Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་བདུན་པ།


   
   
   
   
   
   
   
སློབ་དཔོན་དྷརྨ་བྷོ་དྷིས་མཛད་པའི་གསང་བའི་དོན་བསྡུས།
   
   
   
   


 
previousསློབ་དཔོན་དྷརྨ་བྷོ་དྷིས་མཛད་པའི་གསང་བའི་དོན་བསྡུས། next

སློབ་དཔོན་དྷརྨ་བྷོ་དྷིས་མཛད་པའི་གསང་བའི་དོན་བསྡུས།

སློབ་དཔོན་དྷརྨ་བྷོ་དྷིས་མཛད་པའི་གསང་བའི་དོན་བསྡུས་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་ལ་ཕྱག་འཚལ་ལོ། །མཉམ་ཉིད་ཆོས་སྐུ་གསང་བའི་སྐུ། །ལོངས་སྤྱོད་རྫོགས་སྐུ་སྤྲུལ་པའི་སྐུ། །སྐུ་ལྔའི་བདག་ཉིད་བཅོམ་ལྡན་འདས། །ཀུན་བཟང་ངང་ལ་ཕྱག་བཙལ་ཏེ། །རྒྱལ་བའི་དགོངས་པ་ཀུན་འདུས་ལས། །མདོ་དོན་ཆོས་ཀྱི་རྣམ་གྲོལ་སྒོ། །དེ་ཤེས་དེ་འཇུག་བདེ་སྒྲུབ་ཕྱིར། །མི་འགལ་ཙམ་དུ་བསྡུས་ཏེ་བཤད། །ཀུན་བཟང་ཐུགས་རྗེས་འགྲོ་དོན་དུ། །ཐེག་པ་གསུམ་སྣང་འདུལ་མཛད་པའི། །དོན་དམ་ངེས་པའི་ཐེག་མཆོག་ལས། །གསང་སྒོ་མཚོན་པའི་མདོ་རྒྱུད་དོན། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །བྱ་བའི་གཞི་དང་བྱེད་པའི་རྐྱེན། །བྱ་བྲལ་འབྲས་བུའི་མཐར་ཕྱིན་དག །ཇི་སྙེད་ཆོས་ཀྱི་རྩ་བར་བཤད། །ཕྱི་ནང་བྱེ་བྲག་ཇི་སྙེད་པའི། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཇི་བཞིན་ངང་དུ་ཡེ་གནས་པ། །ཤེས་པར་བྱ་བའི་རྒྱུད་དོན་ཡིན། །རྩོལ་བྱས་སྤྲོས་པས་འདྲེས་འཇུག་པའི། །ཐེག་པ་དེ་ནི་བྱ་བྱེད་རྐྱེན། །གཞན་དུ་འབྲས་བུ་རེ་རྩོལ་མེད། །བསྒྲུབ་བྱ་ཉིད་ལ་ལམ་གནས་པས། །ཐབས་ཆེན་ཐེག་འདི་བྱ་བྲལ་བའོ། །དེ་ཡང་ཕྱི་ནང་གཉིས་ལ་ཡང་། །གཞི་དང་ཐབས་དང་འབྲས་བུ་ཡི། །ཚུལ་གསུམ་བྱེ་བྲག་ཆོས་སུ་བཤད། །གཞི་ནི་སྔ་མའི་དོན་ཉིད་དེ། །ཐབས་ནི་ལམ་ཡིན་རྣམ་པ་གསུམ། །གོལ་སྒྲིབ་ངོ་བོ་ཡན་ལག་སྟེ། །གོལ་ས་ལྟུང་བའི་སྒོ་དགུ་དང་། །ཉོན་མོངས་ཤེས་བྱའི་སྒྲིབ་སོགས་དང་། །ཐུན་མོང་རྟོག་པ་བརྒྱད་ཅུ་གཅིག །དགུ་བཅུ་ལ་སོགས་སྐྱོན་རྣམས་དང་། །ཤེས་པའི་བྱེ་བྲག་དྲུག་ལ་སོགས། །མི་མཐུན་གོལ་སྒྲིབ་ཕྱོགས་སུ་བཤད། །ངོ་བོ་ཐབས་དང་ཤེས་རབ་སྟེ། །རོལ་པའི་ཀ་ར་ལ་སོགས་པའི། །མན་ངག་ཐབས་ཀྱི་བདེར་འཇུག་དང་། །ཐོས་བསམ་སྒོམ་པའི་ཚུལ་འགྲོ་བའོ། །དེ་ནི་འཇུག་པ་རྣམ་གསུམ་སྟེ། །རྟོག་དཔྱོད་དོན་དང་ཡི་གེ་ཡི། །རྗེས་འཇུག་དང་པོ་སྔོན་འགྲོ་ཉིད། །བློ་ཡི་སྟོབས་ཀྱིས་རྣམ་པ་གཉིས། །ལུས་ལས་སྣང་བའི་ཆོས་རྣམས་ལ། །རིག་པའི་གཏན་ཚིགས་མཐའ་དག་དང་། །མན་ངག་ངེས་པའི་ཚད་མ་ཡིས། །སོ་སོར་རྟོག་དང་རྩོལ་མེད་པར། །རིམ་དང་གཅིག་ཅར་གཏན་ལ་འབེབས། །དེ་ནས་འཇུག་པའི་ཚུལ་སྒོ་ནི། །དོན་ལ་རིམ་དང་གཅིག་པའོ། །དོན་ནི་ཆོས་ཉིད་སྙིང་པོ་ལ། །རྗེས་སུ་འཇུག་པ་སེམས་མིན་ཏེ། །དེ་ཡང་སྐབས་ཀྱི་ཁྱད་པར་གྱིས། །ལམ་ལྔའི་སྐབས་དང་བཅུར་འགྱུར་བས། །རིམ་པར་བགྲོད་པའི་ལམ་དུ་བཤད། །བློ་གཞན་རིམ་གྱིས་འཇུག་པའང་། །ཡུལ་དང་ཤེས་པའི་ཚུལ་ལྟར་བུ། །ཇི་བཞིན་པ་ལ་བློ་བཞག་པས། །རིག་པའི་ཁྱད་པར་སྐབས་སུ་འཕགས། །གསལ་དང་བརྟན་དང་ཡུན་རིང་དང་། །ཤིན་ཏུ་རིགས་དང་ཚད་ལས་འདས། །མི་མཐུན་ཕྱོགས་དང་ཕྲད་པའི་ཚེ། །དེ་དབང་གྱུར་དང་ཅུང་ཟད་དུ། །མི་འགྱུར་ཐང་ཅིག་གནས་པ་དང་། །གསལ་བར་བརྟན་པའི་རིམ་གོམས་དང་། །རང་དབང་གྱུར་ནས་ཆེས་བརྟན་དང་། །སྤྱོད་ལམ་ཀུན་ཏུ་རླུང་གནས་ཡིན། །དེ་དག་ཟག་བཅས་བསམ་གཏན་ཏེ། །གཉིས་མེད་ཡུལ་བྲལ་དེ་མཐོང་མིན། །མཉམ་ཉིད་གསང་བའི་བདེ་དོན་ལ། །དད་དང་མོས་དང་དེར་རྩོལ་དང་། །དེས་དེ་གཡོས་དང་ཆེར་གཡོས་དང་། །མཐོང་དང་འདྲ་བར་འགྱུར་ཡིན་ཏེ། །སྐར་ཕྲན་འབྲིང་དང་ཆེན་པོ་དང་། །གཅིག་པ་གཉིས་པའི་ཟླ་བ་འདྲ། །རང་གི་མཚན་ཉིད་མངོན་སུམ་དུ། །གསལ་བར་མཐོང་བས་དབུགས་ཕྱིན་ཏེ། །ཟག་པ་ཟད་ནས་འཇིག་རྟེན་འདས། །གསུམ་པའི་རི་བོང་སྤྱན་འདྲ་ཡིན། །མཐོང་བའི་དོན་ལ་མཉམ་གནས་པས། །བརྟན་པར་འགྱུར་ཏེ་ལུང་ཆེན་ཐོབ། །འབྲས་བུ་ཆེར་འབྱུང་བཞི་པ་འདྲ། །རང་དང་སྤྱི་ཡི་ཐ་སྙད་བྲལ། །དམིགས་མེད་ཀུན་གསལ་ཡེ་ཤེས་ཉིད། །གཡོ་དང་ཐོབ་དང་བརྟན་རྫོགས་པའི། །རིམ་པས་མཐར་ཕྱིན་གསུམ་དུ་སྣང་། །ལྔ་བརྒྱད་བཅུ་དྲུག་ཚུལ་དུ་གསལ། །དེ་དག་པ་དང་རྣལ་འབྱོར་སྐབས། །སེམས་ལམ་བཅུ་དང་ལྔ་ཞེས་བྱ། །ཡང་དག་བློ་ཆེན་མངོན་རྟོགས་པས། །མཉམ་ཉིད་ཡུལ་བྲལ་རང་གསལ་བར། །མི་གཡོ་ཅིག་ཆར་གང་འཇུག་པ། །ས་དང་ལམ་གྱི་གྲངས་རྩོལ་མེད། །ཡེ་ཤེས་མཚན་མའི་རྣལ་འབྱོར་དག །བློ་ཡི་ཁྱད་པར་ཆེས་ཕྲ་བའི། །ཐམས་ཅད་གསལ་རྫོགས་ཅིག་ཆར་དང་། །ལྔ་དང་བཅུ་ལ་སོགས་པར་སྣང་། །ལམ་ལྔ་རྣལ་འབྱོར་རིག་འཛིན་གྱིས། །ས་དང་གནས་སྐབས་ཡེ་ཤེས་དང་། །སྒྲིབ་དང་གོལ་ས་རྟོགས་པ་དང་། །སྤྱོད་དང་ཏིང་འཛིན་དམ་ཚིག་དང་། །དུས་དང་དངོས་གྲུབ་མཐར་ཕྱིན་དང་། །ལྟ་བའི་ཁྱད་པར་གནས་འགྱུར་སོགས། །བྱེ་བྲག་ལམ་ལྔའི་ཆོས་སུ་སྣང་། །རྣལ་འབྱོར་ས་བཅུའི་ལམ་རྣམས་ལའང་། །ཁྱད་པར་དེ་དག་རྣམ་བཅུར་གསལ། །ལྷ་ཡི་ཕྱག་རྒྱ་གཅིག་པ་དང་། །གཉིས་འབྲེལ་ཡན་ལག་རྫོགས་པ་དང་། །འཁོར་ལོ་གཅིག་དང་རྣམ་སྤྲོས་དང་། །ཤིན་ཏུ་རྣམ་སྤྲོས་དཀྱིལ་འཁོར་དང་། །གླིང་གཅིག་གང་དང་སྟོང་གསུམ་དང་། །གྲངས་མེད་ཤིན་ཏུ་གྲངས་མེད་དང་། །ཆོས་དབྱིངས་མཐའ་ཡས་རབ་གསལ་རྫོགས། །དེ་དག་རྣམ་པའི་ཁྱད་པར་ཡང་། །རྟོག་དང་མཚན་མའི་རྣམ་པར་དང་། །ཆུ་ཟླ་ལྟ་བུར་བཟུང་མེད་དང་། །གཟུང་འཛིན་གཉིས་བྲལ་དེ་ཉིད་དང་། །ཅི་ལའང་མི་གནས་མཉམ་ཉིད་དང་། །རང་གི་མཚན་ཉིད་གསལ་ངེས་དང་། །ཟག་པ་མེད་དང་ལྷུན་གྲུབ་པའི། །རབ་འབྲིང་ཐ་མའི་རིམ་པ་ཡིས། །ཐོབ་དང་ཤིན་ཏུ་ཐོབ་པ་དང་། །བསྟན་རྫོགས་ཉིད་དེ་རྣམ་བཅུའོ། །ཙད་ཀྱང་གྲུ་བཞི་བརྒྱད་ཅུ་དྲུག །སུམ་ཅུ་གཉིས་དང་དྲུག་ཅུ་བཞི། །དེ་བཞིན་འགྱུར་སོགས་ཆོས་དབྱིངས་རྣམས། །ལྷར་གསལ་འཕྲོ་འདུ་དབུགས་ཡུལ་དང་། །དྲི་སྒྲ་གཟུགས་སོགས་རིམ་བཞིན་འཕགས། །དེ་དག་བློ་ཡི་རྩལ་ཡིན་ཏེ། །ཤེས་རབ་ལ་སོགས་ཀུན་དེ་བཞིན། །ཁྱད་པར་འགྱུར་ཞིང་རྣམ་པར་འཕེལ། །དོན་དང་ཡི་གེ་གང་དེ་ཡང་། །སོ་སོའི་གནས་སྐབས་ལམ་བདག་ཉིད། །བགྲོད་དང་དེ་ཆོས་ལྡན་པ་དང་། །རྒྱུད་མི་གཏོང་དང་རྟེན་བྱེད་དང་། །དུས་དེ་སྐབས་དང་འབྲས་བུ་དང་། །གགས་དང་འདྲ་བའི་ལྟུང་གནས་དང་། །རྩོལ་ཞིང་བགྲོད་པའི་ལམ་སེམས་དང་། །སྤྱོད་ལམ་དང་ནི་བློ་གནས་དང་། །མི་འདའ་བསྲུང་དང་དུས་ཉིད་དང་། །ཡོན་ཏན་མཐུ་དང་བྱ་བྲལ་དང་། །ཤེས་རབ་སྟོབས་དང་ཁྱད་པར་ལས། །ཐ་སྙད་བྱེ་བྲག་རྣམས་སུ་གསུངས། །གཞན་ཡང་སེམས་བསྐྱེད་སྔགས་ལ་སོགས། །ལམ་གྱི་ཆོས་སྒོ་ཐ་སྙད་ཀུན། །ལྔ་དང་བཅུ་སོགས་གྲགས་པ་ཡིན། །དང་པོ་གཉིས་ལ་གནས་པ་ནི། །གསང་ཆེན་འབྲས་བུ་ལམ་གྱི་རྟེན། །དེ་བཞིན་རིམ་པར་བགྲོད་གནས་ན། །ལྟུང་ཡང་གཟུགས་ཀྱི་ཟིན་པ་དང་། །ལུས་ངན་མི་སྲིད་བདེ་འགྲོ་ཡིས། །ཡང་དག་གནས་དང་འདོད་རིགས་སོགས། །བདེ་འགྲོའི་གནས་ངན་མི་སྲིད་དང་། །ཁམས་གསུམ་འཇིག་ཚོགས་ཟག་བྲལ་དང་། །མི་ལྡོག་མི་གནས་ཕྱིར་འོང་དང་། །མི་ཤེས་སྐྱོན་བྲལ་མཐའ་རྫོགས་ནས། །ས་སར་མི་ལྡོག་སངས་རྒྱས་སར། །ཐོགས་མེད་མངོན་གྱུར་ལྷུན་གྱིས་གྲུབ། །དེ་ཕྱིར་ལམ་གྱི་མཆོག་ཏུ་བརྗོད། །དེ་རྐྱེན་ཡན་ལག་རྣམ་པ་གཉིས། །སྒྲུབ་བྱེད་རྐྱེན་དང་ཤེས་བྱེད་པའི། །ལམ་གྱི་ཡན་ལག་སུམ་ཅུ་གཉིས། །མདོ་དང་གཞི་དང་བསླབ་པའི་མཐའ། །མདོ་ནི་བཅུ་གཉིས་འཇུག་སྒོ་དང་། །དམ་ཚིག་ལྟ་བ་ཏིང་འཛིན་དང་། །དམིགས་པ་བཟླས་པ་ཕྲན་ལས་དང་། །སྤྱོད་པ་དང་ནི་ཐོབ་བྱའི་དབང་། །རིག་འཛིན་ས་དང་སངས་རྒྱས་ས། །ངེས་འབྱེད་ཡན་ལག་དག་ཏུ་བཤད། །གཞི་ནི་རྣམ་བཅུ་སྒྲུབ་པ་དང་། །གསང་སྔགས་མིང་དང་སྤྱོད་པ་དང་། །དངོས་གྲུབ་གནས་དང་བཟླས་པའི་སྒྲ། །ཕྱག་རྒྱ་ཏིང་འཛིན་ལྟ་བ་དང་། །ཆོ་འཕྲུལ་དག་སྟེ་དེ་དག་སྟོན། །དཔེ་བཅུས་མཚོན་ནས་རབ་ཏུ་ཤེས། །བསླབ་པའི་མཐའ་ནི་རྣམ་བཅུ་སྟེ། །དམ་ཚིག་གཞི་དང་རྒྱུད་དགྲོལ་དང་། །སྒོ་མོ་བསྡུར་དང་ཕུལ་དབྱུང་དང་། །ཐག་བཅད་པ་དང་ཉམས་བླངས་དང་། །ལ་དོར་སྤྱོད་དང་དབང་རིམ་དང་། །མན་ངག་དོན་དང་མདོར་བསྡུས་རྣམས། །རྣལ་འབྱོར་བསླབ་པའི་མཐའ་བཅུར་བཤད། །གཞི་འཛིན་ས་ནི་དམ་ཚིག་སྟེ། །སྒོ་གསུམ་སྡམ་པར་གནས་པའི་དོན། །རྩ་བ་ཡན་ལག་ལ་སོགས་པའི། །བསྲུང་དང་སྒྲུབ་པ་དེ་ཉིད་དོ། །རྒྱུད་དགྲོལ་བ་ནི་ཐོས་བསམ་སྟེ། །མཁས་ལྡན་དམ་པའི་བླ་མ་ལ། །དད་དང་སྲིད་ཞུ་གུས་པ་ཡིས། །དོན་གང་ཉན་འཛིན་རྟོག་བྱེད་འགྲོལ། །སྒོ་བསྡུར་བ་ནི་ཐེག་པ་རྣམས། །ཤེས་པར་བྱེད་དང་རྩོལ་བ་སྟེ། །གོལ་སྒྲིབ་ཕྱོགས་སུ་གང་གསུང་དག །གཅད་ཕྱིར་དེ་དག་རིག་ཤེས་འབྱེད། །ཕུལ་དུ་དབྱུང་བ་འདི་དོན་ཉིད། །མཁས་ཤིང་རབ་ཏུ་ཤེས་པའོ། །ཐག་བཅད་པ་ནི་ལྟ་བ་སྟེ། །ཇི་བཞིན་མ་ནོར་ཤེས་རབ་ཉིད། །རེ་དོགས་མེད་པར་བསྔོ་འགྲོ་དོན། །ཉམས་བླང་བ་ནི་ཏིང་འཛིན་ཏེ། ཕྱག་རྒྱ་བཞི་སོགས་སྤྲོས་པ་དང་། །སྤྲོས་མེད་ལ་སོགས་བསམ་གཏན་ཡིན། །ལ་དོར་བ་ནི་སྤྱོད་པ་སྟེ། །དཀྱིལ་འཁོར་བཞི་དང་ལས་བཞི་དང་། །སྒྲུབ་པ་ལ་སོགས་བྱེ་བྲག་དང་། །ཐུན་མོང་ཐབས་ཀྱི་མཛད་སྤྱོད་ཉིད། །དབང་ནི་རིམ་པར་བགྲོད་བྱེད་པའི། །ལྔ་དང་ལྔ་སོགས་ནུས་མཐུ་བསྐྱེད། །མན་ངག་དོན་སྒྲུབ་ཐབས་ཀྱི་མཆོག །གསེར་འགྱུར་བདུད་རྩི་ལྟ་བུའི་ཚུལ། །མདོར་བསྡུ་བ་ནི་སེམས་ཀྱི་དོན། །ཇི་བཞིན་ངང་རྟོགས་ཀུན་འདུས་པའི། །ཤེས་བྱེད་ཡན་ལག་རྣམ་པ་གཉིས། །མཚོན་བྱེད་ཚིག་དོན་ཡི་གེའི་སྒྲ། །རྒྱུད་དོན་ཡན་ལག་རྣམ་དྲུག་དང་། །དེ་འགྲེལ་གཏན་པ་འབེབས་བྱེད་པའི། །ལྡེ་མིག་ཅེས་སུ་གྲགས་པ་དེ། །རྒྱུད་ནི་བྱིན་རླབས་འབྱུང་བ་དང་། །ལུང་བསྟན་བརྒྱུད་པ་རྣམ་གཉིས་ཕྱིར། །དེ་འགྲེལ་བ་ཡང་རྣམ་པ་གཉིས། །བྱིན་རླབས་སྐུ་བཞི་བསྟན་པ་དག །བཤད་ཐབས་ལྡེ་མིག་རྣམ་གཉིས་ཏེ། །དཔྱོད་པའི་འདྲེན་སྒོ་རྣམ་འགྲེལ་གསུམ། །འབྱེད་པ་དུག་དང་འགྲོལ་བ་བཞི། །ངེས་པ་འབྱིན་པ་རྣམ་གསུམ་མོ། །སྒོ་གཉིས་སྤྱི་དང་ཁྱད་པར་ཏེ། །སྤྱི་ཡི་རྣམ་གསུམ་ཡན་ལག་མདོ། །རྩ་བ་དག་གིས་འགྲེལ་བར་བྱེད། །ཁྱད་པར་གསང་སྒོའི་རྣམ་འགྲེལ་ཡང་། །ཡན་ལག་མདོ་དང་རྩ་བ་ཡིས། །འབྱེད་འགྲེལ་ངེས་པར་འབྱིན་པར་བྱེད། །བྱེད་པ་རྒྱུ་དང་རྩ་བ་དང་། འབྲེལ་དང་ཚིག་དང་ངེས་པར་སྦྱོར། །རྒྱུ་ནི་གླིང་བཞི་དྲུག་ཡིན་ཏེ། །དོན་གང་གང་ཚེ་གང་ཉིད་ཀྱིས། །གང་དུ་གང་ལ་བཤད་བརྗོད་པའོ། །རྩ་བ་གླེང་བསླང་རྐྱེན་ཉིད་དང་། །ཇི་ལྟར་བསླངས་ནས་ཞུས་བཤད་ཚུལ། །འགྲེལ་བ་གང་བརྗོད་གང་གིས་བརྗོད། །གང་ཕྱིར་གང་གི་སྟོབས་ཀྱིས་བཤད། །འདྲེན་པ་བརྗོད་པའི་རྒྱུ་འདི་དག །ཇི་ལྟར་བཤད་པའི་ཚུལ་བཅུ་སྟེ། །རང་བཞིན་ལྟ་བའི་ངེས་དོན་དང་། །སྤྱི་དོན་སྡུད་དང་རྣམ་པར་དབྱེ། །ཚིག་དོན་འབྲེལ་དང་འབྲེལ་ཤུགས་སྦྱོར། །རང་ལུགས་ཉིད་དང་བརྒལ་ལན་དང་། །ལྡེམ་དགོངས་བརྡ་དང་དཔེས་མཚོན་དང་། །མན་ངག་གབ་སྦས་འབྱིན་སྡེབས་རྣམས། །དཔེ་བཅུ་ལྟ་བུར་བཤད་པའོ། །ངེས་པ་གཏན་ཚིགས་རྣམ་བཅུ་གཉིས། །སྣོད་སྒོ་བཞི་ལ་བསྟན་པ་བཞི། །འཚམ་བར་སོ་སོར་ངེས་འབྱེད་དང་། །ལུས་དང་དོན་དང་རིག་པ་དང་། །མཚོན་དཔེ་གཏན་ཚིགས་མཐའ་དག་གིས། །སྣང་དང་མི་འགལ་རྒྱས་འཐད་སྦྱར། །དེ་དག་རེ་རེའང་དགོས་པ་དང་། །ངོ་བོ་ངེས་ཚིག་དམིགས་བཟུང་བཅས། །རྣམ་བཅུ་གཉིས་ཀྱི་ངེས་འབྱེད་ཤེས། །སྦྱོར་བ་བྱང་ཆུབ་ཡན་ལག་སྟེ། །རྟོགས་པ་བཞི་དང་མཚན་ཉིད་བཞི། །དགོས་འབྲེལ་བཞི་དང་ཡན་ལག་བཞི། །དེར་ལུང་བཞི་དང་མཚན་དཔེ་བཞི། །བསྙེན་སྒྲུབ་ཡན་ལག་བཞི་དག་དང་། །མཚན་ཉིད་ཚུལ་དང་སྦྱོར་བ་ནི། །རྣམ་པ་སུམ་ཅུ་རྩ་གཉིས་རྣམས། །གཞི་ཉིད་འགྲེལ་དང་ཟག་བཅས་དང་། །མཐོང་དང་སྒོམ་དང་མཐར་ཕྱིན་དང་། །སངས་རྒྱས་ས་དང་རྣམ་དྲུག་ཏུ། །བསྡུས་ཏེ་དེ་ཡི་ཡན་ལག་ཡིན། །ཆོ་འཕྲུལ་བཞི་དང་མངོན་ཤེས་ལྔ། །ཐབས་དང་ཐབས་སྦྱར་ལྔ་ལྔ་དང་། །རང་བཞིན་ལྔ་དང་ཕྲིན་ལས་བཞི། །གཞན་དོན་སྤྱོད་པའི་ཡན་ལག་སྟེ། །བླ་མེད་སྦྱོར་བའི་ཆོས་འགྲེལ་ཡིན། །མདོ་བཞི་ཐོས་མཐོང་མངོན་སུམ་དང་། །བྱ་བ་མེད་དང་རྣམ་བཞིར་འགྲེལ། །རྩ་བ་ངེས་པའི་མན་ངག་གསུམ། །མི་མཐུན་ཕྱོགས་རྣམས་བཅད་པ་དང་། །དོན་མཐུན་འགྲོ་བའི་དཔེས་མཚོན་དང་། །ངེས་པའི་དོན་ལ་གནས་པ་ཡི། །དོན་གསུམ་ཚུལ་གྱིས་རྣམ་འགྲེལ་འབྱིན། །ལུང་བསྟན་བརྒྱུད་པའི་བསྟན་པ་ཡང་། །དེ་བཞིན་ཚུལ་དུ་འགྲེལ་བ་སྟེ། །རྒྱུད་དོན་རྣམ་གསུམ་ཁུངས་དང་རྒྱུ། །ངོ་བོ་ཉིད་དེ་དང་པོ་ནི། །ཐུན་མོང་བཅས་གཞི་སྤྱི་རྒྱུད་དོ། །གདམས་ངག་ལུང་བསྟན་རྩ་བའི་རྒྱུད། །གླེང་གཞི་སྤྱི་ཡི་རྒྱུད་ཅེས་བྱ། །འཁོར་འདུས་སྨྲས་དང་བསྐུལ་ཞེས་པས། །བསྟན་པ་འབྱུང་བའི་རྒྱུ་རྐྱེན་ཏེ། །ངོ་བོ་ཚོགས་པ་དྲུག་ཉིད་དོ། །གླེང་བསླང་ལ་སོགས་དྲུག་རྣམས་དང་། །མདོ་བཞི་རྩ་བ་གསུམ་ལ་སོགས། །ཚུལ་བཞིན་རྗེས་སུ་སྦྱར་བ་བྱ། །དེ་དག་འབྲས་བུའི་ལམ་དུ་བཤད། །འབྲས་བུ་ཉིད་ནི་རྫོགས་སངས་རྒྱས། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཉི་ཤུ་ལྔར་བསྡུས་མཐའ་ཡས་རྣམས། །ལྷུན་རྫོགས་རྣམ་ཀུན་མཁྱེན་པའོ། །གསང་མཆོག་གསང་དག་བཀའ་ལུང་མདོ་རྒྱུད་དོ། །གསང་བསྡུས་གསལ་བཤད་མདོ་ཙམ་ཕྱོགས་བརྗོད་པ། མ་ནོར་མི་འགལ་ཙམ་དུ་ཉམས་ཀྱིས་བསྟན། །དེ་ཡི་དགེ་བ་གང་མཆིས་ཡོངས་ལ་བསྔོ། །གསང་བའི་མདོ་དོན་བསྡུས་པ་སློབ་དཔོན་དྷརྨ་བྷོ་དྷིས་མཛད་པ་རྫོགས་སོ། །མངྒ་ལཾ།། །།


previousསློབ་དཔོན་དྷརྨ་བྷོ་དྷིས་མཛད་པའི་གསང་བའི་དོན་བསྡུས། next