Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་བདུན་པ།


   
   
   
   
   
   
   
   
   
   
ཨ་ནུ་ཡོ་ག་ལུང་བདུན་གྱི་སྒོ་ནས་འཆད་ཚུལ་ཟུང་འཇུག་གྲུབ་པའི་རྣ་རྒྱན།
   


 
previousཨ་ནུ་ཡོ་ག་ལུང་བདུན་གྱི་སྒོ་ནས་འཆད་ཚུལ་ཟུང་འཇུག་གྲུབ་པའི་རྣ་རྒྱན།next

ཨ་ནུ་ཡོ་ག་ལུང་བདུན་གྱི་སྒོ་ནས་འཆད་ཚུལ་ཟུང་འཇུག་གྲུབ་པའི་རྣ་རྒྱན།

ཨ་ནུ་ཡོ་ག་ལུང་བདུན་གྱི་སྒོ་ནས་འཆད་ཚུལ་ཟུང་འཇུག་གྲུབ་པའི་རྣ་རྒྱན་ཅེས་བྱ་བ་བཞུགས་སོ། །རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་རྒྱུད་སྨིན་གྲོལ་ལ་འགོད་པར་མཛད་དུ་གསོལ། འདིར་གསང་སྔགས་ཀྱི་ཐེག་པ་རྒྱུད་སྡེ་བཞིར་གྲགས་པའི་ནང་ཚན་བླ་མེད་ཀྱི་རྒྱུད་ལས་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་ལས་སྔ་འགྱུར་རང་སྐད་ལ་ཡོ་ག་རྣམ་གསུམ་ཞེས་གྲགས་པ་དེའི་འཆད་ཐབས་ལ་རྒྱུད་མ་ཧཱ་ཡོ་ག་རྒྱན་བདུན་དང་། ཨ་ནུ་ཡོ་ག་ལུང་བདུན། ཨ་ཏི་ཡོ་ག་སྤྱི་དོན་རྣམ་དྲུག་གི་སྒོ་ནས་སོ་སོར་འཆད་པར་བཤད་པ་ལས། འདིར་ཨ་ནུ་ཡོ་ག་ལུང་བདུན་གྱི་སྒོ་ནས་འཆད་ཚུལ་ཅུང་ཟད་ཕྱེ་ན། ཧེ་རུ་ཀ་གལ་པོའི་རྒྱུད་ལས། སྣང་སྲིད་ཡེ་སངས་རྒྱས་པ་ལྟ་བའི་ལུང་། །ལྷ་སྐུ་ཕྱག་རྒྱར་གསལ་བ་བསྐྱེད་རིམ་ལུང་། །བཟླས་བརྗོད་བསྙེན་པར་འབད་པ་སྔགས་ཀྱི་ལུང་། །ཆོས་དབྱིངས་ཡུམ་དུ་རོལ་པ་སྦྱོར་བའི་ལུང་། །ཞིང་བཅུ་རྩད་ནས་གཅོད་པ་སྒྲོལ་བའི་ལུང་། །ཚོགས་ཀྱི་འཁོར་ལོ་ཞལ་ཟས་མཆོད་པའི་ལུང་། །དབང་བསྐུར་དངོས་གྲུབ་ལེན་པ་སྒྲུབ་ཆེན་ལུང་། །ཞེས་པར་ལྟར་བདུན་ལས། དང་པོ་ནི། སྣང་སྲིད་ཡེ་སངས་རྒྱས་པ་ལྟ་བའི་ལུང་། །ཞེས་སེམས་ཉིད་ཀྱི་ངོ་བོ་ཡེ་གདོད་མ་ནས་སངས་རྒྱས་སུ་གནས་པ་དེ་ཉིད་ལྷན་སྐྱེས་མ་རིག་པས་བསྒྲིབ་ནས་ཀུན་བརྟགས་མ་རིག་པས་ཕྱོགས་སུ་བཅད་པའི་གཟུང་འཛིན་གྱི་སྣང་བས་ཕྱི་རོལ་དུ་ཡུལ་སྣང་བཟང་ངན་སྣ་ཚོགས་སུ་སྲིད་པ་འདི་དག་ཀྱང་ངེས་དོན་དུ་བརྟགས་ན་བདེན་གཉིས་ཀྱི་དོན་ལ་དངོས་པོར་འཛིན་པའི་ཆ་ཤས་རྡུལ་ཕྲན་ཙམ་ཡང་མ་གྲུབ་པར་རང་རང་གི་ངོ་བོས་སྟོང་སྟེ། སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ལོགས་ཤིག་ལ། །དོན་དམ་ཉེར་བར་མ་དམིགས་དང་། །སྟོང་ཉིད་གང་ཡིན་ཀུན་རྫོབ་ལ། །ཀུན་རྫོབ་གང་ཡིན་སྟོང་ཉིད་དོ། །ཞེས་དང་། ཡུམ་ལས་རབ་འབྱོར་ཆོས་ཐམས་ཅད་ནི་བདེན་པའམ་རྫུན་པ་གང་དུའང་མེད་དེ། རང་བཞིན་གྱི་ངོ་བོ་ནི་མེད་པའི་ཕྱིར་དང་། ཞེས་དང་། དེ་ཡང་བློ་ལས་འདས་པས། སྣང་བས་གང་ཡང་མ་གྲུབ་ཉམས་པ་ཙམ་ཡང་མ་དམིགས་ཏེ། །ཏིང་ངེ་འཛིན་རྒྱལ་པོ་ལས། རྟག་དང་ཆད་པ་འདི་ཡང་མཐའ་ཡིན་ཏེ། །ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །གང་ཡང་གཉིས་པོ་དག་ནི་མི་ཤེས་ནས། །མཁས་པས་དབུས་ལའང་གནས་པར་མི་བྱའོ། །ཞེས་དང་། ཀླུ་སྒྲུབ་ཀྱིས་དབུ་མའང་དམིགས་སུ་ཡོད་མ་ཡིན། ཞེས་པས་དོན་དམ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ནི་གཤིས་གང་དུའང་མ་གྲུབ་ཀྱང་རྩལ་སྣ་ཚོགས་སུ་སྣང་བ་ཡོད་མེད་སྤྲོས་པའི་སྒྲོ་སྐུར་གྱི་མཐའ་དང་བྲལ་བ། ཡེ་ནས་སངས་རྒྱས་ཀྱི་སྙིང་པོ་འཁོར་འདས་ཀུན་གྱི་ངོ་བོར་བཞུགས་པ་ཡིན་ཏེ། གསང་སྙིང་ལས། བཅིངས་མེད་རྣམ་པ་གྲོལ་མེད་པ། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་དང་། སྲིང་གསུམ་ཡེ་ནས་སངས་རྒྱས་ཞིང་། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་རྙེད་དོ། །ཞེས་གསུངས་པས་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཞེད་ཕུག་ལྟ་བ་བླ་ན་མེད་པ་ཡིན་ཏེ། སྔ་མར་འདི་ལས་གསང་བའི་ངེས་དོན་མེད། །ཅེས་སོ། །གཉིས་པ་ནི། ལྷ་སྐུ་ཕྱག་རྒྱར་གསལ་བའི་བསྐྱེད་རིམ་ལུང་། ཞེས་པ་དེ་ལྟར་གང་དུ་ལྟ་བ་གཏན་ལ་ཕབས་ནས་བསྒོམ་པས་ཉམས་སུ་ལེན་ཐབས་ནི་ལྷ་བསྒོམས་པ་སྟེ། ཨ་བྷི་དྷ་ན་ལས། མི་འཆི་དཔའ་དང་ལྷག་པར་བསྟན། །འདོད་དོན་སྟེར་དང་ཞི་བ་དང་། །ལུས་གནས་ཕན་པ་གྲུབ་པ་དང་། །བཀུར་བར་འོས་ཕྱིར་ལྷ་ཞེས་བྱ། །ཞེས་པས་དེ་ལའང་འདས་མ་འདས་ཀྱི་མཚམས་གཉིས་ལས་འདིར་ནི་ཡེ་ཤེས་ཀྱི་ལྷ་ཡིན་ཏེ། ལྷ་དེའི་ངོ་བོ་ཆོས་སྐུ་ལས་མ་གཡོས་བཞིན་གདུལ་བྱ་མཆོག་དམན་གྱི་ངོར་གཟུགས་སྐུ་ལོངས་སྤྲུལ་རྣམ་པར་བཞེངས་པ་དེ་ཉིད་རྣལ་འབྱོར་པས་རང་རིག་རྟོགས་པ་མངོན་དུ་གྱུར་པའི་བརྡའི་ཕྱག་རྒྱར་ཕན་ཚུན་རྒྱར་ཐེབས་པར་བྱས་ནས་སྒོམ་དོན། སྦྱང་གཞི། སྦྱོང་བྱེད། སྦྱོང་འབྲས་ཀྱི་དོན་ལ་མོས་པ་རྩེ་གཅིག་པས་གསལ་བཏབ་ཅིང་བསྐྱེད་རིམ་སྒོམ་པ་སྟེ། དེ་ལྟ་བསྒོམ་པའི་ཡོན་ཏན་ཡང་། རྒྱལ་པོ་ལུང་བསྟན་རྡོ་རྗེས། ལྷ་ཡི་སྐུ་ནི་གསལ་བསྒོམ་ན། །བསོད་ནམས་ཚོགས་ཆེན་ཐོབ་པར་འགྱུར། །དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་རྫོགས་པར་འགྱུར། །ཞེས་སོ། །གསུམ་པ་ནི། བཟླས་བརྗོད་བསྙེན་པར་འབད་པ་སྔགས་ཀྱི་ལུང་། །ཞེས་བསྐྱེད་རིམ་གྱིས་ལུས་ལྷ་སྐུར་སྨིན་ནས་གསུང་རྡོ་རྗེར་དག་བྱེད་བཟླས་པ་ལ་འཇུག་སྟེ་ལྷ་སྔགས་དེ་ཉིད་མ་ཡེངས་པར་ཡང་ཡང་བཟླས་ཤིང་། དེ་ཉིད་ངག་གི་བརྗོད་པ་དང་། བརྗོད་བྲལ་གཉིས་ཀྱི་སྒོ་ནས་རབ་ཏུ་བསྙེན་ཅིང་རྩེ་གཅིག་ཏུ་འབད་དགོས་པ་ཉིད་སྣོད་མིན་ལ་གསང་སྟེ་རང་གིས་ལེགས་པར་སྔགས་པའི་དོན་ཏེ། ལུང་གི་སྒོ་བཞིའི་ནང་ནས་ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། ཞེས་སོ། །སྤྱིར་ངག་བཟླས། ཡིད་བཟླས། རྡོར་བཟླས། སྐྱེ་མེད་རྡོ་རྗེའི་བཟླས་པ་སོགས་བྱ་ཞིང་། ངག་གི་བཟླས་པ་ལ་སྐྱོན་བཅུ་སྤངས་ཏེ། བར་མ་ཆད་དུ་བཟླས་པ་ངག་བཟླས། ལྕེ་མཆུའི་སྦྱོར་བ་ལ་མ་ལྟོས་པར་གསང་སྔགས་ཡིད་ལ་མ་ཡེངས་པར་དྲན་པ་ཡིད་བཟླས། རླུང་གི་འགྲོ་འོང་དང་བསྟུན་ཏེ་འབྲུ་གསུམ་སྒྲར་བཅས་སུ་བཟླ་བ་བརྡར་གྱུར་རྡོ་རྗེའི་བཟླས་པ། མ་ཡེངས་མ་ཡེངས་གཡེང་བར་མི་འགྱུར་བར་གནས་ལུགས་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུའི་ངང་ནས་ལུས་ངག་གི་བརྗོད་པ་དང་བྲལ་བར་བཟླ་བ་སྐྱེ་མེད་རྡོ་རྗེའི་བཟླས་པ་རྡོ་རྗེའི་རྣམས་སོ། །བཞི་པ་ནི། ཆོས་དབྱིངས་ཡུམ་དང་རོལ་པ་སྦྱོར་བའི་ལུང་། །ཞེས་ངག་རླུང་གསུང་རྡོ་རྗེར་དག་ནས། ཡིད་ཆོས་ཐུགས་རྡོ་རྗེར་སྨིན་བྱེད་རྫོགས་པའི་རིམ་པ་སྟེ་སྲིད་ཞིའི་མཐར་ཞེན་གྱི་རྣམ་རྟོག་གི་ཆོས་རྣམས་འཁོར་འདས་མཉམ་ཉིད་མཁའ་དབྱིངས་སྤྲོས་བྲལ་གྱི་ཀློང་། རྒྱལ་བ་ཀུན་གྱི་ཡུམ་དུ་གྱུར་པ་སྟེ་དེ་ཉིད་དང་འདུ་འབྲལ་མེད་པར་རྟག་ཏུ་རོལ་ཞིང་རྟོགས་གོམས་ཀྱི་སྦྱོར་བས་གདོད་མའི་གཏན་སྲིད་ཟིན་པར་བྱེད་པ་ལ། བཤད་ཚུལ་མང་ཡང་འདིར་དབང་བཞི་དང་སྦྱར་ནས་བཤད་པར། སྣང་བ་ཐབས་ཀྱི་རང་བཞིན་སྟོང་ཆ་ཤེས་རབ་ཀྱི་རང་བཞིན་ཏེ། སྣང་སྟོང་སོ་སོ་མ་ཡིན་ཐ་མི་དད་དུ་བསྒོམ་པས་བུམ་དབང་གི་རྟོགས་པ་བསྐྱེད། ངག་གི་རླུང་འགྲོ་འོང་བརྗོད་པ་ཐབས་ཀྱི་རང་བཞིན་ལ། དེའི་ངོ་བོ་གྲགས་ཙམ་ཉིད་ནས་མཚན་མར་མ་གྲུབ་པའི་ཕྱིར་ཤེས་རབ་སྟེ། གྲགས་སྟོང་དབྱེར་མེད་གཞི་བྲལ་ནཱ་དའི་དབྱིངས་སུ་སྦྱོར་བས་གསང་དབང་གི་རྟོག་པ་སྐྱེད། དབུ་མའི་མར་སྣར་ཤེས་རབ་ཀྱི་ཉི་མ་ཨ་ཐུང་འབར་བའི་མེ་དྲོད་ཀྱིས། སྤྱི་བོ་ཐབས་མཆོག་ཧཾ་ཡིག་གི་ཟླ་བ་བདུད་རྩིར་ཞུ་བ་ན་བདེ་བ་གཉིས་ཞེན་བྲལ། སྟོང་ཉིད་དུ་རྒྱས་ཐེབས་པས་བདེ་སྟོང་གཉིས་མེད་ཟག་བྲལ་ལམ་ལ་བརྟེན་ནས་ཤེར་དབང་གི་རྟོག་པ་བསྐྱེད། སྣང་རིག་འགྱུ་གསུམ་གྱི་རྟོག་པ་ཐམས་ཅད་ཐབས་ཡིན་ལ། དེ་ཉིད་དོན་དམ་སྤྲོས་བྲལ་བདེ་བ་ཆེན་པོར་འཛིན་མེད་དུ་འཆར་བས་འཁོར་བའི་གཟུང་འཛིན་འཆིང་བ་ཀུན་དང་བྲལ་ཏེ་རིག་སྟོང་ཆོས་སྐུའི་ཤེས་རབ་ཀྱི་བོག་ཐོན་པས་བཞི་པའི་རྟོག་པ་བསྐྱེད་པར་བྱེད་པའོ། །ལྔ་པ་ནི། ཞིང་བཅུ་རྩད་ནས་གཅོད་པ་སྒྲོལ་བའི་ལུང་ཞེས་པ་རང་གི་ལུས་ངག་ཡིད་ཐ་མལ་པ་དེ་ཉིད་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་བྱང་ཆུབ་པས་གཞན་དོན་ཕྲིན་ལས་ཀྱིས་འགྲོ་བ་སྒྲོལ་བ་ཡིན་ཏེ། བསྒྲལ་བའི་ཞིང་གཉིས་འཛིན་འཁྲུལ་སྣང་ལ་རྣམ་རྟོག་གི་དབྱེ་ན་བཅོས་ཏེ། དགྲར་གཉེན་ལྟར་སྣང་བའི་གནོད་བྱེད་དུ་གྱུར་པ་གཙོ་ཆེར། ཞིང་བཅུ་སྟེ་མི་ཡི་འགྲོ་བ་བདུན་དང་། ངན་སོང་གསུམ་བསྣན་པས་བཅུ་ཡིན་ལ། དེ་རྣམས་འཁོར་བར་སྐྱེ་འགྱུར་གྱི་རྩ་བ་རྩད་ནས་ཡོངས་སུ་གཅོད་པ་ཉིད་སྲིད་པ་ལས་སྒྲོལ་བའི་ཐབས་ཡིན་པ་གང་ཞིག །སེམས་ཅན་གྱི་བློ་ཡི་རིམ་པ་དང་བསྟུན་ནས་ཕྲིན་ལས་བཞི་གང་མཚམས་སུ་བྱ་བ་ལས། འདིར་དྲག་པོ་མངོན་སྤྱོད་སྐབས་སུ་འབྲེལ་བའི་དབང་དུ་བྱས་ན། རྫོང་འཕྲང་སྲོག་གསུམ་དང་ལྡན་པ་སྟེ། རྣལ་འབྱོར་པ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལྟ་བ་རང་བྱན་ཚུན་པས་ཀུན་སློང་ཞིང་བཅུ་སྒྲོལ་བའི་ཞེ་སྡང་ལྡན་པ་ནི་ལྟ་བའི་རྫོང་། རྫས་སྔགས་ཚང་ཞིང་གསལ་བ་གསུམ་དང་ལྡན་པའི་ཏིང་ངེ་འཛིན་དང་ཁ་སྦྱོར་དབྱེ་བའི་ཆོ་ག་བྱ་བ་སྒོམ་པའི་འཕྲང་། བསྒྲལ་བྱ་སྒྲོལ་བྱེད་སྒྲོལ་མཁན་རྣམས་འཁོར་གསུམ་རྣམ་པར་མི་རྟོག་པའི་རྩིས་ཟིན་པ་སྤྱོད་པའི་སྲོག་ཅེས་བྱའོ། །དྲུག་པ་ནི། ཚོགས་ཀྱི་འཁོར་ལོ་ཞལ་ཟས་མཆོད་པའི་ལུང་། །ཞེས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་བྱེད་པ་ལ་ཚོགས་གཉིས་བསགས་དགོས་ཏེ། ཚོགས་སྔ་མས་ཕྱི་མ་རྫོགས་པའི་ཉེར་ལེན་དུ་འགྲོ་བ་ནི། གསང་སྔགས་ཐབས་ལ་མཁས་པས་འདོད་ཡོན་ལམ་བྱེད་ཚོགས་ཀྱི་མཆོད་པ་ཡིན་ཏེ། དེ་ཡང་ཚོགས་རྫས་ཀྱི་ཡོ་བྱད་ཐམས་ཅད་ཚོགས་པས་ལྷ་རྣམས་ལ་མཆོད་པ་བར་མེད་དུ་འཁོར་བའི་ཚུལ་གྱིས་འབུལ་ལོ། །ཞེས་པའི་དོན་ཡིན་ལ། ཞལ་ལ་སོགས་པའི་དབང་པོ་རྣམས་ཟས་ཀྱི་མཆོད་པས་དགྱེས་ཤིང་ཚིམ་པར་བལྟས་པས་དངོས་གྲུབ་དམ་པ་ཐོབ་པར་འགྱུར་ལ། རྒྱ་གར་དུ་ཚོགས་ཀྱི་འཁོར་ལོ་དང་། ལོངས་སྤྱོད་ཅེས་གྲགས་པར། དང་པོ་ནི། གསེར་སྲང་ལྔ་བརྒྱའི་རིན་ཐང་དུ་བཅལ་བའི་ཡོ་བྱད་རྣམས་དྲོད་ཚད་དང་ལྡན་པའི་རྣལ་འབྱོར་ཕོ་མོ་བརྡ་དང་བརྡའི་ལན་ལ་མཁས་པས་ཚོགས་པ་མང་ཉུང་ལ་དཔག་ནས་ཕོ་ཚོགས་དང་མོ་ཚོགས་ཞེས་བཏགས་ལ། དོན་དུ་ཚོགས་ཀྱི་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས་ཚོགས་གཉིས་ཀྱི་འབྲས་བུ་མངོན་དུ་འབྱིན་པའོ། །ཕྱི་མ་ནི། མཱཾ་ས་དང་། མ་དཱ་ན་གཙོར་གྱུར་ཚོགས་རྫས་གང་འཛོམས་པ་ཙམ་གྱིས་མཆོད་པ་ནི་ལོངས་སྤྱོད་དོ། །བདུན་པ་ནི། དབང་བསྐུར་དངོས་གྲུབ་ལེན་པ་སྒྲུབ་ཆེན་ལུང་། ཞེས་པ་མཐར་ཐུག་གི་འབྲས་བུ་དུས་མི་རིང་བར་མྱུར་དུ་འགྲུབ་པར་འདོད་ན། རང་རྒྱུད་སྨིན་བྱེད་དབང་གི་བྱ་བ་རྣམས་རྡོ་རྗེ་སློབ་དཔོན་དང་དབང་རྫས་སོགས་རྒྱུ་རྐྱེན་ཚོགས་པས་བསྐུར་ནས། འདོད་པའི་འབྲས་བུ་ཚེ་འདིར་དངོས་སུ་འགྲུབ་པར་བྱེད་པའི་ཐབས་སྤྱིར་བཏང་མིན་པར་ལམ་ཁྱད་པར་ཅན་ལ་ཞུགས་ཤིང་དང་དུ་ལེན་པས་དེའི་རེ་འབྲས་ཚེ་འདིར་ཐོབ་ནས་དབང་བསྐུར་བས་སྒྲུབ་པ་ཆེན་པོ་ཞེས་བཏགས་པ་ཡིན་ཞིང་། དབྱེ་ན་གསང་སྙིང་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་སྤྱིར་དབང་ལ་རྣམ་པ་བཞི་གསུངས་ཤིང་། མ་འོངས་པ་ན་འབྲས་བུ་ཐོབ་པར་བྱེད་པའི་ས་བོན་རྒྱུད་ལ་ཐེབས། དེ་བསྐུར་བར་བྱེད་པར་བསྙེན་བསྒྲུབ་ཡན་ལག་རྣམ་བཞིའི་ཆོ་གའི་ཡན་ལག་མ་ཉམས་པར་ལྡན་པས་དངོས་གྲུབ་བླང་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་ཚེ་འདིར་ཐོབ་པ་ལ་ཅིག་ཅར་བ་དང་། དེ་ལས་ལྡོག་པའི་དབང་པོ་འབྲིང་རྟུལ་རྣམས་བར་དོ་རྣམ་པ་གསུམ་གང་རུང་དང་། ཚེ་ཕྱི་མར་མཆོག་གི་དངོས་གྲུབ་ལ་སྦྱོར་བ་ཡིན་ནོ། །དེ་ལྟར་ལུང་བདུན་གྱི་དང་པོས་ལྟ་བ་གཏན་ལ་འབེབ། གཉིས་གསུམ་བཞིས་སྒོམ་པའི་རིམ་པ་སྟོན། ལྔ་པ་གཞན་དོན་དྲུག་པས་སྒྲུབ་པའི་སྤྱོད་པ། བདུན་པས་མཐར་ཐུག་གི་འབྲས་བུ་གྲུབ་ཚུལ་བསྟན་པས་གསང་སྔགས་སྤྱི་ཡི་སྡོམ་དེ་ཙམ་དུ་འདུས་པར་བསྟན་པའོ། །དེ་ལྟར་མཁའ་ལྡིང་བུང་བ་ཡི། །རྗེས་བསྙེགས་དཔེ་མཚུངས་བཀོད་འདི་ནི། །བསྐུལ་བ་པོ་དག་དགོངས་པ་ཉིད། །མ་ལྡོག་སེམས་དགའི་དོན་ལྟར་བརྗོད། །དེང་དུས་མཁས་ལས་བླུན་པོ་རྣམས། །ལྷག་པའི་དཔེ་དོན་དངོས་གྱུར་འདིར། །ནོངས་མཆིས་མཁས་རྣམས་བཟོད་བཞེས་ལ། །དགེ་དངོས་བྱང་ཆེན་རྒྱུ་རུ་བསྔོ། །ཐོས་པས་ཤེས་རབ་རྒྱ་མཚོ་ཡིས། །བསམ་པའི་གྲུབ་གཟིངས་ལགས་བསྐྱོད་དེ། །བསྒོམ་པ་དེད་དཔོན་ཆེན་པོ་ཡིས། །རྣམ་མཁྱེན་རིན་ཆེན་ལོན་པར་ཤོག །མཆོག་གསུམ་ཐུགས་རྗེའི་ཉི་འོད་ཀྱིས། །ཟེར་ཕྲེང་ཕྱོགས་བརྒྱར་རབ་འཕྲོ་བས། །བློ་གསལ་པདྨོ་རབ་རྒྱས་ཏེ། །ཡེ་ཤེས་སྣང་བ་འབར་གྱུར་ཅིག །དེ་ལྟར་ལུང་ཨ་ནུ་ཡོ་ག་ལུང་བདུན་གྱི་གཞུང་འགྲེལ་འཆད་ཐབས་ཅུང་ཟད་ཕྱེ་བ་འདི་ནི། རྒྱུད་དོན་ལུང་རིག་སྨྲ་བ་དགེ་བཤེས་ཞེ་ཆེན་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་འཕེལ་རྒྱས་དང་། དགེ་སྦྱོང་སྔགས་རམ་ཆོས་དབང་ཟུང་གིས་ལྷ་རྫས་དང་རིན་འཁོར་གྱི་སྐྱེས་བཅས་བསྐུལ་མ་གནང་བར་བརྟེན་ཤཱཀྱའི་དགེ་བསྙེན་མ་རྨོང་བརྟུལ་ཕྲིན་ལས་ཆོས་སྒྲོན་གྱིས་ཤིང་བྱ་མགོ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཐུན་གསེང་ཤར་མར་སྤེལ་བ་འདིས་ཀྱང་འགྲོ་ཀུན་ཐོས་བསམ་སྒོམ་པའི་འབྲས་བུ་མངོན་དུ་རྟོགས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་ཤུ་བྷནྟུ།། །།


previousཨ་ནུ་ཡོ་ག་ལུང་བདུན་གྱི་སྒོ་ནས་འཆད་ཚུལ་ཟུང་འཇུག་གྲུབ་པའི་རྣ་རྒྱན།next