོངས་པ་ཡིན་ལ། དེ་ལྟ་བུའི་རིག་པ་དེ་ཉིད་ཀྱང་ཐོག་མ་མེད་པ་ནས་རང་ངོ་ལ་འཁོར་བའི་ཆོས་གང་གིས་ཀྱང་མ་གོས་པས་སྲིད་པའི་ཉེར་ལེན་གྱི་རྒྱུ་ཟད་པས་ཡེ་གྲོལ། གཉེན་པོ་གང་གིས་ཀྱང་མ་བཅོས་པར་གང་ཤར་ཐམས་ཅད་སྤྲུལ་མདུད་རང་ཞིག་པ་བཞིན་འགྲོལ་བྱེད་གཞན་ལ་མ་ལྟོས་པས་རང་གྲོལ། ཚོགས་བརྒྱད་ཀྱི་ཤེས་པ་ཐམས་ཅད་ཀྱང་ཡུལ་ཡུལ་ཅན་གཉིས་སུ་མེད་པ་སྐད་ཅིག་ཉིད་ལ་ཐོག་བབས་ཆེན་པོར་རང་བཞིན་གྱིས་གྲོལ་བས་ཅེར་གྲོལ། དུས་གསུམ་དང་ཤེས་བྱ་གང་དུའང་མི་གནས་པས་མཐའ་གྲོལ་ཏེ། དེ་ལྟར་གྲོལ་ལུགས་ཆེན་པོ་བཞིའི་ངང་དུ་གནས་པ་རང་གི་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་ལམ་འདི་ཉིད་ཀྱི་ཁྱད་ཆོས་སུ་ངེས་པར་བྱས་ནས། དེ་ཚུལ་བཞིན་རྟོགས་པར་བྱ་བ་ལ། སྟོང་ངོས་ཀ་དག་གིས་རིག་པ་སྤྲོས་བྲལ་དུ་གྱུར་པས་སྟོང་པའི་ཆོས་ཟད་པར་བྱེད་པ་ཁྲེགས་ཆོད་དང་། སྣང་ངོས་ལྷུན་གྲུབ་ཀྱིས་གདོས་བཅས་འོད་གསལ་དུ་དྭངས་པས་སྣང་བའི་ཆོས་ཉིད་ཟད་པར་བྱེད་པ་ཐོད་རྒལ་གྱི་ལམ་གཉིས་སུ་ཡོད་པ་ལས། དང་པོ་ཀ་དག་གི་གནས་ལུགས་གཏན་ལ་ཕབ་པ་ཁྲེགས་ཆོད་ནི། ཐེག་པའི་མཆོག་འདིའི་དགོངས་པ་རིག་པ་འཆིང་གྲོལ་མེད་པའི་གཤིས་ལུགས་ཀ་ནས་དག་པའི་ངོ་བོ་དེ་ཉིད་མ་བཅོས་པ་རྒྱ་གང་དུའང་མ་ཆད། རང་གི་རང་བཞིན་ལ་ངོ་བོ་འདི་ཞེས་གདགས་སུ་མེད་པས་ཕྱོགས་གང་དུའང་མ་ལྷུངས་ཤིང་། རྟོག་པའི་བློ་དང་བྲལ་བས་བསམ་བརྗོད་ལས་འདས་པའི་ཟང་ཐལ་རྗེན་པའི་རིག་པ་དེ་ཉིད་སྟོང་པ་ཉིད་དང་། ལམ་དུས་ཚིག་དང་ཡི་གེས་མི་མཚོན་པས་མཚན་མ་མེད་པ་དང་། འབྲས་བུའི་ངོས་ནས་ཐོབ་བྱར་རེ་དོགས་མེད་པས་སྨོན་པ་མེད་པ་དང་། རིག་པའི་ཆ་ལས་བྱང་ཆུབ་ཀྱི་ཡོན་ཏན་རྣམས་རྫོགས་ཤིང་འོད་གསལ་བའི་རང་བཞིན་གྱི་རྣམ་པར་ཐར་པ་གསུམ་གྱི་བདག་ཉིད་ཅན་གྱི་རིག་པ་གང་ལ་ལྟ་སྒོམ་སྤྱོད་འབྲས་རྟོགས་བཅས་རྟོག་མེད་ཀྱི་ཤེས་པས་བསྡུས་པའི་ཆོས་རྣམས་མི་འགྲུབ་ཅིང་། བལྟས་པས་མི་མཐོང་། བསྒོམ་པས་མི་རྟོགས། སྤྱོད་པས་ཕན་མི་བཏགས། འབྲས་བུ་སྒྲུབ་ཏུ་མེད་ལ། དེ་མེད་པས་ས་ལ་སྦྱང་བ་དང་། ལམ་ལ་བགྲོད་པ་དང་། འབྲས་བུ་ལ་དམིགས་པ་དང་། དེ་དང་དེའི་རིམ་པའང་བྱར་མེད་པ་སྟེ། དཔལ་སར་ཧས། ཀྱེ་མ་རྒྱུ་དང་འབྲས་བུ་གཉིས་ལ་མ་ལྟ་ཞིག །དངོས་པོར་སྐྱེ་བའི་རྒྱུ་དང་འབྲས་བུ་ཡོད་མིན་ཏེ། །རེ་དང་དོགས་པའི་སེམས་ཀྱིས་རྣལ་འབྱོར་སེམས་མྱོས་ན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་གནས་དེར་འཆིང་བར་འགྱུར། །ཀྱེ་མ་རང་བཞིན་བྲལ་བས་དེ་ཉིད་བསྒོམ་དུ་ཡོད་མ་ཟེར། །གལ་ཏེ་བསྒོམ་པར་བྱ་དང་སྒོམ་བྱེད་གཉིས་རྟོགས་ནས། །གཉིས་སུ་འཛིན་པའི་ཡིད་ཀྱིས་བྱང་ཆུབ་ཏུ་སེམས་ན། །སྐྱེས་བུ་དེ་ཡི་རང་གིས་རང་ལ་སྡིག་པ་བྱས། །ཞེས་སོ། །གནས་ཚུལ་དེ་ལྟ་བུ་བློར་མ་ཆུད་པ་ཁ་ཅིག་གིས་རྒྱུ་བསྐྱེད་རིམ་སོགས་ཚོགས་གཉིས་མ་བསགས་ན་འབྲས་བུ་གཟུགས་སྐུ་མི་འགྲུབ་པར་འདོད་པ་སོགས་རྫོགས་རིམ་ཟབ་མོ་རྣམས་ལ་སྐུར་པ་གདབ་པ་ཆོས་སྤང་གི་ལས་ཏེ། ལམ་འདིས་སངས་རྒྱས་རྣམས་ཀྱི་མཐར་ཐུག་པ་ཆོས་ཀྱི་སྐུ་ཡིན་ན་དེ་ནི་ཐོབ་ལ། གཞན་དུ། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་ཡི། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ། །ཞེས་གསུངས་པས་སོ། །དེའི་ཕྱིར་རྡོ་རྗེ་སྙིང་པོ་ཀ་དག་གི་རིག་པ་ནི་གདོད་མའི་ཆོས་ཀྱི་སྐུའི་ཡིན་ལུགས་ཇི་ལྟ་བ་ལ་གོམས་སུ་འཇུག་པ་སྟེ། སྤྲོས་པའི་སྒྲིབ་བྱེད་ལས་གྲོལ་བ་ཉི་མ་ངང་བཞིན་གྱིས་གསལ་བ་ལྟ་བུ་ཡིན་ལ། རིམ་པ་བརྒྱད་པོའི་ཉེར་ལེན་སེམས་ཀྱི་ཀུན་ཏུ་རྟོག་པ་འབའ་ཞིག་གིས་བསྐྱེད་པའི་མཚན་བཅས་ཀྱི་རིམ་པ་ལ་བརྟེན་པ་སྒྲིབ་བྱེད་ཀྱིས་སྒྲིབ་པ་སྦྱངས་ནས་གཟོད་ཉི་མ་མཐོང་བར་འདོད་པ་ལྟ་བུའི་ཁྱད་ཡོད་པས། རང་བྱུང་གི་ཡེ་ཤེས་ལ་རྟོག་པའི་ལྟ་སྒོམ་སྤྱོད་འབྲས་ཀྱིས་མ་བཅོས་པར་རང་གཞག་ཉིད་དུ་ལ་བཟློ་བ་སྟེ། རིག་པ་དེ་ཉིད་རྒྱ་ཡན། མ་བཅོས། མི་འཆོས། མི་བསྒོམ། མི་ཡེངས། མི་འཁྲུལ། རྟོག་དཔྱོད་མ་ཞུགས་པ། ལྷག་གེ། །རྗེན་ནེ། ལྷོད་དེ་བར་རང་བབ་ཏུ་བཞག་པ་ཙམ་ལ་ལྟ་བ་དང་སྒོམ་པའི་བླ་དྭགས་བཏགས་པ་ཙམ་སྟེ། རང་ཤར་ལས། རིག་པ་སྤྲོས་དང་བྲལ་བ་ལ། །འཁྲུལ་དང་མ་རིག་ག་ལ་ཡོད། །ཡེ་ཤེས་སེམས་དང་བྲལ་བ་ལ། །མ་རིག་བག་ཆགས་ག་ལ་ཡོད། །ཅེས་སོ། །དེ་ལྟར་མཉམ་པར་བཞག་པ་ཉིད་ཀྱིས་རིག་པ་ཀ་དག་ཆེན་པོའི་གཤིས་མ་བཅོས་པའི་གནས་ལུགས་བཅར་ཕོག་ཏུ་ངོ་འཕྲོད་པ་ལ་གཟུང་འཛིན་གྱིས་འཆིང་མི་ནུས་ཤིང་། དེ་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་བསླད་མི་གཞུག་པའི་ཚུལ་རྡོ་རྗེའི་གད་མོ་ཆེན་པོ་བཅུ་གཉིས་སོགས་ཀྱིས་ལེགས་པར་སྟོན་ལ། ལམ་འདི་ཉིད་ལ་གོམས་པ་བརྟན་པར་གྱུར་པ་ན་མཐར་གྱིས་གྲོལ་སའི་ཀ་དག་ཆེན་པོར་སྡུད་པ་ནི་འབྱུང་བཞི་རགས་པའི་རྡུལ་ཕྲན་ཡེ་ཤེས་ཀྱི་མེ་སྟོབས་སུ་གྱུར་པས་སྦྱོངས་ཏེ་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་ཐིམ་པར་འགྱུར་ཞིང་། གཞན་དོན་དུ་འགྱུར་ན་རྡུལ་ཕྲན་དེངས་པ་དེ་རིང་བསྲེལ་རྣམ་བཞིར་སྤྲུལ་ནས་འཇོག་པའང་ཡོད་ལ། རིག་པ་ནི་ཆོས་སྐུའི་དབྱིངས་སུ་འཁྱིལ་ནས་སྤྲུལ་པའི་སྐུ་རྒྱུན་ཆད་མེད་པས་འགྲོ་དོན་མཛད་པའོ། །གཉིས་པ་ལྷུན་གྲུབ་ཀྱི་སྣང་བ་གཏན་ལ་ཕབ་པ་ཐོད་རྒལ་གྱི་མན་ངག་ནི། དེ་ཡང་ཁྲེགས་ཆོད་ཀྱིས་གཟུང་ཡུལ་འཁྲུལ་པའི་སྣང་བ་གཞི་མེད་རྩ་བྲལ་གཤིས་ཐོག་ཏུ་གྲོལ་བ་ཡིན་ལ། འདིར་ནི་ཁམས་གསུམ་གྱི་སྣང་ཆ་དེ་དག་ཐམས་ཅད་རིག་པའི་རང་གདངས་འོད་ལྔའི་ཐིག་ལེ་ཆེན་པོའི་འོད་གསལ་དུ་གྲོལ་བའི་ཕྱིར་འོག་མ་ལས་ཁྱད་པར་དུ་འཕགས་པ་སྟེ། ཐལ་འགྱུར་ལས། འདི་ནི་ངང་ཡུལ་བསྟན་པ་ལས། །འཁོར་རྐྱེན་འཇུག་པ་མ་ཡིན་པར། །ཟང་མ་ཉིད་དང་ཐལ་བྱུང་དུ། །ཡུལ་དང་ཤེས་པའི་སྣང་ཆ་ལས། །ཐད་ཀ་སོ་སོའི་གཞི་ལས་གྲོལ། །ཞེས་དང་། དཔལ་ནཱ་རོ་པས་ཀྱང་། དངོས་པོ་རང་བཞིན་ཐམས་ཅད་ནི། །ཆོས་ཀྱི་དབྱིངས་ཀྱི་ཐིག་ལེ་ཡིན། །དེ་ཉིད་སྒྲུབ་པའི་ཐབས་སུ་ནི། །སྙིང་པོ་རིག་པ་ཉིད་ཤར་བས། །མཐའ་ཡི་མུན་པ་ངང་གིས་དག །སྒྲུབ་མེད་རང་བྱུང་སྒྲུབ་པ་འདིས། །ཁམས་གསུམ་འོད་གསལ་ཐུགས་སུ་སྒྲུབ། །ཅེས་བཤད་པ་འདིས་དབྱིངས་ཀྱི་སྣང་བ་དང་། སྙིང་པོ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྨིན་པའི་མཐའ་ཆོས་ཉིད་ཟད་པའི་སྣང་བས་ཁམས་གསུམ་ཕྱི་ནང་གི་འབྱུང་བ་རྣམས་འོད་གསལ་དུ་དེངས་པའི་ལམ་མདོར་བསྟན་པ་ཡིན་ཅིང་། འདི་ལའང་བཅའ་བ་ལུས་ཀྱི་གནད་གསུམ། འཁྲིད་པ་དབྱིངས་ཀྱི་གནད་གསུམ། སྣང་བ་ཡུལ་གྱི་གནད་གསུམ་དུ་བསྡུས་ཏེ་ཉམས་སུ་བླང་བར་བྱ་བ་ལས། ཕྱི་མ་འདི་ལ་སྒྲོན་མ་བཞིར་དབྱེ་ན། རྒྱངས་ཞག་ཆུའི་སྒྲོན་མེ། རིག་པ་དབྱིངས་ཀྱི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ། ཤེས་རབ་རང་བྱུང་གི་སྒྲོན་མ་བཞི་ལས། དང་པོ་ནི་འཆར་བྱེད་ཀྱི་སྒོ་སྟེ་རིག་ཆའི་གདངས་ཕྱི་རོལ་གྱི་ལམ་ལ་མཐོང་བའི་ཕྱིར་དང་། གཉིས་པ་ནི་ནང་དབྱིངས་ཕྱི་རུ་གསལ་བའི་གདངས་འཆར་གཞི། གསུམ་པ་ནི་འཆར་བའི་རྣམ་པ་རྩོལ་བྱེད་ཀྱི་རྟེན་དང་། བཞི་པ་ནི་དྭངས་ལ་ཡུལ་མེད་དུ་འཆར་བའི་རིག་ངོ་ལྷག་མཐོང་གི་གནས་ལུགས་མ་ནོར་བ་སྟེ། དེ་དག་གི་དབྱེ་བའང་། རང་ཤར་ལས། ནམ་མཁའ་སྟོང་པའི་དཀྱིལ་འཁོར་དུ། །བཅོས་མེད་སྒྲོན་མ་རྣམ་པ་བཞི། །མ་འགགས་པ་ཡི་དོན་གྱིས་གསལ། །རིག་པ་དབྱིངས་ཀྱི་སྒྲོན་མ་ནི། །ནམ་མཁའ་སྟོང་པའི་ཀློང་དཀྱིལ་དུ། །དབྱིངས་ཀྱི་རང་བཞིན་འོད་ཀྱི་སྐུ། །མ་འགགས་འགག་མེད་རྣམ་པར་གསལ། །ཡེ་ཤེས་ལྔ་ལྡན་ཐུགས་ཀྱི་སྐུ། །ལུ་གུ་རྒྱུད་ཀྱི་ཚུལ་དུ་འཆར། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིག་པའོ། །རིག་པ་དབྱིངས་ཀྱི་སྒྲོན་མ་རུ། །བཅུག་སྟེ་རིག་པ་མ་འགུལ་ན། །འགྱུར་མེད་རྟོགས་པའི་རབ་ཏུ་བཤད། །ཤེས་རབ་རང་བྱུང་སྒྲོན་མ་ནི། །སྒྲོ་འདོགས་ཐམས་ཅད་གཅོད་པ་དང་། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །རྩོལ་བ་མེད་པར་ཤར་གྱུར་ན། །རྒྱངས་ཞག་ཆུ་ཡི་སྒྲོན་མ་ཡིས། །དེ་ལ་བལྟ་བ་མ་ཡེངས་ན། །མཐར་ཕྱིན་བསྒོམ་པའི་ཚད་དུ་གསུངས། །ཞེས་པ་ལྟར། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་བལྟས་པས་གོམས་པའི་རིམ་པས་སྣང་བ་བཞིར་འབྱོངས་ཤིང་། ཆོས་ཉིད་མངོན་སུམ་གྱིས་ཞིང་ཁམས་ཀྱི་སྒོ་ཕྱེ། དེ་ལས་ཐིག་ལེ་སྐུ་རུ་སྨིན་དུ་ཉེ་བ་ཉམས་གོང་འཕེལ་སྤྲུལ་སྐུ། སྐུ་རུ་སྨིན་པ་རིག་པ་ཚད་ཕེབས་ལོངས་སྐུ། དེ་ནས་སྣང་བ་ཐམས་ཅད་ཐིག་ལེ་ཆེན་པོ་གཅིག་གི་དཀྱིལ་འཁོར་དུ་དག་ནས་བློས་བཏགས་པའི་ཆོས་སོ་ཅོག་ཐམས་ཅད་ཟད་ཅིང་ཆོས་ཉིད་དུ་འཛིན་པ་ཙམ་ཡང་ཟད་པས་ཆོས་སྐུའི་སྣང་བ་མཐོང་སྟེ། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་མཐོང་བ་ཡིས། །ཡིད་དཔྱོད་འཛིན་པའི་མཐའ་ལས་འདས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆད། །ཅེས་གསུངས་པ་བཞིན་ནོ། །ཐིག་ལེ་སྐུར་སྨིན་པའི་ཚུལ་འདི་དང་ཕྱོགས་མཚུངས་ཙམ་དུས་ཀྱི་འཁོར་ལོར་ཡང་གསུངས་པ་ཡོད་དེ། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དུ་མར་མེ་དང་། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་གསུངས་སོ། །འདི་ལྟར་གསང་བ་བླ་ན་མེད་པ་འདིར་ཐོག་མ་ནས་འཁོར་བའི་སེམས་ལས་འདས་པའི་རང་བྱུང་གི་རིག་པ་ཉིད་བཅར་ཕོག་ཏུ་ལམ་དུ་བྱེད་པ་ལ་མཁས་པས་མྱུར་དུ་འབྲས་བུ་རང་ཐོག་ཏུ་ཕེབས་པའི་གནད་ཀྱང་དེ་ཡིན་ཅིང་། དེ་ལྟར་མ་ཡིན་ན་ཉམས་སུ་ལེན་དུས་འཁོར་བའི་སེམས་དང་སེམས་བྱུང་ལས་མ་འདས་པས་འབྲས་བུ་འཁོར་བ་ཉིད་དེ་རྒྱུ་འབྲས་མི་བསླུ་བར་གཅིག་པའི་ཕྱིར་འགལ་བར་འདུ་བའི་སྐབས་མེད་ལ། ཁྱད་པར་མངོན་སུམ་འོད་གསལ་ལ་བལྟ་བའི་རིག་པ་སྐད་ཅིག་མ་དེ་ཉིད་ནི་ཁམས་གསུམ་པའི་སེམས་སེམས་བྱུང་ཀུན་གཞི་དང་བཅས་པ་ལྡོག་པ་སྟེ། མངོན་སུམ་ལ་བལྟས་པས་ནང་ཀུན་རྟོག་གི་འཕྲོ་འདུ་མེད་པས་འདོད་པའི་ཁམས་ལས་ལོག །གསལ་བའི་ངང་ལ་གསལ་བར་འཇོག་བྱེད་ཀྱི་གཉེན་པོ་མེད་པས་གཟུགས་ཀྱི་ཁམས་ལས་ལོག །རྟོག་མེད་རྩེ་གཅིག་ལ་ཆོས་ཉིད་ཀྱི་ངང་དུ་ཞེན་པའི་བློ་མེད་པས་གཟུགས་མེད་ཀྱི་ཁམས་ལས་ལོག །དྭངས་ལ་རིག་པའི་ཕྱིར་ཀུན་གཞི་ལས་ལོག །རང་བྱུང་གི་ཡེ་ཤེས་སུ་ཐག་ཆོད་པས་ཀུན་གཞིའི་རྣམ་ཤེས་ལས་ལོག །སྣང་བ་འོད་གསལ་གྱི་ཡུལ་ལས་ཐ་མལ་གྱི་རྗེས་སུ་སྣང་བ་མེད་པས་སྒོ་ལྔའི་རྣམ་ཤེས་ལས་ལོག །དེའི་ཚེ་དཔྱོད་བྱེད་ཀྱི་རྟོག་པ་དང་ཆགས་སྡང་གི་ཀུན་རྟོག་མེད་པས་ཡིད་ཤེས་དང་ཉོན་ཤེས་ལས་ལོག་སྟེ། མདོར་ན་ཁམས་གསུམ་གྱི་སེམས་དང་སེམས་བྱུང་ཐམས་ཅད་ལས་རྣམ་པར་གྲོལ་བ་སངས་རྒྱས་ཀྱི་ཡེ་ཤེས་ཞི་བ་ཉིད་ལས་གཞན་མ་ཡིན་པའི་མཐར་ཐུག་པ་སྟེ། དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། ཞི་བའི་བློ་གྲོས། དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་འདི་སེམས་དང་། ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱིས་གནད་ཀྱང་མི་འདོར་ལ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཞེས་གསུངས་པའི་ཕྱིར་རོ། །གང་དག་གསང་སྔགས་ཀྱི་གྲུབ་མཐའ་རྒྱུད་སྡེ་འོག་མ་རྣམས་སུ་རོ་རྐྱང་གི་རླུང་དབུ་མར་ཚུད་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འདོད་པ་གང་ཞིག་ཚོགས་བརྒྱད་ཀྱི་རྣམ་ཤེས་ལས་མ་ལོག་སྟེ། ཚོར་བ་བདེ་བ་ནི་ཡིད་དང་ཉོན་ཡིད་ཀྱིས་རྗེས་སུ་བསྐྱེད་ཅིང་། སེམས་རྟོག་ཀྱི་ཆ་ནི་ཀུན་གཞི་ལས་གཞན་དུ་མ་འདས་ལ། རླུང་དང་ཁམས་རྣམས་རོ་རྐྱང་གི་ལམ་ནས་དབུ་མར་འཇུག་ཅིང་དེའི་རྩ་བདུད་རེ་རེ་གྲོལ་སྟོབས་ཀྱིས་ས་བཅུའི་སྤངས་རྟོགས་འཆར་བར་འདོད་པས་འགྲོ་དྲུག་གི་རྩ་འདབ་ཏུ་རླུང་སེམས་ཞུགས་པས་མ་དག་པའི་འཁྲུལ་སྣང་འཆར་བའི་ཕྱིར་གོལ་མ་གོལ་གྱི་གནད་ཀྱང་དེ་ཡིན་ལ། འདིར་ནི་རླུང་རྣམས་རང་ཞིར་འཇོག་པ་ལས་དབུ་མར་འཇུག་པ་སོགས་མེད་ཅིང་རྩ་འདབ་སོ་སོའི་རླུང་རང་དག་ལ་སོང་དུས་འོད་ཀྱི་རྩའི་ཡེ་ཤེས་ཀྱི་རླུང་རང་ས་ན་རང་གསལ་བས། དག་པ་ཡེ་ཤེས་ཀྱི་སྣང་བ་སྐུ་དང་ཞིང་ཁམས་ངང་འོད་ཀྱི་རང་བཞིན་ལས་མ་དག་པའི་འཁྲུལ་སྣང་འཆར་བའི་སྐབས་མེད་ཅིང་། དབུ་མའི་འོད་ཀྱི་རྩ་རྣམས་འཕེལ་བས་རྩ་བས་རྩ་བདུད་ཀྱི་རྣམ་རྣམས་རིམ་གྱིས་འོད་དུ་ཡང་བའི་ཡོན་ཏན་ལས་སའི་མངོན་རྟོགས་རྣམས་རང་སྣང་དུ་འཆར་རོ། །དེ་ཡང་རྩ་མདུད་དང་པོ་གཉིས་འོད་དུ་ཡལ་བས། ཕྱིར་སྣང་འོད་ཀྱི་ནང་དུ་སངས་རྒྱས་ཀྱི་ཞིང་ཁམས་བརྒྱ་ཕྲག་འཆར་ལ། དེ་དག་ཏུ་འོད་ཟེར་འགྱེད་པ་དང་། རང་སྣང་དུ་འདུས་པས་བགྲོད་པ་དང་། ལུས་འགུལ་བས་ཞིང་བརྒྱ་གཡོ་བ་དང་། ནང་དུ་ཆོས་ཉིད་མི་རྟོག་པའི་ཏིང་ངེ་འཛིན་བརྒྱ་ལ་འཇུག་ཅིང་ལྡང་བ་ལ་སོགས་འབྱུང་བའི་ཕྱིར། དེ་དག་གིས་མཚོན་པའི་ལམ་གོང་མ་རྣམས་ཀྱང་ཐེག་པ་འོག་མ་ལས་ཆེས་ཁྱད་པར་དུ་འཕགས་པར་ཤེས་པར་བྱ་དགོས་ལ། དེ་ལྟར་སྣང་བ་བཞིའི་ལམ་མཐར་ཕྱིན་པ་དེའི་ཚེ་ཁྲེགས་ཆོད་ཀྱིས་ལུས་རྡུལ་ཕྲན་དུ་དེངས་པ་ཡོད་ཀྱང་དེས་རྡོ་རྗེའི་སྐུ་མི་འགྲུབ། དེ་མ་འགྲུབ་པས་རྟེན་དེས་འཁོར་བ་མ་སྟོངས་ཀྱི་བར་གཞན་དོན་རླབས་པོ་ཆེ་སྒྲུབ་པའི་ཐབས་མེད་པས། གཟུགས་སྐུ་དེ་ཉིད་ཆུའི་ཟླ་བ་ལྟར་སྣང་གཟུགས་ཡོད་ཀྱང་རིག་གཟུགས་མེད་པར་བཞུགས་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པར་མཛད་པ་ལ་འཕོ་བ་ཆེན་པོའི་སྐུ་ཞེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་ལྟ་བུའོ། །གལ་ཏེ་རྟེན་དེས་རེ་ཞིག་གདུལ་བར་བྱ་བ་མེད་ན་ཕྱིར་གསལ་ཟུང་འཇུག་གཟུགས་ཀྱི་སྐུའི་རང་སྣང་དེ་ཉིད་ནང་དབྱིངས་སྤྲོས་པ་དང་བྲལ་བ་ཆོས་སྐུའི་ངང་དུ་ཐིམ་ནས་སོ་སོ་རང་གི་རིག་པ་ཕྲ་བའི་ཡེ་ཤེས་ནང་གསལ་གཞོན་ནུ་བུམ་པ་སྐུའི་ཚུལ་གྱིས་འཁྱིལ་པ་ལས། དེའི་ངང་དུ་གདུལ་བྱ་འདུལ་བྱེད་ཀྱི་རོལ་པ་བཀྱེ་བ་འགག་པ་མེད་པའི་ཐུགས་རྗེ་ཆེན་པོའི་ཡེ་ཤེས་འཕྲོ་བའི་གཞིར་ཤིན་ཏུ་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ་བཞུགས་པའི་ཆོས་ཉིད་དེ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཀྱི་སྐུའི་མཐར་ཐུག་པ་སྟེ། ཀ་དག་དང་ལྷུན་གྲུབ་གཉིས་མེད་ཀྱི་གྲོལ་ས་ཀ་དག་ཆེན་པོ་གདོད་མའི་གཞིའི་གནས་ལུགས་སུ་བྱང་ཆུབ་པ་ཡིན་ལ། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་རྣམས་ཀྱིས་འདི་སྐབས་སུ་འཇུག་པ་ཐམས་ཅད་ཞི་བའི་འགོག་པ་དམ་པ་ལ་གནས་པས་རང་སྣང་གི་སྐུ་དང་ཡེ་ཤེས་ཀྱང་མི་འདོད་དེ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཉིད་ཀྱང་སྟོང་པ་མཐའ་གཅིག་ཏུ་བཞེད་པའི་ཕྱིར་རོ། །འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡུལ་ཡུལ་ཅན་དུ་རྣམ་པར་མི་རྟོག་པ་ལ་རང་རང་གི་བཞེད་ཚུལ་ཐ་དད་པ་བྱུང་ཡང་གདོད་མའི་མགོན་པོའི་དགོངས་པ་རྫོགས་ཆེན་རང་ལམ་གྱིས་ཁྱད་པར་འདི་ལྟར་བཞག་སྟེ། ངོ་བོ་ཀ་དག་གི་ཆ་ནས་དབྱིངས་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བར། ལྷུན་གྲུབ་ཀྱི་ཆ་ནས་རང་སྣང་ལོངས་སྤྱོད་རྫོགས་པའི་ཞིང་དང་སྐུའི་འཆར་གཞི་ཕྲ་བའི་ཡེ་ཤེས་གསུམ་དང་། དེའི་རྩལ་ལས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་། ཤེས་བྱ་མཁྱེན་པའི་ཡེ་ཤེས་འཆར་གཞིའི་ཆུ་ཤེལ་འོད་ནང་དུ་གསལ་བ་ཕྱི་རོལ་དུ་མི་མངོན་པ་བཞིན་གནས་པ་ཡིན་ལ། ཡེ་ཤེས་དེ་ཉིད་ཡོད་པས་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དང་། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་གཉིས་ཕྲིན་ལས་དང་བཅས་པ་གདུལ་བྱ་ལ་སྣང་བའི་ནུས་པ་འདི་ཉིད་ལས་བྱུང་བ་སྟེ། དེ་ལྟར་མིན་ན་ཡེ་ཤེས་ཡོད་པས་གདུལ་བྱའི་དོན་དང་། ཐམས་ཅད་མཁྱེན་པའི་ཡོན་ཏན་ཚད་མེད་པ་རྣམས་ཀྱང་མི་འབྱུང་བར་འགྱུར་ཏེ། སྡུད་པ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་དང་། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་དང་། སྒྲོན་མ་སྣང་བྱེད་ལས། དེ་ལྟར་ཡེ་ཤེས་ཆ་མེད་ན། །ཕྱི་རོལ་ནམ་མཁའ་སྟོང་པ་དང་། །ཁྱད་པར་ཉིད་ནི་ཡོད་མ་ཡིན། །དེ་ཕྱིར་གཞི་ནས་ཡེ་ཤེས་ཁྱབ། །ཡེ་ཤེས་མེད་ན་ཆད་པ་དང་། །ཁྱད་པར་ཅི་ཡང་ཡོད་མི་འགྱུར། །ཞེས་པ་ལ་སོགས་མཐའ་ཡས་པར་གསུངས་སོ། །ཡོན་ཏན་ལྷུན་གྲུབ་ཀྱི་ཚུལ་འདི་ལ་མཉམ་སྦྱོར་འགྲེལ་ཆེན་ལས་ཀྱང་། ཐམས་དང་ཤེས་རབ་གཉིས་སུ་མེད་པའི་མཚན་ཉིད་བདེ་བ་ཆེན་པོའི་སྐུ་འདི་ནི་རྣལ་འབྱོར་གྱི་བདག་ཉིད་ཅན་ཏེ་གཉིས་ཅན་དུ་རྟོག་པའི་མཚན་མ་བདུད་ལ་སོགས་པའི་ཚོགས་རྣམས་ངང་གིས་བཅོམ་ཞིང་། ལེགས་པའི་ཡོན་ཏན་གྱི་བཀོད་པ་ཐམས་ཅད་ལ་མངའ་བརྙེས་པས་ཡོན་ཏན་གྱི་བྱེ་བྲག་གཞན་མེད་དེ་རང་བཞིན་ལྷུན་གྱིས་གྲུབ་པ་དང་རྟོགས་པས་མངོན་དུ་གྱུར་པའི་ཚུལ་དུ་བཞུགས་ཤིང་། ཞེས་པ་ལ་སོགས་པ་རྣམས་ཀྱིས་ལེགས་པར་བཤད་དོ། །ཆོས་ཀྱི་སྐུ་དེའི་ངང་ལས་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པའི་བྱིན་རླབས་ལས་དག་པའི་ཞིང་ཁམས་སུ་དེ་བཞིན་གཤེགས་པ་རིགས་ལྔ་དང་། མ་དག་པའི་ཞིང་དུ་མཆོག་གི་སྤྲུལ་སྐུ་སོགས་ཕྲིན་ལས་རྒྱུད་མི་འཆད་དུ་འབྱུང་བ་ཡིན་ནོ། །རྗེས་མཐའ་རྟེན་བཞིའི་མན་ངག་ཀྱང་། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདིང་བཞིས་གྲོལ་ཚད་བསྟན་པས་མཇུག་བསྡུ་བ་ཡིན་ལ། མདོར་ན་རྫོགས་པ་ཆེན་པོའི་གནས་ལུགས་ནི་ལྟ་བ་ཡོངས་གྲུབ། རྒྱུ་འབྲས་དག་མཉམ། བདེན་པར་དབྱེར་མེད། གཟུང་འཛིན་རང་ཞིག །སྐྱེ་འགག་ཟང་ཐལ། སྤྲོས་པ་སྤྲོས་ཀྱི་མཐར་མ་ལྷུངས། བློས་མ་བཅོས། ཕྱིར་མི་འཕྲོ། ནང་དུ་མི་གཟུང་། བར་དུ་མི་གཞག །བརྗོད་ཚད་ཐམས་ཅད་ཚིག་དང་ཐ་སྙད་ཀྱི་སྤུན་པ། བསམ་ཚད་དཔྱོད་ཚད་ཐམས་ཅད་རྟོག་པས་བཏགས་པ་ཁོ་ནར་སོང་བས་རང་ངོ་ཁས་ལེན་གྱི་མཐར་མི་གནས་པའི་ངང་དུ་ལ་བཟླ་བ་ཞིག་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། རིག་པའི་ཆོས་ཐམས་ཅད་བདག་རྟོག་གི་བློ་དང་བྲལ་བར་ཤེས་པར་གྱིས་ཤིག །ཅེས་སོ། །འོན་ཀྱང་སྔ་ཕྱི་ཅི་རིགས་པ་རྣམས་སུ་ཆོས་ཉིད་ཟབ་མོ་བློས་བྱས་ཀྱིས་སྒྲུབ་པར་རློམ་པ་རྣམས་ནི་ཆོས་ཉིད་བློ་བྲལ་གྱི་གཏམ་ཟབ་མོས་སྐྲག་པར་གྱུར་ཅིང་། འདི་ས་ལམ་གྱི་རིམ་པ་འོག་མ་རྣམས་སུན་ཕྱུང་བ་ལྟར་སྣང་བ་ལ་ཟབ་མོའི་ཕྱོགས་དང་རྒྱ་ཆེ་བའི་གནས་ལ་ཤིན་ཏུ་མཛའ་བ་མ་ཡིན་པའི་རྟོག་གེའི་བློ་གྲོས་ལྟར་སྣང་དང་ལྷན་ཅིག་ཏུ་དུས་སྔ་ཕྱི་ཙམ་ལའང་ཕྲག་བ་དོག་པའི་བཀའ་ཐུབ་རེས་འགའ་མ་ཡིན་པར་ལྷུར་ལེན་པ་དག་བྱུང་མོད་ཀྱི། འཕགས་པ་འཇམ་དཔལ་གྱིས། བྱ་བ་རྣམས་ལ་རྣལ་འབྱོར་བ། །ལམ་ཆེན་དག་ཏུ་ཡོངས་འཛིན་པ། །རི་དྭགས་སྨིན་རྒྱུ་བསྙེག་པ་ལྟར། །རྟག་ཏུ་སྣང་ཡང་མི་ཟིན་ནོ། །དེ་བས་དེ་དག་ཐམས་ཅད་ཀྱང་། །ཡང་དག་མིན་པའི་བློ་དང་བཅས། །འོག་མ་འོག་མའི་རྣལ་འབྱོར་བློ། །གོང་མ་གོང་མའི་ཁྱད་པར་འཕགས། །འོག་མའི་བློ་ནི་གོང་མ་ཡི། །ཤེས་རབ་ཀྱིས་ནི་སུན་འབྱིན་ནོ། །ཞེས་གསུངས་པ་བཞིན་ཤེས་པར་བྱ་ཞིང་རྩོད་པའི་ཀུན་ལྷོངས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངང་དུ་ཞིབ་ལ་མཁས་པར་བྱའོ། །གཞན་ཡང་རྫོགས་པ་ཆེན་པོའི་གདམས་པ་ལག་ལེན་དུ་འདྲིལ་བའི་མན་ངག་ཏུ་འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོ་རྣམ་པ་བཞིའི་རོལ་པར་གཏན་ལ་ཕབ་སྟེ། སྐྱེ་གནས་ཀྱི་བར་དོར་གདམས་ངག་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པའི་བྱ་ཚང་དུ་འཇུག་པ་ལྟ་བུ། འཆི་ཁའི་བར་དོར་གདམས་ངག་གསལ་འདེབས་པ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུ། ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ། སྲིད་པ་བར་དོར་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུག་པ་ལྟ་བུའི་གདམས་ངག་ལ་བརྟེན་ནས་སྐལ་ལྡན་རྣམས་གདོད་མའི་གྲོལ་གཞིར་སྐྱེལ་བ་ཡིན་ལ། གནད་ཀྱི་སྙིང་པོ་གནས་ལུགས་རྟོགས་པའི་ཡེ་ཤེས་ཇི་བཞིན་པ་དངོས་ནི་གོ་ཡུལ་གྱི་ལྟ་བ་ཁ་ཁྱེར་ཙམ་གྱིས་ནམ་ཡང་མཐོང་ཞིང་ཐོབ་པའི་སྐབས་མེད་པས་ན། ཇི་སྐད་དུ། དོན་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟན་པ་རྨོངས་པར་ཤེས་པར་བྱ། །ཞེས་དང་། ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། དཔལ་ས་ར་ཧས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་གསུངས་པ་ལྟར། བླ་སློབ་སྣོད་བཅུད་ཀྱི་རྟེན་འབྲེལ་ཚོགས་པ་ན་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ཡེ་ཤེས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ཆེན་ནོས་ཏེ་མངོན་སུམ་རང་ཐོག་ཏུ་དབབ། དབབ་པའི་དོན་རྩོལ་མེད་ངང་བཞག་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་གོམས་པར་བྱས་ཏེ། ལམ་རྟགས་ཉམས་ཀྱི་སོ་མཚམས་ངོས་བཟུང་ཞིང་བདེ་རྩུབ་ཉམས་བཞེས་ཀྱི་གེགས་བསལ་བ་དང་། ཉམས་མྱོང་རྟོགས་པའི་ཡོན་ཏན་བོགས་དབྱུང་བ་ལ་བརྟེན་ནས། འབྲས་བུ་ཕྱི་དུས་སུ་མི་རེ་བར་ཚེ་ ལུས་འདི་ཉིད་ལ་མངོན་དུ་བྱེད་པའི་གདིང་དང་ལྡན་པ་ཡིན་ནོ། །དེ་ལྟར་གོ་དོན་སྤྱིར་དབྱེ་བའི་སྒོ་ནས་བཤད་པ་ཉིད་ངེས་པར་བྱས་ཏེ། ད་ནི་གཉིས་པ་བློ་ལ་འཇུག་བདེ་བའི་ཕྱིར་སྐབས་དོན་བྱེ་བྲག་ཏུ་བསྡུ་བའི་སྒོ་ནས་སླར་ཡང་འཆད་པར་བྱ་སྟེ། དེ་ལ་གཉིས། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །དེ་གཉིས་ཀྱི་ཁྱད་པར་ལ་སྔ་རབས་པ་རྣམས་ཀྱི་བཞེད་པ་མི་མཐུན་པ་མང་ནའང་། འདིར་ཐུགས་སུ་སྲས་ཀ་བ་བཞིའི་དགོངས་པ་རྗེ་སྒྲོ་ཕུག་པས་བསྡུས་ནས་ལྔར་གསུངས་ཏེ། དང་པོ་ལྟ་བའི་ཁྱད་པར་ནི། སྔགས་ཀྱི་ཐེག་པ་གང་ཞིག་སེམས་ཉིད་བདག་ཉིད་ཆེན་པོར་རྟོགས་པ་ནང་པ། མ་རྟོགས་པ་ཕྱི་པ་སྟེ། ཨིནྡྲི་བྷུ་ཏིའི་ལམ་རྣམ་བཀོད་ལས། རིགས་གསུམ་རིགས་ལྔར་འདོད་པ་དག །བདག་ཉིད་ཆེན་པོ་མ་རྟོགས་ཕྱིར། །ཐུན་མོང་མཉམ་པར་ང་སྨྲའོ། །ཞེས་སོ། །གཉིས་པ་དངོས་གྲུབ་ལེན་ཚུལ་གྱི་ཁྱད་པར་ནི། ཡེ་ཤེས་ཀྱི་ལྷ་ལ་རེ་ཞིང་བཀའ་ལ་སྡོད་པས་དངོས་གྲུབ་ཞུ་བ་ནི་ཕྱི་པ། བདག་ཉིད་ཆེན་པོར་རྟོགས་པས་སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར་དངོས་གྲུབ་རང་ལ་ཡོད་པར་མཐོང་བ་ནི་ནང་པ་སྟེ། རྡོ་རྗེ་སེམས་དཔའི་ཞུས་ལན་ལས། སྔགས་ཕྱི་ནང་གི་རྣལ་འབྱོར་པ་གཉིས་དངོས་གྲུབ་ལེན་པ་ལ་ཁྱད་པར་ཅི་མཆིས། ཞེས་ཞུས་པའི་ལན་དུ། དཔེར་ན་རྒྱལ་པོས་བློན་པོར་བསྒོས་པ་ལྟར། །གྲུབ་པ་གོང་ནས་འབྱིན་པ་ཕྱིར་བའི་ཚུལ། །འབངས་ཀྱིས་རྒྱལ་སྲིད་ཕུལ་ནས་དབང་བསྒྱུར་ལྟར། །རང་བྱུང་རྫོགས་ཆེན་བླ་ན་མེད་པ་ཚུལ། །ཞེས་དང་། གསང་སྙིང་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །ཞེས་སོགས་གསུངས་པ་ལྟར་རོ། །གསུམ་པ་དབང་གི་ཁྱད་པར་ནི། མཆོག་དབང་གོང་མ་གསུམ་བསྐུར་ཐོབ་མི་ནུས་པ་ཕྱིར་པ། དེ་གསུམ་ལ་གཙོ་བོར་འཛིན་པ་ནང་པའོ། །བཞི་པ་སྦྱོད་པའི་ཁྱད་པར་ནི། འཁོར་བའི་ཆོས་ཉི་ཤུ་ལ་ཐབས་ཀྱིས་ཟིན་ནས་སྤྱོད་ནུས་པ་ནང་པ་དང་། མི་ནུས་པ་ཕྱི་པའོ། །ལྔ་པ་འབྲས་བུའི་ཁྱད་པར་ནི། མི་ཚེ་བདུན་དང་ལྔ་དང་གསུམ་སོགས་ནས་སྦྱོར་ནུས་པ་ཕྱི་པ། ཚེ་འདི་ལ་སྦྱོར་ནུས་པ་ནང་པའོ། །ཞེས་གསུངས། ལྷ་རྗེ་ཁ་རག་པ་དང་བློ་མ་རོག་ནི། རྒྱུད་གཞུང་གི་སྐབས་སུ་རྒྱུད་ཀྱི་དངོས་པོ་བཅུ་ཕྱི་ནང་གིས་བསྒྱུར་བའི་ཁྱད་པར་དང་། བྱེ་བྲག་དབང་གི་སྐབས་སུ་ཟབ་དབང་གསུམ་སྟོན་ནུས་མི་ནུས་དང་། ལྟ་བའི་སྐབས་སུ་རང་བྱུང་ཡེ་ཤེས་སྨྲ་ནུས་མི་ནུས་དང་། བསྒོམ་པའི་སྐབས་སུ་ལྷ་ཞལ་སྦྱོར་དུ་བསྒོམ་ནུས་མི་ནུས་དང་། སྦྱོད་པའི་སྐབས་སུ་དམ་རྫས་ལྔ་ལ་སྤྱོད་ནུས་མི་ནུས་དང་། ལྷ་དང་བདག་ཐ་མི་དད་དུ་བལྟས་ནས་འཇུག་ནུས་མི་ནུས་དང་། དངོས་གྲུབ་ཀྱི་སྐབས་སུ་དུས་ཉེ་རིང་དང་ཕྱི་ནང་ནས་རེ་བའི་ཁྱད་པར་ཡོད་ཅེས་གསུངས། ལྷ་རྗེ་དཔྱལ་བ་ནི། ཁྱད་པར་དེ་རྣམས་ཀྱང་ཕྱོགས་རེ་བ་ཙམ་ཡིན་པས། འདིར་ཤེས་བྱ་གཞིའི་ཁྱད་པར། ཤེས་བྱེད་ལམ་གྱི་ཁྱད་པར། ཐོབ་བྱ་འབྲས་བུའི་ཁྱད་པར་གསུམ་དུ་ཕྱེ་ན་འཐད་གསུངས། རྗེ་སྒྲོལ་གཡུང་གཉིས་ཀྱི་ཞལ་ནས། ལྟ་སྤྱོད་དང་ཏིང་ངེ་འཛིན་གསུམ་དབྱེར་མེད་དུ་འདོད་པ་སྔགས་ནང་པ། མི་འདོད་པ་ཕྱི་བའོ། །འོ་ན་རྒྱུའི་ཐེག་པ་དང་སྔགས་ཕྱི་བ་ལ་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཀུན་རྫོབ་ལམ་དུ་བྱེད་ནུས་མི་ནུས་ཀྱི་ཁྱད་པར་ཡོད་པའི་ཕྱིར་གསུངས། དེ་ལས། དང་པོ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ལ་དབྱེ་ན། རང་ཤར་ལས། ཕྱི་བ་རྒྱུད་ལ་རྣམ་གསུམ་སྟེ། ཀྲི་ཡ་ཨུ་པ་ཡོ་གའོ། །ཞེས་པས། བྱ་བའི་རྒྱུད་དང་། གཉིས་ཀའི་རྒྱུད་དང་། རྣལ་འབྱོར་རྒྱུད་ཀྱི་ཐེག་པའོ། །དང་པོ་ལ་གསུམ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། དོན་དམ་པར་མཐའ་བཞི་དང་བྲལ་བའི་དག་པར་རྟོགས་པས་ཀུན་རྫོབ་ཏུ་དངོས་གྲུབ་གཞན་ལ་རེ་ཞིང་རྩོལ་བའི་ཐབས་སུ་གྱུར་པ་སྟེ། ལམ་རིམ་ལས། གཉིས་མེད་མཉམ་པར་མ་ཤེས་པས། །དོན་དམ་དག་པ་ཆོས་ཉིད་ཙམ། །ཡེ་ཤེས་བཞི་ཡོན་ཀུན་རྫོབ་ལྷ། །རེས་བསྒོམ་བྱ་བ་ལས་ཀྱི་ས། །ཞེས་སོ། །གཉིས་པ་ནི། ཀྲི་ཡའི་སྒྲ་བྱ་བ་སྟེ། ཕྱིའི་བྱ་བ་གཙོ་བོར་སྟོན་པའི་ཕྱིར། དེ་ལྟར་ཡང་བསམ་གཏན་ཕྱི་མའི་འགྲེལ་བ་ལས། རྒྱུད་འདི་ནི་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པས་ན་བྱ་བའི་རྒྱུད་ཅེས་བྱའོ། །ཞེས་སོ། །གསུམ་པ་དབྱེ་ན་དྲུག་གི། དང་པོ་འཇུག་སྒོ་ལ། ཐོག་མའི་འཇུག་སྒོ་སྨིན་བྱེད་དང་། བྱ་བའི་འཇུག་སྒོ་གཉིས། དང་པོ་ནི། ཆུ་དང་ཅོད་པན་གྱི་དབང་འཁོར་བཅས་བསྐུར་བས་སློབ་མ་སྣོད་རུང་དུ་བྱེད་པ་སྟེ། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་སོ། །གཉིས་པ་ནི། ཁྲུས་དང་གཙང་སྦྲ་དང་དག་པ་གསུམ་གྱི་སྒོ་ནས་འཇུག་སྟེ། རང་ཤར་ལས། འཇུག་པའི་སྒོ་ནི་དག་པ་གསུམ། །ཁྲུས་དང་གཙང་སྦྲས་འཇུག་པའོ། །ཞེས་སོ། །དེ་ཡང་དག་པ་གསུམ་ནི། དེ་ལས། དག་པ་རྣམ་གསུམ་གང་ཞེ་ན། །ལྷ་དང་དཀྱིལ་འཁོར་དག་པ་དང་། །རྫས་དང་ལོངས་སྤྱོད་དག་པ་དང་། །སྔགས་དང་ཏིང་འཛིན་དག་པའོ། །ཞེས་སོ། །གཉིས་པ་ལྟ་བ་ནི། ལྟ་རིམ་ལས། ཀྲི་ཡ་དོན་དམ་ཆོས་ཉིད་བལྟ། །ཀུན་རྫོབ་རང་རིག་ཡོན་ཏན་ལྷ། །རིགས་གསུམ་དཀྱིལ་འཁོར་སྣང་བ་ལ། །སྐྱེ་བོ་འཁྲུལ་པ་མེད་པར་འདོད། །ཅེས་པས་བདེན་པ་གཉིས་ཏེ། དོན་དམ་བདེན་པ་ནི། སེམས་ཉིད་དག་པ་སྟོང་གསལ་གྱི་ཡེ་ཤེས་ཡོད་མེད་སྣང་སྟོང་གི་མཐའ་བཞི་དང་བྲལ་བར་འདོད་དེ། ལ་ཤན་ལས། རང་སེམས་མཐའ་བཞི་ཡོངས་བྲལ་བ། །རིག་ཕྱིར་ཡེ་ཤེས་གཞན་ལས་མིན། །ཞེས་སོ། །ཀུན་རྫོབ་ལ། ཡང་ལོག་གཉིས་ལས། ལོག་པའི་ཀུན་རྫོབ་ནི། དབུ་མ་པ་མན་ཆད་ཀྱིས་ཡང་དག་དང་ལོག་པར་བརྟགས་པའི་ཀུན་རྫོབ་ཐམས་ཅད་ཡིན་ལ། ཡ་དག་ཀུན་རྫོབ་ནི། ཆོས་ཉིད་རྟོགས་པའི་ཡོན་ཏན་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་སྣང་བར་འདོད་པ་སྟེ། སྔ་མའི་འཕྲོས་ལས། སྐྱེད་བསླང་སྣང་བའི་ཡེ་ཤེས་ཀྱིས། །སྣང་བའི་དངོས་པོ་མཐོ་འཇམ་རྩུབ། །དྲུག་ཕྱེད་རིགས་ཀྱི་དཀྱིལ་འཁོར་དུ། །མཐོང་བ་རྣམ་པར་དག་ཅེས་བྱ། །ཞེས་སོ། །གསུམ་པ་ཚུལ་ཁྲིམས་ནི། ཡང་འབྱེད་འཕྲུལ་ལྡེ་ལས། །དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །སྔགས་དང་ཕྱག་རྒྱ་མི་སྤང་ཞིང་། །རྡོ་རྗེ་དྲིལ་བུ་སྤང་མི་བྱ། །ལྷ་དང་བླ་མ་དེ་བཞིན་ནོ། །དེ་ནི་ཡན་ལག་དམ་ཚིག་ཡིན། །རྩེ་བའི་དམ་ཚིག་ལྔ་པོ་ནི། །ཁྲི་ལ་ཉལ་བར་མི་བྱ་ཞིང་། །ཤ་མི་ཟ་ཞིང་ཆང་མི་བཏུང་། །ཞེས་དམ་ཚིག་བཅུ་གཅིག་ཏུ་གསུངས། གསང་བ་སྤྱི་རྒྱུད་ལས་སྤྱིའི་དམ་ཚིག་གསུམ་དང་། བྱེ་བྲག་གི་དམ་ཚིག་བཅུ་གསུམ་དུ་བཤད་པ་ལ་སོགས་པའོ། །བཞི་པ་བསྒོམ་པ་ལ། མཚན་བཅས། མཚན་མེད་གཉིས་ལས། དང་པོ་ནི། ཧེ་རུ་ཀ་གལ་པོ་ལས། ཆོས་ཉིད་སྒྲ་དང་ཡིད་གཟུགས་ཐུགས། །ཡེ་ཤེས་ཡོངས་རྫོགས་སྐུར་སྒྲུབ་བསྒོམ། །ཞེས་པས་ཀྲི་ཡ་དོན་གྱི་ལྷ་དྲུག་གི་སྒོ་ནས་དམ་ཚིག་པ་བསྐྱེད་པར་བྱ་སྟེ། དེའང་སྟོང་པ་ཉིད་ཀྱི་ལྷ་དང་། ཡི་གེའི་ལྷ་དང་། སྒྲའི་ལྷ་དང་། གཟུགས་ཀྱི་ལྷ་དང་། ཕྱག་རྒྱའི་ལྷ་དང་། མཚན་མའི་ལྷའོ། །དེ་ལྟར་ཡང་། སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ། །ཞེས་རྣམ་འཇོམས་ཀྱི་རྒྱུད་རྒྱས་པ་ལས་གསུངས་སོ། །དེ་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ། མཆོད་བསྟོད་དང་བཟླས་པ་སོགས་བྱས་ལ། རྗེ་ཁོལ་གྱི་ཚུལ་དུ་བལྟས་ནས་དངོས་གྲུབ་བླང་སྟེ། རང་ཤར་ལས། ལྷ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབངས་ཀྱི་ཚུལ་དུ་བལྟ། །ཞེས་དང་། རིགས་ཐམས་ཅད་པའི་དངོས་གྲུབ་ལེན་པའི་རྒྱུད་ལས། རྗེ་དཔོན་རྒྱལ་པོའི་ཚུལ་བལྟས་ལ། །རང་ཉིད་བྲོན་གྱི་འདུ་ཤེས་ཀྱིས། །སྔགས་བསྒྲུབ་དངོས་གྲུབ་སྙིང་པོ་ནི། །བླ་ན་མེད་པའི་མཆོག་ཏུ་བླང་། །ཞེས་སོ། །གཉིས་པ་ནི། མཚན་བཅས་ལྷ་དང་ཡིག་འབྲུ་ལ་སོགས་པར་བསྒོམ་པའི་སྣང་བ་དེའང་མི་དམིགས་པ་དག་པ་མཐའ་བཞི་དང་བྲལ་བའི་ངང་དུ་འཇོག་པས་བདེན་གཉིས་རེས་བསྒོམ་སྟེ། ལ་ཤན་ལས། སྣང་སྟོང་རིམ་གྱིས་བརྟན་པར་བྱེད། །ཅེས་སོ། །ལྔ་པ་སྤྱོད་པ་ནི། བྱ་བ་དྲུག་སྟེ། འཇུག་པའི་དུས་དང་། ཟས་དང་། གོས་དང་། གཙང་སྦྲ་དང་། དམིགས་རྟེན་དང་། བཟླས་བརྗོད་སྔགས་ཀྱི་བྱ་བ་རྣམས་སོ། །དེ་ལྟར་ཡང་། གལ་པོ་ལས། གཟའ་སྐར་དུས་ཚིགས་ཟས་གོས་གཙང་། །བརྟུལ་ཞུགས་དཀའ་ཐུབ་སྤྱད་པ་སྤྱོད། །ཅེས་དང་། ལྟ་ཕྲེང་ལས། སྐུའི་གཟུགས་བརྙན་དང་། ཐུགས་ཕྱག་མཚན་དང་། བཟླས་བརྗོད་དང་། ཞེས་སོགས་གསུངས་སོ། །དྲུག་པ་འབྲས་བུ་ནི། མི་ཚེ་བདུན་ན་རིགས་གསུམ་རྡོ་རྗེ་འཛིན་པའི་ས་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་འཐོབ་པར་འདོད་པ་སྟེ། གལ་པོ་ལས། མི་ཚེ་བདུན་ན་སངས་རྒྱས་ས། །རིགས་གསུམ་མགོན་པོས་འགྲོ་བ་འདུལ། །ཞེས་སོ། །གཉིས་པ་ཨུ་པ་ཡའི་ཐེག་པ་ལ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། ལྟ་སྒོམ་ཡོ་ག་དང་། སྤྱོད་པ་བྱ་བ་ལྟར་སྤྱོད་པས་དངོས་གྲུབ་སྒྲུབ་པའི་ཐབས་སུ་གྱུར་པ་སྟེ། ལྟ་ཕྲེང་ལས། གཉིས་ཀ་ལ་བརྟེན་པ་ལས་གྲུབ་པའོ། །ཞེས་སོ། །གཉིས་པ་ནི། ཨུ་པའི་སྒྲས་ཕྱི་ལུས་ངག་གི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ཆ་མཉམ་དུ་སྤྱོད་པའི་ཕྱིར་གཉིས་ཀའི་རྒྱུད་ཅེས་བྱ་སྟེ། རང་ཤར་ལས། ཨུ་པ་ཡ་ནི་འདི་ལྟ་སྟེ། །ལྟ་བ་ཡོ་གར་བལྟ་བ་ལ། །སྤྱོད་པ་ཀྲི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་སོ། །གསུམ་པ་དབྱེ་ན་དྲུག་གི། དང་པོ་འཇུག་སྒོ་ལའང་གཉིས་ལས། དང་པོ་དབང་ནི། ཆུ་ཅོད་པཎ་གཉིས་ཀྱི་སྟེང་དུ་རྡོར་དྲིལ་མིང་གསུམ་སྟེ། ཡེ་ཤེས་ཐིག་ལེ་ལས། རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་དུ་རབ་ཏུ་གསལ། །ཞེས་སོ། །བྱ་བའི་འཇུག་སྒོ་དང་། གསུམ་པ་ཚུལ་ཁྲིམས་དང་། ལྔ་པ་སྤྱོད་པ་རྣམས་བྱ་རྒྱུད་དང་། གཉིས་པ་ལྟ་བ་དང་། བཞི་པ་སྒོམ་པའི་ཏིང་ངེ་འཛིན་ནི་ཡོ་ག་དང་ཤས་ཆེར་མཐུན་པ་སྟེ། གཡུ་ཐང་ལས། གཉིས་ཀ་རྒྱུད་ཀྱི་འདོད་པ་ནི། སྤྱོད་པ་བྱ་བའི་རྗེས་མཐུན་ཡང་། །ལྟ་བ་རྣལ་འབྱོར་རྗེས་མཐུན་ཕྱིར། །རིགས་དང་ལྟ་བས་ཁྱད་པར་འགྱུར། །ཞེས་དང་། ལྟ་རིམ་ལས། གཉིས་ཀ་རྒྱུད་ཀྱི་འདོད་པ་ནི། །ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཞེས་སོ། །འོ་ན་ཀྱང་རྒྱལ་བ་རིགས་བཞིར་བལྟ་ཞིང་བསྒོམ་པ་སོགས་ཁྱད་པར་ཅུང་ཟད་སྣང་ངོ་། །དྲུག་པ་འབྲས་བུ་ནི། མི་ཚེ་ལྔ་ན་རིགས་བཞི་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་པ་སྟེ། རིགས་བཞི་ནི་ལས་ཀྱི་རིགས་རིན་ཆེན་རིགས་ལ་བསྡུས་པའོ། །དེའང་གལ་པོ་ལས། རིགས་བཞི་རྡོ་རྗེ་འཆང་བར་ནས། །ཞེས་དང་། ཀུན་བྱེད་ལས། གཉིས་སུ་མེད་ལ་མི་ཚེ་ལྔས་སྒྲིབ་གོལ། །ཞེས་སོ། །གསུམ་པ་ཡོ་གའི་ཐེག་པ་ལ། ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། དོན་དམ་མཚན་མ་མེད་པའི་ཆོས་ཉིད་ཀྱི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བརྟགས་ཏེ་རྟོག་པ་བཟང་ངན་བླང་དོར་གྱི་རྩོལ་བས་འབྲས་བུ་བསྒྲུབ་པར་འདོད་པ་སྟེ། ལམ་རིམ་ལས། ལྷུན་གྲུབ་མཉམ་པ་མ་མཐོང་བས། །ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱི། །བྱིན་རླབས་རྡོ་རྗེ་དབྱིངས་སྤྲུལ་པ། །བླང་དོར་འབྱེད་པ་རྣལ་འབྱོར་པའོ། །ཞེས་སོ། །གཉིས་པ་ནི། ཡོ་གའི་སྒྲ་ལས་ནང་གི་རྣལ་འབྱོར་གཙོ་བོར་བྱེད་པའམ་སྟོན་པས་ན་རྣལ་འབྱོར་རྒྱུད་ཅེས་བྱ་སྟེ། ལྟ་ཕྲེང་ལས། རྣལ་འབྱོར་གཙོ་བོར་བྱས་པས་འགྲུབ་པའོ། །ཞེས་སོ། །གསུམ་པ་དབྱེ་ན་དྲུག་གི། དང་པོ་འཇུག་སྒོ་ལ་གཉིས་ལས། དང་པོ་དབང་ནི། རིག་པའི་དབང་ལྔའི་སྟེང་དུ་རྡོ་རྗེ་སློབ་དཔོན་གྱི་དབང་དང་དྲུག་བསྐུར་ཏེ། ཡེ་ཤེས་ཐིག་ལེ་ལས། ཕྱིར་མི་ལྡོག་པ་བུམ་པའི་དབང་། རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་སོ། །གཉིས་པ་བྱ་བའི་འཇུག་སྒོ་ནི། མཚན་བཅས་མཚན་མེད་ཀྱི་ཏིང་ངེ་འཛིན་གྱི་སྒོ་ནས་འཇུག་སྟེ། ཀུན་བྱེད་ལས། ཡོ་ག་སྟུག་པོ་བཀོད་འདོད་པ། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཞེས་སོ། །གཉིས་པ་ལྟ་བ་ནི། བདེན་པ་གཉིས་ཏེ། དོན་དམ་པ་བདེན་པ་ནི། ཆོས་ཐམས་ཅད་སྤྲོས་པའི་མཚན་མ་དང་བྲལ་བའི་རང་བཞིན་འོད་གསལ་སྟོང་པ་ཉིད་དེ། སཾ་གྲ་ཧ་ལས། ཆོས་རྣམས་རང་བཞིན་འོད་གསལ་བས། །ངོ་བོ་ཉིད་ཀྱིས་གདོད་ནས་དག །ཅེས་སོ། །ཀུན་རྫོབ་ལ་གཉིས་ཀྱི། ལོག་པའི་ཀུན་རྫོབ་སྔར་དང་འདྲ་ལ། ཡང་དག་ཀུན་རྫོབ་ནི། ཅིར་སྣང་ཐམས་ཅད་ཆོས་ཉིད་རྟོགས་པའི་བྱིན་རླབས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སྣང་བའི་ཕྱིར། སྐྱེ་བོས་སྣང་བར་རང་རྒྱུད་དུ་བརྟགས་པ་འདི་མེད་པར་འདོད་དོ། །དེ་ལྟར་ཡང་གལ་པོ་ལས། ཡོ་གའི་ཐེག་པར་གནས་འདོད་པ། །འོག་མིན་རྡོ་རྗེ་དབྱིངས་སུ་བལྟ། །ཞེས་དང་། ལྟ་རིམ་ལས། ཡོ་ག་དོན་དམ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་པའི་བྱིན་རླབས་ལྷར་སྣང་བ། །དེ་ཕྱིར་སྐྱེ་བོ་ལྟར་མཐོང་འཁྲུལ། །ཞེས་དང་། གཡུ་ཐང་ལས་ཀྱང་། རང་རིག་དངོས་མཐོང་མཚན་མ་གཉིས། །དབྱེར་མེད་དབྱིངས་དག་ཡེ་ཤེས་ལས། །བྱིན་རླབས་རྡོ་རྗེ་དབྱིངས་ཀྱི་ལྷ། །ཤར་ལྟར་གྲོགས་པོའི་ཚུལ་དུ་བལྟ། །ཞེས་སོ། །གསུམ་པ་ཚུལ་ཁྲིམས་ནི། རྩེ་མོར་གསུངས་པའི་རིགས་ལྔ་སྤྱིའི་དམ་ཚིག །བྱང་ཆུབ་ཀྱི་སེམས་དང་པོར་བསྐྱེད་ཅིང་། དེའི་རྗེས་སུ་ཚུལ་ཁྲིམས་གསུམ་གྱི་བསླབ་པ་ལ་ནན་ཏན་བྱེད་པ་དང་། བྱེ་བྲག་གི་དམ་ཚིག །སྣང་མཛད་དམ་ཚིག་གསུམ། མི་བསྐྱོད་རིན་འབྱུང་གཉིས་ལ་བཞི་བཞི། མཐའ་ཡས་ཀྱི་གཅིག །དོན་གྲུབ་གཉིས་ཏེ་བཅུ་བཞིར་གསུངས་ལ། ཡང་འབྱེད་འཕྲུལ་ལྡེར། བྱ་རྒྱུད་ཀྱི་དམ་ཚིག་བཅུ་གཅིག་པོའི་སྟེང་དུ་ཐུན་མིན་གཉིས་བསྙན་ནས་བཅུ་གསུམ་དུ་བཤད་དེ། ཇི་སྐད་དུ། རྣལ་འབྱོར་རྒྱུད་ཀྱི་བསྲུང་མཚམས་ནི། །གོང་གི་བསྲུང་འཚམས་སྟེང་དུ་ནི། །ལུང་གཅིག་ཆུ་ལ་མི་བཏུང་ཞིང་། །ཉམས་དང་ཁ་མི་བསྲེ་བ་བསྲུང་། །ཞེས་སོ། །བཞི་བ་བསྒོམ་པ་ལ། མཚན་བཅས། མཚན་མེད་གཉིས་ལས། དང་པོ་ནི། མངོན་བྱང་ལྔ་དང་ཆོ་འཕྲུལ་བཞིའི་སྒོ་ནས་ལྷ་དང་ལྷ་མོའི་རྣལ་འབྱོར་ཕྱག་རྒྱ་བཞི་ལྡན་དུ་བསྒོམ་པ་སྟེ། ལྟ་ཕྲེང་ལས། ཕྱི་ཡོ་བྱད་ལ་གཙོ་བོར་མི་འཛིན་པར་དོན་དམ་པར་སྐྱེ་འགག་མེད་པའི་ལྷ་དང་ལྷ་མོ་དང་། དེ་དང་འདྲ་བའི་རྒྱུད་ཡོངས་སུ་དག་པའི་ཏིང་ངེ་འཛིན་གྱིས་འཕགས་པའི་གཟུགས་ཀྱི་སྐུ་ཕྱག་རྒྱ་བཞི་དང་ལྡན་པར་བསྒོམ་པའི་རྣལ་འབྱོར་གཙོ་བོར་བྱས་པས་འགྲུབ་པའོ། །ཞེས་སོ། །དེའང་དམ་ཚིག་པ་བསྐྱེད་ལ། ཡེ་ཤེས་པ་སྤྱན་དྲངས་ནས། སྤུན་ནམ་གྲོགས་པོའི་ཚུལ་དུ་བཟང་ངན་མེད་པར་བལྟས་ཏེ། མཆོད་བསྟོད་བཟླས་པ་ལ་སོགས་པ་བྱའོ། །དེ་ལྟར་ཡང་རང་ཤར་ལས། ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང་། །སྤུན་དང་གྲོགས་པོའི་ཚུལ་དུ་འདོད། །ཅེས་སོ། །དེ་ལ་མངོན་བྱང་ལྔ་ནི། སྟོང་པ་ཉིད་དང་། ཟླ་གདན་དང་། གསུང་ཡིག་འབྲུ་དང་། ཐུགས་ཕྱག་མཚན་དང་། སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པའོ། །ཆོ་འཕྲུལ་བཞི་ནི། ཏིང་ངེ་འཛིན་དང་། དབང་བསྐུར་བ་དང་། བྱིན་གྱིས་རློབས་པ་དང་། མཆོད་པའི་ཆོ་འཕྲུལ་ལོ། །དེ་དག་ཀྱང་གལ་པོ་ལས། མི་རྟོགས་ཟླ་བ་གསུང་རྡོ་རྗེ། །སྤྲོ་བསྡུས་བསྒོམ་པའི་སྐུ་རུ་གསལ། །ཏིང་འཛིན་བྱིན་རློབ་དབང་བསྐུར་མཆོད། །མངོན་བྱང་ལྔ་དང་ཆོ་འཕྲུལ་བཞི། །བསྒོམ་ཞིང་མཆོད་པ་བྱ་བ་ཡང་། །བསོད་ནམས་ལྡན་ཕྱིར་བྱ་བ་ཡིན། །ཞེས་སོ། །ཕྱག་རྒྱ་བཞི་ནི། ལུས་ངག་ཡིད་དང་བྱ་བ་བཞི་ལ། རིམ་པར། མེ་ལོང་ཀུན་གཞི་སྐུ་ཕྱག་ཆེན། སོར་རྟོག་ཡིད་གསུང་ཆོས་རྒྱ་མཉམ་ཉིད་ཉོན་ཡིད། ཐུགས་དམ་རྒྱ། བྱ་བ་སྒོ་ལྔ་ཕྲིན་ལས་ལས་རྒྱ་རྣམས་ཀྱིས་རྒྱས་བཏབ་ནས་བསྒོམ་པའི་ཕྱིར་ཕྱག་རྒྱ་སྟེ། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་མངོན་དུ་བྱ་བ་དང་སྦྱར་ཞིང་། ཆོས་དབྱིངས་ཡེ་ཤེས་ནི་དེ་ཐམས་ཅད་ཀྱི་རང་བཞིན་དུ་གནས་པའོ། །གཉིས་པ་ནི། དོན་དམ་མཚན་མ་མེད་པའི་ངོ་བོ་ཉིད་དང་དེའི་བྱིན་རླབས་ལྷར་སྣང་ཡེ་ཤེས་ཀྱི་སྣང་ཆ་གཉིས་གཉིས་སུ་མེད་པའི་ངང་ལ་མཉམ་པར་འཇོག་པ་སྟེ། རྡོ་རྗེ་འབྱུང་བ་ལས། གཉིས་སུ་མེད་པའི་ཆོས་དབྱིངས་དང་། །བླ་མེད་དངོས་གྲུབ་དམ་པ་བླང་། །ཞེས་སོ། །ལྔ་པ་སྤྱོད་པ་ནི། གཙང་སྦྲ་སོགས་ཕྱིའི་ཀུན་སྤྱོད་ཀྱི་གྲོགས་དང་ལྡན་པའི་སྒོ་ནས་གཙོ་བོར་ལྷའི་རྣལ་འབྱོར་ལ་གནས་པས་རང་གཞན་གྱི་སྤྱོད་པ་སྟེ། རྩེ་མོ་ལས། ལྷ་ཡི་ཏིང་འཛིན་ལ་གནས་ཏེ། །སེམས་ཅན་ཐམས་ཅད་ཡོངས་མི་གཏོང་། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་པ་མཆོག །ཅེས་སོ། །དྲུག་པ་འབྲས་བུ་ནི། མི་ཚེ་གསུམ་ན་སྟུག་པོ་བཀོད་པའི་ས་ལ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་འཚང་རྒྱ་བར་འདོད་དེ། ཀུན་བྱེད་ལས། ཡོ་ག་སྟུག་པོ་བཀོད་འདོད་པས། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་དང་། ཐུགས་ཀྱི་སྒོ་ལྕགས་ལས། གཟུང་འཛིན་བག་ཆགས་ལྔ་བྱང་ནས། །ཡེ་ཤེས་ལྔ་ཡི་རྩལ་དག་གིས། །སྟུག་པོ་བཀོད་པའི་ས་བོན་ནས། །རིགས་ལྔ་འདུས་པའི་འབྲས་བུ་ཐོབ། །སྐྱེ་མེད་ཆོས་སྐུ་དག་པ་ནི། །སྐྱེ་མེད་སྒོ་ནས་འགྲོ་དོན་མཛད། །ཕྱག་རྒྱ་རིགས་ལྔ་ལོངས་སྤྱོད་རྫོགས། །བྱང་ཆུབ་སེམས་དཔའི་འགྲོ་དོན་རྫོགས། །སྤྲུལ་པ་བྱེ་བ་ས་ཡ་ཡིས། །རིགས་དྲུག་ངོ་ལ་ཅིར་ཡང་སྟོན། །ཞེས་སོ། །གཉིས་པ་ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་ལ། དེའང་རང་ཤར་ལས། ནང་པ་ལ་ནི་གསུམ་དུ་འདོད། །མ་ཧཱ་ཨ་ནུ་ཨ་ཏིའོ། །ཞེས་པས། རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་གའོ། །དེ་གསུམ་གྱི་ཁྱད་པར་ལ། གླན་ཆབ་པར་བས་རྗེ་ཟུར་ཆུང་པ་ལ་ཞུས་པའི་ལན་དུ། རིག་པའི་ཆོ་འཕྲུལ་དུ་སྣང་བ་མ་ཧཱ། རང་རིག་པའི་རྩལ་དུ་སྣང་བ་ཨ་ནུ། རིག་པ་རང་སྣང་བ་ཨ་ཏི་སྟེ། རུ་དགའ་རབ་རྡོ་རྗེས། ཆོ་འཕྲུལ་རྩལ་དང་རང་སྣང་བའོ། །ཞེས་གསུངས་པའི་ཕྱིར་གསུངས་སྐད། དེའི་དོན་ནི། ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པ་མ་ཧཱ་ཡོ་ག །ཆོས་ཐམས་ཅད་སེམས་ཉིད་དབྱིངས་ཡེ་གཉིས་སུ་མེད་པའི་རྩལ་དུ་རྟོགས་པ་ཨ་ནུ། ཆོས་ཐམས་ཅད་སེམས་ཉིད་ཡེ་ནས་སྐྱེ་འགག་མེད་པའི་རང་བྱུང་གི་ཡེ་ཤེས་རང་སྣང་བར་རྟོགས་པ་ཨ་ཏི་སྟེ་ལྟ་བའི་སྒོ་ནས་ཁྱད་པར་ཕྱེ་བའོ། །དེ་ལ་མདའ་གླན་གཉིས་ཀ་གཅེས་ནོར་དུ་བཞེད་དོ། །ཡང་སྐྱོ་གོང་བུ་པའི་ཞལ་ནས། ཆེད་འཛིན་ཆེ་ཆུང་ཡིན་ཏེ། སྤྱོད་པ་གཙོ་ཆེ་བ་མ་ཧཱ། ཏིང་ངེ་འཛིན་གཙོ་ཆེ་བ་ཨ་ནུ། ལྟ་བ་གཙོ་ཆེ་བ་ཨ་ཏིའོ་གསུངས། ཡང་ལྷ་རྗེ་རོག །ཏིང་ངེ་འཛིན་གསུམ་གྱིས་ལྷ་རིམ་པར་བསྐྱེད་པའི་ཕྱིར་བསྐྱེད་པ་མ་ཧཱ། དེ་ལ་མི་བརྟེན་པར་ལྷ་རྫོགས་ཚུལ་དུ་བསྐྱེད་པ་རྫོགས་པ་ཨ་ནུ། བསྐྱེད་རྫོགས་གཉིས་ལས་གྲོལ་བས་བསྐྱེད་དུ་མེད་པ་ནི་རྫོགས་པ་ཆེན་པོ་ཨ་ཏིའམ། ཡང་ན། རྒྱུད་ཀྱི་དངོས་པོ་བཅུ་ལ་ཆེད་འཛིན་ཆེ་བ་མ་ཧཱ། དེ་བས་ཆུང་པ་ཨ་ནུ། ཆེད་འཛིན་ལས་གྲོལ་བ་ཨ་ཏིའོ་གསུངས། མེ་ཉག་འབྱུང་གྲགས་ཀྱི་ཞལ་ནས། ཡོད་བསྐྱེད་རྫོགས་གསུམ་ཀ་ཡོད་ཀྱང་། བསྐྱེད་རིམ་གཙོ་བོར་སྟོན་པ་མ་ཧཱ། རྫོགས་རིམ་གཙོ་བོར་སྟོན་པ་ཨ་ནུ། དེ་གཉིས་ཀྱི་རྩོལ་བ་དང་བྲལ་བ་རྫོགས་པ་ཆེན་པོ་སྟེ། དཔྱལ་ལོ་ཀུན་རྡོར་ཡང་ངེས་ཚིག་གི་ཁྱད་པར་ལ་འདི་ལེགས་པར་བཞེད་དོ། །ཀུན་མཁྱེན་ཆེན་པོ་ནི། གདུལ་བྱ་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བའི་དོན་དུ་སྣང་བ་ཐབས་ཀྱི་རང་བཞིན་ཕ་རྒྱུད་མ་ཧཱ། འདོད་ཆགས་ཤས་ཆེ་ཞིང་སེམས་གནས་པ་ལ་དགའ་བའི་དོན་དུ་སྟོང་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་ཤེས་རབ་མ་རྒྱུད་ཨ་ནུ། གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་ཅན་གྱི་དོན་དུ་གཉིས་སུ་མེད་པའི་རང་བཞིན་ཨ་ཏི་ཡོ་ག་བསྟན་ཏེ། བཀོད་པ་ཆེན་པོ་ལས། སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་གསུངས་པའི་ཕྱིར་གསུངས་ཤིང་། སེམས་ཉིད་ངལ་གསོ་ལས་ཀྱང་། མ་ཧཱས་རླུང་དང་བསྐྱེད་རིམ་ཐབས་གཙོ་ལ། །ཨ་ནུས་ཁམས་དང་རྫོགས་རིམ་ཤེས་རབ་གཙོ། །ཨ་ཏིས་ཐམས་ཅད་གཉིས་མེད་ཡེ་ཤེས་གཙོ། །ཞེས་སོ། །དེ་ལ། དང་པོ་མ་ཧཱ་ཡོ་གའི་ཐེག་པ་ལ། ངོ་བོ། ངེས་ཚིག །དབྱེ་བ་གསུམ། དང་པོ་ནི། ཐབས་བསྐྱེད་པའི་རིམ་པ་ལ་གཙོ་བོར་བརྟེན་པའི་སྒོ་ནས་ལྷག་པ་བདེན་པ་དབྱེར་མེད་ཀྱི་དོན་ལ་རྟོགས་གོམས་ཀྱི་སྦྱོར་བས་གྲོལ་བ་ཐོབ་པའི་རང་བཞིན་ནོ། །གཉིས་པ་ནི། མ་ཧཱ་ཡོ་གའི་སྒྲ་ལས་རྣལ་འབྱོར་ཆེན་པོ་སྟེ། གཉིས་མེད་ཀྱི་དོན་ལ་བློ་འབྱོར་བས་ཡོ་ག་ཕྱི་བ་ལས་ཆེས་འཕགས་པའི་ཕྱིར་རོ། །གསུམ་པ་དབྱེ་ན་དྲུག་གི། དང་པོ་འཇུག་སྒོ་ལ་གཉིས་ལས། དང་པོ་དབང་ནི། ཐུན་མོང་བ་བུམ་དབང་གི་སྟེང་དུ་ཐུན་མིན་མཆོག་དབང་གོང་མ་གསུམ་བསྣན་པས་དབང་བཞི་བསྐུར་བར་བྱ་སྟེ། སྒྱུར་འཕྲུལ་རྩ་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་བ་སྟེ། །ཞེས་སོ། །དེ་ཡང་བུམ་དབང་ལ་ཕན་ནུས་གཉིས་སུ་ཕྱེ་བས་ལྔར་འགྱུར་ཏེ། རྡོ་རྗེ་ལས་རིམ་ལས། དབྱེ་བ་རྣམ་པ་ལྔ་རུ་འགྱུར། །བདག་ཕན་ནུས་པ་གཉིས་ཀའི་ལས། །ཞེས་སོ། །གཉིས་པ་བྱ་བའི་འཇུག་སྒོ་ནི། ཤེས་རབ་སྟོང་པ་ཆེན་པོའི་རྣལ་འབྱོར་དང་། ཐབས་སྙིང་རྗེ་སྒྱུ་མ་དང་། ཕྱག་རྒྱ་ཕྲ་རགས་ཏེ། ཏིང་འཛིན་གསུམ་གྱི་སྒོ་ནས་འཇུག་སྟེ། བསྐྱེད་རིམ་གཙོ་བོར་སྟོན་པའི་ལམ་ཡིན་པའི་ཕྱིར། དེ་ལྟར་ཡང་རང་ཤར་ལས། འཇུག་པའི་སྒོ་ནི་ཏིང་འཛིན་རྣམ་པ་གསུམ། །ཞེས་དང་། ཡང་འབྱེད་འཕྲུལ་ལྡེ་ལས། མ་ཧཱ་ཡོ་གའི་འཇུག་སྒོ་ནི། །ཏིང་འཛིན་རྣམ་གསུམ་སྒོ་ནས་འཇུག །ཅེས་སོ། །གཉིས་པ་ལྟ་བ་ནི། རིག་པ་སྤྲོས་བྲལ་ལ་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྲུབ་ཏུ་འདོད་པའི་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཀུན་རྫོབ་ཀྱི་བདེན་པར་འདོད་ལ། དེ་གཉིས་ཀྱང་སྣང་སྟོང་ཕྱོགས་རེ་བ་མ་ཡིན་ཏེ། ངོ་བོ་དབྱེར་མི་ཕྱེད་པར་མཉམ་པ་ཉིད་དུ་སྣང་བའི་ཕྱིར། ཐ་སྙད་དུ་དབྱེར་མེད་ཅེས་བརྗོད་ནའང་། དེར་འཛིན་པའི་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་ཕྱིར། དབྱེར་མེད་སྤྱོད་ཡུལ་དང་བྲལ་བའོ། །དེ་ལྟར་ཡང་རྣམ་བཀོད་ལས། ལྷག་པའི་མཉམ་ཉིད་དབྱེར་མེད་དོན། །མི་གྲངས་ཅིར་ཡང་བསྟན་མོད་ཀྱང་། །དོན་དུ་སྨྲ་བསམ་ཡུལ་ལས་འདས། །ཞེས་དང་། ལམ་རིམ་ལས། དེ་མིང་ཞེན་པ་གྲོལ་ཕྱིར་ལས། །ཐ་སྙད་གཉིས་པར་བསམ་བརྗོད་འདས། །ཞེས་སོ། །གསུམ་པ་ཚུལ་ཁྲིམས་ནི། གསང་སྔགས་ཕྱི་འགྱུར་བ་རྣམས། བསྲུང་བྱའི་དམ་ཚིག་རྩ་ལྟུང་བཅུ་བཞི་ལ་སོགས་པ་རྣམས་དང་། སྤྱད་བྱའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་དུ་ཤེས་ནས་སྤྱོད་པ་གཉིས་སུ་བཞེད། སྔ་འགྱུར་གྱི་རང་སྐད་དུ། རྣལ་འབྱོར་ཆེན་པོའི་དམ་ཚིག་ཉི་ཤུ་རྩ་བརྒྱད་གསུངས་ཏེ། ཡང་འབྱེད་འཕྲུལ་ལྡེ་ལས། རྣལ་འབྱོར་ཆེན་པོའི་བསྲུང་མཚམས་ནི། །རྩ་བའི་དམ་ཚིག་གསུམ་པོ་དང་། །ཡན་ལག་ཉི་ཤུ་རྩ་ལྔ་བསྲུང་། །ཞེས་སོ། །དེ་ལ་རྩ་བ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་མོ། །ཡན་ལག་ནི། སྔ་མ་ལས། སྤྱད་དང་མི་སྤང་དང་དུ་བླང་། །ཤེས་དང་བསྒྲུབ་པར་བྱ་བའོ། །ཞེས་གསུངས་སོ། །བཞི་པ་བསྒོམ་པ་ལ། སྒྲུབ་སྡེ་གཙོ་བོར་བྱས་པ་དང་། རྒྱུད་སྡེ་གཙོ་བོར་བྱས་པའི་ལུགས་གཉིས། དང་པོ་ནི། འཇམ་དཔལ་གྱི་སྐུ་འཁོར་ལོ་བཞི་ལ་བརྟེན་ནས་བདེ་གཤེགས་སྐུའི་སྒྲུབ་པ་དང་། རྟ་མགྲིན་གྱི་རྟ་སྐད་ཐེངས་གསུམ་ལ་བརྟེན་ནས་པདྨ་གསུང་གི་སྒྲུབ་པ་དང་། ཡང་དག་གི་ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་ཡང་དག་གྲུབ་པ་གཅིག་པུ་ལ་བརྟེན་ནས་ཐུགས་རྡོ་རྗེའི་སྒྲུབ་པ་དང་། ཆེ་མཆོག་གི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོན་ཏན་དུ་རྫོགས་པར་སྟོན་པ་བདུད་རྩི་ཡོན་ཏན་གྱི་སྒྲུབ་པ་དང་། ཕུར་པའི་མངོན་སྤྱོད་ཀྱི་ལས་ཀྱིས་གདུག་པ་ཅན་འདུལ་པའི་ཐབས་གཙོ་བོར་སྟོན་པ་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་པ་སྟེ་ཡེ་ཤེས་ལྷའི་སྒྲུབ་སྡེ་ལྔ་དང་། མ་མོ་རྦོད་གཏོང་། དྲག་སྔགས་དམོད་པ། འཇིག་རྟེན་མཆོད་བསྟོད་ཀྱི་སྒྲུབ་པ་སྟེ་ཐུན་མོང་གི་སྒྲུབ་སྡེ་གསུམ་མོ། །གཉིས་པ་ནི། སྤྱིར་མ་ཧཱ་ཡོ་ག་ལའང་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་གྱི་དབྱེ་བས། གསང་འདུས་ལ་སོགས་པ་ཕ་རྒྱུད་དུ་བསྐྱེད་རིམ་ཐབས་ཀྱི་ཆ་དང་། དེའི་རྫོགས་རིམ་ཀྱང་རླུང་གཙོ་བོར་བྱེད་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད། བདེ་དགྱེས་ཡང་དག་སོགས་མ་རྒྱུད་རྣམས་སུ་བསྐྱེད་རིམ་གྱི་སྤྲོས་པ་ཤས་ཆུང་ཞིང་། ཤེས་རབ་རྫོགས་པའི་རིམ་པ་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེ་གཙོ་བོར་བྱེད་པའི་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད། སྒྱུ་འཕྲུལ་དྲྭ་བ་སོགས་མ་ནིང་གི་རྒྱུད་རྣམས་སུ་བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་། དེའང་རྫོགས་རིམ་རྩ་ཐིག་རླུང་གསུམ་ལས་སྐྱེས་པའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་དང་། ཁྱད་པར་འོད་གསལ་ཡེ་ཤེས་ཆེན་པོ་ལ་གཙོ་བོར་བྱེད་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད་དོ། །འདིར་རྩ་རྒྱུད་གསང་བ་སྙིང་པོའི་དབང་དུ་བྱས་ཏེ་བཤད་ན། རིམ་གསུམ་ལས། མཚན་མ་བསྒོམ་པའི་རིམ་པ་དང་། །དེ་བཞིན་ཉིད་ནི་བསྒོམ་པ་ཡི། །བྱེ་བྲག་རྣམ་པ་གཉིས་སུ་གསུངས། །ཞེས་པས། མཚན་བཅས། མཚན་མེད་གཉིས། དང་པོ་ལ། བསྐྱེད་རྫོགས་གཉིས་ལས། བསྐྱེད་རིམ་ནི། ཏིང་ངེ་འཛིན་གསུམ་ལ་བརྟེན་ནས་དཀྱིལ་འཁོར་རིམ་གྱིས་བསྐྱེད་པ་གཙོ་བོར་བྱེད་པའི་སྒོ་ནས་ལྷ་རྟོག་དབྱེར་མེད་དུ་བསྒོམ་པའི་ཉམས་ལེན། དེ་ལའང་། མོས་བསྒོམ་དང་། ངེས་རྫོགས་གཉིས་ལས། དང་པོ་ནི། ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ཀྱང་རྣམ་པ་ཙམ་བསྒོམ་པ་ནུབ་གཅིག་ལ་བསྐྱེད་རིམ་གྱི་ཆོ་གའི་ཡན་ལག་ཚང་བ་ཉམས་སུ་ལེན་པ་ལྟ་བུ། གཉིས་པ་ནི། ཟག་བཅས་ཚོགས་སྦྱོར་གྱི་རྣལ་འབྱོར་ལྔ་དང་། ཟག་མེད་རིག་འཛིན་རྣམ་པ་བཞིའོ། །རྫོགས་རིམ་ལ། སྟེང་སྒོ་འཇུ་འདུལ་གྱི་མན་ངག་དང་། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་གཉིས་ཏེ། རིམ་གསུམ་ལས། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་གསུངས་པའི་ཕྱིར། གཉིས་པ་མཚན་མེད་ནི། ཆོས་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པའོ། །ལྔ་པ་སྤྱོད་པ་ནི། ཐབས་ལ་མཁས་པའི་གདིང་གིས་ཟིན་པས་འཁོར་བའི་ཆོས་ཅི་ལའང་མ་ཆགས་པར་སྤྱོད་པ་ནི། བང་མཛོད་འཕྲུལ་ལྡེ་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི། ཏ་ན་དང་ནི་ག་ཎ་དང་། །དམ་རྫས་བདུད་རྩི་ལྔ་པོ་ལ། །ཐབས་ཆེན་ལྟ་བའི་སྤྱོད་པ་སྤྱད། །ཅེས་སོ། །དྲུག་པ་འབྲས་བུ་ནི། ཚེ་འདིའམ་བར་དོར་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་མངོན་དུ་བྱེད་པ་སྟེ། གསང་འདུས་ལས། འདི་ནི་བཅོམ་ལྡན་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོ་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་དང་། ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་ནི་སྤངས་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །ཅེས་སོ། །གཉིས་པ་ལུང་ཨ་ནུ་ཡོ་གའི་ཐེག་པ་ལ། ངོ་བོ། ངེས་ཚིག །དབྱེ་བ་གསུམ། དང་པོ་ནི། ཤེས་རབ་རྫོགས་པའི་རིམ་པ་ལ་གཙོ་བོར་བརྟེན་པའི་སྒོ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ལ་རྟོགས་གོམས་ཀྱི་སྦྱོར་བས་གྲོལ་བ་ཐོབ་པའི་རང་བཞིན་ནོ། །གཉིས་པ་ནི། ཨ་ནུ་ཡོ་ག་སྟེ་ཤེས་རབ་རྗེས་ཆགས་ཀྱི་ལམ་གཙོ་བོར་སྟོན་པའི་ཕྱིར་རྗེས་སུ་རྣལ་འབྱོར་རོ། །གསུམ་པ་དབྱེ་བ་དྲུག་གི། དང་པོ་འཇུག་སྒོ་ལ་གཉིས་ལས། དང་པོ་དབང་ནི། ཨ་ནུའི་དཀྱིལ་འཁོར་དུ་ཕྱི་ནང་སྒྲུབ་གསང་བཞིས་བསྡུས་པའི་དབང་ཆོག་སུམ་ཅུ་རྩ་དྲུག་སྟེ། ཀུན་འདུས་ལས། ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་སོ། །དེ་ལ་ཁ་ཅིག །དེ་ལྟར་སྨོས་པའི་རྩ་བ་ས་དྲུག་ལས་ཡན་ལག་གི་དབང་བརྒྱད་བརྒྱ་པོ་གཅིག་ཏུ་ཕྱེ་བ་ནི་ཐེག་པ་དགུ་ཀའི་དབང་ཡིན་ཏེ། དབང་དོན་བསྡུས་པ་ལས། ཡོ་ག་སོགས་ཐེག་དྲུག་ལས། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །ཞེས་སོགས་དང་། དབང་དོན་རྣམ་པར་འབྱེད་པ་ལས། །བཅུ་ཡིས་བྱང་ཆུབ་རིགས་ཅན་འགྱུར། །བཅུ་གཅིག་གསང་བ་ནང་པར་འགྱུར། །བཅུ་གསུམ་བླ་མ་ཆེན་པོར་གྲགས། །གཉིས་ཀྱིས་ཐེག་དགུའི་དབང་རྫོགས་པའོ། །ཞེས་གསུངས་པའི་ཕྱིར། ཨ་ནུའི་སྒོས་དབང་དུ་ཇི་ལྟར་འགྱུར་ཞེ་ན། སྐྱོན་མེད་དེ། ཐེག་རིམ་དགུ་དང་ཚུལ་མཐུན་པས་ཐེག་དགུའི་དབང་དུ་མིང་བཏགས་པར་བླ་མ་མཁས་པ་རྣམས་བཞེད་པ་བཞིན་ཡིན་གྱི། མདོ་དབང་འཆད་པ་པོ་ཕལ་གྱི་འདོད་པ་ལྟར་མ་ཡིན་ཏེ། གལ་ཏེ་ཡིན་ན། ཨ་ནུ་ཡོ་གའི་དབང་གི་ནང་དུ་གོང་མ་ཨ་ཏི་ཡོ་གའི་དབང་འདུ་བར་ཁས་ལེན་དགོས་པའི་ཕྱིར་ཧ་ཅང་ཐལ་ཏེ། ཕྱི་རྒྱུད་ཀྱི་ནང་དུ་ནང་པའི་ཐུན་མིན་གྱི་ཆོས་སྐད་མི་འབྱུང་བ་བཞིན་ནོ། །དེ་ལྟར་ཡང་རིག་འཛིན་ཆེན་པོ་གཏེར་བདག་གླིང་པའི་ཞལ་ནས། རྩ་བ་ཨ་ནུ་ཆོ་ག་ལ། །ཐེག་བརྒྱད་སྒོས་ཆོས་བྱེ་བྲག་ཏུ། །སྦྱར་བ་ཉིད་ལ་ལྟོས་དགོས་ན། །ཨ་ནུའི་མཚན་གཞིར་ཇི་ལྟར་ངེས། །ཞེས་གསུངས་པས་ཕྱོགས་སྔ་མ་ཉིད་དུ་གནས་པའི་ཕྱིར་སྐྱོན་ཡོད་པ་མ་ཡིན་ནོ། །གཉིས་པ་བྱ་བའི་འཇུག་སྒོ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྒོ་ནས་འཇུག་སྟེ། ཀུན་བྱེད་ལས། ཨ་ནུ་དབྱེར་མེད་པ་འདོད་པའི། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །ཞེས་སོ། །ཇི་ལྟར་འཇུག་ཅེ་ན། མ་བསྐྱེད་རྫོགས་པའི་ཚུལ་གྱིས་ཏེ། །ཐུགས་ཀྱི་སྒོ་ལྕགས་ལས། སྐྱེ་མེད་དབྱིངས་ཉིད་ཡེ་ཤེས་ཏེ། །ཡེ་ཤེས་རིག་པ་དབྱིངས་ཉིད་ཚུལ། །གཉིས་མེད་རོལ་པ་བདེ་བ་ཆེ། །རིམ་པར་འཇུག་པ་མ་ཡིན་ཏེ། །སྣང་སྲིད་ཕྱག་རྒྱ་ཐམས་ཅད་ལ། །ཆུ་ལ་ཉ་ལྡང་ཇི་བཞིན་དུ། །ཐུག་ཕྲད་སྣང་སྲིད་ཕྱག་རྒྱ་ཆེ། །ཞེས་སོ། །གཉིས་པ་ལྟ་བ་ནི། ཆོས་ཐམས་ཅད་རང་གི་སེམས་ཡིན་ལ། དེ་ཉིད་སྐྱེ་མེད་སྤྲོས་པ་དང་བྲལ་བའི་རང་བཞིན་ཡུལ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་སྟེ། ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཞེས་ཀྱང་བྱའི། དེ་ལྟར་ཡང་སྤྱི་མདོ་ལས། སེམས་ལས་བྱུང་བ་སྟོང་ཉིད་པས། །དེ་ལས་བྱུང་བ་ཐམས་ཅད་སྟོང་། །ཞེས་སོ། །སྐྱེ་མེད་དེ་ཉིད་ཐམས་ཅད་དུ་མི་འགག་པར་རིག་པ་རང་བྱུང་འོད་ཀྱི་དཀྱིལ་འཁོར་དུ་གསལ་བ་ནི་ཡེ་ཤེས་ཀུན་ཏུ་བཟང་པོའམ། རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། དེ་ལས། བརྟག་ན་མ་མཐོང་ཅིར་ཡང་སྣང་བ་ཉིད། །ཅེས་སོ། །དེ་གཉིས་ངོ་བོ་ཐ་མི་དད་པར་གསལ་བ་ནི་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་སྟེ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་ཡང་སྔ་མ་ལས། གསང་སྔགས་ཞེས་བྱ་བ་ནི། སྣང་བ་དང་མི་སྣང་བ་གཉིས་སུ་མེད་པ། གཉིས་ཀྱི་ངོ་བོ་ལས་གྲོལ་བ། དབུ་མར་མི་དམིགས་པ་གང་ཡིན་པ་དེ་ཁོ་ན་ཉིད་དོ། །ཞེས་སོ། །དེའི་ཕྱིར་ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་པ་གསུམ་དབྱེར་མེད་པའི་རང་བཞིན་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་བལྟ་བ་སྟེ། དེ་ལས། ཐམས་ཅད་དེ་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་དང་། གཡུ་ཐང་ལས། སྣང་སྲིད་བཟང་མོའི་མཁའ་ཀློང་ལས། །མ་བསྐྱེད་དཀྱིལ་འཁོར་ཀུན་བཟང་ཤར། །ཤར་བ་ཉིད་ན་ཤར་བ་མེད། །ཡབ་ཡུམ་སྲས་བཅས་བདེ་ཆེན་པོ། །ལྷུན་རྫོགས། ཞེས་སོ། །དེའང་ཀུན་ཏུ་བཟང་པོའི་རོལ་པ་མ་འགགས་པའི་རྩལ་ལྷ་སྐུར་འཆར་བར་འདོད་དེ། ཀུན་འདུས་ལས། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལས། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་འདིར། །སྣང་སྲིད་རྣམ་དག་ལྷ་མོའི་དབྱིངས། །ཞེས་དང་། བང་མཛོད་འཕྲུལ་ལྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པའི་ཚུལ་དུ་འདོད། །ཅེས་སོ། །གསུམ་པ་ཚུལ་ཁྲིམས་ནི། དོན་བསྡུས་ལས། གཞི་འཛིན་པ་ནི་དམ་ཚིག་སྟེ། །སྒོ་གསུམ་སྡོམ་བར་གནས་པའི་དོན། །རྩ་བ་ཡན་ལག་ལ་སོགས་པའི། །བསྲུང་དང་བསྒྲུབ་པ་དེ་ཉིད་དོ། །ཞེས་པས་སྒོ་གསུམ་གྱིས་རྩ་བ་དང་ཡན་ལག་ལ་སོགས་པའི་དམ་ཚིག་བསྲུང་ཞིང་བསྒྲུབ་པར་བྱ་བ་རྣམས་ཏེ། དེའང་དབྱེ་ན། གལ་མདོ་ངེས་པའི་དམ་ཚིག་བཞི། ཐུན་མོང་གི་ཉི་ཤུ་རྩ་བརྒྱད། ལྷག་པའི་བཞི། བརྟུལ་ཞུགས་ཀྱི་ཉེར་གསུམ། སྒྲུབ་པའི་ཉི་ཤུ། སྤྱོད་ལམ་རྒྱུན་གྱི་བཞི། བདུད་ལྔ་སྤང་བ། དགྲ་བཞི་གཞོམ་པ། ལྟ་བའི་དམ་ཚིག་སྟེ་རྣམ་གྲངས་དགུར་སྤྱི་མདོའི་ལེའུ་རེ་དྲུག་པར་གསུངས་མོད་ཀྱང་། བསྡུ་ན། བསྲུང་མཚམས་མེད་པ་ཅིག་ཅར་བའི་དམ་ཚིག་དང་། བསྲུང་མཚམས་ཅན་རིམ་གྱིས་པའི་དམ་ཚིག་གཉིས་སུ་འདུ་སྟེ། སྤྱི་མདོ་ལས། བསྲུང་བྱ་བསྲུང་དུ་མེད་པ་ནི། །ཆོས་ཉིད་དམ་ཚིག་དམ་པ་ཡིན། །ཞེས་དང་། དམ་ཚིག་འདི་ནི་རྨད་པོ་ཆེ། །ཀུན་གྱི་ཐུན་མོང་མ་ཡིན་ཕྱིར། །མོས་པ་ཆུང་ངུ་ཐམས་ཅད་ལ། །བསྲུང་བའི་མཚམས་དག་བཟུང་བར་བྱས། །ཞེས་སོ། །བཞི་པ་བསྒོམ་པ་ལ། དོན་བསྡུས་ལས། ངོ་བོ་ཐབས་དང་ཤེས་རབ་སྟེ། །ཞེས་པས། ཐབས་ལམ་དང་། གྲོལ་ལམ་གཉིས་ལས། དང་པོ་ནི། སྟེང་སྒོ་འཁོར་ལོ་བཞིའམ་དྲུག་བསྒོམ་པའི་རྣལ་འབྱོར་དང་། འོག་སྒོ་མཁར་གསང་གཉིས་ཀྱི་སྙོམས་འཇུག་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱེད་པའི་ཐབས་ཏེ། དེ་ལས། རོལ་པའི་ཀ་ར་ལ་སོགས་པ། །མན་ངག་ཐབས་ཀྱིས་དེར་འཇུག་དང་། །ཞེས་གསུངས། གཉིས་པ་ལ། དོན་བཀོད་པ་དང་། རྟགས་ཀྱི་རོལ་པ་གཉིས། དང་པོ་ནི། སྤྲོས་མེད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཏེ། ཆོས་ཉིད་སྙིང་པོ་ཇི་བཞིན་པའི་ངང་ལས་སྒོམ་བྱེད་ཀྱི་བློ་མ་བཅོས་པར་འཇོག་པའོ། །དེ་ལྟར་ཡང་སྤྱི་མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་ནས། །བརྗོད་པ་མེད་པའི་ངང་ཉིད་ལས། །མ་ཡེངས་རྒྱུན་དུ་དྲན་པའོ། །ཞེས་སོ། །གཉིས་པ་ནི། སྤྲོས་བཅས་ལྷ་ཡི་ཏིང་ངེ་འཛིན་ཏེ། སྔགས་བརྗོད་པ་ཙམ་གྱིས་ཆུ་ལས་ཉ་ལྡང་བ་ལྟར། སྣོད་བཅུད་ལྷའི་དཀྱིལ་འཁོར་གསལ་ལམ་འདྲེས་པར་ཅིག་ཅར་དུ་བསྒོམ་པ་གཙོ་བོར་བྱེད་པའི་ཉམས་ལེན་ནོ། །དེ་ལྟར་ཡང་བང་མཛོད་འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པར་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་ནས། །མ་བསྐྱེད་རྫོགས་པའི་ལྷ་རུ་བསྒོམ། །ཞེས་དང་། ཀུན་འདུས་ལས། སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་གྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །ཞེས་སོ། །དེའང་སྤྱིར་ངེས་རྫོགས་བསྒོམ་པའི་ལམ་ལ། ཟག་བཅས་དང་། ཟག་མེད་གཉིས་ལས། དང་པོ་ནི། འདུན་པ་སེམས་ཀྱི་རྣལ་འབྱོར་དང་། །རིགས་ཆེན་འབྱེད་པའི་རྣལ་འབྱོར་རོ། །གཉིས་པ་ནི། དབུགས་ཆེན་འབྱིན་པའི། ལུང་ཆེན་ཐོབ་པའི། རྩ་ཆེན་རྫོགས་པའི་རྣལ་འབྱོར་རོ། །ལྔ་པ་སྤྱོད་པ་ནི། སྤྱིར་མཉམ་པ་ཉིད་ལ་གཙོ་བོར་སྤྱོད་པ་སྟེ། བང་མཛོད་འཕྲུལ་ལྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། །དབྱིངས་དང་ཡེ་ཤེས་ལོངས་སྤྱོད་རྫོགས། །ཞེས་སོ། །བྱེ་བྲག་ཏུ་དབྱེ་ན། བྱིན་གྱིས་རློབ་དང་། དབང་བསྒྱུར་དང་། ཐབས་ཀྱི་སྤྱོད་པ་གསུམ་སྟེ། སྤྱི་མདོ་ལས། བྱིན་གྱིས་རློབ་ཀྱི་སྤྱོད་པ་དང་། །དབང་སྒྱུར་ཐབས་ཀྱི་སྤྱོད་པ་སྟེ། །དཔེར་ན་ནམ་མཁའ་རྒྱལ་པོའམ། །ཇི་ལྟར་མེ་དཔུང་ཆུ་བོ་འདྲ། །ཞེས་སོ། །དྲུག་པ་འབྲས་བུ་ནི། ཚེ་གཅིག་གིས་འབྲས་ཆོས་ཉེར་ལྔ་དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་སྐུ་བཞིའི་བདག་ཉིད་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་དེ། ཐིག་ལེ་མཆོག་གི་རྒྱུད་ལས། འོད་གསལ་བ་ཡི་སེམས་ཉིད་ནི། །དབྱིངས་དང་ཡེ་ཤེས་གཉིས་མེད་པར། །བདེ་བ་ཆེ་དེ་སུ་བསྒོམ་པ། །འབྲས་བུ་ཚེ་འདིར་རྫོགས་འཚང་རྒྱ། །ཞེས་དང་། བང་མཛོད་འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པ་ནི། །བར་མ་ཆོད་པའི་ཚེ་གཅིག་གིས། །སངས་རྒྱས་ས་ལ་ངེས་པར་འགྲོ། །ཞེས་སོ། །གསུམ་པ་མན་ངག་ཨ་ཏི་ཡོ་གའི་ཐེག་པ་ལ། ངོ་བོ། ངེས་ཚིག །དབྱེ་བ་གསུམ། དང་པོ་ནི། ཡེ་སངས་རྒྱས་པའི་དོན་རང་ཐོག་ཏུ་གྲོལ་བར་བྱེད་པའི་ཐབས། སྤང་བླང་རེ་དོགས་དང་བྲལ་བའི་རང་བཞིན་ཅན་ནོ། །གཉིས་པ་ནི། ཨ་ཏི་ཡོ་ག་སྟེ། བསྐྱེད་རྫོགས་གཉིས་ཀའི་རྫོགས་རིམ་མཐར་ཐུག་ས་ཡིན་པའི་ཕྱིར་དང་། ཐེག་པ་ཐམས་ཅད་ཀྱི་རྩེ་མོར་གྱུར་པའི་ཕྱིར་ཤིན་ཏུ་རྣལ་འབྱོར་རོ། །གསུམ་པ་དབྱེ་ན་དྲུག་གི། །དང་པོ་འཇུག་སྒོ་ལ་གཉིས་ལས། དང་པོ་དབང་ནི། རིག་པའི་རྩ་དབང་ལ་སོགས་པས་སྨིན་པར་བྱས་པའོ། །གཉིས་པ་བྱ་བའི་འཇུག་སྒོ་ནི། ཅི་ཡང་འཇུག་ཏུ་མེད་པའི་སྒོ་ནས་འཇུག་སྟེ། ཀུན་བྱེད་ལས། ཆོས་ལ་བྱ་རུ་མེད་པའི་ཕྱིར། །རྩོལ་བ་མེད་པའི་སྒོ་ནས་འཇུག །ཅེས་སོ། །གཉིས་པ་ལྟ་བ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུ་རང་བྱུང་གི་ཡེ་ཤེས་ཆེན་པོའི་ངོ་བོར་བྱ་རྩོལ་མེད་པར་ཡེ་ནས་སངས་རྒྱས་པར་འདོད་དེ། ནམ་མཁའ་ཆེ་ལས། རང་བྱུང་ཡེ་ཤེས་རྩོལ་མེད་ལས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་དང་། ཁྱུང་ཆེན་ལས། རང་བྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས། །ཞེས་སོ། །གསུམ་པ་ཚུལ་ཁྲིམས་ནི། མེད་པ་དང་ཕྱལ་བ་ལ་སོགས་པའི་དམ་ཚིག་ལས་མི་འདའ་བར་བྱ་བ་སྟེ། ཡང་འབྱེད་འཕྲུལ་ལྡེ་ལས། ཨ་ཏི་ཡོ་གའི་དམ་ཚིག་ནི། །མེད་པ་དང་ནི་ཕྱལ་བ་དང་། །གཅིག་པུ་དང་ནི་ལྷུན་གྱིས་གྲུབ། །དེ་ཡི་དོན་ལས་འདའ་མི་བྱ། །ཞེས་སོ། །བཞི་པ་བསྒོམ་པ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་པ་ལྟར། རིག་སྟོང་ཆོས་སྐུའི་ངང་དུ་འཇོག་པ་སེམས་སྡེ། ཆོས་ཉིད་བྱ་རྩོལ་མེད་པའི་ངང་དུ་འཇོག་པ་ཀློང་སྡེ། ཡེ་གྲོལ་སྤང་བླང་བྲལ་བའི་ཆོས་ཉིད་ཀྱི་ངང་དུ་འཇོག་པ་མན་ངག་སྡེའོ། །དེའང་སྤྱིར་རྫོགས་པ་ཆེན་པོའི་ལུགས་ཀྱི་བསྒོམ་པ་ནི། ཁྲེགས་ཆོད་དང་། ཐོད་རྒལ་གཉིས་སུ་འདུ་སྟེ། མུ་ཏིག་ཕྲེང་བ་ལས། ཉམས་བླངས་ཁྲེད་ཆོད་ཐོད་རྒལ་ལོ། །ཞེས་སོ། །དེ་ལས་དང་པོ་ནི། ཀ་དག་གི་ལྟ་བའི་ངང་ལས་མ་གཡོས་པར་འཇོག་པ་སྟེ། ཁྱུང་ཆེན་ལས། ལྷུན་གྱི་གནས་པས་བཞག་པ་ཡིན། །ཞེས་དང་། སློབ་དཔོན་དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ། སེམས་ལ་སྐྱེ་འགག་མེད་པ་ནམ་མཁའ་འདྲ། །ཆོས་ཀུན་མཉམ་ཉིད་ཡང་དག་དོན་རྟོགས་ནས། །དེ་ཉིད་མ་བཙལ་བཞག་ན་བསྒོམ་པ་ཡིན། །ཞེས་གསུངས། དེ་ལྟར་བསྒོམས་པ་ས་ལམ་གྱི་བསྐྱེད་རིམ་བཞི་སྟེ། གནས་དང་མི་གཡོ་མཉམ་ཉིད་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །གཉིས་པ་ཐོད་རྒལ་ནི། གནད་དྲུག་ལ་བརྟེན་ནས་སྣང་བཞི་རིམ་པར་འཆར་བ་སྟེ། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་འཕེབས། ཆོས་ཉིད་ཟད་པའི་སྣང་བས་མཐར་ཕྱིན་པའོ། །ལྔ་པ་སྤྱོད་པ་ནི། ཅིར་སྣང་ཆོས་ཉིད་ཀྱི་རོལ་པར་ཤར་བས་བླང་དོར་མེད་པར་སྤྱོད་པ་སྟེ། ནམ་མཁའ་ཆེ་ལས། བྱ་བ་མེད་པས་ལས་རྣམས་ཟིན། །ཞེས་དང་། བང་མཛོད་འཕྲུལ་ལྡེ་ལས། ཨ་ཏི་ཡོ་གའི་སྤྱོད་པ་ནི། །ལྟ་སྒོམ་སྲོག་དང་ལྡན་པ་ཡིས། །ཤུགས་ལས་བྱུང་བའི་སྤྱོད་པ་ནི། །ཇི་ལྟར་སྨྱོན་པའི་སྤྱོད་པ་བཞིན། །གང་ལའང་ཐོགས་པ་མེད་པར་སྤྱོད། །ཅེས་སོ། །དྲུག་པ་འབྲས་བུ་ནི། ལྷུན་རྫོགས་ཀུན་ཏུ་བཟང་པོའི་ས་ལ་ད་ལྟ་ཉིད་ནས་གནས་པ་མཐར་ཕྱིན་པ་སྟེ། གདིང་བཞི་ཚད་དུ་ཕྱིན་པས་འཁོར་བ་མྱང་འདས་སུ་གྲོལ་བའོ། །དེ་ལྟར་ཡང་ཡང་འབྱེད་ལས། རྫོགས་ཆེན་ཨ་ཏིའི་འབྲས་བུ་ནི། །གདོད་ནས་སྙིང་པོ་བྱང་ཆུབ་ཏུ། །ཐོབ་མེད་འབྲས་བུ་རང་ལ་སྨིན། །ཞེས་གསུངས་སོ། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེའི་རྣམ་གཞག་ལེགས་བཤད་སྣང་བའི་དགའ་སྟོན་ཅེས་བྱ་བ་ལས། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རྣམ་གཞག་བཤད་པའི་ཚོམས་ཏེ། སྐབས་བཞི་པའི་བདག་ཉིད་ཅན་གྱིས་རེ་ཞིག་བཤད་ཟིན་ཏོ། །དེ་ལྟར་འདིར་ཇི་སྐད་སྨོས་པའང་རྗེས་སུ་འཇུག་པའི་གང་ཟག་བློ་གྲོས་གསར་བུ་པ་རྣམས་ལ་ཅུང་ཟད་ཕན་དུ་རེ་བས། ཆོས་རྗེ་ཀུན་མཁྱེན་ཀློང་ཆེན་པ་དང་། སྨིན་གླིང་ལོ་ཆེན་ཆོས་དཔལ་རྒྱ་མཚོ། ཀཿཐོག་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ། འཇམ་མགོན་བློ་གྲོས་མཐའ་ཡས། རྡོ་གྲུབ་འཇིག་མེད་བསྟན་པའི་ཉི་མ། ཟེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་རྣམས་ཀྱི་གསུང་གི་བཅུད་བསྡུས་ཤིང་ཡིག་ཚོགས་ཉུང་བ་གཙོ་བོར་བྱས། མདོ་སྔགས་ཀྱི་རྣམ་གཞག་ལ་སྤྱིའི་གོ་དོན་དང་སྐབས་ཀྱི་བསྡུས་དོན་གཉིས་སུ་ཕྱེས་བ་ཟློས་པ་ལྟ་བུར་སྣང་ནའང་སྐབས་བབ་ཁོལ་འདོན་བློ་ལ་འཇུག་བདེ་བའི་དབང་དུ་བྱས་ཏེ་གོ་སླ་ཁྱེར་བདེའི་ཚུལ་དུ་སྦྱར་བ་ཡིན་ལ། གཞན་དུ་ཐོས་བསམ་གྱི་མཐའ་རྒྱ་རབ་ཏུ་གཅོད་པར་འདོད་པའི་བློ་ལྡན་རྣམས་ད་དུང་འདི་ཙམ་གྱིས་བློ་ཁ་མི་ཚིམ་པར། སྔ་འགྱུར་ཆེ་བ་དྲུག་ལྡན་རྒྱུད་ལུང་མན་ངག་ངེས་པའི་ཟབ་གནད་མཐའ་དག་གཞན་དྲིང་དུ་མི་འཇོག་པའི་ཆོས་ཉིད་ཇི་བཞིན་གཟིགས་པའི་རྣམ་དཔྱོད་ཀྱིས་ལེགས་པར་བཀྲལ་བ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསུང་རབ་རིན་པོ་ཆེའི་གན་མཛོད་རྒྱལ་སྲིད་ཀྱི་འབྱོར་པ་ཁྱད་པར་ཅན་གྱི་གྲངས་ལྡན་དང་། སྙིང་ཐིག་མ་བུའི་སྐོར། རིག་འཛིན་ཆེན་པོ་གཏེར་བདག་གླིང་པ་སྐུ་མཆེད་ཀྱི་འདུས་པ་མདོ་དང་སྒྱུ་འཕྲུལ་སྐོར་གྱི་ཡིག་ཆ། འཇམ་མགོན་མི་ཕམ་སྨྲ་བའི་སེང་གེའི་གསུང་རབ་སོགས་མཁས་གྲུབ་གོང་མ་རྣམས་ཀྱིས་ལེགས་པར་བཤད་པའི་སྣང་བ་རྒྱ་ཆེན་པོ་ལ་བརྟེན་ནས་བློ་གྲོས་ཀྱི་འདབ་སྟོང་ཕྱོགས་མེད་དུ་གྲོལ་བར་བྱའོ། །སླར་སྨྲས་པ། རྒྱལ་བསྟན་ཡོངས་རྫོགས་ཕྱི་མོ་སྔ་འགྱུར་བའི། །རིང་ལུགས་དྲི་མེད་ཟབ་ཡངས་ཆུ་གཏེར་ལས། །ཤེས་འདོད་གསར་བུའི་སྐལ་འཚམས་བདུད་རྩིའི་རྒྱུན། །རྣམ་བཤད་བུམ་བཟང་བཅུད་དུ་ཁོ་བོས་བླངས། །སྔོན་རབས་དམ་པའི་ལེགས་བཤད་ལ་བརྟེན་ནས། །ལྷག་བསམ་སྣང་བའི་འཛུམ་གྱིས་ཉེར་བསུས་ཏེ། །བསྟན་པའི་རྣམ་གཞག་གཏམ་གྱི་དགའ་སྟོན་གང་། །སྐལ་བཟང་ཚོགས་རབ་ཀུན་དགའི་དཔྱིད་དུ་སྤྲོས། །ཚུལ་འདིར་ཉེས་བཤད་མཆིས་ན་བདག་སྐྱོན་ཕྱིར། །གཟུར་གནས་མཁས་རྣམས་བཟོད་བཞེས་བརྩེར་དགོངས་འོས། །ལེགས་བཤད་ཆ་ཀུན་བླ་མའི་དྲིན་ལས་ཏེ། །བསྟན་ལ་རིམ་གྲོ་བགྱི་བའི་སྟིབ་སྟངས་ཙམ། །བླ་མེད་ཐེག་རྩེའི་ཐབ་གནད་རྡོ་རྗེ་ཚིག །རྗེན་ཕྱུངས་གསང་བ་བསྒྲགས་སོགས་ནོངས་པའི་སྤྲིན། །གང་མཆིས་རྩ་གསུམ་བྱིན་རླབས་འཐོར་རླུང་གིས། །བརྗོད་བྲལ་ཆོས་དབྱིངས་མཁའ་རུ་སྟིམ་མཛོད་གསོལ། །འདིར་འབད་བདག་གིས་བསོད་ནམས་གང་ཐོབ་པ། །དེ་ཀུན་བསྟན་པ་རྒྱས་པའི་ཕྱིར་དུ་བསྔོ། །བསྟན་པའི་སྙིང་པོ་སྲིད་ན་ཡུན་གནས་ཏེ། །ཞིང་རྣམས་ཡོན་ཏན་རྒྱ་མཚོས་མཛེས་བྱེད་ཤོག །བདག་ཀྱང་ཚེ་རབས་ཀུན་ཏུ་རྒྱལ་བསྟན་གྱི། །གསང་མཛོད་འཛིན་ལ་གསང་བདག་དཔའ་བོ་ལྟར། །ཟབ་དོན་སེང་གེའི་སྒྲོགས་བཞིན་དུ། །སྲིད་ན་རྒྱུ་བས་སྲིད་པ་གཏིང་སྤྲུགས་ཤོག །འཕོ་འགྱུར་འཇིགས་ཚོགས་དང་བྲལ་གཉུག་མའི་གཤིས། །བསྟན་གཡོ་ཀུན་ཁྱབ་ཡེ་ཤེས་སྙིང་པོ་ཅན། །མི་ཤིགས་སེམས་ཀྱི་རྡོ་རྗེའི་ཕྱག་རྒྱ་ཡིས། །དངོས་ཀུན་བདེ་བ་ཆེན་པོར་སྡོམ་གྱུར་ཅིག །དེ་ལྟར་གསང་སྔགས་སྔ་འགྱུར་རྙིང་མའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན་ཅེས་བྱ་བ་འདི་ནི། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་དྲུག་རྩ་གསུམ་པའི་ཐོག་ཏུ་སོན་པ་ཟིལ་གནོན་མེ་ཁམས་ཤུགས་འཆང་གི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་དབུ་བརྩམས་ཏེ་སྐབས་ཅི་རིགས་པར་འབད་པས་བྲིས་ཤིང་། ཡོངས་སུ་རྫོགས་པ་ཁྲུམ་སྟོད་ཀྱི་བཀྲ་ཤིས་པའི་ཟླ་བ་ཡར་ངོའི་ཚེས་བཅོ་ལྔ་ལ། སྦས་ཡུལ་འབྲས་མོ་གཤོངས་ཀྱི་ཡན་ལག་གི་གནས་མཆོག་ཀ་པཱ་ལ་སྤུངས་པར་གྲགས་པའི་རི་བོ་རིན་ཆེན་སྤུངས་ཀྱི་རྩེ་མོ་པདྨ་འོད་ཀྱི་གྲོང་ཁྱེར་དུ་གྲུབ་པར་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་མོན་ཁ་ཀུ་རེ་ལུང་གི་སྔགས་བཙུན་རིག་འཛིན་རྡོ་རྗེས་བགྱིས་པའོ། །འདིས་ཀྱང་བསྟན་པའི་སྙིང་པོ་མི་ཉམས་ཡུན་དུ་གནས་པར་བྱེད་པའི་ཆ་རྐྱེན་དམ་པར་གྱུར་ཅིག །སརྦ་དཱ་མངྒ་ལ་ཤྲཱི་ཛ་ཡནྟུ།། ༈ །།ༀ་སྭ་སྟི། ཉུང་ངུའི་ངག་གིས་རྒྱ་ཆེའི་དོན་བསྟོན་པ། །སྔ་འགྱུར་བསྟན་པ་རྒྱ་མཚོའི་རྣམ་གཞག་གང་། །བདུད་འཇོམ་སྲས་མོ་བདེ་ཆེན་གཡུ་སྒྲོན་གྱིས། །ཆོས་སྦྱིན་མི་མཛད་སྤར་གྱི་ཕྱི་མོར་བསྒྲུབས། །བསོད་ནམས་དེ་མཐུས་བསྟན་པ་རིན་པོ་ཆེ། །དུས་ཀྱི་མཐར་ཡང་མི་ནུབ་འཕེལ་ཞིང་རྒྱས། །ངེས་གསང་བཤད་སྒྲུབ་ཆོས་ཀྱི་རྔ་ཆེན་སྒྲ། །འཛམ་གླིང་ཁྱོན་ཀུན་འགེངས་པར་སྒྲོགས་བྱེད་ཤོག །རྒྱུ་སྦྱོར་གང་དེའི་ལུས་བསྐྱེད་ཕ་མས་གཙོས། །འབྲེལ་བཅས་འགྲོ་ཀུན་སྒྲིབ་གཉིས་རང་གྲོལ་ནས། །ཚོགས་གཉིས་མྱུར་རྫོགས་སྐུ་གཉིས་མངོན་གྱུར་ཏེ། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཆེད་དུ་བརྗོད་པ་ཛ་ཡནྟུ། ༈ སྤར་འདི་ཀོང་སྨད་ཟངས་མདོག་དཔལ་རིར་བཞུགས།