cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་བརྒྱད་པ།

གླེགས་བམ། སུ༽

གནུབས་ཆེན་སངས་རྒྱས་ཡེ་ཤེས།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོའི་དཀའ་འགྲེལ་མུན་པའི་གོ་ཆ་ལྡེ་མིག་གསལ་བྱེད་རྣལ་འབྱོར་ཉི་མ། གནུབས་ཆེན་སངས་རྒྱས་ཡེ་ཤེས།

ས རྦ བུདྡྷ སྱ ས ནྡྷི སཾ གྲཱ ཧ སཱུ ཏྲ པ ཉྩི ཀཱ ཏ མོ བ རྨྨ ཀུ ཉྩི ཀཱ བྷཱ ས ཡོ ག ཏ ར བི ནཱ མ བི ཧ ར ཏི སྨ། །
སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་མདོའི་དཀའ་འགྲེལ་མུན་པའི་གོ་ཆ་ལྡེ་མིག་གསལ་བྱེད་རྣལ་འབྱོར་ཉི་མ་ཞེས་བྱ་བ་སྟོད་ཆ་བཞུགས་སོ། །
བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་བྱིན་བརླབས་འབྱུང་བའི་གླིང་གཞི། དུས་བཞི་རྒྱལ་སྐུ་རིགས་བདག་ལ། །སངས་རྒྱས་སོ་ལུང་བསྟན་བརྒྱུད་པའི་གླེང་གཞི། སོའི་དགོངས་པ་གསང་སྔགས་དོན། །བྱུང་ཚུལ། བཅུ་གཉིས་ཚེ་ནའང་ཐོས་ཤིང་བསྡུས། །དེ་གཏན་ཚིགས་ཕྱིར་གསང་བདག་སྐྱེས་བུར་གྲགས། །བདག་གསང་བ་མཆོག་པོས་དབང་བསྐུར་འཆད་པར་གཉེར་གཏད་པའི་རྟགས། །ལག་ན་རྒྱ་གྲམ་འཁོར་ལོ་བསྐོར། །གནས་ལངྐའི་གྲོང་བརྡལ་རྒྱ་མཚོའི་དོ། །དྲག་ཤུལ་ཅན་རྩེར་སྡུད་པ་ལངྐ་སོགས། །འཁོར་སྐལ་ལྡན་འདུས་ལ་བསྟན་པ་གསང་སྟོན་པས། །དེས་ན་འཆད་པའི་སྐྱེས་བུ་དེ། །སྔོན་གྱི་གོ་ཆས་བསྐོར་མཛད་པ། །གཉིས་མེད་ཡིད་ཀྱིས་འདུད་ཕྱག་འཚལ། །བཀའ་ཡི་མེ་ལོང་ཀུན་འདུས་རྒྱུད། །བསྟན་པའི་གཟུགས་བརྙན་གཞི་རྩའི་དོན། །ཕྱོགས་གང་མ་འོངས་དམན་དོན་དུ། །ལུས་ཀྱི་མངོན་སུམ་བདག་གིས་འགྲེལ། །དེ་ལ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ། རྣལ་འབྱོར་གྲུབ་པའི་ལུང་། གསང་བ་བས་ཆེས་གསང་བ། ཡང་གསང་རྨད་དུ་བྱུང་བའི་བཀའ་ཁྱད་པར་ཅན་འདི། དབུ་ཞབས་སུ་དོན་རྣམ་པ་གསུམ་དུ་འདུས་ཤིང་། གསུམ་པོ་དེར་འགྲེལ་ཏེ། གང་ཞེ་ན། བྱ་བའི་རྣལ་འབྱོར་དང་། བྱ་བ་བྱེད་པའི་རྣལ་འབྱོར་དང་། བྱ་བ་མེད་པའི་རྣལ་འབྱོར་རོ། །དེའི་དོན་ནི་གཞི་དང་། རྒྱུ་དང་། འབྲས་བུར་སྟོན་ཏེ། བདག་ཉིད་ལས་མི་གཞན་པས་བསྒྲུབ་པའི་འབྲེལ་པ་དགོད་པ་དང་། དེ་ལྟ་བུའི་དོན་གཉེར་བྱར་བྱེད་པ་དང་། འབད་པ་ཆུད་མ་ཟོས་པའི་ཕྱིར་རོ། །དེ་དག་ནི་དཔེ་ས་བོན་དང་། སོ་ནམ་གྱི་བྱ་བ་དང་། འབད་པས་བརྔ་བཙས་བྱས་པའི་འབྲས་ཀྱི་ཕུང་པོ་ལྟ་བུའོ། །དེའང་ལེའུ་རེ་དགུ་པ་ལས་གསུངས་ཏེ། གྲོགས་པོ་དག །དེ་བས་ན་བསམ་གྱིས་མི་ཁྱབ་པའི་རྣམ་པ་གང་ཞེ་ན། འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ནི། རྣལ་འབྱོར་རྣམ་པ་གསུམ་གྱིས་ཡོངས་སུ་འགྲེལ་བ་སྟེ། གསུམ་གང་ཞེ་ན། བྱ་བའི་རྣལ་འབྱོར་དང་། བྱ་བ་བྱེད་པའི་རྣལ་འབྱོར་དང་། བྱ་བ་མེད་པའི་རྣལ་འབྱོར་རོ། །ཅེས་གསུངས་པ་དང་། ཀུན་འདུས་ཀྱི་ལེའུ་དང་པོ་ལས་ཀྱང་། རྒྱུའི་རྣལ་འབྱོར་དང་། རྐྱེན་གྱི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་དང་གསུམ་དུ་འདུས་པར་བཀའ་སྩལ་ཏོ། །འོན་ཀྱང་རྩ་བའི་རྒྱུད་ལས་གསུངས་པས། བཤད་པའི་རྒྱུད་འདི་ཡང་ལུགས་མ་ནོར་བར་བཞེད་དོ། །དེ་ལ་ནི་ཤེས་པར་བྱ་བའི་ཡུལ་དང་། གོམས་པར་བྱེད་པ་དང་། ཟིན་པའི་སྒོ་ནས་མཚན་ཉིད་གསུམ་དུའང་བརྗོད་དོ། །དེ་ལ་བྱ་བའི་རྣལ་འབྱོར་ནི། སྙིང་པོ་བྱང་ཆུབ་ཀྱི་ངོ་བོ། ཐ་སྙད་ཐམས་ཅད་མ་སྤངས་བྲལ་བའི་ཡེ་ཇི་བཞིན་པ་ཉིད་དོ། །ཐ་སྙད་དུ་གསང་སྔགས་དངོས་པོ་རྒྱུད་དུའང་གྲགས་པ་ངོ་བོ་འདི་འདྲར་བརྗོད་པ་མེད་པ། ཐ་སྙད་དེ་ཉིད་དུའང་ཞེན་པས་བཟུང་བ་དང་བྲལ་བའོ། །དེ་ལྟ་བུ་མ་བཅོས་མ་བསླད་མ་བསྒྱུར་བའི་ངང་དུ་ཐམས་ཅད་རྒྱས་ཐེབས་པ་ལ། བླ་དྭགས་ཀྱི་མིང་ངེས་པར་འགྲུབ་བོ། །བྱ་བ་བྱེད་པའི་རྣལ་འབྱོར་ནི། ལམ་མམ་རྒྱུའི་ཐེག་པ་སྟེ། འདིར་གསང་བའི་རྒྱུད་གཙོ་བོར་སྟོན་པའི་ཕྱིར་འཆད་པར་འགྱུར་རོ། །བྱ་བ་མེད་པའི་རྣལ་འབྱོར་ནི། གསང་སྔགས་འབྲས་བུའི་ཐེག་པའི་ལམ་དང་འབྲས་བུ་སྟེ། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས། བྱ་བ་བྱས་པ། ཟག་པ་ཟད་པ། ཁུར་བོར་པ། བདག་གི་དོན་རྗེས་སུ་ཐོབ་ཟིན་པ་དང་། གཞན་གྱི་བྱ་བ་ཐམས་ཅད་མ་བཙལ་བར་རྫོགས་པར་བྱེད་པ་དང་། དེ་ཉིད་ལའང་རྒྱུན་གྱི་དུས་བྲལ་བ། གང་བྱ་བ་ཐམས་ཅད་ཟིན་པའི་ཡེ་ཤེས་ཆེན་པོ་མཚན་ཉིད་གང་དུའང་མི་ཕྱེད་པས། མཚན་ངེས་པར་ལྡན་པ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་འདུས་པ་སྟེ། མཚན་ཉིད་ནི་འདི་འདྲར་བསྟན་དཀའ་བར་སྟོན་པའོ། །དེ་དག་གི་ལེའུའི་མཚམས་བསྡུ་བ་ནི། བྱུང་ཚུལ་བཅུ་གཉིས་དང་། ལེའུ་བདུན་ཅུ་རྩ་ལྔ་དག་རྣལ་འབྱོར་གསུམ་དུ་འདུས་པར་མན་ངག་གིས་འཇལ་བར་བྱོས་ཤིག །ཁས་བླངས་པའི་བྱ་བ་མེད་པའི་རྣལ་འབྱོར་རྒྱས་པར་བཤད་པ་ཇི་ལྟ་བུ་ཞེ་ན། དེ་ལའང་གསུམ་སྟེ། གཞི་སྔ་མ་འདྲ་དང་། ལམ་དང་། འབྲས་བུའོ། །ལམ་ནི་གང་ཞེ་ན། རྒྱུ་དང་རྐྱེན་གཉིས་སོ། །དེ་ལ་རྒྱུ་ནི། རབ་ཀྱི་དབང་དུ་རྣལ་འབྱོར་ལྔ་དང་། འབྲིང་གི་དབང་དུ་བཅུ་དང་། ཐ་མའི་དབང་དུ་བཞི་བཅུ་ལ་སོགས་པའི་ཤེས་རབ་བོ། །དེ་ནི་དཔེ་ཞིང་ས་ལྟ་བུའོ། །དེས་རྟོགས་པ་བྱེད་པའི་རྐྱེན་ནི་བཀའ་རྒྱུད་འདི་ཉིད་དེ་ཆུ་ལུང་ལྟ་བུའི་ཕྱིར་རོ། །དེ་ལ་མདོ་ཉིད་རྐྱེན་དེའི་རྗེས་སུ་དཔགས་ནས། རྒྱུ་ཤེས་རབ་དེ་དག་གིས་རྟོགས་པར་བྱེད་པའི་ཐབས་ཚུལ་ཡང་ཇི་ལྟ་བུ་ཞེ་ན། མོས་པའི་དབང་གིས་དབང་པོ་རབ་མདོར་བསྟན་པས་གོ་བ་དང་། འབྲིང་རྣམ་པར་དབྱེ་བས་གོ་བ་དང་། ཐ་མ་འདྲེན་པའི་ཚིག་གི་ཡན་ལག་བཅུས་ཡི་གེ་ཞིབ་ཏུ་བཤད་པ་ལ་མོས་པས་གོ་བའོ། །དེ་ལ་རབ་ཀྱི་དབང་དུ་མདོར་བསྟན་པས་གོ་བའི་ཚུལ་ནི། རྟ་དཀྱུས་ཀྱིས་བསྟན་པ་ལྟ་བུས་མཚན་ངེས་པར་བརྗོད་པའི་སྒོ་ནས་འཇལ་བ་སྟེ། སྐབས་སུ་ཞིབ་ཏུ་སྟོན་པར་འགྱུར་རོ། །རྣམ་པར་དབྱེ་བས་གོ་བའི་དབང་དུ་ནི། ཡིན་པ་གསུམ་སྟེ། རྒྱུད་ཡིན་པ་དང་། ལུང་ཡིན་པ་དང་། མན་ངག་ཡིན་པའོ། །དེ་ལ་རྒྱུད་ཡིན་པའི་བཤད་ཐབས་ནི་ལེའུ་ཞེ་བདུན་པ་ལས། དམ་པ་རྣམས་ཀྱི་གསང་བའི་སྒོ། །ཡན་ལག་མདོ་དང་རྩ་བ་ཡི། །འབྱེད་འགྲོལ་ངེས་པར་འབྱིན་པ་ཡིས། །དེ་ཉིད་ངེས་པར་མཐོང་བའོ། །འབྱེད་པ་རྒྱུ་དང་རྩ་བ་དང་། །འབྲེལ་པའི་ཚིག་དང་ངེས་པ་དང་། །སྦྱོར་བས་ཡན་ལག་རྫོགས་པ་ཡིན། །བརྗོད་འབྱུང་ཀུན་ལ་ངེས་པར་འགྲོ། །ཞེས་གསུངས་པས། དོན་གསུམ་སྟེ། ཡན་ལག་དྲུག་དང་། མདོ་བཞི་དང་། རྩ་གསུམ་བའོ། །དེ་ལ་རྒྱུད་ནི་ཡན་ལག་སྒོ་འབྱེད་པ་དྲུག་སྟེ། རྒྱུ་གླེང་གཞི་དང་། རྩ་བ་གླེང་བསླང་བ་དང་། དགོས་འབྲེལ་དང་། རྒྱུད་ཀྱི་དོན་ཕུན་སུམ་ཚོགས་པ་དང་། ངེས་སྦྱོར་གསུམ་དང་། དགོས་ཆེད་དང་། བཀའ་དྲིན་དྲན་པས་བསྟོད་པའོ། །དེ་ལ་མདོ་བཞི་དང་། རྩ་བ་གསུམ་ལ་སོགས་པའི་ངོ་བོ་ནི་ལུང་དང་མན་ངག་ཏུ་འཆད་དོ། །དེ་ལ་རེ་ཞིག་གླེང་གཞི་སྐབས་འདིར་གཉིས་ཏེ། དེ་ཉིད་ལས། རྒྱུ་གླེང་གཞི་གང་འབྱུང་ཆེད་ཕྱིར་ནི། །རྒྱུ་ཡི་ངོ་བོ་བྱིན་གྱིས་ཀྱི་གླེང་གཞི། བརླབས། །ལུང་བསྟན་བརྒྱུད་པའི་གླེང་གཞི་ཉིད་དུ་ངེས་པར་སྣང་། །ཅེས་གསུངས་པས། དངོས་པོ་དང་པོ་གླེང་གཞི་གཅིག་ལས་མེད་ནའང་། སྟོན་པས་གཏན་ཚིགས་འབྱུང་ཁུངས་རྒྱུའི་གླེང་གཞི་དང་། བྱིན་རླབས་དེ་ཉིད་བརྒྱུད་པའི་གླེང་གཞིའོ། །དེ་ལ་རྒྱུའི་གླེང་གཞིའི་ངོ་བོ་ནི། སྟོན་པ་ཡང་རྒྱས་འབྲིང་བསྡུས་གསུམ་སྟེ། ཕྱོགས་བཅུའི་སངས་རྒྱས་དང་། སྐུ་བཞིའམ་ལྔ་དང་། ཀུན་ཏུ་བཟང་པོ་རྡོ་རྗེ་འཛིན་པའོ། །གནས་ཀྱང་ཞིང་ཁམས་ཐ་དད་པ་དང་། སྐུ་བཞིའམ་ལྔའི་གནས་དང་། འོག་མིན་ཆེན་པོའི་གཞལ་ཡས་ཁང་ངོ་། །འཁོར་ཡང་བཞིའམ་ལྔ་ལས་སྣང་བའི་བྱང་ཆུབ་སེམས་དཔའ་དང་། རིག་འཛིན་དང་། རྒྱལ་བ་ཐམས་ཅད་དོ། །གསུམ་ཀའི་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཉིད་དོ། །དུས་ནི། སྐུ་བཞི་ལས་ཐོས་པའི་དུས་དང་། འབྱུང་འབྱུང་བའི་དུས་ཚུལ་བཅུ་གཉིས་ཀྱིའང་ཚེའོ། །བསྟན་པ་ནི། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཇི་བཞིན་པ་ཉིད་དོ། །དེའང་རྡོ་རྗེ་འཛིན་པས་ནི། ཡི་གེ་གསུམ་གྱི་དོན་དུ་བཀའ་སྩལ་ཏོ། །མདོར་སྐུ་ལྔའི་གླེང་གཞིའོ། །ལུང་བསྟན་བརྒྱུད་པའི་གླེང་གཞི་ནི་བཞི་ནི། གླེང་གཞིའི་རྒྱུ་དང་། རྐྱེན་དང་། ངོ་བོ་དང་། སྦྱོར་བའོ། །དེ་ལ་རྒྱུ་ནི། རྒྱུའི་རྒྱུ་དང་རྒྱུའོ། །དེ་ལ་རྒྱུའི་རྒྱུ་ནི། ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ཁར་འཁོར་བསྡུས་ནས། འཁོར་ལ་གདམས་ངག་གསུམ་བཞག་ནས། བྱུང་ཚུལ་བཅུ་གཉིས་ཀྱི་ཚུལ་གྱིས། གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་པའོ། །རྒྱུ་ནི་སྟོན་པ་ཤཱཀྱ་ཐུབ་པ་འདས་ནས། དམ་པ་ལྔ་རིག་འཛིན་སེམས་དཔའ་རྣམས་ཀྱིས་མ་ལ་ཡའི་རྩེ་མོར་འདུས་ནས། གདུང་བ་ཉི་ཤུ་རྩ་གསུམ་བཏོན་པའོ། །རྐྱེན་ནི། རྒྱལ་བ་རྣམས་ཀྱིས་གདུང་བ་གསན་ནས། ལྕང་ལོ་ཅན་གྱི་ཕོ་བྲང་དུ་འདུས་ཏེ། ཕྱག་ན་རྡོ་རྗེ་ལ་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་པར་བསྐུལ་བས། ཕྱག་ན་རྡོ་རྗེས་ཀྱང་ཞལ་གྱིས་བཞེས་པའོ། །རང་གི་ངོ་བོ་ལ་དྲུག་སྟེ། སྟོན་པ་ནི་ཕྱག་ན་རྡོ་རྗེ་ཉིད་དེ། སྟོན་པ་གང་ཡིན་འཁོར་གྱིས་དྲིས་པ་དང་། འཁོར་གྱི་ནང་དུ་ལོ་རྒྱུས་གསུངས་པ་བརྗོད་པའི་ཕྱིར་རོ། །དེ་ལ་ནི་མཚན་ནམ་ངོ་བོ་ཕྱག་ན་རྡོ་རྗེ་གནོད་འདུལ་རྒྱལ་པོ་མི་འཁྲུགས་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །གནས་ངོ་བོ་ནི། མ་ངེས་པ་དང་། ངེས་པ་སྟེ། མ་ངེས་པ་ནི་ཞིང་ཐ་དད་པའོ། །ངེས་པ་ནི། ལངྐའི་ཡུལ། རི་མ་ལ་ཡའི་རྩེ་མོ། ཆོས་འཛིན་རིགས་ཀྱི་གྲུབ་གནས་ཉིད་དོ། །འཁོར་ནི་རིག་འཛིན་དམ་པའི་རིགས་ཅན་དག་གོ། །སྡུད་པ་ལངྐའི་མངའ་བདག་སྲིན་པོ་མགྲིན་བཅུའོ། །དུས་ནི། ཤཱཀྱ་ཐུབ་པ་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ལོན་པ་ནའོ། །བསྟན་པ་ངོ་བོ་ནི་རྒྱུད་འདི་ཉིད་དོ། །གླེང་གཞི་བཅས་པའི་སྦྱོར་བ་ནི། ཐུགས་རྗེས་ལ་གཤེགས་པས་ས་རྣམས་གཡོས་པའོ། །དེ་བས་ན་ཕྱག་ན་རྡོ་རྗེས་འཁོར་གྱི་ནང་དུ་ངས་གནས་གང་དུ། སྟོན་པ་གང་ལ། དུས་གང་གི་ཚེ་རྒྱུད་འདི་ཐོས་པར་བརྗོད་པས། འཁོར་སྤྲོ་བ་བསྐྱེད་པའི་ཕྱིར། གཏན་ཚིགས་བྱུང་ཁུངས་ཀྱི་གླེང་གཞི་བརྗོད་དོ། །མི་ཡུལ་དུ་གདུལ་བྱ་སྨིན་པར་བྱ་བའི་ཕྱིར། བྱིན་རླབས་བརྒྱུད་པའི་གླེང་གཞི་བསྟན་ཏེ། ལྷན་ཅིག་པ་དང་བརྒྱུད་ཀྱིས་པའི་འཁོར་གྱི་དབང་དུའོ། །དོན་ལ་རྨོངས་པ་གང་ལ་ལ་དག་ཤཱཀྱ་ཐུབ་པ་སྟོན་པ་ཡིན་ནོ་ཞེས་སྨྲ་བ་ནི། རྒྱུད་ཀྱི་མཐའ་ཡང་མ་མཐོང་བའི་བློ་བེམ་པོ་སྟེ། ཤཱཀྱ་ཐུབ་པ་འདས་ནས། ཕྱིས་བསྟན་པ་འདི་གསུངས་པའི་ཕྱིར་རོ། །བྱིན་རླབས་གླེང་གཞི་ཁ་ཅིག་འོག་ཏུ་ཞེ་བདུན་པར་ཕྱུང་བ་ནི། རྒྱུད་དཀྲུག་པ་དང་། ལུང་བསྟན་བརྒྱུད་པའི་གླེང་གཞི་དུས་འདིར་བརྩོན་པར་བྱའི་དབང་སྟེེ་གླེང་བསླང་བའང་རྗེས་སུ་མཐུན་ནོ། །གླེང་བསླང་བའང་ལེའུ་འདི་ཉིད་ལས། རྩ་བ་ཡན་ལག་གང་དག་གི། །མདུན་བསུ་གུས་དང་དྲི་བ་དྲིས། །སྐབས་ལས་གླེང་དུ་བསླང་བའོ། །ཞེས་པས། འདིར་སྦྱར་ན་གསུམ་སྟེ། སྟོན་པ་ཕྱག་ན་རྡོ་རྗེས་མདུན་བསུ་བ་དང་། དམ་པ་ལྔ་འཁོར་གྱིས་གུས་པས་དྲི་བ་རྣམས་དྲིས་པ་དང་། སྟོན་པ་དང་འཁོར་གཉིས་ཀའི་སྐབས་ལས་གླེང་དུ་བསླང་བའོ། །དེ་དག་ནི་ལུང་བསྟན་བརྒྱུད་པའི་གླེང་བསླང་བར་སྦྱར་རོ། །གླེང་གཞི་དང་པོ་རྒྱུད་བྱུང་ཁུངས་ཀྱི་གླེང་གཞིའི་རྗེས་སུ་བསྙེག་ན། འཁོར་དབང་བསྐུར་བར་གླེང་བསླང་བ་དང་། རྒྱུད་བཤད་པར་གླེང་བསླང་བའོ། །དེ་ལ་ཞེ་བརྒྱད་པ་འཁོར་དབང་བསྐུར་བར་གླེང་བསླང་བ་ལའང་དྲུག་སྟེ། ཡུམ་གྱིས་བསྐུལ་བའི་ས་ལ་བཞེངས་པའི་ཕྱིར། སྟོན་པ་སྐུ་གསུང་ཐུགས་མཉམ་པ་ཉིད་ལ་བཞུགས་པ་དང་། ཡུམ་གྱིས་དགོངས་པ་ལ་བཞེངས་པར་བསྐུལ་བ་དང་། བསྐུལ་བས་བཞེངས་པ་དཔེ་དང་བཅས་པར་བསྟན་པ་དང་། སྟོན་པར་བཞེངས་ནས་རོལ་པ་ཉི་ཤུ་རྩ་བཞིའི་སྒོ་ནས་སྦྱོར་བ་ལ་ཞུགས་པ་དང་། ཡུམ་གྱིས་སྦྱོར་བའི་བདེ་བ་ལས་བཞེངས་པར་བསྐུལ་བ་དང་། སྟོན་པས་བཞེངས་པའི་འཁོར་རྣམས་ལ་གསང་བའི་དབང་བསྐུར་བའོ། །རྒྱུད་བཤད་པར་གླེང་བསླང་བ་ལའང་། ཡུམ་གྱིས་རྒྱུད་བཤད་པར་བསྐུལ་བ་དང་། སྟོན་པས་ཞུ་བ་བསྒུགས་པའི་ཕྱིར་ཅང་མི་གསུང་བར་བཞུགས་པ་དང་། འཁོར་གྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཉི་ཤུ་རྩ་ལྔའི་སྒོ་ནས་བསྟོད་དེ། རྒྱུད་བཤད་པར་གསོལ་བ་བཏབ་པ་དང་། གསོལ་བ་བཏབ་པས་སྟོན་པས་འོད་ཟེར་བཀྱེ་ནས། འོད་ལས་ཐེག་པ་གཞན་གྱི་གླེང་གཞི་སྣང་བར་མཛད་པ་དང་། སྟོན་པ་རྡོ་རྗེ་རྒྱན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྣོད་མིན་རྣམས་མཚམས་གཅད་པ་དང་། ཐུན་མོང་གི་འཁོར་རྣམས་ཀྱིས་བདག་ཅག་བྱིན་གྱིས་རློབས་ཤིག་པར་གསོལ་བ་བཏབ་པ་དང་། སྟོན་པས་འོད་བཀྱེ་ནས་འཁོར་ཐུན་མོང་བ་རྣམས་བྱིན་གྱིས་བརླབ་པའི་བརྡར་བསྟན་པའོ། །དགོས་འབྲེལ་བསྟན་པ་ནི། ཞེ་བརྒྱད་པ་ལས། འབྲེལ་བ་ཡན་ལག་རྣམ་པ་བཞི། །རྗོད་དང་བརྗོད་བྱ་དགོས་འབྲེལ་ལས། །ཐ་མ་གཉིས་བཞིར་འདྲེན་པའོ། །ཞེས་གསུངས་པས། རྗོད་བྱེད་དང་། བརྗོད་བྱ་དང་། འབྲེལ་བ་དང་། དགོས་པའོ། །དེ་ལ་རྗོད་པར་བྱེད་པ་ནི། འདུལ་བའི་དགོངས་པས་ཀྱང་། སྟོན་པ་འཁོར་དང་བཅས་པ་ལ་བསྟན་ཏོ། །འདིའང་འཆད་པའི་སྐྱེས་བུ་ཕྱག་ན་རྡོ་རྗེ་སྟེ། ཞེ་དགུ་པ་ལས་བསྟན་ཏོ། །བརྗོད་བྱ་ནི་རྒྱུད་ཀྱི་དོན་ཏོ། །འབྲེལ་པ་ལའང་གཉིས་ཏེ། རྒྱུ་དང་འབྲས་བུའི་ཚུལ་དུ་འབྲེལ་པ་ནི། རྡོ་རྗེ་སེམས་དཔའ་སྟོན་པའི་ཐུགས་དེ་བཞིན་ཉིད་ལས་སྐྱེས་པ་སྟེ། བཅོམ་ལྡན་འདས་ཀྱི་ཐུགས་དང་འབྲེལ་ཅིང་ཐུགས་ལས་སྐྱེས་པ་དང་། ཐབས་དང་ཐབས་ལས་བྱུང་བའི་ཚུལ་དུ་འབྲེལ་བ་ནི། སྟོན་པས་དབང་བསྐུར་ནས་ཕྱག་ན་རྡོ་རྗེས་དབང་ཐོབ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དགོས་པའང་། དགོས་པ་པ་དང་དགོས་པའི་ཡང་དགོས་པའོ། །དེ་ལ་དགོས་པ་ནི། རྒྱུད་ཀྱི་དོན་ལ་མ་དང་རྐྱེན་དང་བཅས་པའོ། །དགོས་པའི་ཡང་དགོས་པ་ནི་རྣལ་འབྱོར་ལྔ་དང་གསུམ་གྱི་འབྲས་བུ་ཐ་མ་མཐར་ཕྱིན་པའོ། །རྒྱུད་ཀྱི་དོན་འདྲེན་པ་བཅུའི་ངེས་དོན་གཏན་ཚིགས་ཀྱི་ཡན་ལག་དང་། ངེས་པར་སྦྱོར་བའི་ཡན་ལག་གིས་རྒྱུད་ཀྱི་དོན་བསྟན་པ་ནི་གཉིས་ཏེ། ལམ་དང་རྐྱེན་ནོ། །དེ་ལ་ལམ་ནི། གང་དོན་དུ་གཉེར་བར་བྱེད་པས་མཐར་འབྱིན་པའི་ནུས་པ་ཅན་གྱི་རྣལ་འབྱོར་ལྔ་རབ་དང་། འབྲིང་བཅུ་དང་། ཐ་མ་བཞི་བཅུ་སྟེ་ངེས་པ་གཉིས་སུའོ། །དེས་བསྒྲུབ་པའི་རྐྱེན་ནི། བསླབ་པའི་མཐའ་རྣམ་པ་བཅུ་དང་། ངེས་པ་དང་སྦྱོར་བའི་རྟོག་པ་རྣམ་པ་བཞི་དང་། ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་དང་། མཚན་ཉིད་རྣམ་པ་བཞི་དང་། བསླབ་པ་བཞི་དང་། སེམས་བཞི་དང་། དགོས་འབྲེལ་བཞི་དང་། དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་བཞི་དང་། བསྙེན་བསྒྲུབ་བཞི་སྤྱིར་སུམ་ཅུ་རྩ་གཉིས་སྟེ་ངེས་པ་རྣམ་གཉིས་དང་། གཞན་དོན་དུ་འབྱུང་བ་ཉེར་བརྒྱད་དང་། དེ་ལས་གཞན་པ་བསྒྲུབ་པ་དང་། དཀྱིལ་འཁོར་དང་། མཆོད་པ་དང་། ཕྲིན་ལས་ལ་སོགས་པ་རྣམས་བསྡུའོ། །རྐྱེན་དང་བཅས་པའི་ལམ་གོང་མ་དེ་དག་གི་སྐབས་སུ་ནི། སོ་སོའི་རྒྱུད་དང་། མཐར་ཕྱིན་པའི་ཚད་དང་། ལྡང་ཚུལ་དང་། རང་གི་རྐྱེན་གང་དང་ལྡན་པ་དང་། དེ་དག་ཐོབ་པ་དང་། བརྟན་པ་དང་། ཚད་དུ་ཕྱིན་པ་དང་། སོ་སོའི་ལྟས་གང་ལྡན་པ་ལ་སོགས་པའི་དོན་ཁོང་འཇལ་དུ་བྱ་སྟེ། སྐབས་སུའང་སྟོན་པར་འགྱུར་རོ། །རྒྱུད་བཤད་པའི་དགོས་པ་ནི། ལྷན་ཅིག་པའི་འཁོར་རྣམས་ལ་བཤད་པ་དང་། མ་འོངས་པའི་བརྒྱུད་པའི་འཁོར་རྣམས་ལ་ཕྱག་ན་རྡོ་རྗེས་གདུལ་བྱ་གསུམ་གྱི་དོན་དུ་ཐེག་པ་གསུམ་བསྟན་པ་དང་། སྣོད་བཞི་ལ་གསང་སྔགས་བསྟན་ལུགས་བཞིའི་སྣོད་བཞི་དང་སྦྱར་བསྟན་པར་མཛད་པའོ། །བཀའ་དྲིན་དྲན་པས་བསྟོད་པའང་སྟོན་པ་ལ་བསྟོད་པ་དང་། གསང་བའི་རྒྱུད་ལ་བསྟོད་པའོ། །དེ་ལ་ལུང་ཡིན་པའི་ཕྱིར། ལུང་གི་མདོ་གཅོད་བཞིའི་བཤད་པ་དང་། མན་ངག་ཡིན་པའི་ཕྱིར་རྩ་བ་གསུམ་གྱིས་བཤད་པ་ནི། རྒྱུད་ཉིད་ལས་གསལ་ཏེ། ཀླད་དུ་བརྗོད་མི་དགོས་པའི་ཕྱིར་འདིར་མ་སྨོས་སོ། །དེ་ལྟ་བས་ན་དོན་ནི་གཞི་ལམ་འབྲས་བུའམ་རྒྱུད་ལུང་མན་ངག་ཚིག་གསུམ་དུ་སྟོན་པ་ལས་ལ་ལ་དག་བྱུང་ཚུལ་བཅུ་གཉིས་སུ་རྒྱུད་ཀྱི་དོན་བསྡུས་པར་འདོད་པ་དག་ནི། ལོ་རྒྱུས་དང་དུས་སུ་རྒྱུད་ཀྱི་དོན་སྡུད་པ་སྟེ་དོན་ལ་རྨོངས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱུང་ཚུལ་བཅུ་གཉིས་ཡོད་ཀྱང་། དེ་དག་རིལ་དུ་བྱུང་བའི་བསྟན་པ་ནི། རྒྱུད་འདི་ལས་མེད་པའི་ཕྱིར་རོ། །འདིའི་དོན་བཤད་པ་བཞིན་ནོ། །དེ་ལ་དབང་པོ་ཐ་མ་འདྲེན་པའི་ཚིག་གི་ཡན་ལག་བཅུའི་ཡི་གེ་དཔེ་བཅུས་མཚོན་ཏེ་བཤད་པ་ལ་མོས་པའི་དབང་དུ་འབྲུ་ཚིག་བཤད་པ་ལ་འཇུག་པར་བྱའོ། །འདྲེན་པའི་ཚིག །དེ་ཡང་སེང་གེའི་མཆོངས་པ་ལྟ་བུའི་བཤད་པའི་དབང་དུ། རྣལ་འབྱོར་བྱ་བ་མེད་པའི་གོ་ལུགས་དང་པོ་བསྟན་ཏེ། རྒྱ་གར་དང་། བྲུ་ཞ་དང་། བོད་ཀྱི་མཚན་བསྟན་པས་གོ་བའི་ཚུལ་ནི་ཇི་ལྟར་ཡིན་ཞེ་ན། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཛྙཱ་ན་གུ་ཧྱ་ཨརྠ་གརྦྷ་ཧ་བཛྲ་ཏ་ན་ཏྲ། སིདྡྷི་ཡོ་ག་ཨཱ་ག་མ་ས་མཱ་ཛ་སརྦ་བི་དྱཱ་སཱུ་ཏྲ་མ་ཧཱ་ཡཱ་ན་ཨ་བྷི་ས་མ་ཡ་དྷརྨཱ་པཪྱཱུ་ཡ་བི་བྱ་ཧ་ནཱ་མ་སུ་ཏྲ། བྲུ་ཞའི་སྐད་དུ། ཧོན་པན་རིལ་ཏིལ། པི་པུ་པེ་ཏིལ། ཏི་ཏ་སིང་། འུན་འུབ། ཧང་པང་རིལ། འུབ་པི་སུ། པད་རི། ཞེ་ཧལ་པི། མ་ཀྱང་ཀུའི། དང་རོད་ཏི། ཞེས་པ་ནི། ལོ་ཙཱ་བ་དྷརྨ་བོ་དྷི་དང་། ཆེ་བཙན་སྐྱེས་ཀྱིས་རྒྱ་གར་ལས་བྲུ་ཞའི་སྐད་དུ་བསྒྱུར་བའོ། །དེ་དག་ཤན་སྦྱར་ཞིང་བསྒྱུར་བ་ནི། ཁུངས་བཙུན་པའི་ཕྱིར་སྨོས་པས་ཐེ་ཚོམ་མི་ཟ་བ་དང་། རང་སྐད་ཀྱི་མཇལ་བར་བྱ་བའི་ཕྱིར་རིམ་པར་བསྒྱུར་ལ། ཚིམ་གཅིག་གིས་ཐད་ལོག་ཏུ་འང་འགྱུར་ཏེ། བྷྱི་དྷ་རྱ་ཐ་བྷྱི་དྷ་སུ་ཞེས་པ་དང་། འུབ་པི་སུ་ཅེས་པའི་འདུག་ས་བསྣོལ་དགོས་པའི་ཕྱིར་རོ། །དེ་དག་ལས་བོད་ཀྱི་ཡུལ་དུ་སྐད་མཐུན་པར་བསྒྱུར་བ་ནི་ལོ་ཙཱ་བ་དཱ་ན་རཀྵི་ཏ་དང་། ཆེ་བཙན་སྐྱེས་ཀྱི་ལོ་རྒྱུས་སྨོས་པས། ཡིད་ཆེས་པར་བྱ་བའི་ཕྱིར་སྐད་གསུམ་ཀ་སྨོས་པའོ། །དེ་ལ་བོད་སྐད་དུ་བསྒྱུར་བའི་དོན་བཤད་པའི་ཕྱིར། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས། དོན་གྱི་སྙིང་པོ། རྡོ་རྗེ་བཀོད་པའི་རྒྱུད། རྣལ་འབྱོར་གྲུབ་པའི་ལུང་། ཀུན་འདུས་རིག་པའི་མདོ། ཐེག་པ་ཆེན་པོ་མངོན་པར་རྟོགས་པ། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ། ཞེས་བྱ་བའི་མདོ་ཞེས་པ། སྒྲའི་ཤན་སྦྱར་བ་དང་། དོན་བཤད་པའོ། །སྒྲའི་ཤན་སྦྱར་བ་ནི་ཐད་ལོག་ཏུ་བསྒྱུར་བ་སྟེ། གཞན་ནི་གོ་རིམ་བཞིན་ཀྱང་། རྒྱ་གར་གྱི་སྐད་དུ། བཛྲ་ཀུ་ལ་ཏནྟྲ། བྷྱི་དྷ་རྱ་ཐ། བྷྱི་དྷ་སུ། སིདྡྷི་ཡོ་གི་ཞེས་པ་ལ། བྲུ་ཞའི་སྐད་དུ། འུན་འུབ་ཧང་པང་རིལ། འུབ་པོ་སུ་ཞེས་པ་ལ། བོད་སྐད་དུ་ནི། རྡོ་རྗེ་བཀོད་པའི་རྒྱུད། རྣལ་འབྱོར་གྲུབ་པའི་ལུང་། ཀུན་འདུས་རིག་པའི་མདོ་ཞེས་ཤན་སྦྱར་བ་ཐད་ལོག་ཏུ་གྱུར་པའི་ཕྱིར་རོ། །དོན་བཤད་པས་གོ་བའི་ཚུལ་ནི། རྟ་དཀྱུས་ཀྱིས་བསྟན་པ་དང་འདྲ་བར་ཁས་བླངས་པའི་དོན་འདིར་བསྙད་དེ། འདི་གོ་བའི་ཚུལ། ཚིག་ཉུང་དུ་ཀླད་དུ་སྨོས་པས། དབུ་ཞབས་ཀྱི་དོན་གོ་བར་བསྟོན་ཏེ། དེ་ལ་མཚན་གྱི་ཚིག་བདུན་གྱི་དོན་ནི། ཇི་བཞིན་པ་དེ་ཁོ་ན་ཉིད་ཀྱི་རྣམ་གྲངས་ཡིན་པའི་ཕྱིར། འདིའི་དོན་དཀྱིལ་འཁོར་གསུམ་པོ་ༀ་ཧཱུྃ་མཱུྃ་གྱི་དོན་འཇལ་བས་རིལ་འཇལ་བར་འགྱུར་རོ། །དེའི་ཚུལ་ནི་དོན་ཇི་བཞིན་པར་རང་ཐད་དུ་བསྟན་པ་དང་། ཆེ་བའི་སྒོ་ནས་བསྟན་པའོ། །དེ་ལ་ཇི་བཞིན་པར་བཤད་པ་ནི། གཏན་ཚིགས་ཀྱིས་རྒྱས་ཐེབས་ཤིང་ལུང་ལས་སྣང་བར་བཤད་པ་ལེའུ་རེ་དྲུག་པ་ལས། ལང་ཀའི་བདག་པོ་དེ་ལ་རྣམ་གྲངས་བརྒྱད་གང་ཞེ་ན། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཞེས་ཀྱང་བྱའོ། །དོན་གྱི་ཉིང་པོ་ཞེས་ཀྱང་བྱའོ། །རྡོ་རྗེ་བཀོད་པའི་རྒྱུད་ཞེས་ཀྱང་བྱའོ། །རྣལ་འབྱོར་གྲུབ་པའི་ལུང་ཞེས་ཀྱང་བྱའོ། །ཀུན་འདུས་རིག་པའི་མདོ་ཞེས་ཀྱང་བྱའོ། །ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་ཞེས་ཀྱང་བྱའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་ཀྱང་བྱའོ། །ཐེག་པ་ཆེན་པོའི་བྱུང་ཚུལ་བསྟན་པའི་མདོ་ཞེས་ཀྱང་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལངྐའི་བདག་པོ་གང་ལ་དགོངས་པ་དེ་ཉིད་ལས་མི་འདའ་བ་དང་། གང་གི་སྤྱོད་ཡུལ་མ་ཡིན་ཞིང་མེད་ལས་ཐམས་ཅད་འབྱུང་བ་དང་། གང་གི་ཡེ་ཤེས་ཡོངས་སུ་བཀོད་པ་དང་། འདི་ལྟར་གང་ངེས་པ་རྣལ་འབྱོར་དུ་ལུང་སྟོན་པ་དང་། འདིར་ཀུན་ནས་རུབ་པ་དང་། དམ་པ་རྣམས་ཀྱིས་མངོན་པར་ཆུད་པ་དང་། གང་ལ་ཡང་མ་འདྲེས་པར་བཀོད་པ་དང་། གནས་སྐབས་བཅུ་གཉིས་སུ་ངེས་པར་འབྱུང་ཞིང་བྱུང་བའི་ཕྱིར་རོ། །ཞེས་གསུངས་ཏེ། འོག་མ་རྣམས་གཏན་ཚིགས་དང་སྦྲགས་མར་བརྗོད་པའི་དོན་གྱིས་མཚན་བརྒྱད་དུ་བསྟན་པ་སྟེ་དེས་ཡིད་ཆེས་པའི་རྒྱུར་འགྱུར་ཏེ། ཇི་ལྟར་ཞེ་ན ། གཞི་ཇི་བཞིན་པ་ཉིད་དུ་སོན་པས་གདུལ་བྱ་ལ་སྐུ་ཐ་དད་པར་སྣང་བ་རིལ་གྱི་དགོང་པ་ནི། སེམས་ཀྱི་དཀྱིལ་འཁོར་རང་གི་རང་བཞིན་གྱིས་འོད་གསལ། དེ་ཁོ་ན་ཉིད་ཇི་ལྟ་ཉིད་བཞིན་པ་བརྟགས་ན་མེད་པ་བསམས་ན་སྣང་སྟེ། མཚན་ཉིད་ཡོངས་སུ་ལྡན་པར་མ་ཟིན་པས་ལམ་པའི་བསམ་པས་རེག་དཀའ་བའི་ཡེ་ཤེས་ཆེན་པོ་ལ། དུས་གསུམ་དུ་གཡོ་བ་མེད་པ་འདི་ནི། དགོངས་པ་ཇི་སྙེད་པ་དང་། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ལྷུན་གྱིས་རྫོགས་པས་དགོངས་པ་འདུས་པ་ཞེས་ཀྱང་བརྗོད་དེ། རྒྱལ་བ་རིལ་དགོངས་པ་དེ་ལས་མི་འདའ་བའི་ཕྱིར་མཚན་དང་པོའི་དོན་ཏོ། །ཤེས་པར་བྱ་བ་ཇི་སྙེད་པ་དང་། བསྒྲུབ་པར་བྱ་བ་ཇི་སྙེད་པའི་བདག་ཉིད་ཡིན་པའི་ཕྱིར། ཡུལ་དང་བྲལ་བཞིན་ལྟ་བ་དང་། འབྲས་བུ་ཐམས་ཅད་དུ་ཡང་རང་ཤར་བས་དོན་གྱི་རྩ་བའོ། །གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་ནི། སྐད་ཅིག་མའི་རྒྱུན་དུ་སྐྱེ་བའི་ཡུལ་བྲལ་བས་སྒྲིབ་པའི་ཕུང་པོ་ཇི་སྙེད་པ་ཀ་ནས་དག་པར་བྱེད་པའི་ངོ་བོ་ལ། ཇི་སྙེད་པའི་ཡེ་ཤེས་ཐམས་ཅད་ལྷུན་གྱིས་རྫོགས་པས་རྡོ་རྗེ་བཀོད་པའང་ཡིན་ནོ། །གང་དོན་ཆེན་པོ་ལ་གནས་ཤིང་གོམས་པར་བྱེད་པ་རྣམས་ཀྱིས་ཇི་ལྟ་བའི་དོན་རྙེད་ཅིང་གྲུབ་པའི་གདེངས་ཅན་རྣམས་དམ་པར་ལུང་སྟོན་པར་བྱེད་དེ། སྐྱེས་བུ་དམ་པ་ལྔ་ལུང་བསྟན་པ་ལ་སོགས་པའི་ཕྱིར་མཚན་བཞི་པའོ། །ལྷུན་གྱིས་རྫོགས་པའི་ཐེག་པ་ཆེན་པོ་ནི། ཕྱི་མོ་ཉིད་པས་རིལ་གྱི་ཡུམ་ཡིན་པའི་ཕྱིར་རྒྱུ་འབྲས་ཀྱི་ཐེག་པ་རིལ་གྱི་དོན་དང་། ལོག་པའི་ལམ་ཡན་ཆད་མ་བཀོལ་བས་སོ་སོའི་ཤན་མ་འདྲེས་པར་གསལ་བའི་ཕྱིར་མདོ་དོན་གྱི་ཆེ་བ་འདིར་གཅིག་པས་མཚན་ལྔ་པ་འགྲུབ་བོ། །གང་ཡང་སྤངས་པ་དང་དོར་བ་མེད་པའི་ངོ་བོ་ནི། སྣང་བ་དང་མི་སྣང་བ་ལས་ཀྱང་གྲོལ་བས་གསང་སྔགས་ཇི་བཞིན་པ་ཉིད་དེ་དངོས་ཐེག་པ་ཆེན་པོའོ། །དེ་ལྟར་བུའི་དོན་དམ་པ་རྣམས་ཀྱིས་རང་རིག་པའི་མངོན་སུམ་དུ་བྱས་ཏེ། མཐོང་བ་མེད་པས་མཐོང་བར་བྱེད་པའི་ཐབས་དང་དོན་གཉིས་ཀ་འདི་ཉིད་དོ། །རྒྱུ་འབྲས་ཀྱི་ཐེག་པ་དང་། ཆ་མཐུན་གྱི་ལོག་ལྟ་ལ་སོགས་པ་རིལ་མ་འདྲེས་པར་གསལ་བར་ངོ་བོ་ཇི་བཞིན་པ་ལ་རྫོགས་པའི་ཕྱིར་ཡི་གེའང་ཆོས་རྣམ་པར་བཀོད་པའོ། །དེ་དག་ནི་མཚན་གྱི་རྣམ་གྲངས་བདུན་ཏེ་དབུའི་དོན་ཏོ། །བྱུང་ཚུལ་བསྟན་པའི་མདོ་བརྒྱད་ཀྱི་དབང་དུ་གནས་སྐབས་བཅུ་གཉིས་སུའང་ཐུན་མོང་མ་ཡིན་པའི་དོན་འདི་ཉིད་སྣང་བས་བྱ་བ་རྫོགས་པར་བྱེད་པའི་ཕྱིར་བྱུང་ཚུལ་བསྟན་པ་ཞེས་ཀྱང་བྱའོ། །དེ་ནི་བྱུང་ཚུལ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་ལེའུ་བདུན་ཅུ་རྩ་ལྔ་ཇི་སྐད་བསྟན་ཀྱང་། རྒྱུའི་རིམ་གྱིས་པ་དང་འབྲས་བུ་ཅིག་ཅར་བས་གོ་ཞིང་འཇུག་པར་བྱ་རྒྱུ། ནི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ལས་མི་སྣང་ལ། དེའི་མཚན་གྱི་ཁྱད་པར་བརྒྱད་པོ་ནི་བདུན་དུ་བསྡུས་ནས་བསྟན་པ་དེའི་དོན་རིག་པའི་རིལ་རིག་པར་སྨྲའོ། །ཆེ་བའི་དོན་དང་སྦྱར་བ་ནི། བསྟན་པ་གཞན་ལས་འཕགས་པའི་ཆེ་བ་བདུན་ཡང་དེ་ཁོ་ན་ཉིད་ཀྱི་ཁྱད་པར་ཏེ། དེའང་ཐེག་པའི་ཡང་རྩེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། མན་ངག་ཐམས་ཅད་ཀྱི་རྩ་བ། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། དོན་ཐམས་ཅད་ཀྱི་མཇུག་སྡུད། ཆོས་ཐམས་ཅད་ཀྱི་མེ་ལོང་། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། ཇི་ལྟར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་ནི་བུདྡྷའི་དགོངས་པའི་ཞེ་ཕུགས་ཀྱི་ཕྱིར་རིམ་གྱིས་བགྲོད་པ་ཡིན་པས་ཐེག་པའི་ཡང་རྩེའོ། །དོན་གྱི་སྙིང་པོ་དེ་ཁོ་ན་ཉིད་ནི་མན་ངག་གི་རྩ་བའོ། །རྡོ་རྗེ་བཀོད་པའི་རྒྱུད་ནི། རིག་པའི་བྱེ་བྲག་རིལ་གྱི་བདག་ཉིད་པས་རྒྱལ་པོའོ། །རྣལ་འབྱོར་གྲུབ་པའི་ལུང་འདིས་རིལ་གཏན་ལ་འབེབས་པ་དང་། བསྟན་པ་རིལ་གྱི་དོན་འདི་ལ་འདུས་པས་འདིས་གཅོད་པ་དང་། གསང་སྔགས་པ་ཇི་བཞིན་པ་ཉིད་ཇི་ལྟ་བ་མ་མཐོང་པ་མཐོང་བར་འདིས་བྱེད་པ་དང་། བཀའ་རྒྱུད་རིལ་ལྷུན་གྱིས་གྲུབ་པས་འདི་ལས་སྣང་བའི་ཕྱིར་རོ། །ཡིན་པའི་དོན་གསུམ་གྱི་གོང་དུ་ཆེ་བ་བདུན་བཤད་པའི་ཚུལ་གྱིས་མཚན་དང་པོ་དང་གཉིས་པ་ནི་མན་ངག་གི་མཚན་ནོ། །བཞི་པ་དང་ལྔ་པ་ནི་ལུང་གི་མཚན་ནོ། །གསུམ་པ་དང་དྲུག་པ་ཐེག་པ་ཆེན་པོའི་མངོན་པར་རྟོགས་པ། དང་བདུན་པ་ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་རྒྱུད་ཀྱི་མཚན་དུ་བསྟན་ཏོ། །ཁོང་གི་དོན་འགྲོས་ཀྱིས་འགལ་བ་ཡང་མ་ཡིན་ནོ། །བམ་པོ་དང་པོ་སྟེ་ཞེས་པ་ནི། དོན་གྱི་བམ་པོ་དང་ཚིག་གི་བམ་པོ་ལས་འདིར་ཚིག་གཙོ་བོར་བྱས་ནས་ཤྭ་ལོ་ཀ་སུམ་བརྒྱ་ནི་བམ་པོ་གཅིག་གོ། །དེས་གྲངས་ཀྱི་དང་པོར་བསྟན་ཏོ། །སྡུད་པ་པོ་ཕྱག་ན་རྡོ་རྗེས་སྟོན་པ་རིགས་ཀྱི་བདག་པོ་ཉིད་ལ་མཆོད་པའི་ཕྱིར། བཅོམ་ལྡན་འདས་དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་ལ་ཕྱག་འཚལ་ལོ། །ཞེས་པ་རྣལ་འབྱོར་ལྔའི་མཐར་སོན་པའི་ཡེ་ཤེས་ཆེན་པོ་ནི། བྱ་བ་ཐམས་ཅད་བྱས་ཟིན་ཏེ། ཐམས་ཅད་ཀྱི་དངོས་གཞིར་བཞུགས་པ་ལ། སྤྱོད་ཡུལ་ཀ་ནས་དག་པས། ཉོན་མོངས་པའི་བདུད་བཅོམ་སྡུག་བསྔལ་གྱི་ས་བོན་མེད་པ་དང་། དེའི་ཕྱིར་ན་ཕུང་པོའི་བདུད་ལྔ་ཕུང་གི་ངོ་བོ་མི་སྣང་ཞིང་། འཆི་འཆི་བདག་གི་བདུད་འཕོ་བའི་ཆོས་བྲལ་བ་ལ། བར་ལྷའི་བདུད་ཆད་རིལ་མ་དམིགས་པའི་ཐ་ཚིག་དང་ལྡན་པའི་ཐུགས་ནི་ལེགས་པའི་བདག་ཉིད་ཀྱང་། མཐའ་གྲོལ་བས་དངོས་གཞི་བསྟན་དཀའ་བ་ནི་ཆོས་ཀྱི་སྐུ་ཆེན་པོ་ཉིད་དོ། །དེ་ཁོ་ནའི་ཕྱིར་བདག་གི་དཔལ་ལ་གདུལ་བྱ་གསུམ་མཛད་པའི་ཐེག་པ་གསུམ་གྱིས་ཆུ་བོ་བཞི་ལས་མཐར་སོན་པར་བྱེད་པས་སྒྲོ་ལ་བྱེད་གཞན་གྱི་དཔལ་ཏེ་སྤྲུལ་པའི་སྐུའི་ཡང་བདག་ཉིད་དོ། །དགོངས་པ་སྒྲོལ་བྱེད་དེ་བཞིན་ཉིད་དུས་གསུམ་དུ་འབྱུང་འཇུག་བྲལ་ཏེ། ལྷན་ནེ་ལྷམ་མེ་ལྷང་ངེ་བར་རྣལ་བཞིན་མཛད་ཐུགས་རྗེ་པའི་རླབས་རྒྱུན་མི་འཆད་པའི་ངོ་བོ་རྒྱལ་པོ་མངའ་ཐང་ཡོངས་སུ་རྫོགས་པའི་སྐུ་བཞུགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོའི་བདག་ཉིད་དོ། །དེ་ལྟ་བུའི་ཤིན་ཏུ་རྣམ་པར་ངོ་བོ་ཡེ་ཉིད་འཆིང་བ་དང་བྲལ་བ་དང་ཐབས་དམ་པའི་ངོ་བོར་བཞུགས་པས་ཐོགས་པ་མེད་པ་ནི་ངོ་བོ་ཉིད་དང་གསང་བའི་སྐུ་སྟེ་སྐུ་ལྔ་རྫོགས་པའི་ངོ་བོ་ནི་ཀུན་ཏུ་བཟང་པོ་སངས་རྒྱས་ཧེ་རུ་ཀ་ཆེན་པོ་ཉིད་དོ། །ཕྱོགས་ཡུལ་ཕྱོགས་གཅིག་པ་གཞན་ནི་སྐབས་འདིར་རྣམ་པར་བཅད་དོ། །དེ་ཉིད་གསང་བདག་སྐྱེས་བུ་ཉིད་དང་གཅིག་དང་དུ་མ་བྲལ་བའི་ཚུལ་དུ་རིག་པ་ནི་མཆོད་ཅིང་འདུད་པའི་མཆོག་གོ། །དེ་དག་འོག་མ་པ་དམན་པས་ལུས་ངག་གིས་མོས་པར་སྨྲ་བ་ནི་ཐེག་པ་ཆེན་པོའི་ནང་དུ་མི་འགྱུར་བས་དེ་ལ་ཡིད་རྟོན་པར་མི་བྱའོ། །གཞན་ལུང་བསྟན་བརྒྱུད་དུ་ལང་ཀས་འདུལ་བའི་སྐྱེས་བུ་ལ་མཆོད་པའོ། །དེ་ལྟར་སྟོན་པ་མཆོད་ནས་བགྲོ་བ་ལ་འཇུག་པའི་ཕྱིར། འདི་སྐད་བགྲོ་བ་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ། འདི་ཉེ་བར་མཚོན་པ་ནི་བསྟན་པ་སྟེ་རྒྱུད་འདི་ཉིད་དོ། །སྐད་གསལ་བར་བགྲོ་བ་ནི་སྟོན་པ་སྟེ། ཞིང་ཁམས་དང་གནས་ཐ་དད་ན་སྟོན་པ་རྣམས་ཀྱིས་བགྲོ་བར་བྱེད་པའོ། །བདག་གིས་དངོས་པོ་ཉིད་བསྟན་པ་ནི། བྱུང་ཁུངས་གླེང་གཞིའི་སྡུད་པ་ཕྱག་ན་རྡོ་རྗེ་ཉིད་དེ། དེས་གསན་པ་ནི་སྐུ་ཐ་དད་གཅིག་ཀུན་ཏུ་བཟང་པོ། དང་བཅུ་ལའང་ཕྱོགས་བཅུའི་བུདྡྷ་ཐོས་ལ། སྐུ་བཞི་ལའང་སོ་སོར་ཐོས་པ་ཐོས་ལུགས་བཞིའི་ཚུལ་དུ་ཐོས་ཏེ། ངོ་བོ་སྟེ་སོ་སོའི་ཐོས་བྱ་སྟེ་བསྟན་པའོ། །དུས་ནི་བྱུང་ཚུལ་བཅུ་གཉིས་ཀྱི་ཚེ་དང་སྐུ་བཞིས་བསྟན་པའི་དུས་བཞི་སྟེ་ཚེ་སྐབས་ཀྱི་དོན་ཀྱང་དེ་ཁོ་ན་སྟེ། ཞེས་བགྲོས་པའོ། །ལུང་བསྟན་བརྒྱུད་པའི་དབང་དུ་ན། སྟོན་པ་ལ་ཡང་མཆོད་པ་ནི། སྲིན་པོའི་བྱང་ཆུབ་སེམས་དཔའ་བློ་གྲོས་ཐབས་ལྡན་དངོས་ལང་ཀ་མགྲིན་བཅུས། མཐུ་སྟོབས་ཆེན་པོའི་མངའ་བདག་གསང་བའི་བདག་པོ་འཆད་པའི་སྐྱེས་བུ་གནོད་འདུལ་ལ་ཕྱག་འཚལ་ནས། མི་ཡུལ་དུ་ཡི་གེ་བསྡུ་བ་མཛད་པའོ། །ལང་ཀའི་བདག་པོས་བསྟན་པ་འདི། ཕྱག་ན་རྡོ་རྗེས་ཞིང་ཐ་དད་པ་ན་རང་གི་སྟོན་པ་ལ་ཉན་ནས། ཉེ་འཁོར་ལ་བགྲོ་བ་བདག་གིས་ལང་ཀས་ཐོས་པའི་དུས་ཏེ་ཤཱཀྱ་ཐུབ་པ་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་ཚེ་སྡུད་པ་ལང་ཀས་སྐད་གསལ་བར་ཐོས་ཞེས་ཡི་གེར་བྲིས་པའོ། །གླེང་གཞི་རྣམ་གཉིས་ཀྱི་ངོ་བོ་ཐུན་མོང་དུ་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་མང་པོ་བསྡུས་པའི་སྒྲས། རིལ་གྱི་བདག་ཉིད་རིགས་ཀྱི་གཙོ་བོ་དྲུག་པ་སྟེ་མཚན་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་ཀྱང་བྱའོ། །རྣམ་པ་གཅིག་ཏུ་ན། ལུང་བསྟན་བརྒྱུད་པའི་དབང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་ནི་དངོས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་དེ། དབང་ཐོབ་པས་རྒྱ་གྲམ་འཁོར་ལོ་ལག་ན་བསྣམས་པས་མཚན་རྡོ་རྗེ་འཛིན་པ་ཞེས་བྱའོ། །དོན་སྟོན་པ་ལས་ཇི་སྐད་ཐོས་པ་ལྟར་དམན་པའི་ལུས་ཅན་ལ་སྟོན་པའི་འཆད་པའི་སྐྱེས་བུ་སྨྲ་བའི་སེང་གེ་བརླ་བཀྱལ་གྱི་སྤོབས་པ་ཅན་གྱི་བྱིན་རླབས་ཐོབ་པས་འཁོར་གྱི་ནང་དུ་འགྱིང་བག་གིས་འཁོར་ལོ་བསྐོར་བ་དང་། སེང་གེ་རོལ་པའི་ག་ཞ་མཛད་པའི་ཕྱིར་སེང་གེར་བརྗོད་པ་ཉིད་དོ། །སྤྱིར་བསྟན་པའི་ལུས་ནི། འདི་ལྟར་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ན་ཞེས་པ་ལ་སོགས་པ། བྱུང་ཁུངས་ཀྱི་དོན་དུ་ན་གནས་ནི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ། སྟོན་པ་ནི་ཕྱོགས་བཅུའི་རྒྱལ་བ་དང་རིགས་ལྔ་ལ་སོགས་པའོ། །དེ་ན་སེམས་ཅན་གྱི་གནས་ཐ་དད་ན། ཇི་ལྟར་འདུལ་བའི་སྐུ་བཞུགས་ཏེ་མཛད་པའི་ཕྲིན་ལས་ནི་ཆོས་སྟོན་ཏེ་གདུལ་བ་སྨིན་པར་མཛད་པ་ཡང་། བསྟན་པ་ཤིན་ཏུ་ཟབ་བསམ་གྱིས་མི་ཁྱབ་ཅིང་མཐའ་དང་བསམ་དུ་མེད་པ་མུ་མེད་པའི་དཔག་ཏུ་མེད་པའི་རྒྱལ་བའི་ཀུན་གྱིས་བསྔགས་པ། དགོངས་པའི་ཞེ་ཕུགས་མཐར་ཐུག་པ། དུས་གསུམ་འདུ་འབྲལ་མེད་པའི་གསུངས། དེ་རིལ་བསྣུམས་པས་དེ་ཀུན་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པར་རང་གསལ་བ། སྨྲར་མེད་ཅིང་སྤྱོད་ཡུལ་དུ་མ་གྱུར་ལ། ཡོན་ཏན་གྱིས་བཞག་པའི་མཚན་ཉིད་བསྟན་དུ་ཡོད་ལ་ངོ་བོ་མེད་པ་སྟེ། བླ་དྭགས་ཐམས་ཅད་དང་བྲལ་བ། ཇི་སྙེད་པའི་ཆོས་སོ་ཅོག་གི་དེ་ཁོ་ན་ཉིད་མ་བཅོས་ཇི་བཞིན་པ་མ་བསླད་པ། དངོས་པོ་གཉིས་ཀྱི་གཞི་ཆོས་རིལ་དང་ལམ་རྣལ་འབྱོར་གསུམ་རིལ་གསལ་བར་སྟོན་པའི་བཀའ་འདི་ལས་གཞན་མ་ཡིན་པའོ། །དེར་སྡུད་པ་པོ་ཕྱག་ན་རྡོ་རྗེས་ཞིང་ཁམས་སོ་སོའི་རྒྱལ་བ་ལ་གུས་པས་ཉན་ཅིང་། དམན་པའི་ལུས་ཅན་དག་ལ་མ་ནོར་བར་སྟོན་པས་འཆད་པ་པོ་ཡང་ཡིན་ཏེ། དེ་རང་གིས་འཁོར་ལ་ཞིང་ཁམས་ཐ་དད་ན་འཆད་པའི་ཚུལ་ནི་ཉེ་བར་འདི་ལྟ་སྟེ་བསྟན་པའོ། །དེ་ལྟར་གླེང་གཞི་བྱིན་རླབས་ལུང་བསྟན་གཉིས་ཐུན་མོང་དུ་འཆད་པར་འགྱུར་པ་དག་ལའང་སྦྱར་རོ། །ཞིང་ཁམས་སོ་སོ་ནས་རྒྱས་པར་བསྟན་པའི་ཕྱིར། སངས་རྒྱས་མི་བསྐྱོད་པའི་ཞིང་ཁམས་མངོན་པར་དགའ་བ། ཞེས་པ་ལ་སོགས་པ་མི་བསྐྱོད་པ་ནི་སྟོན་པ་ཉིད་དོ། །ཞིང་ཁམས་ནི་བཞུགས་ས་དང་འདུལ་བ་གཉིས་ཏེ་གནས་དང་གདུལ་བྱའོ། །ཅི་མངོན་པར་དགའ་བ་ཁོ་ནར་བསྟན་པ་ཅི་ལྟ་བུ་ཞེ་ན། རྒྱལ་བ་མི་བསྐྱོད་པ་དེ་དང་པོ་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་ཆེན་པོ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དུས་སུ་ཞིང་ཁམས་འདིར་མཚན་དེ་སྐད་ཅེས་བྱ་བར་འགྱུར་བའི་ལུང་བསྟན་ཐོབ་པའི་ཕྱིར་རོ། །གནས་དེ་ནི་ཡངས་ཤིང་མཉམ་པ་ལ་རིན་པོ་ཆེའི་གཅལ་བཀྲམ་པ། ཆུ་ཡན་ལག་བརྒྱད་དང་ལྡན་པ། ཤིང་ཡལ་ག་ཕྱོགས་བཞིར་གྱེས་པ། དུས་བཞིའི་དགྲ་ལས་སྐྱོབ་པ། ཟོས་ན་ནད་ཞི་བ། དེར་སྐྱེ་བ་ཐམས་ཅད་སེམས་མངོན་པར་དགའ་བར་བྱེད་པ་དང་ལྡན་པའི་ཕྱིར་མཚན་ངེས་པའོ། །ཡེ་ཤེས་ལྔའི་ངོ་བོར་གསལ་བའི་ཕྱིར་རྡོ་རྗེ་དྲྭ་བའི་འོད་ཟེར་དང་ལྡན་པ། རིའི་ཕྱོགས་གང་ནས་བལྟས་ཀྱང་རྡོ་རྗེའི་རྩེ་མོའི་དབྱིངས་སུ་སྣང་བའི་གནས་དེ་ན་སྐྱེས་བུ་ཆེན་པོ་སེམས་དཔའ་རྡོ་རྗེ་དེ་ནི། གླེང་གཞི་གཉིས་ཀྱི་དོན་གྱིས་ཞིང་ཁམས་འདིར་མི་བསྐྱོད་པ་དང་ཕྱག་ན་རྡོ་རྗེ་གཉིས་ཀའི་མཚན་དུ་སྦྱར་རོ། །བྱང་ཆུབ་སེམས་དཔའ་ནི་བྱེ་བ་ཕྲག་ས་ཡའི་དེ་སྙེད་དེ་འཁོར་ཕུན་སུམ་ཚོགས་པའོ། །བསྟན་པ་ནི་བྱང་ཆུབ་སེམས་ལྷུན་གྱིས་རྫོགས་པ་གང་དང་ཡང་ལྷན་མི་གཅིག་པས་སྒྲིབ་བྱེད་ངང་གིས་མེད་པ་ངོ་བོ་འོད་གསལ་ཡོངས་སུ་གཟུང་དཀའ་བ་ནི་གསང་སྔགས་དངོས་རྒྱུད་འདི་ཉིད་དོ། །དེ་སྡུད་པ་པོ་ཕྱག་ན་རྡོ་རྗེས་རང་གི་སྟོན་པ་མི་བསྐྱོད་པ་ལ་ཉན་ཅིང་འཆད་པའི་སྐྱེས་བུར་སྣང་བས་རང་གི་ཉེ་འཁོར་ལ་ཡང་འདི་སྟོན་ཏེ། དེ་བཞིན་གཤེགས་པ་དེ་སྐུ་མྱ་ངན་ལས་འདས་ཀྱང་ཞིང་དེ་ན་ཆོས་ཐམས་ཅད་དེ་བཞིན་ཉིད་ཇི་བཞིན་པ་དེ་ཁོ་ན་ཉིད་དམན་པའི་ལུས་ཅན་གྱི་འཁོར་ལ་བགྲོ་བར་བྱེད་དོ། །འོ་ན་ཞིང་ཁམས་གཅིག་ཏུ་སྟོན་པ་གཉིས་སྟོན་པ་ནི་མི་སྲིད་པས་ཆོས་དང་འགལ་ལོ་ཞེ་ན། ཞིང་དེའི་སྟོན་པ་ནི་མི་བསྐྱོད་པ་ཉིད་ཡིན་ལ། ཕྱག་ན་རྡོ་རྗེ་དེ་ཙམ་ན་འཁོར་གྱི་གཙོ་བོ་བྱང་ཆུབ་སེམས་དཔའི་ཆ་བྱད་དུ་སྣང་བའི་ཕྱིར་རྒྱལ་བ་ཉིད་མ་ཡིན་པས་རྒྱལ་ཚབ་རྒྱུད་ཀྱི་སྟོན་པ་ཡིན་པ་མི་འགལ་ལོ། །གླེང་གཞིར་ངོས་གཟུང་བར་སྦྱར་གཞན་དག་ལའང་དེ་ལྟར་སྦྱོར་རོ། །བ་ནི་བརྡ་འཇལ་སླའོ། །ཞིང་ཁམས་དཔལ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནི། ཞིང་ཁམས་དེ་ན་གདུལ་བྱའི་ལོངས་སྤྱོད་ཇི་ལྟར་འདོད་པ་འབྱུང་བ་དང་ཚེ་དང་བསོད་ནམས་མཆོག་ཏུ་གྱུར་པའི་ཕྱིར་རོ། །དེ་ན་རིན་པོ་ཆེ་སྣ་ཚོགས་ཀྱི་ཕུང་པོ་དེ་ལ་བཀོད་པ་རྩེ་མོ་ལ་ནོར་བུ་བཻ་ཌཱུརྱའི་རི་ཤིན་ཏུ་མཐོ་ཞིང་འོད་འབར་བ་ཡོད་པའི་ཕྱིར་རོ། །ཞིང་ཁམས་བདེ་བ་ཅན་པདྨོ་མཛེས་པ་ཞེས་བྱ་བ་ལ་སོགས་པ་ཞིང་དེ་ན་སེམས་ཅན་ཆེན་པོ་ཐམས་ཅད་པདྨོ་ལས་བརྫུས་ཏེ་སྐྱེ་ཞིང་བདེ་བ་དང་ལྡན་ཞིང་བར་མ་དོར་འཆི་བ་དང་འཐབ་རྩོད་དང་ཟས་སྐོམ་དང་ཁུར་དང་སྡུག་བསྔལ་དུ་བྱ་བ་མེད་པའི་ཕྱིར་རོ། །ཞིང་དེ་ལ་པདྨོ་སྣ་ཚོགས་ཀྱིས་མཛེས་པ། རིའི་དབྱིབས་པདྨ་བརྩེགས་པ་ལྟ་བུར་སྣང་བའི་གནས་སོ། །ཞིང་ཁམས་རྣམ་པར་དག་པ། ཞེས་པ་ལ་སོགས་པ། ཞིང་དེ་ན་ལས་དག་པའི་སེམས་ཅན་རྣམས་སྐྱེ་སྟེ་ངན་པའི་ལས་ལམ་དག་མི་སྤྱོད་པ་ཤ་སྟག་སྟེ། ཤིན་ཏུ་དག་པའི་ལས་ལམ་སྤྱོད་པ་ལ་མོས་པའི་ཕྱིར་རོ། །དེ་ལ་རིན་པོ་ཆེ་ཨིནྡྲ་ནཱི་ལ་ཤིན་ཏུ་མཛེས་པས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་འཕྲ་བཀོད་པའི་རིན་པོ་ཆེ་ནི་གནས་སོ། །བྱང་ཆུབ་ཀྱི་སྙིང་པོ་ཅན་ཞེས་བྱ་བ། ཞེས་པ། ཞིང་དེའི་འཁོར་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་བྱང་ཆུབ་ཀྱིས་གནོན་པ། ལུང་སྟན་པ་ཐོབ་པ་ཤ་སྟག་གནས་པ། གདུལ་བྱའི་བསམ་པ་རྣམ་པར་དག་པ། ཏིང་ངེ་འཛིན་གྱི་སྒོ་མང་པོ་རྫོགས་པའི་གནས། དགོངས་པ་མི་གཡོ་པ་ཁྱད་པར་ཆེན་པོས་དཔག་པས་གནས་དེ་འོག་མིན་ཞེས་བྱའོ། །ཞིང་ཁམས་མོས་པ་ཅན་མི་མཇེད། ཞེས་པ་ལ་སོགས་པ། ལྔ་པོ་རྣམས་སུའང་གསན་ལ་ཞིང་ཁམས་འདི་ཉིད་དུའང་ཐོས་པའོ། །ཞིང་དེ་ན་མོས་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་མང་ཞིང་འཁོར་རྣམས་མོས་བརྩོན་དང་ལྡན་པ་ཤ་སྟག་གནས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པ་ལ་སེམས་མི་མཇེད་པ། འཇིག་རྟེན་ཕྱོགས་ཆ་དྲུག་དང་གནས་དྲུག་རེར་ལའང་ཕྱོགས་བཅུ་དང་ལྡན་པ། རྡོ་རྗེའི་གདན་དཔག་ཚད་བརྒྱད་ཅུ་གསེར་ལས་གྲུབ་ཅིང་སྲབ་སྟེ་འོག་རྡོ་རྗེའི་བྲག་ཏུ་སྣང་བ། བྱ་རྒོད་ཕུང་པོའི་རི་བོ་ཞེས་བྱ་བར་ཐུབ་པའི་དབང་པོ་ལ་ཡང་ཉན་ཅིང་། གནོད་སྦྱིན་གྱི་གནས་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ན་དམན་པའི་ལུས་ཅན་རྣམས་ལ་སྟོན་ཏོ། །འོ་ན་ཐུབ་པའི་དབང་པོ་རྒྱུད་འདིའི་སྟོན་པར་འགྱུར་རོ་ཞེ་ན། དེ་ནི་ཞིང་ཁམས་སྒྲོན་མ་བཀོད་པ་རིལ་གྱི་རྒྱ་བ་ལ་གསན་པའི་ཕྱིར། ཐུབ་པའི་དབང་པོ་གཅིག་པུའི་སྟོན་པར་མི་འགྱུར་རོ། །འོ་ན་ཐུབ་པའི་དབང་པོས་རྒྱུའི་ཐེག་པ་ལས་མ་གསུངས་པར་གསང་སྔགས་ཉན་པར་ཇི་ལྟ་བུ་ཞེ་ན། ཐུབ་པའི་དབང་པོས་རྒྱུའི་བྱང་ཆུབ་སེམས་དཔའ་དང་ལྷ་མི་སྐལ་བ་ཅན་ལ་སོགས་པ་ལ་རྒྱུའི་འཁོར་ལོའི་ཚིག་ཏུ་བསྐོར་ལ། འབྲས་བུའི་བྱང་ཆུབ་སེམས་དཔའ་ལ་གསང་སྔགས་ཇི་བཞིན་པ་བསྟན་ནས། གཞན་ལ་འདུལ་བའི་དུས་ལ་མ་བབ་པས་ཕྱིས་འབྱུང་བར་བསྟན་པ་འགལ་བ་མ་ཡིན་པར་བཀའ་ལུང་དུ་མ་ལ་གསུངས་སོ། །འཁོར་གནོད་སྦྱིན་རིགས་ཅན་ནི་གནོད་འདུལ་ཉིད་དང་རིགས་མཐུན་པས་གསང་སྔགས་ལ་མོས་པ་རྣམས་སོ། །དེ་བཞིན་དུ་སངས་རྒྱས་བསམ་གྱིས་མི་ཁྱབ་པ། ཞེས་བྱ་བ་ལ་སོགས་པ། ཞིང་ཁམས་ཐམས་ཅད་ཀྱི་སྤྲུལ་སྐུ་སྟོན་པ་ཐམས་ཅད་ལའང་གསང་བའི་བདག་པོ་མཚན་གྲངས་མེད་པར་སོ་སོར་གྲགས་པ་པོས་ཐོས་ནས་འཁོར་ལ་སྟོན་ཏོ། །སྟོན་པ་དེ་དག་འདས་པའི་དུས་སུ་གསང་སྔགས་ཀྱི་འཁོར་ལོ་བསྐོར་བ་ལས་སྐུ་བཞུགས་པའི་དུས་སུ་ནི་མི་ཡུལ་དུ་གསང་བ་སྟོན་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་སྐུའི་ཞིང་ཁམས། ཞེས་པ་ལ་སོགས་པ། སྙིང་པོ་བྱང་ཆུབ་ནི་འོག་མིན་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །འཁོར་རིགས་ལྔ་ལ་སོགས་པ་རྒྱལ་བ་རྒྱ་མཚོ་དང་གསལ་བ་བས་ལྔ་ལ་ཐོབ་པའོ། །དེ་ལ་གཅིག་ཏུ་མ་དང་བྲལ་བའི་ཚུལ་གྱིས་བཟུགས་ནས་སེམས་ཉིད་ཡེ་ཇི་བཞིན་པར་ཚིག་ཏུ་མ་ཕྱུང་བར་དགོངས་པ་ངེས་པར་འགྲེལ་ཏོ། །དེ་ལྟ་བས་ན་ཆོས་ཀྱི་སྐུ་ལས་ཀྱང་ཐོས་སོ། །དེ་བཞིན་དུ་སེམས་ཅན། ཞེས་པ་ལ་སོགས་པ་སྨོས་པའི་སེམས་ཅན་ཇི་སྙེད་པའི་གནས་རིས་ཐ་དད་པ་ན་སྟོན་པའི་སྐུ་ཇི་ལྟར་མོས་ཤིང་འདུལ་བ་ལྟར་སྣང་བས་ཆ་མཐུན་པའི་འཁོར་ལ་སོ་སོའི་སྐད་དུ་ཆོས་སྟོན་པ་རྣམས་ལའང་ཐོས། ཉེ་འཁོར་ལ་སྟོན་པ་དེ་དག་འདས་ནས་སྟོན་པ་ཡང་གསང་བ་པོ་སྟེ་མཚན་ཐ་དད་དུ་བྱུང་ནས་བརྡ་སྐད་ཐ་དད་ཀྱིས་སྟོན་ཏོ། །འོ་ན་དམྱལ་བ་ལ་སོགས་པ་ལ་རང་རང་གི་གནས་ངན་ན་རང་རང་སྐད་དུ་ཆོས་སྟོན་པ་ཡོད་དམ་ཞེ་ན། ཡོད་དེ་དེ་ཡང་ངན་འགྲོའི་སྐལ་ཅན་དག་ལ་སོ་སོའི་ཐུབ་པ་སྣང་བས་སྡུག་བསྔལ་དེ་དག་གྲོལ་བར་བྱེད་དོ། །འཁོར་དེ་དག་སྐལ་བ་དང་ས་མཉམ་པ་ཉི་ཚེའམ་སྙམ་པ་ལ། དེ་དག་ས་མཐོ་དམན་དང་སྐལ་བ་ཆེ་ཆུང་ཡོད་པའི་ཕྱིར་རོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་། ཞེས་པ། འཁོར་ལྔ་ཕྲག་དྲུག་གཉིས་གཅིག་གི་དོན་བསྟན་ཏེ་འདི་དག་ནི་ལམ་ལ་གནས་པ་ཤ་སྟག་གོ། །དེ་ཡང་ཐུན་མོང་གི་ལམ་དང་ཁྱད་པར་གྱི་ལམ་གཉིས་འདིར་ཐུན་མོང་དུ་བསྟན་ཀྱང་དོན་གྱིས་ཐུན་མོང་མ་ཡིན་པའི་ལམ་དུ་འཇལ་བར་བྱ་སྟེ་གསང་སྔགས་ཉན་པའི་ཕྱིར་རོ། །མི་མཐུན་པ་སྟོན་པ་ནི་སྐལ་བས་མཐོ་དམན་ལྔར་འགྱུར་རོ། །ལྔ་ཕྲག་དང་པོ་ལ་ལ་ནི་བྱང་ཆུབ་ཀྱི་རིགས་ཅན་དག་གོ། །ཞེས་པ་ལ་སོགས་པ། དགར་བ་ནི་ནང་རིས་འབྱེད་པའོ། །འདི་ལྔའང་འདུན་པ་བྱེད་པས་བརྒྱུད་ནས་འཁོར་བ་ལས་ངེས་པར་འབྱུང་བ་བའི་བློ་དང་ལྡན་པའི་ཕྱིར་ཚོགས་དང་། དོན་ཁོང་དུ་ཆུད་པས་སློབ་པ་བས་དོན་མཐོང་ལ་མ་རག་སྦྱོར་པའི་ཕྱིར་དང་། སྔར་དོན་ཇི་ལྟ་བར་མ་མཐོང་བར་མཐོང་བས་དོན་དང་ཤེས་རབ་མི་ཕྱེད་པ་དང་། རྟོགས་སྒོམ་པ་ལས་ཀྱང་ཏིང་ངེ་འཛིན་གྱིས་ཡང་ནས་ཡང་དུ་གོམ་པར་བྱེད་པས་འགྲོ་དོན་གྱིས་སྤྲུལ་པ་མང་པོ་ཡང་མི་འགོག་པའི་ཕྱིར་དང་། མཐར་གོམས་པ་མཐར་ཕྱིན་ནས་ལྟོས་པའི་བྱ་བ་ཡོངས་སུ་རྫོགས་པའི་ཕྱིར་རོ། །མཚན་གྱི་ཁྱད་པར་ནི་གོང་འོག་ལ་ལྟོས་ནས་འཇོག་པའོ། །དེ་བཞིན་དུ་གཞི་ལམ་ལྔ་ལྔ་ལས་བཏགས་པ་ཐ་དད་དུ་གྲགས་པ་ནི། འདི་ལྟ་སྟེ། ཞེས་པ་ལ་སོགས་པ། སྐལ་བ་གོང་འོག་རང་རང་ཐད་དུ་མཉམ་པའི་གཞི་ལྔ་ལས་མཚན་གྱི་རྣམ་པ་ཐ་དད་དུ་གྲགས་པ་རྣམས་ཉེ་བར་བསྟན་པ་ནི་གང་ཞེ་ན། གཉིས་པ་འདུན་པའི་རྣལ་འབྱོར་དུ་གནས་པས་རྟོགས་པའི་མཐུ་ཁྱད་པར་ཅན་དུ་མ་གྱུར་ཀྱང་ཐུན་མོང་མ་ཡིན་པའི་དོན་ལ་རྗེས་སུ་ཡི་རང་བས་རྩོལ་བ་དག་དང་། མཉམ་པ་ཆེན་པོའི་ངོ་བོ་གང་དུའང་མི་ཟིན་པའི་དོན་བསྟན་པ་ལ་མི་སྐྲག་མི་སྔངས་བ་དག་དང་། ཇི་བཞིན་པ་མཐོང་བའི་ཤེས་རབ་ཀྱི་སྤྱན་དང་ལྡན་པས་ལྟ་ངན་དང་སྒྲིབ་པ་དང་ཉོན་མོངས་པའི་རྡུལ་དང་དྲི་མ་དག་པ་དང་། ཡང་ནས་ཡང་དུ་གོམས་པས་སྒོམ་པས་མི་གཡོ་བ་མཚན་མ་ལ་སོགས་པར་མི་ལྡོག་པ་དང་། བསླབ་པ་མཐར་ཕྱིན་པས་སངས་རྒྱས་པའི་མཚན་དང་ཞིང་ཁམས་ཀྱི་ལུང་བསྟན་པ་ཐོབ་པ་དག་གོ། །གསུམ་པའི་རྣལ་འབྱོར་ལྔ་ཡང་དེ་ཉིད་ལས། གཞི་ཐ་དད་དུ་སྣང་བ་ནི། བླ་མ་དང་གསང་བ་ལ་འདུན་པའི་རྒྱུས་ཡང་དག་པའི་དོན་ལ་ཕྱོགས་པའི་རྣལ་འབྱོར་དང་པོ་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་མི་འགྱུར་བས་ནས་དད་པས་དེ་དོན་རང་གིས་མཚན་ཉིད་དུ་མོས་ཤིང་རྩལ་སྦྱོང་བའི་རྣལ་འབྱོར་གཉིས་པ་དང་། ཆོས་ཇི་ལྟ་བུ་མཐོང་བས་དབུགས་ཕྱིན་པ་ངལ་སོས་པས་བསྟི་གནས་རྣལ་འབྱོར་གསུམ་པ་དང་། སྐྱེ་བ་ཕྱི་མ་ལ་མཛད་པ་མཐར་ཕྱུང་ནས་འཚང་རྒྱ་བ་བྱམས་པ་ལྟ་བུ་དང་། སྐྱེ་བ་འདི་ཉིད་ཀྱིས་མཛད་པ་མཐར་དབྱུང་ནས་འཚང་རྒྱ་བ་རྒྱལ་བུ་དོན་གྲུབ་ལྟ་བུའོ། །བཞི་པ་ཀུན་གཞི་སྐབས་ལྔ། གཞི་ཉིད་རྒྱུའི་ཀུན་གཞིའི་སྟོབས་ཀྱིས་སེམས་རྒྱུ་རྐྱེན་དྲུག་གིས་ལམ་དམ་པ་ལ་འཇུག་པ་དང་། སྦྱོར་བ་འདུན་པའི་ཀུན་གཞིའི་སྟོབས་ཀྱིས་བསླབ་པ་ལ་ཞུགས་ནས་གོང་མ་ལ་སྦྱོར་ཞིང་སྐྱེད་དུ་འགྲོ་བ་དང་། སྣང་བ་དོན་གྱི་ཀུན་གཞིའི་སྟོབས་ཀྱིས་ཇི་བཞིན་པ་ཉིད་དུ་ངལ་སོས་ཏེ་འཛིན་པ་དང་བྲལ་བ་རིག་པ་ལ་མཇལ་བ་དང་། འགྱུར་བ་མེད་པའི་ཀུན་གཞིའི་སྟོབས་ཡོད་པས་འགྲོ་དགོངས་པ་ལས་མ་གཡོས་པར་སྤྲུལ་པའི་ལུས་ཀྱིས་འགྲོ་དོན་བྱེད་དོན་ལ་ཕྱིར་སྐྱེ་བ་ཐ་དད་རང་དབང་དུ་བཞེས་པ་དང་། བཙལ་མེད་གནས་པའི་ཀུན་གཞིའི་སྟོབས་ཀྱིས་བྱ་བ་མེད་པར་གནས་པའི་ཕྱིར་འཇུག་རིམ་མོ། །ལྔ་པས་སེམས་ལྔ་བྱང་ཆུབ་འདོད་པ་ཤེས་པའི་ཕྱིར་བླ་མ་ལ་དད་གསང་སྔགས་ཀྱི་དོན་རྟོགས་པར་སྨོན་པ་དང་། པའི་སེམས་ཆོས་ཀྱི་རྣམ་པ་ཤེས་པའི་ཕྱིར་དེ་ལ་མི་གནས་པར་དད་པ་དང་རྩོལ་བས་ལངས་ཏེ་སྦྱོར་བའི་སེམས་པ་བ་དང་། ལྟ་བ་དོན་ཐམས་ཅད་ཤེས་པའི་ཕྱི་དོན་ལ་རིག་པ་གཉིས་མེད་དུ་འཇུག་པ་འི་སེམས་དང་། ལམ་ཡོངས་སུ་ཤེས་པའི་ཕྱིར་ཏིང་ངེ་འཛིན་ལ་གཉིས་མེད་ཀྱིས་གནས་པ་འི་སེམས་དང་། ཤེས་པ་ཆེན་པོ་མངའ་བའི་ཕྱིར་བསླབ་པ་རྫོགས་པ་འི་སེམས་སྟེ་སེམས་མཐར་ཐུག་པའི་ཡེ་ཤེས་མངའ་བའོ། །ལྔའི་རིམ་པའོ། །དྲུག་པ་བསྟི་གནས་ལྔ་ལས་སྦྱོང་བའི་བསྟི་གནས་པའི་ཕྱིར་ཚོགས་ལ་སྒོ་གསུམ་གྱིས་རྩོལ་བ་དང་། བསླབ་པ་སྦྱོང་བའི་བསྟི་གནས་པའི་ཕྱིར་མཐའ་བཅུ་ལ་སློབ་པ་མི་འབྲལ་བ་དང་། མཚན་མའི་རྒྱུད་སྤྱོང་བའི་བསྟི་གནས་བདེན་པ་མཐོང་བས་ཟག་བཅས་ལ་མི་སློབ་པའི་བའི་ཕྱིར་དང་། སྒྱུ་མས་སྦྱོང་བའི་བསྟི་གནས་བསླབ་པ་མེད་པའི་དོན་ཏིང་ངེ་འཛིན་ཡང་ནས་ཡང་བསྒོམ་པའི་ཕྱིར་དང་། ཡེ་ཤེས་རྩལ་གྱི་བསྟི་གནས་པའི་ཕྱིར་རྡོ་རྗེ་ལྟ་བུའི་གཉིས་མེད་ཀྱི་དོན་ནམ་རྒྱན་གྱི་འཁོར་ལོ་རང་རིག་མངོན་དུ་གྱུར་པའོ། །ཆུབ་པའོ། །བདུན་པས་བྱང་ཆུབ་ལྔ་སེམས་བསྐྱེད་པའི་རིགས་ཅན་ཡིན་པའི་ཕྱིར་དང་། བྱང་ཆུབ་པའི་རིགས་སུ་ངེས་པ་ཡིན་པའི་ཕྱིར་དང་། དོན་མཐོང་བས་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར་དང་། བྱང་ཆུབ་རྣམ་གཉིས་ལ་གནས་ཏེ་བསྒོམ་པས་སེམས་དཔའ་ཆེན་པོ་ཡིན་པའི་ཕྱིར་དང་། བྱང་ཆུབ་ཆེན་པོ་ཡིན་ཏེ་ཉེ་འཁོར་ལ་ཆོས་སྟོན་ནུས་པའི་ཕྱིར་རོ། །འགྱུར་དབང་བརྒྱད་པས་ས་ལྔ་མ་ངེས་པའི་ས་པ་ས་བོན་ནམ་རས་བལ་དང་འདྲ་བས་གང་དུའང་འགྱུར་དུ་བཏུབ་པའི་ཕྱིར་དང་། ངེས་པར་ཞུགས་པས་མི་འཆོར་བའི་ཕྱིར་མྱུ་གུའམ་སྣམ་བུ་དང་འདྲ་བ་དང་། འདབ་མ་བཀྲུ་བཙག་ལྟ་བུར་སྦྱངས་པས་དོན་མཐོང་བ་འཁོར་བར་མི་ལྡོག་པའི་ཕྱིར་དང་། མེ་ཏོག་གམ་འཇེན་ཚུར་ལྟར་གོམ་པས་འབྲས་བུར་བྱེད་པའི་དོན་མཐོང་དཀའ་བའི་ཕྱིར་དང་། འབྲས་བུ་དང་ཆོས་ཀྱི་ཁ་དོག་ཏུ་འགྱུར་བ་དང་འདྲ་སྟེ་ཡོན་ཏན་མང་པོ་དང་ལྡན་པའི་ཕྱིར་རོ། །དགུ་པས་མཐར་ཕྱིན་ལྔ་ལམ་མཐར་ཕྱིན་པར་བྱེད་པའི་ཕྱིར་དང་། བསླབ་པ་མཐར་ཕྱིན་པར་བྱེད་པའི་ཕྱིར་དང་། མཐོང་བ་མཐར་ཕྱིན་པའི་ཕྱིར་དང་། ཏིང་ངེ་འཛིན་མཐར་ཕྱིན་པ་དང་། གྲུབ་པ་མཐར་ཕྱིན་པའི་ཕྱིར་རོ། །བཅུ་པས་ཏིང་ངེ་འཛིན་ལྔ་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་བདུན་པའི་རྣལ་འབྱོར་པ་དང་། འཕྲོ་འདུ་གཅིག་པའི་ཏིང་ངེ་འཛིན་ཐོབ་པས་ཡང་དག་པའི་རིགས་སུ་འགྲོ་བའི་ཕྱིར་དང་། ཡོངས་སུ་མི་ལྡོག་པའི་ཏིང་ངེ་འཛིན་ཐོབ་པས་དབུགས་དང་པོ་ཕྱིན་པ་དང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པས་རྒྱལ་བའི་བཀའ་ལུང་ཐོབ་པ་དང་། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཐོབ་པས་བདག་གཞན་བྱ་བ་རྫོགས་པའི་ཕྱིར་རོ། །བཅུ་གཅིག་པས་ཚོགས་པ་ལྔ་ཚིག་དང་སྒྲ་ལ་སློབ་པའི་ཕྱིར་དང་། ཡི་གེ་འཕྲོ་འདུ་ལ་གནས་པའི་ཕྱིར་དང་། ཐམས་ཅད་མིང་ཙམ་ལས་ངོ་བོ་མེད་པར་ཤེས་པའི་ཕྱིར་དང་། བརྡ་དང་ཏིང་ངེ་འཛིན་གྱིས་གྲོལ་བའི་ཕྱིར་དང་། དབྱིངས་དང་ཡེ་ཤེས་ཀྱི་ཐ་སྙད་དུ་ཤེས་ཤིང་བྱང་ཆུབ་སེམས་ཀྱི་དོན་དུ་འཇལ་བའི་ཕྱིར་རོ། །དེ་དག་ལས་གཞི་གསུམ་པ་ནི། ཞེས་པ་ནི། སྤྱོད་ཡུལ་གྱི་གསུམ་པ་བདེན་པ་མཐོང་བའི་སྐབས་ལས་བཏགས་ཏེ་དབུགས་མཐའ་མ་ཕྱིན་པ་ནི་མ་ཡིན་ནོ། །བཅུ་གཉིས་པ་ཚོགས་ལ་གནས་པས་ལུས་ངག་གི་སྤྱོད་པ་གཙོ་བོར་བྱེད་པའི་ཕྱིར་དང་། མོས་པས་ཤེས་རབ་དང་ཏིང་ངེ་འཛིན་ལ་གནས་པ་དང་། དེས་དོན་རང་རིག་པའི་མངོན་སུམ་དུ་ཐོབ་པ་དང་། གཞན་དོན་དུ་བྱང་ཆུབ་ཕྱིར་སེམས་པ་དང་། བསླབ་པ་མཐར་རྫོགས་པའོ། །བཅུ་གསུམ་པ་རིག་འཛིན་ལྔ་མཚན་མ་ཚིག་གི་རྣལ་འབྱོར་པ་དོན་ཡིད་ལ་བྱེད་པ་ཙམ་སྟེ་ས་ཆུད་པ་བ་དང་། རིགས་སུ་ངེས་པས་རྣལ་འབྱོར་གཉིས་ལ་རྩོལ་ཞིང་གནས་པས་ས་ལ་གནས་པའི་རིག་འཛིན་དང་། དོན་རྟོགས་པས་འཇིག་པ་ལྔ་སྤང་བའི་ཕྱིར་ཚེ་ལ་དབང་ཐོབ་པས་ཚེའི་རིག་འཛིན་དང་། ལུང་ངེས་པར་ཐོབ་སྟེ་རྣལ་འབྱོར་ལ་གནས་པས་མཚན་དང་དཔེ་བྱད་ཀྱི་སྐུ་མཆོག་མངོན་དུ་སྣང་བའི་ཕྱིར་དང་། བསླབ་པ་མཐར་ཕྱིན་ཏེ་སྐད་ཅིག་སྔ་ཕྱི་རག་ལུས་པ་ཙམ་ལས་རྩོལ་བ་མེད་པའི་ཕྱིར་རོ། །ཀླག་འདིར་གཞི་ལྔ་ལས་ནང་རིས་དེ་དག་ཏུ་ཕྱེ་ཞིང་བསྟན་པ་ཅི་དགོས་ལྔ་ཕྲག་གཅིག་གིས་ཆོག་མོད་ཞེ་ན། དེ་ནི་མདོ་སྔགས་ཀྱི་གྲགས་ལུགས་དང་སངས་རྒྱས་ཀྱི་ཞིང་ཐ་དད་པའི་ཕྱིར་དང་དོན་གཅིག་ལ་སྒྲ་ཐ་དད་ཤེས་པར་བྱ་བའི་ཕྱིར་བཀོད་དོ། །འོན་ཀྱང་འདི་ནི་རྒྱུད་འདི་ཉིད་ཀྱི་ལམ་ལ་གནས་པའི་མཚན་ཐ་དད་པར་འཇལ་ཏེ་ལམ་ལ་དེ་དག་ལ་གསང་སྔགས་དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བས་ས་ནས་སར་འཕར་བར་བྱེད་དོ། །དེ་དག་དུས་ནམ་གྱི་ཚེ་ཞེ་ན། འཁོར་བ་ཐོག་མ་དང་ཐ་མ་མེད་པར་གདུང་འཚོབ་འཁོར་མོར་སྣང་བའི་ཕྱིར། དེ་ལྟར་ན་འཇིག་རྟེན་གྱི་ཁམས་ཐ་དད་པ་ན། ཞེས་པ་ལ་སོགས་པ། གནས་ཇི་སྙེད་ཀྱི་འཛམ་གླིང་དེ་སྙེད་དུ་སྟོན་པ་དེ་དག་སྙེད་བྱུང་ནས་ཆོས་ཀྱི་སྒྲོན་མས་གདུལ་བྱའི་མ་རིག་པའི་ལིང་ཏོག་བསལ་ཏེ་བྱ་བ་ཐམས་ཅད་བྱས་ནས། སྤྲུལ་པ་དེ་དག་ཉི་ཟླ་ནུབ་པ་ལྟར་སྐུ་མྱ་ངན་ལས་འདའོ་ཞེས་དུས་སྔ་ཕྱིར་ཞིང་དེ་དག་ཏུ་གྲགས་ཤིང་གདུལ་བྱ་ལ་སྣང་ངོ་། །དེ་ལྟ་བས་ན་ཞིང་འདིར་ཐུབ་པའི་དབང་པོ་མྱ་ངན་ལས་འདའ་བའི་སྒྲ་ངང་འདས་པ་ལྟར་སྣང་བ་ཡང་དུས་འཁོར་མོའི་སྐབས་ཅིག་བཟུང་བའི་ཕྱིར་རོ། །ཐུན་མོང་བཅས་གཞིའི་ལེའུ་སྟེ་དང་པོའོ།། །།ཞེས་པ་འདིར་གཏན་ཚིགས་བྱུང་ཁུངས་དང་བྱིན་རླབས་བརྒྱུད་པའི་གླེང་གཞི་གཉིས་ཐུན་མོང་དུ་བསྟན་པའི་ཕྱིར་རོ། །དེ་བས་ན་གོས་དང་འདྲ་སྟེ། དོན་གྱི་ཚོམས་མ་འདྲེས་པར་སྟོན་པའི་ཕྱིར་ལེའུ་སྟེ་ཐོག་མར་བཤད་པའོ། །དེ་ནས་གླེང་གཞི་གཉིས་པ་ལུང་བསྟན་བརྒྱུད་པའི་གླེང་གཞིའི་རྒྱུའི་རྒྱུ་ཤེས་པར་བྱ་བའི་ཕྱིར། དེ་ནས་ཇི་ལྟར་དེ་ལྟར་འདི་ལྟར་མི་མཇེད་ཅེས་བྱ་བའི། ཞེས་པ་ལ་སོགས་པ་སྟག་གི་ཚུལ་གྱིས་བཤད་དེ། སྙེགས་པ་ནི་ཐུན་མོང་ཕྱོགས་གཅིག་གི་གླེང་གཞི་ལ་སྙེགས་པས་རྒྱུའི་རྒྱུ་དང་འབྲེལ་པར་མཚམས་སྦྱར་བའོ། །དེ་ཡང་བྱུང་བའི་ཚུལ་དང་། སྔ་མའི་ལོ་རྒྱུས་དང་། ཉེ་བར་སྟོན་པ་འབྱུང་བ་སྟེ་དུག་གསུམ་པ་སེམས་མི་འཕྲོ་བའི་ཞིང་འདི་ན་སྟོན་པའི་སྐུ་ཤིན་ཏུ་སྲ་ཞིང་བདུད་ཀྱི་དཔུང་བཅོམ་པའི་ཤཱཀྱ་ཐུབ་པ་དེ་སྐུ་སྣང་བའི་དུས་སྐྱེ་དགུ་མིའི་ཚེ་ལོ་བརྒྱ་པ་ལ་བྱུང་སྟེ། ཡུན་ལོ་བརྒྱད་ཅུ་རྩ་གཉིས་བཞུགས་ནས་རྟག་ཏུ་རེ་བ་སུན་དབྱུང་བའི་ཕྱིར་སྐུ་རྡོ་རྗེ་ལྟ་བུ་མི་སྣང་ཞིང་འདའ་བར་དགོངས་ནས་རྒྱ་གར་གྱི་ཡུལ་ཡངས་པ་ཅན་དུ་འཁོར་རྣམ་བཞི་ལ་སོགས་པ་ཇི་སྙེད་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། དབྱར་ཟླ་བ་གསུམ་འདས་ནས་སྟོན་ཟླ་ར་བའི་ཉ་ལ་འདའ་བས་འཁོར་ལ་ཞལ་ཆེམས་གསུམ་བཞག་པའི་དགོས་ཆེད་དུ་འཁོར་གྱི་ནང་ནས་རྫུ་འཕྲུལ་གྱི་མཆོག་མངྒལ་གྱི་བུ་ཆེན་པོ་ལ་འཁོར་བསྡུ་བར་བཀའ་སྩལ་པ། འཇིག་རྟེན་སེམས་ཅན་ངའི་བཀའ་ལ་མོས་པ་རྣམས་བསྡུས་ཤིག །སྤྱན་སྔར་འདུས་པའི་བློ་ལ་ངེས་པར་གཞག་རྒྱུ་ཡོད་དོ་ཞེས་ཞལ་ཆེམས་པོར་བར་བཀའ་སྩལ་ཏོ། །རྫུ་འཕྲུལ་ཅན་དེས། ཆོས་ཀྱི་སྐད་ཅིག་གིས་གོ་བར་བསྒྲགས་ནས། ཞེས་པ་ལ་སོགས་པ་ངག་གི་རྫུ་འཕྲུལ་ཡོད་པའི་ཕྱིར་ཡུངས་ཀར་བསྐོར་བའི་ཡུན་གྱིས་ཚིག་བཞི་བསྒྲགས་པས་ཀུན་གྱིས་རྒྱལ་བ་འདའ་བའི་ཞལ་ཆེམས་བྱུང་བར་གོ་ནས་སྤྱན་སྔར་འདུས་པ་གང་ཞེ་ན། དམ་པའི་རིགས་ཅན་ལྔ་མ་གཏོགས་པ་ནི། ཞེས་པ་ལ་སོགས་པ་ཐེག་པ་ཆེན་པོར་རིགས་ངེས་པ་ལང་ཀའི་བདག་པོ་བློ་གྲོས་ཐབས་ལྡན་དང་། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་ཡོད་པའི་འཇོག་པོ་སྟེ་བློ་གྲོས་རྒྱ་མཚོ་དང་། ཚངས་པ་དུང་གི་གཙུག་ཕུད་ཅན་བློ་གྲོས་མཐའ་ཡས་དང་། གནོད་སྦྱིན་སྐར་མདའ་གདོང་བློ་གྲོས་དད་སེལ་དང་། དགེ་བསྙེན་དྲི་མ་མེད་པར་གྲགས་པ་བློ་གྲོས་རབ་ཞི་ལྔ་ནི་སྟོན་པ་ལ་སྐྱེ་འཇིག་མི་མངའ་བར་མཁྱེན་སྔགས་ཀྱི་བསམ་གཏན་ལ་ཞུགས་པས་སྤྱན་སྔར་མ་འདུས་ཏེ། དེ་མིན་པའི་འཁོར་རིལ་འདུས་སོ། །དེ་ནས་འདུས་པ་དེ་དག་ལ་བཀའ་སྩལ་པ། ཞེས་པ་ལ་སོགས་པ་ཆོས་ཐམས་ཅད་མི་རྟག་པའི་ཕྱིར་རྟག་ཏུ་རེ་བ་སུན་འབྱིན་པའི་ཕྱིར། ནང་ཡང་མི་རྟག་པ་འདའ་བས་རང་རང་གི་ཐེ་ཚོམ་དྲིས་ཤིག་པ་བསྐུལ་ཞིང་གདམས་པའོ། །འཁོར་དེ་འདུས་པར་གྱུར་པའི་རིག་འཛིན་གྱི་རྒྱལ་པོ་ཀུཉྫར་ཞེས་བྱ་བ། ཞེས་པ་ལ་སོགས་པ་འཁོར་གྱིས་ཞུ་བ་ལྔ་ཞུ་བའི་ཕྱིར་དྲང་སྲོང་ཀུཉྫ་རས་དགའ་བོ་སྒྲ་ཇི་བཞིན་དུ་འདི་སྐད་ཞུས་སོ། །ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །ཞེས་པ་ལ་སོགས་པ་ངོ་བོ་ལ་ནི་འཕོ་འགྱུར་མི་མངའ་བ་རྡོ་རྗེའི་སྐུར་བཞུགས་ཀྱང་འདུལ་ཐབས་ཀྱིས་དོན་བྱ་བར་དགོངས་པའི་ཕྱིར་རོ། །དེས་ན་སྟོན་པས་རྒྱུའི་ཐེག་པ་གསུམ་གྱི་བྱ་བ་རྫོགས་ཀྱང་། ངེས་པའི་གསང་སྔགས་ལྟ་སྤྱོད་བླང་དོར་མེད་ཅིང་འབྲས་བུ་ལྷུན་གྱིས་རྫོགས་པའི་ཐབས་ཁྱད་པ་ཅན་སྔར་མ་གསུངས་པས་གསུང་འཚལ་བར་ཞུ་བ་དང་པོ་ཕུལ་བ་དང་། རྒྱལ་བའི་དགོངས་དོན་ཟབ་མོ་ཚིག་གསུམ་བློ་ངེས་པར་བཞག་པ་ཞུས་པ་དང་། སྡེ་སྣོད་རིན་པོ་ཆེ་གསུམ་དོན་གྱི་ངོ་བོ་གང་། བསྡུ། གཞི་གང་ཞིག་ལ། བསྡུ། བྱེད་པ་པོ་གང་གིས་བསྡུ་བར་ཞུས་པ་དང་། སྟོན་པ་འདས་ནས་འཇིག་རྟེན་དུ་ཆོས་སུ་ཡིས་སྟོན་ཞུས་པ་དང་། བསྟན་པ་ལ་རྒོལ་བའི་ལོག་སྡེ་པ་ཚར་གང་གིས་གཅོད་དང་ལྔ་ཞུས་སོ། །དེའི་ལན་ངེས་པར་གདབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་པ་ལ་སོགས་པ་སྟོན་པ་ལ་ཀུཉྫ་རས་ཞུས་པ་ལས་གནང་བ་དོན་གྱིས་བཀའ་སྩལ་པའོ། །ལན་དང་པོའི་ཐེ་ཚོམ་གཅད་པའི་ཕྱིར། འདི་ལྟ་སྟེ། དེ་ཁོ་ན་ཉིད་ངེས་པའི་ཐེག་པ་ཆེན་པོ་དེ། ཞེས་པ་ལ་སོགས་པ་གསང་སྔགས་ཐེག་པ་ཆེན་པོ་སྔར་མ་བསྟན་པ་དེ་ནི་གནས་སྐབས་བཅུ་གཉིས་སུ་འབྱུང་སྟེ་དེ་ལས་གཞན་དུ་མི་སྲིད་དོ། །གང་རྨོངས་པ་གདུང་བ་སེལ་བ་ན་ཡང་འབྱུང་། ཞེས་པ་ལ་སོགས་པ་ནི་དུས་ཀྱི་ངོ་བོ་སྟེ་བྱུང་བ་ནི་རྒྱུད་གཅིག་པོ་དགོངས་འདུས་འདི་ཡི་དོན་ཁོ་ན་སྟེ། གསང་སྔགས་ཀྱི་ཐེག་པ་ཐམས་ཅད་ཀྱི་བདག་ཉིད་དོ། །དེ་ལ་དུས་འདི་དག་ཤཱཀྱ་ཐུབ་པས་སྤྱིའི་ལོ་རྒྱུས་བརྗོད་པས་རྒྱུན་གྱི་འཁོར་མོར་འབྱུང་བའོ། །དེ་འདིར་བསྟན་པ་ནི། དེའི་ཕྱིར་ཞིང་འདིར་ཡང་ཕྱིས་འབྱུང་བར་ལུང་སྟོན་པར་སྨོས་ཏེ། མ་ལ་ཡའི་རྩེ་ལ་དམན་པའི་ལུང་ཅན་རྣམས་ཀྱིས་གདུང་བ་ཉི་ཤུ་རྩ་གསུམ་བཏོན་པ་དེ་དག་གསང་བ་པས་སེལ་བའི་དུས་སུའང་གསང་སྔགས་འབྱུང་ངོ་། །དེའི་དོན་ལེའུ་དང་པོ་དང་དྲུག་པ་ཡན་ཆད་ཀྱིས་སྟོན་ཏོ། །རྡོ་རྗེ་སེམས་དཔའི་སྤྲུལ་པའི་ཞིང་ཁམས་སོ་སོར་བཀོད་དེ་ཆོས་སྟོན་པའི་སྒྲོན་མ་རྣམས་མྱ་ངན་ལས་འདས་པའི་རྗེས་ཐོགས་སུའང་འབྱུང་སྟེ། དེའི་དོན་ལེའུ་བདུན་པ་དང་བརྒྱད་པས་ལེའུ་གཉིས་ཀྱིས་བསྟན་ཏོ། །དམ་པའི་ཁྱེའུ་ལྔ་ལ་སོགས་པས་གསང་སྔགས་ཀྱི་ངེས་དོན་རྙེད་དེ་ཐ་མའི་དབུགས་ཕྱིན་ཙམ་ནའང་འབྱུང་སྟེ་བསྐལ་པ་མངོན་དགའི་དུས་ཏེ། དེའི་དོན་ལེའུ་དགུ་པ་ནས་བཅུ་བཞི་དྲུག་པའི་བར་གྱིས་བསྟན་ཏོ། །སྐྱེས་བུ་དམ་པ་ཐུབ་དཀའ་གཞོན་ནུ་ལ་སོགས་པ་སྙིང་པོ་བྱང་ཆུབ་ཉིད་དུ་སོན་པའི་དུས་སུའང་འབྱུང་ངོ་། །དེ་ནི་ལེའུ་བཅོ་ལྔ་པ་ཉིད་ཀྱིས་སྟོན་ཏེ་རུ་དྲ་སྣང་བའི་བསྐལ་པ་དང་གཅིག་གོ། །སྙིང་པོ་བྱང་ཆུབ་ཀྱི་དོན་སྐྱེ་བ་བཞིས་འགྲེལ་བའི་དུས་ཏེ་ལེའུ་བཅུ་དྲུག་པ་ནས་བཅུ་དགུ་པའི་བཞིའི་བར་གྱིས་བསྟན་ཏོ། །དགེ་སློང་ཐར་པ་ནག་པོ་རུ་དྲར་གྱུར་པ་གདུལ་བའི་དུས་ལ་བབ་པའི་ཚེ་ཡང་གསང་སྔགས་འབྱུང་སྟེ་ལེའུ་ཉི་ཤུ་པ་ནས་སོ་གཅིག་གི་བར་བཅུ་གཉིས་ཀྱིས་སྟོན་ཏོ། །སྐུ་གསུང་ཐུགས་དང་སྤྱོད་པའི་བྱིན་རླབས་སྣང་བའི་ཚེའང་འབྱུང་སྟེ་སོ་གཅིག་པ་ནས་སོ་ལྔ་པའི་བཞིས་བར་གྱིས་སྟོན་ཏོ། །གསང་བ་པས་དགོངས་པ་དང་ཚིག་གིས་བརྒྱུད་ནས་ལྷ་མི་ལ་གྲགས་པའི་དུས་སུའང་འབྱུང་སྟེ་ལེའུ་སོ་དྲུག་པ་ནས་སོ་བརྒྱད་པའི་བར་གསུམ་གྱིས་གསལ་བར་སྟོན་ཏོ། །གྲོང་ཁྱེར་གསུམ་གྱི་ཆེད་དུ་མཛད་པ་བཞི་སྣང་ཞིང་དོན་མཛད་པའི་ཚེ་ནའང་འབྱུང་སྟེ་སོ་དགུ་པ་ནས་ཞེ་གཉིས་བར་གྱིས་བཞིས་བསྟན་ཏོ། །རྒྱལ་བ་རྣམས་ཀྱིས་ཉིད་ཀྱི་བསྟན་པ་རེ་ལ་གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་པའི་ཚེ་ནའང་འབྱུང་སྟེ་ཞེ་གསུམ་པ་ལས་གསལ་བར་སྟོན་ཏོ། །ཐེག་པ་གསུམ་གྱིས་ལས་གསུམ་གྱི་རྒྱུད་གཅོད་པའི་ཚེ་ནའང་འབྱུང་སྟེ་ལེའུ་ཞེ་བཞི་པས་གསལ་བར་སྟོན་ཏོ། །མ་ལ་ཡར་གསང་བའིབདག་པོས་དགོངས་པའི་མདོ་བགྲོ་ཞིང་གསུངས་པའི་ཚེའང་འབྱུང་སྟེ་ལེའུ་ཞེ་ལྔ་པ་ནས་དོན་ལྔ་འི་བར་ལེའུ་སོ་གཅིག་པས་གསལ་བར་སྟོན་ཏོ། །དེ་དག་ནི་སྔར་ཐམས་ཅད་ཀྱི་ད་ལྟར་ཐམས་ཅད་ནས་མ་འོངས་ཐམས་ཅད་དུ། ཞེས་པ་ལ་སོགས་པ་བཅུ་གཉིས་པའི་དོན་དེ་དག་གདུལ་བྱ་རིལ་གྱི་ངོ་ལ་སྔ་མ་ནས་ཕྱི་དུས་སུ་འཇིག་རྟེན་མ་ལུས་པར་བསྟན་པ་དེའི་ཚེ་སྔ་མ་དང་ད་ལྟར་དང་ཕྱིས་སྣང་ངོ་སྣང་བར་གྱུར་ཏོ་སྣང་བར་འགྱུར་རོ། །དེ་ལྟ་བས་ན་དུས་གསུམ་ཀར་བྱུང་ཚུལ་བཅུ་གཉིས་ཚང་བའི་དབང་གིས་འབྱུང་བའི་ཕྱིར་ད་ལྟར་གྱི་དུས་འདིའང་བྱུང་ཚུལ་བཅུ་གཉིས་ཀྱི་ཚུལ་མཛེས་པ་ལས་བསྟན་པ་སྣང་བར་འཇལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱུང་ཚུལ་དང་པོའང་བསྐལ་པ་འདི་ཉིད་ལ་མ་ལ་ཡའི་རྩེར་གདུང་བ་བསལ་ལོ། །གཉིས་པའི་སྒྲོན་མའང་ཞིང་འདིར་ཐུབ་པའི་དབང་པོས་བཀོད་དོ། །གསུམ་པ་ཁྱེའུ་ལྔ་སངས་རྒྱས་ཏེ་ངེས་པ་ཆེན་པོ་རྙེད་པའང་བསྐལ་པ་འདིའོ། །བཞི་པའང་ཁྱེའུ་ལྔས་སྙིང་པོ་བྱང་ཆུབ་ཏུ་ངེས་པས་འགྲོ་བའི་གཉེན་པོར་གྱུ་པའང་དུས་འདིའོ། །ལྔ་པ་ཁྱེའུ་དགོངས་པ་འགྲེལ་བའང་དུས་འདི་ལ་གོང་དང་མཚུངས་པར་བཅུ་དྲུག་པའི་སྟོད་ནས་གསལ་ལོ། །དྲུག་པ་རུ་དྲ་མ་ལ་ཡའི་རྩེ་ལ་དུས་འདི་ཉིད་ལའང་བབས་སོ། །བདུན་པ་བྱིན་རླབས་ཀྱང་རུ་དྲ་ལ་སོགས་པ་འབྲས་བུ་ཐོབ་པའི་ཕྱིར་ཐུབ་དཀས་བྱིན་རླབས་སྣང་བར་བསྟན་པ་ཡང་བསྐལ་པ་འདི་ཉིད་དོ། །བརྒྱད་པའང་སྙིང་པོ་བྱང་ཆུབ་ནས་དགོངས་པས་བརྒྱུད་པའི་རྒྱལ་ཚབ་སྐྱེས་བུས་འཇིག་རྟེན་དུ་གྲགས་པའང་དུས་འདི་ཉིད་ན་འབྱུང་ངོ་། །དགུ་པ་གྲོང་ཁྱེར་གསུམ་གྱི་ཆེད་དུ་མཛད་པ་བཞི་བསྐལ་པ་འདི་ལའང་མཛད་དོ། །བཅུ་པ་རྒྱལ་བ་ཐུབ་པའི་དབང་པོའི་ལུང་བསྟན་པའང་འདི་ཉིད་ལས་གསུངས་སོ། །བཅུ་གཅིག་པ་མཛད་པ་གསུམ་གྱིས་ལས་རྒྱུད་བསྐལ་པ་འདི་ལའང་བཅད་པའི་ཕྱིར་རོ། །བཅུ་གཉིས་པ་ཐ་མ་སོ་སོའི་དགོངས་པ་ཞིང་སོ་སོ་ནས་བགྲོ་བ་ཡང་རིམ་ལ་ཡའི་རྩེ་མོར་བགྲོས་པ་དང་། ལང་ཀས་བསྐུལ་བས་གསང་བ་པས་སྐུ་བཞི་ལས་ཐོས་པའི་བགྲོས་པ་ཡང་བསྐལ་པ་འདི་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བས་ན་བསྐལ་པ་གཅིག་ལའང་བྱུང་ཚུལ་བཅུ་གཉིས་ཚང་ངོ་། །འོན་བསྐལ་པ་གཅིག་ལ་བྱུང་ཚུལ་བཅུ་གཉིས་སྨོས་ཅི་དགོས་གཅིག་གིས་ཆོག་མོད་ཅེས་དྲིས་ན། དགོས་པ་སོ་སོའི་ཕྱིར་བསྟན་པ་གཅིག་པ་དེ་ལྟར་འབྱུང་ངོ་། །དེ་དག་གི་གཏན་ཚིགས་སོ་སོའི་ལེའུ་ཚོམ་བསྡུས་པ་ལས་གསལ་ཏེ་འཆད་པར་འགྱུར་རོ། །དེས་ན་གསང་སྔགས་ཕྱིས་བསྐལ་བ་འདི་ཉིད་ལ་སྟོན་པའི་རྗེས་ཐོགས་སུ་འབྱུང་བར་ལེའུ་བདུན་པ་ལས་བྱུང་ཚུལ་ལུང་བསྟན་དུ་གསལ་བས་ཐེ་ཚོམ་དང་པོ་ཆོད་དོ། །སྟོན་པ་གཅིག་མྱ་ངན་ལས་འདས་མ་ཐག་པར་འབྱུང་བ་ལས་བྱུང་ཚུལ་བཅུ་གཉིས་རིལ་སྨོས་པས་ཀྱང་། དུས་གསུམ་ཀར་འབྱུང་བ་འདི་ལ་ཡང་ཚང་བར་མངོན་ནོ། །དེ་ནས་སྟོན་པས་དྲི་བ་གཉིས་པ་བཀའ་སྩལ་པ། ཞེས་པ་ལ་སོགས་པ་དྲི་བ་གཉིས་པའི་ལན་བཀའ་སྩལ་བའི་ཕྱིར་བོས་པའོ། །འཁོར་ལ་སྤྱིའི་གདམས་ངག་གསུམ་བསྟན་པའི་དོན་གང་ཞེ་ན། དང་པོར་བསླབ་པར་བྱ་བ་རྣམས་ལ་སྦྱོང་བས་ཞི་གནས་དང་ཤེས་རབ་དང་ལྡན་པར་བྱའོ། །ཤེས་རབ་འབྱོངས་པས་སྐྱེ་བ་མེད་པའི་དོན་རྣོ་མྱུར་ཟབ་ཡང་ཞིབ་པར་གྱུར་པས་ཇི་བཞིན་པའི་དོན་མཐོང་བའི་གདེང་རྙེད་ཅིང་ལྷག་མཐོང་གི་གྲོས་ཀྱིས་ཐག་ཆོད་པར་བྱའོ། །དེ་ལྟར་ཐག་ཆོད་པ་ལ་བློ་མི་གཡོ་བར་འདུག་པའི་སེམས་བཞག་བཅས་ཀྱིས་ཟུང་དུ་འབྲེལ་བའི་སྤྱོད་ལམ་ཐབས་ཀྱིས་ཟིན་པར་བྱའོ། །རྣམ་པ་གཞན་དུ་ན་ཤེས་རབ་ཀྱི་གདམས་ངག་ཏུའང་མི་འཐད་པ་མ་ཡིན་ནོ། །སྡོམ་པ་སྤྱོད་པའི་གདམས་ངག་གསུམ་གང་ཞེ་ན། ཐུན་མོང་དང་ཐུན་མོང་མ་ཡིན་པར་སྦྱར་ཏེ་སེམས་ཀྱིས་སྒོ་གསུམ་གཡོ་སྒྱུ་མེད་པ་དང་། ངག་གི་སྒྲོ་སྐུར་མེད་པས་བསམ་པ་ཇི་བཞིན་པར་སྨྲ་བ་དང་། ལུས་ཀྱི་བདག་གཞན་གྱི་དོན་དུ་འགྱུར་བ་མ་ཡིན་པ་གནོད་པའོ། །སེམས་ཡང་དྲན་རྟོག་དོན་དམ་པར་དེ་བཞིན་ཉིད་རང་བྱུང་གི་ཡེ་ཤེས་སུ་ཤར་བས་ལོག་པར་མི་དམིགས་པ་དང་། ངག་དོན་དམ་པར་མི་བརྗོད་རྒྱལ་བའི་གསུང་ལ་སྐྱོན་བཞི་མ་སྤངས་བྲལ་བར་རྟོགས་པ་དང་། ལུས་དོན་དམ་པར་རིལ་རྒྱལ་བའི་མཛད་པ་ལ་ལེགས་ཉེས་བྲལ་བ་སྟེ། དེ་དག་ལ་ནི་སྤྱོད་པ་མི་འགོག་འཆིང་སྤྱད་མེད་པའོ། །ཤེས་རབ་ལྟ་བའི་གདམས་ངག་གསུམ་ནི། ཐོས་པའི་ཤེས་རབ་ཇི་བཞིན་པ་དེ་ཁོ་ན་ཉིད་ཐབས་ཁྱད་པར་ཅན་གྱི་གཏན་ཚིགས་ཀྱིས་བཙལ་བ་ལ་འབད་པ་དང་། བསམ་པའི་ཤེས་རབ་དེ་ལ་དགོས་པ་ཅི་ཡོད་པ་ཤེས་པར་བྱ་བ་དང་། བསྒོམ་པའི་དེ་ལྟར་བཙལ་བས་ལྟ་བའི་གནད་ཚུད་དེ་གདེང་རྙེད་པས་དོན་མཐོང་བར་བྱའོ། །དོན་རྗེས་ཚིག་གིས་འཚོབ་པ་ངག་གི་གདམས་ངག་གསུམ་ནི་སྤྱོད་པར་འགྱུར་ཏེ། བརྗོད་པ་ཅིའང་བརྫུན་པ་སྤང་བ་དང་། ཚིག་རྗེས་ཚིག་གིས་ངག་བརྗོད་པ་ལས་ཕྱིས་རྗེས་སུ་སྙོག་པ་དང་། ཚིག་རྗེས་དོན་གྱིས་ངག་དང་མཐུན་པར་སྒོ་གསུམ་སྤྱོད་པའོ། །བྱ་བ་བྱེད་པའི་བསླབ་པའི་གདམས་ངག་གསུམ་ནི། དཀའ་ཐུབ་སྡོམ་པའི་སྒོ་སྤྱོད་པ་དང་། རྟོགས་པ་ཤེས་རབ་ཀྱི་སྒོ་དང་། གོམས་པ་ཏིང་ངེ་འཛིན་གྱི་སྒོའོ། །གོལ་ས་ཤེས་པར་བྱ་བའི་ཕྱིར་རྩོལ་བས་འཇུག་པའི་སྒོ་དང་། གྲུབ་པ་ཐབས་ཀྱི་སྒོ་དང་། མཐར་ཕྱིན་འབྲས་བུའི་སྒོ་མོའོ། །སྤྱིར་ཤེས་པར་བྱ་བའི་ཕྱིར། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་དང་། མཚན་མ་མེད་པའི་སྒོ་དང་། སྨོན་པ་མེད་པའི་སྒོ་མོའོ། །ཕྱིས་འབྱུང་བའི་གསང་སྔགས་དེ་ཁོ་ན་ཉིད་ཇི་བཞིན་པའི་མིང་གི་རྣམ་གྲངས་ཏེ། ཡི་གེ་ཨཱོཾ་མཱུྃ་ཧཱུྃ་གི་དོན་རང་བཞིན་ལྷུན་གྱིས་གྲུབ་པ་བདེ་བར་གཤེགས་པའི་སྙིང་པོ་ཨཱོཾ་ཉིད་དང་། ཡེ་མཱུྃ་ཇི་བཞིན་པ་རིལ་དང་ངོ་བོ་མི་ཕྱེད་པ་དང་། རྩ་ཧཱུྃ་བ་བྱང་ཆུབ་ཀྱི་སེམས་སྤྱོད་ཡུལ་དང་བྲལ་བ་བློས་རེག་དཀའ་བ་དེ་ཉིད་དེ། དེ་དག་ནི་སྔགས་གསུམ་སྟེ། དེ་ལ་ཅིར་ཡང་མི་བསམ་མི་དཔྱད་གཡོ་བ་མེད་དེ། མི་བསྒོམ་པའི་བསྒོམ་པ་ལ་བསླབ་པ་མེད་པའི་བསླབ་པར་བྱའོ། །དེ་ཡང་རིགས་སྔགས་གསང་སྔགས་གཟུངས་སྔགས་སུ་མདོ་ལས་གྲགས་པ་ཉིད་ལ་བསླབ་པར་བྱའོ། །དེ་ལྟར་བསྒོམ་པས་གོལ་ས་སྒྲིབ་པ་ནི་གྲོང་ཁྱེར་གསུམ་སྟེ། སྒོ་གསུམ་དང་ཁམས་གསུམ་དང་ཤེས་པ་གསུམ་གྱི་རྟོག་པ་བཤིག་པར་བྱའོ། །འོ་ན་འདིར་གསུམ་ཚོ་ལྔ་ལ་གདམས་ངག་གསུམ་ཞེས་པ་བཏུབ་བམ་ཞེ་ན། དེ་ནི་བཅོ་ལྔར་སྣང་ཡང་རྩ་བའི་དབང་གིས་གསུམ་ཞེས་པ་མི་འགལ་ཏེ། དཔེར་ན་རིམ་ཉིན་བཞི་པའམ་སྦྲུལ་གོམ་པ་བདུན་པ་དང་ཤིང་འདབ་བདུན་པ་ལྟ་བུའོ། །དེ་དག་ནི་བློ་ཆུང་བའི་བློས་བཞག་པའི་ལན་ཡིན་པའི་ཕྱིར། རྒྱུའི་ཐེག་པའི་ངེས་པར་བཞག་པ་གསུམ་སྟེ་གཉིས་པའི་ལན་ནོ། །དྲི་བ་གསུམ་པའི་ལན་བསྟན་པའི་ཕྱིར། དེ་ནས་ཡང་སྟོན་པས་དྲི་བ་གསུམ་པ་བཀའ་སྩལ་པ། རིག་པ་འཛིན་པ་འདི་སྟེ། ང་ཡིས་སྒྲོན་མ་གང་བཞག་པ། །ཞེས་པ་ལ་སོགས་པ་སྟོན་པས་ཡི་གེའི་སྒྲོན་མ་བསྟན་པ་ཕུན་སུམ་ཚོགས་པ་གསུམ་ནི། སྣོད་ཀྱི་རིམ་རབ་འབྲིང་ཐ་མ་པ་གསུམ་དུ་སྣང་བའི་ཕྱིར་སྡེ་སྣོད་རིན་པོ་ཆེ་གསུམ་དུ་བསྡུའོ། །དེའི་དོན་བསྡུ་ལུགས་ནི་ཞི་གནས་ལྷག་མཐོང་ལས་མཐའ་གསུམ་དུའོ། །དེ་ལས་འདུལ་དབང་གིས་ཤེས་པའི་རྒྱུད་གསུམ་ལ་བསྡུའོ། །རྣམ་པ་གཞན་དུ་གང་ཟག་གཅིག་གིས་ཀུན་གཞི་ཡིད་ཉོན་ཡིད་ཤེས་པ་གསུམ་ལའང་བསྡུའོ། །འཇུག་པའི་སྐལ་བ་ཆུང་བས་ཡི་གེ་ལ་མ་བརྟེན་པར་མི་གོ་བའི་ཕྱིར་ཡི་གེའི་ཚོགས་ཏེ་སྡེ་སྣོད་གླེགས་བམ་དུ་བསྡུའོ། །གང་གིས་བསྡུ་ན་གང་ཟག་བློ་མཐོ་དམན་གྱི་ཆེད་དུ་ཐེག་པ་ལ་མཐོ་དམན་ཡོད་པས་ཉན་ཐོས་ཀྱི་ལུགས་སུ་བསྡུ་འོད་སྲུང་གིས་བ་དང་། ཐེག་པ་ཆེན་པོ་དབུ་མའི་ལུགས་སུ་སོ་སོའི་སྡུད་པ་ཀུན་དགའ་བོས་པོས་བསྡུའོ། །ཐེག་པ་ཆེ་ཆུང་གི་བློ་ཡིས་ཡུལ་ཆོས་ཀྱང་ལྟ་སྤྱོད་མཐོ་དམན་གདུལ་བྱའི་མོས་ཕྱོགས་སུ་བཀའ་སྩལ་ཏོ། །དེ་ནས་སྟོན་པས་དྲི་བ་བཞི་པ་དང་། ལྔ་པ་ཚིག་ལེའུ་གཅིག་པ་བཀའ་སྩལ་པ། ཞེས་པ་ལ་སོགས་པ་དྲི་བ་ཐ་མ་གཉིས་ལན་གཅིག་གིས་ཆོད་པར་བྱ་བའི་ཕྱིར་བཀའ་སྩལ་པ་ནི། ཀུཉྫ་ལ་བོས་ནས་གདམས་ཏེ། སྟོན་པ་སྐུ་མྱ་ངན་ལས་འདས་པའི་འོག་ཏུ་སྔགས་གསུང་བ་ཡང་སྐུ་མ་འདས་པའི་གོང་དུ་ཕྱིས་གསང་སྔགས་འབྱུང་བར་ལུང་ཛཿལ་བསྟན་པས་གསང་སྔགས་ཀྱི་བསྟན་པ་འབྱུང་སྟེ། ཕྱག་ན་རྡོ་རྗེས་དམན་པའི་ལུང་ཅན་གྱི་སེམས་དཔའ་དམ་པའི་རིགས་ཅན་ལྔ་རྒྱལ་པོ་ཛཿལ་སོགས་པ་དག་ཀྱང་བྱུང་ནས་དེ་དག་ལ་སྟོན་ཅིང་དེ་དག་གིས་ཀྱང་སོ་སོར་རང་རང་གི་མཐུན་པའི་གནས་རིས་སུ་སྟོན་པར་མཛད་ཅིང་སྤྲོས་ནས་བསྟན་པ་གསལ་བར་བྱེད་པ་དང་། ལྔ་པའི་ལན་ལོག་པའི་སྡེ་པ་སུན་འབྱིན་ཅིང་ཚར་གཅོད་དོ། །དེ་སྐད་བརྗོད་པས་དྲི་བ་ཐ་མ་གཉིས་ཆོད་དོ། །གདམས་ངག་ངེས་པར་གཞག་པ་ནི། །ཞེས་པ་ནི་གསུངས་པའི་ལན་ལྔ་དང་། གསུམ་གདམས་པ་བསྟན་པའོ། །དེ་ནི་གདུང་བ་ཉི་ཤུ་རྩ་གསུམ་འབྱུང་བའི་ཡང་རྒྱུ་ཡིན་པའི་ཕྱིར་རྒྱུའི་རྒྱུ་ཁོ་ནའོ། །གཉིས་པ་བཀྲོལ་བའོ།། །།བཤད་ཚུལ་རྗེས་སུ་མཐུན་པར་ལུང་བསྟན་པའི་གླེང་གཞིའི་རྒྱུ་བསྟན་པའི་ཕྱིར། དེའི་ཚེ་དེའི་དུས་ན་གང་དག་མི་ཆེན་པོ་རྣམས་ནི། ཞེས་པ་ལ་སོགས་པ་དེའི་དུས་ན་དོན་ལ་ཤེད་བྱེ་བའི་དམ་པའི་རིགས་ཅན་ལྔ་པོ་ལ་སོགས་པ་སེམས་དཔའ་ཆེན་པོ་རྣམས་རིག་འཛིན་ནི་སྐུ་ལ་འདའ་བ་དང་མི་འདའ་བ་མེད་པར་ཤེས་པའི་དབང་གིས་ནང་དུ་བསམ་གཏན་མི་གཡོ་བ་ལ་ཞུགས་ཏེ་འདས་པ་ལ་གདུང་བའི་མྱ་ངན་མེད་དོ། །དོན་ཆེན་པོ་ལ་ཤེད་མ་བྱེ་བའི་ཉན་ཐོས་ལོ་ཀ་བ་ལ་སོགས་པ་གཟུགས་སྐུ་སྐྱེ་འཇིག་ཏུ་མཐོང་བའི་ལྟ་བ་ཅན་དག་ནི་སྟོན་པ་སྐུ་འདའ་བར་མཐོང་ནས་མྱ་ངན་གྱིས་སེམས་མྱོང་ཏེ་སྨྲེ་སྔགས་འདོན་ཏོ། །འཇིག་རྟེན་གྱི་ལྷ་མི་ཕལ་པ་དག་ཀྱང་སྒྲ་ཇི་བཞིན་དུ་གྱུར་ཏོ། །ལྷའི་གནས་རིས་མན་ཆད་རྩི་ཤིང་སྐམས་པ་དང་། རླུང་དང་ཁ་ཆར་ལ་སོགས་པ་ཡིད་དུ་མི་འོང་བ་སྣང་བར་གྱུར་ཏེ་མོས་པ་ཅན་གྱི་སེམས་ཅན་རིལ་སེམས་ཀྱི་དྲན་པ་ཉམས་སོ། །གཞན་སྒྲ་ཇི་བཞིན་ནོ། །གཞན་དོན་དུ་དེ་ནས་ལོ་བརྒྱད་དང་བཅུ་གཉིས་འདས་པ་ན། ཞེས་པ་ལ་སོགས་པ་སྟོན་པ་སྐུ་མྱང་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ལོན་པ་ན། དམ་པའི་རིགས་ཅན་ལང་ཀའི་བདག་པོ་ལ་སོགས་པ་དགོངས་པའི་ཏིང་ངེ་འཛིན་ལས་བཞེངས་པ་དང་། སྟོན་པ་འདས་པར་མཐོང་ནས་མྱ་ངན་གྱི་སྨྲེ་སྔགས་འདོན་ཏོ། །དེ་ནས་རིག་པ་འཛིན་པ་ཀུན་བགྲོ་བ་དང་གདུང་བ་འདོན་པའི་ཕྱིར་མ་ལ་ཡར་འདུས་ཏེ་གདུང་བའི་སྨྲེ་སྔགས་ཉི་ཤུ་རྩ་གསུམ་བཏོན་པ་ནི་གང་ཞེ་ན། སྟོན་པ་སྒྲོན་མའི་འོད་དུ་ནུབ་ན། །ཞེས་པ་ལ་སོགས་པ་འདི་དག་རྒྱུ་དང་རྐྱེན་ཐུན་མོང་དུའང་འགྱུར་ཏེ་བྱང་ཆུབ་སེམས་དཔའ་དེ་དག་ལ་མངོན་ཤེས་ཡོད་པས་སྙིང་པོ་བྱང་ཆུབ་ཀྱི་རྒྱལ་བ་ལ་དོན་གྱིས་བསྐུལ་བར་ཡང་འགྱུར་བའི་ཕྱིར་རོ། །དེ་དངོས་ཀྱི་འདི་ལྟ་སྟེ། སྟོན་པ་འདས་ནས་ཕྱིས་མ་རིག་པའི་མུན་པ་བསྟན་པ་དང་སྟོན་པ་གང་གིས་སེལ་བར་ཞུས་པ་དང་། སྟོན་པ་མི་བཞུགས་ན་བསྟན་ལ་འཇུག་པར་འདོད་པའི་ལྟ་བ་ལོག་པར་མི་འགྱུར་རམ་ཞེས་དྲིས་པ་དང་། སྟོན་པ་མེད་ན་གང་ཟག་རྟོགས་པ་དང་ལྡན་པས་མི་ཤེས་པའི་སློབ་བུ་ལ་བཤད་པས་གཏན་ལ་ཕེབས་མི་ཕེབས་དྲིས་པ་དང་། སྟོན་པ་ཡེ་ཤེས་ཀྱི་སྤྱན་ཅན་མི་བཞུགས་པས་ལོག་སྟོབས་འཕེལ་བར་མི་འགྱུར་རམ་དྲིས་པ་དང་། ཚད་མའི་ཞལ་མི་བཞུགས་པས་བཀའ་ཚད་མའང་ནུབ་ནས་ལམ་པ་དག་མ་རིག་པས་ནོན་པར་མི་འགྱུར་རམ་ཞེས་དྲིས་པ་ལ་སོགས་པ་སྒྲ་ཇི་བཞིན་པ་དྲིས་སོ། །ངག་སེམས་ཀྱི་ཧུད་ཀྱི་སྒྲ་སྒྲོགས་ཤིང་བླང་བས་གདུང་བ་དེ་དག་བཏོན་ནོ། །ཐོག་མར་དམ་པས་གདུང་བ་བཏོན་པའི་ལེའུ། ཞེས་པས་གདུང་བ་འདི་དག་བྱིས་པ་རྣམས་ཀྱིས་མི་སྤོབས་ཏེ་དམ་པའི་རིགས་ཅན་ལྔ་ལ་སོགས་པས་བཏོན་པ་སྟེ། གསུམ་པ་བཀྲོལ་བའོ།། །།དེ་ལྟར་གདུང་བ་གསན་པས་གདུང་བ་སེལ་བར་བགྲོ་བ་མཛད་ནས། ཕྱག་ན་རྡོ་རྗེ་ལ་བསྐུལ་བའི་རྐྱེན་དུ་འགྱུར་བའི་དོན་བསྟན་པའི་ཕྱིར། དེ་སྐད་སྨྲས་ཏེ་གདུང་བ་ལས། །སྲིད་གསུམ་འགྲོ་བའི་གཉེན་གཅིག་པུ། །ཞེས་པ་ལ་སོགས་པ་གདུང་བ་རྩ་གསུམ་བཏོན་པ་དེ་ཐུགས་རྗེའི་དབང་གིས་སྙིང་པོ་བྱང་ཆུབ་ཀྱི་རྒྱལ་བ་ཇི་སྙེད་པས་གསན་ནས་གསང་སྔགས་ཀྱི་བདག་པོ་ལ་འགྲོ་དོན་དུ་བསྐུལ་བའི་ཕྱིར་ལྕང་ལོ་ཅན་དུ་འདུས་སོ། །བསྐུལ་ཚིགས་དངོས་ནི། གསང་བའི་བདག་པོ་ཁྱོད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དུས་ན་འགྲོ་བའི་སྡུག་བསྔལ་སེལ་བར་དམ་བཅས་ནས། བརྩོན་པ་དང་དམ་བཅས་ཀྱི་གོ་ཆ་གྱོན་པ་ཁྱེད་ཀྱིས་མི་ཤེས་སམ་ཞེས་གནད་དུ་བསྐུལ་ཏེ། ཐུགས་རྗེས་མི་ཡུལ་དུ་གཤེགས་ནས་གདུང་བ་དེ་དག་བསམ་པ་དང་། བདུད་དང་མུ་སྟེགས་ལོག་པའི་ཚོགས་བཏུལ་ལ། ཐབས་འཛུད་བསྲེ་བ་དང་ཆ་མཐུན་སྦྱོར་བས་འདུལ་བ་དང་། འདོད་པ་རང་རྐྱེན་དང་དཀྲི་དྲང་བརྒྱུད་པའི་མཐུན་འཇུག་གིས་འདུ་ཤེས་བསྒྱུར་ལ། གསང་སྔགས་བཤད་དེ་ཡང་དག་པའི་ས་ལ་འཁོད་ཅིག་པར་བསྐུལ་ལོ། །དེར་གསང་བའི་བདག་པོས་གསན་ནས་མི་གཡོ་བ་ལས་བཞེངས་ཏེ་ཞལ་གྱིས་བཞེས་པ་བསྟན་པའི་ཕྱིར། དཔའ་བོ་རྡོ་རྗེ་འཛིན་རྒྱལ་པོ། །ཞེས་པ་ལ་སོགས་པ་བདུད་དང་ལོག་པའི་དཔུང་བཅོམ་པའི་མཐུ་མངའ་བ་དང་། ཐབས་ཐམས་ཅད་ལས་མཆོག་ཏུ་གྱུར་པ་དང་། འཁོར་བའི་དགྲ་དཔུང་བསྙིལ་བའི་ཕྱིར་མཚན་གནོད་འདུལ་ལོ། །གསང་བའི་དབང་ཐོབ་པའི་རྟགས་འཆང་བས་རྡོ་རྗེ་འཛིན་པ་ཞེས་བྱ་བ་དེ་གདུལ་བྱའི་ངོ་ལ་སྣང་བས། ཆོ་འཕྲུལ་གྱི་མཛད་པ་མང་པོའི་བྱིན་རླབས་སྣང་བར་མཛད་ནས་ལང་ཀའི་བདག་པོ་ལ་སོགས་པ་གསང་སྔགས་ཀྱི་སྐལ་བ་ཅན་དུ། ཐུབ་པའི་དབང་པོས་སྐལ་བ་ཅན་ལ་གསང་སྔགས་འབྱུང་བར་ལུང་བསྟན་པ་ལྟར་ད་ལྟར་གསང་སྔགས་བསྟན་པའི་དུས་ལ་བབ་བས། འཁོར་བ་ཉིད་སྙིང་པོ་བྱང་ཆུབ་ཡིན་པར་བསྟན་པའི་ཆེད་དུ་སྔར་གྱི་རྒྱལ་བ་མང་པོའི་མཛད་པའི་བྱིན་རླབས་ཀྱིས་ཐེག་པ་ཆེན་པོ་བཤད་པ་དང་། སྤྲུལ་པའི་སྐུ་རྣམས་ཀྱིས་ཕྱིན་འབྱུང་བར་ལུང་བསྟན་པ་བཞིན་ངས་བཤད་པར་ཞལ་གྱིས་བཞེས་སོ། །དེའི་གནས་ངེས་པ་གང་དུ་སྙམ་པ་ལ། དྲག་ཤུལ་ཅན་ཞེས་བྱ་བའི་རི། །ཞེས་པ་ལ་སོགས་པ་རིའི་མཚན་ནི་རེ་ཞིག་རྟེན་ཅན་གྱི་མཚན་རྟེན་ལ་བཏགས་པ་དང་། ཤིན་ཏུ་དབེན་པ་དེ་ནི་བདེ་བར་གཤེགས་པ་རྣམས་ཀྱི་དགོངས་པ་གསང་སྔགས་ཐེག་པ་ཆེན་པོ་འབྱུང་བའི་གནས་ཡིན་ཏེ་ཡོན་ཏན་དེ་ལྟ་བུ་ཡོད་པའོ། །དུས་སྔ་ཕྱི་རིལ་གྱི་གསང་སྔགས་ཀྱང་དེ་ལྟ་བུའི་གནས་སུ་འབྱུང་བས་རྒྱལ་བ་རིལ་གྱིས་རི་དེ་ལ་མཆོག་ཏུ་བསྔགས་པ་བརྗོད་པའོ། །སྟོན་པ་པོ་ཡང་ཐོག་མཐའ་རིལ་དུ་རྒྱལ་བ་སྙེད་པས། སོ་སོའི་ཞིང་གནས་སུ་གསང་སྔགས་བསྟན་པའི་རྗེས་སུ་བདག་གནོད་འདུལ་གྱིས་ཀྱང་། སྤྲུལ་པ་དེ་དག་འདས་མ་ཐག་པར་བསྐུལ་པ་འབྱུང་བའི་དུས་རིལ་དུ་བདག་གི་ཆོ་འཕྲུལ་གྱིས་གསང་སྔགས་བསྟན་པ་ཡིན་པའི་ཕྱིར་འདིར་ཡང་བསྟན་ཏོ་ཞེས་བཀའ་ཞལ་གྱིས་འཆེས་སོ། །གང་གི་གདུང་བ་སེལ་བར་བགྲོས་པའི་ལེའུ། ཞེས་པ་དམན་པའི་གདུང་བ་དེ་དག་རྒྱལ་བ་རིལ་དང་གསང་བ་པོས་སེལ་བར་བཀའ་བགྲོས་དང་། བསྐུལ་བས་ཞལ་གྱིས་འཆེས་པའི་ལེའུ་བཞི་པ་མདོར་བཀྲོལ་བའོ།། །།ལུང་བསྟན་བརྒྱུད་པའི་གླེང་གཞིའི་ངོ་བོ་དང་གླེང་བསླང་བ་བསྟན་པའི་ཕྱིར། དེ་ནས་དེ་ཚེ་དེ་ཉིད་དུ། །ཞེས་པ་ལ་སོགས་པ་སྙེགས་པ་དང་འདྲེན་པའི་ཞལ་གྱིས་འཆེས་པ་དང་ངོ་བོའི་འཕྲད་སྦྱོར་བའོ། །དེ་ཡང་དུས་ནི་བསྐུལ་བའི་དུས་དེའོ། །གནས་ནི་མ་ལ་ཡ་ཉིད་དོ། །སྟོན་པ་ནི་གནོད་འདུལ་ཏེ་ཞལ་གྱིས་འཆེས་པའི་ཚིག་གིས་དེ་བཀའ་སྩལ་ནས། གནས་ཀྱི་ངོ་བོ་ནི་མི་ཡུལ་གླིང་བཞི་ཇི་སྙེད་པ་ལས་གླིང་འདིའི་རི་མ་ལ་ཡའོ། །གླེང་གཞི་བཅས་པའི་སྦྱོར་བ་ཇི་སྙམ་པ་ལ། ཐུགས་རྗེའི་ས་ལ་མངོན་སྤྲུལ་གཤེགས། །ཞེས་པ་ལ་སོགས་པ་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་འཁོར་བའི་གནས་སུ་སྐུ་གདུལ་བྱའི་ངོ་ལ་སྣང་བ་ནི་བྱོན་པའོ། །སྔར་ཁས་འཆེས་པའི་ཆོ་འཕྲུལ་ནི། ཕྱིའི་ས་དངོས་གཡོས་པ་དང་ནང་གི་ས་རྣམས་འོག་ནས་གོང་དུ་གཡོས་པོ་ལ་སོགས་པའི་མཛད་པས་གདུལ་བྱའི་རྟོག་སྒྲིབ་བསལ་ཏེ་བདེ་བ་ལ་བཀོད་དོ། །དེ་ལྟ་བུའི་ལྟས་དེ་དང་པོ་སུ་ལ་ཤར་ཞེ་ན། སྔོན་དུ་སྣང་བའི་སྐལ་ལྡན་ཅན། །ཞེས་པ་ལ་སོགས་པ་ཐུབ་པའི་དབང་པོ་ཉིད་བཞུགས་ཙམ་ན། རྒྱལ་པོ་ལ་འབྱུང་བར་ལུང་བསྟན་ཐོབ་པའི་སྐལ་ཅན་མི་ལུས་དམན་པའི་དྲྭ་མ་རྒྱལ་པོ་ཛཿའི་ལྟས་རྨིས་ལྟས་སུ་བྱུང་ངོ་། །འཁོར་གྱིས་སྟོན་པ་གང་ཡིན་ངོ་ཤེས་པར་བྱ་བའི་ཕྱིར་དྲིས་པ་གང་ཞེ་ན། དེ་ཚེ་དམ་པའི་རིགས་ཅན་རྣམས། །ཞེས་པ་ལ་སོགས་པ་རྒྱལ་པོའི་གནས་སུ་འབྱུང་བའི་དུས་དེར། ལང་ཀ་ལ་སོགས་པས་གསང་སྔགས་འབྱུང་བ་དང་སྟོན་པ་གཤེགས་པ་ལ་དགའ་ཞིང་ཐེ་ཚོམ་སྐྱེས་ཏེ་གང་ཡིན་དྲིས་པ་ནི་དྲུག་སྟེ་སྒྲ་བཞིན་ནོ། །དེ་ལ་སྟོན་པས་དོན་བཅུ་བདུན་གྱི་ལོ་རྒྱུས་ཞིབ་ཏུ་བརྗོད་པ་ནི། ཆོས་འཕྲུལ་ཆེན་པོས་འདི་སྐད་དུ། །ཞེས་པ་ལ་སོགས་པ་ཆོ་འཕྲུལ་གྱི་བདག་ཉིད་གསང་བདག་གིས་ལན་བརྗོད་པ་ཉེ་བར་བསྟན་པ་ནི། མཚན་ཅི་ཡིན་པ་གསུངས་པ་དང་། ཐུགས་རྗེ་སྐྱབས་ཀྱི་བདག་པོ་ཡིན་པ་དང་། བཞུགས་ཡུལ་དང་། གདུང་ཅི་ཡིན་པ་དང་། ཡབ་དང་ཡུམ་བསྟན་པ་དང་། དོན་མ་རིག་པའི་ལོ་རྒྱུས་དང་། སེམས་ཀྱི་དོན་མ་རྟོག་པར་མཁྱེན་ནས་སྡུག་བསྔལ་བརྒྱུད་པ་དང་། ལམ་བཙལ་བས་མ་རྙེད་པའི་ལོ་རྒྱུས་གསུངས་པ་དང་། དུས་དེར་སྟོན་པ་རྡོ་རྗེ་སེམས་དཔས་བསྟན་པའི་ཚིག་གིས་སེམས་ཀྱི་ནོར་བུ་རང་ལ་ཡོད་པར་མི་ཤེས་ན་ཡལ་བར་མ་འདུག་ཅིག་པར་བསྐུལ་བའི་ལོ་རྒྱུས་བཀའ་སྩལ་པ་དང་། གསང་བ་པོ་ཉིད་ཀྱིས་སེམས་ཇི་བཞིན་པར་རྟོགས་པའི་ཐབས་ཞུས་པ་དང་། སྟོན་པས་རང་ཉིད་ལས་ཚོལ་ཅིག་པར་གསུངས་པའི་ལོ་རྒྱུས་བརྗོད་པ་དང་། བཀའ་གསང་བདག་ཉིད་ཀྱིས་ཐོས་ནས་སྟོན་པ་ཉིད་ལ་ཞུས་ཏེ་ཐེག་པ་ཆེན་པོའི་སྒོར་ཞུགས་ཏེ་བགྲོད་པས་འཁོར་བའི་སྐྱེ་རྒ་ན་འཆི་བསྒྲལ་ཏེ། སྒོ་ཀུན་ནས་བསྡུར་ཏེ་ཐེག་པ་ཆེན་པོའི་ཡང་ཆེན་པོར་ཞུགས་ཏེ་ས་བགྲོད་ནས་བཙལ་བས་བྱང་ཆུབ་རང་རིག་པ་ཉིད་ལས་མ་རྙེད་པར་རྙེད་དེ། ཇི་ལྟ་བའི་འབྲས་བུ་ཐོབ་པ་མེད་པར་ཐོབ་ནས་ཇི་བཞིན་པ་ལྷུན་གྱིས་གྲུབ་པའི་ངང་ལས། ཐུབ་པའི་དབང་པོ་སྤྲུལ་པ་སྣང་བའི་དུས་འདིར། དགེ་སྡིག་སྤྱོད་པའི་གནས་འདིར་འགྲོ་འོངས་མེད་པར་འོངས། ཞེས་གསུངས་པ་དང་། ང་ནི་ཐབས་ཀྱི་མཉན་པ་མཁན། །ཞེས་པ་ལ་སོགས་པ་འགྲོ་བ་བསྒྲལ་བའི་ཆེད་དུ་ཡོན་ཏན་བཅུ་གཅིག་གི་མཛད་ཐབས་བཅུ་གཅིག་གིས་གདུལ་བྱ་ཐར་བར་བྱ་བའི་ཕྱིར། འཁོར་གྱིས་མ་ཞུས་པར་སྟོན་པས་སྦྲན་ནས་གླེང་བསླང་བའི་དོན་གཉིས་ལས་སྟོན་པས་མདུན་བསུ་བར་སྦྱར་ཏེ་སྒྲ་ཇི་བཞིན་དུའོ། །དེའང་། རྣམ་དག་ལམ་ཆེན་ཀུན་སྒྲོལ་འདིར། །ཞེས་པ་ལ་སོགས་པ་ཐེག་པ་ཆེན་པོ་འདིར་སུ་ཞུགས་པ་འབྲས་བུ་རང་ལ་འཆར་ཏེ་བརྩོན་པས་རྟོགས་པ་ཉིད་སངས་རྒྱས་ཡིན་པས་འབད་ཅིག་པར་གསུངས་སོ། །རྡོ་རྗེ་གསང་ཆེན་གསང་བ་ཡི། །ཞེས་པ་ལ་སོགས་པ་ངོ་བོ་ཇི་བཞིན་པ་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་མི་བྱེད་མི་འགྱུར་རྒྱུ་རྐྱེན་བྲལ་བའི་དོན་ཉིད་མཐོང་དཀའ་བ་ནི་རྡོ་རྗེ་གསང་སྔགས་ཏེ། རྒྱུད་ལུང་མན་ངག་གི་མཛོད་རྒྱལ་བ་རིལ་གྱི་ཡུམ་དུ་གྱུར་པའི་ཐེག་པ་དག་འདིར་བཤད་པས་ཚངས་པ་གཙུག་ཕུད་དང་དྲི་མ་མེད་པར་གྲགས་པ་ལ་སོགས་པ་རྣམས་ལས་སྔ་ཕྱིར་བརྒྱུད་དེ་ལྷ་མིའི་ཡུལ་དུ་རྒྱས་ཤིང་སྣང་བར་གསུངས་པ་དང་། ལྷ་མི་འཇིག་རྟེན་ཐམས་ཅད་ཀྱི། །ཞེས་པ་ལ་སོགས་པ་གདུལ་བྱ་དེ་དག་གི་མ་རིག་པ་གཉིས་དང་། གདུང་བ་རྩ་གསུམ་ལ་སོགས་པ་བསལ་ནས་རང་རིག་པ་རང་གི་རང་བཞིན་གྱི་འོད་གསལ་ལ་རྟོགས་པར་འགྱུར་བར་གསུངས་པ་དང་། ཅི་ཕྱིར་གདུང་བའི་མུན་པར་ཞུགས། །ཞེས་པ་ལ་སོགས་པ་དམ་པའི་རིགས་ཅན་ཁྱོད་དགོས་པ་གང་གི་ཆེད་དུ་གདུང་བ་ཉི་ཤུ་རྩ་གསུམ་གྱིས་གཞན་དུ་ཚོལ་བའི་མྱ་ངན་གྱི་མུན་པར་ཞུགས་པ་ཡིན་ཞེས་དྲིས་ནས་སྟོན་པ་འདས་པ་ལ་མྱ་ངན་བྱ་བར་རིག་པ་མིན་ཏེ། དེ་ནི་ཆོས་ཀྱི་སྐུའི་བདག་ཉིད་སྐུ་ལྔ་ལྷུན་གྱིས་རྫོགས་པ་རྡོ་རྗེའི་སྐུ་བརྙེས་པས་འདས་མ་འདས་མེད་པས་མ་གདུང་ཅིག་པའི་ལན་བཀའ་སྩལ་ཏོ། །དེ་དག་དྲི་བ་དྲུག་གི་ལན་དུ་སྦྱར་བ་ནི། དྲུག་པ་ཡན་ཆད་དང་པོའི་ལན་བཏབ་པའོ། །བཅུ་གཉིས་པའི་ལན་གསུམ་ནི། གཉིས་པ་དང་བཞི་པ་དང་ལྔ་པའི་ལན་ནོ། །བདུན་པ་ནས་བཅུ་གཅིག་ནི་གསུམ་པའི་ལན་ནོ། །བཅུ་གསུམ་པ་ནི་དྲི་བ་དྲུག་པའི་ལན་ནོ། །བཅུ་བཞི་པ་ཐ་མའི་ལན་ནོ། །བཅོ་ལྔ་པ་གསུམ་པ་དང་ལྔ་པའི་ལན་ནོ། །བཅུ་དྲུག་པ་དང་བཅུ་བདུན་པའང་ཐ་མའི་ལན་ཏེ་ཁྲིའུར་དུ་འབྱུང་བས་དོན་གྱི་གཏིང་བརྟགས་ཏེ་མཇལ་བར་བྱའོ། །གླེང་བསླང་བའི་དོན་གུས་པས་དྲི་བ་དྲིས་པ་བསྟན་པའི་ཕྱིར། སྔོན་དུ་བྱུང་བའི་རིགས་ཅན་རྣམས། །ཞེས་པ་ལ་སོགས་པ་སྟོན་པ་ཡིན་པར་ངོ་ཤེས་ནས་དགའ་བའི་སེམས་ཀྱིས་སྒོ་གསུམ་གུས་པས་ཞུ་བ་སྤོབས་པའི་ཚུལ་ལོ། །མཚན་མོ་མུན་ནག་སྤྲིན་རུམ་ནས། །གློག་འགྱུས་བར་སྣང་སྟོན་ལྟ་བུས། །ཞེས་པ་ལ་སོགས་པ་ཞུ་བའི་ཕྱིར་སྟོན་པ་སྐྱེས་བུའི་མཚན་གྱི་རྣམ་གྲངས་ལས་བསྟོད་པ་བརྒྱད་བྱས་པ་སྟེ། དང་པོ་ཁྱོད་གསང་བའི་དོན་གྱི་བདག་པོ་སྐུ་ཤིན་ཏུ་བཀོད་པའང་རྒྱལ་བ་རིལ་གྱི་དགོངས་པའི་མངའ་བདག་ཡིན་ནོ་བར་བསྟོད་པ་ནི་ཐབས་བཅུ་བཞི་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །བཀའ་རྣམས་བགྲོ་བར་ཁྱོད་བསྔགས་པས། །ཞེས་པ་དག་བཀའ་ཐམས་ཅད་ཀྱི་དགོངས་པ་འགྲེལ་ལོ་བར་བསྟོད་པ་ནི་ཐབས་བཅུ་པ་དང་བཅུ་གཅིག་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །སེམས་ཀྱི་དཀྱིལ་འཁོར་ཐམས་ཅད་ལས། །ཞེས་པ་དག་ནི་གདུལ་བྱའི་བསམ་པ་རིལ་ལ་གསང་བ་གསུམ་གྱི་དོན་ཤར་བར་མཛད་ནས་སྒྲིབ་པའི་མུན་པ་སེལ་བའི་ཉི་མ་ཡིན་ནོ་བར་བསྟོད་པ་ནི། ཐབས་བརྒྱད་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །གདུལ་དཀའ་མ་ལུས་ཀུན་འདུལ་ཞིང་། །ཞེས་པ་ལ་སོགས་པ་ལོག་ལྟ་དང་ལོག་ལྟ་ཅན་རིལ་གྱིས་མི་ཚུགས་ཤིང་འཇོམས་པས་བདུད་ཀྱི་ཡང་བདུད་ཁྱོད་ཡིན་ནོ་བར་བསྟོད་པ་ནི་ཐབས་དྲུག་པའི་ཡོན་ཏན་ལ་བསྟོད་པའོ། །དེ་བཞིན་ཉིད་ཀྱི་ངོ་བོ་ཉིད། །ཞེས་པ་དག་ནི་ཆོས་རིལ་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བར་མཛད་པས་ཆོས་ཀྱི་མེ་ལོང་ཁྱོད་ཡིན་ནོ་བར་བསྟོད་པ་ནི། ཐབས་གཉིས་པའི་ཡོན་ཏན་གྱིས་བསྟོད་པའོ། །དུག་འཇོམས་སྨན་གྱི་དཀྱིལ་འཁོར་གྱིས། །ཞེས་པ་དག་གདུལ་བྱའི་ནང་གི་གཅོང་རྙིང་འབྱིན་པའི་སྨན་པའི་རྒྱལ་པོ་ཁྱོད་ཡིན་ནོ་བར་བསྟོད་པ་ནི་ཐབས་གསུམ་པའི་སྒོ་ནས་བསྟོད་པའོ། །དགའ་མགུ་རངས་པར་མཛད་པས་ན། །ཞེས་པ་དག་གདུལ་བྱ་རིལ་བསམ་པ་དང་མཐུན་པར་དོན་མཛད་པས་སྒོ་གསུམ་གྱི་གདུང་བ་སེལ་བ་ལ་བཤེས་གཉེན་མགོན་ཡིན་ནོ་བར་བསྟོད་པ་ནི། མཛད་པ་དང་པོ་དང་བཞི་པ་དང་ལྔ་པའི་སྒོ་ནས་བསྟོད་པའོ། །འདོད་པ་ཡིད་བཞིན་སྐོང་བས་ན། །ཞེས་པ་དག་གདུལ་བྱའི་བསམ་པའི་རེ་འདོད་རིལ་སྐོང་བས་ནོར་བུ་རིན་པོ་ཆེ་ཁྱོད་ཡིན་ནོ་བར་བསྟོད་པ་ནི། ཐབས་བདུན་པ་དང་དགུ་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །དེ་ལྟར་མཉེས་པའི་རྒྱུས་ཞུ་བ་དངོས་བསྟན་པ་ནི། དམ་པ་རྣམས་དང་མཐུན་མཛོད་ལ། །ཞེས་པ་ལ་སོགས་པ་སྔར་གྱི་སྟོན་པ་རྣམས་དང་མཛད་པ་མཐུན་པས་བདག་ཅག་དམན་པའི་ལུས་ཅན་གྱི་འཁོར་རྣམས་ལ་སྤྲུལ་སྐུ་མྱ་ངན་ལས་ཇི་ལྟར་འདས་པ་དང་། ཞིང་ཁམས་སོ་སོར་སྒྲོན་མ་ཇི་ལྟར་བཀོད་པ་དང་། གསང་སྔགས་ཐེག་པ་ཆེན་པོ་ཇི་ལྟར་བྱུང་བ་གསུམ་ཞུས་ནས་གསང་སྔགས་ཀྱི་རྒྱུད་བདག་ཅག་ལ་ཤོད་ཅིག་པ་དང་། ངེས་དོན་དགོངས་པའི་དྲིས་ཚིག་གསུམ་པོ་དང་ཡེ་ཇི་བཞིན་པའི་དོན་སྟོན་ཅིག་པར་བསྐུལ་ཞིང་གསོལ་བ་གདབ་པ་གསུམ་བརྗོད་དོ། །ལུང་དམ་པ་བགྲོ་བར་གསོལ་བ་གདབ་པ་ནི་བཤད་མ་ཐག་པ་ཉིད་དོ། །ལེའུ་ལྔ་པ་བཀྲོལ་བའོ།། །།ལེའུ་གསུམ་པའི་གདུང་བ་སེལ་བ་དང་། བསྟན་པའི་དོན་ཉིད་གསུངས་པས་གནས་སྐབས་ལ་གླེང་བསླང་བའི་དོན་ཁྱུང་ལྟ་བུས་ཤེས་པར་བྱ་བའི་ཕྱིར། དེ་སྐད་ཅེས་གསོལ་བ་བཏབ་པ་ལས། ཞེས་པ་ལ་སོགས་པ་གསོལ་བ་བཏབ་པ་ལ་སྙེགས་པས་གསང་བ་པས་ལན་དང་འབྲེལ་པ་སྟེ་ལན་གནང་ནས་གདམས་པའོ། །རྒྱུད་བཤད་པ་གང་སྙམ་པ་ལ། སེམས་ཀྱི་དཀྱིལ་འཁོར་དེ་བཞིན་ཉིད། །ཞེས་པ་དག་ནི་དྲི་བ་ཉི་ཤུ་རྩ་གསུམ་གྱི་དང་པོའི་ལན་བཏབ་པས་སེལ་བ་སྟེ། སེམས་ཀྱི་དཀྱིལ་འཁོར་རང་གི་རང་བཞིན་གྱི་འོད་གསལ་བའི་ངོ་བོ་ནི། སྟོན་པ་ཉིད་ལས་རྡོ་རྗེའི་སྐུ་མངའ་བ་དེ་ནི་གསང་སྔགས་ཇི་བཞིན་པའི་དོན་དུ་ཤར་ནས་འགྲོ་བའི་མུན་པ་མ་སྤངས་སེལ་བར་ལན་བཏབ་པས་དྲི་མ་དང་པོའི་གདུང་བ་སངས་སོ། །ལན་ནི་སྒྲ་ཇི་བཞིན་པར་འབྱུང་བ་དག་ཀྱང་སྦྱར་རོ། །ཚད་མ་གཉིས་ཀྱིས་གང་གཞལ་བ། །ཞེས་པ་དག་ཐུབ་པའི་དབང་པོ་དང་གསང་སྔགས་ནི་གཅིག་དུ་མ་ལས་གྲོལ་བའི་ངོ་བོས་ཕྱིས་གསང་སྔགས་ཐུན་མོང་མ་ཡིན་པའི་མངོན་སུམ་པ་དང་རྗེས་དཔག་གཉིས་སུ་བྱུང་ཞིང་། གཉིས་པོ་ལའང་ལུང་དང་མན་ངག་གི་ཚད་མར་ཤར་ནས། དེ་རྟོགས་པའི་གང་ཟག་གིས་ཀྱང་དོན་གཏན་ལ་ཕེབས་པས་ལོག་པར་མི་འགྱུར་བས་གདུང་བ་སངས་སོ། །ལེགས་ཉེས་རྩ་བའང་དེ་ཉིད་པས། །ཞེས་པ་དག་སྟོན་པ་འདས་ཀྱང་ནོར་བ་དང་མ་ནོར་བ་གཏན་ལ་འབེབས་པའི་གཞི་ཚད་མ་གཉིས་ཀྱིས་བསྟན་པ་ལ་ཞུགས་པས་རྒོལ་བ་ཚར་གཅོད་པའི་ཕྱིར་རོ། །སེམས་ཀྱི་རང་བཞིན་འོད་གསལ་བས། །ཞེས་པ་དག་གསང་སྔགས་དེ་ཁོ་ན་ཉིད་ཀྱི་ལུགས་ཀྱིས་ཀུན་གཞི་དགུ་པ་ཉིད་ཡེ་ནས་བདེན་པ་གཉིས་སུ་མེད་པར་རང་ཤར་བ་ལ་མཐས་མ་བསྒྲིབས་པ། འཕྲལ་དུ་ལམ་པས་ཐ་དད་དང་གཅིག་པར་སེལ་བའི་གཉེན་པོ་བྲལ་བ་ལ་གོལ་ས་མི་དམིགས་པའི་ཕྱིར་རོ། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་པ་ལ་སོགས་པ་བཤད་པ་བཞིན་འཕོ་འགྱུར་མི་མངའ་བས་ལྷུན་གྱིས་གྲུབ་པའི་བསྟན་པ་ལ་ཤར་ནུབ་མེད་དོ། །དེ་ལྟ་བས་ན་གདུལ་བྱ་ལ་སྒྲ་བཞིན་སྣང་བ་ནི། འདའ་བས་གདུལ་བྱའི་སྣང་བའོ། །ངོ་བོ་ཉིད་ནམ་མཁའ་དང་འདྲ་བས་གཉིས་མེད་དོན་གྱིས་ལོག་པ་ཚར་གཅོད་པར་བྱེད་དོ། །རང་བཞིན་འོད་གསལ་སྤྲོས་བྲལ་བའི། །ཞེས་པ་ལ་སོགས་པ་རྒྱུ་རྐྱེན་མེད་པའི་ཡེ་ཤེས་ནི་སྤྲོས་པ་གསུམ་མ་སྤངས་བྲལ་བའི་མི་གཡོ་བ་ཆེན་པོ་ཉིད་གསུང་ལྔའི་ངོ་བོ་བས། དེའི་དོན་ཇི་ལྟ་བར་སོན་པའི་འགྱིང་བག་གིས་ཆོས་སྟོན་པའི་གསང་བདག་ཉིད་དང་། ལང་ཀ་ལ་སོགས་པས་བསྟན་པ་ཁྱད་པར་ཅན་རྒྱས་ཤིང་འཕེལ་བར་མཛད་པའོ། །བསླབ་པ་ལྷག་པའི་སེམས་ཉིད་དང་། །ཞེས་པ་ལ་སོགས་པ་ལྷག་པའི་བསླབ་པ་ནི་ཐེག་པ་ཆེན་པོ་རང་རིག་ཉིད་ཡིན་པས་དོན་དུ་གཉེར་བའི་མཆོག་སྟེ་གསང་སྔགས་སོ། །དེ་ནི་འགྲོ་བའི་ལུས་ཅན་ལང་ཀ་ལ་སོགས་པས་འཛིན་ཏོ། །མཐར་ཐུག་མེད་པའི་སེམས་ཅན་རྣམས། །ཞེས་པ་ལ་སོགས་པ་འཁོར་བ་ཐོག་མ་མེད་པའི་འགྲོ་བ་རྣམས་ཡེ་སྙིང་པོ་བྱང་ཆུབ་ལ་གནས་པས་རིགས་མི་འགྱུར་བའི་ཕྱིར། རྨད་དུ་བྱུང་བའི་ཐེག་པ་འདིས་བྱ་བ་མེད་པའི་སངས་རྒྱས་སུ་ལུང་སྟོན་ཏོ། །སེམས་ཉིད་ཡོད་དང་མེད་དོ་ཞེས། །ཞེས་པ་ལ་སོགས་པ་གང་ཐུན་མོང་མ་ཡིན་པ་ལ་ཤེད་མ་བྱེ་བའི་དབུ་མ་ལ་སོགས་པ་ནི་མཐའ་ཡོད་མེད་ལ་རྩོད་ཀྱང་། ཤེད་བྱེ་བའི་འབྲས་བུ་པ་དག་ནི་ཡེ་མཐའ་བྲལ་བ་ལ་དེ་ཉིད་དུའང་འཛིན་ཅིང་རྟོགས་པ་མེད་པའི་ཕྱིར་རོ། །ང་ཡི་གསང་སྔགས་གསང་བ་འདི། །ཞེས་པ་དག་ནི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ལྷུན་གྱིས་གྲུབ་པ་ནི། རྒྱལ་བ་རིལ་གྱི་དགོངས་པའི་ཞེ་ཕུགས་ཤིན་ཏུ་བརྟག་དཀའ་བས། གང་བློས་མཐོང་བའི་སྐལ་པ་མེད་པ་དག་གིས། ཐུན་མོང་གི་ཚད་མ་གཉིས་ཀྱིས་ཚོལ་བ་དང་། དེ་ལྟར་བརྟགས་པས་མཐོང་བ་ཐ་དད་ཀྱི་ཕྱིར། སྒྲ་གཅིག་ལ་དོན་ཐ་དད་དུ་འཕེལ་ཞིང་རིས་འཛིན་པར་འབྱུང་ངོ་། །དམ་པ་རྣམས་ཀྱིས་གསང་ལུང་འདི། །ཞེས་པ་ལ་སོགས་པ་རྨད་དུ་བྱུང་བའི་བཀའ་སྒྲོ་སྐུར་དང་བྲལ་བའི་དོན་མ་རྙེད་པའི་གང་ཟག་དོན་ཆེན་པོ་མདོངས་ཤིང་སེམས་པ་འཕྱོན་མའི་སེམས་ལྟ་བུས། ཁྱད་པར་ལྷག་པའི་བཀའ་དང་སྙན་ངག་གི་ཆོས་དང་ཟང་ཟིང་བརྗེ་བ་འབྱུང་སྟེ་དེ་ནི་གཙུབ་ཤིང་ལྟ་བུར་འགྱུར་རོ། །ཀུན་གསལ་མེ་ལོང་འོད་པོ་ཆེ། །ཞེས་པ་ལ་སོགས་པ་བདེ་བ་ཆེན་པོའི་ཀློང་ཉིད་ནི་བདེ་བ་ཆེན་པོ་རིལ་མ་བཀོལ་བར་དངོས་པོ་གཉིས་པར་རིལ་མ་བཀྲོལ་བས་རང་གསལ་བ་ཉིད། གཅིག་དང་ཐ་དད་པ་ལས་གྲོལ་བའི་ཕྱིར་ཐུབ་པའི་དབང་པོའང་དཔེ་ནམ་མཁའ་ལྟར་བཞུགས་པའོ། །དེ་བས་ན་མ་རུངས་པའི་རང་བཞིན་ཡང་སྣང་ལ་མི་དམིགས་པས་ངོ་བོ་མི་ཟིན་པ་ཉིད་དོ། །བྱང་ཆུབ་སྙིང་པོ་ཡོད་ཀྱི་བར། །ཞེས་པ་དག་བྱང་ཆུབ་སྙིང་པོ་དེ་ཁོ་ན་ཉིད་ཇི་ཙམ་གནས་པར་བསྟན་པ་གནས་ཏེ་ཐ་མི་དད་པའི་ཕྱིར་རོ། །ཐོག་མ་ཐ་མ་མེད་པས་ན། །ཞེས་པ་དག་བསྟན་པ་དུས་རིལ་དུ་ཤར་ཏེ་བྱུང་ངོ་འབྱུང་ངོ་འབྱུང་བར་འགྱུར་རོ། །དོན་དུ་ན་ཡེ་ཐོག་མ་མེད་པ་ནས་རང་ཤར་བས་དུས་གསུམ་རྒྱུད་ལས་གྲོལ་ཏེ་ངོ་བོ་ཇི་བཞིན་པ་ལ་དགོངས་པའོ། །དང་པོ་མེད་ལས་བྱུང་བརྗོད་པས། །ཞེས་པ་དག་གཞི་ཇི་བཞིན་པ་ཉིད་ལས་བསྟན་པ་འགྲོ་འོང་མེད་པར་སྣང་བའི་ཕྱིར་མཐའ་ཡང་གཞི་ཇི་བཞིན་པ་ལས་གཞན་དུ་མ་ཡིན་པའི་ཕྱིར་རོ། །གདུང་འཛིན་ཐོག་མའང་དེ་བཞིན་ཉིད། །ཞེས་པ་དག་བསྟན་པ་འཛིན་པའི་རིགས་ཅན་དག་ཀྱང་དེ་ཁོ་ན་ཉིད་ཀྱི་ངོ་བོའི་ཕྱིར་ཐ་སྙད་དུ་འཕོ་འགྱུར་མེད་པའོ། །འདི་ནས་དེ་བཞིན་ཉིད་འདིར་གཤེགས། །ཞེས་པ་ལ་སོགས་པ་རིལ་དེ་བཞིན་ཉིད་ལ་འགྲོ་འོང་མ་དམིགས་ཀྱང་གདུལ་བྱའི་ངོ་ཙམ་དུ་བཏགས་ཏེ། ཡེ་མ་བཅོས་པ་ཉིད་ལ་སྐུ་སྣང་བ་མེད་པ་དང་། རིག་པའི་ཀློང་ཉིད་དུ་བཞུགས་པ་དང་། རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གསལ་བའི་ཕྱིར་རོ། །དེ་འདས་ནས་དོན་བརྡ་མ་གོ་བའི་ཕྱིར་སྐུས་འདུལ་བ་སྒྲ་བཞིན་ནོ། །འོ་ན་དེ་ཁོ་ན་ལྟར་འབྱུང་འཇུག་སྣང་བ་ཡོད་དམ་ཞེ་ན། སྣང་སྟོང་གི་མཐའ་ལས་གྲོལ་བར་བསྟན་ཏོ། །ཐུབ་པའི་དབང་པོའི་ཚུལ་དེ་ལྟར་ཞིང་ཐ་དད་ཀྱི་སྤྲུལ་པ་ཇི་སྙེད་བྱུང་བ་ཡང་། སྒྱུ་མ་མཁན་གྱི་རྫས་ལྟར་སྐུ་འདས་ནས་སྔ་མའི་མཚན་དང་སྐུ་མ་ཡིན་པ་གཞན་ཇི་ལྟར་འདུལ་བ་ལྟར་སྣང་ནས་དོན་མཛད་དོ། །དེ་བས་ན་སྟོན་པ་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་ཀྱི་སྤྲུལ་པ་འཇིག་རྟེན་ཇི་སྙེད་དུ་རང་སྣང་བ་ཡང་འདས་ཤིང་སྣང་བ་ལྟ་བུ་ལ་སོགས་པ་དེ་གཅིག་དང་དུ་མ་ལ་སྤྲུལ་པ་རིལ་གྲོལ་བའི་ཕྱིར་ཏེ། སྟོན་པའི་རྒྱུད་གཅིག་འབྱུང་འཇུག་ཅན་གྱི་ཆོས་ནི་མ་དམིགས་པའི་ཕྱིར་རོ། །སྐྱེ་མེད་ཡེ་ཤེས་ཉིད་ཀྱི་དབྱིངས། །ཞེས་པ་ལ་སོགས་པ་ངོ་བོ་གང་དུ་མི་ཟིན་ལ་བསྒྲིབ་པ་ནི་བྱང་ཆུབ་ཀྱི་སྙིང་པོ་སྟེ། རིལ་དེའི་བདག་ཉིད་ལ་བཤད་པ་ལྟར་མིག་གིས་མིག་མ་མཐོང་བ་བཞིན་ཡང་མགོན་སྐྱབས་དམ་པ་རང་གི་དེ་ཁོ་ན་ཉིད་དེ་ལས་གཞན་མེད་པའི་ཕྱིར་རོ། །རྒྱལ་བའི་དགོངས་པ་ཚིག་གསུམ་པོ། །ཞེས་པ་ལ་སོགས་པ་དཀྱིལ་འཁོར་གསུམ་དང་སྔགས་གསུམ་གྱི་དོན་ཏེ་ངོ་བོ་ཉིད་སྒྲ་བཞིན་བློ་དང་གྲོས་ཡུན་གྱི་དོན་གསུམ་སྟེ། ལམ་པའི་ངོར་ཤེས་རབ་དང་ཏིང་ངེ་འཛིན་དང་དེ་གཉིས་སུ་མེད་པ་སྟེ། དེ་ནི་རྣལ་འབྱོར་མཆོག་གི་སྤྱོད་ཡུལ་ཡིན་པའི་ཕྱིར། རང་ལས་བཙལ་ན་རྙེད་པར་འགྱུར་རོ། །རྒྱལ་བ་ཀུན་གྱི་ཐུགས་འཇུག་པ། །ཞེས་པ་དག་ནི་དངོས་པོ་ཐམས་ཅད་ཀྱི་ཆོས་ལུགས་ཀྱི་ཆོས་ཉིད་ལ་ནི་འབྱུང་འཇུག་གི་དུས་བྲལ་བའི་ཕྱིར་དོན་དེ་ཉིད་ལ་ཅིར་ཡང་མ་བསམས་པ་ཉིད་བློ་བཞག་པ་ཡིན་པའི་ཕྱིར་རོ། །ཆོས་ཀུན་ནམ་མཁའི་མཚན་ཉིད་དེ། །ཞེས་པ་ལ་སོགས་པ་ཆོས་སོ་ཅོག་སྣང་ལ་མ་གྲུབ་པ་མེད་ལ་ཟད་མི་ཤེས་པ་སྟོང་ལ་ཐམས་ཅད་འབྱུང་བའི་མཚན་དང་མཐུན་པས་ཇི་བཞིན་པ་ཉིད་ཀྱི་ཕྱིར། མཐའ་བྲལ་བའི་ཡེ་ཤེས་མངའ་བའི་རྒྱལ་བའི་སྐུ་སྣང་མེད་གཉིས་བྲལ་བས་སྐུ་གདུང་འབྱུང་མི་འབྱུང་མི་མངའ་ན་སྐུ་གདུང་ལ་མོས་པ་དག་ལ་གང་ཡང་རྫོགས་པའི་བྱིན་རླབས་སྐུ་གདུང་ཚད་ཉུངས་འབྲུ་ཙམ་ལ་སོགས་པ་འདུལ་ཐབས་བྱུང་ངོ་། །ཚད་ནི་འཆད་པར་འགྱུར་རོ། །འོ་ན་དེ་བཙལ་བས་འབྱུང་ཞིང་རྙེད་དམ་ཞེ་ན། འདོད་པ་མེད་པའི་བྱིན་རླབས་འདོད་པ་ཐ་དད་ཀྱིས་ཚོལ་བས་མི་རྙེད་པ་ནི་ཡི་གེའི་སྒྲ་བཞིན་ནོ། །གཟུགས་སྣང་ཟབ་སྒྲོགས་སྙིང་པོ་ཅན། །ཞེས་པ་ལ་སོགས་པ་འགྲོ་བའི་ཆ་ལུགས་སུ་སྣང་བས་ཐེག་པ་ཆེན་པོའི་དོན་སྟོན་པའི་མན་ངག་དང་ལྡན་པ་ནི་རྡོ་རྗེ་གསུམ་གྱི་བདག་ཉིད་བླ་མ་སློབ་དཔོན་ཏེ། རྒྱལ་བ་རིལ་གྱི་ཡང་སྟོན་པ་དང་། ཡབ་དང་ཡུམ་ཡིན་པའི་ཕྱིར། མཆོད་གནས་དམ་པ་ཡིན་པར་སྟོན་པ་རྡོ་རྗེ་སེམས་དཔས་བཀའ་སྩལ་ཏོ། །དཔག་ཏུ་མེད་པའི་རྒྱལ་བ་རྣམས། །ཞེས་པ་དག་ནི་སྤྲུལ་པ་དང་ལོངས་སྤྱོད་ཇི་སྙེད་པའང་འགྲོ་བའི་རྒྱུད་དག་པ་ལས་བྱུང་བའི་ཕྱིར། གདུང་ནི་འགྲོ་བ་སྐལ་ཅན་གྱིས་འཛིན་ཏེ་བརྒྱུད་མར་འབྱུང་ངོ་། །དེ་ལྟ་བས་ན་འཁོར་བ་མེད་ན། རྒྱལ་བའང་མི་འབྱུང་ན་དེ་ཡོད་པས་དེ་འབྱུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྤྲུལ་པ་མྱ་ངན་ལས་འདས་པ་ངོ་བོ་མེད་པའི་དཔེ་དོན་སྒྲ་བཞིན་ནོ། །དེ་ལྟ་བུའི་དོན་ལ་འཁོར་རྣམས་གདུང་བ་བྱེད་དེ་འདའ་བར་མཐོང་བས་གདུང་བ་ནི་ཇི་བཞིན་པ་མ་རིག་པའི་འཁྲུལ་པའོ། །མྱ་ངན་བྱར་མེད་པ་ལ་བྱེད་པ་ནི་ངོ་མཚར་ཏེ། འདི་ཇི་ཉེས་བློ་ཇི་ལྟར་ནོར་ཅེས་སྐྱེས་བུ་སྐུ་འགྱིང་བག་སེང་གེའི་ལྟ་སྟངས་ཀྱིས་གཟིགས་ཏེ་བཞད་མོ་མཛད་པས་འཁོར་རྣམས་མྱ་ངན་དང་བྲལ་ཏེ་མི་བཞིན་པའི་དོན་མཐའ་མཐོང་བས་མདངས་གསལ་བར་གྱུར་ཏོ། །ལེའུ་ལྔ་པའི་དྲི་བ་གསུམ་པ་དང་གསོལ་བ་གདབ་པར་ཚིག་དྲུག་སྨོས་པའི་ལན་ནི་གདུང་བའི་དྲི་བ་ལན་དུས་གཅིག་ཏུ་སྨོས་པ་གོ་སླ་སྟེ་ངོ་སྦྱར་རོ། །དེ་ནས་ལང་ཀའི་བདག་པོ། ཞེས་པ་ལ་སོགས་པ་འཇིག་རྟེན་ངང་དུས་རིལ་དང་ཞིང་འདིའི་དེ་ལྟར་གདུང་བ་གང་སེལ་དྲིས་པའོ། །གསང་བའི་བདག་པོས་སྨྲས་པ། ཞེས་པ་ལ་སོགས་པ་ལན་ཏེ་ཞིང་རིལ་དང་དུས་གསུམ་གྱི་གདུང་བ་ངས་སེལ་བས་འདིར་ཡང་བསལ་བར་གསུངས་སོ། །གདུང་བ་གང་ལ་ཡོད་ཅེ་ན། དོན་དང་བློ་མ་རིག་ཅིང་ཤེད་མ་བྱེ་བའོ། །དོན་བློ་ཤེས་ཤིང་ཤེད་བྱེ་བ་ནི་བློ་མ་བཅོས་པས་གདུང་བ་མེད་དོ་ཞེས་ལང་ཀ་ལ་སོགས་པ་ཐོས་ནས་མྱ་ངན་ལས་གྲོལ་ཏོ། །གང་རྨོངས་པ་གདུང་བ་སེལ་བའི་ལེའུ། ཞེས་པ་བཤད་ཟིན་པ་དག་ནི་མཚན་ནོ། །དྲུག་པ་བཀྲོལ་བ་སྟེ་དེ་དག་བྱུང་ཚུལ་དང་པོའི་དོན་བརྗོད་པོའོ།། །།དེ་ནས་ལང་ཀའི་བདག་པོས་སྔོན་དུ་གནང་བའི་ཚིག་བཅུ་གཉིས་པའི་གཉིས་པ། ཞེས་པ་ལ་སོགས་པ་ཐུབ་པའི་དབང་པོས་ལུང་བསྟན་པ་གནང་བའི་ཚིག་དྲུག་གཉིས་ཀྱི་གཉིས་པ་དྲི་བའི་དགོས་ཆེད་དུ་སྟོན་པ་འདས་ན་གསང་སྔགས་ཇི་ལྟར་འབྱུང་བ་དྲིས་པ་ཡི་གེ་སྒྲ་ཇི་བཞིན་ནོ། །ལན་བཏབ་པ་ནི། གསང་བའི་བདག་པོས་སྨྲས་པ་ཞེས་པ་ལ་སོགས་པ། གསང་བདག་གིས་ལང་ཀ་ཅི་ཁྱོད་ཀྱིས་སྔོན་ཐུབ་པའི་དབང་པོ་ཉིད་ཀྱིས་ཁོ་བོ་ཅག་གི་ཆོས་ཀྱི་སྤུན་དུ་གྱུར་པའི་ཀུཉྫ་རས་ཞུས་པས་ལུང་བསྟན་བཅུ་གཉིས་གསུངས་པ་དེ་ཉེ་བར་བསྟན་པ་སྟེ་ཁྱོད་ཀྱི་དྲིས་ལན་དུའང་ཉེ་བར་བསྟན་ཏེ། སྒྲ་ཇི་བཞིན་དུ་བཅུ་གཉིས་བཀའ་སྩལ་ནས་དེ་ནི་དུས་གསུམ་དུ་སྣང་ངོ་སྣང་བར་གྱུར་ཏོ་འགྱུར་རོ། །ཞེས་ཤཱཀྱ་ཐུབ་པས་ལུང་བསྟན་པས་ཞིང་འདིར་གྲགས་པ་ཁྱོད་ཀྱིས་མི་ཤེས་སམ་ཞེས་བཀའ་བསྩལ་ཏེ། དེའི་དོན་ལང་ཀ་ནང་དུ་ཡང་དག་འཇོག་པས་ཐུབ་པའི་དབང་པོ་ལས་ཚུལ་བཅུ་གཉིས་མ་ཐོས་པའི་ཕྱིར་དྲིས་པར་འཇལ་ཏོ། །ཚིག་འདིས་ནི་ཕྱིས་ཀྱི་ལུང་བསྟན་ཙམ་ལས་དངོས་སུ་བཀའ་སྩལ་པ་མ་ཡིན་པའི་ཕྱིར་ཡང་ཐུབ་པའི་དབང་པོ་ནི་རྒྱུད་འདིའི་སྟོན་པ་མ་ཡིན་པར་ཡང་ཡིད་ཆེས་སོ། །ལང་ཀའི་བདག་པོས་སྨྲས་པ། ཨེ་མའོ་གསང་བའི་བདག་པོ་ཞེས་པ་ལ་སོགས་པ། ཐུབ་པའི་དབང་པོ་ལས་མ་ཐོས་ཀྱང་གསང་བདག་ཉིད་ལས་ཐོས་པས་ཚུལ་དང་པོའི་ཐེ་ཚོམ་སངས་ནས་གཉིས་པའི་ཚུལ་ཞུས་པ་སྒྲ་ཇི་བཞིན་ནོ། །གསང་བདག་གི་ལན་སྤྲུལ་པ་ཉག་གཅིག་གི་ཆ་བཟུང་བའང་ཡི་གེའི་སྒྲ་བཞིན་ནོ། །ཡང་ཐུབ་པའི་དབང་པོ་ཉིད་གང་གིས་སྤྲུལ་པ་ཡིན་པར་དྲིས་པ་ལན་རྡོ་རྗེ་སེམས་དཔའི་སྤྲུལ་པར་གསུངས་སོ། །དེའི་གཏན་ཚིགས་བསྟན་པའི་ཕྱིར། ལང་ཀའི་བདག་པོ་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ལ་སོགས་པ། སངས་རྒྱས་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཇི་སྙེད་པས་བདག་གཞན་གྱི་འཁོར་བའི་དཔུང་བསྙིལ་བའི་ཕྱིར་མཚན་དེ་སྐད་བསྟན་ཏེ། དེའང་འདུལ་དབང་གིས་གནས་དྲུག་གི་འཇིག་རྟེན་རེ་རེ་ལ་ཕྱོགས་བཅུར་མཚན་མཐུན་པར་གྲགས་པ་ནི་ཡི་གེའི་སྒྲ་བཞིན་ནོ། །ཀྱེ་ལང་ཀའི་བདག་པོའི་དེར་ཡང་མ་ཟད་དེ་ཞེས་པ་ལ་སོགས་པ། ཞིང་འདིའི་འཇིག་རྟེན་དྲུག་གི་ཐུབ་པ་དྲུག་པོ་མ་ཡིན་པ་གཞན་མང་པོ་བཞུགས་པ་སྟོན་པའོ། །དེའང་མི་མཇེད་འདི་ན་སྣང་བའི་ཚུལ་དང་། དཔེ་དེ་ལྟ་དེ་ལྟར་ཞིང་བསམ་གྱིས་མི་ཁྱབ་པ་ན་བཞུགས་པ་ཉེ་བར་བསྟན་པ་ནི། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གླིང་བཞི་པ་སྟོང་ཕྲག་བཅུ་གཉིས་འདས་པ་ན། ཞེས་པ་ལ་སོགས་པ་མི་མཇེད་ཀྱི་འཇིག་རྟེན་སྟོང་གསུམ་པོ་འཇིག་རྟེན་སྟོང་གསུམ་པོ་འདི་ལས་ཕར་བརྩིས་པ་འདིའི་ཕ་མཐའ་ནས་གླིང་བཞི་རི་རབ་དང་བཅས་པ་འདི་ལྟ་བུའི་གྲངས་སྟོང་ཕྲག་བཅུ་གཉིས་ཕ་རོལ་ན། འཇིག་རྟེན་དེར་སྐྱེས་པའི་སེམས་ཅན་རྣམས་རང་བཞིན་གྱིས་ཉོན་མོངས་པ་དང་ནག་པོའི་ལས་མི་སྤྱོད་པའི་ཕྱིར་མཚན་དྲི་མ་མེད་པ། རྒྱུ་རིན་པོ་ཆེ་ལས་བྱས་པ། ཚེ་དང་ལོངས་སྤྱོད་དང་སྐྱེ་བའི་ཕྱོགས་དང་སྤྱོད་ཚུལ་དང་། བསམ་སྨོན་དང་སྟོན་པའི་མཚན་དང་། ཆོས་གང་སྟོན་པ་དང་། དེ་ཉིད་ཀྱི་སྤྲུལ་པ་དྲུག་གིས་གདུལ་བྱ་དང་མཐུན་པར་སྟོན་པའི་དོན་ཏོ། །འདི་དག་གི་དགོངས་པ་ནི་ལེའུ་ཐ་མའི་དགོངས་མདོ་གསུངས་པ་དག་ཀྱང་རིམ་པ་བཞིན་རིག་པས་འཐད་དོ། །སློབ་དཔོན་བདེ་བ་གསལ་མཛད་ཀྱི་ཊི་ཀ་བཞིན་ནོ། །འོ་ན་དྲི་མེད་སྒྲ་ཉིད་ཐུབ་པ་དྲུག་གི་ཆའམ་བདུན་དུ་འགྱུར་ཞེ་ན། མི་ལས་གྲགས་པ་གཙོར་བྱས་པའི་དབང་ཡིན་པས་བདུན་དུ་མི་འགྱུར་ཏེ། འཆད་པ་རིལ་དེ་བཞིན་སྦྱར་ཏེ་གོ་སླ་བས་སྒྲ་ཇི་བཞིན་ནོ། །ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་མི་མཇེད་ཅེས་བྱ་བ་འདི་ན། ཞེས་པ་ལ་སོགས་པ་ཤཱཀྱ་ཐུབ་པ་དེ་ལྟར་གྱི་སྟོན་པ་ཉིད་དོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་བྱེ་བ་ས་ཡར་ཞེས་པ་ལ་སོགས་པ། དེ་དག་ཏུ་མ་ཟད་དེ་གྲངས་མེད་པར་སྐུ་སྣང་བ་ཡང་འགྲོ་འོང་མེད་པར་རྡོ་རྗེ་སེམས་དཔའ་ཉིད་འདུལ་བཞིན་སྣང་བའང་ཆུ་དང་ཟླ་བ་ལྟ་བུའོ། །དེ་དག་ལས་དུས་གཅིག་ཏུ་ཆོས་སྟོན་པ་ནི་མ་ཡིན་ཏེ། འཁོར་མོར་རྒྱུན་མ་ཆད་པའི་ཕྱིར། ལ་ལར་མངོན་པར་རྫོགས་པ་སངས་རྒྱས་པ། ཞེས་པ་ལ་སོགས་པ་ཡི་གེ་བཞིན་ནོ། །སྤྲུལ་པ་ངོས་གཟུང་བར་འཐད་པ་མིན་ཏེ་ཚུལ་བརྩི་བར་མི་འགལ་ལོ། །འདིར་ཡང་སྤྲུལ་པ་ཐ་དད་སེམས་ཅན་བཟང་ངན་གྱི་ཆ་ལུགས་ཀྱིས་ཀྱང་ཆོས་སྟོན་ཏེ་ཡི་གེ་ཇི་བཞིན་ནོ། །དེ་ལས་ཤ་རི་རམ་དང་རུས་པའི་སྐུ་ནི་རིམ་པ་བཞིན་སྐུ་གདུང་རིང་བསྲེལ་ལོ། །སྐྱེ་བ་ཐ་དད་པའི་གཟུགས་སུ་སྣང་བ་གོ་འཇལ་སླའོ། །དེའི་དཔེ་སྨོས་པ་ནི། ཇི་ལྟར་ཉི་མའི་དཀྱིལ་འཁོར་ཞེས་པ་དག་སྟེ། དོན་དང་རྗེས་ཐོགས་སུ་སྦྱར་རོ། །མཚན་གྱི་མཐའ་མི་རྫོགས་པ་དང་། དགོས་ཆེད་དང་ཆོས་སྟོན་ལུགས་སྒྲ་ཇི་བཞིན་ནོ། །ཞིང་དེ་དག་གི་སྤྲུལ་པའི་དབང་དུ་ཕན་ཚུན་སྨོས་པ་ལས་ཡན་མན་གསལ་བར་མ་བསྟན་ཀྱང་། འདིར་ཕྱོགས་བཅུ་ཀར་འཇལ་བར་བྱས་ཏེ་བྱེ་བ་ས་ཡར་སྣང་བའི་ཕྱིར་རོ། །ཆོས་སྟོན་ལུགས་གཉིས་ཁོ་ནར་སྨོས་པ་ཇི་ཞེ་ན། གཏན་ཚིགས་སྨོས་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་ཞིང་ཁམས་ན་འཁོད་པའི་སེམས་ཅན་ཆེན་པོ་དེ་དག་ནི་ཞེས་པ་ལ་སོགས་པ། ཞིང་དེའི་འགྲོ་བ་རྣམས་ནི་གསང་སྔགས་ཀྱི་སྐལ་བ་དང་ལྡན་པའི་ཕྱིར་ཁྱད་པར་གྱི་སྒྲར་བརྗོད་དོ། །དེ་ཉིད་ལ་ཤེས་རབ་ཇི་བཞིན་པ་མཐོང་བའི་མཐུ་ཅན་དང་། གང་ཡང་མི་སྐྲག་ཐེག་པ་དང་། མི་འགྱུར་བ་དང་། དོན་ཇི་ལྟ་བར་ཐག་ཆོད་པ་དང་། ལམ་མང་དུ་ཐེབས་ཤིང་ཡུལ་དེ་མ་ཐག་པར་འཇུག་པ་ལྔ་ནི་ཤེས་རབ་ཀྱི་མཆོག་གོ། །དེ་ཁོ་ན་ཉིད་ཀྱི་མཐུ་མཐའ་ཚོལ་བ་དང་། དོན་ཟབ་མོ་མི་ཤོང་བ་དང་། བློ་མ་ངེས་པ་དང་། དོན་ཐག་མི་ཆོད་པ་དང་། ལན་དོན་ཐོགས་པ་དང་བཅས་པ་སྟེ་དམན་པའོ། །དེ་ལྟར་ཆ་གཉིས་ལས་གཞན་པ་བཀག་པའོ། །དེ་ལྟ་བུའི་བློ་དམན་པ་དང་མཆོག་གིས་རིམ་པ་བཞིན་གསང་སྔགས་འཇུག་ལུགས་གཉིས་སུ་ཐོས་ཀྱང་རིགས་ཅན་དུ་གྱུར་པས་ཆོས་ལ་བཟོད་པ་ཐོབ་ཅིང་དགའ་བ་སྐྱེའོ། །དེ་ན་གནས་པའི་ཚེ་ཚད་ཀྱང་ཞེས་པ། རྡོ་རྗེ་སེམས་དཔའི་ཞིང་ན་འཁོད་པའི་འགྲོ་བ་རྣམས་ལས་དང་བསོད་ནམས་ཐ་དད་པས་ཚེ་ཚད་ཀྱང་སྒྲ་བཞིན་དུ་འགྱུར་ཏེ། ཞིང་འདིར་བརྒྱ་པ་སྟེ་སྤྲུལ་པ་ཉག་གཅིག་གི་དབང་ངོ་། །རྒྱུ་དེས་ན་ལོངས་སྤྱོད་ཀྱང་སྒྲ་བཞིན་ནོ། །རིལ་ལ་གསང་སྔགས་སྤྱོད་པར་ལུང་བསྟན་པར་ཐོབ་པ་ཤ་སྟག་གོ། །དེ་ཅིའི་ཕྱིར་ཞེ་ན། རིལ་སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་བསྣུམས་པའི་ཕྱིར་རོ། །འོ་ན་མཐའ་འཁོབ་ཀྱི་མི་དང་། འབུ་ཅོར་སྡེ་ལ་སོགས་པ་ལ་སྐལ་བ་མེད་པ་ཅི་ཞེ་ན། ངོ་བོ་ཉིད་གསང་སྔགས་སུ་མ་གྱུར་པ་མེད་པ་ལ་མདོངས་པ་དང་ཕལ་ཆེ་བའི་ཕྱིར་རོ། །སངས་རྒྱས་རྡོ་རྗེ་སེམས་དཔའི་མཚན་ཐོས་པའི་ཡོན་ཏན་ནི། རྒྱལ་བ་ཐམས་ཅད་ཀྱིས་དངོས་གཞི་ཡིན་པའི་ཕྱིར་དང་། ལམ་པའི་དབང་དུ་ན་དོན་གཞན་ལ་དགོངས་པ་དང་། སྙིང་པོ་བྱང་ཆུབ་ལས་མི་འགྱུར་བ་ངེས་པའི་ཕྱིས་སྣང་བའི་སྐལ་བ་ངེས་པ་ཅན་ཡིན་པ་དང་། བདེར་གཤེགས་མང་པོས་སྔར་བྱིན་གྱིས་བརླབས་ཏེ་བདག་ཉིད་བྱིན་རླབས་ཀྱི་བདག་པོའི་ཕྱིར་དང་། དམན་པའི་དབང་དུ་ཡང་རིལ་ཐེག་པ་ཆེན་པོར་ངེས་པར་འབྱུང་བས་དུས་གཞན་ལ་དགོངས་པ་སྟེ། གཉིས་པ་བཞི་པ་ནས་མར་ལྔ་ཀའི་དོན་ཏོ། །ཀྱེ་ལང་ཀའི་བདག་པོ་དེའི་ཕྱིར། ཞེས་པ་ལ་སོགས་པ་རྒྱས་པར་བརྗོད་པ་གཏན་ཚིགས་སུ་གྱུར་པའི་སྒོ་ནས་འདིར་སྤྲུལ་པ་ཉག་གཅིག་ཏུ་ངོས་ཟིན་ཏོ། །དེ་བས་ན་དེ་སྙེད་ལ་མྱ་ངན་འདས་པ་ཇི་སྙེད་འདི་མ་ཡིན་པའང་བཞུགས་པས་ཐེ་ཚོམ་ཆོད་དེ་ཡིད་མགུ་བར་གྱུར་ཏོ། །རྡོ་རྗེ་སེམས་དཔའི་ཆོ་འཕྲུལ་ཡོངས་སུ་བཀོད་པའི་ལེའུ་ཞེས་པ། རྒྱས་པར་བཀོད་པ་རྣམས་ཀྱི་དོན་ཏེ་བདུན་པ་བཀྲོལ་བའོ།། །།དེ་ནས་ཡང་ལང་ཀའི་བདག་པོས་དྲིས་པ། གསང་བའི་བདག་པོ། ཞེས་པ་ལ་སོགས་པ་ལེའུ་འདི་ནི་རྣལ་འབྱོར་དང་པོའི་རྒྱུའི་དོན་ཏེ་སྤྲུལ་པའི་སྒྲོན་མ་འབྱུང་བའི་གཞིའི་ངོ་བོ་ངེས་པར་དྲིས་པའོ། །ལན་གསང་བ་པས་བརྗོད་པ་ནི། གསང་བའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་རྡོ་རྗེ་སེམས་དཔའ་ནི། །ཞེས་པ་དག་རང་གི་སེམས་རིལ་ལེན་ཅིང་སྡུད་པས་སྙིང་པོར་གྱུར་པ་ལ་སྒྲིབ་བྱེད་ངང་གིས་བྲལ་བ་ཐུན་མོང་མ་ཡིན་པའི་དོན་མ་བཅོས་མ་བསླད་པས་མ་ནོར་བའི་དོན་ལས་གཞན་ཕྱོགས་བཅད་པ་ཉིད་དུ་བཀའ་སྩལ་ཏོ། །ཡང་ལང་ཀའི་བདག་པོས། ཅེས་པ་ལ་སོགས་པ་ངེས་པར་ཆུད་པར་བྱ་བའི་ཕྱིར་དྲི་བ་བཞི་རེ་རེ་ནས་དྲིས་པའོ། །གསང་བའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་སེམས་ཞེས་བྱ་བ་ནི། ཞེས་པ་ལ་སོགས་པ་ལན་རྒྱས་པ་སྟེ། གང་རྒྱུ་རྐྱེན་འདུས་པ་ལས་འཕྲལ་དུ་མ་གྲུབ་པའི་ཡེ་ཤེས་ལ་འཕྲལ་དུ་རྣམ་རྟོག་གིས་བྱེད་པ་པོ་ཀ་ནས་དག་པས་རྒྱུ་རྐྱེན་ལ་རག་མ་ལས་པར་ཇི་མཚན་ཉིད་དེ་སྙེད་པའི་ཆོས་སུ་མ་རོལ་པ་འགགས་པར་རང་ཤར་བ་སྣང་བའོ། །སྟེ། ཁྱུང་ཆེན་གྱི་རྒྱུད་ལས། བརྟགས་ན་མེད་ལ་བཞག་ན་སྣ་ཚོགས་འབྱུང་བའི་ལེགས་པ་ཆེ། །དངོས་པོ་མེད་པར་ཆགས་པའི་ཆ་ལུགས་ཀུན་ལ་སྟོན། །ཞེས་གསུངས་པའི་དོན་ཏོ། །ལན་གཉིས་པ་ནི། བདེ་བ་ཆེན་པོ་ཇི་བཞིན་པའི་ཀློང་ཆེན་པོ་ནི། རིལ་གྱི་དངོས་གཞི་པས་ཐ་སྙད་གཞན་ཐེག་དགུ་འདུས་ལ་མ་དམིགས་པའི་ཕྱིར་འབྲས་ཀྱི་ཕུང་པོ་བཞིན་ནོ། །རྩ་བ་བཞིའི་དང་པོའི་ལན་ནོ་དེ་དག་རིམ་པ་བཞིན་དུ་སྦྱར་ཏེ། དེ་ཁོ་ན་ཉིད་ནི་གང་དུའང་སྣང་མ་མྱོང་ཡང་ངོ་བོ་དང་དྲི་མ་བྲལ་བའི་དོན་ཏེ་ཕྱོགས་མེད་པ་ཡེ་ཤེས་ཀྱི་སྣང་བའོ། །མི་ཤེས་པ་ལས་མ་རིག་པ་པ་ཙམ་མ་ཡིན་པའི་གཞན་གང་གིས་སྒྲིབ་བྱེད་གཞན་མེད་པ་སྟེ། ངོ་བོས་མ་རིག་དེ་ཉིད་ཀྱང་ཡེ་ཤེས་ཆེན་པོའི་དོན་དང་། རྩ་བའི་གཉིས་པའོ། །ཇི་སྐད་སྨྲར་མེད། བརྗོད་པ་མཐར་གྱུར་པས་བསྟན་དུ་མི་བཏུབ་པ་ཉིད་ཡུལ་ལས་གྲོལ་བའི་བརྟག་དཀའ་བ་དང་། སྔགས་བྱིན་རླབས་ཀྱི་གཞིར་གྱུར་པའི་ཕྱིར་དང་། ངོ་བོ་ཡོངས་སུ་མི་ཟིན་པས་གཟའ་གཏད་མེད་པ་བཞིན་དངོས་པོ་གཉིས་པའི་ཆོས་རྣམས་ཀྱི་རྩ་བར་གྱུར་པ་དང་། རྩ་བའི་གསུམ་པ་མིན་པ་ཡིན་པར་འཕྲལ་དུ་ལམ་པས་གཏན་ཚིགས་མ་བསྒྱུར་རྩོལ་བ་དང་བསམ་དཔྱོད་ཀྱིས་སེལ་མ་ཞུགས་པའི་ཕྱིར་དང་། ཡུལ་དུ་མ་གྱུར་པས་ཡེ་ཤེས་བཤད་པ་བཞིན་གློ་བུར་དུ་གཞན་གྱི་ངོ་བོ་བསྒྲུབ་པ་མིན་ཏེ། མིང་གི་ཐ་སྙད་མ་བཀོལ་བར་རང་བྲལ་བའི་དོན་དང་། དེ་ཉིད་པས་གོལ་ས་མེད་ཅིང་གཉེན་པོས་བྱ་བ་མེད་པ། འགྲོ་ལྡོག་སྤྱིའུ་ཚུགས་གར་འགྲོས་ཀྱང་སྙིང་པོ་བྱང་ཆུབ་ཉིད་པའི་ཕྱིར་ངོ་བོ་ངེས་པར་འགྲུབ་པའོ། །ཡང་ལང་ཀའི་བདག་པོས་དྲིས་པ། ཞེས་པ་ལ་སོགས་པ་དྲི་བ་གཉིས་དྲིས་པ་སྒྲ་ཇི་བཞིན་ཏེ་སྔ་མའི་དྲི་བ་ཡང་ཡིན་པའི་ཕྱིར་རོ། །གསང་བའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་བྱེད་པ་པོ་མེད། ཅེས་པ་ལ་སོགས་པ་མ་ལུས་པའི་ཆོས་ཐིག་ལེ་ཆེན་པོར་རྒྱས་ཐེབས་པ་ལ་མཁན་བྱེད་པ་པོ་པོ་དང་ལས་གཉིས་ཀར་ཡང་མ་དམིགས་པས། དེས་ངོ་བོ་ཞིག་བྱ་བས་བཙལ་དུ་མེད་བསྒྲུབ་ཏུའང་མི་བཏུབ་པའི་ཕྱིར་མ་བྱས་པའོ་དང་། ཕྱི་མོའི་ཆོས་ཉིད་གང་དུའང་མ་གཡོས་པའི་ཕྱི་མ་བཅོས་པའོ་དང་། གང་མེད་པ་ལས་རང་གིས་ངོ་བོ་བསྟན་དུ་མེད་པར་རྒྱུན་ཏུ་འབྱུང་ཞིང་རང་བཞིན་ཐམས་ཅད་པའི་ཕྱིར་དུས་གསུམ་རིལ་དུ་ཐ་དད་མཚན་མ་ཐམས་ཅད་ལ་ཞེན་པ་མ་བསྒོམ་པར་ཁྱབ་པས། ལས་ཀྱིས་དངོས་པོ་སྟེ་དགེ་སྡིག་ལུང་མ་བསྟན་གཞི་གསུམ་གྱི་ནང་སྣ་ཚོགས་རིལ་ཐ་དད་དུ་རང་སྣང་བའི་ཕྱིར་རྣམ་ཤེས་དགུ་པ་དེ་ཉིད་དཔེ་ནམ་མཁའ་ལྟ་བུའོ། །དེའི་རྒྱུན་ནི་དེ་ཉིད་དུས་ཚོགས་བརྒྱད་ཀྱིས་རྒྱུན་དུ་སྣང་བ་ནི་ནམ་མཁའི་ཆོ་འཕྲུལ་སྤྲིན་སོགས་ལྟ་བུ་སྟེ་གློ་བུར་བའི་ཕྱིར་རོ། །ཁོ་ཐག་ཆོད་པས་ངོ་བོའི་དོན་རིག་གོ། །ངེས་ཚིག་དྲི་བའི་ཕྱིར་ཡང་དྲིས་པ། གསང་བའི་བདག་པོ་དེ་ལ་ཅིའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བགྱི། ཞེས་པ་ལ་སོགས་པ་དྲི་བ་དངོས་དང་ལན་ནི་གཏན་ཚིགས་བདུན་གྱིས་འགྲུབ་སྟེ། རྡོ་རྗེ་སེམས་དཔའ་མ་བསླད་པའི་དེ་བཞིན་ཉིད་ཆེན་པོ་ནི་དུས་སྔ་ཕྱི་རིལ་དུ་དེ་བཤིག་པ་པོ་མེད་པ་དང་། བདག་གཞན་མེད་པའི་ཕྱིར་དང་། རྒྱུ་རྐྱེན་མེད་པའི་ཕྱིར་དང་། མི་ནོར་མི་འགྱུར་བའི་ཕྱིར་དང་། མི་གཡོ་མ་བསྒྲིབས་པར་གསལ་བ་དང་། དོན་ཆེན་པོ་ཇི་ལྟ་བར་ཡེ་མངོན་དུ་བྱས་པའི་ངོ་བོ་དང་། མཚན་གཞི་ཅིར་ཡང་སྣང་བ་རིལ་མཉམ་པ་ཆེན་པོར་མ་བཀག་མ་དམིགས་པར་གཏན་ནས་སྦྱངས་པའི་ཕྱིར་མཚན་ངེས་པར་བསྟན་པ་སྟེ། དང་པོ་ནས་གཉིས་པ་གསུམ་པ་ནི་མཚན་དང་པོའི་རྡོ་རྗེ་བསད་པའོ། །བཞི་པ་ནས་དྲུག་པ་ནི་བར་སེམས་པའི་དོན་ཏོ། །ཐ་མ་ནི་ཐ་མའི་དཔལ་དོན་ཏོ། །རྡོ་རྗེ་སེམས་དཔའི་མཚན་སྒྲ་དུ་མར་སྣང་བའི་རྩ་བ་བཅུ་གཅིག་བསྟན་པ་གང་ཞེ་ན། ལང་ཀའི་བདག་པོ་དེ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱའོ། །ཞེས་པ་ལ་སོགས་པ་རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་ཆེ་བ་བླ་ན་མེད་པ་རིལ་གྱི་བདག་ཉིད་པས་ཟླ་མེད་ཅིང་དྲི་མ་མ་སྤངས་དག་པ་ལ་ཡོན་ཆུབ་ཏན་གྱིས་གཞག་པས་ངོ་བོ་གསལ་སེམས་ལ་མི་གཡོ་བའི་ཕྱིར་དང་། བཤད་པའི་ཆོས་བཞིས་བསྡུས་པ་རིལ་གྱི་ངོ་བོ་ཕྱོགས་རིས་བྲལ་བའི་ཆོས་རྣམས་ཀྱི་ཆོས་ཉིད་མ་བཅོས་པ་ཆེན་པོའི་ཕྱིར་དང་། ངོ་བོ་སེམས་ཀྱི་སྟོང་པ་མ་སྤངས་མ་གྲུབ་པའི་ཕྱིར་དང་། མཐའ་ལས་འདས་ཚིག་གིས་བརྗོད་དུ་མི་བཏུབ་པའི་ཕྱིར་དང་། དེ་ཉིད་དུ་དབུ་མ་འཛིན་པ་བྲལ་བའི་ཕྱིར་དང་། རྒྱལ་བ་སངས་རྒྱས་ཀུན་རིལ་གྱི་ངོ་བོར་བཞུགས་པས་ནོར་བུ་རིན་པོ་ཆེ་ལྟ་བུའི་ཕྱིར་དང་། གདུལ་བྱ་ཇི་ལྟ་བ་དེ་ལྟར་རང་སྣང་བའི་ཕྱིར་དང་། བུདྡྷ་རིལ་འདིས་གྲོལ་བར་བྱེད་པའི་ཕྱིར་དང་། སྤྲུལ་པ་ཐམས་ཅད་པ་ཡིན་པའི་ཕྱིར་དང་། བྱིན་རླབས་མི་འགོགས་རང་སྣང་ཡེ་ཤེས་ཆེན་པོས་ཟིན་པའི་ཕྱིར་དང་། རིལ་མ་འདྲེས་པ་ཡོངས་སུ་རྫོགས་པའི་ཕྱིར་ཏེ། ཕྲ་བཀོད་ལས། སེམས་ནི་གཟུགས་བྲལ་གཟུགས་ཀྱང་རྫོགས། །ཞེས་པའི་དོན་ཏོ། །ལང་ཀ་ལ་བོས་ནས་མཚན་བསྟན་པའི་དགོས་པ་ནི། རིག་ཐ་དད་ནས་བྱ་བའི་སྒོར་བསྟན་ཀྱང་ངོ་བོ་ལ་མེད་པའི་ཕྱིར་བླ་དྭགས་སུ་རྟོགས་པར་གྱིས་ཤིག་པར་གདམས་པའོ། །ལང་ཀའི་བདག་པོ་དེའི་ཕྱིར་ན་སངས་རྒྱས་ནི་བླ་དྭགས་སོ། །ཞེས་པ་ལ་སོགས་པ་སྔ་མའི་དོན་གྱིས་བརྗོད་པ་ཐམས་ཅད་བླ་དྭགས་སུ་རིག་བྱ་བའི་དོན་ཏོ། །བླ་དྭགས་ཀྱི་མཚན་ཉིད་བསྟན་པའི་ཕྱིར། ལང་ཀའི་བདག་པོ་བླ་དྭགས་གང་ཡིན་པ། ཞེས་པ་ལ་སོགས་པ་དེ་བཞིན་ཉིད་ལ་རྟོག་ཀྱང་དངོས་པོ་གཉིས་ཐོག་མ་ཅན་ནི་མ་ཡིན་ནོ། །བླ་དྭགས་ཉིད་མཚན་ཉིད་དེ་ལས་གཞན་ལྡན་པའ་ིསྐྱོན་ནི། ལང་ཀའི་བདག་པོ་གལ་ཏེ་ཡེ་ནས་ལྡན་ན། ཞེས་པ་དག་དེ་བཞིན་ཉིད་དང་མཚུངས་ཏེ་གློ་བུར་མ་ཡིན་ན་སྐྱོན་དངོས་པོ་གཉིས་པའི་ཆོས་སྣང་བ་གོ་འགག་པ་དང་། གལ་ཏེ་ན་སྒྲིབ་པ་སྦྱངས་ཀྱང་དག་པར་མི་འགྱུར་བའི་སྐྱོན་ཡོད་དོ། །གློ་བུར་གྱི་མཚན་ཉིད་དཔེ་ཡིས་བརྗོད་པ་སྒྲ་ཇི་བཞིན་ནོ། །ལང་ཀའི་བདག་པོ་དེའི་ཕྱིར། མིང་དང་། བརྡ་དང་། ཞེས་པ་དག་གློ་བུར་གྱི་ངོ་བོ་སྟེ་བཏགས་པའི་ཆོས་རྣམས་དང་། ཞེན་བློས་ཕྱི་རོལ་དུ་སྣང་བའི་མཐུ་ཅན་དག་དང་། མིང་ཙམ་པ་དེ་སྒྲའི་སྤྱི་དང་དོན་གྱི་སྤྱི་དང་། སྒྲ་རང་གི་མཚན་ཉིད་དང་། བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་དང་། ཁམས་གསུམ་ལ་སོགས་པའི་ངོ་བོའོ། །དེའི་མཚན་ཉིད་ཞེན་པ་པོ་ལ་སྣང་བ་དང་། ཞེན་པས་འདོག་པ་དང་། དོན་མཐོང་དུ་མི་སྟེར་བ་དང་། དེ་མཚན་མ་འབྱོངས་པའི་ཕྱིར་གློ་བུར་གྱི་གཏན་ཚིགས་བཞིར་འགྱུར་རོ། །འོ་ན་གོང་གི་དཀོན་མཆོག་གསུམ་ལ་སོགས་པ་ནི་བསྒྲུབ་བྱ་ཉིད་ལས་གློ་བུར་དུ་མི་འགྱུར་རོ་ཞེ་ན། དེ་དག་ནི་ངོ་བོ་ཉིད་མ་སྤངས་བྲལ་བའི་ཕྱིར། ལམ་པས་དེར་འདོད་ན་ཆེད་དུ་བྱས་པའི་ཞེན་པ་སྟེ། ཆུ་བོ་བརྒལ་བའི་གྲུ་བཞིན་དེ་དག་ཏུ་འཛིན་པ་ཉིད་ཀྱང་འདོར་བར་རིག་པའི་ཕྱིར་རོ། །གློ་བུར་མིན་པའི་སྐྱོན་གསུམ་བཤད་པ་དེའི་ངོ་བོ་བསྟན་པའི་ཕྱིར། ལང་ཀའི་བདག་པོ། གལ་ཏེ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཞེས་པ་དག་རྒྱུ་འབྲས་ཀྱི་ཆོས་རྣམས་གློ་བུར་མ་ཡིན་ན་དེ་ཁོ་ན་ཉིད་ཀྱང་དྲི་མ་ཅན་པས་མཚན་ཉིད་བཤད་པ་ལྟར་མི་འགྱུར་ན་དེ་བས་དེ་བཞིན་ཉིད་དུ་བརྗོད་པའང་ཕྱི་མོའི་ཆོས་ཉིད་མི་འགྱུར་བའི་བླ་དྭགས་སོ། །ལང་ཀའི་བདག་པོ་དེའི་ཕྱིར་ཆོས་ཐམས་ཅད་ཞེས་པ་དག་གཏན་ཚིགས་བཤད་པ་བཞིན་པས་ཆོས་ཀུན་ཇི་བཞིན་པའི་ངང་ཉིད་ལ་རྣམ་པའི་བརྟགས་པ་མེད། སྒྲ་ཉིད་མ་དམིགས་པས་མཚོན་པར་བྱེད་པ་མེད། བཤད་པ་བཞིན་ངོ་བོ་གང་དུའང་ལྡན་པ་མེད་པའི་ཕྱིར་བསྟན་དུ་མེད་པས་ངོ་བོ་ཉིད་མཚོན་པ་བྲལ་བའོ། །ལང་ཀས་ཇི་བཞིན་པ་ཉིད་དུ་བློས་གཟུང་དུ་ཡོད་མེད་དྲིས་པ་བསྟན་པའི་ཕྱིར། སྨྲས་པ་གསང་བའི་བདག་པོ་གང་མིང་དུ་བཏགས་པའི་གཞི་ལ། ཞེས་པ་གཞི་ཅི་བཞིན་པ་བཏགས་པ་བྲལ་བ་ཉིད་དུའང་བརྟག་ཏུ་མེད་དམ་ཞེས་དྲིས་པའོ། །སྨྲས་པ་ལང་ཀའི་བདག་པོ། ཞེས་པ་ལ་སོགས་པ་ལན་ཏེ་གལ་ཏེ་གཞི་ཅི་བཞིན་པའི་ངང་ལ་རྟོགས་བྱ་རྟོག་བྱེད་མ་དམིགས་པ་དང་། དེ་ཉིད་དུ་རྟོག་ནའང་ནད་ཡིན་པའི་ཕྱིར་རོ། །དེ་ལས་གཞན་པའི་གཏན་ཚིགས་ཀྱིས་དེའི་ངོ་ལྡན་པར་མི་རྙེད་པའི་ཕྱིར་རོ། །བཤད་པའི་དོན་གྱིས་གློ་བུར་གྱི་རྟོག་པ་བཟང་ངན་གཉིས་ལ་སངས་རྒྱས་དང་སེམས་ཅན་དུ་བཏགས་པས་ཞེན་པ་གཉིས་ཀྱིས་དེ་ལྟར་མཐོང་གི་ངོ་བོ་ལ་གཉིས་པ་མེད་པར་བཀའ་སྩལ་ཏོ། །འོན་ཀྱང་བྱིས་པ་རྣམས་ནི། ཞེས་པ་ལ་སོགས་པ་དེ་བས་དོན་ཆེན་པོ་མ་རིག་པའི་བྱིས་པ་རྒྱུའི་ཐེག་པ་བ་དག །བཤད་པའི་རྟོག་པས་དོན་མཐོང་དུ་མི་སྟེར་བའི་ཕྱིར་དེ་དག་ལ་སླར་དོན་དུ་གཉེར་ཞིང་རྒྱུ་འབྲ་ལ་སོགས་པར་འཛིན་པ་ནི་འཁྲུལ་ཏོ། །དེའི་རང་བཞིན་རྟོགས་པར་བྱ་བའི་ཕྱིར། སྨྲས་པ། གསང་བའི་བདག་པོ། འོ་ན་སེམས་ཅན་དང་སངས་རྒྱས་འདི་གཉིས། ཞེས་པ་ལ་སོགས་པ་དྲིས་པ་རྣམས་ནི་སྒྲ་བཞིན་ནོ། །ལན་ནི་རིམ་པར་བསྟན་ཏེ། སྨྲས་པ། ལང་ཀའི་བདག་པོ་སྟོང་པ་ཉིད་དུ་ཤེས་པར་བྱའོ། །ཞེས་པ་དག །རང་རིག་པ་འོད་གསལ་བའི་ངོ་བོ་ལ་ནི་སངས་རྒྱས་སེམས་ཅན་གྱི་ངོ་བོ་མ་དམིགས་པའི་ཕྱིར་རོ། །ལམ་རིམ་པར་དེ་ལྟ་བུའི་ཆོས་སོ་ཅོག་གི་མཚན་ཉིད་པས་རིལ་ལ་ཁྱབ་བོ། །དེ་ནི་སྤྱོད་ཡུལ་རྟེན་དང་བརྟེན་ཅན་གྲོལ་བས་གང་ལའང་རྟེན་མི་འཆའོ། །སྟོང་པ་ཉིད་ལ་གནས་པ་ཅི་ལ་གནས་པ་ལགས། ཞེས་པ་དེ་ལྟར་སྟོང་པ་ཆེན་པོ་ལ་འབྱེད་པ་མེད་པས་བྱ་བ་རྫོགས་ཏེ། དོན་བྱེད་པའི་ལྷག་པ་པོ་དེ་ལས་མེད་དེ་གཞན་ནས་མི་རྙེད་པར་བསྟན་པའོ། །སྨྲས་པ། གསང་བའི་བདག་པོ། ཞེས་པ་ལ་སོགས་པ་སྒྲ་ཇི་བཞིན་དྲི་བ་གཉིས་ཀྱི་ལན་བརྗོད་པར་བྱ་སྟེ། དངོས་པོ་གཉིས་པ་རིལ་མཐའ་བྲལ་བའི་སྟོང་ཆེན་གྱི་ངོ་བོར་མ་བགྲོད་པར་རྒྱས་བཏགས་པས་དེའི་དོན་ཅིའང་མ་མཐོང་མ་རིག་པར་མཐོང་རིག་ན། འགྲོ་དོན་མ་བྱས་རྫོགས་ཏེ་བསྒྲལ་བ་ཆེན་པོའི་ཕྱིར་སྙིང་རྗེ་ཆེན་པོ་ཉིད་དོ། །དེ་ལྟ་བུའི་ངེས་དོན་མ་རྙེད་པའི་ཐེག་པ་དམན་པ་དག་དམིགས་པས་སྟོང་གསུམ་གྱི་འགྲོ་བའི་སྲོག་བསྐྱབ་པ་དང་། མྱ་ངན་ལས་འདས་པ་ལ་བཀོད་པ་ནི་སྙིང་རྗེ་ཆུང་ངུ་སྟེ་དེ་ནི་དམིགས་པས་བྱ་བའི་ལས་སུ་གྱུར་པ་དང་། འཇིག་རྟེན་མཐའ་མེད་ལ་ལྟོས་ནས་བ་སྤུའི་ཆའི་དོན་ཙམ་ཡང་མེད་པ་དང་། སླར་ཡང་འཆི་བ་ཡོད་པའི་ཕྱིར་དང་། དེ་དག་གི་རྩ་བ་ཡང་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་བས་ན་ཐུགས་རྗེ་ཆེན་པོ་ལ་དམིགས་པས་གནས་པར་མི་འདོད་པ་ནི་གནས་པ་སྟེ་དེ་ལྟ་བར་བྱའོ། །སྙིང་རྗེ་ཆེན་པོ་ལ་གནས་པའི་རྣལ་འབྱོར་ཆེན་པོ་དག་གི་མཛད་པ་ནི། སེམས་ཅན་ཇི་སྙེད་པ་དག་གི་འཆིང་བ་གཅིག་པར་ཡང་མི་བྱེད། དེ་ཉིད་སྡོམ་པ་ཡང་མི་བྱེད་དོ། །དེ་ལྟར་ཡེ་འཆིང་གྲོལ་མ་དམིགས་པ་ལ། དོན་དེའི་རྗེས་སུ་ཤེས་པ་འབྲང་བའང་མེད་པ་ནི། བྱ་བ་དང་སྩོལ་བའི་ཐེག་པ་རིལ་བཅད་པས་མཚོན་ཆ་ཆེན་པོ་སྟེ། གདུལ་བྱ་སྣང་བ་མ་འགགས་ལ་མི་དམིགས་པར་བསྒྲལ་ཏོ། །དེ་གཏན་ཚིགས་ཀྱིས་གྲུབ་པ་ནི། གཞི་ལ་འགྲོ་བ་རང་རྒྱུད་པ་མེད་པས་ཞེན་རྟོག་སྣང་བའི་ཕྱིར་བཏགས་པའི་ཡོད་པ་ཙམ་པས་སོ། །སྙིང་རྗེ་ཆེན་པོ་དེ་ནི་དེ་བཞིན་ཉིད་དང་། གློ་བུར་གཉིས་ཀྱི་ཁྱད་པར་གྱི། ཞེས་པ་ལན་གཉིས་པས་སྟོན་ཏེ། ཐུགས་རྗེ་ཆེན་པོ་དེའི་མིང་ངེས་པར་གང་ལས་གྲུབ་ཞེ་ན། གཉིས་ཀ་ལས་བཏགས་ཏེ་ཡེ་གཉིས་སུ་མེད་པས་ཟིན་པ་དང་། ཐ་སྙད་དེ་ཉིད་དུ་དག་པ་ཙམ་ལས་བཏགས་པའི་ཕྱིར་རོ། །ལང་ཀའི་བདག་པོ་དེ་ལྟ་བས་ན་འདི་ལྟ་སྟེ། མཐའ་ཡས་མིང་དུ་བཏགས་པའི་གཞི། །ཞེས་པ་ལ་སོགས་པ་ཚིག་ཤད་ཀྱི་ཚུལ་གྱིས་སྔགས་ཀྱི་མདོ་ཞེས་པ་མིང་འགྲུབ་སྟེ། དོན་ལྷག་པ་མིན་ཀྱང་ལྷུག་པ་དང་ཚིག་ཤད་གཉིས་མདོ་རྒྱས་སུ་འབྱུང་བའི་ཕྱིར་ཏེ་ཆ་མཐུན་འཆད་པ་དག་ཀྱང་སྦྱར་རོ། །སྡུད་པ་པོ་ལ་བོས་ནས། སྔར་རྒྱས་པར་དེ་ལྟ་བས་ན་བསྟན་པའི་ཚུལ་དེས་ན་མདོར་ཡང་འདི་ལྟ་སྟེ་དེ་ཉིད་ཉེ་བར་བསྟན་པ་ནི། དངོས་པོ་བསམ་ཡས་པའི་མིང་དུ་བཏགས་པ་གྲགས་པའི་ཆོས། །ཞེས་པ་གཉིས་མེད་ཀྱི་ངོ་བོ་ལ་དངོས་པོ་བཟང་ངན་གྱི་ཡུལ་དྲུག་མཐོང་སྣང་གྲགས་ལ་སོགས་པ་རིལ་བླ་དྭགས་ཅིའང་མ་ཡིན་པ་ལས་ཅིར་ཡང་བཏགས་པར་ཟད་སྣང་བའི་ཕྱིར་ངོ་བོ་རང་རྒྱུད་པ་དེ་ལ་དངོས་གཞི་མེད་དོ། །འོ་ན་གང་མེད་པ་ལས་སྣང་ན་རི་བོང་རྭ་དང་ནམ་མཁའི་མེ་ཏོག་ཀྱང་འབྱུང་བར་རིགས་སོ་ཞེ་ན། གང་ལས་མིང་དུ་བཏགས་པའི་གཞི། །མེད་རྒྱུ་བཏགས་ཆགས་བསྒྲུབ་འགྲུབ་ཅིང་། །ཞེས་པ་དེ་ཁོ་ཉིད་ཀྱི་དངོས་པོ་གང་ལ་སྣང་བ་ཐ་དད་པ་ལ་མིང་དུ་བཏགས་པ་རིལ་གྱི་གཞི་ནི་ཇི་ལྟ་བ་དུ་ཞེ་ན། མཚན་ཉིད་ཐམས་ཅད་པ་མཚན་ཉིད་མེད་པ། རྣམ་པ་ཀུན་ལྡན་རྣམ་པ་བྲལ་བ། བརྗོད་པ་ཀུན་འབྱུང་བརྗོད་པ་མེད་པ་ནི། གང་ཡང་མ་བཀོལ་བས་རྣམ་པའི་ཕྱོགས་བྲལ་བའི་ཕྱིར་ངོ་བོ་མེད་པ་ལྷུན་གྱིས་གྲུབ་པའི་རྒྱུལ་ཇི་ལྟར་བཏགས་བསྙད་པ་ལྟར་ཆགས་གྲུབ་བསམས་པ་བརྟག་པ་ལྟར་སྣང་བའོ། །དེ་ལྟ་བས་ན་རི་བོང་རྭ་དང་མི་མཚུངས་སོ། །ནམ་མཁའ་ཆེ་ལས། རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་བལྟས་པ་དེ་ལྟར་སྣང་། །ཞེས་དང་། ཀུན་འདུས་ལས། མདོར་ན་ཇི་ལྟར་བཏགས་བསམས་བཞིན། །འགྱུར་བས་ཐམས་ཅད་ངོ་བོར་སྣང་། །ཞེས་པའི་དོན་ཏོ། །དེས་ན་བྱ་མེད་བྱས་པ་ཟིན། །ཞེས་པ་གཏན་ཚིགས་ལ་སྙེགས་ཏེ་བྱ་མེད་མཛད་པ་མེད་པའི་ཕྲིན་ལས་ཀྱིས་དོན་བྱས་པ་ཟིན་རིལ་འགྲུབ་བོ། །མི་སྣང་བ་ལས་ཀུན་སྣང་བ། །ཞེས་པ་དག་ནི་བྱང་ཆུབ་སེམས་ནི་མཐའ་གང་དུ་སྣང་མ་མྱོང་བ་མི་སྣང་བ་ལས་ཐམས་ཅད་ཀྱི་དངོས་གཞི་བས་ཞེན་པས་ཇི་ལྟར་བསམ་པ་ལྟར་ཀུན་སྣང་བ་ནི་ཐམས་ཅད་ཐམས་ཅད་བཟང་ངན་རིལ་བཤད་པ་ལྟར་ལྟོས་པའི་གློ་བུར་བའོ། །སྣང་བཞི་ཉིད་མེད་པའི་སྙིང་པོ་སྟེ། །ཞེས་པ་དག་བཏགས་ཆགས་པར་བྱུང་བའི་རིལ་དེ་ཁོ་ན་ཉིད་ལས་གཞན་པ་མེད་པའི་ཕྱིར་མཐའ་གཉིས་ལས་གྲོལ་ཏོ། །འོ་ན་བླ་དྭགས་སྨོས་པ་ཅི་དགོས་ཞེ་ན། སངས་རྒྱས་མེད་ལས་སངས་རྒྱས་དང་། །ཞེས་པ་ལ་སོགས་པ་གཞི་ཉིད་གང་ཡང་ལྷུན་གྱིས་གྲུབ་པའི་ཕྱིར་རྣམ་པའི་སངས་རྒྱས་ཆོས་གང་དུའང་མེད་པ་ལས་བླ་དྭགས་སངས་རྒྱས་དང་བྱང་ཆུབ་སོགས་བཟང་ཕྱོགས་སུ་བཏགས་པ་ནི་དོན་ཤེད་མ་བྱེ་བ་རྣམས་བརྒྱུད་པས་དྲང་བའི་དགོས་པ་ཡོད་པའི་ཕྱིར་རོ། །དེ་ལྟ་བས་ན་གསང་སྔགས་དེ་ཁོ་ན་ཉིད་ལ་ནི་ཡེ་རྣམ་པ་མི་དམིགས་པ་ལ་སྨོས་པ་འདི་དག་གི་མིང་གི་ཐ་སྙད་ཙམ་ཡང་མེད་པས་དེར་སྣང་ཡང་མེད་དོ། །ཆོས་ཉིད་ནམ་མཁའི་དཀྱིལ་ཡངས་ནས། །ཞེས་པ་ལ་སོགས་པ་གང་དེ་བཞིན་ཉིད་སྟོང་ལ་ཟད་མི་ཤེས་པ། མེད་ལ་ཐམས་ཅད་འབྱུང་ཞིང་ཁྱབ་པ་སྣང་ལ་མི་འགག་པ་ནམ་མཁའ་ལྟ་བུ་སྟེ། དེ་ལ་མཐའ་མི་དམིགས་པའི་བླ་དྭགས་ཙམ་ལ་མ་ཆུད་པ་མེད་པས་དེ་ཉིད་རང་བྱུང་གི་ཡེ་ཤེས་རིལ་གྱི་དངོས་གཞི་འབྱུང་གནས་སུ་རང་ཤར་བ་ནི་སྙིང་རྗེ་ཆེན་པོའི་བདག་ཉིད་དོ། །དེ་ནི་དཔེ་མེ་དང་འདྲ་སྟེ་མ་རིག་པ་གཉིས་ཀ་ནས་སྦྱངས་པས་རིལ་སྤྱོད་ཡུལ་དག་པ་ཉིད་དུ་གསལ་ལོ་ཞེས་གསང་བདག་གིས་བཀའ་སྩལ་ཏོ། །ལང་ཀའི་བདག་པོ་ལ་སོགས་པ། །ཞེས་པ་དག་འཁོར་རྣམས་དོན་དེ་ཐོས་པས་ལམ་དང་འབྲས་བུ་གཞན་ན་མེད་པར་རྟོགས་པས་ཐ་མའི་དབུགས་ཕྱིན་ཏེ་གསང་སྔགས་གཉིས་མེད་ཀྱི་དོན་ལ་བརྙེལ་མཛད་དོ། །གསང་སྔགས་རང་གི་ངོ་བོ་བསྟན་པའི་ལེའུ་ཞེས་པ། ཇི་བཞིན་པ་ཉིད་ཀྱི་མཚན་ཉིད་བསྟན་པ་སྟེ་བདག་ཉིད་ཆེན་པོའི་རྣལ་འབྱོར་དང་། ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་། ཀློང་ཡངས་ཆུབ་པའི་རྣལ་འབྱོར་གྱི་སྤྱོད་ཡུལ་ལོ། །ལེའུ་བརྒྱད་པ་བཀྲོལ་བའོ།། །།དེ་ནས་ཡང་ལང་ཀའི་བདག་པོས། ཡང་གསང་བའི་བདག་པོ་ལ་ཞེས་པ་ལ་སོགས་པ། བྱུང་ཚུལ་གསུམ་པ་གང་གིས་ངེས་པ་ཅི་ཞིག་དུས་ནམ་རྙེད་ཞུས་པ་སྒྲ་བཞིན་ནོ། །སྨྲས་པ། ལང་ཀའི་བདག་པོ་གང་གིས་ཞེས་པ་ལ་སོགས་པ། སུ་གང་ཡང་རུང་བས་རྙེད་པར་བྱ་བ་ནི་རྡོ་རྗེ་སེམས་དཔའ་དེ་བཞིན་ཉིད་ངེས་པར་གོ་བ་ནི་གསང་སྔགས་ཐོབ་པ་སྟེ་བཤད་ཟིན་ཏོ། །སྨྲས་པ། གསང་བའི་བདག་པོ་ཞེས་པ་དག་དྲི་བ་བཞི་དྲིས་ཏེ། གང་ཞེ་ན། དེ་ཁོ་ན་རྙེད་པར་བྱུང་བ་དེའི་རྒྱུ་དང་གནས་དང་ཡུལ་དང་བྱུང་ཚུལ་དྲིས་པའོ། །གསང་བའི་བདག་པོས་སྨྲས་པ་ཞེས་པ་ལ་སོགས་པ། ངེས་དོན་དྲིས་པའི་ལན་ཏེ། དེ་ནི་གཞན་ན་མེད་པའི་ཕྱིར་དངོས་པོ་འཁོར་འདས་གཉིས་དེ་ཁོ་ན་ཉིད་དུ་རང་སྣང་བ་དང་། ཡེ་ཉིད་ནས་དགོངས་པ་དང་། བསམ་པ་ལྷུན་གྱིས་གྲུབ་ཅིང་སོན་པ་དང་། འཇིག་རྟེན་ཐ་དད་པར་སྐུ་བསྟན་པའི་གཟུགས་བརྙན་གྱིས་མཚོན་ནས་བྱིན་རླབས་སྒྲོན་མ་རང་སྣང་བ་དང་། ཡེ་ངོ་བོ་ཉིད་རང་བཞིན་ལྷུན་གྱིས་གྲུབ་པ་དང་། ཞེན་པའི་བསམ་རྒྱུད་དག་པ་གཉིས་ལྟ་བུར་བྱུང་ངོ་ཞེས་གསུངས་སོ། །ཡང་ལང་ཀའི་བདག་པོས་དྲིས་པ། ཞེས་པ་དག་ནི་དྲིས་ལན་ཐ་མའི་ངེས་པ་དྲིས་པ་སྟེ་སྒྲ་བཞིན་ནོ། །གསང་བའི་བདག་པོས་སྨྲས་པ། ཞེས་པ་ལ་སོགས་པ་དེའི་ངེས་པ་གཉིས་ཀྱི་དང་པོ་ནི། ཞིང་ཁམས་ཐ་དད་པའི་སྒྲོན་མ་ཡང་སྤྲུལ་པ་དང་བཅས་པ་ལ་སོགས་པར་སྣང་བའི་ངོ་བོ་སོ་སོ་བ་མེད་པའི་ཕྱིར་བླ་དྭགས་ཙམ་དུ་མཐའི་འཆིང་བ་ཡེ་བྲལ་བ་ཇི་བཞིན་པ་ལམ་པ་དང་། མ་བཅོས་པ་རྩོལ་བས་བསྒྱུར་བསླད་མེད་དེ་ཡེ་རིལ་གྱི་འབྲས་བུའི་རྩ་བར་གནས་པ་ནི་ངོ་བོ་འདི་འདྲར་ཡོད་ལ་མེད་པ་སྟེ་ངོ་བོ་གཅིག་ཡེ་ཇི་བཞིན་གྲུབ་བོ། །གཉིས་པ་རྒྱུད་དག་པ་ནི་དེ་ཁོ་ན་འགྲོ་བའི་སེམས་ཀྱི་ཆོས་ཉིད་དེ་དེ་མ་མཐོང་བ་དང་མི་འདྲ་བའི་མཐོང་བ་དང་མི་འདྲ་བའི་མཐོང་བར་འགྱུར་བས་ཞེན་པ་དང་རང་གི་ངོ་བོ་གཉིས་ཀ་དང་བྲལ་བ་ལ་ངེས་པར་བཞག་གོ། །རིལ་ཡེ་ཇི་བཞིན་གྱི་མེས་ཆེན་པོ་དེ་ལྟ་བས་ན་དེ་ལྟར་སྲས་ཀྱི་རྒྱལ་བ་རིལ་ཡང་བསམ་དབང་གིས་གཉིས་སུ་གསལ་ཏེ། དེས་ན་དེ་རྟོགས་མ་རྟོགས་གཉིས་ཀྱི་སྣང་བས་ཕྱེ་བ་ལས་ངོ་བོ་མ་ཐ་དད་མེད་པས་གསང་སྔགས་ཇི་བཞིན་པར་ངེས་པར་གཞག་གོ། །ཡང་ལང་ཀའི་བདག་པོ་དྲིས་པ། ཞེས་པ་ལ་སོགས་པ་རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་ལ་དྲི་བའི་ཕྱིར་ཞལ་གྱིས་འཆེས་པའི་སེམས་ཀྱི་ཆོས་ཉིད་ཀྱི་ངོ་བོ་དང་། དེ་རྟོགས་ན་ངོ་བོ་འདིའི་དོན་གང་རྟོགས་པར་འཇོགས་པས་དྲིས་པའོ། །གསང་བའི་བདག་པོས་སྨྲས་པ། ཞེས་པ་ལ་སོགས་པ་འགྲོ་བ་རིལ་གྱི་སེམས་ཀྱི་ཆོས་ཉིད་ཇི་ལྟ་བ་དེ་ཅི་ཡང་མ་རྙེད་པར་རྙེད་པས་ཆོས་རིལ་རྟོགས་ཏེ་དོན་དེ་ལས་གཞན་མེད་པའི་ཕྱིར་རོ། །དེ་ཁོ་ན་ཆོས་སྐུ་ཆེན་པོ་ཉིད་ཡིན་ཏེ། དེ་རྟོག་དཔྱོད་ཚོལ་བའི་ཆོས་རྣམས་ཀྱིས་རྙེད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དཔེ་ཡིས་མཚོན་པས་དེ་ལ་ཡུལ་དང་ཡུལ་ཅན་བསྒྲུབ་བྱ་དང་སྒྲུབ་བྱེད་མེད་པའི་ཕྱིར་རོ། །དེའི་མཐའ་གང་དུའང་མ་བྱུང་སྟེ། ཡེ་ཉིད་འབྲས་བུ་ལ་དེ་ཉིད་ཀྱི་ཐ་སྙད་ཙམ་ཡང་མེད་པས་སེམས་ཅན་འགྲོ་བའི་ངོ་བོ་དང་མིང་བཏགས་པ་དང་དངོས་པོ་ཆོས་ཅན་རྣམས་ཀྱི་ངོ་བོ་དང་མིང་བཏགས་རྒྱལ་བས་བཙལ་ཀྱང་རྙེད་པ་མ་ཡིན་ནོ། །དེའི་གཏན་ཚིགས་བརྗོད་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་མཚན་ཉིད་ཡིན་ལ་ཞེས་པ་ལ་སོགས་པ། འགྲོ་བ་དང་ཆོས་ཅན་གསལ་བ་མིན་ཏེ། ཆོས་སོ་ཅོག་སེམས་ཀྱི་རང་བཞིན་ཡེ་ཤེས་འོད་གསལ་བའི་ངོ་བོ་ཉིད་ཡིན་ཏེ། དེ་ནི་རང་རིག་པའི་ནམ་མཁའོ། །དེའི་མཚན་ཉིད་ནི། མཚན་ཉིད་ཐམས་ཅད་པ་ཡིན་པའི་ཕྱིར་རྣམ་པའི་མཚན་ཉིད་གང་ཡང་མ་ཡིན་པའོ། །དོན་དེས་ན་གཞན་ནས་འབྲས་བུ་མེད་པས་བདག་ཉིད་ལས་མི་བཙལ་བའི་བཙལ་བ་ཆེན་པོ་ཉིད་བཙལ་བའོ། །དེ་ནི་བདག་ཉིད་ཀྱི་ངོ་བོ་དང་ཚོལ་བ་དག་ལ་དགོངས་པ་དང་དགག་པའི་ཕྱིར་རོ། །འོ་ན་འབྲས་བུ་དེ་རང་རིག་པ་ལ་ཚུལ་ཇི་ལྟར་གནས་ཞེ་ན། སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཞེས་པ་དག་ནི། རང་བཞིན་དང་ཚིག་གི་གཏན་ཚིགས་ལས་འདིར་ཡང་རང་བཞིན་བརྗོད་པའོ། །དེས་ན་སེམས་འབྲས་བུའི་མཚན་ཉིད་དེ། དངོས་པོ་གསུམ་ཀར་ཡང་སྣང་ལ་མ་གྲུབ་པས་ཕྱི་ནང་བར་ན་ཡང་མེད་དོ། །འོ་ན་ངོ་བོ་གང་ཞིག་གཏན་ནས་མི་རྙེད་དམ་ཞེ་ན། རྒྱལ་བ་ཉིད་ཀྱིས་ཀྱང་དུས་གསུམ་དུ་མ་མཐོང་མ་གཟིགས་སོ། །དེའི་ཚུལ་རྒྱས་པ་ནི། དེ་ཇི་ལྟར་མ་གཟིགས་ན། ཁ་དོག་ཏུ་མ་གཟིགས་སོ། །དབྱིབས་སུ་མ་གཟིགས་སོ། །མུན་པར་མ་གཟིགས་སོ། །ཞེས་པ་ལ་སོགས་པ་དབྱིབས་ཁ་དོག་བཅུ་དང་ཉི་ཤུ་རྩ་ལྔ་དང་། མུན་སྣང་ཕྱི་ནང་དང་། ཕོ་མོ་མ་ནིང་དྲུག་དང་། ཁམས་གསུམ་ཐམས་ཅད་ཀྱི་བདག་ཉིད་དེ། ཁམས་གསུམ་དེ་ལས་གཞན་མ་ཡིན་པ་ཆོས་སོ་ཅོག་གི་ངོ་བོ་གཞི་རྩ་ཡིན་པའི་ཕྱིར། དེས་ན་རྣམ་པའི་ཕྱོགས་ཆ་རྣམས་དང་བྲལ་བས། ཕྱོགས་ཆ་སྨྲོས་པ་རྣམས་སུ་ནམ་དུའང་མ་གཟིགས་པས་ངོ་བོས་སྣང་མ་མྱོང་བ་ཉིད་དུས་འཛིན་པ་ཀྱང་ཡིན་ཏེ། འཆད་པར་འགྱུར་པའང་རྗེས་སུ་མཐུན་ནོ། །འོ་ན་རྣམ་པར་ངེས་ན་ཅི་སྐྱོན་ནམ་ཞེ་ན། དེ་ནི་རྣམ་པ་གཅིག་ཏུ་ངེས་ན་རྣམ་པ་ཇི་སྙེད་པ་འགགས་པ་དང་གཞན་དང་མ་འབྲེལ་བ་བཀོལ་བའི་སྐྱོན་དུ་འགྱུར་ཏེ། གཏན་ནས་འཁྲུལ་ལོ། །ལྷའི་སེམས་སུ་མ་གཟིགས་སོ། །ཀླུའི་སེམས་སུ་མ་གཟིགས་སོ། །ཞེས་པ་དག་ནི་རྒྱུད་ཞི་བར་གྱུར་པ་དང་། གཏི་མུག་ཆེ་ཞིང་ལོངས་སྤྱོད་ལ་འཆེལ་བ་དང་། གཞན་ལ་གནོད་པ་དང་། འདོད་པ་ཆེ་བ་དང་། རྩོད་པ་ལ་དགའ་བ་དང་། ཕྱོགས་འཛིན་ཆེ་བ་དང་། ཞེ་སྡང་ཆེ་བ་དང་། གདུག་སེམས་ཅན་དང་། འདོད་པ་ཆེ་བ་དང་། ཚུལ་དེ་དང་འདྲ་བའང་ཡིན་པ་དང་། རྨུག་པ་དང་། གདུང་བ་དང་། མི་བཟང་བ་དང་། དེ་དག་ལ་སོགས་པ་འཆད་པར་འགྱུར་ཏེ་སེམས་ཅན་གྱི་རིགས་སྣ་ཚོགས་པའི་རྒྱུད་ཀྱི་རྣམ་པར་མ་གཟིགས་སོ། །ངོ་བོ་ཉིད་གཟུང་བ་དང་འཛིན་པ་རིལ་བྲལ་བའི་ངོ་བོར་བཞུགས་པའོ། །དེ་གཏན་ཚིགས་ཡིད་ཆེས་པས་འགྲུབ་པའི་དོན་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི། རྡོ་རྗེ་སེམས་དཔའི་རང་བྱུང་གི་ཡེ་ཤེས་ཡིན་ལ་ཞེས་པ་ལ་སོགས་པ། གང་འགྲོ་བ་རིལ་གྱི་སེམས་ཉིད་ཇི་བཞིན་པ་ནི་རྒྱུ་རྐྱེན་ལ་རག་མ་ལས་པ། མཚན་ཉིད་ཐམས་ཅད་མ་སྤངས་གསལ་བའི་ཕྱིར་གཅིག་དང་དུམ་མ་ཡིན་པའི་ཕྱིར་རོ། །དེའི་ཡང་གཏན་ཚིགས་ནི། ཡང་ལང་ཀའི་བདག་པོས་དྲིས་པ། ཀྱེ་གསང་བའི་བདག་པོ། སེམས་ཅན་གྱི་སེམས་དེའི་ཅིའི་ཕྱིར་ཞེས་པ་ལ་སོགས་པ་དྲི་བ་དངོས་སྒྲ་བཞིན་ཏེ། ལན་ཀྱང་རང་བྱུང་གི་ཡེ་ཤེས་དང་སེམས་ཀྱི་ཐ་སྙད་རྣམས་ངོ་བོས་གཉིས་སུ་མེད་པར་ལན་བཏབ་སྟེ། མདོ་རྒྱས་སུ་བསྟན་པ་ཡི་གེའི་སྒྲ་བཞིན་ནོ། །སེམས་ཀྱི་ཐ་སྙད་གྲགས་པ་བརྒྱ་དང་བརྒྱད་ཅུ་པོ་དག་ཀྱང་སེམས་ཀྱི་ངོ་བོ་དང་དཔེ་བརྗོད་པ་ཐུན་མོང་དུ་མཇལ་བར་བྱའོ། །དེ་དག་གི་ངོ་བོ་སོ་སོར་རེ་ཞིག་བསྟན་པའི་ཕྱིར། དེ་བཞིན་དུ་སྤྲོ་བའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། འབྱེད་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཞེས་པ་ལ་སོགས་པ་གང་གཅིག་ལའང་མང་པོར་འབྱེེད་པ་དང་། སོ་སོར་རིལ་འབྱེད་པ་དང་། གང་གཅིག་ལ་གཅིག་འཁྲུག་པའི་སེམས་དང་། གང་རྒྱུད་འཇམ་པས་ཕ་རོལ་ལ་ལྷན་པ་དང་། ཕན་ཚུན་རྩོད་པ་དང་། གཞན་དང་མཐུན་པའི་སེམས་དང་། རྩོད་ཅིང་འཐབ་པ་ལ་དགའ་བ་དང་། མཉམ་པས་མཚུངས་པར་ལྟ་སྟེ་འཇར་བ་དང་། ཚིག་ཏུ་བརྗོད་ཤེས་པ་དང་། བརྗོད་མི་ཤེས་པའི་སེམས་དང་། བདག་ཉིད་ལ་བཟང་བར་རློམ་སེམས་བྱེད་པ་དང་། ལོངས་སྤྱོད་འབའ་ཞིག་གི་ཕྱིར་སེམས་པ་དང་། ཕ་རོལ་གྱི་བར་དུ་གཅོད་པར་དགའ་བ་དང་། གང་དུ་ཤོར་ལ་དོག་ཅིང་སྨོད་པས་ཕྲག་དོག་པ་དང་། གཞན་དག་ལ་གནོད་པར་སེམས་པ་དང་། གང་ཅིར་ཡང་ལས་ཀྱི་དོན་དུ་སེམས་པ་དང་། ཤིན་ཏུ་གདུག་པའི་སེམས་དང་། གཞན་ལ་གནོད་འགལ་བཙལ་བར་སེམས་པ་དང་། ཕྱོགས་འཛིན་པས་གཞན་བསྟེན་པ་དང་། གང་ཆགས་པས་གནོད་པའི་སེམས་དང་། བདག་དང་མི་འདྲ་བའི་སེམས་དང་། བདག་བཙན་ཞིང་བཟང་བར་སེམས་པ་དང་། གང་འདོད་པ་འཁྲིག་པའི་ཕྱིར་ཆོས་བསྟེན་པ་དང་། གཞན་ལས་རིགས་ཀྱི་དམན་པར་སེམས་པ་དང་། བདག་ཡོད་པའི་དབང་གིས་ངར་འཛིན་པ་དང་། གང་བདག་ལས་ཕྱི་རོལ་ན་སྣང་བར་སེམས་པ་དང་། གང་བསྲེལ་ཞིང་ཕན་པར་སེམས་པ་དང་། གང་སེམས་ཅན་ལ་བྱམས་ཤིང་གསོ་བར་སེམས་པ་དང་། ཕ་མས་ཕན་པར་བྱ་བར་སེམས་ཤིང་ལན་གླན་པར་དགའ་བ་དང་། གཅིག་ལ་གཅིག་བསྟུན་ཏེ་སྲིད་བཙའ་བར་སེམས་པ་དང་། ངན་པའི་ལན་ཕ་རོལ་ལ་གླན་པར་སེམས་པ་དང་། ཐམས་ཅད་བདག་གིར་བྱའོ་སེམས་པ་དང་། ཐམས་ཅད་བདག་གིས་བསྐྱེད་དོ་བར་སེམས་པ་དང་། ཐམས་ཅད་ཀྱི་ཁོང་དུ་འགྲོ་བར་དགའ་བ་དང་། ཐམས་ཅད་བདག་གིས་གཏང་ངོ་བར་སེམས་པ་དང་། རིལ་བདག་གིས་བསྡུས་སོ་བར་སེམས་པ་དང་། ཡུལ་ཀུན་ཏུ་འགྲོ་བར་སེམས་པས་བསམ་པ་མ་ངེས་པ་དང་། གང་བསྡུས་པ་སྤེལ་བའི་ཕྱིར་ཀུན་ཏུ་བགྲོད་པར་སེམས་པ་དང་། གང་ཐོབ་པ་དུ་མ་ཚོལ་བའི་ཕྱིར་སྐྱེད་དོ་བས་ལས་སྟེན་པའི་སེམས་དང་། གང་མཐའ་གཉིས་ལ་ལྟས་ཤིང་རྟེན་པ་དང་། གང་སྲེད་པ་ཆུང་ངུར་སྟེན་པ་དང་། གང་གདོན་མི་ཟ་བར་ཟབ་པོ་བར་སེམས་པ་དང་། གང་རང་གི་ཆེད་དུ་མི་སེམས་པར་ཀུན་ལ་ཕན་གདགས་པར་སེམས་པ་དང་། གང་ཡང་ནས་ཡང་དུ་གཅིག་ཁོ་ནར་སེམས་པ་དང་། གང་སེམས་པ་དེ་ལས་སྦྱར་བསྐྱང་ཞིང་ཁྱད་པར་སེམས་པ་དང་། གང་སེམས་པ་དེ་དང་དེ་ཉིད་དུ་གདུང་བར་སེམས་པ་དང་། གང་སེམས་པ་དེར་ཕ་རོལ་གྱི་སེམས་བསྒྱུར་བར་སེམས་པ་དང་། གང་འདི་ཉིད་ལ་འཚེ་བས་མི་ཚུགས་པར་བྱའོ་ཞེས་སེམས་པ་དང་། གང་ལྷག་པར་ཆགས་པས་གཞན་ལ་མི་སྟེར་བ་དང་། ཀུན་ཚིམ་པར་དགའ་བས་མ་ཆགས་ཏེ་ཁྱབ་པ་བྱ་བར་སེམས་པ་དང་། རང་གི་རྩལ་ལ་ལྟོས་པ་དང་། གང་བཅིང་བ་ཐམས་ཅད་གཅད་པར་སེམས་པ་དང་། གང་ཆུང་ངུ་ན་བག་ཙམ་བྱིན་པས་ཀྱང་མགུ་ཞིང་ཆུང་ངུས་ཁྲོ་བ་དང་། གང་ཀུན་དགའ་ཞིང་སྟེན་པ་དང་། གང་དྲན་པ་སྣ་ཚོགས་མ་ངེས་པ་དང་། གང་མཐུན་པས་ཚིམས་པར་བྱ་བར་སེམས་པ་དང་། གང་བདག་ལ་སེམས་ཤིང་བདག་ལ་དམིགས་པ་དང་། གང་སྒྲའི་ཕྱིར་སེམས་པ་དང་། དེ་དག་གི་དེ་ཁོ་ན་ཉིད་ནི་ཆོས་ཅན་གྱི་སྒོ་ནས་མ་འདྲེས་ལ་ངོ་བོས་ཇི་བཞིན་པ་ཉིད་དུ་གཅིག་པའི་ཕྱིར་གཅིག་དུ་མ་ལས་ཀྱང་གྲོལ་བར་དེ་ཉིད་ཀྱིས་གསལ་ལོ། །དེ་ལྟ་བས་ན་འཆད་པ་རྣམས་ཀྱང་དེ་ཁོ་ན་ཉིད་རྗེས་སུ་སྦྱར་རོ། །ལྕེ་འབེབས་པ་ལྟ་བུའི་སེམས་དང་། གློག་ལྟ་བུའི་སེམས་དང་། སྤྲིན་ལྟ་བུའི་སེམས་དང་། དུས་ཀྱི་འབྲུག་ལྟ་བུའི་སེམས་དང་། ཞེས་པ་ལ་སོགས་པ་གང་གཞན་ཐོགས་པ་མེད་པར་གཞོམ་པར་སེམས་པ་དང་། ཡུད་ཙམ་དུ་གཞན་གསལ་བར་བྱ་བར་སེམས་པ་དང་། གང་མི་རྟག་པས་བསྒྲིབས་པར་སེམས་པ་དང་། གང་སྤྲོ་བ་བསྐྱེད་པར་སེམས་པ་དང་། ཐམས་ཅད་ཟིལ་གྱིས་གནོན་པར་སེམས་པ་དང་། གང་བདག་གིར་བྱ་བར་སེམས་པ་དང་། གང་ཆུང་བར་སེམས་པ་དང་། གང་ཟིན་པ་མི་གཏང་བར་སེམས་པ་དང་། གང་དུ་གནས་པས་བརྟན་པར་སེམས་པ་དང་། གང་ཅིར་ཡང་སྣང་བར་བྱ་བར་སེམས་པ་དང་། གང་མི་གཡོ་བར་སེམས་པས་ཁེངས་པ་དང་། གང་ཡུལ་ལ་བྱེ་བྲག་ཏུ་སེམས་པ་དང་། གང་ཕ་རོལ་ལ་གཅམ་པར་སེམས་པ་དང་། ཐམས་ཅད་ལ་སྐྲག་པས་རང་བག་ཟོན་བྱ་བར་སེམས་པ་དང་། གང་བགྲོད་པར་མྱུར་བར་ཕྱིན་པར་བྱ་བར་སེམས་པ་དང་། གང་བཅུད་འབྱུང་བར་སེམས་པ་དང་། གང་སྐྲག་པར་བྱ་བ་སེམས་པ་དང་། གཞན་བཟའ་བར་སེམས་པ་དང་། གང་ལ་འཛེམ་དོགས་པ་པས་འཇིགས་པར་སེམས་པ་དང་། གང་སྟོབས་དང་ལྡན་པར་སེམས་པ་དང་། བླུན་པའི་སེམས་དང་། གང་གཟེ་བས་བཟུང་བའི་སེམས་དང་། བདག་འབའ་ཞིག་གི་ཆེད་དུ་བྱ་བར་སེམས་པ་དང་། བདག་གིས་ཆེད་དུ་མི་སེམས་པ་དང་། བཙོན་ར་ལས་བརྒལ་བས་བདེ་བའི་སེམས་དང་། བཙོན་ར་ལས་མ་ཐར་བས་སྡུག་བསྔལ་བར་སེམས་པ་དང་། གང་ཆགས་སྡང་གིས་བསད་ཅིང་བཟའ་བར་སེམས་པ་དང་། གཞོམ་པར་སེམས་པ་དང་། གཞན་ལ་མཛེས་པས་འདོད་པ་སྟེན་པ་དང་། ཐམས་ཅད་དབང་བྱ་བར་སེམས་པ་དང་། གང་ཆགས་པས་འདོད་པ་བཙལ་བར་སེམས་པ་དང་། གང་མ་ངེས་པར་སེམས་པ་དང་། གང་གཙང་བར་སེམས་པ་དང་། གང་བསད་པས་འཚོ་བར་སེམས་པ་དང་། གང་ཡིད་གདུང་བར་སེམས་པ་དང་། གང་ཉམ་ཐག་པའི་སེམས་དང་། གང་ཐམས་ཅད་ལ་གཟུགས་པར་སེམས་པ་དང་། ཐམས་ཅད་དུ་ཡ་ང་བའི་སེམས་དང་། ཐམས་ཅད་དུ་དམན་པར་སེམས་པ་དང་། གང་ཉམ་ང་བ་མེད་པར་སེམས་པ་དང་། གང་འདུས་ཤིང་གསལ་བར་སེམས་པ་དང་། གང་གཏུམ་པར་སེམས་པ་དང་། གཞན་བཅིང་བར་སེམས་པ་དང་། ཐམས་ཅད་རི་ལི་ག་རིའི་དུ་བསྐྱང་བར་སེམས་པ་དང་། གཞན་དག་གཟུང་བར་སེམས་པ་དང་། བརྡུང་བར་སེམས་པ་དང་། ཐམས་ཅད་བླང་བར་སེམས་པ་དང་། གང་བསགས་པར་སེམས་པ་དང་། རྨུགས་པར་སེམས་པ་དང་། བསྲེག་པར་སེམས་པ་དང་། བརླག་པར་བྱ་བར་སེམས་པ་དང་། ཐམས་ཅད་དུ་གསལ་བར་བྱ་བར་སེམས་པ་དང་། ཐམས་ཅད་དུ་ཁྱབ་པས་དྲོ་བར་བྱ་བར་སེམས་པ་དང་། ཐམས་ཅད་དུ་བསིལ་བས་གདུང་བ་བསལ་བར་སེམས་པ་དང་། ཐམས་ཅད་དུ་མཉེན་པར་སེམས་པ་དང་། མི་འགྱུར་བར་སེམས་པ་དང་། འཕྲོ་བར་སེམས་པ་དང་། ཐམས་ཅད་དུ་འབྱུང་བར་སེམས་པ་དང་། ཐམས་ཅད་བརླན་པར་སེམས་པ་དང་། དྲང་པོར་བྱ་བར་སེམས་པ་དང་། གཞིབ་མོར་བྱ་བར་སེམས་པ་དང་། གཞན་བསྡམ་ཞིང་མཐུན་པར་འཇུག་པར་སེམས་པ་དང་། གཞན་བསྐྱབ་ཅིང་སེམས་ཕྱོགས་གཉིས་ཀ་དང་ལྡན་པར་སེམས་པ་དང་། གང་གདུང་བར་སེམས་པ་དང་། ཐམས་ཅད་བརྡེགས་ཤིང་བསྐྲད་པར་སེམས་པ་དང་། བདག་གི་ཉེས་པ་གཞན་ལ་བསྐུའོ་བར་སེམས་པ་དང་། ཕ་རོལ་གྱི་ཉེས་པ་འཛིན་ཅིང་སེམས་རྟོག་སྐྱེད་པ་དང་། སེམས་གར་འཇུག་པའི་ཡུལ་ལ་ཆགས་པར་བྱ་བ་ཉིད་དུ་སྟོན་པར་སེམས་པ་དང་། ལོག་པ་ལ་མ་ལོག་པར་སེམས་པ་དང་། གནོད་པ་ཆེད་དུ་བྱ་བར་སེམས་པ་དང་། ཕན་པ་ཉི་ཚེ་བར་སེམས་པ་དང་། གང་བརྟས་པར་བྱ་བར་སེམས་པ་དང་། རྒྱ་ཆུང་ངུས་རླན་པར་སེམས་པ་དང་། གང་མི་འགྱུར་བར་གཅིག་ཏུ་ཕིགས་པར་བྱ་བར་སེམས་པ་དང་། གང་གཉིས་ཀ་གཅད་པར་སེམས་པ་དང་། གང་ཀུན་གྱི་བྱ་བ་དེ་བསྐྱར་བར་སེམས་པ་དང་། གང་གྱོང་བ་ལ་ཕྱོགས་གཅིག་ཏུ་རྒྱུད་མཉེན་པར་སེམས་པ་དང་། གང་དག་བསྡམ་པར་སེམས་པ་དང་། གང་གྱོང་ཞིང་བསྒྱུར་དཀའ་བར་སེམས་པ་དང་། གང་གིས་གང་ཞིག་སེམས་པ་དེ་ལ་ཡང་སེམས་དེ་ཐམས་ཅད་ནོར་དུ་རུང་བར་ཀུན་ལ་ཕན་པར་བྱ་བ་སེམས་པ་དང་། གང་བསམ་པ་ལས་ཡུལ་གཞན་དུ་མི་འཇུག་པར་བཞར་བ་སེམས་པ་དང་། གང་དྲན་ཞིང་མི་འགྱུར་བར་སེམས་པ་དང་། གང་མི་འགྱུར་བར་གཞོམ་པར་སེམས་པ་དང་། གང་བརྟན་པར་སེམས་པ་དང་། གང་མི་གཡོ་བར་སེམས་པ་དང་། གང་ཡང་མི་བྱ་བར་འདུག་པའི་སེམས་དང་། གང་རང་སྐྱོང་བའི་སེམས་དང་། གང་སྔར་སེམས་པ་དེ་ལ་ཕྱིས་དེ་ལ་གཏད་པར་སེམས་པ་དང་། གཅིག་ཏུ་མི་གནས་པར་འདུ་བྱེད་དང་འགྲོགས་ཏེ་འགྲོ་བ་དང་། གང་གི་སེམས་དང་བ་བསྐྱེད་པ་དང་། གང་དོན་ཡོད་པས་མཐར་ཐུག་པར་སེམས་པ་དང་། གང་སེམས་མང་པོ་གཅིག་ཏུ་ཆུད་པར་སེམས་པ་དང་། གཅིག་ལས་མང་པོར་སེམས་པ་དང་། ཡན་ལག་ཀུན་གཅིག་ཏུ་བསྲུང་བར་སེམས་པ་དང་། གང་ཞིམ་པས་མི་གནོད་པར་སེམས་པ་དང་། གང་མི་མཐུན་པར་སེམས་པ་དང་། ཁྲོ་བར་སེམས་པ་དང་། ཡང་ནས་ཡང་དུ་སེམས་པ་དང་། གང་ཡང་མི་སེམས་པ་དང་། གང་གཞན་གྱིས་མ་བསླད་པར་སེམས་པ་དང་། དོན་མི་འགྱུར་བ་དེ་གཞན་གྱིས་མི་འགྲུབ། ཡི་གེ་ནི་མི་འགྱུར་ཏེ་ཨའི་དོན་ཨ་ཉིད་ལས་གཞན་གྱིས་མཚོན་དུ་མི་བཏུབ་པ་བཞིན་ནོ། །ཚ་ཚའི་སེམས་དང་། ཞེས་པ་དག་ཅིར་ཡང་འཕྲོ་བ་དང་། བྱ་བ་ཀུན་སྒོ་དབྱེ་བར་འབྱེད་པ་དང་། ནུས་པ་ཆུང་བས་མི་འཇུག་པའི་སེམས་དང་། ཀུན་སྤྲོ་བ་བསྐྱེད་པས་ཀུན་སྡུད་པའི་སེམས་དང་། གང་ཡང་མི་ཕྱེད་པར་བྱེད་པ་དང་། གོང་གོ་གསལ་བར་བྱེད་པ་དང་། གང་ཁྱབ་པས་ཕན་གདགས་པར་སེམས་པ་དང་། གང་གཅིག་གི་མཐུན་པ་གཉིས་ལ་མཐུན་ཏེ་ཚ་གྲང་གཉིས་ཀ་དང་མཐུན་པ་བཞིན། གང་གཞན་ཞིག་མི་མཐུན་པའི་གཞི་གང་དུའང་མཐུན་པ་བཞིན་ནོ། །དངོས་པོ་གཞན་བསྡུ་བ་ནི་དངོས་པོ་སྣ་ཚོགས་ཀྱི་སེམས་ཏེ་གཡོ་འགུལ་དངོས་པོ་མ་འདྲེས་པ་ཐམས་ཅད་རིལ་བུའི་སེམས་སོ། །དེ་རྣམས་ཀྱི་དེ་བཞིན་ཉིད་ཡེ་མ་བཅོས་མ་བསླད་པ་ཁོ་ན་རྡོ་རྗེ་སེམས་དཔའ་ཉིད་ཡིན་ཏེ་ཐ་དད་པ་གཞི་ནས་མེད་དོ། །གཏན་ཚིགས་ནི། ཀྱེ་ལང་ཀའི་བདག་པོ། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ལ་སོགས་པ། རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཡེ་ཇི་བཞིན་པའི་ངོ་བོ་ནི་བྱེད་པ་པོ་མེད་པའི་ཕྱིར་དང་། ཡེ་ཉིད་གསལ་བ་ཆེན་པོ་སེལ་མེད་པའི་ཕྱིར་དང་། རྒྱུ་རྐྱེན་ལ་རག་མ་ལུས་ཤིང་མཁན་པོ་མེད་པ་དང་། བླ་དྭགས་བྲལ་བའི་ཆོས་བཞི་དང་ལྡན་པ་དེ་ལྟར་འགྲོ་བའི་སེམས་ཀྱི་ཆོས་ཉིད་ཀྱང་དེ་བཞིན་པའི་ཕྱིར་རོ། །དེ་གཉིས་སོ་སོར་ནི་དུས་གསུམ་དུའང་ཐམས་ཅད་མཁྱེན་པ་དང་རྒྱལ་ཚབ་སྐྱེས་བུ་རིགས་ལྔ་ལ་སོགས་པའི་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་མ་གཟིགས་མི་ཕྱེད་དེ། གཞན་དང་གཞན་པ་བཙལ་གྱིས་མི་རྙེད་པའི་ཕྱིར་རོ། །ཀྱེ་ལང་ཀའི་བདག་པོ། གསང་སྔགས་ཀྱི་ངེས་པ་རྙེད་པར་འདོད་པ་རྣམས་ཀྱིས་སེམས་ཀྱི་དེ་ཁོ་ན་ཉིད། ཅེས་པ་དག་ངེས་དོན་དམ་པ་དེ་རྟོགས་པར་གདམས་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱ་བའི་རྣལ་འབྱོར་པ་ལྟར། སེམས་ཐ་དད་པར་སྣང་བ་རྣམས། ཞེས་པ་གཏན་ཚིགས་ཇི་ལྟ་བུ་ཞེ་ན། རྣལ་འབྱོར་གཉིས་པོ་འདི་ནི་བྱ་བ་བྱེད་པའི་རྣལ་འབྱོར་གྱི་ཁྱད་པར་ཏེ། བཤད་པའི་གཞི་དང་འབྲས་བུ་ལ་ཐལ་བར་མི་འགྱུར་རོ། །གང་གཞན་དོན་དུ་རྩོལ་བ་ཆེད་དུ་བྱེད་པ་ནི་དབུ་མ་མན་ཆད་བདེན་པ་སོ་སོའི་རྣམ་པས་ཐ་དད་དུ་མཐོང་ཡང་། གསང་སྔགས་འདིར་འབྲས་བུ་ཉིད་དུ་ཤེས་པས་བྱ་བ་མེད་པའི་རྣལ་འབྱོར་མཆོག་ཨ་ཏི་ཡོ་གའི་གཞུང་ལྟར་གཉིས་མེད་ཀྱི་དོན་ཆེན་པོར་ཤར་ཏེ། དེའི་ངོ་བོ་ནི་གསང་སྔགས་ཇི་ལྟ་བ་མ་བསླད་པ་ཉིད་ཡིན་པའི་གཏན་ཚིགས་དེས་ན་རྡོ་རྗེ་སེམས་དཔའ་ཉིད་ཀྱང་དོན་འདི་རྟོགས་པས་སངས་རྒྱས་ཏེ་མཐར་ཐུག་གི་ལམ་དམ་པ་བརྙེས་སོ། །དེ་ཇི་ལྟར་ཞེ་ན། སེམས་ཀྱི་དེ་ཁོ་ན་ཉིད་ནི་རྣམ་པར་དག་པའི་སྒོ་ཡིན་ནོ། །ཆོས་སྣང་བའི་སྒོ་ཡིན་ནོ། །ཞེས་པ་ལ་སོགས་པའི་ལོག་ལྟ་ཀ་ནས་བྲལ་བའི་ཕྱིར་དང་། བསྟན་པ་རིལ་འདིའི་བྱིན་རླབས་ལས་སྣང་བའི་ཕྱིར་དང་། མུ་མཐའ་བྲལ་བའི་ངོ་བོ་འབྲས་བུའི་བདག་ཉིད་པ་དང་། སྡེ་སྣོད་རྒྱུད་དག་གལ་པོ་རྫོགས་པའི་ཕྱིར་དང་། དུས་གསུམ་ཡེང་བྲལ་མེད་པའི་ཕྱིར་ན་སྟོན་པ་ཉིད་ཀྱང་འདིས་མཐར་སོན་པ་བརྙེས་པའོ། །རྟོགས་པའི་ཡོན་ཏན་དང་ལྟས་བསྟན་པ་ནི། ཀྱེ་ལང་ཀའི་བདག་པོ། དེ་ཡང་འདི་ལྟ་སྟེ། གང་གི་སེམས་ཀྱི་དེ་ཁོ་ན། །ཞེས་པ་ལ་སོགས་པ་ལམ་པ་སུ་ཞིག་གིས་གསང་སྔགས་ཡེ་ཇི་བཞིན་པ་མཐོང་ཐབས་ཀྱིས་ངེས་པ་རྙེད་ན། རིལ་དེར་གསལ་བའི་ཕྱིར་བརྗོད་པ་རིལ་དོན་མ་ནོར་བ་ཉི་ཚེ་བས་སྒྲ་ཚད་སོགས་ཚིག་ཐོས་པའི་རྒྱུ་ལ་འཕྲལ་དུ་མ་མ་བསྟན་ལྟོས་ཀྱང་ཚིག་ཐེག་པ་ཀུན་ལ་མཁས་དོན་བདེན་པ་ཇི་སྙེད་པ་འབྱུང་གཞན་དོན་ཞིང་དོན་མ་འདྲེས་པ་དང་། ཇི་བཞིན་པའི་གཏན་ཚིགས་ཟབ་མོ་ཕ་རོལ་སྐལ་ལྡན་ལ་སྟོན་ནུས་ན་ཐོབ་པའི་ལྟས་དེ་ལ་ཡེང་བྲལ་དང་ཡལ་བར་འདུག་པ་དོན་སྟོན་ལ་སོགས་མེད་དོ། །ཀྱེ་ལང་ཀའི་བདག་པོ་དེ་ལྟར་ན། སེམས་ཀྱི་དེ་ཁོ་ན་ཉིད་ནི། ཞེས་པ་དག་ནི། བརྒྱ་བརྒྱད་ཅུ་རྣམས་སྟོན་པ་རྡོ་རྗེ་སེམས་རྟོགས་པའི་ཀླུང་ཆེན་མ་ཡེངས་དཔའ་དང་བླན་མེད་པའི་ཆོས་སྐུ་ཆེན་པོར་གཅིག་པར་བསྟན་ཏོ། །དེ་སངས་རྒྱས་ཀུན་གྱི་བདུད་རྩིར་གྱུར་པ་ནི། ཞེས་པ་དག་ནི་དོན་བྱང་ཆུབ་སེམས་ཀྱི་ཆུ་མེད་ན་འདི་མ་རྟོགས་ན་ལམ་གཞན་གྱིས་འཚང་མི་རྒྱ་བས་ལྷུན་གྱིས་གྲུབ་པ་ནི་རྩོལ་བའི་ནད་གསོ་བའི་སྨན་དང་ཁྲུས་ཆེན་པོའོ། །བྱང་ཆུབ་སེམས་ཀྱི་ཆུ་བོ་འདིས། །ཞེས་པ། བྱ་བ་མེད་པ་མཛད་པའི་མཚན་ཉིད་ཀྱི་ངོ་བོ་ཉེ་བར་བསྟན་པ་སྟེ། དེས་གང་ཞིག་བཀྲུས་ནས་ཐོག་མ་མེད་པ་ནས་ལས་ཀྱིས་བརྟགས་པའི་རྟོག་པ་གཉིས་དང་ལམ་དང་འབྲས་བུ་གཞན་དུ་ཚོལ་བས་དོན་གྱི་སེལ་མེད་པ་དག་བརླན་ནོ། །སེམས་ཀྱི་རང་བཞིན་སྟོང་ཉིད་པས། །དེ་ལས་བྱུང་བ་ཐམས་ཅད་སྟོང་། །ཞེས་པ་དག་རང་རིག་པ་ནི་མཐའ་ཐམས་ཅད་དག་པའི་ཕྱིར་ན་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ཡིན་པས་ན། མཚལ་དང་ཁུ་བ་ལྟར་སེམས་སྣང་བའི་དངོས་པོའི་ཆོས་རྣམས་ཀྱང་དེ་ཉིད་དོ། །དེ་བས་ན་བྱང་ཆུབ་ཆེན་པོའི་མཚན་ཉིད་ཀྱང་སྟོང་པ་ཆེན་པོ་རིལ་གྱི་རྩ་བ་བཅུད་དུ་གྱུར་པ་ཉིད་ངེས་པར་གཟུང་བའོ། །རང་བྱུང་ཡེ་ཤེས་ཆུ་ཆེན་པོ། །རྨད་བྱུང་རྒྱ་རྟོགས་པ་ཏིང་ངེ་འཛིན་ཡེ་ཤེས་སྤྱོད་ལམ་འབྲེལ་བ་བར་མ་ཆད་པ་མཚོའི་ཀློང་དཀྱིལ་ནས། །ཞེས་པ་ལ་སོགས་པ་རག་གང་དུའང་མ་ལུས་པར་ཀུན་གྱི་ཐོག་མར་ཤར་བའི་ཡེ་ཤེས་ནི། བཤད་པ་བཞིན་པས་རིལ་རིག་པའི་རྒྱ་མཚོར་ཆུད་ཅིང་བརླན་པའི་ཕྱིར། ལོག་རྟོག་དང་མ་འདྲེས་པའི་ཕྱིར་ཡེ་ཤེས་འབའ་ཞིག་ལས་ཕྱི་རོལ་གྱི་ཆོས་མ་སྤངས་མ་དམིགས་པའི་ངང་ལས་དེ་ཇི་ལྟ་བར་རིག་པ་ལ་ཤར་བ་ནི་ཕབ་པ་སྟེ། རིགས་ཀྱི་ཆར་གཏོགས་པ་ཡན་ཆད་ཀྱི་རྟགས་སུ་གནང་བའི་རྒྱལ་བ་རིལ་གྱི་ལྟ་བ་ཚོལ་བས་གདུང་བའི་མཐའ་ཐམས་ཅད་དེས་དག་པར་མཛད་དོ། །འདི་ནི་གསང་བའི་སྙིང་པོ་སྟེ། །ཞེས་པ་དག་གསང་སྔགས་ཀྱི་གཞི་རྩ་ཉིད་སྟོན་པ་རྡོ་རྗེ་སེམས་དཔའི་ངོ་བོ་ཡིན་པས་རྒྱལ་བ་མ་ལུས་པའི་ལམ་དང་འབྲས་བུའི་མཆོག་ཏུ་བསྔགས་པར་གྱུར་པའོ། །དེ་བས་དེའི་ཕྱིར་ལང་ཀའི་བདག་པོ། སེམས་ཀྱི་དེ་ཁོ་ན་ཉིད་ནི། ཅེས་པ་དོན་ཆེན་པོ་མཐོང་བར་བྱ་བ་ནི་མཐའི་ཕུག་ཆེན་པོ་ཡིན་པས་དོན་དེ་རྟོགས་པར་གྱིས་ཤིག་པར་གདམས་པའོ། །ཕྱག་ན་རྡོ་རྗེས་བཀའ་སྩལ་པས་འཁོར་རྣམས་ཀྱིས་གསང་སྔགས་ཇི་བཞིན་པའི་དོན་རྟོགས་པར་གྱུར་ཏོ། །རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་ཞེས་པ་ནི་འགྲེལ་ཟིན་ཏེ། རྣལ་འབྱོར་དང་པོའི་དོན་ཏེ་ལམ་པའི་བྱ་བ་མེད་པ་དག་གི་ཡུལ་ལོ། །ལེའུ་དགུ་པ་བཀྲོལ་བའོ།། །།དེ་ནས་ལང་ཀའི་བདག་པོས། གསང་བའི་བདག་པོ་ལ་དྲིས་པ། ཞེས་པ་ལ་སོགས་པ་གསང་སྔགས་གང་གི་སྤྱོད་ཡུལ་དྲིས་པ་སྟེ། སྤྱོད་ཡུལ་བཞི་ལས་རང་རིག་པའི་མངོན་སུམ་གཙོར་བྱས་པའོ། །ལན་ནི། རྒྱལ་བ་ཉིད་ཀྱི་མངོན་སུམ་པའི་ཡུལ་ཡིན་གྱི། གསང་བར་ནའང་གང་སེམས་སྐྱེས་པ་དང་། གཞི་རྟེན་པས་ཁྱད་པར་འགྲོ་བ་ལ་གནས་པ་དང་། རྒྱུད་ནས་པས་ཀྱང་བགྲོད་པའི་ས་བཅུ་པའི་སེམས་དཔའ་ཆེན་པོ་མན་ཆད་ཀུན་གྱི་ཡུལ་མ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེའི་གཏན་ཚིགས་གསང་སྔགས་ཇི་བཞིན་པ་དེ་རྣམ་པ་ཐམས་ཅད་པ་ཡིན་པ་ས་བློས་བརྟག་པར་དཀའ། དང་། མཚན་ཉིད་མ་ངེས་པ་ས་གཞན་ལ་བསྟན་དཀའ་དང་། བརྗོད་པ་ཐམས་ཅད་ཀྱིས་ཐ་སྙད་བྲལ་བས་ཐོག་ཏུ་མི་ཕེབས་པའི་ཕྱིར། བརྟག་པར་དཀའ། བསྟན་པར་ཡང་དཀའ། བརྗོད་པའི་ཐ་སྙད་དང་ཡང་བྲལ་བའི་ཕྱིར་རོ། །ཡང་ལང་ཀའི་བདག་པོས་དྲིས་པ། ཀྱེ་གསང་བའི་བདག་པོ། སེམས་ཀྱི་དེ་ཁོ་ན་ཉིད། ཅེས་པ་ལ་སོགས་པ། ལང་ཀས་རྒྱལ་བ་ཉིད་ཀྱི་སྤྱོད་ཡུལ་ལས། གསང་སྔགས་དེ་གཞན་གྱི་སྤྱོད་ཡུལ་མ་ཡིན་པར་ན་གང་སྩོལ་བ་ཆེད་དུ་བྱེད་པའི་མདོ་བྱ་བའི་རྣལ་འབྱོར་སྡེ་པའང་སེམས་ཀྱི་དེ་ཁོ་ན་ཉིད་ལེའུ་དགུ་པའི་དོན་ལ་དམིགས་ཤིང་དཔྱོད་དེ་དེས་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་སེམས་བཙལ་ཏེ་བལྟས་ན་སེམས་ཕྱི་ནང་འབྱུང་བ་ཡུལ་ལུས་རྣམ་ཤེས་བར་གང་ལའང་འདི་འདྲར་མ་མཐོང་སྟེ། དོན་དམ་པར་མ་སྐྱེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་གཅོད་པ་ལས། རབ་འབྱོར་འདས་པའི་སེམས་ཀྱང་དམིགས་སུ་མེད། མ་འོངས་པའི་སེམས་ཀྱང་དམིགས་སུ་མེད། ད་ལྟར་བྱུང་བའི་སེམས་ཀྱང་དམིགས་སུ་མེད་དོ། །ཞེས་པའི་ཕྱིར་མ་མཐོང་ངོ་། །སེམས་འདི་གང་ལས་འབྱུང་ཞེས་བལྟས་ན། དེ་འདི་ལྟར་སེམས་སོ། །གང་དམིགས་པ་ཡོད་པས་ན། ཞེས་པ་ལ་སོགས་པ་ངོ་བོ་མ་མཐོང་བས་དེའི་རང་བཞིན་མཐོང་བར་འདོད་པའི་ཕྱིར་བལྟས་ན། འདི་བཞིན་ཡིད་ལ་བྱེད་དེ་དམིགས་པའི་ཡུལ་ཡོད་པས་རྐྱེན་བཞི་འཛོམ་ནས་ཤེས་པ་སྐྱེ་བ་ཡང་རྒན་པོ་མཁར་བ་ལ་བརྟེན་པ་ལྟར་མཉམ་དུ་ལྡང་ཞིང་སྐྱེ་བར་མཐོང་ངོ་། །ཡུལ་དང་ཤེས་པ་དེ་གཉིས་གཅིག་གམ་ཐ་དད་པ་བརྟགས་པས་ཡུལ་ཉིད་ཤེས་པ་ལ་ཤེས་པ་ཉིད་ཡུལ་དུ་སྣང་སྟེ། གཅིག་ན་ནི་མཛུབ་མོའི་རྩེ་མོ་དང་རལ་གྲི་ལྟར་རང་ལ་རང་དམིགས་པར་མི་རུང་ངོ་། །གལ་ཏེ་ཐ་དད་ན་ཆོས་ཇི་བཞིན་པར་མ་འདུས་པས་ཐ་དད་པར་འགྱུར་བའི་སྐྱོན་ཡོད་དོ་ཞེས་བརྟགས་པའི་རྒྱུས་དོན་དམ་པའི་རང་བཞིན་མཐོང་ཚུལ་ཉེ་བར་བསྟན་པ་ནི། གང་རག་མ་ལས་པ། སེམས་ལ་གནས་མེད་པ། རྟེན་མེད་པ། ཆད་པར་མ་ཡིན་པ། རྟག་པར་མ་ཡིན་པ། ཞེས་པ་ལ་སོགས་པ། དོན་དམ་པ་འབའ་ཞིག་གི་ཐ་སྙད་བཅུ་བདུན་ལས་གྲོལ་བར་བསྟན་ཏེ། མི་འགྱུར་བ་ཡོངས་སུ་གྲུབ་པ་མ་སྐྱེས་པ་དེ་རྒྱུ་རྐྱེན་ལས་མ་བསྐྱེད་པ་དང་། དེ་ལ་གཞི་རྟེན་བྲལ་བ་དང་། རྩ་བ་མེད་པའི་ཕྱིར་དང་། དྲན་པ་སྣ་ཚོགས་ཀྱི་སྒྱུ་མའི་སྣང་བའི་ཕྱིར་དང་། ཐེར་ཟུག་པ་དང་གང་ཟག་གི་བདག་མེད་པའི་ཕྱིར་དང་། འདུས་མ་བྱས་པའི་ཕྱིར་དང་། དེ་མ་ཡིན་པར་རྒྱ་ཆད་པ་མིན་པས་གཞན་ན་མེད་པའི་ཕྱིར་དང་། དངོས་པོ་དེ་ལས་གཞན་ལས་སྐྱེད་པ་མ་ཡིན་པའི་ཕྱིར་དང་། རྒྱུ་རྐྱེན་གྱི་ངོ་བོ་དེ་ཁོ་ན་ལྟ་བ་ཡང་མ་ཡིན་པ་དང་། དེ་ལ་རྣམ་པའི་རྒྱུད་འཛིན་པ་མེད་པའི་ཕྱིར་དང་། རྗེས་སུ་ལོང་བཏགས་ནས་རྗེས་སུ་འབྱུང་བ་ངེས་པ་མ་ཡིན་པ་དང་། མཐའ་གར་ཡང་མི་སྣང་བའི་ཕྱིར་དང་། ངོ་བོ་གང་དུའང་མི་གཟིགས་པའི་ཕྱིར་དང་། དེ་གང་ཡང་མིན་པའི་ཕྱིར་དང་། གཞི་མ་བཅོས་མ་བསླད་དེ་ལྟར་ལམ་པའི་བློས་མཐོང་ངོ་། །ཆོས་འབྱུང་བ་མེད་པའི་མདོ་ལས། འཇམ་དཔལ་ཆོས་གང་གི་ཆོས་ཐམས་ཅད་སྐྱེ་བ་དང་འཇིག་པ་བྲལ་ཞིང་ཤེས་པ་དང་མི་ཤེས་པ་དང་བྲལ་ཏེ་རང་བཞིན་གྱིས་སྟོང་པར་མཐོང་ན་དེ་ནི་ཤེས་རབ་ཀྱི་དབང་པའོ་ཞེས་གསུངས་སོ། །ཡང་དག་པ་མི་གཡོ་བ་དང་། དབེན་པ། ཅུང་ཟད་ཀྱང་མ་མཐོང་། ཞེས་པ་ལ་སོགས་པ་མཉམ་པར་བཞག་པའི་སེམས་ལ་གནས་པའི་དུས་ནའང་། ཐ་སྙད་བཅུ་གཉིས་གྲོལ་བར་བསྟན་ཏེ། ཇི་ལྟ་བ་དེ་ཁོ་ན་ཉིད་སྟོང་པ་དེ་ནི། མི་བསླུ་བ་མ་ནོར་བའི་ཕྱིར་དང་། རིལ་མ་སྐྱེས་པ་འབའ་ཞིག་པའི་ཕྱིར་ཅིའང་མི་འབྱུང་བ་དང་། སྤྲོས་པ་བརྒྱད་དང་གསུམ་ལས་རིང་དུ་གྱུར་པ་དང་། རང་གི་ངོ་བོ་མི་རྙེད་པ་དང་། ཕྱོགས་ཆར་མི་ཟིན་པ་དང་། ཅིའང་མི་དམིགས་ཤིང་དེ་ཉིད་དུའང་མི་འཛིན་པའི་ཕྱིར་དང་། རི་དང་འདྲ་བར་ལོག་ཆོས་ཀྱིས་མི་བསྒུལ་ཞིང་གང་ཡང་ཡིད་ལ་མི་བྱེད་པ་དང་། ངོ་བོ་ཐ་དད་དུ་མི་འབྱུང་བའི་ཕྱིར་དང་། ཤེས་པ་དབྱིབས་ཁ་དོག་གི་རྣམ་པ་མེད་པས་དེ་སྣང་བའི་ཆོས་རྣམས་སྟོང་པ་དང་ཡུལ་སེམས་ཀྱི་རྣམ་པ་གཉིས་ཀ་ཡང་སྟོང་པ་མ་སྐྱེས་པ་སྟེ། དེ་ལྟ་བས་ན་ཆོས་ཀྱི་སྐུ་ཡང་མ་སྐྱེས་པ་དེ་ཁོ་ན་ཉིད་དེ་གཟུགས་མེད་དོ། །དེ་བས་ན་རྡོ་རྗེ་གཅོད་པ་ལས། གང་གིས་ང་ལ་གཟུགས་སུ་མཐོང་། །གང་གིས་ང་ལ་སྒྲར་ཤེས་པ། །ལོག་པར་སྤྲོས་ལ་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་དུ་ནི་སངས་རྒྱས་བལྟ། །ཞེས་འབྱུང་ངོ་། །དེ་གཞན་མ་ཡིན་རང་གི་སེམས་ཉིད་དོ། །སེམས་དང་ཆོས་ནི་ཐམས་ཅད་མི་ཕྱེད་པས་མ་སྐྱེས་པ་དེ་ཁོ་ན་ཉིད་དུ་རྟོགས་སོ། །སེམས་འདི་ནི་འདི་ལྟར་མྱུར་བ། རབ་ཏུ་མྱུར་བ། མི་གནས་པ། ཞེས་པ་ལ་སོགས་པ་སེམས་ཀྱི་མཚན་ཉིད་ཉེར་ལྔ་ལས་གྲོལ་བ་ལས་གཞན་མ་ཡིན་པར་ཡང་མཐོང་སྟེ། སེམས་དེ་ལྟར་རྟོགས་པ་ཉིད་ཀྱང་སྐད་ཅིག་ལ་ཐོགས་པ་མེད་པར་འབྱུང་བ་གློག་དང་འདྲ་བ། ཆེས་ཤིན་ཏུ་ཡང་ཐོགས་པ་མེད་པ། མཚན་ཉིད་གཅིག་ཏུ་མི་དམིགས་པ་ཡུལ་ལ་སྣ་ཚོགས་སུ་འགྲོ་བའི་ཕྱིར་དང་། སྒོ་ཀུན་ཏུ་འབྱུང་བའི་ཕྱིར་དང་། འདུ་བྱེད་ལྔ་བཅུས་གཡེངས་པའི་ཕྱིར་དང་། ཀུན་ཏུ་འགྲོ་བར་སྣང་བའི་ཕྱིར་དང་། སྔ་ཕྱི་རྒྱུན་མི་ཆད་ཅིང་ངོས་འབྱར་བའི་ཕྱིར་དང་། རྒྱུ་རྐྱེན་ལས་བྱུང་ཞིང་གསལ་བའི་ཕྱིར་དང་། གདོས་པ་མ་ཟིན་པ་དང་། རྒྱང་རིང་པོར་རྒྱུ་བ་དང་། རང་བཞིན་འབྱུང་འཇུག་བྲལ་བའི་ཕྱིར་དང་། བརྟགས་པའི་དངོས་པོ་ཡུལ་ལས་སླར་འོངས་པ་དང་། སྒྲ་དོན་སྤྱིའི་ཡུལ་དང་མི་ཕྱེད་པའི་ཕྱིར་དང་། ཚོགས་དྲུག་གི་ཡུལ་དུ་སྣང་བ་རིལ་གསལ་བར་རིག་པ། ཞི་བར་གནས་པས་མི་འཕྲོ་བའི་ཕྱིར་དང་། ངོ་བོ་གང་དུའང་མི་སྣང་བ་རྟོགས་མ་རྟོགས་ལས་ཅིར་ཡང་སྣང་བ་རང་བཞིན་ཇི་བཞིན་པའི་ཕྱིར་དང་། ལས་ཀྱི་ཁྱད་པར་གྱི་ངོ་བོ་མི་གཅིག་པ། ཤེས་ཤིང་རིག་པའི་རིགས་སུ་འདུས་པའི་ཕྱིར་དང་། རང་བཞིན་འདུ་བྱེད་དང་བྲལ་བ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཁོར་དང་མཚུངས་པས་འདུ་བྱེད་པའི་ཕྱིར་དང་། སྔ་ཕྱི་དང་ད་ལྟར་དུའང་རང་བཞིན་མ་སྐྱེས་ཏེ། རྣམ་པ་མེད་པ་སྙིང་པོ་མེད་པས་བཟང་ངན་བྲལ་བ། རང་རིག་པ་ཉིད་ཆོས་ཉིད་སྐྱེ་བ་མེད་པའི་ངོ་བོ་མ་ནོར་བ་མི་འགྱུར་བའི་རང་བཞིན་དུ་རྟོགས་རིག་མཐོང་བ་སེམས་ལ་དབང་ཐོབ་པ་དེ་ལྟར་འགྲོ་བ་གཞན་གྱི་སེམས་ཀྱང་ཤེས་སོ། །དེ་ལྟ་བས་ན། བདག་གི་སེམས་ཇི་ལྟར་སྟོང་བ་དེ་ལྟར། ཞེས་པ་དག་སྒྲ་བཞིན་ཏེ། ངོ་བོས་ཐ་མི་དད་པའི་ཕྱིར་བདག་རྟོགས་པས་གཞན་ཤེས་སུ་རུང་བའོ། །བདག་གཞན་ཤེས་བྱ་ཆོས་ཐམས་ཅད་ཀྱང་དེ་ལྟར་ཤེས་ཏེ། གཅིག་དང་དུ་མ་ལས་གྲོལ་བའི་ཕྱིར་རོ། །དེ་ལྟ་བུ་མ་སྐྱེས་པ་ཆོས་ཀྱི་དབྱིངས་དེ་ནི་གང་དམན་པ་གང་གི་ཡུལ་མ་ཡིན་པར་རྟོགས་སོ། །ཞེས་སེམས་ལ་གནས་པ། སེམས་ལ་སྤྱོད་པ། སེམས་ལ་དབང་བ། ཞེས་པ་ལ་སོགས་པ་སེམས་མ་སྐྱེས་པའི་ཏིང་ངེ་འཛིན་ལ་འདུག་པ། འདྲིས་གོམས་སུ་བྱེད་པ། དོན་དེ་ཉིད་ཐོབ་པ། དེ་ལ་ཤེས་རབ་ཀྱིས་དམིགས་པ། རང་བཞིན་རྟོགས་པའི་ཕྱིར་དང་། སེམས་ཀྱི་དོན་བརྡ་མཇལ་བ་ཡིན་ན་དེ་དག་གིས་མ་རྟོགས་པར་རྒྱལ་བ་ཉིད་ཁོ་ནའི་སྤྱོད་ཡུལ་ཡིན་པར་བཀའ་སྩལ་པ་དེ་མི་འགལ་ལམ་ཞེས་དྲིས་སོ། །དེའི་ལན་ནི། གསང་བའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་དེ་ལྟར་ཡིན་མོད་ཀྱི། ཞེས་པ་ལ་སོགས་པ་བཅུ་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ནི། དུས་སྔ་ཕྱི་རང་རིག་པ་དོན་དམ་པའི་བདེན་པ་རྒྱུ་འབའ་ཞིག་ཙམ་དུ་མཐོང་བས། མཉམ་པར་འཇོག་པ་ཡོད་དེ་བདེན་པ་རེ་མོས་སུ་གྱུར་པས། གཉིས་མེད་ཀྱི་དོན་བཙལ་བ་དང་བྲལ་བར་མ་ཤེས་པའི་ཕྱིར་མ་མཐོང་ངོ་། །འོ་ན་དེ་ལྟར་མ་མཐོང་བའི་རྒྱུ་ཅི་ལས་གྱུར་ཞེ་ན། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། གང་ས་པ་རྣམས་ནི་དྲྭ་བ་བཞིའི་རྒྱར་ཡོངས་སུ་ཆུད་པ་སྟེ། བཞི་པོ་གང་ཞེ་ན། གཏན་ཚིགས་ཀྱིས་ཉེ་བར་བསྒྲུབས་ཏེ། གང་འཇིག་རྟེན་པ་དང་། ཐེག་པ་ཆུང་ངུ་བ་དང་། སེམས་སྐྱེས་པའི་ས་ལ་གནས་པ་དང་། བཅུ་ལ་གནས་པ་རྣམས་ནི་འཆིང་བའི་དྲྭ་བ་བཞིར་ཆུད་དེ། དེ་ཡང་དོན་ཤེད་མ་བྱེ་བའི་སྦྲམ་པོའི་ཕྱིར་དང་། དམིགས་པས་ལོག་པར་སྤྱོད་པས་བཅིངས་ནན་རྟོགས་པ་དང་། གང་འདུ་ཤེས་རྒྱ་ཆུང་ངུས་ཕྱོགས་མཐོང་བས་སྔ་མ་ལས་ལྟོས་ན་ཕྱེད་པ་དང་། གང་དོན་དམ་པ་ཤ་སྟག་ལ་འདུ་ཤེས་དམིགས་པས་མཐའ་སེལ་ཅིང་མི་རྟོག་པས་གཉིས་མེད་མ་མཐོང་བའི་ཕྱིར་རོ། །དེ་དག་སྐྱེ་བོ་དང་། མུ་སྟེགས་དང་། ཉན་ཐོས་དང་། དབུ་མ་པ་སྟེ། ཐ་མའི་དོན་གྱི་ངེས་ཚིག་ནི་སྒྲ་ཇི་བཞིན་ཏེ་འབྲས་བུ་ལ་མ་གཏོགས་པའི་ཕྱིར་རོ། །འབྲས་བུར་མ་གཏོགས་པའི་གཏན་ཚིགས་གང་སྙམ་པ་ལ། དེ་ཅིིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ། འདི་ལྟར་སེམས་འབྲས་བུའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ནི། ཞེས་པ་ལ་སོགས་པ་མཐར་ཐུག་པས་སྐྱེད་དུ་བྱ་བ་མེད་པའི་ངོ་བོ་མ་ནོར་བ་ནི། ཚིག་གིས་མི་ཕེབས་ཤིང་ངོ་བོ་བསྟན་དུ་མེད་པས། རྒྱལ་བ་ཉིད་ཀྱིས་ཀྱང་བརྗོད་དུ་མེད་ལ། དཔེ་ཡིས་ཀྱང་མཚོན་དུ་མེད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དོན་དམ་པ་འབའ་ཞིག་ལ་དམིགས་པ་རྣམས་ཀྱིས་མི་གོ་མ་རིག་པ་རྣམས་སྨོས་སུའང་མེད་པའི་ཕྱིར་རོ། །ཡང་ལང་ཀའི་བདག་པོས་དྲིས་པ། གསང་བའི་བདག་པོ། ཞེས་པ་ལ་སོགས་པ་དེ་ལྟར་དཀའ་ན་ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་ཀྱང་གསང་སྔགས་ད་དུང་མ་རྟོགས་སམ་ཞེས་དྲིས་པ་དང་ལན་སྒྲ་ཇི་བཞིན་ནོ། །དེའི་གཏན་ཚིགས་ནི། རྒྱལ་བ་ཉག་གཅིག་གི་སྤྱོད་ཡུལ་ཡིན་པས་ངས་ཀྱང་མ་མཐོང་བར་བཀའ་སྩལ་པས་འཁོར་རྣམས་བྱང་ཆུབ་གཞན་དུ་ཚོལ་བའི་རྔམ་ཆགས་བྲལ་བར་གྱུར་ཏོ། །ཁྱད་པར་དམ་པའི་ལེའུ་ཞེས་པ། རྒྱུའི་ཐེག་པ་ས་བཅུ་མན་ཆད་ཀྱིས་ཀྱང་ད་དུང་གསང་སྔགས་ཇི་བཞིན་པ་མངོན་དུ་མ་གྱུར་པས་ཐེག་པ་ཆེན་པོ་གསང་སྔགས་འཕགས་པར་བསྟན་པའོ། །འོ་ན་བཤད་པ་དག་ལས་གཞི་ཡི་གསུམ་པ་ནི་གསང་སྔགས་ལ་འཇུག་ལ། འདིར་བཅུ་པས་ཀྱང་མ་མཐོང་བས་འགལ་ལོ་ཞེས་དྲིས་ན། བཤད་པའི་གཞི་གསུམ་པ་ནི། ཁྱད་པར་གྱི་ལམ་དེ་ཉིད་ཀྱི་སྐབས་སུ་དོན་མཐོང་བ་ལ་བཏགས་པའི་ཕྱིར་དང་། འདིར་ཐུན་མོང་གི་ལམ་མཐར་ཕྱིན་པ་བས་མ་མཐོང་བར་བསྟན་པ་མི་འགལ་བའི་ཕྱིར་རོ། །ཐུན་མོང་ཉིད་བརྩོན་པའི་དབང་དུ་ན་གསང་སྔགས་ཇི་བཞིན་པ་ནི་བདེན་པ་གཉིས་ཀའི་ཕྱིར། གཞི་གསུམ་པས་ཕྱོགས་གཅིག་ལ་ཞུགས་ལ། བཅུ་པ་ནི་གཉིས་མེད་ཡུལ་དང་བྲལ་བའང་མ་མཐོང་བའི་ཕྱིར་ཤེས་བྱ་ད་དུང་མ་སྤངས་པའོ། །ལེའུ་བཅུ་པ་བཀྲོལ་བའོ།། །།གསང་སྔགས་ཀྱི་དོན་མ་རྙེད་པ་དང་། རྙེད་པའི་ལོ་རྒྱུས་རྗེས་མཐུན་དུ་འཆད་པ་གང་ཞེ་ན། དེ་ནས་ལང་ཀའི་བདག་པོ་ལ་སོགས་པ། འགྲོ་བ་ལུས་ཀྱི་སེམས་དཔའ་རྣམས། །ཞེས་པ་ལ་སོགས་པ་འཁོར་དམན་པའི་ལུས་འཛིན་པ་དེ་དག །གསང་སྔགས་རྒྱུ་འབྲས་གཉིས་སུ་མེད་པའི་དོན་གསང་བ་པོ་ཉིད་ཀྱིས་ཀྱང་སྟོན་མི་སྤྱོད་པ་དང་། ངོ་མཚར་རྨད་དུ་གྱུར་ཏེ་བདག་གིས་ནམ་རྟོགས་པར་འགྱུར་ཞེས་ཞུས་པ་སྒྲ་བཞིན་ནོ། །ལན་ནི་གསང་བ་པོས་སྟོན་པ་རྡོ་རྗེ་སེམས་དཔས་ཀྱང་སྔོན་རྒྱུ་ལ་གནས་པའི་དུས་སུ། བསྐལ་པ་གཅིག་ནས་གྲངས་མེད་པ་ལ་ཐུག་གི་བར་གྱི་ཡུན་སུམ་འགྱུར་གྲངས་མེད་གསུམ་ཀྱང་མ་མཁྱེན། སྔ་ཕྱིའི་རྒྱུད་སྦྱངས་པའི་སངས་རྒྱས་ཀྱང་དོན་མ་མཐོང་བར་དུ་རྩོལ་བ་སྤྱོད་དེ། གང་ཞེ་ན། འདི་ལྟར་བསྐལ་པ་བཟང་པོ་འདིའི་འོག་ཏུ་མཐའ་འཁོབ་ཀྱི་བསྐལ་པ་རིགས་ངན་དྲུག་ཅུ་འབྱུང་ངོ་། །ཞེས་པ་ལ་སོགས་པ་མར་བརྩི་བ་ནི་ཕྱི་དུས་ཏེ། བསྐལ་པ་འདི་ལ་སྤྲུལ་པ་སྟོང་རྩ་གཉིས་རྫོགས་པའི་ཕྱི་ནས་སྲིད་པ་འཇིག་ཆགས་སྟོང་གནས་བྱས་ཏེ། ཆགས་པ་དེ་ལ་དམ་པའི་ཆོས་མེད་པའི་བསྐལ་པ་ཆེན་པོའི་ཡུན་ངན་པ་དྲུག་ཅུ་འབྱུང་སྟེ། སྟོང་གི་འཇིག་རྟེན་སྤྲུལ་པ་ཉག་གཅིག་གི་གོ་ཤུལ་བརྩིས་པ་ལས་གཞན་དུ་མིན་ནོ། །དེ་ནས་བསྐལ་པ་གྲགས་ལྡན་ལ། སྤྲུལ་པ་སྟོང་ཕྲག་བཅུ་གཉིས་འབྱུང་བ་བསྐལ་པ་གཅིག་གིས་རྫོགས་པར་འབྱུང་སྟེ་སྒྲ་བཞིན་ནོ། །གྱེན་དུ་འདས་པ་བརྩིས་ན་དེ་ལྟར་ན། བསྐལ་པ་བཟང་པོ་འདི་ཉིད་ལ། །སངས་རྒྱས་སྟོང་རྩ་གཉིས་འབྱུང་ངོ་། །ཞེས་པ་ལ་སོགས་པ་འདི་དེ་དག་རྫོགས་ནས་འཇིག་གོ། །འདིའི་གོང་ནའང་སྒྲ་བཞིན་དུ་བྱུང་ངོ་། །དེ་དག་གིས་རྒྱལ་བ་དང་པོ་དང་ཐ་མར་བྱུང་བ་གང་ཡིན་པ་ནི་སྔར་བྱུང་བ་ལུང་བསྟན་པ་བཞུགས་པས་མདོ་སྔགས་ཀྱི་བཀའ་རྒྱ་ཆེ་བ་དག་ལས་གསལ་ལོ། །དེ་ལྟར་མུན་པ་དང་དམ་པའི་ཆོས་ཀྱི་བསྐལ་པ་འདྲེན་མར་སྔ་ཕྱི་རེ་མོས་བྱུང་ཞིང་འབྱུང་ངོ་། །གང་སྒྲོན་མ་ཇི་སྙེད་པ་བྱུང་ཞིང་འབྱུང་བ་རྣམས་ཀྱང་། ཞེས་པ་དག །དེ་ལྟ་བུ་སྔ་ཕྱིའི་རྒྱལ་བས་ཀྱང་གསང་བ་མ་རྟོགས་བར་དུ་ཇི་སྙེད་ཀྱི་རྩོལ་བ་མཛད་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དུས་གསུམ་དུ་མ་ཐོབ་མི་ཐོབ་ཐོབ་པར་མི་འགྱུར་རོ། །དེ་བས་རྒྱལ་བ་རིལ་གྱི་ལམ་འདིར་གཅིག་པས་འདིའི་དོན་རྟོགས་མ་ཐག་པར་སྔ་མ་དང་ད་ལྟར་དང་ཕྱི་དུས་སུ་འབྲས་བུ་ཡེ་ཤེས་ཐོབ། ཐོབ་པ་གྱུར། ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་དེ་ལ་ཆ་གཅིག་ངེས་པར་བཟུང་བར་བསྟན་པས་ཡིད་ཆེས་པར་བྱ་བའི་ཕྱིར། དེ་བཞིན་དུ་སྔོན་གྱི་བསྐལ་པ་གྲངས་མེད་པ་ལས་ཀྱང་གྲངས་མེད་པར་འདས་པ། མང་པོ་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་ན། ཞེས་བྱ་བ་ལ་སོགས་པ། རིགས་ལྔས་སྔགས་མ་རྟོགས་པ་དང་། རྟོགས་པས་འབྲས་བུ་བརྙེས་པ་དང་། དང་པོ་སེམས་བསྐྱེད་པ་ནས་མཐར་ཐུག་གི་བར་སྟོན་ཏེ་སྒྲ་བཞིན་ནོ། །དེ་ཡང་དུས་དང་། བསྟན་པ་དང་། སློབ་དཔོན་དང་། རིགས་དང་། ངོ་བོ་དང་། རྒྱལ་བ་རིགས་ལྔ་ངོས་བཟུང་བའོ། །སེམས་བསྐྱེད་པ་ནས་ཡར་ཚུལ་ངེས་པར་བསྟན་པ་གང་ཞེ་ན། དེའི་ཚེ་དེའི་དུས་ན། ཁྱེའུ་དེ་རྣམས་ཀྱིས་སངས་རྒྱས་ཀུན་ཏུ་བཟང་པོ་དེ་ལ། རྣལ་འབྱོར་མཆོག་ཏུ་སེམས་བསྐྱེད་པའི་དུས། ཞེས་པ་ལ་སོགས་པ་དུས་གཉིས་ནི་སྟོན་པ་དང་ཁྱེའུ་ལྔའི་དབང་སྟེ། དང་པོར་འཇིག་རྟེན་པའི་ས་ལ་གནས་པའི་དུས་ན་རང་བཞིན་ལྷན་ཅིག་སྐྱེས་པ་རྒྱུ་དང་། ལྷན་ཅིག་བྱེད་པའི་རྐྱེན་ཡོན་ཏན་མཐོང་ཐོས་དང་། བྱིན་རླབས་ཐབས་ཀྱི་འབྲེལ་བ་འཛོམ་པ་ལས་དཔེར་ན་མུན་པའི་གཟེར་རམ་བཙའ་མེ་ལྟར་གཡོ་བའི་སེམས་སྐྱེ་བའང་འཇིག་རྟེན་གྱི་སེམས་བརྒྱད་དངོས་འགྲུབ་པར་བྱེད་ཅིང་། འཇུག་པའི་ཚུལ་ནས་ལམ་དང་སེམས་ངོ་བོ་ཐུན་མོང་པ་སྟེ་དང་པོར་སྨྱུང་བར་གནས་པ་སྟེ་ས་བོན་ལྟ་བུ་དང་། ཕ་མ་དང་ཉེ་དྲུང་ལྟ་བུ་ལ་སྦྱིན་པ་བྱེད་དེ་མྱུ་གུ་ལྟ་བུ་དང་། སྦྱིན་གནས་ཇི་སྙེད་པ་དག་ལ་གཏོང་སྟེ་སྡོང་པོ་ལྟ་བུ་དང་། བྲམ་ཟེ་དང་དགེ་སློང་དག་ལའང་གཏོང་བ་ལོ་མ་ལྟ་བུ་དང་། བླ་མ་དང་རོལ་མོ་མཁན་ལ་སོགས་པ་ལ་ལྷུག་པར་གཏོང་བ་མེ་ཏོག་ལྟ་བུ་དང་། གང་དང་གང་འདོད་པ་གཏོང་བ་འབྲས་བུ་ལྟ་བུ་སྟེ་སྦྱིན་པའི་བསླབ་པ་དྲུག་དང་། སྦྱིན་པ་དེས་རྒྱུ་བྱས་ནས་ཚུལ་ཁྲིམས་ལ་མོས་པ་སྐྱེ་སྟེ་བསྲུང་བ་དང་། དེ་བས་ཀྱང་ལྷ་ལ་མཆོད་པ་ཕུལ་བ་ཤེས་སྟོབས་ཅན་དུ་འགྱུར་སྙམ་ནས་ཚངས་པ་ལ་སོགས་པ་ལ་མཆོད་པ་སྟེ། དེ་ལྟར་རིམ་པར་བསྐྱོད་པ་རང་འདི་ལྟར་རྣལ་འབྱོར་ལྔའི་རིམ་པར་གནས་པ་སྤྱད་དེ། གསང་སྔགས་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ཙམ་བསྒོམ་སྟེ་རས་བལ་ས་བོན་དང་འདྲ་སྟེ་གང་འདུའང་འབྱུང་བའི་རྒྱུར་གྱུར་པས་རྐྱེན་ལས་རག་ལས་ཏེ་མ་ངེས་པའི་ཕྱིར་རོ། །དེའི་ཚེ་རྒྱལ་བ་སུམ་ཁྲི་དང་སུམ་སྟོང་ལ་ཐེ་ཚོམ་བཅད་ཀྱང་གསང་སྔགས་ལ་ངེས་པ་མ་རྙེད་དོ། །འདི་དག་ནི་སྐབས་ཀྱིས་ཀྱང་ཐུན་མོང་གི་ལམ་དུ་སྦྱར་བའོ། །ལས་དང་པོ་པའི་སྐབས་ན། སེམས་གསུམ་བསྐྱེད་ཅིང་། ཞེས་པ་ལ་སོགས་པ་སྤྱིར་ན་གཞི་དང་པོ་དང་། སྐབས་ཀྱི་དང་པོ་ལས་འདིར་གཞི་སྟེ། སྔར་མ་སྤྱད་པའི་ལས་གསང་སྔགས་ཀྱི་བསླབ་པ་ལ་བརྩམ་པའི་ཕྱིར་རོ། །བཀའ་སྡོད་ལས་ཀྱི་རྣལ་འབྱོར་གྱི་དུས་ན་དང་པོའི་རྣལ་འབྱོར་དང་། བསླབ་པ་སྦྱོང་བ་འི་རྣལ་འབྱོར་དང་། ངེས་པའི་རྣལ་འབྱོར་སེམས་གསུམ་བསྐྱེད་དེ་བསླབ་པའི་མཐའ་བཅུས་འགྲུབ་པར་ཁོང་དུ་ཆུད་ནས་སེམས་གསུམ་དང་བསླབ་པ་བཅུ་དང་གསུམ་ལ་བརྟེན་པས་ངེས་པར་འབྱུང་བའི་ཕྱིར། རྟེན་པ་གཞིའི་ས་པར་གནས་ཏེ་སངས་རྒྱས་པ་སྒྲ་བཞིན་ནོ། །རིགས་ཆེན་འབྱེད་པའི་སྐབས་སུ་སེམས་བཞི་རྫོགས་ཏེ། ཞེས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། ཐེག་པ་ཆེ་ཆུང་གི་རིགས་སོ་སོར་ངེས་པའི་དུས་ན་རིགས་ཆེན་འབྱེད་པའི་རྣལ་འབྱོར་དང་། གསང་སྒོ་ལུང་གི་རྣལ་འབྱོར་དང་། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང་། མཚན་མ་རྟགས་ཀྱི་རྣལ་འབྱོར་གྱི་ཏིང་ངེ་འཛིན་དང་བཞི་རྫོགས་ཏེ། བསླབ་པའི་མཐའ་བཅུ་ཁོང་དུ་ཆུད་ནས་དོན་ཆེན་པོ་ལོངས་སྤྱོད་པ་ཟད་པ་མེད་པར་འབྱུང་བའི་ཕྱིར། གལ་ཆེན་སྦྱོང་བའི་ས་དང་། བསླབ་པ་རྒྱུན་གྱི་ས་དང་། བསོད་ནམས་གཏེར་གྱི་ས་བར་གྱུར་ཏོ། །ཡང་དབུགས་ཆེན་འབྱིན་པའི་སྐབས་སུ་སེམས་གཅིག་རྫོགས་ཏེ། ཞེས་པ་ལ་སོགས་པ་ཆོས་ཉིད་ཀྱི་དོན་ཇི་ལྟ་བ་རྟོགས་པ་ས་དང་པོ་ངལ་སོས་པའི་ཚེ་ཆོས་ཉིད་མ་སྐྱེས་པའི་འབའ་ཞིག་གི་བསམ་གཏན་དང་ལྡན་ཏེ་བསླབ་པ་བཅུ་ལེགས་པར་རྟོགས་སོ། །འཚོ་བ་མེད་དང་མི་བསྔགས་འཁོར་བ་མེད། །འཁོར་གྱི་འཇིགས་བྲལ་འཆི་བའི་བག་ཚ་རྣམ་པར་སྤངས། །ཞེས་པའི་བསྙེངས་པ་ལྔ་བྲལ་ཏེ་ཇི་ལྟ་བ་མཐོང་བའི་དོན་ལ་བརྟེན་ནས། དེ་ཉིད་ཀུན་ཏུ་འགྲོ་བའི་ཕྱིར་དུས་དེར་སངས་རྒྱས་དེ་སྙེད་ལ་ཐེ་ཚོམ་བཅད་པས་གཉིས་སུ་མེད་པའི་དོན་གྱི་ཕྱོགས་གཅིག་རྟོགས་སོ། །དེས་འགྲོ་དོན་བྱེད་པའི་ཚུལ་ནི། དེ་ཡང་འདི་ལྟར། སྒྱུ་མ་སྦྱོང་བའི་སྐྱེས་བུ་དེ། །ཞེས་པ་ལ་སོགས་པ་སྒྱུ་མའི་ལུས་ཀྱིས་དོན་ལ་སྩོལ་བ་དེ་ཡང་། མི་བསྔགས་པ་མེད་པ་ཐོབ་པས་མཚན་དང་དཔེ་བྱད་ཀྱི་སྐུ་ལྷ་མིའི་རྒྱལ་པོའི་སྐུར་བྱུང་ནས། བློན་པོ་དང་བཙུན་མོ་ལ་སོགས་པའི་ཆ་རྐྱེན་དང་ལྡན་པས། རང་གི་འདོད་པ་གསེར་དངུལ་ཟངས་ལྕགས་གང་ཡིན་པས་དབང་བསྐུར་ཏེ་ཚིག་ཙམ་དུ་ཐེག་པ་ཆེན་པོའི་ལམ་སྟོན་ཏེ། རིན་ཆེན་བདུན་གྱི་དབང་ཐོབ་པའི་ཕྱིར་རོ། །ཡང་ལུང་ཆེན་ཐོབ་པའི་སྐབས་སུ་སེམས་བདུན་རྫོགས་ཏེ། ལྷན་ཅིག་གནས་པའི་དྲི་མ་དག་པས། ཞེས་པ་ལ་སོགས་པ་བསྒོམ་ལམ་ས་དགུ་པ་ལུང་བསྟན་པ་དངོས་སུ་འབྱུང་ཞིང་ཐོབ་སྟེ་དེར་དབུགས་ཆེན་འབྱིན་པ་ལ་སོགས་པས་གཉིས་པ་ནས་བརྒྱད་པ་མན་ཆད་ཀྱི་སེམས་བདུན་རྫོགས་པ་སྟེ། གཡོ་བའི་དྲི་མ་དག་པས་རྟོག་པའི་རི་བོ་ལས་ཐར་ཏེ་དོན་ལ་ཏིང་ངེ་འཛིན་དུ་བྱས་པས་འབྲས་བུ་སྐྱེ་བའི་ས་པས་རྒྱལ་བ་ཐེ་ཚོམ་བཅད་པས་ཐུན་མོང་ལྟར་ཀྲྀ་ཡོག་རྣམ་གསུམ་ལ་གནས་ཏེ་ལྷ་ཡི་སྐུ་ཡང་གསལ་བའི་ཕྱིར་རོ། །དོན་བྱེད་ཚུལ་ནི། སྐྱེས་བུ་དག་གིས་འབྲས་བུ་ཐེག་པའི་དོན་མཐོང་བས་རང་གི་རིག་པ་འབྲས་བུའི་ལམ་ཤིན་ཏུ་ཉམ་ང་བ་མེད་པ་ལ་གནས་པས་གཞན་དོན་དུ་རྔོན་པ་དང་སྨད་འཚོང་ལ་སོགས་པ་ཇི་ལྟར་འདུལ་བའི་ཆ་ལུགས་ཀྱིས་འདུལ་ཏེ། ཐབས་ཆེན་པོས་དོན་མཛད་དོ། །ཡང་རྩལ་ཆེན་རྫོགས་པའི་སྐབས་སུ། སེམས་གསུམ་བསྐྱེད་ཅིང་། ཞེས་པ་ལ་སོགས་པ། རྨད་བྱུང་རོལ་པའི་རྣལ་འབྱོར་དང་། ཚོགས་ཆེན་འདུས་པ་དང་། རྩལ་ཆེན་རྫོགས་པ་གསུམ་བསྒོམ་སྟེ་བསླབ་པའི་མཐའ་ཡས་བསྒྲངས་དྲུག་རྟོགས་པས་དོན་གྱི་ངོ་བོ་མི་འགྱུར་བར་གནས་སོ། །དེའི་དུས་ན་ཐེ་ཚོམ་བཅད་པས་ཐ་མའི་དོན་ངེས་པའི་གདེངས་སུ་རྙེད་པར་འགྱུར་རོ། །དེ་ནི་ས་བཅུ་པ་སྟེ། དེ་ནི་ལོངས་སྤྱོད་རྫོགས་པ་ཆེན་པོའི་འཁོར་སྟོན་པ་འཆད་པའི་སྐྱེས་བུར་ནུས་པས། སྟོན་པ་ཆེན་པོ་མྱ་ངན་ལས་འདས་ནས་རིགས་འཛིན་ཅིང་། ད་ལྟར་དགའ་ལྡན་གྱི་གནས་ན་འཁོར་རྣམས་ལ་དད་པ་སྐྱེ་བའི་ཐེག་པ་ཆེན་པོ་སྟེན་ཏེ་བྱམས་པ་ལྟ་བུ་དང་། ཚེ་ལོ་བཅུ་པའི་དུས་ཡན་ཆད་དུ་དེའི་མཛད་པ་འབྱུང་སྟེ་ཚིགས་དང་བསྟན་པ་ལ་སོགས་པ་ོ་ཆའཕྲུལ་སྣང་ངོ་། །སངས་རྒྱས་ཀྱི་གྲངས་མང་ཉུང་ནི་ས་ནོན་ཅིང་སྒྲིབ་པ་དག་པས་སྤོབས་པ་དང་སྟོབས་ཁྱད་པར་གྱུར་པའི་ཕྱིར་གྲངས་ཆ་རེས་དཔག་གོ། །བརྡལ་བ་ཆོས་ཉིད་ཀྱིས་དང་རྫོགས་པ་སྤྱི་ཆིབས་ཀྱི་ས་ནི་ད་དུང་མ་ནོན་ཏེ། ལས་ཐ་མའི་དབུགས་བྱིན་པ་ནའོ། །འདི་དག་ནི་རྗེས་སུ་འཇུག་པའི་དབང་དུ་ན་ཐེག་པ་དགུ་ཉིད་རྒྱུད་ཅིག་གིས་དབང་དུ་གྱུར་པ་སྟེ་བསྐལ་པ་མང་པོས་བགྲོད་པ་དང་། གྲུབ་པ་ནས་གྲུབ་པར་ཐུག་པ་མེད་པ་ནི་མ་ཡིན་གྱི་སོ་སོའི་རྒྱུའི་ལྟ་སྤྱོད་ཏིང་ངེ་འཛིན་ལས་བོགས་སུ་གྱུར་པའི་ཕྱིར་རོ། །ལང་ཀའི་བདག་པོ། དེ་ལྟར་ན་ལས་དང་པོ་པའི་རིགས་ཀྱི་བུ་དེ་དག་ནི། ཞེས་པ་ལ་སོགས་པ། སེམས་དང་། བསླབ་པ་དང་། ས་ལ་སྙེགས་པས་རིགས་སོ་སོ་ངེས་པ་ནས་ཕྱིས་བསྐལ་པ་གྲངས་མེད་པར་སྔ་ཕྱིར་འབྱུང་བའི་དང་པོ་སེམས་བསྐྱེད་པའང་དེ་བཞིན་གཤེགས་པ་དད་སྤྱན་ཆེན་པོ་དང་། རིན་ཆེན་མང་དང་། ཆོས་ཀྱི་དབང་ཕྱུག་རྒྱལ་པོ་དང་། ལས་སྣ་ཚོགས་པ་དང་། རྡོ་རྗེ་འཆང་ཆེན་པོ་ལ་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་དང་། རྡོ་རྗེ་སེམས་དཔས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྣམ་པར་སྣང་བྱེད་ཀྱི་བུ་ལྔར་སྐྱེས་པ་ནི། ཞེས་པ་དག་སེམས་བསྐྱེད་ནས་སྤུན་ལྔ་རྒྱལ་བུར་གྱུར་པ་ནི་སྒྲ་བཞིན་ཏེ། རྡོ་རྗེ་སེམས་དཔའ་དང་། སྣང་མཛད་ལ་སོགས་པ་ལྔ་རིམ་པ་བཞིན་ནོ། །དེ་དག་ལས་ཀྱི་དང་པོ་འདུན་པའི་རྣལ་འབྱོར་པར་འགྱུར་པ་ཉིད་ལ། ཞེས་པ་ལ་སོགས་པ། རྟེན་པ་གཞིའི་ས་ཐེག་པ་ཆེན་པོ་གཉིས་སུ་མེད་པའི་དོན་ལ་མ་མོས་པའི་ཚེ་སྒྲའི་རྗེས་སུ་འབྲངས་པས་ངེས་པ་མ་རྙེད་པའི་ཚིག་གི་རྗེས་སུ་དོན་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ཏེ་མོས་པ་བསྒོམ་མོ། །རྨི་ལྟས་ཀྱང་ས་ནས་སར་འབྱུང་བའི་སྐལ་བ་ཅན་ལས་མཁའ་ལ་འགྲོ་བ་མཐོང་སྟེ། དེའི་ཚེ་བྱ་བ་ལས་ཀྱི་སྤྱོད་པ་ལ་གནས་སོ། །ས་གཉིས་པ་ལ་ཐེག་པ་ཆེན་པོ་ཉིད་ཀྱི་ཡང་ལྟུང་བ་དང་མི་ལྟུང་བའི་རིགས་དབྱེ་བའི་སར། འཕྲོ་འདུ་ཡི་གེ་དང་ཕྱག་རྒྱ་གཉིས་ལ་བྱེད་དེ་གང་ཡུལ་དུ་གཏད་པའི་མཚན་མ་ལས་སེམས་པ་གཞན་དུ་མི་འགྱུར་བ་འཐོབ་བོ། རྨིས་ལྟས་སྒྲ་བཞིན་ཏེ་ཡི་གེའི་གཟུངས་ཐོབ་པའི་ཕྱིར་རོ། །དེའི་དུས་སུ་སྤྱོད་པ་ནི་ཕྱོགས་གཅིག་ལ་གནས་སོ། །ས་གསུམ་པ་བདེན་པ་རྣམ་གཉིས་དབྱེར་མེད་པའི་དོན་མཐོང་བས་དབུགས་དང་པོ་ཕྱིན་པའི་དུས་སུ་འཇིག་པ་ལྔ་བྲལ་ཞིང་ཆུ་སྲིན་ཕྱག་རྒྱ་ལྟ་བུར་གྱུར་པས་འཁོར་བར་མི་ལྡོག་པའི་གདེངས་ཐོབ་པའི་ཕྱིར་རོ། །སྤྱོད་ཡུལ་དག་པའི་ཕྱིར་རྨི་ལྟས་སྒྲ་བཞིན་ནོ། །དེའི་ཚེ་མི་དམིགས་པའི་སྤྱོད་པ་ལ་གནས་སོ། །ས་བཞི་པ་ལ་རིལ་གཉིས་སུ་མེད་པའི་དེ་བཞིན་ཉིད་ལས་མི་གཡོ་བའི་ཏིང་ངེ་འཛིན་ཐོབ་བོ། །མཚན་མ་ལ་སོགས་པ་ལྡང་མི་ནུས་པའི་ཕྱིར་རྨི་ལྟས་སྒྲ་བཞིན་ཏེ། དེའི་ཚེ་རྔོན་པ་དང་སྨད་འཚོང་ལྟ་བུ་ཡན་ཆད་ཀྱིས་དོན་མཛད་པས་ཐབས་ཀྱི་སྤྱོད་པ་ལ་གནས་སོ། །ས་ལྔ་པ་ལ་བགྲོད་པ་ལྟོས་ནས་མཐར་ཕྱིན་པས་རིལ་རིག་པའི་ཡེ་ཤེས་ཡང་དག་པའི་ཐུགས་རྗེས་ཟིན་པའི་དོན་གསལ་ལ་ཁྱབ་པའི་ཕྱིར་ཏིང་ངེ་འཛིན་དེ་ཐོབ་སྟེ། ཐུགས་རྗེ་ཆེན་པོས་འོག་མ་ལྟར་མ་བཙལ་བར་དོན་རྫོགས་པས་ལྟས་སྒྲ་བཞིན་ནོ། །དེའི་ཚེ་བྱ་བ་མེད་པའམ་བཙལ་བ་མེད་པའི་སྤྱོད་པ་ལ་གནས་སོ། །འོ་ན་འདིར་རིགས་ལྔ་སེམས་བསྐྱེད་པ་ནི་ལྡབ་པར་གྱུར་པའི་དགོས་པ་ཇི་ཞེ་ན། མདོ་སྔགས་ཀྱི་ལུགས་རྣམ་པ་གཉིས་ཀྱི་དབང་དུ་བསྐྱེད་པར་བསྟན་པ་དང་། སེམས་བསྐྱེད་པའི་དུས་དང་། གྲངས་དང་། རིམ་པས་ཕྱེ་བ་དང་། ཐུན་མོང་གི་དབང་དུ་བསྐལ་པ་སྔ་ཕྱིར་སྐྱེ་བའི་རིམ་པས་ཕྱི་མ་ལ་བརྒྱུད་དེ་བགྲོད་ནས་མཇུག་སྔགས་སུ་སེམས་བསྐྱེད་པར་བརྒྱུད་པའི་དོན་ཏོ། །རིགས་ལྔར་སྐྱེ་བ་བླངས་པ་དེ་ནས་ཀྱང་ཅེས་སྔར་བསྟན་པས་མངོན་ནོ། །ལང་ཀའི་བདག་པོ། དེ་ལྟར་ཐོབ་ཏུ་ཟིན་ཀྱང་། གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་ཀྱི་ངེས་པ་རྙེད་པ་ནི་མ་ཡིན་ནོ། །ཞེས་པ་ལ་སོགས་པ་ས་ཐ་མ་གཉིས་ད་དུང་མ་ནོན་ཏེ་གསང་སྔགས་ཇི་བཞིན་པ་ཉིད་ལ་ད་དུང་ཡུལ་དུ་བྱེད་པ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ། གང་ལས་དང་པོ་པའི། ཞེས་པ་ལ་སོགས་པ་གཏན་ཚིགས་བརྗོད་པ་སྟེ། རིགས་ལྔ་པོ་སྒྲ་བཞིན་དུ་སངས་རྒྱས་རྒྱུད་དག་པ་པར་གྲགས་ཀྱང་གསང་སྔགས་དེ་ཁོ་ན་ཉིད་སྤྱོད་ཡུལ་བྲལ་བས་འབྱུང་འཇུག་མེད་པ་མ་མཐོང་སྟེ། མཉམ་བཞག་ལ་བསྒོམ་ལྡང་ད་དུང་ཡོད་པས་ངེས་པའི་གནས་མ་ཆུད་དོ། །དེའི་གཏན་ཚིགས་ཀྱང་། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དེ་དག་གིས་ནམ་མཉམ་པ་ལ་མ་བཞག་གི་བར་དུ། ཞེས་པ་ལ་སོགས་པ་དུས་ཕྱེད་པའི་དགོངས་པ་མ་རྙེད་ནས་གསང་སྔགས་ཡུལ་དུ་བྱེད་པའི་བསམ་པས་སྟོན་པ་ལ་ཞུས་པ་སྒྲ་བཞིན་ནོ། །བཅོམ་ལྡན་འདས་སེམས་དཔའ་རྡོ་རྗེ་སྙིང་པོ། ཞེས་པ་ལ་སོགས་པ་ཁྱེད་ཀྱིས་དུས་སྔ་ཕྱི་བྱ་བ་གསུམ་ལ་སྤྱོད་པ་སྤྱད་དམ་ཚིག་བསྲུང་བ་ཡིན་ཡང་ལྟ་བས་ངེས་པའི་གདེངས་ཆེན་པོ་མ་རྙེད་དོ། །ཞེས་གསུངས་སོ། །དེ་ལྟ་བས་ན་གསང་སྔགས་ཕྱི་མོའི་ཆོས་ཉིད་རྟོགས་པར་གྱིས་ཤིག་པར་གདམས་ནས་དེས་མངོན་པར་འཚང་རྒྱའོ་ཞེས་ཀྱང་གསུངས་སོ། །སྐྱེས་བུ་དམ་པ་རྣམས་ཀྱིས་གསོལ་བ། ཞེས་པ་དག་སྟོན་པས་བདག་ཅག་འཁོར་རྣམས་ལ། གསང་བ་ཡ་མཚན་ལྔའི་འབྱུང་གནས་མཆོག །མུ་མཐའ་ཡས་པ། ངེས་པར་རྙེད་དཀའ་བ། དོན་འདི་མ་ཡིན་པ་ཞིག་ཀྱང་ཡོད་དམ་སྙམ་པ་ལ་དོན་འདི་རྟོགས་ཤིང་ཆུབ་པ་གྱིས་ཤིག་པའི་ཚིག་གསུངས་པ། དེ་ཁོ་ན་ཉིད་བསྟན་དུ་གསོལ། ཞེས་དྲིས་སོ། །དེ་ཡང་བསྣན་ཏོ། །སངས་རྒྱས་ཀུན་གྱི་བཅོམ་ལྡན་འདས། །ཞེས་པ་ལ་སོགས་པ་རྒྱལ་བ་རིལ་གྱི་ཐེ་ཚོམ་གཅོད་པའི་ཕྱིར་ཏེ། དེས་ངོ་བོ་བསྟན་པ་ནི་དངོས་པོ་བརྒྱད་དེ། ཐབས་ཆེ་ལ་སྒོ་ཡངས། ཚེགས་ཆུང་ལ་དོན་ཆེ། ཐག་ཉེ་ལ་བརྟག་དཀའ། ཉེན་ཆེ་ལ་བསྲུང་དཀའ་བའི་ཕྱིར། ཞེས་པ་དག་མ་བཙལ་བར་གྲུབ་པའི་ཕྱིར་དང་། དངོས་པོ་གང་ཡང་སྤངས་པ་མེད་པ་དང་། རྩོལ་བའི་ཚི་ཆད་པ་མེད་པའི་ཕྱིར་དང་། ཁམས་གསུམ་ཡེ་ཤེས་བླ་མའི་སར་གྲུབ་པའི་ཕྱིར་དང་། རྟོགས་མ་ཐག་པས་ཆོག་པའི་ཕྱིར་དང་། ངོ་བོ་ཡོངས་སུ་ལྷན་པ་མེད་པའི་ཕྱིར་དང་། ལྟུང་བའི་ས་མངལ་ཆེ་བའི་ཕྱིར་དང་། ཞེན་པས་ངོ་བོ་དེ་ལས་མི་གཡོ་བར་བྱ་དཀའ་བའི་ཕྱིར་རོ། །དེ་བས་ན་ཅི་འདྲ་བ་དེ་ལྟ་ཁྱེད་ལ་ངས་བསྟན་དཀའོ། །ཞེས་གསུངས་པས། སྟོན་པས་གསང་བ་སྟོན་མི་སྤྱོད་པའི་གནད་ཆུད་པས་དུས་ཏེ། གསང་དོན་རིག་པ་ལ་ཤར་བས། བཤད་པའི་དངོས་པོ་བརྒྱད་དུ་རྟོགས་པར་གྱུར་ཏེ། རྒྱུད་དག་པའི་སྐྱེ་རྒྱུད་བསྟན་པའི་ལེའུ་ཞེས་པ་སྐད་ཅིག་མའི་རྒྱུན་ལ་གནས་པ་བསམ་པའི་རིགས་ལྔའི་སྐྱེ་རྒྱུད་བཤད་པའོ། །བཅུ་གཅིག་པ་བཀྲོལ་བའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས། དམ་པ་རྣམས་ཀྱི་དེ་ཁོ་ན་ཉིད། ཞེས་པ་ལ་སོགས་པ་སྟོན་པ་པོས་འཁོར་ལ་དུ་བའི་དོན་དྲིས་པའི་ལོ་རྒྱུས་བརྗོད་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས། ཞེས་པ་དག་འཁོར་གྱིས་ལན་དུ་མི་དུ་བའི་ཐབས་དང་། ལས་བཙལ་བ་དོན་མེད་པར་མ་སོང་ངམ་པ་དང་། དེ་ལྟ་བས་ཇི་ལྟར་རྟོགས་པར་བྱ་བ་ཞུས་པའོ། །ཡང་བསྐལ་པ་དེ་སྙེད་དུ་བཙལ་ཡང་གསང་སྔགས་མ་རྟོགས་ཐོས་པ་ཙམ་གྱི་སྐལ་བའང་མེད་པ་ཇི་ལྟར་བྱ་བའི་ཐབས་མ་ནོར་བར་ཞུས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས། རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་ངེས་བཀའ་སྩལ་པ། ཞེས་པ་ལ་སོགས་པ་སྟོན་པས་ལན་གསུངས་པས། ཁྱེད་དེ་སྐད་མ་སྨྲ་ཤིག་པར་གདམས་ནས། གསང་བ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་བཤད་པ་བཞིན་རྡོ་རྗེ་སེམས་དཔའ་ཉིད་ཁོ་ནའི་ཡུལ། ངོ་བོ་མེད་ལ་བརྗོད་པ་བྲལ་བས་གཞན་ལ་བསྟན་པར་དཀའ་བ། ཡུལ་བྲལ་ཞིང་མཚན་ཉིད་མེད་པས་ན་དངོས་པོ་གཞལ་ཞིང་དོན་བཙལ་དུ་མེད་པ། དཔེ་དང་བྲལ་བས་ཉེ་བར་བསྟན་དུ་མེད་པ། ཅི་ཡང་ཡིན་ཕྱིར་གང་དུའང་མ་ངེས་པས་ཚིག་ལམ་དང་བྲལ་བའི་ཕྱིར་དང་། བྱང་ཆུབ་སེམས་དང་རྣམ་པ་ཐམས་ཅད་དུ་ཕྱོགས་རིས་མཚུངས་པ་མེད་པས་མཚོན་བྱེད་མེད་པ། རང་རིག་སྟོང་པ་དང་། རིག་མེད་སྟོང་པ་བས་ནམ་མཁའི་ཁོངས་སུ་གསང་བ་མ་འདུས་པའི་ཕྱིར་མཚོན་དུ་མི་བཏུབ་པ། མུ་མཐའ་མེད་པ། དེའི་ངེས་པར་གཟུང་བ་མེད་པ་ཐུན་མོང་གི་མངོན་སུམ་དང་། རྗེས་སུ་དཔག་པ་དང་། མུ་བཞི་འགོག་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་དང་། རང་གི་དོན་དང་གཞན་གྱི་དོན་དུ་རྒྱུ་ལྐོག་ཏུ་གྱུར་པ་དང་། རང་བཞིན་ལྐོག་ཏུ་གྱུར་པ་ལ་དཔོག་པ་རྣམས་ཀྱིས་མི་རིག་སྟེ། དེའི་ཕྱིར་ཁྱེད་ཀྱིས་མ་ཤེས་པ་ལྟར་ཀུན་ཏུ་འོད་དང་། ས་བཅུ་ལ་གནས་པའི་རྒྱལ་བ་དང་བྱང་ཆུབ་སེམས་དཔས་ཀྱང་ད་དུང་སྤྱོད་ཡུལ་དུ་མེད་པའི་འབྲས་བུ་མ་བརྙེས། དེའི་དོན་མ་མཐོང་། ཇི་བཞིན་ཉིད་དུ་མ་སོན་ནོ། །དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད། ཞེས་པ་ལ་སོགས་པ་ཡེ་ཇི་བཞིན་པ་དེ་ནི་ཐ་སྙད་རིལ་ངང་གིས་མ་སྤངས་བྲལ་བ་ལ་བཤད་པ་བཞིན་རྒྱལ་བ་དང་ས་པ་ཡང་བླ་དྭགས་པས། ངོ་བོ་ལ་རང་རྒྱུད་དུ་མེད་པ་དེའི་ཕྱིར་དོན་དུ་གཉེར་བ་མེད་པའི་ངོ་ལ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལྷན་ཅིག་སྐྱེས་པའི་མུན་པས་བསྒྲིབས་པའི་དབང་གིས། མཛུབ་མོའི་རྩེ་མོ་ལྟར་རང་གིས་རང་ལ་རེག་མ་ནུས་པས་ད་དུང་ཡུལ་དུ་བྱེད་པ་དང་མ་བྲལ་ཏེ། དེའི་ཕྱིར་མ་རྟོགས་མ་ཐོབ་བོ། །རྒྱུད་དག་པའི་བདེ་བར་གཤེགས་པ་ཀུན་ནི་ཡེ་སྙིང་པོ་བྱང་ཆུབ་ལ་བྱང་ཆུབ་སྙིང་པོ་ཉིད་ཀྱི་འདུ་ཤེས་ཀྱང་མི་གཡོ་བའི་དགོངས་པ་ལ་ཞུགས་པས་མྱ་ངན་ལས་འདས་པའི་མཐར་དབྱུང་བའི་ཕྱིར་ད་དུང་མངོན་པར་མ་རྫོགས་པར་ཁྱེད་ཅིའི་ཕྱིར་དུ། ཞེས་གསུངས་སོ། །སྐྱེས་བུ་དམ་པ་དེ་རྣམས་དགའ་མགུ་རངས་ཏེ། དབུགས་ཕྱིན་ནས་འདི་སྙམ་དུ་སེམས་སོ། །ཇི་ལྟར་སྔོན་དུ་གཤེགས་པའི། ཞེས་པ་ལ་སོགས་པ་འཁོར་དམན་པའི་རིགས་ལྔ་པོ་དག་ཡིད་བདེ་བ་སྐྱེས་ཏེ། བདག་ཅག་གི་སྔ་རོལ་དུ་སེམས་བསྐྱེད་པའི་རྒྱལ་བ་དང་སེམས་དཔའ་ཡང་ད་དུང་རྩོལ་ན། ངེད་ཀྱི་མ་རྟོགས་པར་ལྟ་སྨོས་ཅི་དགོས་ཏེ། ཡང་རྒྱལ་བ་རིལ་གྱི་ཐེ་ཚོམ་གཅོད་པ་རྡོ་རྗེ་སེམས་དཔའ་ཉིད་ཡིན་པས་ཞུ་བར་གྲོས་ཀྱིས་གཅད་སེམས་སོ། །དེ་ནས་སྐྱེས་བུ་དམ་པ་དེ་རྣམས་ཀྱི། ཞེས་པ་ལ་སོགས་པ་གསང་བ་མཐར་ཐུག་པ་ཞུས་པ་སྒྲ་བཞིན་ནོ། །བཅོམ་ལྡན་འདས་དེ་ཁོ་ན་ཉིད་དེས་བཀའ་སྩལ་པ། སྐྱེས་བུ་དམ་པ་རྣམས་ལེགས་སོ། །ཞེས་པ་ལ་སོགས་པ་ཞུ་བ་བྱས་པ་ལ་གནང་བ་སྩལ་ནས་དོན་ཉེ་བར་བསྟན་པ་ནི་སྨྲར་མེད་ཅིང་ཡུལ་དུ་མ་གྱུར་པའི་དོན་མཆོག་མ་ནོར་བ་ནི་འདི་ལྟར་ཐ་སྙད་ལྔ་བཅུ་ལས་གྲོལ་ཏེ། གང་ཞེ་ན། དཔྱོད་པ་ཐམས་ཅད་དང་བྲལ་བ། ཞེས་པ་ལ་སོགས་པ་ཡེ་གྲུབ་ཟིན་པ་ལ་ཡུལ་དང་ཡུལ་ཅན་མེད་པའི་ཕྱིར་ཏེ། ལན་ངག་ལས། སོ་སོར་རྟོག་པའི་ཤེས་རབ་ཀྱིས། །ང་ལ་རྟོག་དང་རྟོག་བྱ་མེད། །ཞེས་པའི་དོན་ཏོ། །ངོ་བོ་མ་གྲུབ་ལ་ཅིར་སྣང་བས་ཡོད་མེད་མེད་པས་དབུ་མར་ཐ་སྙད་མེད་པའི་ཕྱིར་ཏེ། རྡོ་ལ་གསེར་ཞུན་ལས། ཡོད་ལ་ལྟོས་པ་མེད་པའང་མེད་དེ་མེད་པའི་མེད་པའང་མེད། །མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པར་མི་བྱེད་དོ། །ཞེས་གསུངས་སོ། །ཡེ་དངོས་པོའི་གནས་ལུགས་ཀྱི་ཆོས་ཇི་བཞིན་པ་ནི། སྒྲོ་སྐུར་རྟག་ཆད་ལས་གྲོལ་བའི་ཕྱིར་དང་། བླང་དོར་རིལ་བདེ་བ་ཆེན་པོ་མཉམ་པའི་ཀློང་ལ་བཟང་ངན་མ་དམིགས་པའི་ཕྱིར་དང་། རྒྱུ་འབྲས་ཡེ་ནས་བྱང་ཆུབ་སྙིང་པོ་ལས་བསྐྱེད་བྱ་སྐྱེད་བྱེད་ལས་གྲོལ་བའི་ཕྱིར་དང་། ཡེ་ནས་དག་སྡུག་བསྔལ་ཆོས་ཉིད་ཀྱི་ལོངས་སྤྱོད་དང་། ཉོན་མོངས་པ་བདེ་བ་ཆེན་པོ། ཕྱིན་ཅི་ལོག་བྱང་ཆུབ་ཏུ་ལམ་བཏོད། སྒྲིབ་པ་ཡེ་ཤེས་ཀྱི་ངོ་བོ་ལ་སྦྱང་བར་བྱ་རྒྱུ་མེད་པའི་ཕྱིར་དང་། སྟོང་གསུམ་ཇི་སྙེད་སངས་རྒྱས་ཀྱི་ས་ལ་ཡེ་བཀོད་པས་འབྲས་བུ་བྱ་བ་མེད་ངང་ཕྲིན་ལས་དང་བསྒྲུབ་པ་རིལ་བྱས་ཟིན་པའི་ཕྱིར་དང་། བཙལ་བ་དེ་ལྟར་ཟིན་པའི་ཕྱིར་འཕྲལ་དུ་ཐོབ་པར་བྱ་བ་མེད་པའི་ཕྱིར་དང་། བསྒྲུབ་ཏུ་བཙལ་བས་དོན་དུ་གཉེར་རྒྱུ་བྱ་བ་མེད་པའི་ཕྱིར་དང་། བཙལ་དུ་དོན་དུ་གཉེར་བ་མེད་པའི་ཕྱིར་འཕྲལ་དུ་བྱ་བ་མེད་པའི་ཕྱིར་རོ། །གཞན་ནས་མི་འབྱུང་བ། གཉེན་པོ་མེད་པ། བྱེད་པ་མེད་པ། མ་བྱས་པ། ཞེས་པ་ལ་སོགས་པ་རང་གཞན་རིག་པ་ལས་བསྒྲུབ་བྱ་ཞིག་ལོགས་ན་མེད་པའི་ཕྱིར་དང་། གཉེན་པོ་མི་མཐུན་པ་བྲལ་བ་དང་། གྲུབ་ཟིན་པ་ཟླ་མེད་ཅིང་མི་འཇིག་པའི་ཕྱིར་དང་། བྱེད་པ་པོ་གྲུབ་ཟིན་པ་དང་། བསྒྲུབ་པ་པོ་མེད་པའི་ཕྱིར་དང་། མ་བྱས་བྱ་བས་བཙལ་དུ་མི་རྙེད་པ་དང་། རྒྱུ་རྐྱེན་མེད་པ འི་ཕྱིར་དང་། མ་བཏགས་ཚིག་གིས་མི་ཕེབས་ཤིང་ངོ་བོ་འདི་འདྲར་མེད་པའི་ཕྱིར་དང་། བདག་མེད་དངོས་གཞི་མ་ངེས་པ་དང་། ཡུལ་སེམས་གཉིས་མེད་པས་ཆོས་དང་གང་ཟག་མེད་པའི་ཕྱིར་དང་། མ་བཅོས་ཡེ་ལེགས་པ་ཆེན་པོར་བཞུགས་པ་དང་། ནད་དང་བྲལ་བ་དང་། ཇི་བཞིན་པའི་ཕྱིར་དང་། མ་བསླད་པ་ཡེ་ཉིད་དག་པ་ཆེན་པོར་བཞུགས་པ་དང་། སེལ་མེད་པ་དང་། གློ་བུར་བ་མ་ཡིན་པའི་ཕྱིར་དང་། དེ་ཡིན་ངོ་བོ་མ་ནོར་བ་དང་། གཞན་དུ་མ་དམིགས་མི་བསླུ་བའི་ཕྱིར་དང་། ངེས་པ་ངོ་བོ་མི་འགྱུར་ཞིང་མི་བསླུ་བས་བརྫུན་པ་སྤངས་པའི་ཕྱིར་དང་། མ་ནོར་བ་ལོག་འཁྲུལ་མེད་པ་དང་། ཇི་ལྟ་བར་ངོ་བོ་མ་འཁྲུལ་བར་བྱུང་བའི་ཕྱིར་དང་། ཇི་བཞིན་མ་བཅོས་མ་བསླད་ཕྱི་མོ་ཉིད་ལས་མ་གཡོས་པའི་ཕྱིར་དང་། མ་འགག་པ་སྒྲིབ་བྱེད་མེད་པ་དང་། འོད་གསལ་བ་དང་། ཅིར་ཡང་གོ་མི་འགོག་པའི་ཕྱིར་དང་། མ་སྐྱེས་པ་རྒྱུ་རྐྱེན་ལས་མ་བྱས་པ། ངོ་བོ་མེད་པ། འཕྲལ་དུ་མ་བྱུང་བའི་ཕྱིར་དང་། མི་ནུབ་པ་ཉིན་མཚན་བྲལ་བ་གཉེན་པོ་མེད་པ། ཡེ་བདལ་ཁྱབ་ཆེན་པོའི་ཕྱིར་དང་། མི་རླག་པ་དུས་གསུམ་འཕོ་འགྱུར་མེད་པས་སྙིང་པོ་ཉིད་ཀྱི་ཕྱིར་དང་། མི་སྣང་བ་མཐའ་གང་དུའང་མ་བྱུང་བས་ངོ་བོས་མེད་པའི་ཕྱིར་དང་། གང་དུ་མི་སྣང་དངོས་པོ་མ་བྱུང་བ་མ་སྤངས་བྲལ་བའི་ཕྱིར་དང་། མི་འགྲོ་བ་ཁྱབ་ཟིན་པ་དང་ཡུལ་མེད་པ་དང་རྒྱུད་གཅིག་པ་མ་ཡིན་པའི་ཕྱིར་དང་། ཡེ་གདོད་ནས་སངས་རྒྱས་སེམས་ཅན་གང་བས་སྔ་བ་གློ་བུར་མ་ཡིན་པ། དུས་གསུམ་དུ་རྒྱུན་མ་ཆད་པའི་ཕྱིར་དང་། ཀུན་ལ་ཁྱབ་ཐམས་ཅད་ཡིན་པ་དང་། དེས་བསྣུམས་པ་དང་། དེ་ལས་གཞན་དུ་འདའ་བ་མེད་པའི་ཕྱིར་དང་། མིང་མེད་དབྱིབས་ཁ་དོག་རིལ་མ་སྤངས་པས་རྣམ་པའི་ཆ་མེད་པའི་ཕྱིར་དང་། གཟུགས་མེད་མཚན་མ་ཐམས་ཅད་པའི་ཕྱིར་གང་དུའང་གཟུགས་སྣང་མེད་པའི་ཕྱིར་དང་། མཚན་མ་ཇི་སྙེད་པ་མ་སྤངས་བྲལ་བ་ལ་གྲངས་ལས་གྲོལ་བའི་ཕྱིར་དང་། ཐ་སྙད་དམིགས་བྱ་དམིགས་བྱེད་མེད་པའི་ཕྱིར་དང་། གཟུང་དུ་མེད་ངོ་བོ་ཉིད་མེད་པའི་ཕྱིར་དང་། མཚོན་འདྲ་བ་མེད་པའི་ཕྱིར་དང་། དཔེ་ཉེ་བར་སྦྱོར་བ་པོ་མི་དམིགས་པའི་ཕྱིར་དང་། ཚད་མེད་མུ་མཐའ་ཡས་པའི་ཕྱིར་དང་། བརྟག་ཏུ་བཤད་པ་ལྟར་བློས་རེག་དཀའ་བ་དང་། རྟོག་གེ་བློས་རེག་པར་བྱ་བ་ལས་གྲོལ་བ་དང་། གཏིང་མཐའ་དཔག་ཏུ་མི་རྙེད་པའི་ཕྱིར་དང་། ཡིད་ལ་བྱ་བ་བསམ་དུ་མེད་པའི་ཕྱིར་དང་། བསམ་གྱིས་ཕྱོགས་སུ་འཛིན་པའི་བསམ་པས་མི་ཆུབ་པ་དང་། ཀུན་གྱི་འཁོར་བ་མྱ་ངན་འས་འདས་པ་རིལ་གྱི་གཞིར་གྱུར་པའི་ཕྱིར་དང་། དུས་ཐམས་ཅད་ནས་ཐམས་ཅད་དུ་ཐོག་མཐར་རྒྱུན་མ་གཡོས་མ་ཉམས་པའི་ཕྱིར་དང་། ངོ་བོ་མེད་ལ་གསལ་བ་ཉིད་རྒྱུ་རྐྱེན་མེད་པ་བྱེད་པ་པོ་མེད་པ་མ་བསླད་མ་བཅོས་པར་ཡེ་ཆེ་བཙན་གཅིག་པུ་བྱུང་བའི་ངོན་ངེས་པར་གཟུང་བའོ། །ཞེས་གསུངས་སོ། །སྐྱེས་བུ་དམ་པ་རྣམས་ཆོས་ཐམས་ཅད་བླང་དོར་མེད་པར་ཆུད་དེ། ཞེས་པ་ལ་སོགས་པ་དེ་ལྟར་གསང་བའི་མཚན་ཉིད་བརྗོད་པས་འཁོར་བ་དང་མྱ་ངན་ལས་འདས་པ་སྤངས་བླང་མེད་པར་རྟོགས་ཏེ། ངོ་བོས་གཉིས་མེད་པ་ལ་ཤིན་ཏུ་ཡ་མཚན་སྐྱེས་ནས་སྔོན་གྱི་རྒྱལ་བའི་བཀའ་སྩལ་དང་མ་མཐུན་པས། དོན་ཐེ་ཚོམ་ཟ་བར་གྱུར་ནས་འདི་སྙམ་དུ་ཐེ་ཚོམ་བསལ་བའི་ཚིག་གི་སྒྲ་བཞིན་ནོ། །དེ་ནས་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་དེས། ཞེས་པ་ལ་སོགས་པ་སྐྱེས་བུ་དེ་དག་གི་བསམས་པའི་ཐེ་ཚོམ་བསལ་བའི་དགོས་ཆེད་དུ་བཀའ་སྩལ་པ་སྒྲ་བཞིན་ནོ། །འཁོར་གྱིས་བརྟགས་པས་རྟོགས་པ་ནི། རང་བཞིན་སྟོང་པར་མཐོང་། རྩ་བ་སེམས་ལས་བྱུང་བར་མཐོང་། ཞེས་པ་ལ་སོགས་པ་མཐའ་གསུམ་གང་ཡང་མ་གྲུབ་པའི་ངོ་བོ་དང་། རང་རིག་པ་ཉིད་དེ་ལྟ་བུ་ཡིན་པའི་ཕྱིར་དང་། དེ་ཉིད་དུས་སྔ་མ་དང་ད་ལྟར་དང་ཕྱི་མར་དངོས་པོ་མ་ཟིན་མི་ཟིན་ཟིན་པ་མེད་པ། ཐོག་མ་མེད་པ་ནས་མ་བསླད་དེ་རིལ་མ་འདྲེས་ལ་ཡོངས་སུ་རྫོགས་པ། ཐམས་ཅད་ཀྱི་གཞི་འབྱུང་གནས་དཀྱིལ་འཁོར་གསུམ་གྱི་དོན་དམ་པའི་ངོ་བོར་མ་རྟོགས་པར་རྟོགས། མ་མཐོང་བར་མཐོང་། མ་མྱོང་བར་མྱོང་བ་ནི། ཚོགས་བརྒྱད་དང་འདུ་བྱེད་དང་སྣང་བ་རིལ་རང་རིག་རང་གསལ་མི་གཡོ་བར་གྱུར་ཏེ། སྤྱོད་ཡུལ་མེད་པས་ཏིང་ངེ་འཛིན་བཞེངས་བཞུགས་མི་མངའ་སྟེ་ཐ་མའི་དབུགས་བྱིན་ཏེ། རྫོགས་པ་སྤྱི་ཆིབས་མཐར་ཕྱིན་པས་གསང་སྔགས་ཇི་བཞིན་པ་ཉིད་དུ་སོན་ཏེ་མི་འགྱུར་བའི་གདེངས་ཐོབ་བོ་། །ཐོབ་པ་བརྟན་པར་གྱུར་ཏོ། །དེ་དུས་ཕྱེད་པ་ཉམ་བྲལ་མེད་པའི་ཀློང་དུ་གྱུར་ནས་སྒྲ་བཞིན་ནོ། །ལམ་གྱི་ནང་ན་ཉེ་ལམ་པ། །ཐབས་ཀྱི་ནང་ན་དམ་པ་ནི། །སྔོན་དུ་མ་ཐོས་སྐལ་བ་ཆུང་། །ཞེས་པ་ནི་རྟོགས་པ་ཙམ་གྱིས་བཙལ་མི་དགོས་པ། བཙལ་བ་མེད་པ་ཉིད་ཀྱིས་ཐོབ་པར་བྱེད་པ་འདི། དང་པོ་མ་ཐོས་པ་ལས་འཕྲོ་མེད་སྙམ་མོ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །ཡུན་གྱི་དོན་སྲིད་འདི་ལྟ་བུ། །ཞེས་པ་དག་དོན་ཆེན་པོ་ཡ་མཚན་མཆོག་ཏུ་གྱུར་པ་ནི། མཐར་བདེ་བ་ལ་གནས་པའི་དོན་ཆེན་པོ། ཐབས་དང་ངོ་བོ་ལོགས་སུ་བཙལ་མི་དགོས་པ་བཞིན་དེ་སྙེད་ཀྱི་ལམ་དུ་ཞུགས་ནས་རྒྱལ་བ་དེ་སྙེད་ལ་ཐེ་ཚོམ་གཅོད་ཅིང་ཚོལ་བ་ནི་ནོར་སྙམ་མོ། །རྩོལ་བའི་ཐབས་ལ་སྒོ་གསུམ་ཐང་ཤ་ཆད་པས་འབད་ཀྱང་དོན་མ་མཐོང་བས་ཚིག་གི་རྗེས་སུ་བསམ་པ་འཕྲོས་པས་གྲུབ་པའི་དོན་ཆུང་བར་གྱུར་ཏོ་སྙམ་མོ། །བཤེས་གཉེན་དམ་པ་དེ་ཉིད་ལས། །ཞེས་པ་ལ་སོགས་པ་སྟོན་པ་གསང་བདག་རྡོ་རྗེ་སེམས་དཔའ་ཉིད་ལ། གསང་བའི་གདེང་ཐོས་པས་བྱ་བའི་ལས་དང་བྲལ་ཏེ་ངལ་སོས་པ་ས་ཡང་དག་པར་རྫོགས་པའི་ས་བླང་དོར་མེད་པ་མ་བགྲོད་པར་ནོན་ཏེ། བཅིང་པ་ཐམས་ཅད་བཅད་པར་གྲོལ་ལོ་སྙམ་མོ། །དེའི་ཕྱིར་མཆི་མ་ཟག་པ་ནི། སྔ་མའི་བྱ་བ་ལ་ཁོ་ཐག་ཆད་པ་དང་། རང་ངོ་མ་ཤེས་པས་རྒྱུ་བཞིའོ། །དེ་དག་མ་ནོར་བ་མངོན་པར་རྟོགས་པས་སངས་རྒྱས་པའི་བྱིན་རླབས་དང་ལྟས་ནི། ངོ་མཚར་གྱི་དགའ་བ་ཆེན་པོ་ལས། ཡེ་ཤེས་ཀྱི་འོད་ཉི་མ་འབུམ་ལྟ་བུར་བྱུང་བས། ཞེས་པ་ལ་སོགས་པ་ངོ་མཚར་ཆེན་པོ་ཐོབ་པ་མེད་པར་ཐོབ་པས། དགྱེས་པ་ཆེན་པོའི་བྱིན་རླབས་ཀྱི་འོད་སྣ་ཚོགས་གདུལ་བྱའི་ངོ་ལ་ཤར་བས། དངོས་པོ་གང་དག་བྱང་ཆུབ་སེམས་དཔའ་དང་། རིག་འཛིན་རྣམས་ཀྱང་ཤེས་རབ་ཀྱི་རྩལ་རྙེད། ལྟ་བའི་གདེངས་འཕང་བསྟོད། ས་པའི་རིག་པ་རིལ་གོང་དུ་འཕར་བའི་བྱིན་རླབས་མཐོང་བས་སྔར་གྱི་དམ་པ་དག་ཇི་ལྟ་བར་ཡོངས་སུ་བྱ་བ་གཅིག་མ་རྙེད་པར་གཉིས་ལ་གནས་པས་རྩོལ་བའི་དམ་པ་ཇི་སྙེད་པ་དག་གིས་ཡ་མཚན་དུ་གྱུར་པས་ཞུས་པ་སྒྲ་བཞིན་ནོ། །ལང་ཀའི་བདག་པོ། དེ་ལྟར་ན། ཞེས་པ་ལ་སོགས་པ་རྒྱལ་ཚབ་གཉིས་ལས་འདིར་ཐ་མའི་དབུགས་ཕྱིན་པ་དེ་དག་གསང་སྔགས་སྟོན་པའི་དབང་ཕྱུག་ཆེན་པོ་མངའ་ཐང་ཡོངས་སུ་རྫོགས་པའི་རྒྱལ་ཚབ་ཏུ་གྱུར་ཏོ། །དབུགས་ཆེན་པོ་ཡོངས་སུ་ཕྱིན་པའི་ལེའུ་ཞེས་པ། རྩོལ་བ་དང་བྲལ་བའི་དོན་རྟོགས་པས་དམ་པ་ལྔ་མངོན་པར་སངས་རྒྱས་པའི་དོན་བསྟན་པ་སྟེ་རྗེས་སུ་འཇུག་པའང་དེ་བཞིན་ནོ། །ལེའུ་བཅུ་གཉིས་པ་བཀྲོལ་བའོ།། །།དེ་ནས་ལང་ཀའི་བདག་པོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཞེས་པ་ལ་སོགས་པ་དྲིས་པ་དང་ལན་སྒྲ་བཞིན་ནོ། །གཏན་ཚིགས་ཀྱིས་ཡིད་ཆེས་པར་བྱ་བ་དང་། རྗེས་སུ་འཇུག་པ་པོ་རིམ་པས་རྫོགས་པར་བྱ་བའི་དོན་བསྟན་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ། འདི་ལྟ་སྟེ་དཔེར་ན། ཞེས་པ་ལ་སོགས་པ་ཉེ་བར་བསྟན་པ་ནི། མཐའ་མཐུན་པ་དང་མི་མཐུན་པ་ཉེ་བར་བསྟན་པ་སྟེ། འཇིག་རྟེན་ན་རྒྱལ་པོའི་ཕྲུ་གུ་ཆོས་ལྔ་དང་ལྡན་པ་ནི་རྒྱལ་པོའི་གདུང་འཛིན་པ། མཚན་བཟང་བཅུ་གསུམ་གཉིས་དང་དཔེ་བྱད་བརྒྱད་དུ་ཚང་ཞིང་རྒྱལ་སར་ཤིས་པ། རྒྱལ་པོའི་ཆོས་ལུགས་མཁས་པ། ཕྱི་ནང་གི་འབངས་ཅན། རིན་ཆེན་བདུན་ལ་སོགས་པ་མང་པོས་བསྟབས་པ་རྙེད་པའི་སྐལ་བ་ཅན། མགོ་ནག་ཇི་སྙེད་པས་སྤྱི་བོས་ལེན་པ་ཐོབ་ནས་ངེས་པར་འཛིན་པ་ནི་སྐྱེས་བུ་དམ་པ་མཚོན་པའོ། །སྐྱེས་བུ་དམ་པ་དེ་དག་ཀྱང་། ཞེས་པ་ལ་སོགས་པ་རིགས་ལྔ་ཉེ་བར་བཟུང་བ་སྟེ་རྒྱལ་བའི་གདུང་རྒྱུད་འཛིན་པ་དང་། ཐུན་མོང་མིན་པའི་ཡོན་ཏན་བརྒྱད་ཅུ་མཚན་དཔེ་གཉིས་མངའ་བ་དང་། ཐེག་པ་ཆེན་པོའི་རྟོགས་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཁོར་མངའ་བ། ཚེ་དང་ཡོ་བྱད་ལ་སོགས་པ་ཐོབ་པའི་སྐལ་པ་ཅན་པས་མཚན་ངེས་པར་འགྲུབ་བོ། །དེའང་ཁུངས་ངེས་པར་བསྟན་པ་ནི། ལང་ཀའི་བདག་པོ། དེ་ཡང་འདི་ལྟར། རྒྱལ་རིགས་རྒྱུད་དུ་གང་བྱུང་ན། །རྒྱལ་སྲིད་དམངས་ཀྱིས་གང་བསྟབས་པ། །ཞེས་པ་ལ་སོགས་པ་རྒྱལ་པོ་ལ་སྲས་དུ་མངའ་ཡང་རྒྱལ་པོའི་བརྒྱུད་དུ་གང་ངེས་པ་ལ། དམངས་ཀྱིས་རྒྱལ་ས་ཕུལ་ནས་བཀའ་ལུང་བཙན་པའི་དབང་བདག་སྤྱི་བོར་གྱུར་པ་བཀུར་གནས་སུ་གྱུར་པའི་དཔེ་དེ་ལྟར། རྒྱལ་ཚབ་རྣམས་སྐྱེས་བུས་བཤད་པའི་ཆོས་ལྔ་དང་ཡོངས་སུ་བྱ་བ་གཞན་རྫོགས་པས་ལྷ་མིའི་འཁོར་རྣམས་ཀྱིས་རྒྱལ་པོར་སྟོན་པར་མངའ་ཕུལ་བསྟབས་བས་མཛད་པ་དེ་ནས་བྱང་ཆུབ་མཐར་ཕྱུངས་ནས་འཚང་རྒྱ་སྟེ་ཡང་དག་པ་ཉིད་དུའོ། །དེ་ལྟར་ལོ་རྒྱུས་བསྙད་པས་ཡིད་ཆེས་པར་བྱེད་དོ། །དེ་ལ་སྤྱིར་དཀྱིལ་འཁོར་རྣམ་གསུམ་དུ་སློབ་དཔོན་གསུམ་གྱིས་སྲས་གསུམ་ལ་དབང་བསྐུར་བ་ནི། ཕྱི་ནང་གི་བཀའ་དུ་མ་ལས་ཀྱང་གསུངས་ཏེ། དེས་ན་དེ་དག་ལས་འདིར་རང་བཞིན་དཀྱིལ་འཁོར་དུ་རིམ་པ་ཐམས་ཅད་རྫོགས་པར་བྱ་བ་ཡང་བཞི་འབྱུང་བའི་དབང་དུ་སྟེ། རྗེས་སུ་འཇུག་པའི་ཡང་དོན་གྱིས་གསལ་ལོ། །དེ་ལ་སྤྱི་དོན་བཅུའི་དང་པོ་འདས་ཟིན་པས་གཉིས་པ་དང་བསྟན་པའང་སྤྱིའི་ཕྱོགས་གཅིག་བསྟན་པའི་ཕྱིར། ལང་ཀའི་བདག་པོ། དེ་ལྟར་ཆོས་ལྔ་དང་ལྡན་པའི་ཞེས་པ་ལ་སོགས་པ། སྐྱེས་བུ་ལྔ་ནི་བསྐུར་བའི་དུས་ཀྱི་རྒྱུའོ། །དབུགས་ཕྱིན་པའི་གནས་ནི་འོག་མིན་ཆེན་པོ་སྟེ་གནས་སོ། །མཐའ་ཐུག་པ་མེད་པའི་ཕྱོགས་བཅུའི་རྒྱལ་བ་ནི་སློབ་དཔོན་ནོ། །གསུང་གཅིག་པ་ནི་མཚུངས་པ་བཞི་མངའ་བའི་ཕྱིར་ཐབས་སོ། །མིང་གི་གྲགས་པ་ནི་རང་གི་ངོ་བོ་སྟེ་མདོར་བསྟན་པའོ། །དེ་སོ་སོར་གྲགས་པ་གང་ཞེ་ན། དེ་ལྟར་ལ་ལས་ནི་རྡོ་རྗེའི་གདུང་དང་སྡེའི་རྒྱུད་དུ་དབང་གིས་དབང་བྱིན་ནོ། །ཞེས་པ་ལ་སོགས་པ་ཐབས་ཉེ་བར་བསྟན་པ་ནི། འདས་པ་ལ་སྙེགས་པའང་ངོ་བོ་འདི་ལྟ་སྟེ། རྡོ་རྗེའི་རིགས་འཚོབ་ཅིང་རྒྱུད་དུ་འབྱུང་བ་དེའི་ལུང་བསྟན་པ་ཐོབ་པ་ནི། བཀར་བའི་སྒྲས་དམ་པ་ལྔ་ལས་རྡོ་རྗེ་སེམས་དཔའ་སྟེ། སྐལ་པ་དེ་བཞིན་ལྡན་པས་རྡོ་རྗེ་རིགས་སུ་རྒྱུད་ངེས་པའི་མིང་དང་རིགས་ཀྱིས་དབང་བསྐུར་ཏེ། རིགས་བཞིའང་རྗེས་སུ་མཐུན་ཏེ་སྒྲ་བཞིན་ནོ། །དེ་ལྟར་ཞིང་ཁམས་སུ་གྲགས་པའང་དབང་ཐོབ་པས་གྲགས་པར་འཇལ་ཏོ། །ལམ་པ་རྗེས་འཇུག་གི་མིང་གི་དབང་དུའང་སྦྱར་རོ། །ལ་ལས་ནི་མཚན་གྱི་འོད་ཟེར་གྱི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་དཔེ་བྱད་ཀྱི་འོད་ཟེར་གྱི་དབང་གིས་དབང་སྦྱིན་ནོ། །ཞེས་པ་ལ་སོགས་པ་གསུང་གིས་བསྐུར་བའི་རྗེས་སུ་སྐུ་ཡིས་བསྐུར་བའི་བཀར་བ་ནི་རྒྱལ་བ་ཇི་སྙེད་པའི་ཕྱིར་སོ་སོར་དབང་བསྐུར་བ་མ་འདྲེས་པའོ། །འདི་དག་དམ་པ་ལྔ་དང་འཆད་པའི་བཞི་ཐུན་མོང་དུ་སྦྱར་རོ། །སུམ་ཅུ་རྩ་གཉིས་ལས་འོད་བྱུང་བ་ཐིམ་པས་མཚན་གྱི་དབང་ཐོབ་པ་སྟེ་སྒྲ་བཞིན་ནོ། །ལ་ལས་ནི་ཆོས་མ་འདྲེས་པའི་དབང་གིས་དབང་བྱིན་ནོ། །ཞེས་པ་དག་ནི་གསུང་དང་ཐུགས་ཀྱིས་བསྐུར་བ་ཐུན་མོང་དུ་བསྟན་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པ་རིག་པ་བཞིིའི་དབང་བསྐུར་ཏེ་དེ་དག་གི་དོན་བརྡ་མཇལ་ཞིང་ཐོབ་པར་བྱས་སོ། །དེའི་ངོ་བོ་བཤད་པ་ནི་སྒྲ་ཡིས་འཇིགས་པས་མ་བཀོད་དོ། །ལ་ལས་ནི་མཐུན་པས་བསྡུ་བའི་དབང་གིས་དབང་སྦྱིན་ནོ། །ལ་ལས་ནི་ཕྱོགས་མེད་པས་བསྡུ་བའི་དབང་གིས་དབང་སྦྱིན་ནོ། །ཞེས་པ་ལ་སོགས་པ་སྤྱོད་པ་དང་ཕྲིན་ལས་ཏེ་བསྡུ་བའི་དངོས་པ་བཞིས་དབང་བསྐུར་བའོ། །གདུལ་བྱ་དང་ཆོས་ལུགས་མཐུན་པས་དབང་སྡུད་པའི་དབང་དང་། སྙན་པར་སྨྲ་བས་རིལ་མི་འབྱེད་པར་བསྡུ་བའི་དབང་དང་། གང་ལ་ཡང་མ་ཆགས་པས་སྦྱིན་པས་བསྡུ་བའི་དབང་དང་། དོན་དང་མཐུན་པར་སྤྱད་པས་འཁོར་བསྡུ་བའི་དབང་དང་། འགྲོ་བ་དང་མཛད་སྤྱོད་ཆ་མཐུན་པས་དད་ཅིང་དབང་དུ་བསྡུ་བའི་དབང་དང་། སྟོན་པར་སྨྲ་བ་དང་ཐབས་ཀྱིས་འདྲེན་པར་མཛད་པས་བསྡུ་བའི་དབང་དང་། མངའ་དབང་དུ་རང་དབང་མེད་པར་སྡུད་པའི་དབང་དང་། བླང་དོར་རིས་མི་འབྱེད་པས་བཟང་ངན་དུ་མི་འཛིན་པས་བསྡུ་བའི་དབང་དང་། དེ་ཡང་དོན་སྤྱོད་པ་དང་མཐུན་པའི་རིམ་པའོ། །འབྲས་བུ་དང་ཡོན་ཏན་གྱི་བདག་ཉིད་པས་གཞན་གྱི་རག་ལས་པར་གྱུར་པས་བསྡུ་བའི་དབང་དང་། རྒྱུའི་དོན་བསྟན་པས་བསྡུ་བ་དང་། འབྲས་བུའི་དོན་བསྟན་པས་བསྡུ་བའི་དབང་སྟེ་སྦྱིན་དང་སྙན་པར་སྨྲ་བའོ། །འོ་ན་བསྡུ་བ་བཞི་ལ་བཅུ་གཅིག་ཏུ་བརྗོད་པ་ཅི་ཞེ་ན། སྤྱིར་རྒྱལ་བ་ཐ་དད་རེ་རེས་བསྐུར་བའི་ཕྱིར་དང་། རྩ་བ་བཞིའང་བསྡུ་བའི་ཡོན་ཏན་སྤྱོད་པ་དང་། ཕྲིན་ལས་ཐ་དད་ཀྱིས་འཁོར་དང་གདུལ་བྱ་སྡུད་པའི་བྱེ་བྲག་ཐ་དད་པའི་ཕྱིར་ཏེ་ཕྱོགས་འགྲུབ་པར་བསྟན་དཀའོ། །ལ་ལ་ནི་གང་དུ་དབང་བའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་རྣམ་པར་རིག་པའི་དབང་གིས་དབང་བྱིན་ནོ། །ཞེས་པ་ལ་སོགས་པ་རྒྱལ་བ་དེ་སྙེད་པས་དབང་བཅུའི་དབང་བསྐུར་ཏེ་བདག་ཉིད་གནས་གང་དུ་ཅི་ཙམ་གནས་པར་འདོད་པའི་བར་དུ་ཐུབ་པ་ཚེའི་དབང་དང་། ཤེས་བྱ་རྣམ་པར་ཤེས་པ་སེམས་ལ་དབང་བ་དང་། སྐྱེ་བ་རང་དབང་ཅན་དུ་གྱུར་པའི་དབང་དང་། གང་རྒྱུ་ཡོངས་སུ་རྫོགས་པ་ཡོ་བྱད་ཀྱི་དབང་བ་དང་། ཐེག་པ་སྒོ་གང་དུ་འཇུག་པ་ཆོས་ལ་དབང་བ་དང་། སྐད་ཅིག་གིས་བྱ་བ་བྱེད་པའི་རྫུ་འཕྲུལ་དང་། བསམ་པ་ཇི་ལྟ་བར་སྣང་བ་མོས་པའི་དབང་དང་། བདག་གཞན་གྱི་དོན་ཇི་ལྟ་བ་དགའ་དགུར་སྤྱོད་པ་ལས་ཀྱི་དབང་དང་། ཆོས་ཡེ་ཤེས་ལ་དབང་བ་ཇི་བཞིན་པ་རྟོགས་པའི་དབང་དང་། འདོད་པ་ཐ་དད་པ་གྲུབ་པ་སྨོན་ལམ་གྱི་དབང་བཅུ་ནི། དགར་བའི་སྒྲས་རྒྱལ་བ་རེ་རེས་བསྐུར་ཏེ་དབྱར་གྱི་སྤྲིན་ཕུང་ཇི་སྙེད་ལ་ངོས་གཟུང་བར་དཀའོ། །འདི་དག་སྐྱེས་བུ་ལྔ་ལ་ནི་ཐུན་མོང་བར་ཤེས་པར་བྱའོ། །དམ་པ་ཏོག་དཀར་པོ་དང་། དོན་གྲུབ་དང་། ཤཱཀྱ་ཐུབ་པ་དང་། ཕྱག་ན་རྡོ་རྗེ་བཞི་ལ་ནི་ཕལ་ཆེ་བའི་དབང་ནས་སོ་སོར་མང་ཉུང་བསྟན་པར་ཡངས་པའི་རིམ་པས་ཕྱེ་བའི་སྐལ་བས་བསྟན་དུའང་རུང་ན་དེ་དག་ཀྱང་ཐུན་མོང་དུ་སྨྲའོ། །ལ་ལས་ནི་རྒྱལ་ཚབ་སྐྱེས་བུའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་བྱིན་གྱིས་རླབས་ཀྱི་དབང་གིས་དབང་བྱིན་ནོ། །ཞེས་པ་ལ་སོགས་པ་འདིར་བཀའ་སྤྱི་གཞུང་གི་སྐྱེས་བུ་བཞི་པོ་དག་གི་དབང་དུ་ཚིག་དོན་གྱི་གྲངས་ཀྱང་རྗེས་སུ་མཐུན་པར་འབྱུང་སྟེ། དང་པོར་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་ཞེས་བྱ་བ་དེ་ནི་ཆོས་ཀྱི་རྒྱལ་སར་འབྱུང་བའི་དུས་ལ་བབ་པའི་ཕྱིར་དགའ་ལྡན་གྱི་གནས་སུ་ཕྱོགས་བཅུའི་རྒྱལ་བས་ཆོས་ཀྱི་རྒྱལ་པོ་ལྟ་བུར་བསྟན་ནས། རིན་པོ་ཆེ་འོད་སྟོང་འབར་བའི་རྫས་ལ་བརྟེན་ནས་ཆོས་ཀྱི་རྒྱལ་པོའི་དབང་དང་། སྟོན་པའི་རིགས་འཚོབ་པས་རྒྱུད་ཀྱི་ཆུ་བོའི་དབང་དང་། རྒྱལ་ཚབ་སྐྱེས་བུའི་དབང་བྱིན་ཏེ་ཐོབ་པས་ཆོས་ཀྱི་རྒྱལ་ཚབ་ཉིད་དུ་གྱུར་པའི་རྟགས་མངོན་དུ་སྣང་བར་གྱུར་ཏོ། །དེ་ནི་རྒྱལ་ཚབ་ཀྱི་དབང་སྟེ་དོན་བདུན་ནི་འཆད་པ་རྣམས་ལའང་སྦྱར་རོ། །མི་ཡུལ་དུ་རྒྱལ་བུ་དོན་གྲུབ་ཏུ་མཚན་གྲགས་པ་དེ། ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་གཉིས་པར་འཚང་རྒྱ་བའི་དུས་ལ་བབ་པའི་ཕྱིར་འོག་མིན་ཁང་བུ་བརྩེགས་པའི་གཞལ་ཡས་སུ། རྒྱལ་བ་རིལ་རིགས་ལྔའི་སྐུར་སྣང་བས། ནཻ་རཉྫ་ནར་དཀའ་ཐུབ་བྱེད་པ་ལ་བསྐུར་ཏེ་ཡེ་ཤེས་ཀྱི་ལུས་འོག་མིན་དུ་གཤེགས་པ་ལས། ཉི་ཟླ་རྡོ་རྗེ་འབར་བའི་རྫས་ལ་བརྟེན་ནས་མངོན་པར་བྱང་ཆུབ་པ་ལྔས་བསྟབས་ཏེ། ལོངས་སྤྱོད་རྫོགས་པར་བྱིན་གྱིས་བརླབས་ནས་ལོངས་སྤྱོད་རྫོགས་པའི་དབང་ཉིད་དང་། ལོངས་སྤྱོད་རྫོགས་པར་འབྱུང་བའི་ཆུ་བོ་དང་། ཐབས་ལྔས་སྣང་མཛད་དུ་བྱིན་གྱིས་བརླབས་པས་རྟགས་ནི་ལོངས་སྤྱོད་རྫོགས་པ་ཉིད་དུ་གྱུར་ཏོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་མཚན་གྲགས་པ་དེ་ཆོས་ཀྱི་སྒྲོན་མར་ལུང་མངོན་དུ་ཐོབ་པའི་ཕྱིར། སྙིང་པོ་བྱང་ཆུབ་འོག་མིན་ཆེན་པོར་ཕྱོགས་བཅུའི་རྒྱལ་བ་མང་པོས། འཁོར་ལོ་ལ་སོགས་པ་རིགས་ཀྱི་ཕྱག་རྒྱ་མང་པོའི་རྫས་ལ་བརྟེན་ནས་ཆོས་ཀྱི་སྒྲོན་མའི་བྱ་བ་བྱེད་པའི་དབང་དང་། ཞིང་ཁམས་ཀུན་ཏུ་ཐུབ་པའི་དབང་པོར་གྲགས་པའི་ཆུ་བོ་དང་། ཆོས་ཀྱི་སྒྲོན་མར་ལུང་སྟོན་པའི་དབང་བྱིན་པས་རྟགས་ཆོས་ཀྱི་མངའ་དབང་ཉིད་དུ་གྱུར་ནས་འཁོར་ལོ་བསྐོར་རོ། །གསང་བདག་ཕྱག་རྡོ་རྗེ་ཐེག་པའི་མཛོད་ཟབ་མོ་མཐའ་དག་འཛིན་པའི་དུས་ལ་བབ་པའི་ཕྱིར། དབང་བསྒྱུར་གྱི་ཁང་བཟང་དང་། གྱད་ཡུལ་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུས་ཕྱག་ན་རྡོ་རྗེས། རྡོ་རྗེ་ཕ་ལམ་ལྟ་བུའི་རྫས་ལ་བརྟེན་ནས་གསང་བའི་མཛོད་ཀྱི་བདག་པོ་བྱེད་པ་དང་། དོན་ཟབ་མོ་མཐར་རྫོགས་པའི་ཆུ་བོ་དང་། མཐུ་སྟོབས་ཁྱད་པར་ཅན་དུ་གྱུར་པས། གསང་བ་འཛིན་ཅིང་སྟོན་པས་ལོག་སྡེ་ཚར་གཅོད་པའི་དབང་བྱིན་པས་གསང་བདག་ཉིད་དུ་མངོན་དུ་གྱུར་པའི་རྟགས་དང་ལྡན་ནོ། །རྗེས་འཇུག་གི་དབང་གི་ཆུ་བོ་བཞི་ནི། ཕྱིའི་ཕན་དབང་དང་། བྱང་ཆུབ་སེམས་ཀྱི་དབང་དང་། ཤེས་རབ་ཡེ་ཤེས་དང་། བདེ་བ་ཆེན་པོར་བསྙད་དོ། །དེ་དག་ལས་སྤྱི་དོན་གསུམ་པ་དང་དགུ་པའི་བར་ནི། ཆུ་བོ་ནས་རྟགས་ཀྱི་བར་གོ་འཇལ་སླའོ། །ཐ་མའི་དོན་ལ་རྗེས་སུ་འཇུག་པ་དང་ཐུན་མོང་བའི་དབང་དུ་ཕྱེ་བ་གང་ཞེ་ན། ལང་ཀའི་བདག་པོ་དབང་གི་དོན། །རྒྱུ་དང་འཐོབ་དང་མི་འཐོབ་དང་། །ཞེས་པ་དག་གྲངས་ཀྱི་ངོ་བོ་བསྟན་པའོ། །ལང་ཀའི་བདག་པོ། དེ་ལ་རྒྱུ་ནི་རྣལ་འབྱོར་ཆེན་པོ་ལྔ་སྟེ། ཞེས་པ་ལ་སོགས་པ་གསང་བའི་དོན་ཟབ་མོ་ལ་སེམས་སྐྱེས་ཏེ་ཞུགས་པས་མོས་པའི་སྒོ་ནས་ཡིད་ལ་བྱེད་པ་དང་། ཐེག་པ་ཆེན་པོའི་སྒོར་འཇུག་ལྡོག་ལྟུང་མི་ལྟུང་རིགས་འབྱེད་པ་དང་། གཉིས་མེད་ཀྱི་དོན་དང་པོ་མཐོང་བ་དང་། མངོན་སུམ་ལུང་ཐོབ་པ་དང་། རིག་པའི་རྩལ་རྫོགས་པས་རྣལ་འབྱོར་ཆེན་པོ་པ་སྟེ་འདི་དག་ཀྱང་སྔོན་གོམས་པའི་ཚད་མ་བཅོས་པའི་དོན་སྣང་ཞིང་བསམ་པར་བྱེད་པ་དང་། རིག་པ་དུས་ཀྱི་ཚད་ཆོས་ཉིད་རིག་པ། ཤེས་རབ་ལ་བཟློ་བའི་ཚད་གྲུབ་པ་ཐོབ་པས་གཟུངས་མང་པོ་འཐོབ་པ། མན་ངག་ལུང་གི་ཚད་བླ་མ་དམ་པའི་ལུང་སྣོད་དུ་ལོན་པ། ཡོན་ཏན་རྫོགས་པའི་ཚད་ཡོན་ཏན་གྱི་ཆོས་མཐར་ཕྱིན་པ་ལྔ་དང་ལྡན་པའོ། །ལང་ཀའི་བདག་པོ་ཐོབ་པའི་ཚད་ནི་འདི་ལྟ་སྟེ། ཞེས་པ་ལ་སོགས་པ་རྣལ་འབྱོར་ལྔ་དག་རིམ་པར་སྦྱར་ན། གང་འདིར་ནི་བསླབ་བྱ་ཡོངས་སུ་ཆུབ་པའི་ཚད་དང་། བདེན་པ་མཐོང་བའི་ཚད་དང་། ཤེས་བྱ་ཅིའང་ཉམ་མི་ང་བར་ཤེས་པའི་ཚད་དང་། གང་ཐེ་ཚོམ་ལ་སོགས་པའི་འཇིགས་པ་དང་བྲལ་བའི་ཚད་དུ་ཕྱིན་ན། ལས་ཀྱི་དབང་དང་། བསྙེན་བསྒྲུབ་པ་བསྒོམ་པའི་དབང་དང་། རྡོ་རྗེ་རྒྱལ་པོ་རབ་འབྱམས་ཀྱི་དབང་དང་། འཆད་པའི་དབང་བསྐུར་དུ་རུང་ངོ། །ཡང་ན་གླེགས་བམ་བཅུ་གཉིས་དང་། ཉི་ཟླ་གཉིས་སྦྱིན་པ་ལ་སོགས་པའི་འཆད་པ་དག་གོ། །ཚད་དུ་ཕྱིན་པས་བསྐུར་བའི་དུས་ལ་བབ་པར་འགྱུར་གྱི། འཆད་པའི་ཟླ་ལ་མི་འཐོབ་པ་ལྟས་པས་ཀྱང་ཐོབ་ཟིན་པའི་ཚད་ནི་མ་ཡིན་ནོ། །རྣལ་འབྱོར་གྱི་དབང་དུ་ནི། དང་པོ་གཉིས་གཅིག་ཏུ་བརྩིས་པ་དང་རིམ་པ་བཞིན་ནོ། །འབྲས་བུ་རང་བཞིན་གྱི་དབང་དུ་དམ་པ་ཏོག་དཀར་པོ་ལ་སོགས་པ་སྟེ་དེ་དག་ཚད་རེ་རེ་དང་ལྡན་པའི་ཕྱིར་དབང་བཞི་བྱིན་པ་སྦྱར་རོ། །གང་མི་ཐོབ་པ་ནི། གང་བསླབ་པའི་དོན་ཆུང་བས་རློམ་ང་རྒྱལ་གྱི་སེམས་སུ་བྱེད་པ་དང་། དོན་ངེས་པར་མ་རྟོགས་ཏེ་བས མ་པ་དང་སྦྱོར་བ་དང་ཐེག་པའི་རིགས་མ་ངེས། པ་དང་། བསྒོམ་པའི་དོན་དང་ཤེས་བྱ་ལ་འཛིན་པ་ས་མཉམ་པ་མ་རྟོགས་ཏེ་དམིགས་པ་ཆེད་བྱས་ལ་འཛིན་ཡོད་པ་དང་། ཡེ་ཤེས་དང་ཡོན་ཏན་གྱི་རྩལ་མི་ལམ་ལྡན་རྣལ་འབྱོར་དང་པོ་གཉིས་གཅིག་གི་སྣང་བ་སྟེ། བཤད་པའི་རྗེས་སུ་ས་བགོས་སྦྱར་རོ། །འཆད་པའི་དོན་བཞི་བཞིར་སྣང་བ་ཡང་རྗེས་སུ་མཐུན་ནོ། །ཡང་ནི་བླ་མ་སྟེ་ངོ་མཚར་རྫས་རྙེད་ཅིང་ཀུན་གྱི་མཆོད་གནས་སུ་གྱུར་པའི་འབྱིན་སྟོབས་ཅན། དེ་ལྟ་བུའི་བདེན་པའི་དོན་མཐོང་བ་དང་། དངོས་སུ་ལུང་བསྟན་པ་ཐོབ་པ་དང་། རྩལ་ཆེན་རྫོགས་པའི་བློ་གྲོས་ངེས་པའི་ཚད་ཅན་དང་། ཡང་དག་པའི་ཆེད་དུ་ངེས་པ་རྙེད་ཟིན་པའི་རྒྱལ་བ་ཉིད་དོ། །ས་ལྔ་པོ་གང་སྔ་རོལ་པའི་སློབ་མ་ལ་ཕྱི་རོལ་པས་བསྐུར་བའི་ཕྱིར། ས་དེ་ཉིད་ཀྱི་དེ་ཉིད་ལ་བསྐུར་བ་ནི། བྱིན་རླབས་སྣང་བར་ནུས་པ་ཆུང་ངོ་། །རང་བཞིན་གྱི་དབང་དུ་ཆོས་ཀྱི་རྒྱལ་པོ་ཉིད་དོ། །རིགས་ལྔ་དང་ཕྱོགས་བཅུའི་རྒྱལ་བ་དང་སྐུ་གཉིས་ཏེ་རིལ་གྱི་བདག་པོ་ཆེན་པོ་པའི་ཕྱིར་དང་། མངོན་པར་བྱང་ཆུབ་པ་ལྔའི་སྒྲ་འབྱུང་བ་དང་། སྐུ་གསུང་ཐུགས་མི་བསླུ་བདེན་པས་བྱིན་པའི་ཕྱིར་དང་། གསང་སྔགས་ངེས་དོན་ཉིད་སྟེར་བའི་ཕྱིར་རོ། །སྣོད་ནི། ཡིད་ལ་བྱེད་པ་དང་། འཕྲོ་འདུ་གཅིག་པ་ལ་སྦྱངས་ནས་རྒྱལ་བའི་གདུང་འཛིན་པ་དང་། གང་དོན་རྟོགས་པའི་ཕྱིར་འཇིགས་པ་ལྔ་བྲལ་བ་དང་། ལུང་ཐོབ་ཅིང་གདེང་དང་ལྡན་པས་ཐུགས་རྗེས་གཞན་དོན་དུ་ཕྱིས་འབྱུང་བ་དང་། རྩལ་ཆེན་རྫོགས་པས་གཞན་རིལ་དབང་དུ་གྱུར་པ་ལ་སྦྱིན་ནོ། །རང་བཞིན་སྔོན་བྱུང་གི་དབང་དུ་ནི། དམ་པ་ཏོག་ཆོས་ཀྱི་རྒྱལ་ཚབ་བྱེད་པའི་ཕྱིར་དང་། དོན་གྲུབ་འོག་མིན་དུ་རྩལ་རྫོགས་པའི་སྐལ་བ་དང་ལྡན་པའི་ཕྱིར་དང་། ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུས་གཞན་སྒྲོལ་བའི་ཕྱིར་དང་། ཕྱག་ན་རྡོ་རྗེ་ལོག་སྡེ་འདུལ་སྟོབས་ཅན་གྱི་ཕྱིར་རོ། །ལང་ཀའི་བདག་པོ། ཁྱད་པར་ནི། ཞེས་པ་དག་གྲངས་ཀྱི་མདོ་སྒྲ་བཞིན་ནོ། །དེ་ལ། རྩལ་གྱིས་ཐོབ་པ་ནི། འདི་ལྟ་སྟེ། རྒྱལ་བ་རྣམས་ཀྱི་གསང་བའི་ཐུགས། །ཞེས་པ་ལ་སོགས་པ་གསང་སྔགས་ཇི་ལྟ་བའི་དོན། ཤེས་རབ་ཀྱི་རྩལ་གྱིས་ཐོབ་རྟོགས་མཐོང་ནས་གཞན་ལ་ཇི་ལྟ་བར་སྟོན་པའི་རྩལ་དང་ནུས་པ་ཡོད་པ་ནི། ཆོས་ཀྱི་རྒྱལ་པོའི་རིགས་འཚོབ་པས་སྡེ་བརྒྱད་དང་སྲིད་གསུམ་དང་། ལམ་པ་རིལ་གྱིས་དབང་པོར་བསྟབ་པའོ། །གང་བསྐུར་བར་ཐོབ་པ་ནི། ཞེས་པ་ལ་སོགས་པ་ནི་བསོད་ནམས་ཀྱི་ས་བོན་དུ་གྱུར་པས། ས་བོན་ངན་པ་སྤོང་བ་དང་། སྒོ་གསུམ་རྩལ་གྱིས་བདག་གཞན་དོན་ནུས་པའོ། །དེའང་བུམ་པའི་དབང་ལ་སོགས་པ་དང་། རབ་འབྱམས་འཆད་པ་ལ་སོགས་པའོ། །རྟགས་ནི། འདི་ལྟ་སྟེ། གཙུག་ཏོར་དམ་པ་འབྱུང་བ་དང་། །ཞེས་པ་ལ་སོགས་པ་རང་བཞིན་སྔོན་འབྱུང་གི་དབང་དུ་ཀུན་གྱིས་བཀུར་བས་དབུ་ལ་གཙུག་ཏོར་འབྱུང་བ་དང་། མཉམ་པ་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མི་གཡོ་བ་ཐོབ་པ་དང་། ཆོས་འབྲས་བུ་ཇི་སྙེད་པ་གྲུབ་པ་དང་། ཐེག་པ་ཆེན་པོ་གསང་བའི་ཐུགས་རྗེ་ཀུན་ལ་ཁྱབ་པ་ཐོབ་པ་ནི་སྐྱེས་བུ་དམ་པ་བཞི་རིམ་བཞིན་ནོ། །རྗེས་འཇུག་ནི། ས་མ་ངེས་པ་ལས་གྱེན་དུ་མི་ལྡོག་པ་ཐོབ་ཅིང་ཀུན་གྱིས་བཀུར་བའི་ཕྱིར་དང་། མཐོང་བའི་དོན་ལས་བསྒོམ་ལམ་མི་གཡོ་བ་ཐོབ་པ་དང་། ལུང་ཐོབ་ནས་རྩལ་ཆེན་རྫོགས་པའི་ས་གྲུབ་པ་དང་། རྩལ་ཆེན་ལས་ཡང་དག་པར་རྫོགས་པའི་ས་ཐོབ་པའི་ཕྱིར་རོ། །ལང་ཀའི་བདག་པོ་དེ་ལྟར་ན། སྐྱེས་བུ་དམ་པ་དེ་དག་ནི། །ཆོས་ཀྱི་རྒྱལ་པོ་དམ་པ་ཞེས། །ཞེས་པ་ལ་སོགས་པ་སྡུད་པ་པོ་ལ་བོས་ནས་དབང་བསྐུར་བའི་དོན་རྒྱས་པ་ལ་སྙེགས་པའི་ཚུལ་ནི། སྐྱེས་བུ་དགུ་པོ་ལས་ལྔར་གཙོར་བྱས་པ་སྟེ། དབང་ཐོབ་པས་རྒྱལ་བའི་ཞིང་དུ་གྲགས་པའི་ཚུལ་ནི་བཤད་ཟིན་ཏོ། །འོ་ན་སྐྱེས་བུ་དམ་པ་དག་ཐ་མའི་དབུགས་ཕྱིན་ནས་གཟོད་དབང་ཐོབ་པས་གྲགས་སམ་ཞེ་ན། མཚོན་པའི་ཚིག་གིས་གྲལ་ཙམ་དུ་དབང་ཐོབ་པས་ཐ་མའི་དབུགས་ཕྱིན་པ་སྟེ། དབང་སྔ་རོལ་དུ་སྦྱར་རོ། །ལང་ཀའི་བདག་པོ་དབང་གི་ཡང་། །ཞེས་པ་དག་ལེའུ་འདིའི་དོན་གྱིས་ལུས་བཅུའོ། །ཐ་མ་ལས་ཕྱེ་བ་བདུན་ཏེ་དེས་རྫོགས་པར་གྱུར་ཏོ། །སྐྱེས་བུ་དམ་པ་དབང་ཐོབ་པའི་ལེའུ་ཞེས་པ། ལྔ་བཞི་གཙོ་བོར་བསྟན་པ་འབྲས་བུ་ལ་གནས་པ་དང་། རྒྱུའི་སྐྱེས་བུ་ལྔས་ཐོབ་པའི་དོན་ཏེ། ལེའུ་བཅུ་གསུམ་པ་བཀྲོལ་བའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་དེས། སྐྱེས་བུ་དམ་པ་དེ་དག་ཡོངས་སུ་རྫོགས་པར་ལུང་བསྟན་པ་ནི། ཞེས་པ་ལ་སོགས་པ་རིམ་པ་རྫོགས་པ་ལ་སྙེགས་པས་འབྲས་བུ་མཐའ་ལུང་སྟོན་པ་དང་། སྐབས་ཀྱི་འབྲེལ་ཚིག་གོ། །གསང་བ་པོས་སྐྱེས་བུ་ལྔ་པོ་དག་ཡང་དག་པར་རྫོགས་པའི་སངས་རྒྱས་ལྔར་ཞིང་ཁམས་ལྔར་ལུང་ངེས་པར་བསྟན་པ་སྒྲ་བཞིན་བཤད་པ་ལེའུ་དང་པོ་དང་སྦྱར་རོ། །སྙེགས་པ་དང་ཁྱོད་ཀྱི་དོན་ནི། རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་ཇི་བཞིན་པའི་རྡོ་རྗེ་སེམས་དཔས་གསུངས་པ་ནི། སྐྱེས་བུ་ལྔ་དང་འདུས་པ་ཕལ་མོ་ཆེ་ཁྱེད་ནི་སངས་རྒྱས་པར་ལུང་བསྟན་པའོ། །ཞིང་ཁམས་དེ་དག་ཀུན་གྱི་ཡོན་ཏན་ནི། ཞེས་པ་དག་ཚད་མེད་པ་སྟེ་སྒྲ་བཞིན་ནོ། །ཐུབ་པའི་ཞིང་གིས་བསྐྲུན་དུ་མེད་པའོ། །སྐུ་ཚེའི་ཚད་ནི་ཞེས་པ་དག །སྟོན་པ་རིགས་ལྔའིའོ། །དེ་ལ་མྱ་ངན་ལས་འདས་པ་ནི་བྲལ་བའོ། །འདུལ་བའི་ཞིང་ནི་བཞུགས་པའི་ཞིང་ན་གནས་ཏེ། ས་ནོན་པས་རྒྱལ་སར་བསྙེན་པ་དག་གོ། །དེའི་ཚེའི་ཚད་ཀྱང་ཚེ་ལ་དབང་ཐོབ་པས་དཔག་ཏུ་མེད་པའོ། །སྤྲུལ་པའི་ཞིང་གཞན་དག་ནས་སྨིན་པའི་རིག་འཛིན་རྣམས་ཀྱང་དེར་འབྱུང་ངོ་། །ཆོས་སྟོན་པའི་ཚུལ་ནི་དགོངས་པས་སྟོན་ཏོ། །དེའི་ཕྱིར་ལོངས་སྤྱོད་རྫོགས་པའི་ཞིང་དུའང་གསལ་ལོ། །བསྟན་པ་ནི་གསང་སྔགས་ཇི་བཞིན་པ་ཉིད་ལས་གཞན་སེལ་མེད་པའི་སྒྲས་རྒྱུའི་ཐེག་པ་བཀག་གོ། །ལོངས་སྤྱོད་སྒྲ་བཞིན་ཏེ་སྟོན་པ་འཁོར་ཐུན་མོང་ངོ་། །རིག་འཛིན་དེ་དག་ཀུན་ཀྱང་རིགས་ལྔ་འབའ་ཞིག་སྟེ། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ཀྱང་རིགས་ལྔ་ལས་བྱུང་ཞིང་། ཞེས་པ་ལ་སོགས་པ། རྒྱལ་བ་དང་སེམས་ཅན་རིལ་ཡང་རྒྱུ་ཉོན་མོངས་པ་ལྔ་ལས་འགྲོ་བ་ལྔར་འབྱུང་སྟེ། དེ་ལ་སྐལ་བ་བོགས་སུ་གྱུར་པའི་མི་རིགས་ལྔར་སྨིན་ཏེ་ལམ་ལྔར་གྱུར་བས། རྒྱལ་བ་ལྔར་སངས་རྒྱས་པའི་ཕྱི་གཏན་ཚིགས་ཀྱི་མདོ་དང་། དེ་རྒྱས་པར་བསྟན་པ་ལས་འཇལ་བར་བྱ་བ་ནི་སྒྲ་བཞིན་ཏེ། ལོག་པ་དང་མ་ལོག་པའི་ཉོན་མོངས་ཐུན་མོང་དུ་སྦྱར་རོ། །བཟོད་ལྡན་གྱི་རིགས་དང་། ཞེས་པ་དག་ནི་མི་བཟད་པའི་སྡུག་བསྔལ་ཅན་དང་། ཤིན་ཏུ་ཡིད་གདུང་བ་དང་། རྐང་གཅིག་རྐང་མང་ལ་སོགས་པ་ནང་རིགས་གཅིག་ལ་དྲུག་ཏུ་འབྱུང་བ་དང་། བྱང་ཆུབ་ཀྱི་བསམ་རྒྱུད་ཅན་མང་བ་དང་། གནས་ཁྱད་པར་མཐོ་བའི་བདེ་བ་ཅན་ནི་འགྲོ་བ་ལྔ་སྟེ། ལྷ་མིན་སྟོད་སྨད་ལྷ་དང་ཡི་དྭགས་སུ་འདུས་པའི་ཕྱིར་རོ། །དམངས་རིགས་དང་། ཞེས་པ་ལ་སོགས་པ་འཚོ་ཐབས་ཀྱི་སྒྲ་བཞིན་ནོ། །ཀུན་སྣང་གི་རིགས་དང་། རིགས་གཅིག་པའི་རིགས་དང་། ཞེས་པ་ལ་སོགས་པ་ལམ་པ་འདི་དག་ནི་ཐེག་པ་སོ་སོ་བར་གྱུར་ནས། ཏིང་ངེ་འཛིན་གྱིས་ཆོས་ཉན་པའི་སྐལ་པ་ཅན་དུ་མི་རིགས་པའི་ཕྱིར་མི་སྦྱར་ཏེ། འདིར་ཐུན་མོང་མ་ཡིན་པའི་ལས་དང་པོ་པ་དང་། བདེན་པ་མཐོང་བ་དང་། རིགས་འབྱེད་པ་དང་། བསྒོམ་ལམ་པ་དང་། མཐར་ཕྱིན་པའོ། །རིགས་ཀྱི་དབང་དུ་དེ་བཞིན་གཤེགས་པའི་རིགས་སུ་འབྱུང་བ་ལ་མ་རག་པ་དང་། དེ་བཞིན་དུ་རྡོ་རྗེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། རིན་པོ་ཆེའི་རིགས་ཀྱི་རིགས་འཛིན་དུ་གྱུར་པ་དངོས་སོ་ཞེས་གཞན་དག་འདོད་ན། ཁོ་བོ་ནི་ཡེ་ཤེས་ལྔར་སྨྲ་སྟེ། ཡེ་ཤེས་ལྔ་ལས་རིགས་ལྔར་གྱུར་པའི་ཕྱིར་རོ། །རྡོ་རྗེའི་གདུང་དང་རྡོ་རྗེའི་རིགས་དང་། ཞེས་པ་དག་ནི། རིགས་ལྔའི་རྒྱུད་འཛིན་ཅིང་འཚོབ་པའི་ཕྱིར་དེ་སྐད་དེ། རིགས་ལྔ་དངོས་ཐོབ་པའི་ས་ངེས་པ་སྟེ། སེལ་མེད་པ་ནི་དེར་མ་འདས་པ་མེད་པའི་དོན་ཏོ། །ལྔར་ངེས་པ་ཅིར་ཕྱིར་ཞེ་ན། དེ་བཞིན་དུ་ཐམས་ཅད་ནས་ཐམས་ཅད་དུ་སྣང་བའི་སངས་རྒྱས་དང་། ཞེས་པ་དག་ཐོག་མཐའ་མེད་པའི་རྒྱལ་བ་རིལ་དང་། བྱང་ཆུབ་སེམས་དཔའ་ཀུན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཛད་པ་དང་། སེམས་དཔའི་འཇུག་སྒོ་ངེས་པའི་སྐལ་བས་གྲངས་ངེས་པ་སྟེ། གཞི་ལ་དེ་ལྟར་རིལ་ལྔར་ཡིད་པའི་ཕྱིར་དང་། བཤད་པའི་བྱུང་སྣང་སྨིན་པ་ལྟར་གྱི་རྒྱུ་ནས་མཐར་ཐུག་རིགས་སོ་སོར་འབྱུང་ཞིང་འཚང་རྒྱ་བའི་སྐལ་བ་ཅན་པས་སོ། །དེ་ནི་རྒྱལ་བ་གཅིག་ལ་འཁོར་ལྔ་ནི་མ་ཡིན་ཏེ། རིགས་བཙན་པས་སོ་སོར་ངེས་པའི་ཕྱིར་སྒྲ་དེ་དག་ཀྱང་ཞིག་སོ་སོར་གྲགས་པའོ། །འོན་ཀྱང་མཐར་ཕྱིན་ནས་ཐ་དད་པར་ལྟ་བ་ནི་མ་ཡིན་ནོ། །ཇི་བཞིན་པའི་དབང་གིས་ན། ཐམས་ཅད་ནས་ཐམས་ཅད་དུ་རིགས་ཀྱི་མཚན་མ་མེད་དོ། །ཐ་སྙད་མེད་དོ། །རྣམ་པ་མེད་དོ། །ཞེས་པ་ལ་སོགས་པ་ལམ་པའི་ངོ་བཙན་ཙམ་ལས། ཕྱི་མོའི་ཆོས་ཉིད་ནི་མཐའ་ལས་གྲོལ་བས་དུས་དང་གནས་སྐབས་ཐོག་མཐར་རིགས་ལྔའི་བཟུང་ཆ་གཉིས་སུ་མ་འདྲེས་ཐ་དད་པའི་རང་རྒྱུད་བཟུང་བ་དང་བྲལ་བའོ། །བཏགས་པའི་མིང་དང་། ངོ་མ་འདྲེས་པའི་རྣམ་པ་ཅན་དུ་མེད། འཇུག་པའི་ཡུལ་ལམ་མེད། ལམ་པ་དང་གྲུབ་པ་མཐར་ཕྱིན་མ་ཕྱིན་མ་དམིགས་སོ། །བཤད་པའི་འབྱུང་མཐའ་ལྔ་གྲོལ་ཏེ། དེའི་ཕྱིར་ཕྱིས་གང་དུ་འགྱུར་བར་བསྟན་པ་མེད། གྲུབ་པ་མི་འགྱུར་བའི་ཐ་སྙད་ཀྱང་མེད་དོ། །མེད་དེ་བཀོལ་བའང་མེད་དོ། །འོ་ན་ཇི་བཞིན་པ་དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། བཅུ་བཞི་དང་ལྡན་པའི་ཕྱིར། ཐམས་ཅད་ནས་ཐམས་ཅད་དུ་བྱང་ཆུབ་ཉིད་དོ། །དེ་ཁོ་ན་ཉིད་དོ། །ཞེ་པ་ལ་སོགས་པ། སྔ་ཕྱི་ཆོས་སོ་ཅོག་གིས་མཐའ་མ་སྤངས་བྲལ་ཞིང་ལྷུན་གྱིས་གྲུབ་པའི་ཕྱིར་དང་། འབྲས་བུའི་རྩ་བཅུད་ཡིན་པའི་ཕྱི་དང་། དོན་མ་ནོར་ངེས་པར་གཟུང་བ་ཉིད་ཡིན་པའི་ཕྱིར་དང་། ཕྱིན་ཅི་མ་ལོག་པ་ལམ་དུ་ཤར་བ་ཉིད་ཀྱི་ཕྱིར་དང་། དོན་མཐར་ཐུག་པ་ཉིད་ཡིན་པའི་ཕྱིར་དང་། བྱ་བས་མི་རྙེད་པའི་ཕྱིར་དང་། རྟེན་དང་གྲོགས་མེད་པས་དངོས་གཞི་མི་ཟིན་པའི་ཕྱིར་དང་། མཚན་ཉིད་མ་ངེས་པས་ཅིར་ཡང་སྣང་བའི་ཕྱིར་དང་། ཡེ་ཇི་བཞིན་པ་བཅོས་བསླད་མེད་པའི་ཕྱིར་དང་། འཁྲུལ་གཞི་ཀ་ནས་དག་པའི་ཕྱིར་དང་། མཚན་ཉིད་མ་ངེས་པས་ཅིར་ཡང་སྣང་བའི་ཕྱིར་དང་། ཡེ་ཇི་བཞིན་པ་བཅོས་བསླད་མེད་པའི་ཕྱིར་དང་། འཁྲུལ་གཞི་ཀ་ནས་དག་པའི་ཕྱིར་དང་། མཐའ་མེད་པས་མི་གཡོ་བའི་ཕྱིར་དང་། མུ་མཐའ་མེད་པའི་ཕྱིར་དང་། རྟོག་གེ་བས་བརྟག་དཔྱད་ལས་གྲོལ་བའི་ཕྱིར་དང་། དོན་གྱི་ཞེ་ཕུགས་སུ་གྱུར་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ཁོ་ན་ཉིད་གསལ་བ་དམ་པའི་སྒྲ་དཔལ་རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་སྟོང་པ་ཉིད་ལས་གྲགས་པས། སྐྱེས་བུ་དམ་པ་རྣམས། ཞེས་པ་དག་སྟོན་པའི་ངོ་བོ་སྟོང་པ་ཆེན་པོར་བཞུགས་པའི་ཕྱིར་དེ་སྐད་བསྙད་དོ། །སྐྱེས་བུ་དམ་པའི་འཁོར་དག་རིགས་ལྔར་དུས་རིལ་དུ་སྙིང་པོ་བྱང་ཆུབ་མངོན་དུ་གྱུར་ཏོ། །ཀྱེ་ལང་ཀའི་བདག་པོ། བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་གསང་བ་དམ་པ། ཞེས་པ་ལ་སོགས་པ་གསང་བདག་གིས་སྡོད་པ་པོ་ལ་བོས་ཏེ། གསང་སྔགས་ཇི་བཞིན་པ་ནི་བཤད་པ་ལྟར་ན། ཤིན་ཏུ་ཤིས་ཤིང་བརྟག་པ་དང་གཏིང་དཀའ་ལ་ཟབ་པ་དང་། ངོ་བོ་མུ་མཐའ་མེད་ཅིང་ཁྱབ་པ་དང་། སྤྱོད་ཡུལ་བྲལ་བས་རྒྱ་ཆེ་ལ་བསམ་དུ་མེད་པ། ཡུལ་དུ་ཡིད་ལ་དམིགས་པས་མ་ཁྱབ་པས་ཤིན་ཏུ་རྟོགས་ཤིང་འགྲུབ་པར་བཀའ་སྩལ་ཏོ། །དེ་ནས་ཡང་ལང་ཀའི་བདག་པོས་དྲིས་པ། ཞེས་པ་ལ་སོགས་པ་གསང་སྔགས་ཀྱི་ངོ་བོ་ལ། སྐད་ཅིག་མ་ཡོད་མེད་དྲིས་པ་སྐྱོན་དང་བཅས་པ་སྒྲ་བཞིན་ནོ། །གསང་བའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ། ཞེས་པ་ལ་སོགས་པ་རྒྱུ་རྐྱེན་བཞི་དང་བྲལ་བས་ངོ་བོ་མ་གྲུབ་པའི་ཕྱིིར་དང་། ཡེ་ཤེས་ཆེན་པོ་གང་ཡང་སྣང་བ་མི་འགོག་སྟེ། སྐྱེ་འགག་གི་མཐའ་གཉིས་དག་པའི་ཕྱིར་སྐད་ཅིག་མ་མེད་པར་རྒྱུན་མ་ཆད་པའོ། །དེ་ལ་དྲིས་པ་སྒྲ་བཞིན་ནོ། །ལན་ཀྱང་སྒྲ་བཞིན་ཏེ། འགྲོ་འོང་མེད་པར་དྲུག་གདུལ་བྱ་ལ་འབྱུང་བ་སྟེ། སྐད་ཅིག་མའི་མི་རྟག་པ་དག་པས་རྒྱུའི་ཐེག་པ་ལས་འཕགས་པར་གསལ་ལོ། །ངེས་ཚིག་དྲི་བ་ནི། དེ་དག་ལ་ཅིའི་ཕྱིར་རྒྱུན་ཞེས་བྱ་ཞེ་ན། ལན་ནི། དུས་དང་སྐད་ཅིག་མ་གཉིས་ལས། འདིར་སེམས་ཉིད་དུས་གསུམ་དུ་རྒྱ་མ་ཆད་པས་དུས་གསུམ་དུ་འབྱུང་བའི་ཕྱིར་མིང་འགྲུབ་བོ། །ཡང་དེ་ཉིད་དྲིས་པའི་ལན་ནི། གང་མེད་པ་ཉིད་རྒྱུན་གྱི་རང་བཞིན་ཏེ། ཞེས་པ་ལ་སོགས་པ། གང་ངོ་བོ་འདི་ལྟར་མི་ཟིན་པས་ཏེ། དངོས་གང་ཞེ་ན། དུས་གསུམ་དུ་དྲུག་ཡེ་ཤེས་བར་མ་ཆད་པ་དང་ལྡན་པ་ནི། རང་བཞིན་ཐམས་ཅད་པའི་ཕྱིར་གང་དུ་བསམ་པར་སྣང་བའི་ཕྱིར་རོ། །དེ་ལྟར་ཞེན་པས་འཛིན་ན་དོན་མི་མཐོང་བའི་གཅོང་རྙིང་ངོ་། །དེ་བས་ཡོན་ཏན་བར་མི་ཆད་པར་སྣང་ངོ་། །དེ་འཁོར་ལ་བསྟན་པའི་ཚུལ་ནི། ཀུན་ཏུ་རྒྱུ་དང་བཅས་པ་ཡི། །གསང་བ་དམ་པ་དེ་ཁོ་ན། །ཞེས་པ་ལ་སོགས་པ་གསང་སྔགས་དེ་ནི་དོན་མ་ནོར་བ་སྟེ། སྟོན་པས་ཀྱང་དགོངས་པས་བརྒྱུད་དེ་ཆུ་དྭངས་པ་དང་ཉི་ཟླའི་ཚུལ་ལོ། །མདོར་བདེན་པ་མཐོང་བ་ཉིད་དོ། །ཡེ་བཏང་མ་བཅོས་ཇི་བཞིན་ཏེ། །ཞེས་པ་དག་དེ་བཞིན་ཉིད་ཡུལ་དང་ངོ་བོ་མེད་པས་བསམ་དཔྱོད་བྱར་མེད་པའོ། །ཅིར་ཡང་མ་བསམ་ན་འདུ་ཤེས་མ་གཡོས་པས་བསྒོམ་པའི་མཆོག་གོ། །དེ་བསྒོམ་པར་གདམས་པ་སྒྲ་བཞིན་ནོ། །གང་ལས་ཀྱི་ཆོས་ཀྱིས་བསྒྱངས་པ་ནི། རྩོལ་བས་རིང་དུ་སོང་བ་རྒྱུའི་ཐེག་པ་དག་གིས་བསྐལ་པར་མི་རྙེད་པ་སྟེ། མ་བཙལ་ན་དེ་མཐོང་མ་ཐག་ཏུ་གྲུབ་བོ། །གདམས་པ་སྒྲ་བཞིན་ནོ། །ལེའུ་བཅུ་བཞི་པ་བཀྲོལ་བའོ། །བྱུང་ཚུལ་གསུམ་པའི་དོན་བཤད་པའོ།། །།དེ་ནས་ཡང་ལང་ཀའི་བདག་པོས། གསང་བའི་བདག་པོ་ལ། སྔོན་དུ་བྱུང་བའི་ཚིག་བཅུ་གཉིས་པའི། ཞེས་པ་ལ་སོགས་པ་སྡུད་པ་པོས་སྟོན་པ་ལ་བྱུང་ཚུལ་བཞི་པ་དྲིས་པ་སྒྲ་བཞིན་ནོ། །སྨྲས་པ། ལང་ཀའི་བདག་པོ། གང་དམ་པ་རྣམས་ཐམས་ཅད་ནས་ཐམས་ཅད་དུ་ཞེས་པ་དང་། ལན་མདོ་སྟེ། གང་མཐར་ཐུག་པའི་རྒྱལ་བ་ལ། དུས་ཐམས་ཅད་དུ་དེ་ཉིད་ཀྱི་ངོ་བོ་འབྱུང་འཇུག་མེད་པས་མི་སྣང་བར་ཐམས་ཅད་རང་སྣང་བར་ངེས་སོ། །སྨྲས་པ། གསང་བའི་བདག་པོ། སྐྱེས་བུ་དམ་པ་གང་དག་ཡོངས་སུ་མེད་པ་རྙེད་ཅིང་། ཞེས་པ་ལ་སོགས་པ། ལང་ཀས་སྐྱེས་བུ་རིགས་ལྔ་ལ་སོགས་པ་ལ་སྙིང་པོ་བྱང་ཆུབ་དུས་ཀུན་ཏུ་སྣང་བ་དང་མི་སྣང་ངོ་ཞེས་པའི་སྐྱོན་གཉིས་དྲིས་པ་སྒྲ་བཞིན་ནོ། །གསང་བའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་དེ་ནི་འདི་ལྟ་སྟེ། ཞེས་པ་ལ་སོགས་པས་སྐྱེས་བུ་དམ་པ་ཉིད་སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་བཞུགས་པས། ཐ་མི་དད་དེ་སྤྱོད་ཡུལ་བྲལ་བས་སྣང་མི་སྣང་གྲོལ་བར་བསྟན་ཏོ། །དྲིས་པ། གང་མ་མཐོང་མ་དམིགས་ན་ནི། ཞེས་པ་ལ་སོགས་པ་སྤྱོད་ཡུལ་དང་བྲལ་ན་མཐོང་རྟོགས་རྙེད་ཞེས་པ་འགལ་བར་དྲིས་པ་སྒྲ་བཞིན་ནོ། །དེའི་ལན་ནི། སྨྲ་པ། ཀྱེ་ལང་ཀའི་བདག་པོ་འདི་ལྟ་སྟེ། གཟུགས་སྣང་གང་མཐོང་རྫས་རྙེད་མིན། །ཞེས་པ་ལ་སོགས་པ་དོན་མཐོང་བ་ནི་མིག་གིས་ཡུལ་མཐོང་བ་ལྟ་བུ་དང་། རྫས་ཀྱི་རྣམ་པ་ལྟ་བུར་ལོགས་ནས་རྟོགས་ཐོབ་པ་མ་ཡིན་ཏེ། དེ་ནི་ཅིར་ཡང་མ་ངེས་པས་གང་དུའང་མཐོང་བར་བྱར་མེད་པའི་དོན་གྱི་ཉམས་རྙེད་པའི་བླ་དྭགས་སུ་བརྗོད་པ་ལས། ངོ་བོས་ཡུལ་ཅན་དུ་མཐོང་བ་མེད་པར་ལ་གཅད་དོ། །དེའི་ཚུལ་ཇི་ལྟ་བུ་ཞེ་ན། །རྣམ་དག་ལ་མཆེད་འདི་ཉིད་དུ། །བྱུང་བའི་སྐྱེས་བུ་དམ་པ་དག །ཞེས་པ་ལ་སོགས་པ། མཐའ་མ་སྤངས་སེལ་བའི་རྨད་དུ་བྱུང་བའི་ཐེག་པའི་སྒོར་ངེས་པར་སྣང་བའི་དམ་པའི་རིགས་ལྔ་ལ་སོགས་པས་བྱ་བ་མེད་པའི་དོན་གྱི་གདེངས་ཆུད་པས། རིག་པ་གཉིས་མེད་དུ་གསལ་བའི་སྐབས་ན། རིག་པ་དེ་ཆོས་ཀྱི་སྐུ་རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ངང་ཉིད་ཡིན་ནོ། །དེར་མ་ཟད། རང་བྱུང་ཡེ་ཤེས་ནམ་མཁའ་ཆེ། །ཞེས་པ་དག་སྐད་ཅིག་མའི་མི་རྟག་པ་རིལ་བྲལ་བས་ངོ་བོ་བསྟན་ཅིང་བསམ་པ་ལས་གྲོལ་བའོ། །སོ་སོར་རང་རིག་སྤྱོད་ཡུལ་ཏེ། །ཞེས་པ་དག་དེ་ཁོ་ན་ཡུལ་མེད་པའི་ཡུལ་ཆེན་པོ་ནི། སོ་སོའི་དགོངས་པ་དམ་པ་ཉིད་དོ། །དེ་ལ་བཤད་པ་བཞིན་མཐའ་དབུས་ཀྱི་ཐ་སྙད་ཙམ་ཡང་མེད་དེ། མཚན་ཉིད་གཟའ་གཏད་མེད་པས་མ་བཅོས་པ་རིལ་གྱི་གཞིར་གྱུར་པ་ནི་རྒྱལ་བ་རིལ་གྱི་འབྱུང་གནས་ཏེ་དེ་ལ་ནི་གང་དུ་མ་འགག་ཐིག་ལེ་ཆེན་པོ་ལས་མ་གཡོས་པའི་དགོངས་པར་བཞུགས་པ་ལ། སྤྱོད་ཡུལ་གྱི་ཐ་སྙད་ཙམ་ཡང་མེད་དོ། །ཡང་ལང་ཀའི་བདག་པོས་དྲིས་པ། གསང་བའི་བདག་པོ། ཞེས་པ་དག་དེ་ལྟ་བུའི་དྲི་མ་གཉིས་སྒྲ་བཞིན་ནོ། །ལན་དང་པོའི་ཡུལ་ནི་ཅི་ཙམ་ཞེ་ན། ལོ་དང་ཟླ་བ་སྒྲ་བཞིན་ནོ། །ཐུན་དང་ཐུན་ཕྱེད་ནི་ཆུ་ཚོད་བཅུ་ལས་བརྩིའོ། །སེ་གོལ་དང་དབྱུ་གུ་དབུགས་དགུ་ཡུན་དང་། ཉུངས་ཀར་བསྐོར་བ་དང་། སྔ་མ་གང་རུང་གི་རྗེས་ཐོག་དང་། དུས་བཞི་མཉམ་པ་ཉིད་དུས་གསུམ་དུ་འགྱུར་བ་མེད་པ་དང་། བསྐལ་ཕྲན་བརྒྱད་ཅུ་གཅིག་ཏུ་བརྩིས་པ་དང་། དེ་ལྟ་བུ་ཚད་མེད་པའི་བར་ཏེ་དེ་དག་ཏུ་སྣང་བ་གནས་པ་ནི་གཞི་དང་ལམ་དང་འབྲས་བུ་ཐུན་མོང་བའོ། །ལན་གཉིས་པ་ནི། མཚན་ཉིད་དང་རང་བཞིན་མེད་པའོ། །མ་དམིགས་པའོ། །ཞེས་པ་ལ་སོགས་པ་འདི་འདྲར་མེད་པ་ཡུལ་དང་བྲལ་བ། ཡེ་བདག་དང་མི་ཕྱེད་ངང་ལས་མཉམ་པའི་ཕྱིར་དང་། ངོ་བོ་ཉིད་གྲུབ་ཟིན་པའི་ཕྱིིིར་དང་། ཅི་སྤྱད་དེའི་ངང་ཡིན་པ་དང་། རང་བཞིན་ས་མ་ཟིན་པའི་ཕྱིར་དང་། འཁྲུལ་པ་མེད་པས་མི་འགྱུར་བའི་ཕྱིར་དང་། ངོ་བོ་ཅིར་ཡང་ཐ་སྙད་སུམ་ཅུ་བརྒྱད་དེ་ཤར་བ་དང་། རིལ་དེ་ཉིད་ལས་མ་འདས་པ་དང་། བསྣུམས་པའི་ཕྱིར་དང་། སྒོ་གང་ཡང་མི་འགོག་པ་དང་། དྲི་མའི་ས་བོན་ངང་གིས་མེད་པ་དང་། མཚན་ཉིད་དང་ངོ་བོ་ཐམས་ཅད་པའི་ཕྱིར་དང་། ཕན་ཚུན་ཡངས་པས་སྣུམ་པར་བྱེད་པ་དང་། བྱ་བ་མེད་པའི་ཕྱིར་དང་། དེ་ཉིད་པའི་ཕྱིར་དང་། མཐོ་དམན་མ་སྤངས་བྲལ་བའི་ངོ་བོ་ལ་གྲངས་ཀྱི་རིམ་པ་མ་དམིགས་པའི་ཕྱིར་དང་། སྙིང་པོ་བྱང་ཆུབ་དེ་ཁོ་ན་ཉིད་ཟླ་མེད་ཅིང་ཀུན་གྱི་བྲན་དུ་གྱུར་པའི་ཕྱིར་དང་། ཡེ་ཇི་བཞིན་པ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་མ་སྤངས་པའི་ཕྱིར་དང་། རང་བྱུང་རྒྱ་མཚོའི་ཀློང་གང་ཡང་མ་སྤངས་ཤིང་ལོག་རྟོག་མིང་མེད་པའི་ཕྱིར་དང་། ཡེ་ཉིད་འབྲས་བུ་ལྷུན་གྱིས་གྲུབ་པ་ལ་རྩོལ་བའི་དུས་སྔ་ཕྱི་མེད་པའི་ཕྱིར་དང་། གཉིས་ཀར་སྣང་ལ་མ་གྲུབ་པའི་ཕྱིར་དང་། འགྲོ་བའི་རྣམ་པའི་རྒྱུན་དུ་མ་ངེས་པའི་ཕྱིར་དང་། དབྱིབས་ཁ་དོག་ཐམས་ཅད་ལ་རྣམ་པ་མེད་པའི་ཕྱིར་དང་། ཅི་སྤྱད་ཅི་མཛད་པ་ལ་འཛིན་ཆགས་མ་དམིགས་པའི་ཕྱིར་དང་། རིལ་ཡེ་ཤེས་ཆེན་པོའི་ཁོ་བ་མངའ་འོག་ཏུ་ཡུལ་གྱི་རྣམ་པ་ངང་གིས་ཡེ་བྲལ་བ་ལ་ཐ་སྙད་མེད་པ་དང་། རྐྱེན་བཞི་བྲལ་བའི་ཕྱིར། བདག་གཞན་མ་དམིགས་པའི་ཕྱིར་དང་། ཡེ་ཤེས་ཀྱི་ཉི་མ་ཡེ་ཤར་ནུབ་བྲལ་བའི་ཕྱིར་དང་། རྒྱུན་དུ་མ་སྐྱེས་པས་རིལ་རང་རིག་པར་གསལ་བའི་ཕྱིར་དང་། གསུམ་གྱི་ཐ་སྙད་ཡེ་བྲལ་བའི་ཕྱིར་དང་། རྣམ་པ་མེད་པས་གཅིག་དང་དུ་མ་ལས་གྲོལ་བའི་ཕྱིར་དང་། ཡེ་གྲུབ་ཟིན་པ་ལ་བཙལ་བས་མི་རྙེད་པའི་ཕྱིར་དང་། བཟང་ངན་མེད་པའི་ཕྱིར་དང་། རང་བཞིན་གྱི་གཏན་ཚིགས་ཀྱིས་བྱེད་པ་པོ་དང་བྲལ་བ་དང་། སྒྲིབ་བྱེད་མ་དམིགས་པའི་བླ་དྭགས་ཏེ། བཤད་པའི་འཆར་ནུབ་མེད་པའི་ཕྱིར་དང་། མ་བསླད་ཅེས་པ་དག་བཤད་ཟིན་ཏོ། །དྲི་བ་ཐ་མ་གཉིས་ཐུན་མོང་དུ་བསྟན་ཏེ། གྲངས་ཀྱི་རྣམ་པ་སུམ་ཅུ་བརྒྱད་དང་ལྡན་ནོ། །དེ་ལྟ་བུ་ལ་དྲི་བར་བྱ་བ་ཅི་ཡོད་དེ། མི་གྲུབ་མི་འགོག་པའི་ཕྱིར་ཐ་སྙད་དུ་འདས་ཏེ་འདི་འདྲིར་མེད་དོ། །དེ་ལྟར་ལང་ཀའི་བདག་པོ་གང་། སྐྱེས་བུ་དམ་པ་དག་སྙིང་པོ་བྱང་ཆུབ་ཏུ་གནས་ཏེ། མི་དམིགས་པ་དེ་ལ། ཞེས་པ་ལ་སོགས་པ་སྐྱེས་བུ་དམ་པ་དག་ལྷུན་གྱིས་གྲུབ་ཟིན་པ་དེ་དག་ལ། བྱང་ཆུབ་སྙིང་པོའི་དོན་ཅི་འདྲ་བའི་ལན་ཐེབས་མི་ཐེབས་ལྟ་བའི་དགོས་ཆེད་དུ་བཀའ་སྩལ་བའོ། །རིགས་ལྔ་ལ་སོགས་པ་ལ་བོས་ནས། ཇི་ལྟ་བ་དེ་རྟོགས་སམ་དྲིས་པས། སྐྱེས་བུས་ལན་བཏབ་པ། ངོ་བོ་ཅི་ཡང་མ་ཡིན་པས་བསམ་པ་ཅིར་ཡང་མི་རྟོག་པ་ཉིད་ཤེས་རབ་ཀྱི་སྤྱན་དམ་པར་བཏབ་བོ། །བཀའ་སྩལ་པ། ཇི་ལྟར་མ་མཐོང་བར་མཐོང་། ཞེས་པ་དག །ཡང་དེ་ཉིད་ཀྱི་ཚུལ་དྲིས་པས། ལན་དུ། དངོས་པོར་གྲགས་སོ་ཅོག་དེར་སྐྱས་ཡེ་ཐེབས་པས། འདི་འདྲར་མེད་པའི་ངོ་བོ་དེ་རིལ་ཡིན་པ་ལན་ཐེབས་སོ། །བཀའ་རྩལ་བ། བྱང་ཆུབ་སྙིང་པོ། ཞེས་པ་སྟོན་པས་ངོ་བོ་དྲིས་པའོ། །གསོལ་པ། བཤེས་གཉེན་དམ་པ། བྱང་ཆུབ་ཀྱི་སྙིང་པོ་ནི། སངས་རྒྱས་ཀུན་གྱི་དགོངས་པ་དམ་པ་ལ་བགྱིའོ། །ཞེས་པ་ལ་སོགས་པ་སྐྱེས་བུ་དག་གིས་ངོ་བོ་སྨྲས་པའོ། །སྟོན་པས་དེ་སླར་དྲིས་པ། ལན་དུ། ཡེ་ཇི་བཞིན་པ་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དུ་ལན་བཏབ་བོ། །སྟོན་པས་གསང་སྔགས་ཀྱི་ངེས་ཚིག་དྲིས་པས། ལན་དུ། གཏན་ཚིགས་ཆོས་དགུ་དང་ལྡན་པའི་ཕྱིར་གསང་སྔགས་ཏེ་བཤད་ཟིན་ཏོ། །དོན་དེ་སྟོན་པས་རྟོགས་མ་རྟོགས་དྲིས་པ་དང་། ལན། དོན་གཞན་མ་བྱུང་བ་རྣམས་བརྡ་མི་འཇལ་བ་མེད་དེ་ཡི་གེ་ཇི་བཞིན་ནོ། །སྐབས་སུ། འདུས་པ་ལས་བྱུང་བའི་སླད་དུའོ། །ཞེས་པ་ཆོས་ཀྱི་སྐུ་ལམ་པའི་དབང་དུ་ཚོགས་ལས་གྲུབ་པའི་ཕྱིར། འདིར་དེ་དང་དུ་མ་ལེན་ཏོ། །དེ་ནི་འཆད་པར་ཡང་འགྱུར་རོ། །དཔེའི་རྩ་བ་བཅུ་བཞི་བརྗོད་པའི་མཐའ། མངོན་པར་སྤྲོ་བ་བསྐྱེད་པ། ཞེས་པ་ངོ་འཇའ་ཚོན་མཚར་གྱི་རྫས་རི་མོའི་རྣམ་པ་སྟེ། དེ་དག་ཆོས་དུ་དང་ལྡན་པས་དཔེར་གྱུར་པ་ཕལ་ཆེར་འཆད་པར་འགྱུར་ནའང་ཀུན་ལའང་སྦྱར་རོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་སྙིང་པོ་བྱང་ཆུབ་དེ་མཚོན་པའི་མིང་ཇི་ལྟར་གྲགས། ཞེས་པ་ལ་སོགས་པ་མཚན་བཅུ་དྲུག་གི་སྒྲ་དུ་མ་སྟེ་བཤད་ཟིན་ཏོ། །འོ་ན་བཤད་པ་དང་འཆད་པའི་དྲི་ལན་བཞི་བཅུ་རྩ་བཞིའང་གཉིས་པོ་འདི་དག །སྟོན་པ་དང་འཁོར་གང་གིས་གང་གསུངས་ཞེ་ན། ཕྱག་རྒྱ་རྡོ་རྗེ་སྐྱེས་བུས་ནི་འཁོར་ལ་སྔར་སྟོན་པ་ཐོས་པའི་དོན་འཁོར་ལ་བརྗོད་ལ། འདི་ཉིད་རྡོ་རྗེ་སེམས་དཔའ་ཆེན་པོ་དང་། རིགས་ལྔ་ལྟ་བུར་སྣང་བའང་སྟོན་པ་ཉིད་ལས་སྒྲ་དུས་གཅིག་ཏུ་སྣང་བའི་ཕྱིར། རྡོ་རྗེ་འཛིན་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་ངོ་བོས་གཉི་ག་བཀའ་སྩལ་པའོ། །དེ་སྐྱེས་བུ་དང་སྟོན་པ་ཡང་སྙིང་པོ་བྱང་ཆུབ་ཉིད་ཀྱིས་ཕྱིར། གསང་བ་པོས་ཀྱང་སྟོན་པ་རྡོ་རྗེ་འཆང་གཅིག་ལ་ཐོས་པར་ཡང་བསྙད་དོ། །ཀུན་ལ་ཁྱབ་པས་སྣང་བ་མེད་པ་ཉིད་དོ། །གར་ཡང་མ་སྦས་མཐོང་བ་མེད་པ་ཉིད་དོ། །ཡེ་ནས་མ་བྲལ་ངོ་མ་ཤེས་པ་ཉིད་དོ། །ཞེས་པ་ལ་སོགས་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་བརྒྱ་བདུན་ཅུ་དངོས་བདུན་ཅུ་རྩ་གཅིག་སྣང་དཔེ་གཞན་དུ་བརྒྱད་ཅུ་རྩ་གསུམ་སྣང་ངོ་། །རྩ་གསུམ་གྱིས་སེམས་སྣང་བའི་ཆོས་གྲུབ་པར་བྱེད་དེ། སྙིང་པོ་བྱང་ཆུབ་ནི་རིལ་བཤད་པ་ལྟར་བསྣུམས་པས་རྣམ་པ་ཐམས་ཅད་པའི་ཕྱིར་རྣམ་པ་བྲལ་བས་སོ། །དེ་ནི་མི་མཐུན་པ་དང་མཐུན་པའི་གཏན་ཚིགས་གཉིས་ལས། མི་མཐུན་པའི་གཏན་ཚིགས་ཀྱིས་བསྟན་པ་སྟེ་རྗེས་སུ་མཐུན་པ་དག་ཀྱང་སྦྱར་རོ། །བདག་ཉིད་པས་མ་བསྐུངས་པར་མིག་གིས་མིག་མི་མཐོང་ལྟར། དེ་ལྷན་ཅིག་སྐྱེས་པ་གཉིས་ཀྱིས་བསྒྲིབས་པའི་ཕྱིར་དང་། དུས་གསུམ་དུ་རང་རིག་དང་མི་ཕྱེད་པ་ལ་བདག་ཞལ་མ་མཐོང་བའི་ཕྱིར་དང་། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ངོ་བོ་མ་ཟིན་པར་ཇི་ལྟར་བསམ་པ་ལྟར་བྱུང་བའོ། །ངོ་བོ་མི་མཐུན་པ་ཐ་དད་སྣང་ཡང་དེ་ཉིད་རང་རིག་པ་ཉིད་མཐའ་གྲོལ་བའི་ཕྱིར་དང་། ཇི་སྙེད་འཁོར་བའི་ཁ་བརྒྱུད་ཀྱང་གཞན་མ་ཡིན་པའི་ཕྱིར་མ་རླག་མ་བྱེ་བའོ། །མཚན་རྟོག་ཇི་སྙེད་མ་བཀོལ་ཡང་ངོ་བོ་རྣམ་པའི་ཕྱོགས་སུ་མ་གཡོས་པའོ། །དངོས་གཞི་བཙལ་ན་ཆ་ཙམ་མི་རྙེད་པ་སྣོད་བཅུད་ལ་སོན་པའོ། །ངོ་བོ་མཐའ་གཉིས་ཡང་གསུམ་བྲལ་བའི་ཕྱིར་ཇི་སྙེད་དུ་སྣང་བའོ། །ངོ་བོའི་རྣམ་པ་མི་རྙེད་པས་ཐ་སྙད་ཇི་སྙེད་ཀྱི་མིང་དུ་གྲགས་པའོ། །གྲུབ་མཐའ་བཙལ་དུ་མེད་བཞིན་ལམ་སོ་སོའི་ཇི་ལྟར་གཉེན་བའི་འབྲས་བུར་སྣང་བའོ། །དབྱིབས་ཁ་དོག་རྣམ་པ་མེད་པར་དངོས་པོ་བཟང་ངན་ཇི་ལྟར་མནོས་པ་ལྟར་སྣང་བའི་ཕྱིར་རོ། །ངོ་བོ་མེད་པར་ཡུལ་བྲལ་བཞིན་རིལ་མ་འདྲེས་རྫོགས་པར་གསལ་བའི་ཕྱིར་རོ། །མཐའ་མ་དམིགས་ལ་མ་འགགས་པས་གཅིག་དུ་མ་ལས་གྲོལ་བའི་ཕྱིར་དང་། གང་དང་ཡང་ལྷན་མི་གཅིག་པ་ལ་མ་བཀོལ་བས་ཡོད་མེད་ལས་གྲོལ་བའི་ཕྱིར་དང་། རིལ་རང་བྱུང་ཡེ་ཤེས་ཀློང་དུ་གསལ་བ་ལ་དེ་ཉིད་མ་སྤངས་བྲལ་བ་དང་། མཛད་པ་དང་ཡོན་ཏན་གྲངས་ལས་འདས་པར་ཤར་ཡང་རྒྱུན་ཆད་པ་མེད་པ་དང་། ངོ་བོ་བློ་དང་མིང་དུ་མ་བཟུང་མ་བསྙད་དེ་བརྗོད་དུ་མེད་པ་ལ་སྒྲ་བརྗོད་མ་བཀོལ་བའི་ཕྱིར་དང་། ཐེར་ཟུག་མེད་ལ་མི་འགྱུར་བས་ངོ་བོ་ཉིད་རྟག་པའོ། །སུས་ཀྱང་མ་བཏེགས་པར་རང་བཞིན་གསལ་ལ་མ་བསྒྲིབས་པའི་ཕྱིར་དང་། བགྲོད་པའི་ཐབས་རྟེན་མེད་པར་དབྱེ་བ་མེད་པའི་ས་ཉིད་ནོན་པའི་ཕྱིར་དང་། འགྲོ་འོང་མེད་པར་ཐམས་ཅད་དུ་སོན་པ་སྟེ་རིལ་གྱི་བདག་ཉིད་ཀྱི་ཕྱིར་རོ། །གཡོ་བ་མེད་པ་ཅིར་ཡང་སྣང་བའི་ཕྱིར་རོ། །ཇི་སྙེད་དུ་སྣང་བ་རང་བྱུང་རྒྱ་མཚོར་གཅིག་པའི་ཕྱིར་ཏེ། འགྲེ་ལྡོག་སྤྱི་ཚུགས་གར་འགྲེས་ཀྱང་སྙིང་པོའི་དོན་ལས་མི་འདའ་བའོ། །ངོ་བོ་ཐིག་ལེ་ཆེན་པོ་འགྲོ་འོང་ཡེ་བྲལ་བ་ལས། དེ་ཉིད་རིལ་གྱི་དངོས་གཞི་ལས་ཅི་ལྟར་ཡང་ཤར་བའི་ཕྱིར་རོ། །ཐམས་ཅད་འཇུག་པས་ལམ་ཉིད་དོ། །གང་ཡང་མ་སྤངས་པས་འཁོར་བ་ཉིད་དོ། །མ་ཤེས་འཁྲུལ་པས་སེམས་ཅན་ཉིད་དོ། །ཞེས་པ་ལ་སོགས་པ་ཚིགས་གཅིག་ཀྱང་གཏན་ཚིགས་དང་དོན་ཕྱེད་མར་འགྲེལ་ཏེ། སྙིང་པོ་བྱང་ཆུབ་ཀྱི་དོན་ལ་ལམ་པ་རིལ་གནས་པ་ཕྱིན་པ་མེད་པར་ཕྱིན་པར་བྱེད་པའི་ཕྱིར། དུས་གསུམ་གྱི་ཤུལ་མ་ནོར་བའོ། །དངོས་པོ་ངན་པ་མ་བཀོལ་བར་དེའི་ངོ་བོར་སྣང་བའི་ཕྱིར་དང་། ཡེ་ནས་མ་བྲལ་མ་རྟོགས་ནོར་བའང་དེ་ཡིན་པའི་ཕྱིར་དང་། ནང་གི་ཆུ་བོ་སྒྲོལ་བ་པོ་ཡང་དེ་ཉིད་ཡིན་པའི་ཕྱིར་དང་། ས་དང་ཐེག་པའི་ངོ་བོར་ཤར་བའི་ཕྱིར་དང་། ངོ་བོ་གཉིས་སུ་མེད་པའི་ཕྱིར་ཆོས་ཀྱི་སྐུ་ཆེན་པོ་ཉིད་དོ། །དྲན་རིག་ཇི་སྙེད་པར་རང་ཤར་བའི་ཕྱིར་དང་། ཤེས་བྱ་རིལ་མ་འདྲེས་གསལ་བའི་ཕྱིར་དང་། ངང་གིས་རིལ་གྱི་ངོ་བོ་གསལ་ལ་མི་གཡོ་བའི་ཕྱིར་དང་། རིལ་ཇི་བཞིན་པར་འོངས་པ་མེད་པར་ཕྱིན་པའི་ཕྱིར་དང་། འགྲན་གྱི་དོ་མེད་པའི་ཕྱིར་དང་། ཡ་མཚན་ལྔའི་བདག་ཉིད་པའི་ཕྱིར་དང་། ཆེ་བཙན་གཅིག་པུར་བྱུང་བའི་ཕྱིར་དང་། སྙིང་པོ་བྱང་ཆུབ་ལ་རྗེ་བོ་དང་ཟིལ་ནོན་མེད་པའི་ཕྱིར་དང་། མུ་མཐའ་བྲལ་བའི་ཕྱིར་དང་། བསམ་བློས་ངོ་བོ་མི་རེག་པའི་ཕྱིར་དང་། ངོ་བོ་གཟུང་དཀའ་བའི་ཕྱིར་ལྟ་བ་པོ་ལ་མི་མངོན་པ་དང་། དངོས་པོ་གཉིས་པ་རིལ་མི་འགོག་པའི་ཕྱིར་དང་། གཞི་ལམ་མཐར་ཐུག་པས་ངོ་བོ་མ་མ་འདྲེས་བརྗེས་པའི་ཕྱིར་དང་། བསྒྲུབ་བྱའི་མཆོག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་དང་། ཞེན་པ་གཉིས་ཀྱིས་སྐད་ཅིག་མ་མ་སྤངས་བྲལ་བའི་ཡེ་ཤེས་ཆོས་སོ་ཅོག་ལ་སོན་པའི་ཕྱིར་དང་། ཐམས་ཅད་གནས་པའི་རྟེན་གྱི་ཕྱིར་དང་། ཐམས་ཅད་བསྐྱེད་པས་ཡུམ་ཉིད་དོ། །དེ་ལས་བྱུང་བས་ཡབ་ཉིད་དོ། །གདུང་རྒྱུད་འཛིན་པས་སྲང་ཉིད་དོ། །ཞེས་པ་ལ་སོགས་པ་ཇི་བཞིན་པའི་དེ་ཁོ་ན་ཉིད་ལས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཤར་བས་མ་ཡིན་ནོ། །གཞི་དེ་ལས་སྣང་བའི་ཕྱིར་ཕ་ཡིན་ནོ། །རྒྱལ་བའི་གདུང་རྒྱུད་ཡིན་པས་སྲས་སོ། །གཞན་ལ་རག་མ་ལས་པར་ཡེ་བྱུང་བའི་ཕྱིར་དབང་རིལ་ཡི་སྡོང་པོའོ། །དུས་གསུམ་དུ་མི་འགྱུར་མ་ཆད་པའི་ཕྱིར་དང་། དལ་པོར་མཆོངས་ཀྱང་ཁང་ཐོག་སྟེ་མགྱོགས་པས་བྲོས་ཀྱང་དེ་ལས་གཞན་དུ་མི་ཕྱིན་པའི་ཕྱིར་རོ། །རྒྱལ་བ་དང་ལམ་ལ་གནས་པ་རིལ་ཞེའམ། དངོས་པོ་ལ་དེས་བཟུང་བའི་ཕྱིར་དང་། རྒྱལ་བའི་ཡོན་ཏན་དང་འཁོར་བའི་ལོངས་སྤྱོད་རིལ་ཟད་པ་མེད་པར་ཤར་བའི་ཕྱིར་དང་། རིལ་གྱི་རེ་བསྐོངས་བའི་ཕྱིར་དང་། དུས་གསུམ་དུ་ཐུགས་རྗེས་དོན་མཛད་པའི་ཕྱིར་དང་། དེ་ཁོ་ན་ཉིད་རིལ་གྱི་རྟེན་གཞི་མི་འགྱུར་བའི་ལྷུན་དུ་ཞུགས་པའི་ཕྱིར་དང་། བརྗོད་མེད་བརྗོོད་པ་ཀུན་འབྱུང་བའི་ཕྱིར་དང་། རིལ་མ་འདྲེས་རྫོགས་པ་ངང་གསལ་བ་ལ་མི་རྟོགས་པའི་ཕྱིར་དང་། དངོས་གྲུབ་དང་འབྲས་བུའི་གཞིར་གྱུར་པའི་ཕྱིར་དང་། ཐམས་ཅད་མཛད་པ་ཆེན་པོས་དོན་རྒྱུན་ཆད་མེད་པར་མཛད་པའི་ཕྱིར་དང་། ཡུལ་རིལ་ལ་སོན་པའི་ཕྱིར་དང་། ལོངས་སྤྱོད་གཉིས་ལ་ཡུལ་དང་བྲལ་བར་རོལ་པའི་ཕྱིར་དང་། རིལ་གྱི་རྒྱུ་སྤྱད་བྱ་ཉིད་དུ་སྣང་བའི་ཕྱིར་དང་། འདོད་པའི་རྐྱེན་རིལ་རྫོགས་པའི་ཕྱིར་དང་། བྱ་བ་མ་སྤང་བྱ་བ་མེད་དེ་སྙིང་པོ་ཉིད་ཀྱི་ཕྱིར་དང་། དངོས་པོ་ཅིར་ཡང་ཤར་བའི་མཚན་ཉིད་མ་ངེས་པའི་ཕྱིར་དང་། སྐུ་ཕྱག་རྒྱ་ལ་སོགས་པར་རྐྱེན་ལ་རག་མ་ལུས་པར་ཤར་བའི་ཕྱིར་དང་། གོ་འཕང་ལོགས་ནས་མི་གཉེར་བས་གཞིའི་ཕྱིར་དང་། དེ་ལས་ཐོབ་བྱ་རང་རིག་པ་ཉིད་ཡིན་པའི་དོན་གཞན་ནས་མ་བྱུང་བའི་ཕྱིར་དང་། འབྲས་བུ་ཉིད་ལམ་ཡིན་པའི་ཕྱིར་དང་། གྲུབ་མཐའ་ཆེན་པོར་རང་ཉིད་ཡེ་གྲུབ་ཟིན་པའི་ཕྱིར་རོ། །དེ་ལྟ་བས་ན་གཞི་ལམ་མཐའ་རིལ་དུ་སྙིང་པོ་བྱང་ཆུབ་འགྲོ་འོང་མེད་པར་སྣང་བ་ལ་གཅད་དོ། །བཀའ་སྩལ་པ། ཞེས་པ་དག་དྲིས་ལན་སྒྲ་བཞིན་ནོ། །གཞན་ནས་མི་འབྱུང་བ་དང་། ཞེས་པ་དག །ཡེ་གྲུབ་ཟིན་པའི་གཏན་ཚིགས་བཞི་སྟེ་བཤད་པའི་ཁོང་གིས་ཁྲོལ་ལོ། །ཞེས་དེ་ལྟ་དེ་ལྟར་སྟོང་པ་ཉིད་ལས། ཞེས་པ་དག་སྙིང་པོ་བྱང་ཆུབ་སྟོང་པ་ཆེན་པོའི་བྱིན་རླབས་སོ། །དེ་ཁོ་ན་ཉིད་དེ་ཁོ་ན་ཉིད་དུ་ངེས་པར། ཞེས་པ་དག་དོན་གྱི་སྙིང་པོའང་ངོ་བོ་ལས་གཞན་པ་མེད་པར་བསྟན་པའོ། །ལང་ཀའི་བདག་པོ། དེ་ལྟར་སྐྱེས་བུ་དམ་པས། ཞེས་པ་དག་ཆོས་ཉིད་ཀྱི་དོན་ཡེ་ཤེས་ལ་རང་གསལ་བ། དཔེ་ནམ་མཁའ་དང་ཉི་མ་ལྟ་བུར་མ་འདྲེས་ལ་ཡོངས་སུ་རྫོགས་པར་བསྟན་ཏོ། །དེའི་ཚེ་དེའི་དུས་ན་གསང་སྔགས་འབྱུང་བའི་རྒྱུ། ཞེས་པ་དག་སྙིང་པོ་བྱང་ཆུབ་ལ་སྙེགས་པ་ནི་ངེས་པ་རྙེད་པ་སྟེ། ཐུབ་དཀའ་གཞོན་ནུ་དང་སྐྱེས་བུ་ལྔ་དག་ཇི་བཞིན་པར་སོན་པའི་དུས་ཏེ། དངོས་སུ་ན་རུ་དྲ་སྣང་བའི་བསྐལ་པའི་དུས་ཉིད་དེ། སྙིང་པོ་བྱང་ཆུབ་ནི་དུས་གསུམ་མ་འགགས་བྲལ་བ་ལ། ཚེ་སྐབས་མེད་གདུལ་བྱའི་ངོ་བཙན་ནོ། །གདུལ་བྱ་སྔོན་གྱི་གླེང་གཞི་སྨོས་པའང་འདིའི་ཕྱིར་ཏེ། འདི་བྱུང་བས་འདི་བྱུང་བའི་ཕྱིར་གཉེན་པོ་སྟེ་སྒྲ་ཇི་བཞིན་ནོ། །སྙིང་པོ་བྱང་ཆུབ་ཏུ་འདུས་པ་ནི་གདུལ་བྱའི་ངོ་སྟེ། ངོ་བོ་ཉིད་དེར་མ་འདྲེས་རྫོགས་པའོ། །གདུལ་བྱའི་ངོར་འོག་མིན་ན་བཞུགས་པ་དེ་དག་གིས། སྐྱེས་བུ་དམ་པ་དག །ལ་ལ་ནི་བྱང་ཆུབ་ཆེན་པོར་རྣམ་པར་བསྐུལ། ལ་ལ་ནི་ཆོ་འཕྲུལ་ཆེན་པོར་རྣམ་པར་བསྐུལ། ཞེས་པ་ལ་སོགས་པ་རུ་དྲ་འདུལ་བའི་ཕྱིར་ཐུབ་དཀའ་གཞོན་ནུ་བྱང་ཆུབ་སྙིང་པོ་ན་བཞུགས་པ་སྐུ་ལྔའི་སྒོ་ནས་བསྐུལ་བ་དང་། སྐྱེས་བུ་ཐ་དད་ལ་སོ་སོ་ནས་བསྐུལ་བ་ནི་སྤྱི་དང་ཁྱད་པར་གྱི་དབང་སྟེ་གཉིས་ཀ་དང་ཐུན་མོང་དུ་འགྱུར་རོ། །བླ་ན་མེད་པའི་བྱང་ཆུབ་མཆོག་ངོ་བོ་ཉིད་ཀྱི་སྐུར་འཚང་རྒྱ་བ་ལས་བཞེངས་པར་བསྐུལ་བ་དང་། བཀར་བ་ནི་སྐྱེས་བུ་དང་བསྐུལ་བྱེད་ཐུན་མོང་དུ་སྦྱར་རོ། །ཡང་གསང་བའི་སྐུ་རོལ་པ་ཉི་ཤུ་རྩ་ལྔ་ལྟ་བུ་ལ་སོགས་པའི་ཆོ་འཕྲུལ་མཛོད་ཅིག་པར་བསྐུལ་བ་དང་། སྤྲུལ་པའི་སྐུ་རྫུ་འཕུལ་གྱི་བྱ་བ་རྫོགས་པར་གྱིས་ཤིག་པར་བསྐུལ་བ་དང་། ལོངས་སྤྱོད་རྫོགས་པའི་སྐུའི་སྒོ་ནས་དགོངས་པ་དང་སྐུའི་མཛད་པས་དོན་མཛོད་ཅིག་པ་དང་། ཆོས་ཀྱི་སྐུ་མཐའ་དང་བྲལ་བའི་ཡེ་ཤེས་ཆེན་པོའི་སྒོ་ནས་བསྐུལ་བས་གདུལ་བྱ་ལ་སྣང་བ་ནི། གཟུགས་སྐུ་གཉིས་སུ་བྱུང་ནས་གདུལ་བྱ་སོ་སོའི་གནས་སུ་བཀོད་དེ་ཆོས་སྟོན་པས་བྱུང་ཚུལ་གྱི་དོན་དུ་ཡང་འགྱུར་རོ། །དེ་དག་གི་དོན་མཛད་ལུགས་ཅི་ཞེ་ན། འདི་ལྟར་ཡོངས་སུ་དག་པ། བཏགས་པའི་སངས་རྒྱས་བརྗོད་པ་ལས་འདས་པ། ཐ་དད་པ་དག །ཞེས་པ་ལ་སོགས་པ་ངོ་བོ་ཉིད་ཆོས་ཀྱི་སྐུར་བཞུགས་པས་གདུལ་བྱ་མེད་ན་ཡང་། ལྷུན་གྱིས་གྲུབ་པ་དེ་ཉིད་གདུལ་བྱ་ལ་མཚན་ཐ་དད་པར་གྲགས་ཤིང་སྐུ་སྣང་བ་རིལ་རྒྱལ་བའི་ཞིང་བཤད་པ་བཞིན་མཚན་ཐ་དད་ཀྱི་འཇིག་རྟེན་གྱི་འཛམ་བུ་གླིང་རྣམས་ན། རྒྱལ་བའི་ཆ་བྱད་ཀྱིས་ཐེག་པ་དེ་ཉིད་ཀྱི་དོན་བཅུ་སྟོན་པ་དང་། སུམ་ཅུ་རྩ་གསུམ་དང་དགའ་ལྡན་དང་གཙང་མའི་འོག་མིན་ན་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་རྒྱལ་ཚབ་དམ་པ་ཏོག་དཀར་པོ། བརྒྱ་བྱིན་གསུམ་ཆོས་སོ་སོར་སྟོན་པའོ། །སྲིད་པ་ཐ་མར་མི་ཡུལ་ལ་སོགས་པ་ལ་ལས་རྒྱུན་གཅོད་པའི་མཛད་པ་ལྔར་སྣང་བ་དང་། གསང་བའི་སྐུ་ཡུམ་གྱི་བྷ་ག་དང་གསང་བའི་རྡོ་རྗེ་གཉིས་འཕྲད་པའི་དབུ་ཞབས་བདེ་བ་ཆེན་པོའི་རོས་གང་བ། ཡན་མན་དུ་དབང་བསྒྱུར་ནས་སྣང་བའི་གནས་ཐ་དད་པ་ན། གསང་བའི་སྐུ་ཐིག་ལེ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་འདུས་པའི་སྐུ་ལས་མཛད་པ་ཅིར་ཡང་མཛད་པ་དང་། མིའི་གནས་ཞིང་ཐ་དད་པ་ན། སྤྲུལ་པའི་མཚན་སྒྲོན་མ་བཀོད་པ་ལྟ་བུས་དོན་མཛད་པ་དང་། དོན་ཐམས་ཅད་གྲུབ་པ་ལྟ་བུའི་ཐུགས་འོག་མིན་དུ་སངས་རྒྱས་པས་དགོངས་པ་བྱང་ཆུབ་ཆེན་པོར་བཞུགས་པ་དང་། དེའི་སྐུ་ཐ་དད་པའི་འཛམ་བུའི་གླིང་ན་ནཻ་རཉྫ་ནར་དཀའ་ཐུབ་ཁོག་པར་བཞུགས་ནས་བསམ་གཏན་མཛད་པ་ལྟ་བུ་དང་། མཛད་པ་ཉི་ཤུ་དང་། བཅུ་གཉིས་རྫོགས་པ་ལྟ་བུ་དང་། སོ་སོའི་རྡོ་རྗེ་གདན་ལ་གཤེགས་ཏེ་འཚང་རྒྱ་བ་དང་། རྩྭ་མཆོག་གྲོང་ཁྱེར་དང་ཝ་རཱ་ཎ་སཱིར་བདུད་བཏུལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གདན་ཉིད་ལ་སངས་རྒྱས་པ་ལྟ་བུ་འབའ་ཞིག་ཏུ་སྣང་ངོ་ཞེས་བཀའ་སྩལ་པས། ལང་ཀ་ལ་སོགས་པ་འགྲོ་བའི་ལུས་ཅན་གྱི་འཁོར་སྙིང་པོ་བྱང་ཆུབ་མངོན་དུ་གྱུར་ཏེ། དེ་ངེས་པའི་བྱིན་རླབས་ལས་གསང་བ་སྣང་བར་ཤེས་སོ། །གསང་བ་དམ་པ་དེ་ཁོ་ན་ཉིད་དུ་ངེས་པའི་ལེའུ། ཞེས་པ་ལྔ་དང་བཞི་དང་། ཐུབ་དཀའ་གཞོན་ནུ་དང་། སྐྱེས་བུ་བཅུ་ལ་སོགས་པ་དེ་བཞིན་ཉིད་དུ་ངོ་བོ་ངེས་པའི་དོན་བསྟན་པ་སྟེ། ལེའུ་བཅོ་ལྔ་པ་བཀྲོལ་བའོ། །བྱུང་ཚུལ་བཞི་པའི་དོན་ཁོང་གིས་ཁྲོལ་ཏོ།། །།བམ་མོ་གསུམ་པར་ཟུག་པ། དེ་ནས་ལང་ཀའི་བདག་པོས། གསང་བའི་བདག་པོ་ལ། ཞེས་པ་ལ་སོགས་པ་བྱུང་ཚུལ་ལྔ་པའི་དྲིས་པ་སྒྲ་བཞིན་ནོ། །དགོངས་པ་འགྲེལ་པ་དེའི་དུས་ངེས་པ་ནི་བྱུང་ཚུལ་བཞི་པ་དང་གཅིག་གོ། །ངོ་བོ་ནི་སོ་སོར་མ་འདྲེས་པའི་ཕྱིར། སྨྲས་པ། གསང་བའི་བདག་པོ། གང་སྐྱེས་བུ་དམ་པ་ཉིད་དུ་ངེས་པ་དེ་དག །ཅེས་པ་ལ་སོགས་པ་ལང་ཀས་ངོ་བོས་གང་གི་ཚིག་མཚན་ཅི་ལས་བཏགས་པ་དྲིས་པ་དང་། ལན་དུ། ལང་ཀའི་བདག་པོ། སྙིང་པོ་ནི་རྩ་བ་ལ་བྱའོ། །ཞེས་པ་དག་ནི། དང་པོ་སྙིང་པོ་དངོས་པོ་གཉིས་ཀྱི་གཞིར་གྱུར་པའོ། །གཉིས་བྱང་ཆུབ་པ་ནི་གཉིས་མེད་ཇི་བཞིན་པའོ། །གསུམ་པ་དགོངས་པ་ནི་རང་གི་རིག་པའི་ངོ་བོ་ངང་གིས་མ་གཡོས་པའོ། །བཞི་པ་ངེས་པ་ནི་འཁྲུལ་པ་མེད་པའི་ཐོག་ཏུ་ཕེབས་པའོ། །ལྔ་པ་འགྲེལ་པ་ནི་ཇི་ལྟ་བར་མངོན་དུ་བྱས་པའི་དོན་རང་གསལ་བའོ། །དེ་ནི་ཇི་བཞིན་མ་བཅོས་དེ་བཞིན་མ་བསླད་པའི་གློ་བུར་གྱི་ཐ་སྙད་དོ། །གསོལ་པ། གསང་བའི་བདག་པོ། དེས་དེ་ཇི་ལྟར་འགྲེལ་པ་ལགས། ཞེས་པ་ལ་སོགས་པ་དྲིས་ལན་སྒྲ་བཞིན་ནོ། །ཡང་དེ་ཉིད་ལ་དྲིས་པ་དང་། ལན་ནི། ཞི་གནས་དང་། ལྷག་མཐོང་ཉིད་དེ། ཞེས་པ་ལ་སོགས་པ་ངོ་བོ་བསྟན་པ་ནི་གཉིས་ཏེ། མི་གཡོ་བ་དང་། གསལ་བའོ། །དེ་ལའང་ལམ་གྱི་དང་མཐར་ཐུག་པ་འདིར་ཐུན་མོང་དུ་སྦྱར་རོ། །སློབ་དཔོན་བདེ་བ་གསལ་མཛད་ཀྱིས་ནི། ཆོ་འཕྲུལ་རྩ་བ་བཞིའི་བཞི་དང་། ངོ་བོ་དང་སྣང་བ་གཉིས་ལ་སྦྱར་ན་མི་འཐད་པ་མ་ཡིན་ནོ། །གང་གཞི་སྐྱེས་བུ་ལྔའི་དགོངས་པ་རྩ་ལས་འགྲེལ་པའི་ངོ་བོ་སྣང་བའི་ཕྱིར་སྐྱེ་བ་སྟེ་ངོ་བོ་བཞིར་ཤར་བ་མ་འདྲེས་པའི་འགྲེལ་པ་སྟེ། དེ་ནི་རྒྱལ་བ་རྣམས་ཀྱི་མཛད་པ་ཅིའང་དགོངས་པ་ཅན་པས། འདིར་འཁོར་འདས་དངོས་པོ་གཉིས་པ་རིལ་སྣང་བ་ཆོ་འཕྲུལ་བཞིར་འདུས་ལ། དེ་ཉིད་སྙིང་པོ་བྱང་ཆུབ་ལ་མ་འདྲེས་པ་ལ་ཡོངས་སུ་རྫོགས་པར་གསལ་བའི་ཕྱིར་དེ་བསྟན་པའོ། །ལས་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་དང་། ཞེས་པ་གང་ལས་གསུམ་གྱི་བྱ་བ་བྱེད་ནུས་པ་ནི། ཁམས་གསུམ་གྱི་འགྲོ་བ་ཐ་དད་ཅིར་ཡང་སྣང་བས་དངོས་པོ་གཉིས་མ་འདྲེས་པའོ། །དེ་དངོས་སྐྱེ་བ་ནི་མི་དང་གྲོག་སྦུར་དང་འདབ་ཆགས་དང་བར་མ་དོ་དང་དམྱལ་བ་ལ་སོགས་པ་སྟེ། བཞིའི་ཆ་འཛིན་སྨོས་པ་སྟེ་དངོས་པོ་གཉིས་ཀྱི་ཁམས་གསུམ་པ་ཐམས་ཅད་དོ་དེ་ནི་ཆོ་འཕྲུལ་བཞིའི་ཡང་ཐ་མ་ཉིད་དོ། །བསམ་གཏན་གྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་གང་ཞེ་ན། ཞེས་པ་གང་ཡང་དག་པའི་ཏིང་ངེ་འཛིན་གྱི་ནུས་པའི་རྩལ་ཅིར་ཡང་འབྱུང་བའི་རྒྱུ་ལས་ལམ་གྱི་ཆོ་འཕྲུལ་བཞི་སྣང་བའོ། །གཞན་དུ་ན་སྣང་བ་མ་ངེས་པ་བཞི་ནི། བརྟགས་པས་ཤེས་རབ་སྐྱེ་བ་དང་། བཙལ་བས་གོམས་པ་སྐྱེ་བ་དང་། བསྒྲུབ་པས་འབྲས་བུ་སྐྱེ་བ་དང་། བསྒོམ་པས་དྲོད་དང་རྟགས་རྣམས་སྐྱེ་བའོ། །ཆོས་ཉིད་ཀྱི་རྫུ་འཕྲུལ་ལས་སྐྱེས་པའི་ཆོ་འཕྲུལ་གང་ཞེ་ན། ཞེས་པ་དག་གང་ཇི་བཞིན་པ་ཐམས་ཅད་ཀྱི་བདག་ཉིད་པའི་ཕྱིར། དེ་ཉིད་ཅིར་ཡང་སྣང་དུ་བཏུབ་པའི་གཞི་ལས་གཞི་ངེས་པ་ཐ་དད་པར་སྣང་བ་ནི། རང་ཞིན་གྱི་ཆོ་འཕྲུལ་བཞི་སྟེ། ནམ་མཁའི་ངང་ལས་འབྱུང་བའི་ཆོ་འཕྲུལ་ཐ་དད་སྣང་བ་དང་། སེམས་ཀྱི་ངང་ལས་སེམས་ལས་བྱུང་བའི་ཆོ་འཕྲུལ་སྐྱེ་བ་དང་། ཆོས་ཉིད་ཀྱི་ངང་ལས་ཆོས་ཅན་གྱི་ཆོ་འཕྲུལ་སྐྱེ་བ་དང་། ཞི་གནས་ཇི་བཞིན་པའི་ངང་ལས་ལྷག་མཐོང་ཤེས་རབ་རང་འཆར་བའོ། །སྙིང་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་གང་ཞེ་ན། ཞེས་པ་གང་རང་བྱུང་གི་ཡེ་ཤེས་ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་མཛད་པ་ལྷུན་གྱིས་གྲུབ་པའི་གཞི་ལས་གདུལ་བྱ་ལ་ཅིར་ཡང་འདུལ་བ་བཞིན་སྣང་བ་བཞི་ནི་སྒྲ་བཞིན་ཏེ། དེ་རེ་རེའང་རྟག་པ་རྒྱུན་གྱིས་སྐྱེ་བ་དང་། རང་བཞིན་ཤུགས་ཀྱིས་སྐྱེ་བ་དང་། བསྐུལ་ཞིང་གསོལ་བས་སྐྱེ་བ་དང་། ཡུལ་དང་འཕྲད་པས་སྐྱེ་བ་སྟེ་སྐྱེ་བའི་དུས་དང་ངོ་བོའི་རྒྱུར་སྦྱར་རོ། །འདི་དག་ཀུན་འདུས་ལེའུ་གསུམ་པ་ལས་གསུངས་པ་འདིར་ལེའུ་རེ་རེས་རྒྱས་པར་སྟོན་པའི་ཕྱིར། བཤད་པའི་རྒྱུད་དུ་ཡང་ཁས་ལེན་ཏོ། །དེ་དང་རྗེས་སུ་མཐུན་པར་འཆད་པ་དག་ལའང་སྦྱར་རོ། །རྒྱས་པར་བསྟན་པའི་དང་པོ་གང་ཞེ་ན། ལང་ཀའི་བདག་པོ། དེ་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་འདི་ལྟ་སྟེ། ཞེས་པ་ལ་སོགས་པ་ཅི་བཞིན་པས་འདུལ་བ་དང་། གཞི་དེ་ལས་གདུལ་བྱ་ལ་མི་མཐུན་པར་སྣང་བའི་ཕྱིར་རོ། །ལང་ཀའི་བདག་པོ། གང་སྣང་བར་མཛད་པའི་ཆོ་འཕྲུལ་ནི། ཞེས་པ་དག་དེ་ལ་དང་པོ་ལ་ལྔར་སྣང་བ་ནི། དངོས་པོ་གང་ཡང་རུང་བ་འབྱུང་བ་དག་ནི་བརྡའི་དོན་དུ་འཆད་དེ། སྐུ་མདོག་དང་། ཕྱག་མཚན་དང་། བཞུགས་ཐབས་དང་། གདན་ཁྲི་དང་། རྒྱན་ཆས་སུ་མཇལ་ཏེ། དེ་ཅིའི་ཕྱིར་ཞེ་ན། གཞིའི་དོན་དང་། ཡན་ལག་མཚོན་པའི་དོན་དང་། གཉིས་ཀྱིས་འདུལ་བ་དག་གདུལ་བྱ་ལ་དགོངས་པ་དང་། ཐབས་ཚུལ་ཐ་དད་པས་འདུལ་བ་དང་། དེ་ཉིད་ཀྱི་ལས་དང་ཡོན་ཏན་གྱིས་འདུལ་བ་དང་། ཡིད་ཚིམས་ཤིང་དགའ་བར་བྱེད་པས་འདུལ་བ་ལ་དགོངས་པའི་ཕྱིར་མིང་གི་གཏན་ཚིགས་སུ་འགྱུར་རོ། །ལང་ཀའི་བདག་པོ། དེ་ལ་གང་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི། ཞེས་པ་གཉིས་ནི་རང་བཞིན་དང་། གདུལ་བྱ་ལ་སྣང་བའི་རིགས་ཐ་དད་གང་ལའང་མོས་པར་འདུལ་བའོ། །ལང་ཀའི་བདག་པོ། དེ་ལ་མ་བཅོས་པས་འདུལ་བ་ལ་དགོངས་པ་ནི། ཞེས་པ་དང་། བཞི་ནི་ལྷ་གཅིག་ལའང་ལྡན་ཏེ། ཡེ་རང་བཞིན་མཇལ་ལ་དག་པའི་ཕྱིར་དྲི་མ་མེད་པ་དང་། གཟི་མདངས་དང་ལྡན་པའི་ཕྱིར་སྣུམས་ལ་འདྲིལ་བ་དང་། ཀུན་ལ་སྣང་ཞིང་རྙོགས་པ་མེད་པའི་བའི་རྟགས་དྭངས་ཤིང་གསལ་ལ་འཚེར་བ་དང་། རང་བཞིན་གྱི་འོད་གསལ་བའི་རྟགས་ཤིན་ཏུ་གསལ་ཞིང་འཚེར་བ་ཉིད་དེ་དཔེ་སྒྲ་བཞིན་ནོ། །ཡེ་ནས་ལྷ་ཀུན་ལ་ཁྱབ་པའི་ཕྱིར་མ་བཅོས་པས་འདུལ་བའི་མིང་གྲུབ་བོ། །ལང་ཀའི་བདག་པོ་རིགས་སོ་སོར་རང་བསྒྱུར་བས་འདུལ་བ་ལ་དགོངས་པ་ནི། འདི་ལྟ་སྟེ། ཞེས་པ་དག་རིགས་གང་ལ་མོས་པ་ལྟར་སྣང་བའི་ཕྱིར་བསྒྱུར་བ་ཏེ། སྔོ་བ་དང་། དཀར་བ་དང་། དམར་བ་དང་། སེར་བ་དང་། ལྗང་གུ་སྟེ་རིན་པོ་ཆེའི་རིགས་དང་། རྡོ་རྗེའི་རིགས་དང་། པདྨའི་རིགས་དང་། དེ་བཞིན་རིགས་དང་། ལས་ཀྱི་རིགས་ཏེ་དཔེ་སྒྲ་བཞིན་ནོ། །རིགས་ལྔ་ཡེ་ཤེས་ལྔ་ཁ་དོག་ལྔ་ཀཱ་ཝཱ་ཙི་ལྔ་སྦྱར་བ་ནི་རྒྱུད་ཀུན་གསལ་ལྔའི་དོན་དང་པོ་སྐུ་ལ་ཡན་ལག་དགུ་བཤད་པའོ། །ལང་ཀའི་བདག་པོ། གང་གིས་མཚོན་པས་འདུལ་བ་ལ་དགོངས་པ་ནི། ཞེས་པ་དག་གསུམ་ནི། ཕྱག་དང་། ཕྱག་མཚན་དང་། ཕྱག་རྒྱ་སྟེ་རང་གི་ངོ་བོས་མིང་གྲུབ་བོ། །ལང་ཀའི་བདག་པོ། དེ་ལ་གང་བྱུང་བ་ནི། ཞེས་པ་དག་ཕྱག་གི་དོན་ཏེ། དབྱིངས་དང་ཡེ་ཤེས་དང་། ཐབས་དང་ཤེས་རབ་དང་། ཡེ་ཤེས་དྲུག་མཚོན་པ་ལ་དགོངས་ཏེ་ཕྱག་གི་གྲངས་ཀྱང་དེ་བཞིན་ནོ། །ཕྱག་མཚན་ཡེ་ཤེས་དྲུག་གི་རོལ་པས་འགྲོ་བ་སྒྲོལ་བའི་ཕྱིར་རྡོ་རྗེ་ལ་སོགས་པ་དྲུག་ཡང་རྗེས་སུ་མཐུན་ནོ། །ལང་ཀའི་བདག་པོ། གང་ལྟར་གྱུར་པ་ནི། འདི་ལྟ་སྟེ། ཞེས་པ་དག་བཞི་ནི། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་དང་ལས་ཏེ་གཞི་ཅི་བཞིན་པ་མ་གཡོས་པར་བཞུགས་པའི་ཕྱིར་དང་། གང་དོན་ལས་མི་འདའ་བ་དང་། འདུལ་དབང་གིས་ཐ་དད་དུ་སྟོན་པ་དང་། བྱ་བ་གང་འབྲེལ་པ་ཡོད་པའི་ཕྱིར་རོ། །ལང་ཀའི་བདག་པོ། མ་བཅོས་པ་ནི་འདི་ལྟ་སྟེ། ཞེས་པ་དག་གཉིས་ནི། རྒྱུ་རྐྱེན་དང་བྲལ་བས་མ་སྐྱེས་པ་ཆོས་ཀྱི་སྐུ་དང་། དེའི་ཚུལ་མི་འགགས་པ་གཟུགས་ཀྱི་སྐུ་སྟེ། གདུལ་བྱ་ལ་སྣང་བའོ་སྐུ་ཕྱག་རྒྱ་ཆེན་པོ་རྣམ་པ་སྟེ། རང་གི་མཚན་ཉིད་ཀྱིས་མིང་འགྲུབ་བོ། །དེ་ལ་མ་འགགས་པ་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་དག་ནི་གཟུགས་སྐུ་ལ་ཕྱེ་བ་བཞི་སྟེ། ཡུལ་ལ་མ་འགགས་པ་ཡེ་ཤེས་རང་བཞིན། གཟུགས་ཀྱི་སྐུ་འོག་མིན་ན་བཞུགས་པ་ཉིད་དང་། མཚོན་པ་མ་འགས་པ་མཐར་ཕྱིན་གྱི་ཀཱ་ཝཱ་ཙི་གཟུགས་བརྙན་དུ་བྱུང་བ་དང་། མཚན་མ་མ་འགགས་པ་གཟུགས་བརྙན་གྱི་དལ་རྣམས་དང་རིང་བསྲེལ་གྱི་སྐུ་དང་། སྐུ་གསུང་ཐུགས་བརྟགས་པ་མ་འགག་པ་བསྒོམ་པ་ཏིང་ངེ་འཛིན་གྱི་སྐུའོ། །དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་རྫོགས་པའི་གཞིར་གྱུར་པ་དང་། དེ་རྨོངས་པ་ལ་བསྟན་པའི་ཕྱིར་བྱས་པ་དང་། གྲུབ་པའི་རྟགས་སུ་གྱུར་པ་དང་། རང་གི་བསམ་པས་བྱས་པའི་ཕྱིར་རོ། །ལང་ཀའི་བདག་པོ། མི་འདའ་བ་ནི་འདི་ལྟ་སྟེ། ཞེས་པ་དག་དམ་ཚིག་གི་ཕྱག་རྒྱའི་རྣམ་གྲངས་ཏེ། ཟིན་པ་ནི་ཐུགས་ཀྱི་རྟགས་ཏེ་འཛིན་པ་དམ་ཚིག་གི་ཕྱག་རྒྱ་དང་། ཐུགས་རྗེ་ལས་མི་འདའ་བ་འགྲོ་དོན་མཛད་པ་བཅའ་བ་དམ་ཚིག་གི་ཕྱག་རྒྱ་དང་། རྩེ་གཅིག་ཏུ་བསམ་པ་དམ་ཚིག་གི་དགོངས་པ་ཕྱག་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། བསྣམས་པ་དང་། ཕྱག་གིས་བྱེད་པ་དང་། གང་བསམས་པ་ལས་གཞན་དུ་མི་འགྱུར་བའི་ཕྱིར་རོ། །ལང་ཀའི་བདག་པོ། མ་ངེས་པ་གང་ཞེ་ན། ཞེས་པ་དག་ཆོས་ཀྱི་ཕྱག་རྒྱ་སྟེ་འགྲོ་བའི་བསམ་པ་བསམ་གྱིས་མི་ཁྱབ་པ་དང་མཐུན་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཐ་དད་པའི་ཕྱིར་བསྟན་ཏེ། དེ་ལའང་རང་བཞིན་དང་། བསམ་པ་དང་། བཟླས་པའི་འཕྲོ་འདུ་ལས་འདིར་ཡི་གེ་ཐ་དད་ཐ་མའི་དབང་དུ་བྱས་པའོ། །ལང་ཀའི་བདག་པོ། འབྲེལ་བ་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་དག་ལས་ཀྱི་ཕྱག་རྒྱ་སྟེ་བཅའ་བ་ལས་དང་དམ་ཚིག་ཐུན་ཆོས་ཐམས་ཅད་ཟད་མེད་དབྱིངས་སུ་འབྲེལ་པ་སྟེ་བདེ་བ་ཆོས་ཀྱི་རྒྱ་དགའ་བའི་ཁྱད་པར་ཅན་ནོ། །མོང་དུ་བསྟན་པ་དང་། ཆོས་བསྐྱོད་པར་བྱེད་པའི་ཐབས་ཁྱད་པར་ཅན་ཏེ་ཐབས་ཤེས་རབ་རྒྱ་བཞིས་རོལ་པའི་ཕྲིན་ལས་ཆོས་རྒྱའོ། །དང་ལས་འབྲེལ་བ་ཉིད་དུ་བསྟན་པའི་ཕྱིར་རོ། །གཉིས་པ་ཕྱག་རྒྱ་ཉིང་ལག་བཅུ་བཞིར་བསྟན་པའོ། །ལང་ཀའི་བདག་པོ། གང་གི་གྱུར་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་གང་ཞེ་ན། ཞེས་པ་དག་བཞུགས་ཐབས་དང་གཞལ་ཡས་ཁང་དང་བཞུགས་ཚུལ་ལོ། །ལང་ཀའི་བདག་པོ་ཐབས་གང་ཞེ་ན། ཞེས་པ་དག་གཉིས་ནི། གྲལ་གྱི་ཐབས་དང་སྐུའི་ཐབས་གཉིས་ཏེ། འདིར་སྐུའི་ཐབས་དགོངས་པ་མཉམ་པ་ཉིད་ལས་མི་གཡོ་བ་གཞི་དང་མཐུན་པའི་ཕྱིར་འགྲེང་བུ་དང་། ཁྱད་པར་གང་དག་བར་སྣང་བས་སྐྱིལ་ཀྲུང་དང་། ཕྱེད་སྐྱིལ་དང་། འབབ་ཚུལ་ལ་སོགས་པའོ། །ལང་ཀའི་བདག་པོ། གནས་གང་ཞེ་ན། ཞེས་པ་དོན་གཟུང་འཛིན་དང་བྲལ་བའི་ཡེ་ཤེས་ཡུལ་དང་ཡུལ་ཅན་གྲོལ་བའི་ཕྱིར་དང་། གདུལ་བྱ་ལ་སྣང་བའི་གནས་སྒྲ་བཞིན་ནོ། །ཚུལ་གང་ཞེ་ན། འདི་ལྟ་སྟེ། བཞུགས་པའི་ཚུལ་དང་། ཞེས་པ་སོ་སོའི་གཏན་ཚིགས་ཀྱིས། བླ་ཕབ་ནས་མི་གཡོ་བའི་ཚུལ་དང་། སྐུ་བཏེག་པ་དང་། བཞུད་ལ་མ་རག་པ་དང་། སྤྱན་འགྱུར་བ་དང་། སྐུ་གྱོང་བ་དང་བྲལ་བ་ལྟ་བུ་དང་། སྐུ་ཅིར་ཡང་དྲང་དུ་རུང་བ་ལྟ་བུ་དང་། ཡབ་ཡུམ་འཁྲིལ་བ་དང་། རྐེད་སྐབས་ཕྱེད་པར་ཕྲ་བ་ལྟ་བུ་དང་། ཤ་རྒྱས་ལ་འཇམ་པ་དང་། གཟི་མདངས་གསལ་བ་དང་། སྐུ་མདོག་རིགས་ལྔ་ཡེ་ཤེས་ལྔ་ཐབས་ཤེས་རབ། སོ་སོ་ན་འཚེར་བ་དང་། བརྗིད་དང་ལྡན་པ་དང་། ཤིན་ཏུ་བྱིན་ཆེ་བ་དང་། ཕྱག་ཞབས་གང་དུའང་ཐོགས་པ་མེད་པ་ལྟ་བུ་དང་། སྤྱན་ཕྱེ་ཙམ་དུ་ཞུགས་པ་དང་། སྐུ་མི་འགྱུར་བའི་ཚུལ་དང་། ཕན་ཚུན་རྒྱབ་ཡོལ་དང་། གདན་ལ་རྟེན་པའི་ཚུལ་དང་། དབུ་གཡས་གཡོན་དུ་འབྱོ་བ་དང་། གཅིག་ལ་གཅིག་དབུ་བཏུད་པ་ལྟ་བུ་དང་། ཡབ་ཡུམ་དང་མངའ་ཐང་རྐྱེན་ལོངས་སྤྱོད་རྫོགས་པ་ལྟ་བུ་དང་། ཞི་བའི་ཚུལ་དང་། མ་གཡོས་པའི་ཚུལ་དང་། མ་འགགས་པའི་ཚུལ་དང་། རྩ་གསུམ་སྟེ་གསུམ་པའི་ཉིང་ལག་རྩ་བའི་རྩ་ཐབས་ཀྱི་གཉིས་དང་གནས་དང་ཚུལ་ལ་ཉེར་གསུམ་སྟེ་རྩ་དྲུག་གོ། །དྲུག་བཤད་པའོ། །ལང་ཀའི་བདག་པོ། གང་ཐེག་པས་འདུལ་བར་དགོངས་པའི་ཆོ་འཕྲུལ་ནི། ཞེས་པ་དག་གདན་ཁྲིའི་དོན་ཏེ། ཆོས་ཀྱི་ཙཀྲ་བསྐོར་བའི་ཕྱིར་འོག་གང་འཁོར་ལོ་རྩིབས་བཞིའི་དོན་དང་། སའི་ཁྱད་པར་བཞིན་བགྲོད་ཟིན་པའི་ཕྱིར་ཐེམ་སྐས་ཀྱི་དོན་དང་། ཆེ་བའི་གུ་ཎ་དུས་གཅིག་ལ་རྫོགས་པས་ཉི་ཟླ་པདྨ་རིན་ཆེན་དང་། སེམས་ཅན་གྱི་གདན་རྣམས་སྣང་བའི་དོན་ཏོ། །ལང་ཀའི་བདག་པོ། གང་ལྟར་མཛེས་པས་འདུལ་བར་དགོངས་པ་ནི། ཞེས་པ་ལ་སོགས་པ་རྒྱན་གྱི་དོན་ཏེ། ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་རྫོགས་པའི་རྟགས་སུ། ཆོས་རྣམ་པར་འབྱེད་པ་དབུ་རྒྱན་དང་། ཆོས་ཉན་ལས་དགའ་བ་སྙན་ཆ་དང་། བསམ་པ་ཤིན་ཏུ་སྦྱངས་པ་དོ་ཤལ་དང་། ཟག་མེད་ཀྱི་ས་སྟེ་ཏིང་ངེ་འཛིན་མགུར་ཆུ་དང་། དེ་ཉིད་མི་བརྗེད་པ་དྲན་པ་ཕྲེང་བ་དང་། གང་ཡང་དང་དུ་མི་ལེན་པའི་བཏང་སྙོམས་སེ་མོ་དོ་དང་། བར་མི་ཆད་པའི་བརྩོན་འགྲུས་ཕྱག་གདུབ་སྟེ། སོ་སོའི་རྒྱན་གྱི་ལས་དང་། དབྱིབས་ཀྱི་དོན་དང་ཆོས་མཐུན་ཞིང་མཚོན་དུ་བཏུབ་པའི་ཕྱིར། ཐུགས་ཡེ་ཤེས་སྣང་བའི་རྒྱན་མཆོག་གོ། །ལང་ཀའི་བདག་པོ། གཞན་ཡང་སྐུ་དང་། གསུང་དང་། ཞེས་པ་དག་ཀཱ་ཝཱ་ཙི་ལྔ་འབྲས་བུ་ལྔ་ཉིད་རང་སྣང་བའི་རྒྱན་གསལ་བ་བརྗིད་པའི་སྐུ། ཆོས་གོས་དང་། ཐུགས་རྗེ་ཆགས་པའི་སྨད་དཀྲིས་གསུང་། ཤམ་ཐབས་དང་། ཐུགས་ཤེས་བྱའི་ཅོད་པན། ཟི་ལྡིར་དང་། གུ་ཎ་གཟི་འབར་གྱི། སྟོད་གཡོགས་དང་། མཛད་པ་གར་གྱི་གསང་གོས་སྐུ་རེག་དང་ཕུ་དུང་། གསང་གོས་ཉེ་དེར་ངེས་པ་ཅིའི་ཕྱིར་ཞེ་ན། གདུལ་བྱ་ཕྱོགས་གཅིག་གི་དབང་ལས། མཐའ་གྲོལ་བས་ཐེར་ཟུག་པ་ནི་མ་ཡིན་ཏེ། སྐུ་གཞིར་གྱུར་པ་དང་། གསུང་མཛེས་པ་དང་། ཐུགས་ཤིན་ཏུ་བརྗིད་པ་དང་། གུ་ཎ་མངོན་པར་མཐོ་བའི་ཕྱིར་དང་། ལས་བྱ་བ་དང་བཅས་པའི་ཕྱིར་རོ། །ལང་ཀའི་བདག་པོ། གཞན་ཡང་མཚན་གྱི་མེ་ཏོག་གིས་རྒྱས་པར་མཛེས་ཤིང་། ཞེས་པ་དག་ཐུན་མོང་མ་ཡིན་པའི་མཚན་སེམས་དཔའ་བཅུ་ཚན་གསུམ་དང་གཉིས་སོ། །སེམས་དཔའ་རེ་རེ་ལའང་དབུ་རྒྱན་རིགས་ལྔ་ལྔ་སྟེ་ལྔ་བཅུ་དྲུག་སྟེ་བརྒྱད་ཅུའོ། །སེམས་མ་ནི་གྲངས་ལས་འདས་པའི་དོན་ཏེ་མ་བརྗོད་ཏེ། །ལང་ཀའི་བདག་པོ། གཞན་ཡང་ཏིང་ངེ་འཛིན་དང་། ཞེས་པ་ལ་སོགས་པ་ཐུན་མོང་མ་ཡིན་པའི་འཕགས་པའི་ལམ་ཡན་ལག་བརྒྱད་རྫོགས་པའི་ཕྱིར། ཡང་དག་པའི་ས་མ་དྷི་ལ་གོམས་དཔལ་བེའུ་དང་། བསླབ་པ་མཐའ་བཅུ་ཡི་དོན་ལ་རྩོལ་བ་མཐར་ཕྱིན་པས་འཁོར་ལོ་དང་། བདེན་པ་དང་ཆོས་དང་བཟླས་པའི་གསུང་གི་ཡང་དག་པའི་ངག་པདྨ་དང་། དམ་པ་རྣམས་ཀྱི་དེ་ཁོ་ན་ལ་རྟོགས་ཤིང་དཔྱོད་པ་ལ་རྒྱལ་མཚན་དང་། སྒོ་གསུམ་གྱི་སྤྱོད་པ་ལས་མཐའ་ལས་ངེས་པར་འབྱུང་ཞིང་ཉི་མའི་ཚད་པ་སེལ་བ་གདུགས་དང་། མ་ནོར་བའི་ལྟ་བའི་མགུལ་བུམ་པ་དང་། དམ་པའི་ཆོས་སྒྲ་ཉན་ཅིང་འཆད་པ་དང་དུང་དང་། དམ་པའི་ཡོ་བྱད་ལྔ་ལ་ཡུན་རིང་འཚོ་བ་ཉ་སྟེ་བཀྲ་ཤིས་བརྒྱད་པོར་བྱུང་སྟེ། ལས་དང་དབྱིབས་ཀྱི་ཆོས་མཐུན་པར་སྦྱར་རོ། །བཞི་པ་དང་ལྔ་པ་ལ་ཉི་ཤུ་རྩ་གསུམ་དུ་ཕྱེ་བས་བཤད་པའོ། །སྤྱིར་ཉིང་ལག་བདུན་ཅུ་རྩ་གཉིས་ཞི་བའི་རྟོག་པ་བཤད་པ་ནི། དངོས་པོ་གང་གདུལ་བྱ་ལ་སྣང་ན་དེ་དག་སྣང་བས་སྙིང་པོ་བྱང་ཆུབ་ཀྱི་ངང་དུ་མཚན་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཕྱིར། སྐུ་གཅིག་ལའང་སྣང་སྟེ། གཅིག་དང་དུ་མ་ལས་གྲོལ་བར་བསྟན་པས་ཁྲོ་བོ་ཡང་རྗེས་སུ་མཐུན་ནོ། །འཁོར་ལ་སྣང་བ་ནི་སྒྲ་བཞིན་ནོ། །དེ་ནས་ཡང་གསང་བའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ། གང་དུ་རྣམ་པར་བསྒྱུར་བའི་ཆོ་འཕྲུལ་ནི། ཞེས་པ་དག་གང་དེ་ཉིད་ཀྱིས་མི་འདུལ་བའི་གདུལ་བྱའི་ངོ་ལ་སྣང་བའི་ལས་སྔ་ཕྱིར་གྱུར་པའི་ཕྱིར་ཏེ། ལམ་པའི་དབང་དུ་འཛིན་པ་གཞིལ་དཀའ་ལ་ཚན་ཆེ་ཞིང་འཐུག་པའི་ཕྱིར་ཏེ། གྲངས་ནི་རྩ་བའི་དབང་ངོ་། །དེ་ལ་གྲངས་བྱང་བཏབ་པ་དག་ནི་སྒྲ་བཞིན་ནོ། །དེ་ཡང་གསུམ་པ་ཡན་ཆད་ལ་གསུམ་གསུམ། བཞི་པ་ལ་བཅོ་ལྔ། ལྔ་པ་ལ་བཞི། དྲུག་པ་དྲུག །བདུན་པ་ལ་གསུམ། བརྒྱད་པ་ལ་བཅུ་དྲུག །དགུ་པ་ལ་ཉི་ཤུ། བཅུ་པ་ལ་བདུན་ཏེ། འདི་ལ་ཉིང་ལག་བརྒྱད་ཅུ་རྩ་གཅིག་ཡོད་པའི་དབང་དུའོ། །དེ་དག་ཅིའི་ཕྱིར་ཞེ་ན། ཡང་དག་པའི་ས་ལ་སྦྱོར་བའི་ཕྱིར་དང་། ངོ་བོ་མི་ཕྱེད་པའི་ཕྱིར་དང་། ཕྱི་མའི་ངོ་བོ་ཐ་མི་དད་པར་ངེས་པར་ཟིན་པའི་ཕྱིར་དང་། སྐུ་ཕྱག་རྒྱར་སྣང་བའི་ཕྱིར་དང་། བར་དུ་གཅོད་པ་བདུད་འཇོམས་པའི་ཕྱིར་དང་། གང་རྐྱེན་དུ་འཚམས་པས་འདུལ་བའི་ཕྱིར་དང་། ཡོན་ཏན་མཚོན་པར་འབྱུང་བའི་ཕྱིར་དང་། གདུལ་བྱ་མངོན་དུ་སྣང་བའི་ཕྱིར་དང་། མཛད་པ་མི་འགོག་པར་མཛད་པའི་ཕྱིར་དང་། ནང་གི་དོན་ཕྱི་རུ་སྣང་བའི་ཕྱིར་ཏེ། ཕྱོགས་ཙམ་དུ་བསྟན་ཏོ། །དེ་ལས་གྱུར་པ་གྲངས་ཕྲག་གཉིས་པོ་ལ་ངེས་པར་འཛིན་པ་ནི། ལམ་ལྔ་ལ་གནས་པའི་རྣལ་འབྱོར་གཉིས་པ་མན་ཆད་ལ་བསྒྲིབ་པས། དེ་ངོ་ཤེས་པས་བསལ་བའི་ཕྱིར་བསྟན་ཏེ་གདམས་པའང་མཛད་དོ། །དེ་ལ་གྲངས་དང་པོའི་དབང་དུ་དགུ་གང་ཞེ་ན། མིང་གི་རྟོག་པ་དང་། མཚན་མའི་རྟོག་པ་དང་། བརྡའི་རྟོག་པ་དང་། ཞེས་པ་དག་བཅུ་བརྒྱད་ཅུ་དང་དགུ་བཅུའོ། །ཕྲག་དགུ་དབྱེ་ན། དགུ་པོ་རེ་རེ་ལའང་སྔ་མའི་བཅུ་པོ་ཚང་བར་ཡོད་པས་གྲངས་ངེས་སོ། །དགུའི་ངོ་བོ་ནི་མཚན་མ་བསྡུས་པ་དགུ་ཡུལ་དུ་བྱེད་པའི་ཞེན་རྟོག་ངེས་པར་འཛིན་དགུའོ། །བཅོ་བརྒྱད་པ་དང་གཅིག་པ་གང་ཞེ་ན། བཅུ་ཕྲག་བརྒྱད་དང་གཅིག་གི་གྲངས་ངེས་པ་སྟེ། བཤད་པའི་སུམ་ཕྲག་གསུམ་རེ་རེར་བརྩིས་པ་གསུམ་སྟེ། སྦྱོར་ཞེན་དངོས་གཞི་ཡན་ལག་དགུ་དང་བཅས་པ། རྩ་བའི་དབང་དུ་བྱས་པས་ཡན་ལག་མཚོན་པའོ། །བསྐྱེད་པའི་རྟོག་པ་བཅོ་ལྔ་ལ་གཅིག་ཏུ་བརྩིས་པས་བཞི། ཡན་ལག་ཉི་ཤུ་རྩ་བཞིའོ། །རྐྱེན་གྱི་བཞི་གཅིག་ཏུ་བརྩིས་པ་ལྔ་སྟེ་ཡན་ལག་ཉི་ཤུ་རྩ་བརྒྱད་དོ། །ལས་ཀྱི་རྟོག་པ་དྲུག་བསྡོམ་པ་དང་དྲུག་སྟེ་ཡན་ལག་སུམ་ཅུ་རྩ་བཞིའོ། །མཚན་མའི་རྟོག་པ་གསུམ་གཅིག་ཏུ་བྱས་པས། བདུན་ཏེ་ཡན་ལག་སུམ་ཅུ་རྩ་བདུན་ནོ། །མངོན་པའི་རྟོག་པ་ལྔ་གཉིས་དྲུག་སྟེ་བཅུ་དྲུག་བསྡོམ་པས་བརྒྱད་དེ། ཡན་ལག་ལྔ་བཅུ་རྩ་གསུམ་མོ། །སྤྱོད་པའི་རྟོག་པ་བཅུ་ཕྲག་གཉིས་གཅིག་ཏུ་བརྩིས་པ་དང་དགུ་སྟེ་ཡན་ལག་བདུན་ཅུ་རྩ་གསུམ་མོ། །རྟགས་ཀྱི་བདུན་བསྡོམ་པ་རྩ་བ་བཅུ་ལ་ཡན་ལག་བརྒྱད་ཅུའོ། །དེ་རིལ་ལ་ཡང་ངེས་པར་རྟོག་པ་ཡོད་པས་བརྟགས་པའི་ཞེན་པ་གཅིག་སྟེ་བརྒྱད་ཅུ་རྩ་གཅིག་གོ། །འོ་ན་གྲངས་གཉིས་བསྟན་པ་ཅི་དགོས་ཞེ་ན། རྟོག་པ་རྩ་བ་ལས་ཕྱེ་བ་དང་། ཡན་ལག་ལས་ཕྱེ་བ་ངོ་ཤེས་པར་བྱ་བའི་ཕྱིར་བཀོད་དེ། སྤྱིར་བསྡོམ་པ་ཉིས་བརྒྱ་དྲུག་ཅུའོ། །དེ་དག་བརྒྱད་ཅུ་ལས་ཉིང་ལག་གིས་བརྒྱ་ཉི་ཤུ་རྩ་དྲུག་ངོ་ཤེས་པར་བྱ་བའི་ཕྱིར། ལང་ཀའི་བདག་པོ། དེ་ལ་སྦྱོར་བའི་རྟོག་པ་གང་ཞེ་ན། ཞེས་པ་དག་ནི། ཆོས་དབྱིངས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་ཡེ་ཤེས་བའི་ཏིང་ངེ་འཛིན་དང་། རྒྱུའི་ཟུང་ཏིང་ངེ་འཛིན་གྱིས་ལས་དང་མཚན་ཉིད་དེ་འབྲས་བུ་མཐར་ཕྱིན་པ་ལ་ལྷུན་གྱིས་གྲུབ་པར་མངའ་བ་ལ་འཛིན་པའོ། །སྤྱིའི་དབང་དུ་ཞི་གནས་ཆེན་པོ་དང་། ལྷག་མཐོང་དང་། ཟུང་དུ་འབྲེལ་བ་ལ་རྟོག་པའོ། །ལང་ཀའི་བདག་པོ། ཞེན་པའི་རྟོག་པ་གང་ཞེ་ན། ཞེས་པ་དག །སེམས་སྟོང་པ་བདག་མེད་ཁྲོ་བོ་དག་གདུལ་བྱའི་ངོ་བོ་ཉིད་སྤྱོད་ཡུལ་མེད་པ། སེམས་ལས་མ་གཏོགས་པའི་ཆོས་མེད་ངོ་བོ་གང་དུའང་ས་མ་ཟིན་པ། བདག་ལ་རྟོག་པའི་འདུ་ཤེས་བྲལ་དངོས་གཞི་མ་རྙེད་པའི། དོན་མཚན་མ་མེད་པ་དོན་ལ་རྟོགས་པའོ། །ཀང་ཀའི་བདག་པོ། དངོས་གཞི་རྟོག་པ་གང་ཞེ་ན། ཞེས་པ་དག །ཀུན་ཆོས་དབྱིངས་ལས་མ་གཡོས་ཁྲོ་བོ་རིལ་སྙིང་པོ་བྱང་ཆུབ་ལྷུན་གྱིས་གྲུབ་པ་ལས་སྣང་བའི་ཕྱིར་དང་། ཀུན་མཛད་པ་དྲག་པོའི་ཕྲིན་ལས་མཛད་པ་དང་། རིལ་ཤིན་ཏུ་ཁྲོས་པར་ཤེས་རབ་དང་ཐུགས་རྗེ་ཞུགས་པ་ལ་རྟོག་པའོ། །ལང་ཀའི་བདག་པོ། བསྐྱེད་པའི་རྟོག་པ་གང་ཞེ་ན། ཞེས་པ་དག་གཞི་ནི་རྩ་བ་སྟེ། རང་རིག་པའི་ཡེ་ཤེས་ཉིད་ཁྲོ་བོར་གྱུར་པ་དང་། གཞན་དུར་ཁྲོད་ལས་གྱུར་པ་དང་། གདུག་པ་འདུལ་ཕྱིར་གྱུར་པ་དང་། དྲག་པོ་འདུལ་ཐབས་ཀྱིས་ཁྲོ་བོར་གྱུར་པའོ། །ལང་ཀའི་བདག་པོ། གང་གྱུར་པ་ནི་འདི་ལྟ་སྟེ། ཞེས་པ་དག །དེ་ལ་དང་པོ་ལ་བཞི་ནི། ཡེ་ཉིད་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར་ཁྲོ་བོ་ཆོས་དབྱིངས་། དང་ཁྲོ་བོར་མཚན་མ་ངང་གིས་བཅོམ་པས། སྣང་བ་དང་། གདུལ་བྱ་འདུལ་བའི་ཐུགས་རྗེ་དང་སྨོན་ལམ་གྱིས། ཤུགས་ཀྱིས་ཁྲོ་བོར་སྣང་བ་སྟེ། དེ་ཡང་དེ་བཞིན་ཉིད་ཀྱི་ཁྲོ་བོ། ཡེ་ལྡན་པ་འདུ་འཕྲོ་སྣང་བ། དང་། གདུལ་འཕྲོ་བ། བྱ་བ་སྣང་བ་ནི་རུ་དྲ་ལྟ་བུའི། ཆེད་དུ་བྱས་པའི་ཕྱིར་ཏེ། ཡེ་ཤེས་ཀྱི་ཁྲོ་བོ་དང་། ཐུགས་རྗེའི་ཁྲོ་བོའོ། །བཞི་སྟེ་དང་པོའི་སྒྲའོ། །ལང་ཀའི་བདག་པོ་གང་ལ་གྱུར་པ་ནི། ཞེས་པ་དག་བཞི་སྟེ། ཁྲོ་བོ་དེ་ཡང་ཡུལ་དུར་ཁྲོད་རུ་དྲ་གསུམ་ལྟ་བུ་དྲེགས་པ་ཅན་དང་། དུར་ཁྲོད་ཀྱིས་བམ་རིལ་ཐོད་པ་མཁར་གནས་ལས་སྣང་སྟེ། དྲག་པོའི་ལས་ཀྱིས་དུག་གསུམ་སྟེ་ཤ་ཁྲག་རུས་པ་གསུམ། སྒྲོལ་བ་དང་། ཕུང་པོ་དུར་ཁྲོད་ཀྱི་གནས་སུ་བྱས་པའོ། །ཤེས་འབྲས་བུ་ནི་པ་བྱང་ཆུབ་བཀོད་པ་མི་འཁོར་བ་དང་དམ་ལས་བཏགས་པའོ། །སྟེ། རྩ་བ་ནི་སྒྲ་གཉིས་པའི་དོན་ཏོ། །ལང་ཀའི་བདག་པོ། གང་གིས་ཕྱིར་གྱུར་པ་ནི། ཞེས་པ་དག་གཉིས་ཏེ། གདུལ་བྱ་དྲག་པོ་དེ་ལྟ་ངན་སྤྱོད་ཅིང་ཉོན་མོངས་ལ་ཞེ་ན་མཚམས་མེད་པ་བྱེད་པ་དང་། རུ་དྲ་འབྲས་བུ་ཤིན་ཏུ་དྲག་པར་སྐྱེས་པས། བདག་གཞན་གྱིས་སྡུག་བསྔལ་གྱིས་ས་བོན་འདེབས་པར་སྨིན་ཟིན་པ་འདུལ་བའི་དགོས་ཆེད་དུ་སྟེ། གང་གཞིའི་དོན་གྱིས་རྩ་བ་འགྲུབ་བོ། །ལང་ཀའི་བདག་པོ། གང་གིས་གྱུར་པ་ནི། ཞེས་པ་དག་ལྔ་ནི། ཡེ་ཤེས་ཆེན་པོས་བསྐྱེད་པའི་སྙིང་པོ་ཧཱུྃ་ཧ་ཧེ་ཕཊ྄་ཅེས་པའོ། །རྟོག་མཚན་རིལ་སྒྲོལ་བའི་ཐུགས་རྗེ་མངའ་བའི་ཕྱིར་དང་། དུར་ཁྲོད་བྲུབ་ཁང་ལས་གཞལ་ཡས་རྒྱན་དང་ལྡན་པའི་དབང་གིས་སོ། །ཀྱི་གཞལ་ཡས་ཁང་ལས་གྱུར་ཏེ། དཔེར་ན་མེ་དང་ལྷོ་ཕྱོགས་རྩུབ་འགྱུར་ཚལ་ལྟ་བུའོ། །ཐབས་ནི་བདག་ཉིད་ཡབ་ཡུམ་ཆོ་ག་གསུམ་གསལ་ནས་འཁོར་ཡན་ཆད་གསལ། ཐུགས་རྗེའི་ཐབས་ཀྱིས་བསྒྲལ་ལ་མ་ཐོགས་པ་དང་། ཕྲིན་ལས་དྲག་པོ་ཅིར་ཡང་སྣང་བ་མངའ་བ་དང་། དྲག་པོའི་ཕྲིན་ལས་དང་། གནས་སྤར་བས་སྡུག་བསྔལ་ཚར་བཅད་ནས་བདེ་བ་ཡེ་ཤེས་སུ་གྱུར་པ་ལ་སྦྱོར་བའི་བྱེད་པ་སྟེ། གསུམ་པས་ངེས་ཚིག་གྲུབ་བོ། །ལང་ཀའི་བདག་པོ། དེ་ལ་རྐྱེན་གྱི་རྟོག་པ་གང་ཞེ་ན། ཞེས་པ་དག་ལྷའི་བུའི་བདུད་ནི་དྲག་པོ་དང་ལྷ་བརྒྱད་བཏུལ་ནས་གདན་དུ་མཛད་པ་དང་། ཕུང་པོའི་བདུད་དེ་མ་དམིགས་པས། རྒས་རྒུད་མེད་པར་མཛད་པས་ཤེས་རབ་ཀྱི་མཚོན་གྱིས་གདུག་པ་ཅན་གྱི་གདོས་བཅས་ཀྱི་ལུས་བྲལ་བ་དང་། ཉོན་མོངས་པ་བདུད་མ་དམིགས་པར་བཅོམ་པས་ས་བོན་མེད་པའི་ཕྱིར། དུག་གསུམ་ཟད་པས་ཤ་རུས་ཁྲག་ཟོས་འཆོས་འཐུང་བ་དང་། སྐྱེ་ཤི་མི་མངའ་བས་ན་འཆི་བདག་བཅོམ་པས་ཤེས་པ་ཟག་མེད་ས་ལ་བཀོད་པ་ལ་རྟོག་པའོ། །ལས་ཀྱི་རྟོག་པ་གང་ཞེ་ན། ཞེས་པ་དག་དབང་ཕྱུག་དུག་ལྔ་དབང་སྡུད་སྦྲུལ་ཐོད་ཆེན་པོའི་ཡོན་ཏན་བརྙེས་པའི་ཕྱིར་དང་། བདག་གཞན་གྱི་དཔལ་མངའ་བའི་ཕྱིར་དཔའ་བས་འཇིགས་ཤིང་ཉམ་ང་བ་མེད་པའི་རྟགས་ལ། དང་། མཚན་སྐུ་མཐའ་ཡས་དང་དཔེ་བྱད་ཀྱི་སྐུ་མཆོག་མངའ་བའི་རྟགས་འཁོར་ལོ་དང་། རིལ་དུ་གྲགས་ཆོས་ཀྱི་ཕུང་པོ་གྲགས་པ་མཐའ་ཡས་པའི་རྟགས། པ་ཕུན་སུམ་ཚོགས་པ་མངའ་བ་དང་། ཅིས་ཀྱང་ལས་ཉོན་གྱི་དྲྭ་བ་གཅོད་པ་ལ་ཐོགས་པ་མེད་པ་རལ་གྲི། མ་གོས་པའི་ཡེ་ཤེས་མངའ་བ་དང་། དུག་གསུམ་རྒྱུན་མ་ཆད་པའི་གདུལ་བྱ་ཆུད་མ་གསོན་པའི། བརྩོན་འགྲུས་ཆེན་པོའི་གོ་ཆ་མངའ་བའི་ལས་དུས་གཅིག་གྲུབ་པའི་རྒྱ་གྲམ་ཕྱིར་རོ། །ལང་ཀའི་བདག་པོ། མཚན་མའི་རྟོག་པ་གང་ཞེ་ན། ཞེས་པ་དག་རྩ་བ་གསུམ་ནི། ན་བཟའ་རྒྱན་གྱི་ལུང་རྣམས་དོན་གྱི་ངོ་བོ་ལས་མི་འདའ་བ་དང་། ཡན་ལག་རྟགས་ཀྱི་ལུང་། འགྲོ་བའི་དོན་གྱི་མཛད་པ་དང་། ཆེ་བ་ཡོན་ཏན་གྱི་ལུང་། མཆོག་ཏུ་འཕགས་པའི་ཕྱིར་རོ། །ལང་ཀའི་བདག་པོ། དེ་ལ་མི་འདའ་བ་གང་ཞེ་ན། འདི་ལྟ་སྟེ། གདུལ་བྱ་ལས་མི་འདའ་བ་དང་། ཞེས་པ་དག་དང་པོ་བཅུ་གཅིག་འཆད་དེ། ཐུགས་རྗེ་ཆེན་པོ་ལྷུན་གྱིས་གྲུབ་པས་དུས་གསུམ་དུ་གདུལ་བྱ་མི་དོར་བའི་ཕྱིར། གླང་པོའི་ཀོ་རློན་དང་། ཁྲོ་བོའི་རང་བཞིན་དུ་དཔའ་བ་དང་། ཐུགས་ཀྱིས་གཉིས་མེད་དུ་མཁྱེན་པས་མཐའ་རིལ་འཇོམས་པའི་ཕྱིར་སྟག་གི་ཤམ་ཐབས་དང་། ལུང་བསྟན་ལས་ཟབ་མོ་ཡུམ་གྱི་རྟགས་སྦྲུལ་བཞི་སྦྲུལ་གྱི་རྟོགས་པས་ཉོན་མོངས་པ་ལ་སྤྱོད་པའི་རྟགས། ཆུན་པོའི་ཆས་བརྒྱད་དོ། །དུག་གསུམ་སྐུ་གསུམ་དུ་ཐབས་ཀྱི་དབང་བསྒྱུར་བས་ཐོད་ཕྲེང་ཐབས་མཆོག་དཔག་གིས་མི་ལངས་པས་འཁོར་བའི་དབྱིངས་ཕྱུང་བ་དང་། སྔོན་གྱི་གོ་ཆས་གདུལ་བྱ་མི་དོར་བའི་ཕྱིར་ན་ཐོད་པ་ཚར་གསུམ་དང་ཞིང་གི་གཡང་འཁོར་བ་སྒྲོལ་བར་དམ་བཅས་པའི་རྟགས་ཞིང་ལྤགས་གཞི་མནབས་པའོ། །ཐུགས་རྗེ་དང་ཤེས་རབ་ཀྱིས་ཆེན་པོའི་འཁོར་འདས་ལ། ཆགས་པ་མི་ཕྱེད་པ་རཀྟ་དང་། ཆོས་མཉམ་པའི་དྲི་མ་ཟུག་དེ་ཁོ་ནའི་བཅུད་རླན་པ་རྔུ་བྲལ་བར་མཁྱེན་པའི་ཕྱིར་རཀྟའི་ཐིག་ལེ་དང་། ཞག་གི་ཟོ་རིས་སྨིན་མཚམས་དང་སྐྲ་མཚམས་སུ་བརྒྱན་ཏེ། སྐུ་གསུམ་གྱིས་དུག་གསུམ་འཇོམས་པའི་ལས་མངའ་བས་ཐལ་བ་མཛད་པས་འགྲོ་བ་སྒྲོལ་བས་ཐལ་ཆེན་མཚན་མ། དེ་དག་ནི་ཐུན་མོང་ཡེ་ཤེས་རང་སྣང་གི་རྒྱན་བརྒྱད་དོ། །ཡེ་ཤེས་ལས་མི་འདའ་བ་དང་། ཞེས་པ་དག་ཡེ་ཤེས་ཀྱི་མཐའ་བྲལ་བའི་མཚན་མ་བསྲེགས་པས་མེ་ཀློང་ན་བཞུགས་པ་དང་། དགོངས་པའི་ཆོས་ཉིད་ཀུན་ཏུ་མ་འདྲེས་པའི་སྤྲུལ་པ་འཕྲོ་བས་རལ་པ་ཁྱབ་པ་དང་། དགོངས་པའི་དོན་ཤིན་ཏུ་དེ་ཁོ་ན་ཉིད་འགྱུར་བ་མེད་པར་སྐུ་མདོག་གསལ་བའི་ཕྱིར། མེ་དཔུང་འབར་བ་དང་། རལ་པ་གཏིབས་པ་དང་སྐུ་མདོག་གོ། །ལང་ཀའི་བདག་པོ། རོལ་པ་གང་ཟེ་ན། འདི་ལྟ་སྟེ། ཅེས་པ་རང་གི་དོན་གྱི་ངོ་བོ་ཡོངས་སུ་ལྷུན་གྱིས་གྲུབ་པ་དང་། དེ་དག་གཞན་དོན་སོ་སོའི་ཕྲིན་ལས་བསྟན་པའི་ཕྱིར་རོ། །གྲུབ་པ་གང་ཞེ་ན། འདི་ལྟ་སྟེ། མ་སྐྱེས་པ་དང་། མ་རྨོངས་པ་དང་། ཞེས་པ་ལ་སོགས་པ། དུག་གསུམ་མ་སྐྱེས་པར་གསལ་བའི་དབུ་གསུམ་དངོས་གཞི་ཡོངས་སུ་མ་ཟིན་པའི་ཡེ་ཤེས་རིལ་གྱི་བླ་གྱུར་པའི་ཕྱིར་དབུར་གྲུབ་དང་། མཐོ་དམན་ཐེག་པའི་བྱེ་བྲག་དགུ་མ་འདྲེས་པར་གཟིགས་པའི་སྤྱན་དགུ་གཟུགས་སྣང་ཡུལ་མེད་པར་མ་འདྲེས་གསལ་བ་ཆུ་དང་གཟའ་སྐར་ལྟ་བུ་སྤྱན་དང་། ཐུགས་ཏིང་འཛིན་གསུམ་ལས་མི་ཡེངས་པ་ཤངས། འགྲོ་འོང་འབྱུང་འཇུག་དུས་གསུམ་བྲལ་བའི་ཕྱིར་ཤངས། དབུ་དང་སྤྱན་དང་ཤངས་ཏེ། གྲལ་དང་ལས་དང་དབྱིབས་ཀྱིས་བཞག་པའོ། །ངོ་བོ་མ་བསྒྲིབས་ཐམས་ཅད་མི་གསན་པ་མི་མངའ་བ་པར་བརྗོད་པ་རིལ་མ་གསན་པར་གསལ་བའི་ངོ་བོར་བཞུགས་པ་སྙན་དང་། རྣམ་ཐར་གསུམ་གྱིས་ཅི་ལ་རོལ་པ་ཞེན་ཆགས་མི་མངའ་བ་ཞལ་དང་། ཡེ་ཤེས་ཐེག་པ་ཀུན་ལ་པས་མི་ཤེས་མདུད་པས་མ་བསྡམས་པ་སྟེ་བརྗོད་པ་ལྗགས་དང་། ལས་བཞི་དུས་གཅིག་གྲུབ་པ་ཚིགས་ཆེད་དུ་མ་མི་སྦྱོར་བར་མཛད་པའི་ཕྱིར། སྙན་དང་ཞལ་དང་ལྗགས་དང་མཆེ་བར་བྱུང་བའོ། །ཕྲིན་ལས་གང་ལའང་ཐོགས་པ་མེད་པའི་ཡེ་ཤེས་ཆེན་པོ་ལ་སྐད་ཅིག་ཙམ་ལ་མཛད་པ་དང་། ཡོན་ཏན་མང་པོ་འདུས་པ་རིགས་དྲུག་གི་དོན་རྫོགས་པར་མཛད་པ་དང་། བགྲོད་པ་ཐམས་ཅད་ཆོས་དབྱིངས་སུ་གསལ་བས་མེད་པར་ས་ནོན་པའི་ཕྱིར། ཕྱག་དང་། ཕྱག་མཚན་དང་། ཞབས་སུ་གྲུབ་བོ། །ལང་ཀའི་བདག་པོ། མཛད་པ་གང་ཞེ་ན། འདི་ལྟ་སྟེ། གདུལ་བྱ་གཟིགས་པར་མཛད་པ་དང་། ཞེས་པ་ལ་སོགས་པ་གདུལ་བྱ་ཆེད་དུ་མ་བལྟས་གཟིགས་པ་སྤྱན་དང་། སྤྲུལ་པའི་འབྱུང་གནས་སུ་གྱུར་པས་འཕྲོ་བ་ཤངས་དང་། ཐུགས་དམ་བསྐུལ་ཞིང་གསོལ་བ་རིལ་དངོས་གྲུབ་སྣང་བར་མཛད་པ་སྙན་དང་། འགྲོ་བའི་མགོན་སྐྱབས་མཛད་པ་ནི། དབུ་སྤྱན་ཤངས་སྙན་དབུའི་ཕྲིན་ལས་སོ། །དུག་གསུམ་ཟད་པར་མཛད་པས་ཤ་རུས་ཁྲག་ལ་རོལ་པ་ཞལ་དང་། གསང་སྔགས་སྟོན་པར་མཛད་པ་ལྗགས་དང་། མངའ་དང་དྲོད་གཤེར་སྒོ་ང་བརྫུས་ནས་སྐྱེ་བའི་ས་བོན་འཇོམས་པའི་ཕྱིར། མཆེ་བ་ཞལ་དང་ལྗགས་དང་མཆེ་བ་བཞིའི་ཕྲིན་ལས་སོ། །འགྲོ་དྲུག་གནས་ནས་སྒྲོལ་བ་ཕྱག་དང་། མཐའ་དྲུག་འབྲས་བུས་ཡེ་ཤེས་དྲུག་དང་འབྲས་བུ་དྲུག་ལྷུན་གྱིས་རྫོགས་པར་མཛད་པ་ཕྱག་མཚན་དང་། ཕྲིན་ལས་བཞིས་འགྲོ་བ་སྒྲོལ་བར་མཛད་པ་ནི། ཞབས་ཐ་མ་ཕྱག་དང་ཕྱག་མཚན་ཞབས་གསུམ་གྱི་ཕྲིན་ལས་སོ། །ལང་ཀའི་བདག་པོ། ཆེ་བ་གང་ཞེ་ན། འདི་ལྟ་སྟེ། གཉེན་པོ་མེད་པའི་ཆེ་བ་དང་། འགྲན་ཟླ་མེད་པའི་ཆེ་བ་དང་། ཞེས་པ་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་མངའ་བའི་ཕྱིར་ཏེ། གཉིས་མེད་ཀྱི་ཡེ་ཤེས་ཆེན་པོ་མངའ་བའི་གཉེན་པ་དང་བྲལ་བ་རྡོ་རྗེ་ཕྱིར་དང་། མཉམ་པའི་ངང་ལ་སྡུག་བསྔལ་མ་སྤངས་བྲལ་བའི་བཟོད་པ་ཆེན་པོ་མངའ་བས་དོན་བྱེད་པའི་ཕྱིར་ཐུགས་རྗེ་ཡེ་ཤེས་ཀྱིས་འཕགས་པ་དུང་ཁྲག་དང་། སྟོང་གསུམ་དུག་གསུམ་ཡོངས་སྒྲོལ་གྱི་སྟོབས་མཆོག་ཆེ་བ་མངའ་བའི་ཕྱིར་དུག་གསུམ་ལྷ་བདུད་འཇོམས་པའི་ཁ་ཊྭཱྃ་དང་། ཡོན་ཏན་བདག་ལ་རྫོགས་པས་སྨིན་གནས་མཐར་ཕྱིན་པའི་ཕྱིར་གང་ལའང་རག་མ་ལུས་པ་དྲེགས་པ་ཅན་བྲན་དུ་འཁོལ་བའི་ཞིང་གི་གཡབ་མོ་དང་། ཐབས་མཆོག་དཔག་གི་མི་ལང་བའི་མཛད་པའི་བྱིན་རླབས་ཀྱིས་ཐོང་གཤོལ་གྱིས་གདུག་པ་འདུལ་བ་ཉོན་མོངས་པའི་ཐ་བ་འདུལ་བ་དང་། གསང་སྔགས་ཇི་བཞིན་པ་དེ་ཁོ་ན་ཉིད་དུ་འཛིན་པ་དང་ཡང་བྲལ་བས། མི་དམིགས་པའི་ཤེས་རབ་ཆེན་པོས་རྨད་དུ་བྱུང་བའི་ཐེག་པ་གཞན་ལའང་སྒྲོགས་པ་ཕ་རོལ་ཤེས་རབ་སྐྱེས་པའི་རྔ་དང་། དུས་གསུམ་དུ་འདའ་ཉམས་བྲལ་བས་ཕམ་ལྟུང་གིས་མི་གོས་ཚུལ་ཁྲིམས་ཆེན་པོ་མངའ་བ་འཁོར་བའི་དཔུང་གིས་མི་འཇིགས་པའི་པདྨ་དང་། སྙིང་པོ་བྱང་ཆུབ་ལྷུན་གྱིས་རྫོགས་པའི་ངང་ལས་དུས་གསུམ་དུ་མི་གཡོ་བ་ཆེན་པོའི་བསམ་གཏན་མངའ་བ་དང་། དབང་བཅུ་ཐོབ་པས་ཙཀྲ་བྱ་བྱེད་བྲལ་བས་ཡེངས་པ་མེད་པའི་བརྩོན་འགྲུས་ཀྱི་གོ་མཚོན་གྱིས། འཁོར་བའི་ལེ་ལོའི་སྐྱོན་གྱི་དགྲ་དཔུང་གཏན་ནས་འཇོམས་པ་ཡེ་ཤེས་ཐུགས་རྗེས་མཐའ་གཉིས་གཅོད་པའི་རལ་གྲི་དང་། ནུབ་ཅིང་ཟད་པ་མེད་པ་གང་ལའང་མ་ཆགས་ཐམས་ཅད་ཁྱབ་པའི་སྦྱིན་པའི་ཡོན་ཏན་ཆེན་པོ་འཕེལ་འགྲིབ་དང་བྲལ་བ་མངའ་བའི་ཕྱིར། མི་ཟད་པ་ལྡན་རིན་པོ་ཆེ། གཡས་དང་རྡོ་རྗེ་དང་། གཡོན་དང་བྷནྡྷ་དང་། གཡོན་བར་ཁ་ཊྭཱྃ་ག་དང་། གཡས་བར་ཞིང་ཆེན་དང་། གཡས་མཐའ་ཐོང་གཤོལ་དང་། གཡོན་མཐའ་རྔ་དང་། པདྨ་ཧེ་པདྨ་དང་། བུདྡྷ་ཧེ་འཁོར་ལོ་དང་། ཀརྨ་རལ་གྲི་དང་། རཏྣ་རིན་པོ་ཆེ་རྣམས་རིམ་པ་བཞིན་བསྣམས་པའོ། །ལང་ཀའི་བདག་པོ། མངོན་པར་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། ཞེས་པའང་སྒྲ་བཞིན་ཏེ་རྩ་བའི་ངེས་ཚིག་ཡན་ལག་གིས་འགྲུབ། དེ་བཞི་ལའང་བཅུ་དྲུག་ཏུ་འགྱུར་ཏེ། གང་ཞེ་ན། འདི་ལྟ་སྟེ། ཅིར་ཡང་སྣང་བ་རི་བོ་ལྟ་བུའི་ཚུལ་དང་། ཞེས་པ་ལ་སོགས་པ་རྒྱལ་བའི་སྐུ་གདུལ་བྱའི་བསམ་པ་བཞིན་སྣང་བ་ནི། རི་རབ་ཕྱོགས་བཞི་ཁ་དོག་སོ་སོར་སྣང་བ་བཞིན་དུ་བསྟན་པ་དང་། མཚན་ཉིད་མ་ངེས་པས་གཅིག་དུ་མ་བྲལ་བའི་ཚུ ལ་གྱིས་སྣང་བའི་དཔེ་གར་མཁན་ལྟ་བུ་དང་། ཐམས་ཅད་ལས་ཆེ་བཙན་གཅིག་པུར་བྱུང་བས་ལྷ་ཆེན་གཙོ་བོ་དག་མནན་པ་དང་། བདུད་དཔུང་གིས་མི་བརྫི་ཞིང་དེ་ཉིད་འཇོམས་པས་ཞབས་འགྱིང་བའོ། །དེ་ནི་སྐུའི་རྔམ་དུ་འགྱུར་རོ། །གང་དུ་རྡུབ་པ་ཞལ་གྱི་ཚུལ་དང་། ཞེས་པ་ཧོམ་ལྔ་འབྲེལ་བའི་ཞལ་དུ་རིལ་གསོལ་བ་དང་། གསུང་སྒྲས་ཅིར་ཡང་འགྱུར་བའི་ལྗགས་དང་། སྐྱེ་ཤི་རྩ་བ་གཅོད་པའི་ཚེམས་དང་། གདུལ་བྱའི་བློ་ལ་གསལ་བར་སྟོན་པའི་གསུང་སྟེ་གསུང་གི་རྔམ་བཞིའོ། །དགོངས་པ་ནམ་མཁའི་སྐར་ཚོགས་ལྟ་བུའི་ཚུལ་དང་། ཞེས་པ་དག་ནི་རིལ་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བ་དང་། དགོངས་པ་མི་གཡོ་བའི་གང་ལས་འགྲོ་དོན་མཛད་པ་མི་འགག་པ་རྒྱ་མཚོའི་རླབས་ལྟ་བུ་དང་། སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་རིལ་གྱི་འབྱུང་གནས་སུ་སྣང་བས་རྫོགས་པ་དཔེ་ས་གཞི་ལ་རྩི་འཁྲུངས་ལྟ་བུ་དང་། ཐུགས་རྗེ་ཆེན་པོས་རིལ་ཟིན་པས་རྒྱུན་མེད་པ་གར་གྱི་ཕྲེང་བ་ལྟ་བུ་སྟེ་ཐུགས་ཀྱི་རྔོམ་མོ། །མཐུའི་རྔམ་བསྟན་པའི་ཕྱིར། གནས་ཀྱི་ཁྱད་པར་འབྱུང་ཞིང་སྡུད་པ་དུར་ཁྲོད་ལྟ་བུའི་ཚུལ་དང་། ཞེས་པ་རྣམས་རུ་དྲ་དྲེགས་པ་བཅོམ་པའི་གནས་སྤྲུལ་པ་དང་། ཡོན་ཏན་འདུས་ཤིང་འབྱུང་བ་དུར་ཁྲོད་ལྟ་བུ་དང་། དྲེགས་པ་ལྷ་ཆེན་གདན་དུ་མཛད་པས་རྒྱལ་པོ་བཙོན་དུ་བཟུང་བ་ལྟ་བུར་གཞན་སྤ་བཀོང་བ་དང་། ཁམས་གསུམ་བསྒྲལ་བའི་ཞིང་དུ་སངས་རྒྱས་ཀྱི་ས་ལ་བཀོད་པ་དང་། མཛད་སྤྱོད་ཅི་ལའང་ཆིག་ཆོད་དུ་གྲུབ་པས་སླར་གནོན་བྱ་མི་དགོས་པའོ། །ལང་ཀའི་བདག་པོ། སྤྱོད་པའི་རྟོག་པ་གང་ཞེ་ན། ཞེས་པ་ལ་སོགས་པ་བརྗིད་ཉི་ཤུ་རྩ་ལྔ་དཔེ་འདིས་མཚོན་པ་སྒྲ་བཞན་ནོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐུ་ཆེ་ཡན་ལག་རགས་པའི་གཟི་བརྗིད་དང་། གྲངས་མང་རྐྱེན་དང་འཚམས་པའི་གཟི་བརྗིད་དང་། ཞེས་པ་ལ་སོགས་པ་ཆོས་སྐུ་མཉམ་པས་ཆེ་ཆུང་ཐུགས་རྗེ་མཉམ་པས་རགས་ཚད་མེད་པ་དང་། སྐུ་ཇི་སྙེད་དུ་སྣང་བའི་ཡོན་ཏན་མངའ་བས་གདུལ་བྱ་གང་ལ་གང་འཚམས་པས་འདུལ་བ་དང་། འཇིག་རྟེན་པ་དང་ས་པས་གཙོ་མཆོག་ཚོགས་ཀྱི་བདག་པོར་ལྟ་བ་དང་། ཟླ་མེད་པས་གདུལ་བྱའི་བསམ་པ་དང་མཐུན་པའོ། །གསུང་གི་བརྗིད་གང་ཞེ་ན། གདུལ་བྱའི་གནས་རིལ་དུ་སྐད་ཅིག་ལ་ཁྱབ་པ་དང་། འཁོར་གྱི་བསམ་པའི་གེགས་ཇི་སྙེད་རེ་མོས་པ་མེད་པར་སེལ་བ་དང་། འཁོར་རྣམས་གཅིག་ཀྱང་ང་ཁོ་ན་དགོངས་ཤིང་ཆོས་སྟོན་སྙམ་པ་དང་། ཡོན་ཏན་གྱི་ཕུང་པོར་སྣང་བའོ། །ཐུགས་ཀྱི་བརྗིད་གང་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་མ་སྤངས་པར་རེ་དོགས་བྲལ་བ་དང་། གཉིས་མེད་ལ་གང་གིས་ཀྱང་མ་བསྒྲིབས་པས་མཐའ་རྣམས་ངང་གིས་དག་པ་དང་། མི་གཡོ་མི་འགོག་པས་འགྲོ་བ་བསྒྲལ་བའི་ཐུགས་དམ་ཆེན་པོའི་བདག་ཉིད་དང་། ཐབས་སྨིན་དཔེར་ཐམས་ཅད་ཡང་དྲྭ་བ། མ་འདྲེས་པར་མཁྱེན་པའོ། །ཡོན་ཏན་གྱི་བརྗིད་གང་སྙམ་པ་ལ། མེད་པ་ཟད་མི་ཤེས་པའི་གཟི་བརྗིད་དང་། ཞེས་པ་ལ་སོགས་པ་ངོ་བོ་འདི་འདྲར་མ་གྲུབ་པས་དངོས་གྲུབ་འགྲིབ་པ་མེད་པར་འབྱུང་བ་དང་། ངོ་བོ་གཅིག་ལ་ལྷུན་གྱིས་གྲུབ་པའི་བྱིན་རླབས་རིན་པོ་ཆེ་ལྟ་བུར་འབྱུང་བ་དང་། བསྒྲལ་གནས་ལ་སོགས་པའི་མཛད་པ་ཡང་སྨན་ཆེན་པོ་ཉིད་དུ་འགྱུར་བ་དང་། མཛད་སྤྱོད་གང་ལའང་ས་བོན་དུ་གྱུར་པ་མེད་པ་པདྨ་བཞིན་ནོ། །ཕྲིན་ལས་ཀྱི་བརྗིད་ཇི་ལྟ་བུ་ཞེ་ན། བདུད་དཔུང་གི་བག་ཚ་བ་མེད་པའི་གདེང་མངའ་བས་མཛད་པ་དང་། འཁོར་བ་ཐོག་མཐའ་མེད་པར་དོན་མཛད་པ་ལ་ངལ་དུབ་མི་མངའ་བ་དང་། འགྲོ་མགོན་དུས་རྒྱུན་ཆད་མེད་པར་མཛད་པ་དང་། འགྲོ་བ་བསྒྲལ་བར་དགོངས་པ་མཐར་ཕྱིན་པའོ། །དེས་ཀུན་འདུས་ཀྱི་ལེའུ་དང་པོ་བཤད་ཅིང་འགྲེལ་བ་ནི། རྟོགས་པའི་རི་བོ་དང་མཚུངས་སོ། །ལང་ཀའི་བདག་པོ། རྟགས་ཀྱི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་རྩ་བ་བདུན་ནོ། །ཆོས་ཀྱི་མངའ་བདག་ཆེན་པོ་དབང་བཅུ་བརྙེས་པས་ཆོས་ཀྱི་འཁོར་ལོ་བཅུ་བསྐོར་བ་ལ། ཐེ་ཚོམ་གྱི་བསྙེངས་པ་མི་མངའ་བའི་ཡོན་ཏན་སྣང་ཞིང་མཚོན་པའི་ཕྱིར་མིང་འགྲུབ་འཁོར་ལོ་བོ། །ཐབས་དང་ཤེས་རབ་ཀྱི་བདེ་བ་ཉམས་བག་ཕྱག་རྒྱ་བཞི་ལ་རོལ་པའི་རྒྱུན་མེད་པའི་ཡོན་ཏན་སྣང་ཞིང་མཚོན་པའི་ཕྱིར་བཙུན་མོ་དང་། གར་དགུས་བདུད་བཞིའི་དཔུང་གིས་མི་ཐུབ་པའི་ཕྱིར་དམག་དཔོན་དང་། འཁོར་བའི་དུས་ཐོག་མཐའ་མེད་པར་ཚད་མེད་བཞིས་དོན་འགྲུབ་པ་ཁྱིམ་བདག་དང་། ཐུན་མོང་མ་ཡིན་པའི་སྟོབས་མཆོག་བཅུ་མངའ་བས་མི་མཐུན་པའི་ཕྱོགས་མི་ལྡང་བར་མཛད་པ་གླང་པོ་དང་། སྐད་ཅིག་མ་ལའང་ཐབས་ཁྱད་པར་ཅན་གྱི་རྫུ་འཕྲུལ་བཞིས་ས་ནོན་པའི་རྟགས་རྟ་མཆོག་དང་། ཡོན་ཏན་འཕེལ་འགྲིབ་མི་མངའ་བར་སྣང་ཞིང་མཚོན་པའི་ཕྱིར་ནོར་བུ་དང་། འཁོར་ལོ་རིན་པོ་ཆེ་དང་། བཙུན་མོ་དང་། དམག་དཔོན་དང་། ཁྱིམ་བདག་དང་། གླང་པོ་དང་། རྟ་དང་། ནོར་བུ་རིན་པོ་ཆེ་མངའ་བའོ། །དེ་དག་ཡན་ལག་གིས་དབང་དུ་རྒྱས་པར་བསྟན་པ་ནི། གང་ཞེ་ན། ལང་ཀའི་བདག་པོ། དེ་ལ་མངའ་དབང་ཆེན་པོ་བརྙེས་པའི་རྟགས་ནི། འདི་ལྟ་སྟེ། གང་དབང་བཅུ་ཡོངས་སུ་རྫོགས་པའི། ཞེས་པ་ལ་སོགས་པ་གང་རྨད་དུ་བྱུང་བའི་དབང་བཅུ་ནི། ལྷུན་གྱིས་རྫོགས་པའི་ཡོན་ཏན་སྣང་བ་སྟེ། དེ་ལ་མན་ངག་གི་ཚིགས་སུ་ན། སྐྱེ་བཞི་སྐུར་སྟོན་སྐྱེ་བཞི་སྒྲོལ་མཛད་པ། །ལྷ་མི་སྡིག་སྤྲུལ་སྐྱེ་བ་བཞི་རུ་བསྟན། །ཡོ་བྱད་འདོད་པའི་ཡོན་ཏན་ལྔ་དང་ནི། །རྟོག་པ་གཞོམ་ཕྱིར་སྨན་ལྔ་དང་ལེན་རོལ། །ཇི་ལྟར་མོས་བཞིན་ཚུལ་དགུའི་གཟུགས་སྟོན་པ། །གར་དབང་ཐབས་ཀྱི་ཚུལ་དགུས་འཇོམས་པར་མཛད། །རྫུ་འཕྲུལ་བ་སྤུའི་དབྱིངས་ནས་ཕྲ་མེན་འཕྲོ། །ལུས་ནི་ཅིར་བརྫུ་སེམས་ནི་ཆོ་འཕྲུལ་སྟོན། །གད་རྒྱངས་གདངས་ངར་སྣ་ཚོགས་ཕྱོགས་བཅུར་སྒྲོགས། །མཆེ་བས་ཟིལ་གནོན་ཆོས་རྣམས་ཐ་དད་སྟོན། །ཤེས་རབ་ཐབས་ལྡན་སྤྱན་གྱིས་དབུ་མའི་ངང་། །དབྱིངས་ལས་མི་གཡོ་ཅིར་ཡང་ས་ལེར་མཁྱེན། །སེམས་ཀྱི་བྱེ་བྲག་ཏིང་འཛིན་ས་ཡ་འཕྲོག །བསམ་གྱིས་མི་ཁྱབ་བཞི་ལ་རོལ་པ་མཛད། །རྡོ་རྗེ་སྡེར་མོ་པགས་པ་སྤུ་ཕྲེང་བརྒྱན། །འཁོར་བ་ཇི་སྲིད་བཞུགས་པའི་ཚེ་ལ་དབང་། །ལྟ་བ་རྣམ་བཞི་སྤྱན་ཟུར་གྱིས་བསྐུལ་བས། །ཕྲ་མེན་བཞི་འཕྲོ་ཕྱོགས་བཞི་ལས་བཞི་མཛད། །སྨོན་ལམ་དབང་གིས་དྲག་པོའི་སྐུར་སྟོན་ཅིང་། །དུས་མཐའི་བསྐལ་པ་བཞིན་དུ་བཤོལ་དུ་མེད། །ཅེས་བྱའོ། །ལང་ཀའི་བདག་པོ། ཉམས་བག་ཆེན་པོར་རོལ་པའི་ཞེས་པ་དག །མ་ཆགས་རྡོ་རྗེའི་གཟུངས་ཀྱི་ཡུམ་གྱིས་འཁྱུད། །ཞི་གནས་ཏིང་འཛིན་མི་གཡོ་ཡུམ་གྱིས་སྦྱོར། །ལྷག་མཐོང་ཡེ་ཤེས་ཡུམ་གྱིས་གཉིས་མེད་འབེབས། །ཐོགས་མེད་ཤུགས་འཆང་དངོས་གྲུབ་ཡུམ་གྱིས་བསྐྱོད། །ཅེས་བྱའོ། །ལང་ཀའི་བདག་པོ། གང་གི་དཔུང་གིས་མི་བསྙེངས་པའི་རྟགས་ནི། ཞེས་པ་ལ་སོགས་པ་ཚུལ་དགུ་སྟེ། དུར་ཁྲོད་རྒྱན་དང་ཆ་ལུགས་ལྡན་པས་སྒེག །བདུད་བཞི་དཔུང་བཅོམ་བག་ཚ་མེད་པས་དཔའ། །ཞལ་དབུས་མཐིང་རྔམ་ཤིན་ཏུ་འཇིགས། །ཞལ་གཡོན་དམར་གདངས་གདུག་པ་གཤེ། །ཞལ་གཡས་དཀར་བཞད་ཐེག་ཆེན་སྒྲོགས། །འགྲོ་དྲུག་ཐུགས་རྗེས་མི་གཏོང་སྙིང་རྗེར་ལྡན། །དུག་གསུམ་ཞལ་དུ་གསོལ་བས་བདུད་ལ་རྔམ། །སྐུ་གསུང་ལས་ལྔ་རྫོགས་པས་ཡ་མཚན་ཆེ། །དགོངས་པ་ཆོས་ཉིད་ཀློང་ཆེན་ཤིན་ཏུ་ཞི། །ཞེས་བྱའོ། །ལང་ཀའི་བདག་པོ། །ཡུན་གྱི་དོན་སྲིད་བརྙེས་པའི་རྟགས་ནི། ཞེས་པ་ལ་སོགས་པ། ཁྲོ་གཏུམ་ཚད་མེད་བྱམས་པར་སྣང་། །གསོད་ཆེན་སྙིང་རྗེའི་མཚན་ཉིད་དེ། །བསྒྲལ་ཞིང་བསྟབ་པས་དགའ་བའི་མཆོག །ཡལ་བར་མི་འདོར་བཏང་སྙོམས་སོ། །ཞེས་བྱའོ། །ལང་ཀའི་བདག་པོ། སྟོབས་ཀྱིས་གཞན་གང་གནོན་པའི་རྟགས་ནི། ཞེས་པ་ལ་སོགས་པ། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་དྲེགས་པ་སྒྲོལ། །ཆོས་ཉིད་སྟོབས་ཀྱིས་ཅིར་ཡང་སྣང་བའི་མདོག །སྤངས་ལེན་མེད་པར་བརླང་པོའི་རྫས་ལ་རོལ། །གྲུབ་པའི་སྟོབས་ཀྱིས་བདུད་རྩི་དངོས་གྲུབ་རྒྱུ། །མ་སྤངས་སྟོབས་ཀྱིས་གདོས་བཅས་སྐུ་ལ་བརྒྱན། །མ་གཡོས་སྟོབས་ནི་དོན་མཐུན་གྲོལ་བའི་རྒྱན། །སྨོན་ལམ་ཆེན་པོས་བསྐལ་པ་ཡོངས་སྒྲོལ་མཛད། །སྤྲུལ་པའི་མགོ་བརྙན་འགྲོང་འོང་མེད་པར་འགྲོ། །ཐམས་ཅད་ཟིན་པས་ལོག་ལྟ་སྤོང་མི་བྱེད། །ཆགས་པའི་སྟོབས་ནི་ཡུན་ཆགས་སྤྱན་དམར་བཟློག །ཞེས་བྱའོ། །ལང་ཀའི་བདག་པོ། རྫུ་འཕྲུལ་གྱིས་མི་གནས་པར་བསྐྱོད་པའི་རྟགས་ནི། གང་ཞེ་ན། ཞེས་པ་ལ་སོགས་པ། ཆོས་ཉིད་རྫུ་འཕྲུལ་མི་སྤོངས་ཡོངས་རྫོགས་པས། །མཁའ་ལ་འཇའ་ཚོན་བཞིན་དུ་རྣམ་པར་བཀྲ། །ཡེ་ཤེས་མཚན་ཉིད་མ་བསྒྲིབས་དག་པའི་ཕྱིར། །མཁའ་ལ་ཉི་ཤར་འདྲ་སྟེ་གསལ་ལ་སྟོང་། །ཐུགས་རྗེ་མི་གཡོ་ཀུན་ལ་ཁྱབ་པས་ན། །མཁའ་ལ་མཉམ་པའི་སྤྲིན་ཕུང་བཞིན་དུ་བདལ། །སྤྲུལ་པ་འགྲོ་འོང་མེད་པར་འཚམས་པས་འདུལ། །རོ་གཅིག་ཆར་བབ་སྣོད་ཀྱི་བྱེ་བྲག་ཕྱེ། །ཅིར་ཡང་སྣང་ཞིང་མ་ངེས་སྣང་ལ་མེད། །དེས་ན་མིང་གི་དོན་བཞི་རྫོགས་པར་བཤད། །ཅེས་བྱའོ། །ལང་ཀའི་བདག་པོ། མི་ཟད་པའི་མཛོད་ལ་མངའ་བའི་རྟགས་གང་ཞེ་ན། ཞེས་པ་ལ་སོགས་པ་ལྷུན་གྱིས་རྫོགས་པའི་ཁྲོ་བོའི་ཐུགས་ཡེ་ཤེས་ནི་རིན་པོ་ཆེ་ཉིད་དེ། དཔེ་ནོར་བུ་མཆོག་ལྟ་བུ་བས། འགྲོ་རྣམས་ཇི་ལྟར་འདུལ་ཞིང་རེ་འདོད་ཚིམ་པར་བྱེད། །མི་ཟད་རྒྱུན་མེད་གཏེར་ཆེན་ནམ་མཁའི་མདོག །སྲིད་གསུམ་ལིང་ཐོག་སེལ་བའི་ཡེ་ཤེས་སྒྲོན། །དུས་གསུམ་རྒྱུན་མེད་རིན་ཆེན་ཕྲེང་བར་སྣང་། །ཞེས་བྱའོ། །དེ་ལྟ་བུའི་ཡོན་ཏན་རྩ་བ་དང་། ཡན་ལག་བདུན་དང་། ཞེ་ལྔའི་བདག་ཉིད་དུ་བཞུགས་པ་ནི་ཁྲོ་བོ་གཉིས་ཏེ། དེ་ལ་འཛིན་པ་ནི་ཆེད་དུ་བྱས་པའི་རྟོག་པ་སྟེ་སྤང་བྱ་ཉིད་དོ། །དེ་དག་གི་དོན་ཅི་ཞེ་ན། ལང་ཀའི་བདག་པོ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་བསྡུས་པ་ནི་གང་ཞེ་ན། ཞེས་དག་ཆོ་འཕྲུལ་དང་པོའི་དོན་བསྟན་པས། དེ་དག་རིལ་མ་འདྲེས་ལ་ཡོངས་སུ་རྫོགས་པར་འཁོར་གྱི་རིག་པ་ལ་གསལ་བར་མཛད་དོ། །རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པ་བཀྲོལ་བའོ།། །།དེ་ནས་ཡང་གསང་བའི་བདག་པོས། ལང་ཀའི་བདག་པོ་ལ་བོས་ཏེ་སྨྲས་པ། ཞེས་པ་ལ་སོགས་པ་ཆོ་འཕྲུལ་གཉིས་པ་བསྟན་པར་དགོངས་ནས་བོས་ཏེ་བསྟན་པ་ནི། སྟོན་པ་བོས་གནས་ཐ་དད་པ་རུ། གདུལ་བྱ་ཆོས་སྣང་བའི་ངོ་བོ་འཆད་པ་དག་སྦྱར་བས། གནས་དང་འཇིག་རྟེན་དེ་དག་ཏུ། དེའི་བྱིན་བརླབས་དང་མཐུ་ཡིས། དངོས་སུ་མཐའ་མཐོ་ན་དབུས་དམའ་བ་ལ་སོགས་པའི་ཚབས་ཆེ་བ་དང་ཁྱབ་པར་གཡོས་ཏེ། རྗེས་སུ་འཆད་པ་གསུམ་གསུམ་ཡང་མཐུན་ནོ། །གཞན་ནི་སྒྲ་བཞིན་ནོ། །ཕྱི་ནང་གི་མུན་པ་ཐམས་ཅད་སྦྱངས་ནས། ཞེས་པ་འདིས་འདས་པ་དག་བརྡ་རུ་འགྱུར་ཏེ། འགྲོ་བའི་རྒྱུད་ལ་ཆོས་སྣང་བའི་ཆོ་འཕྲུལ་སྣང་བས། བྱང་ཆུབ་སེམས་གཡོས་ཚབས་ཆེ་ཆུང་གསུམ་ལམ་པ་མན་ཆད་ལ་འབྱུང་བ་དང་། དེས་རང་རང་ས་ལ་མི་གནས་པར་དོན་གོང་མ་ལ་འཇུག་པ་དང་། ཞུགས་པས་རང་རང་གིས་ཞེན་པ་མི་བརྟན་པར་གྱུར་བ་དང་། ཆོས་ཅི་བཞིན་པ་རིག་པ་ལ་མཇལ་བ་ནི་བརྗོད་པ་དང་འདྲ་བར་གྲགས་པའོ། །དེས་སའི་སྒྲིབ་པ་ཤིན་ཏུ་འཇོམས་པ་ཚབས་ཆེ་ཆུང་དང་། དེས་སྙིང་པོ་བྱང་ཆུབ་མཚན་ཉིད་ཅིར་ཡང་སྣང་ལ་མ་ངེས་པ་ཉིད་དུ་སོན་པར་མཛད་པ་སྟེ། དངོས་གཟུང་འཛིན་རྣམ་གཉིས་རང་རྒྱུད་དང་། ཆེད་དུ་བྱས་པ་ཕྲ་རགས་སྦྱངས་ཏེ། དེའི་རིམ་པ་ཡིད་ཆེས་པས་ནི། འགྲོ་བ་མཐའ་ཐུག་མེད་པ་དག །ཞེས་པ་དག །འཇིག་རྟེན་པའི་ས་ན་སེམས་སྐྱེས་པ་ནས་དགའ་བ་བསྐྱེད། དེ་བཞིན་དུ་སེམས་དང་པོ་པ་རྣམས་རིག་པ་གསལ་བར་བྱས་ཏེ་རྨད་དུ་བྱུང་བ་ལ་འཇུག་ཅིང་ཞུགས། ཐེག་པ་ཆེན་པོར་སྦྱོར་ལམ་ལ་རྟེན་པས་བདེན་པ་མཐོང་སྟེ། ས་ནས་སར་འཕར་བས་རྩལ་ཆེན་རྫོགས་པ་སྙིང་པོ་བྱང་ཆུབ་ཏུ་གྱུར་ཏོ། །ཐམས་ཅད་རེ་ཞིང་ངམ་པའི་ཆོས་ཉིད། ཅེས་པ་དག །དེ་ལྟར་སྣང་བས་འགྲོ་བ་དང་ས་པ་རིལ་འབྲས་བུ་གོང་མ་ལ་འདོད་པ་སྐྱེ་ཞིང་དོན་སྣང་བ་ལ། ཤིན་ཏུ་ཡ་མཚན་པར་སྣང་བར་བྱེད་པའི་ཆོས་དངོས་གཞི་པར་བསྟན་པ་ནི། འཇིག་རྟེན་མཐའ་ཡས་རྡུལ་སྙེད་དུ། །ཞེས་པ་གནས་དེར་དོན་མཛད་པ་པོ་གྲངས་ལས་འདས་པ་སྣང་བས་ཡི་གེའི་སྒྲའི་ཆོས་དག་བསྟན་པས། ཡོན་ཏན་ནི་བཤད་པ་ལྟར་སྒྲིབ་པའི་ཕུང་པོ་སྦྱངས་ཏེ། རིལ་སྙིང་པོ་བྱང་ཆུབ་ལ་རིམ་པར་བཀོད་དོ། །སྤྲུལ་པའི་དོན་ནི་རྡུལ་སྙེད་ལས། །ཆོས་ཉིད་ངེས་པར་སྣང་བའི་སྒོ། །ཞེས་པ་ལ་སོགས་པ་གདུལ་བྱ་སྤྲུལ་པ་དང་མཉམ་པ་སྙེད། ཆོས་སྣང་བའི་ངོ་བོ་ནི་རྩ་བ་ཨ་ཧཱུྃ་རྒྱུའི་ངོ་བོ་བས། ཡི་གེ་བཞི་བཅུར་སྣང་བ་ནི་སྔགས་ཀྱི་ཡིག་འབྲུ་རྣམས་སོ། །དེ་རེ་རེ་ནས་བསྟན་པའི་ཕྱིར། ལང་ཀའི་བདག་པོ་འདི་ལྟ་སྟེ། ཨ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྣང་བའི་སྒོ། ཞེས་པ་ལ་སོགས་པ་ལྷ་བཞི་བཅུ་རྩ་གཉིས་ཀྱི་ངོ་བོ་ཉིད་ཡི་གེ་སྔགས་ཀྱི་སྒྲ་ལས་སྣང་བའི་ཕྱིར་ཏེ། ཨ་ཨ་བྷ་དྲ་ས་མནྟ་ཅེས་པའི་སྔགས་སུ་གྱུར་པས། ཆོས་ཉིད་ཀྱི་ངོ་བོ་རིལ་གྱི་འབྱུང་གནས་ཡུམ་ཀུན་ཏུ་བཟང་མོར་གསལ་བར་བྱུང་ངོ་། །ཧཱུྃ་ཧཱུྃ་བཛྲ་ཙིཏྟའི་སྔགས་ཀྱིས་རང་བྱུང་ཡེ་ཤེས་ངོ་བོ་མ་བཅོས་པ་ཀུན་ཏུ་བཟང་པོའི་སྐུར་བྱུང་བ་རང་རིག་པའི་ཆོས་ཉིད་གསལ་བར་བྱེད་དོ། །ཧཱུྃ་ཧཱུྃ་བཛྲ་དྷྲིཀ྄་གི་སྔགས་ལས་རྡོ་རྗེ་འཛིན་པ་མི་བསྐྱོད་པ་ཉིད་སེམས་ཀྱི་ཆོས་ཉིད་སྣང་བར་བྱེད་དོ། །ༀ་ནི། ཨཱོཾ་ཛི་ན་ཛིཀ྄་ཅེས་པའི་དོན་རང་རིག་ཅིར་ཡང་ཤར་བའི་དོན་དེ་ཉིད་རྣམ་པར་སྣང་མཛད་དེ་སྣང་བར་བྱེད་པའོ། །སྭཱ་ནི། སྭཱ་རཏྣ་དྷྲིཀ྄་ཅེས་པས་ཡོན་ཏན་ཇི་སྙེད་འབྱུང་བའི་རིན་ཆེན་འབྱུང་ལྡན་ཏེ་སེམས་ཡོན་ཏན་ལྷུན་གྱིས་རྫོགས་པའི་ཆོས་ཉིད་སྣང་བར་བྱེད་དོ། །ཨཱཾ་ནི། ཨཱཾ་ཨ་རོ་ལིཀ྄་ཅེས་པའི་དོན་སྣང་བ་མཐའ་ཡས་ཀྱི་ཆོས་ཉིད་གསལ་ལ་མ་གཡོས་པ་སྟེ། འཁོར་བའི་འགྲོ་བ་དང་སའི་རིག་པ་ལ་ཡེ་གྲུབ་པ་ཉིད་གསལ་བར་བྱེད་པའི་ཕྱིར་རོ། །ཧཱ་ནི། ཧཱ་པྲཛྙཱ་དྷྲིཀ྄་གི་དོན་གྱིས་ཤེས་རབ་ཀྱི་དོན་མ་བྲལ་བས་བདག་གཞན་གྱི་བྱ་བ་རྫོགས་པ་དོན་ཡོད་གྲུབ་པའི་ཆོས་ཉིད་དེ་གསལ་བར་བྱེད་པའོ། །དེ་ལ་སྔགས་ནི་ལམ་པས་བསྐྱེད་པ་དང་། སྒྲ་དོན་དང་ལྡན་པས་མཚོན་པའི་དབང་སྟེ་འཆད་པར་འགྱུར་བ་ཡང་སྦྱར་རོ། །མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ཞེས་པ་ལྔ་ནི། སྔགས་ཀྱི་དོན་གྱིས་ཆོས་ཀྱི་དབྱིངས་མ་སྐྱེས་པ་ཚིག་ལས་གྲོལ་བས་གང་ཡང་མི་འགོག་པར་ཁྱབ་པ་ནི་རྡོ་རྗེ་དབྱིངས་ཀྱི་དབྱིངས་ཕྱུག་མའི་ཆོས་ཉིད་དང་། ས་ཉིད་རང་རིག་མ་བྱུང་མ་བརླག་ངོ་བོ་མི་འགྱུར་བར་གསལ་བ་སངས་སྤྱན་གྱི་ཆོས་ཉིད་དང་། འབྱུང་བ་ཆུའི་ངོ་བོ་དེ་བཞིན་ཉིད་ཡོན་ཏན་འཕེལ་འགྲིབ་མེད་པར་འབྱུང་བ་མཱ་མ་ཀཱའི་ཆོས་ཉིད། འབྱུང་བ་མེ་རང་རིག་པ་མཐའ་མ་སྒྲིབ་དག་པ་སྟེ་གོས་དཀར་མོའི་ཆོས་ཉིད་དོ། །འབྱུང་བ་རླུང་གི་དེ་བཞིན་ཉིད་ཀྱི་ངོ་བོ་མཚན་ཉིད་གང་དུའང་མི་ཟིན་པར་སྐད་ཅིག་ལའང་འགྲོ་དོན་མི་འགོག་པར་མཛད་པ་དམ་ཚིག་སྒྲོལ་མའི་ཆོས་ཉིད་དག་པ་ལྷུན་གྱིས་གྲུབ་པར་སྣང་བྱེད་པའོ། །ཧྲཱིཿཏྲཱྃ་ཀྵཱིཾ་ཛཱིཾ་ཞེས་པ་དག་ནི་སེམས་དཔའ་བཞིའི་ཆོས་ཉིད་དོ། །སྤྱན་རས་གཟིགས་དབང་ཕྱུག་དེ་བཞིན་གཤེགས་པའི་གསུང་གི་རིགས་འཛིན་པའི་ཆོས་ཉིད་དོ། །ནམ་མཁའི་སྙིང་པོ་ནམ་མཁའ་དངོས་པོ་གོ་འབྱེད་པ་ལྟར་ཡོན་ཏན་ཅིའང་མི་འགོག་པའི་ཆོས་ཉིད་དོ། །སའི་སྙིང་པོ་འགྲོ་བའི་མིག་དག་པ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཅིའང་མ་འདྲེས་མི་རྟོག་པར་གསལ་བའི་ཆོས་ཉིད་དོ། །ཕྱག་ན་རྡོ་རྗེ་གསང་བའི་མཐུ་སྟོབས་ཀྱི་བདག་ཉིད་པས་གནོད་བྱེད་འདུལ་བའི་ཆོས་ཉིད་དོ། །དེ་དག་ངོ་བོ་མི་མཐུན་པ་བཞིའི་ཆར་སྣང་བའི་ཆོས་ཉིད་ཡི་གེར་སྣང་བར་བྱེད་པའོ། །ཧཱུྃ་ཏྲཱྃ་ཧྲཱིཿཨཱཾཿཞེས་པ་དག་རང་རིག་པ་ནི་རིལ་ལྷུན་གྱིས་རྫོགས་པ་མ་འགག་པར་གསལ་བ་ནི། ལཱ་སྐྱེ་སྟེ་སྒེག་མོ་མེ་ལོང་ཅན་གྱི་ཆོས་ཉིད་དོ། །རྒྱལ་བའི་ཡོན་ཏན་སྣ་ཚོགས་རྒྱུན་མེད་པར་སྣང་བ་མཱ་ལྱེ་ཕྲེང་བའི་ཆོས་ཉིད་དོ། །ཆོས་ཀྱི་སྒྲ་དབྱངས་ཇི་ལྟར་འདུལ་བར་སྟོན་པ་གཱིརྟི་གླུ་དབྱངས་མའི་ཆོས་ཉིད་དོ། །ཕྲིན་ལས་སྣ་ཚོགས་ཀྱིས་དོན་མཛད་པ་ནཱིརྟི་གར་བསྒྱུར་མའི་ཆོས་ཉིད་དོ། །མེ་ཐླྷིཾ་ཧཱུྃ་མཱུྃ་ཞེས་པ། སྔགས་ཀྱི་སྒྲ་དོན་གྱིས་ཚད་མེད་བཞི་དང་སྦྱར་ཏེ། ཐམས་ཅད་གཉིས་སུ་མེད་པར་མཁྱེན་པས་འབྱེད་པའི་ཕྱོགས་རིས་མེད་པས་ཕན་འདོགས་པ་བྱམས་པའི་ཆོས་ཉིད་དོ། །ཐུགས་རྗེ་ཆེན་པོས་ཟིན་པས་སྐྱོབ་པ་ནི་སྒྲིབ་པ་སེལ་བའི་ཆོས་ཉིད་དོ། །ཐུགས་རྗེ་ཆེན་པོས་སྤྱོད་ཡུལ་དག་པས་དོན་མཛད་པ་ལ་འགྱོད་པ་བྲལ་བ་ཀུན་ཏུ་བཟང་པོའི་ཆོས་ཉིད་དོ། །ཡེ་ཤེས་ཆེན་པོ་ཟུག་རྔུ་བྲལ་བས་མཉམ་པས་འདུལ་བ་འཇམ་དཔལ་གྱི་ཆོས་ཉིད་དོ། །དྷཱུ་པུ་བྃ་ཧོཿཞེས་པ་ལ་སོགས་པ། དྷཱུ་པེའི་ཆོས་ཚིམ་པར་བྱེད་པའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ལོ། །པུཥྤེའི་ཆོས་ཉིད་གོ་བར་བྱེད་པས་དབང་པོའི་ཆོ་འཕྲུལ་ལོ། །ཨཱ་ལོ་ཀེའི་ཆོས་ཉིད་གཞན་ལ་སྣང་བར་བྱེད་པས་བྱིན་རླབས་ཀྱི་ཆོ་འཕྲུལ་ལོ། །གནྡྷེའི་ཆོས་ཉིད་མཉེས་པར་བྱེད་པས་མཆོད་པའི་ཆོ་འཕྲུལ་ལོ། །ཡ་ཐཱ་ཧྲཱིཿཧཱུྃ་ཞེས་པ་ལ་སོགས་པ་སྒོ་བའི་འཆད་དེ། ཁྲོ་བོ་ཡ་མཱནྟ་ཀྲྀཏ་གཤེད་པོ་སྟེ། །མཐའ་ཡི་གཤིན་རྗེ་འཇོམས་པས་སྟོང་ཉིད་སྒོ་ལ་གནས། །ཁྲོ་བོ་སྟོབས་ཆེན་སྟོང་འཛིན་མཚན་མ་འཇོམས། །དེ་ཕྱིར་མཚན་མེད་རྣམ་ཐར་སྒོ་ལ་གནས། །རྟ་མགྲིན་རེ་སྨོན་རྟོག་པས་ཚོལ་བ་བཅོམ། །དེ་ཕྱིར་བདག་རྫོགས་སྨོན་མེད་སྒོ་ལ་གནས། །བདུད་རྩི་འཁྱིལ་བ་ཡང་དག་ཞེན་བགེགས་འཇོམས། །དེ་ཕྱིར་བྱ་མེད་ཐབས་ཆེན་རང་བཞིན་འོད་གསལ་སྒོ། །ཡེ་ནས་དག་ལ་ལྷུན་རྫོགས་ཁྲོ་བོའི་ཆོས། །ཡི་གེ་ཆོས་ཉིད་མཛད་པས་རིག་ལ་སྣང་བར་བྱེད། །ཛཿཧཱུྃ་བྃ་ཧོཿཞེས་པ་ལ་སོགས་པ། ལྕགས་ཀྱུའི་ཆོས་ཉིད་སྦྱིན་པས་འགྲོ་བ་འདྲེན་པའི་སྒོ། ཞགས་པའི་ཆོས་ཉིད་སྙན་པའི་དོན་བརྗོད་སྒོ་མས་ལས་ངན་འཆིང་། །ལྕགས་སྒྲོག་ཆོས་ཉིད་འགྲོ་བའི་དོན་སྤྱོད་ལག་སྡོམ་སྒོ། །དྲིལ་བུའི་ཆོས་ཉིད་འགྲོ་དོན་མཐུན་པས་དགའ་བྱེད་སྒོ། །བསྡུ་བ་རྣམ་ཐར་སྒོ་བཞིར་ཡབ་ཡུམ་བརྒྱད་རྣམས་བཞུགས། །ལོག་སྐྱོན་ཚོགས་བརྒྱད་ཡེ་བཅོམ་བསྲུང་བའི་ངོ་བོར་གནས། །ཀྲེཾ་དྲུཾ་སྲུཾ་པྲཾ་ཀྵཾ་ཡེ་ཞེས་པ་ལ་སོགས་པ། ལྷའི་ཐུབ་པ་ཆོས་ཉིད་ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ངོ་བོ་སྟེ་རང་བཞིན་ཞི་བ་ཆེན་པོའི་ཕྱིར་རོ། །ལྷ་མིན་ཐུབ་པའི་ཆོས་ཉིད་སྟོབས་ལྔ་སྟེ་རྩོད་པ་ལྷུར་བྱེད་པ་འདུལ་བའི་ཕྱིར་རོ། །མིའི་ཐུབ་པ་འདོད་པ་རང་དགའ་སྒོམ་པས་འདུལ་ཏེ་དབང་པོ་ལྔའི་ཆོས་ཉིད་དོ། །བྱོལ་སོང་གི་ཐུབ་པ་མ་རིག་པ་ལས་ཆོས་ཉིད་ཀྱིས་བསྐྱོད་པར་འདུལ་བས་རྫུ་འཕྲུལ་རྐང་པ་བཞིའི་ཆོས་ཉིད་དོ། །ཡི་དྭགས་ཐུབ་པ་འདོད་པ་སྤོང་བས་འབྲས་བུ་མི་འབྱུ་བར་འདུལ་བས་ཡང་དག་པར་སྤོང་བ་བཞིའི་ཆོས་ཉིད་དོ། །དམྱལ་བའི་ཐུབ་པ་ལོག་ལྟ་འཐིབས་པོ་དང་སྡུག་བསྔལ་གྱིས་མྱོས་པ་སྒྲོལ་བར་འདུལ་བ་སྟེ། དྲན་པ་ཉེ་བར་བཞག་པ་བཞིའི་ཆོས་ཉིད་དོ། །བྷཱུྃ་ནི་སྟོང་པ་ཆེན་པོ་ལྷུན་གྱིས་རྫོགས་པའི་གཞལ་ཡས་ཁང་གི་ཆོས་ཉིད་དོ། །ཨེ་ཝྃ་མ་ཡ་ཞེས་པ། ཨེ་ནི་དྲག་པོའི་ལས་ཏེ། ཝཾ་ཞི་བ། མ་ནི་རྒྱས་པའི་ཕྲིན་ལས། ཡས་དབང་དུ་སྡུད་པའོ། །ཡི་གེ་བཞི་དབྱིབས་སོ་སོས་ལས་བཞི་བསྟན། དེ་ཉིད་ཡེ་ནས་གནས་པ་ཡི་གེར་སྣང་། ཤྭ་ནི་ཤྭ་ས་ནིའི་སྒྲས་གནས་ཕྱི་ནང་དུ་སྣང་བའི་ཆོས་ཉིད་དོ། །དྷ་ནི་དྷརྨ་དྷཱ་ཏུ་སྟེ་ཆོས་ཀྱི་འབྱུང་གནས་བྷ་གའོ། །མ་ནི་མ་ནུ་སྟེ་དྲན་ཞིང་རིག་པའི་ཏིང་ངེ་འཛིན་ཏོ། །ཧཱ་ནི་ཧྱ་ཧི་ཀྱེ་སྟེ་སྤྱན་དྲངས་པའི་ཆོས་སོ། །པྲ་ནི་ཕྲ་བ་སྟེ་འོད་ཟེར་སྤྲོ་བའི་ཆོས་སོ། །ཀྵ་ནི་ཀྵ་ཡ་ཏ་ན་མཐའ་ཟད་པ་སྟེ་དཀྱིལ་འཁོར་བསྡུ་བའི་ལས་ཟིན་ཏོ། །ཛྙཱ་ནི་ཛྙཱ་ན་སྟེ་ཤེས་པ་བརྒྱད་དོ། །ཧེ་ནི་ཧེ་ཏུ་ན་རྒྱུའོ། །སྭཱྃ་ནི་སྭ་བྷཱ་བ་ན་འབྲས་བུའོ། །ཐཾ་ནི་ཐཾ་ཀ་ན་རྐྱེན་བཞིའོ། །སྐ་ནི་སྐནྡྷ་ན་ཕུང་པོ་ལྔའོ། །ཀྲ་ནི་ཀརྨ་ན་ལས་སོ། །པྃ་ནི་པཾ་ཀ་ལ་ན་ནག་པོའོ། །ཏྲ་ནི་ཏྲ་ནི་ཡེ་ན་དཀར་པོའོ། །དེ་དག་ནི་ལྷའི་སྐུ་མདོག་གི་ཆོས་ཀྱི་ཟུར་འདྲེན་པའོ། །ཨཱོཾ་ནི་རང་གྲུབ་པའི་ཆོས་ཉིད་རྣམ་པ་སྣང་བའི་སྒོའོ། །ཞེས་པ་དག་ཡོན་ཏན་རྫོགས་པའི་ཕྱིར་རང་བཞིན་གྲུབ་པའི་ཡི་གེའི་ཆོས་ཉིད་དོ། །ཧཱུྃ་ནི་ཆོས་རིལ་གྱི་འབྱུང་གནས་རང་གི་བྱང་ཆུབ་སེམས་སོ། །མཱུྃ་ནི་ཆོས་ཉིད་ཀྱི་ཕྱི་མོ་མ་བསླད་པ་མ་བཅོས་ཏེ། སྔགས་གསུམ་དཀྱིལ་འཁོར་གསུམ་གྱི་དོན་ཏོ། །ལང་ཀའི་བདག་པོ། དེ་དག་ནི་ཡི་གེའི་ཆོ་འཕྲུལ། ཞེས་པ་དག་དོན་བཤད་པ་དག་ཡི་གེར་སྣང་བར་བྱས་པའོ། །དེ་ཅིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ། ཡི་གེའི་སྒོ་ནས། ཞེས་པ་ལ་སོགས་པ་དེའི་གཏན་ཚིགས་ནི་ཡི་གེ་སྒྲས་དྲངས་པ་དང་། སྦྱར་བ་དང་། བསྒྱུར་བས་མཚོན་ནས་ཇི་བཞིན་པ་མཐོང་བའོ། །དེ་མི་བརྗེད་པ་ཐོབ་པ་དང་། གཞན་ལ་བརྗོད་པ་དང་། དྲན་པ་ཐོབ་པ་དང་། མཁས་པ་དང་། དོན་ཐག་ཆོད་པ་དང་། དགོངས་པའི་ཏིང་ངེ་འཛིན་གསལ་བ་དང་། བདུན་ཐོབ་པའི་ཕྱིར་རོ། །དེར་མ་ཟད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་བརྡ་རིལ་གསལ་བར་གྱུར། དེས་མཚོན་ནས་ཇི་ལྟ་བ་ཉིད་མཐོང་ཤེས་པར་བྱེད་དོ། །དེ་དག་གི་འཆད་པ་ལ་ལྟོས་ནས་བཅོས་པའི་ཆོ་འཕྲུལ་ལོ། །ལང་ཀའི་བདག་པོ། གང་མ་བཅོས་པར་སྣང་བའི་ཆོ་འཕྲུལ་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་ལ་སོགས་པ་གང་གཞི་ཇི་བཞིན་པ་ལས་ཅིར་སྣང་ཡང་ཅིར་སྲིད་མཚན་ཉིད་མ་ངེས་པར་དེ་ཁོ་ན་ཉིད་ཀྱི་རང་བཞིན་བསྟན་པའོ། །དེ་ཡང་རྒྱས་པ་གང་ཞེ་ན། ཆོས་ཅན་མཚན་མར་སྣང་བའི་རང་བཞིན་རྣམས། །ཞེས་པ་ལ་སོགས་པ་ཆོས་དང་ལྡན་པའི་ཆོས་ཇི་སྙེད་པ་ཞེན་བློ་ངོ་ལ་སྣང་བ་དག །རང་བཞིན་རྒྱལ་པོ་ཕྲུ་གུ་ལས་ནོར་བ་འདྲ་བ་ཙམ་གྱི་ཕྱིར་ཆོས་ཉིད་ཀྱི་ངང་ཉིད་དོ། །སེམས་གསུམ་དང་ལྡན་པའི་འགྲོ་བ་ཉིད་ནི། སྣང་བ་ཉིད་ན་ཉི་མའི་ཟེར་བཞིན་པས། རང་རིག་པ་མཐའ་བྲལ་བ་ཉིད་བརྡ་དང་ཐ་སྙད་མང་པོ་བརྟགས་པ་ལ་སྣང་བ་དག་ཅིར་སྣང་ཡང་སྣང་བ་མི་འགོག། །སྣང་བ་མེད་དེ་ཡེ་མ་བཅོས་པའི་ངང་ཉིད་དོ། །འགྲོ་བ་རིགས་ལྔའི་སྡུག་བསྔལ་གྱི་རྒྱུ་འདུ་བྱེད་ལྔ་འཁྲུལ་པ་ལ་སྣང་བ་དག་སྤུ་མ་བརྗེས་མདོག་མ་བསྒྱུར་བཟོས་མ་བྱས་པར་ཡེ་ཤེས་ལྔ་ཉིད་དོ། །ཁམས་གསུམ་གྱི་གཞི་ཉོན་མོངས་པ་གསུམ་ཉིད་ཡེ་ནས་ངོ་བོ་སྣང་ལ་མེད་པས་སྐུ་གསུམ་མོ། །འགྲོ་བའི་ལུས་སྨིན་དཔེར་ཡུལ་ཞེས་གསུངས་སེམས་ལ་རྟོག་པ་གཉིས་སུ་སྣང་བ་ཉིད་ཡེ་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་པའི་ཕྱིར་རོ། །འགྲོ་བའི་ཡུལ་དང་ཤེས་པ་ཅི་སྣང་བ་ཉིད་ཐེར་ཟུག་རྒྱུན་མེད་པས་ཐབས་ཤེས་ཀྱི་བདག་ཉིད་དབྱེར་མེད་པའོ། །མཚན་ཉིད་མི་རྟག་པའི་ལྔ་ཕུང་ཉིད་མ་སྤངས་པར་རྣམ་པར་གྲོལ་བ་ཟག་པ་མེད་པའི་ཕུང་པོ་ལྔར་སངས་རྒྱས་སོ། །འཁོར་བ་རང་རྒྱུད་ཀ་ནས་བྲལ་བས་དེ་ཉིད་མྱ་ངན་ལས་འདས་པའོ། །སྣོད་བཅུད་རིལ་རང་རིག་རང་སྣང་བས་རྒྱལ་བའི་དཀྱིལ་འཁོར་གཅིག་དུ་མ་ལས་གྲོལ་བ་ཉིད་དོ། །དངོས་པོ་གཉིས་པ་རིལ་ཡེ་ལྷུན་གྱིས་གྲུབ་པ་མ་བསླད་ཇི་བཞིན་པ་ཉིད་དོ། །དེ་དག་ནི་བྱེད་པ་མེད་པར་རང་སྣང་ལ་མ་ངེས་པས་ཇི་བཞིན་པ་ཉིད་ཀྱིས་ཕྱིར་མིང་ངེས་པར་འགྲུབ་བོ། །སྣང་བའང་སྣང་བ་ཡོད་པའི་ཕྱོགས་ལས་བཏགས་པའི་ཐ་སྙད་དེ་ངོ་བོ་ནི་སྣང་མི་སྣང་ལས་གྲོལ་ཏོ། །དེ་འཁོར་གྱི་རིག་པ་ལ་བརྗོད་པ་དང་འདྲ་བར་མཇལ་བའང་ཞིང་རིལ་དུའོ། །དེས་ཀྱང་བྱུང་ཚུལ་གྱི་དོན་གསལ་བར་འགྲེལ་ཏོ། །ཆོས་སྣང་བའི་ཆོ་འཕྲུལ་བསྟན་པའི་ལེའུ་སྟེ། ཞེས་པ་ལེའུ་མཚན་གྱི་དོན་རྒྱས་པར་བསྡུས་པའོ། །བཅུ་བདུན་པ་འགྲེལ་བའོ།། །།ལང་ཀའི་བདག་པོ། ཀུན་བརྗོད་པའི་ཆོ་འཕྲུལ་གང་ཞེ་ན། ཞེས་པ་ལ་སོགས་པ་ངེས་ཚིག་ཉེ་བར་བརྗོད་དེ། ཆོས་རིལ་གྱི་སྤྱི་དང་རང་གི་མཚན་ཉིད་གཉིས་བྱང་ཆུབ་སེམས་སུ་མ་འདྲེས་རྫོགས་པ་ཉིད་དེ། དེ་ཁོ་ན་ཉིད་ཇི་བཞིན་པ་ཡིན་པའི་དོན་གཞི་ཇི་ལྟར་བར་སྒྲོ་སྐུར་མེད་པར་ཚིག་ཏུ་ཕྱུང་བས་ངེས་ཚིག་འགྲུབ་སྟེ། དེ་ནི་ལམ་མ་ནོར་བ་ཡང་དག་པ་ཉིད་དུ་ངེས་པར་གཞག་གོ། །སྐུ་དང་གསུང་ཐུགས་རང་བཞིན་ཡང་། །ཞེས་པ་དག་དོན་དེ་ལས་མྱ་ངན་ལས་འདས་པའི་འབྲས་བུ་གཞན་ན་མེད་པར་བསྟན་པའོ། །དངོས་པོ་འཁྲུལ་པ་དང་ལམ་དང་འབྲས་བུ་ཇི་སྙེད་བརྗོད་པའི་དང་པོ་བསྟན་པ་གང་སྙམ་པ་ལ། གཏི་མུག་མ་འདྲེས་ཀུན་ནས་རྨོངས། །ཞེས་པ་མ་རིག་པ་རང་གི་མཚན་ཉིད་ཆོས་གཞན་དང་མ་འདྲེས་པར་གསལ་བ་ནི་དུས་དང་སྐབས་རིལ་དུ་དོན་མི་ཤེས་ཏེ། མདོངས་པས་འབྱེད་པ་མེད་པའོ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །ཞེས་པ་དེ་ཉིད་ཡེ་རིག་པ་བྱང་ཆུབ་སེམས་ཉིད་པས་ཡེ་ཤེས་གསལ་བའི་ངོ་བོ་ལ་མ་རིག་པ་མ་སྤངས་མ་གྲུབ་པས་བརྟགས་པའི་བདག་བྲལ་བ་ནི་སྤྱིའི་མཚན་ཉིད་དོ། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །ཞེས་པ་དག་སྤྱི་དང་རང་གི་མཚན་ཉིད་ལ་སྙེགས་པས་ངེས་པར་གཟུང་བ་ནི། དེ་གཉིས་སོ་སོར་སྣང་བ་མ་འགག་བཞིན་དུ་ངོ་བོ་བསྟན་དུ་ཡང་མེད་པས་མཐའ་གཉིས་ལས་གྲོལ་བའི་ཕྱིར། དེ་མིན་པ་ལ་ཡིན་པར་མ་བྱས་པར་གཏི་མུག་ཆོས་ཐམས་ཅད་ཀྱི་ཇི་བཞིན་ཡིན་པར་སངས་རྒྱས་པས་ན། མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་གསུངས་ཏེ་འཆད་པ་དག་རྗེས་སུ་མཐུན་པར་སྦྱར་རོ། །དེ་བས་ན་དུག་ལྔ་ཡེ་ཤེས་ལྔ་ལས་རིགས་ལྔར་འཆར་བའོ། །ཞེ་སྡང་མ་འདྲེས་མནར་སེམས་པས། །ཞེས་པ་ལ་སོགས་པ་ནས་འཁོར་བའི་མཚན་ཉིད་བཅུ་བཞི་བརྡར་འཇལ་སླའོ། །མ་ཆགས་མ་འདྲེས་གཏོང་བས་ཉིད། །ཞེས་པ་ལ་སོགས་པ་ལམ་གྱི་ཆོས་རྣམས་ཏེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། གཟུགས་ཁམས་ཀྱི་བསམ་གཏན་བཞི་དང་། ཚད་མེད་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འདི་རྩ་བར་མེད་ཁམས་གཉིས་ཀྱི་ཉོན་མོངས་པ་ཀུན་དང་། རྣམ་པར་ཐར་པ་གསུམ་དང་། བརྒྱད་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། ཚད་མེད་པ་བཞི་དང་། གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། མངོན་པར་ཤེས་པ་ཆེན་པོ་དྲུག་དང་། ཆོས་ཇི་སྙེད་པ་རྣམས་ཀྱི་སྤྱི་དང་རང་གི་མཚན་ཉིད་དང་སྦྱར་ཏེ་ལམ་དུ་ཕལ་ཆེ་བ་བསྟན་ཏོ། །འབྲས་བུའི། ཡེ་ཤེས་ཀུན་མཁྱེན་སྐྱེ་འགག་མེད། །ཞེས་པ་ལ་སོགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། དབྱིངས་དང་། སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། ཆོས་ཀྱི་སྐུའོ། །རྒྱལ་བའི་ཡོན་ཏན་ཐམས་ཅད་དང་། །དྲུག་གི་རང་སྤྱི་བཤད་པའོ། །ཆོས་ཀུན་བརྗོད་པའི་ཆོ་འཕྲུལ་ལས། །ཞེས་པ་ལ་སོགས་པ་སྐབས་འདིར་རིལ་མ་བཅོས་པ་དེ་ཁོ་ན་ཉིད་དུ་གསལ་བ་ནི། མཐའ་གཉིས་གྲོལ་བའི་དོན། རྒྱལ་བ་དང་རྒྱལ་ཚབ་ཀྱི་ཡུལ་དུ་གྱུར་པ་འདི་རྡོ་རྗེ་ཐེག་པ་ཆེན་པོའི་དོན་ཏེ། ཐེག་པ་དང་རྒྱལ་བ་དབྱེར་མེད་པའི་དོན་ཏོ། །དེས་ན་འདི་ལ་སྤྱོད་པ་དག་ཀྱང་བྱ་བ་མེད་པའི་ཐབས་ཀྱིས་ཆེད་དུ་མ་བསྒྲོད་པར་ནོན་ཏོ། །རྡོ་རྗེ་རྣལ་འབྱོར་མི་ལྡན་ན། །ཞེས་པ་དག་དོན་འདི་མ་རིག་པའི་སྐྱོན་ནོ། །དེ་བས་རྣལ་འབྱོར་ཆེན་པོ་ཡིས། །ཞེས་པ་ལ་སོགས་པ་འདིའི་ལུགས་སྤྱོད་པ་པས་ཆོ་འཕྲུལ་བཞིའི་དོན་བཤད་པ་དང་། འཆད་པའང་འདའ་བར་མི་བྱ་བར་བཀའ་སྩལ་པ་ནི་ལྟ་བ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ལས་གཞན་གོལ་བར་མི་ལྟ་བའོ། །དེ་གསུངས་པས་སྤྱོད་ཡུལ་དག་སྟེ་དོན་གདེང་དུ་གྱུར་ཏོ། །ཀུན་བརྗོད་པའི་ཆོ་འཕྲུལ་གྱི་ལེའུ་སྟེ་བཅོ་བརྒྱད་པ་བཀྲོལ་བའོ།། །།ལང་ཀའི་བདག་པོ། དེ་ལ་རྗེས་སུ་བསྟན་པའི་ཆོ་འཕྲུལ་གང་ཞེ་ན། ཞེས་པ་ལ་སོགས་པ་རྗེས་སུ་མཐུན་པར་འཆད་དེ། དེ་ཁོ་ན་ཉིད་མི་གཡོ་བའི་རྗེས་སུ་ཐ་སྙད་རིལ་གསང་བར་འགྲེལ་བའི་ཕྱིར་དེ་ཉེ་བར་བསྟན་པ་ནི། ཇི་སྙེད་པ་ཐམས་ཅད་ཇི་བཞིན་ཉིད་དུ་ཡོངས་སུ། ཞེས་པ་དག་འཆད་པའི་ཐ་སྙད་རིལ་རང་རིག་པ་མ་བཅོས་པ་ཉིད་དུ་མ་བཙལ་བར་བྱུང་ཐེབས་པ་ལ་སེལ་མེད་པར་བསྟན་པའོ། །དེའི་ཚུལ་ཉེ་བར་བསྟན་པ་ནི། དེ་ཉིད་མི་གཡོ་ནམ་མཁའ་ལ། །གཡོ་རྡུལ་ཐ་སྙད་ཇི་སྙེད་པ། །ཞེས་པ་དག་དེ་བཞིན་ཉིད་ཀྱི་ངོ་བོ་རང་གི་སེམས་ཉིད་ཀྱི་ནམ་མཁའ་ལ། སྣོད་བཅུད་ཀྱི་དངོས་པོ་ཅིར་སྣང་ཡང་ངོ་བོ་མེད་པར་གཏོད་འཛིན་བྲལ་བའི་ཡེ་ཤེས་མི་གཡོ་བ་གཏིང་དཔག་དཀའ་བ་ཆེན་པོ་ལས་ཐ་སྙད་གཞན་པ་རང་བཞིན་གྱི་གཏན་ཚིགས་ཀྱིས་སྨིན་དཔེར་མིང་འགྲུབ་པར་རྣམ་པ་མི་འགྱུར་བར་བསྟན་པ་ཉིད་ཡིད་བཞིན་གྱི་ནོར་བུ་ལ་རིལ་རྫོགས་པའོ། །དེ་ན་དམན་དང་སེམས་དཔའ་དག །ཅེས་པ་ལ་སོགས་པས་རང་བཞིན་གྱི་དཀྱིལ་འཁོར་ལ་སྙེགས་པ་ནི་གནས་གཞི་སྟེ། དེའི་ངང་རྒྱུ་ཉན་རང་སོགས་ལ་གང་ཟག་རྒྱུད་ཐ་དད་གསང་དོན་རྟོགས་པའི་སྐལ་བ་མེད་པས་གསང་སྔགས་མི་མཐོང་སྟེ། གསང་སྔགས་ལ་སངས་རྒྱས་སེམས་ཅན་ལམ་གྱི་ཐ་སྙད་སོ་སོ་བ་མེད་དེ་བྱང་ཆུབ་སྙིང་པོའི་ངང་ཉིད་དོ། །ངེས་པའི་དགོངས་པའི་ཉམས་རྙེད་ནས། །ཞེས་པ་དག་དེ་ལ་རྟོགས་པར་བྱར་ཡང་མེད་པའི་དོན་ཅིར་ཡང་མ་རྙེད་པར་རིག་པས་གདེང་རྙེད་ནས་གཞན་དོན་དུ་གསང་སྔགས་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་མ་བསླད་མ་བྱས་མ་ནོར་གཏིང་དཔག་དཀའ་བའི་དོན་སྐུ་དང་ཡེ་ཤེས་ལྔ་ལྔ་ལ་སོགས་པའི་ཡ་མཚན་རྫོགས་པའི་ཤུགས་ཀྱིས་བྱང་ཆུབ་སྙིང་པོར་ལྷུན་གྱིས་མཉམ་པའི་ཕྱིར། སྟོན་པ་དང་འཁོར་སྣང་ལ་མི་ཕྱེད་པ་ཉིད་ལ་ཉིད་ཀྱིས་བཀའ་སྩལ་བའི་དོན་ཉེ་བར་གསལ་བར་སྟོན་པའི་ཚིག་གསང་བ་པས་བཀའ་སྩལ་ཏོ། །འགྲེལ་ལུགས་ཁས་བླངས་པ་གང་སྙམ་པ་ལ། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པ་སྐྱེས་པ་དང་མ་སྐྱེས་པ་གཉིས་སུ་མེད་པའི་ངོ་བོ་ནི་ཤིན་ཏུ་ངམ་ཨེ་མའོ་ཞིང་ཡ་མཚན་ངོ་མཚར་པ་སྟེ། རྨད་ཀྱི་ཆོས་གཉིས་མེད་ཀྱི་དོན་དེ་ནི་ལྷུན་གྱིས་རྫོགས་པ་ཉིད་ཡིན་པས། ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པ། ཀུན་གྱི་སྤྱོད་ཡུལ་མ་ཡིན་ཞིང་། རྒྱལ་བ་མ་ལུས་པ་ཚོགས་གཉིས་ཀྱི་མངའ་བདག་རྣམས་ཀྱི་ཡང་ཐུགས་གསང་ཀྱི་བརྣག་པར་བྱ་བ་ཤིན་ཏུ་བློས་རེག་ཅིང་ངོ་བོ་གཟུང་དཀའ་བ་སྟེ། འཆད་པ་རིལ་ཡང་རང་རང་སྐབས་ཀྱི་དོན་དང་སྦྱར་ཞིང་རྗེས་སུ་མཐུན་པར་འགྲེལ་ཏོ། །ངོ་བོ་གང་ཞེ་ན། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནའང་སྐྱེ་བ་མེད། །ཅེས་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ནི། ཡེ་གང་དུའང་སྣང་བ་སྐྱེ་བ་མེད་ལས། མེད་པ་ཉིད་རིལ་ཐམས་ཅད་སྐྱེས་གྱི་འབྱུང་གནས་པས། སྐྱེས་པ་ཉིད་ནའང་ཅིར་ཡང་སྣང་ཞིང་འབྱུང་བ་སྟེ་འགོག་རྒྱུ་ཡང་མེད་ལ། དེ་ཙམ་ན་ངོ་བོ་ཉིད་རྣམ་པ་ཐམས་ཅད་པའི་ཕྱིར། འདི་སྐྱེ་བ་མེད་འདྲར་མི་ཟིན་པས་མཐའ་གྲོལ་བ་ནི་གསང་སྔགས་ཉིད་དོ། །དེ་བས་འཆད་པའི་ཤྭ་ལོ་ཀ་སུམ་ཅུ་རྩ་བདུན་གཉིས་ཡང་གསང་སྔགས་འོག་མ་གཉིས་ཀྱི་དོན་སྐབས་སྐབས་སུ་ཕྱེད་མར་འགྲེལ་ཏོ། །འགག་པ་མེད་པ་ཐམས་ཅད་འགག །ཅེས་པ་དག་ནི་ཡེ་ཇི་བཞིན་པ་ནི་སྐད་ཅིག་མ་མེད་པས་སྐྱེ་ཤིའི་རྒྱུན་གྲོལ་བའི་བདག་ཉིད་དེ་ལྷུན་གྱིས་གོང་མ་རྫོགས་པས་རིམ་གྱི་གཞི་ཡིན་པའི་འབྱུང་ཁུངས་ལྟ་བུ་སྟེ། ཞེན་བློ་ལ་འགག་པའི་ཆོས་སུ་ཡང་སྣང་ལ། དེ་ཙམ་ན་ངོ་བོ་ཅིར་ཡང་མ་ཟིན་པས་འགག་བདོ་བ་ལ་འགག་པ་མ་གྲུབ་པ་ནི་ནམ་མཁའི་རི་བོང་ཅན་ལྟ་བུའོ། །དམིགས་པ་མེད་ལས་ཐམས་ཅད་དམིགས། །ཞེས་པ་སྙིང་པོ་བྱང་ཆུབ་ཡུལ་དང་བྲལ་བ་ལ། ཞེན་པ་གཉིས་པ་གནས་པའི་ས་པ་དང་འགྲོ་བ་ནི་ཡུལ་དུ་འཛིན་པར་སྣང་བ་སྟེ། དམིགས་བདོ་ཙམ་ན་ངོ་བོ་སྤྱོད་པ་དང་ཡུལ་དབྱེར་མེད་པས་གཏོད་འཛིན་དང་ངང་གིས་བྲལ་བའོ། །མི་གནས་པ་ལས་ཐམས་ཅད་གནས། །ཞེས་པ་ངག་དེ་ཁོ་ན་ཉིད་སྣང་བ་དམ་པ་ནི་རྟེན་དང་རྟེན་ཅན་གྱི་ངོ་བོ་མ་གྲུབ་པའོ། །འབྱུང་ཁུངས་ལྟ་བུའི་དོན་ནི་རྗེས་སུ་མཐུན་ཏེ་འཆད་པ་ལའང་སྦྱར་རོ། །ཞེན་པ་དག་ལ་ཡོད་པ་ལྟར་སྣང་སྟེ། དེ་ཉིད་ཀྱི་དུས་ན་ངོ་བོ་འདི་འདྲ་བར་མེད་པའོ། །དེ་ནི་རྨ་བྱའི་མདོངས་རྩེ་ལྟ་བུའོ། །འགྲོ་འོང་མེད་པས་འགྲོ་དང་འོང་། །ཞེས་པ་དག་གསང་སྔགས་ཀྱིས་ངོ་བོ་ནི་རིལ་ལ་བསྣུམས་པས་ཕན་ཚུན་ཡན་མན་མེད་པ་ལས། བརྟགས་པའི་རྟོག་པ་ཅན་དག་ལ་འགྲོ་འོང་དུ་སྣང་ལ། དེ་ཉིད་ན་འགྲོ་འོང་མ་འགགས་འགྲོ་འོང་མེད་པའོ། །མ་བཅོས་མ་བསླད་བྱས་པ་མེད། །ཅེས་པ་དག་ནི་ཡེ་ཇི་བཞིན་པའི་སེམས་ཉིད་སངས་རྒྱས་ཉིད་ཡེ་གང་དུའང་མ་གཡོས་པ་ལ་ཅིར་སྣང་ཅིང་སྲིད་ཀྱང་མཐའ་མ་སྤངས་བྲལ་བའི་ཕྱིར་དྲི་མ་དང་རྡུལ་ཡེ་མེད་པའོ། །རང་བཞིན་མེད་པའི་རང་བཞིན་ལས། །ཞེས་པ་དག་བརྟགས་པའི་རང་བཞིན་ཡེ་ངང་གིས་བྲལ་བའི་ངོ་བོ་ཉིད་ལ་སྡུག་བསྔལ་ཀ་ནས་དག་པའི་ངོ་བོར་བཞུགས་པའི་ཕྱིར་རོ། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཞེས་པ་དག་རང་རིག་པ་ལ་སྐྱེད་པ་དང་རྟེན་གནས་བྲལ་བ་ཉིད་ལས་རིལ་མི་འགོག་པར་ཇི་ལྟར་བསམས་པ་ལྟར་འཆར་བའི་ཕྱིར་རོ། །སྟོང་པ་མ་ཡིན་མི་སྟོང་མིན། །ཞེས་པ་དག་དེ་ཁོ་ན་ཉིད་ནི་འབྲས་བུ་བཞག་ཀྱང་ངོ་བོ་མི་རྙེད་པས་མཐའ་གྲོལ་བ་ལ་དབུ་མའི་ཐ་སྙད་གདགས་གཞི་དང་ཡང་བྲལ་བའོ། །ངེས་པར་བརྟགས་ན་རྟག་པ་ཉིད། །ཅེས་པ་དག་ཡེ་ཤེས་ཆེན་པོ་རྒྱུད་དུ་མི་སྐྱེ་བས་དོན་དེ་ལ་དཔྱད་པས་དཔྱད་ན་ངོ་བོ་མི་འགྱུར་བ་སྟེ། དེ་ལ་ཟིལ་གྱིས་གནོན་པ་དང་འཇོམས་པ་པོ་མེད་པའི་ཕྱིར་རོ། །ངེས་པར་ཆད་ན་ཆད་པ་མེད། །ཅེས་པ་དག་དོན་མི་འགྱུར་བའི་ངོ་བོ་གང་དུའང་མ་གྲུབ་པ་ལ་ཆད་པ་བཀོལ་བ་མེད་པས་ལོག་ལྟའི་ཆད་པ་ངང་གིས་དག་གོ། །ཆོས་སོ་ཅོག་གི་རང་བཞིན་ནི། །ཞེས་པ་དག་ཕྱི་ནང་དུ་གྲགས་པ་རིལ་ཡེ་ཤེས་སེམས་འོད་གསལ་བའི་ངོ་བོ་ཡིན་པའི་ཕྱིར་ན་རྒྱལ་བའི་གོ་འཕང་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཉིད་ལས་གཞན་པའི་ཆོས། །ཞེས་པ་དག་དཔེར་ན་རིན་པོ་ཆེ་གསེར་གླིང་དང་འདྲ་བའི་ཕྱིར། དངོས་པོ་གཞན་པ་ཞིག་རྒྱལ་བས་ཀྱང་མི་རྙེད་དེ། ངོ་བོ་བཙལ་དུ་མེད་པར་ལ་བཅད་དོ། །དེ་ལྟ་བས་ན། རབ་འབྱམས་མཐའ་ཡས་གང་ནས་ཀྱང་། །ཅེས་པ་དག་འཇིག་རྟེན་གྱི་ཁམས་མཐར་ཐུག་པ་མེད་པ་གང་ནས་ཀྱང་གོ་འཕང་མི་གཉེར་ཏེ་བྱ་བ་བྲལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཉིད་རྟོགས་པས་སངས་རྒྱས་ཏེ། །ཞེས་པ་དག་སེམས་ཀྱི་ཆོས་ཉིད་བཤད་པ་ལྟ་བུའི་མཚན་ཉིད་གོ་བ་ཉིད་གོ་འཕང་ཆེན་པོ་ཡིན་པའི་ཕྱིར། སྲིད་གསུམ་ཡེ་ནས་སྙིང་པོ་ཉིད། །ཅེས་པ་དག་འདི་ཕྱི་བར་མ་དོ་དང་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ངོ་བོ་ཕྱི་མོ་ནས་བྱང་ཆུབ་སྙིང་པོ་ཡིན་པ་ལ་འཁྲུལ་པའི་ལོག་སྐྱོན་ངང་གིས་མ་དམིགས་ཏེ་རྫོགས་པ་ཆེན་པོ་ཉིད་དོ། །རང་བཞིན་ལྷུན་གྱིས་གྲུབ་པའི་དབྱིངས། །ཞེས་པ་དག་མཉམ་པའི་དབྱིངས་ཡོན་ཏན་གྱིས་བཞག་པ་ལས་འཕྲལ་དུ་འབད་རྩོལ་མེད་པ་ཚོགས་གཉིས་རྫོགས་པའི་ངོ་བོར་བཞུགས་པའོ། །ཀུན་ནས་ཀུན་ཏུ་ངང་བཟང་པོ། །ཞེས་པ་ལ་སོགས་པ་སྔ་ཕྱིར་རིག་པའི་ཀློང་ཉིད་ཀྱི་མ་ཁྱབ་པ་མེད་དེ། ངོ་བོ་མེད་པ་ལ་སྐྱོན་གྱིས་རྣམ་པ་བྲལ་བས། རིལ་གསང་སྔགས་ཇི་བཞིན་པ་མ་ཡིན་པ་མེད་པའོ། །སྙིང་པོ་བྱང་ཆུབ་དེ་ཉིད་ལས། །ཞེས་པ་དག་རིལ་བྱང་ཆུབ་སྙིང་པོར་སངས་རྒྱས་པ་ལ་མཐའི་སྐྱོན་དག་པ་ནི། གསེར་ས་ལེ་སྦྲམ་ལྟ་བུའོ། །འོ་ན་འཁྲུལ་པའི་སེམས་ཅན་འབྱུང་བའི་སྙད་ཅི་ཡོད་ཅེ་ན། ཐམས་ཅད་སངས་རྒྱས་ཡིན་པ་ལ། །ཞེས་པ་དག་བཤད་པའི་གར་ཡང་སྦས་པ་མ་མཐོང་བའི་དོན་གྱིས་ཡུལ་དུ་མ་གྱུར་བས་བརྟག་ཏུ་མི་བཏུབ་པས་ལྷན་ཅི་སྐྱེས་པའི་མ་རིག་པ་སྟེ། དཔེར་མཚོན་རྣོན་པོ་རང་གིས་རང་མི་ཆོད་པ་ལྟ་བུའི་ཕྱིར་རོ། །འོ་ན་དེ་དག་སྙིང་པོ་བྱང་ཆུབ་ལ་འདས་སམ་ཞེ་ན། རྟོག་པ་ཉིད་ན་རྟོག་མེད་ཕྱིར། །ཞེས་པ་དག་དེ་ལྟར་འཁྲུལ་ཅིང་འཛིན་པའི་ངོ་བོ་ཉིད་སྣང་ལ་མེད་པ་ནི། བཤད་པ་བཞིན་གློ་བུར་གྱི་མཚན་ཉིད་པས་ཐེག་ཟུག་མེད་དེ། དཔེ་གསེར་ལས་བྱས་པའི་རྫས་བཞིན་སྙིང་པོ་བྱང་ཆུབ་ཉིད་དོ། །ཀུན་གྱི་སྙིང་པོ་བྱང་ཆུབ་ལ། ཞེས་པ་དག་དངོས་པོ་གྲགས་སོ་ཅོག་གི་རྩ་བ་ཆོས་ཀྱི་སྐུ་ཆེན་པོ་ནི། གདོད་ནས་རྒྱལ་བའི་དགོངས་པ་འབྲས་བུའི་བདག་ཉིད་ལ་རྒྱུ་འབྲས་གཉིས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་གསང་བའི་སྙིང་པོ་ལས། །ཞེས་པ་དག་བཙལ་བ་མེད་པ་ངང་འདུས་མ་བྱས་པ་དང་། སྐྱེ་འཇིག་མེད་པ་དང་། མི་ཕྱེད་པ་དང་། འཇོམས་པའི་ངོ་བོ་ནི་ཡེ་ཤེས་ཆེན་པོའི་ངོ་བོ་ཕྲ་ཞིང་ཟབ་པ་རིལ་གྱི་འབྲས་བུ་ཉིད་དེ། དེ་ལ་ནི་དོན་དུ་གཉེར་བ་དང་། ཐོབ་བྱ་མིང་མེད་དེ། ཡེ་གཉིས་སུ་མེད་པ་ལ་དེ་ཉིད་ཀྱིས་ཐ་སྙད་བྲལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཡེ་ཉིད་འབྲས་བུ་དམ་པ་ལ། །ཞེས་པ་དག་སྙིང་པོ་བྱང་ཆུབ་ནི་ཚོགས་ལས་བྱས་པ་མ་ཡིན་ཏེ། ཐོག་མ་ནས་དེ་ཉིད་ཀྱི་ངོ་བོར་བཞུགས་པས་མིང་གི་བླ་དྭགས་ཙམ་ཡང་བྲལ་བ་ལ་རྙེད་པར་བྱ་བའི་ཆོས་མ་དམིགས་སོ། །གསང་སྔགས་གསང་བའི་སྙིང་པོ་འདི། །ཞེས་པ་དག་དེ་ཁོ་ན་ཉིད་ཤིན་ཏུ་མཐོང་དཀའ་བ་འབྲས་བུའི་ངོ་བོ་དེ་ཉིད་ནི། རྒྱལ་བ་དང་འགྲོ་བ་གཉིས་ཀའི་ངོ་བོ་དེར་གཅིག་པའི་ཕྱིར་རོ། །དེའི་ཕྱིར་ལམ་གྱི་བསྟན་པ་རིལ་གྱི་ངོ་བོ་ཡང་། འདིའི་མཚན་གྱི་རྣམ་གྲངས་སྣང་བས་ཡོན་ཏན་ཆ་རེ་མཚོན་པ་ལས་བཏགས་ཏེ། གང་ཞེ་ན། འདུས་པ་གསང་བ་རྨད་བྱུང་བ། །ཞེས་པ་དག་གཉིས་སུ་མེད་པའི་བྱང་ཆུབ་སེམས་སུ་བཤད་པ་ལྟར། རིལ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ངོ་བོ་ཕྲ་ཞིང་ཟབ་པ་ནི་དོན་གྱི་མཆོག་སྟེ། དེ་ཁོ་ན་ཉིད་རྡོ་རྗེ་རྣམ་གསུམ་གྲུབ་མཐའི་བཅུད་ཉིད་དེ། གསང་བ་འདུས་པ་ཡང་ཡིན་ཏེ། རྒྱུད་ཕྱི་མ་ལས། གསང་བ་ཞེས་སུ་བསྟན་པ་ནི། །སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །འདུས་པ་ཞེས་བྱ་འདུས་པར་གསུངས། །ཞེས་འབྱུང་བའོ། །གསང་བ་དམ་པའི་སྙིང་པོ་འདི། །ཞེས་པ་དག་ཤིན་ཏུ་དཔག་པར་དཀའ་བ་ནི། མི་བསྟན་པར་བྱའོ་ཅོག་གི་མཆོག་ཡིན་ཏེ། ཆོས་ཐམས་ཅད་ཀྱི་སྲོག་ཡིན་པས་ཤིན་ཏུ་མ་ནོར་བའི་དོན་ནི་རྒྱལ་བ་ཀུན་གྱི་དགོངས་པའི་ཞེ་ཕུགས་ཡིན་པས་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་ཀྱང་བྱའོ། །ཟླ་བ་གསང་བ་ལས་བྱུང་བ། །ཞེས་པ་དག་རང་རིག་པ་ནི་མཐའ་དྲི་མ་དྭངས་པ་ལ། ངོ་བོ་མ་བསྒྲིབ་པ་ཉིད་བསམ་དཀའ་སྟེ། དེ་ཉིད་མ་འགགས་མ་འདྲེས་པར་རང་ཤར་བ་ལ་སྤྲོས་མཐའ་གྲོལ་བས་མུ་མཐའ་མི་རྙེད་པའི་ངོ་བོ་བས་ཟླ་གསང་ཐིག་ལེའོ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །ཞེས་པ་དག་ཡེ་ཇི་བཞིན་པ་དང་། རྒྱུད་དག་པའི་རྒྱལ་བ་རིལ་དང་ངོ་བོ་མི་ཕྱེད་པས། རྒྱལ་བའི་གཟུགས་སྐུ་རིལ་དཔེ་ཇི་ལྟ་བར་མ་འདྲེས་ལ་རྫོགས་པས་གཅིག་དང་དུ་མ་མེད་པའི་ཕྱིར་སངས་རྒྱས་མཉམ་སྦྱོར་རོ། །སྣང་སྲིད་སྒྱུ་མའི་ཡེ་ཤེས་ལས། །ཞེས་པ་དག་སྣོད་བཅུད་སྒྱུ་མ་ལྟར་སྣང་ལ་མེད་པ་ཡེ་ཤེས་ཆེན་པོའི་ངོ་བོར་ལྷུན་གྲུབ་ལས་འགྲོ་འོང་མེད་པར་ཇི་སྙེད་པའི་ཆོས་སུ་འཕྲུལ་ཏེ། བྱུང་བ་ཉིད་དབྱེར་མེད་པའི་ཕྱིར་སྒྱུ་འཕྲུལ་དྲྭ་བའོ། །སྤྲུལ་པ་ཐབས་ཀྱི་དྲྭ་བ་ལས། །ཞེས་པ་དག་རང་རིག་པ་ཅིར་ཡང་སྣང་བ་ནི་ཐབས་ཆེན་པོ་སྟེ། དེ་ཡོད་མེད་ལ་སོགས་པ་རིལ་མ་སྤངས་པར་དེ་ཉིད་དུ་མཛད་པའི་ཕྱིར་ཐབས་ཀྱི་ཞགས་པའོ། །བྱ་བྲལ་རྣམ་གྲོལ་མཐུན་འཇུག་སྤྱོད། །ཞེས་པ་དག་ལྷུན་གྱིས་གྲུབ་པས་བྱ་རྩོལ་བྲལ་བའི་ཕྱིར་དང་། དབྱིངས་དང་ཡེ་ཤེས་ཀྱི་ངོ་བོ་འཆིང་བ་དང་བྲལ་བའི་ཕྱིར་དང་། ཆགས་སྡང་ཅན་ལ་སྤྱོད་པ་མཐུན་འཇུག་ཏུ་སྣང་བའི་ཕྱིར་རྒྱུད་གསུམ་སྟེ་བསྐྱེད་རྫོགས་གསུམ་ཡིན་ནོ། །སྨིན་དཔེར། ངོ་བོ་ཉིད་ལ་བྱ་བྱེད་མ་དམིགས་པར་སྐུ་ཕྱག་རྒྱ་མཚན་མ་དང་མཚན་མ་མེད་པའི་རྣལ་འབྱོར་རྣམ་གཉིས་སུ་ཤར་བས་ཆ་མཐུན་འཚམས་པར་སྤྱོད་པ་ནི་ཡོ་གའོ། །མཆན། སྦྱོར་ཐབས་བྱ་བ་ལས་རྒྱུད་འབྱུང་། །ཞེས་པ་ངང་གིས་མི་གཡོ་ཞི་བའི་ཏིང་ངེ་འཛིན་དུ་ཞུགས་པའི་ཕྱིར་དང་། ལྟ་སྤྱོད་ཀྱི་ཐབས་དང་། བྱ་བའི་ལས་སུ་ཤར་བས་རྒྱུད་གསུམ་སྟེ། ཡོ་ག་དང་། ཨུ་པ་ཡ་དང་། ཀྲྀ་ཡ་ཡིན་པའོ། །སྨིན་དཔེར། སྒོ་གསུམ་ས་ལ་འགོད་པའི་ཐབས་ཀྱི་བྱ་བའི་ལས་གཙོར་བྱེད་པའི་ངོ་བོ་ཡང་ཤར་བས་ཀྲྀ་ཡའོ། །ཁྱད་པར་གྱི་དབང་དུ་ཚིག་སྔ་ཕྱི་གཉིས་ཀ་ཀྲྀ་ཡར་སྦྱར་རོ། །མཆན། ལྷག་པར་མཐོང་དང་ཞི་བར་གནས། །ཞེས་པ་དག་ཀུན་རྫོབ་སྒྱུ་མ་དང་། དོན་དམ་པའི་ངོ་བོ་གཉིས་མ་འགགས་པར་ཤར་བ་དང་། དེ་ཉིད་ཇི་ལྟ་བ་ལ་བྱིང་རྒོད་ལ་སོགས་པ་མེད་དེ་མི་བསྒུལ་བ་དང་། མཐའ་བཞི་དང་སྤྲོས་མཐའ་བརྒྱད་ཡེ་བྲལ་བས། དོན་དམ་པ་མ་སྐྱེས་པ་དབུ་མའི་མཐའ་ལས་ངེས་པར་འབྱུང་བའི་ཐེག་པའང་ཡིན་ཏེ་དེར་ཡང་ཤར་རོ། །སྡེ་མཛོད་དམ་པའི་བཀའ་ལུང་རྣམས། །ཞེས་པ་དག་སྡེ་སྣོད་གསུམ་དང་། དམ་པའི་མཛོད་གསུམ་ངང་། མདོ་སྔགས་ཀྱི་བཀའ་ལུང་ཇི་སྙེད་པའི་ངོ་བོར་བཞུགས་པས། དེ་དག་གིས་དོན་རྫོགས་པ་དང་། ཕྱོགས་ཆ་མཚོན་པའི་བཀའ་ཚིགས་དང་། ཡི་གེར་ཡང་བྱིན་གྱིས་བརླབས་ཤར་ནས། དེ་ཉིད་མངོན་སུམ་དང་རྗེས་དཔག་དང་། རིམ་གྱིས་དང་ཅིག་ཅར་དང་། མངོན་སུམ་དང་བརྡ་དང་། བརྒྱུད་པས། གཏན་ལ་འབེབས་སོ། །མདོར་བསྟན་པ་ཀུན་འདིས་ནོར་དུ་རུང་བར་བྱེད་པའོ། །དེས་བཀའ་ཐམས་ཅད་ཀྱང་སྙིང་པོ་བྱང་ཆུབ་ཉིད་དོ། །དེ་བས་ན། གདུལ་བྱའི་ཡུལ་ནི་ཇི་སྙེད་པའི། །ཞེས་པ་དག་གདུལ་བྱའི་བསམ་པ་རབ་འབྲིང་ཐ་མ་ཇི་སྙེད་པའི་དོན་དུ་རྒྱུད་དང་འཚམས་པའི་བསྟན་པ་དེ་སྙེད་ཀྱི་སྒོ། དེ་ལྟར་ལྷུན་གྱིས་གྲུབ་པའི་ཕྱིར་སྣང་དུ་བཏུབ་པའོ། །དེ་བས་ན་རྒྱུད་འདི་ལྟ་བུ་ཉིད་ཀྱང་ཇི་ལྟར་སྣང་ཡང་། ངོ་བོའི་དབང་དུ་སྟོན་པ་ཉག་གཅིག་གི་བྱིན་རླབས་སྣང་བའོ། །རབ་འབྱམས་རྨད་དུ་གྲགས་པ་འདི། །བཀའ་ཡི་རབ་བརྒྱུད་དམ་པ་ཉིད། །ཞེས་པ་དག་ཆེ་བ་བདུན་དང་ལྡན་པའི་རྒྱུད་དོན་དང་ཚིག་ཁྱད་པར་ཅན་དུ་གདུལ་བྱ་ལ་སྣང་བའི་དགོངས་པ་འདུས་པ་ཆོས་ཀྱི་མེ་ལོང་དུ་ཉེ་བར་བཟུང་བ་ནི། མདོ་སྔགས་ཀྱི་བཀའ་དེ་སྙེད་བསྒྲགས་པའི་མཆོག་སྟེ། སྙིང་པོ་བྱང་ཆུབ་ཉིད་ཇི་ལྟ་བའི་སྒྲོ་སྐུར་མེད་པར་ཚིག་ཏུ་སྣང་བ་འདི་ཉིད་དོ། །དམ་པར་བརྗོད་པའི་གཏན་ཚིགས་གང་ཞེ་ན། ཇི་བཞིན་པ་ཡི་དེ་ཁོ་ན། །ཞེས་པ་དག་སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་རྒྱུད་འདི་ལས་བཀའ་དེ་སྙེད་འབྱུང་བའི་རྒྱུ་ཡི་སྙིང་པོ་སྟེ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཆེ་བ་དང་ལྡན་པའི་ཕྱིར་རོ། །ཟབ་མོ་འདུས་པའི་གཏན་ཚིགས་འདི། །ཞེས་པ་དག་དོན་ཚིགས་གཏིང་དཔག་དཀའ་བ་འདིར་རིལ་འདུས་པའི་རྒྱུད་འདི་རྟོགས་པ་ལས་རྒྱལ་བ་རིལ་འབྱུང་བས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཡིན་ནོ། །རྣམ་པ་སྣ་ཚོགས་སྣང་བར་མཛད། །ཅེས་པ་དག་རྒྱལ་བའི་སྐུ་ཡོན་ཏན་ཇི་སྙེད་པ་མི་འགོག་པར་མཛད་པས་རྣམ་པར་སྣང་མཛད་དོ། །ངོ་བོ་གཉེན་པོ་བྲལ་བའི་ཐུགས་ལ་གཡོ་བ་མེད་པས་རྡོ་རྗེ་སེམས་དཔའོ། །རྒྱལ་བའི་གསུང་གྲགས་མཐའ་ཇི་སྙེད་གསལ་བར་ཤར་བས་སྣང་བ་མཐའ་ཡས་སོ། །མཚན་དང་དཔེ་བྱད་དང་དངོས་གྲུབ་ཇི་སྙེད་པའི་ཡོན་ཏན་གྱི་འབྱུང་གནས་དཔེ་ཇི་ལྟ་བར་འབྱུང་བས་རིན་ཆེན་འབྱུང་ལྡན་ནོ། །གདུལ་བྱ་རིལ་གྱི་དོན་མ་བཙལ་རྫོགས་པས་དོན་ཡོད་གྲུབ་པའམ་གདོན་མི་ཟ་བའོ། །རང་བྱུང་གི་ཡེ་ཤེས་ལས་དང་ངོ་བོས་རྡོ་རྗེ་སྟེ་ཡེ་ཤེས་རིལ་གྱི་རྩ་བ་དེ་ཉིད་ལས། དེ་ཉིད་ཀྱི་བྱིན་རླབས་ཡེ་ཤེས་ལྔའི་ངོ་བོར་ཤར་བས། རང་བྱུང་ཉིད་དང་དྲུག་གི་ཕྱིར་རིགས་ཀྱང་རྗེས་སུ་མཐུན་ཏེ། དེ་བས་ན་རྒྱལ་བའི་ཡུམ་སྨིན་དཔེར་ཡུལ་ཡང་དུའང་མངོན་ནོ། །བསམ་མེད་བསམ་གྱིས་མི་ཁྱབ་པའི། །དཔག་མེད་བརྒྱད་ཁྲི་བཞི་སྟོང་སྒོ། །ཞེས་པ་ལ་སོགས་པ་ཆོས་ཀྱི་སྒོ་མོ་གྲངས་ལས་འདས་པ་ཡང་། མདོར་ཉོན་མོངས་པ་འདུལ་དབང་གིས་སྟོང་ཕྲག་བརྒྱད་ཅུར་བསྟན་ཅིང་གྲགས་པ་ཡིན་ཡང་། དོན་མ་ནོར་བར་ངེས་པའི་ཆོས་རྒྱུད་འདི་སྟེ་དངོས་གསང་བ་མཆོག་གི་ཐེག་པའོ། །འདིར་རིགས་མ་ངེས་མ་རྟོགས་པ་ཤ་ཐང་བས་རྩོལ་བའི་བར་དུ་འཇུག་སྒོ་ཡང་མང་ལ། འདི་དང་འཕྲད་ན་མདོ་འཇུག་སྒོ་གཅིག་པོ་འདི་ལས་ལྷག་པ་མེད་པའི་ཕྱིར་སྒོ་ཀུན་ནས་བསྡུར་བའི་བསླབ་པའང་གཅེས་སོ། །བརྗོད་དང་བསྟན་པའི་རྣམ་གྲངས་ཀུན། །ཞེས་པ་ལ་སོགས་པ། ཚིག་ཉིད་དོན་མིན་པས། བརྡ་མཚོན་བརྒྱུད་ནས་དོན་ཆེན་པོ་རྟོགས་པར་བྱེད་པའི་སྒྲོན་མེ་དང་འདྲའོ། །དེས་ན་དངོས་པོ་རིལ་རང་རིག་པ་ཁོ་ན་བས་གསང་སྔགས་ཉིད་ཡིན་པའི་ཕྱིར། རིལ་དེར་ལུང་བསྟན་པས་ཤེས་བྱ་དེ་ཁོ་ན་ཉིད་དོ། །དེ་དག་དེ་ཉིད་ངང་གྲོལ་ན། །ཞེས་པ་ལ་སོགས་པ་སྙེགས་པས་སྡུད་པ་ནི་དངོས་པོ་རིལ་ལོ། །དེ་རྣམས་དེ་བཞིན་ཉིད་ཀྱི་ངང་དུ་བྱས་པ་མེད་པར་གྲོལ་ཏེ། ངོ་བོ་མ་དམིགས་པ་ཉིད་དངོས་པོ་དེ་ཁོ་ན་ཉིད་གསང་བའི་དོན་ནོ། །དེ་ཇི་ལྟ་བ་དེ་ལྟར་རིག་པ་ཉིད་སངས་རྒྱས་ཡིན་པས། དེ་ལ་སྤྱོད་ཡུལ་རིལ་བདེ་བ་ཆེན་པོའི་ཀློང་དུ་གསལ་བས། སྙིང་པོ་དེ་ཁོ་ན་ཉིད་དུ་འཛིན་པའམ་ཆེད་དུ་བྱས་པ་ཉིད་ཀྱང་མེད་དོ། །དེ་ལྟ་བས་ན་རང་རིག་པ་བདེ་བ་ཆེན་པོ་ལ། རང་བཞིན་བདེ་བ་ཆེན་པོ་མ་བསྡུས་པར་རྫོགས་པའི་ཡེ་ཤེས་དུས་ཕྱེད་པར་གསལ་ལོ། །མ་ལུས་མཐའ་དག་ཐིག་ལེ་རྒྱ། །ཞེས་པ་ལ་སོགས་པ་འཁོར་བ་དང་མྱ་ངན་ལས་འདས་པ་ཀུན་བྱང་ཆུབ་སེམས་ཀྱི་རྒྱས་ཐེབས་པའི་ཕྱིར། མ་གྲུབ་པ་གྲུབ་པར་བྱར་ཡང་མེད་པས་འབད་པ་དང་བྲལ་ཏེ། རྒྱུ་དང་འབྲས་བུ་ལ་སྔ་ཕྱི་དང་བྲལ་ལོ། །དེ་བས་རང་གི་བློ་ཇི་བཞིན་པའི་རྗེས་སུའང་མི་འབྲང་ངེས་པར་མི་འཛིན་ཏེ། དེ་ཁོ་ན་ཉིད་བདག་ཉིད་པས་དམིགས་བྱར་མེད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་རྟོག་འཛིན་གྱིས། །ཞེས་པ་ལ་སོགས་པ་ཇི་བཞིན་པ་ལས་གོལ་བའི་མུན་སྤྲུལ་གྱི་བློ་ཅན་རྣམས་ཀྱིས་རྒྱུ་ཡིས་གྲུབ་པར་རྟོག་ཅིང་འབྲས་བུ་ལ་ངེས་པར་འཛིན་པས། ལམ་དེ་དག་རང་གི་རྟོག་པ་མེད་བཞིན་སྣང་བའི་སྒྱུ་མའི་དབང་གིས་རྒྱུ་འབྲས་དབྱེར་མེད་པ་ལ་སོ་སོར་མཐོང་བས། ནོར་བའི་རྟོག་པས་མ་གྲོལ་བར་གྱུར་ཏོ། །དེ་བས་ན་གང་ལའང་རག་མ་ལུས་པའི་ཡེ་ཤེས་ཆེན་པོ་དུས་གསུམ་དུ་བདལ་ཁྱབ་ཆེན་པོར་ཤར་བ་ཁོ་ནའོ། །ཡེ་མ་བྱས་མ་བསླད་པའི་ངོ་བོའམ་བདག་ཉིད་ལས་གོལ་བ་མ་དམིགས་པར་ལ་བཟླའོ། །ཐམས་ཅད་བྱང་ཆུབ་སྙིང་པོ་བས། །ཞེས་པ་དག་རིལ་ཆོས་ཉིད་ལ་བྱ་རྒྱུ་མེད་པས་དེ་ཉིད་མངོན་དུ་བྱེད་པའི་འདུ་བྱེད་པའི་འདུ་ཤེས་ཀྱང་མེད་པ་ནི་གནས་པ་ཆེན་པོ་བས་དེ་ལྟར་གདམས་པའོ། །སྣང་སྲིད་འཁོར་བའི་ཁ་བརྒྱུད་ཀྱང་། །ཞེས་པ་ལ་སོགས་པ། དེ་ཅིའི་ཕྱིར་ཞེ་ན། ཇི་ག་འཁོར་བར་ཇི་སྙེད་དུ་བཙལ་ཀྱང་དོན་དེ་ཉིད་ལས་གཞན་དུ་མ་འོངས་པའི་ཕྱིར་དང་། རྒྱལ་བའི་ཞིང་བགྲོད་ཀྱང་སྙིང་པོའི་དོན་ལས་མ་འཕགས་སོ། །དཔག་མེད་རྒྱལ་བའི་སྐུ་བསྐྲུན་ཡང་། ཞེས་པ་དག་རྒྱལ་བ་རིལ་གྱི་སྐུ་བསྐྲུན་ཏེ་གྲུབ་ཀྱང་དེ་ཁོན་ན་ཉིད་ལས་མང་ཞིང་རགས་པ་མེད་ལ། སྡུག་བསྔལ་ཅན་གྱི་འགྲོ་བ་ཇི་སྙེད་དུ་ཤར་ཡང་ཉུང་བ་དང་ཕྲ་བ་མེད་དོ། །དེའི་དོན་རྣམས་ཇི་ལྟ་བུ་ཞེ་ན། སྐྱེ་བཞི་རྒྱུད་ལྔར་གང་སྣང་བ། །སངས་རྒྱས་ཉིད་དེ་ཡེ་ཤེས་སྐུ། །ཞེས་པ་ལ་སོགས་པ་རྒྱུད་ལྔ་སྐྱེ་བཞི་ཉིད་ཡེ་ཆོས་སྐུ་ཆེན་པོར་གྲུབ་པ་ལ། དངོས་པོ་གཉིས་པའི་རྣམ་པ་མེད་དེ། བདེ་བ་ཆེན་པོའི་ལྷུན་ལ་བཞུགས་པ་ལ་སྐྱེ་ཤི་འཕོ་འགྱུར་མི་མངའ་བའི་ཕྱིར་འཕེལ་འགྲིབ་བྲལ་ལོ། །བྱ་བ་མེད་པའི་དཀྱིལ་འཁོར་གསུམ། །ཞེས་པ་དག་ཧཱུྃ་མཱུྃ་ཨཱོཾ་གྱི་དོན་གསུམ་དཀྱིལ་འཁོར་གསུམ་དུ་ཤར་བ་དེ། འཕྲལ་དུ་ལམ་པས་མ་བྱས་པས་ཐོབ་ཟིན་པའི་ཕྱིར་ཡང་དེ་བཞིན་ནོ། །བསྒྲུབ་པ་འདི་ལ་གང་གནས་པ། །ཞེས་པ་དག་གང་གིས་བསྒྲུབ་ཏུ་མེད་པར་ཤེས་པ་ཉིད་གང་ཡང་དོན་དུ་མི་གཉེར་བ་ནི། བསྒྲུབ་པ་ཆེན་པོ་ལ་གནས་པ་སྟེ། དེ་ནི་ཐབས་ཆེན་པོ་ཞེས་བྱ་སྟེ་ལམ་གྱི་མཆོག་ཡིན་པའི་ཕྱིར་རོ། །དེ་ནི་ལས་ཁྱད་པར་ཅན་ཡིན་ཏེ། དེ་ལྟར་ཐག་ཆོད་པ་ལ་རྩོལ་བའི་མཐའ་ལས་ཀྱང་མི་འགོག་སྟེ། བྱས་པ་ལ་བྱས་འཛིན་མེད་པས་དོན་ཆེན་པོ་ལས་ཉམས་པའི་ཕྱིར་རོ། །རྒྱལ་བ་ཀུན་གྱི་སྙིང་པོ་ཉིད། །ཅེས་པ་ལ་སོགས་པ་གང་བདུད་ཀྱི་དཔུང་ལས་ཆེ་བར་གྱུར་བ་རིལ་གྱི་འབྲས་བུ་ལྷུན་གྱིས་གྲུབ་པར་མངའ་བ་རང་སྣང་བ་ནི། མདོ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སྟེ། ཡ་མཚན་ཆེན་པོ་དེ་དག་ཇི་བཞིན་པ་ལས་བྱུང་བ་མེད་པར་འཆར་རོ། །རྒྱལ་བ་རྒྱ་མཚོ་རྣམས་ཀྱི་ཡུམ། །ཞེས་པ་ལ་སོགས་པ་དེའི་ཕྱིར་རྒྱལ་བ་རིལ་བསྐྱེད་པར་བྱེད་དོ། །དེ་བས་ལོངས་སྤྱོད་སྤྲུལ་པ་རིལ་ངང་ཆེན་པོ་ལས་སྣང་བའི་ཕྱིར། རྩ་བ་ཆེན་པོ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཡེ་མཐའ་ཐམས་ཅད་བྲལ་བའི་ངོ་བོར་བཞུགས་པ་ལས། རྒྱལ་བའི་གདུང་འཚོབ་པའི་འགྲོ་བ་ཆེན་པོ་རྣམས་ཀྱི་དོན་ཆེད་དུ། དོན་དེ་ཉིད་ཀྱི་དབང་གིས་སྟོན་པ་ཉིད་ལ་ཉིད་འཆད་ཅེས་བྱའོ། །ཞི་གནས་མི་རྟོག་མཁའ་ཁྱབ་ལ། །ཞེས་པ་དག་ཇི་བཞིན་པའི་ནམ་མཁའ་གང་དུའང་མི་གཡོ་མི་འཛིན་པ་ནི་རང་བཞིན་གྱི་ཞི་གནས་སོ། །རང་རིག་པའི་མངོན་སུམ་ཡེ་གསལ་བ་ཆེན་པོ་བཤད་པ་བཞིན་མ་འདྲེས་ལ་རྫོགས་པར་གསལ་བ་ནི་ངོ་བོ་ཉིད་ཀྱི་ལྷག་མཐོང་སྟེ། དེ་ལྟར་སོ་སོར་མ་འདྲེས་རྫོགས་པའི་ངོ་བོ་གཅིག་དང་དུ་མ་ཡོད་མེད་རྟག་ཆད་མ་སྤངས་གྲོལ་བའི་དོན་དུ་གསལ་བ་ལས་ངེས་པར་འགྲེལ་ཞེས་བསྙད་དོ། །ལང་ཀའི་བདག་པོ། སྟོང་པ་ཉིད་ལས། ཞེས་པ་ལ་སོགས་པ་ཚིག་གིས་དོན་འགྲུབ་པའི་ངོ་བོ་བསྟན་པའོ། །ལང་ཀའི་བདག་པོ་དེ་ལྟར་ན། དགོངས་པ་ངེས་པར་འགྲེལ་དེ་དག་ཀྱང་། ཞེས་པ་ལ་སོགས་པ་བཤད་པ་ལ་སྙེགས་པའི་དོན་གྱིས་རྗེས་སུ་མཐུན་པར་སྟོན་པ་ནི། རང་བཞིན་ཇི་བཞིན་པ་དང་། ལམ་པ་དང་། འབྲས་བུ་ལ་སྦྱོར་བ་དང་། ངེས་དོན་སེལ་མེད་པ་སྟེ་ཆོ་འཕྲུལ་བཞིའི་དོན་བསྟན་པ་སྟེ། གཞི་ལྷུན་གྱིས་གྲུབ་པ་ལས་སྣང་བ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། གདུལ་བྱ་དོན་ལ་འཇུག་པའི་ཕྱིར་ཆོས་སྣང་བ་དང་། དོན་སྦྱོར་བས་ཀུན་བརྗོད་པའི་དང་། ཇི་བཞིན་པ་རྩ་བའི་རྗེས་སུ་བསྟན་པ་དང་བཞིར་ཤེས་པར་བྱའོ། །ཞེས་གདམས་ངག་གི་མདོ་བཀའ་སྩལ་པས་འཁོར་རྣམས་ཀྱིས་དེའི་དོན་རྟོགས་ཏེ་ཐ་མའི་དབུགས་ཕྱིན་པར་གྱུར་ཏོ། །གང་ཡོངས་སུ་རྫོགས་པར་འགྲེལ་བའི་ལེའུ་སྟེ་བཅུ་དགུ་པ་བཀྲོལ་བའོ།། །།གཏམ་རྒྱུད་བརྗོད་པའི་ཆོས་ཀྱི་ཕྱག་རྒྱ། ཞེས་པ་དག་སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་ཀུན་ཏུ་བཟང་པོས། ཉིད་ལ་ཉིད་འགྲེལ་པ་འདིར་གསང་བ་པས་གཏམ་རྒྱུད་དུ་ཐོས་པ་བརྗོོད་པའི་ཕྱིར་ལྔ་པའོ། །དེ་ནས་ཡང་། ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། གསང་བའི་བདག་པོ་ལ། ཞེས་པ་ལ་སོགས་པ་སྡུད་པ་པོས་སྟོན་པ་ལ་བྱུང་ཚུལ་དྲུག་པ་དྲིས་པས་སྒྲ་བཞིན་ནོ། །སྨྲས་པ་ལང་ཀའི་བདག་པོ། གསང་སྔགས་འབྱུང་འབྱུང་བའི་རྒྱུ་གདུལ་བྱ་ཁྱད་པར་ཅན། ཞེས་པ་ལ་སོགས་པ་ལན་དུ་གདུལ་བྱ་ལས་དང་རྩལ་ཤིན་ཏུ་དྲག་པས། ཁམས་གསུམ་བྱང་ཆུབ་སེམས་ཀྱི་ས་བོན་རླག་པར་བྱེད་པ། ཁྲོ་བོ་ཆེན་པོ་དང་ཆ་ལུགས་ཚུལ་མཐུན་པ་ནི། ལས་ཀྱི་ཁྲོ་བོའི་ངོ་བོ་དང་ལས་དང་ཆ་ལུགས་ཏེ། གདུལ་བྱ་ལ་ཐུགས་རྗེ་འབྱུང་བའི་དུས་སུ་ཕྱིན་ཏེ་སྨིན་པའོ། །དེ་འདུལ་བའི་ཕྱིར་རྒྱལ་བ་རྣམས་གནས་ཆེན་པོ་ཉིད་དུ་འདུས་ཏེ། ཐུབ་དཀའ་དང་དན་ཕག་འཆད་པ་བཞིན་གྱུར་པ་ལ་བསྐུལ་བ་ནི། སྤྱིར་ཆ་འདྲ་བས་གཅིག་དང་དུ་མ་ལས་གྲོལ་གྱིས་ཀྱང་། དང་པོ་འདུལ་བའི་དཔོན་དུ་གྱུར་པ་དང་། གཡོག་ཡིན་པས་ཁྱད་པར་གྱི་ཐུགས་རྗེ་འབྱུང་བའི་ཡུལ་དང་གཉེན་པོར་གྱུར་པའི་ཕྱིར་རོ། །དེ་ཡང་ཞི་བའི་ཞིང་ཁམས་བཀོད་པའི་སྤྲུལ་པ་དང་མཉམ་པ་སྙེད་རྡུལ་དང་མཉམ་པས་བཏུལ་བའི་དུས་སུ། ཐེག་པ་ཆེན་པོ་འདི་ཡང་འབྱུང་ཞིང་གྲགས་སོ། །སྨྲས་པ། གསང་བའི་བདག་པོ། གདུལ་བྱ་དེ་གང་ལས་བྱུང་ཞེས་པ་དག་ལང་ཀས་རུ་དྲའི་རྒྱུ་རྐྱེན་དང་། སྐྱེ་རྒྱུད་དང་། གསང་བའི་རྒྱུ་རུ་ཇི་ལྟར་བྱུང་བ་དང་གསུམ་དྲིས་པའོ། །གསང་བའི་བདག་པོས་སྨྲས་པ། ཞེས་པ་ལ་སོགས་པ་རྒྱུ་དྲིས་པའི་ལན་ཏེ། དེ་ཡང་རྒྱུ་སོགས་པའི་དུས་དང་། ངོ་བོ་དང་གཉིས་སོ། །དེ་ལ་ལྷན་ཅིག་བྱེད་པའི་རྒྱུ་དྲག་པོ་ལ་སོགས་པའི་དུས་གང་ཞེ་ན། འདི་ལྟ་སྟེ། དྲན་པ་བསྐལ་པ་དཔག་ཏུ་མེད་པའི་བསྐལ་པ་དང་བསྟན་པའི་སྒོ་ནས་སློབ་དཔོན་གྱི་ཡོན་ཏན་བསྟན་པའོ། །དུས་ན། ཞེས་པ་ལ་སོགས་པ་སྒྲ་ཇི་བཞིན་ནོ། །སྒྲ་འབའ་ཞིག་ལ་ཕྱོགས་ཏེ། དངོས་པོ་བཞི་ཁོ་ནར་སྤྱད་དེ། ཞེས་པ་ལ་སོགས་པ་དེ་ལ་རྒྱུ་ཉེ་བར་བཟུང་བ་འདིར་ལྷན་ཅིག་བྱེད་པའི་རྒྱུ་དང་། རྐྱེན་ཐུན་མོང་དུ་གྱུར་པ་སྟེ་སྦྱོར་སྒྲོལ་དང་། ངག་བརླང་པོ་དང་། རྫུན་དང་། ཚིག་རྩུབ་མོ་སྟེ་སྤྱད་པར་བྱ་བ་ལྔ་དང་། ཤ་ལྔ་དང་། དམ་རྫས་ལྔ་དང་། ཉོན་མོངས་པ་ལྔ་དང་། འདོད་ཡོན་ལྔ་སྟེ་ལྔ་ཕྲག་བཞི་དང་དངོས་པོ་ལ་ཞེན་ཏེ་དོན་མ་གོ་བར་ཚིག་གི་རྗེས་འབྲངས་པ་ནི་རུ་དྲ་ཐར་པ་ནག་པོའོ། །དེ་དག་སྒྲ་ཇི་བཞིན་ནོ། །དེ་ལ་རྩོད་པ་ཆེན་པོར་གྱུར་ཏོ། །ཞེས་པ་ལ་སོགས་པ་གཡོག་དང་རྩོད་པ་ནི་མཚམས་མེད་སོགས་པའི་རྒྱུའོ། །དེ་ལྟར་ལྟངས་བཅད་པས་སློབ་དཔོན་ལ་ཁྲོས་ཏེ་སོང་བ་ནི། མཚམས་མེད་པ་དང་རྩ་བ་ཉམས་པ་སྟེ་དེ་ཡང་ལྷན་ཅིག་བྱེད་པའི་རྒྱུ་དང་རྐྱེན་ནོ། །དེ་ནས་ཐར་པ་དེ་བཞིན་གཤེགས་པའི་གསུང་གི་སྒོ་གྲངས་མང་ཞིང་། ཞེས་པ་ལ་སོགས་པ་མཚུངས་པར་ལྡན་པའི་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་པས་གསང་བའི་དོན་མ་གོ་བ་སྟེ་གབ་པའི་གསང་བ་མ་རྟོགས་པའོ། །གཏན་ཚིགས་ལུང་མན་ངག་ཟབ་མོས་མ་གཞལ་བར་རང་གི་འཐད་ཕྱོགས་སུ་དྲངས་པས་སྤྱོད་པ་ལོག་པ་བྱེད་པ་ནི་རྐྱེན་ཏེ་སྒྲ་ཇི་བཞིན་ནོ། །དེ་ནས་སྐྱེ་བ་དེ་འཕོས་པར་གྱུར་ཏེ། སྐྱེ་བ་དེའི་ཕྱི་མ་ལ། ཞེས་པ་ལ་སོགས་པ་འཕོས་པའི་སྐྱེ་བ་དང་པོ་སྟེ་ཐར་པ་ཚེ་འཕོས་མ་ཐག་པའོ། །འདི་དག་སྒྲ་བཞིན་ཏེ། སྐྱེ་བཞི་རྣམ་གྲངས་ནི་སྐྱེ་བ་བརྒྱད་པ་ཡན་ཆད་ལ་སྐྱེ་བ་བཞི་སྟོང་དུ་དོན་གྱིས་བརྩིས་པའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་གསུམ་པ་དང་། བཞི་པ་ལྔ་པ་དང་། བདུན་པ་བརྒྱད་པ་ལ་གྲངས་ངེས་པ་མ་སྨོས་ཀྱང་། ཐ་དད་པའི་ལུས་བླངས་ཅེས་པ་དང་། གོང་འོག་གིས་སྒྲ་ངེས་པས་བརྩིའོ། །སྐྱེ་བ་དགུ་པ་ནས་ཡང་སོས་མན་ཆད་སྐྱེ་བ་དགུ་བརྒྱུད་པ་ནི། འགྱོད་པའི་རྒྱུས་གྱེན་དུ་འབྱུང་བ་སྟེ། སྐྱེ་བ་འབུམ་ཕྲག་བརྒྱད་དུ་བརྒྱུད་པའོ། །འདི་དག་ནི་ལས་མ་རྫོགས་པ་རྫོགས་པར་བྱེད་པའི་ཕྱིར། སྐྱེ་བ་བརྒྱད་ཡན་ཆད་དུ་གྱུར་ཏེ་ཡོངས་སུ་རྫོགས་པར་བྱེད་པའི་རྐྱེན་དང་འཕེན་པའི་ལས་ཞེས་བྱ་སྟེ་རྒྱུ་དང་ཐུན་མོང་ངོ་། །དམྱལ་བ་རྣམས་ནི་འབྲས་བུ་གསུམ་ལས་རྣམ་པར་སྨིན་པའི་འབྲས་བུའོ། །དེ་དག་ལས་འཕོས་ནས་ཀྱང་། གང་འཇིག་པའི་བསྐལ་པ་མུ་གེ་དང་། ཞེས་པ་ལ་སོགས་པ་བསྐལ་པའི་སྙིགས་མ་གསུམ་དུ་སྡུག་བསྔལ་མྱོང་བ་ནི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུའོ། །དེ་དག་ལས་ཐར་ནས་ཀྱང་། ཤ་དང་རུས་པའི་ཆེད་དུ་གསོད་པའི། ཞེས་པ་ལ་སོགས་པ་སྤྱོད་པ་རྒྱུ་མཐུན་དུ་རྟོགས་ཏེ་ལས་ངན་དེར་ཡང་སོག་གོ། །དེ་ནས་སྐྱེ་བ་འཆད་པ་གསུམ་སྒྲ་བཞིན་ཏེ་དབང་གི་འབྲས་བུར་ཡང་འགྱུར་རོ། །མདོར་སྐྱེ་ལྔ་བརྒྱ་བཞི་སྟོང་བརྒྱད་དང་ལྔ་བརྒྱ་དང་གསུམ་སྐྱེ་བ་དམྱལ་བར་བརྒྱུད་པའི་སྐྱེ་བ་བཅུ་རྡོ་རྗེ་དམྱལ་ནས་ཤ་དང་རུས་པའི་ཆེད་དུ་གསོད་པའི་བར་གཅིག་ལ། ཚེ་ཚད་བསྐལ་པ་འབུམ་ཕྲག་དགུ་དང་དྲུག་ཁྲི་སྙེད་དུ་བརྒྱུད་ནས་ལང་ཀའི་ཡུལ་དུ་སྐྱེས་སོ། །སྐྱེ་བ་དེའི་ཕྱི་མ་ལ་ཡུལ་སྐྱེ་བའི་ལན་བཏབ་པའོ། །ལང་ཀ་པུར་ཞེས་བྱ་བ། ཞེས་པ་ལ་སོགས་པ་འདིར་རྒྱུ་མཐུན་སྤྱོད་པའི་འབྲས་བུ་རྫོགས་པའི་རུ་དྲ་ཉིད་དེ་སྒྲ་ཇི་བཞིན་ནོ། །དང་པོར་ཁྲོ་བོར་བསྒོམ་པ་ཤེས་རབ་ཀྱིས་མ་ཡིན་པ་དང་། བཀའ་ལོག་པའི་རྒྱུ་དངོས་སུ་སྣང་བའི་ཕྱིར་ཏེ། འཇིག་རྟེན་གྱི་བདག་པོ་དབང་ཅན་གདུལ་དཀའ་བར་བྱུང་ངོ་། །ལེའུ་ཉི་ཤུ་པ་བཀྲོལ་བའོ།། །།དེར་སྐྱེས་པའི་ངོ་བོ་དང་རང་སྐལ་གྱི་ལས་ཀྱི་ནུས་མཐུ་གང་ཞེ་ན། དེ་ནས་ཡི་དྭགས་དྲག་པོ་དེ་ང་རྒྱལ་གྱིས་གཏུམ་སྐད་འབྱིན་ཏེ། ཞེས་པ་ལ་སོགས་པ་ངོ་བོ་སྲིན་པོར་གྱུར་པས་ཆེ་བའི་ང་རྒྱལ་སྒྲོགས་པ་སྒྲ་བཞིན་ནོ། །དེ་ཡི་ལས་དང་ནུས་མཐུ་ལོག་ལྟ་ཅན་དུ་གྱུར་པ་ནི། དེ་ཡི་ཚེ་འགྲོ་བ་རྣམས་ཀྱི། ཅེས་པ་ལ་སོགས་པ་ལོག་ལྟ་བརྒྱད་ལ་གནས་ཤིང་། དེས་དབང་བྱས་པས་ལྟུང་བའི་འབྲས་བུ་དང་བཅས་པ་སྒྲ་ཇི་བཞིན་ནོ། །དེ་རྒྱས་པར་བསྟན་པ་ནི། འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །ཞེས་པ་ལ་སོགས་པ་བསྐལ་པ་གྲངས་མེད་འདས་པའི་སྔོན་དུ་བསྐལ་པ་མངོན་དགའ་ཞེས་བྱ་བར། ཞིང་ཁམས་ཀུན་དགའ་ཞེས་བྱ་བ་ལ། སངས་རྒྱས་མི་བསྐྱོད་པའི་བསྟན་པ་ལ་ཐར་པ་ནག་པོ་བྱུང་བ་དེས། རིགས་ཀྱི་བདག་པོ་ཆེན་པོ་ངོ་བོ་མི་འགྱུར་བའི་བཀའ་གསང་ཇི་ལྟ་བའི་དོན་མ་གོ་བ་ལས་བྱུང་བའི་འགྲོ་བ་སྲིན་པོའི་ཚུལ་མ་ཏྲཾ་ཀ་དྲེགས་པ་ཆེན་པོར་བྱུང་བ་ནི། སྤྱིར་འཁོར་བ་ཐོག་མ་དང་ཐ་མ་མེད་པར་བྱུང་ན། སྐབས་ཀྱི་ཆ་གཅིག་ཏུ་བརྩི་ན་གསང་བའི་ཐེག་པ་མ་བྱུང་གི་གོང་དུ་བསྐལ་པ་འདི་ཉིད་ལའང་འཆད་པ་བཞིན་འབྱུང་ངོ་། །འོན་ཀྱང་ལེའུ་རྩ་བཞི་པ་ལས། འདས་པའི་དུས་ན་སྔོན་བྱུང་ལྟར། །ད་ལྟ་དུས་འདི་ཉིད་དུ་བྱུང་། །ཅེས་འབྱུང་བས་འདི་ནི་སྔོན་གྱི་ལོ་རྒྱུས་བརྗོད་པའི་དབང་དུ་ནའོ། །རུ་དྲ་བྱུང་བའི་དུས་དེའི་སྐབས་ན་འགྲོ་བ་རྣམས་ཀྱི་བློ་དྲེགས་པས་བརླབས་ནས་སྟོང་པ་ཉི་ཚེ་བར་ལྟའོ། །རྒྱུ་དེས་རིགས་ཆད་པའི་རྡོ་རྗེའི་དམྱལ་བར་སྐྱེའོ། །དེ་ལས་ཐར་ནས་ཀྱང་ཐར་པའི་སྐབས་མེད་དེ་ལྟ་བ་དེ་ཉིད་ལ་དགའ་སྟེ་ལུང་འདོགས་སོ། །མདོར་ན་དང་པོ་གོལ་བའི་དུས་དང་། རྒྱུ་དང་། དངོས་པོ་བྱུང་བའི་དུས་དང་། དེའི་རྩལ་གྱིས་དགེ་བའི་མྱུ་གུ་ཆད་དེ་རིལ་ལོག་པའི་ལམ་དུ་དྲངས་པས་ལྟུང་བ་དང་བཅས་པར་འཆད་པ་རྣམས་ཀྱང་སྦྱར་ཏེ་སྒྲ་ཇི་བཞིན་ནོ། །སྐབས་སུ་བསྐལ་པ་གསུམ་གྱིས་བསྐལ་བར་གྱུར། ཅེས་པ་རྒྱུ་ལེ་ལོ་དམན་པ་ལ་སྦྱོར་བ་དང་། སྙོམས་ལས་དང་གཉིས་ཀྱིས་མི་ཁོམ་པ་བརྒྱད་ལས་ཐོན་ནས་ཀྱང་། བསྐལ་པ་གྲངས་མེད་པ་གསུམ་གྱིས་ཀྱང་ཡང་དག་པའི་ལམ་ལས་འགྱང་བར་གྱུར་ཏོ། །ཞེས་ཐམས་ཅད་དུ་གྲགས་སོ། །ཞེས་པ་ཞིང་ཁམས་ཀུན་ཏུ་དེ་ལྟར་གྱུར་བར་གྲགས་སོ། །མདོར་རུ་དྲ་ནི་བཅས་པའི་ལྟུང་བར་གྱུར་པས་འགྲོ་བ་རང་བཞིན་གྱིས་ལྟུང་བར་གྱུར་ཏོ། །ལེའུ་ཉི་ཤུ་རྩ་གཅིག་པ་བཀྲོལ་བའོ།། །།དེ་ནས་གསང་བའི་བདག་པོས་སྨྲས་པ། ཞེས་པ་ལ་སོགས་པ་མི་ཡི་འཇིག་རྟེན་དབང་དུ་གྱུར་པས་ང་རྒྱལ་གྱིས་ཆེ་བའི་རློམ་སེམས་བྱེད་ཅིང་། ཆེ་བ་གཞན་འཇིག་རྟེན་ན་སུ་ཡོད་པ་ཉན་ཅིང་ཕྲག་དོག་གང་ཆེ་བ་དབང་དུ་བསྡུས་ལ་བདག་གིར་བྱའོ་སྙམ་པས། སྐབས་སུ་ལང་ཀའི་བདག་པོ་དབང་དུ་སྡུད་པས་སྲིན་པོའི་གནས་སུ་བབས་པ་ནི་སྒྲ་བཞིན་ཏེ། དངོས་དྲི་བ་གསུམ་གྱི་ཐ་མ་གསང་སྔགས་འབྱུང་བའི་རྒྱུར་ཇི་ལྟར་འགྱུར་བའི་ལན་དུའང་འགྱུར་ཏེ། ཁོ་ཡི་ལས་དང་རྩལ་དང་སྤྱོད་དྲག་པས་འདུལ་བྱེད་གཉེན་པོ་འབྱུང་ངེས་པའི་ཕྱིར་རོ། །མ་ཏྲཾ་ཀ་རུ་ནིའི་གནས་སུ་བབས་ཏེ། ཡོངས་སད་པར་དབང་དུ་བྱ་བ་བརྩམ་ནས་ཛམས་ན། ཇ་རྣལ་མ། ཞ་མར་སོད་པ་མི་འདྲ་ཐུབ་པ་ན། རུ་དྲས་ལྷ་ཡི་དེད་དཔོན་དབང་དུ་བསྡུ་བར་ཉམས་སད་པས་རྣལ་མར་ཐུབ་པ་མི་འདྲ་ནས། རུ་དྲའི་དབུགས་ཚ་གྲང་འཐབ་པ་ལས་བྱུང་བའི་དབུགས་དེས་བཏབ་པས་ནད་ཀྱི་མཚོན་ཆ་སྤྲོས་ནས། ལྷ་མ་ཏྲི་ཀ་རུ་ནའི་ལུས་ལ་ཁྱབ་སྟེ། འབྲུམ་བུས་བསད་པའི་རོ་ཛམ་བུའི་གླིང་དུ་བོར་བ་ལ། དགེ་གནས་ཀྱི་ཡུལ་ཨོ་རྒྱན། སིང་ང་། བལ་པོའི་ཡུལ་ལ་སོགས་པར་མཆོད་རྟེན་བརྒྱད་དངོས་གྲུབ་བརྒྱད་དང་ལྡན་པ་མ་མོ་བརྒྱད་ཀྱིས་སྲུང་བའོ། །སྒྲ་ཇི་བཞིན། འུང་ཞེན་ཕྲུ་མ། ཞེས་པ་དང་བྲུ་ཤའི་སྐད་དེ། དེ་དང་བྱས་སོ་འདུས་སོ་སོང་ངོ་ཞེས་པ་དང་། འཁོར་ཞེས་པར་འགྱུར་ཏེ། སྐབས་ཀྱི་དོན་དང་སྦྱར་ལ་སྒྲ་བཤད་དོ། །དབང་གི་སྙིང་པོ་ཧྲཱིཿཞེས་དབང་བརྒྱུད་དུ་ཉན་ན། ཉོན་ཅིག །རུ་ཏྲ་ཁོ་ན་ཉིད་ཀྱིས་ཐའི་ཁ་བརྡབ་པ་བྱས། ཞེས་པ་དག་སྔོན་རྟ་མགྲིན་ཧྲཱིཿའི་སྒྲ་སྒྲོགས་ཤིང་ང་དབང་གིས་འདུལ་དུ་འོངས་པ་ལ། ང་ཡིས་ཁྱོད་ཀྱིས་མི་ཐུལ་བའི་ངག་སྨྲས་ཞེས་བྱའོ། །ཇེན་ནོ་པ་ནི་སོང་ངོ་པ་དང་། རང་གི་གནས་སུ་ལོག་གོ་ཞེས་པའོ། །གནམ་རིམ་པ་བཅུ་བཞི་ན། ཞེས་པ་ལུང་གིས་ཉི་ཤུ་རྩ་གཅིག་གི་བཅུ་བཞི་པ་ན་བཞུགས་པའོ། །ཐམས་ཅད་འུབ་ལ་ཇེན་རྦན། ཞེས་པ་རྡོ་རྗེ་སེམས་དཔའ་མན་ཆད་ང་ཡི་དབང་དུ་བསྡུས་ལ་འཁོར་དུ་བྱའོ། །གསོད་དོ་ཞེས་པའི་སྒྲའོ། །གང་ཐུབ་དཀའ་གཞོན་ནུ། ཞེས་པ་དང་པོ་བསྐལ་པ་ཀུན་དགའི་དུས་ཀྱི་སློབ་དཔོན་ནོ། །གང་དན་ཕག་ནི། ཞེས་པ་དེ་ཡི་ཚེ་གཡོག་སྟེ་དེ་གཉིས་སྙིང་པོ་བྱང་ཆུབ་ཉིད་དང་། རྒྱལ་ཚབ་སྐྱེས་བུ་རྡོ་རྗེ་སེམས་དཔའ་ཞེས་ཀྱང་བྱ། འཛིན་པའི་བཤད་པ་བསྐུལ་བ་དག་ཁྱད་པར་འདི་གཉིས་སུ་བརྗོད་པའང་དོན་འདིའི་དབང་ངོ་། །ལེའུ་ཉི་ཤུ་གཉིས་པའོ།། །།འདུལ་བའི་གཉེན་པོ་འབྱུང་བའི་རྒྱུ་རྐྱེན་གྱིས་སྣང་བར་བྱེད་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྙིང་པོ་བྱང་ཆུབ་གང་ན་བར་འདུས་ནས། སྟོང་ཉིད་དུ་བཤིག་ནས། ཞེས་པ་རྒྱལ་བ་རིལ་དེ་ཉིད་ངོ་བོ་གཅིག་པའི་ཕྱིར། གནས་དེར་འདུས་ཏེ། ཐུབ་དཀའ་གཞོན་ནུ་སྙིང་པོ་བྱང་ཆུབ་ན་བཞུགས་པ་ལ་ཆ་མཐུན་གྱིས་བསྐུལ་བའི་ཕྱིར། སྐུ་མི་སྣང་བར་མཛད་དེ། དེ་ཉིད་ཐུབ་དཀའ་ལ་སྣང་བར་བྱས་ཞེས་བསྙད་དོ། །དེ་ཉིད་ཀྱི་སྒྲ་དེ་ཉིད་ལ་གྲགས་པ། ཅེས་པ་རྒྱལ་བ་རིལ་དང་ཐུབ་དཀའ་གཞོན་ནུ་ངོ་བོ་ཐ་མི་དད་པས་ཉིད་ལ་ཉིད་བསྐུལ་བའོ། །དངོས་ཞིང་ཁམས་ཀྱི་འགྲོ་བའི་རྒྱུད་དུ་དག་པར་མ་བྱས་པ་དང་། རྒྱལ་བའི་ཕྲིན་ལས་དྲག་པོའི་ལས་ཡན་ལག་ཀུན་མ་རྫོགས་པ་དང་། ཁྲོ་བོའི་སྐུ་ལ་སོགས་པ་མང་པོ་ད་དུང་སྐྱེས་བུ་ཐུབ་དཀས་སྣང་བར་མ་བྱས་པར། མངོན་པར་སངས་རྒྱ་བའི་དུས་མ་ཡིན་པས་དེ་གསུམ་གྱིས་ཤིག་པའི་ཕྱིར་བསྐུལ་བའོ། །སྟོང་པ་ཉིད་དེ་ལས་འདི་སྐད་དུ་གྲགས་སོ། །ཞེས་པ་བསྐུལ་བ་གསན་ནས་ཐུབ་དཀས་རྒྱལ་བ་རིལ་ལ་དེ་དག་གི་དགོངས་པ་དང་དགོས་པ་དྲིས་པ་ལྟ་བུ་སྟེ་སྒྲ་ཇི་བཞིན་ནོ། །ཡང་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་ལས་བསྐུལ་བ། ཞེས་པ་རྒྱལ་བ་རིལ་སྙིང་པོར་བཞུགས་པ་ལས་བསྐུལ་བའི་ཐབས་ཚུལ་གསུམ་བརྗོད་པའི་ཐོག་མ། དེ་བཞིན་ཉིད་ཀྱི་སྒོ་ནས་བསྐུལ་བ་ལ་སོགས་པ་ལྔ་བརྗོད་པའི་ཡང་། དང་པོ་དེ་བཞིན་ཉིད་དུ་བཞུགས་པ་ལས་བཞེངས་པར་བསྐུལ་ཏེ། སྟོང་ཉིད་མི་གཡོ་ནམ་མཁའ་ལ། །ཅེས་པ་ལ་སོགས་པ་སྟོང་པ་ཆེན་པོ་འབྱུང་འཇུག་དང་བྲལ་བར་གསལ་བའི་ངོ་བོ་ཡོངས་སུ་མི་གཡོ་བའི་ཆོས་སྐུ་ཆེན་པོ་བརྙེས་པའི་ངོ་བོ་ལ་ནི། ཅིར་ཡང་གཏོད་འཛིན་མེད་དེ་མ་བཅོས་པ་ཆེན་པོའི་ངང་ལས་ཐུགས་རྗེ་ཆེན་པོའི་དབང་གིས་ཡང་དག་པའི་རྟོག་པ་བརྒྱད་ཅུ་རྩ་གཅིག་ལ་སོགས་པར་སྣང་བར་མཛོད་ཅེས་བཞེངས་པར་བསྐུལ་བའི་སྒྲ་བྱུང་ངོ་། །དེ་ནས་ལན་དུ། དེ་ལ་ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་ཅེས་གྲག་གོ། །ཞེས་པ་ལ་སོགས་པ་སྐྱེས་བུ་ཐུབ་དཀའ་ཆོས་ཉིད་ལས་སྣང་སྟེ་བསྒོམ་པ་དམིགས་སུ་མེད་པའི་ངང་ལས་སྣང་བར་བྱའོ་བར་དོན་གྱིས་བཞེས་པའོ། །དེ་ལྟར་བསྐུལ་བ་རྒྱལ་བ་རིལ་གྱི་ཆོས་ཉིད་ལས་བྱུང་བ་དང་། ལན་སྐྱེས་བུའི་ཆོས་ཉིད་ལས་བྱུང་ནས་ཞལ་གྱིས་བཞེས་པར་འཆད་པའི་རིལ་ཡང་རྗེས་སུ་སྦྱར་རོ། །མི་རྟོག་ངང་ལས་བརྟག་ཉིད་དུ། །ཞེས་པ་དག་མི་རྟོག་པ་ཉིད་བླ་དྭགས་དང་ཡང་བྲལ་བ་ཆེན་པོའི་ངང་ལས་དུས་ཐམས་ཅད་དུ་ཞེན་པས་བཟུང་བས་སྟོང་པར་སྣང་བ་ནི། ཐེར་ཟུག་པའི་རྟོག་པ་གཞི་ལ་དཀའ་བ་ཡིན་པས་དེ་བཞིན་ཉིད་མ་ཡིན་ནོ། །དེ་བས་ན་འདིར་མི་རྟོག་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་ངང་ནི་བརྒྱད་ཅུ་རྩ་གཅིག་ལ་སོགས་རིལ་མ་འདྲེས་པ་ཡོངས་སུ་རྫོགས་པས་རྟོག་པ་བསྐྱེད་ཅི་དགོས་པར་ལན་བཏབ་བོ། །རྒྱལ་བའི་རིལ་ལས་ཡང་བྱུང་བ། །ནམ་མཁའི་དབྱིངས་ཀྱི་སྙིང་པོ་ལས། །ཞེས་པ་ལ་སོགས་པ་ཡེ་ཤེས་ཆེན་པོ་མ་བསྒྲིབ་ཡེ་གསལ་གྱི་ངོ་བོར་བརྡལ་བ་ནི་རིལ་གྱི་རྩ་བ་ཡིན་པའི་ཕྱིར། ང་ཡི་རང་བཞིན་གྱིས་རིལ་ཟིན་པས་ཐུགས་རྗེ་ཆེན་པོ་སྟེ། ཐམས་ཅད་ཀྱི་དོན་མཛད་ཅིང་འབྱུང་བའི་ཡུམ་ཡིན་པས་འགྲོ་བ་ཇི་སྙེད་རྒྱལ་བའི་རིགས་འཛིན་པ་དག་ཐུགས་རྗེས་སྨིན་པར་མཛོད་ཅིག་པར་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་གྱིས་བསྐུལ་ལོ། །ཀུན་འབྱུང་ཀུན་གཞི་ཆོས་ཉིད་དབྱིངས། །ཞེས་པ་ལ་སོགས་པ་དངོས་པོ་བཟང་ངན་རིལ་སྣང་ཞིང་རྟེན་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ངོ་བོ་ལྡན་པ་མེད་པ་ནི། ཡེ་ཤེས་ཆེན་པོ་ཉིད་དེ་ཐམས་ཅད་ལ་སྣུམས་ཤིང་གསལ་བ་ལ། འདི་འདྲར་བརྗོད་པ་དང་བྲལ་ཏེ་སངས་རྒྱས་སེམས་ཅན་རིལ་ཐུགས་རྗེ་ཆེན་པོ་དེ་ལས་འཆར་བའི་ཡུམ་ཡེ་ནས་ཡིན་པ་ལ་ཆེད་དུ་བསྐྱེད་ཅི་དགོངས་པར་ལན་བཏབ་བོ། །ཐ་དད་རྣམ་པར་སྣང་མཛད་ན། །ཞེས་པ་ལ་སོགས་པ་ལ་རྒྱལ་བའི་སྐུ་མི་མཐུན་པ་མང་པོ་འགྲོ་བ་ལ་སྣང་བའི་གཞི་ཡི་གེ་ཡིན་པའི་ཕྱིར། རྒྱལ་བ་རིལ་གསུང་ཡི་གེའི་ངོ་བོ་དང་ཐ་མི་དད་པའི་རྒྱུའི་ཏིང་ངེ་འཛིན་ཡི་གེ་དང་གསུང་གི་ཆོ་གའི་ངོ་བོར་གསལ་བར་མཛོད་ཅིག་པར་བསྐུལ་ལོ། །ལན་དུ། དེ་ཉིད་ཡི་གེའི་རང་བཞིན་ཏེ། །རང་བྱུང་ཡི་གེ་མཱུྃ། ཞེས་པ་དག་ཆོས་རྣམས་ཀྱི་དེ་བཞིན་ཉིད་ནི་ཡི་གེ་ལྷུན་གྱིས་གྲུབ་པའི་ངོ་བོའི་ཕྱིར། ཆོས་རྣམས་ཀྱི་རང་བཞིན་མ་སྐྱེས་པ་ཉིད་མཱུྃ་གྱི་ངོ་བོར་ཡེ་ནས་ཤར་རོ། །རང་རིག་པ་ཉིད་བཤད་པ་བཞིན་པས་ཡེ་ཤེས་ཇི་སྙེད་པའི་ངོ་བོ་ཡི་གེ་ཧཱུྃ་དུ་གསལ་ལོ། །བདེ་བར་གཤེགས་པའི་ངོ་བོ་ཉིད་ཡོན་ཏན་རིལ་གྱི་བདག་ཉིད་ཀྱང་ཡི་གེའི་རང་བཞིན་པས་ཨཱོཾ་ལ་སོགས་པ་བཞི་བཅུ་རྩ་གཉིས་ཡེ་གསལ་ལོ། །ཆོས་སོ་ཅོག་ཡི་གེའི་ངོ་བོ་དང་ཐ་མི་དད་པས་རིལ་མ་སྐྱེས་པའི་ཕྱིར་ཡེ་ནས་ཨའི་ངོ་བོར་ཤར་བ་ལ་འཕྲལ་དུ་རྒྱུའི་ཡི་གེ་བསྐྱེད་མི་དགོས་པས་ལན་བཏབ་བོ། །རྒྱུ་དང་གསུང་གི་ཆོ་ག་ཐུན་མོང་དུ་འགྲེལ་ཏོ། །ཡེ་ཤེས་ཕ་རོལ་ཕྱིན་རྫོགས་པས། །ཞེས་པ་ལ་སོགས་པ་རྒྱལ་བའི་ཐུགས་སྙིང་པོ་བྱང་ཆུབ་ལ་ཡེ་ཤེས་རིལ་མ་འདྲེས་འདུས་པས། དེའི་དོན་ལམ་པས་རིག་ཅིང་རྟོགས་པར་བྱ་བའི་མཚོན་པའི་ཐབས་སུ། ཐུགས་ཡེ་ཤེས་ལྔ་ལ་སོགས་པའི་རང་རྟགས་རྡོ་རྗེ་འཁོར་ལོ་ལ་སོགས་པར་གསལ་བར་རྒྱལ་བ་རྣམས་ཀྱིས་མཛད་པས། སྐྱེས་བུས་ཀྱང་ཐུགས་མཚོན་པའི་ཐུགས་མཚན་དམ་ཚིག་གི་ཕྱག་རྒྱ་བསྐྱེད་པར་མཛོད་ཅིག་ཅེས་ཐུགས་ཀྱི་ཆོ་ག་བསྐུལ་ཏོ། །ལན་དུ། སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །ཞེས་པ་ལ་སོགས་པ་ཞེན་པ་གཉིས་མཐར་སྤངས་པས་ཐམས་ཅད་མ་བཀོལ་བའི་ངོ་བོར་བཞུགས་པ་རྣམས་ཀྱི་ཐུགས་ནི། དུས་གསུམ་མི་འགྱུར་བར་མཚན་མའི་རྟོག་པ་གྲོལ་བ་བརྙེས་པ་ལས་འབྱུང་བའི་ཕྱིར། ངོ་བོ་མི་རྟོག་པའི་ཡེ་ཤེས་འཛིན་རྟོག་གི་མདུད་པ་ཞིག་པ་ཆེན་པོའོ། །དེ་བས་ན་རྟོག་པ་ཅན་ལ་ཕྱག་རྒྱའི་མཚན་མ་སྣང་ཡང་ཐུགས་ཡེ་གྲོལ་བ་ལ་མཚོན་པའི་ཕྱག་རྒྱ་བསྐྱེད་མི་དགོས་པར་ལན་བཏབ་བོ། །སྟོང་ཉིད་མི་རྟོག་མེ་ལོང་ལས། །ཞེས་པ་ལ་སོགས་པ་ཇི་བཞིན་པར་རང་གསལ་བ་ལས་ལོངས་སྤྱོད་དང་སྤྲུལ་པ་འཆར་བའང་དཔེ་ནམ་མཁའི་འཇའ་ཚོན་དང་འདྲ་བའི་ཕྱིར། མི་གཡོ་བའི་ཆོས་སྐུ་ཆེན་པོ་ལས་ཁྲོ་བོའི་ཕྱག་རྒྱར་བཞེངས་སུ་གསོལ་ཞེས་སྐུ་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱིས་བསྐུལ་ལོ། །སྐྱེས་བུ་ཡང་ལན་དུ། དེ་བཞིན་ཉིད་དུ་མི་དམིགས་ཀྱང་། །ཞེས་པ་ལ་སོགས་པ་ཡེ་མ་བཅོས་པའི་ངང་ལ་གཟུགས་སྐུའི་རྣམ་པ་གྲོལ་བའོ། །མི་དམིགས་པའི་མཐུན་པའི་སྐུ་སྣང་བ་ཡང་མི་འགོག་སྟེ། དེ་ལ་མུ་མཐའ་མེད་དོ། །དེ་བས་ན་ངང་ཆེན་པོ་ལ་གཅིག་དུ་མ་བྲལ་ཚུལ་གྱིས་ལྷུན་གྱིས་གྲུབ་པའི་གཏན་ཚིགས་དེའི་ཕྱིར། ཞི་ཁྲོའི་སྐུ་མ་འདྲེས་པར་གསལ་བ་ལ་སྐུར་བཞེངས་ཅི་དགོས་ཞེས་ལན་བཏབ་བོ། །དེ་ལྟར་བསྐུལ་བ་དང་པོ་དེས་ཡོངས་སུ་རྫོགས་པར་བསྐུལ་བས། ཞེས་པ་དག་དང་པོའི་ལྔས་སྐུ་རྫོགས་པར་གྱིས་ཤིག་པར་བསྐུལ་བས། དོན་གྱིས་ཞལ་གྱིས་བཞེས་ནས་བསྐུལ་བ་གསན་པའི་ཕྱིར་འབྱུང་འཇུག་མེད་པར་སྐུ་སྣང་བ་དཔེ་དང་བཅས་པ་སྒྲ་བཞིན་ཏེ། སྐུ་དེ་སྣང་ཡང་བསྐུལ་བའི་ས་ལ་བཞེས་པའི་ཕྱིར་རིགས་གང་དུའང་མ་ངེས་པས་ཅིར་ཡང་འགྱུར་དུ་རུང་བར་བཞུགས་སོ། །དེ་ལྟར་སྐུ་སྣང་བས་ཞིང་ཁམས་ཀྱི་གདུལ་བྱ་སྦྱོང་བའི་ཕྱིར་ལན་དང་པོ་བསྟན་ཏོ། །ལན་གཉིས་པ་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྐུལ་བ་གཉིས་པ་འདིས། ཞེས་པ་ལ་སོགས་པ་རྒྱལ་བ་ཀུན་གྱིས་ཡང་སྐྱེས་བུ་ལ་བསྐུལ་ཚིག་ཉེ་བར་བསྟན་པ་ནི། རང་བཞིན་རང་བྱུང་མ་བཅོས་དེ་བཞིན་ཉིད། །ཅེས་པ་དག་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཇི་བཞིན་པའི་མཐའ་གང་དུའང་སྣང་བ་མེད་པའི་ངོ་བོ་ཉིད་ཀྱི་སྐུ་ལ་རྩོལ་བ་འགྲོ་འོང་མ་དམིགས་པའོ། །དེ་བས་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ལ་དེ་ཉིད་ཀྱིས་བཏགས་པའང་མེད་བཞིན་དུ་རིལ་གྱི་འབྱུང་གནས་ཇི་ལྟར་བསམ་པ་བཞིན་སྣང་ངོ་། །དེ་ཉིད་ལ་སྐྱེ་འཇིག་བྲལ་བས་གཉེན་པོ་བྲལ་བའི་རྡོ་རྗེ་ཡང་སྐུ་སྟེ་རྟག་པ་ཆེན་པོར་བཞུགས་སོ། །དེ་ཁོ་ན་ཉིད་གདོད་མ་ནས་མ་བསླད་པས་དགྱེས་པ་ཆེན་པོའི་ཐུགས་ཀྱི་ངོ་བོ་དུས་གསུམ་དུ་མི་གཡོ་མ་འགགས་པའི་བཅུད་ཆེན་པོར་བཞུགས་པ་ནི་གསང་བའི་སྐུ་ཡང་ཡིན་ནོ། །དེ་ཉིད་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རིལ་གྱི་བཤེས་གཉེན་སྟོན་པ་པོར་བྱུང་བ་ལོངས་སྤྱོད་རྫོགས་པའི་སྐུའོ། །རྒྱལ་བ་རིལ་གྱི་བཙན་པོ་ཉིད་ཐམས་ཅད་དུ་འདུལ་བཞིན་སྣང་བས་སྤྲུལ་པའི་སྐུའོ། །དེ་ལྟ་བུ་སྐུ་ལྔ་པོ་མ་ལུས་པའི་ངོ་བོར་བཞུགས་ལ་མི་རྟོག་མ་འགགས་པ་ཆེན་པོ་ཁྱོད་ཁྲོ་བོ་ཇི་སྙེད་འབྱུང་བའི་ཁྲོ་བོ་ཆེན་པོ་ཡབ་ཡུམ་དུ་མཛོད་ཅིག་པ་ནི་ཐུབ་དཀའ་གོང་དུ་བཞེངས་ནས་སྐུ་མ་ངེས་པ་ལ་ངེས་པར་བསྐུལ་བའོ། །རིགས་དྲུག་ལ་སོ་སོར་བསྐུལ་བ་དང་། སྐྱེས་བུ་ཉིད་ལ་རིགས་དྲུག་དོན་མཛད་པའི་ཚུལ་གྱིས་བསྐུལ་བ་ནི་སྤྱི་དང་ཁྱད་པར་གྱི་དབང་སྟེ། དེ་ཐུན་མོང་དུ་བསྟན་པའི་ཕྱིར། གང་དག་བྱང་ཆུབ་སྙིང་པོ་མཚུངས་པ་ཡི། །རང་དག་དབྱིངས་ཞེས་པ་ལ་སོགས་པ་རིགས་ཀྱི་བདག་པོ་ལ་བསྐུལ་བ་དང་དེའི་ཚུལ་ནས་སྐྱེས་བུ་ལ་བསྐུལ་བ་སྟེ། དེ་བཞིན་གཤེགས་པ་རྣམས་སྙིང་པོ་བྱང་ཆུབ་ཏུ་གཅིག་པས་རང་བཞིན་རྣམ་པར་དག་པའི་ངང་ལས་བསྐྱེད་པ་མེད་པའི་སེམས་ཉིད་དུ་བཞུགས་ཀྱང་གནས་ཐ་དད་པར་དུས་ཐོག་མར་རྒྱལ་བ་རིལ་གྱིས་གྲོང་ཁྱེར་གསུམ་མ་སྤངས་བྲལ་ནས་འབྲས་བུ་ཆེན་པོ་བརྙེས་པའི་ཚེ་སྐྱེ་འཇིག་མི་མངའ་བའི་སྐུ་མཆོག་ལས་འགྲོ་བ་མང་པོའི་དོན་དུ་གསུང་ཡི་གེ་ཐ་དད་པར་སྣང་བར་མཛད་ནས་དོན་མཛད་ཅིང་ཡི་གེ་དེ་ལས་ཀྱང་སྐུའི་དཀྱིལ་འཁོར་བྱུང་སྟེ་ཐུགས་ཡེ་ཤེས་རང་སྣང་བའི་སྲས་སྤྲུལ་པ་ཇི་སྙེད་པའི་དབུས་ན་གཙོ་བོ་ཁྲོ་བོའི་སྐུ་ཕྱག་རྒྱར་བསྟན་ནས་དཔྱང་ཐག་ཆད་པའི་གདུང་བའི་ས་བོན་དག་པར་མཛོད་ཅིག་ཅེས་བསྐུལ་ཏེ་སྤྱི་དབང་དུ་རྒྱལ་བ་རིལ་ལ་བསྐུལ་བར་ཡང་འཆད་དོ། །ཁྱད་པར་གྱི་དབང་དུ་ལམ་འདེབས་པའི་ཚུལ་གྱིས་རིགས་ཀྱི་བདག་པོ་དང་རྒྱལ་བ་ཇི་སྙེད་པས་དེ་ལྟར་མཛད་པ་ལྟར་སྐྱེས་བུ་ཁྱོད་ཁྲོ་བོའི་སྤྲུལ་པའི་འཁོར་ཚོགས་དང་བཅས་པར་བྱུང་ནས་གདུག་པ་ཅན་གྱི་ལས་སྦྱང་དུ་གསོལ་ཅེས་བསྐུལ་བར་སྦྱར་ཏེ་འཆད་པ་དག་ཀྱང་རྗེས་སུ་བསྙད་དོ། །གང་དུ་དང་པོ་རྡོ་རྗེ་སྙིང་པོ་ནི། །ཁམས་གསུམ་ནས་བྱུང་བདེ་ཆེན་ལྷུན་གྱིས་གྲུབ། །གཏུམ་ཐུང་གདུག་པ་ཐབས་ཀྱིས་གྲོལ་མཛད་ཕྱིར། །ཞེས་པ་ལ་སོགས་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔ་བསྐུལ་བ་སྟེ། གནས་དུས་གང་དུ་ཐོག་མར་རྡོ་རྗེ་སེམས་དཔའ་དང་སྣང་མཛད་དང་འབྱུང་ལྡན་དང་འོད་དཔག་མེད་དང་གདོད་མི་ཟ་བ་དང་ལྔས་ཁམས་གསུམ་གྱི་ས་བོན་ཟད་པར་བཏོན་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་འབྲས་བུ་ལྔ་བརྙེས་ནས་ཉོན་མོངས་དུག་ལྔས་འཆིང་བའི་གདུལ་བྱ་སོ་སོར་བཏུལ་བའི་ཕྱིར་དགོངས་པ་ལྔས་སོ་སོར་ཡི་གེར་སྣང་བ་ལས་ཁྲོ་བོའི་སྐུར་བྱུང་སྟེ་སོ་སོའི་འཁོར་དང་སྤྲུལ་པའི་གཙོ་བོར་མཛད་ནས་བཞུགས་པ་ཁྱོད་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྨོན་ལམ་དང་ད་ལྟའི་ཐུགས་དམ་གྱི་དབང་རིགས་ལྔ་ཧེ་རུ་ཀ་ལྔ་རུ་བཞེངས་སུ་གསོལ་ཞེས་བསྐུལ་ལོ། །གང་དུ་དང་པོའི་ཚིག་ནི་སྐྱེས་བུ་མ་བསྐུལ་བའི་གཏན་ཚིགས་སུ་འགྱུར་རོ། །སྔོན་གྱི་ཐུགས་དམ་སྨོན་ལམ་ནི་རང་རང་ལ་བསྐུལ་བའི་གཉེར་ཏེ། དེའི་ཕྱིར་ཐུན་མོང་དུ་བསྟན་ཏོ། །བསྐུལ་བའི་ཡོན་ཏན་ནི་གསན་ནས་སྐུར་སྣང་བ་སྟེ། ཞེས་བསྐུལ་བ་གཉིས་པ་དང་ཅེས་པ་སྒྲ་བཞིན་ནོ། །དེ་ལྟར་ཡེ་ཤེས་ཀྱི་སྐུ་སྣང་བས་རྒྱལ་བའི་མཛད་པ་ཕྲིན་ལས་མཛད་པར་གྱུར་པས་ལན་གཅིག་པར་འགྱུར་རོ། །དེ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བ་གསུམ་པ་འདིས། ཞེས་པ་ལན་ཐ་མའི་ཕྱིར་ཏེ། ཁྲོ་བོའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་རིགས་ངེས་པའི་ལོངས་སྤྱོད་ཆེན་པོར་བསྐུལ་ལོ། །དེ་བཞིན་ཉིད་དུ་གཤེགས་པ་ཁྱོད། །འཇིག་རྟེན་མངོན་རྫོགས་རྒྱས་མཛོད་ལ། །ཞེས་པ་ལ་སོགས་པ་སྙིང་པོ་བྱང་ཆུབ་ཉིད་དུ་སོན་པའི་སྐྱེས་བུ་ཁྱོད་ཅེས་ངེས་པར་གཟུང་བའི་ཕྱིར་ཐུབ་དཀའ་རྡོ་རྗེ་སྙིང་པོར་བསྐུལ་བས་འཐད་དོ། །དེ་ཅིའི་ཕྱིར་ཞེ་ན། འཆད་པའི་ཀྱེ་མ་ལ་སོགས་པ་དང་རྩ་ལྔ་པ་ལས་ཐུབ་དཀའ་རྡོ་རྗེ་སྙིང་པོ་ལས་སྤྲུལ་པ་བྱུང་བའི་ཕྱིར་རོ། །འོན་ཀྱང་སྐབས་མཐུན་པ་ངེས་པ་གཟུང་བ་ལས་རྒྱལ་བ་གཞན་དང་ཐ་དད་པར་མི་ལྟ་སྟེ་གདུལ་བྱའི་སྣང་བ་ཙམ་མོ། །དེ་ལྟ་བུ་ཁྱོད་ཞིང་ཁམས་སུ་དབང་པོ་མངོན་དུ་འཚང་རྒྱ་བའི་བྱ་བ་བྱོས་ལ་དེ་ལས་འགྲོ་བའི་དོན་དུ་སྐུ་ཤར་བར་བསྐུལ་ལོ། །འཇིག་རྟེན་ཁམས་ནི་དཔག་མེད་དུ། །ཞེས་པ་ཞིང་ཁམས་མང་པ ོར་རྒྱལ་བ་མང་པོའི་སྤྲུལ་པས་འགྲོ་དོན་མཛད་པ་ལྟར་དོན་གྱིས་ཤིག་པར་བསྟན་ཏོ། །ཁམས་གསུམ་འཁོར་བའི་ནད་པ་ལ། །ཞེས་པ་ལ་སོགས་པ་ལ་སྒྲ་ཇི་བཞིན་ནོ། །རྩལ་ཆེན་རྫོགས་པའི་སྐྱེས་བུ་ཉིད། །ཅེས་པ་དག་འབྲས་བུ་ལྷུན་གྱིས་གྲུབ་པ་ཁྱོད་སྙིང་པོ་བྱང་ཆུབ་ཀྱི་ངང་ལས་མི་གཡོ་བར་སྤྲུལ་པའི་འོད་ཀྱིས་མ་རིག་པ་སོལ་ཅིག་པར་བསྐུལ་ཏོ། །ཀྱེ་མ་སྐྱེས་བུ་དོན་གྲུབ་པ། །བྱ་བ་བྱས་ཤིང་བྱེད་པ་བྱས། །ཞེས་པ་འབྲས་བུ་ཆེན་པོ་བརྙེས་པ་ལ་ངོ་མཚར་བ་དང་ལྡན་པས། རྡོ་རྗེ་སྙིང་པོ་བསྒྲུབ་བྱ་རིལ་ཆུབ་པ་བདག་གཞན་གྱི་བྱ་བྱེད་ཟིན་པ་སྲིད་ལམ་གྱི་རྩོལ་བའི་གདུང་བ་དང་ཕྲལ་བ་སྔ་མའི་རྒྱལ་བའི་རྗེས་སུ་དོན་སྲིད་ཆེན་པོ་བརྙེས་ལ་ཁྱོད་དུས་འདིར་དྲེགས་པ་གདུལ་བའི་དུས་ལ་བབ་བོ་ཞེས་པའོ། །གཙང་མའི་གནས་མཆོག་འོག་མིན་གྱི། །ཞེས་པ་ཁྱད་པར་གྱི་སྒྲས་འཇིག་རྟེན་གྱི་འོག་མིན་ལས་ཁྱད་པར་དུ་གྱུར་པར་འོག་མིན་ཆེན་པོར་རིགས་ཀྱི་བདག་པོ་ལོངས་སྤྱོད་ཆེན་པོར་གཤེགས་ཏེ་རྒྱལ་བའི་སྙིང་པོ་བྱང་ཆུབ་ན་བཞུགས་པ་རིལ་བསྐུལ་བ་ཁྱོད་ཀྱིས་མཛོད་ཅིག་ཅེས་བསྐུལ་ལོ། །འདིས་སྐུ་ཐ་དད་འདུལ་བཞིན་སྣང་བར་བྱས་ནས་ལམ་ཞིང་ཁམས་སྦྱོར་བ་རྫོགས་པར་འགྱུར་བས་ལན་ཐ་མའོ། །རྣམ་པ་བསྐུལ་བས། ཇི་ལྟ་ཇི་ལྟར་སྤྲིན་མཐོང་ནས། །ཞེས་པ་ལ་སོགས་པ་བསྐུལ་བས་བཞེངས་པའི་ཚུལ་དཔེ་དང་བཅས་པ་སྒྲ་བཞིན་ཏེ་འགྲོ་འོང་དང་འབྱུང་ནུབ་མེད་དོ། །རྡོ་རྗེ་སྙིང་པོ་སྐྱེས་བུ་དེ་ལོངས་སྤྱོད་ཆེན་པོར་སྨོན་ལམ་དང་ཐུགས་དམ་གྱི་དབང་གིས་བཞེངས་སོ། །གང་གི་ཆོ་འཕྲུལ་བསྐུལ་བའི་ལེའུ་ནི་སྐྱེས་བུ་རྡོ་རྗེ་སྙིང་པོའི་ཆོ་འཕྲུལ་གྱིས་ཤིག་པར་བསྐུལ་བའོ། །ལེའུ་ཉི་ཤུ་གསུམ་པ་བཀྲོལ་བའོ།། །།དེ་ནས་ཆོས་ཀྱི་རྒྱལ་པོ་རྫོགས་ལོངས་སྤྱོད་པ་དེ་རྡོ་རྗེ་གོང་བྱེད་ཡོངས་སུ་བསྡུ་བའི་མཚན་མ་མཛད་པས་རྨད་དུ་བྱུང་བས་སྟོན་པ་མཆོག་རིལ་གྱི་བདག་པོ་ཚོགས་གཉིས་དང་དངོས་པོ་གཉིས་ལ་དམིགས་པར་བཏང་བ་ཆེན་པོ་དེས། བརྡ་ནི་བཀའ་བགྲོས་ལ་སྤྱན་དྲངས་པའི་ཕྱིར་ཏེ། ས་མ་ཛཿའི་སྒྲས་ཐུགས་དམ་བསྐུལ་ཞིང་ཕྱག་གཡས་གཡོན་བཀྱེད་པ་དང་། བསྣོལ་བའི་སེ་གོལ་ནི་འགྱེད་སྡུད་ཀྱི་མཚན་མ་སྟེ། ཕྱག་རྒྱ་དེ་མཛད་པས་སྟུག་པོ་བཀོད་པ་ནས་རྒྱལ་བ་རིལ་བྱོན་ཏེ། གདུལ་བའི་བཀའ་བགྲོས་མཛད་དོ། །དེའི་ཚོ་དེའི་དུས་ན། ཞེས་པ་སྤྱན་དྲངས་པ་དང་བྱོན་པའི་སྐབས་སུའོ། །ཞིང་ཁམས་སོ་སོའི་རྒྱལ་བས་བཀའ་བགྲོས་གསུངས་པ་སོ་སོར་བསྟན་པའི་ཕྱིར། སངས་རྒྱས་སྙིང་རྗེས་ཡོངས་སུ་རོལ་པའི་ཚོགས་ཀྱིས། ཞེས་པ་འཇིག་རྟེན་ཁམས་གདུང་བ་སེལ་བ་བཞུགས་པའི་རྒྱལ་བ་རྣམས་གསུང་མཚུངས་པར་བགྲོས་པ་ནི། ཀྱེ་ཀྱེ་སངས་རྒྱས་རྣམ་པ་མང་པོའི་ཚོགས། །ཞེས་པ་ལ་སོགས་པ་རྒྱལ་བ་རྣམས་འབོད་པ་དང་། གདུལ་བྱའི་ངོ་བོ་དང་མཚན་ཉིད་ཅི་འདྲ་བའི་རྒྱུ་འབྲས་བསྟན་པ་དང་། དེའི་སྤྱོད་ཡུལ་གཞན་ལ་གནོད་པ་དང་། དེ་འདུལ་བའི་དགོས་པ་དང་། བཀའ་བགྲོས་ཀྱིས་གདུལ་བར་འགྲེལ་ཏོ། །དེ་བཞིན་དུ་ཉོན་མོངས་པ་ལྔའི་འཆད་པ་རྣམས་ཀྱང་རྗེས་སུ་མཐུན་ནོ། །དངོས་པོ་བཞིའི་བསྟན་པ་མཛོད། །ཞེས་པ་འཁོར་བའི་དངོས་པོ་བཞི་བཤད་པ་དག་འདིར་སྤང་དུ་མེད་དེ་སྤྱད་པས་འདུལ་བར་མཛོད་ཅེས་བཀའ་འདུན་ཐག་ཆོད་དེ་གདུལ་བར་མཐུན་ནོ། །འདུས་པ་ཆེན་པོ་རྣམ་པ་བགྲོས་པའི། ཞེས་པ་ཆོས་ཀྱི་མཐོང་བའི་གནས་སུ་བྱོན་པ་རིལ་གྱིས་བཀའ་བགྲོས་པའི་དོན་བསྟན་པའི་ལེའུ་ཉི་ཤུ་བཞི་པ་བཀྲོལ་བའོ།། །།དེ་ལྟར་འདུས་པ་ཆེན་པོ་བཀའ་བགྲོས་ཡོངས་སུ་ཆད་ནས་ལས་རྣམ་བཞི་གང་གིས་འདུལ་བའི་སྐབས་ལ་བབ་པར། ཞེས་པ་བཀའ་བགྲོས་ཆོད་པས་གདུལ་བའི་ཕྲིན་ལས་ལ་འཇུག་པའི་ཕྱིར་རྟོག་པ་ནི་དགོས་ཆེད་དོ། །ཐུབ་དཀའ་གཞོན་ནུ་རྡོ་རྗེ་སྙིང་པོར། ཞེས་པ་དག་དགེ་སློང་དེས་སྙིང་པོ་བྱང་ཆུབ་ཏུ་སོན་པའི་མཚན་ཏེ་འདིར་ཐུགས་དམ་གྱི་དབང་གིས་ཁྱད་པར་གྱི་གཉེན་པོར་གྱུར་པའི་ཕྱིར། དེའི་བྱིན་རླབས་ལས་ཤཱཀྱ་ཐུབ་པ་སྣང་བ་ལ་རྒྱལ་བས་བསྐུལ་ཏེ་རུ་དྲའི་འཁོར་བའི་དངོས་པོ་བཞིས་ཤེས་རྒྱུད་སྲེག་པ་དེ་བདེན་ཚིག་གིས་ཟློག་ཅིག་པར་བཀའ་སྩལ་ཏོ། །དེའི་ཕྲུ་མར་སྣང་བ། ཞེས་པ་ཤཱཀྱ་ཐུབ་པས་དྲེགས་པའི་འཁོར་དུ་སྣང་བར་བྱས་ནས་བདེན་ཚིག་འཇམ་པས་ཁོས་མི་ཐུལ་བའི་གཏམ་བྱས་པ་སྒྲ་བཞིན་ནོ། །བདུད་ཀྱི་དངོས་པོ་བཞིས་ཡོངས་སུ་ཉམས་པས་གཙང་མའི་རིགས། ཞེས་པ་སྤྱིའི་དབང་དུ་བདུད་ཀྱི་མདའ་དང་མཚོན་ཆ་དང་། ངག་རྩུབ་མོ་དང་བུ་མོས་བསླུ་བའོ། །འདིར་དངོས་པོ་བཞི་པོ་ཀུན་གྱིས་སྤང་བྱ་ཉིད་དོ། །དེ་དག་གི་སྤྱོད་པ་ཤཱཀྱ་ཐུབ་པ་ལ་བཏང་བས་རྒྱལ་བ་དྲི་མ་མེད་པ་རྣམས་དངོས་པོ་ངན་པ་དེ་ལ་ཐུགས་རྟོགས་ནས་སླར་བཞུད་པ་ལྟར་རུ་དྲའི་ངོ་ལ་སྣང་ངོ་། །དོན་དེས་ཀྱང་ཞི་རྒྱས་ཀྱིས་མི་འདུལ་བར་མཁྱེན་ཏེ་འཆད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཞེས་པ་ལ་སོགས་པ་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་མངའ་བ་སྤྱན་གཟིགས་ལ་བསྐུལ་ཏེ་རྒྱལ་བའི་གསུང་པདྨའི་རིགས་འཚོབ་ཅིང་འཛིན་པ་ཆོས་ཀྱི་རྒྱལ་པོ་གསུང་གི་དོན་ཇི་སྙེད་པ་མངའ་བའི་རྡོ་རྗེ་ཆོས་གདུལ་བྱ་རིལ་སྤྱན་གྱིས་བྱ་ར་དང་སོ་མཛད་ཅིང་གཟིགས་པ་ཁྱོད་ཀྱིས། ས་བོན་ཧྲཱིཿལས་ངག་གི་དབང་ཕྱུག་དབང་གི་ཁྲོ་བོ་རྟ་མགྲིན་ཤིན་ཏུ་རྔམ་པར་བྱུང་བས། དྲེགས་པ་ཐུལ་གནོན་ཞེས་བསྐུལ་བ་ནི་དོན་གྱིས་གསན་ཏེ། རྟ་མགྲིན་གྱི་སྐུ་མི་བཟད་པས་རྟ་སྐད་ཧ་ཧ་སོགས་བསྒྲགས་པས། འཁོར་ཕྲུ་མ་སྤ་ཞུམ་ཞིང་བག་འཁུམས་པ་ལ་སོགས་པ་སྒྲ་ཇི་བཞིན་ནོ། །མགྲིན་བུ། ཞེས་པ་ནས། ཐའི་ཁ་བརྡབས། ཞེས་པ་ངོ་བོ་སྟེ་བཤད་པའང་ཞི་རྒྱས་ཀྱི་མི་འདུལ་བ་འདིས་ཡིད་ཆེས་སོ། །ཡོངས་སུ་ཞམས་པ་སྒྲ་ཇི་བཞིན་ནོ། །རུ་དྲས་སྔ་མ་བཞིན་མི་གཙང་རྟ་མགྲིན་བས་ལོག་སྙམ་ཀྱང་ཁྲོ་བོས་གདུལ་ཕྱིར་ཐིམ་དུ་ཧན་ཅེས་པ། ཁོའི་ཁོང་དུ་མིད་ནས་ཁ་ཟས་སུ་མཛད་དེ་བྱོན་ནོ། །དེ་ནས་དེ་བཞིན་གཤེགས་པ་དེས་དབུ་ཁོ་ནའི་གཙུག་ཏུ་ཕྱུངས། ཞེས་པ་དག་དེ་ནས་ལུས་བརྒྱངས་ཏེ་བཏུལ་བ་སྒྲ་བཞིན་ཏེ། ལས་གང་གིས་འདུལ་བརྟགས་པ་ལ། དངོས་སུ་བཏུལ་བ་ནི་མ་ཡིན་ནོ། །དེ་ལ་མ་བཟོད་པས་དབང་དྲག་གིས་འདུལ་བར་མཁྱེན་ནོ། །དབང་དྲག་གིས་འདུལ་བར་བཀའ་བགྲོས་ངེས་པར་བཅད་པའི་མདོ། ཞེས་པ་བཀའ་ལེའུ་གོང་མ་དང་འདི་གཉིས་བགྲོས་ལྔ་བ་པ་ནི། གོང་མ་ནི་སྤྱིར་འདུལ་བ་ཙམ་དང་། འདི་ནི་ཁྱད་པར་གྱི་ལས་གང་གིས་འདུལ་བའི་ཕྱིར་མི་འགལ་ལོ། །དེ་སོ་སོ་གསུངས་པ་ཉེ་བར་བསྟན་པ་ནི། དེ་བཞིན་གཤེགས་པ་རྣམ་གྲོལ་སྤྱོད་པའི་ཚོགས། །ཞེས་པ་མཚན་དེ་ཉིད་དུ་ངེས་པ་ཇི་སྙེད་པའོ། །ཤིན་ཏུ་འགོག་པས་ཞི་བ་ལ། །ཞེས་པ་ལ་སོགས་པ་ཞིང་ཁམས་འདིར་དྲེགས་པ་དང་འགྲོ་བའི་ཚུལ་འདི་ལྟར་འགྱུར་ཏེ། གང་ཞེ་ན། རབ་ཏུ་ཡང་དག་པའི་སེམས་འགོག་པས་མུན་པའི་ཞི་བར་གདུལ་བྱ་ཆུད་པ་ལ། ཁྲོ་བོས་བཏུལ་ཡང་ཆད་ལ་དེ་ལས་མི་སྣང་སྟེ། མཉམ་པའི་ངང་ལས་ཞི་བ་ཆེན་པོར་མཛོད་ཅིག་པའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་འགོག་པ་ཞི་བ་ཕྱོགས་གཅིག་པས་སྲིད་པའི་རྩེ་མོ་མན་ཆད་ཀྱི་ས་བོན་སྤོངས་ནུས་ན། མཐའ་གཉིས་པོས་ཞི་བའི་རྣལ་འབྱོར་ཆེན་པོས་ཀྱང་སྨོས་ཀྱང་ཅི་དགོས་ཏེ། བྱང་ཆུབ་ཀྱི་ཆུ་བོ་སྐམས་པ་དག་ཐུགས་རྗེས་སྤང་བ་དང་། ཤིན་ཏུ་འགོག་པ་བསླང་བའི་དགོས་ཆེད་དུ། ཆོས་ཉིད་ཀྱི་ངང་ལས་ཅིར་ཡང་སྣང་བའི་མཛད་པས་དོན་བྱོས་ཤིག་པར་རྒྱལ་བ་རྣམས་ལ་བཀའ་བགྲོས་པའོ། །འདི་དག་གདུལ་བྱ་དང་། མི་འདུལ་བའི་ལས་དང་། ཆ་མཐུན་དུ་མཛོད་ཅིག་པར་བསྐུལ་བ་དང་། མཛད་པས་དོན་གྲུབ་པར་ཐེ་ཚོམ་མི་ཟ་བ་དང་། དགོས་ཆེད་དང་མཐུན་པའི་ཡོན་ཏན་སྣང་བས་མཛོད་ཅིག་པར་བསྐུལ་བར་འཆད་པར་དག་ཀྱང་རྗེས་སུ་འགྲེལ་ཏོ། །སྟོང་ཉིད་ཚུལ་ཅན་སྟོང་པས་ཀྱང་། །ཞེས་པ་མདོ་སྡེ་སྟོང་པས་སྔགས་ཀྱིས་སྟོང་པ་ཆེན་པོ་ནི་མ་མཐོང་ཡང་ཆ་འདྲ་བའི་ནུས་པའོ། །ངོ་བོ་མི་འགྱུར་བའི་ཚོགས། ཞེས་པ་མཚན་དང་རིགས་དེ་ཉིད་དུ་ངེས་པའི་རྒྱལ་བ་རྣམས་ཀྱིས་བཀའ་བགྲོས་པའོ། །མི་འགྱུར་ཚུལ་ཅན་རྟག་པས་ཀྱང་། །ཞེས་པ་འགྲོ་བ་རྣམས་ཀྱི་ཞེན་པ་རྫས་ཅན་དུ་ལྟ་བ་མཐུ་བརྟས་པས་སྣང་བའོ། །གཞན་ནི་བཤད་པའི་རྗེས་སུ་བསྙད་དོ། །ཁྲོ་བའི་ཚུལ་ཅན་ཁྲོས་པས་ཀྱང་། །ཞེས་པ་ལས་ཀྱི་ཁྲོ་བོ་རུ་དྲ་ནི། ཡེ་ཤེས་ཆེན་པོས་སྣང་བ་དང་། ཐུགས་རྗེ་ཆེན་པོ་དང་ཆ་འདྲ་བར་སྣང་བ་ནི། མཐུས་ཀྱང་སྲིད་གསུམ་གྱི་འགྲོ་བ་སྐྲག་པའོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ། ཞེས་པ་མཚན་དང་རིགས་དེ་ཉིད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ཉིད་དོ། །གསང་ཆེན་སྦྱོར་བའི་ལྡེམ་དགོངས་ལས། །ཞེས་པ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱིས་ཐེག་པ་ཤིན་ཏུ་བསྟན་ཅིང་བརྟག་དཀའ་བ་དེ་བརྡ་དང་དགོངས་པ་དང་ལྡེམ་པའི་ཐབས་མང་པོ་ལས་འདིར་མཐུན་ཐབས་ཀྱིས་འདུལ་བར་བསྐུལ་བ་དང་། ཐེག་པ་ཆེན་པོའི་ཕྲིན་ལས་དང་མཚུངས་པ་ནི་དངོས་པོ་བཞི་རང་འཐད་སྤྱོད་པས། འགྲོ་བ་བཀའི་དོན་ལས་ལོག་པར་བསྒྱུར་བའི་རུ་དྲའི་སྤྱོད་པའོ། །དངོས་པོས་དངོས་པོ་གྲོལ། ཅེས་པ་དཔེར་ཆང་གིས་ཆང་ནད་བསལ་བ་ལྟར་རོ། །དེ་ཉིད་ཀྱིས་དེ་ཉིད་འཇོམས་པ་ནི་ཐབས་རྨད་དུ་བྱུང་བ་སྟེ་དགོངས་པ་གཉིས་སོ། །དཀའ་ཐུབ་ཚུལ་ཅན་འགགས་པས་ཀྱང་། །ཞེས་པ་སེར་སྣ་མཆོག་ཏུ་ཆེ་བ་ནོར་རྫས་སྡོམ་པ་ནི་སྡོམ་པའི་ཆ་དང་མཚུངས་ཏེ། དེའི་སྟོབས་ཀྱིས་ཚེ་འདི་ཉིད་འཚོ་བར་ནུས་པའོ། །མི་གཡོ་ཚུལ་ཅན་གནས་པས་ཀྱང་། །ཞེས་པ་སྙོམས་ལས་གྱུར་པའི་ལེ་ལོ་ནི་བྱ་བཙལ་དང་བྲལ་བའི་དོན་དང་མཚུངས་པ་དེ་དང་ལྡན་པས་ཐར་པའི་ལམ་བརླགས་པར་ནུས་པའོ། །གཏི་མུག་ཚུལ་ཅན་རྨོངས་པས་ཀྱང་། །ཞེས་པ་མ་རིག་པས་ནོན་པ་ནི་ཡང་དག་པའི་གཏི་མུག་དང་མཚུངས་པ་དེ་དང་ལྡན་པས། དུས་གསུམ་དུ་མ་རིག་པ་ཆེན་པོས་དོན་མི་མཐོང་བའི་སྟོབས་ཅན་དུ་གྱུར་ཏོ། །ཆགས་པའི་ཚུལ་ཅན་སྤྱོད་པས་ཀྱང་། །ཞེས་པ་ལོག་པའི་འདོད་ཆགས་ནི་ཡང་དག་པའི་སྦྱོར་བ་དང་ཆ་འདྲ་བ་དེ་སུ་ལ་ཡོད་པས་སྤྱད་པའི་སྟོབས་ཀྱིས་གྲོང་ཁྱེར་གསུམ་ལ་ཤིན་ཏུ་ཞེན་པས་མི་འབྲལ་བར་ནུས་སོ། །མཐུན་འཇུག་ཚུལ་གྱིས་ཆ་མཐུན་པས། །ཞེས་པ་དྲེགས་པའི་སྤྱོད་པ་རང་ཁ་མ་ལོག་འཚོས་དགའ་དགར་སྤྱོད་པ་ནི། ཐབས་ཀྱི་སྤྱོད་པ་དང་འདྲ་བ་དེས་གྲོང་ཁྱེར་གསུམ་གྱི་འགྲོ་བ་ལམ་ལོག་པར་བྱེད་པའོ། །དེ་ལ་སོགས་པ་མཐའ་ཡས་སྙེད། །ཅེས་པ་ལ་སོགས་པ་སྙེགས་པས་དངོས་པོ་གཞན་བསྡུ་བ་ནི། ཐབས་ཀྱི་སྤྱོད་པ་སྔ་མ་དང་ཕྱི་མ་རིལ་གྱིས་ཐུལ་ཅིག་པ་སྟེ་སྒྲ་ཇི་བཞིན་ནོ། །དེ་ལ་སོགས་པ་མཐའ་ཡས་སྙེད། །ཀུན་གཞི་མཉམ་དང་མི་མཉམ་པའི། །ཞེས་པ་ལ་སོགས་པ་ཐབས་འདས་པ་ལ་སྙེགས་པས་བསྡུ་བ་ནི། ཐབས་མུ་མཐའ་ཡས་པར་འདྲེན་པའོ། །སྙིང་པོ་བྱང་ཆུབ་ཀྱི་དབྱིངས་བདེར་གཤེགས་དང་འཁོར་བ་རིལ་ལ་ཁྱབ་པས། མུ་མཐའ་མེད་པའི་ངང་གིས་གང་ནས་གང་དུ་བསྣུམས་པར་ཁྱད་པར་འདོད་ཞེན་པ་དང་མ་བྲལ་བའི་འགྲོ་བའི་ཏིང་ངེ་འཛིན་དང་། ཡིད་དང་ལུས་ཅན་འབྱུང་བའི་ཕུང་པོ་དང་ལྡན་པའི་འགྲོ་བ་རྣམས་ཀྱིས། རང་རིག་པ་དཔལ་རྣམ་གསུམ་གྱི་ངོ་བོ་རྡོ་རྗེ་སྙིང་པོ་རབ་ཏུ་གནས་སྙིང་པོ་བྱང་ཆུབ་ཐབས་དང་མཛད་པ་རིལ་ལྷུན་གྱིས་ཡེ་གྲུབ་པའོ། །དེའི་ཕྱིར་སེམས་ཅན་རིལ་སངས་རྒྱས་ཏེ། སྙིང་པོ་རྡོ་རྗེ་སེམས་དཔའ་དེ་བཞིན་ཉིད་ཡེ་ནས་ཡིན་བྱང་ཆུབ་ཡེ་མ་བཅོས་པར་ངེས་སོ། །དེ་བས་ན་བསྒྲང་བ་ལས་འདས་མཐའ་ཐུག་མེད་པའི་སེམས་ཅན་རྣམས་བསམ་པ་ཇི་ལྟར་མོས་པ་ལྟར་ཐབས་ཀྱི་མཛད་པ་ཇི་ལྟར་ཡང་སྣང་བས་མ་བཀག་མ་བཅོས་ཇི་བཞིན་པ་དེ་བཞིན་པ་ཉིད་དུ་སྤྱད་པས། དེ་ངེས་པ་ཉིད་དུ་འགྱུར་བ་ཡིན་ཉིད་དུ་སོན་པའི་རྒྱལ་བའི་ཐབས་ཁྱད་པར་ཅན་དཔག་གིས་མི་ལང་བ་ཇི་སྙེད་པ་གྲངས་ལས་འདས་པ་ནི། གཅིག་ལས་མཛད་སྤྱོད་གར་ཐབས་སྤྲིན་དཔུང་གིས་མ་གཡོས་ཅིར་ཡང་སྣང་བ་སྤྲིན་སྙེད་ཀྱིས། ཇི་ལྟར་སྤྱད་ཀྱང་དེ་ཉིད་ལས། །མ་གཡོས་མ་གོས་དབྱིངས་ན་དཔལ། །ཞེས་པ་ལ་སོགས་པ་གདུལ་བྱའི་བསམ་པ་དང་མཐུན་པར་མཛད་པ་ཇི་ལྟར་སྤྱད་ཀྱང་། ཡང་། དེ་ཉིད་མཉམ་པའི་དབྱིངས་ལས་མ་གཡོས་མ་གོས་མ་བསྐྱོད་པས། ཇི་ལྟར་སྤྱད་ཀྱང་འཁྲུལ་ནོར་མེད་པས་ལེགས་པ་དཔལ་སྟེ། ལྷུན་གྱིས་རྫོགས་པའི་མཛད་པར་ཉིད་དུ་ངེས་པའི་ངོ་བོ་རང་བཞིན་ལས། མཛད་སྤྱོད་མུ་མཐའ་ཡས་ལས་འདས་པ། བློ་དཔག་ཏུ་མེད་མི་འཁྱུད་པའི་སྒོ་གང་ཡང་མ་བསྡམ་པར་ཕྱེ་བས། ཇི་ལྟར་འཚམས་པས་བཏུལ་དྲང་སྟེ། རིལ་ཀྱང་ཡང་དག་པའི་དམ་པ་རྣམས་ཀྱིས་སྤྱོད་པར་འགྱུར་བས་བསྐུལ་ཏེ། ཡལ་བར་མ་བཞག་ཅིག་པའོ། །འདིར་ནི་ནན་ཏན་དྲག་ཤུལ་གྱིས། །ཞེས་པ་ལ་སོགས་གནས་སྐབས་ཉེ་བར་འདིར་ནི་བཟུང་བའི་གདུལ་བྱ་ཤིན་ཏུ་དྲག་པས་བཤད་པ་ལྟར། ཞི་རྒྱས་ཀྱིས་མི་འདུལ་བའི་ཕྱིར། དབང་དྲག་གི་མཛད་པ་རྡོ་རྗེ་འཛིན་པ་ཉིད་ཀྱིས་དེ་དག་གི་ངོ་བོ་ཡེ་ཉིད་རང་བཞིན་གྱི་དཀྱིལ་འཁོར་མི་བཟད་པའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ངང་ལས། ལས་ཀྱི་ཁྲོ་བོ་འཇིག་རྟེན་གྱི་དུར་ཁྲོད་བདག་པོ་འདུལ་བའི་གཉེན་པོ། ཆེ་མཆོག་ཧེ་རུ་ཀའི་སྐུ་སྣང་བར་མཛོད་ཅིག་ཅེས་བསྐུལ་ནས་བཀའ་གྲོས་ཐག་ཆད་དོ། །འོ་ན་རྒྱལ་བའི་ལོངས་སྐུ་ལ་སོགས་པ། ཚོགས་རེ་ལ་རྟགས་སྟོང་གདུལ་བྱ་མི་མཐུན་པར་སྣང་བ་དང་། རྒྱལ་བ་ཁྲོ་ལ་བྱམས་སོགས་རིལ་གྱི་བགྲོས་པ་ལ་ཐབས་ཡས་པར་བསྟན་པ་ཇི་ལྟ་བུ་ཞེ་ན། བདེ་བར་གཤེགས་པ་ལ་ངོ་བོ་ཐ་དད་མི་བཞུགས་ཀྱིས་ཀྱང་རིགས་དང་མཐུན་པའི་ཐབས་ནི་གདུལ་བྱའི་སྣང་བའོ། །དེ་དག་གི་ཚིགས་རེ་རེའི་ཕྱིར་ཐབས་ཀྱི་གྲངས་ཀྱང་རྗེས་སུ་མཐུན་ལ། རྒྱལ་བ་ཇི་སྙེད་པའི་ཐབས་ཀྱང་དེ་སྙེད་ཀྱི་ཕྱིར་སྨོས་སོ། །བཀའ་གྲོས་དམ་པ་བཅད་པའི་ལེའུ་ཞེས་པ་དྲག་པོས་འདུལ་བར་བཅད་པའོ། །ལེའུ་ཉི་ཤུ་ལྔ་པ་བཀྲོལ་ཏོ།། །།ལང་ཀའི་བདག་པོ་དེའི་ཚེ་དེ་ཡི་དུས་ན། ཁོ་བོ་འཁོར་དེ་ཉིད་དུ་འདུས་པར་གྱུར་པ་ཞིག་གིས། ཞེས་པ་རུ་དྲ་འབྱུང་བའི་དུས་དང་། བཀའ་བགྲོས་བཅད་པའི་དུས་གཉིས་ངོ་བོར་གཅིག་པའི་དུས་དེར། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ང་ཉིད་རྒྱལ་བ་དེ་དག་གི་འཁོར་གསང་བ་འཛིན་པའི་སྡུད་པ་པོ་བྱེད་པ་ཞིག་གིས། རུ་དྲའི་མཚན་ཉིད་ལ་ཐུགས་མངའ་བཞིན་དུ། དུས་དེ་ཙམ་གྱི་བྱང་ཆུབ་སེམས་དཔའ་ལང་ཀ་མགྲིན་བཅུ་བློ་གྲོས་ཐབས་ལྡན་གྱིས། ཤེས་སམ་མི་ཤེས་ཉམས་སུ་བླང་བའི་དགོས་ཤེད་དུ་དྲི་བ་བདུན་སྒྲ་བཞིན་ནོ། །བསྐུལ་བའི་གོ་ཆ་ཆེན་པོ་དེས་སྨྲས་པ། ཞེས་པ་ལ་སོགས་པ་གསང་བདག་གིས་བསྐུལ་ནས། བརྩོན་འགྲུས་ཀྱི་གོ་ཆ་དང་ལྡན་པའི་ལང་ཀས་ནི། དུས་དེར་གསང་བདག་གིས་སྡུད་པ་ལ་བོས་ཏེ་ལན་དུ་སྨྲས་པ་སྒྲ་ཇི་བཞིན་ནོ། །ཁོ་བོས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཨེ་མའོ་སེམས་དཔའ་ཆེན་པོ། འོ་ན་དུས་འདི་ནི་དུས་ལ་བབ་པའོ། །ཞེས་པ་ལ་སོགས་པ་རུ་དྲའི་རྒྱུ་འབྲས་ལ་སོགས་པ་ལ་ངམ་ནས་ལང་ཀ་ལ་བོས་ཏེ། དེ་ལྟར་ཡིན་ན་དྲེགས་པ་ཅན་འདུལ་བའི་དུས་ལ་ཚད་མར་ཕྱིན་པས། དེ་ལ་དྲག་པོའི་ཕྲིན་ལས་རྨད་དུ་བྱུང་བ་མཛོད་ལ་ཐུལ་ཅིག་པའོ། །དེའི་དུས་སུ་བྱུང་བའི་གསང་སྔགས་ཀྱི་དོན་འདི་རྒྱལ་བའི་དགོངས་པའི་ཡང་ཞེ་ཕུགས་ཏེ་སྒྲ་ཇི་བཞིན་དུའོ། །གོང་མ་སེམས་དཔའ་ཆེན་པོ་བློ་གྲོས་ཐབས་ལྡན་དང་། ཆོས་ཀྱིས་མཐོ་བའི་གནས་ན་སྔར་འདུས་པའི་རྒྱལ་བ་མ་ལུས་པ་ལ་བསྐུལ་བ་དང་། དྲག་པོ་ལས་ཀྱི་སྟོང་གསུམ་མ་ལུས་བསོད་ནམས་ཀྱི་ཚད་དང་བཅས་པས་བསྐུལ་བ་ནི། དོན་གྱིས་དེར་འདུས་པའི་འཁོར་གྱིས་ཤེས་པར་བྱ་བ་དང་། གསང་བ་སྔགས་འབྱུང་བའི་སྒོ་དབྱེ་བ་དང་། དཔྱད་ཐག་ཆད་པ་རུ་དྲ་ཡལ་བར་མི་འདོད་པའི་ཕྱིར་རོ། །དོན་འདིས་ན་འཁོར་བ་ཐོག་མ་ཐ་མ་མེད་པར་གསང་བ་འབྱུང་བའི་སྐབས་སུ་གསང་བདག་ཉིད་དང་། བསྐུལ་བའི་གོ་ཆ་བློ་གྲོས་ཐབས་ལྡན་ཞེས་པའི་མཚན་འབའ་ཞིག་ཏུ་གྲགས་པ་ལ་འགལ་བ་མེད་པར་འགྱུར་རོ། །འདིར་གསང་བདག་གིས་འདས་པའི་དུས་ཀྱི་ལོ་རྒྱུས་བརྗོད་པར་ཟད་དོ། །དེ་བས་ན་ཕྱིས་ཀྱང་གསང་བདག་དང་ལང་ཀས་གསང་སྔགས་འབྱུང་བ་ལ་ཐེ་ཚོམ་མེད་དོ། །དེ་ལྟ་ཡིན་ན་གསང་བདག་གིས་གསང་སྔགས་བསྟན་པ་མ་ལ་ཡའི་རྩེར་འདུས་པའི་འཁོར་ལ་བཤད་པ་དང་། སྲིན་པོ་མ་ལ་ཡར་བབས་པ་གཉིས་གལ་ཏེ་དུས་གཅིག་ན་ནི། འབྱུང་ཚུལ་ཡང་བཅུ་གཅིག་ཏུ་འགྱུར། བསྟན་པ་གཅིག་ལ་དུས་གཉིས་སྨོས་པ་ལའང་གོས་པ་མེད་པར་འགྱུར་རོ། །དེ་སྟེ་མིན་ཏེ། ཐ་དད་ན་དུས་གཅིག་ལ་གསང་སྔགས་ལན་གཉིས་འབྱུང་བར་འགྱུར་རོ། །དེ་མ་ཡིན་ན་གཉིས་ཀ་བསྐལ་པ་འདི་ལ་མ་ལ་ཡར་བྱུང་བའང་འགལ་ལོ་ཞེ་ན། དེ་དག་ནི་ཐོག་མ་དང་ཐ་མ་མེད་པར་སྨོས་པ་ལས་འདིར་འདས་པའི་དུས་བཏུལ་བ་དང་། གསང་བ་འབྱུང་བ་དང་གསུངས་པའི་ལོ་རྒྱུས་སྨོས་པ་དུས་འདིར་ཡང་འབྱུང་སྟེ། དེ་དག་དུས་གཅིག་པར་འོག་ནས་འཆད་པར་འགྱུར་ཏེ། དགོས་པ་རེ་རེའི་ཕྱིར་བྱུང་ཚུལ་ཐ་དད་ཀྱང་བསྟན་པ་ནི་བསྐྱར་ཞིང་མ་གསུངས་ཏེ་འགལ་བ་མེད་པར་གསལ་ལོ། །ལེའུ་ཉི་ཤུ་བདུན་པ་ལས། སྤྲུལ་པ་རྡོ་རྗེ་འཛིན་རྒྱལ་པོ། །སྔར་བྱུང་རྒྱལ་ཚབ་སྐྱེས་བུ་ཡིས། །ཞེས་པ་ལ་སོགས་པས་ཐེ་ཚོམ་གྱི་ཁོ་ཐག་ཆོད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། དན་ཕག་གནས་གྱུར་པ་སྐྱེས་བུ་དམ་པ་རྡོ་རྗེ་འཛིན་དུ་སྣང་བ་ཉིད་ལ། ཞེས་པ་ལ་སོགས་པ་ཐར་པའི་གཡོག་དན་ཕག་དུས་འཛིན་དུ་བཅུག་པ་ངེས་པ་རྙེད་དོ། །རྒྱལ་ཚབ་སྐྱེས་བུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་དུ་གྱུར་པ་ལ། རྒྱལ་བ་རྣམས་ཀྱིས་རུ་དྲ་ཐུལ་ཅིག་པར་བཀའི་ལས་གཉེར་གཏད་པ་ནི། དོན་འདི་ཉིད་ཀྱིས་གསང་བདག་ཏུ་མངོན་ནོ། །དེ་གང་ཞེ་ན། རྒྱལ་བ་ཀུན་གྱི་གསང་འཛིན་པ། །ཞེས་པ་ལ་སོགས་པ་སྒྲ་བཞིན་ནོ། །སྐྱེས་བུ་རྡོ་རྗེ་འཛིན་པ་དེ། །ཞེས་པ་ལ་སོགས་པ་བསྐུལ་བ་གསན་ནས། སྔོན་གྱི་གོ་ཆའི་དབང་གིས་ཞལ་གྱིས་བཞེས་པ་སྒྲ་ཇི་བཞིན་དུ་སྦྱར་རོ། །སྐྱེད་སྨིན་འཚོ་བ་ནི། དྲེགས་པའི་མཐུས་ཕྱི་ནང་གི་སྐྱེ་བ་ལོག་ཅིང་། ལོ་ཉེས་པ་ལ་སོགས་འབྱུང་བའོ། །མཁྱེན་ཏེ་ཐུགས་རྗེས་གདུང་བ་ནི། །ཞེས་པ་ལ་སོགས་པ་དྲེགས་པའི་མཐུས་འགྲོ་བ་རྣམས་ཤིན་ཏུ་ལམ་སྟོར་ཞིང་ཉམ་ཐག་པར་ཐུགས་སུ་ཆུད་ནས། མི་གཡོ་བའི་ངང་ལས་མི་འགོག་པའི་ཁྱད་པར། ཤིན་ཏུ་འབྲེལ་པའིི་བརྩེ་བ་སྟེ་དྲག་པོའི་གནས་སྐབས་པས་ཤིན་ཏུ་ཁྲོས་པའི་ཚུལ་གྱིས་རྟ་མགྲིན་ལ་སོགས་པ་ལ་གདུག་པ་གཞོམ་པའི་བཀའ་ལུང་དུ་བསྐུལ་བ་ནི། ངག་གི་དབང་ཕྱུག་རྡོ་རྗེའི་གདོང་། །ཞེས་པ་ལ་སོགས་པ་ཁྲོ་བོ་རྟ་མགྲིན་ནི་རྒྱལ་བ་རྣམས་ཀྱི་གསུང་གི་བདག་ཉིད་པས། ཁྱོད་ཀྱིས་མདུར་གླུ་དང་བཅས་པས་དྲེགས་པ་འཇོམས་པའི་ཞལ་ཏེ་རྡོ་རྗེ་གདོང་ཞེས་བོས་པའོ། །ལང་ཀའི་ཡུལ་ལ་སོགས་པ་སྒྲ་བཞིན་ནོ། །མི་ངས་སྐྱམས་ལིང་ཆེན་པོ་ལ། །ཁམས་གསུམ་རྡོ་རྗེ་བྱ་སྦྲོན་ཐོངས། །ཞེས་པ་ལ་སོགས་པ་དྲེགས་པ་འཁོར་བཅས་རང་གི་གནས་ནས་སྲོག་ཆགས་ཀྱི་སྐྱམས་ལིང་ལ་སོང་བའི་དུས་སུ། རྟ་མགྲིན་ཁྱོད་ཀྱིས་རྒྱལ་བ་ཐུགས་རྗེ་ཆེན་པོ་གྲོང་ཁྱེར་གསུམ་གྱི་མགོན་པོ་གདུག་པ་འཇོམས་པ་རྣམས་བྱ་བཏང་བ་དང་སྦྲོན་པ་གྱིས་ཤིག་པའོ། །ཅིས་ཀྱང་མི་བསྐྱོད་མི་འཁྲུགས་པའི། །ཞེས་པ་ལ་སོགས་པ་རྡོ་རྗེ་སེམས་དཔའ་ཉིད་ལ་བསྐུལ་བ་སྟེ་སྒྲ་ཇི་བཞིན་ནོ། །མེད་ལ་ཀུན་འབྱུང་སྟོང་ཉིད་ལས། །ཞེས་པ་ལ་སོགས་པ་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་དང་། སྟུག་པོ་བཀོད་པའི་རྒྱུད་དག་པའི་རྒྱལ་བ་རྣམས་ལ་བོས་པའོ། །བདག་ནི་བཀའ་ཡི་ལས་མཁན་ཏེ། །ཞེས་པ་ལ་སོགས་པ་ང་ནི་གསང་བ་སྟོན་པ་ལ་སོགས་པ་རྒྱལ་བའི་ཕྲིན་ལས་བདག་ནི་བཀའ་ལས་མཁན་ཏེ་རིལ་གྱི་བྱེད་པ་པོ་ཡིན་སོགས་པ་པས། བདག་གིས་ཀྱང་བགྱི་ཞེས་ཞལ་གྱིས་འཆིས་པའི་དོན་གྱིས་སངས་རྒྱས་ཆོས་སྐུ་དང་གཟུགས་སྐུ་རྣམ་གཉིས་ལ་བསྐུལ་བའོ། །དགོངས་པ་གསང་བ་ཀུན་འདུས་ལ། །ཞེས་པ་ལ་སོགས་པ་གསང་སྔགས་ཀྱི་རྒྱུད་འདིས་འགྲོ་བ་རྣམས་བྱང་ཆུབ་ཀྱི་ས་ལས་འཁོད་ཅིག་པར་བསྐུལ་ཏེ་གསང་བ་སྟོན་ཅིག་པའོ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཞེས་པ་དག་སྒྲ་བཞིན་ནོ། །བདེ་བར་གཤེགས་པ་རྣམས་འགྲོ་འོང་མེད་པར་ཁྲོ་བོའི་འབར་བའི་གར་དགུ་ཚུལ་དགུས་སྣང་བར་མཛད་དེ། རྟ་ཡི་ཚོགས་ལ་བཀའ་བསྒོ་བ་ནི། སོང་ཀུན་ཏུ་རབ་ཏུ་སོང་། ཞེས་པ་ལ་སོགས་པ་སོང་མཐའ་ལ་སོང་ཤིག་པའང་། འཇིག་རྟེན་རིལ་དུ་ཤིན་ཏུ་ངེས་པར་སོང་ཤིག་པའོ། །དེའི་ཚུལ་ནི་རྟའི་སྟབས་དགུ་སྒེག་པ་དཔའ་བ་ལ་སོགས་པ་སྟེ་ལེའུ་ཉི་ཤུ་རྩ་བདུན་པ་ལས་འཆད་པར་འགྱུར་རོ། །གདུལ་བྱའི་ཤེས་རབ་རབ་འབྲིང་དགུ་ལ་ཐེག་པ་དགུའི་ཆོས་སྟོན་ཅིག་པ་སྟེ་སྒྲ་བཞིན་སྦྱར་རོ། །སྙིང་རྗེ་ཆེན་པོ་རྟོག་འཇུག་གིས། །ཞེས་པ་ཐུགས་རྗེ་ཆེན་པོའི་རྒྱུས་འགྲོ་བ་རྣམས་བྱ་རས་རྒྱུ་འབྲས་གང་ལྟར་སྤྱོད་ཅིང་འགྲོ་བ་བདེ་བར་གྱིས་ཤིག་པ་སྟེ། སྐབས་ཀྱིས་དྲེགས་པ་ཅི་བྱེད་པའི་སོ་ཐག་ཆོད་པར་གྱིས་ཤིག་པར་བསྒོ་བའོ། །རྡོ་རྗེ་ཆོས་རབ་བཀའ་འཁོར་ལོ། །ཞེས་པ་ལ་སོགས་པ་བསྐུལ་བས་སྤྱན་རས་གཟིགས་རྟའི་གདོང་དེ་ཤིན་ཏུ་དགྱེས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་དགོངས་ཤིང་གདུལ་བྱ་ལ་སྤྱན་རས་འཚོ་བ་ནི་དབང་གི་རིགས་ཏེ། ཐུགས་རྗེའི་སྤྱན་མཆོག་དེས། རྡོ་རྗེ་གསུམ་གྱིས་སྒོ་ནས་པདྨོའི་འཁོར་ལོ་བསྐོར་བར་དགོངས་པས་སྐུ་མངོན་དུ་སྣང་བར་མཛད་དེ། དེ་ལྟ་བུ་མང་པོས་སྐབས་དང་མཐུན་པའི་ཕྱིར། བྱང་ཆུབ་སྙིང་པོར་སྐད་ཅིག་གིས་ནོན་ཅིང་བགྲོད་པའི་རྫུ་འཕྲུལ་དང་ལྡན་པས་ཤེས་བྱ་གང་ལའང་མ་རྨོངས་པ་བྱོལ་སོང་གི་གཙོ་བོ་རྟའི་སྟབས་དགུ་ཡིས་མཛད་པའི་ཕྱིར། རྟ་མགྲིན་གྱི་ཚོགས་ཀྱིས་ནམ་མཁའ་གང་བར་མཛད་པ་ནི་དྲེགས་པའི་སྣང་བའོ། །མ་ལ་ཡ་ཡི་རྩེ་ལ་ལྷགས། །ཞེས་པ་དག་སྤྲུལ་པ་དེ་རྣམས་ཀྱིས་སྲིན་པོའི་གནས་སུ་བྱོན་ཏེ། ཡུན་འཁོར་བ་མ་སྟོང་གི་བར་དུ་ཐུགས་རྗེ་ཆེན་པོས་མི་རྟོག་བཞིན་དུ་བྱ་ར་མཛད་དོ། །དེའི་དུས་སུ། སྟུག་པོ་བཀོད་པའི་རྒྱལ་བ་ཡང་། །ཞེས་པ་ལ་སོགས་པ་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི་རྒྱལ་བ་རྣམས་ཀྱང་། རྟའི་ཚོགས་དང་དགོངས་པ་མི་གཉིས་གཅིག་པས་གྲོང་ཁྱེར་གསུམ་རིལ་གཉིས་མེད་དུ་བསྒྲལ་ཅིང་དགོད་པའི་དགོངས་པ་མཛད་དེ། འདོད་ཆགས་ཞེ་སྡང་གཏི་མུག་གི་ས་བོན་རྩ་བ་ནས་ཟད་པར་བྱིན་གྱིས་བརླབས་པར་མཛད་ནས། གནས་གཅིག་ཏུ་ཡང་ཡང་སྦྱོར་བའི་སྡུག་བསྔལ་རིལ་མཉམ་པ་ཆེན་པོའི་ངང་དུ་མི་རྟོག་པའི་སྤྱན་གྱིས་གཟིགས་སོ། །གང་སྒོ་གསུམ་གདུང་བའི་ངོ་བོ་ཉིད་ནམ་མཁའི་འཇའ་རླན་དང་འདྲ་ཞིང་། ལམ་གཞན་དུ་མ་དམིགས་པ་དེ་ཉིད་ཀྱི་གདེང་ཆུད་པས་མཐར་ཕྱིན་པའི་ཕྱིར། སྡུག་བསྔལ་བྱང་ཆུབ་ལམ་དུ་མཛད། །ལས་ཉིད་རང་བྱུང་ཡེ་ཤེས་འགྲེལ། །ཞེས་པ་ལ་སོགས་པ་སྨད་པའི་བྱ་བ་ཉིད་རིལ་བྱང་ཆུབ་སེམས་ཀྱི་མཛད་པ་ལས་ཐལ་བ་མེད་པས། རང་བྱུང་བའི་ཡེ་ཤེས་ཆེན་པོར་གསལ་བའི་ཕྱིར། དེས་བསྐྱེད་པའི་རྣམ་པར་སྨིན་པའི་འབྲས་བུ་ལོག་པའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གསལ་བ་ནི། གློ་བུར་དུ་ལམ་པས་བྱས་པ་མིན་ཏེ། ཡེ་མ་བཅོས་མ་བྱས་ཏེ་རྒྱུ་རྐྱེན་དང་བྲལ་བའི་ངོ་བོ་ལྷུན་གྱིས་རྫོགས་པ་ཆེན་པོའི་ངང་དུ་དགོངས་པ་མཛད་དོ། །དེ་ལྟ་བུའི་དོན་ནི་ངོ་བོ་གཉིས་མེད་ལ་དགོངས་པས། གདུལ་བྱའི་སྣང་བ་རྟའི་ཚོགས་ལ་རྒྱལ་བ་རྣམས་ཀྱིས་མཐུ་བཏང་བ་དང་། དེ་ཉིད་ཀྱི་མཛད་པ་མི་དོར་བའོ། །གསང་བདག་རྡོ་རྗེ་འཛིན་པ་ཡང་། །ཞེས་པ་ལ་སོགས་པ་རྟའི་ཚོགས་མ་ལ་ཡའི་རྩེར་སོ་མཛད་པའི་ཚེ། དན་ཕག་ཕྱག་ན་རྡོ་རྗེར་གྱུར་པ་ཡང་ཐུགས་དམ་གྱི་དབང་གིས་རྡོ་རྗེ་གསུམ་མི་ཕྱེད་པ་ལས། སྤྲུལ་ཚོགས་རྡོ་རྗེ་གཞོན་ནུ་བྱིས་པའི་གཟུགས་ཅན་གྲངས་ལས་འདས་པ་སྙེད་དུ་སྣང་བས་ནམ་མཁའ་གང་བར་མཛད་པ་ཡང་། གནས་དེར་བྱོན་ཏེ་སྲིན་པོའི་སྤྱོད་པ་དང་མཐུན་འཇུག་གིས་ཅིར་ཡང་མཛད་པའི་ཕྱིར་བྱིས་པའི་སྤྱོད་པར་བསྟན་པའོ། །ལས་བཞི་རྡོ་རྗེ་སྒོས་ཀྱི་ལེའུ་ཞེས་པ་སྤྱི་དབང་དུ་དགོངས་པ་སྟེ། འདིར་ནི་ལས་གཉིས་ཁོ་ན་མཛད་པའི་ཕྱིར་གཅིག་ལ་གཅིག་བསྒོ་བ་དང་། རྟའི་ཚོགས་དང་། སྟུག་པོ་བཀོད་པའི་སངས་རྒྱས་དང་། རྡོ་རྗེ་འཛིན་པ་ལ་སོགས་པ་ཉིད་ཉིད་ཀྱི་ལས་སོ་སོར་བསྒོས་པའི་དོན་སྟོན་པའོ། །ལེའུ་ཉི་ཤུ་དྲུག་པ་མདོར་བཀྲོལ་བའོ།། །།དེ་ནས་མཐུན་འཇུག་སྐྱེས་བུ་དེས། །མཐུན་པའི་སྤྱན་གྱིས་གང་གཟིགས་ནས། །ཞེས་པ་ལ་སོགས་པ་མ་ལ་ཡའི་རྩེར་བྱོན་པ་ལ་སྙེགས་པ་དང་། འདྲེན་པ་ནི་སྐབས་ཀྱི་འབྲེལ་ཚིག་གོ། །རྡོ་རྗེ་འཛིན་པ་རྒྱལ་ཚབ་སྐྱེས་བུ་མཐུན་འཇུག་ཤིན་ཏུ་ཁྲོས་པས་ཧེ་རུ་ཀ་བྱུང་སྟེ། སྤྲུལ་པ་གཞོན་ནུའི་འབྱུང་གནས་དེས། མཐུན་འཇུགས་བྱིས་པའི་སྤྱོད་པ་མཛད་པའི་སྤྱན་གྱིས་དུར་ཁྲོད་བདག་པོའི་དངོས་པོ་རྣམས་ཚུལ་ཇི་ལྟར་གཟིགས་ན་འདི་བཞིན་ཏེ། ལས་ཀྱི་ཡི་དྭགས་དྲག་པོ་དེ། །དངོས་པོ་བཞིས་ནི། ཞེས་པ་ལ་སོགས་པ་སྒྲ་བཞིན་དུ་འགྲེལ་ཏེ། སྐབས་སུ་འདོམ་གྱི་ཕྲུ་མ། ཞེས་པ་སྨོས་པའི་འདོམ་གྱིས་གྲོང་རྡལ་ལ་འོབས་སུ་བསྐོར་བ་དེ་རུ་དྲའི་སྤྱོད་ཡུལ་ཡི་གེ་ཇི་བཞིན་པའོ། །དཔལ་ཆེན་རྡོ་རྗེ་འཛིན་པ་དེས། །དེ་ཉིད་ཡང་དག་དངོས་མིན་པའི། །ཞེས་པ་ལ་སོགས་པ་དྲེགས་པ་འཁོར་བཅས་ཀྱི་ཕོ་རྣམས་སྐྱམས་ལིང་ལ་སོང་བ་སྐྱེས་བུས་གཟིགས་ཏེ་རང་གི་གནས་ནས་དོང་བའི་སྐབས་སུ། མོ་ལ་སྦྱོར་བས་སྲས་ཀྱིས་འདུལ་བའི་ཆེད་དུ་དཔལ་ཧེ་རུ་ཀ་དེ་ཉིད་ཀྱི་སྐུ་མ་ཡིན་པ་བཤད་པ་ལྟར་དེ་ལས་སྤྲུལ་པའི་སྲས་གཞོན་ནུ་ནི་ཡུམ་མེད་པའི་ཕྱིར་སྣམ་ནས་བཏོན་པའོ། །དེ་དངོས་ཀྱི་ཆ་ལུགས་ཅི་འདྲ་ཞེ་ན། མི་གཙང་བའི་ཚོགས་ཞལ་དུ་གསོལ་བས་མཚན་སྨེ་བརྩེགས་ཞེས་བྱ་སྟེ་ཆ་བྱད་སྒྲ་ཇི་བཞན་ནོ། །དེས་དྲེགས་པ་ཅི་འདྲ་བར་མཛད་པ་ནི་སྲིན་མོ་ལ་སྣང་བར་བྱ་བའི་ཆེད་དུ། བཤུང་བ་ལྔ་ནི་བདུད་རྩིར་བསྒྱུར། །ཞེས་པ་རུ་དྲའི་མི་གཙང་བས་འོབས་བཀང་བའི་དམ་རྫས་ལྔའོ། །དེ་ཉིད་བདུད་རྩིར་མཛད་དེ་གསོལ་ནས། འོབས་ལ་སོགས་པ་རྒྱུ་རྐྱེན་དང་བྲལ་བའི་ཆོས་ཉིད་སྟོང་པར་མཛད་དེ། ཉེ་གནས་ལ་སོགས་འཁོར་མོ་རྣམས། །ཞེས་པ་ལ་སོགས་པ་ལ་ལས་ཀྱི་ཀ་རི་མ་བརྒྱད་ལ་སོགས་པ་འཁོར་གྱི་བུད་མེད་རྣམས་ལ་མ་ཆགས་པའི་སྦྱོར་བ་ཆ་མཐུན་དུ་མཛད་ནས། དེ་དག་དབང་དུ་མཛད་དེ་ཉོན་མོངས་སྦྱངས་ནས། དེ་དག་གི་ལྷུམས་སུ་ཐུགས་ཡེ་ཤེས་སྣང་བའི་སེམས་དཔའ་བརྒྱད་ལ་སོགས་པ་བཞག་པས། དེ་ལས་སྲས་སུ་འཐོན་པ་ཡེ་ཤེས་ཀྱི་ཀོའུ་སིང་ལ་སོགས་པར་སྣང་སྟེ། མཐུན་པས་མཐུན་པ་འདུལ་བའི་ཕྱིར་རོ། །དེ་བས་ན་ལམ་པས་ཞི་བ་ལས་ཁྲོ་བོར་བསྒོམ་པ་ཡང་ཚུལ་འདི་དག་གི་ཕྱིར་རོ། །གཞན་ནི་སྒྲ་བཞིན་ནོ། །དེ་ནས་སྨེ་བ་བརྩེགས་པ་དེས། །ཞེས་པ་ལ་སོགས་པ་ཁྲོ་བོ་དེས་སྤྲུལ་པ་གདུལ་བྱའི་བསམ་པ་གང་ལྟར་འཚམས་པར་འབྱུང་བའི་ཡོན་ཏན་མངའ་བའི་ཕྱིར་སྔགས་འཆད་པའི་ཆེ་བའི་མཚན་དང་། དུས་མྱུར་བར་འབྱུང་བའི་སྙིང་པོ་བརྗོད་པས་གདུག་པ་འདུལ་བའི་བྱ་བ་ཐམས་ཅད་བྱེད་པའི་མཆོག་ཕྲིན་ལས་རིལ་མཛད་པ་ཡིན་པའི་མཐུ་ཅན་གྱི་ཕྱིར་སྔགས་བཀའ་སྩལ་པ་སྒྲ་བཞིན་ཏེ། ཨཱོཾ་འབུར་བསྙེན་བསྒྲུབ་བཞིས་བསྡུས་པའོ། །ཡང་དག་དངོས་མེད་ཆོ་འཕྲུལ་འདིས། །སྣང་མཛད་ཆེན་པོ། ཞེས་པ་ལ་སོགས་པ་ཧེ་རུ་ཀ་ལ་ཆགས་པ་མི་མངའ་བས་སྲིན་མོའི་ཆགས་པ་ལ་ཆགས་ཐབས་ཀྱི་སྦྱོར་བ་མཛད་པས་སེལ་བའི་དུས་སུ། ཁྲོ་བོ་ཧེ་རུ་ཀ་ཉིད་མིན་པའི་སྤྲུལ་པ་སྨེ་བ་བརྩེགས་པ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་གསུང་གི་ཆོ་འཕྲུལ་སྐུ་ལ་བསྡུས་ཏེ། དང་པོ་རྣམ་པར་སྣང་མཛད་ཉིད་ༀ་ལས་སྤྲུལ་པ་ལྟར། འདིར་ཡང་ས་བོན་ཐམས་ཅད་པའི་ཕྱིར་ལྷག་པའི་ཁུ་བ་ཉིད་ཨཱོཾ་གྱི་གཟུགས་སུ་ཕབས་ཏེ། ཨཱོཾ་ནི་སྐུ་ཇི་སྙེད་པ་མངོན་དུ་སྣང་བར་བྱེད་པའི་ནུས་མཐུ་ཅན་ཡིན་པས་ཨཱོཾ་ཁོ་ན་བཞག་པ་ལས། སྲིན་པོ་ཅི་འདྲ་བར་ཡི་གེ་ཨཱོཾ་ཡང་སྐུར་བསྒྱུར་ཏེ། སྲིན་མོ་ཀྲོ་ཏི་མའི་མངལ་དུ་བཞག་གོ། །རྡོ་རྗེ་ལྗགས་ཀྱི་འོད་ཟེར་ལས། རཀྴ་ཤྲཱི་ཧེ་རུ་ཀ །ཞེས་པ་དེ་ནས་ས་བོན་དེ་བརྟན་པའི་སྔགས་བརྗོད་དེ། སྐུ་མངོན་དུ་རྫོགས་ཤིང་བསྐྱེད་པས་གདུག་པ་འཇོམས་པར་བྱེད་པའི་ཡི་གེ་ཕཊ་བརྗོད་པའི་མཐུ་ཡིས་ཤིན་ཏུ་དྲག་པོ་མཐུ་དང་ལྡན་པ་རབ་ཏུ་ངེས་པར་བྱས་སོ། །དངོས་མེད་རིག་པའི་སྐྱེས་བུ་དེ། །ཞེས་པ་ངོ་བོ་མི་ཟིན་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོར་བཞུགས་པ་ནི་ཁྲོ་བོ་སྨེ་བརྩེགས་ཏེ། ཡབ་རྡོ་རྗེ་འཛིན་ཧེ་རུ་ཀ་ཆེན་པོ་ལ་བསྡུས་ཏེ་མི་དམིགས་སོ། །དྲག་ཤུལ་སྟོབས་ལྡན་སྐྱེས་བུ་དེ། །ཞེས་པ་ལ་སོགས་པ་ཤིན་ཏུ་དྲག་ཅིང་གཏུམ་རྔམ་ཆེན་པོ་ནི། རྡོ་རྗེ་འཛིན་པ་ཧེ་རུ་ཀར་བྱུང་བའི་ངོ་བོ་རྡོ་རྗེ་གཞོན་ནུ་གཞོན་ནུ་རྣམས་ཀྱི་ཡབ་ཉིད་དེ། དེ་དཔེ་སྒྱུ་མ་ལྟར་ཡེ་ཤེས་རྡོ་རྗེའི་སྤྲུལ་པ་གཞོན་ནུ་བྱེ་བས་ཡ་མང་པོར་འགྱེད་པའི་ཆོ་འཕྲུལ་གྱིས། བདུད་དང་སྲིན་པོ་ལོག་པའི་སྡེ་པ་འདུལ་བའི་མཛད་སྤྱོད་བྱིས་པའི་སྤྱོད་པ་བོར་ཏེ། ཚ་བོ་སྲིན་མོའི་ལྷུམས་སུ་བཞག་ཅིང་ཕྱོགས་བཅུའི་གདུག་པ་བཏུལ་བས་ཐུགས་ཁྲལ་བསྐྱུངས་པའི་ཕྱིར། དགོངས་པའི་སྙིང་པོ་བྱང་ཆུབ་ཀྱི་ངང་དུ་མ་འདྲེས་རྫོགས་པར་གསལ་བ་ཉིད་དུ་བཞུགས་པ་དེ་ཉིད་གདུལ་བྱའི་སྣང་བ་ལ་སྤྲུལ་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྔར་གྱི་སྟོན་པའི་རྒྱལ་ཚབས་སྐྱེས་བུ་མཛད་པ་དེས། སུམ་ཅུ་རྩ་གསུམ་དང་དགའ་ལྡན་དང་འོག་མིན་དུ་གྲགས་པའི་གསང་སྔགས་ཆེན་པོ་འདི་འཛིན་ཅིང་སྟོན་པ་མཛད་དེ། དེ་བས་ན་ཧེ་རུ་ཀ་ཉིད་གསང་བདག་དྲག་ཤུལ་ཅན་དན་ཕག་ཏུ་གྱུར་པ་ལ་ཐེ་ཚོམ་མེད་དོ། །འོན་ཀྱང་དེ་ཉིད་གཅིག་དང་དུ་མ་ལས་གྲོལ་བས་གསང་བདག་གཉིས་སུ་ཐལ་བའང་མེད་དེ། བསྐལ་པ་གཅིག་གི་ཆ་བཟུང་བའོ། །དེ་ནས་ཡི་དྭགས་དྲག་པོ་དེ། །རང་གི་གནས་སུ་འོང་བ་དང་། །ཞེས་པ་ལ་སོགས་པ་སྲིན་པོ་སྐྱམས་ལིང་ལས་རང་གི་གནས་སུ་འོང་བ་དང་། ཡུལ་ཁམས་དང་འཁོར་སྔ་མ་དང་མ་འདྲ་བས་མ་རངས་པ་སྒྲ་བཞིན་ནོ། །དེང་ལགས་ལ་ཧཱུན་ཧན་དེ་རིང་ཕན་ཆད་བདག་གི་བསྒྲུབས་ཕན་ཉོ་བ་ཏི། །ཁོ་བདག་གི་ན་འམ་ལྷུམས་ནི་ཙ་སྨྲ་མི་བདེ་སྟེ། ར་ཙ། །དཔའ་བོ་ཁྱེད་ཀྱི་གདུང་བརྒྱུད་འཚོབ་པ། སྒེག་པོ་ཞེའམ་ཉིད། །ཁྱེད་ཀྱི་ཀུ་ལན་ཏྲ་ལགས་ན་ཙ་བུ་ཅི་ཞིག་འཁྲུལ་ཐྲ་ཐ། །ཞེས་སྲིན་པོ་མ་རངས་པའི་སེམས་རྟོག་སྐྱེས་པ་ལས། སྲིན་མོས་དཔའ་བོ་ཁྱོད་ཀྱི་ཐུགས་ཀྱི་དགོངས་པ་བདག་གིས་བསྒྲུབས་ཏེ། བདག་གིས་མངལ་མི་བདེ་བས་ཁྱེད་ཀྱི་གདུང་འཚོབ་ཀྱི་སྲས་ངེས་པར་བདག་ལ་འབྱུང་ན་ཐུགས་ཇི་ལྟར་འཁྲུག་ཅེས་ཚིགས་སྨྲས་ཏེ་སྲིན་པོའི་རྟོག་པ་ཆད་དོ། །མདངས་ལ་ཆགས་པས་འདུག་པ་དང་། །ཞེས་པ་ལ་སོགས་པ་སྒྲ་བཞིན་དུ་སྦྱར་རོ། །འཇིགས་པའི་གཟུགས་ཀྱིས་ས་གཞི་ཁེབས། །ཐོད་སྐྱོགས། ཞེས་པ་ལ་སོགས་པ་སྤྲུལ་པ་མི་ཟད་པ་དང་ཕྱག་མཚན་བཅུ་དྲུག་གི་གྲགས་སོ། །རྡོ་རྗེ་དྲིལ་བུ་བསྣམས་པ་དང་བཅོ་བརྒྱད་དུ་འགྱུར་རོ། །ཡང་ན། རྡོ་རྗེ་སྲིན་པོ་ཁྲོ་བོ་ཆེ། །དབུ་དགུ་སུམ་བརྩེགས་རལ་པ་འབར། །རྡོ་རྗེའི་གདེངས་གཤོག་བར་སྣང་ཁེབས། །ཉི་ཤུ་རྩ་བདུན་སྤྱན་རས་གཟིགས། །ཞབས་བརྒྱད་ལྷ་ཆེན་བརྒྱད་ལ་གནོན། །བཅོ་བརྒྱད་དང་པོ་གཡས་གཡོན་གྱིས། །རྡོ་རྗེ་ཐོད་ཁྲག་དཀྲུག་ཅིང་གསོལ། །དེ་འོག་སྟེ་ར་རིལ་མིད་མཛད། །དེ་འོག་གཉིས་ནི་རྒྱུ་ཞགས་ལྡོག །བཞི་པ་གཡས་གཡོན་ཉི་ཟླ་འཛིན། །ལྔ་པ་གཉིས་ན་འུག་པ་ཁྲ། །དྲུག་པ་རྡོ་རྗེ་མདུང་རྩེ་གསུམ། །བདུན་པ་ཟ་མ་ཏོག་རྡུལ་ཡབ། །བརྒྱད་པ་རྔ་དང་རི་རབ་བསྐོར། །དགུ་པ་སྟོང་གསུམ་རྒྱང་མར་འཕེན། །ཀླུ་དབང་འབུམ་གྱིས་སྐུ་ལ་བརྒྱན། །དུར་ཁྲོད་རྒྱན་རྟགས་བཅོ་བརྒྱད་འབར། །དུས་མཐའི་མེ་ལྟར་སྐུ་ལ་འབར། །སྡོམ་སྡིག་སྨྲིགས་སྦྲུལ་སྐུ་ལས་འཕྲོ། །ཞེས་གསུངས་ཏེ། རྡོ་རྗེ་སྲིན་པོའི་ཆ་ལུགས་བཤད་པའོ། །གཞན་དག་སྒྲ་བཞིན་ནོ། །བདུད་ཀྱི་སྒྱུ་འཕྲུལ་གྱི་དྲྭ་བ་བཀྲམ་སྟེ། བསྭོ་དང་ཆའི་སྒྲ་བསྒྲགས་ཏེ། དཔགས་པ་ལས། ཞེས་པ་བདུད་རྣམས་ཀྱི་ཆོ་འཕྲུལ་ཡོད་ཚད་བསྟན་ཏེ། གྲོང་བརྡལ་ནས་མ་ལ་ཡའི་རྩེ་མོའི་འཁྲ་སར་རྒོད་པར་དཔགས་ཏེ་ཕྱིན་པའོ། །རྡོ་རྗེའི་རྟའི་ཚོགས་ཀྱིས་རྡོ་རྗེ་སྟྭམ་བྷ་ནའི་སྟོབས་ཀྱིས། ཞེས་པ་ལ་སོགས་པ་སྲིན་པོ་རྣམས་སྤ་བཀོང་བའི་ཕྱིར་གོང་དུ་མ་ལ་ཡར་སོ་མཛད་པའི་རྡོ་རྗེ་རྟའི་ཚོགས་ཀྱིས། གོམ་སྟབས་ཀྱིས་རྫུ་འཕྲུལ་ཤིན་ཏུ་མགྱོགས་ཤིང་དྲག་པས་ཁྲོ་བོ་གཞན་གྱི་བཞོན་པ་རྣམས་ཀྱང་རང་དབང་མེད་པར་བདུད་ཀྱི་ངོ་ལ་མདུར་ཐག་གཅོད་པའི་གླུ་ཁས་བླངས་ཏེ། འདི་ལྟ་སྟེ། གང་ཞེ་ན། ཧྲཱིཿསྒེག་པ་དཔའ་བོ། ཞེས་པ་དག་འགྲེལ་ཟིན་ཏེ། གར་གྱི་ཕྱག་རྒྱ་འབར་བས་དབང་ཕྱུག་ནོན། །ཞེས་པ་ལ་སོགས་པ་གར་དགུ་དང་ལྡན་པའི་སྐུ་ཆེན་པོ་མེ་དཔུང་འབར་བས་མ་ཧཱ་དེ་ཝ་ནོན་ཅིག་པའོ། །ཡི་གེ་རྩ་བ་ནི་སྙིང་པོ་སྟེ་དབང་དུ་བསྡུ་བའི་ཕྱིར་མི་གཏོང་བས་བརྗོད་པས་མགོ་འདྲེན་ནོ། །འདོད་ཆགས་ཀྱིས་དྲན་པ་ཉམས་པར་མྱོས་བྱེད་བྱེད་པ་མ་ཧཱ་དེ་ཝ་བརྒྱ་ཕྲག་བཅུ་བས་ལྷག་པའི་སྐུར་སྟོན་མཛོད་ལ། འགྲོ་བ་དྲག་པོ་འདུལ་དབང་གིས་གཤིན་རྗེ་བརྒྱ་ཚོ་བཅུ་བས་འཇིགས་པའི་ཁྲོ་བོའི་སྐུར་སྟོན་ཅིག་པའོ། །ཞི་བས་འདུལ་བ་ལ་མཚན་དཔེའི་སྐུ་ཚངས་པ་སྟོང་བས་ལྷག་པར་སྟོན་ལ། གདུལ་བྱ་རྣམས་བཤད་པའི་དཀྱིལ་འཁོར་རྣམ་གསུམ་གྱི་ངོ་བོར་སངས་རྒྱས་པར་མཛོད་པའོ། །ཧྲཱིཿ རྣམ་པར་འདུལ་བའི་ངོ་འཐོན་ཐབས་ཀྱིས་གནོན་པར་ནོན། །ཞེས་པ་ལ་སོགས་པ་སྙིང་པོ་རྗེས་སུ་མཐུན་ཏེ་འཆད་པའང་སྦྱར་རོ། །གདུལ་བྱ་འདུལ་བའི་སྟོབས་དྲག་པོས་མངོན་དུ་ལྷ་ཆེན་པོ་དང་དྲེགས་པ་ཅན་ཞབས་འོག་ཏུ་ཆུག་ཅིག་པའོ། །གད་མོ་ནི། མ་རུངས་ཁྲོས་པའི་གད་མོ་དང་། ཚམ་ངམ་རྔམ་པའི་གད་མོ་དང་། མི་བསྙེངས་རོལ་པའི་གད་མོ་དང་། དགྱེས་པས་ཚིམ་པའི་གད་མོ་བཞི་ནི་ཡི་གེ་ཟུང་བཞི་རིམ་པ་བཞིན་ནོ། །དབང་ཕྱུག་མ་ཧཱ་དེ་ཝའི་ཚོགས་ཆོམས་ཤིག་པ་དང་། དཔུང་བཤིགས་ལ་ཞབས་ཀྱི་གདན་དུ་མཛོད་ཅིག་པའོ། །དེ་བས་ན་མ་ཧཱ་དེ་ཝ་སྤྱན་གསུམ་པའི་ཆུང་མ་ཡང་སེམས་བསྒྱུར་ལ་དབང་དུ་གྱིས་ཤིག་པའོ། །ཧྲཱིཿ རབ་ཀྱི་རྩལ་གྱི་སྟོབས་ཀྱིས་ངོ་འཐོན་མཐུ་ཆེན་གནོན། །ཞེས་པ་ལ་སོགས་པ་ཁྲོ་བོ་དྲག་པོའི་སྟོབས་ཀྱིས་ངོ་འཐོན་དུ་འཇིག་རྟེན་ན་མཐུ་ཆེ་བའི་ཁྱབ་འཇུག་གདན་དུ་གྱིས་ཤིག་པའོ། །དེ་བས་ཡང་དག་པའི་ཆགས་པས་ཁྱབ་འཇུག་གི་ཆུང་མ་དབང་དུ་གྱིས་ཤིག་པའོ། །དེ་ལྟར་ཚངས་པ་ཡབ་ཡུམ་དང་། དགའ་བྱེད་དབང་ཕྱུག་ཡབ་ཡུམ་དང་། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཡབ་ཡུམ་མནན་ཅིང་དབྲོག་པ་རྗེས་སུ་སྦྱར་རོ། །སྙིང་རྗེ་གང་ལ་བྱའམ་མི་བྱ་བའི། །ཞེས་པ་ལ་སོགས་པ་བཤད་པའི་དྲེགས་པའི་ངག་མཐུན་པ་ཉིད་གཅིག་པའི་ཡང་ཕྱིར་ཏེ། གདུལ་བྱ་གང་ལ་ཐུགས་རྗེ་བྱ་མི་བྱའི་རྟོག་པ་མེད་ན་མཆོག་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྙིང་རྗེ་ཉིད་སྣང་ལ་མ་གྲུབ་པས་གདགས་པ་མེད་དོ། །གདུལ་བྱ་གདུལ་བར་བྱ་མི་བྱ་བ་ཡི། །ཞེས་པ་དག་གང་གདུལ་བྱ་འདུལ་མི་འདུལ་གྱི་ཐེ་ཚོམ་མི་བྱ་སྟེ། གདུལ་བྱ་དྲག་པོ་ཉིད་སྣང་བཞིན་མ་གྲུབ་པས་དེ་ལ་ཆེད་དུ་གདུལ་བར་སུ་ཞིག་སྨྲ་སྟེ་ཐུལ་མི་ཐུལ་མེད་དོ། །ཧྲཱིཿཧ་ཧ་ཧོ་ཧོ་སྤྲུལ་རབ་ཏུ་སྤྲུལ། ཅེས་པ་གད་མོ་རྗེས་སུ་མཐུན་པའོ། །ཁྲོ་བོའི་སྤྲུལ་པ་མཛོད་ལ་གདུལ་བྱ་ལ་གསལ་བར་མཛད་དེ། ཤིན་ཏུ་སྐུ་གསུང་ཐུགས་གཏུམ་ཞིང་ཐུང་ལ་རྔམ་པས་འཁྲུག་པ་དང་། མེ་དཔུང་འབར་བར་མཛོད། གདུལ་བྱ་སོ་སོ་མ་འདྲེས་པ་ཇི་སྙེད་ལས་ཀྱི་སྲིན་པོར་སྣང་བའི་ལོག་ལྟ་ཅན་ཁྲོ་བོའི་ཆ་བྱད་དུ་སྣང་བ་བསམ་ཡས་པ་དག །ཤིན་ཏུ་ཞེ་སྡང་གིས་ཁྲོ་བའི་རྒྱུད་ཀྱི་གདུལ་བྱ་སྤྱི་དང་ཁྱད་པར་རིལ་འདུལ་བའི་ཐབས་མང་ལ་ཆེ་བ་མཁས་པ་མངའ་བའི་ཕྱིར། ཐབས་ཅིར་སྣང་དུ་འདོད་པའི་མཆོག་མཛོད་ཅིག་པའོ། །ཁྲོ་ལ་མ་གཡོས་ཡེ་ཤེས་བཞི་མཆོག །ཅེས་པ་ལ་སོགས་པ་ཁྲོ་བོར་ངོ་བོ་འགྲོ་འོང་མེད་པའི་ཡེ་ཤེས་ཆེན་པོ་ལ། ཡེ་ཤེས་བཞི་ཡང་ལྷུན་གྱིས་རྫོགས་པའི་ངོ་བོ་སྣང་བའི་ཁྲོ་བོ་མཆོག་གིས་དུག་གསུམ་རིལ་ཞལ་དུ་གསོལ་ཞིང་བསྒྲལ་བའི་པགས་པ་སྐུ་ལ་མནབས་ཅིག་པར་བསྐུལ་བའོ། །རྣམ་པ་མང་པོ་སྣ་ཚོགས་འདོད་པར་སྣང་བའི་འགྲོ་བ། ཞེས་པ་ལ་སོགས་པ་གདུལ་བྱ་འདོད་ཆགས་ཅན་མང་པོ་དང་། གཏི་མུག་ཅན་མང་པོ་ཐབས་དེ་ཉིད་ཀྱིས་ཐུལ་ཅིག་པའོ། །སྒྲ་ཇི་བཞིན་དུ་འགྲེལ་ཏོ། །ཞེས་ཁྲོ་བོ་མ་རངས་མི་བསྙེངས་དྲག་པོ་དགྱེས་པའི་སྒྲ་འབྲུག་སྟོང་། ཞེས་པ་ལ་སོགས་པ་ཡེ་ཤེས་ཀྱི་ཁྲོ་མོ་རུ་དྲ་ལ་སོགས་པའི་སྤྱོད་ལོག་ལ་མ་དགྱེས་ཀྱང་། དེས་བག་ཚ་བ་མི་མངའ་བའི་གསུང་སྒྲ་འབྲུག་སྟོང་དུས་གཅིག་ལྡིར་བའི་སྐད་བྱུང་བ་བདུད་ཀྱི་ངོ་ལ་སྣང་བས་བག་འཁུམས་ཏེ་རྒོལ་མ་ནུས། རུ་མཚོན་ལ་སོགས་བྱེད་པ་དག་མི་དམིགས་པར་གྱུར་ཏོ། །བདུད་ཀྱི་སྒྲ་དང་ཨག་ཚར་མི་སྙན་པ་རིལ་ཐེག་པ་ཆེན་པོའི་ཆོས་སྒྲར་གྱུར། འཁོར་རིལ་འཇིགས་བྱེད་ཀྱི་སྐྱབས་སུ་དོང་ནས། རུ་དྲ་གཅིག་པུ་ལས་མི་སྣང་སྟེ། བདུད་བློ་གྲོས་ཀྱི་ཡུལ་འཁོར་དང་བྲལ་བར་བྱས་པ་ནི་རྟའི་མདུར་གླུའི་མཐུའོ། །ཡི་ཁོས་བསམ་པ་ཆད་ཅིང་ཐབས་རླག་ནས། །ཞེས་པ་ལ་སོགས་པ་ནག་པོ་རུ་དྲ་རང་གི་འཁོར་ལ་ཡི་ཆད་ཅིང་བརྒལ་ཐབས་དང་བྲལ་ནས། ཤིན་ཏུ་ཞེ་སྡང་སྐྱེས་ཏེ་རྩལ་ཡོད་ཚད་བཏོན་པ་ནི། ལས་ཀྱི་ཁྲོ་བོའི་སྐུ་སྐྱེ་བའི་ས་བོན་ལྔ་རུ་ལུ་རུ་ལུ་བྷྱོཿཞེས་མངོན་དུ་བརྗོད་པས། ཁོ་ཉིད་སྔར་ལས་མགོ་གསུམ་ལག་དྲུག་རྐང་པ་བཞིར་གྱུར་ཏེ་ཆེ་བ་ཐོན་ནས། རྗེ་བཙན་རྡོ་རྗེ་སྲིན་པོ་དེས། །ཞེས་པ་ལ་སོགས་དཔལ་ཆེན་པོ་དེས་ཁོ་ཅི་འདྲ་བའི་དབུ་གསུམ་ཕྱག་དྲུག་ཏུ་མཛད་དེ། ལུས་ཀྱི་མཐུ་འཕྲོག །ཐུགས་ཡེ་ཤེས་ཀྱི་བྱིན་རླབས་སྣང་བའི་ཡི་གེ་ཧཱུྃ་གི་དབང་དུ་ཁོའི་ངག་བྱས་ཏེ། རུ་ལུ་རུ་ལུ་ཧཱུྃ་བྷྱོཿཞེས་གསུངས་པས་ངག་ཉམས་པར་མཛད་དེ་འཆད་པ་ཡང་རྗེས་སུ་སྦྱར་རོ། །ཀུན་གྱི་མངའ་བདག་ཆེན་པོ་དེས། ས་མ་ཡ་ཧོཿ ཞེས་པ་ལ་སོགས་པ་དཔལ་ཆེན་པོས་དམ་ཚིག་བདར་བའི་སྔགས་བརྗོད་པས། རུ་དྲ་སྔོན་ཐར་པ་ནག་པོ་ཙམ་ན་གསང་སྒོར་ཞུགས་ནས་མོས་པས་དམ་མནོས་པའི་ལས་དང་ཐུགས་རྗེས་འབྲེལ་བའི་དབང་གིས། སྲོག་གིས་ལོག་པར་ཕྱོགས་མ་ཕོད་དེ། ཁྲོ་བོ་ཆེན་པོ་ལ་ཡིད་འདུན་པ་དང་། ཁ་ཊྭཱཾ་རྩེ་གསུམ་བརྒྱབས་ཏེ་བསྒྲལ་ནས་དབང་དུ་བསྡུ་བའི་ཕྱག་རྒྱ་མཛད་དེ། ཤ་ཟོས་ཁྲག་འཐུང་རུས་པ་འཆོས་ཏེ་དུག་གསུམ་མཆོད་པར་བཞེས། ཡན་ལག་བཅད་གཏུབ་སྙིང་དང་དབང་པོ་ཀུན་ཕྱུངས། ནང་གྲོལ་དྲངས་ཏེ་ཞལ་དུ་མིད་དོ། །པགས་པ་ནི་སྐུ་ལ་མཁས། ཐོད་པས་སྐྱོགས་བྱས། ཁོའི་ཆས་བརྒྱད་ཀྱང་རྒྱལ་བྱེད་དཔའ་རྟགས་ཀྱི་རྒྱན་དུ་མཛད་དེ་ཉོན་མོངས་པ་དག་པར་མཛད་དོ། །ཉེ་གནས་དབང་གིས་མཚམས་སྦྱར་བའོ། །ཞེས་པ་ལ་སོགས་པ་སྔོན་བསྐལ་པ་ཀུན་དགའ་ལ་གསང་སྔགས་ལ་མོས་པའི་ལས་ཀྱི་བག་ཆགས་ཀྱིས་ད་ལྟ་དང་མཚམས་སྦྱར་ཏེ་རྒྱུ་དེ་ལངས་པ་དང་། བསྒྲལ་བའི་བྱིན་རླབས་ཀྱིས་རྒྱལ་བ་མང་པོའི་ཞལ་མཐོང་། ཞེན་པས་མ་རིག་པའི་སྒྲིབ་པ་དག་པས་སྔོན་གྱི་གནས་རྗེས་སུ་དྲན་པ་ཐོབ་པས་ལས་ཅི་སྤྱད་པའི་ཉེས་པ་དྲན་ནོ། །དེ་ནས་ཁྲོ་བོའི་ཕྱི་སའི་ཚུལ་དུ་བཏོན་ཏེ་ཐ་མལ་པའི་ལུས་སུ་གྱུར་ནས་གནོང་བས་ངུས་ཏེ་སྨྲེ་བའི་ཚིག་གི་སྨྲས་པ། ཨེ་མ་ཨེ་མའོ་ཨེ་མ་ཡང་། །ཞེས་པ་སྔ་མའི་ལས་ལོག་མང་པོ་དང་། རྒྱལ་བའི་ཞལ་མ་མཐོང་བ་དང་། འབྲས་བུ་བདེ་བ་མ་ཐོབ་པ་ལ་ངམ་ཞིང་འགྱོད་པའོ། །དཔའ་བོ་ལྷ་རྗེ། ཞེས་པ་ལ་སོགས་པ་སྒྲ་ཇི་བཞིན་དུ་སྦྱར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་གནང་བ་ནི། ཞེས་པ་ལ་སོགས་པ་རང་གི་སྲོག་ལ་ཚད་བཞག་པའི་སྲོག་སྙིང་འཁོར་བའི་ས་བོན་དེ་འབྲུ་བརྒྱད་དུ་བསྒྱུར་བས། ཡེ་ཤེས་ཀྱི་ས་བོན་དུ་བྱིན་གྱིས་བརླབས་ཏེ། དྲེགས་པའི་སྒོ་གསུམ་གྱི་ས་བོན་དང་། དངོས་པོ་ངན་པ་དག་པར་མཛད་དེ། ས་ལ་བཀོད་ནས་རིགས་ངེས་པའི་སྲས་སུ་མཛད་པས། ཐུགས་ཁྲལ་བསྐྱུངས་ཏེ་བདེ་བ་ཆེན་པོར་བཞུགས་སོ། །བདུད་ཡོངས་སུ་བཏུལ་བའི་ལེའུ་ཉི་ཤུ་བདུན་པའི་བཀའ་དོན་བཀྲོལ་བའོ།། །།དེའི་ཚེ་དེའི་དུས་ན་དབང་ཕྱུག་ཆེན་པོའི་ཚོགས་འདི་ལྟར་རྟོག་སྟེ། ཞེས་པ་ལ་སོགས་པ་བདུད་བཏུལ་བའི་སྐབས་སུ་བདུད་ཀྱི་འཁོར་དཔུང་ཚོགས་ཇི་སྙེད་པའི་སེམས་རྟོག་སྐྱེས་པ་སྒྲ་ཇི་བཞིན་ནོ། །དཔལ་བོ་ཆེན་པོ་འདིས་རྣམ་པ་གནོན། །ཅེས་པ་དག་ནི་བདག་ཅག་གི་གཙོ་མཆོག་ནི་ཧེ་རུ་ཀས་བསྒྲལ་ཏེ་འདས་ན་ཁྲོ་བོ་ཆེན་པོའི་ཞབས་འོག་ཏུ་མནན་ཅིང་ཟིལ་གྱིས་གནོན་ཏོ་སྙན་པ་དག་སྒྲ་ཇི་བཞིན་ནོ། །འཁོར་གྱི་སེམས་རྟོག་རུ་དྲས་ཤེས་ནས་གདམས་ངག་བྱས་པའང་སྒྲ་ཇི་བཞིན་ནོ། །སྐབས་སུ། ལས་ཤེས་སོ། །སྐྱེ་བ་ཤེས་སོ། །ཞེས་པ་དྲེགས་པ་ཉིད་ཀྱིས་དང་པོ་བཀའ་བསྒོ་ལོག་པའི་ལས་དང་། སྐྱེ་བ་དུ་བླངས་པ་དང་། བར་གྱི་ལས་དང་སྐྱེ་བ་དང་། ཐ་མའི་ལས་དང་སྐྱེ་བ་ཞེན་པ་དག་པས། དབང་པོ་མངོན་སུ མ་དུ་ཤེས་པས་ལས་དང་སྐྱེ་བ་ལ་ཡི་ཆད་པ་ལ་སོགས་པ་སྒྲ་བཞིན་སྦྱར་རོ། །འགྱོད་པ་སྐྱེས་ནས་ངུས་པའི་སྨྲེ་སྔགས་ནི། ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས། །ཞེས་པ་ལ་སོགས་པ་དགོངས་སུ་གསོལ་བ་སྟེ་སྒྲ་བཞིན་ནོ། །བདག་ནི་ཐོ་མ། ཞེས་པ་དག་སྔ་མའི་ལས་ལ་འགྱོད་པས་བཤགས་པའོ། །དར་ཞིང་དྲགས་པའི་ལས་དབང་། ཞེས་པ་ལ་སོགས་པ་དྲེགས་པ་ཉིད་ཀྱིས་སྨྲེངས་པ། དུག་ལྔའི་དབང་སོང་བས་ཉམ་ཐག་པ་ལ་མགོན་མཛོད་ཅིག་པར་བསྐུལ་བ་དང་། ལྷ་ཆེན་པོའི་ཚོགས་ཀྱིས་སྨྲེངས་པ་ཐུན་མོང་དུ་འགྱུར་རོ། །བདག་ནི་བླུན་རྨོངས་ལས་ངན་སྡིག་པོ་ཆེ། །ཞེས་པ་དང་གཟི་བྱིན་རྒྱལ་པོ་མངའ་བདག་གིས་གསོལ་བ་དང་དྲེགས་པས་གསོལ་བ་ཐུན་མོང་དུ་འགྱུར་རོ། །ལས་ཀྱི་དབང་གིས་འདོད་ཁམས་རུ་དྲར་སྐྱེས། །ཞེས་པ་འདིས་ན་རིལ་རུ་དྲས་སྨྲས་པ་ཉིད་དུ་རིགས་སོ། །འདི་དག་སྒྲ་བཞིན་སྦྱར་རོ། །སྐྱབས་དམ་པར་འགྲོ་བའི་ཕྱིར་ལུས་གདན་དུ་ཕུལ་ལོ། །ཐ་མར་དམན་པས་གདུང་བ་བཏོན་པའི་ལེའུ་ཉི་ཤུ་རྩ་བརྒྱད་པ་བཀྲོལ་བའོ།། །།དེ་ནས་རྡོ་རྗེ་སྲིན་པོ་དེས། ལས་ཀྱི་སྲིན་པོ། ཞེས་པ་ལ་སོགས་པ་དབང་མོ་ཀྲོ་དྷཱི་ཤྭ་རཱིའི་ལྷུམས་ནས་བཏོན་པའི་ཡེ་ཤེས་ཀྱིས་ཁྲོ་བོ་བཤད་པ་ལྟར་ལས་ཀྱི་སྲིན་པོ་རུ་དྲ་བཏུལ་ནས། ལས་ཀྱི་བག་ཆགས་ས་བོན་ངན་པ་རྩད་ནས་བཅད་པའི་ཆེད་དུ། སྤྱོ་བ་བརྒྱད་བྱས་པ་ནི་སྒྲ་བཞན་དུ་སྦྱར་ཏེ། ངེས་ངེས། ཞེས་པ་རེ་རེ་ཞིང་སྤྱོ་བར་རོ། །རང་གིས་མནར་བའི་རུ་དྲ་ཁྱོད། །ཅེས་པ་ལ་སོགས་པ་གདམས་ངག་མཛད་དོ། །དེ་ནས་མངོན་པའི་རི་བོ་བརྩེགས། །ཞེས་པ་ལ་སོགས་པ་བཀའ་བསྒོ་ལོག་པས་ལས་ངན་སྤྱད་པས་ཆེ་བ་སྐྱེས་ཏེ། ང་རྒྱལ་བརྩེགས་པས་རང་གིས་སེམས་ནོར་བུ་རིན་པོ་ཆེ་འདྲ་བ་ལོག་ལྟའི་མེས་བསྲེགས་པའོ། །ཐ་མར་དངོས་པོ་བཞི། ཞེས་པ་ལ་སོགས་པ་དངོས་པོ་བཞི་རང་ཀ་མར་སྤྱད་པའི་རྒྱུ་དེས། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་གསང་སྔགས་ཇི་བཞིན་པ་ལྷག་པའི་རྣལ་འབྱོར་ཆེན་པོའི་དོན་ཐོག་མར་མ་ཤེས་པའི་རྒྱུས་ལོག་རྟོག་སྟེ་རང་ཁ་མ་ཉིད་དུ་མཐོང་། དེས་ན་སྤྱོད་པ་སྒྲ་ཇི་བཞིན་པའི་ཕྱོགས་ཤེས་ཀྱང་། ལྟ་བ་ཡང་དག་པའི་དོན་མ་ཤེས་པས། ཇི་བཞིན་པའི་དོན་གྱིས་མ་ཟིན་པར་བཟང་ངན་འདྲེས་མ་སྣ་ཚོགས་སྤྱད་པས། དམན་པར་སྐྱེ་བའི་ལས་ལམ་ལོང་བཏགས་པའི་རྒྱུས་སྐྱེ་བ་དེ་སྙེད་དུ་རུ་དྲར་སྐྱེས་པའོ། །ཨེ་མའོ་ལས་ངན་སྙིང་རེ་རྗེ། །ཞེས་པ་ལ་སོགས་པ་ཐུགས་རྗེ་སྐྱེས་པས་ལས་ཀྱི་རྒྱུན་བཅད་པར་ཞལ་གྱིས་བཞེས་པའོ། །དངོས་པོར་སྨིན་པའི། ཞེས་པ་ལས་གང་གིས་བཅད་པའོ། །ཤར་ཕྱོགས་ལམ་སྒོའི་འཇིག་རྟེན་ན། །ཡང་དག་ཐར་ལམ་གཅོད་བྱེད་པ། །ཞེས་པ་ལ་སོགས་པ་ཕྱོགས་ངེས་པ་ནི་སྟོན་པའི་མདུན་ཞེའམ། བྱང་ཆུབ་སེམས་མཉམ་པའི་དོན་རིག་པ་འཆར་བའི་སྒོ་རང་རིག་པ་ལ་གནས་སོ། །དེ་ནི་ཐར་པའི་རྒྱུན་གཅོད་པའི་ལས་བྱེད་དེ། གློ་བུར་གྱི་ལས་རྟོག་མང་པོས་བར་གཅོད་པའི་བདག་འཛིན་གསུམ་ནི་ཤིན་ཏུ་གཞོམ་དཀའ་བས་གཏུམ་པའོ། །དེས་ཇི་བཞིན་པ་མཐོང་དུ་མི་སྟེར་ཏེ་རུ་དྲའི་ཤེས་པ་དང་འགྲོ་བ་ཀུན་གྱི་རྒྱུད་ལ་གནས་པའི་ཕྱིར། ཡང་དག་ངེས་པའི་བློ་གྲོས་ཀྱི། །ཞེས་པ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ན་བདག་ཉིད་ཀྱི་ཞེན་པ་ཡིན་ཕྱིར་གཞན་ནས་མ་བྱུང་བར་ཁུངས་ངེས་སོ། །དེའི་ངོ་བོ་དང་ལས་ཅི་སྙམ་པ་ལ། བདག་འཛིན་བདག་གི་རྟོག་པ་ཡིས། །ཞེས་པ་ལ་སོགས་པ་བདག་དང་བཟུང་བའི་ཡུལ་དང་གཉིས་ཀར་འཛིན་པ་ནི་ཡེ་ནས་ལོག་པ་སྟེ། དེ་ནི་ནུས་མཐུ་རྒྱུན་ཆད་མེད་པའི་དབང་གིས་འཁོར་བ་སྒོ་གསུམ་གྱི་གནས་སྨད་པར་ལྟུང་བའི་གཙོ་བོ་བྱེད་པའོ། །དེའི་ངོ་བོ་བདག་འཛིན་ཡིན་པའི་ཕྱིར། གཉེན་པོ་ནི་བདག་མེད་ཅེས་པ། ཡུལ་སེམས་གཉིས་སུ་མེད་པར་རྟོགས་པ་ནི་བདག་མེད་པ་གཉིས་ཀ་སྟེ། དེ་ལྟར་རིག་པ་གསལ་ལ་མི་རྟོག་པས་གཞིལ་ལོ། །དེ་བས་ན་ཤེས་པ་དབང་བསྒྱུར་ཏེ། ཕུང་པོ་མནན་ལ་མངོན་དུ་བསྒྲལ་བའི་ཐབས་མཆོག་དང་། སྐྱེ་ཤི་རྩ་བ་གཅོད་པའི་མཆེ་བ་དང་། རལ་གྲི་ཡེ་ཤེས་ཆེན་པོའི་བྱིན་རླབས་ཅན་དང་། གདུག་པ་གཟིར་བའི་སྟོབས་མངའ་བའི་ཁྲོ་བོས། དུག་གསུམ་གྱི་སྡོང་པོ་བྱང་ཆུབ་ཀྱི་བར་ཆད་བྱེད་པའི་རུ་དྲ་ནོན་ཅིག་པའོ། །ཨ་ན་ཡ། མ་ཧཱ་ཤཱུ་ནྱ་ཏཱ། ཨ་ཀོ་ཏ་ཡ་ནཱཾ། སརྦ་པཱ་པཾ་མ་ཏང་ཁ་རུ་ཏྲ་ནཱཾ། སརྦ་པཱ་པཾ་ཁ་ཊྭཱཾ་ཀ་རུ་ཏྲ་ནཱཾ། སརྦ་པཱ་པཾ་ཨ་ཀར་ཤ་རུ་ཏྲ་ནཱཾ། ཞེས་པ་སྟོང་པ་ཆེན་པོའི་ཐོ་བས་གཞོམ་པ་དང་། གང་ཟག་གི་བདག་གཞོམ་པ་དང་། ཆོས་ཀྱི་བདག་བཟུང་བའི་རྟོག་པ་དག་གཞོམ་པ་དང་། གཉི་གར་འཛིན་པ་གཞོམ་པའོ། །དེ་བས་བདུད་རྩི་ཆེན་པོའི་རྒྱུད་ལས། གཟུང་འཛིན་རྐང་པ་བསྣོལ་བ་ཡི། །ཞེས་པ་ལ་སོགས་པས་མངོན་ནོ། །ཐམས་ཅད་སྟོང་ཉིད་མ་སྐྱེས་པས། །ཞེས་པ་ལ་སོགས་པ་དེ་ལྟར་རྟོག་པ་གསུམ་པོ་རིལ་ངོ་བོ་མེད་དེ་མ་གྲུབ་པས། དངོས་གཞི་མ་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར། བསྒྲལ་ཙམ་ན་བསྒྲལ་བ་མེད་པའི་གཏན་ཚིགས་དེ་བས་ན། ལོག་རྟོག་གསུམ་གྱིས་ཤེས་པ་མེད་བཞིན་སྣང་བ་དེ་ཐབས་ཀྱིས་ཕྲིན་ལས་ཅིར་ཡང་སྣང་བས་སྦྱོང་བ་ནི། ཐུགས་རྗེ་ཆེན་པོ་ལས་མི་འདའ་བའོ། །ངེས་པར་བསད་པའི་དམ་ཚིག་ནི། །ཞེས་པ་མི་བསླུ་བར་བསྒྲལ་བའི་ཐུགས་དམ་གྱི་ངོ་བོ་ནི། མངོན་སུམ་དུ་རང་ཀ་མས་ཕུང་པོ་བཤིག་པ་ནི་མ་ཡིན་ནོ། །འོ་ན་ངོ་བོ་གང་ཞེ་ན། ཤེས་པ་ཕུང་པོ་དང་བྲལ་བ་དེ་ཡི་གེ་གསུམ་གྱིས་སྦྱངས་ནས། ཐབས་གསུམ་གྱིས་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་དེ་རིགས་ངེས་པའི་སྲས་སུ་བྱེད་པའོ། །དེ་ཉིད་སླར་ཕབ་དམ་ཚིག་མཆོག །ཅེས་པ་ཁོའི་ཤེས་པ་སླར་སྔ་མའི་ལུས་ལ་བསྟིམ་པའོ། །དེའི་ཚུལ་ཇི་ལྟར་ཞེ་ན། རྣམ་ཤེས་ཧཱུྃ་གིས་བསྡུས་ནས་ནི། །ཞེས་པ་ལ་སོགས་པ་ཤེས་པ་རྡོ་རྗེ་སེམས་དཔར་གསལ་བ་དེ། རྩ་བའི་སྙིང་པོ་བརྗོད་པས་སྤྱན་དྲངས་ཏེ་རྣམ་སྨིན་ལུས་ལ་བསྟིམ་མོ། །དེ་ནས་སྔ་མའི་ལུས་ཁོ་ན་བཞིན་གནས་པ་ལས་མ་ཉམས་པས། སྒོ་གསུམ་ཡང་དག་པའི་ས་ལ་བཀོད་དེ་ལས་དག་པར་མཛད་དོ། །དེ་ལྟར་ཕབས་ཏེ་བསླང་བ་ནི་དབང་བསྐུར་བ་དང་དམ་ལ་བཏགས་པ་དང་། ལས་གཉེར་གཏད་པའི་ཕྱིར། རོ་ལངས་རྡོ་རྗེའི་དམ་ཚིག་འདི། །ཞེས་པལ་སོགས་པ་སླར་གསོ་བའི་ཐུགས་དམ་ཆེན་པོ་འདི། །རྒྱལ་བ་རིལ་གྱི་སྔོན་གྱི་ཐུགས་དམ་ཡིན་པས། ཤེས་རབ་དང་ཡེ་ཤེས་ཆེན་པོའི་མཚོན་ཆས་ལོག་པ་གསུམ་བསྒྲལ་བའི་གདུལ་བྱ་དེའང་ཤེས་པ་གཟུགས་དང་བཅས་པ་ངོ་བོ་ལོག་པར་རྟོག་པའི་རྩ་བ་དེ་ཡེ་ཤེས་རྡོ་རྗེས་བཤིག་པ་ལ། ལོག་པའི་ས་བོན་མེད་པས་དུས་ཕྱི་མར་སྐྱེ་བར་མི་འགྱུར་ཏེ་ཀ་ནས་འབྱོངས་པའི་ཕྱིར་རོ། །རྣམ་ཤེས་གཟུགས་དང་མ་བྲལ་བར། །ཞེས་པ་ལ་སོགས་པ་དྲེགས་པའི་ཤེས་པ་ནི་བསྒྲལ་ཡང་སྔ་མ་བཞིན་ལུས་དང་བཅས་པའི་སྲིན་པོ་ཉིད་དུ་འདུག་པ་ཞིག་ཡིན་ནའང་འཁོར་བ་ལས་མྱ་ངན་ལས་འདས་པ་ཁྱད་པར་ཆེའོ། །དེ་བས་ན་བསྒྲལ་ནས་ཕུང་པོ་དང་བཅས་པར་བདེ་བ་ལ་བཀོད་པའི་དུས་དེ་ཕྱིན་ཆད་སྐྱེ་ཤིའི་ས་བོན་མེད་དེ། མི་འགྱུར་བའི་ལྷུན་བརྙེས་པའི་ཕྱིར། བྱང་ཆུབ་ཀྱི་སེམས་མཐའ་ཐམས་ཅད་ལས་འདས་པའི་ཡེ་ཤེས་ཆེན་པོ་ལས་ཀྱི་སྒོ་ནས་ཆུ་བོ་ཆེན་པོར་གྱུར་པ་ནི། གཟུང་འཛིན་གྱི་དུག་འཐུངས་པའི་བྱང་ཆུབ་ཀྱི་ཤིང་སྐམ་པ་རྣམས་ཀྱི་གསོས་སུ་འགྱུར་བའོ། །ལོག་རྟོག་ངང་དུ་ཤི་བ་ཀུན་སློང་བའི་བདུད་རྩི་ཡིན་ནོ་བར་བཀའ་སྩལ་པས། དྲེགས་པས་དོན་དེ་སྒོ་གསུམ་དག་སྟེ། གསང་སྔགས་ཇི་བཞིན་པ་གངས་པ་རྣམས་ཀྱིས་ཀྱང་མ་མཐོང་བདེ་མངོན་དུ་རྟོགས་པས་གྱུར་ཏོ། །དེ་ལྟར་རྒྱུད་དག་པས་དབང་དང་དམ་ཚིག་གི་སྣོད་དུ་རུང་བར་གྱུར་ཏོ། །རྒྱུད་ཡོངས་སུ་སྦྱངས་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའི་དཀའ་བའི་དོན་བཀྲོལ་བའོ།། །།དེ་ནས་དེ་ཉིད་དུ་ངེས་པར་ཕྱོགས་པའི་ཕྱིར་ཞབས་ཀྱི་འཁོར་ལོ་སྤྱི་བོས་བཏེག །ཅེས་པ་ལ་སོགས་པ་དྲེགས་པ་བརྒྱུད་སྦྱངས་མ་ཐག་གནས་དེ་ཉིད་དུ་སྟོན་པ་ཉིད་ལ་མོས་པའི་དགོས་ཆེད་དུ་ཞབས་ནས་བཏེག་སྟེ། རྒྱལ་བ་མང་པོ་དང་། རིག་འཛིན་སྙིང་པོ་བྱང་ཆུབ་ནས་བརྒྱུད་པས་ལྷ་མིའི་འཇིག་རྟེན་དུ་གྲགས་པ། རྒྱལ་བ་མ་ལུས་པའི་ཐུགས་དམ་བསྐུལ་བའི་གླུ་ཚིག་གིས་བསྐུལ་ལོ། །ༀ། ཆོས་ཀུན་རང་བཞིན་དག་པས་ན། །ཞེས་པ་ལ་སོགས་པ་ཆོས་སོ་ཅོག་ངོ་བོ་ཉིད་ཀྱིས་མཐའ་ལས་གྲོལ་བའི་ཕྱིར། དྲེགས་པ་བདག་ཀྱང་མཉམ་པའི་ངང་དུ་དྲི་མ་དང་བྲལ་བ་ལགས་སོ། །རྒྱལ་བ་ཀུན་གྱི་ཐུགས་དམ་གྱི་མཆོག་ནི། འགྲོ་བ་ཇི་སྙེད་པ་སྒྲོལ་ཅིང་བདེ་བ་ལ་བཀོད་པ་ལགས་པས། བདེར་གཤེགས་རྒྱལ་བ་རྒྱ་མཚོ་ཀུན་འདུས་པས། མང་པོ་ཚོགས་པའི་རྡོ་རྗེ་གསུམ་སྐུའི་དབྱིག་གྱི་གཏེར་སྲས་དམ་བདག་བསྐྱེད་ཅིག་པའི་རིགས་ངེས་པར་བདག་མཛོད་ཅིག་པའོ། །ཡེ་ཤེས་རིན་ཆེན་དབུ་རྒྱན་མཆོག་ཅེས་པ་ལ་སོགས་པ་ཡེ་ཤེས་ཆེན་པོ་ལྔའི་ཡོན་ཏན་རང་སྣང་བའི་རིན་པོ་ཆེའི་དབུ་རྒྱན་ནི་བླ་མར་མཆོག་གྱུར་པ་ནི། དེ་ལ་དཔག་ཏུ་མེད་པའི་གཟི་བྱིན་ཉི་ཤུ་གྱི་སྡོང་པོ་ཕུང་པོ་བླ་ན་མེད་མཆོག་མངའ་བའི་རྒྱལ་བ་རིལ་འདུས་པ་རྣམས་ཀྱིས་དབང་རིན་ཆེན་ཀུན་འདུས་པ་ཆེན་པོ་དང་ལྡན་པས་ཆོས་ཀྱི་འཁོར་ལོ་བསྐོར་བས་བདུད་ཀྱི་དཔུང་ལས་རྣམ་པར་རྒྱལ་བར་མཛད་པ་རྣམས་ལ་གཉིས་སུ་མེད་པའི་སེམས་ཀྱིས་འདུད་དོ། །དབྱིག་གི་ཡེ་ཤེས་གཙོ་ཆམོག་ཉིད། །ཅེས་པ་ལ་སོགས་པ་ཡོན་ཏན་ཇི་སྙེད་པའི་གཏེར་ཆེན་པོར་གྱུར་པའི་རྒྱལ་པོ་གཙོ་མཆོག་ཧེ་རུ་ཀ་ཁྱོད་ནི། རྡོ་རྗེ་གསུམ་མི་ཕྱེད་པའི་དོན་དང་མ་བྲལ་བ་ཆེན་པོ་ཁྱོད་འགྲོ་བ་སྒྲོལ་བའི་ཐུགས་དམ་མཆོག་མངའ་བ་ལགས་པས། ཁྱོད་ཅི་འདྲ་བའི་དབང་ཕྱུག་ཆེན་པོར་བདག་ཀྱང་དབང་བསྐུར་ཅིག་པར་གསོལ་བའོ། །བདག་ནི་རྡོ་རྗེས་མངོན་དུ་དབང་བསྐུར་བས། །ཞེས་པ་ལ་སོགས་པ་དྲེགས་པ་བདག་ལ་ཁྱེད་ཀྱི་རྡོ་རྗེ་གསུམ་གྱིས་མངོན་དུ་དབང་བསྐུར་བས། རྒྱལ་བ་ཀུན་གྱིས་ཀྱང་དུས་དེང་དུ་བདག་ལ་དབང་སྩོལ་ཅིག །རྒྱལ་བའི་ཡོན་ཏན་རིལ་གྱི་ངོ་བོ་ཁོ་ན་བདག་གི་སྒོ་གསུམ་ཉིད་ལགས་པས། །དེ་ཉིད་གཞན་ན་མེད་པའི་དོན་མ་མཐོང་བ་མཆོག་ཉིད་བསྒྲུབ་ཕྱིར། མཐོང་བར་བྱ་བའི་ཆེད་དུ། དབང་དུ་དངོས་གྲུབ་བདག་གིས་བླང་བར་བགྱིའོ། །རྡོ་རྗེ་རྒྱལ་པོ་ཁྱོད་བཞུགས་པས། །ཞེས་པ་ལ་སོགས་པ་སྐྱེ་འཇིག་མི་མངའ་བའི་ལྷུན་བརྙེས་པའི་རྒྱལ་བ་རིལ་གྱི་བླ་མར་ཧེ་རུ་ཀ་ཁྱེད་བཞུགས་པའི་ཕྱིར། རྡོ་རྗེ་གསུམ་གྱི་དབང་གི་ངོ་བོ་ཉིད་ཁྱོད་ལགས་ཏེ། དེ་བས་ན་སྔོན་གྱི་ཐུགས་དམ་གྱི་དབང་གིས། རྡོ་རྗེ་གསུམ་ཉིད་ཀྱི་དབང་བདག་ལ་རྫོགས་པར་སྩོལ་ཅིག་པར་བསྐུལ་བའོ། །ཆོས་ཀུན་རྡོ་རྗེའི་མཚན་ཉིད་དེ། །ཞེས་པ་ལ་སོགས་པ་འདུས་བྱས་དང་འདུས་མ་བྱས་རིལ། རང་རིག་པའི་ཡེ་ཤེས་ཆེན་པོ་ཡིན་པ་ཉིད་ལ་འདི་འདྲར་བསྟན་དུ་མེད་པའི་ཕྱིར་ན། དོན་དེ་རྟོགས་པ་རྣལ་དུ་ཕེབས་པའི་རིག་པ་ལ། རིལ་རང་རིག་ཅིའང་མ་ཡིན་པའི་ཡེ་ཤེས་སུ་ཤར་བའོ། །འདི་ནི་སངས་རྒྱས་གསུང་དབྱངས་ཉིད། །ཅེས་པ་ལ་སོགས་པ་དོན་ཅི་ལྟ་བར་གནད་ཆུད་པ་ནི་རྒྱལ་བའི་གསུང་ཁོང་དུ་ཆུད་པ་སྟེ། དབྱངས་དེ་ལ་ནི་ཆོས་རྟགས་བཞི་དང་མི་འགལ་བའི་ཕྱིར། ཡེ་ཤེས་ཀྱི་སེམས་དཔའི་ངོ་བོ་ཉིད་དུ་བཞུགས་པའི་ཐུགས་དམ་ཆེན་པོ་ཡང་རྫོགས་པའོ། །དེ་བས་ན་དུས་གསུམ་རྡོ་རྗེ་སེམས་དཔའི་མཉམ་པའི་ངང་ལས་མི་འདའ་བའི་ཕྱིར་དཀའ་ཐུབ་ཆེན་པོ་སྟེ། དོན་དེ་དུས་རྟག་ཏུ་བདག་གིས་བཅང་བར་བགྱི་ཕྱེད་པ་ཡེངས་བྲལ་མེད་པས་མི་གཏོང་ངོ་ཞེེས་སྡོམ་པ་དམ་བཅས་པ་ལྟ་བུའོ། །ཧཱུྃ། རྡོ་རྗེ་སེམས་དཔའ་དམ་ཚིག་རྗེས་སུ་སྲུངས། །ཞེས་པ་ལ་སོགས་པ་བཅོམ་ལྡན་འདས་མི་བསྐྱོད་པའི་ཐུགས་ཀྱི་རྗེས་སུ་བདག་ཅག་དྲེགས་པའང་མི་ཉམས་པར་བགྱིད་པས། ཡེ་ཤེས་ཀྱི་ལྷ་ཁྱོད་ཀྱིས་དུས་ཉེ་བར་བདག་ཅག་བྱིན་གྱིས་རློབས་ལ་སྣང་བར་མཛོད་ཅིག་པ་དང་། རིག་པའི་རྒྱལ་པོ། ཡེ་ཤེས་ཆེན་པོའི་མངའ་བདག་ཁྱོད་བདག་ཅག་ལ་བརྟན་པར་དགོངས་པ་མི་འགྱུར་བར་བྱིན་གྱིས་རློབས་ཤིག །སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་གྱི་དངོས་གྲུབ་ཀྱི་བདག་པོ་ཁྱོད་ཀྱིས་དངོས་གྲུབ་དེ་བདག་ཅག་ལ་སྩོལ་བ། ལྟ་བ་ངན་པར་ཤི་བ་སློང་བར་གསོལ་བ་གདབ་པ་དང་། བདག་ཅག་གིས་གཉིས་མེད་ཀྱི་དོན་རྟོགས་པ་ཆེན་པོའི་མཆོག་ངོ་བོ་དངོས་གྲུབ་སྦྱིན་སྩོལ་བར་མཛད་པ་ཁྱོད་ཐུགས་དགྱེས་པ་སྐྱེད་ཅིག་པར་བསྐུལ་བ་དང་། འདོད་པ་ཀུན་ཞེས་བདག་ལ་ཆགས་པར་མཛོད། །ཅེས་པ་དག་ནི་འདོད་ཡོན་ལྔ་ལ་སོགས་པ་མ་སྤངས་རོལ་པར་མཛད་པ་ཁྱོད་བདག་ཅག་ལ་ཐུགས་རྗེས་མི་གཏོང་བར་བསྐུལ་བའོ། །དང་པོ་སངས་རྒྱས་མཉམ་ཉིད། ཅེས་པ་ཕྱི་མོ་ཡེ་ཇི་བཞིན་པ་ཉིད་དུ་སོན་པའི་རྒྱལ་བ་ཁྱོད་ནི། ཐུགས་རྗེ་ཆེན་པོ་དང་ལྡན་པ་ལགས་པས་རྒྱལ་བའི་ཕྲིན་ལས་རིལ་མཛད་པ་བདག་ཅག་གིས་ཤེས་པར་ཡང་དག་པར་མཛད་སེམས་དགེ་བར་སྒྱུར། དུ་གསོལ་ཞེས་བསྐུལ་ལོ། །དུས་གསུམ་བདེར་གཤེགས། ཞེས་པ་དག་ནི་དུས་གསུམ་གྱི་རྒྱལ་བའི་སྟོན་པ་པོ་བླ་མ་རྣམས་ཀྱིས། བདག་ཅག་སྐྱེ་གནས་ཀུན་རྡོ་རྗེ་གསུམ་དང་དམ་ཚིག་སེམས་དཔར་སྒྲུབས་ཁྱེད་གཉིས་སུ་མེད་པར་མཛོད་ཅིག་པའོ། །དེ་བཞིན་གཤེགས་པ་དགྱེས་པས་དགྱེས་པ་ཀྱེ། །ཞེས་པ་ལ་སོགས་པ་དགྱེས་པ་གཉིས་མངའ་བའི་རྒྱལ་བ་རྣམས་ལ་བོས་ནས། སྐུ་གསུང་ཐུགས་རྡོ་རྗེའི་ཐུགས་རྗེས་བདག་ཅག་གཏན་ནས་ངན་འགྲོར་མི་གཏང་བར་ཟུངས་ཤིག་པའོ། །ཀྱེ། རྡོ་རྗེ་ཆོས་དབྱིངས་ཀུན་གྱི་གཙོ། །ཞེས་པ་ལ་སོགས་པ་དབྱིངས་ལྷུན་གྱིས་གྲུབ་པའི་ཡུམ་རྣམས་ལ་བོས་པའོ། །མི་གནས་མཚན་ཉིད་མཐའ་དང་བྲལ་ཡང་གང་ལའང་བཀོལ་བ་མེད་པར་ཆགས་པ་ཆེན་མོ་སྟེ། ཁྱབ་པའི་ཡུམ་མཆོག་ཁྱོད་ནི། དུས་གསུམ་གྱི་རྒྱལ་བ་མ་ལུས་པ་བསྐྱེད་པའི་ཡུམ་མཆོག །བདེ་བ་ཆེན་པོའི་ཀློང་ཉིད་དུ་བཞུགས་པ་དམ་པ་ལགས་པས། རྒྱལ་བ་ཁྱོད་ནི་རིལ་བསྐྱེད་པའི་ཐུགས་དམ་ལས་ཚིག་ཀུན་གྱིས་མི་འདའ་བའི་གཙོ་མཆོག་རྡོ་རྗེའི་སེམས་དཔའ་མི་བསྐྱོད་པའི་སྐུ་བསྐྱེད་པའི་ཡུམ་ལགས་ཕྱིར། སེམས་ཅན་འགྲོ་བ་རྣམས་བདེ་བ་ལ་དོན་བསྒྲུབ་བཀོད་པའི་ཕྲིན་ལས་ཐུགས་རྗེ་ཆེན་པོས་དབྲི་བཀོལ་མེད་པར་མཉམ་སྦྱོར་ཡང་དག་པའི་ས་ལ་གྲུབ་པར་འཁོད་ཅིག་པར་བསྐུལ་མཛོད་བའོ། །སངས་རྒྱས་ཡོན་ཏན་ཀུན་འབྱུང་ཕྱིར། །ཅེས་པ་ལ་སོགས་པ་དེ་བཞིན་རིགས་ནི་རྒྱལ་བ་རིལ་སྣང་བར་མཛད་པའི་ཕྱིར། རིན་པོ་ཆེའི་རིགས་ནི་ཡོན་ཏན་ཡང་གོང་ན་མེད་པས་དོན་ལ་བསྐུལ་བ་དང་། གསུང་པདྨོའི་རིགས་ཆོས་ཀྱི་གསུང་དབྱངས་ཀྱིས་འགྲོ་བ་སྒྲོལ་བར་མཛོད་ཅིག་པ་དང་། དེ་ནས་ལས་ཀྱི་རིགས་ཀྱིས་ཀྱང་ཕྲིན་ལས་བཞིས་དོན་མཛོད་ཅིག་པར་རིགས་བཞི་ལ་བསྐུལ་ཏེ། དེ་དག་ཀྱང་གོང་གི་ཡུམ་ཡུམ་གྱི་སྙིང་ལ་བྱུང་བ་ནི་ལས་བཞི་པོ་བསྐྱེད་པའོ། །མི་བསྐྱོད་པ་ནི་གོང་དུའོ། །ས་མ་ཡ་ཧོཿ ཞེས་པ་སྒྲ་ཇི་བཞིན་ཏེ་གཙོ་བོས་བྱིན་པས་དྲེགས་པས་བླངས་པའོ། །ས་མ་ཡ་སྟྭཾ། ཞེས་དམ་ཚིག་ཀུན་ཏུ། ཞེས་པ་བསྲུང་བར་དམ་བཅས་པའོ། །དེ་ནས་ཡང་དག་དངོས་མིན་པའི། །ཞེས་པ་ལ་སོགས་པ་སྨེ་བརྩེགས་ཀྱི་ཡང་སྲས་སྤྲུལ་པའི་ཕྱིར་ཏེ། གདུག་འདུལ་དེས་ཀྱང་རུ་དྲ་ལ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་དམ་ཕོག་གོ། །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ། ཞེས་པའི་སྔགས་བརྗོད་པས་ཁྲོ་བོའི་སྤྲུལ་པ་མེ་སྟག་བ་སྤུ་དང་ཐུགས་ཀ་ནས་འཕྲོས་པས། དྲེགས་པས་སྒྲིབ་པའི་ཕུང་པོ་བསྲེགས་སྦྱངས་དྲལ་བའི་ཕྱིར་རོ། །དེ་ཡང་སྒྲིབ་པ་དྲལ་བའི་བར་ཆད་བསྐྲད་ནས་བྲལ་བ་དངོས་ནི། ཏ་ཀེཾ་ཏ་ཀེཾ་ཕཊ། ཧ་ལ་ཧ་ལ་རཾ། ཞེས་པ་ལ་སོགས་པའི་སྔགས་བརྗོད་པས། ཤིན་ཏུ་དྲག་པོས་མེ་ཆུ་རླུང་གི་ས་བོན་ལས་ཡེ་ཤེས་ཀྱི་འབྱུང་བ་གསུམ་པོ་བྱུང་བས་དྲེགས་པའི་སྒྲིབ་པའི་ཕུང་པོ་བསྲེགས་བཀྲུས་གཏོར་ཏེ་མི་དམིགས་པར་དག་པར་མཛད་དོ། །ༀ་ཞེས་རང་བཞིན། ཞེས་པ་ལ་སོགས་པ་སྒྲིབ་པ་ཆེ་ཕྲ་རྩད་ནས་སྦྱངས་ནས། དོན་གྱི་ཡི་གེ་གསུམ་གྱི་སྒོ་ནས་དཀྱིལ་འཁོར་གསུམ་གྱི་དོན་རུ་དྲས་མཐོང་སྟེ། གཉིས་སུ་མེད་པར་མཛད་པ་ནི་ཤེས་པ་སྐྱེ་བའི་རིམ་པས་ༀ་བཅུག་མཱུཾ་ཞུགས་ཧཱུྃ་གནས་པར་སྦྱར་རོ། །ཨི་དན་ཏེ་ན་ར་ཀན། ཅེས་པའི་སྔགས་ནི་དམ་ཆུ་བླུད་པ་སྟེ་འདས་ན། རྡོ་རྗེ་སྲིན་པོས་སྲོག་བཅད་ནས་དམྱལ་བར་ཚིག་པའི་ཕྱིར་བདུད་རྩི་ལྔ་བླུད་དོ། །ༀ་ཨཱཿཧཱུྃ། ཞེས་ཡི་གེ་གསུམ་གནས་གསུམ་དུ་བཀོད་པའི་འོད་ཀྱིས་རྒྱལ་བའི་སྐུ་གསུང་ཐུགས་བསྡུས་ཐིམ་པ་ཞུ་བ་ལས་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པའོ། །ༀ་བཛྲ་ཨ་མྲྀ་ཏ་ཞེས་པའི་སྔགས་ནི། དམ་རྫས་ལྔ་ཡེ་ཤེས་ལྔའི་དབང་སྦྱིན་པའོ། །དེ་ནས་ཡང་ལས་ཀྱི་སྲིན་པོ་དེས། ཞེས་པ་ལ་སོགས་པ་ཡི་དམ་ལྷ་ལ་མེ་ཏོག་དོར་བའི་ཕྱིར། སྲིན་པོས་རང་གི་སྔོན་ནས་འབྲེལ་པའི་ལྷ་ལ་གསོལ་བ་ནི། སྔོན་བསྐལ་པ་གྲངས་མེད་པའི་སྔོན་དུ་ཐར་བར་གྱུར་ཙམ་ན་གསང་བའི་སྒོར་ཞུགས་པའི་དུས་ནས་ཐུགས་རྗེ་ལས་སུ་འབྲེལ་བས་ད་ལྟར་ཉེ་ཞིང་དངོས་གྲུབ་རྩོལ་བའི་ལྷ་གང་ལགས་པ་ལ། ལས་དང་ཐུགས་རྗེར་འཛོམ་པའི་ཕྱིར་མེ་ཏོག་འབབ་པས་གྱུར་ཅིག་ཅེས་གཏོར་ཏེ་བསྐུལ་བའོ། །དཔལ་རྡོ་རྗེ་སེམས་དཔའ་ནམ་མཁའི་དབྱིངས་ཞེས་པ། རྒྱལ་བ་མི་བསྐྱོད་པ་མཉམ་པའི་དབྱིངས་ན་བཞུགས་པའི་ཐུགས་ཀར་ཉི་མའི་གདན་ཐོག་ན། རྩ་བའི་ཡི་གེ་ལ་བཟླས་པས་བསྐོར་བའི་འོད་དང་བཅས་པ་ཡོད་པ་ལས། ཐུགས་ཀྱི་ཡི་གེ་དེ་ཉིད་བྱིན་རླབས་ཀྱི་སྣང་བ་དྲེགས་པའི་སྙིང་ལ་ཐིམ་པས། རང་གི་ལྷ་རིགས་སུ་ངེས་པ་སྟེ་ལྷ་དབབ་པའོ། །ཧཾ་ཞེས་མཐོང་བ་ཡོངས་སུ་དག་སྟེ། ཞེས་པ་དག་ཡི་གེ་དེ་བརྗོད་པས་ལྷའི་ཞལ་མཐོང་སྟེ། ལྷའི་ངོ་བོ་ཉིད་ཡོན་ཏན་ཇི་སྙེད་མ་འདྲེས་ལ་རྫོགས་པས། གཅིག་དུ་མ་ལས་གྲོལ་བར་ཤེས་ཏེ་དོན་གྱིས་མིག་ཕྱེ་ནས་ལྷ་ངོ་བསྟན་པའོ། །རྡོ་རྗེ་ཞེས་མིང་བཏགས་ནས། ཞེས་པ་ལག་ཏུ་རྡོ་རྗེ་གཏད་དེ་མཚན་རྡོ་རྗེ་རོ་ལངས་ཞེས་ཡི་དམ་ལྷ་ལས་དྲངས་ནས་བཏགས་པ་མིང་གི་དབང་ངོ་། །རྡོ་རྗེ་ཐེག་པ་གསང་བའི་སྒོར་བཞག་གོ། །ཞེས་པ་སངས་མ་རྒྱས་བར་དུ་ལས་བསྒོ་སྟེ་བཀའ་བསྲུང་དུ་བཅུག་པའོ། །སངས་རྒྱས་ཀུན་གྱི་དགོངས་པ་བསྐུལ་བའི་ལེའུ་ཞེས་པ་བཤད་པའི་བསྐུལ་ཚིག་གི་ཕྱིར་རོ། །ལེའུ་སུམ་ཅུ་པ་བཀྲོལ་བའོ།། །།དེ་ནས་ལས་ཀྱི་སྲིན་པོ་དེས། ཞེས་པ་ལ་སོགས་པ་དྲེགས་པའི་འཁོར་རྣམས་ཀྱང་རང་རང་གི་སྔ་བར་རྒྱུད་དེ་དག་པར་སྦྱངས་ཤིང་བཙལ་བས་སྒྲིབ་པ་དག་པ་དང་། རྒྱལ་བའི་ཞལ་མངོན་དུ་མཐོང་བ་དང་། རྒྱལ་བ་རྣམས་ཀྱི་ཐུགས་རྗེས་བཤད་པ་ལྟར་རྒྱུད་ལ་ཡོད་པའི་སྒྲིབ་པ་སྦྱངས་པའི་བྱིན་རླབས་ཀྱིས་དྲེགས་པ་བཞིན་ལས་དང་ལས་ཀྱི་འབྲས་བུ་དང་སྐྱེ་བ་མངོན་དུ་གྱུར་བས་བཤད་པའི་སེམས་ཐེ་ཚོམ་རྟོག་སྐྱེས་པ་རྣམས་དང་། ལམ་མ་ནོར་བ་ཡིན་མིན་ཐེ་ཚོམ་གྱི་ཁོ་ཐག་ཆོད་པས་འགྱོད་པ་སྐྱེས་ཏེ། སྔར་མ་ཤེས་པ་ལ་ངུས་ནས་སྨྲེ་སྔགས་བཏོན་པ་ནི། གར་གྱི་དབང་ཕྱུག་གསན་ཅིང་དགོངས་སུ་གསོལ། །ཅེས་པ་སྐུ་ཅིར་ཡང་སྣང་བའི་རྒྱལ་པོ་ཆེན་པོ་ཁྱོད་དཔང་པོ་མཛོད་ཅིག་པའོ། །བདག་ཅག་རུ་དྲའི་མཐའ་ལ་ཞེན་པ་རྣམས། །ཞེས་པ་ལ་སོགས་པ་བདག་ཅག་ང་རྒྱལ་གྱི་མཐའ་ལ་མངོན་པར་ཆགས་པ་རྣམས་སྔ་ཕྱིའི་ལས་ཀྱིས་ཐར་དཀའ་བས་འཁོར་བའི་ཤེས་པ་ནི། བཀའ་སོགས་སྔར་ཤེས་རབ་མ་སྦྱངས་པས་ཤེས་རབ་ཟབ་མོ་སོགས་ཀྱི་སྤྱན་དང་མི་ལྡན་ཞིང་ལྟ་བས་རང་རིག་སོགས་ཐག་ངེས་པར་སོགས་མ་ཆོད་དེ། ཐུགས་རྗེ་གར་ཐབས་སོགས་ཆེན་པོ་ཅིར་ཡང་སྣང་ཞིང་མྱུར་བའི་ཐབས་ཀྱིས་མ་ཟིན་པས་རྣམ་ཤེས་སོགས་རང་རང་རིག་པའི་རྒྱ་མཚོ་རྙོགས་པའི་བསྒྲིབ་པས་སྔར་དེ་ཉིད་སོགས་ཅི་བཞིན་པར་མ་རྟོགས་ཏེ། གཞན་ནས་ཚོལ་བ་ནི་མ་རིག་པས་གཏི་མུག་སོགས་བདག་འཛིན་བྱས་པས་ཉེས་ཞེས་བཤགས་པའོ། །ཤིན་ཏུ་འགྱོད་པས་གནོང་བའི་ཚུལ་བཟུང་ནས། །ཞེས་པ་ལ་སོགས་པ་སྐྱབས་སུ་གསོལ་བ་དང་། དངོས་པོ་སྦྱོར་སོགས་ལུས་འབུལ་བ་སྒྲ་བཞིན་ནོ། །དེ་ནས་མགྲིན་པ་ནག་པོ་ལ་སོགས་པ་ཀླུ་ཆེན་པོ་རྣམས་ཀྱིས། ཞེས་པ་ལ་སོགས་པ་སྒྲ་བཞིན་དུ་འགྲེལ་ཏོ། །གང་འདིར་ཉིད་བདེར་མ་སྦྱར་ན། །གཞན་གྱིས་བདེ་བར་ག་ལ་འགྱུར། །ཞེས་པ་ཁྱེད་ཅག་གིས་ཐེག་པ་ཆེན་པོའི་སྒོ་འདིར། རང་རིག་པའི་ངོ་བོ་ཉིད་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་ཡིན་པའི་དོན་རྟོགས་པར་མ་བྱས་ན། ཐབས་གཞན་གྱིས་བཙལ་བས་རྙེད་པར་མ་བསྟན་པའོ། །དེའི་ཚུལ་ནི་ཡེ་ནས་བདེ་བར་གནས་བཞིན་དུ། ཞེས་པ་ལ་སོགས་པ་སྒྲ་བཞིན་ནོ། །སྔ་བར་འཇུག་ཐབས་བསྟན་པའི་རྗེས་སུ་ཆོ་གའི་ཡན་ལག་དབང་གི་རིམ་པ་བསྟན་པ་གང་སྙམ་པ་ལ། ལང་ཀའི་བདག་པོ་དབང་ཕྱུག་ཆེན་པོ་ལ་སོགས་པ། ཞེས་པ་གསང་བ་པས་སྡུད་པ་པོ་ལ་བོས་ནས། དྲེགས་པའི་འཁོར་གྱིས་གསང་བའི་དོན་ལ་འཇུག་པར་གསོལ་བ་གདབ་པའི་ཚིག་འབྱུང་བའོ། །ཀྱེ་སྐྱེས་བུ་ཆེན་པོ་བདག་ཅག་རྣམས་རང་རང་གི་དེ་ཁོ་ན་ཉིད་བལྟ་བར་འཚལ་ན། ཞེས་པ་སེམས་ཀྱི་ཆོས་ཉིད་རྟོགས་པར་གསོལ་བ་བཏབ་བོ། །སྐྱེས་བུ་ཆེན་པོ་དེས་བཀའ་སྩལ་པ། ཞེས་པ་ལ་སོགས་པ་ལན་དུ་བོས་ནས་བཀའ་སྩལ་པ་སྒྲ་ཇི་བཞིན་ནོ། །དེ་དག་ཐབས་ཀྱི་སྒོ་ནས་མཐོང་བར་བྱ་བའི་ཕྱིར་ཟབ་མོ་དབང་གིས་དཀྱིལ་འཁོར་དུ་འཇུག་པར་ཞུ་བ་གང་སྙམ་པ་ལ། འདུས་པ་ཆེན་པོའི་ཚོགས་ཀྱིས་གསོལ་པ། དཔའ་བོ་ཆེན་པོ་བདག་ཅག་དཀྱིལ་འཁོར། ཞེས་པ་ཡི་གེ་གསུམ་གྱི་དོན་བཤད་པའི་དཀྱིལ་འཁོར་གསུམ་དུ་གཞུག་པར་ཞུས་པའོ། །སྐྱེས་བུ་ཆེན་པོ་དེས་བཀའ་སྩལ་པ། རྣལ་འབྱོར་འཇུག་པའི་བྱིས་པ་ཁྱེད། །ཅེས་པ་ལན་དུ་གནང་བ་ནི། ཁྱེད་འགྲོ་དྲུག་གི་ས་ལ་བཏོན་ལ་ཡང་དག་པའི་ས་དང་པོ་ལ་བཞག་པར་བཀའ་སྩལ་ཏེ། ད་དུང་རིགས་མ་ངེས་པའི་ཕྱིར་རོ། །དེ་ནས་འདུས་པའི་ཚོགས་ཀྱིས། ཞེས་པ་འཁོར་གྱིས་དེ་ལས་ཀྱང་རིགས་ངེས་པ་གསང་སྔགས་ཕྱིར་མི་ལྡོག་པར་ཞུགས་པ་སྟེ་སྒྲ་ཇི་བཞིན་ནོ། །སྐྱེས་བུ་ཆེན་པོ་བཀའ་སྩལ་པ། །ཞེས་པ་གནང་བས་དབུགས་ཕྱུངས་ཏེ་འདིར་ཞུགས་ནས་ཕྱིར་མི་ལྡོག་པར་ལུང་བསྟན་པ་སྟེ་སྒྲ་ཇི་བཞིན་ནོ། །སུམ་ཅུ་པར་བཤད་པའི་རྗེས་ཐོགས་སུ་བསྟན་པ་དངོས་གང་ཞེ་ན། དེ་ནས་འདུས་པའི་ཚོགས་དེ་དག་བྱང་ཆུབ་ཏུ་གྱུར་པའི་ལྷག་པའི་སེམས་འདི་ལྟར། ཞེས་པ་ལ་སོགས་པ་དབང་གི་དུས་སུ་སེམས་བསྐྱེད་པ་སྟེ། སྔ་བར་གནས་པའི་དབུགས་ཕྱིན་པས་གསང་སྔགས་ཀྱི་དོན་ཇི་བཞིན་པའི་ངང་དུ་འགྱུར་བའི་རྒྱུ་ཐེག་པ་གཞན་ལས་ཁྱད་པར་དུ་གྱུར་པ་གསང་དོན་ལ་དང་བའི་སེམས་སྐྱེས་གསོལ་བ་སྒྲ་ཇི་བཞིན་ནོ། །དེ་ནས་གསང་བའི་སྒོ་དབྱེ་བར་གསོལ་བ་གདབ་པའི་ཕྱིར། དེ་ནས་ཡང་འདུས་པའི་ཚོགས་ཀྱིས་གསོལ་པ། ཞེས་པ་སྒྲ་ཇི་བཞིན་ནོ། །གནང་བའི་ལན་དུ་ཞལ་གྱིས་འཆེས་པ་གང་སྙམ་པ་ལ། དེ་ནས་སྐྱེས་བུ་ཆེན་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་དག་ཁྲོ་བོ་ཨེ་མའོ་ཞེས་སོ། །ཆེན་པོས་བོས་ཏེ། ཡི་གེ་འབྲུ་འཁོར་བའི་ལམ་སྒོ་ཀུན་བཅད་དེ་བཅུའི་འོད་ཀྱི་སྙིང་པོ་ལ་གནས་པའི་འོད་དང་། རང་རྒྱུད་འོད་དང་། རང་རྒྱུད་ས་བོན་འོད་དང་། རང་རྒྱུད་ས་བོན་ཡི་གེ་བསྲེགས་པས་ལྟུང་སྒོ་བཀག་ནས། ཡང་དག་པའི་དོན་ཐུན་མོང་མ་ཡིན་པའི་བྱང་ཆུབ་ལམ་དུ་གཟུད་པའི་ཕྱིར་ལམ་ཟབ་མོ་དབང་གི་སྒོར་ཞུགས་པའི་ཆེད་དུ། རྡོ་རྗེ་གསང་སྒོ་དབྱེ་བར་བྱ། ཐེག་པ་ཟབ་མོ་དབང་གི་སྒོ་བསྟན་པར་ཞལ་གྱིས་འཆེས་པའོ། །དེ་བས་ན་སྒྲིབ་པ་བྲལ་བར་ཡང་འགྱུར་རོ། །ཞལ་འཛུམ་པའི་མདངས་ལས་འོད་ཟེར་བྱུང་བས། དོན་ལས་ངེས་པར་འཇུག་པའི་སྒོ་དབྱེ་བར་གྱུར་ཏོ། །ཞེས་པ་ཁྲོ་བོ་ཆེན་པོ་ཐབས་ཤེས་རབ་ཞལ་འབྲེལ་བའི་འཛུམ་པས་སྦྱོར་བའི་མདངས་དང་བཅས་པ་ལས། ཉི་ཟླ་བྱང་ཆུབ་སེམས་འོད་ཟེར་དང་བཅས་པ་འཐོན་ཏེ་འཁོར་ལ་ཕྱུང་བས་བསྟིམས་པས། དེའི་བྱིན་བརླབས་ཀྱིས་སྒྲིབ་པའི་ས་བོན་སྦྱངས་ཏེ། ལ་ངེས་པར་འཇུག་པའི་སྒོ་དབྱེ་བར་གྱུར་དོན་གཉིས་མེད་ཀྱི་ངོ་བོ་རང་ལ་ཤར་བར་གྱུར་ཏེ་དབང་དེ་ཉིད་ཀྱི་ཡོན་ཏན་ནོ། །སྐྱབས་སུ་གསོལ་བའི་ཕྱིར། དེ་ནས་འདུས་པའི་ཚོགས་རྣམས་མགུ་ཞིང་རངས་པའི་སྒོ་ནས། ཞེས་པ་ལ་སོགས་པ་གསང་བའི་དབང་ཐོབ་པའི་དགའ་མགུ་བ་དང་། ཡིད་ཚིམ་རངས་པས་ཏིང་ངེ་འཛིན་རྣལ་འབྱོར་གྱི་ཐོབ་པའི་ཚུལ་གྱིས་རྣམ་པར་འདུན་ནས་མོས་པས་གསོལ་བ། རྒྱལ་བ་རིལ་གྱི་བཞུགས་གནས་ཡུམ་ཕོ་བྲང་རྨད་གྱི་མཁའ་ཀློང་རྣམ་པར་དག་པ་གསང་བའི་སྣ་རྩེ་ནི། རྒྱལ་བ་ཇི་སྙེད་པ་རིལ་གྱི་བཞུགས་གནས་པས་དེར་གཅིག་པར་ཚོགས་པའི་ཕྱིར། བདག་ཅག་ཀྱང་རྣལ་འབྱོར་ངེས་པར་མཁའ་ཀློང་གཉིས་མེད་ཀྱི་དོན་བསྒོམ་པ་ལ་དགའ་བས། དཔའ་བོ་རྡོ་རྗེ་འཛིན་པ་གདུང་ཁྱོད་ལ་སྐྱབས་སུ་གསོལ་ལོ་ཞེས་པའོ། །དེ་ནས་ཡང་འདུས་པའི་ཚོགས་ཀྱིས། ཞེས་པ་དག་བཤགས་པ་བྱས་པ་སྟེ་སྒྲ་ཇི་བཞིན་ནོ། །བདེན་པ་ཟབ་མོ་གཉིས་མེད་ཀྱི་དབང་ཞུ་བའི་ཕྱིར། ཡང་འདུས་པའི་ཚོགས་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་དག་རིག་པ་འཛིན་པའི་རྒྱལ་པོ་སྟོན་པ་ཉིད་ཀྱིས། ཐབས་ཐུགས་རྗེ་ཆེན་པོས་འགྲོ་བ་ཇི་སྙེད་འཁོར་བ་ཇི་ལྟར་ཐར་པར་བཏོན་བསྒྲལ་བ་པ་ལྟར། བདག་ཅག་དྲེགས་པའི་འཁོར་རྣམས་རབ་ཏུ་བསྒྲལ་བའི་བདེ་བ་ལ་བཀོད་པའི་ཆེད་དུ་གཉིས་སུ་མེད་པའི་ཡེ་ཤེས་འབྱུང་བའི་རྒྱུ་རྟེན་ནི། ཉི་ཟླ་བྱང་ཆུབ་སེམས་ཀྱི་དབང་སྩོལ་ཅིག་པའོ། །དེ་ནས་སྐྱེས་བུ་ཆེན་པོས་བཀའ་སྩལ་པ། ཞེས་པ་དག་དཀྱིལ་འཁོར་དུ་འཇུག་པའི་ཚེ་ཅི་ལ་དགའ་བ་སྟོན་པའི་དྲིས་པ་དང་། འདུས་པའི་ཚོགས་ཀྱིས་གསོལ་པ། བདག་ཅག་སྐལ་ལྡན་བདེ་ཆེན་པོ། །ཞེས་པ་འཁོར་གྱིས་ཟབ་མོའི་དབང་ནོད་པ་དང་། དབང་ཐོབ་ནས་འགྲོ་དོན་བྱེད་པ་ལ་དགའ་བར་ལན་བཏབ་པའོ། །ཡང་འདུས་པའི་ཚོགས་ཀྱིས་གསོལ་པ། རྒྱལ་མཆོག་སྐྱེས་བུ་ཁྱེད་ཅི་འདྲ། །ཞེས་པ་ནན་ཏན་དུ་ཞུས་ཤིང་སེམས་མཆོག་བསྐྱེད་པར་དམ་བཅའ་བའོ། །དེ་ཡང་འདུས་པའི་ཚོགས་ཀྱིས་དམ་ཚིག་བསྐུལ་བར་གསོལ་བ། མི་ཕྱེད་གསང་བའི་རྣལ་འབྱོར་པ། །ཞེས་པ་དབང་ནི་རྡོ་རྗེ་མི་ཕྱེད་གསུམ་དབྱེར་མེད་པའི་འབྲས་བུ་གསང་བའི་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་པ་ཡང་། བདེན་པ་རྣམ་གཉིས་དབྱེར་མེད་པའི་དོན་རྟོགས་པའི་རྒྱུ་ལས་དབྱིངས་ལས་བྱུང་ཤར་བས། གཉིས་མེད་མཉམ་པའི་དོན་དབྱིངས་ཉིད་མུ་མཐའ་མེད་པ་ནི་རྐྱེན་གྱིས་མི་འཇིགས་མི་འགྱུར་བའི་ངང་དུ་རིལ་འདུ་འབྲལ་མེད་དབྱེར་མེད་གཅིག་པས་ན། བདག་ཅག་ཀྱང་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་དམ་ཚིག་ཆེན་པོ་གསུམ་ལ་གཟུང་བར་མཛོད་ཅིག་པའོ། །དེ་ནས་ཡང་སྐྱེས་བུ་ཆེན་པོ་དེས། ཞེས་པ་དག་ནི་གནང་བས་དམ་ཚིག་ཕོག་པའི་དོན་ཏེ། རྡོ་རྗེ་ཐེག་པའི་དམ་ཚིག་གི་སྐལ་བ་དང་ལྡན་པ་ཁྱོད་རྣམས་རྡོ་རྗེ་གསུམ་གྱི་དམ་པ་དང་ལྡན་པ་ཁྱེད་ཀུན་བསམ་པ་གཅིག་པས་མི་འགྱུར་ན། ངོ་བོ་རིལ་སྐུ་གསུང་ཐུགས་ཀྱི་དོན་གཉིས་སུ་མེད་པར་ནན་ཏན་མཛོད་རྟགས་གསང་བ་བསྟན་དཀའ་བའི་རང་བཞིན་མཉམ་ཡིན་པའི་གཏན་ཚིགས་ཕྱིར་དེ་བས་ན། སྤྱི་བོ། ལྕེ། སྙིང་ག་འབྲུ་གསུམ་བཀོད་པའི་མི་ཕྱེད་རྡོ་རྗེའི་དམ་ཚིག་སྦྱིན་འཕྲོ་འདུས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ཏེ་དམ་ཚིག་དཔོག་པར་བྱའོ། །སྒོ་གསུམ་སྐུ་གསུང་ཐུགས་དང་དབྱེར་མེད་པའི་དམ་ཚིག་ནི་གཞན་ནས་མ་བྱུང་སྟེ། སྐུ་གསུམ་ཡེ་ནས་རྡོ་རྗེ་གསུམ་དང་གསང་བ་གསུམ་གྱི་དབྱིངས་ནས་ཕྱུང་གཉིས་མེད་པས་མཉམ་པའི་རང་བཞིན་རང་ལས་ཤར་བའོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་གསུམ་གྱི་དཀྱིལ་འཁོར་གྱི་དམ་ཚིག་དོན་རྟོགས་པ་མངོན་དུ་གྱུར་ན། དེ་གྲུབ་ན་ཕན་ཆད་འཕོ་འགྱུར་ལས་འཇིགས་པའི་དུས་མེད་དོ། །གྲོལ་བར་གྱུར་པ་སྟེ་འབྲས་བུ་དང་བཅས་པར་བསྟན་པའོ། །ཡང་འདུས་པའི་ཚོགས་ཀྱིས་གསོལ་བ། ཞེས་པ་དག་དམ་ཚིག་གི་ནན་བྱ་བར་གསོལ་བ་བཏབ་པའོ། །དེ་ནས་ཡང་སྐྱེས་བུ་ཆེན་པོ་དེས་བཀའ་སྩལ་པ། ཞེས་པ་ལ་སོགས་པ་དམ་ཆུ་བླུད་དེ་ནན་ཆགས་མཛད་པའོ། །དེ་ནས་ཡང་སྐྱེས་བུ་དམ་པ་དེས། ཞེས་པ་ལ་སོགས་པ་དམ་ཚིག་བསྒྲགས་པ་བཀའ་སྩལ་པ། རིགས་མ་འོངས་སངས་རྒྱས་བློ་ལྡན་ཁྱོད་ངེས་པར་རྒྱུན་ཅན་གྱི་ཕྱིར། ཕྱི་མའི་རྒྱལ་བ་ཁྱེད་ཅག་གིས་ཐེག་པ་ཆེན་པོའི་དོན་རྟོགས་པར་བྱ་བའི་ཆེད་དུ། ཤེས་པའི་རྒྱུད་སྦྱོང་གྲོལ་བར་གྱིས་ལ་གསང་བ་གསུམ་གྱི་དོན་ལ་ཞུགས་ཏེ་རང་གིས་མེ་ལོང་ཉིད་ལ་ལྟོས་སྒོམས་ཤིག་པའོ། །དེའི་ཡོན་ཏན་ནི་བཤད་པའི་འབྲུ་གསུམ་གནས་གསུམ་ཉིད་དུ་བཀོད་པ་ཉིད། སྐུ་གསུང་ཐུགས་གསང་བ་གསང་ཆེན་དམ་པ་རབ་གསང་བ་གསུམ་མམ་མཛོད་གསུམ་གྱི་དོན་ཡིན་པ་དེ་རྟོགས་པས་རིག་པ་དེ་བཞིན་ཉིད་དུ་འགྱུར་གཞི་ཉིད་དུ་སོན་པ་ནི། འབྲས་བུ་གཞན་མིན་ལས་སྣང་བ་མ་ཡིན་ཏེ་རང་བྱུང་དེ་ཁོ་ན་ལས་ཤར་བ་འབའ་ཞིག་གོ། །དེ་ལྟ་བུས་བློ་ཆུང་རྣམས་ལ་མ་སྨྲ་ཞིག་གསང་དོན་གཉེར་གཏད་དང་། ཉམས་པའི་སྐྱོན་གལ་ཏེ་སྨྲས་སོགས། རིག་པ་ལས་འཇལ་བར་མཛད་དོ། །ཐུན་མོང་མ་ཡིན་པའི་དབང་དུ་ན་ཐེག་པ་ཆེན་པོ་བས་བྱང་ཆུབ་སེམས་ཀྱི་དབང་ཟབ་མོ་ཉིད་དམ་ཚིག་པས། མ་འོངས་སངས་རྒྱས་བློ་ལྡན་ཁྱོད། །ཅེས་པ་དག་ཕྱི་མའི་རྒྱལ་བ་ཁྱེད་ཐབས་ཟབ་མོའི་སྒོ་ནས་རིག་པའི་ཡེ་ཤེས་བླ་མེད་ཡེ་ཤེས་བསྐྱེད་པའི་ཕྱིར། ཆེན་པོར་གསལ་བར་བྱ་བའི་ཆེད་དུ་བྱེད་པ་སྡོམ་པའི་རྒྱུད་སྦྱོང་གསང་བ་གསུམ་མན་ངག་དང་ཐིག་ལེ་དང་རྩ་བའི་ཏིང་ངེ་འཛིན་རྩལ་སྦྱངས་ལ། ཐབས་ཤེས་གཉིས་སུ་མེད་པའི་སྤྱོད་པ་ལ་ཞུགས་ལ་དེའི་སྒོ་ནས་རང་གི་མེ་ལོང་ཉིད་ལ་ལྟོས་རང་རིག་པའི་དོན་ལ་བརྟགས་པར་གདམས་པའོ། །དེའི་ཡོན་ཏན་ནི་རྡོ་རྗེ་པདྨ་དང་ཕྲད་པའི་གནས་གསུམ་དུ་ཉི་ཟླ་གཉིས་བཀོད་པའི་ཞུགས་པ་གྱེན་དུ་བསྐྱིལ་བས་ཉི་ཟླ་གཉིས་སུ་མེད་པའི་ངོ་བོ་ཀུན་རྫོབ་ཡང་གནས་གསུམ་དང་དོན་དམ་པ་དབྱེར་མེད་པའི་དོན་མཐོང་དཀའ་བའི་གསང་ཆེན་དམ་པ་རབ་གསང་བ། དོན་དེ་དག་རྟེན་ལས་ཤར་བས། བརྟེན་ཙམ་ན་རང་རིག་མཐོང་བས་ཇི་བཞིན་པར་དེ་བཞིན་ཉིད་ཕེབས་པ་འགྱུར་ནི། གཞན་མིན་བདག་ཉིད་ཀྱི་ཕུང་པོ་དང་ཁམས་སྐྱེ་མཆེད་ཉིད་ལས་རང་ཤར་བས་དེ་ཁོ་ན་གཞན་ནས་བཙལ་མི་དགོས་པར་ངེས་པའོ། །དོན་དེ་གསང་བློ་ཆུང་བ་དང་ཉེས་པ་རྗེས་སུ་མཐུན་ནོ། །ལང་ཀའི་བདག་པོའི་འདུས་པའི་ཚོགས་དེ་དག་འདི་ལྟར། ཞེས་པ་ལ་སོགས་པ་དྲེགས་པའི་འཁོར་རྣམས་བཤད་པ་ལྟར་དམ་ཚིག་ལ་ཞུགས་པའི་དུས་སུ། དེ་དག་ཀྱང་སྐལ་བ་དང་ཤེས་རབ་མཐོ་དམན་གྱིས་དབང་གི་རིམ་པའི་སྐལ་བའང་མཐོ་དམན་ཐོབ་པར་འགྱུར་ཏེ། རྣལ་འབྱོར་དང་པོ་ལ་ཕྱིའི་ཕན་པའི་དབང་འབའ་ཞིག་བསྐུར་ཏེ་ས་དེ་ཉིད་ལ་གནས་སོ། །རྣལ་འབྱོར་གཉིས་པ་ལ་ནང་གི་ནུས་པའི་དབང་ལྔ་བསྐུར་རོ། །རྣལ་འབྱོར་གསུམ་པ་ལ་གསང་དབང་ཞུ་བའི་དབང་བསྐུར་རོ། །རྣལ་འབྱོར་བཞི་པ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཏོ། །རྣལ་འབྱོར་ལྔ་པས་བདེ་བ་ཆེན་པོ་ཤིན་ཏུ་བརྟན་པའི་དབང་ལྔ་པ་ཐོབ་པར་གྱུར་ཏོ། །དེ་ལྟ་བས་ན་རྗེས་སུ་འཇུག་པའང་དེ་བཞིན་ནོ། །ཞེས་གཞན་དག་འཆད་ན། འདིར་དབང་འདྲ་ཡང་ཐོབ་པའི་རིམ་པས་འབྲས་བུ་ལམ་ལྔ་སོ་སོ་བར་འཇལ་ཏོ། །དེ་ལྟ་ན་དེའི་ཚེ་དེའི་དུས་ཉིད་ན། འདུས་པའི་ཚོགས་ཕལ་མོ་ཆེ་དེ་དག་ནི། ཞེས་པ་ལ་སོགས་པ་དུས་གཉིས་ནི་དབང་ཐོབ་པ་དང་ས་ནོན་པ་གཉིས་ཀྱི་དོན་ཏེ། སྐབས་དེ་ཁོ་ནར་མིང་གིས་དབང་བསྐུར་བ་ལ། ལ་ལ་ནི་རྡོ་རྗེ་མྱུ་གུ། ཞེས་པ་ལ་སོགས་པ་རང་རང་གི་ཡི་དམ་ལྷའི་རིགས་དང་། ལས་དང་མཐུ་ལས་བཏགས་པ་ཐ་དད་སྒྲ་ཇི་བཞིན་ནོ། །དེ་དག་ལས་མ་རུང་པ་ཁ་ཅིག་ནི། ཞེས་པ་ལ་སོགས་པ་འཁོར་དེ་ན་ཤིན་ཏུ་གདུག་ཅིང་དྲག་རྩལ་ཅན་དུ་རྟོགས་པ་རྣམས། སྤྱང་ཀི་ལ་སོགས་པ་ཐ་དད་པ་སྟེ། གིང་བཅོ་བརྒྱད་ལ་སོགས་པའི་མཚན་དུ་བཏགས་སོ། །རུ་དྲ་ནག་པོ་དེ་ཁོ་ན་ཉིད་ནི། ཞེས་པ་ལེའུ་སྔ་མར་ཟུར་སྨོས་པ་དངོས་འདི་ལྟ་སྟེ། མཚན་ངེས་པ་ནི་བསྒྲལ་བ་ལས་སླར་གསོས་པ་བཤད་ཟིན་པའི་ཕྱིར་རོ། །འཇིག་རྟེན་དུ་བསྐལ་པ་ཆེན་པོ་འདིའི་ཡུན་དུ་འདུག་སྟེ་སྔགས་འཆང་རྣམས་ཀྱི་སྤུན་དུ་བྱེད་དེ། ཕྱི་ལྟར་ལེགས་ལྡན་དངོས་ཏེ་བསྟན་པ་བསྲུང་བའི་ལས་མཛད་དེ་ལུང་བསྟན་པ་སྒྲ་ཇི་བཞིན་ནོ། །ལང་ཀའི་བདག་པོ་དེའི་ཚེ་དེའི་དུས་ན། འཇིག་རྟེན། ཞེས་པ་ལ་སོགས་པ་དུས་གཉིས་ནི་ཐར་པ་འཁོར་བཅས་མིང་གི་དབང་དང་ལུང་བསྟན་ཐོབ་པ་གཉིས་ཀྱི་དོན་ཏེ། དེ་ཁོ་ནའི་བྱིན་རླབས་ཀྱིས་འཇིག་རྟེན་གཡོས་པ་སྒྲ་ཡི་བཞིན་ནོ། །འཇིག་རྟེན་པ་ཀུན། ཞེས་པ་དྲེགས་པ་འཁོར་བཅས་ལ་བསྟོད་པ་དང་། ཐེག་པ་ཆེན་པོར་སེམས་བསྐྱེད་པ་སྟེ་རྣལ་འབྱོར་དང་པོ་ཐོབ་པའོ། །འཇིག་རྟེན་པ་ཁ་ཅིག་ཐེག་པ་ཆེན་པོའི་དོན་ཟབ་མོ་ལ་མི་སྔངས་པ་ཐོབ་སྟེ་སྦྱོར་ལམ་པར་གྱུར་ཏོ། །ལ་ལ་མི་ཤེས་པའི་སྒྲིབ་པ་དག་སྟེ་བདེན་པ་མཐོང་ནས་དབུགས་ཆེན་ཕྱིན་པར་གྱུར་ཏོ། །ལ་ལ་ནི་དེའི་དོན་གོམས་པ་རྙེད་ནས་མཚན་མ་ལ་སོགས་པར་མི་ལྡོག་པར་བསྒོམ་ལམ་པར་གྱུར་ཏོ། །ལ་ལ་ནི་མངོན་དུ་སངས་རྒྱས་པའི་ལུང་ཐོབ་ནས་རྩལ་ཆེན་རྫོགས་པར་གྱུར་ཏོ། དེའི་ཚེ་དེའི་དུས་ན་ཐར་པ་ནག་པོ་ལ་སོགས་པ་མིའི་ཐོད་པ་ཅན། ཞེས་པ་ལ་སོགས་པ་དྲེགས་པ་འཁོར་བཅས་མི་མ་ཡིན་ཡང་མགོ་ཅན་དུ་འདུག་པས་སྟོན་པ་ལ་བརྐྱང་ཕྱག་འཚལ་ཏེ་གསོལ་པ། ཨ་ཧོ་སུ་ཁ། ཞེས་པས་གླུ་བླངས་པའོ། །སྐྱེས་བུ་ཆེན་པོ་གཡོ་བ་ཕུན་སུམ་ཚོགས་པ་བྱུང་ངོ་། །ཞེས་པ་ལ་སོགས་པ་བཤད་པའི་ས་གཡོས་པ་དང་། དྲེགས་པ་འཁོར་བཅས་ཀྱི་ཤེས་པ་ཐུན་མོང་དུ་འགྱུར་ཏེ། དེ་དག་དྲེགས་པ་འཁོར་བཅས་ལ་སྣང་བའི་ཚུལ་ནི། ས་གཡོས་པ་ཉིད་ཀྱང་ཆོས་མཉམ་པའི་མ ཐུ་ལགས་པས་ཕུང་པོ་ཁམས་སྐྱེ་མཆེད་ལྷའི་དཀྱིལ་འཁོར་དུ་ཤར་བས་མཚན་དང་དཔེ་བྱད་དུ་ལྡན་པའི་སྐུར་ཤར་བའོ། །གཟུགས་སྣང་མ་སྤངས་དེ་ཉིད་དུ་གྱུར་ཏམ། རྒྱལ་བའི་ཐུགས་རྗེའི་སྐུ་ཡིན་ནམ། ལུང་སྟོན་པ་དང་ཐེག་པ་ཆེན་པོའི་ཆོས་སྒྲ་ཤར་བའོ། །ཟིན་པ་དང་མ་ཟིན་པའི་སྒྲ་ཉིད་ཐེག་པ་ཆེན་པོའི་བསྟན་པར་གྱུར་རམ། རྒྱལ་བས་ཇི་ལྟར་མཁྱེན་པའི་གསུང་ལགས་སམ། དྲི་རོ་རེག་ཚོར་བ་ནི། ཏིང་ངེ་འཛིན་གྱི་ངང་དང་བདེན་པའི་རོ་དང་མཉམ་པའི་དོན་གྱི་རེག་བྱ་དང་དེ་ཇི་ལྟར་ཚོར་བ་རིག་པ་ལ་ཤར་བའོ། །དེ་དག་དྲི་བདུན་དང་། རོ་དགུ་དང་། རེག་བྱ་ཉི་ཤུ་གཉིས་དང་། ཚོར་བ་གསུམ་མ་སྤངས་པར་དག་པ་ཉིད་ལགས་སམ། དེ་དག་གི་ངོ་བོ་བྱང་སེམས་རྟོགས་པའི་དྲི་དང་། ཏིང་ངེ་འཛིན་ཉམས་སུ་མྱོང་བའི་རོ་དང་། དམ་ཚིག་དང་ལྡན་པའི་བདེ་བའི་རེག་པ་དང་། འབྱུང་འཇུག་བྲལ་བའི་བཏང་སྙོམས་ལགས་སམ། ཞེས་སྟོན་པ་ལ་དྲིས་པ་དང་། རང་རང་ལ་སྣང་བའི་ཡོན་ཏན་སྟོན་པ་ལ་བརྗོད་པའོ། །དེ་དག་ནང་ཟབ་མོ་དབང་ཐོབ་པའི་ཡོན་ཏན་དུ་འགྱུར་རོ། །བདག་ཅག་ནི། ཞེས་པ་ལ་སོགས་པ་སྒྲ་བཞིན་ནོ། །དེ་ལྟར་དབང་གི་ཡོན་ཏན་སྣང་བས་གཏང་རག་ཕུལ་བ་གང་སྙམ་པ་ལ། དེ་ལྟ་བུའི་འབྱུང་གནས་སངས་རྒྱས་ཀུན་གྱི་དགོངས་པ་དམ་པ་འདི་ནི། ཞེས་པ་བཤད་པའི་ཡོན་ཏན་བདུན་གྱི་ཡུམ་དུ་གྱུར་པའི་དོན་རྒྱལ་བ་རྣམས་ཀྱིི་དགོངས་པ་དབང་གི་ཐབས་ཁྱད་པར་ཅན་གསང་བ་ཟབ་མོའི་དོན་ནི། འདི་ལྟར་ཟབ་པ། རྒྱ་ཆེ་བ། མཆོག་དམ་པ་དང་། གྱ་ནོམ་པ་དང་། ཕུལ་དུ་གྱུར་པ། ཞེས་པ་ཐབས་གཏིང་དཔག་དཀའ་ཞིང་གང་ཡང་ཤོང་བ། གོང་ན་གཞན་མེད་ཅིང་ཡོན་ཏན་ཁྱད་པར་ཅན་བས་བརྣག་པར་བྱ་བ་ཤིན་ཏུ་བཟང་ཞིང་འཕགས་པའོ། །དེ་ལྟ་བུའི་ཐབས་དང་ཐེག་པ་དང་ལམ་དང་སྤྱོད་པ་དང་འབྲས་བུར་ཡང་འགྱུར་ཏེ། མདོར་ཡོན་ཏན་གསུམ་གཉིས་ཀྱི་དོན་བདག་ཅག་ལ་སྟོན་པའི་སྟོན་པ་ཁྱོད། བདག་ཅག་གིས་སེམས་བསྐྱེད་ཅིང་འབྲས་བུའི་གཏེར་དང་སྤྲོད་པའི་ཕ་མ་ལགས་སོ། །སྐྱེས་བུ་ཆེན་པོ་ཉིད་ལྟ་མ་ལགས་ཀྱི། ཞེས་པ་ལ་སོགས་པ་སྒྲ་བཞིན་འདྲེལ་ཏོ། །དེ་དག་གིས་ཀྱང་ཆོས་བསྲུང་ཞིང་། ཞེས་པ་དག་རྣལ་འབྱོར་པས་ཀྱང་གསང་བའི་རྫས་རྣམས་དང་མི་བྲལ་བའོ། །དགོས་ཆེད་ཀྱང་སྒྲ་བཞིན་ནོ། །དཀྱིལ་འཁོར་དུ་ཞུགས་པ་ནི་སྔོན་འབྱུང་དང་རྗེས་འཇུག་ཐུན་མོང་སྟེ་ལེའུ་སྔ་ཕྱི་གཉིས་འཁྲུག་པར་ཤེས་པར་འགྱུར་ཏེ། བླ་མའི་ཁ་ལས་ཤེས་པར་བྱའོ། །ཀྱེ་སྐྱེས་བུ་ཆེན་པོ་འདི་ལྟ་སྟེ། ཞེས་པ་སྒྲུབ་ཐབས་ཀྱི་ཆེ་བ་བསྟན་པའོ། །རང་གི་ངོ་བོ་ནི་ༀ་བྷུར་ཁུར་མ་ཧཱ་པྲ་ཎཱ་ཡ། ཞེས་པ་ལ་སོགས་པ་བསྙེན་བསྒྲུབ་དངོས་ཏེ་བདག་ཧེ་རུ་ཀ་ཆེན་པོར་གསལ་བས་གསང་བའི་རྫས་རྟེན་ཚོགས་པས་དབེན་པའི་གནས་སུ་བདག་གཞན་གྱི་ཕྱིར། དུས་གཅིག་ཏུའམ་རིམ་པར་བཟླས་པ། སྐྱེས་བུ་ཆེན་པོ། ཞེས་པ་དང་པོར་བསྙེན་པའི་བཟླས་པའི་ཚད་དོ། །སྤྱིར་བཞི་འབུམ་མོ། །གདོད་ཅིག་གང་ལ་བྱ་བ། ཞེས་པ་བསྙེན་པ་གདིང་ཆུད་ནས་དམན་པའི་ལས་མན་ངག་ཏུ་བྱ་བའི་རིམ་པ་རྣམས་དང་། བསྒྲལ་ཞིང་གཏན་སྤོ་བར་བྱ་བའི་ལས་གང་བྱ་བར་མི་བསླུ་བར་གྲུབ་ངེས་སོ། །དེ་ཅིའི་སླད་དུ་ཞེ་ན། ཞེས་པ་ལོ་རྒྱུས་བརྗོོད་པས་ཆེ་བ་ཤེས་པ་དང་ཐེ་ཚོམ་སེལ་བའོ། །སྐྱེས་བུ་ཆེན་པོ་གསང་སྔགས་འདི། ཞེས་པ་དག །འདི་ལ་གནས་པ་ལ་དོན་རྟགས་མེད་ན། རང་རང་དམ་ལས་འདས་པས་ལྟུང་བའི་ཕྱིར། གྲོགས་བྱེད་པར་ཚད་བཞག་པས་ཡིད་གཉིས་ཀྱང་བསལ་ལོ། །སྐྱེས་བུ་ཆེན་པོ་དེ་བས་ན། །ཞེས་པ་བསྙེན་བསྒྲུབ་བཞི་ལས་དངོས་གང་ལ་སྦྱར་བ་དེ་ཕན་པར་བྱ་བ་ཤ་སྟག་སྟེ་སྒྲ་བཞིན་ནོ། །ཨ་ཧོ་རིགས་སོ། །ཞེས་པ་དྲུག་ནི་དང་པོ་གཞི་རིམ་པར་བསྙེན་བསྒྲུབ་གཞིའོ། །ལས་གྲུབ་པ་དང་ནོངས་པས་བྱ་བ་ཤེས་པའོ། །བཞིའི་སྤྱི་ཐུན་མོང་དུའང་འགྱུར་རོ། །མ་རུངས་ཞེས་པ་དག་ལས་དང་ཟས་དང་གནས་ཀྱི་དབང་སྦྱིན་ཏེ་བཀའ་ལས་བཏགས་པ་ཇི་བཞིན་ནོ། །ལེའུ་སུམ་ཅུ་རྩ་གཅིག་པ་བཀྲོལ་བའོ། །བྱུང་ཚུལ་དྲུག་པའི་དོན་ཏོ།། །།བམ་པོ་ལྔ་པར་ཟུག་པ། དེ་ནས་ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ། ཞེས་པ་ལ་སོགས་པ་བྱུང་ཚུལ་བདུན་པའི་དོན་སྡུད་པ་པོས་སྟོན་པ་ལ་དྲིས་པ་དང་། ལན་སྒྲ་ཇི་བཞིན་ནོ། །སྐབས་སུ་གདུལ་བྱ་ཡོངས་རྫོགས་པའི་སྐྱེས་བུ་དེ་དག །ཅེས་པ་དྲེགས་པ་ལ་སོགས་པ་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་ཅིང་། དེ་འདུལ་བའི་སྐྱེས་བུ་རྣམས་ཀྱིས་ཐུན་མོང་གི་བྱིན་རླབས་སོ། །དེའི་སྣང་ལུགས་ཅི་ཞེ་ན། ཐམས་ཅད་དུ་ཡོངས་སུ་སྣང་བར་འགྱུར་རོ། །ཞེས་པ་དུས་དང་ཞིང་ཁམས་ཀུན་ཏུ་གསང་བའི་དོན་ལ་སོགས་པ་འཆར་རོ། །དེ་དངོས་གཞི་ཇི་ལྟ་ཞེ་ན། སྨྲས་པ། ལང་ཀའི་བདག་པོ་སྐྱེས་བུ་དམ་པ་དེ་དག་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ་ཁོ་ན་ལས་མི་གཞན་ལ། ཞེས་པ་ལ་སོགས་པ་སྐྱེས་བུ་དམ་པ་རྣམས་དང་ཇི་བཞིན་པ་དབྱེར་མེད་པའི་ངང་ལས། ཐུགས་ཡེ་ཤེས་དང་། ཀྱི་བྱིན་བརླབས་དང་། སྐུའི་སྤྲུལ་པ་དང་ཆོ་འཕྲུལ་དང་། གསུང་ཡི་གེ་དང་གི་བྱིན་བརླབས་ཨ་ལ་སོགས་པ་དང་། ཡི་གེ་འདུས་པ་ཚིགས་དང་། བསྟན་པའི་སྒྲ་ཆོས་དང་། སྐུ་གདུང་ཤ་རི་རམ་དང་། རུས་པའི་སྐུ་ལ་རིང་བསྲེལ་སོགས་པའི་ཡོན་ཏན་ཇི་སྙེད་པ་དག་འཆར་ཞིང་འབྱུང་ངོ་། །དེ་དག་གཞན་ཞིག་ལས་སྣང་བ་མ་ཡིན་ཏེ། ཇི་བཞིན་པ་ལྷུན་རྫོགས་ཉི་ཚེའི་བྱིན་རླབས་སོ། །ལང་ཀའི་བདག་པོ་ཇི་ལྟ་ཇི་ལྟར། ཞེས་པ་མཐུན་པའི་དཔེའོ། །སྦྱོར་བའི་ཚིག་གཉིས་ནི་དཔེ་ཉིད་ཀྱི་ཚུལ་དང་དོན་སྦྱོར་བའོ། །ཆོས་རྣམས་ཀྱི་ཆོས་ཉིད་གསང་བའི་དབྱིངས། ཞེས་པ་ལ་སོགས་པ་དོན་རྗེས་སུ་བསྟན་པ་ནི། དངོས་པོ་ཆོས་རྣམས་ཀྱིས་དེ་ཁོ་ན་ཉིད་ངོ་བོ་ཟབ་ཅིང་ཕྲ་བ་གསང་བའི་རྟོགས་པར་དཀའ་བ་ནི་དབྱིངས་མུ་མཐའ་ལས་འདས་པས་མཐའི་སྐྱོན་ངང་གིས་བྲལ་བ་རྣམ་པར་དག་པ་ཉིད་འབྱུང་ཁུངས་ལྟ་བུར་གྱུར་པའོ། །དེ་ལས་གདུལ་བྱའི་ངོ་བོ་ལས་ཆོས་ཐམས་ཅད་འགྲོ་འོང་མེད་པར་སྣང་བ་ནི་འབྲས་བུའི་ཡིན་ལ་ཆོས་མཆོག་གོ། །དེ་ཉིད་ཆོས་ཐམས་ཅད་རྩ་བའི་དབང་གིས་བསྡུ་ན་ལྔར་འདུས་པ་སྒྲ་ཇི་བཞིན་ནོ། །དེ་དག་ནི་རྨད་དུ་བྱུང་བའི་ཐེག་པ་གདུལ་བྱ་ལ་སྣང་བར་བྱེད་པའི་ཕྱིར་འབྱུང་ངོ་། །དེའི་གཏན་ཚིགས་ནི། དེ་དག་དང་གསང་སྔགས་ངོ་བོ་དབྱེར་མེད་པས་སྣང་བ་སྟེ། དེའི་མཚན་ངོ་བོ་ཉིད་ཀྱི་སྐུ་ཞེས་གདུལ་བྱའི་ངོ་ལ་གྲགས་ཏེ་བྱུང་ཚུལ་གྱི་སྤྱི་དོན་བསྟན་པའོ། །འབྲས་བུ་ལྔས་གསང་བ་མཚོན་པའི་ཐོག་མ་ཐུགས་ཀྱི་བྱིན་རླབས་སྣང་བ་གང་སྙམ་པ་ལ། ལང་ཀའི་བདག་པོ་གང་སེམས་ཀྱི་ཆོས་ཉིད་ལས་ནི། ཞེས་པ་དག་སེམས་མ་བསླད་པ་མ་བཅོས་པ་ཉིད་ཀྱང་ལས་ཀྱི་ཁྱད་པར་གྱིས་ཀུན་གཞི་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། སྒོ་ལྔའི་རྣམ་ཤེས་སུ་གྱུར་པའོ། །རྣམ་པར་ཤེས་པ་བཞི་ལས་ཡེ་ཤེས་ཆེན་པོ་ལྔར་སྣང་སྟེ། སེམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ལས། ཞེས་པ་ལ་སོགས་པ་བཞིའི་ངོ་བོ་ཉིད་མ་བསླད་པར་ཡེ་ཤེས་ཉིད་ཡིན་པའི་ཕྱིར་ལམ་གྱི་བློ་ལ་ལྔར་སྣང་བ་ནི། རང་རིག་པ་ཕྱོགས་རིས་དང་བྲལ་བ་མ་ནོར་བའི་དོན་ངེས་པ་ཡེ་ཕྱི་མོའི་ཆོས་ཉིད། མཚན་ཉིད་ཅིས་ཀྱང་མ་བསྒྲིབ་པར་རང་གསལ་བའི་ཕྱིར་དབྱིངས་ཀྱི་ཡེ་ཤེས་སུ་སྣང་སྟེ། རྡོ་རྗེེ་སེམས་དཔའ་སྒྱུ་འཕུལ་དྲྭ་བ་ལས། རྣམ་རྟོག་ཀུན་གཞི་མ་ཡིན་པའི། །རང་བཞིན་མེད་པ་དོན་གྱི་གཞི། །འདི་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་པའི་དོན་ཏོ། །སྦྱོར་བ་དོན་གྱི་ཀུན་གཞི་ནི། རྣམ་པར་བྱང་བའི་རྟེན་ཀུན་ནས་ཉོན་མོངས་པའི་གཞི་རྩ་ཉིད། ཡེ་སྤྱོད་ཡུལ་དག་པའི་ངོ་བོ་ཉིད་གསལ་ལ་མི་རྟོག་པའི་ཡེ་ཤེས་སུ་རང་ཤར་བའོ། །ཀུན་གཞི་ལ་བདག་ཏུ་རློམ་སེམས་པ་ཁྱད་པར་གྱི་འཁོར་བཞི་དང་བཅས་པ་ཉིད། ཡེ་ཆོས་ཉིད་རྣམ་པར་དག་པ་རྟོགས་པའི་ངང་ལ་བཟང་ངན་ཕྱོགས་རིས་མེད་པའི་ཕྱིར་མཉམ་པའི་ཡེ་ཤེས་སོ། །སྤྱི་དང་སྤྱི་ནི་ཐུན་མོང་སྟེ། སྒོ་ལྔའི་རྗེས་སུ་ཡིད་རྒྱུ་བའི་ཕྱིར་སྒོ་ལྔའི་ཡུལ་ལ་དམིགས་པས་གཟུགས་ལ་སོགས་པ་ལྔའོ། །ཐུན་མིན་ནི་བརྒྱད་དེ། འདུས་བྱས་བཞི། འདུས་མ་བྱས་བཞི། འདུ་བྱས་བཞི་ནི་ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་རིགས་བྱེད་མ་ཡིན་པའི་གཟུགས་སོ། །འདུས་མ་བྱས་བཞི་ནི་ནམ་མཁའ་སྟེ་གཟུགས་གོ་འབྱེད་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ནི་སྒོ་ལྔའི་ཤེས་པ་རྐྱེན་བཞི་ལས་སྐྱེ་བའི་དེ་མ་ཐག་མེད་པས་ཤེས་པ་གཏན་མི་སྐྱེའོ། །སོ་སོར་བརྟག་པའི་འགོག་པ་ནི་སོ་སོར་བརྟག་པའི་ཤེས་རབ་ཀྱིས་འཁོར་བའི་ལས་ཉོན་གཏན་སྤངས་ནས་ཕྱིས་སྐྱེ་བ་མེད་པའོ། །དེ་བཞིན་ཉིད་ནི་ཆོས་ཉིད་རྣམ་པར་དག་པ་སྟེ་ཡེ་ནས་གནས་པའོ། །བཞི་པ་དེ་ནི་རྒྱུ་འབྲས་ལས་འདས་ཏེ་གང་གི་རྒྱུ་འབྲས་གང་ཡང་མ་ཡིན་པའི་ཕྱིར་འདུས་མ་བྱས་སོ། །བརྒྱད་པོ་དེ་ནི་སྒོ་ལྔའི་ཡུལ་མ་ཡིན་པས་ཐུན་མོང་མ་ཡིན་ཞེས་བྱའོ། །ཐུན་མོང་མ་ཡིན་པའི་ཆོས་ཡུལ་མ་འགག་པར་གསལ་བའི་ཤེས་པ་ཉིད་རང་དག་པ་ནི། སྤྱི་དང་རང་གི་མཚན་ཉིད་མ་འདྲེས་གསལ་བའི་ཡེ་ཤེས་སུ་ཤར་བའོ། །ཡུལ་ལྔ་ཐ་དད་རིས་སུ་དབང་བྱེད་པའི་ཤེས་པ་ལྔ་ཉིད་ཡེ་དྲི་མ་དང་བྲལ་བར་རྟོགས་པ་ལས། དེ་ཉིད་བདག་གཞན་གྱིས་དོན་གྲུབ་པའི་ཡེ་ཤེས་སུ་སྣང་སྟེ། མདོར་ཤེས་པ་དང་ཡེ་ཤེས་གཉིས་ཀ་གཅིག་དུ་མ་ལས་གྲོལ་བའི་ངོ་བོའང་མཚན་ཉིད་མཐུན་ཕྱོགས་སུ་སྣང་བར་ཟད་ཀྱི་རྒྱ་ཆད་ནི་མ་ཡིན་ནོ། །ལང་ཀའི་བདག་པོ། དེ་ཡང་མིན་པ་ལས་ཡིན་པར་བསྒྲུབ་པའམ་མི་འདྲ་བ་ཅིག་འདྲ་བར་བཅོས་པ་ནི། ཞེས་པ་དག་ལམ་པ་དག་འཕྲལ་དུ་དྲི་མ་བསལ་བ་ལས། གཟོད་བྱུང་ངོ་སྙམ་པའི་རྟོག་པ་བསལ་བ་དང་། ཡེ་ཉིད་པའི་དགོས་དགོངས་དང་ལྡན་པའི་ཕྱིར་བསྟན་ཏེ། གང་ཟག་གིས་མི་འདྲ་བ་ཞིག་འདྲ་བར་བཅོས་པ་སྦྱངས་བསགས་བྱས་པས་གཟོད་ཡིན་པར་བྱས་པ་མིན་ཏེ། འཕྲལ་དུ་མ་བཅོས་མ་བསྒྱུར། རྩོལ་བས་མ་བསླད་སེལ་མ་ཞུགས་བྱེད་པའི་མ་བྱས་རྒྱུ་རྐྱེན་ལས་མ་བསྒྲུབ། དུས་མ་བརྩམས་འཕྲལ་དུ་མ་བྱས་པའི་ཕྱིར། གཏན་ཚིགས་བཞིས་ཡེ་ནས་རང་བཞིན་ཁོ་ཐག་ཆོད་དོ། །དེ་ནས་ཡང་ལང་ཀའི་བདག་པོས་དྲིས་པ། གསང་བའི་བདག་པོ་གང་གི་ཡེ་ཤེས་དེ་འདི་ལྟར་ལྔ་ཁོ་ནར་ཟད་དམ། ཞེས་པ་ལ་སོགས་པ་སྡུད་པ་པོས་ཡེ་ཤེས་ཀྱི་གྲངས་དྲིས་པའི་ལན་དུ། ཐེག་པའི་གང་གི་དབང་གིས་གྲངས་དེ་ཉིད་དུའང་ནང་གི་འདུལ་བ་ལ་སྣང་ལ། དེར་མ་ཟད་དེ་གདུལ་བྱ་ཐ་དད་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་གྲངས་ལས་འདས་པ་དང་། འཕགས་པ་ཉན་ཐོས་ཀྱི་བཅུ་དྲུག་དང་། རང་རྒྱལ་བའི་གཟུགས་ཀྱི་ཕུང་པོ་རྟོགས་པའི་ཡེ་ཤེས་རིགས་གཅིག་དང་། རྣམ་པར་རིག་པའི་མཚན་ཉིད་གསུམ་ཞེའམ། མདོར་བྱང་ཆུབ་སེམས་དཔའི་ལམ་གྱི་ཡེ་ཤེས་གསུམ་དང་། རིགས་སྔགས་ཀྲྀ་ཡའི་རྒྱུ་འབྲས་དང་། རྒྱུ་འབྲས་དབྱེར་མེད་པའི་ཡེ་ཤེས་གསུམ་དང་། རྣལ་འབྱོར་ཡོ་གའི་ཡེ་ཤེས་བཞི་དང་། ལྷག་པའི་རྣལ་འབྱོར་གྱི་རང་བྱུང་གི་ཡེ་ཤེས་ལ་སོགས་པ་སྐབས་ཀྱིས་མ་ངེས་པའོ། །ལང་ཀའི་བདག་པོ། དེ་ལས་ཡེ་ཤེས་ལྔ་སོ་སོར་མ་འདྲེས་པ་ལས་ནི་རིགས་ལྔར་སྣང་ལ། ཞེས་པ་ལ་སོགས་པ་ཡེ་ཤེས་ཉིད་རིགས་ལྔར་སྣང་བ་དེ་ཉིད་སྐུ་བཞིའི་ངོ་བོ་ཡིན་པ་ནི་ཡེ་ཤེས་ཀྱི་ལས་དང་མཚན་ཉིད་སྣང་བའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལས་དང་ནུས་པ་ཐམས་ཅད་དུ་གསལ་བ་མི་འགོག་པས་སྒྲིབ་པའི་ཕུང་པོ་ཀ་ནས་བཅོམ་པས་རྡོ་རྗེའི་རིགས་སུ་སྣང་ངོ་། །ཆོས་ཉིད་ཀྱི་ཡེ་ཤེས་ལས། ཡེ་ཤེས་བཞི་ཆར་འཆར་བར་མཛད་ཅིང་དེར་གཅིག་པས་དེ་བཞིན་རིགས་སུ་སྣང་སྟེ། ཆོས་དབྱིངས་ཡེ་ཤེས་དེ་ཉིད་ཡེ་ཕྱི་མོའི་ལ་དབྲི་བསྣན་མེད་པའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ཡིན་ལ། དེའི་དོན་དེ་གཉིས་འདུས་པ་མེ་ལོང་ལྟ་བུས་རྟོགས་ཏེ་གཉིས་སུ་མེད་པ་ནི་ཆོས་ཀྱི་སྐུའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་དང་མཐུ་སྡུད་ཅིང་མ་འཕྲོས་པ་ལས་ཡོན་ཏན་རིལ་རྫོགས་པས་རིན་ཆེན་རིགས་རྒྱུད་དུ་ཤར་རོ། །སོ་སོར་རྟོག་པའི་ཡེ་ཤེས་ལས་དང་མཐུ་ཆོ་འཕྲུལ་འབྱུང་ཞིང་མ་འཆོལ་བར་གསལ་བ་ལ་གང་གིས་ཀྱང་མ་ཟིན་པས་པདྨོའི་རིགས་རྒྱུད་དུ་སྣང་སྟེ། ཡེ་ཤེས་དེ་གཉིས་མེད་པ་ལས་ལོངས་སྤྱོད་རྫོགས་པའི་སྐུར་སྣང་སྟེ། ཐམས་ཅད་བཏང་ལ་འཛིན་པ་མེད་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ལས་དང་ནུས་པ་ཕུན་སུམ་ཚོགས་པ་དང་རྒྱུར་གྱུར་པའི་ཕྱིར། དོན་རིལ་མི་འགོག་པར་མཛད་ཅིང་གྲུབ་པས་བསྒྲེས་རྒུད་བྲལ་བ་ལས་ཀྱི་རིགས་རྒྱུད་སྣང་ངོ་། །དེས་ནི་གསང་བའི་རེག་མྱོང་བ་དང་། སྐུ་ཐ་དད་སྣང་བས་སྐུ་གཉིས་སུ་ཤར་ཏེ། ངོ་བོ་ཉིད་གཞིའི་ཕྱིར་གཞིར་བསྟན་པའོ། །སྤྲུལ་པའི་སྐུ་ཐ་དད་པ་ལས་ནི་ཡི་གེ་དང་། ཞེས་པ་དག་སྒྲ་བཞིན་ཏེ། དེའི་བྱིན་རླབས་སྣང་བས་བྱུང་ཚུལ་གྱི་དོན་དང་མི་འགལ་ལོ། །ལང་ཀའི་བདག་པོ་དེ་བས་ན་གསང་སྔགས་ནི། ཞེས་པ་ལ་སོགས་པ་ཟབ་མོའི་དོན་ནི་ཆོས་སོ་ཅོག་དུས་ཇི་བཞིན་པ་ཉིད་དུ་གསལ་ལ་གཡོས་པར་སྣང་སྟེ། རང་བཞིན་གྱི་སྣང་བའོ། །ཡང་དག་པར་རྫོགས་པར་སངས་རྒྱས་པ་རྣམས་ཀྱང་། གསང་བའི་བྱིན་རླབས་ལྔ་ལ། ཀཱ་ཝཱ་ཙིཏ་སོགས་པར་སྣང་བར་གདུལ་བྱ་ལ་གསལ་ལོ། །ལང་ཀའི་བདག་པོ་དེ་ཅིའི་ཕྱིར་ཞེ་ན། ཞེས་པ་གསང་སྔགས་ལས་སྐྱེས་བུ་དམ་པ་སྣང་བའི་གཏན་ཚིགས་བརྗོད་པ་སྟེ་སྒྲ་བཞིན་ནོ། །གསང་སྔགས་མཐོང་བར་འདོད་པའི་མེ་ལོང་དུ་ནི། ཞེས་པ་ལ་སོགས་པ་རྨད་དུ་བྱུང་བའི་ཐེག་པ་འདིར་ཐ་སྙད་ཐམས་ཅད་བྱང་ཆུབ་སེམས་མཆོག་གི་ལམ་ཡིན་པའི་ཕྱིར། རྟོགས་པས་མཚོན་པར་བྱ་བའི་ཐབས་སུ་མཚན་མ་ཀུན་འགྱུར་ཏེ། ཡ་མཐའ་རྒྱལ་བ་དང་མ་མཐའ་སེམས་ཅན་ལྡེམ་བུ་རྡུལ་ཕྲ་རབ་ཡན་ཆད་ཀྱིས། གསང་སྔགས་ཇི་བཞིན་པ་མི་གཡོ་ལྷན་ནེ་བ་ཤིན་ཏུ་ཡང་ལྷག་གེ་གསང་ཞིང་མངོན་དུ་ལྷམ་མེ་བྱེད་པའོ། །ལམ་པའི་ཐེ་ཚོམ་ཆོད་པར་བྱེད་པའོ། །རིག་པ་གདེངས་རྙེད་པར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། མཛོད་དམ་པར་གྱུར་པའོ། །ཞེས་པ་ལ་སོགས་པ་གསང་དོན་ཆེན་པོ་རྒྱལ་བ་དང་འགྲོ་བ་ནས་ཐ་སྙད་ཐམས་ཅད་ལས་བསྣུམས་ཚབ་ཆེ་ཆུང་མེད་དེ། རིལ་གསལ་བ་ཇི་བཞིན་པ་གསུང་ལྔ་རྫོགས་པ། གསང་སྔགས་འབྱུང་བའི་མཛོད་དམ་པར་གྱུར་པའོ། །གཞི་ཡིན་པ་གསང་བའི་དོན་ཇི་ལྟ་བ་གླེགས་བམ་ཆེན་པོར་གྱུར་པའོ། །སྟོན་པའི་གསུང་རབ་དམ་པ་ཆོས་སོ་ཅོག་ཉིད་དོ། །གསང་དོན་རྒྱ་ཆེན་པོར་བཤད་པའོ། །ཇི་ལྟ་བ་འགྲེལ་བ་ཆེན་པོའོ། །གསང་སྔགས་གདུལ་བྱའི་རིག་པ་ལ་འཇལ་བར་ཡོངས་སུ་གོ་བར་སྒྲོགས་པའོ། །བྱེད་པའང་འདི་དག་ཉིད་དེ། ཡེ་ནས་དེ་ཉིད་ཡིན་པའོ། །དེ་ལྟ་བས་ན་ཐེག་པ་སོ་སོའི་ཐབས་སུ་གྱུར་ཏོ་ཅོག་འདིའི་བྱིན་རླབས་ལས་སྣང་བ་སྟེ། འདིར་ཕྱོགས་ཀྱིས་ཐབས་ལ་རག་ལུས་པ་མེད་དོ། །ལང་ཀའི་བདག་པོ། དེ་བས་ན་གསང་སྔགས་ནི། ཞེས་པ་དག་སྙེགས་པ་ནི་གཏན་ཚིགས་སུ་འཇལ་ཏེ། དོན་ཟབ་མོ་དེ་ཉིད་ཆོས་ཐམས་ཅད་ལ་རང་གི་རང་བཞིན་གྱིས་སྣང་བ་ནི། རང་བཞིན་གྱི་གཏན་ཚིགས་དང་། ཆོས་ཉིད་ཀྱི་རིག་པས་ཡིད་ཆེས་པར་འགྱུར་རོ། །ཇི་བཞིན་པར་སོན་པའི་རྒྱལ་བ་རྣམས་ནི། ཉིད་ཀྱིས་བྱིན་རླབས་ཀྱིས་ཐེག་པ་ཆེན་པོ་སྒྲོགས་ཏེ་གདུལ་བྱའི་རྒྱུད་སྣང་བའོ། །ལང་ཀའི་བདག་པོས་སྨྲས་པོ། ཞེས་པ་ལ་སོགས་གསང་སྔགས་ཀྱི་ངོ་བོ་དྲིས་པ་སྟེ་སྒྲ་བཞིན་ནོ། །ངོ་བོ་བསྟན་པར་ངེས་པ་གང་སྙམ་པ་ལ། ལང་ཀའི་བདག་པོ། གསང་སྔགས་ཞེས་བྱ་བ་ནི། ཞེས་པ་ལ་སོགས་པ་དངོས་པོ་ཉིད་བསྟན་པ་ནི་གང་ཞེ་ན། ཇི་སྙེད་པར་བལྟས་པ་དེར་སྣང་ཙམ་ན་ངོ་བོ་འདི་འདྲར་མེད་པས་གཉིས་ཀ་མ་སྤངས་གྲོལ་བ་ལས། དབུ་མའི་བླ་དྭགས་ཙམ་ཡང་མེད་པ་ཉིད་དུ་ངེས་པར་གཟུང་བའོ། །འོ་ན་དེ་གང་གི་སྤྱོད་ཡུལ་ཡིན་སྙམ་པ་ལ། དེའི་དྲིས་ལན་གྱིས་བསྟན་པའི་ཕྱིར། ལང་ཀའི་བདག་པོས་སྨྲས་པ། གསང་བའི་བདག་པོ་འོ་ན། ཞེས་པ་དྲིས་པ་དང་ལན་བརྡ་འཇལ་སླའོ། །འདི་ལ་དཔག་ཚད་གཅིག་ལ་རྡུལ་ཕྲ་རབ་མི་འཁྲུག་ཕྲག་གཅིག་དང་། ཞེས་པ་མཆོག་རབ་ལྷུན་པོ་ལྟ་བུའི་རྡུལ་ཕྲ་རབ་གྲངས་ཀྱིས་ཆོད་པ་ཡང་། དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པའི་དཔག་ཚད་གཅིག་ལ་རྒྱང་གྲགས་བརྒྱད། རྒྱང་གྲགས་གཅིག་ལ་འདོམ་ལྔ་བརྒྱ། འདོམ་གཅིག་ལ་ཁྲུ་བཞི། ཁྲུ་གཅིག་ལ་སོར་བཅུ་དྲུག་ནས་རྡུལ་ཕྲ་རབ་ཀྱི་བར་དུ་རྩིས་ཀྱིས་ཆོད་པ་དང་། རྡུལ་ཕྲ་རབ་བཅུ་ལ་རྡུལ་ཕྲན་གཅིག་ཏུ་བརྩིས་པ་ནས་ཡར་གྱེན་དུ་གྲངས་ཀྱིས་ཆོད་པས། མཇུག་རི་བོ་ཆེན་པོ་དང་། སའི་དཀྱིལ་འཁོར་སྟོང་གསུམ་མན་ཆད་ལ་རྩིས་ཀྱིས་གཅོད་པ་ནི། རྡུལ་ཕྲ་རབ་རྡུལ་དང་རྡུལ་ཕྲན་དང་། ལྕགས་ཆུ་རི་བོང་ལུག་དང་གླང་ཞེས་པ་ལ་སོགས་པ་མངོན་པ་མཛོད་ལས་གསུངས་པ་བཞིན་ནོ། །དེ་བས་ན་གྲངས་ཀྱི་མུ་ནི། གཅིག་བཅུ་བརྒྱ་དང་བརྒྱ་བཅུ་སྟོང་། །སྟོང་བཅུ་ཁྲི་དང་ཁྲི་བཅུ་འབུམ། །འབུམ་བཅུ་བྱེ་བ་ཕྲག་གཅིག་གོ། །བྱེ་བ་བཅུ་དང་དུང་ཕྱུར་ཆེ་བ་སྟེ་དུར་ཕྱུར་ཆེ་བཅུ་ཆུང་ངུའོ། །དེ་བཞིན་བཅུ་ཕྲག་རེ་ཞིང་འགྱུར། །དེས་ན་ཁྲག་ཁྲིག་ཆེ་ཆུང་དང་། །དེ་བཞིན་ཤི་རྡོག་ཆེ་ཆུང་གཉིས། །མཆོག་ཉལ་ཆེ་ཆུང་རྒྱལ་ཕྱེས་གཉིས། །བྱེ་བའང་དེ་བཞིན་ནབ་ནུབ་གཉིས། །མཆོག་ཡས་གཉིས་དང་རབ་བཀྲམ་གཉིས། །གཏམས་ཆེ་ཆུང་དང་དཀྲིགས་ཆེ་ཆུང་། །ཁྱད་ཕྱིན་ཆེ་ཆུང་བར་སྟེང་གཉིས། །དད་འདྲེན་གཉིས་དང་མཐར་སྣང་གཉིས། །རྒྱུ་རིག་ཆེ་ཆུང་འོད་མཛེས་གཉིས། །དབང་པོ་ལེགས་འབྱིན་ཆེ་ཆུང་བཞི། །རྟོགས་འགྲོལ་ཆེ་ཆུང་འབྱིང་རྟུལ་གཉིས། །སྟོབས་འཁོར་བརྡར་ཕྱེས་གཉིས་ཆེ་ཆུང་། །རྣམ་འབྱུང་ཆེ་ཆུང་སྟོབས་མིག་འདྲ། །ཅིག་ཏུ་རྒྱང་ཕྱེད་ཆེ་ཆུང་གཉིས། །ཐིག་འབུམ་ཆེ་ཆུང་འཕྱོར་རྫི་གཉིས། །འབུམ་ལྷམ་མེ་སྟེངས་ཆེ་ཆུང་བཞི། །ལྗོན་ཁྲིམས་གཉིས་གཉིས་ཟིམ་ཆེ་ཆུང་། །ཁམས་གཉིས་ཡིད་མལ་ཆེ་ཆུང་སྟེ། །ཀུན་ལའང་ཆེ་ཕྲ་གཉིས་གཉིས་སོ། །ཞེས་པའི་དོན་གྱིས་གྲངས་དེ་བསྡོམས་པ་ལས་མི་འཁྲུགས་ཞེས་བྱ་སྟེ། གཞིར་གཞག་པའི་གྲངས་ཁྲག་ཁྲིག་ནི་མི་འཁྲུགས་ཁྲག་ཁྲིག་གཅིག་གོ། །བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སུམ་ཅུ་དང་། ཞེས་པ་དབྱེ་བ་དེ་རིལ་གཅིག་ཏུ་བརྩིས་ནས་གྲངས་གཞིར་བཞག་ནས་བགྲངས་པའི་པའི། ཁྲག་ཁྲིག་གཅིག་ཏུ་བརྩིས་པ་འབུམ་ཕྲག་སུམ་ཅུ་དང་གྲངས་ཕྲག་གཉིས་སོ། །བྱེ་བ་དྲུག་ཅུ་ཕྲག་བརྒྱ་དང་། ཞེས་པ་དབྱེ་བ་དེ་རིལ་གཅིག་ཏུ་བརྩིས་པ་དེ་སྙེད་དང་གསུམ་མོ། །བྱེ་བ་ཕྲག་སུམ་ཅུ་རྩ་གཉིས་དང་། ཞེས་པ་དེ་རིལ་བསྡོམས་ནས་གཅིག་ཏུ་བརྩིས་ནས་བསྒྲངས་པ་དེ་སྙེད་དང་གྲངས་ཕྲག་བཞིའོ། །འབུམ་འཕྲག་ལྔ་དང་། ཞེས་པ་དབྱེ་བ་དེ་རིལ་བསྡོམས་པ་གཅིག་ཏུ་བགྲངས་པ་དེ་སྙེད་ཡོད་དེ་གྲངས་ཕྲག་ལྔའོ། །ཁྲི་ཉིས་སྟོང་ཡོད་ལ། ཞེས་པ་དབྱེ་བ་རིལ་གཅིག་ཏུ་བརྩིས་པ་དེ་སྙེད་གྲངས་དྲུག་གོ། །དེ་དག་ནི་དཔག་ཚད་གཅིག་ཚད་བསྙད་པའོ། །དེ་དག་ལ་ཡང་མེ་དང་ཆུ་དང་རླུང་། ཞེས་པ་འབྱུང་བ་བཞི་ཀ་ལ་བཤད་པ་བཞིན་རྩིས་ཀྱིས་ཆོད་པ་དང་། སྟོང་གསུམ་ལ་ཆོད་པ་སྒྲ་བཞིན་ནོ། །འདི་དག་ནི་འབྱུང་བ་འཁྱུག་པ་དང་། ཞེས་པ་ལ་སོགས་པ་དབྱིབས་རྣམས་ཉེ་བར་བསྟན་པ་ནི་གྲངས་ཀྱིས་རྟོགས་པར་འགྱུར་ཏེ། འབྱུང་བ་སྣ་གཅིག་ནས་གཅིག་ཏུ་འཁྱུགས་པ་དང་། སླར་འཁྱུལ་བ་དང་། ཐ་མར་འཕྲིལ་བ་དང་། ཕན་ཚུན་དུ་འཁྱོགས་པ་དང་། གཅིག་ལ་གཅིག་འཁྲིལ་བ་དང་། གཅིག་ཏུ་འཁྱིལ་བ་དང་། ལོགས་ལ་འཇར་བ་དང་། མ་འདྲེས་པར་བཤར་བ་དང་། གྲྭ་མཐའ་ཞ་པ་དང་། སྣ་འཕྲོས་པས་ལྡེམ་པ་དང་། གཡས་གཡོན་དུ་ལུག་པས་འབུས་པ་དང་། གཅིག་ལ་གཅིག་འཁྲིལ་བ་དང་། དབྱིབས་ལུས་བྱིན་དུ་འཆུས་པ་དང་། དངོས་པོ་གཞན་བསྡུ་བ་ནི་ཐུན་མོང་གྲགས་པའི་དབྱིབས་བཅུ་དག་གོ། །དེ་ལྟ་བུ་མི་གཅིག་པ་སྣ་ཚོགས་པ་ལ་ཐ་དད་དུ་རྟོགས་ཅིང་འབྱེད་པ་དང་། གཞན་ཡང་བརྡ་དང་མཚན་མ་དང་། །ཞེས་པ་ལ་སོགས་པ་ཕྱིའི་དབྱིབས་ལས་བཀར་བ་ནི། ནང་གི་རྟོག་ཞེན་ཏེ། ཞེས་པས་ཕྱིའི་ཆོས་སུ་སྣང་བར་བྱེད་ནུས་པ་དང་། ཕྱི་རོལ་དང་ནང་གི་དངོས་པོ་རིལ་འདུ་ཤེས་ཀྱིས་མ་འདྲེས་པར་སོ་སོར་འཛིན་པ་དང་། དངོས་པོར་མ་གྲུབ་ཅིང་བཏགས་པའི་མིང་ཙམ་དང་། བཏགས་པའི་མིང་ཇི་སྙེད་པ་ལ་རྗེས་སུ་ཤེས་པས་རྟོག་ཅིང་འཇུག་པ་བདག་གོ། །དེ་དག་གི་དོན་སྒྲ་ཇི་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ལ་སོགས་པ་སྒྲ་ཇི་བཞིན་དུ་འགྲེལ་ཏོ། །ལང་ཀའི་བདག་པོ་གང་བློ་ཞིབ་པ་བས་ཆེས་ཞིབ་པ་ནི་འདི་ལྟ་སྟེ། ཞེས་པ་དག་སེམས་ཀྱི་ཆོས་ཉིད་གཅིག་རྟོགས་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་དང་། དེ་ཤེས་པས་ཐམས་ཅད་ཤེས་པར་འགྱུར་ཞིང་གཉིས་སུ་མེད་ཅིང་ངོ་བོ་ལས་གྲོལ་བའི་ཕྱིར་རོ། །ལང་ཀའི་བདག་པོ། བློ་ཟབ་པ་བས་ཆེས་ཟབ་པ་ནི། ཞེས་པ་དག་ཟབ་པ་འདྲ་ལ་མི་ཟབ་པའི་ཡུལ་མིན་པ་སྟེ། ཆོས་ཐམས་ཅད་མཐའ་དབུས་སོགས་འབྱེད་པས་ཐུག་པ་ཉིད་དུ་ཐུགས་པ་སྟེ་དོན་ལ་བཙལ་བས་མི་རྙེད་ཅིང་དབྱེ་བ་བྱར་མེད་དོ། །ལང་ཀའི་བདག་པོ་འོན་ཏང་ན། །ཞེས་པ་དག་ཟབ་པ་ལས་ཀྱང་ཆེས་ཟབ་པའི་སྤྱོད་ཡུལ་ཡིན་པ་སྟེ། ཆོས་རིལ་པོ་མུ་གཏིང་མཐའ་དབུས་མེད་པར་རྟོགས་པ་ནི་བུདྡྷའི་དགོངས་པ་ཡིན་ལ་དེ་རྟོག་དཔྱོད་དང་བྲལ་བའོ། །དེ་ལྟར་ཕལ་གྱི་ཐུན་མོང་མིན་པ་དེ་གང་གིས་མཚོན་ནས་ཤེས་སྙམ་པ་ལ། སྨྲས་པ། གསང་བའི་བདག་པོ། གསང་བའི་དབྱིངས་དེ་དཔེ་གང་ལས་ལྟོས་ཏེ་ཤེས་པར་བྱ། ཞེས་པ་ལ་སོགས་པ་སྒྲ་བཞིན་ནོ། །གསང་བའི་དབྱིངས་དེར་ནི་ནམ་མཁའ་འདུས་ལ། ཞེས་པ་རིལ་རང་རིག་པ་ཉིད་ཀྱིས་རྒྱས་བཏབ་པའི་ཕྱིར་དང་། ནམ་མཁའ་ལས་ཡོན་ཏན་དང་མཛད་པ་མང་པོ་འཆར་མི་ནུས་པའི་ཕྱིར་རོ། །ནམ་མཁའི་ངོ་བོ་དྲིས་པ་དང་། ལན་སྒྲ་བཞིན་ནོ། །གང་གི་གོ་སྐབས་ཡོད་པ་ཁོ་ནའོ། །ཞེས་པ་དག་ནི་ཆོས་གསུམ་གྱིས་ནམ་མཁའ་གསང་བའི་དབྱིངས་ལ་ཉེ་བར་མཚོན་བྱེད་དུ་གྱུར་པ་ནི། འབྱུང་བའི་ནམ་མཁའ་ཉིད་གང་གི་གོ་སྐབས་ཡོད་པ་དང་རིལ་གསལ་བར་བྱེད་ཅིང་ཤོང་བ་དང་། ངོ་བོ་མེད་ལ་མཐའ་མི་ཟད་མི་ཤེས་པ་དང་། རང་གི་སྟོང་ལ་མཚན་ཉིད་གཟུང་དུ་མེད་ལ་འཇའ་རླན་ལ་ཐམས་ཅད་འབྱུང་བའོ། །སོགས་པ་སྣང་བ་ལྟར་སེམས་ཉིད་ཀྱང་ཉེ་བར་སྦྱར་ཏེ། ཕྱོགས་མཐུན་པའི་ཆ་ཙམ་སྨོས་ཀྱང་། ངོ་བོ་ལ་རྒྱ་ཆད་པ་མེད་དེ་ཀུན་གྱིས་མཚོན་ཏོ། །རང་རིག་ཇི་བཞིན་པའི་ངོ་བོ་དེའི་ཡོན་ཏན་གྱི་བྱེ་བྲག་གིས་མཚན་ཅིར་ཡང་གྲགས་པ་གང་ཞེ་ན། གསང་བའི་དབྱིངས་དེ་ནི་ཐམས་ཅད་རང་རིག་པའི་ཕྱིར། རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ། ཞེས་པ་གཏན་ཚིགས་ཀྱིས་གྲུབ་པ་ནི། ངོ་བོ་རྒྱུ་རྐྱེན་དང་བྲལ་བ་ཁོ་ན་བས་ཡེ་ཤེས་ཆེན་པོ་གཅིག་ཁོ་ནའོ། །ཡེ་ཤེས་དེ་ལས་ནི་སྐབས་ཁ་ཅིག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་ཀྱང་བྱའོ། །ཞེས་པ་དག་རང་བྱུང་གི་ཡེ་ཤེས་ནི་ཡེ་ཤེས་ཐམས་ཅད་པའི་ཕྱིར་སྐབས་ལ་ལར་སྤྱོད་ཡུལ་ཡེ་མེད་མི་རྟོག་པ་ལ། འཛིན་པ་བྲལ་བ་ལ་གྲགས་པ་དང་། ལ་ལར་དེ་ཉིད་མཐའ་གཉིས་བྲལ་བའི་སྟོང་པ་ཉིད་ཆ་ལས་གྲགས་པ་དང་། ལ་ལར་དེ་ཉིད་ལས་ཡེ་ཤེས་དང་ཡོན་ཏན་ཆོས་དབྱིངས་ཐམས་ཅད་སྣང་བའི་གཞིར་གྱུར་པ་ལས་གྲགས་པ་དང་། ལ་ལར་རང་གི་ངོ་བོ་རྣམ་པར་དག་གསལ་ལ་མི་རྟོག་པ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །ལ་ལར་བླང་དོར་མེད་ཅིང་མཉམ་ཉིད་གཉིས་པ་བྱུང་མ་མྱོ་བའི་ཕྱིར་བཏགས་པ་དང་། ལ་ལར་ཤེས་བྱ་གཉིས་སུ་སོ་སོར་གསལ་བའི་ཆ་ལས་བཏགས་པ་དང་། ལ་ལར་བསྒྲུབ་བྱ་བྱ་བ་ཟིན་པའི་ཡོན་ཏན་ལས་བཏགས་པའོ། །ལང་ཀའི་བདག་པོ་དེ་དག་ནི། ནམ་མཁའ་ལྟ་བུའི་ཡེ་ཤེས་དང་། ཞེས་པ་ལ་སོགས་པ་སྡུད་པ་པོ་ལ་བོས་ནས་ཡེ་ཤེས་ཀྱི་དཔེ་ཡིས་མཚན་ངེས་པར་འགྲུབ་པ་སྟེ། ཇི་ལྟ་ཞེ་ན། འབྱུང་བའི་ནམ་མཁའ་ལྟར་ངོ་བོ་སྟོང་ལ་རིལ་འབྱུང་བའི་ཕྱིར་དང་། གཟུགས་མཛེས་ལྟར་གསལ་ལ་མི་རྟོག་པ་དང་། ཆེན་པོ་འབྱུང་བ་བཞི་ལྟ་བུར་སྤོང་ལེན་མེད་པ་དང་། ཕྱོགས་བཅུ་མི་མཐུན་ཐ་དད་མ་འདྲེས་ལྟར་ཤེས་པར་བྱ་བ་མཁྱེན་པ་དང་། ནོར་བུ་རིན་ཆེན་ལྟར་བདག་གཞན་གྱི་དགོས་པ་འགྲུབ་པའོ། །ལང་ཀའི་བདག་པོ་མེ་ལོང་ནི་ཆོས་མཐུན་པའི་དཔེ་ཉེ་བར་བཟུང་བ་སྟེ། ཞེས་པ་ལ་སོགས་པ་དེ་དག་སོ་སོ་ནས་མཐའ་མཐུན་པ་ཉེ་བར་སྦྱོར་བའི་ཆོས་དུ་དང་ལྡན་པས་མཚོན་པ་བསྟན་པའི་དོན་ཡ་ཀི་ན་བཤད་ཟིན་ཏེ་འཆད་པར་ཡང་འགྱུར་རོ། །འདིར་མེ་ལོང་ཆོས་བཅུ་དྲུག་དང་ལྡན་པས་མཚོན་ཏེ། མེ་ལོང་ནི་གང་ལྟ་བ་པོའི་དྲི་མ་སེལ་བ་དང་། དེའི་ཡོན་ཏན་འབྱིན་པ་དང་། མཐོང་བྱ་གསལ་བར་བྱེད་པ་དང་། དངོས་པོ་གཟུགས་བརྙན་ནོ་ཅོག་སྣང་བར་བྱེད་པ་དང་། གཟུགས་བརྙན་འབྱུང་བ་ལ་རྩོལ་བ་མེད་པ་དང་། འཕྲལ་དུ་མངོན་དུ་རྩོལ་བའི་འདུ་བྱེད་དང་བྲལ་བ་དང་། གཟུགས་བརྙན་དང་མཐོང་བྱ་མཐོང་བྱེད་སོ་སོ་མ་ཡིན་པའི་ཕྱིར་དང་། མེ་ལོང་གི་ནང་ན་གསལ་བའི་ཕྱིར་དང་། གཟུགས་བརྙན་དངོས་པོ་ཉིད་མ་ཡིན་པའི་ཕྱིར་དང་། གཟུགས་བརྙན་ལས་གཞན་པ་ཞིག་མེད་པའི་ཕྱིར་དང་། མེ་ལོང་གི་ཕྱོགས་ཀུན་ནས་ཀྱང་ལྷག་ཆད་མེད་པར་གཟུགས་བརྙན་སྣང་བ་དང་། གཟུགས་བརྙན་གྱིས་མེ་ལོང་གི་རྒྱ་ཕྱོགས་མ་ཆད་པར་གང་བ་དང་། མེ་ལོང་ལས་གཞན་དུ་སྣང་བ་མ་ཡིན་པ་དང་། མེ་ལོང་གསལ་བ་དེ་གཡའ་ཡིས་གཡོགས་པ་མེད་པ་དང་། མེ་ལོང་གསལ་བ་འབའ་ཞིག་པའི་ཕྱིར་འཐིབས་པ་མ་ཡིན་པ་དང་། གཟུགས་བརྙན་མེ་ལོང་ལས་གུད་དུ་བཀོལ་བ་མ་ཡིན་ཏེ། གཞན་ཆུ་དང་བ་ལ་སོགས་པ་ནི་སྐབས་ཀྱིས་མ་སྨོས་པའི་ཕྱིར་རོ། །དེ་བས་ན་ཆོས་ཇི་ལྟ་བ་དེ་དག་ཡེ་ཤེས་ལ་ལྡན་ཏེ་རྗེས་སུ་སྦྱར་རོ། །རེ་ཞིག་གདུལ་བྱའི་ངོ་སྐལ་ཙམ་དུ་སྨོས་ཀྱང་དོན་གྱིས་དབང་དུ་ཕྱོགས་རིས་མེད་དོ། །ལང་ཀའི་བདག་པོ་ཆེན་པོ་ནི་ཆོས་མཐུན་པའི་དཔེ་ཉེ་བར་སྦྱོར་བ་སྟེ། ཡོངས་སུ་ཞེས་པ་ལ་སོགས་པ། འབྱུང་བ་བཞི་ནི་རེ་ཞིག་ཆོས་བཅུ་གསུམ་དང་ལྡན་པའི་ཕྱིར་མཚོན་པས། ཆེན་པོ་རྣམས་ལ་འཆད་པ་དག་རྫོགས་པ་ལྟར། ཡེ་ཤེས་ཀྱང་ཆོས་འདི་དག་རྫོགས་པར་རིག་ཅིང་གསལ་བ་ཉིད་དེ་གང་ཞེ་ན། འབྱུང་བ་བཞི་ལ་རྒྱ་ཆེ་ཆུང་མེད་དེ་གཅིག་གི་མཚན་ཉིད་ལ་ཀུན་ལྡན་པ་དང་། དབྱིབས་རིང་ཐུང་མེད་པ་དང་། ངོ་བོ་བཟང་ངན་བྲལ་བ་དང་། སྐྱོན་དང་ཡོན་ཏན་གྱི་རིས་མེད་པ་དང་། བཟང་ངན་ལ་སྤོང་ལེན་མེད་པ་དང་། གཞིའི་ལས་ལེགས་ཉེས་འཛིན་པ་མེད་པ་དང་། དེ་དག་གཙང་མི་གཙང་རིས་སུ་མ་ཆད་པ་དང་། ངོ་བོ་ལ་བདེ་བ་སྡུག་བསྔལ་མ་སྤང་བྲལ་བ་དང་། གནས་ཡན་མན་མེད་པ་དང་། དེ་དག་ལ་ཤོང་མ་ཤོངས་མེད་པ་དང་། བསྟོད་སྨད་མེད་པ་དང་། རང་གི་མཚན་ཉིད་མ་འདྲེས་པ་དང་། གཅིག་ལ་བཞི་ཀ་ཚང་བས་འདུ་འབྲལ་མེད་པ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་རྗེས་སུ་མཐུན་པར་སྦྱར་རོ། །དེ་བས་ན་ཡེ་ཤེས་ནི་ཐམས་ཅད་པའི་ཕྱིར། གང་གིས་ཀྱང་མཚོན་དུ་བཏུབ་པས་དཔེ་ལ་རིས་མེད་དེ་ངོ་སྐལ་ལོ། །ལང་ཀའི་བདག་པོ་སྣ་ཚོགས་བཀོད་པ་ནི་ཆོས་མཐུན་པའི་དཔེ་ཉེ་བར་བཟུང་བ་སྟེ། ཞེས་པ་ལ་སོགས་པ་ཕྱོགས་བཅུས་སོ་སོར་རྟོག་པའི་ཡེ་ཤེས་མཚོན་པ་ནི་ཆོས་བརྒྱད་དང་ལྡན་པར་སྦྱོར་ཏེ། དངོས་པོ་བཅུ་མ་འདྲེས་པ་དེ་ཡེ་ཉིད་ནས་ཡོད་པ་དང་། དངོས་པོ་གང་ལའང་ཕྱོགས་ཚང་ཞིང་གོ་སྐབས་ཡོད་པས་གཅིག་ལའང་ཀུན་འཇུག་ཅིང་ལྡན་པ་དང་། ངོ་བོ་སོ་སོར་གསལ་བ་དང་། རང་རང་གི་གནས་ན་མ་བསྒྲིབ་པར་སྣང་བ་དང་། རྣམ་པ་བཅུར་གྲངས་ཀྱིས་ཕྱེ་བ་དང་། གསལ་བའི་དབྱེ་བ་གཉིས་དང་། འགྲོ་བའི་ལོངས་སྤྱོད་ཇི་སྙེད་ཕྱོགས་ལ་ལྡན་པ་དང་། ས་ཕྱོགས་ཀྱི་གཅིག་ཀྱང་བཅུར་སྣང་བ་དང་། དུས་ཐམས་ཅད་དུ་སོ་སོར་གསལ་བའི་ཕྱིར་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱང་རྗེས་སུ་སྦྱར་རོ། །ལང་ཀའི་བདག་པོ་ནོར་བུ་རིན་པོ་ཆེ་ནི། ཆོས་མཐུན་པའི་དཔེ་ཉེ་བར་བཟུང་བ་སྟེ། ཞེས་པ་ལ་སོགས་པ་བྱ་བ་གྲུབ་པའི་ཡེ་ཤེས་ནི་ནོར་བུས་མཚོན་པ་ཡང་། ཆོས་བཅུ་བཞི་དང་ལྡན་པས་མཐའ་མཐོང་བར་བྱེད་དེ། གང་ཞེ་ན། ནོར་བུ་རིན་པོ་ཆེ་ལ་དགོས་འདོད་སྐོང་ངོ་བའི་རྟོག་པ་བྲལ་བ་དང་། འདོད་པ་ཚིམ་པའི་ལས་བྱེད་པ་དང་། བསམ་པ་དང་མཐུན་པར་འབྱུང་བ་དང་། དགོས་པའི་ཡོན་ཏན་རྫོགས་པར་ཡོད་པ་དང་། དེ་ལ་སྤྱོད་པར་དབང་བས་འདོད་པའི་ཡོན་ཏན་ཚིམ་པར་བྱེད་པ་དང་། ཡོན་ཏན་སྣང་བ་ལ་དུས་ཀྱིས་བར་ཆད་མེད་པ་དང་། འགྲོ་བ་སྤྲོ་བ་བསྐྱེད་པ་དང་། ཇི་སྙེད་འདོད་པ་འབྱུང་ཡང་འགྲིབ་པ་མེད་པ་དང་། སྤྱོད་པའི་འགྲོ་བ་ལོངས་སྤྱོད་ཀྱི་དགའ་བདེ་ལ་དབུལ་བའི་འཇིགས་པ་མེད་པར་བྱེད་པ་དང་། དུས་སྔ་ཕྱི་ངོ་བོ་གྲུབ་ཟིན་པ་དང་། ཡོན་ཏན་སྣང་བ་ལ་ཟིན་པ་མེད་པར་འབྱུང་བ་དང་། ཡོན་ཏན་ཟློས་བུར་འབྱུང་མི་དགོས་པ་དང་། གང་ལའང་ཆགས་པ་མེད་པར་ཕ་རོལ་ལ་སྣང་བར་བྱེད་པ་དང་། སྤྱོད་པའི་འགྲོ་བ་དེ་ཉིད་ཀྱི་བསམ་དགོངས་འགྲུབ་པར་གྱུར་བ་དེ་ཡེ་ཤེས་ཀྱང་དེ་བཞིན་ནོ། །ཕྱོགས་མེད་པ་བཤད་ཟིན་ཏོ། །སྨྲས་པ། གསང་བའི་བདག་པོ། ཡེ་ཤེས་ཞེས་བྱ་བ་དེ་དོན་གྱི་དབང་གིས་ཚིགས་བླ་དྭགས་ལགས། ཞེས་པ་ལ་སོགས་པ་དྲིས་ལན་སྒྲ་བཞིན་ཏེ། མཚན་ངེས་པའི་དོན་ལའོ། །གནས་གྱུར་གྱི་དཔེ་བསྟན་པའི་ཕྱིར། ལང་ཀའི་བདག་པོ། ཡང་འདི་ལྟར་ནམ་མཁའ་ལྟ་བུར་གྱུར་པ་དང་། ཞེས་པ་ལ་སོགས་པ་ཡེ་ཤེས་ལྔའི་དཔེ་ཉེ་བར་བསྟན་པ་མི་མཐུན་པ་ནི། ཆོས་སོ་ཅོག་ནམ་མཁའ་ལྟར་མཐའ་གཉིས་མ་གྲུབ་པར་གསལ་བར་ཤེས་པ་སྟོབས་སུ་གྱུར་ཙ་ན་ཀུན་གཞི་མེ་ལོང་ལྟ་བུར་གྱུར་ཅེས་བྱའོ། །ཆོས་སོ་ཅོག་འཇའ་ཚོན་ལྟར་མ་གྲུབ་ལ་མ་འདྲེས་གསལ་བར་གྱུར་པ་མཐར་ཕྱིན་པ་རྟོགས་ཅན་ཡིད་སོ་སོར་རྟོགས་པའི་ཡེ་ཤེས་སུ་གྱུར་པའོ། །ཆོས་རྣམས་གཅིག་དང་ཐ་དད་ལས་གྲོལ་བས་བཟང་ངན་དམིགས་པའི་ངོ་བོ་དབྱིབས་དང་ཁ་དོག་ལྟ་བུར་རྟོགས་པ་ནི། ཉོན་མོངས་པའི་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པའོ། །བྱུང་ཚོར་དང་སེམས་བྱུང་ཅི་སྣང་ཅིར་སྲིད་སྤྲིན་རླངས་ལྟར་རང་བྱུང་རང་ཞི་འགྲོ་འོང་མེད་པར་རྟོགས་པ་ནི་སྒོ་ལྔ་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྱུར་པའོ། །ཆོས་ཇི་སྙེད་དེ་དག་ཀུན་གྱི་མཐའ་མ་རེག་ཡེ་ཉིད་སྤུ་མ་བརྗེས་མདོག་མ་བསྒྱུར་མ་བྱས་པའི་ཇི་བཞིན་པ་ཉིད་དུ་རིག་པ་རང་ཤར་བ་ནི། གཞི་དོན་གྱི་ཀུན་གཞི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་རང་ཤར་བའོ། །རེ་ཞིག་ཕྱོགས་མཐུན་པ་ཙམ་ཡང་ཡེ་ཤེས་ཀྱི་དཔེར་ནི་རིས་མེད་དོ། །འོ་ན་ཡེ་ཤེས་ཀྱི་དཔེ་ནི་དངོས་པོ་བེམས་པོ་ལྟ་བུར་གྱུར་པས་དགོས་པ་མེད་དོ་བར་དོགས་པ་ལ། དེ་དག་གི་དོན་ནི་ངོ་བོ་མཚོན་པ་དང་། གནས་གྱུར་གྱི་མཚན་ཉིད་མཚོན་པའི་དགོས་པ་གཉིས་ཀྱི་ཕྱིར་འགལ་བ་ཉིད་དུ་མི་འགྱུར་རོ། །ལང་ཀའི་བདག་པོ། ཐམས་ཅད་གསལ་བ་དང་། ཞེས་པ་དག་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཆོས་རྣམས་ཀྱི་ཆོས་ཉིད་གང་དུའང་མི་རྟོག་ཅིང་ཅིར་ཡང་མ་འགག་པར་བྱེད་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་ཡེ་ཤེས་བཞི་ལ་སོགས་པར་ཇི་སྙེད་པའི་ཡོན་ཏན་སྣང་བའི་གོ་འབྱེད་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་སྤྱི་དང་རང་གི་མཚན་ཉིད་གདུལ་བྱའི་བསམ་པ་ལྟར་ཇི་སྙེད་དུ་སྣང་བ་མི་འགོག་པར་ཆོ་འཕྲུལ་སྣང་བར་བྱེད་པ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མཐའ་གཉིས་སུ་སྣང་པའི་ཆོས་རྣམས་ངོ་བོ་གཉིས་མེད་དུ་བྱེད་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་འབད་རྩོལ་མེད་པར་བདག་གཞན་གྱི་བྱ་བ་མ་ལུས་པར་རྫོགས་པར་བྱེད་པའོ། །དེ་དག་ནི་བྱ་བ་བྱེད་པར་རིགས་པར་བྱའོ། །ཞེས་པ་ཡེ་ཤེས་ཀྱི་ལས་སུ་མིང་ངེས་པར་བསྟན་པའོ། །ལང་ཀའི་བདག་པོ། མ་འདྲེས་པ་དང་ཡོངས་སུ་རྫོགས་པ་དང་། ཞེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཀུན་བཟང་རོའི་རྒྱན་དངོས་ཡུལ་ཆོས་རྣམས་ངོ་བོ་མ་འདྲེས་གསལ་བའི་ཆོས་ཉིད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཡུལ་མཐའ་ལས་གྲོལ་བས་ཡོངས་སུ་རྫོགས་པས་གཉིས་མེད་ཡོན་ཏན་ལྷུན་གྱིས་རྫོགས་པའོ། །སོ་སོར་རྟོག་པའི་ཡུལ་རང་གི་མཚན་ཉིད་མ་འདྲེས་པ་ལ་སྤྱི་དེ་བཞིན་དུ་ཡོངས་སུ་རྫོགས་པ་གཅིག་པའི་ཆོས་རྣམས་སོ། །བྱ་བ་རྒྱུན་དང་གྲུབ་པའི་ཡེ་ཤེས་ཡུལ་དུས་གསུམ་དུ་བར་མ་ཆད་པར་བདག་གཞན་གྱི་བྱ་བ་དག་གོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་དམིགས་པ་མེད་པ་ཡུལ་ཡེ་ནས་སྤྱོད་ཡུལ་བྲལ་བའི་ཆོས་ཉིད་དོ། །དེ་དག་ནི་བལྟ་བར་སྣང་བར། ཞེས་པ་ཡུལ་དུ་ངེས་པའི་གཏན་ཚིགས་སོ། །ལང་ཀའི་བདག་པོ། མ་འགགས་པ་དང་། མ་འཕྲོས་པ་དང་། ཞེས་པ་ལ་སོགས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྩལ་ནི། ཀུན་བཟང་གི་ངོ་བོ་གསལ་ལ་མི་རྟོག་པས་འགག་པ་བྲལ་བའོ། །མ་འགགས་པ་ཡེ་ཤེས་སྣང་བ་ལས། རང་བྱུང་ཡེ་ཤེས་ཉག་གཅིག་ལས། །གདུལ་བྱའི་མོས་དང་མཐུ་དག་གིས། །ཁྱད་པར་བྱེ་བྲག་ལ་སོགས་སྣང་། །རིགས་རྒྱུད་དོན་ལ་གཅིག་ཏུ་གནས། །ཞེས་སོ། །ཆོས་དབྱིངས་མ་བཅོས་གཅིག་ཏུ་གནས། །མེ་ལོང་གསལ་བའི་རང་བཞིན་ཅན། །མཉམ་ཉིད་ཡེ་ཤེས་གཅིག་ཏུ་གནས། །སོ་སོར་རྟོག་པ་མ་འདྲེས་པས། །བྱ་བ་ནན་ཏན་མཐར་ཕྱིན་པའོ། །ཞེས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མཉམ་ཉིད་ལས་རྩལ་ཐ་དད་པའི་མཐར་སྤྲོས་པ་བཅོམ་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་རང་སྤྱིའི་མཚན་ཉིད་ཀྱི་ནུས་པ་མ་འདྲེས་མ་འཆོལ་བས་ངོ་མ་ཤེས་པའི་སྒྲིབ་པ་སྦྱང་བའོ། །བྱ་བ་གྲུབ་པས་བདག་གཞན་གྱི་བསྒྲུབ་བྱ་མ་ལུས་པ། རྣམས་ཡལ་བར་གྱུར་པ་བསལ་ལོ། །ཆོས་ཀྱི་དབྱིངས་ཀྱི་རྒྱུར་གྱུར་པ་ཡེ་ཤེས་སྣང་དུ་མི་འདོད་པ་བསལ་ཏེ། ཡེ་ཤེས་བཞི་ཡང་འབྱིན་པའི་རྩལ་དང་ལྡན་ནོ། །དེ་བས་སྒྲིབ་པ་ལྔ་དག་པའི་ངོ་བོ་དེ་དག་ནི་རྩལ་གྱི་ནུས་པ་དེ་ཉིད་རིག་པར་བྱའོ། །དང་ལྡན་པར་བཞུགས་སོ། །དེ་དག་ནི་རྩལ་གྱི་ནུས་པར། ཞེས་པ་བཤད་པ་དག་རྩལ་གྱི་མཐུར་ངེས་པའི་དོན་བསྟན་པའོ། །ལང་ཀའི་བདག་པོ། དེ་ལྟར་ན་སེམས་ལས་ནི་སེམས་སྣང་བ་ཡིན་ལ། ཞེས་པ་ཡེ་ཤེས་ལ་སྙེགས་པའི་དོན་དེས་ན། སེམས་ཀྱི་རང་རིག་པའི་མཛད་པ་ནི་རིལ་ཚོགས་བརྒྱད་སེམས་ཉིད་དུ་གསལ་ཞིང་མ་འགགས་པར་ཐམས་ཅད་སྣང་བར་མཛད་པ་ཡིན་ལ་དེ་ཉིད་སེམས་ཉིད་དུ་གསལ་བ་ནི་ཡེ་ཤེས་སྣང་བ་ནི། ཀྱི་དོན་མཐོང་ཞིང་ངོ་ཤེས་པར་བྱ་བ་ཡིན་པར་བྱས་ཏེ་པས། དེ་དག་ཀྱང་བཤད་པ་དེ་རྣམས་རིག་པའི་ཡེ་ཤེས་གསང་བ་དམ་པ་དེ་ཁོ་ན་ཉིད་ཇི་བཞིན་པ་ཉིད་རྒྱ་མཚོའི་རླབས་ལྟར་རང་ཤར་བར་རིག་པར་བྱའོ། །ཁོང་དུ་ཆུད་པར་བྱའོ། །ཞེས་བཀའ་སྩལ་པས། འཁོར་གྱི་སེམས་དཔའ་རྣམས་ཐུགས་ཀྱི་བྱིན་རླབས་སྣང་བའི་ཐེ་ཚོམ་ཆོད་དེ་བསྟན་པའི་ཡོན་ཏན་ནོ། །ཐུགས་ཡེ་ཤེས་སྣང་བ་དམ་པའི་རྒྱན་བཀོད་པའི་ལེའུ། ཞེས་པ་ཐུགས་ཉིད་ཡེ་ཤེས་པས་དེ་ཉིད་ལྔར་རང་སྣང་བ་ནི། རིལ་གྱི་ཡང་མཆོག་སྟེ་ཡེ་ཤེས་ཆེན་པོ་ལ་མ་འདྲེས་གསལ་བར་རྫོགས་པས་གཅིག་དང་དུ་མ་ལས་གྲོལ་བར་སྟོན་པའོ། །ལེའུ་སུམ་ཅུ་གཉིས་པ་མདོར་བཀྲོལ་བའོ།། །།དེ་ནས་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཞེས་པ་ལ་སོགས་པ་ཐུགས་ཀྱི་རྗེས་ཐོག་ཏུ་སྡུད་པ་པོས་སྟོན་པ་ལ་སྐུའི་དྲི་བ་བཞི་དྲིས་པའོ། །ལང་ཀའི་བདག་པོ། གང་དྲི་བ་འདི་བཞི་ནི། ཞེས་པ་སྡུད་པ་པོ་ལ་བོས་ནས། གསང་བདག་གིས་སྔར་སྟོན་པ་གཞན་ལས་ཐོས་པའི་དོན་ལོ་རྒྱུས་སུ་བརྗོད་པ་ལན་དུ་བཀའ་སྩལ་པའོ། །སེམས་ནི་སེམས་དང་སེམས་སྣང་བ་དང་། ཞེས་དྲིས་པའི་ལན་དང་པོ་སྟེ་ངོ་བོ་ཉེ་བར་བསྟན་པ་ནི། ཚོགས་བརྒྱད་དྲུག་དང་གཅིག་སྟེ་ཆོས་སྐུའོ། །དང་། ཡུལ་རྣམས་ལ་སོགས་ཏེ་ཉམས་སུ་མྱོང་ཞིང་ཚིམ་པས་ལོངས་སྐུ། དང་། འདུ་བྱེད་གཞི་གཅིག་མ་ངེས་ཅིར་ཡང་སྣང་བས་སྤྲུལ་པ་དང་། རྣམ་ཤེས་གང་ཞེ་ན། དེ་ཉིད་ཀུན་གཞི་དང་། འཇུག་པར་བྱེད་པ་ཡིད་དང་། རྒྱུན་དུ་འབྱུང་བའི་སྒོ་ལྔའོ། །དེ་ཉིད་སོགས་ཕྱི་མ་གསུམ་ནི་བཤད་པའི་སེམས་དང་སོགས་ངོ་བོ་དང་རྣམ་ཤེས་ཐུན་མོང་དུ་ཡང་འགྱུར་རོ། །ཡེ་ཤེས་ནི། ཞེས་པ་ཡང་ན་སེམས་ཉིད་སྐུ་གསུམ་སེམས་ཇི་ལྟ་བ་ཉིད་མཐོང་བའོ། །སྐུ་ནི་ཞེས་པ་སྤྲུལ་པ་དང་། ལོངས་སྤྱོད་དང་། ཆོས་དང་། ངོ་བོ་ཉིད་ཀྱི་གཞིའོ། །ཡང་ལང་ཀའི་བདག་པོས་དྲིས་པ། ཞེས་པ་དྲིས་པ་དང་ལོ་རྒྱུས་བརྗོད་པ་ནི་སྒྲ་བཞིན་ནོ། །གང་ངོས་ཟིན་པ་ནི་གཞན་ནས་མ་བྱུང་བར་ཟིན་པ་ཉིད་དོ། །ཞེས་པ་སེམས་ཤེས་པ་དེ་ཉིད་ཡིན་པར་རྟོགས་པའོ། །དེ་ཅིའི་ཕྱིར་ཞེ་ན་ལང་ཀའི་གཞན་ནས་བྱུང་ན་སྐྱོན་དུ་འགྱུར་བ་ནི་ཅིར་ཡང་སྤྲུལ་གཏན་ཚིགས་སུ་ཡང་འགྱུར་ཏེ་སྐུའི་གཞིའོ། །འབྱུང་བ་ངོ་བོ་ནི་སྤྲུལ་པ་ལ་བྱའོ། །ཞེས་པ་ཕྱོགས་སྔ་ཕྱིར་སྐུ་དྲིས་པའི་ལན་ལས། རྒྱས་པར་དྲིས་ལན་གྱི་ངོ་བོ་སྟོན་པའོ། །དེ་དག་སོ་སོའི་དང་པོ་སྤྲུལ་པའི་སྐུ་ནི་དུས་ཀྱི་རྒྱུན་དུ་སྣང་བ་སྟེ། གདུལ་བྱ་ལ་མི་སྣང་མ་མྱོང་སྟེ། སྣང་ཞིང་འབྱུང་བ་ཁོ་ནའི་གཏན་ཚིགས་ཀྱིས་འགྲུབ་བོ། །འཇུག་པ་ངོ་བོ་ནི་རྫོགས་ལོངས་སྤྱོད་པ། ཞེས་པ་ངོ་བོ་བསྟན་པ་དེ་གཏན་ཚིགས་ཀྱིས་བསལ་ཏེ། སྐུ་དེ་དུས་ཡེ་ཤེས་དང་འོད་དང་མི་རྟོག་པར་གནས་པའི་ཡང་དག་པའོ། །དེ་ལ་མི་རྩོལ་བར་མི་འཁྲུག་ཅིང་མ་ཡེངས་པར་དུས་ཀུན་ཏུ་བཞུགས་པའོ། །གསུམ་དུ་ཏིང་ངེ་འཛིན་གྱི་དགོངས་པ་མཆོག་ལ་ཞུགས་པའི་ཕྱིར་རོ། །སྣང་བ་ནི་ངོ་བོ་ཆོས་ཀྱི་སྐུ་སྟེ། ཞེས་པ་དེ་ཡང་གཏན་ཚིགས་ཀྱིས་གྲུབ་སྟེ། སྐུ་དེ་ནི་ཚོགས་གཉིས་དང་དབྱིངས་ཡེ་ཤེས་གཉིས་མེད་པ་ལས་ངོ་བོ་གྲུབ་ཅིང་ལོངས་སྤྱོད་སྤྲུལ་པ་སྣང་བའི་གཞིའི་ཕྱིར་རོ། །གཞི་ངོ་བོ་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ། ཞེས་པ་དོན་དེའི་གཏན་ཚིགས་ནི་ངོ་བོ་མེད་པར་ཇི་ལྟར་བསམ་པ་ལྟར་སྣང་བའི་ངོ་བོ་བསྟན་དུ་མེད་པ་ཉིད་ཀྱིས་ཕྱིར་རོ། །ལང་ཀའི་བདག་པོས་དྲིས་པ། ཞེས་པ་དག་སྐུ་བཞིའི་དངོས་པོ་དྲིས་པའོ། །སྤྲུལ་པ་ནི་གང་མེད་པ་ལས། ཞེས་པ་ལ་སོགས་པ་ངོ་བོ་མེད་པར་དངོས་པོ་ཅིར་ཡང་རུང་བ་དུས་ཐམས་ཅད་དུ་སྤྲུལ་བར་སྣང་བས་ཁྱབ་པ་དང་མཛད་པས་འགྲོ་བ་འདུལ་བ་པོ་དང་། མཚན་དང་ལོངས་སྤྱོད་དང་བདེ་བ་དང་ཡེ་ཤེས་དང་མཛད་པ་དང་། དཔེ་བྱད་ཀྱི་སྐུ་འཁོར་སྨིན་པ་ཕུན་སུམ་ཚོགས་པ་འདུལ་བ་པོ་དང་། གཉིས་སུ་མེད་པས་ཉོན་མོངས་དང་ཤེས་བྱ་དང་ལྟ་བ་དང་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་སྒྲིབ་པ་མཐའི་སྤྲོས་པའི་དྲི་མ་བྲལ་བ་དང་། ཡེ་མ་བསླད་མ་བཅོས་པའི་ངོ་བོ་དག་མ་དག་གཉིས་ཀའི་བདག་ཉིད་གཉིས་ཀའི་མཐའ་ལ་མི་གནས་པའོ། །བཞི་ནི་སྐུ་བཞིའོ། །དེ་ཉིད་ལའང་དྲིས་པ་སྒྲ་བཞིན་ནོ། །རྒྱུན་གྱི་འབྱུང་བ་ནི་སེམས་ལས། ཞེས་པ་དག་ནི་སྤྲུལ་པའི་སྐུ་ནི་སེམས་ཀྱི་སྤྱོད་པ་ལས་སྣང་བའི་འདུ་བྱེད་ཀྱིས་བསྒྲུབ་པའི་ཡུལ་དང་། ལས་ཀྱི་རྩོལ་བའི་ངོ་བོ་ཉིད་དོ། །ལོངས་སྤྱོད་ནི་སེམས་ཀྱི་འདུ་བྱེད་ཀྱིས་བསྒྲུབ་པའི་ཉོན་མོངས་པའི་ངོ་བོ་ཉིད་དག་པའོ། །ཆོས་ཀྱི་སྐུ་ནི་སེམས་ཀྱི་སྤྱོད་ཡུལ་ཡེ་གཉིས་མེད་པ་ཉིད་སྣང་བ་རིལ་སེམས་སྣང་བ་སྟེ་དེ་མ་ཤེས་པ་དང་དེ་དག་གི་ཁྱད་པར་མ་ཤེས་པ་ནི་དེ་ཁོ་ན་ཉིད་ཀྱི་སྒྲིབ་པའོ། །དོ། །ངོ་བོ་ཉིད་ཀྱི་སྐུ་ནི། རང་རིག་པ་མ་བསླད་པའི་ཆོས་ཉིད་འཁོར་འདས་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །དེ་དག་ནི་སྐུའི་ངོ་བོ་དངོས་པོ་ལ་གནས་པའི་ཚུལ་དྲིས་པ་དང་ལན་དུ་འཇལ་ཏོ། །དེ་བས་ན་རྟོག་པ་སྒྲིབ་པ་དེ་ཉིད་དག་པ་ལ་སྐུ་དེ་ཉིད་ཀྱི་ངོ་བོ་སྣང་བར་འགྱུར་བར་འཆད་དོ། །ལང་ཀའི་བདག་པོ། དེ་ཅིའི་ཕྱིར་ཞེ་ན། གང་གྱུར་པ་མུན་པ་སངས་ན། ཞེས་པ་ལ་སོགས་པ་ཁས་བླངས་པ་དེ་གཏན་ཚིགས་གང་ཞེ་ན། ལམ་ལ་གནས་པ་སུ་ཞིག་འདུ་བྱེད་ལས་ཀྱི་སྒྲིབ་པ་དག་ན་མི་ཁོམ་པའི་གནས་དང་བྲལ་བས་སྤྲུལ་སྐུའི་ཞལ་མཐོང་བར་འགྱུར་རོ། །འདུ་བྱེད་ཉོན་མོངས་ཕྲ་རགས་ཀྱི་སྒྲིབ་པ་དག་ན་འཁོར་བའི་ས་བོན་བྲལ་ཞིང་ས་ནོན་པས་ལོངས་སྤྱོད་རྫོགས་པའི་སྐུ་མཐོང་བར་འགྱུར་རོ། །སྤྱོད་ཡུལ་རང་རིག་ཏུ་ཤེས་ཏེ་གཉིས་མེད་པས་ཤེས་བྱ་དག་ན་ཆོས་སྐུ་མཐོང་ངོ་། །གཞིའི་སྐུ་ཉིད་ལ་ནི་རིལ་ཇི་བཞིན་པའི་ཕྱིར། མ་རིག་པ་དང་ཡེ་ཤེས་དང་དག་པ་དང་སྒྲིབ་པས་ནོན་པའི་ཐ་སྙད་གདོད་ནས་མེད་པའི་གཏན་ཚིགས་དེས་ན། བརྗོད་དུ་མེད་པའི་རིལ་མ་བསལ་བྲལ་བ་ཉིད་དོ། །ལང་ཀའི་བདག་པོ། དེ་དག་ཉིད་ལ་ནི། སྙིང་པོ་གསང་བའི་ཁྱད་པར་གྱིས། །ཞེས་པ་ལ་སོགས་པ་སྐུ་བཞི་པོ་ལ་གདུལ་བྱ་རྣམས་ལའང་བྱང་ཆུབ་སྙིང་པོ་ཇི་བཞིན་པ་ཉིད་དུ་ཡེ་ཟིན་པ་དང་། རྩོལ་བས་མ་མཐོང་བའི་ཁྱད་པར་གྱིས་བྱ་བྱེད་ཀྱི་སྐྱོན་དག་མ་དག་གི་ཁྱད་པར་ཡོད་པར་ཤེས་པར་གྱིས་ཤིག་པའོ། །སྨྲས་པ། གསང་བའི་བདག་པོ། ཞེས་པ་དེ་ཉིད་དྲིས་པའོ། །དག་པ་དང་མ་དག་པ་གང་ཡིན་པའི་ལན་བསྟན་པའི་ཕྱིར། སྨྲས་པ། ལང་ཀའི་བདག་པོ་འདི་ལྟ་སྟེ། ཞེས་པ་བོས་ནས་གྲངས་ཉེ་བར་བསྟན་པའི་གྲངས་གསུངས་པ་ནི་དེ་ལའང་གང་དུ་ཕྱོགས་སུ་ཡོངས་སུ་གསུམ་མོ། །དག་ཐམས་ཅད་ནས་ཐམས་ཅད་དུ་པ་གཅིག་སྟེ་བཞིའོ། །དེ་བཤད་པའི་ཕྱིར། ལང་ཀའི་བདག་པོ། དེ་ལ་གང་དུ་དག་པ་ནི་འདི་ལྟ་སྟེ། ཞེས་པ་མ་དག་པ་གསུམ་ལ་གསུམ་གསུམ་དགུར་བསྟན་པའི་ཐོག་མར་འགྲེལ་ཏེ། རྐྱེན་གྱིས་འགྱུར་བ་ལས་ཀྱི་བག་ཆགས་ལྔའི་དང་པོ་མངོན་དུ་རྒྱུ་བའི་བག་ཆགས་དག་པས་སྦྱོར་ལམ་མཐོང་བའི་སྤྲུལ་པའི་སྐུ་ལ་གསུམ་ཚང་བ་དེ་བསྟན་པ། སྤྲུལ་པའི་ཐུགས་སམ་རང་བཞིན་ཟུག་རྔུ་དང་བྲལ་བ་ནི་ཆོས་ཡེ་ཤེས་ཏེ་ཀྱི་སྐུའོ། །ཤཱཀྱ་ཐུབ་པ་ལྟ་བུ་ཆོས་ཀྱི་ཕུང་པོ་ལ་ལོངས་སྤྱོད་ཅིང་མཚམས་དཔེའི་སྐུས་ཆོས་སྟོན་པ་ནི་སྤྲུལ་པའི་ལོངས་སྤྱོད་དོ། །སྤྲུལ་པའི་ཆོས་ཀྱི་རྒྱལ་ཚབ་བྱམས་པ་ལ་སོགས་པ་ནི་སྤྲུལ་པའི་སྤྲུལ་པ་སྟེ། ཡེ་རྣམ་པར་དག་པ་དང་། དབང་བསྒྱུར་བའི་བདག་པོ་དང་། རྒྱུན་དུ་བྱུང་བའི་ཕྱིར་རོ། །ཕྱོགས་སུ་དག་པ་ནི། འདི་ལྟ་སྟེ། ཞེས་པ་དག་ནི། གཉིས་པ་དང་། གསུམ་པ་ཀུན་ཏུ་རྒྱུ་བའི་བག་ཆགས་དང་། བཞི་པ་ལྷན་ཅིག་སྐྱེས་པ་དག་པས་མཐོང་བའི་ལོངས་སྤྱོད་རྫོགས་པ་ལ་སྐུ་གསུམ་མ་ཚང་བས་ཉེ་བར་བསྟན་པ་ནི། ཆོས་སོ་ཅོག་གི་དངོས་པོ་ལ་སྤྱོད་པ་ལྷུན་གྲུབ་ཡུལ་མེད་པས་གང་ལའང་མི་འབྱེད་ཅིང་མི་རྟོག་པ་མི་ཤེས་པ་ཤེས་པར་གང་ལའང་རག་མ་ལས་བྱར་མེད་ལ། ངོ་བོ་མེད་པས་རང་རིག་པ་ཅིར་ཡང་མ་མཐོང་བར་མཐོང་བའི་ཡེ་ཤེས་ནི་ལོངས་སྤྱོད་རྫོགས་པའི་ཆོས་སྐུའོ། །འཁོར་འདས་སམ་སྣང་སྟོང་བདེན་པ་རྣམ་གཉིས་ལ་ཡུལ་དང་བྲལ་བར་སྐད་ཅིག་ལ་དུས་གཅིག་བར་མ་ཆད་པ་རོལ་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྐུ་དེ་ཉིད་ཀྱིས་འདུལ་བའི་གདུལ་བྱ་ལ་ལོངས་སྤྱོད་ཀྱི་སྐུ་མཚན་དང་དཔེ་བྱད་ལྡན་པའི་པར་བཞུགས་པ་ནི་སྤྲུལ་པར་བལྟའོ་ཞེས་སོ། །རིགས་ལྔ་ལ་སོགས་པར་ཐ་དད་པར་སྣང་བ་ནི་ལོངས་སྤྱོད་ཀྱི་སྤྲུལ་སྐུའོ། །ཡོངས་སུ་རྣམ་པར་དག་པ་ནི་འདི་ལྟ་སྟེ། ཞེས་པ་དག་ནི། ལྔ་པ་བག་ལ་ཉལ་བའི་བག་ཆགས་དག་པས་མཐོང་བའི་ཆོས་ཀྱི་སྐུ་ལ་སྐུ་གསུམ་ཚང་བར་བསྟན་པ་ནི། རང་རིག་པའི་ནམ་མཁའ་ཡེ་གཉིས་མེད་དུ་རྟོགས་པའི་ཡེ་ཤེས་སྟོང་ཞིང་རྣམ་པར་དག་པ་ཇི་བཞིན་པ་ནི་བདལ་བ་ཆོས་སྐུའི་ཆོས་ཀྱི་སྐུའོ། །ཆོས་ཉིད་རྟེན་དང་བྲལ་བས་གདུང་བ་ཐམས་ཅད་བྲལ་བའི་དབྱེར་མེད་ཀྱི་བདེ་བ་ལ་ལོངས་སྤྱོད་ལ་ཡེ་ནས་རོལ་པ་ནི་ཆོས་སྐུའི་ལོངས་སྤྱོད་རྫོགས་པའོ། །ཆོས་ཀྱི་སྐུ་ཡོན་ཏན་ལྷུན་གྱིས་གྲུབ་པས་སྐུ་ཅིར་ཡང་འཕྲུལ་ཅིང་སྣང་བའི་ངོ་བོར་བཞུགས་པ་ནི་ཆོས་ཀྱི་སྤྲུལ་པའོ། །དག་པའི་ལན་ནི་གང་ཞེ་ན། ཐམས་ཅད་ནས་ཐམས་ཅད་དུ་དག་པ་ཆེན་པོ་ནི། འདི་ལྟ་སྟེ། ཞེས་པ་ལ་སོགས་པ་དུས་སྔ་ཕྱིར་ཡེ་དག་པ་ལས་རྩོལ་བས་སྦྱང་དུ་མེད་པའི་ངོ་བོ་ཉིད་ཀྱི་སྐུ་ཉེ་བར་བསྟན་པ་ནི། སྐུ་བཞིར་འབྱུང་བའི་གཞི་ཡེ་ཉིད་སྣང་སྟོང་གི་སེལ་མེད་པའི་ངོ་བོ་ཇི་བཞིན་པ་ནི་ངོ་བོ་ཉིད་ཀྱི་ངོ་བོ་ཉིད་ཀྱི་སྐུའོ། །དེའི་ངོ་བོ་རྡུལ་མེད་ཅིང་རྣམ་པར་དག་པ་བསྟན་དུ་མེད་པ་ནི་ངོ་བོ་ཉིད་ཀྱི་ཆོས་སྐུའོ། །གང་དམྱལ་བའི་ལོངས་སྤྱོད་ནས་རྒྱལ་བའི་ལོངས་སྤྱོད་མན་ཆད་མ་བཙལ་བར་སེམས་ཉིད་བདེ་ཆེན་དུ་ལྷུན་གྱིས་རྫོགས་པས་རོལ་པ་རིལ་མི་འཛིན་པ་ནི་ངོ་བོ་ཉིད་ཀྱི་ལོངས་སྤྱོད་དོ། །མཚན་གཞི་མ་ངེས་ཏེ་ཅིར་ཡང་འཕྲུལ་པས་ཇི་ལྟར་བརྟགས་པར་སྣང་བ་ནི་རྒྱུན་མ་ཆད་པར་ངོ་བོའི་སྤྲུལ་སྐུའོ། །ལང་ཀའི་བདག་པོ་གང་དུ་དག་པ་དང་། ཕྱོགས་སུ་དག་པ་དང་། ཡོངས་སུ་རྣམ་པར་དག་པ། ཞེས་པ་སྡུད་པ་པོ་ལ་བོས་ཏེ། གཞི་མ་ཉིད་དག་པའི་ཕྱིར་དང་། གཉིས་ཀྱི་ཕྱོགས་གཅིག་བྱང་བ་དང་། ཀུན་གཏན་དུ་བར་བྱང་བའི་ཕྱིར་དེ་སྐད་བརྗོད་དེ་འཆད་པར་འགྱུར་རོ། །འདི་ལྟར་སྐུ་གསུམ་ནི་རྩོལ་བ་ཉིད་དྲི་མའི་ཕྱིར་མ་དག་པར་བརྗོད་དོ། །ཇི་ག་སྐུ་གསུམ་ནི་འབྲས་བུ་ཉིད་དེ་ལས་བྱས་ཟིན་པ་ཡིན་ན། ད་གདོད་སྦྱོང་བར་འདོད་པ་དང་བྱེད་པ་ག་ལ་ཡོད་དེ་མེད་པ་ལ་མ་དག་པར་བརྗོད་པ་ཉིད་འགལ་ཏེ། ཐུག་པ་མེད་པར་སྦྱོང་བའི་སྐྱོན་དུ་འགྱུར་རོ་ཞེ་ན། འདི་དག་ནི་ཐུག་པ་མེད་པར་སྦྱོང་བ་ནི་མ་ཡིན་གྱི། བྱ་བ་མེད་པ་ལས་བྱས་ཤིང་བཙལ་བ་ལས་བྱུང་བའི་ཕྱིར་དང་། འབྲས་བུའི་མིང་རྒྱུ་ལ་བཏགས་པའི་ཕྱིར་དང་། དག་པ་ལ་ལྟོས་པས་ཕྱིར་ན་འགལ་བར་མི་འགྱུར་རོ། །སྨྲས་པ། གསང་བའི་བདག་པོ་ཇི་ག་དེ་ལ། ཞེས་པ་མིང་གི་ངེས་ཚིག་དྲིས་པའོ། །སྨྲས་པ། ལང་ཀའི་བདག་པོ་དེ་དག་ནི་གང་ཡོངས་སུ། ཞེས་པ་དག །དག་པ་གསུམ་པོ་ནི། གང་འཁོར་བའི་སེམས་ཅན་རྣམས་ཀྱི་ཤེས་རབ་ཀྱི་མིག་ཡོངས་སུ་མདོངས་པར་བྱས་ཏེ་བསྒྲིབས་པ་གནས་པ་ལས། དང་པོའི་རྒྱུ་ཉིད་དུ་གནས་པའི་སྒྲིབ་པ་འཁོར་བའི་གནས་སྦྱང་བ་དང་། དེ་ལས་ཉོན་མོངས་བྱང་བས་ས་ནོན་ཏེ་མྱ་ངན་ལས་འདས་པའི་ཕྱོགས་སུ་རིགས་ངེས་པ་དང་། ཐ་མར་ཤེས་བྱའི་སྒྲིབ་པ་གཏན་ནས་བྱང་བའི་ཕྱིར། ཁས་བླངས་པའི་དོན་བཤད་པའོ། །ལང་ཀའི་བདག་པོ། ཐམས་ཅད་ནས་ཐམས་ཅད་དུ་དག་པ་བྱར་མེད། ཞེས་པ་སྒྲ་ཇི་བཞིན་ཏེ། སྒྲིབ་པ་ཡེ་མ་དམིགས་པའི་བླ་དྭགས་སོ། །ཡང་ལང་ཀའི་བདག་པོ་དྲིས་པ། ཞེས་པ་དྲི་བ་བཞི་སྒྲ་བཞིན་ནོ། །རྒྱུན་ཡིན་ལ་སྨིན་པ་མ་ཡིན་པ་ནི། ཞེས་པ་སྤྲུལ་པའི་སྐུ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་མ་ཡིན་པ་ནི། དངོས་པོ་ཉིད་ཀྱི་མྱ་ངན་ལས་འདས་པ་ཐོབ་ཟིན་ཀྱང་ཐུགས་རྗེ་ཆེན་པོའི་དབང་གིས་མ་ཆགས་ཐབས་ཀྱི་སྤྱོད་པས་འགྲོ་བ་བསྒྲལ་ཞིང་འདུ་བ་པོ་ལུང་ཐོབ་པའོ། །སྨིན་པ་ཡིན་པ་རྒྱུན་མ་ཡིན་པ་ནི། ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ་སྤྲུལ་པ་མ་ཡིན་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མ་ཐོབ་པའི་སྔ་རོལ་ཡང་ན་ལུང་ཐོབ་པའི་སྔ་རོལ་གང་འབྲས་བུའི་སེམས་དཔར་གྱུར་པ་ལ་སྣང་བ་རྩལ་རྫོགས་པའི་སྐུ་ཉིད་རྒྱལ་ཚབས་ལྔར་སྣང་བ་ཉིད་དོ། །དོ། །གཉིས་ཀ་ཡིན་པ་ནི། ཞེས་པ་ལོངས་སྤྱོད་དང་སྤྲུལ་པ་གཉིས་ཀ་ཡིན་པ་ནི། ཕུང་པོ་ལྷག་མ་དང་བཅས་པར་གཤེགས་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཏེ། རིགས་ལྔ་འཛིན་པའི་སྐྱེས་བུ་ལོངས་སྤྱོད་ཀྱི་ཆ་ལུགས་ཐོབ་པ་དང་། འགྲོ་དོན་སྣ་ཚོགས་སྤྱོད་པའི་ཕྱིར་གཉིས་ཀའོ། །གཉིས་ཀ་མ་ཡིན་པ་ནི། ཞེས་པ་གཟུགས་སྐུ་གཉིས་ཀ་མ་ཡིན་པ་ནི་སྐྱེ་མེད་རང་བཞིན་ཆོས་སྐུ་ཉིད་དོ། །ཡང་ལང་ཀའི་བདག་པོས་དྲིས་པ། ཞེས་པ་ལ་སོགས་པ། དྲི་བ་བཞི་ནི་སྐུ་བཞི་པོ་མཛད་པ་ལ་སོགས་གཅིག་གམ་ཐ་དད་གང་གྱུར་པ་དྲིས་པའོ། །ལན་ནི། དེ་དག་གི་མཛད་པ་ནི་སངས་རྒྱས་ཀུན་གྱི་མཛད་པ་སྟེ། ཞེས་པ་འགྲོ་དོན་གྱི་བྱ་བ་ཡང་སྐུ་བཞི་རྒྱ་མ་ཆད་དེ། སྤྲུལ་པས་རྒྱུན་དུ་དོན་མཛད་པའང་སྐུ་བཞི་ཀའི་མཛད་པའི་ངོས་ནས་སྤྲུལ་པ། ཕྱིར་རོ། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དོད་པས་སྐུས་བདེ་བ་ཆེན་པོ་མ་བརྗོད་པར་གོ་ཞིང་ཏིང་ངེ་ལ་བཞུགས་པས་འཁོར་གྱི་གོ་བ་ཆོས་སྟོན་པའང་རྒྱལ་བ་རིལ་གྱི་ངོ་བོ་ཉིད་ལ་ལོངས་སྐུ་ཞེས་བྱ་བའོ། །དེར་སྣང་བའོ། །དགོངས་པ་གཉིས་སུ་མེད་པའི་ངང་ལས་མི་གཡོ་བའི་ཆོས་ཀྱི་སྐུ་ཡང་རྒྱལ་བ་རྣམས་ཀྱི་དགོངས་པ་ཉིད་སྐུ་དེར་བྱུང་བའོ། །དངོས་གཞི་མེད་པ་ལ་གོང་མ་ཀུན་སྣང་བའི་གཞི་ངོ་བོ་ཉིད་ཀྱི་སྐུ་ཡང་སངས་རྒྱས་པའི་ཀུན་གྱི་ངོ་བོ་གཞི་ཡིན་ཏེ། དེས་ན་སྐུ་ཐམས་ཅད་ངོ་བོ་གཅིག་པས་གཅིག་དང་དུ་མ་ལས་གྲོལ་ཏོ། །ལང་ཀའི་བདག་པོ། དེ་དག་ལ་ནི་མང་པོ་དང་། ཞེས་པ། མིང་དུ་གདགས་པའི་རྣམ་གྲངས་བཞིའོ། །དེའི་གཏན་ཚིགས་ནི། རྒྱུ་ནི། ཞེས་པ་སྤྲུལ་སྐུ་ཇི་སྙེད་རྡུལ་ཙམ་དུ་སྣང་བའི་ཕྱིར་རོ། །སྨིན་པ་ནི། ཞེས་པ་ལོངས་སྤྱོད་རྫོགས་པ་ནི་སྟོན་པའི་དགོངས་པ་གཅིག །འཁོར་གྱི་བསམ་པ་གཅིག་པའི་ཕྱིར་རོ། །རྣམ་པར་དག་པ་ནི། ཞེས་པ་ཆོས་ཀྱི་སྐུ་ནི་ངོ་བོ་གཉིས་མེད་པ་ལ་གཟུགས་སྐུ་གཉིས་ཇི་སྙེད་རང་འཆར་བའི་ཕྱིར་རོ། །དེ་ཉིད་ནི། ཞེས་པ་གདུལ་བྱའི་སྣང་བ་སྐུ་འགྲོ་འོང་གི་འཕེལ་འགྲིབ་དུ་སྣང་མི་སྣང་ལས་ཡེ་གྲོལ་བའི་ཕྱིར་ཏེ། གདུལ་བྱ་འདུལ་བྱེད་ཉིད་ཀྱང་མ་དམིགས་པའོ། །ལང་ཀའི་བདག་པོས་དྲིས་པ། གསང་བའི་བདག་པོ་དེ་དག་རྟག་པ་ཞིག་གམ། ཞེས་པ་སྐུ་བཞིའི་མཚན་ཉིད་དྲི་བ་དྲུག་གོ། །ལང་ཀའི་བདག་པོ་དྲི་བ་དྲུག་ནི་འདི་ལྟ་སྟེ། དེ་དག་ནི་རྟག་པ་ཡང་ཡིན། ཞེས་སོགས་ཉན་ཉེ་བར་སྟོན་པ་ནི། དྲི་བ་དྲུག་ལ་ལན་སྔ་ཕྱི་བཅོ་བརྒྱད་ཀྱི། དང་པོ་གཉིས་ལ་ལན་དྲུག་ནི་ཕྱོགས་ཕྱི་མས་འགྲེལ་ཏེ། མི་འགྱུར་ཞིང་གཉེན་པོ་མེད་པའི་ཕྱིར། རྟག་པ་ཡང་ཡིན་ནོ། །གང་བྱུང་བ་མི་དམིགས་པའི་ཕྱིར། མི་རྟག་པ་ཡང་ཡིན་ནོ། །ཀུན་གྱི་གཞིར་གྱུར་པའི་ཕྱིར། རྟག་ཀྱང་རྟག་གོ། །མཐའ་ཡོངས་སུ་མི་དམིགས་པའི་ཕྱིར། མི་རྟག་ཀྱང་མི་རྟག་པའང་ཡིན་ནོ། །ཟེར་ཟུག་མ་ཡིན་པའི་ཕྱིར། རྟག་པའང་མ་ཡིན། རྒྱུན་དུ་འབྱུང་བའི་ཕྱིར། མི་རྟག་པའང་མ་ཡིན་ནོ། །དྲི་བ་བར་མའི་ལན་དྲུག་ཀྱང་དེ་བཞིན་འགྲེལ་ཏེ། དགོངས་པ་དམ་པའི་ཕྱིར། ཡོད་པའང་ཡིན་ནོ། །དངོས་པོ་མེད་པའི་ཕྱིར། མེད་པའང་ཡིན་ནོ། །རྒྱུད་དག་པའི་ཡུལ་དུ་གྱུར་པའི་ཕྱིར་དང་། མཐའ་དབུས་ལས་འདས་པའི་ཕྱིར། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པའང་ཡིན་ནོ། །ཐ་སྙད་འདས་པའི་ཕྱིར་དང་། ཡེ་ཇི་བཞིན་པའི་ཕྱིར། ཡོད་པའང་མ་ཡིན། མེད་པའང་མ་ཡིན་པའང་ཡིན་ནོ། །དྲི་བ་ཐ་མ་གཉིས་ཀྱི་ལན་བཞི་ནི་རྗེས་སུ་མཐུན་པར་འགྲེལ་ཏེ། བསམ་དུ་མེད་པའི་ཕྱིར་དང་། བསམ་གྱིས་མི་ཁྱབ་པའི་ཕྱིར་དང་། སོ་སོའི་སྤྱོད་ཡུལ་ཐ་དད་པའི་ཕྱིར་དང་། ཁྱད་པར་ཅིར་ཡང་མཚུངས་པའི་ཕྱིར། གཅིག་པའང་ཡིན་ནོ། །ཐ་དད་པའང་ཡིན་ནོ། །གཅིག་པའང་མ་ཡིན། ཐ་དད་པའང་མ་ཡིན་ནོ། །རྟག་པར་ཡང་ཟུངས་ཤིག །ཅེས་པ་དག་གཏན་ཚིགས་སྔོན་དུ་སོང་བས་ལན་ངེས་པ་སྟེ་བཤད་ཟིན་ཏོ། །དྲི་བ་དྲུག་པ་ལན་སྔ་ཕྱི་བཅོ་བརྒྱད་སྦྱར་བ་ནི། ཕྱོགས་འཛིན་སྦྱངས་པ་དང་། གང་གི་ཕྱོགས་ལའང་མ་ཞེན་མོད་ཀྱང་ཕྱོགས་ཀུན་གྱི་དངོས་གཞིར་ཤར་བ་ནི་ཀུན་གྱི་གནས་ལུགས་ཏེ། དེ་ལ་ནི་ཐུན་མོང་མ་ཡིན་པའི་ལྷུན་གྲུབ་ཆེན་པོ་ཞེས་བྱའོ། །དེའང་མཐའ་གཉིས་ལ་ཞེན་པའི་བློ་ཆུང་བས་མི་རྟོགས་ཤིང་ཡུལ་མ་ཡིན་པའོ། །དོན་དེ་ཉིད་རྩད་བཅད་པའི་དུས་ནི་བཞི་སྟེ། གཞིའི་གནས་སྐབས་མ་བཅོས་པའི་དུས་སུ་དེ་ཁོ་ན་ལྟར་ཡིན་པ་ཉི་མ་དང་འོད་ཟེར་ལྟར་གནས་པ་དང་། གཏན་ལ་ཕེབས་པའི་དུས་སུ། དོན་གསལ་བར་བྱེད་པའི་གདམས་ངག་འབོག་པ་སྒྲོན་མ་ལྟར་གནས་པ་དང་། རྣམ་པར་རྩོད་པའི་དུས་བློ་མི་འཇུག་པར་ཁས་གང་དུའང་ལེན་པ་ནམ་མཁའི་དབྱིངས་ལྟར་གནས་པ་དང་། ངེས་པའི་དོན་ལ་གནས་པའི་དུས་ངོས་འཛིན་དང་སྐྱེ་བ་མེད་པའི་ངང་ལ་མ་ཡེངས་པ་འབབ་ཆུ་ལྟར་གནས་པའོ། །སྤྱིར་འགྲོ་བའོ། །ལང་ཀའི་བདག་པོ་དེ་ལྟར་ན་གདུལ་བྱའི་དབང་གི་ཕྱིར་སྐུ་ལ་ནི་ངེས་པ་མེད་དེ། ཞེས་པ་དག་གདུལ་བྱ་བསམ་པ་ཐ་དད་ཀྱི་ཆེད་དུ་སྐུའི་མཚན་ཉིད་མ་ངེས་པའི་རྗེས་སུ་རྣམ་གྲངས་ཀྱང་མ་ངེས་པར་སྟོན་ཏེ། གདུལ་བྱ་རྡུལ་ཕྲན་སྙེད་ལ་སྐུ་རྡུལ་ཕྲན་སྙེད་སྣང་བའི་ཕྱིར་རོ། །མང་པོར་ཡང་ཤེས་པར་གྱིས་ཤིག་པར་གདམས་སོ། །ངོ་བོ་ཉིད་དང་། ཆོས་དང་། ལོངས་སྤྱོད་དང་། སྤྲུལ་པ་དང་། གསང་བའི་སྐུ་ལྔ་ཡང་ཡིན་ནོ། །ངོ་བོ་ཉིད་མ་ཡིན་པའི་ལྷག་མ་བཞི་ཞེའམ། བཤད་པ་ལྟར་གསང་བའི་སྐུ་མ་ཡིན་པའི་བཞིར་ཡང་སྣང་སྟེ་སྐབས་ཀྱིས་བཞག་གོ། །གྲགས་པའི་ཆོས་དང་ལོངས་སྤྱོད་པ་སྤྲུལ་པ་གསུམ་དུའང་སྣང་ངོ་། །ཆོས་ཀྱི་སྐུ་མཐའ་ལས་འདས་པ་གཅིག་པུ་བ་དང་གཟུགས་སྐུ་གཉིས་སུའང་སྣང་ངོ་། །བདེ་བ་ཆེན་པོ་ཆོས་སྐུ་ཉིད་དུའང་སྣང་ངོ་། །ངེས་པར་སྐུ་དང་གསུང་ཐུགས་དང་ཡོན་ཏན་དང་ཕྲིན་ལས། ཞེས་པ་འདི་ལྔར་མིང་སོ་སོར་བཏགས་སུ་ཟིན་ཀྱང་ངོ་བོ་ཐ་དད་པ་མ་ཡིན་ཏེ། དེའང་སྐུའི་དཔེ་ནམ་མཁའ་ལྟར་སྣང་ལ་མ་དམིགས་སོ། །གསུང་སྒྲ་བརྙན་ལྟར་སྣང་ལ་གྲགས་པའོ། །ཐུགས་མ་གཡོས་པ་ཉིད་དོ། །ཡོན་ཏན་མེད་བཞིན་སྣང་ལ་སྣང་བཞིན་མ་གྲུབ་པའོ། །ཕྲིན་ལས་ཅིར་ཡང་སྣང་ལ་གནས་པ་མེད་པའི་ཕྱིར་རོ། །མཐའ་ལས་གྲོལ་བའི་ལྷུན་གྲུབ་ཉིད་ཡིད་བཞིན་ནོར་བུ་ལྟར་གདུལ་བྱ་ལ་ལྔར་སྣང་ཡང་། དེ་བཞིན་གཤེགས་པའི་སྣང་བ་ཉིད་ལ་ཆེད་དུ་སྣང་བར་བྱས་པ་ཆ་ཙམ་ཡང་མེད་དོ། །དེའི་སྐབས་བསྟན་པའི་ཕྱིར། ལང་ཀའི་བདག་པོ་དེ་དག་གི་ངོ་བོ་ནི། ཞེས་པ་དག་སྔགས་ཐེག་པ་སྤྱི་དང་མཐུན་པར་འབྲས་བུ་བཤད་པ་རྣམས་ངོ་བོ་རང་གི་སེམས་ཉིད་དེ་རྣལ་གཞི་འབྱོར་དང་པོའོ། །རྟོགས་པ་ཡེ་ཤེས་དེ་རྣལ་ལམ་འབྱོར་བར་མའོ། །མངོན་དུ་གྱུར་པ་རྒྱལ་བ་ཉིད་དེ་རྣལ་འབྱོར་འབྲས་བུ་ཐ་མའོ། །དེ་ལྟ་བས་ན་སྐབས་ཀྱིས་ས་གང་མུན་པའི་ཁམས་པ་དང་། གསུམ་ལ་སྣང་བ་མིག་དྭངས་པ་མིང་གི་རྣམ་གྲངས་སོ་སོར་གྲགས་པ་ནི་ཐེག་པ་སྤྱིའི་འོ། །ཀྱང་ངོ་བོ་གཅིག་པའོ། །དམ་པའི་ཐེག་པ་འདིའི་ཁྱད་པར་མིག་ཅན་ནི་ལམ་དམ་པ་ལ་གནས་པའི་ཤེས་རབ་ཀྱི་སྤྱན་ཆེན་པོ་མངའ་བ་རྣམས་ཀྱིས་ཇི་བཞིན་པ་ཉིད་དུ་གཟིགས་སོ། །ལང་ཀའི་བདག་པོས་སྨྲས་པ། གསང་བའི་བདག་པོ་དེ་དག་གི་ཞིང་ཁམས་ནི་གང་། ཞེས་པ་དྲི་བ་ལྔའོ། །གསང་བ་པས་ལན་བཏབ་པ་སོ་སོར་བསྟན་པའི་ཐོག་མ་ངོ་བོ་ཉིད་ཀྱི་སྐུ་ལ་ལྔའི་ཞིང་ཁམས་ནི་ཚད་ལས་འདས་ཏེ། སྐུ་གཞན་གང་གིས་ཀྱང་བསྒྲུན་དུ་མེད་མི་དཔོགས་ལ་པ། བརྗོད་པའི་ཐ་སྙད་བྲལ་བའོ། །འཁོར་ནི་ཡེ་ནས་སངས་རྒྱས་ཟིན་པ་ལ་དེ་ཉིད་ཀྱི་སངས་རྒྱས་སེམས་ཅན་གང་གི་ཡང་བླ་དྭགས་དང་བྲལ་བའོ། །བསྟན་པ་ནི་ཡེ་ནས་བསམ་དཔྱོད་ཐམས་ཅད་གྲོལ་བའི་སྟེ་ཡུལ་དང་ཡུལ་ཅན་མེད་ངོ་བོ་ཉིད་དོ། །དུས་ནི་དུས་གསུམ་དུ་བཟུང་བ་ཉིད་ཀྱི་ཐ་སྙད་ལས་གྲོལ་བའོ། །མཛད་པ་ནི་རིལ་རྒྱལ་བའི་མཛད་སྤྱོད་པས་མི་མཛད་པ་མེད་དེ་སྐུ་སོ་སོའི་མཛད་པའང་དེ་ཉིད་སྣང་། པའོ། །གང་རྣམ་པར་དག་པ་དེའི་ཞིང་ཁམས་ནི། ཞེས་པ་ལ་སོགས་པ་ཆོས་ཀྱི་སྐུའི་ཞིང་ཁམས་ནི་ཆོས་ཉིད་རིལ་ལ་སྣུམ་པ་ཅིང་བདལ་ཁྱབ་ཉིད་དོ། །འཁོར་ནི་རིགས་ལྔ་དུས་གསུམ་བུདྡྷ་ལ་སོགས་པ་ཡེ་ཤེས་ཆེན་པོ་མངོན་དུ་དུས་གསུམ་སྨོས་པས་དུས་ཀྱི་བསྐལ་ཞེན་ཆོས་སྐུ་དུས་ཐམས་ཅད་པ། བྱས་པ་ཇི་སྙེད་པ་རྣམས་སོ། །བསྟན་པ་ནི་བྱ་བ་རྩོལ་བ་བྲལ་བའི་ཆོས་སྟོན་ཏེ་བྱས་ཟིན་པས་བྱེད་མི་དགོས་པའོ། །དུས་ནི་དུས་གསུམ་མཁྱེན་པའི་ཡེ་ཤེས་རྒྱུན་མ་ཆད་པའོ། །ཕྲིན་ལས་སྐུ་དང་བསྟན་པ་ལ་སོགས་པ་ཉིད་དེ་ཇི་སྙེད་མི་འགོག་པར་གདུལ་བྱའི་མཛད་པའོ། །གང་སྨིན་པ་དེའི། ཞེས་པ་དག །ལོངས་སྤྱོད་རྫོགས་སྐུའི་ཞིང་འོག་སྨིན་གསང་བ་ཏིང་ངེ་ཡེ་ཤེས་ཆེན་པོ་བདེ་བ་ཅན་ནོ། །འཁོར་མཐར་ལམ་པ་འབྲས་བུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་དང་པོ་ཡན་ཆད་ཀྱང་མི་འདོད་པ་མིན་ནོ་སྙེད་དོ། །བསྟན་པ་ནི་བརྗོད་པས་མི་འདུལ་བ་དང་དེ་བཞིན་ཉིད་ལ་བརྗོད་དུ་མེད་པས་སྐུ་དང་དགོངས་པས་སྟོན་པའི་ཚིག་དང་བྲལ་ཉན་པའང་ཏིང་ངེ་འཛིན་གྱིས་སོ། །བའོ། །དུས་ནི་གནས་ཆེན་པོར་སེམས་དཔའ་ལ་སྐུར་སྟོན་པའི་སྣང་བའི་དུས་ཉིད་དོ། །མཛད་པ་ནི་གདུལ་བྱའི་དབང་གིས་དུས་ཕྱེད་པར་དགོངས་པ་མཉམ་པའི་ངང་ལས་མི་གཡོས་པའོ། །གང་གསང་བ་དེའི་ཞེས་པ་གསང་བའི་སྐུའི་ཞིང་ཁམས་ནི་པདྨ་འདབ་མ་བརྒྱད་དང་ལྡན་པའི་གཞལ་ཡས་ཁང་ཁ་ཁ་མུ་ཁ་བདེ་བ་ཆེན་པོའི་ཕོ་བྲང་སྙིང་པོ་ཟ་མ་ཏོག་ངོ་། །འཁོར་ནི་སེམས་དང་སེམས་བྱུང་གི་བདུད་ཀྱི་དཔུང་བཅོམ་པའི་ཡེ་ཤེས་ཆེན་པོ་རྩ་གནས་ཐིག་ལེ་རང་བཞིན་ལྷུན་གྱིས་གྲུབ་པའི་རྒྱལ་བ་ཇི་སྙེད་པའོ། །བསྟན་པ་ནི་རང་བཞིན་ལྷན་སྐྱེས་གྱི་རྒྱུད་གསང་བ་རྟོགས་དཀའ་བ་གསལ་ཞིང་སྟོན་པར་མཛད་པ། ཉིད་དོ། །དུས་ནི་ཐུན་མོང་གི་བུདྡྷའམ་གསང་བ་རྡོ་རྗེའི་དབུས་ནས་གྱེན་དུ་བསྐྱིལ་བས་ཕུང་པོ་ཁམས་རང་བཞིན་སྐུ་ཕྱག་རྒྱར་ལྡང་བའི་དུས་ཉིད་དེ་གདམས་པ་ཐོབ་པ་དང་གནས་སུ་རླུང་ཟིན་ཅིང་ལྡོག་པའི་དུས་དང་རང་བཞིན་རྒྱལ་བའི་སྐུ་གསུང་ཐུགས་བསྐྱེད་འདོད་པ་འབྱུང་བ་ནའོ། །མཛད་པ་ནི་ཐེག་པ་འོག་མ་ལ་གནས་ཀྱང་གསང་བའི་སྐལ་བ་ཅན་རྣམས་ཀྱི་ཐེ་ཚོམ་དབང་གི་སྒོ་ནས་བྱིན་རླབས་ཀྱིས་ཆོད་དེ་གསང་སྔགས་ཀྱི་གདེང་རྙེད་པར་བྱེད་པའོ། །གང་རྒྱུན་གྱི་ཞིང་ཁམས་ནི། ཞེས་པ་སྤྲུལ་པའི་སྐུའི་ཞིང་ནི་མི་མཇེད་ཀྱི་འཇིག་རྟེན་ཏེ་ཆ་གཅིག་ཐ་དད་པའི་མོས་པ་ཅན་ནོ། །གིས་དབང་ངོ་། །འཁོར་ནི་མོས་པ་ཇི་སྙེད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའོ། །བསྟན་པ་ནི་ཚིག་གི་གསུང་མོས་པ་ཐ་དད་ལ་སྣང་བས་ཇི་སྙེད་པའོ། །དུས་ནི་སྟོན་པའི་སྒྲོན་མེའི་ཞིང་ཁམས་སུ་བྱུང་བའི་དུས་སོ། །མཛད་པ་ནི་འགྲོ་བ་དྲུག་དོན་ལ་མདོངས་པའི་མ་རིག་པ་སེལ་བར་མཛད་པའོ། །ལང་ཀའི་བདག་པོ། དེ་དག་ཀྱང་སོ་སོར་བལྟ་བར་མི་བྱའོ། །ཞེས་པ་སྐུ་ལྔའི་ཆ་རྐྱེན་ཉི་ཤུ་རྩ་ལྔར་བཤད་པའང་གདུལ་བྱའི་བསམ་པས་ཕྱེ་བ་ལས། ངོ་བོ་ཉིད་ཐ་དད་དུ་མི་བལྟའོ་ཞེས་གདམས་པ་མཛད་དོ། །དེའི་གཏན་ཚིགས་ཅིས་མངོན་ན། གང་ངོ་བོ་ཉིད། ཞེས་པ་སྐུ་ལྔ་ངོ་བོ་ཉིད་མེད་གང་དུའང་མི་ཟིན་པའི་སྐུ་ཉིད་དེ་ལྟར་སྣང་བྱིན་རླབས་སྣང་བ་ཡང་། གསང་སྔགས་དེ་ཁོ་ན་ཉིད་གསང་བ་སོགས་ཇི་བཞིན་པའི་ཡོན་ཏན་སྣང་བ་ལ་སེལ་མེད་དོ། །དེ་ཡང་དཔེ་ཡིས་གསལ་བར་བསྟན་པ་སྒྲ་ཇི་བཞིན་ནོ། །སྐུ་ཡོངས་སུ་སྣང་བ་དམ་པ་རྒྱན་བཀོད་པའི་ལེའུ་ཞེས་པ། སྐུ་ལྔའི་དོན་ཐ་དད་སྣང་བའི་ཡོན་ཏན་གསང་བའི་ངོ་བོ་ཉིད་ལ་ལྡན་པའི་དོན་བསྟན་པའི་སུམ་ཅུ་རྩ་གསུམ་པ་བཀྲོལ་བའོ།། །།དེ་ནས་ཡང་ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ། ཞེས་པ་ལ་སོགས་པ་གསུང་རྟོགས་པར་བྱ་བའི་ཐབས་དྲིས་པའོ། །ལན་ནི། གསང་བའི་ཡང་གསང་བ་མཆོག་ཏུ་གྱུར་པ་ནི། བརྗོད་བྱ་རྗོད་བྱེད་དབྱེར་མེད་པ་ཉིད་ཀྱང་ངོ་བོ་བསྟན་ཅིང་བརྗོད་པ་ལས་འདས་པ་སྔ་ཕྱི་བསྟན་དུ་མེད་པ་ནི་ངོ་བོ་ཉིད་ཀྱི་གསུང་ངོ་དོ། །གལ་ཏེ་གསང་བ་དེ་དག་སོགས་བརྗོད་དུ་ཡོད་ཅིང་རྟོགས་པར་བྱར་ཡོད་པ་མིན་པའི་ཕྱིར་རྒྱུར་དག་པའི་རྒྱལ་བས་ཀྱང་ངོ་བོ་མི་ཟིན་པས། ངོ་བོ་མེད་པའི་གང་གི་ཕྱིར་སོགས་ངོ་བོ་ནི་བསྟན་དཀའ་བའི་གཏན་ཚིགས་དེས་ན། ངས་ཀྱང་རིག་པར་དཔག་པར་དཀའ་ཞིང་བསྟན་པར་དཀའོ་བར་བཀའ་སྩལ་པ་ནི། གསང་བ་ཇི་བཞིན་པའི་དབང་དུའོ། །གཏན་ནས་བསྟན་དུ་མི་བཏུབ་པས་ཐབས་དང་འབྲེལ་བ་མེད་དོ་བར་དོགས་པ་ལ། ལང་ཀའི་བདག་པོ། འོན་ཀྱང་འདི་ལྟར་རིག་པར་བྱ་སྟེ། ཞེས་པ་ལ་སོགས་པ་གཞི་དེ་ལྟར་ཡང་བརྒྱུད་ནས་རྟོགས་པར་བྱ་བའི་ཐབས་མེད་པ་མ་ཡིན་པའི་ཕྱིར་ཚུལ་འདི་བཞིན་སོ་སོར་རིག་པར་བྱའོ། །དེ་གང་ཞེ་ན། ནམ་མཁའ་ལྟར་བརྗོད་མེད་བརྗོད་པ་གཏན་ནས་ཀུན་འབྱུང་གི་གོ་སྐབས་ཅན་དང་། སྒྲིབ་པའི་དྲི་མ་མེད་པར་ཐམས་ཅད་དུ་མ་འགགས་པར་ཁྱབ་བདལ་བའི་ཡེ་ཤེས་སུ་གསལ་བ་ལས་བྱིན་རླབས་ལྷོར་ལྟས་ཀྱི་ངོས་ལ་ཉི་མའི་ཟེར་ལྟར་འབྱུང་བ་དང་གཉིས་ནི་ངོ་བོ་ཉིད་དང་ཆོས་སྐུའི་གསུང་ངོ་། །ལོངས་སྤྱོད་རྫོགས་པའི་སྐུ་ཚིག་ཏུ་མ་བརྗོད་ཀྱང་དགོངས་པ་དང་སྐུས་དབང་བསྐུར་བའི་བྱིན་རླབས་འཁོར་ལ་སྣང་བའི་བརྗོད་པ་དང་འདྲ་བའི་ཕྱིར་མེ་ལོང་ལྟ་བུའི་གསུང་སྟེ། དཔལ་གསང་བའི་སྙིང་པོ་ལས། དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་མཇལ་བར་སྟོན། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །འཁོར་གྱི་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །དེ་ནས་ས་བཅུ་རིམ་གྱིས་འབྱང་། །ཞེས་པའི་དོན་ཏོ། །གསང་བའི་སྐུ་བདེ་བ་ཆེན་པོའི་རོས་གང་བས་གསང་སྔགས་རྒྱ་མཚོའི་ཚོགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས། སྐད་ཅིག་ལ་བརྗོད་པ་ལ་དང་འདྲ་བར་ཤར་བ་ནི། སྒྲིབ་པའི་ཕུང་པོ་ཇི་སྙེད་སྐད་ཅིག་ལ་ཟིལ་གྱིས་གནོན་པ་སེང་གེ་ལྟ་བུའོ། །སྤྲུལ་སྐུའི་གསུང་ནི་རེ་རེ་ལའང་ཡན་ལག་བསམ་གྱིས་མི་ཁྱབ་པ་ནི། ཚིག་ཇི་སྙེད་དངོས་སུ་བཀའ་སྩལ་པའོ། །སྤྲུལ་པའི་གསུང་ནི་རྒྱས་པར་བསྟན་པའི་ཕྱིར། ལང་ཀའི་བདག་པོ་བསམ་གྱིས་མི་ཁྱབ་པ་དེ་དག་ཀྱང་བཞིར་འབྱུང་ཞིང་བཞིར་སྣང་། ཞེས་པ་སྟེ་སྤྲུལ་པའི་གསུང་གི་དོན་བསྡུ་ན་རྣམ་གྲངས་བཞིར་མ་སྣང་བ་སྟེ། དེ་ལྟར་བྱུང་ཞིང་སྣང་བ་དེ་རྩ་བ་ལས་སྤྲོས་པའི་ཡན་ལག་ཤེས་པར་བྱའོ། །རྩ་བའི་གྲངས་སྒྲ་བཞིན་ནོ། །ལང་ཀའི་བདག་པོ། དེ་ལ་རང་བཞིན་གང་ཞེ་ན། ཞེས་པ་དག་ནི་རང་བཞིན་བཅུ་དང་ལྡན་ཏེ། ཆོས་ཀྱི་སྐུས་ཁྱབ་པའི་སྒོ་ནས་ཕྲ་བ་མ་ཡིན་ཏེ་ཐག་རིང་ཡང་འགྲམ་ན་གནས་པ་ལྟ་བུའི་བྱིན་དང་ལྡན་པའི་སྒོ་ནས་གདངས་སུ་ཆེ་བ་དང་། སྒྲ་ཇི་སྙེད་ཐ་དད་པར་སྣང་བའི་སྒོ་ནས་ཡོངས་སུ་ཁྱབ་པ་དང་། དོན་སྐད་ཅིག་ལ་གདུལ་བྱའི་རིགས་ལ་སྣང་བར་བྱེད་དེ་ཁོང་དུ་ཆུད་པར་སླ་བའི་སྐད་ཀྱི་དབྱངས་ལྡན་པའི་སྒོ་ནས་གོ་བར་མྱུར་བ་དང་། ཐེ་ཚོམ་མི་ཟ་ཞིང་ཉེ་བར་བསྒྲུབ་པའི་སྒོ་ནས་ངེས་པ་རྙེད་པས་འཁོར་གྱི་ཐེ་ཚོམ་གཅོད་པ་དང་། བྱམས་པའི་སྒོ་ནས་གདུལ་བྱ་གཅིག་གིས་བསམ་པ་ལ་ཡང་བདག་གཅིག་པུ་ལ་གཟིགས་སྙམ་པ་དང་། ཐུགས་རྗེ་ཆེན་པོའི་སྒོ་ནས་གདུལ་བྱ་ལ་ཕན་པའི་དོན་འབའ་ཞིག་སྟོན་པ་དང་། དེ་ལ་མོས་ཤིང་དགའ་བ་ཆེན་པོའི་སྒོ་ནས་སྒོ་ཀུན་ནས་འཇུག་པ་དང་། ཡིད་དུ་འོང་བས་སྙན་པར་ཉེ་འདོད་པས་ཆོག་མི་ཤེས་མོས་པ་སྐྱེ་བའི་ཕྱིར་འདུན་པ་སྐྱེད་པ་དང་། ཤེས་པའི་བྱེ་བྲག་མཁྱེན་པའི་སྒོ་ནས་མ་འདྲེས་པར་སྟོན་ཏེ་ལྷ་ཀླུ་ལ་སོགས་ཕལ་པ། གཞན་ལས་གསུང་ཁྱད་དུ་གྱུར་ཞུགས་པ་དང་། ཚིག་གི་ཡོན་ཏན་རིག་པས་ཀུན་གྱི་སྐད་དང་མཐུན་པའི་སྒོ་ནས་ཐམས་ཅད་འདུལ་བའོ། །ལང་ཀའི་བདག་པོ་རྣམ་གྲངས་གང་ཞེ་ན། ཞེས་པ་ལ་སོགས་པ་རྣམ་གྲངས་དྲུག་ཚངས་པ་ལ་སོགས་ཉེ་བར་བསྟན་པ་ནི། གདུལ་བྱའི་དབང་སྟེ། སྒྲ་རིང་ཐུང་དང་ཕྲ་སྦོམ་དང་གཉིས་ཀའི་ཆ་ལས་སྣང་བའི་ངོ་བོ་དུང་ངེ་བའི་གསུང་ནི། ཚངས་པའི་དབྱངས་ལྟ་བུ་སྟེ། གསེར་གྱི་རྔ་བོ་ཆེའི་སྒྲས་ལྷ་རྣམས་ཀྱི་ཡིད་མོས་པས་འདུལ་ལོ། །བྲེང་ངེ་བ་ནི་རོལ་མོ་སིལ་སྙན་དང་འདྲ་སྟེ། ལྷ་མ་ཡིན་རྣམས་མོས་ཤིང་འདུལ་ལོ། །པང་ཀ་དེའུའི་དབྱངས་ནི་རོལ་མོ་བའི་གླུ་གར་དང་འདྲ་སྟེ། མིའི་ཡིད་མོས་ཤིང་འདུལ་ལོ། །ཅད་ཀ་དེའུ་ནི་ཀ་ལ་པིང་ཀའི་སྒྲ་དང་འདྲ་ཏེ། བྱོལ་སོང་རྣམས་མོས་ཤིང་འདུལ་ལོ། །གན་དྷ་པ་ནི་འབྲུག་གི་སྒྲ་དང་མཚུངས་ཏེ། ཡི་དྭགས་རྣམས་ཟས་འབྱུང་བར་ཐོས་པས་མོས་ཤིང་འདུལ་ལོ། །ཤན་དྷ་པ་ནི་སྒྲ་བརྙན་ལྟ་བུ་སྟེ། བྱམས་པའི་ཚིག་དང་རྣམ་སྨིན་གྱི་འབོད་གྲོགས་ཀྱིས་དམྱལ་བ་རྣམས་མོས་ཤིང་འདུལ་ལོ། །ལང་ཀའི་བདག་པོ་ཡན་ལག་ནི་འདི་ལྟ་སྟེ། ཞེས་པ་ལ་སོགས་པ་བཤད་པའི་རྩ་བ་གཅིག་ལའང་འདི་རྣམས་འཕྲོ་བའི་ཕྱིར་ཡན་ལག་བསྟན་པ་ནི། བདེ་བ་དང་སྤྲོ་བ་དང་མོས་པ་དང་དགའ་བས་གདུལ་བྱའི་སེམས་འཇུག་པས་འདུ་ཤེས་སྐྱེ་བའི་བྱེད་པ་དང་། དོན་གྱི་རྣམ་པ་རང་རང་གིས་རིག་པ་ལྟར་སོ་སོར་རིག་པར་བྱེད་པ་སྟེ་སྦྲིད་བསང་བ་ལྟ་བུའོ། །དང་། གདུལ་བྱས་རང་གིས་འདོད་པའི་དོན་ཆེ་བ་གྲུབ་པར་བྱེད་པས་དགའ་བ་བསྐྱེད་པས་གཉན་པར་འོས་དང་། སྨོན་ལམ་དང་ཐུགས་རྗེའི་སྒོ་ནས་གདུལ་བྱ་སོ་སོའི་བསམ་བློ་དང་མཐུན་པ་ཉི་ཚེ་བ་དང་། ཆོས་དབྱིངས་ཐུགས་སུ་ཆུད་པས་གསུང་གི་ཚིག་གཅིག་དོན་ལ་ཤིན་ཏུ་ཟབ་པ་དཔག་པར་དཀའ་བ་དང་། གང་དོན་གྱི་རྗེས་འདོད་པ་སྐོང་བའི་སྒོ་ནས་དེའི་བསམ་དང་མི་འགལ་བར་རྗེས་སུ་འབྱུང་བྱུང་བ་དང་། ཐུན་མོང་གི་དགྲའི་གཉེན་པོ་དང་། ཕྱིར་རྒོལ་བའི་མུ་སྟེགས་དང་། བདུད་ཀྱིས་མི་ཚུགས་པ་དང་། གདུལ་བྱའི་རྣ་བར་ཤིན་ཏུ་སྙན་པ་དང་། གསུང་གི་ཞེ་སྡང་ཅན་ལ་འདོད་ཆགས་མ་ཡིན་དོན་མ་འདྲེས་པར་གསལ་བ་དང་། དབྱིངས་སུ་གཅིག་པས་མ་བསྒྲིབ་པར་གསལ་བས་ལྡབ་ལྡིབ་ལ་སོགས་པ་སྤངས་པས་ཤིན་ཏུ་གསལ་བ་སྟེ། རྣམ་གྲངས་དྲུག་གི་གཅིག་ལའང་བཅུ་རྫོགས་པའི་ཕྱིར། གསུང་གི་ཡན་ལག་དྲུག་ཅུར་འགྱུར་རོ། །ལང་ཀའི་བདག་པོ་དེ་ལ་གཟུགས་བརྙན་གང་ཞེ་ན། ཞེས་པ་ལ་སོགས་པ་གསུང་གི་གཟུགས་བརྙན་ནི། ཡི་གེའི་ཚོགས་སུ་ཤར་བ་སྟེ་སྒྲ་སྤྱིའི་མཚན་ཉིད་རྣམ་པ་ལྟ་བུའོ། །ཡི་གེ་ཡི་གེ་འབའ་ཞིག་གམ་ཞེ་ན་མིན་ཏེ་འོག་ཡི་གེར་མ་ཟད་ཆོས་ཐམས་ཅད་དེ་ཉིད་ནི་གསང་སྔགས་ཇི་བཞིན་པའི་བྱིན་རླབས་སུ་ཤེས་པར་བྱའོ་ཞེས་གདམས་སོ། །ཇི་ག་དེ་ལྟར་བཤད་པའི་སྤྲུལ་པའི་སྐུའི་གསུང་དུ་བསྟན་ནས། འདིར་གསང་བའི་བྱིན་རླབས་ཡིན་ན་སྤྲུལ་པའི་གསུང་དུ་མི་འགྱུར་བས་སྟོན་པ་ཉིད་ཀྱི་གསུང་གིས་བསལ་བའི་འགལ་བ་ལྟ་བུར་འགྱུར་རོ། །དེ་མིན་པར་ཚིག་འདི་དག་སྤྲུལ་པའི་གསུང་ཡིན་ན་ནི། གསང་སྔགས་རྒྱུད་སྤྲུལ་པས་གསུངས་པས། མྱ་ངན་འདས་ཀར་ལུང་བསྟན་པ་སྐད་དུ་གསུངས་པ་དང་། འདིར་གསང་བའི་བྱིན་རླབས་སུ་བསྟན་པའང་འགལ་ལོ་ཞེ་ན། དེ་དག་གི་དོན་ནི་ཐེ་ཚོམ་དུ་གྱུར་པ་མེད་དེ། སྐུ་བཞི་ལས་ཡི་གེ་སྤྲུལ་པའི་གསུང་ཡིན་དུ་ཟིན་ཀྱང་། སྤྱིར་འདྲ་བ་ཐུན་མོང་གི་དབང་ཙམ་དང་། སྤྲུལ་པ་ཉིད་ཀྱང་གསང་བ་དམ་པའི་བྱིན་བརླབས་པས་གཞིའི་ངོ་བོ་ཉིད་ལ་དགོངས་པའི་ཕྱིར་རང་གི་ཚིག་སྐྱོན་མེད་དོ། །དེ་ལྟའི་ཡི་གེ་སྤྲུལ་པའི་གསུང་དུ་སྨིན་ཀྱང་། རྒྱུད་འདི་ཉིད་སྤྲུལ་པས་བཤད་པར་མ་བསྟན་པས་འདིའི་བྱིན་རླབས་དེ་སྐད་ཅིག་ཏུ་གྲགས་པའི་ཕྱིར། སྐྱོན་གཉིས་པའང་མེད་དོ། །ལང་ཀའི་བདག་པོ། གསང་བ་དམ་པའི་བྱིན་རླབས་ནི། །ཞེས་པ་ལ་སོགས་པ། ཡི་གེ་ལ་སོགས་པ་ཆོས་རིལ་གྱི་དངོས་གཞིར་གྱུར་པས་ཅིར་ཡང་སྣང་ཞིང་གྲུབ་མཐོང་དུ་བཏུབ་པའི་ཕྱིར། ཅིའང་མ་ཡིན་པ་བརྗོོད་མེད་འཛིན་བྲལ་ནི་རྒྱལ་བའི་གསུང་ཆེན་པོ་སྟེ། དེ་ཉིིད་ལ་བཤད་པ་ལྟར་ཡི་གེ་རིལ་གཅིག་དང་དུ་མ་བྲལ་བའི་ཚུལ་གྱིས་རྫོགས་པས། སྣང་བའི་ཕྱིར་ཡི་གེ་འབྱུང་ཞེས་བསྙད་དོ། །འོ་ན་སྣང་བ་འབའ་ཞིག་ལ་འཆེལ་བར་མི་འགྱུར་རམ་ཞེ་ན་ལང་ཀའི་བདག་པོ། འོན་ཏང་ན། ཞེས་པ་ལ་སོགས་པ་དེ་བས་ན་ཆོས་རྣམས་ཀྱི་ཆོས་ཉིད་ངོ་བོ་མེད་པ་དེ་རང་བཞིན་གྱི་གཏན་ཚིགས་ཀྱིས་མངོན་པར་ངང་གིས་མ་བཅོས་མ་བྱས་མ་བསྒྲིབ་ཡོང་གི་འོད་གསལ་བཙལ་དུ་མེད་གཞན་དུ་མ་ཚོལ་ཏེ། ཡེ་ལྷུན་གྱིས་གྲུབ་བོ། །གང་བྱང་ཆུབ་དོན་དུ་གཉེར་སོགས་དེ་ལྟ་བུ་ལ་རྩོལ་བ་ནི་ཚི་ཆད་པའི་ནང་དུ་འགྱུར་རོ། །ཐམས་ཅད་གཅིག་ཐ་དད་པར་སྣང་བ་འགལ་བར་བསྟན་པའི་ཕྱིར་སྨྲས་པ། གསང་བའི་བདག་པོ། འོ་ན་སེམས་ཅན་དང་སངས་རྒྱས་གཉིས་ཅིའི་ཕྱིར་ཐ་དད། ཅེས་པ་ལན་གཞན་ལ་བརྟེན་པའི་མ་རངས་པ་སེལ་བའི་དོགས་པ་ཆེད་དུ་དྲིས་པ་སྟེ། དེ་ལྟར་རིལ་གཉིས་མེད་ཡིན་དུ་ཟིན་ན། རྒྱལ་བ་དང་འགྲོ་བ་བདེ་སྡུག་སོ་སོར་འབྱུང་བའི་ལུགས་ཅི་ཡོད་ཅེས་པའོ། །དེའི་ལན་ནི་ངོ་བོ་དབྱེར་མེད་ནའང་ཡང་དག་པ་དང་ལོག་པའི་ལམ་རྐྱེན་ཇི་བཞིན་པའི་ཕྱིར་རོ། །རྐྱེན་གྱིས་བསྒྱུར་བས་ལན་བཏབ་པའོ། །འོན་ཀྱང་དེ་གཉིས་ལྡོག་པ་ཐ་དད་དུ་ཡོད་དུ་ཟད་ཀྱི་ངོ་བོ་བཀོལ་བ་མེད་དོ། །ལང་ཀའི་བདག་པོ་དེ་བས་ན་འདི་ལྟ་སྟེ། ཞེས་པ་དག །བོས་ནས་གོང་མའི་ཚུལ་ལ་སྙེགས་པ་ནི། དེ་བས་ན་འདི་ལྟ་སྟེ། རྐྱེན་ཇི་རྐྱེན་ཇི་བཞིན་པའི་ཕྱིར་རོ། །བཞིན་གྱིས་བསླད་པའི་ཕྱིར་འགྲོ་བ་རྣམས་ལ་གཟུགས་བརྙན་གྱིས་དོན་དུ་བྱ་དགོས་པའི་དབྱེ་བ་བརྗོད་པས་ཆེད་དུ་འགྱུར་པ་དང་། གཞི་གཅིག་ལས་རྐྱེན་གྱིས་གཉིས་སུ་སྣང་དུ་བཏུབ་པའི་ཕྱིར་མི་དམིགས་པ་ལས་གཟུགས་བརྙན་སྣང་དུ་བཏུབ་པའི་དོན་དཔེར་སྦྱར་བ་གཉིས་ཐུན་མོང་དུ་འགྱུར་རོ། །གྲགས་ལྔ་ཉེ་བར་སྟོན་པ་སྒྲ་བཞིན་ནོ། །ལང་ཀའི་བདག་པོ་དེ་ལ་གཟུགས་བརྙན་གྱི་རྒྱུ་ནི་དྭངས་པ་དང་མི་དམིགས་པ་སྟེ། ཞེས་པ་རྒྱུ་བསྟན་པ་གང་ཞེ་ན། ཇི་བཞིན་པ་གསང་བ་དམ་པའི་ངང་ལ་རིལ་མ་འདྲེས་པར་ཡེ་ཤེས་གསལ་བ་དང་། མཐའ་བྲལ་མི་དམིགས་པ་བས་ངོ་བོ་མེད་པ་དབྱིངས་སྟེ། ཅིའི་ཕྱིར་ཞེ་ན། ངོ་བོ་འདི་འདྲར་ཅིའང་མེད་པ་ལས་མེད་ཀྱང་ཡི་གེ་སྣ་ཚོགས་ཅིར་ཡང་སྣང་བ་འཆར་བའི་ཕྱིར་རོ། །ལང་ཀའི་བདག་པོ་གཟུགས་བརྙན་འབྱུང་བའི་སྒོ་ནི། ཞེས་པ་དག་ཡི་གེ་འཆར་བའི་སྒོ་ནི། དཔེར་ན་བཞིན་དང་མེ་ལོང་ལ་གཟུགས་བརྙན་སྣང་བ་ལྟར་དབུགས་དང་ཁ་ལྕེ་ལས་ཡི་གེ་འབྱུང་སྟེ། དབྱིངས་དང་ཡེ་ཤེས་ལས་གང་མ་གྲུབ་པ་ལས་ཅིར་ཡང་འཕྲུལ་བའོ། །བྱུང་ཚུལ་སྟོན་པ་ལས་འཆད་པར་འགྱུར་རོ། །དེས་ངོ་བོ་ཅིའང་མེད་པ་ལས་ཡི་གེར་ཤར་བས་ཤེས་བྱ་ཅིའང་ཤེས་པར་རིག་པར་བྱེད་བྱེད་དེ། དེ་ལས་འོག་ཏུ་སྟོན་པ་ལས་འཆད་པར་འགྱུར་རོ། །ལང་ཀའི་བདག་པོ་གཟུགས་བརྙན་གྱིས་གང་མཚོན་པར་བྱེད་མོད་ཀྱི། ཞེས་པ་ལ་སོགས་པ་ཡི་གེ་དོན་གྱི་ངོ་བོ་མ་ཡིན་ཀྱང་མཚོན་ནུས་པ་དང་གཅིག་ཐ་དད་ལས་གྲོལ་བར་བསྟན་ཏོ། །ཡི་གེས་དོན་གྱི་དངོས་གཞི་མཚོན་པར་བྱེད་མོད་ཀྱང་། དེ་ཉིད་ལས་དོན་བྱུང་བ་མ་ཡིན་ཏེ། དེ་ཉིད་ཡེ་དོན་མ་ཡིན་པའི་ཕྱིར། མི་འབྱུང་བ་མ་ཡིན་ཏེ། ལོགས་ན་མེད་པས་མཚོན་ནུས་པའི་པྱིར་རོ། །དེ་བཞིན་དུ་ཡི་གེ་ལས་དོན་དུ་སྣང་བ་མ་ཡིན་ཏེ་ཚིག་གིས་མི་ཕེབས་པའི་ཕྱིར་རོ། །མི་སྣང་བའང་མ་ཡིན། ལུང་ངེས་པས་བརྒྱུད་ནས་མཇལ་བར་བྱེད་དོ། །ཁྱབ་པའང་མ་ཡིན་མི་ཁྱབ་པའང་མ་ཡིན། ཞེས་པ་དོན་གྱི་ངོ་བོ་ཉིད་ལ་ཡི་གེས་ཁྱབ་པའང་མ་ཡིན་ཏེ། ཡི་གེ་སྒྲ་ཙམ་གྱིས་ཐོག་ཏུ་ཕེབས་པ་མེད་པའི་ཕྱིར་རོ། །ཡི་གེ་ལས་དོན་གྱིས་མ་བསྣུམས་པའང་མ་ཡིན་ཏེ། དོན་ལས་ཡི་གེ་གཞན་དུ་མ་ཡིན་པའི་ཕྱིར་རོ། །དཔེར་ན། ཞེས་པ་དག་སྒྲ་བཞིན་ནོ། །དེའི་གཏན་ཚིགས་བརྗོོད་པ་ནི། གཟུགས་བརྙན་ནི་དངོས་གཞི་ལས་འབྱུང་བས། ཞེས་པ་མཚོན་ནུས་པའི་གཏན་ཚིགས་དང་། དངོས་སུ་ཡོད་པ་བསྟན་དུ་བཏུབ་པར་སྟོན་པའོ། །དངོས་གཞི་ནི་ཞེས་པ། ངོ་བོ་བརྟགས་དཀའ་བས་བརྗོད་དུ་མི་བཏུབ་སྟེ་ཐ་མའི་གཏན་ཚིགས་སོ། །དེ་བས་ན་སངས་རྒྱས་ཀུན་གྱི། ཞེས་པ་དག་མངོན་པར་མཚོན་དུ་མི་བཏུབ་པའི་ཚུལ་གྱིས་ཡེ་ནས་རང་ཁྱབ་ཏུ་ཡོད་ཀྱང་། མཚོན་རྣོན་པོ་ལྟར་རང་གིས་རང་མཐོང་རྟོགས་པ་མ་ཡིན་པའོ། །དེ་ལས་བྱུང་བ་ཐམས་ཅད་ནི། །ཞེས་པ་ཡི་གེ་རྣམས་ཀྱི་རྟོགས་སུ་རུང་། ཡི་གེ་དེས་དོན་ཀྱང་མཚོན་པར་ཡང་ནུས་སོ། །ངོ་བོ་ངེས་པར་འདི་ཡིན་ནོ་ཞེས་ཐོག་ཏུ་བབ་པར་མི་ནུས་ཏེ། ངོ་བོ་བརྗོད་པ་དང་བྲལ་ལ་བརྗོད་པ་རིལ་མཐའ་ཡིན་པའི་ཕྱིར་རོ། །ལང་ཀའི་བདག་པོ་གཟུགས་བརྙན་གྱི་གཟུངས་ནི། ཞེས་པ་ལ་སོགས་པ། ཡི་གེའི་གཟུངས་ནི་དངོས་པོ་མ་གྲུབ་ཅིང་བརྟག་ཏུ་མེད་པ་ཁོ་ན་ལས། ཡི་གེའི་སྒྲ་ནི་ཚིག་སྣ་ཚོགས་མི་འགོག་པར་སྣང་ལ་གང་ཡང་མ་བཀོལ་བས་དངོས་དེ་ཉིད་དོ། །དེ་ཉེ་བར་བསྟན་པ་ནི། ཡི་གེ་དང་དོན་དབྱེར་མེད་ཅིང་དེ་གཉིས་དབྱེར་མེད་པ་རང་རིག་པ་ཇི་བཞིན་པ་ཉིད་དོ། །བྱང་ཆུབ་སྙིང་པོ་གསང་སྔགས་ཉིད་དོན་དང་མི་འབྲལ་བའི་དོན་ཉིད་ཡི་གེ་གཉིས་ཀའོ། །དེ་བས་དཔེ་རྒྱ་མཚོ་དང་རླབས་འདྲ་སྟེ། གསང་བ་དམ་པ་དང་ཡི་གེ་དོན་ལ་གདོད་ནས་སོ་སོ་བ་མེད་པ། སོ་སོར་བགྲངས་པའི་མཐའ་འདས་པ་ལ་དབུས་ཀྱི་ཐ་སྙད་ཙམ་ཡང་བཟུང་དུ་མེད་པས། གཉེན་པོས་མི་ཤིགས་པའི་ངོ་བོར་རྒྱལ་བས་གཟིགས་ཏེ། དོན་མ་ནོར་བར་ངེས་པར་གཟུང་བ་དེའི་ཕྱིར་གཟུངས་ཀྱི་ངོ་བོ་དང་གཏན་ཚིགས་དང་པོའོ། །དེ་བཞིན་དུ་ཅིས་ཀྱང་མི་ཕྱེད་མི་ཤིགས་པ་དང་། ཞེས་པ་ལ་སོགས་པ། ཡི་གེ་དང་དོན་གསང་བ་དམ་པ་ཉིད་ཡེ་ནས་མ་བཅོས་པའི་ཆོས་ཉིད་དུ་གཅིག་པས་འཕོ་འགྱུར་མེད་པ་དང་། མཐའ་གང་དུའང་མི་ཟིན་པ་དང་། བཟང་ངན་གཉིས་མེད་པ་དང་། ངོ་བོ་མི་རླག་པ་དང་། སྟོང་ལ་མཐའ་མེད་ཅིང་གསལ་བ་དང་། བཏགས་པ་དང་སྒྲ་དང་དེའི་མཚོན་བྱ་དང་། སྤྱོད་ཡུལ་མ་ཡིན་དམ་པར་གྱུར་པ་ཉིད་ཀྱི་ཕྱིར་གཟུངས་གཉིས་པའོ། །འོན་ཏང་ན་གཟུགས་བརྙན་གྱི། ཞེས་པ་ཡི་གེ་དང་དོན་མཚན་ཉིད་གཉིས་ཀ་མི་དམིགས་པའི་ཆོས་ཉིད་དུ་གཅིག་པས་གཟུངས་ཏེ་གསུམ་གྱི་ཕྱིར་ཡང་ངོ་། །མི་དམིགས་པའི་དབྱིངས་དེ་ནི། ཞེས་པ་དག་ནི་དོན་དང་མི་དམིགས་པའི་ཡི་གེར་ཡོད་པ་མ་ཡིན་པའི་ངོ་བོ་དེ་ཉིད་དབྱིངས་ལས། འཁོར་བ་དང་མྱ་ངན་ལས་འདས་པ་རིལ་གྱི་འབྱུང་གནས་ཀྱང་ཡིན། དངོས་གཞི་ཐམས་ཅད་པའང་ཡིན་པས་མི་ཕྱེད་མི་འབྲལ་བའི་ཕྱིར་གཟུངས་བཞི་པའོ། །མདོར་ན་གཏན་ཚིགས་བཞིའི་རིམ་པས་མིང་ངེས་པར་འགྲུབ་པའོ། །ལང་ཀའི་བདག་པོ་གཟུགས་བརྙན་གྱི་དམ་ཚིག །ཅེས་པ་ལ་སོགས་པ། ཡི་གེའི་དམ་ཚིག་ནི་དོན་གྱིས་གཟུགས་བརྙན་མ་སྐྱེས་པའི་གཟུགས་བརྙན་ཨར་བྱུང་ན། ཨ་ཡང་དོན་དེ་ལས་གཞན་དུ་མི་འགྱུར་ཏེ། དེ་བཞིན་དུ་ཡི་གེ་གཞན་ཡང་རྗེས་སུ་མཐུན་ནོ། །ཡི་གེ་ཇི་སྙེད་དུ་བྱུང་ཡང་རང་རང་གི་དོན་དེ་ལས་གཞན་དུ་མི་འགྱུར་བ་ནི་ཡི་གེའི་དམ་ཚིག་གོ། །དེ་ཡང་ཡི་གེ་དེ་དག་རང་རང་གི་དོན་ལས་གཞན་དུ་འགྲོ་འོང་མེད་པའི་ཕྱིར་དང་། ཡི་གེ་རྣམས་ལའང་ཕྱི་ནང་གི་རིས་མེད་པ་དང་། ཡི་གེ་ཉིད་སྒོ་དང་ཕུགས་ཀྱི་ཕྱོགས་མེད་པ་དང་། དོན་དང་འདུ་འབྲལ་མེད་པས་གཏན་ཚིགས་བཞིར་ཡི་གེ་ཀུན་མཚུངས་པས་མིང་ངེས་པར་འགྲུབ་བོ། །ཡང་ཡི་གེ་རིལ་མཉམ་པ་ཆེན་པོའི་ངང་ལས་མ་བཀོལ་ཏེ་རྒྱས་བཏབ་པའི་ཕྱིར་ཡང་མཚན་ངེས་སོ། །ལང་ཀའི་བདག་པོ་དཔེར་ན་རྡོ་རྗེ་སེམས་དཔའ་ནི། ཞེས་པ་སྒྲ་བཞིན་ནོ། །ཡི་གེ་དང་དོན་གཉིས་ཀྱི་དཔེར་བསྟན་པའོ། །སྨྲས་པ། གསང་བའི་བདག་པོ་འོ་ན། ཞེས་པ་གཟུགས་བརྙན་དང་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པར་བསྟན་པ་ལ། མ་རུངས་པ་རྒོལ་ཚིག་ཏུ་དྲིས་པ། ཡི་གེའི་དོན་མཚོན་བྱེད་དང་མཚོན་བྱར་བསྟན་པ་ཅི་དགོས་པ་དྲིས་པའོ། །སྨྲས་པ། ལང་ཀའི་བདག་པོ་ཁོ་བོས། ཞེས་པ་ལན་ནི་སྔོན་དུ་དེ་ཁོ་ན་ཉིད་བརྩོན་པར་བྱས་ན་ཞེས་པའི་སྒྲས། དམན་པ་ལ་ཡི་གེ་གཟུགས་བརྙན་གྱིས་མཚོན་པ་འགལ་བ་མེད་དེ་དགོས་ཆེད་ཡོད་དོ། །སྨྲས་པ། གསང་བ་པ། ཞེས་པ་བློ་ཆུང་ངུ་རྩོལ་བ་ལ་མཚོན་པར་བསྟན་པས། བློ་ཆེན་པོའང་རྩོལ་བ་ལ་མ་རངས་ནས་དྲིས་པའོ། །སྨྲས་པ། ལང་ཀའི་བདག་པོ་དེ་དེ་ལྟ་ཡིན་མོད་ཀྱི། ཞེས་པ་བླ་མཆོག་དེ་དག་རྩོལ་བ་འདྲ་ཡང་བདག་ཉིད་གཅིག་པུའི་ཕྱིར་མ་ཡིན་ཏེ། རྟོག་པ་དང་མ་བྲལ་བ་རྣམས་སྤྱོད་པས་དྲང་བའི་ཆེད་དང་། བློ་ཆེ་ཡང་ད་དུང་མན་ངག་ཟབ་མོ་མ་ཐོབ་པས་གོམས་པར་བྱ་བའང་ཡོད་པས། བདག་གཞན་གཉིས་ཀའི་ཆེད་དང་ལྡན་པའི་ཕྱིར་དགོས་པ་ཡོད་དོ། །ལང་ཀའི་བདག་པོ་དེ་ཁོ་ན་ཉིད། ཅེས་པ་དག་ནི། ཇི་བཞིན་པའི་ངང་ལས་དུས་གསུམ་དུ་ཡི་གེ་ལ་སོགས་པ་འབྱུང་བ་ནི་དཔེ་གཉིས་ཏེ། ནོར་བུ་རིན་ཆེན་དང་སྤྲིན་འདྲ་སྟེ་འབྱུང་བའི་ཚུལ་ལོ། །དེ་དག་ནི་བསམ་པ་ཐ་དད་ཀྱི་ངོར་གཉིས་སྨོས་སོ། །དེ་དག་སྒྲ་བཞིན་ནོ། །ལང་ཀའི་བདག་པོ་གཟུགས་བརྙན་གྱི་སྤྲུལ་པ་ནི་ཐ་དད་དེ། ཞེས་པ་ལ་སོགས་པ་ཡི་གེའི་སྤྲུལ་པ་གྲངས་དང་ཡོན་ཏན་སྒྲ་བཞིན་ནོ། །ལང་ཀའི་བདག་པོ་ཡི་གེའི་མིང་ནི་འདི་ལྟ་སྟེ། ཞེས་པ་རྣམ་གྲངས་ལ་སྙེགས་པས་བཀར་བ་ནི་མིང་འཆད་པ་སྟེ། ཡི་གེ་དང་དོན་ཕྱི་ནང་གང་ནའང་མེད་པར་རང་རང་གི་མཚོན་པའང་མི་འགྱུར་བའི་བླ་དྭགས་སུ་མིང་དུ་བསྙད་པ་ནི། སྤྱིར་སྒྲ་གསུམ་ལས་དྲངས་པའི་སྒྲར་གྱུར་ཏེ་མཚོན་ནོ། །དེའང་། ཨ་ནི་ཨ་ནུ་སརྦ་དང་། །སརྦ་དྷརྨ་མ་སྐྱེས་འགྱུར། །ཀ་ནི་ཀརྨ་ཕྲིན་ལས་ཏེ། །ཁ་ས་མེ་ན་ཁྱབ་པའོ། །ག་ག་ཏི་ནི་སྐྱེ་བ་མཚོན། །གྷ་ག་ན་ནི་གྲོལ་བར་འགྱུར། །ང་ཧ་ར་སྒྲ་འཛིན་པ་སྟེ། ཙར་སྤྱོད་པའི་སྒྲ་ཡིན་ནོ། །ཚ་བི་ཤ་ནི་འདུ་འབྲལ་མཚོན། །ཛ་ཧི་ན་ནི་མི་གནས་པ། །ཛྷ་ས་ཏ་ར་དྲི་མའོ། །ཉ་ནི་ཤེས་པའི་སྒྲ་རུ་འགྱུར། །ཊ་ཏ་ཀ་ར་དེ་ཉིད་དེ། །ཋ་ཏ་ན་ནི་བྱེད་པའོ། །ཌ་དར་མ་ན་ཉེར་ཞིའོ། །ཌྷ་བ་ར་ན་ཆོས་ཡིན་ཏེ། །ཎ་ར་མིང་ནི་མཚོན་བྱེད་པའོ། །ཏ་ཐ་བ་ནས་ལམ་དུ་གྱུར། །ཐ་ཏ་ན་ནིས་གནས་ཞེས་བྱ། །ད་དེ་མ་ན་ཀུན་ནས་འཁྲུལ། །དྷ་ཧེ་རུ་ན་བ་ནི་སྒྲ། །རང་བཞིན་ཇི་ལྟ་ཉིད་མཚོན་པའོ། །ན་ནི་ན་མ་ན་ཡུལ་ཏེ། །པ་ར་མཱཪྠ་དོན་དམ་མོ། །ཕ་ནི་ཕ་ལ་འབྲས་བུ་ཉིད། །བ་སརྟ་ན་འཆིང་གྲོལ་མཚོན། །བྷ་བ་ག་ཏ་སྲིད་པའོ། །མ་མ་ར་ན་དྲན་པར་འགྱུར། །ཡ་ཡ་ན་ནི་མི་འགྱུར་བའོ། །ཝ་ཧེ་ཏུ་ན་རྒྱུ་རྐྱེན་ཏེ། །ར་ར་ག་ན་ཆགས་པའི་རྡུལ། །ལ་ལ་ག་ཤ་ན་བཅོམ་པའོ། །ཤ་ནི་པ་ཀ་ཏི་ཞི་བ། །ཥ་དྷ་ཧ་ས་མན་ཤེས་བསྐྱེད། །ས་ཧ་ར་ཎིའི་སྒྲས་མཚོན་པ། །རྣམ་པ་ཐམས་ཅད་ཞེས་བྱར་འགྱུར། །ཧ་ཧེ་ཏུ་རྒྱུ་ཞེས་བྱ་ཡིན། །ཀྴ་ནུ་པ་ཏ་སརྦའི་སྒྲ། །མཐར་ཟད་པ་ཞེས་བྱ་བར་འགྱུར། །ཨ་ཨེ་ཤྭ་ན་བདག་ཡིན་ཏེ། །དེ་ལྟར་གྲགས་པས་དོན་མཐོང་འགྱུར། །གཡེང་བ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ཨི་ཞེས་བླ་དྭགས་སུ་བཏགས་སོ། །ཞེས་པ་ལ་སོགས་པ་ནི་འགྲོ་བ་དྲུག་གི་ས་བོན་མཚོན་པ་སྟེ། ལྷའི་འདུ་བྱེད་དང་ལྷ་མིན་ང་རྒྱལ་གྱི་རི་བོ་ལ་ནི་ཨི་ཨཱི་གཉིས་ཀྱིས་མཚོན་ཏེ། མི་འདོད་པས་ཞེན་པ་བྱོལ་སོང་གི་གཏི་མུག་ཨུ་ཨཱུས་མཚོན་བྱར་བྱེད་པའོ། །ཡི་དྭགས་ཀྱི་འདོད་ཆགས་མཆོག་ཏུ་ཆེ་ཞིང་གདུང་བ་དང་། དམྱལ་བའི་ཞེ་སྡང་ཨེ་ཨཻས་མཚོན་ཏོ། །ཨོ་ཞེས་པ་ཨ་ཏ་ན་འཇིག་པའོ། །དེ་བས་ན་སྟོང་པ་ཉིད་ཀྱང་ཨོས་མཚོན་ནོ། །ཐམས་ཅད་མཁའ་དབྱིངས་སུ་མི་དམིགས་པར་གཅིག་པའི་དོན་ཨས་མཚོན་ཏེ། ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ་ལྔས་འབྲས་བུ་ལྔ་མཚོན་པ་སྟེ། ཡོན་ཏན་དེ་ཉིད་གསུང་གིས་འདུལ་བ་ལ་དེར་སྣང་ངོ་། །ཀ་ཁ་ལ་སོས་པའི་སྒྲའི་དོན་ནི། རྩ་བའི་རྒྱུད་ཀུན་འདུས་ལས། ཀ་ནི་བྱ་བའི་ཡེ་ཤེས་ཏེ། །ལམ་གྱིས་ཐམས་ཅད་གྲོལ་བར་བཤད། །ཁ་ནི་ཁྱབ་པ་མེད་པའི་སྒོ། །མི་དམིགས་ཐམས་ཅད་གྲོལ་བར་སྟོན། །ཞེས་པ་ལ་སོགས་པའི་དོན་གྱིས་འགྲེལ་ཏོ། །དགུག་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་ལྕགས་ཀྱུ་ཞེས། འདི་དག་དབྱིབས་ཀྱི་དོན་ལ་མཚོན་པ་སྟེ། བརྡའི་སྒོ་ནས་ལྕགས་ཀྱུ་འདྲ་བའི་གུ་སྟེ། དེ་བཞིན་གཤེགས་པ་སྤྱན་དྲང་ཞིང་དངོས་གྲུབ་བསྡུ་བ་ལ་སོགས་པ་མཚོན་ཏོ། །དབང་དུ་སྡུད་པ་མཚོན་པ་ནི་འོད་དཔག་ཞབས་ཀྱུད་དོ། །འཁོར་བ་འདྲེན་པའི་ལས་མཚོན་པ་རེ་བ་སྟེ་འགྲེང་བུའོ། །ལས་ཀྱིས་སྦྱོར་བ་མཚོན་པ་ཟླ་ཚེས་ཏེ་ན་རོའོ། །ཡི་གེ་བསྡུས་ནས་མིང་དུ་ལངས་པ་མཚོན་པ་ཐིག་དངོས་སམ་ཚེག་སྟེ་ལས་ཀྱིས་བཞག་པའོ། །ཚིག་ཤད་དུ་གཅོད་པ་མཚོན་པ་ནི་དབྱུག་པ་ཞེས་པ་ཤད་དེ་རྗེས་སུ་མཐུན་ནོ། །སྡུད་པ་པོ་ལ་བོས་ནས་མིང་བསྟན་པའོ་ཞེས་གདམས་པའོ། །ལང་ཀའི་བདག་པོ། འདི་ལ་ཡི་གེའི་བྱུང་ཚུལ་གང་ཞེ་ན། ཞེས་པ་ལ་སོགས་པ་ཡི་གེ་དེ་དག་གང་ནས་བྱུང་བའི་ཚུལ་ནི། ཕྱག་རྒྱ་རྡོ་རྗེ་འཆད་པའི་སྐྱེས་བུ་ཉིད་ཀྱིས་འཁོར་ལ་བོས་ཏེ་བཀའ་སྩལ་པ། ཡི་གེའི་རྗེས་སུ་དོན་ལྐོག་ཏུ་གྱུར་པ་ལ་དཔག་ན་བརྒྱུད་ནས་དོན་མཐོང་བར་བྱེད་དེ། དོན་གྱི་བྱིན་རླབས་ཡི་གེར་གྱུར་པའི་ཕྱིར་མཚོན་ཏོ། །དེའི་ཚུལ་ནི་ཆོས་མ་སྐྱེས་པ་ཉིད་ཨར་སྣང་ལ་དེ་ལས་ཡི་གེ་རིལ་སྤྲོ་ཞིང་འབྱུང་བའོ། །ཡི་གེ་མ་སྐྱེས་པ་དེ་ནི་རང་བཞིན་གྱི་ཡི་གེ་སྟེ། རྟེན་དང་བརྟེན་ཅན་རྒྱུ་རྐྱེན་གྱི་གཞི་དང་གྲོགས་དང་བྲལ་བ་ནམ་མཁའ་ལྟ་བུའི་ཕྱིར་རོ། །དེ་བས་ན་དོན་ཆོས་ཉིད་ཀྱིས་རིལ་བསྣུམས་པའི་ཕྱིར། དེ་ཉིད་སྣང་བའི་ཨས་ཀྱང་ཀུན་ལ་བདལ་ཏེ། དེས་མ་བསྡུས་པ་མེད་པ་ཇི་ལྟར་ཡང་འབྱུང་དུ་བཏུབ་པ་སྒྲ་བཞིན་ནོ། །དེ་ཡང་གནས་སོ་སོ་ནས་འབྱུང་བའི་ཚུལ་ཇི་ལྟ་བུ་ཞེ་ན། སྐྱེས་བུ་ཐུགས་ཀྱི་དཔལ་བེའུ་ནས། །ཞེས་པ་ལ་སོགས་པ་ཐུགས་མ་སྐྱེས་པའི་ངང་ལས་གང་ལའང་མ་བརྟེན་པར་འབྱུང་བའི་ཡི་གེ་ཀུན་གྱི་གཞི་མ་ཨ་ཉིད་དོ། །དེ་ལས་ཆོ་འཕྲུལ་ཀ་ཁ་ལྔ་གྲེ་བ་ལས་བྱུང་བ་དག་སྒྲ་བཞིན་འགྲེལ་ཏོ། །རང་བྱུང་གནས་ཁྱབ་དབྱིངས་ལས་ནི། །སྨྲ་བའི་ཕྲེང་བ། ཞེས་པ་ལ་སོགས་པ་རྒྱུ་རྐྱེན་དང་བྲལ་བའི་ངོ་བོ་ཉིད་གནས་པ་མ་སྐྱེས་པའི་ཡི་གེའི་ངང་ལས། ཚིག་སྟོན་པའི་ཡི་གེ་དག་འབྱུང་ལ། གསུང་གི་ཡེ་ཤེས་ཡི་གེ་དེ་ལས་བརྟགས་ཤིང་བསྒྲུབ་ན་རྒྱལ་བ་འགྲོ་དོན་མཛད་པའི་སྤྲུལ་སྐུའང་འབྱུང་ངོ་། །དེས་ན་ཇི་སྙེད་པའི་འདྲེན་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱང་ཡི་གེ་སྟེ་ཆེ་བར་ཡང་འགྱུར་རོ། །མ་སྐྱེས་པ་ཡི་ཐུགས་ཉིད་དེ། །དང་པོར་མགུར་གྱི་གཟུགས་བརྙན་ཏེ། །ཞེས་པ་ལ་སོགས་པ། རྩ་བའི་རྒྱུད་ཀུན་འདུས་ཉིད་ལས། ཨ་ནི་ཐུགས་ཀྱི་ས་བོན་ཏེ། །ཀ་ལ་སོགས་པ་དང་པོ་ལྔ། །མགུར་གྱི་གསང་བའི་རང་བཞིན་ཡིན། །གཉིས་པ་ཙ་ལ་སོགས་པ་ལྔ། །ཟླ་གམ་ལྗགས་ཀྱི་རང་བཞིན་ཡིན། །གསུམ་པ་ཊ་ལ་སོགས་པ་བཅུ། །ལྗགས་ཀྱི་རྩེ་མོའི་རང་བཞིན་ཡིན། །བཞི་པ་པ་ལ་སོགས་པ་ལྔ། །ཞལ་གྱི་སྒྲོས་ལས་བྱུང་བ་ཡིན། །ཞེས་འབྱུང་བས་འགྲེལ་ཏོ། །ལྔ་པ་གསུང་གི་རྒྱུན་ལམ་ཡིན། །ཅེས་པ། ཡང་དེ་ཉིད་ལས། ལྔ་པ་ཡ་ལ་སོགས་པ་ཡི། །བཅུ་ཚན་གཉིས་ཀྱི་ཡི་གེ་དག །སྐུ་ལས་འཕྲོས་པར་རབ་ཏུ་བཤད། །སྐྱེས་བུ་ཆེན་པོའི་བྱིན་པ་ལས། །འཁོར་བར་གནས་པའི་ཡི་གེ་ཡ། །ཞབས་ཀྱི་འཁོར་ལོའི་འོད་ཟེར་ལས། །སྒྲིབ་པ་སྲེག་པའི་ཡིག་འབྲུ་ཧ། །གསང་བའི་མཁའ་ཡི་འོད་ཟེར་ལས། །ཆོ་འཕྲུལ་འབྱུང་བའི་ཡིག་འབྲུ་ཀྵ། །སྐུ་ཡི་ཁྲུ་ཚད་ལྟེ་བ་ལས། །འདོད་པ་འབྱུང་བའི་ཡིག་འབྲུ་ས། །ཐུགས་ཀར་འཁྱིལ་བའི་དཔལ་བེའུ་ལས། །མཚན་མ་དག་པའི་ཡིག་འབྲུ་ཤ། །ཕྱག་གི་འཁོར་ལོའི་འོད་ཟེར་ལས། །ཆོ་འཕྲུལ་སྟོན་པའི་ཡིག་འབྲུ་ཥ། །སྐྱེས་བུ་ཆེན་པོའི་དཔུང་པ་ལས། །འདོད་ཆགས་འཇོམས་པའི་ཡིག་འབྲུ་ལ། །སྐྱེས་བུ་ཆེན་པོའི་སྟ་ཟུར་ལས། །འདོད་ཆགས་སྲེག་པའི་ཡི་གེ་ར། །སྐྱེས་བུ་ཆེན་པོའི་དཀུ་སྐབས་ལས། །གཏི་མུག་འཇོམས་པའི་ཡི་གེ་ཝ། །སྐྱེས་བུ་ཆེན་པོའི་སྨིན་མ་ལས། །འཁོར་བ་གནོན་པའི་ཡིག་འབྲུ་ཨ། །སྐྱེས་བུ་ཆེན་པོའི་སྤྱན་གཉིས་ལས། །རང་བཞིན་ཡི་གེ་ཨི་གཉིས་ཤར། །སྐྱེས་བུ་ཆེན་པོའི་སྙན་གཉིས་ལས། །རང་བཞིན་ཡི་གེ་ཨུ་གཉིས་ཤར། །སྐྱེས་བུ་ཆེན་པོའི་ཤངས་གཉིས་ལས། །རང་བཞིན་ཡི་གེ་ཨོ་གཉིས་ཤར། །སྐྱེས་བུ་ཆེན་པོའི་ཚེམས་གཉིས་ལས། །རང་བཞིན་ཡི་གེ་ཨེ་གཉིས་ཤར། །སྐྱེས་བུ་ཆེན་པོའི་སྤྱི་གཙུག་ནས། །རྒྱལ་བའི་ས་བོན་ཨཱོཾ་དུ་ཤར། །ཅེས་པའི་དོན་གྱིས་འགྲེལ་ཏོ། །ཡ་ར་ཝ་ཕྱིན་ཆད་འདི་ཉིད་ཀྱི་གཞུང་དུ་བཤད་པ་ནི་གནས་ལྕེ་མཆུ་རྐན་གྲེ་བ་དང་། བཞི་པོ་ཀུན་ལས་ཤར་བས་རྒྱུན་གྱི་ལམ་མོ། །ཐམས་ཅད་སྡུད་པའི་ཡི་གེ་ཡ། །སྲེག་པ་འབྱུང་བའི་ཡི་གེ་ར། །ཞེས་པ་ལ་སོགས་པ་འཁོར་བའི་དངོས་པོ་རིལ་སེམས་ཉིད་དུ་སྡུད་པའི་ཕྱིར། འདོད་ཆགས་ཆགས་པ་ཉིད་ཀྱིས་སྦྱོང་བ་དང་། རྣམ་པར་རྟོག་པའི་དཔུང་བཅོམ་པའི་ཕྱིར་དང་། གཏི་མུག་གི་མུན་པ་སེལ་བར་བྱེད་པ་དང་། མཚན་མ་ཀ་ནས་དག་པ་དང་། མཐའ་གཉིས་མ་གྲུབ་པ་མཚོན་པ་དང་། སྐུ་དང་ཡེ་ཤེས་ཀྱི་མཛད་པ་ཅིར་ཡང་སྣང་མཚོན་པ་དང་། འདོད་པའི་རྣམ་པ་ཀུན་འབྱུང་བའི་ཡི་གེ་དང་། འཁོར་བ་དཔུང་གནོན་པ་དང་། ཡོན་ཏན་ཡི་གེ་ཀུན་གྱི་གཞིར་གྱུར་པ་དང་། ཚིག་ཀུན་གྱི་རྩ་བར་གྱུར་པའོ། །ཚད་མེད་པ་དང་ལས་རྣམས་ཀྱི། །ཞེས་པ་རང་བཞིན་གྱི་ཡི་གེ་དང་ཆོ་འཕྲུལ་གྱི་ཡི་གེའོ། །ཡི་གེ་བཅུ་དྲུག་རྫོགས་པ་ཉིད། །ཅེས་པ་དབྱིངས་ཆོ་འཕྲུལ་གྱི་ཡི་གེ་རྣམ་པར་ཕྱེ་བ་ལས། འདིར་ཚིགས་བཅད་ཁ་མ་ལོངས་ཀྱང་བཅུ་ཕྲག་གཉིས་དང་དྲུག་སྟེ། ཀ་ནས་མའི་བར་ཡུལ་ལས་མ་འཕྲོས་པའི་བརྗོད་པ་སྟེ་གཞན་མ་རྣམས་ཀྱི་རྩ་བ་ལྟ་བུའོ། །རྩ་བ་དྲུག་གོ། །སྐུ་དང་གསུང་ཐུགས་ཡོན་ཏན་གྱི། །ཞེས་པ་ཨཱོཾ་ལ་སོགས་པ་ལྔའོ། །ཚིག་འབྱུང་སྨྲ་བའི་ཡི་གེ་ནི། གི་གུ་ན་རོ་འགྲེང་བུ་ཞགས་ཀྱུ་དང་། ཤད་དང་ཐིག་བཞིའོ། །གཞི་ནི་ཡི་གེའི་གཞི་མ་ཨཱཿༀ་ཧཱུཾ་མཱུྃ་མོ། །བདུན་ནི་སྡེ་བདུན་ལས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམས་སོ། །བཅུ་གཉིས་ནི་ཨ་ཡ་ནས་ༀ་གྱི་བར་ཏེ་ཉི་ཤུའོ། །རྩ་བའི་རྒྱུད་ལས། ལྔ་པ་ཡ་ལ་སོགས་པ་ཡི། །བཅུ་ཚན་གཉིས་ཀྱི་ཡི་གེ་རྣམས། །ཞེས་པས་མངོན་ཏེ་ཡིད་ཆེས་པར་འགྱུར་རོ། །གསུང་གི་རྒྱུན་ཅེས་པ། རྀ་རཱྀ་ཨ་ཧོ་ལ་སོགས་པའི་ཡི་གེ་ལྷག་མ་རྣམས་སོ། །ཨཱོཾ་གྱི་མཆན་ཨ་ཐ་མ་ནི་སྤྱིར་འགྱུར་རོ། །དེ་ལྟར་གསུང་མི་ཆད་པར་འབྱུང་བར་སྟོན་པ་ཉིད་ཀྱིས་བཀའ་སྩལ་ཏོ། །སྡུད་པ་པོ་ལ་བོས་ནས་དེ་དག་བྱུང་ཚུལ་རྟོགས་པར་གྱིས་ཤིག་པར་གདམས་པའོ། །ལང་ཀའི་བདག་པོ། འདི་ལ་ཡི་གེའི་གཟུགས་གང་ཞེ་ན། ཁ་དོག་དང་དབྱིབས་སོ། །ཞེས་པ་ངོ་བོ་སྟོན་པའོ། །ལང་ཀའི་བདག་པོ་ཁ་དོག་གང་ཞེ་ན། ཞེས་པ་ཁ་དོག་ཉེ་བར་བསྟན་པ་ནི་བཞི་སྟེ། ཕུང་པོ་ཁམས་ལ་རང་བཞིན་བཅུད་ཀྱི་ཡི་གེ་གནས་པ་དུང་དང་ཀུ་མུད་ཏ་ལྟར་དཀར་བ་དང་། རིགས་ཀྱི་ཁ་དོག་ལྷའི་སྐུ་མདོག་ཅི་འདྲ་བ་དང་། སྣ་ཚོགས་པའི་ཁ་དོག་མང་པོ་དང་། རྨ་བྱའི་སྐད་ལྟ་བུར་ཅིར་ཡང་སྣང་བས་གཞི་གཅིག་ཏུ་མི་ཟིན་པའོ། །ལང་ཀའི་བདག་པའོ། །དབྱིབས་ནི་ཐ་དད་པ་སྟེ། འདི་ལྟར་ཨ་འབའ་ཞིག་ལའང་ཨ་སེང་གེ་གླལ་བ་ལྟ་བུ་དང་། ཞེས་པ་དབྱིབས་ནི་སྐབས་ཀྱི་དང་པོའི་ཁུངས་གཙོར་བྱས་པའི་སྒོ་ནས། རྒྱ་གར་གྱི་ཡི་གེ་རྣམས་ཀྱི་ངེས་པར་བཟུང་བ་སྟེ། ཨའི་དབྱིབས་དྲུག་ལ་སོགས་པ་སྒྲ་བཞིན་དུ་འགྲེལ་ཏོ། །རྒྱ་གར་ནའང་རྒྱལ་ཁམས་སྡེ་མི་མཐུན་པའི་ཡི་གེ་ཡོད་པའི་ཕྱིར། གཅིག་པའང་ཐ་དད་དུ་བསྟན་པའོ། །ལང་ཀའི་བདག་པོ། དེ་ལ་ཡི་གེའི་རང་བཞིན་གང་ཞེ་ན། ཞེས་པ་ལ་སོགས་པ་རང་བཞིན་བསྟན་པ་ནི་མི་འགྱུར་བ་ཉིད་དེ། ཇི་ལྟ་ཞེ་ན། ཨ་མ་སྐྱེས་པའི་སྒྲ་ཀ་ལ་སོགས་པས་མཚོན་པར་མི་ནུས་ལ། ཨས་ཀྱང་ཀ་ལ་སོགས་པའི་བྱ་བ་ལ་སོགས་པ་མཚོན་པར་མི་ནུས་ཏེ། རང་གི་རང་བཞིན་དེ་ལས་ཡི་གེ་གཞན་གྱི་ངོ་བོར་མི་འགྱུར་བའོ། །ལང་ཀའི་བདག་པོ་དེ་ལྟར་ན་མིང་དུ་བཏགས་པ་གང་ཞིག་ལ། ཞེས་པ་དག་ནི་ཡི་གེ་གང་ཡང་རུང་བ་ཞིག་ལ་དངོས་གཞིའི་དོན་ནི། བཏགས་པའི་མིང་ཡི་གེ་ལས་གཞན་པ་དག་གིས་མཚོན་པ་ནི། ཤིང་གིས་ཤ་པ་མཚོན་པ་དང་། ཤ་པས་ཤིང་མཚོན་པ་ལྟ་བུ་དང་། ཡང་དངོས་པོ་གཅིག་ལ་མིང་ཐ་དད་དུ་གྲགས་པས་ངོ་བོ་གཅིག་མཚོན་པ་ལྟ་བུ་ནི་ཡོད་དོ། །མི་མཐུན་པ་ནི་ཡི་གེ་གཅིག་གི་སྒྲས་གཞན་གྱི་དོན་ལ་མཚོན་ཅིང་འཇུག་པར་མི་ནུས་པའི་གཏན་ཚིགས་དེ་བས་ན། ཡི་གེ་མི་འགྱུར་བར་ངེས་པར་བཟུང་ངོ་། །ལང་ཀའི་བདག་པོ་ཡི་གེའི་སྒྲ་གང་ཞེ་ན། ཞེས་པ་དག་སྒྲའི་རྣམ་གྲངས་སོ། །དེ་ལ་རང་བཞིན་གྱི་སྒྲ་གང་ཞེ་ན། ཞེས་པ་དག་ནི། བཤད་པའི་ཡི་གེའི་གཟུགས་ཀྱི་ཆོས་གཉིས་ཐ་དད་པ་དང་། བསྒྱུར་བའི་སྒྲ་སྐད་ཐ་དད་པ་དང་། ལས་ཀྱི་སྒོ་ནས་མ་སྐྱེས་པ་དང་། ལས་ཀྱི་ཡི་གེ་ཞེས་པ་ལྟ་བུ་ལ་སོགས་པའི་སྐད་ཐ་དད་པར་ཡོད་པར་སྣང་ཡང་། ཨ་ཀ་ལ་སོགས་པའི་ཐོག་མ་ཇི་ལྟར་བཏགས་པ་ལྟར་མ་བསླད་པར་གདུལ་བྱ་ལ་སྣང་ཞིང་མཇལ་བའི་སྒྲའོ། །བསྒྱུར་བའི་སྒྲ་གང་ཞེ་ན། ཞེས་པ་ཡི་གེ་དངོས་པོ་ཨ་ལྟ་བུ་ཞིག་ལ་ཡན་ལག་གིས་བསྒྱུར་ནས། ཨཱོཾ་ཨཱཾ་ཨེ་ཨཱོ་ཞེས་པ་ལ་སོགས་པའི་ཚིག་ཏུ་གྱུར་བས། དོན་ཀྱང་ཐུགས་དང་གསུང་ཆོས་ཀྱི་འབྱུང་གནས་དང་། དྲག་པོ་དང་། སྐུ་ཞེས་པ་ཐ་དད་པར་གྱུར་པ་ལྟ་བུ་སྟེ་གཞན་ཡང་རྗེས་སུ་མཐུན་ནོ། །སྦྱར་བའི་སྒྲ་གང་ཞེ་ན། ཞེས་པ་ལས་བཞིའི་དཀྱིལ་འཁོར་གྱི་དབྱིབས་ལྟ་བུ་ལ། ཡི་གེ་ཨེ་ཝཾ་མ་ཡ་ཞེས་པའི་དབྱིབས་སུ་སྦྱར་བས་དྲག་པོ་དབང་རྒྱས་ཞི་བའི་ཕྲིན་ལས་ཀྱི་དོན་འབྱུང་བ་ལྟ་བུ་ལ་སོགས་པའོ། །དྲངས་པའི་སྒྲ་གང་ཞེ་ན། ཞེས་པ་ཡི་གེ་ཀ་ལྟ་བུའི་དངོས་པོ་ཞིག་ལས། ཚིག་ཀརྨ་ཞེས་པ་དང་། ཀཱ་ཡ་ཞེས་པ་དང་། ཀ་རུ་ཎི་ཞེས་པ་དང་། ཀཱ་ལ་ཞེས་པ་ལྟ་བུར་དྲངས་ན། དོན་ཕྲིན་ལས་དང་། སྐུ་དང་། ཐུགས་རྗེ་དང་། ནག་པོ་ཞེས་པ་ལྟ་བུ་ཐ་དད་པར་འགྱུར་ཏེ་དེ་ལྟ་བུའོ། །ཡི་གེ་གཞན་དག་ཀྱང་རྗེས་སུ་མཐུན་པའི་ཕྱིར། སྒྲ་བརྩེགས་མར་བྱུང་བ་སྟེ་བཤད་པ་དག་ཀྱང་ཤེས་པར་བྱའོ། །ལང་ཀའི་བདག་པོ་འདི་ལ་ཡི་གེའི་ལས་གང་ཞེ་ན། ཞེས་པ། ལས་བཤད་པ་ནི། སྒྲ་དང་ཚིག་མང་པོར་འཕེལ་བར་བྱེད་པ་དང་། ཤེས་བྱ་ཁོང་དུ་ཆུད་པར་བྱེད་པའོ། །གང་དུ་སྤེལ་བ་ནི། ཞེས་པ་དེ་ལའང་ངོ་བོ་གཟུང་དུ་མེད་པ་ལས་ཨ་ལྟ་བུར་བྱུང་བ་དང་། དེ་ལས་སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་། རིགས་ལྔའི་ཉིང་པོ་དང་། ཡི་གེ་བཞི་བཅུ་རྩ་གཉིས་དང་། དེ་དག་ལས་ཚིག་དང་བམ་པོ་སྟེ། ཇི་སྙེད་པའང་བམ་པོ་སུམ་བརྒྱར་བྱུང་བ་དང་། དེ་བས་བཅུ་འགྱུར་གྱིས་མང་བ་དང་། དེ་བས་ཀྱང་བཅུ་འགྱུར་གྱིས་མང་བ་ལ་སོགས་པའི་ཚིག་གིས་རྟོགས་པར་བྱེད་པའོ། །གང་ཤེས་པར་བྱེད་པ་ནི་འདི་ལྟ་སྟེ། མིང་བཀླག་པ་དང་། ཞེས་པ་ལ་སོགས་པ་ཡི་གེའི་ལས་ཤེས་བྱ་ཤེས་པར་བྱེད་པ་བསྟན་པ་ནི། ཤ་བའི་མིག་བཀླག་པའི་ཡི་གེ་ཤ་དང་བ་ཡིས་འབྱིན་པར་འབྱེད་པ་ལྟ་བུ་རྣམས་དང་། ཚིག་གི་དངོས་པོ་གང་ནུབ་པ་བརྗོད་པ་སྟོན་པ་ནི་ཡི་གེ་འདུས་པས་མཚོན་པའོ། །གཟུགས་བཤད་པ་བཞིན་མི་སྣང་བ་ནི། ཡི་གེ་དབྱིབས་དང་ཁ་དོག་འདི་ལྟ་བུར་ཡོད་དོ་ཞེས་སྟོན་པ་དང་། ཤེས་བྱ་མཉམ་པ་ཉིད་ཀྱི་དོན་གྱི་རྣམ་གྲངས་དག་ཡི་གེ་ངོ་བོ་དང་མཚན་ཉིད་འདི་འདྲ་ཞེས་མཚོན་པའོ། །བྱཱ་ཀ་ར་ཎ་དང་སཾསྐྲྀ་ཏ་ལ་སོགས་པའི་སྒྲ་ནུབ་པ་དག་ཡི་གེ་དེས་མཚོན་པས་ཤེས་པར་བྱེད་པའོ། །དངོས་པོ་ངོ་བོ་གང་རུང་བ་ཞིག་གི་རྣམ་པ་བཀླག་པ་ཡང་། གཟུགས་ཀྱི་ཕུང་པོ་བཅོ་ལྔ་ཞེས་པ་ལྟ་བུ་དེ་ནི་འདི་ལྟ་བུ་ཞེས་སྟོན་པའོ། །རྣམ་གྲངས་ཡིད་མལ་མན་ཆད་ཀྱི་གྲངས་ཕྲག་གཅིག་ཏུ་ནུབ་ན། དེ་ནི་འདི་ནས་བརྩིས་པའི་འདི་སྙེད་དོ་ཞེས་སྟོན་པའོ། །དཔེར་ན་འབྲས་ཁལ་སྟོང་དང་ཕུང་པོ་ལྔ་ཞེས་པ་ལྟ་བུ་གཅིག་མང་པོར་ནུས་པ་མཚོན་པའོ། །གཟུགས་ཀྱི་ཕུང་པོ་བཅོ་ལྔ་ལྟ་བུ་རྣམ་གྲངས་མང་པོ་གཅིག་ཏུ་ནུབ་པ་ནི་ཚོ་ཁྱུ་ཞེས་པ་ལྟ་བུ་དངོས་པོ་མང་པོ་གཅིག་ཏུ་ནུབ་པའོ། །དེ་ལྟར་གྲངས་དང་ངོ་བོ་གཅིག་དུ་མའང་ཆོས་ཅན་རང་གི་ངོ་བོ་ཐ་དད་དུ་ཕྱེ་བས་རྒྱ་ཆད་པར་གྱུར་པ་ལ་གཅིག་དུ་མའི་སྒྲ་མེད་པ་སྟེ། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའོ། །ས་དང་ཆུ་དང་མེ་དང་རླུང་ཞེས་པ་ལྟ་བུའོ། །དེ་ལ་ལང་ཀའི་བདག་པོ་ཡི་གེའི་སྒོ་གང་ཞེ་ན། ཞེས་པ་ལྔ་རྣམ་གྲངས་སོ། །ལང་ཀའི་བདག་པོ་དེ་ལ་ཡི་གེའི་སྒོ་གང་ཞེ་ན། གང་གིས་གང་ལ་བྲིས་པའོ། །ཞེས་པ་ཡི་གེའི་སྒོ་ཉེ་བར་བསྟན་པ་ནི་སྡུད་པ་པོས་ཡི་གེ་བཀོད་པ་ལྟ་བུ་སྟེ། གང་གིས་བྲིས་པ་ལས་སྣང་བའི་ཕྱིར་རོ། །ཚིག་གི་སྒོ་ནི་ཡི་གེ་འདུས་པ་ལས་ཚིག་འབྱུང་བའི་ཕྱིར་རོ། །དོན་གྱི་སྒོ་ནི་ཚིག་གིས་དོན་མཚོན་པའི་ཕྱིར་རོ། །དབྱངས་ཀྱི་སྒོ་ནི་ཨ་ཨཱ་ཨི་ཨཱི་ལ་སོགས་པ་བཅུ་དྲུག་ལས་རིང་ཐུང་ལ་སོགས་པར་སྣང་བའི་ཕྱིར་རོ། །ལང་ཀའི་བདག་པོ། ཡི་གེ་བཅུ་དྲུག་ཀྱང་གང་ཞེ་ན། འགྭར་དང་ཅྭང་ཞེས་པ་དག་སྒྲ་རིང་ཐུང་གཉིས་ཏེ་བརྒྱད་བརྒྱད་དོ། །རིང་པོ་དང་ཐུང་ངུ་དེ་གཉིས་ལས། ཞེས་པ་གཞི་གཉིས་ལས་དྲུག་འབྱུང་བ་སྒྲ་ཇི་བཞིན་ནོ། །ཤཔྡ་སྒྲ་སྙན་པ་དང་། གར་དྷ་འཐུག་དབྱངས་པ་ཞེས་པ། རྟོལ་བུ་མ་སྟོར་བ་ལྟར་སྐད་རྡོ་རྗེ་སྲིན་པོའི་ངུར་སྒྲ་དང་བཅས་པ་དང་། མཛོ་མོ་བུ་སྟོར་བ་ལྟར་འཁུན་ཞིང་གདུང་བས་ལྕེ་རྩེ་རྐན་ལ་གཏད་དེ་བླང་བའོ། །དེའི་ཡོན་ཏན་ཡང་རྩ་བའི་རྒྱུད་ལས། ཤ་ཏ་པའི་གླུ་བླངས་པས། །གདུག་བྱེད་ཐམས་ཅད་སྤ་ཡང་བཀོང་། །གར་དྷ་པ་ཡི་གླུ་བླངས་པས། །གནོད་བྱེད་ཐམས་ཅད་རྡུལ་དུ་རློག །ཅེས་པས་དྲག་ཐུང་ངོ་། །སིལ་སྙན་བྲེང་ངེ་བ་དང་དུང་ཚངས་པ་ལྟ་བུ་ངེ་བ། །ཞེས་པ་བུང་བ་རྫ་མར་བཅུག་པ་ལྟར་རྒྱུན་མ་ཆད་པ་སྟེ་མཁུར་བའི་དབུགས་ལས་བྱུང་བའོ། །གཉིས་པ་ནི་ཚངས་པའི་ལྟར་ཕྲ་ལ་འཁྱུག་པའོ། །ཡང་དེ་ཉིད་ལས། བྲེང་ངེ་བ་ཡི་གླུ་བླངས་པས། །སྤྲུལ་པའི་ཆོ་འཕྲུལ་ཐམས་ཅད་འགྱེད། །དུང་ངེ་བ་ཡི་གླུ་བླངས་པས། །སྲིད་པའི་བུ་མོ་དབང་དུ་སྡུད། །ཅེས་པའི་དོན་ཏོ། །ཀ་ལ་པིང་ཀ་ཅྭང་ཀ་དེའུ་དང་། གླུ་གར་པཱང་ཀ་དེའུ་ཞེས་པ། ཧཱུཾ་ཧ་ཧེ་རུ་ལུ་ལ་སོགས་པ་སྔགས་ཀྱི་ཡི་གེ་སྒྲ་སྒྲོགས་པ་དང་། འབྲུག་གི་སྒྲ་ལྟ་ཟབ་པ་བུར་ཆེ་ལ་དྲག་པའོ། །དེ་ཡང་། ཅང་ཀ་དེའུའི་གླུ་བླངས་པས། །འབར་བའི་དཀྱིལ་འཁོར་མེ་ལྟར་མཆེད། །པཱང་ཀ་དེའུ་ཡི་གླུ་བླངས་པས། །དྲག་པོ་གཏུམ་པོ་ལྷན་ནེར་འགྱུར། །ཅེས་པའི་དོན་ཏོ། །ཡོན་ཏན་ལས་དཔག་ནའང་སྒྲ་རིང་ཐུང་འཇལ་བར་གྱུར་ཏོ། །ཡན་ལག་འདི་དྲུག་ཀྱང་ཞེས་པ། དྲུག་ཏུ་གསུང་རྩ་བ་ངེས་པའི་དགོངས་པ་དང་ཡན་ལག་གསུང་བཅུའི་ལས་འགྲོ་དྲུག་བསྒྲལ་བ་ལས་གཞན་མེད་སོ། །དྲུག་དྲུག་ཏུ་བསྒྱུར་བ་བྱས་པ་ལས་དྲུག་དང་བཅུ་ཚན་གསུམ་པ་བསྡོམས་པས་སོ་དྲུག་གསུམ་དུ་འགྱུར་བར་རིག་པར་བྱའོ་ཞེས་པ། གསུང་རྩ་བ་དྲུག་གིས་འགྲོ་དྲུག་རེ་རེར་འདུལ་བ་གཅིག་ཚངས་པ་ལྟ་བུས་ལྷ་འདུལ་བ་ལའང་ནང་རིས་ཀྱི་འདུལ་དབང་གིས་འགྲོ་དྲུག་ཀུན་ལ་ཉོན་མོངས་པ་ཆེ་ཆུང་གི་ཤས་ཀྱི་ཡན་ལག་དྲུག་དྲུག་སྤྱི་ཚངས་པར་གྱུར་བདག །དེ་ལ་དྲུག་དྲུག་སུམ་ཅུ་རྩ་དྲུག་ཏུ་རིག་པར་བྱའོ། །དྲུག་ཅུར་བསྒྱུར་བས། ཞེས་པ་རྩ་བ་དྲུག་རེ་རེ་ལའང་བཤད་པའི་གོང་གི་འདུ་ཤེས་བསྐྱེད་པ་སོགས་ཡན་ལག་བཅུ་བཅུ་དང་ལྡན་པས་དྲུག་ཅུ་ཐམ་པར་ཤེས་པར་བྱའོ། །དྲུག་དྲུག་བཅུར་བསྒྱུར་བ་བྱས་པས་ཡན་ལག་ཅེས་པ། གསུང་རྩ་བ་དྲུག་དྲུག་ལ་ཡན་ལག་བཅུ་བཅུའི་དྲུག་ཉིད་ལའང་རེ་རེ་ཞིང་དྲུག་དྲུག་དང་ལྡན་པས། དྲུག་ཅུ་ཕྲག་དྲུག་ཏུ་འགྱུར་ཏེ་སུམ་བརྒྱ་དྲུག་ཅུའོ། །ལང་ཀའི་བདག་པོ་གཟུངས་ཀྱི་སྒོ་གང་ཞེ་ན། ཞེས་པ་རྣམས་སྒྲ་བཞིན་ནོ། །ལང་ཀའི་བདག་པོ་དོན་གྱི་གཟུངས་གང་ཞེ་ན། ཞེས་པ་དེ་ཉིད་བསྟན་པ་ནི། གང་ཡི་གེར་བྱུང་བ་ཨ་ལྟ་བུའི་དོན་ལ་མ་སྐྱེས་པའི་དོན་ཏེ། ཨ་ཉིད་དང་མ་བྲལ་བ་སྟེ་གཞན་རྗེས་སུ་མཐུན་ནོ། །ཚིག་གི་གཟུངས་ནི་ཡི་གེ་ལ་ཚིག་སྣང་བས་ཚིག་དང་ཡི་གེ་མི་འབྲལ་བ་ཉིད་དོ། །ཆོས་ཀྱི་གཟུངས་གང་ཞེ་ན། ཞེས་པས་ཡི་གེས་ཆོས་རིལ་ཟིན་ལ་ཆོས་རིལ་མི་དམིགས་པ་འབྱུང་བའི་སྒོར་གྱུར་པ་སྟེ། གང་མི་དམིགས་པ་ཆོས་རྣམས་མ་ཡིན་པ་ཞིག་ལས་མི་འབྱུང་བའི་ཕྱིར་རོ། །སྔགས་ཀྱི་གཟུངས་ཞེས་པ་ཡི་གེའི་སྒོ་ནས་ཚིག་ངོ་བོ་དང་ནུས་མཐུ་མི་འགྱུར་བའི་སྟོབས་ཅན་དུ་གྱུར་པའོ། །ལང་ཀའི་བདག་པོ་ཡི་གེའི་རྣམ་གྲངས་གང་ཞེ་ན། ཞེས་པ་དག་སྒྲ་ཇི་བཞིན་དུ་འགྲེལ་ཏོ། །སྨྲས་པ། ལང་ཀའི་བདག་པོ་ལ་སོགས་པ། ཞེས་པ་བསྟན་པའི་གསུང་མུ་མཐའི་འཕེལ་འགྲིབ་མེད་པའི་ཡོན་ཏན་ནོ། །གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་བསྟོད་པའི་ལེའུ་ཞེས་པ་གསུང་མུ་མཐའི་འཕེལ་འགྲིབ་མེད་པ་ཡོན་ཏན་རྫོགས་པར་བསྟན་པའོ། །འདི་དག་ནི་རྣལ་འབྱོར་ཐ་མའི་དོན་ཏེ་འཆད་པའང་སྦྱར་རོ། །ལེའུ་སུམ་ཅུ་བཞི་པ་མདོར་བཀྲོལ་བའོ།། །།ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་བསྟན་པ་ཅི་ལྟ་བུ་སྙམ་པ་ལ། དེ་ནས་ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཞེས་པ་དྲི་བ་གཉིས་པ་དྲིས་པ་དང་ལན་དུ་གདམས་པ་སྒྲ་ཇི་བཞིན་ནོ། །དེའང་སོ་སོ་ནས་བསྟན་པས་གོ་བར་བྱ་བའི་ཕྱིར། ཡོན་ཏན་གྱི་དོན་བརྗོད་པ་གང་ཞེ་ན། མ་རྟོག་གང་ལ་རྟག་ཉིད་དུ། ཞེས་པ་སོགས་པ་གང་དུའང་འཛིན་པ་དང་མི་རྟོག་གང་ལ་བྲལ་བའི་ཡེ་ཤེས་ཆེན་པོ་དངོས་གཞི་ལ་རྟག་ཉིད་དུ་དུས་བརྟགས་པས་ཕྱེད་པར། ལམ་བློས་རྟོགས་པའི་ཇི་ལྟར་བསམ་པ་ལྟར་སྐུ་དང་མཛད་པ་རང་བྱིན་རླབས་འབྱུང་འཆར་ཀྱང་མི་ཟད་འཕེལ་འགྲིབ་མེད་པའི་རིན་ཆེན་གཏེར་མཛོད་ནམ་མཁའ་ཆེན་པོ་ལས་བྱིན་རླབས་ཆེན་པོ་སྣང་བ་ནི་དུས་ཕྱེད་རྒྱུན་མི་ཆད་པར་འབྱུང་ངོ་། །དེས་དོན་བྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། གསང་ཉིད་སྙིང་པོའི་བྱིན་རླབས་ནི། །ཞེས་པ་དག་ནི། གསང་ཉིད་བྱང་ཆུབ་སྙིང་པོའི་ཡོན་ཏན་བྱིན་རླབས་སྣང་བའི་ཚུལ་ནི། སྙིང་པོ་བྱང་ཆུབ་དེ་གང་དུ་དངོས་པོ་ཅིར་ཡང་རྣམ་པར་མི་རྟོག་འཛིན་པ་དང་བྲལ་བཞིན་དུ་གདུལ་བྱའི་རེ་བ་འཆར་བས། བྱ་བ་ཐམས་ཅད་བྱེད་དོན་གྱི་མཛད་པ་ཅིར་ཡང་མཛད་པ་ལས་དེ་ལས་བྱེད་པ་ཅི་ཡང་མེད་རྩོལ་བ་དང་། རྟོག་པ་ཅི་ཡང་མི་མངའ་བར་མཛད་དོ། །ཀུ་བ་གཅིག་གི། ཞེས་པ་ལ་སོགས་པ་མཐུན་པའི་དཔེས་ཡོན་ཏན་གྱི་གཞི་གྲུབ་པའི་ཚུལ་ནི། དཔེར་ནང་གི་བསམ་པ་གཅིག་གི་འདུ་བྱེད་མང་པོས་བྱིན་རླབས་ཀྱིས་སྨྲ་བྱེད་ཀྱི་ལྗགས་ནི་སྟོང་སྙེད། སྒྲ་མང་པོ་སྣང་བ་བསྒྱུར་བ་བཞིན་ལྟར། ཇི་བཞིན་གསང་བའི་དོན་མཐོང་པ་ཤིན་ཏུ་ཕྲ་བའི་སེ་གོལ་གྱི་ཡུན་ལ་ཡིད་ཆེས་པར་གོ་བར་མཛད་པས་ཐམས་ཅད་སྣང་ངོ་ཅོག་སྐུ་དང་ཡེ་ཤེས་སུ་གསང་བའི་སྙིང་པོར་གསལ་བར་གྱུར་ཏོ། །འོན་ཀྱང་མིན་པ་ཞིག་རྟོགས་པས་ཡིན་པར་བྱས་པ་མིན་ཏེ། ཡིན་པ་ཉིད་འཇལ་ལོ། །མར་མེ་གཅིག་གིས་བྱིན་རླབས་ཀྱིས། །ཞེས་པ་དང་པོ་གཉིས་མཐུན་པའི་དཔེའོ། །ད་ལྟར་རང་བྱུང་སྙིང་པོ་དོན་གྱི་ངོ་བོ་རིག་པ་རང་ལས་ཤར་བ་མེད་པར་ཤར་ན། སྐད་ཅིག་མས་འཁོར་བ་ཐོག་མཐའ་མེད་པར་བསྐལ་པར་མི་འབྲལ་བའི་གནས་པའིསྒྲིབ་པའི་ཕུང་པོ་ལ་ཡེ་ཤེས་ཀྱི་ཀློང་སེལ་ཏེ། སྒྲིབ་པ་འདག་པའི་ཚུལ་དེ་ལ་ནི་ཆེད་དུ་བསལ་བ་མེད་པའི་ཡོན་ཏན་ནོ། །ནོར་བུ་རིན་ཆེན་གང་སྲེལ་བ། །ཞེས་པ་གཉིས་རྟོགས་པས་འཁོར་བའི་སྡུག་བསྔལ་ལ་བག་ཚ་བ་མེད་པའི་དཔེའོ། །སྙིང་པོ་དོན་གསལ་གང་སྲེལ་བ། །ཞེས་པ་གསང་བའི་བཅུད་ཆེན་པོའི་སྙིང་པོ་དོན་གསང་གང་སྲེལ་བ་སུའི་རིག་པ་ལ་ཡོད་པ་ནི་ལྟུང་གནས་འཁོར་བའི་གནས་ཉིད་སངས་རྒྱས་ཀྱི་ཞིང་དུ་གསལ་ཏེ། མ་དམིགས་པས་བག་ཚ་བ་དང་ཉམ་ང་བ་མེད་པའི་ཡོན་ཏན་ནོ། །ཉི་ཟླ་འོད་འབར་རིན་ཆེན་གྱིས། །ཞེས་པ་དཔེར་ཉི་ཟླའི་འོད་ལྟ་བུ་དང་ལྡན་པའི་ནོར་བུ་མེ་ཤེལ་ཆུ་ཤེལ་གྱི་ནོར་བུ་རིན་པོ་ཆེ་ཆེན་པོའི་རིན་ཐང་འབུམ་དུ་བགོས་པའི་ཆར་ཡང་མི་ཉེ་བ་ལྟར། སྦྱིན་ཚུལ་ལ་སོགས་པ་རྣམ་པར་དཀར་བའི་དགེ་བ་སྤྱད་པའི་མཐར་ཐུག་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པས་གསང་སྔགས་ཟབ་མོའི་དོན་གོ་བ་ཉིད་སྐད་ཅིག་འབུམ་ཆར་མིན། ཡོན་ཏན་ཁྲི་ཕྲག་བཅུར་བགོས་པའི་ཆར་ཡང་མི་ཉེའོ། །དེ་ནི་དཀར་པོ་རིལ་གྱིའང་བཅུད་དུ་གྱུར་པ་ཡིན་ཏེ། དེ་ཁོ་ན་བ་དང་དགེ་བ་མ་བྱས་པས་ཟད་བྱས་པས་འཕེལ་བྲལ་བའི་ཕྱིར་ཏེ། མན་ངག་ལས། ཁམས་གསུམ་གནས་པའི་སྲོག་བཏོན་ཀྱང་། །གདེང་ཆེན་གོ་བའི་ཆར་མི་ཕོད། །གང་གཱའི་བྱེ་སྙེད་སེམས་ཅན་རྣམས། །སངས་རྒྱས་ས་ལ་བཀོད་པས་ཀྱང་། །དེའི་རྡུལ་ཆར་མི་ཉེ་སྟེ། །དེ་དག་རྩ་བའང་དེ་ཉིད་དོ། །ཞེས་པའི་དོན་ཏོ། །དེ་ལྟ་བུའི་ཡོན་ཏན་ཚད་མེད་པའི་ཕྱིར་རིག་པས་འཇལ་བ་ཁོ་ནར་བྱའོ། །འགྲོ་གང་འོ་མའི་རྒྱ་མཚོའི་ཇི་སྙེད་དུ། །ཞེས་པ་དཔེར་སེམས་ཅན་ཕལ་པའི་འགྲོ་གང་འོ་མའི་རྒྱ་མཚོ་སྙེད་ཀྱི་ནང་དུ་སེང་གེའི་འོ་མ་ཐིགས་པ་གཅིག་གིས་ཀུན་འཐོར་བ་རླག་པ་ལྟར། འགྲོ་བའི་རྒྱུད་ལ་ལས་གསུམ་དང་ཉོན་མོངས་པ་གཉིས་ལ་སོགས་སྡུག་བསྔལ་རྒྱ་མཚོ་ནི་ཅི་ཡོད་ཀྱང་། གསང་སྔགས་ཀྱི་དོན་བདེན་པ་ཉིད་སྐད་ཅིག་མཐོང་བ་མེད་པར་སྤྱོད་ཡུལ་ཐམས་ཅད་མེད་ཡོངས་སུ་དག་པའི་ཡོན་ཏན་ནོ། །གསང་དོན་ལ་བརྟེན་པའི་ཡོན་ཏན་གང་ཞེ་ན། འཁོར་ལོས་སྒྱུར་རྒྱལ་གང་བརྟེན་འཇིགས་མེད་ལྟར། ཞེས་པ་དག་གི་དཔེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བརྟེན་པའི་མི་ལ་དཔུང་བཞིའི་བག་ཚ་བ་མེད་པ་ལྟར། ཐེག་པ་ཆེན་པོར་སེམས་སྐྱེས་པས་རིགས་མི་འགྱུར་བ་ལ་ལོག་རྟོག་གི་སྡུག་བསྔལ་གྱི་ཉམ་ང་བ་མེད་དོ། །བྱང་ཆུབ་སེམས་དང་ལྡན་པ་ལ་ཡོན་ཏན་གང་ཞེ་ན། རྡོ་རྗེ་ཉམས་ཀྱང་རིན་ཆེན་ཟིལ་གནོན་ཅིང་། །ཞེས་པ་ལ་སོགས་པ་དཔེར་རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་ནོར་བུ་རིན་པོ་ཆེ་ཟིལ་གྱིས་གནོན་ཅིང་། རྡོ་རྗེ་ཆག་པའི་ཡོན་ཏན་མི་སྟེར་བར་སྤྱོད་པར་དབང་བའི་ལྟོགས་པའི་སྡུག་བསྔལ་འཇོམས་པ་བཞིན། ཐེག་པ་ཆེན་པོའི་དོན་དང་ལྡན་པའི་རྣལ་འབྱོར་པས་གཞུང་ཀུན་ནས་མ་བསྲོང་བའི་ཆ་ཉམས་ཀྱང་། བསམ་པའི་དོན་དང་མ་བྲལ་བས། རྒྱུའི་ཐེག་པ་ཆེ་ཆུང་གཉིས་ཀ་ཟིལ་གྱིས་གནོན་ཏེ། དེ་ཅིའི་ཕྱི་ཞེ་ན། རྒྱུའི་ཐེག་པ་ཆུང་ངུ་བ་ལྟ་སྨོས་ཀྱང་མེད་ན། ཐེག་པ་ཆེན་པོའང་བདེན་པ་རེས་འཇོག་གི་སེམས་ལ་གནས་པས་གཉིས་མེད་མཐའ་འང་མི་མཐོང་སྟེ། དཔེར་ཁབ་མིག་འཛུད་པས་ནམ་མཁའ་མི་མཐོང་བ་བཞིན་ནོ། །དེ་བས་ན་བདེན་པ་གཉིས་རིས་མེད་པ་ཡེ་ཤེས་ཀྱི་སྟོབས་སོ། །དེས་ན་དེ་མ་ཐག་ཏུ་དོན་ཟབ་མོ་རིག་ལ་ཤར་ནས་འབྲས་བུས་ཆོས་ཀྱི་དབུལ་བ་སེལ་ཏེ། རྒྱུ་ནི་འབྲས་བུས་དབུལ་བ་ཁོ་ནའོ། །སེམས་བསྐྱེད་པའི་ཡོན་ཏན་གང་སྙམ་པ་ལ། སེང་གེའི་ཕྲུ་གུ་དྲིས་ནི་ཞེས་པ་དཔེའོ། །སྙིང་པོ་དོན་ལ་རིག་པའི་མཐུ། །ཞེས་པ་དག །གསང་སྔགས་ཀྱི་དོན་རྟོགས་པའི་ཤེས་རབ་ཀྱི་སྟོབས་མེད་ན་ཡང་། ཐེག་པའི་མཆོག་ལ་མོས་པ་སྐྱེས་པའི་ཡོན་ཏན་དང་ལྡན་པའོ། །ལྷག་པའི་སྒྲ་འགོག་པ་ནི་སྤྱོད་པ་ཙམ་ལོག་པ་བཀག་པའོ། །དེའི་སྟོབས་ཀྱང་བཤད་པ་བཞིན་དབུ་མ་པ་ལ་གནོན་ཏོ། །འོ་ན་དབུ་མ་པའི་བྱང་ཆུབ་སེམས་དཔའ་ལ་ནི། ས་ནོན་པ་ཡང་མང་ན། འདིར་ཡང་ལས་དང་པོའི་དང་པོས་ཟིལ་གྱིས་མནན་པར་བཏུབ་བམ་ཞེ་ན། དེ་ནི་དཔེར་དམངས་ཀྱི་བུ་ལུས་སྐྱེས་རྩལ་རྫོགས་ཀྱང་། རྒྱལ་པོ་ཆེན་པོར་བྱ་བ་ལ་བསོད་ནམས་བསག་ཅིང་སྐྱེ་བ་བརྒྱུད་དགོས་ལ། རྒྱལ་པོའི་ཕྲུ་གུ་ལ་རྒྱལ་ཐབས་ཀྱི་སྟོབས་ད་དུང་མེད་དེ། ལས་བྱིས་པར་སྤྱོད་ཀྱང་རྒྱལ་པོ་ཉིད་དུ་འབྱུང་བ་ལ་སྐྱེ་བ་བརྒྱུད་མི་དགོས་ཀྱི་དེ་ཉིད་ཀྱིས་རྒྱལ་ས་ནོན་པ་ལྟར། མདོ་སྡེ་བས་ས་ཐོབ་ཏུ་ཟིན་ཀྱང་གསང་དོན་མཐོང་བ་ལ་བསྐལ་བར་སྤྱོད་དགོས་པ་དང་། འདིར་མོས་པའི་ས་བོན་ཡོད་པས་མྱུར་བར་ཐེག་པ་ཆེན་པོར་ངེས་པར་འབྱུང་བས་གཉིས་སུ་མེད་པའི་དོན་མངོན་དུ་གྱུར་པའི་ཕྱིར་རོ། །དེ་བས་ན་སེམས་བསྐྱེད་པ་ཙམ་གྱིས་བདུད་དང་མུ་སྟེགས་ལ་སོགས་པ་རྣམས་སྔངས་ཤིང་སྤ་བཀོང་བར་འགྱུར་རོ། །སྐྱེས་བུ་རྐང་ལག་བཅད་དེ་ཉམས་ཀྱང་འཚོ། །ཞེས་པ་ལ་སོགས་པ་དཔེའོ། །དེ་བས་ན་དབུ་མའི་ལྟ་བ་ཉམས་ཚུལ་ཁྲིམས་རལ་ཡང་། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཐབས་ཀྱིས་མི་ལྟུང་སྟེ་ས་ལ་སྦྱོར་རོ། །ཐབས་ཀྱི་ཐག་པའི་གཞུག་ཉམས་ན་རྒྱུའི་ཐེག་པས་སློང་བར་མི་འགྱུར་ཏེ། དཔེ་ན་རྒོད་མ་ཤི་བའི་རྟེའུ་རློན་ར་ཡར་གྱི་འོ་མས་མི་འཚོ་བ་བཞིན་ནོ། །འོན་ཀྱང་ཐེག་པ་ཆེན་པོ་ཉིད་ལ་ཐབས་མེད་པ་ནི་མ་ཡིན་ནོ། །གང་ཞིག་རྡོ་རྗེ་སྙིང་པོ་གསང་འཛིན་པ། །ཤིང་རྟ་ལ་སོགས་རྟ་ལ་འདུག་སྤྱོད་པ། །ཞེས་པ་ལ་སོགས་པ་རྨད་དུ་བྱུང་བའི་ཐེག་པ་དོན་འཛིན་པའི་རྣལ་འབྱོར་པ་དེ་ནི། དཔེར་ཤིང་རྟ་དང་གླང་པོ་ཆེ་ལ་སོགས་པའི་བཞོན་པ་རྣམས་ཞོན་པའི་དུས་ན། བཞོན་པ་དེ་དག་ལ་གང་ཞོན་པ་འདེགས་པ་དང་། གནས་སུ་བསྐྱལ་བ་ལས་བྱ་བའི་ལས་གཞན་མེད་པ་ལྟར། ཐེག་པ་ཆེན་པོས་རྣལ་འབྱོར་མཐར་ཕྱིན་པའི་ཕྲིན་ལས་མངའ་བའོ། །དེ་བས་ན་ཐེག་པ་ཆེན་པོའི་བཞོན་པའི་རྣལ་འབྱོར་ནི། རྒྱལ་བ་ཉིད་ཀྱི་དབུ་ཡི་ཐོག་ཏུ་བཀུར་བས་མཛད་དོ། །མདོ་སྡེ་ལས་སྟོང་པ་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་བསྐལ་པའི་ཡུན་དུ་བཙལ་ཀྱང་རྒྱལ་བས་བཀུར་བར་མི་མཛད་དོ། །དེ་དག་གིས་དགོངས་པ་དམ་པ་ལ་ཞུགས་མ་ཞུགས་ཀྱི་བྱེ་བྲག་གིས་སར་ངེས་པར་འབྱུང་བ་མྱུར་བུལ་ཡོད་པའི་ཕྱིར་རོ། །དེ་བས་ན་ཐེག་པ་ཆེན་པོ་མཆོག་ནི་རྒྱལ་བ་ཉིད་ཀྱིའང་ཡབ་ཡུམ་སྟོན་པ་མཆོད་གནས་དམ་པ་ཡིན་པས། དེ་ལ་གནས་པའང་རྗེས་སུ་མཚུངས་སོ། །དེ་ལྟ་བའི་ཕྱིར་གསང་དོན་སྐད་ཅིག་མཐོང་བ་དང་། སེམས་སྐྱེས་པའི་ཡོན་ཏན་སྟོང་གསུམ་གྱི་ཁ་ལྕེས་སོ་སོར་བརྗོད་ཀྱང་མི་ཟིན་པའི་ཡོན་ཏན་དང་ལྡན་ནོ། །དཀར་པོ་མཐར་ཐུག་བསོད་ནམས་ཀུན། །ཞེས་པ་ཆོས་སྤྱོད་བཅུ་དང་བསྡུ་བ་བཞི་ལ་སོགས་པའི་བསོད་ནམས་ནི། སེན་མོའི་སྟེང་གི་རྡུལ་གྱི་གྲངས་ཙམ་མོ། །ཐེག་པ་འདིར་སེམས་སྐད་ཅིག་ཙམ་སྐྱེད་པ་ནི་ས་གཞི་ཆེན་པོའི་རྡུལ་སྙེད་ཡོད་དེ། མདོ་སྔགས་ཀྱི་དགེ་བའི་རྩ་བ་བསྐྲུན་དུ་མི་བཏུབ་བོ། །དཀར་པོ་ཕྱོགས་ཀྱི་མཐའ་ཐུག་པ། །ཞེས་པ་དག་ནི་མདོ་སྡེའི་ཚོགས་རྣམ་གཉིས་བསགས་པས་རྫོགས་པ་ནི། མུན་ཁང་གི་སྒྲོན་མེ་དང་འདྲ་སྟེ་ཡེ་ཤེས་ཆེན་པོ་མུ་མཐའ་མེད་པ་མ་མཐོང་སྟེ། སྒྲིབ་པ་སྲབ་པ་ཙམ་མོ། །ཐེག་པ་ཆེན་པོ་འདིར་ཚོགས་མ་བསགས་པར་རྫོགས་ཏེ། རིལ་ཐེག་པ་ཆེན་པོ་ཉིད་དུ་རྟོགས་ན། དུས་མཐར་འཇིག་རྟེན་འཇིག་པའི་མེ་ཆེན་དང་འདྲ་སྟེ། གང་སྦྱར་བྱ་རིལ་ཀ་ནས་མ་བསལ་དག་པའི་ཕྱིར་རོ། །དབུ་མར་སྣང་བའི་ནམ་མཁའ་ནི། །ཞེས་པ་ལྟ་བའི་ཁྱད་པར་འཆད་དེ། མདོ་སྡེ་བས་དངོས་པོ་རྟེན་འབྲེལ་ལ་སོགས་པས་གཞལ་བའི་མཐའ་དོན་དམ་པ་མ་སྐྱེས་པའི་དོན་གསལ་ལ་མི་གཡོ་བར་འདོད་པ་ནི། གནས་ཁྱིམ་གྱི་སྐར་ཁུང་གི་ནམ་མཁའ་ལྟ་བུའོ། །ཐེག་པ་ཆེན་པོ་རིལ་གཉིས་མེད་པ་ལས་གཞལ་བྱ་འཇལ་བྱེད་དུའང་མེད་པས་སྟོན་པའི་ཆོས་ཉིད་བདེན་པ་གཉིས་གྲོལ་བའི་དོན་མ་བསྒྲིབས་མི་འགོག་མ་ཕྱིན་ཀུན་ལ་ཁྱབ་པའི་དོན་ནི། རིལ་རྫོགས་པར་གསལ་བ་འབྱུང་ཆེན་གྱི་ནམ་མཁའ་ལྟ་བུའོ། །དེས་ན་རྒྱུ་འབྲས་ཀྱི་ཐེག་པ་ནི་ཇི་ས་ནས་བསྐྲུན་དུ་མེད་དེ་འཆད་པར་ཡང་འགྱུར་རོ། །དེ་ལྟ་བུའི་གདེང་ནི་མ་རྙེད། གསང་སྔགས་ལ་གནད་མ་ཆུད། དུས་དེང་སང་གི་གང་ཟག་མདོ་སྡེ་ལ་ལྕེ་སྦྱངས་ནས་ཐེག་པ་ཆེན་པོར་ཞུགས་པ་དང་། གསང་སྔགས་ལ་ལྡོངས་པ་ཁ་ཅིག །རྒྱུ་འབྲས་ཀྱི་ཐེག་པ་ནི་དོན་དམ་པའི་ལྟ་བ་ལ་ཡང་ཁྱད་མེད། གྲུབ་ཐག་ཉེ་རིང་གི་ཐབས་ཙམ་ལས་འབྲས་བུ་ལ་ཡང་ཁྱད་མེད་དོ་ཞེས་སྨྲ་བ་ནི། ནོང་བུས་བློན་གྲལ་མི་ཟིན་པ་དང་འདྲ་སྟེ། རྨོངས་པ་དེས་ཐེག་པ་ཆེན་པོའི་ས་མི་ནོན་ཏེ། སླར་རང་གི་རྒྱུད་འཆལ་ཏོ། །འོན་ཀྱང་ཐེག་པ་ཆེན་པོ་ནི་ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པས་མོས་པ་ཙམ་ཡང་མི་གཏོང་བར་རིགས་སོ། །ཕྲིན་ལས་ཀྱི་དོན་ཇི་ལྟ་བུ་སྙམ་པ་ལ། མཛད་པ་རླབས་ཀྱིས་ཞི་བ་ནི། །སྟོང་པའི་བསྐལ་པ་ལྟ་བུར་སྣང་། །ཞེས་པ་ལ་སོགས་པ་ཐབས་ཆེན་པོའི་བྱིན་རླབས་ཀྱིས་མཉམ་པ་ཆེན་པོའི་གནད་ཆུད་པས། རྟོག་མཚན་གྱི་ཟུག་རྔུ་བྲལ་བ་ལ་མཐའ་གང་ཡང་མ་དམིགས་པས་འཇིག་རྟེན་སྟོང་པ་ལྟ་བུའོ། །དེ་ལྟ་བུའི་སྤྱོད་ཡུལ་དུ་རིལ་འབྲས་བུའི་ངོ་བོས་གང་བར་སྣང་བ་ནི་འཇིག་རྟེན་ཆགས་ནས་གནས་པ་ལྟ་བུའོ། །རིལ་ཡང་སྙིང་རྗེ་ཆེན་པོས་ཟིན་པའི་དོན་འཇལ་བ་ནི་གཅིག་ཏུ་བསྡུས་པའི་ཕྱིར་ཆགས་པ་ལྟ་བུའོ། །རྟོགས་པའི་ཐབས་ཐུགས་རྗེ་ཆེན་པོས་དངོས་པོ་ཡུལ་རིལ་སྐྱེ་མེད་དུ་བསྒྲལ་བ་ནི་འཇིག་པ་ལྟ་བུའོ། །ལང་ཀའི་བདག་པོ། དེ་དག་ནི་ཡོན་ཏན་མི་ཟད། ཅེས་པ་སྒྲ་བཞིན་ནོ། །སྤྱོད་པ་མི་ཟད། ཅེས་པ་ཡོན་ཏན་དང་ལས་ཐུན་མོང་གི་མཚན་ནོ། །ལེའུ་སུམ་ཅུ་ལྔ་པ་འགྲེལ་པའོ། །བྱིན་རླབས་སྣང་བ་ན་ཡང་འབྱུང་། ཞེས་པ་བཤད་པ་ལྟར་གསང་བ་དམ་པ་ལས་སྔོན་བྱུང་སྐྱེས་བུས་ས་ནོན་པའི་འབྲས་བུ་ལྔའི་བྱིན་རླབས་རིལ་དུ་ཤར་བའོ། །བྱུང་ཚུལ་བདུན་པ་བཤད་པའོ།། །།དེ་ནས་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ། ཞེས་པ་ལ་སོགས་པ་བྱུང་ཚུལ་བརྒྱད་པའི་དྲིས་ལན་ནོ། །ལང་ཀའི་བདག་པོ་དེ་གང་ཞེ་ན། འདི་ལྟ་སྟེ། གང་གིས་གང་ལ་གང་བརྒྱུད་པ། ཞེས་པ་དག་བྱུང་ཚུལ་གྱིས་དོན་ཉེ་བར་བསྟན་པ་ནི། སྟོན་པ་ཡང་དག་པར་རྫོགས་པ་ཉིད་ཀྱི་དགོངས་པའི་དོན། ཆོས་ཀྱི་རྒྱལ་ཚབས་རྒྱུད་དག་པ་ལ་ཆུ་དང་ཟླ་བ་ལྟར་བརྒྱུད་ནས། རྒྱལ་ཚབས་སྐྱེས་བུས་འཁོར་གང་དག་ལ་ཆོས་གསང་བ་ཇི་བཞིན་པའི་ངོ་བོ། དེ་ཁོ་ན་ཉིད་ཀྱི་དོན་ལྷ་མིའི་གནས་སུ་ཚིག་ཏུ་བཀའ་སྩལ་པ་ནི། སྔོན་དུ་དངོས་སུ་ལུང་བསྟན་པ་ཐོབ་པའི་འགྲོ་བའི་ལུས་ཅན་གྱི་བྱང་ཆུབ་སེམས་དཔའ་སོ་སོ་ལ་སྣང་བའོ། །དེ་ལྟར་སྔ་བར་གྲགས་པའི་ལོ་རྒྱུས་ཀྱི་ཡིད་ཆེས་པར་བྱ་བའི་ཕྱིར། གྲགས་པ་དེ་ཡང་ཇི་ག་གང་། །འདས་པའི་དུས་ན་སྔོན་བྱུང་བ། །ཞེ་པ་དེ་ལྟར་འཇིག་རྟེན་དུ་སྣང་བའི་ཚུལ་གང་ཞེ་ན། སྔོན་བསྐལ་པ་གྲངས་མེད་པ་ལས་ཀྱང་གྲངས་མེད་པ་འདས་པའི་སྔོན་རོལ་བསྐལ་པ་ཀུན་དགའ་ལ་བྱུང་བའི་སྟོན་པ་འགྲོ་བ་རྣམས་ཀྱི་སྐབས་དམ་པ་ཐུབ་དཀའ་གཞོན་ནུ་རྡོ་རྗེ་སྙིང་པོར་གྱུར་པས། དུས་དེར་བྱུང་བའི་ཐར་པ་ནག་པོ་འཁོར་བར་ཟློས་བུར་བརྒྱུད་པའི་སྡུག་བསྔལ་ཅན་རུ་དྲར་གྱུར་པ་བཏུལ་ནས། བྱང་ཆུབ་ཞིང་ལ་དགོད་པའི་དུས་སུ། ཡོངས་སུ་ས་ནོན་པ་དང་མ་ནོན་པ་ཚོགས་པའི་འཁོར་ལ། གསང་བའི་ཐེག་པ་འདི་དུས་དེར་ཡང་རྒྱལ་ཚབ་སྐྱེས་བུས་བཤད་པས་ད་ལྟའང་འཆད་པ་སྟེ། དེ་བས་ན་བྱུང་ཚུལ་ནི་སྐབས་གཅིག་གི་དབང་དུ་དུས་གཅིག་པར་འདུས་ཀྱང་སོམ་ཉི་མེད་དོ། །ལང་ཀའི་བདག་པོ་དེའི་ཚེ་དེའི་དུས་ན། ཞེས་པ་དྲེགས་པ་བཏུལ་བ་དང་། གསང་སྔགས་བྱུང་བའི་དུས་གཉིས་གཅིག་གི་སྐབས་སོ། །ཡོངས་སུ་རྫོགས་པར་ངོས་མ་ཟིན་པའི་སྲས་དེ་དག་ཡོངས་སུ། ཞེས་པ་དག་ནི་སྟོན་པས་རུ་དྲ་བཏུལ་བའི་འདིར་ལོ་རྒྱུས་སུ་བསྙད་པ་ནི། དགོས་ཆེད་དང་ལྡན་པས་སྟོན་པས་འཁོར་དེ་དག་ལ་བསྐུལ་བ་དམ་ཚིག་ལོངས་ཤིག་པ་སྒྲ་བཞིན་ནོ། །དེར་འཁོར་གྱི་དེ་ཉིད་ཤེས་པར་བྱ་བའི་ཕྱིར། དྲི་བ་མ་བཅོས་པའི་དམ་དང་ཇི་ལྟར་གཟུང་བ་གཉིས་དྲིས་པའི་ལམ་ཉེ་བར་སྟོན་པས་བཀའ་སྩལ་པ་ནི། མ་ནོར་མ་བཅོས་དམ་ཚིག་ནི། །དེ་བཞིན་ཉིད་ཀྱི་ཆོས་ཉིད་ལ། །ཞེས་པ་ལ་སོགས་པ་ངོ་བོ་མ་ནོར་མ་འཁྲུལ་པས་བྱས་བསླད་མེད་མ་བཅོས་པའི་བསྲུང་བྱ་གང་ཞེ་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་ཁོ་ན་རང་རིག་གི་སེམས་ཀྱི་ཆོས་ཉིད་པས། དེ་ཉིད་དུའང་འཛིན་པའི་འདུ་ཤེས་མ་ཞུགས་པ་ནི། གང་དུའང་མ་གཡོས་པའི་ཕྱིར་ན་མིང་དུ་བཞག་པའང་ཡིན་ཏེ། དེ་མི་འདའ་བ་ལས་གང་དུའང་གྱུར་པ་མེད་པ་ནི་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དམ་མཆོག་ཡིན་ནོ། །ཞེས་གསུངས་སོ། །འདུས་པའི་ཚོགས་རྣམས་ཤིན་ཏུ་སྐྲག་ཅིང་སྔངས་ནས། ཞེས་པ་བཤད་པ་ལྟར་ངོས་མ་ཟིན་པས་ཆོས་ལ་བཟོད་པ་མ་ཐོབ་སྟེ། འཇིགས་སྔངས་ནས་ཡིད་མ་མགུ་ནས་ངག་ཏུ་ཡང་སྟོང་པ་ཆེན་པོའི་དོན་མ་མཐོང་བས། མ་རངས་པའི་སྒྲ་ཨེ་མའོ་ཞེས་པ་སྒྲ་བཞིན་ནོ། །གང་མ་བཅོས་པའི། ཞེས་པ་དམ་ཚིག་མཆོག་ལ་སོ་སོའི་སྤྱོད་པ་མི་སྤོང་བས། རང་རང་གིས་དམ་ཚིག་དང་སྤྱོད་པ་ཅི་དགར་སྤྱོད་པར་གནང་བས་དམ་ཚིག་ཕུལ་ཅིག་བར་བསྐུལ་ཏེ། དེར་ཡིད་རངས་ནས་སྨྲས་པ་སྒྲ་བཞིན་ནོ། །ནག་པོ་དེད་དཔོན་འཁོར་དང་བཅས་པ་རྣམས་ཀྱིས། ཅེས་པ་དག་རུ་དྲ་གཙོ་འཁོར་གྱི་དམ་ཚིག་ཕུལ་བ་ཉེ་བར་བསྟན་པ་ནི། དྲེགས་པ་རང་དག་གི་དམ་པས་རང་གི་ཆོས་ལུགས་ལ་གནས་པས། ཞེ་སྡང་གིས་ཕ་རོལ་དཔུང་འཇོམས་པའི་དམ་ཚིག་ཕུལ་ལོ། །གཞན་ནི་སྒྲ་བཞིན་ཏེ། གུ་ལང་འཁོར་བཅས་དང་། བིཥྞུ་འཁོར་བཅས་དང་། གནོད་སྦྱིན་དང་། མུ་སྟེགས་དང་། རིགས་ངན་དང་། སྲིན་མོ་དང་། ཕྲ་མེན་དང་། ངན་སྐྱུགས་ཅན་དང་། བུད་མེད་དང་། རྫུན་དང་སྨྲ་བའི་ཤོ་པར་པ་དང་། ལོག་སྲེད་ཅན་དང་། མུ་སྟེགས་དང་། འཇིག་རྟེན་གྱི་སྔགས་རྟེན་པའི་རྒྱང་འཕེན་པ་དང་། དེ་རྣམས་ཀྱིས་ཕུལ་ལོ། །སྐབས་སུ། བརྒྱའམ་སྟོང་དུ་གོན་ནས་ནི། །ལིང་ག་བཅད་ན། ཞེས་པ་གོས་དེ་དག་གོན་ཏེ་སྔགས་གྲངས་བཅུ་ཕྲག་བཅུའམ་བརྒྱ་ཕྲག་བཅུ་བཟླས་ཏེ། ལས་བྱས་ཏེ་ལིང་ག་གཏུབས་ན་ཚད་རྒྱལ་བའང་འཇིག་པར་འདོད་པའོ། །ལྡེམ་དགོངས་སུ་མཐུན་པས་དྲང་ཕྱིར་རིགས་རྒྱུད་ཅན་ལ་གསུངས་པ་དང་། ཞེན་ཆགས་ཅན་དང་། ལོག་སྲེད་ཅན་གྱི་ཆེད་དུ། དེ་ནས་བཅོམ་ལྡན་འདས་ཀྱིས་གང་མ་འདྲེས་ཡོངས་སུ་མི་འགོག་པའི། ཞེས་པ་མ་རུངས་པ་དག་གིས་དམ་པ་སོ་སོར་བཙལ་ལ་སྤྱོད་དུ་གནང་བར་གསུངས་པ་ནི། གང་འདིར་འདུས་པའི་སྐལ་ལྡན་ཀུན་སོ་སོ་ལ་བོས་ནས་རང་རང་གི་དམ་ཚིག་ལོངས་ཤིག་པར་བཀའ་སྩལ་ནས་གདམས་པའོ། །དྲེགས་པ་འཁོར་བཅས་ལ་བཀའ་སྩལ་པ། གཞན་གྱི་སྡེ་པ་འཇོམས་བྱེད་ཅིང་། །ཞེས་པ་རང་གི་སྤྱོད་པ་དེ་མ་སྤངས་བཞིན་དུ་ཇི་བཞིན་པའི་ངང་དུ་རྟོགས་པའི་ང་རྒྱལ་ཆེན་པོར་དམིགས་པ་སྟེ། ཐེག་པའི་སྣོད་ཡིན་ནོ་བར་བཀའ་སྩལ་པའོ། །གྲལ་ནི་བཤད་པ་དང་རིམ་པ་བཞིན་ནོ། །འདོད་པས་ནི། ཞེས་པ་ཐབས་ཀྱིས་འདོད་ཆགས་སྤྱོད་ལ་མ་ཟིན་ན་སྣོད་ཡིན་པའོ། །སྲོག་གི་དབང་པོ་རྒྱུན་བཅད་ནས། །ཞེས་པ་ཤེས་རབ་དང་ཏིང་ངེ་འཛིན་གྱི་དངོས་སུ་བསྒྲལ་ཞིང་ལྔ་དྲུག་གི་རྒྱུན་དང་སྒོ་བཀག་ཅིང་བཅད་པ་ནི་དམ་ཚིག་གོ། །བླངས་ནས་འདོད་པའི་ལོངས་སྤྱོད་པ། །ཞེས་པ་འཕྲུལ་དགའི་ཏིང་ངེ་འཛིན་གྱིས་བླངས་ན་དམ་པ་མ་ནོར་བའོ། །དུར་ཁྲོད་སྣོད་ལ་ཆོས་ཤེས་པ། །ཞེས་པ་མ་རིག་པ་ཀ་ནས་དག་པར་རྟོགས་པས་མགོ་བཅད་དེ། རྩ་བའི་རྒྱུད་ལས་གསུངས་པ་ལྟར་ཐོད་པ་བརྟགས་ཏེ་བཟང་ཞིང་ཤིས་པ་སྣོད་དུ་འཆང་བ་ནི་དམ་པ་མ་ནོར་བའོ། །རྣལ་འབྱོར་ཆེན་པོའི་ཟས་ཡིན་པས། །ཞེས་པ་ཤ་དངོས་སུ་སྤྱོད་པ་ལ་མི་ཆགས་པས་སྤངས་ལེན་བྲལ་བའི་ལོངས་སྤྱོད་དོ། །དེ་བཞིན་དུ་འཆད་པར་འགྱུར་བའི་སྤྱོད་པ་རིལ་ཡང་དག་པའི་ལྟ་བས་ཟིན་པས་མ་སྤངས་སྤྱད་ན་ཐེག་པ་ཆེན་པོའི་སྣོད་ཡིན་པར་འགྲེལ་ཏེ་སྒྲ་བཞིན་ནོ། །སྐབས་སུ། སྤྱོ་བརྒྱད། ཅེས་པ་དྲེགས་པ་བཏུལ་བར་་བཤད་ཟིན་ཏོ། །བྱེ་བྲག་ཐམས་ཅད་གཅིག་པས་ན། །ཞེས་པ་དག་ནི་ལོག་སྲེད་དག་གིས་དམ་ཚིག་སོ་སོར་མ་འདྲེས་པ་དེ་དག་སེམས་ཀྱི་ཆོས་ཉིད་དུ་དབྱེར་མེད་པས་བྱས་ལ་མ་གསོག་པས་རྣམ་སྨིན་སོགས་པའི་ལས་དཀར་ནག་གི་ཁ་ཐབས་སུ་མི་འགྱུར་བའི་དོན་ནི་ཐོག་ཏུ་ཕེབས་པ་མ་བསླད་པའི་དམ་ཚིག་སྟེ། དེ་ལ་ནི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་མེད་པས་དམ་ཚིག་མཆོག་གོ། །ཡང་དག་པའི་དམ་ཚིག་ཉིད་རྗེས་སུ་བསྟན་པའི་ཕྱིར། མི་གཡོ་མི་འགྱུར་མི་བསྐྱོད་པ། །ཞེས་པ་ལ་སོགས་པ། ཡང་དག་པའི་གདེང་དང་ལྡན་པའི་རིག་པ་ནི་འདུ་ཤེས་གང་དུའང་མི་བསྐྱོད་མི་འཇིགས་མི་བསྒུལ་བ་ཆེན་པོ་ལ། བློས་ཅིར་ཡང་མི་བསམ་པ་ཉིད་རྣལ་འབྱོར་ཏེ་མཐའ་མེད་ཀྱང་། ཡོན་ཏན་ཆེན་པོའི་བཅུད་རླག་པ་དང་བྲལ་བ་མེད་པས་འབྱུང་འཇུག་གི་བྱ་བ་དང་བྲལ་བ་ནི་དམ་པ་མཆོག་གོ། །དེ་ཉིད་ཆེན་པོར་ཀུན་གཅིག་པས། །ཞེས་པ་ལ་སོགས་པ། དངོས་པོ་རྣམས་དེ་ཁོ་ན་ཉིད་ཀྱི་ངང་དུ་བདལ་བ་ལ་རིས་མེད་པའི་ཕྱིར། སྤོང་ལེན་བྲལ་བའི་གཉིས་པའི་ཆོས་རིལ་མ་དམིགས་པའི་དོན་གྱི་བླ་དྭགས་གཉིས་སུ་སྣང་བའི་ཆོས་རྣམས་ཀུན་ནི་གྲངས་ཀྱི་གཞིར་བརྗོད་དེ་རྣམ་པ་མེད་དོ། །དཀར་པོ་ནག་པོ་གང་འདི་ལ། །ཞེས་པ་ལ་སོགས་པ་ལས་དགེ་སྡིག་གི་འབྲས་བུ་འཁྲུལ་པ་ལ་མ་འདྲེས་པར་སྣང་ཡང་། མཉམ་པའི་ངང་ལ་ལས་སུ་འདུ་ཤེས་པ་མེད་པས་རྣམ་སྨིན་མེད་པ་ནི། སྤྱོད་ལ་མ་ཆགས་མཁའ་དང་མཚུངས་པ་ལ་རིས་མེད་པས་མཉམ་པའི་དམ་ཚིག་ཅེས་བསྙད་དེ། མཉམ་ཉིད་རིག་པའི་རྒྱལ་པོ་ལས། །ཞེས་པ་ལ་སོགས་པ་ཇི་ལྟ་བའི་དོན་རྟོགས་པའི་ཡེ་ཤེས་ནི་རིལ་གྱི་བདག་པོ་བས་ལས་སོ་སོར་དབྱེ་བའི་རིས་ངོ་བོས་མ་གྲུབ་པ་སྟེ་ཅིའི་ཕྱིར་ཞེ་ན། སྤྱད་བྱ་སྤྱོད་བྱེད་རིལ་རིག་པས་རྒྱས་བཏབ་པས་དེ་ཉིད་དུ་གསལ་བ་ནི་ཡེ་ཤེས་ཆེན་པོའི་དམ་ཚིག་སྟེ། ཡང་དག་པའི་ཐུགས་དམ་ཆེན་པོ་ལྔའི་དོན་ཏོ། །གསང་ཚིག་བསྟེན་པའི་དམ་ཚིག་ནི། ལིང་ག་སྐྱེ་བའི་རྒྱུན་བཅད་ན། །སྐྱེ་བ་རྣམ་གྲངས། ཞེས་པ་གོས་ཀྱི་བརྡ་ཡི་དོན་ནི་འགྲོ་བའི་ལུས་ཏེ་སྐྱེ་བའི་ས་བོན་ལིང་ག་སྲོག་རྒྱུན་གཅོད་པའང་མི་དམིགས་པ་རྟོགས་པའི་མཛད་པ་སྐྱེ་བ་རྣམ་གྲངས་བརྒྱ་བཅུ་ཕྲག་བཅུ་སྙེད་དུ་བསྐྱར་ཞིང་བཏང་བར་སྔགས་བཟླས་པ་དེ་ཏིང་ངེ་འཛིན་དེ་ཉིད་གྱིས་བྱང་ཆུབ་དེ་ཉིད་ཞིང་ལ་བཀོད་ནས། དེ་ལྟ་བུས་ནི་སངས་རྒྱས་གཟུགས་ཡང་དག་པ་ཆེད་དུ་བྱས་པའི་རྒྱལ་བ་ཉིད་དུ་ཞེན་པ་ཉིད་ཀྱང་བྲལ་བར་གྱུར་པ་ནི་དམ་པ་མཆོག་གོ། །ཕྲ་མེན་མའི་ནི། འདོད་པས་སྤྱད་པའི་ལོངས་སྤྱོད་ལྔ། །ཞེས་པ་དག་གཟུགས་དང་སྒྲ་ལ་སོགས་པའི་ལོངས་སྤྱོད་ནི་ཆོས་ཉིད་ཀྱི་ངང་ལ་མི་ལྡན་མ་བྲལ་བར་བཞག་པས་རིལ་མི་ཞེན་པ་དམ་པ་མཆོག་གོ། །འདུས་པ་ཆེན་པོའི་ཚོགས་རྣམས་རབ་ཏུ་མགུ། ཞེས་པ་ཡི་རང་བས་བསྟོད་དེ་གསོལ་བ་བཏབ་བོ། །བཀའ་སྩལ་པ། ཨ་ཧོཿ ཡིན་ནོ། །ལེགས་སོ། །གཏད་དོ། །ཞེས་པ་རང་རང་གི་དམ་ཚིག་དོན་ལ་མ་ནོར་བའི་དམ་པར་གསོལ་བ་བཏབ་པ་ལ་དགྱེས་ནས། དམ་ཚིག་དང་སྤྱོད་པ་མ་ནོར་བ་དང་། དེ་མི་འདོར་བ་དང་། དེ་ཉིད་དམ་པར་གསོལ་བ་ལ་གནང་བ་བྱིན་པའོ། །དམ་ཚིག་དམ་པ་དེ་ཉེ་བར་ཟུངས་ཤིག །ཏིཥྛ་བཛྲ་ས་མ་ཡ་སྟྭྃ། ཞེས་པ་གདམས་ནས་དམ་ཚིག་བརྟན་པར་ཕོག་སྟེ་དམ་པ་མི་འདའ་བར་བཟུང་ངོ་། །ངེས་པར་བཅས་སོ། །ལང་ཀའི་བདག་པོ་དེ་ནས་འདུས་པའི་ཚོགས་ཀྱིས། །ཞེས་པ་རང་རང་གི་རིགས་དམ་ཚིག་འབྲས་བུ་གོ་འཕང་གཉིས་དྲིས་པའོ། །ལང་ཀའི་བདག་པོ་བཅོམ་ལྡན་འདས། ཞེས་པ་ལ་སོགས་པ་ཉོན་ཅིག་པར་གདམས་པའོ། །ཨེ་མའོ་ཐོད་པ་ཅན་གྱི་ཚོགས། །ཞེས་པ་ལོག་པའི་སྤྱོད་པ་དང་དམ་ཚིག་གིས་ཐར་དུ་རེ་བ་ལ་ངམ་པ་དང་ངོ་མཚར་བ་སྟེ། མི་མ་ཡིན་པ་ལ་མིའི་མགོ་ཅན་དུ་སྣང་བ་ཀུན། ཞེས་བོས་ནས། ཁྱོད་ཀྱིས་རང་རང་གི་དམ་པ་སྨྲས་པའི་ཚིག་ནི། སོ་སོར་རྟོག་པ་གྲོལ་དཀའ་བས་མི་ཐར་པའི་ཚིག་ཡིན་པས། དེ་དུས་ཀུན་ཏུ་ཐར་བར་མི་འགྱུར་རོ་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡང་དག་པའི་ཞེན་པ་ལའང་མི་གནས་པར་བྱ་བའི་ཕྱིར། ཡང་དག་ཡང་དག་ཅེས་སྨྲ་བ། །ཞེས་པ་དག་དེ་སྐད་བརྗོད་པ་ནི་བརྗོད་དུ་མེད་པ་དང་བསམ་དུ་མེད་པ་ལ་བརྗོད་བསམ་བྱེད་པ་ཉིད་འཆིང་བ་སྟེ། དེ་ལས་ཐར་ཅིང་གྲོལ་བར་མ་བྱས་ན་ཤེས་རབ་ཀྱི་སྒོ་ལྕགས་ཕྱེ་བར་མི་འགྱུར་བར་བཀའ་སྩལ་པའོ། །དེ་ལྟར་མི་གྲོལ་བ་སོ་སོའི་དམ་ཚིག་དང་སྦྱར་ནས་བསྟན་པ་ནི། རྩ་བའི་རྒྱུད་ལས་ལྟུང་བའི་སྒོ་དགུ་འདི་ཉིད་དུ་བཅུ་གསུམ་བསྟན་པ་དེ་འདིར་གང་སྙམ་པ་ལ། མཚམས་མེད་པ་དག །ཅེས་པ་རྒྱུ་དེས་བདུད་ཆེན་པོར་ལྟུང་བའི་སྒོའོ། །ཡི་དྭགས་དང་ཆགས་པའི་ལས་རྣམས་སྦྱོར་བ་དག །ཅེས་པ་ནི་སྤྱིར་དམྱལ་བ་ཁྱད་པར་མངལ་གྱི་གྲོང་ཁྱེར་དུ་སྐྱེ་བའོ། །གང་དུ་སྡང་བས་གསོད་པའི་ལས། །ཞེས་པ་ཤན་སྤྱིར་དམྱལ་བ་པའི་རྒྱུ་མཐུན་པ་སྟེ་ཆགས་སྡང་གཉིས་ནི་ཤན་པར་ལྟུང་བའི་སྒོའོ། །རྒྱལ་བ་རྣམས་ཀྱི་རྣམ་དག་པས། ། ཞེས་པ་ངན་སྐྱུགས་ཀྱི་སྐྱེ་བོར་གྱུར་པའོ། །ཤ་དང་ཁྲག་ལ་སོགས་པའི་ཟས། །ཞེས་པ་དེ་དག་སྤྱོད་པའི་ལུས་ལ་དྲི་ཟ་དང་སྲིན་བུ་མང་པོ་འདུས་ནས་སྲོག་གཅོད་པ་དང་མདངས་འཕྲོགས་ཏེ་ཡི་དྭགས་སུ་སྐྱེའོ། །དེ་ཉིད་རིན་ཆེན་ཡོདབཞིན་དུ། །ཞེས་པ་མ་བྱིན་པར་ལེན་པས་ཡི་དྭགས་སུ་ལྟུང་བའོ། །དཀར་ནག་ལས། ཞེས་པ་དཀར་ནག་འདྲེན་མ་མུ་སྟེགས་སུ་ལྟུང་བའི་སྒོའོ། །བདེར་གཤེགས་མཉེས་བྱ། ཞེས་པ་དྲན་པ་ཉམས་པར་འགྱུར་རོ། །བདེ་གཤེགས་རྒྱལ་བ། ཞེས་པ་སྲིན་པོར་ལྟུང་བའི་སྒོའོ། །རྒྱན་དང་ཆ་ལུགས། ཞེས་པ་དོན་གྱིས་ལྷ་ཆེན་པོར་ལྟུང་བའི་སྒོ་སྟེ་རྒྱུ་མཐུན་གྱི་དབང་ངོ་། །བྲམ་ཟེའི་ལུས་ལ་སོགས་པ་ནི་རྣམ་པར་སྨིན་པའོ། །ཏིང་ངེ་འཛིན་རྟོག་པ། ཞེས་པ་ལྷ་དང་གཞལ་ཡས་ཁང་ལ་སོགས་པའི་བསྒོམ་པ་མི་དམིགས་པས་མ་ཟིན་པ་རུ་དྲར་ལྟུང་བའི་སྒོའོ། །ཨ་དང་ཧཱུྃ་ལ་སོགས་པ་ཡི། །ཞེས་པ་མ་སྐྱེས་པ་དང་ཐུགས་ཀྱི་ཡི་གེ་གཉིས་རང་རྒྱུད་དུ་སོང་ན། མཆོད་རྟེན་ཧྲུལ་པོའི་སེམས་ཅན་དང་། ཙནྡན་གྱི་སྦྲུལ་དུ་སྐྱེ་སྟེ། རྗེས་སུ་འཇུག་པའི་རྣལ་འབྱོར་གྱི་གཞུང་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས་རྒྱས་པར་འབྱུང་ངོ་། །ཁྲག་ལ། ཞེས་པ་བགེགས་ཆེན་པོར་ལྟུང་བའི་སྒོའོ། །མ་མོ་རྔམ་པའི། ཞེས་པ་སྲིན་མོ་བརྒྱད་དུ་སྐྱེ་བའོ། །མཚན་མའི་མགོ་བརྙན་ཅན། ཞེས་པ་ཕྲ་མེན་མ་རང་རྒྱུད་དུ་བསྒོམས་པས་ཤོ་གམ་གཅན་ཆེན་ཅན་དུ་ལྟུང་བའི་སྒོའོ། །ལས་ཀྱི་དབང་བཙན་བྲན་མོའི་ཚོགས། །ཞེས་པ་གནོད་སྦྱིན་མོ་ཉི་ཤུ་རྩ་བརྒྱད་དུ་ལྟུང་བའོ་སྒོའོ། །དེས་ན་མདུད་པ་དམ་པོ་འདི། །ཞེས་པ་ལ་སོགས་པ་སྐྱོན་དེ་ལྟར་ཆེ་བས་རང་རང་གི་དམ་ཚིག་ལ་འཛིན་པ་དགྲོལ་དཀའ་བ་ནི་གདོས་དང་འདྲའོ། །དེ་ལྟ་བུའི་ཕྱིན་ཅི་ལོག་གི་ལིང་ཏོག་གིས་ཤེས་རབ་ཀྱི་སྤྱན་མདོངས་པས། རང་རིག་པའི་ཡིད་བཞིན་གྱི་ནོར་བུ་ལྟ་ངན་གཉིས་སུ་རླག་པའོ། །དེ་དག་གང་གིས་དམ་ཚིག་ནོར་བ་ཡིན་པ་ནི་བཤད་པའི་ཐོད་པ་ཅན་དག་དང་ངོ་སྤྲོད་པའོ། །འདུས་པའི་ཚོགས་དེ་དག་རྟོགས་པའི་ནད་ཀྱིས། ཞེས་པ་ལ་སོགས་པ་དོན་དེ་ཐོས་པས་རང་གི་ལྟ་སྤྱོད་དམ་པ་ནོར་བར་ཤེས་ནས། སྔར་མཐུན་འཇུག་ཏུ་བཀའ་སྩལ་པ་བསླུས་སོ་ཞེས་སྨྲས་ནས། ནོར་བ་སྤྱད་པ་ལ་འགྱོད་དེ་མཆི་མ་བླགས་སོ། །དེའི་ཚེ་དེའི་དུས་ན། ཞེས་པ་དུས་གཉིས་ཀྱིས་ནི། བཀའ་སྩལ་པ་དང་ངུས་པ་དུས་གཅིག་གི་སྐབས་སུ་གསུངས་པ་ནི། རང་རང་གི་ལས་ཀྱི་རྒྱུད་ལྟོས་ཤིག་པར་གདམས་ནས། དེ་དག་གི་ལས་བརྟགས་པས་རིག་པ་ལ་སྣང་བས། དཔེའི་སྒོ་ནས་དྲི་མ་ལྟ་བུའི་སྒྲིབ་པ་ཡིན་པར་ཤེས་སོ། །ལང་ཀའི་བདག་པོ། དེ་དག་གིས། ཞེས་པ་དེའི་རྒྱུས་མ་ནོར་བའི་དོན་ལ་འདོད་པ་སྐྱེས་ནས་གསོལ་བ་བཏབ་པའོ། །དེའི་དགོས་པ་ཅིའི་ཕྱིར་ཞེ་ན། བདག་ཅག་ནི་རང་རང་གི་དཀའ་ཐུབ་ལ་ཞེན། ཞེས་པ་ལ་སོགས་པ་ནོར་བའི་དམ་ཚིག་ལ་ཆགས་པ་ནི་གྲོལ་བར་བྱ་སྟེ། དེ་ནི་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ་སོགས་པ་ཆོས་རྣམས་ཀྱི་མཚན་ཉིད་མ་ངེས་པས་བསྒྱུར་ཞིང་དགྲོལ་དུ་བཏུབ་བོ། །ཐེག་པ་ཆེན་པོའི་སྒོ་ནི། ཞེས་པ་དག་གསང་སྔགས་མཆོག་འདིས་ལོག་པ་མི་སྦྱོང་བའི་ཕྱིར་དང་། ནམ་མཁའ་གོ་སྐབས་ཡངས་པ་དང་། ས་སྤོང་ལེན་མེད་པ་དང་། རླུང་ཅིར་ཡང་སྣང་བའི་ཐབས་མཆོག་དང་ལྡན་པས། རྣམ་རྟོག་ལོག་པའི་ཚོགས་དེ་དག་ཤོང་ཞིང་ཡང་དག་པར་སྐྱེ་བ་དང་། གཡེང་བ་ཡང་ཡིན་ནོ། །དེར་མ་ཟད་དེ་སྟོན་པ་ཉིད་ཐབས་མང་པོའི་ཕུང་པོར་གྱུར་ནས། བདག་ཅག་གི་བསམ་པ་དང་མཐུན་པར་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་བོ། །ལང་ཀའི་བདག་པོ། བཅོམ་ལྡན་འདས་དེས་དགྱེས་པ་ཆེན་པོའི་ཞལ་བཞད་པ་མཛད། ཅེས་པ་ལ་སོགས་པ་བོས་པ་ནི་ལོ་རྒྱུས་གསུངས་པའི་ཕྱིར་རོ། །མ་ནོར་བའི་དོན་ལ་མོས་པས་དགྱེས་པ་མཛད་ནས་གནང་སྟེ་བོས་ནས་བཀའ་སྩལ་པ་སྒྲ་བཞིན་ནོ། །སྐྱེ་བ་འདི་ལས་གཞན་པ་དཔག་ཏུ་མེད་པ་བླངས། ཞེས་པ་ལ་སོགས་པ་ད་ལྟའི་སྐྱེ་བ་མ་ཡིན་པ་ཁྱེད་ཀྱིས་སྔ་ཕྱིར་བླངས་པ་དང་། ལེན་པའི་སྐབས་སུ་སྐྱེ་བ་ཇི་སྙེད་དུ་དངོས་པོ་བཅུ་གཅིག་སྨོས་པའང་། རེ་རེ་ནས་ཐ་དད་པས་གཅིག་ཏུ་བཟུང་དུ་མི་བཏུབ་པ་ནི་གཏན་ཚིགས་ཏེ་དོན་མ་ངེས་པས་བཀའ་སྩལ་ཏོ། །གསོལ་བ་བཏབ་པ་སྒྲ་ཇི་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བོས་ནས་ཉོན་ཅིག་པར་གསུངས་ནས། ཡང་དག་པའི་དམ་ཚིག་ཉེ་བར་བསྟན་པ། མཚམས་མེད་ལྔ་ཡི་དམ་ཚིག་ནི། །ཞེས་པ་གང་གི་དམ་ཚིག་ཡང་དག་པར་བསྒྱུར་བ་ནི་ལོག་པ་དང་རིམ་པར་སྤྲད་དོ། །དང་པོ་འདིར་རྩ་བ་དང་ཡན་ལག་མ་ཉམས་པར་བསྲུང་བ་དང་། རྣལ་འབྱོར་འདི་ལ་གནས་པ་དང་། དོན་ཇི་ལྟ་བ་རྟོགས་པའི་ལྟ་བ་དང་། དོན་དམ་པ་དང་ཀུན་རྫོབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེ་ཆེན་པོ་སྟེ་ལྔ་དུས་གསུམ་པར་མཚམས་མེད་པར་བྱེད་པའོ། །ཆགས་པ་ཆེན་པོའི་དམ་ཚིག་ནི། །ཞེས་པ་འཁོར་བ་ཐུགས་རྗེས་མི་གཏོང་བ་དང་། ཆོས་ཉིད་ལྟ་བས་མི་གཏོང་བས་མི་ཕྱེད་པ་དང་། ཡང་། མ་དང་བུ་མོ་སྲིང་མོ་ནི། །ཞེས་པ་དག་ཆོས་ཉིད་དང་ཡེ་ཤེས་ལྔ་དང་མཉམ་པའི་དབྱིངས་ཤར་བའི་རང་རིག་པ་ནི། གཞི་དང་། ལྷན་ཅིག་པ་དང་། རང་ལས་བྱུང་བའི་ཕྱིར་མ་སྲིང་བུ་མོའོ། །དེ་དང་དུས་གསུམ་དུ་ཞེན་པ་མི་འབྲལ་བའོ། །གང་ལ་སྐྱེ་བ་མེད་བསྟན་ན། །ཞེས་པ་དག་རྣལ་འབྱོར་པ་སུ་ཞིག་ལ་ཇི་བཞིན་པའི་དོན་བསྟན་པ་གོ་མཇལ་བས་ས་བོན་ཐམས་ཅད་ཟད་པར་བཏོན་པའི་ཕྱིར། དུས་ཕྱི་བར་སྐྱེ་བའི་རྒྱུན་བྲལ་བ་དང་། རིལ་མ་དམིགས་པར་གཤེགས་པའི་ཕྱིར་རོ། །དངོས་པོ་མེད་ལ་དངོས་པོར་སྟོན། །ཞེས་པ་དག་ཡང་དག་པའི་རྫུན་ནི་ཆོས་རྣམས་ཡེ་ངོ་བོ་བྲལ་བ་ལས་སྣ་ཚོགས་སྣང་བའི་ཕྱིར་དང་། ཆོས་སོ་ཅོག་ཏུ་སྣང་ལ་མ་གྲུབ་པའི་དོན་དུ་སྟོན་པའི་མཚོན་བྱེད་ནི། རྒྱལ་བ་རྣམས་ཀྱི་བཀའ་ལུང་སྟེ། ཡང་དག་པའི་རྫུན་ཆེན་པོའོ། །གཞན་གྱི་ཡིད་བཞིན་ནོར་བུ་ལ། །ཞེས་པ་དག་ཕ་རོལ་གྱི་ལོངས་སྤྱོད་ལ་རྒྱལ་བའི་དགོངས་པའི་རྗེས་སུ་རྗེས་སུ་ཞེས་པ་ནི་དད་པ་ཤེས་པར་བརྩོན་འགྲུས་བླང་བ་ནི་དམ་པའི་གདམས་ངག་རྟོགས་པའི་ངང་ལ་མ་ཡེངས་པ་ནི་བླངས་ནས་འཇོག་པའོ། །ལྕགས་ཀྱུ་ནི་དྲན་པ་མ་ཡེངས་པའོ། །སུས་ཀྱང་མ་བྱིན་པ་བླངས་པའོ། །བསྒོམ་པའི་ཏིང་ངེ་འཛིན་གྱི་འོད་ཟེར་གྱིས་བླངས་ནས། བདག་གཞན་གཉིས་ཀ་བྱང་ཆུབ་ཆེན་པོའི་དོན་དུ་འགོད་པ་དང་། མངོན་དུ་ཐབས་དང་དེ་ཉིད་ཀྱིས་འགུགས་པ་ནི་དམ་པའོ། །དེ་ལྟ་བས་ན་བྱང་ཆུབ་ཆེན་པོའི་དོན་ཉིད་རིག་པའི་ལྕགས་ཀྱུས་ལེན་པ་ནི། ཡང་ན་འབྲས་བུ་ལྔ་ཟད་པ་མེད་པས་མ་བྱིན་པར་ལེན་པའོ། །དེ་ཉིད་ཆེན་པོ་དེ་འདོད་པས། །ཞེས་པ་དག་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་རྟོགས་པར་འདོད་པས། རྟོག་ཞེན་ལས་སླར་ལོག་སྟེ་ཡང་དག་པ་གཉིས་མེད་དུ་སྤྱོད་པ་ནི། རིལ་ཆོས་ཉིད་ཀྱི་བྱ་བ་དེ་ངང་དུ་ཐིམ་པས་ལྟོས་པའི་ཕྱིར་མི་འགྲུབ་སྟེ། སྦྱོར་བའི་དམ་ཚིག་གོ། །དམ་ཚིག་ཏིང་འཛིན་ཤེས་རབ་དང་། །ཞེས་པ་དག་ངོ་བོ་ནི་བཤད་ཟིན་ཏེ། དམ་ཚིག་ཤ་དང་ཏིང་འཛིན་གཤད། །ཤེས་རབ་གཅི་བ་སེམས་ཁུ་སྟེ། །སྙིང་རྗེ་ཁྲག་རྣམས་དོན་གཞི་དང་། །རྟོག་སྦྱོང་ལོག་དང་དོན་བཅུ་དང་། །འགྲོ་ལ་ཆགས་ཕྱིར་དམ་པའི་མཆོག །འབྲས་བུའི་དོན་ཕྱིར་རྒྱུ་ཡི་ཕུལ། །ཞེས་པའི་དོན་ཏོ། །ལོག་པར་འཚོ་བའི་ཡོ་བྱད་ཀྱང་། །ཞེས་པ་དག་འཁོར་བའི་འབྲས་བུ་འབྱིན་པའི་རྒྱུ་ནི། འཇིགས་ཚོགས་དང་མཐར་འཛིན་ལ་སོགས་པ་ལྔ་དང་། འདོད་ཆགས་ལ་སོགས་པ་ལྔ་དང་། རྣམ་པར་དཀར་ནག་མི་གཡོ་བའི་ལས་དང་། ཉེ་བའི་ཉོན་མོངས་པ་རྣམས་དང་། གཟུགས་སྒྲ་ལ་སོགས་པ་ལྔ་ལ་སྤྱོད་ཅིང་འདུན་པ་དང་། ཕོ་མོ་གཉིས་ལ་ཆགས་པ་དང་བདུན་ཏེ། ཚན་པ་ལྔ་འདྲེས་མར་སྤྱོད་པས་ལོག་པ་ལ་དེ་སྐད་གྲགས་པས། འཁོར་བ་བསྐྱེད་པའི་རྒྱུ་ཆེན་པོའི་ཕྱིར་ལོག་པའི་ཡོ་བྱད་དོ། །ལོག་པར་སྤྱོད་པའི་ལྟ་བ་ལྔ། །ཞེས་པ་དག་ནི། བཤད་པའི་ལྟ་བ་ལྔ་དང་སྡེ་ལྔ་ཕྱེ་སྟེ་ཁྱད་པར་སྤྱི་དབང་ངོ་། །དེ་ནི་ལྟོས་པའི་སྨེ་ཟས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ། ཞེས་པ་སྒྲ་བཞིན་ནོ། །དེ་ལྟར་འཁོར་གྱིས་དོན་མཐོང་ནས་ཞུས་པ་དང་། ཐེག་པ་ཆེན་པོ་ལ་གང་ཡང་དོག་པ་མེད་པར་ཤོང་བ་དང་། དེའི་གཏན་ཚིགས་ཞུས་པས་འགྲེལ་ཏོ། །ཇི་ལྟར་ནམ་མཁའི་རང་བཞིན་ལ། །ཞེས་པ་ནི་དཔེའོ། །དོན་ནི་གསང་སྔགས་རྒྱ་མཚོའི་སྒོར་ལྟ་བ་རིལ་དང་སྤྱོད་པ་རིལ་ཤོང་བ་དང་། སྤང་བྱ་མེད་པའི་གཏན་ཚིགས་དེས་ན། གསང་སྔགས་མ་ཡིན་པ་མེད་པར་ལན་བཏབ་བོ། །འདུས་པའི་ཚོགས། ཞེས་པ་དག་སྒྲ་བཞིན་ཏེ། དོན་རང་ལ་ཡོད་པ་སྔར་མ་ཤེས་པ་ལ་མཆི་མ་བླགས་སོ། །དེ་ནས་བཅོམ་ལྡན་འདས། ཞེས་པ་སྟོན་པས་དྲིས་པ་དང་འཁོར་གྱིས་ལན་སྒྲ་བཞིན་ཏེ། སྟོན་པ་ལ་འཁངས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་པ་དག་སྟོན་པས་འཁོར་ཁྱེད་ཅག་གི་སེམས་ཉིད་ཡེ་མ་བསྒྲིབས་པར་སངས་རྒྱས་པ་ཉིད་བཤད་པ་བཞིན་མ་རིག་པས་མ་མཐོང་བ་ཙམ་སྟེ། ངོ་བོ་ཉིད་རིལ་དེ་ཉིད་ཀྱི་ངང་ལ་བཤད་ཉན་ཡང་མེད་ལ། བདག་ཉིད་ཡིན་པའི་ཕྱིར་བཤད་ཅི་དགོས་པར་བཀའ་སྩལ་པས་འཁོར་གྱི་རིག་པ་ལ་དོན་དེ་སྣང་བ་གཏང་རག་ཕུལ་བ་སྒྲ་བཞིན་ནོ། །རྨོངས་པ་སེལ་བ་སྤྱོད་མཐུན་དགྲོལ་བའི་ལེའུ་ཞེས་པ་འཁོར་དོན་མ་མཐོང་བའི་སྒྲིབ་པ་སེལ་བའི་ཕྱིར། ཁོང་དག་རང་རང་གི་བསམ་སྤྱོད་དང་མཐུན་འཇུག་སྦྱོར་བའི་ལུང་དུ་བཀའ་སྩལ་བ་ལོ་རྒྱུས་སུ་བརྗོད་པ་གསང་བའི་འཁོར་འདུས་པ་དེ་དག་རྒྱུད་དགྲོལ་བར་གྱུར་ཏོ། །ལེའུ་སུམ་ཅུ་དྲུག་པ་མདོར་འགྲེལ་པའོ། །དེ་ཡན་ཆད་དུ་བམ་པོ་ལྔའོ།། །།འདིར་དྲུག་པ་འཆད་དོ། །དེ་ནས་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཞེས་པ་དག་སྒྲ་ཇི་ལྟ་བར་འགྲེལ་ཏེ་དྲིས་ལན་ནོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་དམ་པ་ནི་ཤིན་ཏུ་མེ་དང་འདྲ་སྟེ། ཇི་ལྟར་མེ་ནི། ཞེས་པ་ལ་སོགས་པ་གསང་བ་སྤྱད་ལེགས་ཉེས་ཀྱི་དཔེར་བསྟན་པ་སྟེ། རྩ་བའི་རྒྱུད་ལས་འདས་པ་སྔོན་བྱུང་གི་ལེའུ་ལས་སྟོན་ཏེ། དེ་དག་གིས་འདིར་འགྲེལ་ཏེ་སྒྲ་ཇི་བཞིན་དུ་སྦྱར་ཏོ། །འོ་ན་རྩ་བས་བཤད་རྒྱུད་འགྲེལ་བ་ནི་དེ་ཉིད་མི་ངེས་པར་འགྱུར་རོ་བར་དོགས་པ་ལ། དེ་ནི་སྐབས་སུ་སྒོ་གསལ་བ་དང་རྒྱས་པའང་ཡོད་ཀྱི། སྤྱིར་རྩ་བ་ལས་ཡན་ལག་རྒྱས་པར་ཕྱེ་བའི་གྲངས་ཤིན་ཏུ་རྒྱས་པར་བཤད་རྒྱུད་ལས་སྟོན་པའི་ཕྱིར་ན། ཐེ་ཚོམ་གྱི་དོག་པ་སེལ་བར་འགྱུར་རོ། །ལང་ཀའི་བདག་པོ། བཅོམ་ལྡན་འདས་དེས། ཞེས་པ་གསང་བས་སྡུད་པ་ལ་བོས་ནས། ལོ་རྒྱུས་སུ་བརྗོད་པའི་སྟོན་པ་པོ་དེས་འཁོར་ལ་གསུངས་པ་ཞུ་བ་ཉེ་བར་བསྟན་པ་ནི། བརྒྱུད་དེ་གྲགས་པས་གང་སྤྱོད་པ། །ཞེས་པ་ལ་སོགས་པ་བཤད་པ་ལྟར་རྒྱལ་བ་ལས་རིམ་པར་བརྒྱུད་དེ་ལྷ་མི་ལ་གྲགས་པའི་གསང་སྔགས་གཞུང་དུ་བྱེད་པའི་རྣལ་འབྱོར་པས་གསང་དོན་འདི་སྤྱད་ལེགས་ཇི་ལྟ་བ་སྔར་གསུངས་པ་ལྟར་འདིར་ཡང་ལུང་རིགས་མན་ངག་གསུམ་གྱིས་གཏན་ལ་ཕེབས་པར་བྱའོ། །དེ་ལྟ་བུའི་གསང་བ་ནི་སྤྱད་ལེགས་ན་ལམ་མ་ནོར་བའོ། །གང་དུ་ལོག་པའི་ཆོས་རྣམས་དང་། །ཞེས་པ་ལ་སོགས་པ་གསང་བ་ཉིད་ལས་ལོག་མུ་སྟེགས་ཡིན་པ་པ་དང་མ་ནོར་བར་སྤྱོད་པ་དག །གསང་སྔགས་སྤྱོད་པར་མིང་མཐུན་པས་བརྟག་དཀའ་བའི་ཕྱིར། བློས་དཔྱད་དེ་ངེས་པར་བརྟགས་ཏེ་ཟིན་པར་བྱ། དོན་མ་ནོར་བར་མཐོང་བར་བྱའོ། །ཐེག་པ་ཆེན་པོའི་གསང་སྔགས་འདི། །ཞེས་པ་དག་གསང་བའི་ཐབས་ནི་གང་ཡང་མི་སྤང་བའི་ཚུལ་ནི། གདུལ་བྱ་ཇི་ལྟར་དགའ་བ་ལྟར་མོས་ཕྱོགས་སུ་སྟོན་པ་ལ། དོན་མ་རྙེད་པར་སྒྲ་བཞིན་དུ་གོ་ནས་ཐར་པ་བཞིན་དུ་འབྱུང་ཕྱི་རོལ་གཞན་དུ་འགྱུར་སྲིད་པའི་གཏན་ཚིགས་ངེས་ན། མཚོན་པ་ཚིག་དང་སྒྲ་ཙམ་ལ་ངེས་པའི་གདེང་དུ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དམ་པ་རྣམས་ཀྱི་དགོངས་པ་འདི། །ཞེས་པ་ལ་སོགས་པ་རྒྱལ་བ་རྣམས་ཀྱི་དགོངས་པའི་ཞེ་ཕུགས་གསང་སྔགས་ཇི་བཞིན་པ་ནི། བརྗོད་པས་ཐོག་ཏུ་མི་འབབ་པ་དང་། ཐུན་མོང་དུ་མ་གྱུར་པས་ཐུན་མོང་བདག་གིས་མཐུན་པའི་དཔེ་དང་། མི་མཐུན་པའི་དཔེ་དང་། དོན་དཔེར་སྦྱོར་བ་དང་། གཞི་ཡང་གཉིས་སུ་འདུས་པའི་མངོན་སུམ་ལའང་དབང་པོ་དང་། ཡིད་དང་། རང་རིག་པ་དང་། རྣལ་འབྱོར་མངོན་སུམ་དང་། དེའང་མངོན་སུམ་ཡིན་ལ་རིགས་པ་མ་ཡིན་པ་དང་། རིགས་པ་ཡིན་ལ་མངོན་སུམ་མ་ཡིན་པ་དང་། གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་པ་དག་རྗེས་སུ་དཔག་པ་ལ་ཡང་བཤད་པ་དག་གི་ལྐོག་ཏུ་གྱུར་པ་གཉིས་ལ་དམིགས་པ་དག་དང་། སྦྱོར་བ་ཚང་བ་དང་། གཏན་ཚིགས་འབའ་ཞིག་གིས་སྦྱོར་བ་དང་། མཐུན་པའི་ཕྱོགས་ཉིད་ཅན་གྱིས་སྦྱོར་བ་དང་། མི་མཐུན་པའི་ཕྱོགས་ཉིད་ཅན་གྱི་སྦྱོར་བ་དག་གིས་གཏན་ལ་འབེབས་པ་དང་། རིག་པ་བཞི་དང་བཅས་པས་དཔོག་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱི་གསང་སྔགས་གོ་བར་མི་ནུས་སོ། །འོན་ཀྱང་གཞུང་འདི་ཉིད་ཀྱི་དཔེ་དང་ཚད་མ་ལ་སོགས་པ་མི་འདོད་པ་ནི་མ་ཡིན་ནོ། །དགོངས་དོན་གསང་བའི་སྙིང་པོ་ལ། །ཞེས་པ་དག །མ་རྟོགས་པར་འཆད་པ་དག་མ་བཤད་མ་རྟོགས་པར་བཤད་པ་ལོང་བས་ལོང་བ་ཁྲིད་པ་ལྟ་བུ་བས་ན་ཁྱོད་ངེས་པར་འཆིའམ་ཞེས་དོན་གྱིས་གདམས་པའོ། །དེ་བཞིན་སྤྱོད་དང་ལྟ་བ་དང་། །ཞེས་པ་གསང་སྔགས་ལ་དམིགས་པ་ལྟ་བ་དང་། བྱེད་པ་བསྒྲུབ་དང་ཆེད་དུ་གཉེར་བ་དང་། རྟོག་དཔྱོད་བྱེད་པའི་གང་ཟག་དོན་ཤེད་མ་བྱེ་བར་བྱེད་པ་དག །གསང་བ་མ་སྤྱད་ན་ཁྱོད་ལ་ཉེས་པ་ཅི་བྱུང་སྟེེ། གདོད་ནས་མ་ཐོས་ན་ཤིན་ཏུ་དགེ་བ་ཡིན་པས་ལོག་པར་མ་སྤྱོད་ཅིག་པའོ། །ཅི་ཕྱིར་གསང་སྔགས་རྒྱ་མཚོ་འདི། །ཞེས་པ་ལ་སོགས་པ་གསང་བའི་དོན་གཏིང་དཔག་དཀའ་བ་ནི། དཔེར་རྒྱལ་བ་ཤཱཀྱ་ཐུབ་པས་སྤྲིད་པ་བསངས་པ་ལ། ནད་པ་དང་སྨན་པ་དང་ཁྱོ་མོ་གསུམ་གྱི་རྣ་བར། རིན་ཆེན་སྲོག་དང་མ་བྲལ་ན། །སྒྱུ་མའི་ནོར་ནི་བཙལ་གྱིས་རྙེད། །ནོར་གྱི་མཆོག་ནི་སྙིང་རྗེ་ཡིན། །ཕྱི་མ་ཅིར་འགྱུར་ཆ་མེད་ཀྱིས། །སྔ་མ་དེ་ལ་ནན་ཏན་སྐྱེད། །ཅེས་སོ་སོར་ཐོས་པ་ལྟར་བཀའ་ལུང་གཅིག་ཀྱང་བརྡ་དང་དགོངས་པའི་སྐབས་ཀྱིས་དོན་དུ་མར་འགྱུར་བས་ཤིན་ཏུ་བརྡ་མཇལ་བར་དཀའོ། །དེས་ན་གསང་བ་དམ་པའི་དོན། །ཞེས་པ་དག་ནི་མ་རྟོགས་པར་བཤད་པའི་སྡིག་པའི་ཚད་དེ་ལམ་ལོག་པར་བཀོད་པའི་ཕྱིར་རོ། །གསང་བ་ཉིད་ལས་གོལ་བ་ཡི། །ཞེས་པ་ཕྱོགས་དང་ཟླ་དང་རང་རྒྱུད་དུ་གོལ་བའི་གང་ཟག་ཤེད་མ་བྱེ་བར་གཞན་ལ་སྨྲ་བའི་ལོག་པ་ལ་ཞེན་ཆགས་དང་ལྡན་པ་དག་འབྱུང་སྟེ། ཚིག་ཏུའང་འདི་སྐད་དུ། གསང་སྔགས་ཀྱི་ཐབས་ཀྱིས་བྱ་བས་ཟིན་ན་འགྲོ་བ་བསད་ཀྱང་སྡིག་པ་མི་འོང་བས་སོད་ཅིག་ཅེས་ལོག་པའི་ལམ་དུ་ཁ་ལོ་བསྒྱུར་བ་དུས་ཕྱིས་ཀྱང་དྲན་པ་ཐོག་མའི་དུས་ན། བྲམ་ཟེའི་རིགས་ལོག་ལྟ་ཅན་བཤད་པ་ལྟར་གཞན་ལ་ཆོས་ལོག་པར་སྟོན་ཅིང་རང་ཡང་སྤྱོད་པས་གཞན་ལོག་པའི་ལམ་དུ་བསྒྱུར་བ་བྱུང་ངོ་། །འདི་དག་རྩ་བའི་རྒྱུད་ལས་ཀྱང་གསལ་པོ་འབྱུང་བའི་རྗེས་སུ་བསྙད་དོ། །གང་འདིར་ལོག་པར་སྤྱོད་རྒྱས་པ། །ཞེས་པ་བཤད་པ་ལྟར་ལོག་པར་སྤྱོད་པའང་འཕེལ་ཏེ། རིགས་ཀྱང་ལོག་པ་ལ་ཞུགས་ཏེ། དེ་ལ་མིང་དུ་གསང་སྔགས་སྤྱོད་པར་བཏགས་ནས་མངོན་དུ་བྱེད་པ་འབྱུང་ངོ་། །དེའི་ཚུལ་ཡང་། དྲན་པ་ཐོག་མའི་དུས་དེ་ཉིད་ན། གང་དུ་གཞན་འབྱུང་ལོག་སྲེད་ཅན། །ཞེས་པ་དག་དུས་ཀྱི་དངོས་པོ་དེར་བྲམ་ཟེ་དེ་ཉིད་མ་ཡིན་པའི་འགྲོ་བ་ལོག་ལྟ་ཅན་གཞན་ཡང་འབྱུང་སྟེ། གསང་བ་དམ་པའི་ཉིད་མ་ཡིན་པར་ཚུལ་མཚུངས་པར་སྤྱོད་པས་ཡང་དག་པ་ལས་ནོར་བ་འབྱུང་ངོ་། །གང་དུ་འདི་ལྟར་ལོག་པའི་ཆོས། །ཞེས་པ་དུས་གང་ཡང་རུང་བར་སྔགས་ནོར་བའི་ཆོས་སྤྱོད་པ་ནི། ཐེག་པ་ཆེན་པོ་གསང་སྔགས་ཀྱི་བཀའ་ལུང་ནི་གཅིག་ཀྱང་བཤད་པ་ལྟར་དོན་དུ་མ་འབྱུང་བའི་གཞི་མདོངས་པས་མ་རིག་པར་སྤྱད་པ་ནི། རྣལ་འབྱོར་དེ་བདུད་ཀྱི་སྤྱོད་པ་ལ་གནས་པ་སྟེ། རྣམ་པར་སྨིན་པ་དམྱལ་བ་ཆེན་པོ་བརྒྱད་ཀྱི་སྟེང་དུ་སྐྱེའོ། །ཅི་ཕྱིར་ལྟ་བས་མ་ཟིན་ཕྱིར། །ཞེས་པ་དག་ལྟ་བ་བས་མ་ཟིན་པ་ཁོ་ན་གཏན་ཚིགས་ཏེ། བདུད་དང་རཀྴའི་སྤྱོད་པ་རང་དགས་བག་ཆགས་བརྟས་པས་ཚ་གྲང་བརྒྱད་ཀྱི་འོག །ཚེ་ཚད་ལས་འདས་པས་སྡུག་བསྔལ་མཆོག་ཏུ་ཆེ་བ་རྡོ་རྗེའི་གཏན་གཏུན་གྱིས་སྦྱོར་བས་མཁུན་པར་ཡང་མི་ནུས་པའི་གནས་ན་ཉམ་ཐག་གོ། །དེ་ཡང་ཇི་ལྟ་བུ་ཞེ་ན། །ཞེས་པ་ལོ་རྒྱུས་བརྗོད་པ་སྟེ་ཐར་པ་ནག་པོ་ཉིད་ལྟ་བུའོ། །ཨེ་མའོ་འགྲོ་བ་རྣམས་མི་གྲོལ། །ཞེས་པ་ལ་སོགས་པ་ལོག་པས་ལོག་པར་བསྒྱུར་བས་ལྟུང་བའི་ངོ་མཚར་བ་ནི། ལོག་པས་བཅིངས་པའི་སེམས་ཅན་འཇིག་རྟེན་དུ་འབྱུང་བའི་དུས་དག་ཏུ། དེས་ལོག་གཡོ་དང་ལྡན་པས་དོན་ནོར་བར་བསྒྱུར་ནས་གསང་སྔགས་ཡིན་ཞེས་སྟོན་པས་སྒྲོ་སྐུར་མེད་པའི་གསང་བའི་ཆོས་རྣམས་གཞུང་དཀྲུགས་ཤིང་ལོག་པས་བཀའ་བསླད་སེལ་བྱས་ནས་མ་ནོར་བའི་ལུགས་གཞུང་བོར་བཞག་སྟེ། ནོར་བའི་དོན་མེད་ལོག་པར་ཆོས་འཕེལ་བའི་རྒྱུ་ཡང་གཞན་མ་ཡིན་ཏེ། གསང་སྔགས་རྩ་བ་ཉིད་ལས་གྱུར་བར་ཟད་ཉིད་གནད་ཁོང་དུ་མ་ཆུད་པ་ལས་གྱུར་ཏོ། །དེ་ཡང་ཇི་ལྟ་བུ་ཞེ་ན། །ཞེས་པ་ལ་སོགས་པ། སྔོན་བསྐལ་པ་གྲངས་མེད་པའི་སྔོན་དུ་གསང་སྔགས་མ་ནོར་བའི་ཕྱོགས་མ་འདི་བར་མ་གྱུར་ཡིན་པ། ལོག་པའི་བསླད་པ་ཅན་སེལ་དང་ལྡན་པའི་ཤེས་རྒྱུད་སྨད་པས་རང་གིས་རང་བསླད་དེ་རྒྱུད་ངན་པས་དེ་ཉིད་བསླད་པའོ། །ང་ཡི་ཡིད་བཞིན་ནོར་བུ་འདི། །ཞེས་པ་དག་སྟོན་པའི་བཀའ་ཡོན་ཏན་གྱི་འབྱུང་གནས་གསང་སྔགས་ཟབ་མོ་ཐབས་ཀྱི་སྒོ་ཇི་ལྟ་བུར་ཡང་འགྲེལ་བའི་དོན་ཟབ་མོ་བློས་རྟོགས་དཔག་དཀའ་བའི་གཏན་ཚིགས་དེས་ན། ཕྱིས་ཀྱང་མ་འོངས་དུས་ཀྱི་ལོག་སྤྱོད་ཀྱིས། ནོར་བར་ཞེན་པས་དེའི་གཞུང་འཛིན་པ་མང་པོ་སྡེར་ལངས་པ་འབྱུང་སྟེ། དུས་དེ་ཙམ་གྱི་ཕྱི་དུས་ཡིན་ནོ། །དེ་ཁོ་ན་སོ་སོའི་སྡེ་མ་འདྲེས་པར་བསྟན་པ་གང་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ། །ཞེས་པ་དག་དུས་དེར་གསང་བ་དམ་པའི་ལམ་རླག་པ་གོལ་བ། ཤིན་ཏུ་ལོག་པ་མུ་སྟེགས་ཀྱི་རིགས་ཅན་ཕྱིན་ཅི་ལོག་ལ་ཆགས་པའི་སྡེ་པ་ཕྱོགས་མཐུན་པ་ཚན་པ་གཅིག་ལའང་དྲུག་སྟེ། རྒྱ་བྱེད་ཚ་ལ་གནས་སྡེ་དང་། འཇིགས་བྱེད་རིག་གནས་སྡེ་དང་། གཙུག་ལག་ཁང་ཆེན་སྡེ་དང་། མཐར་སྒྲོགས་རིག་བྱེད་སྡེ་དང་། ས་སྲུང་བའི་སྡེ་དང་། གནས་མ་བུའི་སྡེ་དང་དྲུག་གོ། །ཕྱོགས་ལོག་པར་གྱུར་པ་ལ་དྲུག་སྟེ། སོ་སོ་ཐ་དད་རྒྱུར་ལྟ་ལ་སྤྱད་པས། དག་པར་ལྟ་བ་ལ་སོགས་པའི་སྡེ་དྲུག་སྟེ་ལོག་སྡེ་ཕྲག་གཅིག་གོ། །གང་ལ་ལོག་ཞེན་ལོག་དབང་གིས། །ཞེན་པ་ལ་སོགས་པ་ལོག་པའི་ཤེས་བྱ་གང་རུང་ལ་མངོན་པར་ཆགས་པའི་དབང་གིས་རྒྱུན་ལོག་པའི་ཤེས་རབ་ཀྱིས་དེ་ཉིད་ལྟ་བའི་ལོག་མཐོང་མཆོག་ཏུ་གཙོར་བཟུང་ནས་བྱེད་པས་མ་ནོར་བའི་སྒོ་རྣམས་ལ་འཇུག་པའི་སེམས་བྲལ་ཏེ། མ་རིག་པའི་ལྟ་བ་ལས་མི་འགྱུར་བའོ། །དེ་ཡང་ཅི་ལྟ་བུ་ཞེ་ན། །ཞེས་པ་ལ་སོགས་པ་དེའི་ཚུལ་འཛིན་པའི་དུས་དེར་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་དང་ལྡན་པའི་ཐར་པ་ནག་པོའོ། །དེས་ན་བཤད་པའི་དུས་དང་འཆད་པ་རྣམས་བསྐལ་པ་ཀུན་དགའ་ལྟ་བུར་རིགས་སོ། །གང་འདིར་བཅིང་པ་ལྔས་བཅིངས་ནས། །ཞེས་པ་དག་ནག་པོ་དེ་ཉོན་མོངས་ལྔའི་ཞགས་པས་བསྡམས་པས་ཆེ་བའི་ང་རྒྱལ་གྱི་ས་ལ་གནས་ཏེ། བསམ་པའི་ཤེས་རབ་ཙམ་ཡང་མི་བསྟེན་པས་མ་རིག་པས་ནོན་པ་ནི་གླང་པོ་ལྟ་བུར་བྱུང་ངོ་། །དེའི་ཚུལ་ནི་བསྐལ་པ་དེ་ལ་ལོག་པའི་སྡེ་ནག་པོ་རང་གཅིག་པུ་སྟེ། ང་ལས་བཙན་པ་དང་ཆེ་བ་མེད་པར་ང་རྒྱལ་བས་གཞན་ལ་ལོག་ཆོས་སྟོན་པའོ། །གང་དུ་དམུས་ལོང་ལམ་ཞུགས་པ། །ཞེས་པ་ལ་སོགས་པ། དཔེར་མ་ལྟོ་ནས་ལོང་བ་ཞིག་ལམ་དུ་སོང་ན་ཡིད་ཀྱིས་དཔགས་ནས་གོམ་པ་འདོར་ཡང་གཡང་སར་ལྷུང་བ་ལྟར། གསང་བའི་དོན་མ་རྟོགས་པར་ངན་དཔྱོད་ཀྱིས་སྤྱོད་པ་མཆོག་ཏུ་བྱེད་པ་འབྱུང་བའི་ཚུལ་ནི། དུས་གང་དུ་དེ་ཉིད་དུ་མ་རིག་པས་མུན་བསྡམས་པའི་ཟིན་པའི་ལྟ་བ་པ་དགེ་འདུན་ཕལ་ཆེན་སྡེའོ། །དེ་ལས་ཀྱང་ནུབ་ཀྱི་རི་བོའི་སྡེ་དང་། ཤར་གྱི་རི་བོའི་སྡེ་དང་། གངས་རིར་གནས་པའི་སྡེ་དང་། རྟག་པར་སྨྲ་བའི་སྡེ་དང་། འཇིག་རྟེན་འདས་པའི་སྡེ་དང་ལྔ་སྟེ། ཕྱོགས་ལྟོས་དཔྱོད་པ་གསང་བ་ཆེན་པོའི་ཞར་ལས་བྱུང་བ་བརླང་པོའི་བརྟུལ་ཞུགས་སྤྱོད་པ་སྟེ། གཞི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལས་གྱེས་པའི་སྡེ་ལྔའོ། །ལུང་མེད་རྣལ་འབྱོར་བསྒོམ་པ་དང་། །ཞེས་པ་དག་ངེས་པའི་ལུང་མེད་པར་ཏིང་ངེ་འཛིན་བྱེད་པ་དང་། ཤེད་མ་བྱེ་བར་གཞན་ལ་སྒྲོགས་པའི་ལོག་སྤྱོད་རྩ་ཧྲལ་ཅན་ལོག་པའི་བརྟུལ་ཞུགས་གཙོར་བྱེད་པ་བྱུང་བའི་ཚུལ་ནི། དུས་དེར་ཡང་ལུང་དང་རིག་པར་མ་བརྟགས་པར་བྱུང་རྒྱལ་དུ་སྨྲ་བ་ནི་ནང་རིས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང་། དགེ་འདུན་ཕལ་ཆེ་བའི་སྡེ་དང་། གནས་བརྟན་པའི་སྡེ་དང་། ལེགས་དཔོགས་པའི་སྡེ་དག་གོ། །དེ་ཡང་། གང་དུ་ཤེས་པ་ཡོད་སྨྲ་ལྟར། །དེ་བཞིན་མེད་པར་ལྟ་བ་དང་། །འདི་གང་འདི་ལས་གྱུར་ལྟ་བ། །གང་དུ་ཡོད་མིན་མེད་མིན་ལྟ། །བདག་ཤི་འདི་ཚེ་མྱ་ངན་འདས། །ཞེས་སོ། །དོན་མེད་འདུག་ལ་བརྩོན་པ་དང་། །ཞེས་པ་ལ་སོགས་པ་རྟག་ཏུ་དགོན་པ་གདེང་མེད་པར་ཡལ་བར་འདུག་པ་ལ་གྲིམས་པ་དང་། གསེར་དངུལ་དང་འཇིམ་པ་ལ་སོགས་པའི་བརྙན་མ་ལ་དེ་ཉིད་དུ་ཞེན་པས། ཐབས་ཀྱིས་མ་ཟིན་པའི་མཚན་མ་ཅན་བསྒྱུར་དཀའ་བ་དག་བྱུང་བའི་ཚུལ་ནི། དུས་དེ་ཉིད་དུ་ཡང་། ཚོགས་ལྔའི་སྒོ་བཀག་ནས་ནང་དུ་བསྡུས་ཏེ། ལོག་པའི་ཏིང་ངེ་འཛིན་ལ་འཇུག་པའི་རིས་བདུན་ནི། ཡོད་པར་སྨྲ་བ་ལས་གྱེས་པ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང་། འོད་སྲུངས་སྡེ་དང་། མང་སྟོན་པའི་སྡེ་དང་། ཆོས་སྲུང་བའི་སྡེ་དང་། མང་དུ་ཐོས་པའི་སྡེ་དང་། གོས་དམར་སྡེ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་བྱུང་ངོ་། །དེ་ཡང་གཞན་ལས་གྱུར་པ་སྡེ་ལྔ་དང་། འདི་ལས་གྱུར་པ་སྡེ་གཉིས་ཏེ། ཀུན་ནས་རྣམ་པར་མི་གཡེང་ལྟ། །ཞེས་པ་རེ་བརྒྱད་པ་ལས། ཞར་བྱུང་ལས་གསལ་བར་གང་དུ་རགས་པའི་རི་བོ་འབྱུང་སྟོན་ཏོ། །སྦས་པའི་དོན་རྣམས་སྒྲ་བསྒྱུར་ནས། །ཞེས་པ་ལ་སོགས་པ་སྤྱོད་གསང་བར་བྱས་པ་རྣམས་བརྡ་དང་ཟུར་གྱིས་སྟོན་པ་དག །རང་ཐད་ཀྱི་སྒྲར་དཔྱད་ནས་སྨྲས་པས་གཏན་ལ་མི་ཕེབས་ཏེ། རྒྱལ་བའི་རྡོ་རྗེ་གསུམ་མི་འཐོབ་པར་བྱེད་པའི་སྟེང་དུ་མི་འབབ་གོལ་སར་འགྲོ། བསླུ་བའོ། །སྡུད་པ་པོ་ལ་བོས་ནས། སྔོན་ཡང་དེ་ནས་གསང་བ་པོས་བཀའ་སྩལ་ཏེ་ཞེས་བསྙད་དོ། །གཞན་ཡང་ཐབས་ལྡན་འདི་ལྟ་སྟེ། །ཞེས་པ་ལ་སོགས་པ་གོལ་བ་མི་མཐུན་པ་འཆད་པ་ནི། བློ་གྲོས་ཐབས་ལྡན་ལང་ཀ་ལ་བོས་ནས་ཉེ་བར་བསྟན་པ་ནི། སྐབས་ཀྱི་ཚིག་གི་འབྲེལ་པའང་དུས་དེར་སྟོན་པས་གསུངས་མ་ཐག་པར་འཁོར་གྱི་རྣལ་འབྱོར་གཉིས་ཀྱིས་རྩོད་པ་སྟོན་པའི་ཕྱིར་སྙེགས་པ་དང་འདྲེན་པའོ། །སྟོན་པ་དེ་ཉིད་ཀྱི་འཁོར་དུ་གཏོགས་པ་ཐེག་པ་མཆོག་ལ་ཞུགས་པའི་ཚངས་པའི་འོད་ལ། མོས་པ་ཆུང་ངུ་ན་གནས་པའི་གྲགས་ལྡན་གྱིས་ཐེ་ཚོམ་གྱི་གལ་པོ་དྲི་བ་བཅུ་གཅིག་དྲིས་པའོ། །དམ་པར་སྤྱོད་པ་ཚངས་པའི་འོད། །ཅེས་པ་ལ་སོགས་པ་དྲི་བ་དང་པོ་ལའང་གསུམ་གྱི་ཐོག་མ་ནི། བོས་ནས་ཁྱེད་ཐེག་པ་ཆེན་པོར་སྤྱོད་དོ་ཞེས་ཟེར་ནས། འཁོར་བའི་སྤྱོད་པ་སྨད་པ་དག་བྱེད་པ་ནི་འབྲས་བུ་རྣམ་པ་མང་པོ་ཡོད་པའི་གཏན་ཚིགས་ངེས་ན། དེ་ཡང་དག་པའི་སྤྱོད་པར་མི་འགྱུར་བ་ནི་དཔེར་མུན་པ་སྣང་བར་མི་འགྱུར་བ་དང་འདྲ་སྟེ། སྤྱོད་པ་ངན་པ་དེ་ཡང་དག་པའི་སྤྱོད་པར་མི་འགྱུར་རོ་ཞེས་གསང་བའི་ཐབས་ཀྱིས་སྤྱོད་པ་གང་ཡང་མི་སྤང་བ་ལ་དྲིས་སོ། །དཔེར་ན་མཐོ་སར་འགྲོ་འདོད་པ། །ཞེས་པ་ལ་སོགས་པ་དག་ཚིག་དང་པོ་གཉིས་དཔེར་འགྱུར་ཏེ། དེ་ལྟར་བྱང་ཆུབ་མཆོག་ཐོབ་པར་འདོད་པས་སྤྱོད་པ་དེ་དག་སྤྱད་ན་མི་ཁོམ་པ་བརྒྱད་དུ་སྐྱེ་བར་དེས་ན་དེར་མི་ལྟུང་བའི་ཐབས་ཅི་ཡོད་དྲིས་པ་དང་། ཡང་ཚིག་གཉིས་ནི་དཔེར་འགྱུར་རོ། །དེ་བཞིན་དུ་ས་པ་དག་སངས་རྒྱས་པ་ཉིད་དུ་འགྲུབ་པར་བསམ་པ་ཞིག་ཡོད་ན། མཉམ་པ་ཉིད་སྤྱོད་པ་ལ་དམན་པའི་སྤྱོད་པ་རྣམས་བྱས་ནས་ཐོབ་པར་རིགས་པ་མ་ཡིན་ན། དེས་ཇི་ལྟར་ཐོབ་ཅིང་བཤད་པའི་སྤྱོད་པ་ལ་དྲིས་པའི་བྱེ་བྲག་གིས་གསུམ་གྱི་ཐ་མར་ཏེ། འཆད་པའང་རྗེས་སུ་མཐུན་པར་འགྱུར་རོ། །སྦྲུལ་འབྲས་ཁྱུང་གིས་བརྣོངས། ཞེས་པ་དཔེར་སྦྲུལ་གྱི་སྒོ་ང་ཁྱུང་དུ་མི་འགྱུར་བ་ལྟར། འགྲོ་བའི་སྤྱོད་པ་སྨད་པ་རྣམས་ཡང་དག་པའི་རྒྱལ་བའི་སྤྱོད་པར་མི་འགྱུར་བས་དོན་གྱི་ཡང་དག་པའི་སྤྱོད་པ་གྲུབ་པར་བཏུབ་བམ་དྲིས་པའི་སྤྱི་གཉིས་པའོ། །གང་གིས་གསང་བ་ལས་ལོག་པ། །ཞེས་པ་ལ་སོགས་པ་རྣལ་འབྱོར་པ་སུ་ཞིག་གི་སྤྱོད་པ་ཐེག་པ་ཆེན་པོ་ལས་འཁྲུལ་པ་ཕྱིན་ཅི་ལོག་ཏུ་སྤྱད་པ་གང་དག་ཀྱང་། དངོས་པོ་ཐམས་ཅད་མ་གྲུབ་པས་མཉམ་པ་ཉིད་ཡིན་པས་དོན་མ་རིག་པ་དང་ཆོས་སྐུ་ཡང་ངོ་བོས་མ་གྲུབ་པར་མཉམ་མོ་ཞེས་ཚིག་ཏུ་སྨྲ་སྟེ། དེས་དོན་ཐོག་ཏུ་བབ་བམ་ཞེས་དྲི་བ་གསུམ་པའོ། །འཚོ་བའི་སྨན་དང་འཆི་བའི་དུག །ཅེས་པ་དཔེའོ། །དེ་བཞིན་དམ་པ་དམན་པའི་ལས། །ཞེས་པ་དག་དེ་ལྟར་ན་ཐེག་དམ་པ་པ་ཆེན་པོ་པས་དུག་དམན་པ་དང་འདྲ་བའི་སྤྱོད་པ་ཀུན་གྱིས་སྤང་བྱར་བཞག་པའི་སྤྱད་པར་བྱ་བ་བཞི་ལ་སོགས་པ་སྤྱོད་པ་བཟང་ངན་དག་ཇི་བཞིན་པར་དབྱེར་མེད་ན་ཡང་། འདྲ་མཉམ་པར་བ་ལ་སྤྱོད་པ་རྣམ་པར་དཀར་བ་བོར་ནས་སྦྱོར་སྒྲོལ་ལ་སོགས་པ་ཆེད་དུ་བྱེད་པ་ཞིག་མིན་ནམ་འདིའི་དོན་ཇི་ལྟ་བུ་ཡིན། ཚུལ་དེ་ལྟ་བས་ན་སྤྱོད་པ་དཀར་ནག་དང་གཙང་སྨེ་ལ་སོགས་པ་གཉིས་པ་རྣམས་མཉམ་མོ་ཞེས་སྨྲ་བ་ནི། དཔེར་དཔེར་ན་མཆོད་གནས་དམ་པ་ཞིག་བསྟི་གནས་སྤྲུལ་སྐུ་ལྟ་བུ་དང་། འཇིག་རྟེན་གྱི་སྤྱད་ཙམ་སྨན་པ་ལྟ་བུ་གྱི་ལས་བྱེད་པ་གཉིས་སྙོམས་པ་དང་འདྲ་སྟེ། སྤྱོད་པ་ཅིའང་མི་འགོག་པ་དེ་མཉམ་པར་སྦྱོར་པའི་དོན་གྱིས་མཚོན་པའི་རྟགས་སམ་ཐབས་སུ་སྤྱོད་དོ་ཞེ་ན། དེས་དུག་སྨན་དང་འདྲ་སྟེ། བཟང་ངན་མི་མཉམ་པ་ཅན་ཀུན་རྫོབ་ཏུ་མི་མཉམ་སྟེ་དེ་མཉམ་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །མ་བཅོས་མཉམ་པའི་ཆོས་ཉིད་ལ། །ཞེས་པ་དག་ཡེ་ནས་ཆོས་ཉིད་ཆེ་ཆུང་དང་བྲལ་བའི་དོན་ལས་མ་འདས་ཀྱང་རང་གི་གློ་བུར་གྱི་ལས་དང་རྟོག་པས་ཆེ་ཆུང་ལ་སོགས་པར་སྣང་ངོ་། །ཚིག་ལྷག་མ་ནི་ཁྱོད་སྤྱོད་པ་མཉམ་པ་ཉིད་དུ་འདོད་པ་ནི། མི་མཐུན་པའི་དཔེ་ནམ་མཁའ་འཁྲུལ་བར་འདོད་པ་དང་འདྲའོ། །ཞེས་ཁྱོད་ཀྱིས་མཉམ་པར་མི་འགྱུར་བར་སྨྲས་ཏེ་ཐག་བཅད་པའོ། །སོ། །གང་དུ་ནད་རྣམས། ཞེས་པ་དཔེ་དེ་ལྟར་འཇིག་གོང་ལྟར་རྟེན་པ་དྲང་ཐབས་སུ་གསང་སྔགས་པ་ངན་པར་སྤྱོད་དོ་ཞེ་ནའང་། ཁྱེད་འགྲོ་དོན་དུ་གསང་སྔགས་ཀྱི་རྣམ་པར་དཀར་བ་སྤྱད་ན་ཉེས་པ་ཞིག་འབྱུང་ངམ། དེ་མི་སྤྱོད་དེས་དོན་མི་བྱེད་པ་ཇི་ལྟ་བུ་ཞེས་དྲིས་ཏེ་བཞི་པའོ། །མཐུན་འཇུག་སྤྱོད་པ་དྲང་བའི་ཐབས། །ཞེས་པ་ལ་སོགས་པ་འགྲོ་བ་དང་མཐུན་པས་འདྲེན་པའང་གདུལ་བྱའི་བསམ་དབང་དུ་དོན་སྤྱོད་པ་ནི། དཔེར་ན་གང་དཔའ་བོ་མཛངས་པ་ཤེས་རིག་ཅན་གྱིས། ཕ་རོལ་དང་མི་མཐུན་པ་དག་ཐབས་ཀྱིས་འོག་ཏུ་བཅུག་པས་དགའ་བས་མཐུན་པར་བྱེད་པ་ལྟར། གདུལ་བྱ་དང་ངག་སྨྲ་བར་མཚུངས་པར་མོས་པར་བྱེད་པའི་དོན་ཅན་གྱིས། དོན་བྱ་བར་ནི་ཇི་ལྟ་རིག་པ་དེ་ལྟར་ངེས་བདེན་ཚད་མར་བྱའི། རང་དབང་མེད་པའི་སྒྲོལ་བ་ལ་སོགས་པའི་བྱ་བ་ནི་མི་རིགས་སོ་ཞེས་དྲི་བ་ལྔའོ། །ཇི་ལྟར་ཞུམ་པས་ཁེ་བརྐམ་གྱིས། །ཞེས་པ་ལ་སོགས་པ་དཔེར་ན་སྡར་མ་དཔའ་ཞུམ་ཞིག་གིས་ཁེ་དང་གྲགས་པ་འདོད་པའི་ཆེད་དུ། རྩལ་སྟོབས་ཀྱི་ཉམས་བག་མེད་པར་གཡུལ་དུ་ཞུགས་ཏེ། ཕ་རོལ་གྱི་དཔུང་དང་སྟོབས་བཀྱེ་ནས་རྩོད་ན། གཞན་གྱི་དཔུང་གིས་རང་ངེས་པར་རླག་སྟེ་ཁོའི་དབང་དུ་འགྱུར་བ་བཞིན། དེ་བཞིན་དམ་པར་བཅོས་པ་ཡིས། །ཞེས་པ་དེ་ལྟར་གསང་སྔགས་བར་བཅོས་པའི་མིས། ཁེ་གྲགས་དང་ངའི་རློམ་སེམས་འདོད་པའི་ཆེད་དུ། གདུལ་བྱ་ལོག་པ་རྣམས་འདྲེན་པའི་ཆ་མཐུན་གྱི་སྤྱོད་པ་ལ་ཡང་དག་དམ་པར་ངེས་བཟུང་ནས་གདེང་མེད་པར་སྤྱོད་པ་གཙོར་བྱས་ཏེ་སྒྲ་ཇི་བཞིན་པར་ཚིག་གི་ལམ་ཉིད་སྒྲར་སྤྱད་ན་བདག་གཞན་གཉིས་ཀ་ལྟུང་ངེས་སོ་ཞེས་དྲི་བ་དྲུག་པའོ། །ཐམས་ཅད་གང་གི་ཐེག་ཚད་དང་། །ཞེས་པ་གང་ཟག་རིལ་རང་རང་གི་བློས་དངོས་པོ་ལ་འཚམས་ཚད་དང་། གོ་རྟོགས་ཀྱི་ཚད་དང་། བློ་རྩལ་གྱི་ནུས་ཚད་ཀྱིས་ཉམས་འོག་ཏུ་ཆུད་གང་དུ་འདུ་ཚད་ལས་མ་གཏོགས་པ། མི་འཚམས་པ་ལ་སོགས་པར་ཀུན་བཟློག་པ་ནི་ཚད་ལས་ཡུལ་མེད་དེ་གདུལ་བྱ་དང་མ་འཕྲོད་པས་འདས་ན་འདས་པ་ཉིད་བརྒལ་ཏེ། ཤིན་ཏུའང་སྡུག་བསྔལ་གྱི་རྒྱུའམ་ཞེས་དྲི་བ་བདུན་པའི་དོན་ཏོ། །གང་ཡང་ཚད་ལས་འདས་པ་ནི། །ཞེས་པ་དཔེ་བཞིན་དུ་ལྟ་བའི་ཚིག་གི་ཁྱད་ཁམས་ལ་བརྟེན་ནས། ལོག་པའི་དུག་ཆེན་པོ་ཁོང་དུ་ཆུད་པར་བྱེད་པའི་གང་ཟག་དེའི་སྤྱོད་པ་དེ་དག་རྣལ་འབྱོར་མཆོག་གིས་སྤྱད་པར་མི་རིགས་ཏེ། རྒྱལ་པོ་ལ་གདོལ་བའི་སྤྱོད་པ་གཉེར་མེད་པ་དང་མི་འདྲ་འམ་ཞེས་དྲི་བ་བརྒྱད་པའི་ཚིག་གོ། །གང་དག་གང་གིས་བཅིངས་པ་ལས། །ཞེས་པ་དག་ནི་རྣལ་འབྱོར་པ་སུ་ཡང་རུང་བ་ཞིག་གིས་རང་མི་ཤེས་པའི་དྲྭ་བའི་རྒྱར་ཆུད་བཞིན་ཕ་རོལ་སྒྲོལ་བར་རྩོམ་པ་ནི། རྐྱལ་མ་སྦྱངས་པར་གཞན་ཆུ་བོ་ལས་སྒྲོལ་བ་དང་འདྲ་སྟེ། གཉིས་ཀ་རླག་པའི་ཕྱིར་བསླུ་བའི་སྤྱོད་པ་སྟེ། དེ་ལྟ་བུ་གསང་སྔགས་ཀྱི་སྤྱོད་པས་ཅི་ཞིག་བྱ་སྟེ། སྤྱོད་པ་བསླབ་པ་དང་དངོས་ཅི་ལྟ་བུ་ཞེས་དྲི་བ་དགུ་པའི་ཚིག་གོ། །དེ་ཉིད་མ་རིག་མ་གྲོལ་ཞིང་། །ཞེས་པ་དག་ཐེག་པ་ཆེན་པོར་ཁས་འཆེ་བའི་གང་ཟག་དེ་དངོས་ཀྱི་དོན་མ་རིག་མ་མཐོང་རྒྱུད་མ་སྦྱངས་མ་གྲོལ་ཏེ། དེའི་ཐེག་པ་ཆེན་པོའི་དོན་རིག་རྟོགས་པའི་པའི་བློ་མ་སྐྱེས་ན། རྒྱལ་བའི་ཞིང་དུ་བཞག་ཀྱང་སྤང་ངེས་རང་གི་རྟོག་པས་དམྱལ་བའི་ཡུལ་དུ་མཐོང་ངོ་། །རྟོགས་དེ་རིག་པ་དང་དེའི་དོན་ལྡན་ན་མ་བསྒྲལ་ཡང་རྒྱལ་བའི་ཞིང་དག་པར་དུ་དམྱལ་ཡུལ་ཉིད་ཀྱང་མཐོང་བས། སྔགས་ཀྱིས་སྒྲོལ་བའི་ཁ་ན་ཡོད་དམ་ཞེས་དྲི་བ་བཅུ་པའི་ཚིག་གོ། །གསང་བའི་སྙིང་པོས་ཀུན་ཁྱབ་ཀྱང་། །ཞེས་པ་ལ་སོགས་པ་ཆོས་ཉིད་ཇི་བཞིན་པ་ཕྲ་ཞིང་ཟབ་པའི་མཆོག་དེས་བདལ་བ་ལ་ཚབས་ཆེ་ཆུང་མེད་ཀྱང་། རྟོགས་པ་མེད་ན་སྤྱོད་པ་སྤྱད་ཀྱང་མི་གྲོལ་བས་དོན་མཐོང་བ་ནི་དཔེ་ཇི་ལྟ་བ་བཞིན་ཏེ་དྲི་བ་བཅུ་གཅིག་པའི་དོན་ཏེ། །དེ་དག་ལན་ངེས་པར་བསྟན་པ་གང་སྙམ་པ་ལ། ཚངས་པའི་འོད་ཅེས་བྱ་བ་ནི་སྒྲ་བཞིན་ཏེ་སྨྲ་བའི་ལན་ལྡོན་པའོ། །འདིར་རྒྱུན་དཀྲུག་པ་རས་ཆོད་ཅན་གྱི་ཆེད་དུ་མཛད་པའི་དབང་དུ་ན་ཐོག་མར་དྲི་བ་དྲུག་པའི་ལན་འཆད་དེ། གང་འདིར་མོས་པ་ཆུང་འཛིན་གྱིས། །ཞེས་པ་དག་རྒོལ་བ་པོ་ལ་བོས་ནས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་དོན་ནི་སྤྱོད་ཡུལ་བཞི་ལས། འདིར་རང་རིག་པའི་མངོན་སུམ་གྱི་ཡུལ་རྒྱལ་བ་ཉིད་ལས་གཞན་བཀག་པ་གང་གི་སྤྱོད་ཡུལ་མ་ཡིན་པས་ནི། མངོན་སུམ་དུ་མ་མཐོང་བའི་ཕྱིར་སྒྲ་ཇི་བཞིན་པར་སྤྱད་ན་རླག་པར་བྱེད་པས་ཚུལ་བཅོས་ཀྱིས་མི་འགྲུབ་པར་ལན་བཏབ་སྟེ། འོན་ཀྱང་མོས་པ་དང་སློབ་པ་དང་བརྒྱུད་པའི་སྤྱོད་ཡུལ་ནི་འདིར་བསལ་བ་མེད་དོ། །ལན་བདུན་པ་གང་སྙམ་པ་ལ། གང་འདིར་དད་མོས་འདོད་ནུས་ན། །ཞེས་པ་ལ་སོགས་པ། གང་རྣལ་འབྱོར་པ་སུ་ཞིག་གིས་འདིར་ཐེག་པ་ཆེན་པོའི་སྒོར་ཤིན་ཏུ་དད་པ་དང་། མོས་པ་དང་། རྟོགས་པར་འདོད་པས་བསམ་དཔྱོད་ནུས་ནས། དེ་ཉིད་རྣལ་འབྱོར་དེ་ཐེག་པ་ཆེན་པོ་དེ་ལ་རྩེ་གཅིག་ཏུ་དེར་བསྟན་ན་དམིགས་ན། ཡང་དག་པ་དེ་ལ་ཇི་བཞིན་པའི་དོན་ལ་གང་ཟག་དེ་སྦྱོར་དེ་འགྲོ་ཞིང་དེ་ཉིད་དུ་དེ་རིགས་ངེས་པས་དེ་བཞིན་དུ་རིམ་པས་འབད་དེ་དག་ཙམ་པ་ནི་འཚམས་པ་སྟེ་ཐེག་ཚད་ལྟུང་བ་མེད་པར་ལན་བཏབ་བོ། །ལན་སྨིན་དཔེར་བརྒྱད་པའང་སྣང་ལྔ་པ་གང་ཞེ་ན། གང་འདིར་ཐེག་པ་མང་བཤད་པ། །ཞེས་པ་ལ་སོགས་པ་སྟོན་པ་གང་ཞིག་གིས་ཐེག་པ་ཆེན་པོའི་སྒོར། ཐེག་པ་མང་ཐབས་ཀྱི་བྱེ་བྲག་ཇི་སྙེད་དུ་གསུངས་པ་ངོ་བོས་རིས་སུ་ཐ་དད་ཡོད་པ་མ་ཡིན་ཏེ་མ་ཆད་དེ། འོན་ཀྱང་གང་ཟག་མོས་པ་ཐ་དད་པའི་ཆེད་དུ་ཐབས་ཀྱི་སྤྱོད་སྒོ་མང་པོ་བཀའ་སྩལ་པས་རྣལ་འབྱོར་དམ་པའི་སྤྱོད་པའང་མ་ངེས་ཏེ། ཇི་སྤྱད་ཀྱང་འཆིང་བའི་དུག་ཏུ་མི་འགྱུར་བས་བདེན་པ་མ་ནོར་བར་ལན་བཏབ་བོ། །ལན་དགུ་པ་ཇི་ལྟ་བུ་ཞེ་ན། དེ་ཀུན་མོས་པ་མ་བཀགས་པའི། །ཞེས་པ་ལ་སོགས་པ་སྤྱོད་པའི་ཐབས་ཇི་སྙེད་པ་ཀུན་ཀྱང་གདུལ་བྱའི་བསམ་པའི་མོས་པ་ད་དུང་ཐེག་པ་ཆེན་པོར་མ་བཀག་པའི་མ་འདུས་པ་དག་གདོན་པའི་དྲང་བའི་ཐབས་སུ་ཆེད་དུ་སྦྱོར་མཛད་པས་གདུལ་བྱའི་ངོར་མ་ངེས་པའི་ཕྱིར། སྤྱོད་པའི་རྣམ་གྲངས་རིལ་ཀུན་ལ་འདི་ཁོ་ནའོ་ངེས་པ་ཞེས་དམ་པར་བློ་མི་གཞག་མི་བྱ་སྟེ། གང་དུ་ངེས་པ་གཅིག་ཉིད་ལའོ་དེ་ཁོ་ན་ཉིད་ཇི་བཞིན་པའི་ངང་དུ་མི་འགྱུར་བའི་དོན་ལ་བློ་གྲོས་དམ་པར་བཞག་སྟེ། སྤྱོད་པ་རིལ་ནོར་བུ་བྱེད་པའི་བསླབ་པ་ཆེན་པོ་གཅིག་དེ་ཡིན་པར་ལན་བཏབ་བོ། །དེ་བས་ན། ཀུན་ཤོང་ཀུན་འཇུག་འདིར་བདེ་བས། །ཞེས་པ་ལ་སོགས་པ་བཅུ་གཅིག་པའི་ལན། ཐབས་ཆེན་པོ་དེ་ཁོ་ན་ཉིད་ངེས་པའི་སྒོ་འདིར་ཀུན་ཤོང་གང་ཡང་མ་བཀོལ་ཀུན་འཇུག་བར་འདུས་ཏེ། ཡང་དག་པའི་ལམ་འདིས་བདེ་བ་ཐོབ་པར་བྱེད་པས་མིང་ངེས་ཐེག་པ་ཆེན་པོར་བརྗོད་པར་འགྲུབ་བོ། །འོན་ཀྱང་མིང་ཐེག་པ་མཆོག་ཏུ་བརྗོད་པས་ཐབས་ཀྱི་སྒོ་ཡང་འཕགས་པ་ཆེ་དང་གྲངས་ཐབས་ལས་འདས་པ་མང་བས་གང་གི་ཐམས་ཅད་གང་ཡང་། སྤྱོད་པའང་མི་འདོར་ཏེ། སྤྱོད་པ་ཉིད་ཀྱི་གང་མི་འགོག་པས་འཇུག་ལམ་སྦྱོར་བས་གདུང་བ་དང་བྲལ་ལོ། །དེ་ལྟ་བུ་ལ་བདེ་བ་ཉིད་ལ་སྤྱོད་པར་སླ་མི་འཛིན་མ་ཆགས་པས་བྱ་བར་དཀའ་བ་ཡང་མེད་དོ། །ལན་བཅུ་པ་གང་སྙམ་པ་ལ། ཐབས་དང་ཐེག་པའི་བྱེ་བྲག་རྣམས། །ཞེས་པ་ལ་སོགས་པ་དོན་གཉིས་པོ་ཇི་སྙེད་སོ་སོར་མི་མཐུན་པ་ཐ་དད་ཡོད་ཀྱང་ཐབས་ངེས་པ་མ་ནོར་བ་སྤྱོད་ལ་མི་འཆིང་བས་སྦྱོར་བས་ན་བདག་གཞན་མཐར་ཕྱིན་པར་བྱེད་པས་ན། ངེས་པའི་གདིང་རྙེད་ན་གནས་མཐོ་དམན་ཁྱད་པར་མེད་ལ་བཟང་ངན་མེད་དེ། འཁོར་བ་ཉིད་བདེ་གནས་སུ་ལན་བཏབ་བོ། །སྨིན་དཔེར་བཅུ་གཅིག་པའང་བརྒྱད་པའི་ལན་ཇི་ལྟ་བུ་ཞེ་ན། དམ་ཚིག་བསྒྲུབ་དང་སྤྱོད་པ་ལ། །ཞེས་པ་ལ་སོགས་པས་རྣམ་གྲངས་དེ་དག་ལ་སོགས་པ་ལྟ་བ་སྣ་ཚོགས་ཐ་དད་ཀུན་རྣམས། གདུལ་བྱ་བྱོལ་སོང་ལ་སོགས་པ་སྨོས་པའི་ཕྱིན་ཅི་ལོག་ཏུ་ལྟས་པས་སྤྱོད་རྣམས་འདུལ་ཏེ་དམ་པའི་དོན་ལ་གཟུད་བའི་ཆེད་དུ་གསུངས་པས། བསྟན་པ་སྣ་ཚོགས་ཇི་སྙེད་པའི་ཐབས་དམ་ཚིག་ལ་སོགས་པ་སོ་སོ་ཡང་། ཡེ་ངོ་བོ་གདོད་ནས་རང་རིག་པ་རྒྱུ་རྐྱེན་དང་བྲལ་བས་རྡོ་རྗེ་ངོ་བོ་སྐྱེ་འཇིག་མེད་པའི་ངང་དུ་དབྱེར་མེད་པའི་དོན་ལ་གཅིག་པ་དགོངས་ནས་ཐབས་ཀྱིས་བསམ་པ་ཐ་དད་པའི་གདུལ་བྱ་དང་མཐུན་པས་འཇུག་ནས་དྲང་བའི་ཆེད་དུ་མཛད་ནས། དེ་དག་དོན་ལ་སྦྱོང་བའང་མཐུན་པར་སྟེན་འཇུག་ཅིང་པ་དང་། བྲིད་ཅིང་བཏོན་པས་གནས་ཆེན་པོ་རང་ཁྲིད་ཅིང་བསྐྱང་བའི་ཐབས་སུ་གསུངས་པས་ཟད་དེ། ངོ་བོ་ཉིད་ལ་བསྟན་དུ་མེད་ཀྱང་ཐབས་ཆེན་པོས་ལྡོངས་པ་འདྲེན་པའི་སྤྱོད་པ་ལ་ལོང་བ་ལྟར་མ་རིག་པས་ནོན་པས་སྤྱད་པར་མི་རིགས་པར་ལན་བཏབ་བོ། །ལན་དང་པོ་གཉིས་གང་རྣམ་པ་ལ། དྲིས་པ་གསུམ་ཡང་ལན་གཅིག་གིས་མཆོད་པར་བྱ་བའི་ཕྱིར། འཇིག་རྟེན་ཀུན་གྱི་དམན་པ་རྣམས། །ཞེས་པ་ལ་སོགས་པ་གང་འགྲོ་བ་རྣམས་ཀྱིས་སྨད་པའི་སྤྱོད་པ་འཁོར་བའི་དངོས་པོ་བཞི་ལ་སོགས་པ་སྤྱོད་པའང་སྣ་ཚོགས་པའང་གདུལ་བྱ་ཐ་དད་ཐེག་པ་དམ་པར་ཆེན་པོར་དཀྲི་བའི་དྲངས་པའི་ཕྱིར་ཆེད་དུ་དམན་སྤྱོད་ངན་ཇི་སྙེད་འཇོག་པར་མཐུན་པའི་སྤྱོད་པ་ལ་ཡོངས་སུ་རྫོགས་ཟིན་ཆགས་མེད་པས་རྣམ་སྨིན་མྱོང་བར་མི་འགྱུར་བས་ངན་འགྲོའི་ས་བོན་མེད་དེ། ཐབས་ཆེན་པོའི་མཛད་པ་ལ་དམན་པའི་ལས་སུ་དོར་བ་མེད་པར་ལན་བཏབ་བོ། །དྲི་བ་གཉིས་པའི་ལན་ཅི་ཞེ་ན། སྦྲུལ་སྒོང་ཁྱུང་དུ་མི་འགྱུར་ཡང་། །ཞེས་པ་ལ་སོགས་པ། དཔེར་སྦྲུལ་སྒོང་བརྣོངས་པ་ཁྱུང་དུ་མི་འགྱུར་བ་ཁྱོད་ལྟར་ཡིན་ཡང་། འདིར་དཔེར་ན་གསེར་འགྱུར་གྱི་རྩི་དང་དུག་འགྱུར་གྱི་རྩིའི་ལས་ལྟར། སྤྱོད་ངན་རིལ་ལམ་ཡང་ན་སེམས་ཅན་གྱི་དེ་ཁོ་ན་ཉིད་མ་ནོར་མ་བསླད་པར་མཐོང་ཤེས་བྱ་ན། དེ་སྤྱད་པ་ཉིད་ཀྱིས་དམ་པར་ཚོགས་གཉིས་སུ་འགྱུར་བས་ཡང་དག་པའི་སྤྱོད་པར་ལན་བཏབ་བོ། །ལན་གསུམ་པ་གང་ཞེ་ན། དེ་བཞིན་ཉིད་ཀྱི། ཞེས་པ་དེ་ཁོ་ན་ཉིད་མུ་མཐའ་མེད་པའི་ངང་དབྱིངས་ལས་མཐོ་རིས་ངན་པའོ། །ངན་སོང་སངས་རྒྱས་གོ་འཕང་སེམས་ཅན་གཉིས་མེད་པའི་ཕྱིར། ཞེན་བློ་ཅན་དག་ལ་བཟང་ངན་ཐ་དད་སྣང་ཡང་སྤྱོད་པ་བཟང་ངན་སྟོང་པ་ཆེན་པོའི་རྟོགས་པ་ལ་མ་བཀག་དམིགས་པས་དེ་སྐད་བསྟན་པ་ལ་ཡང་ཉེས་པ་མ་དམིགས་པར་ལན་བཏབ་བོ། །ལན་བཞི་པ་གང་ཞེ་ན། དུག་དང་སྨན་གཉིས་སོ་སོ་ཡང་། །ཞེས་པ་ལ་སོགས་པ་དང་པོ་གཉིས་དཔེའོ། །འཁོར་འདས་དེ་ལྟར་སྤྱོད་པ་ལ་ལོག་མ་ལོག་མ་འདྲེས་པ་སྣ་ཚོགས་ཐ་དད་བསམ་ཡས་སྣང་ཡང་། དེ་དག་ཉིད་ཀུན་གྱིས་རང་བཞིན་དེ་ཁོ་ན་ཉིད་དུ་རྒྱས་རྫོགས་ཐབས་པས་དེའི་དོན་གདེང་ཆུད་པས་རིགས་གང་འདིར་དམ་པར་འགྱུར་ངེས་ཕྱིན་ཆད་གཞན་དོན་ཆེད་དུ་སྤྱོད་པ་སྨོད་པ་དམན་པའི་ལས་རྣམས་དག་དོན་དུའང་སྤྱོད་པ་ཉིད་སྤྱོད་པ་མ་ནོར་བ་ཡིན་པར་ལན་བཏབ་བོ། །ལན་ལྔ་པ་གང་ཞེ་ན། དེ་ཉིད་མ་མཐོང་གང་དག་གིས། །ཞེས་པ་ལ་སོགས། བདེན་པ་དེ་ཉིད་གནད་མ་ཆུད་མ་མཐོང་པའི་རྣལ་འབྱོར་གང་དག་གིས་པས་ཚིག་གི་བརྡ་ལམ་གྱི་རྗེས་སུ་བློ་སོང་བས་སྒྲ་རང་ཐད་དུ་བཟུངས་པས་ལམ་མ་ནོར་བ་ཡང་དག་ལམ་ལས་འཁྲུལ་ཅིང་གོལ་རྒྱབ་ཀྱིས་ལོག་པའི་ལམ་པ་ཕྱོགས་པའང་ཤིན་ཏུའང་མང་བར་འབྱུང་ངོ་། །དེ་བས་ན་ཐབས་ཆུང་ངུས་ཚིག་མཐུན་པས་དོན་སྤྱོད་པ་ཉིད་རིག་པ་དང་ངེས་པ་མ་ཡིན་པར་ལན་བཏབ་བོ། །དེ་ལྟར་ཐེག་པ་ཆེན་པོའི་རྣལ་འབྱོར་དེས། རྣལ་འབྱོར་ཆུང་ངུའི་ངེས་པ་མ་རྙེད་པའི་དོགས་པ་བསལ་ཏོ། །ཞེས་སྟོན་པ་དེས་སྡུད་པ་པོ་ལ་སྨྲས་པས། སྐལ་བ་དམན་པ་དག་ཐེག་པ་མཆོག་ཏུ་ངེས་པ་རྙེད་པར་གྱུར་ཏོ། །ལེའུ་སུམ་ཅུ་བདུན་པའི་མདོར་འགྲེལ་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་དེས། ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ། ཞེས་པ་ལ་སོགས་པ་དུས་དེར་སྔ་མའི་རྗེས་སུའང་སྟོན་པས་སྡུད་པ་ལ་བཀའ་སྩལ་པ་སྒྲ་བཞིན་ཏེ། འདིར་ལོ་རྒྱུས་སུ་བརྗོད་པའོ། །བརྒྱུད་པའི་གྲགས་པ་ཞེས་པ། དུས་དེ་ཉིད་ཀྱིའང་སྔ་མའི་གཏམ་རྒྱུད་བརྗོོད་པ་ཉེ་བར་བསྟན་པ་སྟེ། གསང་བ་སྤྱད་ཉེས་པ་ནི་སྒྲ་བཞིན་དུ་སྦྱར་རོ། །གསང་བའི་བདག་པོ་འདི་ལྟ་སྟེ། །ཞེས་པ་ལ་སོགས་པ་དག་དེ་ཡང་རྣམ་གྲངས་བཅུ་གཅིག་ཏུ་འགྲེལ་ཏེ། གསང་སྔགས་ལོག་པར་སྤྱོད་པའི་སྐྱོན་རྣམས་རྣལ་འབྱོར་བཟང་ལྡན་ལྟ་བུ་དང་། བདག་བསྟོད་གཞན་ལ་སྨོད་དེ་གཞུང་ནོར་བས་ཆོས་ལོག་སྤྱད་པས་ལྟུང་བ་རྣལ་འབྱོར་དཔལ་སྦྱིན་ལྟ་བུ་དང་། མི་ཤེས་པར་རས་ཆོད་ཀྱི་ཚུལ་བཅོས་སྤྱད་པས་ལྟུང་བ་རྣལ་འབྱོར་དྲི་མེད་སྤྱོད་པ་ལྟ་བུ་དང་། གསང་སྔགས་ལ་རིགས་དང་སྡེར་ཕྱེས་ནས་ཉོན་མོངས་པས་འདུལ་ཞིང་དང་རིས་བཅད་པས་ལྟུང་བ་རྣལ་འབྱོར་ན་ཞི་ན་ལྟ་བུ་དང་། ཚོགས་ཀྱི་ཡོ་བྱད་ལ་གསོག་འཇོག་བྱས་པས་ཁྱིའི་ལུས་སུ་ལྟུང་བ་བུད་མེད་བཟང་རྒྱན་ལྟ་བུ་དང་། བཀའ་ལ་ཐེ་ཚོམ་དང་རྐུན་བུ་བྱས་པས་ལྟུང་བ་རྒྱལ་པོ་པྲ་མ་ཏ་ལྟ་བུ་དང་། དོན་མ་གོ་ཞིང་རྩ་བ་ཉམས་པས་ང་རྒྱལ་དྲེགས་པས་གསང་སྔགས་ཚུལ་འཆེས་སུ་སྤྱད་པས་ལྟུང་བ་རྣལ་འབྱོར་པེ་ན་ཡ་ལྟ་བུ་དང་། གསང་སྔགས་ཚིག་ཙམ་ལས་ཁུང་ཕྱུངས་ནས་ཆགས་སྡང་སྤྱད་པས་ལྟུང་བ་རྣལ་འབྱོར་བདེ་སྦྱིན་ལྟ་བུ་དང་། གསང་སྔགས་ཟབ་མོའི་དོན་ལ་བྱོལ་ནས་ལྟུང་བ་རྣལ་འབྱོར་ལྷ་སྦྱིན་ལྟ་བུ་དང་། རྣལ་འབྱོར་ནང་ལ་སྐུར་པ་བཏབ་པ་དང་། ཁ་ན་མ་ཐོ་བ་བརྗོད་པས་ལྟུང་བ་རྣལ་འབྱོར་མི་འཇིགས་ལྟ་བུ་དང་། གསང་སྔགས་ཀྱི་གདེང་མེད་པར་སྤྱི་ཡུད་ཙམ་ལ་ལྟོས་པས་ལྟུང་བ་རྒྱལ་པོ་རབ་གསལ་འཛིན་ལྟ་བུའོ། །དེས་ན་ཐབས་ལ་མཁས་པ་དང་། །བློ་གྲོས་ལྡན་པ་ཤིན་ཏུ་གཅེས། །ཞེས་པ་སྐྱོན་གྱི་ཚུལ་དེ་ལྟ་བས་ན་གསང་སྔགས་སྤྱད་པའི་ཐབས་མཆོག་དང་། མི་དམིགས་པའི་ཤེས་རབ་མཆོག་ཏུ་དགོས་སོ། །དེ་ལ་གསང་སྔགས་སྤྱད་ལེགས་པའི་ཡོན་ཏན་གང་ཞེ་ན། ཐབས་མཁས་བློ་གྲོས་ལྡན་པ་ཡི། །ཞེས་པ་ལ་སོགས་པ་སྒྲ་བཞིན་ནོ། །དེ་ཡང་དོན་བཅུར་འགྲེལ་ཏེ། ཡོན་ཏན་སྒྲ་བསྒྲགས་སུས་བོས་པ། །ཞེས་པ་དག་གསང་སྔགས་ཀྱི་མཚན་ཐོས་པས་དམན་པའི་ལུས་ལེན་པ་ལས་ཐོན་པ་ལྷའི་བུ་འོད་ལྡན་ལྟ་བུ་དང་། ཆོས་ལ་སྐུར་པས་ངུ་འབོད་དུ་ལྟུང་ངེས་པ་ལས། ཐེག་པ་ཆེན་པོར་རིགས་ངེས་པས་དར་གྱི་ཕོ་ལོངས་བརྡབས་པ་ལྟར་སླར་འབར་བ་ལྟར་ཐོན་པ་དང་། གསང་སྔགས་ལ་འདུན་པ་སྐྱེས་པས་བར་ཆད་མེད་པར་ཐོབ་པ་བྲམ་ཟེ་བྱམས་ལྡན་ལྟ་བུ་དང་། གསང་སྔགས་ཚུལ་བཞིན་དུ་སྤྱོད་པ་ལ་མོས་པས་ཡོན་ཕུལ་བས་ཆོ་འཕྲུལ་བཞི་ཐོབ་པ་ལྷའི་བུ་དགེ་བའི་རྒྱལ་པོ་ལྟ་བུ་དང་། གསང་སྔགས་སྤྱོད་པ་ལ་དད་པས་རྗེས་སུ་འབྲངས་པས་རིག་འཛིན་གྱི་ས་ཐོབ་པ་བྲམ་ཟེ་ཀེ་རན་ཏ་ལྟ་བུ་དང་། གསང་སྔགས་གཞུང་དུ་སྤྱོད་པ་ལ་མོས་པ་མ་བྲལ་བ་ཙམ་གྱིས་འབྲས་བུ་མཉམ་པོར་འཐོབ་པ་རྒྱལ་པོ་དབང་ཕྱུག་འོད་ལྡན་དང་། བྲམ་ཟེ་དགེ་སློང་ལྟ་བུ་དང་། གསང་སྔགས་གཞུང་བཞིན་བསླབ་ནས་གོ་བའི་ཡོན་ཏན་བྲམ་ཟེ་གསལ་སྦྱིན་ལྟ་བུ་དང་། ཚོགས་ཀྱི་མཆོད་པ་བྱས་ནས་ཚེ་འདི་ཉིད་ལ་འབྲས་བུ་ཐོབ་པ་དགེ་སློང་གསལ་ལྡན་ལྟ་བུ་དང་། གསང་སྔགས་ཀྱི་ཆོས་རྟག་པར་བཅངས་པ་ཙམ་གྱིས་འབྲས་བུ་ཐོབ་པ་ཁྱིམ་བདག་མེས་སྦྱིན་ལྟ་བུ་དང་། གསང་སྔགས་གོ་ནས་གཞན་ལ་བཤད་པའི་ཡོན་ཏན་ནི་དྲང་སྲོང་རྣལ་འབྱོར་ཀ་ལ་ཡ་ན་ལྟ་བུའོ། །དེས་ན་ཐེག་པ་ཆེན་པོ་གསང་བ་འདི། །ཞེས་པ་བཤད་པའི་ཡོན་ཏན་དང་གཏན་ཚིགས་སོ། །རྣལ་འབྱོར་གང་ཞིག །ཅེས་པ་བསྒོམ་པའི་ཡོན་ཏན་ནོ། །གཞན་ནི་སྒྲ་ཇི་བཞིན་དུ་འགྲེལ་ཏོ། །སུམ་ཅུ་རྩ་བརྒྱད་པ་མདོར་བཀྲོལ་བའོ། །བྱུང་ཚུལ་བརྒྱད་པའི་དོན་རྫོགས་སོ།། །།དེ་ནས་ཡང་ལང་ཀའི་མངའ་བདག །ཅེས་པ་ལ་སོགས་པ་བྱུང་ཚུལ་དགུ་པ་དྲིས་པ་སྒྲ་བཞིན་ནོ། །སྨྲས་པ། ལང་ཀའི་བདག་པོ། གདམ་བཅོས་པ། ཞེས་པ་ཇི་བཞིན་པ་ཡེ་འཕྲལ་དུ་མ་བྱས་པའི་དོན་ཇི་ལྟ་བར་མཛད་པ་ཡང་དེའང་མཐུན་པའོ། །སྨྲས་པ་ནི་དེ་ཉིད་དྲིས་པའོ། །སྨྲས་པ། ལང་ཀ་ཞེས་པ་གྲོང་ཁྱེར་གསུམ་ལ་འདས་པ་སོགས་པའི་ཆོས་ཇི་སྙེད་པའི་རང་སྣང་བ་ཉིད་ལུགས་ཀྱི་ཆོས་ཉིད་དེ་ཉིད་ཀྱི་མ་འདྲེས་ཡོངས་རྫོགས་ངོ་བོའོ། །སྨྲས་པ། གསང་བའི་བདག་པོ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ལ་ནི། ཞེས་པ་ལ་སོགས་པ་སྡུད་པ་པོས་གསང་བདག་ལ། དེ་ཁོ་ན་ཉིད་ཀྱིས་ཆེད་གདུལ་བྱའི་དུ་མཛད་པའི་དོན་བྱར་ཡོད་མེད་དྲིས་པའི་དོན་ནི། ཇི་བཞིན་པའི་ངང་ལ་ལྟོས་པའི་ཐ་སྙད་གྲོལ་བའི་ཕྱིར། ཡེ་སངས་རྒྱས་ཟིན་པ་ལ་འཕྲལ་དུ་སངས་རྒྱས་བརྟགས་པའི་ཐ་སྙད་མེད་པ། ཁམས་གསུམ་སངས་རྒྱས་ཀྱི་ས་ལ་འགྲོ་བ་མིང་མེད་པ། ཇི་བཞིན་པ་ནི་རྣམ་པ་ཐམས་ཅད་པའི་ཕྱིར། མཚན་དང་རྒྱུད་མེད་པ། དབྱིབས་ཁ་དོག་གི་རྣམ་པ་དང་བྲལ་བ། གཞན་ན་ངོ་བོ་བསྟན་པ་དང་བྲལ་བས་དཔེ་དང་ཚིག་གིས་མཚོན་པར་བྱར་མེད་པ། རིལ་དེ་ཉིད་བས་མཚོན་བྱེད་ཉིད་ཀྱང་མེད་པ། དེ་ལ་སེམས་ཅན་དོན་གྱི་བྱ་བ་བྲལ་བ། བློས་མི་ཕོ་མོ་ལ་སོགས་གསུམ་འཁྱུད་པ། སུས་ཀྱང་བསྟན་དུ་མེད་སོགས་བཞི་གོ་བར་བྱ་མེད་ཅིང་མཐོང་བར་དཔག་པར་དཀའ་བའོ། །འགྱུར་བ་ནི་སྣང་བར་འགྱུར་བའོ། །གསང་བ་པའི་བདག་པོ། གང་ཅི་ཡང་མེད་པ་ལས། ཞེས་པ་ལ་སོགས་པ་དེ་ཁོ་ན་ཉིད་ངོ་བོ་མེད་པ་ལས། ལན་གྱི་ཚུལ་ནས་དྲི་བའི་རྣམ་གྲངས་སུ་འགྱུར་ཏེ། དེ་ལྟ་བུའི་ངང་ལས་ཆོ་འཕྲུལ་དུ་སངས་རྒྱས་སུ་སྣང་བ་ནི་དྲི་བ་དང་པོའོ། །དེ་བཞིན་དུ་གྲངས་བཅུ་ནི་དྲི་བ་བཅུ་སྟེ། མེད་པ་ལས་ཡོད་པར་སྣང་བ་གང་གི་དགོས་པ་ཡིན་དྲིས་པའོ། །གསང་བའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་ཡོངས་སུ་དྲི་བ། ཞེས་པ་ལ་སོགས་པ་སྟོན་པས་བོས་ནས་ཞུས་པ་ལ་ལེགས་པར་གནང་སྟེ་དོན་བཀའ་སྩལ་པ། གང་ཅིའང་མེད་པ་ལས་ཅིར་ཡང་སྣང་། ཞེས་པ་དྲི་བ་དགུ་པའི་ལན་དུ་འགྱུར་ཏེ། མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ་པའི་དེ་ཁོ་ན་ཉིད་ནི། གང་ཅིའང་མེད་པ་ལས་རྣམ་པའི་མཚན་ཉིད་དུ་མ་གྲུབ་པ་ལས། འཆད་པའི་མཛད་པ་ཅིར་ཡང་སྣང་བ་མི་འགོག་པ་དག་གི་དེའི་རང་བཞིན་ཡང་དེ་ཁོ་ན་ཉིད་ཡིན་པ་ལས་གཞན་དུ་མ་ཐལ་བའི་ཕྱིར་གཏན་ཚིགས་ངེས་ན། ཁམས་གསུམ་གྱི་ཆེད་དུ་གྲོལ་བར་བྱ་བའི་ཕྱིར། མཛད་པ་ཕྲིན་ལས་ཐ་དད་ཇི་སྙེད་མི་འདྲ་བར་སྣང་བའི་མཛད་སྤྱོད་ལ་སེལ་མེད་འབའ་ཞིག་པའོ། །གྲོང་ཁྱེར་གསུམ་གང་ཞེ་ན། །ཞེས་པ་ལ་སོགས་པ་གདུལ་བྱ་ལ་ཉེ་བར་བསྟན་པ་ནི། རྒྱུད་གཅིག་པ་དང་ཐ་དད་པ་གཉིས་ཀར་སྦྱར་ཏེ། རྒྱུད་གཅིག་ལ་ཉོན་མོངས་ཞེན་པའི་བརྟགས་པ་ཉིད་ཕྱིར་པའི་ཡིད་ཕྱི་ནང་ལས་ནང་ཕྱེད་སྣང་དུ་འཛིན་པའི་ཕྱིར་དང་། ཚོགས་དྲུག་ཕྱི་ནང་གཉིས་ཀུན་སྣང་ཀར་གསལ་བའི་ཕྱིར་དང་། ཀུན་གཞི་མི་སྣང་ཤིན་ཏུ་ཆ་ཕྲ་བ་རྒྱུ་བའི་ཕྱིར་རོ། །དེ་བས་ན་ཁམས་གསུམ་གྱི་ས་བོན་རྒྱུད་ལ་ཡོད་པའང་མི་འདོད་པ་མ་ཡིན་ནོ། །ཐ་དད་དུ་ནི། འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་པ་སྟེ་ངོ་བོ་ནི་ཞེན་པའི་བརྟགས་པ་སྣང་བ་ཡིན་ལ། དེ་ཉིད་ནི་ཉིན་མཚན་ཆ་ཕྱེད་སྣང་གཉིས་སུ་སྣང་བའི་ཕྱིར་དང་། ལུས་དང་གནས་ཀྱི་འོད་ཀྱིས་ཉིན་མཚན་མེད་པར་ཀུན་སྣང་གསལ་བའི་ཕྱིར་དང་། ལུས་གནས་མི་སྣང་གཞན་གྱིས་མི་མངོན་པའི་ཕྱིར་ཤིན་ཏུ་གྲངས་ལས་འདས་པའོ། །ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་ཉིད། ཅེས་པ་ལ་སོགས་པ་གདུལ་བྱ་དང་བྱིན་རླབས་ཀྱི་མཛོད་པ་ངོ་བོས་ཐ་དད་པར་འཛིན་པའི་དོགས་པ་བསལ་བའི་ཕྱིར་ཏེ། ཁམས་གསུམ་ངོ་བོས་དེ་ཁོ་ན་བས་དེ་ལ་དངོས་གཞི་མེད་པར་བདལ་བའི་ཕྱིར་ཆོས་ཀྱི་དབྱིངས་སུ་བརྗོད་པའི་གཏན་ཚིགས་ནི། དེ་གཉིས་ཁམས་གསུམ་དུ་ཆོས་དབྱིངས་ངོ་བོ་གཅིག་མཚུངས་པས་ཁམས་གསུམ་ལས་གཞན་པའི་ཆོས་ཉིད་མ་དམིགས་སོ། །གཏན་ཚིགས་དེ་བས་ན་གཉིས་མེད་པའི་དོན་ཉིད་ནི་དངོས་པོ་གཉིས་པ་འཁོར་འདས་རིལ་འཆར་བའི་སྒོ་དང་མཛད་པ་ཇི་སྙེད་པའི་གཞིར་གྱུར་པའོ། །ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་གྱི་ཆེད་དུ་སྒོ་གསུམ་སྣང་བ་ནི། ཞེས་པ། འདོད་ཁམས་ཡེ་གཉིས་སུ་མེད་པའི་ངང་ལས་གཟུངས་མི་འབྲལ་བ་དང་། གཟུགས་དེའི་དོན་ཇི་ལྟར་རིག་གནས་པ་མཐོང་བ་དང་གཟུགས་མེད་དེ་ཉིད་མངོན་དུ་གསང་བྱས་པའི་དོན་སྨྲར་མེད་པའི་ཕྱིར། རྣལ་འབྱོར་གསུམ་གྱི་དོན་དུའང་འགྱུར་ཏེ། ཁམས་གསུམ་ལ་སྣང་བ་ནི་རིམ་པ་བཞིན་དུ་འགྱུར་རོ། །གཟུངས་ཀྱི་སྒོ་ཡང་གྲོང་ཁྱེར་གསུམ་གྱི་ཆེད་དུ་སྣང་བར་མཛད་པ་ནི། ཞེས་པ་གང་ཞེ་ན། རྒྱུད་གཅིག་གི་དབང་དུ་ཤེས་པ་གསུམ་དེ་ཉིད་ཐ་དད་པར་མི་སྣང་བ་དང་། དེར་འཛིན་ནང་གི་བསམ་གཏན་ལ་སོགས་པའི་འདུ་ཤེས་དང་། དེ་འཇུག་འདོད་ལྔའི་ཡུལ་ལ་སྤྱོད་པའོ། །དེ་དག་གྲོལ་བར་བྱ་བའི་རྐྱེན་གྱིས་དགོས་པ་ནི། དང་པོའི་རྐྱེན་དུ་ཆོས་ཇི་བཞིན་པ་ཡེ་མི་ཞི་གནས་གཡོ་དང་། བར་མའི་རྐྱེན་ཆོས་ཉིད་ཅིས་ཀྱང་མ་བསྒྲིབས་པར་རང་གསལ་བའི་ལྷག་མཐོང་ཡེ་ཤེས་དང་། ཐ་མའི་རྐྱེན་དུ་གཉིས་སུ་མེད་པའི་ལས་མཐའ་འབྲས་བུ་སྟེ། ཤེས་བྱ་དམ་པ་བས་ཤེས་པའི་མཚན་ཉིད་དུ་འགྱུར་རོ། །ཆ་མཐུན་གྱི་ཚུལ་ནས་ནི་གཟུགས་མེད་པ་ལ་ཆོས་ཉིད་ཞི་གནས་རང་ཆས་སུ་ཡོད་པ་དང་། གཟུགས་ལ་ཡེ་ཤེས་ལྷག་མཐོང་རང་ཆས་སུ་ཡོད་པ་དང་། འདོད་པ་ལ་འབྲས་བུ་ལས་མཐའ་རང་ཆས་སུ་ཡོད་པའི་ཕྱིར་ཏེ། འོན་ཀྱང་གཏན་ནས་རིས་སུ་ཆད་པ་ནི་མ་ཡིན་ནོ། །ལང་ཀའི་བདག་པོ་རིག་པའི་སྒོའང་། ཞེས་པ་གང་ཞེ་ན། གཟུགས་མེད་པའི་ཆེད་དུ་ཇི་ལྟ་བར་རྟོགས་ནས་བློ་བྱིང་རྒོད་དང་བྲལ་བར་བསྒོམ་པ་དང་། གཟུགས་ཀྱི་ཆེད་དུ་དེ་ཁོ་ན་ཉིད་ཇི་ལྟ་བའི་བདེན་པ་མཐོང་བའི་ལྟ་བ་དང་། འདོད་པ་ལ་ཕུང་པོ་ཁམས་ལ་སོགས་པ་རིལ་འབྲས་བུ་སྐུ་དང་ཡེ་ཤེས་གཉིས་སུ་མེད་པའི་ངོ་བོར་བསྟན་པའོ། །ལང་ཀའི་བདག་པོ། གསང་བའི་སྒོ་ཞེས་པ་གསུམ་ནི། གཟུགས་མེད་པ་ལ་དེ་བཞིན་ཉིད་མངོན་དུ་གྱུར་པས་འབྱུང་འཇུག་མེད་པ་དང་། གཟུགས་ལ་ཡེ་ཤེས་ཆེན་པོ་མངོན་དུ་བྱས་པས་རིག་པ་མ་འགག་པ་དང་། འདོད་པ་ལ་དེ་གཉིས་གཉིས་སུ་མེད་པས་རྟོག་ཚོགས་འབྲས་བུར་ཤར་བ་སྟེ་རྒྱུད་ཀྱི་དབང་དུ་འགྲེལ་པའོ། །ཐེག་པའི་དབང་དུ་འགྲེལ་པ་ནི། སྒོ་གསུམ་ནི་མདོ་སྡེ་པ་དང་། ཡོ་ག་ཕྱི་པ་དང་། གསང་སྔགས་ནང་པའོ། །ཀུན་འབྱུང་འདྲེན་པས་མི་འཆོར་བའི་ཕྱིར་དང་། དཀའ་ཐུབ་རིག་བྱེད་ཀྱིས་ཐེག་པའི་ཕྱིར་དང་། དབང་བསྒྱུར་ཐབས་ཀྱི་ཐེག་པ་དང་དཔག་དཀའ་བའི་ཕྱིར་སྒོ་གསུམ་གྱི་མིང་ངེས་པར་འགྲུབ་བོ། །དེ་བས་ཞི་གནས་ལྷག་མཐོང་ལམ་མཐའ་གསུམ་ཡང་ཐེག་པའི་གཞུང་སོ་སོ་བར་བསྙད་དོ། །ལན་དང་པོས་དྲི་བ་དང་པོ་བཅད་པ་ནི་གང་ཞེ་ན། ལང་ཀའི་བདག་པོ། གྲོང་ཁྱེར་གསུམ་གྱི་ཆེད་དུ། ཞེས་པ་ལ་སོགས་པ་སངས་རྒྱས་གསུམ་ཉེ་བར་བསྟན་པ་ནི། ངོ་བོ་ཉིད་ཀྱི་སྐུ་རྒྱུ་རྐྱེན་དང་བྲལ་བ་དང་། ཆོས་ཀྱི་སྐུ་ཚོགས་ལས་གྲུབ་པ་དང་། ལོངས་སྤྱོད་དང་སྤྲུལ་པ་དང་། གསང་བའི་སྐུ་གདུལ་བྱ་ལ་སྣང་བས་ཁམས་གསུམ་འདུལ་ལོ། །ལན་གཉིས་པས་དྲི་བ་གཉིས་པ་ངེས་པར་བཅད་པ་ནི་གང་ཞེ་ན། སེམས་ཅན་གསུམ་སྟེ། དེ་ཉི་གོལ་བའི་རྐྱེན། ཞེས་པ་གྲོང་ཁྱེར་གསུམ་གྱི་གནས་ན། ལྟ་བ་ཇི་བཞིན་པ་གོལ་བས་ཤེས་པ་གསུམ་དང་ལྡན་པའི་འགྲོ་བ་དང་། ཡེ་ཤེས་ཀྱི་དོན་གོལ་བས་ཤེས་པ་དྲུག་དང་ལྡན་པའི་འགྲོ་བ་དང་། སྤྱོད་པ་གོལ་བས་ཤེས་པ་ཚོགས་བརྒྱད་ཆར་དང་ལྡན་པའི་འགྲོ་བ་རྣམས་སུ་སྣང་ངོ་། །ལན་གསུམ་པ་ནི། ལང་ཀའི་བདག་པོ། གྲོང་ཁྱེར་གསུམ་གྱི་རྐྱེན་གྱིས་ལུས་གསུམ་བསྟན་པ་ནི། གང་ཞེ་ན། ཏིང་ངེ་འཛིན་གྱི་ལུས་ལ་གནས་པས་དངོས་པོ་བྲལ་བ་དང་། ཤིན་ཏུ་གཟུགས་བྱད་དང་ལྡན་པ་སྟེ། ཁམས་དེ་གཉིས་ནི་བརྫུས་ནས་སྐྱེ་བའི་ཆའོ། །ཕོ་མོ་དང་མ་ནིང་འགྱུར་བག་ཅན་དང་། མཚན་པོ་ཆེ་དང་། རླུགས་པ་དག་ཏུ་སྣང་བ་ནི་འདོད་ཁམས་སོ། །ལན་བཞི་པ་ནི། ལང་ཀའི་བདག་པོ། གང་འདོད་པའི་རྐྱེན་གྱིས་གང་གི་ཡབ་ཡུམ་དང་། ཞེས་པ་དག་ནི། འདོད་པ་ལ་ཆགས་པའི་ཁམས་དེའི་རྐྱེན་གྱིས་རྒྱལ་བ་མན་ཆད་ལ་ཡབ་དང་ཡུམ་དང་སྲས་དང་ལོངས་སྤྱོད་ལྔ་ལྟ་བུར་སྣང་ངོ་། །ལན་ལྔ་པ་ནི་འདི་ལྟ་སྟེ། དེ་ཡང་དེ་བཞིན་གཤེགས་པའི་ཡུམ་དུ། ཞེས་པ་སྙེགས་པས་རྗེས་སུ་མཐུན་པར་སྟོན་པ་ནི། རིགས་ཀྱི་བདག་པོ་ཧེ་རུ་ཀའི་ཐུགས་ཀ་ནས་ཀྲོ་དྷཱི་ཤྭ་རི་བཏོན་ནས་ཧི་ཧི་ཞེས་ཡུམ་དུ་མཛད་པ་ལྟ་བུ་དང་། བཤད་པའི་ཁྲོ་བོ་སྨེ་བརྩེགས་ལྟ་བུ་ལ་སོགས་པ་དང་། གསང་བའི་སྐུ་བྷ་ག་ལ་བཞུགས་པ་དང་། གསང་བའི་སྐུའི་མཛད་པ་ཡང་ཐབས་ཤེས་རབ་རོལ་པའི་དེ་ནའང་བྱིན་རླབས་ལས། གསང་བ་དམ་པ་སྔགས་དེ་ཁོ་ན་ཉིད་ཀྱི་ངེས་པ་རྙེད་པར་བྱེད་པ་དང་། ཐེ་ཚོམ་ཆོད་ནས་དེ་ལ་རྟེན་པ་མེད་དེ་སླར་ལོག་པ་དང་། གསང་བའི་སྐུའི་ཐེ་ཚོམ་ཞུ་བ་ནི། ཐབས་ལ་གནས་པ་དངོས་དང་། དེ་དག་ཏུ་རྩོམ་པ་དང་། དེས་གསུང་སྔགས་ཀྱི་རིགས་སྣང་བ་དང་ངེས་པར་བྱིན་གྱིས་རློབ་པ་བྱེ་བ་དང་། བྷ་གའི་གནས་བྱེ་བ་སྙེད་དུ་འཇུག་པའོ། །སྤྲུལ་པ་དང་ལོངས་སྤྱོད་ཀྱི་མཛད་པར་ཡང་མི་འདོད་པ་མ་ཡིན་ནོ། །ལན་དྲུག་པ་གང་ཞེ་ན། བསྟན་པ་གསུམ་སྟེ། ཞེས་པ་དག་ནི་གསང་སྔགས་ཇི་བཞིན་ཉིད་དང་། ཐེག་པའི་སྒོ་མ་ངེས་པ་བརྡ་ཐ་དད་པ་སྣ་ཚོགས་དང་། རྒྱུའི་ཐེག་པའོ། །དེ་དག་ནི་དེ་ཁོ་ན་ཉིད་མི་གཡོ་བ་རྟོགས་པས་ཆོག་པའི་ཕྱིར་དང་། ཡེ་ཤེས་ཀྱི་ཐབས་སྒོ་མང་པོ་དང་། སྤྱོད་པ་ལ་རྟེན་པའི་ཕྱིར་ཏེ་ཆ་མཐུན་གྱི་ཚུལ་ལོ། །རྒྱུད་གཅིག་པ་ནི་རྐྱེན་གསུམ་ཐེ་ཚོམ་མི་ཟ་ནའང་། རྒྱུད་ཐ་དད་པའི་དབང་དུ་ནི། གཟུགས་མེད་པ་རང་གི་ཏིང་ངེ་འཛིན་གྱི་ལུས་ལ་རྟེན་པ་ལ་གསང་སྔགས་ཀྱི་སྐལ་བ་མེད་པ་དང་། འདོད་ཁམས་ཞེན་ཆགས་ཅན་ལ་གསང་སྔགས་ཐབས་ཀྱི་སྒོ་གསུངས་ན། འདིར་ཐེག་པ་ཆུང་ངུར་བསྟན་པ་ནི་འགལ་བ་དུ་མ་འདུའོ་ཞེ་ན། སྔོན་དུ་དོགས་པ་བསལ་ཟིན་ཏེ་རིས་སུ་ཆད་པས་བསྟན་པ་མ་ཡིན་ནོ། །ལན་དྲུག་པ་གང་ཞེ་ན། ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་གྱི་ཆེད་དུ་ཏིང་ངེ་འཛིན། ཞེས་པ་ཤེས་པ་གསུམ་ཏིང་ངེ་འཛིན་གསུམ་ཡིན་པའི་དོན་ནི་འཆད་པར་འགྱུར་རོ། །ཐ་དད་པའི་དོན་དུ་ཆ་མཐུན་དུ་བསྟན་པ་སྟེ་བརྡ་མཇལ་སླའོ། །ལན་བདུན་པ་ནི་གང་སྙམ་པ་ལ། ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་གྱི་ཆེད་དུ་མཆོད་རྟེན། ཞེས་པ་མཆོད་རྟེན་ཉེ་བར་མཚོན་པ་ནི། ཐུགས་ཡེ་ཤེས་སྣང་བ་བྲལ་བའི་རྟགས་དང་། སྐུ་ཕྱག་རྒྱར་སྣང་བ་དང་། གསུང་བསྟན་པ་དག་སྟེ་ཁམས་གསུམ་ལ་མཐུན་ཕྱོགས་སུ་སྣང་ངོ་། །དཀྱིལ་འཁོར་གསུམ་ནི་རང་བཞིན་ཡེ་ནས་ལྷུན་གྱིས་གྲུབ་པ་དང་། རང་རིག་པ་ལྷའི་དཀྱིལ་འཁོར་དུ་གསལ་བ་དང་། དངོས་སུ་འདྲ་བར་བྱས་པ་སྟེ་རིམ་བཞིན་ནོ། །སྔགས་གསུམ་ནི། གདམས་ངག་གི་སྐབས་སུ་བཤད་ཟིན་ཏེ། འདིར་ཡི་གེ་གསུམ་རང་བཞིན་ལྷུན་གྱིས་གྲུབ་པ་བདེ་བར་གཤེགས་པའི་སྙིང་པོ་ཨཱོཾ་དང་། ཡེ་ཇི་བཞིན་པ་རིལ་དང་མི་ཕྱེད་པའི་ངོ་བོ་མཱུྃ་དང་། རྩ་བ་བྱང་ཆུབ་སེམས་སྤྱོད་ཡུལ་དང་བྲལ་བ་བློས་རེག་དཀའ་བ་ཉིད་ཧཱུྃ་ངོ་། གྱི་དོན་ཁོ་ནའོ། །གྲགས་པའི་དབང་དུ་ན་སྤྱི་གཞུང་ཉིད་དོ། །ལང་ཀའི་བདག་པོ། གྲོང་ཁྱེར་གསུམ་གྱི་ཆེད་དུ་འབྲས་བུ་དང་། ཞེས་པ་གྲངས་མཐུན་པའི་སྒོ་སྟེ། གཅིག་ལའང་གསུམ་ཀ་ཐུན་མོང་དུ་འགྱུར་རོ། །ལང་ཀ་ཞེས་པ་སྒྲ་ཇི་བཞིན་ནོ། །སུམ་ཅུ་དགུ་པའི་འགྲེལ་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་དེས། ལང་ཀའི་བདག་པོ་ལ་སྨྲས་པ། ཞེས་པ་སྟོན་པས་སྡུད་པ་པོ་ལ་བོས་ནས། དྲི་བ་ཐ་མ་རྗེས་སུ་དཔག་པའི་དོན་བསྟན་པའི་ཕྱིར་སྨྲས་པ་ནི་བཀའ་སྩལ་པའོ། །ལྟ་བ་མཐུན་པ་དྲང་བའི་ཕྱིར། ལང་ཀའི་བདག་པོ་གཞན་ཡང་སངས་རྒྱས་ཀྱི་ཆེད་དུ། ཞེས་པ་བོས་ནས་དཀྲི་ཐབས་སྔ་མ་ལས་མི་མཐུན་པ་འདོགས་ཡང་དག་པོའི་གསུང་བ་སུ་གནང་པའི་སྒོ་ནས་གསང་སྔགས་སྤྱོད་སངས་རྒྱས་པའི་རྣལ་འབྱོར་དམ་པ་རྣམས་ཀྱིས་དགོངས་པས་གསུངས་པ། སངས་རྒྱས་རྣམས་ཀྱི་དམ་པ་ནི། །ཞེས་པ་རྒྱལ་བའི་དགོངས་པའི་ཞེ་ཕུགས་གསང་སྔགས་ཐེག་པ་ཆེན་པོ་དམ་པ་ཉིད་ནི། དངོས་པོ་ཐམས་ཅད་ཀུན་ཀྱང་དེ་ཉིད་དུ་བྱུང་ཉིད་ལས་ཐེབས་པའི་མི་གཞན་ཕྱིར་གཏན་ཚིགས་དེས་ན། གང་ལའང་སྤོང་ལེན་ཅི་ལའང་བླང་དོར་བྱར་མེད་པར་མཉམ་པ་ཉིད་དུ་རྟོགས་པས་ན་ཆོས་རྡོ་རྗེ་ནམ་མཁའ་ཀྱི་སྐུ་ཆེན་པོ་ཐོབ་པ་ལ་གདོན་མི་ཟ་ཐེ་ཚོམ་མེད་པར་ལྟ་སྤྱོད་དེ་བཞིན་དུ་གྱིས་ཤིགས་པའོ། །ལང་ཀའི་བདག་པོ། རང་སངས་རྒྱས་ཀྱི་ཆེད་དུ་སྣང་བ་རྡོ་རྗེ། ཞེས་པ་ལ་སོགས་པ་འཆད་པ་དག་ནི། གོང་དང་མཐུན་པས་གསང་སྔགས་ལ་ཞུགས་པའི་དོན་ཏེ། རྒྱུན་དུ་ཞུགས་པ་ལ་རིགས་ཕྱེད་ནས་འདོད་ཁམས་སུ་སྐྱེས་པས་རྟོག་དཔྱོད་དང་ལྡན་པས། བླ་མ་ལ་མ་བརྟེན་པར་བྱང་ཆུབ་ཐོབ་པ་བ་རང་སངས་རྒྱས་རྣམས་ཐེག་པ་ཆེན་པོར་ཆེད་དུ་དྲང་བའི་ཕྱིར་སྣང་བ་ལུས་ཀྱི་རྫུ་འཕྲུལ་མངོན་དུ་མ་འགགས། རྡོ་རྗེ་མི་འཇིགས་པའི་དོན་མ་མཐུན་འཛིན་པས་ཐེག་པ་ཆེན་པོར་མཛད་པ་འདི་བཀའ་སྩལ་པ། ངག་ཉིད་རང་རིག་རྡོ་རྗེ་འདུས་མ་བྱས་པའི་ངོ་བོ་ཡི་གེ་བསྟན་པ་ནི་མེད། ལུས་ཉིད་རང་རིག་པའི་རྡོ་རྗེ་ཡི་གེ་རང་སྣང་བ་སྟོན་པ་རྫུ་འཕྲུལ་ཅིར་ཡང་སྣང་བ་ཡིན་པའི་དོན་བསྟན་པས། རང་རྒྱལ་བའི་གང་ཟག་གི་ཡིད་ཐེག་པ་ཆེན་པོའི་འདིར་སྒོར་བཅུག་དྲངས་ཏེ་གསང་སྔགས་པ་ཉིད་དུ་སུ་རིགས་ངེས་པ་མཛད་དོ། །ཉན་ཐོས་ཀྱི་ཆེད་དུ་བསླབ་པ་རྡོ་རྗེ་མཛད་པ་འདི། ཞེས་པ་ལ་སོགས་པ་སྟོན་པས་ཉན་ཐོས་དྲང་བའི་ཕྱིར་སྒོ་གསུམ་གྱི་བསླབ་པ་བསྲུང་བྱ་རྡོ་རྗེ་ཐེག་པ་ཆེན་པོར་མཛད་པའི་ཐབས་འདི་གསུང་བཀའ་སྩལ་པ། ལུས་ངག་ཡིད་ཀྱི་བསྲུང་བྱ་གསུམ་གསུམ་བཞི་སྟེ་དགེ་བ་བཅུ་པོ་ཉིད་ནི་སྒོ་གསུམ་ཡེ་ཤེས་རྡོ་རྗེ་ཡིན་པས་དེའི་ལས་བྱ་བ་བཅུ་ཡང་བསྲུང་བ་ཡོངས་སུ་རྣམ་པར་དག་པ་ཡིན་པའི་མཐའ་ཕྱིར། ཁོ་ཉིད་ཀྱི་སྤྱོད་པ་མ་དོར་བར་གསང་སྔགས་སུ་མཛད་པས་ཉན་ཐོས་མྱ་ངན་ལས་འདས་པ་ཞི་བ་ཕྱོགས་ཡིད་གཅིག་པུའི་མཐའ་ལ་གནས་པའང་ཐེག་པ་ཆེན་པོར་དམ་ཉིད་དུ་རིགས་ངེས་པའོ། །རྣལ་འབྱོར་སེམས་པའི་ཆེད་དུ། ཞེས་པ་རྣམ་རིག་དང་རྣལ་འབྱོར་དབུ་མ་པ་དྲང་བའི་ཕྱིར། ཆེད་དུ་ཁོའི་ལྟ་བ་ཉིད་རྡོ་རྗེ་ཐེག་པ་ཆེན་པོར་གསུང་བ་མཛད་པ་བཀའ་སྩལ་པ། ཐམས་ཅད་དངོས་པོར་རིལ་རྣམ་རིག་དཔེར་མིག་རྫི་འཁོར་ལངས་པས་སྐྲའི་འཁོར་ལོ་མཐོང་བ་ལྟར་ཤེས་པ་འཁྲུལ་པ་སྣང་བ་ཉིད་དངོས་ཡུལ་ཐ་དད་པར་སྣང་བ་ཀུན་རྫོབ་བོ། །དེ་ལྟ་བས་ཡུལ་གྱི་རྣམ་པ་རང་རྒྱུད་པ་གཞན་མེད་དེ། ཤེས་པ་དེ་ཉིད་ཡེ་ཤེས་སྐད་མི་རྟག་ཅིག་མ་རྒྱུན་གྱི་རྟག་པར་དོན་དམ་པར་ཡང་ཡོད་པར་འདོད་པ་ཉིད་རྣམ་ཤེས་གང་ཡིན་འདིར་ཡང་ཐམས་ཅད་རིག་པ་སྣང་བའི་ཆ་མཐུན་གྱི་དེ་དག་གི་ཡིད་མོས་བཅུག་པས་ཐེག་པ་ཆེན་པོའི་གསང་བ་དམ་པ་སྒོར་ཞུགས་ཏེ་རིགས་ངེས་པར་མཛད་དོ། །ལང་ཀའི་བདག་པོ་ཡང་སྐྱེས་བུ་དེས་གང་གི་མཐའ་ཡོངས་སུ་སེལ་བ་དག་གི་ཆེད་དུ། ཞེས་པ་ལ་སོགས་པ་སྟོན་པས་དབུ་མ་པ་གཟུད་པའི་ཕྱིར་གསུངས་པ་ནི། དབུ་མའི་དོན་དམ་པར་ནམ་མཁའ་རྡོ་རྗེ་མ་སྐྱེས་པར་གསལ་བའི་ལྟ་བ་ཉིད་རྡོ་རྗེ་ཐེག་པར་མཛད་པའི་དོན་བཀའ་སྩལ་ཏོ། །གང་སུ་ཞིག་གིས་དབུ་མའི་སྐབས་སུ་འདིར་རྟེན་འབྲེལ་གྱི་གཏན་ཚིགས་ཀྱིས། རྟེན་འབྲེལ་འདུས་མདོ་ཙམ་ན་དེ་ཉིད་ལ་རྣམ་པ་མེད་པ་ངོ་བོ་མེད་པས་ཡོད་མཐའ་གྲོལ་ལ་སྒྱུ་མ་ཙམ་དུ་སྣང་བས་མེད་པ་གྲོལ་བ་ཉིད་ལ། འདི་འདྲར་མེད་པའི་མཐའ་གཉིས་ངེས་པར་རབ་བསལ་ཏེ་བླ་དྭགས་དབུ་མ་སྟེ། སེམས་ཉིད་གང་ཡིན་དེ་ཉིད་འདིར་གཉིས་མེད་མཐའ་ལས་གྲོལ་བར་དབུ་མར་མི་དམིགས་མཛད་པས་དབུ་མའང་ཐེག་པ་ཆེན་པོར་མཛད་དོ། །འཁོར་བའི་ལམ་པ་དག་ཀྱང་ཡང་དག་པའི་ལམ་དུ་མཛད་པ་གང་སྙམ་པ་ལ། ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས། ཚངས་པ་ལ་སོགས་པ་གཏི་མུག་ཅན་གྱི། ཞེས་པ་ལ་སོགས་པ་སྡུད་པ་པོ་ལ་བོས་ནས་ལོ་རྒྱུས་སུ་བཀའ་སྩལ་པ་ནི། སྟོན་པ་དེས་གཏི་མུག་ཅན་རྣམས་གཏི་མུག་དེ་ཉིད་ཀྱིས་གྲོལ་བར་བྱ་བའི་ཕྱིར། གཏི་མུག་མ་རིག་ཉིད་རྡོ་རྗེ་ཐེག་པའི་དོན་དུ་རྡོ་རྗེ་མཛད་པའི་ཐབས་མཛད་དོ་བཀའ་སྩལ་པ། འཇིག་རྟེན་ཀུན་ཕྱི་ནང་ན་གནས་པའི་འགྲོ་བའི་རྒྱུད་ཀྱི་གཏི་མུག་གི་ངོ་བོ་ཉིད་ལས་ནོར་བ་ཙམ་ཡང་ངོ་བོ་བྱང་ཆུབ་སེམས་ཀྱི་རྡོ་རྗེ་འབྱུང་ཡེ་ཤེས་ཆེན་པོའི་ཀློང་དུ་གསལ་བའི་ཕྱིར། གཉིས་སུ་མེད་པ་བྱང་ཆུབ་ཆེན་པོའི་དོན་དུ་དེ་ཉིད་ཤར་ཏེ། གཏི་མུག་རྡོ་རྗེ་འབྱེད་པ་མེད་པའི་དོན་གཞན་ནས་བཙལ་བས་འབྱུང་བ་མ་ཡིན་པས་སྤང་དུ་མེད་པར་བཀའ་སྩལ་པས། གཏི་མུག་ཅན་དག་གསང་ཆེན་ཐེག་པར་གཉིས་མེད་དོན་ལ་བཙུད་དེ་རིགས་ངེས་པའོ། །ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས། གུ་ལང་ལ་སོགས་པ། ཞེས་པ་སྟོན་པས་སྐྱེས་བུ་དམ་པ་དེས་འདོད་ཆགས་ཅན་གུ་ལང་སོགས་གྲོལ་བར་བྱ་བའི་ཆེད་དུ་ཕྱིར། འདོད་ཆགས་ཡེ་ཤེས་རྡོ་རྗེ་མཛད་པའི་ཐབས་འདི་བཀའ་སྩལ་ཏོ། །འཇིག་རྟེན་འགྲོ་བ་ཕོ་མོ་བཅུད་མང་པོ་ཇི་སྙེད་གང་ཡང་རུང་བ་ཆགས་པས་ཞེན་པོ་དག །ཁྱད་པར་དུ་ལོ་ཀའི་ཁམས་ན་གུ་ལང་དང་ཨུ་མ་དེ་བ་གཉིས་འཁྲིགས་པ་ཆགས་པ་ལ་ཞེན་པ་ཡང་བཤད་མཐུན་པས་འདུལ་བ་པའི་གཡེམ་ལ་གཡེམ་དང་། མི་མཐུན་པས་འདུལ་བ་གཡེམ་པ་འདུལ་བའི་ཐབས་ཁྱད་པར་ཅན་དང་། ཆགས་པ་ཉིད་རྡོ་རྗེ་ཆགས་མེད་ཀྱི་ཡེ་ཤེས་པས་མི་འགོག་ཡིད་བཅུགས་ནས་མི་ཐོགས་པར་བཀའ་སྩལ་པ། ཆགས་ཞེན་ཅན་རྣམས་གསང་ཆེན་གཉིས་མེད་དོན་ལ་བཙུད་དེ། ཐེག་པ་ཆེན་པོའི་རབ་རིགས་སུ་ངེས་པ་ཡང་དག་པར་མཛད་དོ། །ལང་ཀའི་བདག་པོ། ཡང་སྐྱེས་བུ་དམ་པ་དེས་བྱིཥྞུ་ལ་ལ་སོགས་པ་ཞེ་སྡང་ཅན་གྱི་ཆེད་དུ་གསོད་པ་རྡོ་རྗེ་འདི། ཞེས་པ་དག་སྟོན་པ་དེས་ཞེ་སྡང་ཅན་རྣམས་ཀྱི་ཆེད་དུ་སྤྱོད་པ་དེ་ཉིད་ཀྱིས་གྲོལ་བར་བྱ་བའི་ཕྱིར། གསོད་གཅོད་ཡང་དག་པའི་མཛད་པར་བསྟན་པའི་ཐབས་འདི་གསུང་བར་མཛད་དོ་བཀའ་སྩལ་པ། གསད་བྱའི་ཇི་སྙེད་སེམས་ཅན་གཡོ་རྡུལ་སྙེད་རྣམས་གཉིས་མེད་རྡོ་རྗེ་དུ་རྟོགས་པའི་མཚོན་ཆེན་ཤེས་རབ་ནི་ལས་ཀྱི་རྡོ་རྗེའི་མཚོན་ཆ་སྟེ་རིལ་མ་སྐྱེས་པའི་ངང་དུ་བསད་སྲོག་བཅད་པས། སྤྱོད་པ་ཞེ་སྡང་ཉིད་ཀྱང་མ་བཀག་བྱས་པ་མེད་ན་རྡོ་རྗེ་ཡང་དག་པའི་ཡིད་བཅུགས་ནས་མཛད་པར་གསུངས་པས། དེ་དག་མོས་པ་རྡོ་རྗེ་ཐེག་པར་བཙུད་དེ་གྲོལ་བར་རབ་ངེས་པའོ་མཛད་དོ། །ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས། གནོད་སྦྱིན་ལ་སོགས་པ་ཕྲག་དོག་ཅན་གྱི། ཞེས་པ་ལ་སོགས་པ་སྟོན་པས་ཕྲག་དོག་ཅན་གྱི་འགྲོ་བ་སྒྲོལ་བའི་ཆེད་དུ་ཕྱིར། འཁྲུགས་པ་སེམས་ཀྱི་ཁོང་ཁྲོ་ཉིད་རྡོ་རྗེ་གཉིས་མེད་ཀྱི་ཡེ་ཤེས་སུ་མཛད་པའི་ཐབས་བཀའ་སྩལ་གསུང་བ་མཛད་པ། གཞན་གྱི་ཤ་ཁྲག་དག་ཏུ་ཉིང་ཤས་འཚོ་བ་དང་། གཞན་གྱི་ལོངས་སྤྱོད་ཀྱི་འདོད་པ་ཡོད་པར་མི་དགའ་ཀུན་སྡོམ་པས་དུས་ཀུན་ཏུ་སྡོམ་པ་ཕྲ་དོག་སྟེ། དེ་ལྟར་དོགས་པ་ཉིད་ཡེ་ཤེས་རྡོ་རྗེ་ཆེན་པོའི་ངང་ལ་མཚན་རྟོག་མི་ཆུད་པའི་དོན་རྟོགས་པའི་ཤེས་རབ་ཀྱི། བདུད་དཔུང་གིས་མི་བརྫི་བའི་གོ་མཚོན་བགོས་དང་ལྡན་པ་དེ་ཡིན་པས་ཕྲག་དོག་སྤང་ཀུན་འཁྲུག་དུ་མེད་པས། སྤང་དུ་མེད་པར་ཡིད་བཅུགས་ནས་བཀའ་སྩལ་པས་ཕྲག་དོག་ཅན་གྱིས་དོན་རྟོགས་ནས་གསང་ཆེན་སྙིང་པོར་རིགས་ངེས་སོ། །ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས། གང་ཀླུ་ལ་སོགས་པ་ཕྲ་མ་ཅན་གྱི་ཆེད་དུ། ཞེས་པ་ལ་སོགས་པ་སྟོན་པས་ཕྲ་མ་སྒྲོལ་ཆེད་དུ་ཕྱིར་དེ་ཉིད་ཡེ་ཤེས་ཆེན་པོར་མཛད་པའི་ཐབས་གསུངས་པ། གཉིས་སུ་མེད་པའི་རྡོ་རྗེ་དམ་པ་ཡེ་ཤེས་ཐེག་པ་འཛིན་པ་ཅན་ནི་གཞན་དང་འབྱེད་པའི་ཕྲ་མའི་ངོ་བོ་མཆོག་ཉིད་ཡིན་པར་རྟོགས་པས་ཕྱིན་ཅི་ལོག་གི་ལྟ་བ་དང་། ཡང་དག་པའི་ལྟ་བ་ཤན་མ་འདྲེས་པར་བྱས་ཏེ། ལོག་པར་མི་གནས་པའི་ཕྲ་མ་ཆེན་པོ་དེ་དག་གིས་རྟོགས་པ་བཅུག་པ་སྟེ་གསང་སྔགས་དམ་པར་མཛད་ངེས་པའོ་དོ། །ལང་ཀའི་བདག་པོ་ཡང་སྐྱེས་བུ་དམ་པ་དེས། ལྷ་མ་ཡིན་ལ་སོགས་པ། ཞེས་པ་སྟོན་པས་ང་རྒྱལ་ཅན་རྣམས་དགྲོལ་བའི་ཆེད་དུ་ཕྱིར། གདུལ་དཀའ་དྲེགས་པས་ཁེངས་པའི་ངོ་བོ་ཉིད་རྡོ་རྗེ་ཡེ་ཤེས་ཆེན་པོའི་ཡོན་ཏན་རྫོགས་པའི་ཆེ་བཙན་དུ་མཛད་པ་གསུངས་པ། ང་རྒྱལ་མ་ནོར་བ་ནི་རྡོ་རྗེ་གསུམ་གྱི་སྐུ་མཆོག་ཁྲོ་བོར་བྱུང་བས་ལོག་པའི་གདུལ་དཀའ་མ་ལུས་པ། དྲེགས་པ་ཅན་རིལ་བཏུལ་ཚར་བཅད་མནན་ཏེ་གདན་དུ་བརྩེགས་པས་ང་རྒྱལ་གྱི་རི་བོ་ཆེན་པོ་སྤྱོད་པ་ལ་བྱས་འཛིན་མེད་པས་རྣམ་སྨིན་མེད་པར་བཀའ་སྩལ་པས་དེ་དག་གིས་རྟོགས་ནས་རིགས་སུ་རྡོ་རྗེ་ཐེག་པར་ངེས་པའོ་ངེས་སོ། །ལང་ཀའི་བདག་པོ། ཡང་སྐྱེས་བུ་དམ་པ་དེས་སྲིན་པོ་ལ་སོགས་པ། ཞེས་པ་དག་སྟོན་པས་སྲིན་པོ་ལ་སོགས་ཤ་ཟ་དགྲོལ་བར་བྱ་བའི་ཆེད་དུ་ཕྱིར། ཆགས་རྔམ་གྱིས་འཚོ་བ་ཉིད་འདིར་རྡོ་རྗེ་ཡེ་ཤེས་ཆེན་པོས་ལོག་པ་ལ་རྔམ་པ་ང་རྒྱལ་རྡོ་རྗེ་ཡིད་བཅུགས་ནས་མཛད་པའི་ཐབས་གསུངས་པ། དོན་མི་ཕྱེད་རྡོ་རྗེ་མི་འཇིགས་བཙལ་བ་མེད་པར་རྟོགས་པས་ངོ་བོ་ཐམས་ཅད་མ་ལུས་པ་ཡེ་ཤེས་ཆེན་པོའི་ཀློང་དུ་ཟད་པར་གསལ་བ་ཉིད་ལ་ཤ་ཟ་བའང་མི་འགོགས་པས་ཟ་བ་ཆེན་པོར་རྔམ་པ་རྡོ་རྗེར་ཡིད་བཅུགས་ནས་གསུངས་པས། དེ་དག་གིས་དོན་དེ་མཐོང་ནས་ཐེག་པ་ཆེན་པོར་རབ་ངེས་པའོ། །རིགས་ངེས་པར་མཛད་དོ། །ལང་ཀའི་བདག་པོ། ཡང་སྐྱེས་བུ་དམ་པ་དེས་མཁའ་འགྲོ་ལ་སོགས་པ་གང་ཕྲ་མེན་མ་དག་གི་ཆེད་དུ། ཞེས་པ་ལ་སོགས་པ་སྟོན་པས་ཕྲ་མེན་རྡོ་རྗེ་ཡིད་བཅུགས་ནས། དེ་དག་དགྲོལ་བའི་ཕྱིར། སྨད་པ་ལྔ་ཉིད་ཡང་དག་པའི་དོན་དམ་པར་བཀའ་སྩལ་པ་ནི། གཤང་གཅི་ལ་སོགས་པ་སྨད་པའི་རྫས་ཉིད་ཀྱང་རང་རིག་པ་ལ་འདི་བཏུང་མི་བཏུང་མེད་པའི་ཡེ་ཤེས་སྣང་བའི་ཕྱིར། རྒྱལ་བ་མན་ཆད་ཀུན་གྱི་སྤྱོད་པ་བཟུང་བ་དམ་པ་ལ་དངོས་གཞི་ཕྱོགས་གཅིག་གི་སྤྱོད་པར་ཆོས་ཉིད་ལ་གཙང་སྨེ་མེད་པ་དང་ཉོན་མོངས་པའི་དུག་བདུང་རྩིར་བསྒྱུར་བ་དང་འཁོར་བ་ཟད་པར་བྱེད་པའི་ཐབས་ཀྱི་ཕྱིར་མ་ངེས་པས། དེ་ལྟར་རྟོགས་པ་ནི་རིལ་མཉམ་པའི་ངང་དུ་འཐུངས་པ་ལ་སྤྱད་བཀག་མེད་པར་སྤྱད་པར་བཀའ་སྩལ་པས། དེ་དག་གིས་རྟོགས་ནས་སྲས་རྡོ་རྗེ་གསང་བར་རབ་ངེས་པའོ་དམ་པར་མཛད་དོ། །ལང་ཀའི་བདག་པོ། ཡང་སྐྱེས་བུ་དམ་པ་དེས། མཐའ་ཡས་རྡོ་རྗེ་མཛད་པ་འདི་གསུངས་པ་མཛད་དོ། །ཞེས་ལ་སོགས་པ་སྟོན་པས་འགྲོ་བ་མཐའ་ཡས་རིལ་སྒྲོལ་བའི་ཕྱིར། སྤྱོད་པ་མཐའ་ཡས་སོ་སོ་ཇི་སྙེད་པའང་ཡང་དག་རྡོ་རྗེ་པའི་མཛད་པའི་ཐབས་ཡིན་པར་བཀའ་སྩལ་པ། འགྲོ་བའི་གནས་རྡུལ་སྙེད་ན་ཕྱིན་ཅི་ལོག་གི་རྟོག་པ་ནང་རིས་མི་མཐུན་པ་ལ་གཉེན་པོ་རྡུལ་སྙེད་ཀྱིས་སྤོང་བ་དང་། ཟིལ་གྱིས་གནོན་པ་དང་། ཐག་བསྲིང་བ་ལ་སོགས་རྡུལ་སྙེད་ཀྱི་ཐབས་ཀྱིས་ཆ་མཐུན་འདུལ་བར་མཛད་པས་དེ་དག་རིལ་རྡོ་རྗེ་ཐེག་པའི་དབྱིངས་སུ་སྦྱོར་བས་ཡང་དག་པ་ལ་འགོད་དོ། །འགྲོ་བའི་སྤྱོད་པ་བསམ་ཡས་པའང་རང་རིག་པའི་ཡེ་ཤེས་རྒྱུ་རྐྱེན་དང་བྲལ་བ་ཉིད་ཡིན་པས། དོན་དེ་རྟོགས་ན་སྤྱད་པ་ཐ་དད་གང་ལ་དགའ་སྤྱོད་དེ་ཉིད་གནང་བས་ཆ་མཐུན་པར་བསྟན་པ་དེས་འགྲོ་བ་རིལ་ཡང་མོས་ཤིང་རྟོགས་པས་སྲས་སུ་མི་འགྱུར་བར་མཛད་དོ། །དེ་དག་གི་དོན་ཡང་རིལ་གསང་སྔགས་མཚོན་པའི་སྒོར་མ་གྱུར་པ་མེད་པ་དང་། དེ་ཉིད་ཀྱིས་རྒྱས་བཏབ་པས་སྤྱོད་པ་དོར་བྱ་མ་དམིགས་པ་དང་། དོན་གཞན་ནས་མི་འབྱུང་བ་དང་། རིག་ན་རང་ལས་འཆར་བའི་ཕྱིར་རྟོགས་པ་དང་། མོས་པ་དང་། ཞུགས་པ་དང་། སྲས་དམ་པར་གྱུར་པ་ལ་ཐེ་ཚོམ་མེད་དོ། །ཚིག་དེ་ལས་རྗེས་སུ་དཔག་པ་དཔྱད་བརྟགས་ན་གོ་བས་ལན་ཐ་མར་ཡང་ངེས་སོ། །ལེའུ་བཞི་བཅུ་པ་བཀྲོལ་ཞིང་འགྲེལ་པའོ།། །།འདིར་ཡང་དྲི་བ་དགུ་པའི་ལན་ངེས་པར་བསྟན་པའི་ཕྱིར། དེ་ནས་གསང་བའི་བདག་པོ་དེས། ལང་ཀའི་བདག་པོ་ལ་སྨྲས་པ། ཞེས་པ་སྟོན་པས་སྡུད་པ་ལ་ཐབས་ཀྱི་ཕྲིན་ལས་ཉེ་བར་བསྟན་པ་ནི། གང་གིས་ཡུལ་ཐ་དད། ཅེས་པ་གདུལ་བྱའི་བསམ་པ་མི་མཐུན་པའི་དགོས་ཆེད་དུ་ཐབས་ཀྱི་སྒོ་ཇི་སྙེད་པས་མཐར་ཕྱིན་པར་མཛད་པའོ། །ཡུལ་ལ་ལ་ནི། ཞེས་པ་ལ་སོགས་པ་རྣམས་ནི། དོན་བྱ་བའི་ཡུལ་གདུལ་བྱ་བསམ་པ་མི་མཐུན་པས་ལ་ལ་དགར་བ་ནི། ཐར་པའི་སྤྱོད་པས་འདུལ་བ་དང་། འཇིག་རྟེན་པའི་སྤྱོད་པས་འདུལ་བ་དང་། དགེ་བ་དཀར་བའི་ལས་སྤང་བས་འདུལ་བ་དང་། གདམས་ངག་འཇམ་པས་འདུལ་བ་དང་། དེ་བཞིན་དུ་འཆལ་བའི་སྤྱོད་པས་འདུལ་བ་དང་། ངག་འཇམ་པོའི་སྤྱོད་པས་འདུལ་བ་དང་། ཤིན་ཏུ་རྩུབ་པས་འདུལ་བ་ལྷ་དང་ལྷ་མ་ཡིན་ལྟ་བུའོ། །དེ་གཉིས་ཀ་བྱས་པས་འདུལ་བ་དང་། བསྡིགས་པས་འདུལ་བ་དང་། རྒྱལ་པོའི་ཆ་ལུགས་ཀྱིས་འདུལ་བ་དང་། ཉོན་མོངས་པ་སྤྱད་པས་འདུལ་བ་དང་། སེམས་བྱིང་རྨུགས་པ་སྟེ་གཏི་མུག་གིས་འདུལ་བ་དང་། རྩོད་པས་འདུལ་བ་སྟེ་ཞེ་སྡང་གིས་འདུལ་བ་དང་། ང་རྒྱལ་གྱི་རི་བོས་གནོན་པས་འདུལ་བ་དང་། འདོད་ཆགས་ཀྱི་མེས་སྲེག་པས་འདུལ་བ་དང་། བསོད་སྙོམས་ཀྱིས་འདུལ་བ་དང་། དེ་མ་ཡིན་པས་འདུལ་བ་དང་། གནོད་བགེགས་ལྟ་བུས་འདུལ་བ་དང་། ཕན་པས་འདུལ་བ་ལྷ་ལྟ་བུས་བྱེད་པར་མོས་པ་དང་། ལུས་དང་ལོངས་སྤྱོད་ལ་འཚེ་བ་བྱས་པས་འདུལ་བ་དང་། མ་གཙེས་པར་གཞག་པས་འདུལ་བ་དང་། སྒོ་གསུམ་ལ་སྨད་པར་བྱས་པའི་ངག་གིས་འདུལ་བ་དང་། བསྟོད་རས་འདུལ་བ་དང་། སྔར་གྱི་བྱ་བ་ལ་འགྱོད་པས་འདུལ་བ་དང་། དེ་མིན་པས་འདུལ་བ་དང་། ཀུ་རེ་དང་བྲེ་མོས་འདུལ་བ་དང་། ཁ་བསགས་ཀྱིས་འདུལ་བ་དང་། ཏན་དུ་བྱས་པས་འདུལ་བ་དང་། བྲིད་པས་འདུལ་བ་དང་། སྦྱིན་པས་འདུལ་བ་དང་། ཚུར་བླངས་པས་འདུལ་བ་དང་། ནོར་ཟས་དངོས་པོ་གང་ལའང་ཆོག་ཤེས་པས་འདུལ་བ་དང་། མིང་ལ་སོགས་པ་སྒྲ་བཞིན་དུ་སྦྱར་རོ། །དེ་བས་ན་བྱང་ཆུབ་སེམས་སྐྱེ་བའི་རྐྱེན་མ་ངེས་པས་གསང་སྔགས་ཀྱི་མཛད་པ་ལའང་རིས་མེད་པར་སྤྱོད་པའོ། །སེམས་སྐྱེ་བའི་ཚུལ་ནི་རང་གི་རིག་པས་སྐབས་སུ་སྦྱར་རོ། །གང་ལ་ལ་ནི་ཐུབ་པས་སོ། །གང་ལ་ལ་ནི་རྒྱུན་མི་ཆད་པར་སྨྲ་བས་སོ། །ཞེས་པ་ལ་སོགས་པ་གང་དག་ལ་སྤྲུལ་པའི་སྐུ་ལྟ་བུས་འདུལ་བ་དང་། དུས་གསུམ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བས་འདུལ་བ་དང་། སེ་གོལ་ཡུལ་དུ་ཆོས་བསྟན་པས་འདུལ་བ་དང་། ལོངས་སྤྱོད་ཀྱི་སྐུ་ལྟ་བུ་མ་གསུངས་པས་འདུལ་བ་དང་། སྐུ་བསྟན་པས་འདུལ་བ་དང་། ཆོས་ཀྱི་གསུང་དབྱངས་ཀྱིས་འདུལ་བ་དང་། གང་དག་རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་གྱི་གསུང་གིས་འདུལ་བ་དང་། རྣམ་པར་མི་རྟོག་པ་བསྟན་པས་འདུལ་བ་དང་། རྟོག་པ་ཤ་སྟག་གིས་འདུལ་བ་དང་། སྡུག་བསྔལ་དུ་བཅུགས་པས་འདུལ་བ་དང་། བདེ་བ་ལ་བཀོད་པས་འདུལ་བ་དང་། ཆོས་དང་གང་ཟག་མེད་པས་འདུལ་བ་དང་། ཡོད་པར་བསྟན་པ་ལྟ་བུས་འདུལ་བ་དང་། ཕྲིན་ལས་རྣམ་བཞིས་འདུལ་བ་དངོས་དང་། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་འདུལ་བ་དང་། སྡུག་བསྔལ་མྱོང་བར་ལུང་བསྟན་པས་འདུལ་བ་དང་། བདེ་བའི་གོ་འཕང་ཐོབ་པར་བསྟན་པས་འདུལ་བ་དང་། ཉན་ཐོས་ཀྱི་དཀའ་ཐུབ་ལྟ་བུས་འདུལ་བ་དང་། གསང་སྔགས་ནང་པའི་སྤྱོད་པ་ལྟ་བུས་འདུལ་བ་དང་། རིག་སྔགས་ཀྲྀ་ཡའི་སྤྱོད་པ་ལྟ་བུས་འདུལ་བ་དང་། བདག་ཉིད་ལ་ལོངས་སྤྱོད་ཚངས་བས་འཁོར་ལོས་སྒྱུར་བའི་ལོངས་སྤྱོད་ལྟ་བུས་འདུལ་བ་དང་། གང་བྱ་བ་རིལ་དུས་གཅིག་ཏུ་རྫོགས་པའི་ཐབས་ཨ་ཏི་ཡོ་ག་ལྟ་བུས་འདུལ་བ་དང་། སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་མཐུན་པ་དང་དོན་སྤྱོད་པའི་བསྡུ་བའི་དངོས་པོ་བཞིས་འདུལ་བ་དང་། ལུས་སྦྱིན་པས་འདུལ་བ་དང་། ལོངས་སྤྱོད་སྦྱིན་པས་འདུལ་བ་དང་། གཉིས་ཀ་གཏང་བས་འདུལ་བ་དང་། དེ་རིལ་ལ་ཞེན་པས་འདུལ་བ་དང་། འདུ་བྱེད་ཆེན་པོས་འདུལ་བ་དང་། བསམ་གཏན་གྱིས་འདུལ་བ་དང་། འཁྲིག་པ་སྤངས་པས་འདུལ་བ་དང་། སྤྱད་པས་འདུལ་བ་དང་། ཐབས་ཀྱི་སྒོ་བརྒྱད་ཅུ་རྩ་བདུན་སྨོས་པ་ལ་སོགས་པས་འདུལ་བའོ། །དེ་ཅིའི་ཕྱིར་ཞེ་ན། གང་དེ་ལྟར་མོས་པ་ཐ་དད་པ། སྤྱོད་པ་དང་། གཟུགས་དང་། སྒྲ་དང་། ལྟ་བ་དང་། ཐབས། ཞེས་པ་བསམ་པ་ཐ་དད་པའི་ཕྱིར། དངོས་པོ་བདུན་པོའང་ཐ་དད་པར་སྟོན་པའང་སྔ་མའི་ལུས་མདོར་བསྟན་པ་སྟེ། ཡར་བཀབ་ལ་བཤད་དགོས་པའི་ཕྱིར་རོ། །འདི་དག་ཐམས་ཅད་དུ་རང་ཐད་མ་ཡིན་ཏེ། གང་ལའང་འཆད་པའི་ལྡེམ་དགོངས་བརྒྱད་ཀྱི་ཆ་དང་མི་ལྡན་པ་ནི་མ་ཡིན་ཏེ་ཀུན་ལའང་ལྡན་ནོ། །ལེའུ་བཞི་བཅུ་གཅིག་པ་འགྲེལ་པའོ།། །།དཔེ་ངང་སྐུའི་མཛད་པ་གཉིས་བསྟན་པའི་ཕྱིར། དེ་ནས་ཡང་གསང་བའི་བདག་པོ་དེས། ལང་ཀའི་བདག་པོ་ལ་སྨྲས་པ། ཞེས་པ་ལན་བརྒྱད་པ་དཔེའི་ལེའུ་འདི་ལ་མཚོན་པ་དཔེའི་ཚིག་མེད་པས། དཔེའི་ལན་དུ་ཇི་ལྟར་འགྱུར་ཞེ་ན། འདྲ་བ་དང་མི་འདྲ་བ་དང་ཕྱོགས་ཙམ་མཐུན་པའི་དཔེ་བཅད་ནས་དོན་དཔེར་བླངས་ཡིན་ཏེ། ཐེ་ཚོམ་གཅོད་པའི་ཕྱིར། སྡུད་པ་པོ་ལ་བོས་ནས་དཔེ་སྒྲོན་མ་དང་འདྲ་བའི་ཚུལ་ནས་སྐུའི་མཛད་པ་ཉེ་བར་བསྟན་པ་ནི། ཇི་ལྟར་རྡོ་རྗེ་སེམས་དཔའི་སྤྲུལ་པ། ཞེས་པ་ལ་སོགས་པ་ཀླད་དུ་ལེའུ་བདུན་པར་སྨོས་པ་དག་གི་སྤྲུལ་པས་གདུལ་བྱ་སྨིན་པར་བྱེད་པ་ནི་ངོ་བོའོ། །དེ་ལྟར་ན་གང་གི་ཆེད་དུ། ཞེས་པ་དག་ནི། གདུལ་བྱའི་ཕྱིར་ཐུགས་དང་གསུང་དང་སྐུའི་ལས་དང་སྤྲུལ་པ་དང་ཐབས་ཤིན་ཏུ་མང་ལ་འབྲེལ་པ་ནི། གཅིག་ཏུ་ངེས་པ་མེད་པས་གཅིག་དང་དུ་མ་ལས་གྲོལ་བས་ངོ་བོ་མ་དེ་ནི་འགྲོ་བ་རྣམས་བློ་དང་མོས་པ་བཞིན་ངེས་ཏེ་དེ་ལྟར་མིན་པས་སོ། །ངེས་སོ། །དེ་ཅིའི་ཕྱིར། ཞེས་པ་གཏན་ཚིགས་ནི། འགྲོ་བ་བསམ་པ་ཐ་དད་པ་ཐབས་སྒོ་མང་པོའི་ཕྱིར་རོ། །ལང་ཀའི་བདག་པོ་གང་དམ་པ། ཞེས་པ་དག་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། མཚོ་དྭངས་པའི་གཟའ་སྐར་ལྟར་རྣམ་གྲངས་ཇི་སྙེད་པ་སྤྱོད་ཡུལ་དང་བྲལ་བས་མི་རྟོག་བཞིན་དུ་མཁྱེན་པའོ། །ཐམས་ཅད་ནས་ཐམས་ཅད་དུ་དུས་དང་སྐབས་རིལ་དུ་རྒྱལ་བའི་ཐུགས་ཇི་བཞིན་པའི་ངང་དུ་མཚན་ཉིད་མ་འདྲེས་པར་ཡོངས་སུ་རྫོགས་བྱུང་ཐེབས་པས་གཅིག་དང་ཐ་དད་ལས་འདས་པའི་གཏན་ཚིགས་དེས་ན། གང་གི་སྙིང་པོ་བྱང་ཆུབ་ན་མི་གཡོ་བ་ལ་མ་རྟོག་པ་ཉིད་དང་། ཞེས་པ་ལ་སོགས་པ། རྒྱལ་བ་གང་ཞིག་གི་དགོངས་པ་ཡེ་ནས་གནས་པའི་ཆོས་ཇི་བཞིན་པ་ལ། འབྱུང་འཇུག་གི་ཡུལ་མེད་པར་མི་གཡོ་བ་ལ་གསལ་བ་ལ། འདུ་ཤེས་ཐམས་ཅད་དང་བྲལ་བ་མི་རྟོག་པ་ཉིད་དང་། ཁམས་གསུམ་གྱི་འགྲོ་བ་གནས་ཏིལ་འབྲུའི་ནང་འདུག་པ་ཡན་ཆད་ལ། ལམ་པ་ལ་ལྡོག་པས་བྱས་པའི་ཐ་དད་དུ་ཡོད་ཀྱང་ངོ་བོ་དབྱེར་མེད་པས་ཉེ་རིང་དང་བྲལ་བའོ། །འཁྲུལ་པ་ལ་སོ་སོར་སྣང་ཡང་དོན་གཅིག་པས་གཅིག་དང་ཐ་དད་མེད་པ་དང་། དེ་ཁོ་ན་ཉིད་ལ་སྣུམས་ཚབ་ཆེ་ཆུང་མེད་པར་གསལ་བའི་གཏན་ཚིགས་ཀྱིས། མཉམ་པའི་དབྱིངས་སུ་དབྱེར་མེད་པར་གནས་པས་ཐ་དད་པ་མེད་པའི་ཕྱིར་མཁྱེན་དུ་བཏུབ་སྟེ། མ་འདྲེས་གསལ་བའི་བླ་དྭགས་མཁྱེན་པའོ། །དེ་དག་སྐུའི་ཕྲིན་ལས་སོ། །ལེའུ་བཞི་བཅུ་གཉིས་པ་བཀྲོལ་བའོ།། །།བྱུང་ཚུལ་དགུ་པའི་དོན་བཤད་པའོ། །དེ་ནས་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཞེས་པ་དག་བྱུང་ཚུལ་དྲིས་པའོ། །གསང་བའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་གང་དྲི་བ་ནི་ལེགས་སོ། །ཞེས་པ་ལ་སོགས་པ་སྟོན་པས་སྡུད་པ་པོས་དྲིས་པ་ལ་ལེགས་པར་གནང་སྟེ། དེའང་དྲི་བ་ཉིད་དང་། ལེགས་སོ་སྔོན་གྱི་རྒྱལ་བས་ལུང་བསྟན་པ་ཡོད་པ་དང་། ཤིན་ཏུ་ད་ལྟར་ཐུབ་པའི་དབང་པོས་ལུང་བསྟན་པ་ཡོད་པས་རབ་ཏུ་གྲངས་སྨོས་པ་སྟེ། དུས་གསུམ་གྱི་དབང་དུའང་འགྱུར་རོ། །དེའི་དོན་གྱི་མཚན་ཉིད་ཉེ་བར་བསྟན་པ་ནི། ཞིང་ཁམས་འཁོར་བ་ཐོག་མཐའ་མེད་པར། དུས་བསྐལ་པ་ཐོག་མཐའ་བྲལ་བའི་སྐབས་སུ། སྟོན་པའི་གྲངས་སྤྲུལ་པ་ཐོག་མཐའ་མེད་པས་གདུལ་བྱ་གང་གི་སྟོན་པར་སྣང་བ་དག་གིས་ཀྱང་། སྐུ་མྱ་ངན་ལས་མ་འདས་ཀྱི་བར་དུ་དྲངས་པའི་ཐབས་རྒྱུའི་ཐེག་པ་འབའ་ཞིག་གི་མཛད་པས་གདུལ་བྱ་གང་ལའང་སོ་སོའི་སྤྱོད་པ་སྤོང་བའི་ཕྱོགས་གཅིག་གིས་ཕན་གདགས་པ་དང་། སའི་རིམ་པ་བསྐྲུན་ཞིང་ནོད་པར་བྱས་ཀྱང་། ཡང་དག་པར་རྫོགས་པ་ཉིད་དུ་འཚང་རྒྱ་བའི་ཐབས་མེད་པས་གསང་སྔགས་ཀྱི་ཐབས་མཆོག་དྲྭ་བ་སྤྲིན་དཔུང་གིས་བཤད་པ་ལྟར་སོ་སོ་ཇི་ལྟར་མོས་པ་ལྟར་འདུལ་བས་ཉོན་མོངས་པ་སྤྱོད་སྤོང་གང་ལྟར་དགའ་བ་ལྟར་བྱུང་བའི་ཐབས་རིས་དང་བྲལ་བས་ཡང་དག་པར་རྫོགས་པའི་ས་ཉིད་ལ་དགོད་པའི་མཛད་པ་རྣམས་སྤྲུལ་པའི་སྒྲོན་མ་གང་གིས་ཀྱང་དངོས་སུ་མ་གསུངས་མ་མཛད་པས། ཐབས་ཀྱི་ཐེག་པས་འདུལ་བ་གང་ཞིག་བསམ་ཕྱོགས་སུ་མཐུན་པར་གསང་སྔགས་ཐེག་པ་ཆེན་པོས་འདུལ་བ་ཐུགས་དམ་དུ་བཞེས་པས། གསང་སྔགས་ཕྱིས་སྐུ་མྱ་ངན་ལས་འདས་ནས་འཇིག་རྟེན་དུ་འབྱུང་ཞིང་མཛད་པ་ཐ་དད་སྣང་བར་ལུང་བསྟན་པ་དེ་ཞིང་ཁམས་ཀུན་ཏུ་ཡོངས་སུ་གྲགས་པར་གྱུར་གྱི། སྤྲུལ་པའི་སྐུ་གང་གིས་ཀྱང་དེ་ཉིད་ཀྱི་དགོངས་པའི་སྤྱོད་ཡུལ་དུ་སྣང་བའི་རྒྱུའི་ཐེག་པ་ལས་མ་གཏོགས་པ་གསང་སྔགས་ཀྱི་ཐབས་ཀྱི་སྒོ་ཇི་སྙེད་པ་ཐམས་ཅད་སྣང་བ་ནི་མ་ཡིན་པའི་གཏན་ཚིགས་དེས་ན་སྤྲུལ་པའི་སྐུས་གསང་བ་བཤད་པར་སྨྲ་བ་ནི་ལོང་བ་ལམ་དུ་ཞུགས་པ་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། སྤྲུལ་པ་ནི་བཀའ་དུ་མ་ལས་ཀྱང་འདོད་ཆགས་སྤང་བའི་ཆ་ལུགས་སུ་བཞུགས་པའི་ཕྱིར། སྐུ་དང་བསྟན་པ་མཐུན་པས་གདུལ་བྱའི་ཕྱིར་དང་། རིལ་གྱིས་ལུང་བསྟན་གསུངས་པའང་སྔོན་དུ་བཀའ་སྩལ་ན་འབྱུང་བར་མི་རིགས་པས་སྐྱོན་དུ་མར་འགྱུར་རོ། །ཡང་ལང་ཀའི་བདག་པོ། ལུང་བསྟན་པ་དེའང་ཇི་ལྟ་ཇི་ལྟར་འདི་ལྟ་སྟེ། ཞེས་པ་དག་སྔ་མ་དང་ད་ལྟར་ལུང་བསྟན་པ་ཉེ་བར་བསྟན་པ་ནི། འདི་ལྟ་སྟེ་འཁོར་བ་དང་བསྐལ་པ་ཐོག་མཐའ་བྲལ་བའི་སྤྲུལ་པའི་ལུང་བསྟན་པ་རྣམས་བཤད་ཀྱིས་མི་ལང་བས། ཕྱོགས་གཅིག་ཏུ་སྤྲུལ་པས་ལུང་བསྟན་པ་དག་བཤད་ཀྱིས་དམ་བཅས་གོ་ཆ་བགོས་ཁྱོད་ཉོན་ཅིག་པར་གདམས་པ་མཛད་དོ། །བསྐལ་པ་ཀུན་བཀོད་བྱ་བ་ལ། །ཞེས་པ་དག་སྒྲ་ཇི་བཞིན་ནོ། །བརྒྱ་མཐར་འདུལ་བ། ཞེས་པ་རྒྱལ་བ་དེ་འདས་ནས་དེ་སྙེད་ན་འབྱུང་བར་བསྟན་པའོ། །གཞན་ཡང་བསྐུལ་བ་ཆེན་པོ་ཉོན། །ཞེས་པ་སྒྲ་བཞིན་ཏེ། བརྒྱ་ཕྲག་གཅིག་ན་དོན་སྣང་འགྱུར། །ཞེས་པ་འདིར་སྟོན་པའི་དུས་རྗེས་སུ་མཐུན་པར་སྣང་ངོ་། །འདིར། དྲག་ཤུལ་ཅན། ཞེས་པ། དུས་དེར་ཡང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་སྟོན་ཏོ། །བསྐུལ་བའི་གོ་ཆ་གཞན་ཡང་ཉོན། །ཞེས་པ་སྒྲ་བཞིན་ནོ། །བརྒྱ་ཕྲག་བཅོ་ལྔར་གྱུར་པ་ན། །ཞེས་པ་སྟོན་པ་དེ་འདས་ནས་ལོ་སྟོང་ལྔ་བརྒྱ་ན་འབྱུང་སྟེ། སྐྱེ་རྒུའི་ཚེ་ལོའང་དེ་ཉིད་དོ། །གནོད་འདུལ་ཞེས་པ་དེར་ཡང་ཕྱག་ན་རྡོ་རྗེས་སྟོན་ཏོ། །དེ་ལྟ་བས་ན་ཐོག་མ་ཐ་མ་མེད་པར་ཕྱག་ན་རྡོ་རྗེ་དང་ལང་ཀ་ཁོ་ནས་བཀའ་སྩལ་ཞིང་གསང་སྔགས་བསྡུས་པ་ལ་ཐེ་ཚོམ་མེད་དོ། །དེ་བས་ན་སངས་རྒྱས་བཟང་རྒྱན་དཔལ་སྐུ་མྱ་ངན་ལས་འདས་ནས་ལོ་ལྔ་བཅུ་ན་གསང་སྔགས་བྱུང་ངོ་། །སངས་རྒྱས་དཀོན་དཔལ་འདས་ནས་ལོ་བརྒྱད་ཅུ་རྩ་གཉིས་ན་བྱུང་ངོ་། །ཐུབ་པའི་དབང་པོ་འདས་ནས་ལོ་བརྒྱད་བཅུ་གཉིས་ན་བྱུང་ཉི་ཤུ་དང་བརྒྱད་ངོ་། །ལྷ་གནས་གསུམ་ནི་དབང་བསྒྱུར་ཁང་བཟང་དང་། དགའ་ལྡན་དང་། སུམ་ཅུ་རྩ་གསུམ་མོ། །དྲག་ཤུལ་ཅན་ཞེས་བྱ་བའི་རི། །ཞེས་པ་ལ་སོགས་འདིས་ནི། སྟོན་པ་ནི་སྤྲུལ་སྐུ་མ་ཡིན་ཏེ་ཕྱག་ན་རྡོ་རྗེ་ཁོ་ནའོ། །ལེའུ་བཞི་བཅུ་གསུམ་པ་མདོར་འགྲེལ་པའོ།། །།ལུང་ཆེན་ངེས་པར་བསྟན་པ་ན་ཡང་འབྱུང་། ཞེས་པ་དེ་ལྟར་རྒྱལ་བ་རེ་རེས་ལུང་བསྟན་པའི་དུས་དེར་བྱུང་བས། འདིར་ཡང་ཐུབ་པའི་དབང་པོས་ལུང་བསྟན་པའི་ཚེ་བྱུང་ངོ་། །དེ་བས་ན་བྱུང་ཚུལ་ནི་འདིར་སྨོས་པ་ཁོ་ནས་མི་ཆོག་པ་མེད་ནའང་བཤད་པ་བཞིན་དགོས་པའི་དབང་གིས་བཅུ་གཉིས་སྨོས་ཏེ། བསྐལ་པ་ཐོག་མ་མེད་པའི་སྐབས་རེ་རེར་གསང་སྔགས་བྱུང་ངོ་ཅོག་ལ་བྱུང་ཚུལ་གྱི་དགོས་པ་ཡང་ཚང་བར་བྱུང་སྟེ་བཅུ་པའོ།། །།དེ་ནས་ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་དེས། ཞེས་པ་བྱུང་ཚུལ་བཅུ་གཅིག་པ་དྲིས་པའོ། །གསང་བའི་བདག་པོས། ཞེས་པ་ལན་བཀའ་སྩལ་པ། ལས་རྒྱུད་གཅད་པའི་གདུལ་བྱ་ལའང་གསུམ་སྟེ། འདོད་པ་ལྔས་གདུང་ཤིང་འཇོལ་ཉོགས་སུ་སྤྱོད་པ་འདོད་པ་ལ་ཞེན་པའི་གདུལ་བྱ་དང་། དབང་པོ་རབ་འབྲིང་གི་བྱེ་བྲག་གིས་འཁོར་བ་ལས་འདས་པར་ངེས་པར་འབྱུང་བའི་གདུལ་བྱ་དང་། གོང་མ་གཉིས་ཀྱིས་མ་འདུལ་བ་ལ་རྣམ་སྨིན་དྲག་པོས་གདུལ་དཀའ་དྲག་པོའི་གདུལ་བྱ་དང་གསུམ་མོ། །ལས་རྒྱུད་གཅོད་བྱེད་འགྲོ་བ་དེ་དག་གང་གིས་འདེགས་འདྲེན་པའི་རྩལ་ཐབས་ཀྱང་ཇི་ལྟར་ན་གསུམ་སྟེ། འཁོར་ལོ་ལྟར་རྒྱུན་དུ་འབྱུང་བས་རྒྱུན་གྱི་ཐེག་པ་དང་། འདོད་པའི་འབྲས་བུ་དོན་དམ་ལམ་དུ་ངེས་པའི་ཐེག་པ་དང་། སྐྱེ་བ་མེད་པ་ལས་འཕྲུལ་པ་ཆོ་འཕྲུལ་བུདྡྷ་ཉིད་དྲག་ཤུལ་དུ་མངོན་འབྱུང་གི་ཐེག་པའོ། །དེ་དག་ནི་རིལ་རང་བཞིན་ཡེ་ནས་རྒྱལ་བའི་ཐུགས་གསང་སྔགས་དམ་པ་ཡིན་པའི་ཕྱིར། ཐེག་པ་གསུམ་ཡང་བྱིན་གྱིས་རླབས་ཀྱིས་རྒྱལ་བའི་མཛད་པར་ཤར་བའོ། །ཇི་ལྟར་འདེགས་པའི་ཐབས་རྣམས་ནི། །ཞེས་པ་ལ་སོགས་པ། བསམ་གྱིས་མི་ཁྱབ་དོན་བྱེད་པའི་ཚུལ་ཇི་སྙེད་པ་བསྡུ་ན་གསུམ་སྟེ། ཉིད་དུ་སྣང་བ་གང་ཡིན་པ་ནི་ཐེག་པ་དང་པོར་རང་བཞིན་ནམ་འཚོ་བའི་ཤུགས་ཀྱིས་འདུལ་བ་དང་། ཉོན་མོངས་འདུལ་བའི་བར་མས་གཉེན་པོ་ཐབས་ཀྱིས་འདུལ་བ་དང་། ལོག་པར་ཞེན་པ་ཐ་མས་ལས་རྒྱུད་གཅོད་པས་འདུལ་བའོ། །དེ་ལ་དེ་དག་སོ་སོ་ནས་བསྟན་པའི་ཕྱིར་དང་པོ་གང་སྙམ་པ་ལ། འཁོར་ལོ་རྒྱུན་དུ་སྣང་བ་ཡང་། །ཞེས་པ་དག་བསྐལ་པའི་འཁོར་ལོར་བར་མི་ཆད་པར་རྒྱུན་དུ་སྣང་བ་ལ་ལྔ་སྟེ། ཡེ་གདོད་ནས་ཆེ་བ་སངས་རྒྱས་ལྔའི་རྒྱལ་བར་གྲགས་པ་ལྔ་དེས་གདུལ་བྱའི་དོན་འདུལ་བྱེད་པའི་ཕྱིར། འབྱུང་བ་ཉིད་ཆེན་པོ་ལྔར་བྱུང་ནས་གདུལ་བྱ་ལ་ལྔར་སྣང་ནས་འགྲོ་བ་འདུལ་སྒྲོལ་ཏེ་ཚུལ་ཇི་ལྟར་ཞེ་ན། སྐྱེད་དང་འཚོ་དང་རྟེན་པ་ཡི། །རྒྱུ་དང་རྐྱེན་དང་གནས་པ་ནི། །ཞེས་པ་ལ་སོགས་པ་འགྲོ་བ་ཐམས་ཅད་སྐྱེད་པའི་རྒྱུ་དང་། འཚོ་བའི་ལོངས་སྤྱོད་ཀྱི་རྐྱེན་དང་། རྟེན་པའི་གནས་བྱེད་པས་འདུལ་བའང་ཡེ་ཤེས་ཆེན་པོ་ལ་དོན་བྱ་བའི་རྟོག་འཛིན་མི་མངའ་བར་ཡེ་ངང་གི་ལྷུན་གྱིས་གྲུབ་པའི་ཤུགས་ཀྱིས་འབྱུང་འདོད་ཡོན་ལྔ་རིལ་དུ་སྣང་ནས་ཐབས་རྒྱུ་རྐྱེན་སོགས་གསུམ་གྱིས་རང་ལས་བྱུང་བའི་འགྲོ་བའི་དོན་བྱེད་པའང་། དེ་དག་གི་རྒྱུ་ཐེར་ཟུག་མེད་བཞིན་དུ་དུས་མི་ཟད་གསུམ་དུ་འཕེལ་འགྲིབ་མེད་པར་འབྱུང་ཞིང་དོན་རྣམ་པ་གསུམ་སྟེ་རྒྱུ་རྐྱེན་རྟེན་མཛད་དོ། །མཛད་པ་གསུམ་མཛད་པ་གང་སྙམ་པ་ལ། འཁོར་ལོ་རྒྱུན་གྱི་ཐེག་པའང་སྣང་བ་ནི་གང་གི་དབྱིངས་དང་མངོན་སུམ་པ། བདག་ཉིད་ཆེན་པོ་དེ་ཉིད་ནི། །ཞེས་པ་ལ་སོགས་པ་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ་དང་། མངོན་སུམ་དུ་སངས་རྒྱས་པའི་ཆེ་བ་དང་། བདག་ཉིད་ཆེན་པོའི་སངས་རྒྱས་པའི་ཆེ་བ་དང་། དེ་ཡིན་པའི་སངས་རྒྱས་པའི་ཆེ་བ་དང་། ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པ་མེད་པའི་ཆེ་བའོ། །དེ་དག་ཀྱང་རེ་རེ་ནས་འཆད་པའི་ཕྱིར། ལང་ཀའི་བདག་པོ་འདི་ལྟ་སྟེ། གང་དག་དབྱིངས་སུ་སངས་རྒྱས་པ། །ཞེས་པ་ལ་སོགས་པ་སྡུད་པ་ལ་བོས་ནས། སངས་རྒྱས་དང་པོ་ཉེ་བར་བསྟན་པ་ནི། དངོས་པོ་ལྔ་རིལ་ཡེ་ཕྱི་མོ་ནས་ཆོས་ཀྱི་དབྱིངས་ཀྱི་ངང་དུ་སངས་མི་དམིགས་པར་བདལ་རྒྱས་བས་འཕགས་པའི་ཚུལ་ནི། གནས་པ་ཐ་གྲུ་ཆེ་ཆེན་པོ་བར་གྱུར་པས་ས་ཆུ་མེ་རླུང་ནམ་མཁའ་ལྔར་སྣང་དག །གང་འདི་འགྲོ་བ་དང་རྩི་འཁྲུངས་ལ་སོགས་པ་རིལ་གྱི་རྒྱུར་གྱུར་པ་འབྱུང་བ་ལ། སྣང་བ་བར་མཚམས་མེད་པ་རྒྱུན་གྱི་ཉིད་ཡེ་ནས་རིལ་བཅོམ་འདུས་ཤིང་རྫོགས་ལྡན་པ་ལ། འདས་ངོ་བོ་མཐའ་ལས་གྲོལ་བས་མཚན་ངེས་པའོ། །ཐུགས་རྗེ་རྟག་པའི་སངས་རྒྱས་ཏེ། །ཞེས་པ་མི་གཡོ་བའི་ངང་ལས་མཛད་པ་གསུམ་སྣང་བ་ནི་རྒྱུན་གྱི་རྟག་པའི་ངོ་བོ་དང་ལྡན་པའི་སངས་རྒྱས་སོ། །རང་བཞིན་ཀུན་ལ་ཁྱབ་པར་གནས། །ཞེས་པ་ངོ་བོའི་བདག་ལ་མི་གཞན་པས་སྣོད་བཅུད་རིལ་དང་གཉིས་སུ་མེད་པའོ། །ཇི་ལྟར་འདོད། ཅེས་པ་བཟང་ངན་ཇི་ལྟར་འདོད་དང་གང་ལ་མོས་པའི་ངོ་བོ་གསུམ་ལས་མི་འགྱུར་འདོད་པར་སྣང་བར་འབྱུང་བའོ། །སྣང་སྲིད། ཅེས་པ་སྣོད་བཅུད་གཉིས་ཀ་བསྐྱེད་པ་དང་། གསལ་བར་གོ་འབྱེད་པ་དང་། དོན་བྱེད་པའི་ཕྱིར་མིང་ངེས་སོ། །ཟག་པ་འབྱུང་བ་ཞེས་པ། དེ་ལྟར་སྣང་ལ་རྒྱུན་མ་ཆད་པའི་ངོ་བོ་རྟག་པ་དེ་ཉིད་ཀྱི་རང་བཞིན་ཡེ་ནས་སེམས་ཀྱི་དཀྱིལ་འཁོར་སྟོང་པས་འོད་གསལ་བའི་ངོ་བོ་ཡིན་པས་སྣང་ལ་མ་གྲུབ་པ་ནི་ཆོས་ཀྱི་དབྱིངས་ཏེ། དེ་བས་ན་མཛད་པ་གང་ཡང་མི་འགོག་པའོ། །ལང་ཀའི་བདག་པོ་གཞན་ཡང་གང་། །མངོན་སུམ་པ་ཡི་སངས་རྒྱས་ནི། །ཞེས་པ་ལ་སོགས་པ། སྡུད་པ་ལ་དེ་ལས་སངས་རྒྱས་གཉིས་པ་བསྟན་པ་ནི། འབྱུང་བ་ལྔ་དབང་པོའི་མངོན་དོན་རྫོགས་པར་མཛད་པའོ་སུམ་དུ་གནས་པ་ཉིད། ཡེ་ནས་མཉམ་པའི་ངང་དུ་དྲི་མ་མེད་པས་སངས་ཁྱབ་པའི་རྒྱས་ངོ་བོ་ནི། འབྱུང་བ་ནམ་མཁའི་མཚན་ཉིད་ཀུན་ཏུ་མུ་མཐའ་མེད་ཐུག་པ་མེད་པའི་དབྱིངས་ངང་དུ་འདོད་པ་དང་། གཟུགས་དང་། གཟུགས་མེད་པར་སྣང་བ་དངོས་མེད་རིལ་དང་། མཚམས་ཕྱོགས་བཅུའི་འགྲོ་བའི་ཀུན་གྱི་ལུས་དང་གནས་ལ་སོགས་པ་ཀུན་གོ་སྐབས་ནམ་མཁས་གསལ་བར་བྱེད་སྟོང་ཤོང་ཡངས། འདུས་པའི་ཡོད་བདེ་བ་གནས་དང་ལྡན་པས་དོན་མངོན་དུ་མཛད་དོ། །འགྲོ་དང་མི་འགྲོ་རྟེན་པ་ནི། །ཞེས་པ་ལ་སོགས་པ་འགྲོ་བ་དང་མི་འགྲོ་རྩི་ཤིང་ལ་སོགས་པའི་རྟེན་གཞི་ས་སྲ་བའི་ངོ་བོ་ནི། དངོས་པོ་ཐམས་ཅད་ལུས་དང་ནགས་ཚལ་རྩི་ཐོག་སྐྱེད་པ་དང་། འབྱུང་བ་དང་། རྟེན་གནས་པ་དང་། འགྲོ་བ་ཀུན་ལ་རྣམས་ཀྱི་བསམ་པ་དགའ་བར་འདོད་པ་བཞིན་སྦྱོར་བ་ནི་ཚིམ་པར་བྱེད་པ་ཡིས་འདུལ་བ་ནི། བསྐལ་ཕྲན་བརྒྱད་ཅུའི་ཡུན་གྱི་གཞི་ཅིག་ཆར་གནས་པས་མིང་འགྲུབ་བོ། །འོ་ན་ནམ་མཁའ་ལ་ནི་འཇིག་ཆགས་མེད་པས་ངེས་པར་ཐེག་པ་དེ་མ་ཡིན་ནོ་ཞེ་ན། གཞི་ལ་འཇིག་ཆགས་སྟོང་གནས་ཡོད་པས་ཕལ་ཆེའི་དབང་དང་། གཞི་ལ་བཞི་འབྱུང་བའི་ཡང་གཞིར་འགྱུར་ཏེ། ནམ་མཁའ་མེད་ན་སྣང་བར་མི་འགྱུར་བའི་ཕྱིར་དང་། ཐེག་པ་དེ་ནམ་མཁའི་མཛད་སྤྱོད་ཀྱིས་གོ་འབྱེད་པའོ། །མཉེན་ལྕུགས་གཞན་བསྐྱེད་རང་བཞིན་གསལ། །ཞེས་པ་ལ་སོགས་པ་ཆུའི་མཚན་ཉིད་གཤེར་བས་ཡུལ་མཉེན་ཞིང་གང་དུའང་ལྕུག་དྲང་དུ་བཏུབ་པས་ཕྱི་ནང་གཞན་བསྐྱེད་པའི་ལས་བྱེད་པ་དང་། རང་བཞིན་མདངས་ལ་སོགས་པ་གསལ་བར་བྱེད་པ་དང་། གྱིས་འཛིན་སྡུད་པ་དང་། མི་ལྡོག་རྒྱུན་དུ་འབབ་ཅིང་རྒྱུན་དུ་འགྲོ་བ་དང་། དགོན་པའི་ས་གཞི་སྐམ་པོ་དང་སྐོམ་པས་གདུང་བ་ཀུན་རླན་ཞིང་ཚིམ་པར་བྱེད་པ་དང་། དུས་གསུམ་དུ་རྣམ་པར་གཡོ་རླབས་འབྱུང་བས་སྐྱེ་འཚོ་རྟེན་ལས་གསུམ་བྱེད་པའང་ཡུན་བསྐལ་ཕྲན་ཉི་ཤུ་རྗེས་སུ་མཐུན་ནོ། །ཀུན་སྨིན་མུན་སེལ་ཀུན་སྟོན་སྙོམས། །ཞེས་པ་ལ་སོགས་པ་མེས་དྲོད་སྙོམས་ནས་ཕྱི་ནང་སྨིན་པར་བྱེད་པ་དང་། འོད་ཀྱིས་མུན་པ་སེལ་བ་དང་། མཐོང་བྱའི་རྫས་རྣམས་གསལ་བར་སྟོན་པ་དང་། ཕྱི་ནང་སྙོམས་པར་ཁྱབ་པ་དང་། དངོས་པོ་སྲེག་ཚིག་པར་བྱེད་པ་དང་། རང་བཞིན་མཉེན་པ་དང་། རང་གི་ཁ་དོག་ཤིན་ཏུ་གསལ་བར་འབྱུང་བ་དང་། ཕྱི་ནང་གི་བཅུད་མི་གཏོང་བ་དང་། ཡོངས་སུ་བརྟས་སྣང་བ་དེ་དག་བརྟས་པར་བྱེད་པའི་ལས་དང་དགུ། རྩ་བ་གསུམ་གྱིས་དོན་མཛད་པ་དང་ཡུན་ཡང་རྗེས་སུ་བསྙད་དོ། །མི་གནས་ཐོགས་མེད་ཤུགས་ཀྱིས་འབྱུང་། །ཞེས་པ་ལ་སོགས་པ་རླུང་གི་མཚན་ཉིད་གཡོ་བས་གཅིག་ཏུ་གནས་མི་ཟིན་པས་གང་དུའང་ཐོགས་པ་མེད་པར་ཤུགས་ཀྱིས་འབྱུང་བ་དང་། རླུང་ཉིད་ལ་དབྱིབས་ཁ་དོག་མེད་པར་གཟུགས་སུ་སྣང་བ་བས་ཀྱང་དྲག་པར་འབྱུང་བ་དང་། ཡང་ལྗིད་མེད་པར་ཀུན་ཏུ་གཡོ་འབྱུང་བ་དང་། ཕྱི་ནང་ཐམས་ཅད་དུ་ཁྱབ་པར་འཇུག་པ་དང་། སྣོད་བཅུད་ཀྱི་གཞི་རྟེན་དུ་འགྱུར་བ་དང་། རྒྱུ་རྐྱེན་ལྔ་ཡིས་གསུམ་དུ་དོན་སྤྱོད་པ་ནི་ཡུན་འདྲའོ། །དེ་དག་ནི་གནས་པ་ཆ་གཅིག་བཟུང་བ་སྟེ་སྤྱིར་འཁོར་མོར་འབྱུང་བའོ། །ལང་ཀའི་བདག་པོ་འདི་ལྟ་སྟེ། བདག་ཉིད་ཆེན་པོའི་སངས་རྒྱས་ནི། །ཞེས་པ་ལ་སོགས་པ་བདག་ཉིད་ཆེན་པོར་ལས་སངས་རྒྱས་པ་རང་བཞིན་བསྟན་པ་ནི། འབྱུང་བ་ལྔ་ཉིད་རིལ་གྱི་བདག་ཉིད་རང་སེམས་ཉིད་དུ་ཡེ་ནས་རྡུལ་སངས་མེད་པར་གསལ་རྒྱས་བས་བདལ་བ་ནི་གོང་མ་མེད་པའི་མཆོག་སྟེ། ཡེ་ཤེས་ཆེན་པོའི་ཀློང་ཉིད་ནམ་མཁའ་ཤར་བ་ནི། དངོས་པོ་ཕྱི་ནང་ཀུན་འདུས་ཤིང་ཡེལ་འཕྱོ་ཡངས་པ་ལ་ཀུན་ཏུ་བཟང་དྭངས་སྙིགས་སྤྱད་པའི་མཚན་ཉིད་མེད་པར་སངས་རྒྱས་པ་ནི་ཡེ་ཤེས་ཉིད་ནམ་མཁར་ཤར་བ་དང་། ས་ཉིད་རང་རིག་པ་རང་སྣང་བ་ནི་རིལ་འདེགས་ཤིང་བརྗིད་པ་ལྷུན་སྟུག་སྟེ་ཡེ་ཤེས་ཐུགས་རྗེ་ཀྱི་སྐུའོ། །ཆུའི་ལས་སྡུད་པ་ནི་གསང་སྔགས་ཇི་བཞིན་པའི་མཉམ་སྦྱོར་ངོ་བོའི་དགོངས་པ་ཏིང་ངེ་འཛིན་དུས་གསུམ་གང་ཟག་འབྱུང་འཇུག་དང་བྲལ་བ་ཉིད་འབྲས་བུ་ཉིད་དོ། །མེ་ལས་མུན་པ་སེལ་བ་ཉིད་ཡེ་ཤེས་ལྷག་མཐོང་ཆེན་པོ་རང་བཞིན་ཇི་ལྟ་བར་མངོན་དུ་བྱས་པའི་ཤེས་རབ་འབར་རང་རིག་པའི་མངོན་སུམ་ཟག་མེད་ཉིད་དོ། །རླུང་ལས་གང་དུའང་ཐོགས་པ་མེད་པ་ཉིད་མ་རྨོངས་ཡེ་ཤེས་ཆེན་པོ་རང་བཞིན་རིལ་མ་འདྲེས་རྫོགས་པར་གསལ་བའི་ཤེས་བྱ་རྫོགས་བདག་ཉིད་དེ། གང་ལའང་ཐོགས་པ་དང་ཉམ་ང་བ་མེད་པའི་ཕྱིར་ལས་འཕྲལ་དུ་བྱས་པ་ལྟ་བུ་མ་ཡིན་ནོ། །ཐམས་ཅད་འབྱུང་བའི་བདག་ཉིད་ལས་བྱུང་བའི་ཡེ་ཤེས་ཆེན་པོར་ངེས་པའོ། །ལང་ཀའི་བདག་པོ་གཞན་ཡང་ནི། །དེ་ཉིད་ཡིན་པའི་སངས་རྒྱས་ནི། །ཞེས་པ་ལ་སོགས་པ་ནི། བོས་ནས་འབྱུང་བ་ལྔ་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པ་དེ་ཉེ་བར་བསྟན་པ་ནི། ནམ་མཁའ་ཐམས་ཅད་དུ་ཁྱབ་ཅིང་གོ་འབྱེད་པའི་ཕྱིར་དང་། ས་སྲ་ཞིང་མི་འགྱུར་བའི་ཕྱིར་དང་། མེས་ཀུན་ཏུ་གསལ་ཞིང་མཉེན་པའི་ཕྱིར་དང་། ཆུས་ཐམས་ཅད་ཁྱབ་ཅིང་དྲང་དུ་རུང་བ་དང་། རླུང་གང་དུའང་ཐོགས་པ་མེད་པའི་ཕྱིར་སངས་རྒྱས་ལྔར་བསྟན་ཀྱང་ངོ་བོ་གཏན་ནས་ཐ་དད་པ་ནི་མ་ཡིན་ཏེ། འབྱུང་བ་ལྔ་རིགས་ལྔའི་ངོ་བོ་ཡིན་པའོ། །ལང་ཀའི་བདག་པོ་འདི་ལྟ་སྟེ། །གང་འདིར་དོན་གོང་མ་དག་ངོ་བོ་ལ་བརྗོད་པའི་ཡུལ་ལས་འདས་ཤིང་གཞན་དུ་སངས་རྒྱ་བ་མེད་པ་དང་དེ་ཉིད་ཙམ་དུའང་མཚོན་པ་དང་བྲལ་བའོ། །སངས་རྒྱས་མེད་པས་ཞེས་སངས་རྒྱས་གཞན་ནས་ཞེས་སོ། །སངས་རྒྱས་མེད་པ་ནི། །ཞེས་པ་ལ་སོགས་པ་དེ་ཉིད་ཉེ་བར་བསྟན་པ་ནི། དངོས་པོ་རིལ་སྐབས་འདིར་ཡེ་ནས་སྟོང་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་སངས་པ་ལ་དེ་ཉིད་ཀྱི་བླ་དྭགས་མ་བཅོས་དང་། ཡང་བྲལ་བ་ནི། དངོས་པོ་ལྔར་སྣང་ཡང་དེས་བསྡུས་པ་རྣམས་ཡེ་ནས་སྣང་མ་མྱོང་བ་ལ་མཐའི་དྲི་མ་དང་བྲལ་བ་བཅོམ་ཐམས་ཅད་ལ་ལྡན་བདལ་བ་ནི། རྣམ་གྲངས་གཅིག་ཏུ་ནན་གྱིས་འདས་བཅོམ་པ་མ་ཡིན་པར་གསལ་བས་ངེས་ཚིག་ཏུ་འགྱུར་རོ། །དེ་དག་མིན་པ་ལས་ཡིན་པར་མ་བསྒྱུར་ཏེ། གདོད་ནས་དེ་ལྟ་བུ་ལྔར་སྣང་བ་ཉིད་སུས་ཀྱང་མ་བྱས་པར་རྒྱལ་བའི་ངོ་བོར་ཤར་བས་ད་འཕྲལ་དུ་གདགས་པ་དང་བྲལ་བའོ། །དེ་དག་ནི་རང་བཞིན་གྱི་སྣང་བ་འབའ་ཞིག་གི་ངོ་བོར་འགྱུར་རོ། །ལང་ཀའི་བདག་པོ་དེ་དག་ནི། །འཁོར་ལོ་རྒྱུན་གྱི་ཐེག་པ་སྟེ། །ངང་གིས་རྒྱུན། ཞེས་པའང་ཐེག་པའི་ངོ་བོས་བསྟན་ཏེ། སུས་ཀྱང་མ་བྱས་པར་ངང་གིས་དུས་ཀྱི་རྒྱུན་དུ་བར་མི་ཆད་པར་བྱུང་སྟེ། སྣོད་བཅུད་གཉིས་ཀ་ལ་ཁྱབ་པར་གནས་ཏེ། དེས་ན་སྣང་བ་འབྱུང་ལྔ་ཆེ་བ་ལྔ་འཁོར་ལོ་རྒྱུན་བཤད་པའང་ངེས་ཏེ་ཕན་པ་འབའ་ཞིག་གིས་དོན་མཛད་པའོ། །འདི་དག་ནི་རྒྱལ་བ་རྡོ་རྗེ་སེམས་དཔའ་ཇི་བཞིན་པ་གསང་བ་དམ་པའི་བྱིན་རླབས་དང་མཛད་པ་ལ། རྨོངས་པ་དག་སེམས་ཅན་གྱི་ལས་སུ་སྨྲ་བ་བསྔགས་པ་ནི། སྔགས་ཀྱི་དོན་ཟབ་མོ་མ་མཐོང་བ་སྟེ། དཔེར་ཁྲེའུ་ཡིག་འབྲུ་ཐུ་བ་ཡིས་ས་གཞི་ཆེན་པོ་མ་མཐོང་བ་དང་འདྲ་སྟེ། གསང་སྔགས་ཐེག་པ་ཆེན་པོ་ལ་མདོངས་སོ། །དེ་བས་ལས་རྒྱུད་གཅོད་པའང་རྗེས་སུ་སྦྱར་རོ། །ལང་ཀའི་བདག་པོ་གཞན་ཡང་གང་། །དོན་དམ་ངེས་པའི་ཐེག་པ་ནི། །ཞེས་པ་དག་གདུལ་ཐབས་དང་པོ་ལས་མི་མཐུན་པ་ངེས་པར་འབྱུང་བའི་གདུལ་བྱའི་ཆེད་དུ་དོན་དམ་ངེས་པའི་ཐེག་པ་བསྟན་པའང་ལས་དང་སྐལ་བའི་དབང་གིས་གསུམ་སྟེ། འཇིག་རྟེན་ཀུན་འབྱུང་ཏུ་སྤྲུལ་པའི་སྐུ་སྣང་བས་དྲང་འདྲེན་བའི་དོན་གྱིས་འདུལ་བ་རྒྱུའི་ཐེག་པ་དང་དཀའ་ཐུབ་དམ་ཚིག་གཙོར་བྱས་པས་དོན་རིག་པར་བྱེད་པའི་ཕྱི་རྒྱུད་དང་། རིག་པ་རང་དབང་དུ་གྱུར་པས་ཐབས་གང་ཡང་སྤོང་ལེན་མེད་པས་དུག་འགྱུར་རྩི་ལྟར་འདུལ་བ་ནང་པའོ། །གང་འདིར་འདྲེན་པ་འདི་ལྟ་སྟེ། །ཡུལ་གསུམ་ངེས་པར་སྣང་བ་ནི། །ཞེས་པ་ལ་སོགས་པ་ཐེག་པ་དང་པོས་འདུལ་བའི་ཡུལ་ལ་ཤེས་རབ་རབ་འབྲིང་ཐ་གསུམ་ཡོད་པའི་ཕྱིར། ཐེག་པ་ཡང་རྗེས་སུ་མཐུན་པར་སྣང་བ་ནི་གང་ཞེ་ན། དང་པོ་ཉན་ཐོས་བསྟན་པའི་ཕྱིར། །ཐ་མའི་ཡུལ་དུ་གྱུར་པ་ནི། །ཤིན་ཏུ་ཡ་ངའི་ལས་སྤངས་ཏེ། །ཞེས་པ་དག་ནི། ཐ་མ་ལ་གསུམ་གྱི་ཐ་མའི་ཡང་ཐ་མ་འཕགས་པ་ཉན་ཐོས་ཀྱི་སྤྱོད་ཡུལ་ནི། མི་དགེ་བའི་ལས་སོ་ཅོག་བཀག་སྟེ། གཞན་གྱི་བསམ་པ་དང་མཐུ ན་ཞིང་མོས་པའི་ཆ་ལུགས་སྒོ་གསུམ་ཉིས་བརྒྱ་ལྔ་བཅུ་བསྡོམས་ནས་དགེ་སློང་གི་ཚུལ་འཛིན་པས། རང་གི་འབྲས་བུ་དགྲ་བཅོམ་པའི་གནས་ཐོབ་པར་གཉེར་བའི་ལྟ་སྤྱོད་གཞུང་བསྲངས་ནས་སྤྱོད་པས་གང་ཟག་སོ་སོར་སྡུག་བསྔལ་ཐར་པའི་ལམ་ཟུང་བཞི་སྣང་བའོ། །དེས་ནི་རྒྱལ་ཆེན་དང་འདྲ་སྟེ་རང་དོན་འབའ་ཞིག་གོ། །འབྲིང་གི་ཡུལ་དུ་གྱུར་པ་ནི། །འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ལ། །ཞེས་པ་ལ་སོགས་པ་ཐ་མའི་འབྲིང་རང་རྒྱལ་བའི་སྤྱོད་ཡུལ་ནི། དངོས་པོ་ཕྱི་ནང་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལས་སྣང་ལ། དེ་དག་དགག་ཏུ་རུང་མི་རུང་རྩད་བཅད་དེ་ལུགས་ནས་འབྱུང་བས་ངོས་ཟིན་པས་ལུགས་ལས་བཟློག་པས་བཀག་སྟེ། གང་ཟག་ལ་བདག་མེད་པའི་སྟེང་དུ་གཟུགས་ཀྱི་ཕུང་པོ་ཆོས་རིལ་ལ་བདག་མེད་པར་རྟོགས་ཏེ། སྒྱུ་འཕྲུལ་ཆེན་པོའི་རྒྱུད་ལས། དངོས་པོ་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །ཅེས་འབྱུང་བ་དང་། ཡོ་ག་ཙརྱ་ལས། གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཕྱོགས་གཅིག་ཁམས་གཅིག་ལ་བདག་མེད་པར་རྟོགས་སོ། །དེ་ལྟར་རྟོགས་ནས་འགོག་པ་དང་། མི་ལྕོགས་པ་མེད་པ་ལ་སོགས་པའི་ཏིང་ངེ་འཛིན་བཅུ་གཅིག་རིམ་པར་བསྒོམས་པས་ཡིད་བཞིན་བདེ་བ་མཆོག་གི་ས་ཐོབ་སྟེ། བརྗོད་མེད་ངག་གིས་མི་སྟོན་པར་ལུས་ཀྱི་སྤྲུལ་པའི་རྫུ་འཕྲུལ་གྱིས། རྒྱལ་བའི་བསྟན་པ་ནུབ་པ་དང་། མ་བྱུང་བའི་སྐབས་སུ་འདུལ་ཞིང་ལུས་ཀྱི་རྫུ་འཕྲུལ་གྱིས་ཆོས་སྟོན་ཏེ། དེ་ཡང་རང་རྒྱལ་བར་གྱུར་ཙམ་ན། སློབ་དཔོན་ལ་མ་བརྟེན་པར་རང་གི་ཤེས་རབ་ཀྱི་རྩལ་གྱིས་རྟོགས་བསྒོམས་པས་ས་དེ་ཐོབ་སྟེ་འགྲོ་དོན་གྲུ་རྫིང་དང་འདྲའོ། །རབ་ཀྱི་ཡུལ་དུ་གྱུར་པ་ནི། །བདག་མེད་བྱམས་སྙོམས་རྟོགས་ལས་འདས། །ཞེས་པ་ལ་སོགས་པ། ཐ་མའི་རབ་མདོ་སྡེའི་ལུགས་ནི། ཆོས་དང་གང་ཟག་གི་དངོས་པོ་གཉིས་ཡང་ན་དོན་དམ་མ་དམིགས་པའི་ལྟ་བས་སྤྱོད་པ་ཀུན་རྫོབ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་གཏོད་པ་མེད་པར་ཀུན་ལ་མཉམ་པས་འདུལ་ལོ། །ཏིང་ངེ་འཛིན་ནི་རྣམ་པར་མི་རྟོག་པ་བསྒོམ་པས་འཛིན་པ་མེད་དོ། །ཆོས་ལ་བདག་མེད་པས་ཕྱི་རོལ་ཡང་མེད་ལ། ནང་གང་ཟག་མེད་པས་འཛིན་པ་དང་བྲལ་ཏེ། བཤད་པའི་རྟེན་འབྲེལ་གྱི་གཏན་ཚིགས་ཀྱིས་མཐོང་བས་ཕྱི་ནང་གཉིས་ཀར་མ་ཟིན་ཏེ། ཕྱོགས་དང་བྲལ་དོན་དམ་པའི་བདེན་པ་ཡུལ་སེམས་ཀྱི་རིས་མེད་པ་ས་དང་པོར་མཐོང་། གཉིས་པ་ན་ཡར་བསྒོམས་པ་ས་རིམ་པ་བཞིན་ས་བཅུ་དང་། དེ་ཡང་རྣམ་པར་ཐར་པའི་སྒོ་གསུམ་ལ་རིམ་པར་བརྟེན་ནས་བསྒྲུབ་པས་ས་བཅུ་པ་ཐོབ་པ་ལ་ཤེས་བྱའི་སྒྲིབ་པ་དགེ་བ་ཟག་བཅས་ཀྱི་དངོས་པོ་གཏན་དུ་བར་ཆ་ཕྲ་བའང་དག་པར་བྱས་ཏེ། ལམ་དང་ཆོས་ཉིད་དང་གནས་ངན་ལེན་དང་། གནས་འགྱུར་གསུམ་གྱི་ཚུལ་གྱིས་དངོས་མེད་མཐའ་གཉིས་བྲལ་བའི་ཀུན་ཏུ་ངོ་བོ་ཉིད་འོད་ཀྱི་ཆོས་སྐུ་ཐོབ་པར་འདོད་དོ། །འོན་ཀྱང་གསང་སྔགས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ལ་ནི་མ་རེག་གོ། །ལང་ཀའི་བདག་པོ་གཞན་ཡང་གང་། །དཀའ་ཐུབ་རིག་བྱེད་ཐེག་པ་ནི། །ཞེས་པ་ལང་ཀ་ལ་བོས་ནས། ཐེག་པ་བར་མ་སྔགས་ཕྱི་པ་ལ་མོས་པའི་ཤེས་རབ་འབྲིང་ལའང་རབ་འབྲིང་ཐ་མ་གསུམ་སྟེ། དེ་ལ་འབྲིང་གི་ཐ་མ་དག་ལས་སྣང་བ་ཀྲི་ཡའི་གཞུང་ནི། དཀའ་ཐུབ་སྡོམ་དང་བརྟུལ་ཞུགས་དང་། །ཞེས་པ་སྒོ་གསུམ་གྱི་དཀའ་ཐུབ་དང་། སྡོམ་དང་རྩ་བ་ལྔ་དང་། ཡན་ལག་ཉི་ཤུ་དང་། བརྟུལ་ཞུགས་ཁྲུས་དང་གཙང་སྦྲའི་སྤྱོད་པ་ལ་གཙོར་བྱས་ཏེ་དོན་དམ་པར་ཆོས་ཐམས་ཅད་མཉམ་ཉིད་མ་སྐྱེས་པའི་ངང་དུ་མཉམ་པར་རྟོགས་ནས་སྐྱེ་མེད་ལས་མི་གཡོས་ལ་ཞེན་པས་ཀུན་རྫོབ་ཏུ་དམ་ཚིག་སེམས་དཔའ་ཆོ་ག་ཡན་ལག་བཅུ་གཅིག་གིས་བསྐྱེད་ནས། ཡེ་ཤེས་སེམས་དཔའ་བཀུར་འོས་རྗེ་བོར་བལྟ་སྟེ། སྤྱི་བོར་རྡུལ་གསུམ་གྱིས་མཆོད་པ་ཙམ་དུ་བཞུགས་ཏེ། འདུན་པ་བདག་བྲན་གྱི་ཚུལ་དུ་བྱས་ནས་བསྒོམ་པ་དང་། ལྷ་དྲུག་དང་ལྡན་པས་བསྒོམ་ཞིང་བཟླས་པ་བྱས་ནས་མཆོད་པ་དང་བཤགས་པ་དང་གསོལ་བ་གདབ་པ་ཀུན་བྱས་ཏེ། དེ་ལྟར་བསྒྲུབ་པས་རིགས་གསུམ་གྱི་རིག་འཛིན་ནོན་ནས་མཇུག་དེ་ཉིད་ཀྱིས་རིགས་ཀྱི་རྡོ་རྗེ་འཛིན་གནས་པའོ། །འབྲས་བུ་ཐོབ་བོ། །འབྲིང་ལ་རྣམ་པར་སྣང་བ་ནི། །ཞེས་པ་ལ་སོགས་པ། འབྲིང་གི་འབྲིང་ཨུ་པ་ཡའི་སྤྱོད་ཡུལ་རྣམ་པར་སྣང་བ་ནི་ནི། སྤྱོད་པ་ལས་དང་བྱ་བ་གཙོར་ཀྲི་ཡ་ལྟར་བྱས་ནས་ཁྱད་པར་དུ་རིགས་བཞིའི་ལྷ་བསྒོམ་པའང་དེ་ཁོ་ན་ཉིད་བཞི་དང་ལྡན་པས་ཡུམ་དང་བཅས་པར་བསྐྱེད་དེ། མཆོད་བཟླས་གསོལ་བ་བྱས་ནས། རྡོ་རྗེ་མི་བསྐྱོད་པའི་རིག་འཛིན་གྲུབ་ནས། མཇུག་རིགས་བཞི་རྒྱལ་བ་ཉིད་དུ་འགྱུར་རོ། །རབ་ལ་ངེས་པར་སྣང་བ་ནི། །ཞེས་པ་ལ་སོགས་པ། འབྲིང་གི་རབ་ཡོ་གའི་བསྟན་པ་ནི། བསྒོམ་བྱའི་ཡུལ་ལྔ་མངོན་པར་བྱང་ཆུབ་པ་བསྒོམས་ཏེ། དང་པོར་རང་རིག་པ་གདན་ཟླ་བ་བསྒོམ་པ་དང་། དེ་ནས་གསུང་ཡིག་འབྲུ་དང་། ཐུགས་ཕྱག་མཚན། སྐུ་ཕྱག་རྒྱ་དང་། ཡོངས་སུ་རྫོགས་པ་ལ་སྦྱངས་ཏེ་མཇུག་ལས་སུ་རུང་བ་དང་། བསྒོམ་བྱ་མངོན་བྱང་ལྔ་ཉིད་རང་རིག་པས་རྣལ་འབྱོར་གྱི་མངོན་སུམ་དུ་གསལ་ཏེ། བསྒོམ་པའི་ཡུལ་དེ་ཉིད་མཚན་མ་ཉིད་དེར་ནི་མཚན་མ་མེད་པར་མངོན་བྱང་གསལ་ཏེ། གཉིས་སུ་མེད་པར་ཆུད་ནས་རིག་འཛིན་གྱི་གོ་འཕང་བརྒྱུད་ནས་འབྲས་བུ་རིགས་ལྔའི་རྡོ་རྗེ་གསུམ་དང་ཐ་མི་དད་པར་འགྱུར་རོ། །ལང་ཀའི་བདག་པོ་གཞན་ཡང་གང་། །ཞེས་པ་ཕྱི་པ་ལས་མི་མཐུན་པར་འདུལ་བའི་ཐེག་པ་ལའང་གདུལ་བྱ་རབ་ཀྱི་རབ་འབྲིང་ཐ་མ་གསུམ་གྱིས་ལྷ་རིམ་པར་བསྒོམ་པ་ལ་རྩལ་ཆེན་རྫོགས་པ་དང་། སྐད་ཅིག་མས་རྫོགས་དང་བསྒོམ་པ་བདལ་བ་ཆོས་ཉིད་ཀྱི་ས་པ་དང་། བསྐྱེད་རྫོགས་དང་བྲལ་བ་ཡོངས་སུ་རྫོགས་པ་སྤྱི་ཆིབས་ཀྱི་ས་པའོ། །ཐ་མ་བསྐྱེད་པར་གང་སྣང་བ། །ཐབས་དང་ཤེས་རབ་རྣམ་དག་པས། །ཞེས་པ་ལ་སོགས་པ་རབ་ཀྱི་ཐ་མ་མ་ཧཱ་ཡོ་ག་སྟེ་བསྐྱེད་པའི་ཚུལ་གྱི་ལུགས་ནི། ལྟ་སྤྱོད་ཀྱི་ཐབས་ཤེས་རབ་གཉིས་ཇི་ལྟ་བར་སྣང་སྟོང་དང་བྲལ་བར་རྟོགས་པའི་ལྷན་ཅིག་པའི་ཡེ་ཤེས་ཉམས་རྣམ་དག་པས་རྙེད་ནས་དྲི་ཆེན་དྲི་ཆུ་ཟིལ་པ་ལྷག་པའི་བྱང་ཆུབ་སེམས་དང་མཱཾ་ས་ལྔ་དང་། དངོས་པོ་གཞན་བསྡུ་བ་ནི། འདོད་པ་ལྔ་དང་། སྤྱད་པར་བྱ་བ་ལྔ་དང་། ཤ་ལྔའོ། །དེ་དག་གི་རང་བཞིན་ཡེ་ཕྱི་མོ་ནས་དེ་བཞིན་ཉིད་མཐའ་ལས་གྲོལ་བའི་ངོ་བོས་རིགས་ལྔ་དང་ཐ་དད་མེད་པར་རྟོགས་ཤིང་བསྒོམ་པར་སངས་རྒྱས་སོ། །དེ་བས་ན་བླང་དོར་མེད་པའི་རྣལ་འབྱོར་སྤྱོད་པ་དེ་དག་ཆེད་དུ་བྱས་ཏེ་སྤྱོད་ཅིང་། དེ་བཞིན་ཉིད་ཀྱི་ངང་ལས་ལྷའི་དཀྱིལ་འཁོར་རིམ་པར་བསྐྱེད་དེ་བསྒོམ་པས་དངོས་པོ་རྟོགས་ཚོགས་ཉིད་འབྲས་བུ་དཀྱིལ་འཁོར་དུ་སངས་རྒྱས་པར་གྱུར་པ་ནི་རྩལ་ཆེན་རྫོགས་པའི་ས་ཐོབ་པའོ། །འབྲིང་ལ་རྫོགས་པར་གང་སྣང་བ། །མཉམ་པས་མཉམ་པའི་དོན་མཐོང་ན། །ཞེས་པ་རབ་ཀྱི་འབྲིང་ཨ་ནུ་ཡོ་ག་རྫོགས་པའི་ཚུལ་དུ་སྤྱོད་པའི་ལུགས་གང་སྣང་བ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་མཉམ་པས་སྲས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་ཆེ་ཆུང་མེད་པར་གསལ་བའི་དོན་ཇི་ལྟ་བ་བཞིན་དུ་མཉམ་པའི་དོན་མཐོང་རྟོགས་པའི་དུས་ན། ཆོས་ཀྱི་དབྱིངས་བྱ་བ་ཙམ་ལའང་དམིགས་པའི་རྟེན་མི་འཆའ་མཉམ་རྫོགས་སྟེ། རིག་པ་ཉིད་ངོ་བོ་ཡུལ་ཤེས་མ་གྲུབ་བཞིན་གསལ་བས་གཉིས་མེད་པའི་ངོ་བོར་དབྱིངས་ཡེ་ཤེས་རིལ་རྟོགས་པས་ཆོས་སོ་ཅོག་ཀུན་རིག་དེ་ཉིད་དུ་མ་འདྲེས་ཅན་རྫོགས་པར་མཁྱེན་ཅིང་། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ཀྱི་བདག་ཉིད་ཡིན་པར་ཀུན་ཏུ་སྣང་དུས་གསུམ་དུ་གསལ་ལོ། །དེ་ལྟ་བུ་ལ་དཀྱིལ་འཁོར་རིམ་པར་བསྐྱེད་པ་དང་། སྤྱོད་པ་ཆེད་དུ་བསྟེན་པའང་མེད་དེ། ཆོས་ཉིད་མི་འགྱུར་རིལ་གཉིས་མེད་དུ་གསལ་བས་བདལ་བ་ཆོས་ཀྱི་ས་འཐོབ་བོ། །རབ་ལ་ཡོངས་སུ་རྫོགས་པ་ནི། །ཡེ་ཤེས་དབྱིངས་ཞེས་བྱ་བའི་དོན། །ཞེས་པ་རབ་ཀྱི་རབ་ཤིན་ཏུ་རྣལ་འབྱོར་ཨ་ཏི་ཡོ་གའི་ལུགས་ཀྱིས་གང་སྣང་བ་རིལ་བདག་ཉིད་ཆེན་པོར་རྫོགས་པའི་ལུགས་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཞེས་བྱ་བ་ལ་སོགས་པ་གཉིས་ཀྱི་ཆོས་རྣམས་གདོད་ནས་མ་བསལ་མ་བཀོད་པར་རང་བཞིན་ལྷུན་གྱིས་གྲུབ་པའི་ངང་དུ་གསལ་བ་ལ། དངོས་པོ་གཞལ་བའི་གྲུབ་མཐའ་ཁོང་དུ་ཆུད་པར་བྱར་ཡང་མེད་དེ། འདུ་ཤེས་གང་དུའང་མ་ཞུགས་བཙལ་མེད་མ་བསམས་མ་དཔྱད་པ་ཉིད་ཀྱིས་ཇི་བཞིན་པའི་དོན་མཐོང་བ་མེད་པར་མཐོང་བར་འགྱུར་ཏེ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས་ཀྱང་། བྱ་བ་མེད་པས་གྲོལ་བས་གྲོལ། །རང་བྱུང་ཡེ་ཤེས་བཙལ་མེད་པས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་གསུངས་པས། དངོས་པོ་གཞལ་ཞིང་དོན་ཚོལ་བའི་བྱ་བྱེད་མེད་པ་ཉིད་ཀྱིས་ཐ་སྙད་ཙམ་དུ་གྲོལ་ཞེས་ཀྱང་བྱ་སྟེ། དེ་ལ་བཅིངས་པའི་ཆོས་མ་དམིགས་པའི་ཕྱིར་རོ། །དེ་བས་ན་ངོ་བོས་ཡུལ་བྲལ་བ་ལ་དབྱིངས་ཡེ་ཤེས་གཉིས་སུ་མེད་པ་ལའང་ཡིད་མི་རྟེན་པས། སེམས་ཐག་པ་ནས་གུད་ནས་གོ་བར་བྱར་མེད་དོ། །འོན་ཀྱང་གཏན་ནས་གོ་བ་བྱར་མེད་ན་ཆོས་ཇི་བཞིན་པ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། ཅི་ལའང་རིག་པར་བྱར་མེད་པར་རིག་ན་མ་རྟོགས་པར་རྟོགས། མ་མཐོང་བར་མཐོང་བའི་བླ་དྭགས་ཚིག་གི་ཐ་སྙད་དུ་རྟོགས་ཞེས་བྱ་སྟེ། བསླབ་པ་མེད་པའི་བསླབ་པའོ། །དེ་ལྟ་བུའི་གདེང་ཆུད་པ་ལ་འཆད་པའི་ཟིན་པའི་དོན་དང་ལྡན་པས་སྒོ་གསུམ་ཤ་ཐང་བས་བཙལ་མེད་བསྒྲུབ་པ་མེད་དོ། །དུས་གསུམ་གྱི་རྒྱལ་བ་རིལ་གྱི་སྤྱི་མེས་འབྲས་བུའི་སྡོང་པོ་ནི། རང་གི་སེམས་ཇི་བཞིན་པར་རྫོགས་གསལ་བ་ཉིད་པས་དེ་ལྟ་བུའི་བསྒོམ་པའི་དུས་ནའང་། རིག་པ་ཇི་བཞིན་པའི་རྗེས་སུ་འབྲང་བ་མེད། འཛིན་པ་མེད། བསམ་པ་དང་དཔྱོད་པ་མེད། དམིགས་པ་མེད། མངོན་དུ་མི་བྱེད། ཆེད་དུ་མི་གཉེར། བློས་ཕེབས་པར་མི་འདོད་དེ། བསྒོམ་པའི་ཡུལ་ལས་འདས་པའོ། །དེ་ལྟར་ཅིར་ཡང་བསམ་དུ་མེད་པ་ཉིད་ཕྱི་མོའི་ཆོས་ཉིད་ཀྱི་ཐོག་ཏུ་བབ་པས། དེ་དག་ཉིད་དུ་འདོད་པའང་མེད་པའི་བླ་དྭགས་སུ་རྣམ་པར་མི་རྟོག་པ་ཞེས་ཀྱང་བྱ་སྟེ། དེ་ལྟ་བུ་ལ་ནི་ཡེངས་པའང་མེད་བསྒོམ་རྒྱུའང་མེད་དོ། །དེ་ལྟར་རྟོགས་ན་བསྒོམ་པ་མི་འགོག་བསྒོམ་པའང་མེད་དེ། ཐུན་མཚམས་མེད་པའི་བསྒོམ་པ་ཆེན་པོའོ། །དུས་དེང་སང་གི་གང་ཟག་རབ་གཅིག་དེ་ནི་ཆོས་ཀྱི་གཞི་ཡིན་ནོ། །གང་ཟག་གི་བསམ་པས་ཨ་ཏི་ཡོ་ག་ལ་དམིགས་དགོས་པས། ཐབས་དམིགས་པ་ཅན་གྱི་མན་ངག་གིས་འགྲོལ་ཞེས་སྨྲ་བ་ནི། དེ་ཉིད་ཀྱི་དོན་གྱི་གདེང་མ་རྙེད་པར་གསལ་ཏེ། མདོངས་པ་དེ་ནི་དཔེར་ན་དོང་རྭའི་ལྡེའུ་མིག་གིས་བང་མཛོད་ཐ་རམ་འབྱེད་པར་འདོད་པ་དང་འདྲའོ། །དེ་ལྟ་བུའི་དོན་ཆེན་པོ་ནི། རིལ་མ་བཙལ་ལྷུན་གྱིས་རྫོགས་པས་རྫོགས་པ་སྤྱིར་ཆིབས་ཀྱི་སའོ། །ལང་ཀའི་བདག་པོ་གཞན་ཡང་གང་། །ཆོ་འཕྲུལ་མངོན་འབྱུང་ཐེག་པ་ཡང་། །ཞེས་པ་དག་སྡུད་པ་པོ་ལ་བོས་ནས། ཐེག་པ་ཐ་མས་འདུལ་བའང་གསུམ་སྟེ། ཞེ་ན་འདོད་ཆགས་ཅན་དང་། རྨོངས་གཏི་མུག་ཅན་དང་། འཁྲུགས་ཞེ་སྡང་མཆོག་ཏུ་ཆེ་བའི་འགྲོ་བ་སྨད་པའི་ལས་ངན་ཤ་སྟག་སྤྱོད་པས། འདུ་ཤེས་བསམ་ངན་རྣམས་ཆད་པའི་ལས་ཀྱིས་འཕྲོ་བཅད་ལ། འདུ་ཤེས་སྔ་མ་ལས་བསྒྱུར་བའི་ཕྲིན་ལས་མཛད་པའི་བསྟན་པ་ནི། འདི་ཕྱི་མ་སྲིད་གསུམ་བར་མ་དོར་དྲྭ་བ་ཐར་དཀའ་ཞིང་། གནས་གཅིག་ཏུའང་འཁོར་ལོ་སྐྱོར་བུར་འབྱུང་བ་རྣམས་ཀྱི་ཞེ་སྡང་འདོད་ཆགས་གཏི་མུག་གི་སྤྱོད་པའི་ལས་རྒྱུད་གཅོད་པ་ནི་དགོས་ཆེད་ཕྱིར་དུ་ཕྱིར་འགྱུར་རོ། །དམ་པའི་འཁོར་ལོ་བསྐོར། ཞེས་པ་རྒྱལ་བའི་ཐུགས་རྗེ་ཆེན་པོའི་འཁོར་ལོ་བསྐོར་བས་བྱས་ནས་ལས་ངན་ཚར་གཅད་པ་ནི། དངོས་བསྐལ་པའི་འཁོར་ལོ་ཉིད་ཀྱིས་གཅད་དོ། །ཅི་ཕྱིར་སེམས་ཅན་ཁ་ཅིག་ནི། །ཞེས་པ་དག་བསྐལ་པ་ཁོ་ནས་ཚར་གཅད་པའི་དགོས་པ་ནི། འགྲོ་བ་ཇི་སྙེད་པ་ལས་ལ་ལ་ནི་ཤིན་ཏུ་ཆགས་པ་ཆེ་བ་དང་། ལ་ལ་ནི་ཤིན་ཏུ་མ་རིག་པས་ནོན་པ་དང་། ལ་ལ་ཤིན་ཏུ་ཞེ་སྡང་བ་སྟེ་དུས་ནི་འཆད་དེ་སྒྲོན་མའི་བྱ་བ་རྣམས་རྫོགས་ཏེ་ནུབ་པའི་དུས་ཏེ། དེ་ལྟ་བུ་དུག་གསུམ་བདོ་བ་ལས་ཐབས་གཞན་གང་གིས་ཀྱང་མི་འདུལ་བས། འཚོ་བའི་སྲོག་དང་བྲལ་བས་འཆི་བའི་སྡུག་བསྔལ་བསྟན་པས་ལས་ངན་ཆད་པ་དང་། སྡུག་བསྔལ་ཉིད་ཀྱིས་སེམས་སྐྱོ་བའི་རྒྱུར་འགྱུར་བས་དེ་དག་བསྟན་པའི་ཆེད་དུ་འདུལ་བྱེད་ནི། རང་བཞིན་ཆོ་འཕྲུལ་མངོན་འབྱུང་བ། །ཁྲོས་པས་ཟ་བྱེད་ལྔ། ཞེས་པ་རང་བཞིན་ལྷུན་གྱིས་གྲུབ་པ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་ཡེ་ཤེས་ཀྱི་ཆོ་འཕྲུལ་དབང་པོའི་མངོན་དུ་སྣང་བ་ནི་གང་ཞེ་ན། རང་བཞིན་གྱི་ཁྲོ་བོ་འགྲོ་བ་ཞལ་དུ་གསོལ་བར་མཛད་པའི་དངོས་པོ་ནི། འཆད་པ་འབྱུང་བ་ལྔ་དག་གིས་འཇོམས་པར་བྱེད་དོ། །ཅི་ཡང་མ་ཡིན་པའི་ངང་ལས་རང་སྣང་བས་མཛད་པ་མ་ངེས་པ་ནི་ཆོ་འཕྲུལ་ཏེ། བསྐལ་པ་ལྔ་ནི་རང་བཞིན་གྱི་ཁྲོ་བོའོ། །དེས་ཕྱི་ནང་གི་དངོས་པོ་མ་ལུས་རིལ་བསྒྲལ་ནས་མ་གྲུབ་པར་བྱེད་པའི་སྟོང་པར་མཛད་གཏན་ཚིགས་ཀྱིས་ཁྲོ་བོར་མིང་གྲུབ་བོ། །དེ་དག་ཀྱང་ལས་ཀྱི་དབང་གིས་རང་ཐད་དུ་སྣང་བ་ཙམ་མ་ཡིན་པས། རིལ་ཡེ་ཤེས་ཆེན་པོའི་ཕྱིར་སྟོང་པ་ཆེན་པོའི་ནམ་མཁའ་ནི་ཡེ་ཤེས་ཆེན་པོའི་ཁྲོ་བོ་སྟེ་ཐམས་ཅད་དེར་ཐིམ་མི་གནས་པར་རྔུབ་པར་མཛད་དོ། །དེ་ལྟ་བས་ན་དངོས་པོ་རིལ་དེ་ཁོ་ན་ཉིད་དུ་བསྒྲལ་བའི་སྐྱས་ཐེབས་པས་ཐུགས་རྗེའི་མཆོག་ཕུལ་ལོ། །སྲེད་ཞི་འཚོ་བྲལ་བསྐལ་པ་ཡིས། །ཞེས་པ་དག་འཐད་པའི་བཟའ་བཏུང་བྲལ་བ་ནི་མུ་གེའི་བསྐལ་པ་སྟེ་ལོ་གསུམ་འབྱུང་ཡེ་ཤེས་ལས་བདུན་བདུན་བས་ཟས་སྐོམ་ལ་སོགས་པ་འདོད་པ་ལ་ལྷག་པར་ཞེན་པའི་ལས་འཇོམས་སོ། །བཟོད་ལྡན་རྨོངས་པའི། ཞེས་པ་བཟོད་ལྡན་མི་བཟོད་པའི་སྡུག་བསྔལ་ཅན་དྲན་པ་ཉམས་པར་བྱེད་པ་ནད་ཀྱི་བསྐལ་པ་སྤྲིན་དམར་མཆེད་པ་འདྲ་བ་ཟླ་གསུམ་བདུན་གྱིས་ཡིད་ཀྱི་ལས་འདུ་བྱེད་མང་པོ་དང་ཁྱད་པར་དུ་གཏི་མུག་གི་ལས་ལམ་འཇོམས་པར་བྱེད་དོ། །ཐབས་འཛིན་མཚོན་ཆའི་བསྐལ་པ་ཡིས། །ཞེས་པ་ཞེ་སྡང་འཇོམས་པའི་ཐབས་ཅན་ནི། མཚོན་ཆའི་བསྐལ་པ་ཞག་གསུམ་འབྱུང་སྟེ། དེས་བདག་གཞན་གྱི་དངོས་པོ་གཉིས་ཀ་འཇོམས་སོ། །ལྷག་མཐོང་མེ་ཡི་བསྐལ་པ་ཡིས། །ཞེས་པ་མེའི་ལས་རང་བཞིན་གྱི་ལྷག་མཐོང་སྟེ། དེས་བཤད་པའི་དུག་གསུམ་ལ་སོགས་པའི་ངོ་བོ་དངོས་རིལ་བསྲེག་གོ། །ཞི་གནས་ཆུ་ཡི་བསྐལ་པ་ཡིས། །ཞེས་པ་རང་བཞིན་གྱི་ཞི་གནས་ཆུའི་བསྐལ་པས་ཉོན་མོངས་པ་དང་ལས་ལམ་གྱི་དྲི་མ་དག་པར་བྱེད་དོ། །ཐོགས་མེད་རླུང་གི་བསྐལ་པ་ཡིས། །ཞེས་པ་མཚན་ཉིད་གང་དུའང་མ་ཟིན་པས་སྐད་ཅིག་ལའང་བྱ་བ་བྱེད་པའི་རླུང་གིས་ཡུལ་དངོས་པོ་ཐམས་ཅད་ཕྱོགས་རིལ་དུ་གཏོར་ཏེ་མེད་པར་བྱས་སོ། །ཤེས་རབ་ནམ་མཁའི་བསྐལ་པ་ཡིས། །ཞེས་པ་མི་དམིགས་པའི་ངོ་བོ་རང་བཞིན་གྱིས་ཤེས་རབ་སྟོང་པ་ནམ་མཁས་དངོས་པོ་སྐྱེ་འགྲོའི་རྒས་རྒུད་རིལ་མེད་པར་མཛད་པས་ཁྲོ་བོ་ལྔ་ཡིས་མཛད་པའི་གྲུབ་མཐའ་ལྟ་བུ་བས་སྤྱིར་སྦྱར་རོ། །དེའི་དགོས་པ་ཅི་ཡོད་ཞེ་ན། ལས་ངན་མྱུར་དུ་རྒྱུན་བཅད་ནས། །ཞེས་པ་སྒྲ་བཞིན་ཏེ། ཐབས་དང་ཐེག་པ་ཞེས་པ། དུས་དང་འདུལ་ཐབས་གཉིས་ཀའི་ཕྱིར་རོ། །དུས་ཁས་བླངས་པ་ནི། སྙིགས་མར་གྱུར་པའི་སྐབས་རྣམས་སུ། །ཞེས་པ་ལ་སོགས་པ་ཟས་དང་། དུས་དང་། ཚེ་དང་། འགྲོ་བ་དང་། ལས་ཀྱི་སྙིགས་མ་ལ་བབ་པའི་ཚེ་མདོ་སྔགས་ཀྱི་བསྟན་པ་འདུལ་བ་རྣམ་གཉིས་ནུབ་པ་དང་དུང་ཕྱིས་པ་ལྟར་གྱུར་བའི་དུས་སུ། ཆགས་སྡང་ལ་སོགས་པ་དངོས་སུ་ཆེ་བ་འབྱུང་བའི་ཚེ། ཐེག་པ་ཆུང་ངུ་བ་ཐམས་ཅད་མཛད་པར་མ་ཤེས་པས་ཕྱོགས་གཅིག་པའི་མཛད་པ་ལ་ཞེན་པ་དག་ན་རེ། སྟོན་པ་ནི་འདས། བསྟན་པ་ནི་ནུབ། འགྲོ་བ་འདུལ་བའི་ཐབས་ཅི་ཡང་མེད་དོ་ཞེས་སྨྲ་བ་དག་ནི། དུས་དེ་དག་ལ་གསང་སྔགས་ཀྱི་ཐུགས་རྗེ་འཆར་ནུབ་མེད་པས་མཛད་པ་མ་ནུས་ཁོ་ནས་སྟོན་པ་མ་འདས་བསྟན་པ་མ་ནུབ་པ་ནི་དེ་དག་ཉིད་ཡིན་པའི་ཕྱིར་ཤུགས་ཀྱིས་འདུལ་བ་ཡིན་སྙིགས་མའི་དུས་དེར་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས་སྒྲོལ་བ་ཡིན་ཏེ། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་གསུངས་པའི་དོན་ཁོ་ནའོ། །ལང་ཀའི་བདག་པོ་དེ་ལྟར་ན། །འདི་ཀུན་གསང་བ་དམ་པ་ཡི། །ཞེས་པ་ལ་སོགས་པ་བཤད་པའི་ཚུལ་དེས་ནི། བསྐལ་པ་ཇི་ལྟར་བྱུང་ཡང་དེ་ཁོ་ན་ཉིད་བརྟགས་དཀའ་བའི་ངང་ལས་འགྱུར་བ་མེད་དེ། དེ་ཉིད་གསང་སྔགས་ཡིན་པའི་ཕྱིར་རོ། །དེ་བས་ན་སྣང་ཚུལ་ཡང་མཉམ་པའི་དབྱིངས་མཐའ་གང་ཡང་མ་བཀོལ་བ་ལས། ངོ་བོ་དེ་ཉིད་ལས་སྟོང་པའི་ཆོས་རྣམས་འབྱུང་བར་ཟད་མི་གཞན་པའི་བསྐལ་པ་འགྲོ་འོང་མེད་པར་སྣང་བར་ཟད་དེ། དེ་དག་གི་ངོ་བོ་སྟོང་ཉིད་གསང་བ་དེ་ཁོ་ན་སྟོང་པ་ཆེན་པོར་བསྟན་པ་ནི། ཆོས་ཀྱི་མེ་ལོང་ཐེག་པ་ཆེན་པོ་འདི་ཉིད་ཡིན་ཏེ་གཉིས་པ་མེད་པའོ། །གསང་བའི་བདག་པོས་དེ་སྐད་ཅེས་བརྗོད་པས། ཞེས་པ་འཁོར་གྱིས་གསང་བའི་གདེང་རྙེད་པའོ། །ལེའུ་བཞི་བཅུ་བཞི་པ་འགྲེལ་པའོ།། །།ལས་རྒྱུན་གཅོད་པ་ན་ཡང་འབྱུང་། ཞེས་པ་གཉེན་པོས་གཅོད་པ་ནའང་འབྱུང་བའི་ངེས་ཚིག་དང་ཡི་གེར་སྣང་བའི་དབང་དུ་བསྟན་ཏེ། དོན་དུ་གསུམ་ཀ་ཐ་དད་པར་འགྱུར་བ་མེད་དེ། བྱུང་ཚུལ་བཅུ་གཅིག་པའི་དོན་བཤད་པའོ། །བམ་པོ་དྲུག་པའོ།། །།བདུན་པ་འཆད་པ་ནི། དེ་ནས་ཡང་། ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཞེས་པ་ལ་སོགས་པ་སྡུད་པ་པོས་བྱུང་ཚུལ་ཐ་མ་དྲིས་པ་སྒྲ་བཞིན་ནོ། །སྨྲས་པ། ལང་ཀའི་བདག་པོ། ཞེས་པ་གསང་བདག་གིས་གསང་སྔགས་ཆེ་བ་འབྱུང་བ་དང་། བསྐུལ་བའི་ས་ལ་བཞེངས་པའི་ཕྱིར་བསྟན་པར་བཀའ་སྩལ་པའོ། །ལང་ཀའི་བདག་པོ། ཞེས་པ་སྡུད་པ་པོས་ངེས་པར་བསྐུལ་བ་གནད་ལ་ཕབ་ནས་འགྲོ་བའི་ཆེད་དུ་ཞུ་བའི་ཕྱིར་སྟོན་པ་ལ་ཀྱེ་སྐྱེས་བུ་བོས་ནས། གདུལ་བྱ་ཉོན་མོངས་རྣམས་ལ་སྙིང་བརྩེ་ཐུགས་རྗེ་ཆེན་པོས་ཕན་པར་བྱ་བའི་དགོས་ཆེད་དུ། མི་ཆེན་པོ་ཐེག་པ་ཆེན་པོའི་རྣམ་འབྱོར་དྲྭ་མ་དག་གི་ཡུལ། ཆོས་ཐམས་ཅད་ངོ་བོ་ཉིད་རིལ་སངས་རྒྱས་ཀྱི་སར་སྟོན་པ་དེའི་ཕྱིར་སྤྱོད་པ་གང་དུ་མ་བཀག་པའི་སོགས་ལ་ཡང་རིས་མེད་དེ། མཉམ་པ་ཉིད་དུ་མཛད་པ་ཐབས་ཀྱི་ཐེག་པ་ཆེན་པོ་འཆིང་བའི་ལས་ཉིད་ཀྱིས་ཐར་བར་བྱེད་པའི་དོན་ནི། རྒྱལ་བའི་དགོངས་པ་དམ་པ་སོགས་དགོངས་པའི་ཞེ་ཕུག་བརྣག་པ་མ་ནོར་བའི་གསང་སྔགས་ཀྱི་ཐེག་པ་འདི་ནི། ཆོས་རྣམ་པར་བགྲོ་ཞིང་སོགས་སྟོན་པའི་འགྱིང་བག་ཏུ་བཞུགས་པའི་སྟོན་པ་ཁྱོད་ཀྱིས། དོན་ཇི་ལྟ་བ་ཉིད་ཁོ་ན་ལྟར་བསྟན་དུ་གསོལ་ཞེས་སྐབས་ལ་བབ་བོ་བ་དང་། ཤིན་ཏུའང་འདིས་འདུལ་བས་སྐབས་ལ་བབ་པོ་བ་དང་། ངེས་དོན་བཀའ་སྩལ་བའི་དུས་ལ་བབ་བོ་ཞེས་བརྣག་ཅིང་ཞུས་སོ། །གནད་ལ་དབབ་པར་ཞུ་བའི་ཕྱིར། དེ་ཅིའི་སླད་དུ་ཞེ་ན། སྐྱེས་བུ་ཆེན་པོ་ཁྱོད་ནི། དེ་བཞིན། ཞེས་པ་ཁྱེད་ཀྱིས་བསྟན་པར་དཀའ་བར་གསུངས་ཀྱང་། རྟོག་དཔྱོད་པའི་གཏན་ཚིགས་དང་དགོས་པ་ནི། སྐྱེས་བུ་སོགས་སྟོན་པ་ཁྱོད་ལ་རྒྱལ་བ་ཐམས་ཅད་ཀྱི་རིགས་ཀྱི་བདག་པོ་ཉིད་ཀྱིས་འཆད་པ་ལྟར། རྡོ་རྗེ་རྒྱ་གྲམ་གྱི་འཁོར་ལོ་ལག་ཏུ་གཏད་དེ། རྣམ་པར་བླ་བརྐྱལ་གྱི་སྤོབས་པ་ཅན་དུ་བྱིན་གྱིས་བརླབས་ནས་གསང་སྔགས་འཆད་པའི་སྐྱེས་བུར་དབང་བསྐུར་ནས། གང་རྨོངས་པ་དམན་པ་གསང་དོན་ལ་མདོངས་པའི་ཡེ་ཤེས་གྲོལ་བར་བྱ་བ་དང་། གང་འཐོམས་པ་ཤེས་རབ་ཀྱི་སྤྱན་མདོངས་པ་དག་གི་ལིང་ཐོག་བསལ་ཏེ། སྤྲིན་དཔུང་ཐབས་མང་པོ་ཟད་པ་མེད་པས་གདུལ་བྱ་རྣམས་ཐམས་ཅད་གདུང་བ་མེད་པར་བདེ་བླག་ཏུ་ཐར་པ་མཆོག་དྲང་བའི་ཐོབ་པའི་བྱ་བའི་ཕྱིར། དབང་བསྐུར་བ་ལགས་པས་འདིར་ཡང་དགོས་པ་དེ་ཉིད་ཀྱི་ཕྱིར། དགོངས་པ་དམ་པས་གསང་སྔགས་ཐེག་པ་ཆེན་པོ་བཤད་དུ་གསོལ་ཞེས་གསོལ་བ་གདབ་ཅིང་གཞན་བསྐུལ་མཛད་པའོ། །གསང་བ་པའི་བདག་པོ་དེས་འདི་སྐད་དུ། ཞེས་པ་སྡུད་པ་པོ་ཁྱོད་ཀྱིས་གསང་སྔགས་ཞུ་བར་བསྐུལ་བའི་དམ་བཅས་པའི་གོ་ཆ་བརྩོན་འགྲུས་དང་ལྡན་པས་གདུལ་བྱ་ཀུན་ལ་རབ་ཏུ་ལ་ཐུགས་རྗེའི་ཆེད་དུ་དོན་ཟབ་མོ་དངོས་གཞི་གང་ལ་སྟོན་པ་ལ་ཞུ་བ་ལ་བརྩོན་པས་གསང་སྔགས་ཤོད་ཅིག་པར་གླེང་བསླང་བ་ལ་ལེགས་པ་གནང་བས་སྐབས་ལས་གླེང་དུ་བསླང་བ་འདི་ལས་བྱ་བར་ཡིད་ཆེས་ཏེ། ཐོས་པའི་ལོ་རྒྱུས་བཀའ་སྩལ་པ། འདི་ལྟར་སྟོན་པ་བཞིས་འཁོར་བཞི་ལ་བསྟན་པ་བཞི་གསུངས་པ་བདག་གིས་མ་བརྒྱུད་པར་མངོན་སུམ་དུ་སྐད་ཅིག་ལ་ཐོས་ཞེའོ། །འདི་ལྟར་འདི་སྐད་བདག་ཉིད་ཀྱིས། །ཞེས་པ་ལ་སོགས་པ་ཐོས་པའི་ཚུལ་འདི་ལྟར་ཉེ་བར་བསྟན་པ་བཞིན་དོན་འདི་སྐད་སྟོན་པ་ང་ཉིད་ཀྱིས་གསང་སྔགས་མ་ནོར་བའི་དོན་ཇི་བཞིན་པ་བྱང་ཆུབ་ངེས་པ་ཉིད་ཆོས་དུ་མ་ལ་དགོངས་པས་ཐོས་པས་དོན་སྣང་བའི་རིག་པ་ལ་དུས་གཅིག་ན་ཤར་བའི་ཚེ། ཐམས་ཅད་ནི་ཇི་སྙེད་པའི་ཆོས་ཀུན་དེ་ལས་འཕྲུལ་པའོ། །དཔེ་ནམ་མཁའ་ལྟ་བུ་ཆོས་ཀྱི་སྐུ་ལས་ནི་ཚིག་ཏུ་མ་བརྗོད་པར། རང་བྱུང་ངའི་ཤེས་རབ་དང་བ་ལ་བྱིན་རླབས་ཁོང་ནས་ཤར་ཏེ། རང་སྣང་རིལ་ཇི་བཞིན་པར་བློ་ལ་ཤར་བ་ནི་ཐོས་པའོ། །སྐུ་བཞི་ལས་ཐོས་པར་འཆད་པས་ཡིད་ཆེས་པར་བྱ་བའི་ཕྱིར། གསང་བའི་ཚིག་ནི་འདི་སྐད་དུ། །ཐོས་པར་གྱུར་ཞེས་པ། གསང་སྔགས་ཀྱི་དོན་འདི་ཉེ་བར་བསྟན་པ་སྐད་སྐུ་ཡི་བསྟན་པ་ལོངས་སྤྱོད་སྐུ་ལས་ཐོས་པའི་དུས་གཅིག་ཚེ། གདུལ་བྱ་རྣམས་དང་མཉམ་པ་ལ་འཇོག་པའི་བྱང་སེམས་ལ་ལྟ་སྤྱོད་མཐུན་པས་དྲངས་པའི་ཐབས་སུ་དགོངས་པས་བརྒྱུད་དེ་ལོངས་སྤྱོད་རྫོགས་པའི་སྐུ་ལས་ཐོས་པའོ། །ལུང་གི་གཏན་ཚིགས་འདི་སྐད་དུ། །ཞེས་པ་གསང་སྔགས་ཀྱི་ལུང་གཅུས་ནས་ཚིག་ཏུ་བསྟན་པས་འདི་སྐད་དུ་ཉེ་བར་བཟུང་བ་ནི། བདག་གིས་སྤྲུལ་པའི་སྐུ་ལས་ཚིག་ཏུ་ཐོས་པའི་ཚེ་འཆད་པའི་ལྡེམ་པོ་བཞི་དང་དགོངས་པ་བཞིས་གཞན་དོན་ལ་དགོངས་ནས། གཞན་གྱི་ཚིག་ཏུ་སྨྲ་བ་ལ་སོགས་པའི་ཚིག་གསུངས་པས་དྲང་བའི་དོན་དུ་ཐོས་པའོ། །འདོད་རྐྱེན་ཚིག་ནི་སྐད་དུ། ཞེས་པ་གདུལ་བྱའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རེ་རེའི་ཆ་རྐྱེན་དུ་དེ་དང་འཚམས་པ་དེ་ཉིད་དུ་སྤྱོད་པའི་ཚིག་འདི་ཉེ་བར་བསྟན་པ་བཞིན་དུ། གསང་བའི་སྐུའི་བྱིན་རླབས་ཀྱི་རྟོགས་པ་ཁོ་ན་ཐོས་པ་ཡིན་པའི་ཚེ། ཤིན་ཏུ་འདོད་ཆགས་ཆེ་བའི་ལས་སྤངས་པས་མི་སྤོངས་ཏེ། དཔེར་མེས་ཚིག་པ་ལ་མེས་གདུང་ན་ཕན་པ་བཞིན། འདོད་པ་སྤྱོད་པས་མི་ལྟུང་གྲོལ་བའི་ཐབས་ཀྱིས་འདྲེན་པའི་ཚིག་ཏུ་ཐོས་ཏེ་བརྗོད་པ་དང་འདྲ་བའི་ཕྱིར་རོ། །གསང་སྔགས་རྡོ་རྗེ་ནམ་མཁའ་ཆེ། །ཚིག་གི་སྤྱོད་ཡུལ་མ་ཡིན་ཞེས་པ། ལྷག་པའི་རྣལ་འབྱོར་ཆེན་པོའི་དོན་གསང་སྔགས་ཤིན་ཏུ་ཟབ་པས་རྡོ་རྗེ་དབྱེར་མེད་ཅིང་བཙལ་བ་དང་བྲལ་བ་ནམ་མཁའ་ཐམས་ཅད་ལ་བདལ་ཆེ་བའི་དོན་ནི། ངོ་བོ་མ་ངེས་པས་མ་རྟོགས་པ་ལ་གཞན་དུ་བསྟན་པའི་ཡུལ་མེད་དེ། ཚིག་གིས་མི་ཕེབས་སྤྱོད་ཡུལ་མིན་པའི་ཕྱིར་རོ། །ཏེ་ཚིག་ལྷག་མའི་དོན་ནི། མཚན་ཉིད་དེ་ལྟ་བས་ན་ངས་ཁྱོད་ལ་བདག་གིས་གོ་བར་རབ་ཏུ་དཀའ་བསྟན་དུ་མི་བཏུབ་པར་བཀའ་སྩལ་པའོ། །དེའི་གཏན་ཚིགས་ཀྱང་། དཔེའམ་ཚད་མའམ་གཏན་ཚིགས་སམ། །ཞེས་པ་ལ་སོགས་པ་ཐུན་མོང་གི་གཏན་ཚིགས་ཀྱིས་མི་ཕེབས་པ་བཤད་ཟིན་ཏེ། དེ་ནི་དཔེར་དམུས་ལོང་ནམ་མཁའ་ལ་མཐོས་འཇལ་བ་དང་འདྲའོ། །འོན་ཀྱང་བཀའ་ཡི་གཉེར་གཏད་ཅིང་། །ལོག་གཞན་ཐབས་ཀྱིས་དྲང་བ་དང་། །ཞེས་པ་དེ་ལྟར་བསྟན་དཀའ་ནའང་། རྒྱལ་བ་རིལ་གྱིས་གསང་བའི་བདག་པོར་དབང་བསྐུར་གཉེར་གཏད་པའི་ཕྱིར་དང་། ཐབས་ཆེན་པོས་ལོག་སྲེད་དྲང་བའི་ཕྱིར་ལང་ཀ་ཁྱེད་ཀྱིས་གསང་སྔགས་འཆད་པར་བསྐུལ་བའི་བརྩོན་འགྲུས་ཀྱི་གོ་ཆ་དང་ལྡན་པས་བསྐུལ་བ་དང་གསུམ་གྱི་དབང་གིས་ཚིག་གིས་ཇི་ལྟ་བར་ཕེབས་དཀའ་ཡང་། གསང་སྔགས་མ་མཐོང་བའི་མུན་པའི་བློ་ཅན་རྣམས་ཐུན་མོང་མ་ཡིན་པའི་ཚིག་གི་དོན་གསལ་བར་བྱས་ནས་རྒྱུད་དགྲོལ་བས་ཡང་དག་པའི་ས་ལ་དགོད་པ་ཡང་། དཔེར་ཁྱེའུས་ཁྱེའུ་འབྱིན་པའི་ཚུལ་དུ་རྟོགས་ནས་ས་ནོན་པའི་ཐབས་ཇི་ལྟར་འཚམས་པར་བཤད་པར་ཞལ་གྱིས་འཆེས་པའོ། །རང་བཞིན་ཡེ་ནས་སངས་རྒྱས་པ། །ཞེས་པ་ལ་སོགས་པ་གསང་སྔགས་རང་བཞིན་ཡེ་ནས་ཇི་བཞིན་པའི་དོན་ནི། སྤྱིར་རྟོགས་པ་མཐོང་དང་མ་རྟོགས་པ་མ་མཐོང་གཉིས་ལས། དམན་པའི་འགྲོ་བ་རྣམས་ཀྱིས་མ་རྟོགས། སངས་རྒྱས་དང་རིག་པ་འཛིན་པ་ཆེན་པོ་རྣམས་ཀྱིས་ནི་རྟོགས་སོ། །དེའི་ཕྱིར་ཡང་བསྟན་དགོས་པའོ། །མཐོང་བ་མངོན་ཐོས་རྣམ་གཉིས་ལས། །ཞེས་པ་ལ་སོགས་པ་གསང་སྔགས་ཀྱི་དོན་ཇི་ལྟ་བར་མཐོང་བ་དང་། དབང་པོ་མངོན་སུམ་དུ་མ་ནོར་བ་ཐོས་པ་རྣམ་གཉིས་ལས། ཐོས་པས་མཐོང་བ་གོམས་པས་སྐྱེད་དུ་བྱ་བ་མཐོང་བ་མེད་པར་གྱུར་པ་མཐར་ཕྱིན་དམ་པ་རྒྱལ་བའི་དགོངས་པ་མངོན་སུམ་མ་ཡིན་ཏེ། དེ་ནི་བློ་གྲོས་ཤེས་རབ་དང་རྣལ་འབྱོར་ཏིང་ངེ་འཛིན་དང་སྤྱོད་པར་ཡོན་ཏན་ལྡན་པས། གསང་བའི་ཆེ་བ་མདོ་བཞི་ལྟ་བུས་ཐོས་པས་མཚོན་ནས་རྟོགས་པར་འགྱུར་བའི་ཆེད་དུའང་ཚིག་ཏུ་བསྟན་ནོ། །སྟུག་པོ་བཀོད་པའི་རྒྱལ་བ་ཡང་། །ཞེས་པ་ལ་སོགས་པས་སྟུག་པོ་བཀོད་པ་འདི་ལ་གནས་པའི་རྒྱལ་བ་ཇི་སྙེད་པ་དག་བྱང་ཆུབ་ཆེན་པོ་ཆོས་སྐུ་སྙིང་པོ་ལྷུན་གྱིས་གྲུབ་པའི་ཚེ་ནའང་། བྱང་ཆུབ་ཆེན་པོར་བཞུགས་པས་གདུལ་བྱ་མི་སྨིན་པའི་ཕྱིར། རྒྱལ་བ་དེ་དག་གི་མཛད་པས་གདུལ་བྱ་བསྐྱང་བའི་ཆེད་དུ་སྤྲུལ་པ་དང་ལོངས་སྤྱོད་དུ་སྣང་བར་མཛད་ནས། ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྐུས་འཁོར་ལོ་དངོས་སུ་སྟོན་པ་དང་ཚིག་གིས་ལུང་བསྟན་པ་མཛད་དོ། །འདས་དང་མ་འོངས་ད་ལྟར་གྱི། །ཞེས་པ་དག་དུས་གསུམ་གྱིས་རྒྱལ་བ་རྣམས་ཀྱིས་ཀྱང་། དུས་ཐམས་ཅད་དུ་ཉིད་ཀྱི་དགོངས་དོན་ཐེག་པ་ཆེན་པོ་འཁོར་ལ་བཀའ་སྩལ་ཏེ། ངས་འདུས་པའི་འཁོར་ཁྱེད་རྣམས་ལ་བགྲོས་པས་ཉོན་ཅིག་པར་གདམས་སོ། །བསྟན་པ་དངོས་ཇི་ལྟ་བུ་ཞིག་སྙམ་པ་ལ། ལང་ཀའི་བདག་པོ་འདི་ལྟ་སྟེ། དམ་པ་རྣམས་ཀྱི་དགོངས་པ་ལ་འཇུག་པར་འདོད་ན་མཛོད་དུ་འཇུག་པར་བྱའོ། །ཞེས་པ་ལ་སོགས་པ་སྡུད་པ་པོ་ལ་བོས་ནས་བགྲོས་པའི་དོན་ཉེ་བར་བསྟན་པ་ནི། རྒྱལ་བའི་བརྣག་པར་བྱ་བའི་གསང་སྔགས་ལ་ཁྱེད་སློབ་པ་ལ་འཇུག་པར་འདོད་མོས་པ་ཞིག་ན། འཇུག་པའི་དེའི་ཐབས་ཆོས་ཀྱི་རྣམ་གྲངས་བཅུ་ཡོད་དེ། རྣམ་གྲངས་དང་པོ་ནི་ལེའུ་ཞེ་ལྔ་ནས་ང་དྲུག་གི་བར་བཅུ་གཉིས་གྱིས་འགྲེལ་ཏོ། །གཉིས་པ་ནི་ང་བདུན་པས་འགྲེལ་ཏོ། །གསུམ་པ་ནི་ང་བརྒྱད་པས་འགྲེལ་ཏོ། །བཞི་པ་ནི་ང་དགུ་པས་འགྲེལ་ཏོ། །ལྔ་པ་ནི་དྲུག་ཅུ་པས་འགྲེལ་ཏོ། །དྲུག་པ་ནི་རེ་གཅིག་པས་འགྲེལ་ཏོ། །བདུན་པ་ནི་རེ་གཉིས་པས་འགྲེལ་ཏོ། །བརྒྱད་པ་ནི་རེ་གསུམ་པས་འགྲེལ་ཏོ། །དགུ་པ་ནི་རེ་བཞི་པས་འགྲེལ་ཏོ། །བཅུ་པ་ནི་རེ་ལྔ་པ་ནས་ཐ་མའི་བར་གྱིས་འགྲེལ་ཏོ། །སྨྲས་པ། གསང་བའི་བདག་པོ། ཞེས་པ་དེ་དག་ཉིད་རྟོགས་པའི་ཐབས་དྲིས་པའོ། །སྨྲས་པ། ལང་ཀའི་བདག་པོ། ཞེས་པ་སྟོན་པས་དྲི་བ་བཅུ་ལས་དང་པོའི་དོན་བསྟན་པ་འཆད་པའི་སྒོ་གསུམ་ནས་བརྒྱུད་པ་ཞུགས་ནས་མངོན་སུམ་པས་གང་མེད་ལ་སོགས་ལྷུན་གྱིས་གྲུབ་པའི་གསང་སྔགས་དམ་པ། ཡོན་ཏན་གྱི་འབྱུང་གནས་ཉིད་ཐོབ་པར་བྱའོ་ཞེས་གསུངས་པའོ། །སྨྲས་པ་ནི། དེ་ཉིད་དྲིས་པ་སྟེ། ལན་དུ་སྒོ་གསུམ་བསྟན་པ་ནི། རྣམ་པར་དཀའ་བའི་སྤྱོད་པས་བདག་གཞན་མཐར་ཕྱིན་པར་བྱེད་པ་དང་། ཐབས་ཀྱིས་སྒོ་མང་པོས་སྦྱོང་བ་དང་། ཇི་ལྟ་བའི་དོན་མ་བསླད་པར་བསྟན་པས་སྦྱོར་བའི་ཕྱིར་རྒྱུའི་ཐེག་པ་དང་། ཡོ་ག་ཕྱི་པ་དང་། ནང་པའི་ཐེག་པ་བསྟན་པའོ། །སྨྲས་པ། ལང་ཀའི་བདག་པོ། ཞེས་པ་ལ་སོགས་པ་རྟོགས་པའི་ཐབས་དྲི་ལན་སྒྲ་བཞིན་ནོ། །དེ་དག་སོ་སོ་ནས་རྟོགས་པར་བྱ་བའི་ཕྱིར། ལང་ཀའི་བདག་པོ་དེ་ལ་སྤྱོད་པའི་འདྲེན་སྒོ། ཞེས་པ་རྣམ་གྲངས་ཀྱི་མདོར་བསྟན་པའོ། །དེ་ལ་ཡན་ལག་དྲུག་གང་ཞེ་ན། གྲངས་ལ་སྙེགས་པས་ཡན་ལག་བཀར་བ་ལའང་དྲུག་སྟེ། བསྟན་པ་དང་འབྲས་བུའི་གཞིར་གྱུར་པའི་ཕྱིར་དང་། ལྟ་སྤྱོད་ཀྱི་ཡུལ་སྦྱོར་བའི་ཕྱིར་དང་། ལས་མཐར་ཕྱིན་པའི་དོན་བསྟན་པའི་ཕྱིར་དང་། ཆོས་རྣམས་ཀྱི་རང་གི་ངོ་བོ་བསྟན་པའི་ཕྱིར་དང་། སྡོམ་པ་གཟུང་བར་བྱ་བའི་ཕྱིར་དང་། ཆོས་རྣམས་ཀྱིས་མཚན་ཉིད་ཅི་འདྲ་བ་བསྟན་པའི་ཕྱིར་རོ། །དེ་ལ་རྒྱུའི་ཡན་ལག་གང་ཞེ་ན། ཞེས་པ་དྲུག་ལ་སྙེགས་པས་རྒྱུ་བཀར་ནས་བསྟན་པ་ནི་གཉིས་ཏེ། བསྟན་པ་ཕུན་སུམ་ཚོགས་པ་འབྱུང་བའི་གཞི་དང་མཐར་ཕྱིན་པའི་འབྲས་བུ་འབྱུང་བའི་ཕྱིར་རོ། །ལ ང་ཀའི་བདག་པོ་དེ་ལ་འབྱུང་བའི་ཡན་ལག་གང་ཞེ་ན། ཞེས་པ་གཉིས་པ་ལས་བཀར་ནས་འདི་ཉིད་སྟོན་པའོ། །གང་ཡོངས་སུ་ཚོགས་ན་བརྗོད་པ་འབྱུང་བ་ཉིད་ལ་བྱ་སྟེ། ཞེས་པ་འདི་ཉིད་དངོས་པོ་གྲུབ་པར་བྱེད་པའི་གཏན་ཚིགས་ཏེ། ཕུན་སུམ་ཚོགས་པ་དྲུག་ཚང་ན་བསྟན་པའི་སྒྲ་འབྱུང་བའི་ཕྱིར་རྒྱུར་ངེས་སོ། །དེ་ཁོ་ན་སྟོན་པ་དང་། བསྟན་པ་དང་། སྡུད་པ་དང་། གནས་པ་དང་། འཁོར་དང་། དུས་ཏེ། སྒྲོ་སྐུར་དང་རྫུན་སྤངས་པའི་ཕྱིར་དང་། རྒྱུད་གྲོལ་བར་བྱེད་པའི་ཕྱིར་དང་། ཐོས་པའི་དོན་མི་གཏོང་བའི་ཕྱིར་དང་། མཆོད་གནས་དམ་པ་དག་གི་གཞི་རྟེན་དུ་གྱུར་པའི་ཕྱིར་དང་། མང་པོ་ཚོགས་པའི་ཕྱིར་དང་། དེ་ཉིད་ལས་གཞན་དུ་མ་ཡིན་པའི་ཕྱིར་རོ། །སྨིན་པའི་ཡན་ལག་ནི། གང་དམ་པར་སྨིན་པའི་རྒྱུ་སྟེ། ཞེས་པ་དག་འདི་ཉིད་བསྟན་པའི་དངོས་པོ་གང་ཞིག་ཆོས་སྐུ་ཉིད་འགྲུབ་པར་བྱེད་པའི་རྒྱུ་ལ་བྱ་སྟེ། ངོ་བོ་དང་ངེས་ཚིག་འགྲུབ་པར་འགྱུར་རོ། །དེ་ཉེ་བར་བསྟན་པ་ནི། མདོར་བྱང་ཆུབ་ཀྱི་ཡན་ལག་སྟེ་དངོས་བདུན་གང་ཞེ་ན། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུབ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །ལམ་གྱི་ཡན་ལག །ཅེས་པ་འཕགས་པའི་ལམ་ཡན་ལག་བརྒྱད་དེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོགས་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། ཡང་དག་པའི་དྲན་པའོ། །ལང་ཀའི་བདག་པོ། །སྦྱོར་བའི་ཡན་ལག་ནི། ཞེས་པ་དག་དེ་ཉིད་བསྟན་པ་ལ་གཉིས་ཏེ། ཤེས་རབ་གསུམ་གྱི་དོན་རྙེད་ནས་ཕར་བཅུས་ས་བཅུ་ལ་སྦྱོར་ཤེས་རབ་ཀྱིས་ཤེས་བྱ་ལ་སྦྱོར་བ་དང་། ཐུགས་རྗེའི་སྤྱོད་པས་འགྲོ་དོན་ལ་སྦྱོར་བའོ། །ལང་ཀའི་བདག་པོ། དེ་ལ་བློའི་ཡུལ་ལ་སྦྱོར་བ་ནི། ཞེས་པ་དེ་ཉིད་ལའང་བཞི་སྟེ། དོན་གྱི་རྟོགས་པ་འབྱུང་བའི་རྒྱུ་གསུང་རབ་སྟོན་པས་གནང་བ་དང་འཁོར་གྱིས་གུས་པས་ཞུ་བ་གཉིས་སྡེ་ཡན་ལན་བཅུ་གཉིས་པ་སོགས་པའི་ཐོས་བསམ་བྱེད་པ་དང་། དེས་དོན་ཇི་ལྟ་བ་མཐོང་བས་ས་དང་པོ་ལ་སྦྱོར་བ་དང་། དེ་ཉིད་ཐོས་བསམ་གོམས་ནས་རྣམ་ཐར་སྒོ་གསུམ་ངེས་པའི་ལྟ་བས་མཐོང་བའོ། །གོམས་པ་མི་འགྱུར་བས་ཆོས་ཀྱི་སྐུ་ལ་སྦྱོར་བ་དང་། བདེན་པ་དོན་ལ་ཞི་ལྷག་གིས་བསྒོམས་ཏེ་གོམས་པ་མཐོང་ནས་བློ་བཞག་སྟེ་ཆོས་ཉིད་མ་སྐྱེས་པ་བསྒོམ་པར་བྱེད་པའོ། །ལང་ཀའི་བདག་པོ། སྙིང་རྗེའི་ཡུལ་ལ། ཞེས་པ་སྙིང་རྗེ་བསྒོམ་པའང་གང་འགྲོ་བ་རྣམས་ལས་དང་ཉོན་མོངས་པས་ཁམས་གསུམ་དུ་སྨིན་པར་བྱེད་པ་དང་། དེ་བསྒྲུབ་པས་སྡུག་བསྔལ་སྤྱོད་དང་ཁྱད་པར་གསུམ་དང་བརྒྱད་ལ་སོགས་པས་གདུང་ཞིང་ཉམ་ཐག་པ་དང་། འགྲོ་བ་རྣམས་ཀྱིས་མ་སྐྱེས་པའི་དོན་མཐོང་བས་རང་བཞིན་འཁྲུལ་པ་ལ་སྙིང་རྗེ་འབྱུང་བའོ། །ལང་ཀའི་བདག་པོ། འབྲས་བུའི་ཡན་ལག་ནི། ཞེས་པ། གང་དང་གྲུབ་པའི་མཐའ་འབྲེལ་བའི་ནི་རྒྱུ་རྐྱེན་འབྲས་བུ་རིམ་པར་འབྲེལ་བ་བསྒོམས་པས་ས་བཅུ་རྡོ་རྗེ་ལྟ་བུའི་ས་ཏིས་བདུད་བཏུལ་ནས་ཀུན་འོད་གྱི་དངོས་པོས་བྱ་བ་དགོས་ཆེད་མཐར་ཕྱིན་པའི་དོན་དམ་པར་ཆོས་ཀྱི་སྐུ་ཉིད་དུ་བྱུང་བ་སྟེ། ཐོབ་པ་དམ་པ་དེ་ཁོ་ན་དངོས་ཀུན་ཏུ་འོད་ཀྱི་སའོ། །ལང་ཀའི་བདག་པོ། དེ་ལ་དངོས་གཞིའི་ཡན་ལག་ནི། །ཞེས་པ་དག་ནི་དེ་ཉིད་བསྟན་པ་ནི་བདེ་བར་གཤེགས་པའི་དགོངས་པ་ཆོས་ཉིད་མ་སྐྱེས་པ་གཏན་འབེབས་པར་བྱེད་པའི་ངོ་བོ་ཡན་ལག་འབྱུང་བའི་གཞི་ཡིན་པས་ངེས་ཚིག་འགྲུབ་བོ། །དེ་ལའང་གསུམ་སྟེ། དོན་ཉིད་ལམ་དང་བསྒྲུབ་པའི་རང་བཞིན་དང་། གཞལ་བྱའི་རྩ་བ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་དང་། འཁོར་བ་དང་ལམ་པ་དང་འབྲས་བུ་རིལ་གྱི་གཞི་བདེན་པ་གཉིས་སོ། །ལང་ཀའི་བདག་པོ། དེ་ལ་རང་བཞིན་གྱི་དངོས་གཞི་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་ལ་སོགས་པ་བཞི་སྟེ། རང་བཞིན་མ་སྐྱེས་པའི་དོན་དེ་ལམ་པས་ཐུན་མོང་གི་གཞུང་མ་ནོར་བར་ཐོས་པ་དང་། དེའི་དོན་ལ་ཆོས་དང་བླ་མ་ལ་སྐྱབས་སུ་དོང་རྗེས་སུ་ཡི་རང་བས་བསམ་དཔྱོད་བྱེད་པ་དང་། དེ་སྡོམ་པ་དང་བསླབ་པ་མ་མཐོང་བར་དུ་མི་གཏོང་བ་དང་། བློ་སྡོམ་པ་དང་བསླབ་པ་མཐར་ཕྱིན་གྲོས་ཡོངས་སུ་ཆུབ་པའོ། །ལང་ཀའི་བདག་པོ། རྩ་བའི་དངོས་གཞི་གང་ཞེ་ན། ཞེས་པ་ལ་སོགས་པ་དེ་ཉིད་ནི་ཉེ་བར་བསྟན་པ་ནི་བཅུ་གཅིག་སྟེ། གདགས་པ་དང་། དངོས་པོ་གཉིས་པའི་ཡོ་བྱད་ཀྱི་མིང་དང་ཐ་སྙད་དང་། སྤྱོད་པ་དང་གཉིས་ཀའི་ཆ་ལས་བཏག་པའི་སྒོ་གསུམ་གྱི་སྤྱོད་པ་མིང་གི་ཐ་སྙད་ཇི་སྙེད་པ་དང་། སྐྱེ་བ་དང་སེམས་ཀྱི་གང་ཟག་དེའི་ལས་བཟང་ངན་ཐ་དད་པར་རྒྱུ་རྐྱེན་ལས་བྱུང་བ་དང་། སྐྱེས་ནས་དེ་དག་ལུས་ཐེར་ཟུག་པ་མེད་དེ་སྐད་ཅིག་མའི་རྒྱུན་དུ་ཡོད་པ་དང་། བདེ་བ་གནས་པའི་མཚན་ཉིད་ལ་འཚོ་བས་ཚིམས་པ་ལོངས་སྤྱོད་པ་དང་། ལུས་དང་དེ་ལ་བརྟེན་པའི་བརྟག་པའི་ཆོས་རྣམས་ཀྱིས་གདུང་བ་སྟེ་འཁོར་བའི་རྟེན་ནོ་དང་། ཡོངས་སུ་བྱང་བ་བརྟགས་པའི་ཞེན་པ་ཐོག་མ་ནས་བསགས་པའི་དང་འདི་ལ་བསགས་པའི་བག་ཆགས་དཀར་པོ་དག་པ་དང་། རྒྱུ་རྐྱེན་གྱིས་རྣམ་པ་བརྡ་ཐ་སྙད་ཀྱི་དངོས་པོ་ཐ་དད་པར་སེམས་སྣང་བ་བཤད་པ་རྣམས་སོ། །དང་། ལུས་བརྟེན་གྱི་དུས་བཅས་པའི་སྒོ་ནས་དབང་བའི་བདག་ཉིད་དང་། དམིགས་པའི་སྒོ་ནས་ཤེས་བྱའམ་བསྟན་བྱའི་ཡུལ་དང་། དེ་དག་གི་འདུ་གཅིག་ལ་གཅིག་འཕྲོད་ཀྱི་སྒོ་ནས་རྟེན་འབྲེལ་གྱིས་གསལ་བར་ལྡན་པའི་ཕྱིར་འབྲས་བུ་འཛིན་པའོ་རྣམ་པར་ཤེས་པའོ། །ལང་ཀའི་བདག་པོ། ཐམས་ཅད་ཀྱི་དངོས་གཞི་གང་ཞེ་ན། ཞེས་པ་གཉིས་ཏེ། དང་པོ་ཅི་ཙམ་དུ་སྲིད་པའི་ས་བོན་མ་ཟད་ཀྱི་བར་དུ་གནས་པའི་ངོ་བོ་ལ་སྣང་བའི་ཀུན་རྫོབ་ནི་བཞི་སྟེ། བསྡུ་བ་དང་། ཞེས་པ་དག་ནི་དབང་དུ་བྱ་བའི་ཕྱིར་ཡུལ་དང་ལས་དང་སྐྱེ་བ་དང་རྒྱུ་རྐྱེན་འབྲེལ་བ་དུ་མ་འདུས་ཏེ་གནས་འདུ་བ་དང་དང་། བསམ་པ་དང་སྦྱོར་བས་བྱ་བ་གང་ལ་རྩོམ་འཇུག་པའི་ཤེས་པ་དང་། བརྟགས་པས་གང་ཟག་གིས་བདག་དང་སྲོག་དང་། ཤེད་ཅན་དང་ཤེད་བདག་ཏུ་སྣང་བ་དང་། ཡུལ་དང་སྣོད་དང་དངོས་པོ་སྟེ་ཕུང་ཁམས་སྐྱེ་མཆེད་རྣམས་སུ་བཟུང་བའོ། །ཡོངས་སུ་དག་པ་ལ་སྣང་བ་ནི། ཞེས་པ་ཉི་ཤུ་རྩ་བདུན་ཏེ། གང་ཞེ་ན། འདོགས་པ་དང་། རྩོལ་བ་དང་། གནས་པ་དང་། བདེ་བ་དང་། ཞེས་པ་དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། སྙོམས་པར་འཇུག་པ་དགུ་དང་། ཚད་མེད་པ་བཞི་སྟེ་རྒྱུད་དུ་འདོགས་པས་མི་འབྲལ་བ་དང་། སྐྱོན་གྱི་བྱ་བ་འདོར་བའི་ལས་བྱེད་པ་དང་། བསམ་པ་མི་གཡོ་བ་དང་། བདག་གཞན་སྡུག་བསྔལ་བྲལ་བར་བྱེད་པའི་ཕྱིར་རོ། །ཐབས་དང་། ཤེས་རབ་དང་། ཤེས་པའི་གནས་དང་། ནན་ཏན་དང་། ང་རྒྱལ་མེད་པ་དང་། བག་ཆགས་དང་། མངོན་དུ་བྱ་བ་དང་། བསྒོམ་པ་དང་། ཞེས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། སོ་སོ་ཡང་དག་པ་རིག་པ་བཞི་དང་། དབང་པོ་ལྔ་དང་། བསྡུ་བའི་དངོས་པོ་བཞི་དང་། བདག་མེད་པ་གཉིས་དང་། སྟོབས་ལྔ་དང་། བདེན་པ་གཉིས་དང་། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་གོ། །དེ་ཡང་མི་དམིགས་ཟིན་པས་བདག་གཞན་གྱི་དོན་སྤྱོད་པ་ལ་མ་ཆགས་པའི་ཐབས་སྤྱོད་ཡིན་པའི་ཕྱིར་དང་། ཤེས་བྱ་སོ་སོ་རིག་པའི་ཕྱིར་དང་། དོན་རྟོགས་པའི་གཞིར་གྱུར་པའི་ཕྱིར་དང་། བདག་གཞན་དོན་ཆུད་མི་གསོན་པའི་ཕྱིར་དང་། ཡུལ་སེམས་འཛིན་པ་བྲལ་བས་ངར་འཛིན་མེད་པའི་ཕྱིར་དང་། ཡང་དག་པའི་དོན་མཐུ་ཅན་བྱེད་པའི་ཕྱིར་དང་། དག་པ་འཇིག་རྟེན་པ་དང་། མི་རྟོག་པའི་ལྷག་མཐོང་རྣམ་གཉིས་མཐོང་བར་བྱེད་པའི་ཕྱིར་དང་། ཏིང་ངེ་འཛིན་མི་གཡོ་བར་གནས་པའི་ཕྱིར་རོ། །སྙིང་པོ་དང་། རྣམ་པ་དང་། དམིགས་པ་དང་། སྤྱོད་པ་དང་། ཞེས་པ་སྟོབས་བཅུ་དང་། མ་འདྲེས་པ་བཅོ་བརྒྱད་དང་། མངོན་པར་ཤེས་པ་དྲུག་དང་། ཆོས་སྤྱོད་བཅུའོ། །ཞེས་འབྲས་བུ་མཆོག་མི་འགྱུར་བའི་ཕྱིར་དང་། སོ་སོའི་ཆ་མ་འདྲེས་པ་དང་། ཡུལ་རྣམས་གསལ་བ་དང་། བྱང་ཆུབ་ཀྱི་སྤྱོད་པར་འགྱུར་བའི་ཕྱིར་རོ། །གཡེང་བ་དང་། མི་གཡེང་བ་དང་། བཙལ་བ་དང་། ཡོན་ཏན་དང་། བརྟན་པ་དང་། བསྡུ་བ་དང་། ཕྱོགས་བསྡུ་བ་དང་། རྟོགས་པ་དང་། ཐོབ་པར་བྱ་བ་དང་། སྤྱིར་ཕྱིན་པ་དང་། ཡོངས་སུ་བྲི་བའོ། །ཞེས་པ་སྤོང་བའི་འདུ་བྱེད་བརྒྱད་དད་པ་འདུན་པ་བརྩོན་འགྲུས་བཏང་སྙོམས་ཤེས་རབ་རྟོག་པ་དྲན་པ་སེམས་པ་དང་། རྣམ་ཐར་གསུམ་བསྒོམ་པ་དང་། རྫུ་འཕྲུལ་རྐང་པ་བཞི་དང་། གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། མི་འཇིགས་པ་བཞི་དང་། འཕགས་པ་དང་བྱང་ཆུབ་ཀྱི་ལམ་བཅོ་ལྔ་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ལྟ་བ་དང་། སྐུ་གསུམ་དང་། ཀུན་ཏུ་འོད་དང་། ས་བཅུའོ། །དེ་ཡང་སྐྱོན་བདུན་དམིགས་བརྗེད་ན་དྲན་པ་བསྟེན། བློས་མ་ཟིན་ན་རྟོག་པ། རྒོད་ན་འཁོར་བ་ལ་སྐྱོ་བ་བསྐྱེད་དྲན་པའི་ཐག་པས་གདགས། བྱིངས་ན་ཤེས་བཞིན། འཐས་ན་དམིགས་པ་ལ་གཏད། ལེ་ལོ་ན་དད་པ་འདུན་པ་བརྩོན་འགྲུས། རྩོལ་ན་བཏང་སྙོམས། མི་རྩོལ་ན་བརྩོན་འགྲུས། འགེགས་པའི་ལས་བྱེད་པ་དང་། བསམ་པ་དོན་ལས་མི་གཡེང་བ་དང་། དོན་དུ་གཉེར་ནས་ས་ལ་བསྐྱོད་པར་བྱེད་པ་དང་། ལྟུང་བ་མེད་པའི་ཡོན་ཏན་དང་། བདུད་དང་མུ་སྟེགས་ལ་སོགས་པས་མི་ཚུགས་མི་ཤིགས་པ་དང་། ལམ་གྱིས་ཁོང་དུ་ཆུད་དེ་གཉེར་བས་འབྲས་བུ་ཆུབ་པར་བྱེད་པ་དང་། གཞན་དུ་མ་འདྲེས་པའི་ཆོ་དག་ཁོང་དུ་ཆུད་པར་བྱ་བ་ཡིན་པ་དང་། ཇི་ལྟ་བའི་དོན་མཐོང་བ་དང་། བསྒྲུབ་བྱར་གྱུར་པ་དང་། སའི་རྩེ་མོ་ཉིད་དུ་གྱུར་པ་དང་། སྒྲིབ་པ་བསྲབས་པས་ཐོབ་ལ་མ་རགས་པའི་ཕྱིར་རོ། །དེའི་ངོ་བོ་བསྟན་པ་ནི་ངོ་ཤེས་པར་བྱ་བའི་ཕྱིར་རོ། །ལང་ཀའི་བདག་པོ། དེ་ལ་གཟུང་བའི་ཡན་ལག་གང་ཞེ་ན། ཞེས་པ་ལ་སོགས་པ་འདིར་སྒོ་གསུམ་གྱི་སྡོམ་པ་བཟུང་བའི་དོན་བསྟན་པ་ནི་བདུན་ཏེ། གང་དང་པོ་མཁན་པོ་དང་། ཨ་ཙརྱ་དང་། ཨུ་པ་དེ་དང་། དབང་པོ་རྣམས་ཚོགས་པས། སློབ་དཔོན་ལས། དགེ་བསྙེན་དང་། དགེ་ཚུལ་དང་། བར་སློབ་དང་། དགེ་སློང་གི་ཚུལ་ཁྲིམས་རྣམས་ལེགས་པར་ནོད་པ་དང་། དེ་ཡང་རྩ་བ་ནི་ཕས་ཕམ་བཞི་དང་། ལྟུང་བྱེད་དགུ་བཅུ་རྩ་གཅི་དང་། བསླབ་པ་མང་པོའི་ཆོས་བརྒྱ་དང་། དགེ་འདུན་གྱི་ལྷག་མའི་ཆོས་བཅུ་གསུམ་དང་། རྩོད་པ་ཉེ་བར་ཞི་བའི་ཆོས་བདུན་ལ་སོགས་པ་དག་ཐེག་པ་ཆེ་ཆུང་གནང་བཀག་གི་ཆོས་བསྲུང་བ་དང་། སྒོ་གསུམ་སྡོམ་པའི་རང་བཞིན་ཅན་དུ་བྱ་བ་དང་། འཆལ་བའི་དྲི་མ་མེད་པར་བྱ་བ་དང་། ཉེས་པའི་རང་བཞིན་རྟོགས་ནས་ཁྱིམ་ནས་ཁྱིམ་མེད་པར་དོན་དམ་རྟོགས་ནས་འཁོར་བ་ལས་རབ་ཏུ་བྱུང་བ་དང་། རྒྱལ་སྲིད་དང་ལོངས་སྤྱོད་རབ་ཏུ་བྱུང་བས་བཏང་བ་དང་ཞར་ལ་བྱང་སེམས་དེས་མ་ཆགས་པར་གཏང་བ་དང་། བུ་དང་བུ་མོ་དང་། ཁྱོ་མོ་ལ་སོགས་པ་ལ་ཡོངས་སུ་མ་ཆགས་པ་ཁོ་ན་སྟེ། དེ་ནི་སྡོམ་པ་བཟུང་བའོ། །ལང་ཀའི་བདག་པོ། དེ་ལ་མཚན་ཉིད་ཀྱི་ཡན་ལག་ནང་རིགས་དང་སྣ་ཚོགས་གང་ཞེ་ན། ཞེས་པ་དེ་ལའང་བཅུ་གཅིག་སྟེ། རྣམ་གྲངས་བཞིན་ནོ། །ལང་ཀའི་བདག་པོ། དེ་ལ་ཀུན་རྫོབ་གང་ཞེ་ན། འདི་ལྟ་སྟེ། བཅུ་གཅིག་ལ་སྙེགས་པས་ཀུན་རྫོབ་བཀར་ནས་བསྟན་པ་ནི། མཚན་ཉིད་གསུམ་སྟེ། ཀུན་གཞི་ཤེས་པ་སྐད་ཅིག་མ་ལས་དང་ཉོན་མོངས་པས་རྒྱས་པར་ལྟུང་བའི་ས་བོན་དང་བཅས་པ་དང་། སྒྲ་དོན་སྤྱི་ལ་ནན་གྱིས་ཞེན་པའི་ངོ་བོ་མེད་པ་ལ་ཡོད་པར་བཟུང་བ་ཡུལ་ཐམས་ཅད་དུ་བརྟགས་པའི་འཁྲུལ་དང་། འདུ་བྱེད་རྣམས་ལྔ་གཅིག་ཏེ། ངོ་བོ་སྒྱུ་མ་ཙམ་དུ་སྣང་བའང་། བསྡུ་ན་ངོ་བོ་གཉིས་ཏེ། ཡང་དག་པ་དང་མ་དག་པའི་དབྱེ་བས་ལུང་མ་བསྟན་ཤེས་པར་བྱའོ། །ལང་ཀའི་བདག་པོ་དེ་ལ་དམ་པ་གང་ཞེ་ན། ཞེས་པ་དོན་དམ་པ་ཡང་ཚན་གསུམ་སྟེ། མཐའ་རྒྱུ་རྐྱེན་བྲལ་བས་རིལ་གྱིས་མ་བསྒོས་པ་དང་། རྒྱུ་རྐྱེན་ལས་མ་བྱས་པས་དེས་ན་མི་འཇིག་པ་དང་། ཆོས་ཐམས་ཅད་ཀྱང་སྐྱེ་བ་མེད་པའི་ངང་དུ་འདུས་སོ། །དེ་ལ་རྣམ་གྲངས་དང་། སྤྲོས་བྲལ་གཉིས་ཏེ། ངེས་ཚིག་དང་བཅས་པར་འཇལ་བར་བྱའོ། །དམིགས་པ་ནི་ཐམས་ཅད་དུ་བསྟན་པའོ། །ཞེས་པ་དམིགས་བྱེད་ནི་དུས་ཀུན་ཏུ་ཤེས་པ་ཁོ་ན་ཡིན་པར་བསྙད་དོ། །རྣམ་པ་ནི་ཐམས་ཅད་དུ་ཡང་བརྟགས་པ་སྟེ། ཞེས་པ་ངོ་བོ་ཉིད་དུས་རིལ་དུ་རང་གི་བློས་བཟུང་བས་མ་འདྲེས་པར་སྣང་བའོ། །དེ་ལའང་རྣམ་པ་དགུ་སྟེ། རྣམ་གྲངས་ཇི་བཞིན་ནོ། །དེ་ལ་ནི་བདེན་པ་ནི་གང་ཞེ་ན། དེ་ཁོ་ན་ཉིད་གང་ཡིན་པའོ། །ཞེས་པ་ཆོས་རྣམས་ཀྱིས་ཆོས་ཉིད་མི་འགྱུར་བ་ཡོངས་སུ་གྲུབ་པ་ལ། མ་ནོར་མི་འགྱུར་བ་ཡིན་ནོ་བར་ཞེན་པ་གང་ཡིན་པའོ། །གཞག་པ་ནི། ཞེས་པ་བརྗོད་མི་བརྗོད་ངེས་པར་གཞག་པ་ཡང་ཤུགས་ཀྱིས་བཅུར་འགྱུར་བ་གང་ཞེ་ན། ཐོག་མ་མེད་པ་ནས་ལས་ལུང་བསྟན་མར། ཕུང་པོ་ལྔ་ཡི་རྒྱུན་བློས་མ་ཕྱེ་བའི་གང་ཟག་དང་ཀྱི་བག་ཆགས་ཀྱི་རྒྱུན་གྱི་དབང་དུ་གྱུར་པ་ཅན་དུ་མཐོང་བ་དང་། འཁྲུལ་པའི་ཆོས་རྣམས་སུ་ཞེན་པས་འི་དབང་གིས་ཐ་དད་དུ་བསམས་པ་དང་། ཆོས་རྣམས་དོན་ཡང་ན་རང་བཞིན་མེད་པར་ཕྱོགས་གཅིག་ཏུ་བསྟན་པ་དང་། སོ་སོར་ཡང་ན་གང་ཟག་གི་བསམ་པ་དང་ཀུན་རྫོབ་ཀྱི་བརྗོད་པ་ཇི་ལྟར་མོས་པ་ལྟར་ཕྱེ་ལ་བརྗོད་པ་དང་། ཕྱིར་རྒོལ་བ་པ་ལ་བདེ་བར་གཏན་ལ་ཕབ་ཀྱང་ལོག་པའི་གལ་དུ་སྨྲ་བ་ལ་བདག་གིས་མ་ངེས་ན་ཁྱོད་ཀྱིས་ཇི་ལྟར་རྟོགས་ཞེས་པའོ། །དྲིས་ཏེ་ལན་བརྗོད་པ་དང་། ཅིའང་མི་བརྗོད་པར་བཞག་པ་དང་། སྔར་གྲུབ་ཟིན་པ་ལ་རྗེས་མི་གཅད་པར་གཞག་པ་དེས་ཀྱང་མ་འདུལ་ན་དེ་དེར་བཞག་པ་བདག་ཉིད་ལངས་ལ་འགྲོ་བའོ། །དང་། ཐམས་ཅད་ལ་དེར་ཡང་འོང་ཞིང་དྲིན་མི་སྨྲའོ། །བསྟན་པ་མ་ཡིན་པར་བརྗོད་པ་དང་། ཇི་སྐད་བཤད་པ་རྣམས་འཁོར་ལ་དོན་ཞིབ་ཏུ་བརྗོད་པར་བྱ་བ་དང་། མཁན་པོ་གཞན་གྱི་བླ་མ་དང་བུདྡྷ་ལ་གཞན་དག་ཏུ་ལུང་བསྟན་པའོ། །ལང་ཀའི་བདག་པོ། ཉེས་པ་གང་ཞེ་ན། ཞེས་པ་སྡུག་བསྔལ་མྱོང་བའི་རྒྱུར་གྱུར་པའི་ཕྱིར་ཏེ། མ་རིག་པའི་ལས་རྣམས་སུ་བརྟགས་པ་ཀུན་ནས་ཉོན་མོངས་པའོ། །ཡོན་ཏན་གང་ཞེ་ན། ཞེས་པ་འབད་པས་བདེ་བ་ཐོབ་པའི་ཕྱིར་ཏེ། རྣམ་པར་བྱང་བའི་ཡོན་ཏན་བརྗོད་་པ རྣམས་སུ་བརྟགས་པའོ། །ལང་ཀའི་བདག་པོ་ཚུལ་གང་ཞེ་ན། ཞེས་པ་འབྲས་བུ་ལ་སྦྱོར་བའི་ལུགས་བརྗོད་པ་སྟེ། བསྒྲུབ་བྱའི་དོན་དམ་པ་ལྟ་བུའི་དོན་ལ་འཇུག་པ་དང་། ཐོས་པས་འབྲས་བུ་སྟེ་ཀུན་མཁྱེན་དང་། བསྟན་པའི་ཚིག་དོན་བདག་གི་རྟོགས་གཞན་ལ་མཚོན་པ་བརྗོད་པ་དང་། དེས་མཐའ་ཡི་ལྟ་བ་སེལ་བའི་ཚུལ་ནི་གང་ལ་ལྟོས་པ་མཐའ་སྟེ་མི་གནས་པའོ་དང་། ཇི་སྙེད་པའི་དོན་ཤེས་པའི་ངང་ལ་མི་འདའ་བ་ཞི་བ་ལྷག་མཐོང་དང་། དགོངས་པ་ལ་མི་གཡོ་མི་འགྱུར་བ་ཞི་གནས་སོ། །དེ་དག་ནི་ཡང་དག་པ་ཆེད་དུ་བྱས་པའི་བརྟགས་པའོ། །ལང་ཀའི་བདག་པོ་འཇུག་པ་གང་ཞེ་ན། དུས་དང་། ཞེས་པ་ཤེས་པ་ཡུལ་ལ་འཇུག་པའི་དོན་ནི་གསུམ་སྟེ། ཤེས་པ་འཇུག་པའི་རྩོམ་པ་མེད་པ་ནས་ཀྱང་ཡིན་ལ་ལེགས་ཉེས་གང་ལ་འཇུག་པའི་ཚེའོ་དུས་སྐབས་དང་། གསུམ་ཚོགས་པའི་རེག་པ་དང་། རྐྱེན་བཞི་འཛོམ་པས་ཇི་ལྟ་བ་ངེས་པར་བྱེད་པའོ། །དེ་ལྟ་བུས་ཡུལ་ཤེས་པར་བརྟགས་པའོ། །ལང་ཀའི་བདག་པོ་རིག་པ་གང་ཞེ་ན། ཞེས་པ་བདེན་པ་དང་བཅས་པ་བློ་ལ་གྲུབ་པར་བྱེད་པས་ཐེ་ཚོམ་ཆད་པ་སྟེ། དེ་ལ་བཞི་ནི་རྣམ་གྲངས་བཞིན་ནོ། །ལང་ཀའི་བདག་པོ་དེ་ལ་ལྟོས་པ་གང་ཞེ་ན། ཞེས་པ་ལྟོས་པའི་རིག་པ་ནི། གང་རྒྱུ་རྐྱེན་ལ་ལྟོས་ནས་འབྲས་བུ་འབྱུང་བར་གཞག་པ ད་ང་། བརྗོད་པ་དང་དངོས་པོ་གང་གྲགས་པའི་སྟོབས་ཀྱིས་ཡོད་པ་ལ་ལྟོས་ནས་མེད་པ་ལ་ཐ་སྙད་འགྲུབ་པ་ལྟ་བུ་དང་། ཐ་སྙད་དྲུག་འགྲུབ་པའོ། །སྐྱེ་བ་གྲུབ་པ་དང་ཐ་སྙད་གདགས་པའི་གྲུབ་པའི་བྱེ་བྲག་གིས་གཉིས་སོ། །བྱ་བ་བྱེད་པ་གང་ཞེ་ན། ཞེས་པ་བྱེད་པའི་རིག་པའང་བྱེ་བྲག་གིས་གསུམ་སྟེ། དངོས་པོ་ཞིག་འབྲས་བུར་གྱུར་པར་བྱ་བ་ལ་རྒྱུ་རྐྱེན་དེས་བྱེད་པ་ལྟ་བུ་སྟེ་ཐོབ་པའོ། །རྣམ་རྟོག་མཐུན་སྣང་གང་གི་དབང་གིས་ཡུལ་གང་ལ་གྲགས་པའི་བྱ་བ་བྱེད་པ་སྟེ་དཔེར་ན་རི་བོང་ཅན་ལ་ཟླ་བའི་སྒྲས་བརྗོད་པའི་བྱ་བ་བྱེད་པ་ལྟ་བུ་དང་གཉིས། སྐྱེ་བའི་དངོས་པོ་རྒྱུ་རྐྱེན་སོ་སོར་རང་རང་གིས་ལས་ཀྱི་བྱ་བ་བྱེད་པ་སྟེ། རྒྱུ་རྐྱེན་ལས་ཡོད་པའི་ལས་བསྒྲུབ་པའོ། །བསྒྲུབ་པ་གང་ཞེ་ན། དེ་ལ་གང་གོ་ཆ་བགོས་པ་སྟེ། ཞེས་པ་འཐད་པ་བསྒྲུབ་པའི་རིག་པ་བསྟན་པ་ནི། བསྒྲུབ་བྱ་གང་བསྒྲུབ་པར་གང་གི་དམ་བཅས་ཏེ་མི་འགྱུར་པའོ། །གང་སྨྲ་བ་དང་། ཞེས་པ་གཞན་གྱི་མཐུན་པ་དང་མི་མཐུན་བརྩོད་པའི་བདེན་པ་དང་བརྫུན་པ་སྨྲ་བའོ། །དོན་གྱི་རྗེས་འཇུག་པའོ། །བདག་ཉིད་ཀྱི་བསྒྲུབ་བྱ་གང་ངེས་སྐྱོན་དང་བྲལ་བ་པར་ཤེས་པར་བྱ་བའི་ཕྱིར་རྒྱུ་ལུང་དང་རིག་པ་རྐྱེན་དུ་གྱུར་པའོ། །ཞེས་པ་རང་གི་དོན་དུ་དོན་བསྒྲུབ་པའི་ཤེས་པ་སྟེ་ངེས་པ་བསྐྱེད་པའོ། །ལང་ཀའི་བདག་པོ་དེ་ཡང་འདི་ལྟར་དག་པ་དང་མ་དག་པའོ། །ཞེས་པ་སྡུད་པ་པོ་ལ་བོས་ནས་དེ་ལ་དབྱེ་ན་སྐབས་ཀྱིས་གཉིས་ཏེ། ཡང་དག་པའི་ཤེས་པ་སྟེ་བདག་གི་སྡེ་པ་དང་། ཡང་དག་པ་ལྟར་སྣང་བའི་ཤེས་པའོ། །གཞན་གང་དག་པ་ནི། དམིགས་པ་དང་། གནས་པ་དང་། དཔེ་དང་། གྲགས་པ་དང་། ངེས་པའོ། །ཞེས་པ་ཡང་དག་པའི་ཤེས་པ་ནི་རྣམ་པ་ལྔ་ཡིས་མཐར་ཕྱིན་པར་འགྱུར་ཏེ། དམིགས་པའི་བསྒྲུབ་བྱ་དང་། བསྒྲུབ་བྱ་རྩོད་གཞི་ཆོས་ཅན་ལ་འབྲེལ་ཞིང་ཡོད་པའི་གཏན་ཚིགས་དང་། གྲགས་པར་མཚོན་པར་བྱེད་པའི་དཔེ་དང་། ཕ་རོལ་གྲགས་པའི་གཏན་ཚིགས་དང་། ཀུན་གྱི་སྟོབས་ལས་བྱུང་བའི་ངེས་པའོ། །ལང་ཀའི་བདག་པོ། དེ་ལ་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། འཁོར་བ་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་སྟོང་པ་དང་། ཆོས་རྣམས་བདག་མེད་པ་ནི་བདག་གིས་སྡེ་པའི་དམིགས་པའོ། །ཞེས་པ་སྡུད་པ་པོ་ལ་བོས་ནས། རྗེས་སུ་དཔག་པར་བྱ་བ་བསྟན་པ་ནི། སྤྱིའི་མཚན་ཉིད་བཞི་དང་། བདེན་པ་བཞི་ལྟ་བུའོ། །དམིགས་པ་བསྟན་དེ་ཡང་ནང་པ་ཀུན་གྱི་སྤྱིའི་གཞི་ཡིན་པ་དང་། ནང་པ་ཀུན་ལ་གྲགས་པས་འདིར་མཚོན་པར་བྱེད་པའོ། །ཐམས་ཅད་སྐད་ཅིག་མ་དང་། སྐྱེ་ཞིང་འཕོ་བའི་ཕྱིར་ཕ་རོལ་གཞན་ཡོད་པ་དང་། ཞེས་པ་འདུས་བྱས་རིལ་ཀུན་གྱིས་འཇིག་པས་སྐད་ཅིག་མ་ཡིན་པས་བྱས་པ་དང་། ཐམས་ཅད་བརྟགས་པ་ལས་སྣང་བས་འཁྲུལ་པ་ཙམ་གྱི་ངོ་ལ་གཞན་དབང་ཡོད་པའོ། །ལས་རྣམས་མི་རྟག་པ་དང་། ཞེས་པ་དག་སྒོ་གསུམ་གྱི་བྱ་བ་ལ་ཡོད་པའི་བྱེད་པ་སྟེ་ནུས་པར་འབྱིན་ནས་ཟད་པར་འགྱུར་བའི་ཕྱིར་དང་། བྱ་བ་སྔར་གྱི་ལས་ལ་ལྟོས་ཏེ་རྒྱུ་ལ་གནས་པ་དང་། ལས་དེ་དང་ལས་ལ་ཡོད་པའི་བདེ་སྡུག་རྣམས་འབྲས་བུ་ལ་གནས་པ་སྟེ་འབྲས་བུ་བཞོ་བ་འདུན་པར་བྱེད་དོ། །དེ་ནི་འདུས་བྱས་ཀྱི་གནས་སྐབས་ལས་འབྲས་བུ་བརྩིས་པ་སྟེ། བསྒྲུབ་བྱ་སྒྲུབ་པར་བྱེད་པའི་གཏན་ཚིགས་སོ། །གནས་སྐབས་ཀྱི་སྟོབས་ཀྱིས་ཆོས་གྲགས་པས་བསྒྲུབ་བྱ་རང་བཞིན་དུ་བསྒྲུབ་པའོ། །ཐམས་ཅད་ལ་གྲགས་པ་ནི་ཉེ་བར་སྦྱར་བ་དང་། ཞེས་པ་དག་ཕྱིར་རྒོལ་བའི་བློ་ལ་གྲགས་པ་སྡུད་པའོ། །མཐུན་པ་དང་མི་མཐུན་པ་དགུ་དང་དགུ་ལྡན་པ་དང་། རྒོལ་བ་དང་ཕྱིར་རྒོལ་བ་ལ་གྲགས་པའི་དབང་གིས་དཔེར་འགྲུབ་པའོ། །དེ་དག་གྲགས་པ་ནི། ཞེས་པ་དཔེ་དེ་དག་ཕ་རོལ་ལ་བུམ་པ་ལ་སོགས་པ་གང་གི་ལོ་ཀ་ལ་སྐྱེ་བ་དང་འཇིག་པར་ཆད་ཅིང་གྲགས་པ་ནི་གྲགས་པའོ་གྲགས་པ་དང་། དེས་གཏན་ཚིགས་མཐུན་སྣང་གྲུབ་གྲགས་པས་ཆོས་ཅན་བསྒྲུབ་པའོ། །གང་གི་ལུང་གིས་ཚད་མས་ཚད་མ་ཉིད་དུ་སྣང་བ་ནི་ངེས་པའོ། །ཞེས་པ་བྱེད་པ་དང་ལས་བསྒྲུབ་བྱ་ཉིད་ངེས་པར་བདག་གཞན་གཉིས་ཀའི་བློ་ལ་བདེན་པའི་བྱ་བ་སྟེ་འདི་བློ་ལ་འདི་སྣང་བའོ། །ལང་ཀའི་བདག་པོ་དེ་ཡང་འདི་ལྟར། ཞེས་པ་དག་སྡུད་པ་པོ་ལ་བོས་ནས། གཏན་ཚིགས་དེ་ཡང་མངོན་སུམ་བཞིར་བྱུང་བ་བས་རྩོད་པ་དང་བྲལ་དང་། རྗེས་དཔག་ལ་ཡོད་པར་ངེས་པ་རང་བཞིན་དང་། འབྲས་བུ་བསྒྲུབ་པའི་མཐུན་ཕྱོགས་ལ་ཡོད་པ་དང་། མི་དམིགས་པའི་མི་མཐུན་པའི་ཕྱོགས་ལ་ཡོད་པ་རྟགས་ཏེ་གཏན་ཚིགས་ནི་འབྲས་བུ་རྒྱུ་ཡོད་པར་ཤེས་ཏེ་ཚུལ་གསུམ་སོ། །དེ་རྣམས་ལ་གཏན་ནས་ཡང་དག་པའི་ཤེས་པས་ཐེ་ཚོམ་དང་ཡིད་གཉིས་ལོག་པའི་ཕྱོགས་གཅོད་པ་དང་། གཅོད་པ་ཉེ་བར་འཇུག་པའི་རྐྱེན་མི་མཐུན་པའི་མཐུན་པའི་ཕྱོགས་དང་འགལ་བ་དང་མ་གྲུབ་པ་མ་ཚང་བ་བྲལ་བ་སྟེ། མི་མཐུན་པ་མེད་པའོ། །བདེན་ཕྱོགས་དང་མཐུན་པར་གཞན་བློ་ལ་སྣང་བ་ལོ་ན་ནི་བསྒྱུར་བས་ཕྱིར་གྱི་དོན་ཏེ། སྤྱིར་གྱིས་གནས་ལས་གཏན་ཚིགས་ཀྱི་བཞི་པར་བསྒྱུར་བ་སྟེ་ཆོས་ལྔ་དང་ལྡན་པའི་གཏན་ཚིགས་ཀྱིས་དོན་ངེས་ན་ཡང་དག་འཁྲུལ་པ་མི་འབྱུང་ངེས་པར་ཐག་ཆོད་པའི་ཚད་མའོ། །དེ་ནི་ལས་དང་པོའི་མངོན་སུམ་དང་། ཞེས་པ་བསྡུ་ན་ཚད་མ་དཔག་པ་འདི་གཉིས་སུ་འདུས་པའོ། །ཚད་མས་དག་པའོ། །ཞེས་པ་དེ་དག་གི་སྐྱོན་རྣམས་སེལ་བས་བྲལ་སྣང་གི་ཡང་དག་པའི་ཚད་མའོ། །ལང་ཀའི་བདག་པོ་མ་དག་པ་ནི་འདི་ལྟར། ཞེས་པ་བོས་ནས་གཏན་ཚིགས་ལྟར་སྣང་བ་བསྟན་པའོ། །གཞན་དང་མཐུན་པ་དང་། ཞེས་པ་དག་གྲངས་བསྟན་པ་སྟེ་གོང་གི་ལྔ་ལས་རིམ་པ་བཞིན་ལོག་པའོ། །ལང་ཀའི་བདག་པོ་དེ་ལ་ཡོངས་སུ་དག་པའི་མཚན་ཉིད། ཅེས་པ་ལ་སོགས་པ་སྡུད་པ་པོ་ལ་མ་དག་པ་བསྟན་པ་ནི། མཚན་ཉིད་མི་མཐུན་པས་ཕན་ཚུན་མི་མཐུན་པ་ནི་འགལ་བའོ། །ལང་ཀའི་བདག་པོ་ཐམས་ཅད་ཡིད་ཀྱི་ཡུལ་དུ་བྱ་བ་དག་གོ། །ཞེས་པ་དག་བསྒྲུབ་བྱ་ལོག་པ་ནི། ཐམས་ཅད་ཡིད་ཀྱི་ཡུལ་དུ་བསྟན་པ་ནི་སྒྲ་ཆོས་ཅན་རྟག་སྟེ་ཤེས་བྱ་ཡིན་ཕྱིར་ཞེས་པ་ལྟ་བུ་ཕྱོགས་གཉིས་ཀར་ཡོད་པས་ཐུན་མོང་གི་མ་ངེས་པ་སྟེ་རྟགས་ཕྱོགས་གཉིས་ཀར་ཞུགས་པར་ཐམས་ཅད་མཐུན་གྱིས་ཀྱང་། རྟགས་དེ་བསྒྲུབ་བྱ་ཡང་དག་གི་ཕྱོགས་གཅིག་ལ་མ་གྲུབ་པས་དངོས་པོའི་རིལ་ནམ་མཁའ་མཐུན་པ་དང་། མི་མཐུན་པ་བུམ་པ་ལའང་ཞུགས་པའི་སྟོབས་ཀྱིས་བསྒྲུབ་བྱ་ཡང་དག་མ་གྲུབ་པ་དང་། སྒྲ་ཆོས་ཅན་མི་རྟག་སྟེ་བྱས་པའི་ཕྱིར། རིག་བྱེད་ཀྱི་སྒྲ་བཞིན་ཞེས་བཀོད་ཚེ་རིག་བྱེད་རྟག་པར་འདོད་པས་མཐུན་ཕྱོགས་ལ་མ་མཐོང་བ་ལྟ་བུ་མཐུན་པར་སྦྱར་བ་ལ་མ་གྲགས་པའི་སྟོབས་ཀྱིས་ཐུན་མོང་མ་ཡིན་པའི་མ་ངེས་པ་མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་ཕྱོགས་གཉིས་ཀར་མེད་ནས་མ་མཐོང་བ་གཉིས་ཀར་ཡོད་ཀྱང་མ་མཐོང་བ་ལ་སོས་པར་གྱུར་པ་དང་། དེའི་སྟོབས་ཀྱིས་བསྒྲུབ་བྱ་ཡང་དག་པ་མི་འགྲུབ་པས་མ་དག་པའོ། །ཕྱོགས་ཐམས་ཅད་ཀྱི་སྟོབས་ཀྱིས་རང་བཞིན་ལ་མཐུན་པར་སྣང་བ་ནི། དངོས་པོ་ལ་མ་གྲུབ་པས་མ་གྲུབ་པའོ། །མཚན་ཉིད་མི་མཐུན་པ་གཅིག་ལ་གཅིག་སྣང་བའི་དབང་གིས་འགལ་ལོ། །ལང་ཀའི་བདག་པོ་གཞན་ཡང་མཐུན་པའི་དཔེ། ཞེས་པ་ལ་སོགས་པ་མཐུན་པ་དཔེ་སྒྲ་ཆོས་ཅན། རྟག་སྟེ། ལུས་ཅན་མིན་པའི་ཕྱིར། ནམ་མཁའ་བཞིན་དང་སྦྱར་བ་ལ། རྟགས་དེ་མི་མཐུན་ཕྱོགས་བློ་ལའང་ཞུགས་པས་མི་མཐུན་པ་སྣང་བས་ཐུན་མོང་མ་ཡིན་པའི་འགལ་བའོ། །སྒྲ་ཆོས་ཅན་རྟག་སྟེ་ལུས་ཅན་མིན་པའི་ཕྱི་དཔེར་ན་བུམ་པ་བཞིན་ཞེས་མི་མཐུན་པ་དཔེ་དང་སྦྱར་བ་ལ་རྟགས་དེ་མཐུན་པ་བློ་ལའང་སྣང་བས། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་མ་ངེས་པས་ཐུན་མོང་མ་ཡིན་པའི་འགལ་བའོ། །དེ་དག་མ་ངེས་པའི་སྐྱོན་ཡང་ཡིན་ནོ། །རང་བཞིན་ལས་མ་གྲུབ་པ་དང་། རྟོག་པ་ལས་མ་གྲགས་པས་མ་དག་པའི་རྣམ་པར་སྣང་བ་སྟེ། དེའི་ངང་གི་བྱ་བ་མ་དག་པ་དང་། བྱེད་པའི་ཤེས་པ་མ་དག་པར་སྣང་བ་ལས་ངེས་པ་ལས་ལོག་པའོ། །ལང་ཀའི་བདག་པོ་ཆོས་ཉིད། ཅེས་པ་ཆོས་ཉིད་ཀྱི་རིག་པ་ནི། དཔེར་ན་ཆུའི་ཆོས་རང་བཞིན་གྱིས་གཤེར་ཞེས་བསྟན་པ་ལྟ་བུའོ། །ལང་ཀའི་བདག་པོ་གང་དུ། ཞེས་པ་ཤེས་པའི་རིགས་གཅིག་ཏུ་འདོད་པ་དང་། དུ་མར་སྤྲོས་པའི་ཚུལ་གཉིས་ནི། ཕྱི་རོལ་གྱི་ཡུལ་རིལ་ལའང་དེ་བཞིན་དུ་འགྱུར་ཏེ། འདིར་ཤེས་པའི་རིགས་སུ་གཅིག་པ་ལ་ལས་ཀྱི་ཁྱད་པར་གྱིས་བརྒྱད་དུ་ཕྱེ་བ་ལྟ་བུ་སྟེ། མདོར་གཅིག་ལས་དུ་མ་དུ་མ་ལས་གཅིག་དེ་ལྟར་ཕྱེ་བས་དོན་གྱི་དངོས་པོ་གཅིག་དུ་མ་དང་བྲལ་བར་གྱུར་པའོ། །མཚན་ཉིད་ཀྱི་ཡན་ལག་ལ་བཅུ་གཅིག་གི་གསུམ་མན་ཆད་ཀྱི་དོན་བརྗོད་པའི་ཕྱིར། ལང་ཀའི་བདག་པོ་དམིགས་པ་ནི་འཛིན་པའོ། །རྣམ་པ་ནི་དབྱེ་བའོ། །ཞེས་པ་ཤེས་པ་རྒྱུ་འབྲས་ཀྱི་ཆོས་ཀྱི་ཡུལ་ལ་གཏོད་པ་དང་། དེ་ཉིད་ཀྱི་སོ་སོར་བྱེ་བྲག་མ་འདྲེས་པའོ། །འོ་ན་འདི་གཉིས་བལྡབས་པར་གྱུར་པ་ཅི་དགོས་པ་ལ། དེ་ནི་མདོ་རྒྱས་དང་ངོ་བོ་བརྗོད་པ་དང་ངེས་ཚིག་ལྟ་བུའི་ཕྱིིར་རོ། །ལྔ་པ་བྱང་ཆུབ་ནི་རང་བཞིན་ནོ། །ཞེས་པ་རྒྱུ་འབྲས་འཁོར་འདས་ཆོས་རྣམས་ཀྱི་ངོ་བོ་ཆོས་ཉིད་དོ། །དྲུག་པ་གང་སྤངས་པས་གང་ཐོབ་པ་ནི་འབྲས་བུའོ། །ཞེས་པ་སྒྲིབ་པ་ཕྲ་རགས་གཉེན་པོས་བྲལ་བས་སྐུ་གསུམ་ཡེ་ཤེས་བཞི་མངོན་དུ་སྣང་བའོ། །བདུན་པ་གང་བྱང་ཆུབ་ཅིང་གང་ལ་བརྗོད་པ་ནི་བསྙད་པའོ། །ཞེས་པ་དག་གིས་བདག་དོན་དུ་ཤེས་བྱ་དོན་ཁོང་དུ་ལེགས་པར་ཆུད་ནས་གཞན་ལ་སྟོན་པའོ། །བརྒྱད་པ་གང་གི་ཕྱོགས་དང་། ཞེས་པ་གང་དག་པའི་ཚད་མ་མྱ་ངན་འདས་པ་བ་དང་མི་མཐུན་པ་མ་དག་པ་ལྟ་བ་ངན་པ་བདག་འཛིན་ལེ་ལོ་ལྟ་བུ་དོན་མཐོང་དུ་མི་སྟེར་བའོ། །དགུ་པ་གང་གི་ཕྱོགས་ལ་ནན་ཏན། ཞེས་པ་མཐུན་པས་བདེན་པའི་རྣམ་པར་གྲོལ་བ་དེ་ཁོ་ན་གཏན་ཚིགས་ལ་ཡང་ཡང་དུ་དེམས་སུ་བྱེད་པས་ཆུད་བརྩོན་འགྲུས་མི་གསོན་པའོ། །བཅུ་པ་གང་དང་མི་མཐུན་པའི། ཞེས་པ་ཕྱིར་རྒོལ་བ་འཁོར་བའི་ཆོས་ལྟ་བུའམ་མུ་སྟེགས་ལྟ་བུ་མ་དག་པའི་རིག་པ་ཅན་གྱི་ཕྱོགས་སུ་ཉེས་པ་སོན་པའོ། །བཅུ་གཅིག་པ་གང་དང་མཐུན་པར། ཞེས་པ་སངས་རྒྱས་པ་ལྟ་བུ་ལམ་ལ་ཞུགས་པས་འབྲས་བུ་མཐར་ཕྱིན་ནང་རིགས་པ་དག་པ་མཐུན་པས། ཐེ་ཚོམ་དང་། མ་ངེས་པ་དང་། འགལ་བ་མེད་པར་གྱུར་པའོ། །འབྲས་བུ་མཐར་ཕྱིན་སྡུད་པ་པོ་ལ་བོས་ནས་བཤད་པ་རྣམས་ཀྱིས། ཆོས་རྣམས་ཀྱི་མཚན་ཉིད་བསྟན་པའི་ཕྱིར་ངོ་བོ་བསྟན་པའོ། །དེ་ལྟར་ཡན་ལག་དྲུག་གིས་རྒྱུའི་ཐེག་པ་ཐ་རམ་དང་འདྲ་བར། ལྡེའུ་མིག་འདིས་གསལ་བར་འཆད་ཅིང་སྟོན་པའོ། །ལང་ཀའི་བདག་པོ་དེ་ལ་མདོ་བཞི་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་ལྡེའུ་མིག་གཉིས་ཀྱི་གྲངས་བརྗོད་པའོ། །ལང་ཀའི་བདག་པོ་དེ་ལ་དགོངས་པའི་གཞན་པའི་མདོ་ནི། འདི་ལྟ་སྟེ། ཞེས་པ་གཞན་ལ་དགོངས་ནས་གཞན་དུ་སྨྲ་བའི་དགོངས་པ་ལ་བཞི་སྟེ། མཉམ་ཉིད་ཀྱི་རང་བཞིན་ལ་དགོངས་པ་དང་། དུས་གཞན་ལ་དགོངས་པ་དང་། དོན་གཞན་ལ་དགོངས་པ་དང་། གང་ཟག་གི་བསམ་པ་ལ་དགོངས་པའོ། །རང་བཞིན་ནི་འདི་ལྟར། ཞེས་པ་མཉམ་པ་ཉིད་ལ་དགོངས་པ་ནི། གང་ཞིག་དུས་གསུམ་རྒྱལ་བ་སོ་སོ་སངས་རྒྱས་མར་མེ་མཛད་བས་ཤཱཀྱ་ཐུབ་པ་ལ་འདུལ་ཞིང་ཆུང་སྙམ་དུ་རྟོག་པ་ལ། སངས་རྒྱས་བཟང་ངན་དང་གཉིས་སུ་རྟོག་པའི་ཞེན་པ་བསལ་བའི་ཆེད་དུ། རྒྱལ་བ་གཉིས་པོ་ཡང་ཆོས་སྐུ་ལ་དགོངས་གཞི་མཉམ་པ་དགོངས་ཏེ། ཤཱཀྱ་ཐུབ་པས་དེ་མར་མེ་མཛད་གང་ཡིན་པ་ནི་འདི་ཉིད་དོ་ང་ཉིད་ཡིན་ནོ་ཞེས་གཅིག་པར་བཀའ་སྩལ་པ་ལྟ་བུའོ། །ལང་ཀའི་བདག་པོ་དུས་ནི་འདི་ལྟར་སྒྱིད་ལུག་པ་གང་དག །ཅེས་པ་ལ་སོགས་པ་དུས་གཞན་ལ་དགོངས་པ་ནི། གང་ཟག་སེམས་རྩོལ་བ་དང་མོས་པ་དང་ཤེས་རབ་ལ་སེམས་ཞུམ་པ་དང་ལེ་ལོ་ཅན་དག །སངས་རྒྱས་ཀྱི་ཆོས་ཐབས་དང་བརྩོན་པ་ཆེན་པོས་འགྲུབ་དགོས་ཟེར་བ་དེ་ཙམ་མི་འགྲུབ་མི་ལྕོགས་ཞེས་སྨྲ་བ་དག །སེམས་དང་བ་བསྐྱེད་པའི་ཆེད་དུ་རྒྱུ་ཆུང་ངུས་ཀྱང་བརྒྱུད་ནས་ཐོབ་པས་རྒྱུ་འབྲས་མི་བསླུ་བའི་དོན་དུས་ནམ་ཞིག་འགྲུབ་པ་ལ་དགོངས་ཏེ། ཨརྱ་པ་ལོ་ཞེས་བརྗོད་པ་དང་། ལྷ་ཕྱག་གཅིག་འཚལ་བ་དང་། སྐད་ཅིག་ཙམ་མོས་པ་སྒོ་གསུམ་གྱི་བྱ་བ་ཙམ་གྱིས་འགྲུབ་པོ་བར་བཀའ་སྩལ་པའོ། །ལང་ཀའི་བདག་པོ་དོན་ནི་འདི་ལྟར། ཞེས་པ་དོན་གཞན་ལ་དགོངས་པ་ནི། སུ་ཞིག་གིས་ཤེས་བྱ་གང་ཟབ་མོའི་དོན་མ་མཐོང་བར་ཚིག་ཙམ་ལ་ངས་ཇི་བཞིན་པ་རྟོགས་སོ་མཐོང་ངོ་ཞེས་ང་རྒྱལ་གྱི་ཆེ་བའི་སེམས་བྱེད་པ་དག་གི་མ་རིག་པ་བསལ་ཏེ་དོན་རྣལ་མ་ལ་གཞུག་པའི་ཆེད་དུ་གང་ཞིག་གིས་ས་དང་པོ་མ་ཐོབ་བར་དེ་བཞིན་ཉིད་མི་མཐོང་བ་ལ་དགོངས་ཏེ། ཆོས་ཉིད་ཀྱི་དོན་མཐོང་བར་བྱ་བ་ནི་དཔག་ཏུ་མེད་པའི་རྒྱལ་བ་མང་པོ་ལ་བསྙེན་བཀུར་བྱས་ཏེ། ཐེ་ཚོམ་མ་བཅད་པར་རྟོགས་པར་མི་འགྱུར་རོ་ཞེས་བཀའ་སྩལ་པའོ། །ལང་ཀའི་བདག་པོ་ཡུལ་ལ་དགོངས་པ་ནི་འདི་ལྟར། གང་ཕྱོགས་གཅིག་ཅེས་པ། གང་ཟག་གི་བསམ་པ་ལ་དགོངས་པ་ནི། སུ་ཞིག་སྦྱིན་པའམ་འདོན་ནམ་དགེ་བ་ཆ་གཅིག་ཙམ་བྱས་པས་འབྲས་བུ་ཐོབ་སྟེ། གཞན་མི་བྱེད་པས་ཆོག་པར་བསམ་པ་དག་དགེ་བ་རྒྱ་ཆེན་པོ་ལ་གཟུད་པའི་ཆེད་དུ། ཕ་རོལ་ཕྱིན་པ་བཅུ་ལ་སོགས་པ་དགེ་བ་ཇི་སྙེད་པའི་ཡོན་ཏན་གྱི་བསྔགས་པ་བཤད་དེ། ཕྱོགས་ཆ་གཅིག་གི་འབྲས་བུ་ལ་སྦྱོར་མི་ནུས་པ་ལ་དགོངས་ཏེ། སྦྱིན་པ་ལ་དགའ་བ་ཞིག་ན་སྦྱིན་པ་བས་ཀྱང་ཚུལ་ཁྲིམས་ལ་སོགས་པ་གཞན་དགེ་བ་སྟོང་འགྱུར་གྱིས་ཆེ་བར་བརྗོད་པར་མཛད་དོ། །མདོར་ཁ་ཅིག་དགེ་བ་གང་སྤྱོད་པ་དེ་ལས་གཞན་དགེ་རྩ་ཆེ་བར་བརྗོད་པ་ལྟ་བུའོ། །ལང་ཀའི་བདག་པོ་དེ་ལ་ལྡེམ་པོ་ངག་གི་མདོ་ནི། འདི་ལྟ་སྟེ། ཞེས་པ་དོན་གཞན་དུ་ལྡེམ་པས་གཞུག་པའི་ཐབས་ལ་བཞི་སྟེ། གཞུགས་པ་ལ་ལྡེམ་པ་དང་། མཚན་ཉིད་ལ་ལྡེམ་པ་དང་། གཉེན་པོ་ལ་ལྡེམ་པ་དང་། བསྒྱུར་བ་ལ་ལྡེམ་པའོ། །ལང་ཀའི་བདག་པོ་དེ་ལ་སྦྱོར་བ་ནི་གང་འདི་ལྟར། ཞེས་པའང་གཞུགས་པ་ལ་ལྡེམ་པ་ནི། སུ་ཞིག་དོན་ཟབ་མོ་སྟོང་པ་ཉིད་ལ་སྔངས་ནས་འབད་པ་སྣ་ཚོགས་ཀྱི་ཤ་རྒྱུ་འབྲས་ལ་ཞེན་པས་ཐང་བར་རྩོལ་བ་དང་། སུ་ཞིག་དངོས་པོ་ལ་ཁའི་ལྟ་བ་ལ་མངོན་པར་ཞེན་པས་དགེ་བ་སྤྱོད་པ་དཀར་པོ་ཅིའང་མི་བྱེད་བདག་དོན་མཐུན་པ་ལ་གཞུག་པའི་ཆེད་དུ་ལས་སྟོང་པ་ལ་གཞན་པ་ལ་གང་དང་གང་སྤྱད་པ་ལ་བརྒྱུད་པའི་འབྲས་བུ་ཡོད་པ་དང་། ཆོས་སོ་ཅོག་དོན་དམ་པར་མ་སྐྱེས་པ་ལ་དགོངས་ནས། སྡངས་བས་རྩོལ་བ་ལ་ཆོས་ཐམས་ཅད་ལ་ངོ་བོ་ཡོད་དོ་ཞེས་མཐུན་པར་དགོངས་པ་དང་། དངོས་པོ་ལ་ཞེན་པ་བཟློག་པའི་ཕྱིར་ཐམས་ཅད་སྟོང་པ་ཉིད་དོ་ཞེས་བརྗོད་པས་འཇུག་པར་འགྱུར་ཏོ། །ལང་ཀའི་བདག་པོ་དབྱེ་བ་ནི་འདི་ལྟར། ཞེས་པ་མཚན་ཉིད་གསུམ་དུ་བསྟན་པས་གཞུག་པའི་དོན་ནི། སུ་ཞིག་ཆད་པར་ལྟ་བ་ལ་མོས་པ་དང་། རྟག་པར་ལྟ་བ་ལ་མོས་པ་དག་དྲང་བའི་ཆེད་དུ་ཡོངས་སུ་གྲུབ་པ་དང་། གཞན་དབང་གཉིས་ཡོད་པ་དང་། ཀུན་བརྟགས་མེད་ལ་དགོངས་ཏེ་རྟག་པ་ལ་གཉིས་བསྟན་པ་དང་། ཆད་པ་ལ་གཅིག་བསྟན་པ་ལྟ་བུའོ། །ལང་ཀའི་བདག་པོ་ཟིལ་གྱིས་གནོན་པ་ནི། ཞེས་པ་གཉེན་པོ་ལྡེམ་པ་ནི། གང་ཞིག་འཇིག་རྟེན་ན་ལོངས་སྤྱོད་དང་གཟུགས་བྱད་ཁྱད་པར་དུ་གྲགས་པའི་ཆེ་བས་དྲེགས་པ་དག་དྲང་བའི་ཆེད་དུ། དེ་བས་ཀྱང་འཕགས་པའི་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་དཔེ་དང་གནས་དང་ཞིང་ཁམས་དང་ལོངས་སྤྱོད་དང་འཁོར་བསྟན་པས། ཟིལ་གྱིས་མནན་ལ་དྲང་བའི་ཆེད་དུ་དེ་བས་ཀྱང་ང་འཕགས་པས་ང་རྒྱལ་ཆེ་བ་ཞུམ་པའི་གཉེན་པོར་གྱུར་པ་ལ་དགོངས་ཏེ། རྒྱལ་བའི་ཞིང་དང་ལོངས་སྤྱོད་ཡོན་ཏན་རྒྱ་ཆེན་པོར་བཤད་པས་དེ་ཐོབ་པ་ལ་འཇུག་པ་ལྟ་བུའོ། །ལང་ཀའི་བདག་པོ་བསླུ་བ་ནི། ཞེས་པ་བསྒྱུར་བ་ལ་ལྡེམ་པ་ནི། གང་མཚམས་མེད་པ་ལྟ་བུ་ལ་སོགས་པ་ལོག་སྲེད་ཀྱི་སྤྱོད་པ་ལ་དགའ་བརྣམས་ལ། དོན་ཟབ་མོ་སྦས་ཏེ་དེ་ཁོ་ན་ཉིད་དང་མཐུན་པར་སྤྱད་པས་གྲོལ་ལོ་ཞེས་པ་འདུ་ཤེས་བསྒྱུར་བ་ལ་ཞུགས་པའི་དོན་དུ་དོན་རིལ་མ་སྐྱེས་པའི་ངང་ལས་མི་འགྱུར་བ་ལ་ཆོས་ཉིད་ལ་དགེ་སྡིག་མ་གྲུབ་པ་ལ་དགོངས་ཏེ། བྱང་ཆུབ་བསྒྲུབ་པའི་རྒྱུ་ཡང་དག་པ་མ་ཡིན་པའི་མཚམས་མེད་པ་ལྔ་སྤྱད་པས་ཀྱང་འགྲུབ་པར་གསུངས་པ་ལྟ་བུའོ། །དེ་ཡང་གསང་བ་པས་ལོག་སྲེད་ཅན་གྱི་དམ་ཚིག་དང་མཐུན་པར་བཀའ་སྩལ་པས་བསྒྱུར་བས་བཤད་པ་དག་ལྟ་བུའོ། །ལང་ཀའི་བདག་པོ་དེ་ལ་མཐུན་འཇུག་སྦྱོར་བའི་ལུང་ནི། ཞེས་པ་ལ་སོགས་པ་གང་གདུལ་བྱ་དང་མཐུན་པར་ཡང་དག་པའི་དོན་ལ་བཀོད་པའི་བཀའ་སྒྲོ་སྐུར་དང་བྲལ་བ་ལ། ནང་རིས་པ་བཞི་སྟེ་རྣམ་གྲངས་བསྟན་པའོ། །ལང་ཀའི་བདག་པོ་འདི་ལ་རང་རྐྱེན་གཉེར་གྱི་ལུང་ནི། ཞེས་པ་གདུལ་བྱ་སུ་ཞིག་ལ་དེ་ཉིད་ཀྱི་བསམ་པ་གང་ལ་མོས་པ་ལྟར། དེ་དང་འཚམས་པར་དེའི་ཆ་རྐྱེན་སྟོན་པར་བྱེད་པའི་བཀའོ། །ཐབས་འཛུད་བསྲེ་བའི་ལུང་ནི། གདུལ་བྱ་ཕ་རོལ་གྱི་དངོས་པོ་དབང་དུ་བྱ་བའི་ཐབས་ཀྱིས་ཕ་རོལ་དང་བདག་གི་སྤྱོད་པ་བསྲེས་ཏེ། གཅིག་ཏུ་སྤྱད་པས་འདུ་ཤེས་མཐར་ལས་ཀྱི་སྐྱོན་བགྲངས་པ་ལ་སོགས་ཀྱིས་སེམས་བསྒྱུར་བའོ། །ཆ་མཐུན་སྦྱོར་བ་ནི། ཞེས་པ་ཕ་རོལ་གྱི་སྤྱོད་པ་ཁོ་ན་ལྟར་བདག་ཀྱང་སྤྱད་ནས་ཡང་དག་པ་ཐེག་པ་ལ་འདྲེན་པའོ། །གདམས་ངག་ནན་ཏན་གྱི་ལུང་ནི། ཞེས་པ་གདུལ་བྱ་གང་ཞིག་ལ་གང་བསྟན་པ་དེ་ཉིད་ཤིན་ཏུ་བཟང་ལ་ཕངས་པ་བསྒོམ་པ་ལ་བརྣག་པར་བྱ་བ་ལ་གདམས་དེ་བས་སུ་གྱིས་ཤིག་པར་སྟོན་པའོ། །འོ་ན་རྒྱུའི་ཐེག་པ་དེ་ལྟར་དོན་སྤྱོད་པས་གསང་སྔགས་ཀྱི་ཐབས་དང་ཁྱད་པར་མེད་དོ་བར་དོགས་པ་ལ། དེ་དག་ནི་ལུས་ངག་གིས་ཆེད་དུ་སྤྱོད་པ་ལ། གསང་སྔགས་དམ་པ་ནི་ཐབས་སུ་མ་གྱུར་པ་མེད་པས་རིལ་མཛད་སྤྱོད་ལ་ཆེད་དུ་ཆ་རེ་ནས་བྱ་བ་བྲལ་བའི་ཕྱིར་བསྐྲུན་དུ་མེད་དོ། །དེ་བས་ན་སྤྱོད་པ་ལ་ཁྱད་པར་ཆེའོ། །ལང་ཀའི་བདག་པོ་དོན་དམ་ངེས་པའི་ལུང་ནི་འདི་ལྟ་སྟེ། ཞེས་པ་ཆོས་ཇི་བཞིན་པའི་དོན་སྒྲོ་སྐུར་མེད་པར་སྟོན་པའི་དོན་ཉེ་བར་བསྟན་པ་ལ་སྐབས་ཀྱིས་རྣམ་གྲངས་བཞིའོ། །ལང་ཀའི་བདག་པོ་དེ་ལ་དགོས་པ་གང་ཞེ་ན། ཞེས་པ་དགོས་ཆེད་ནི། དངོས་པོ་གང་སྣང་བ་འདི་དག་གི་མཚན་ཉིད་རིག་པར་བྱ་བའི་ཆེད་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཞལ་ཏེ་དཔྱད་བསམ་པས་དོན་རྙེད་པ་ཇི་བཞིན་དུ། འདིར་ཡང་གཏན་ཚིགས་ཀྱིས་གཞལ་བ་བྱས་པས་གོ་བར་གྱུར་པའི་གཏན་ཚིགས་དེས་ན་དོན་ཇི་ལྟ་བར་མཐོང་བའོ། །ངེས་པ་ནི་འདི་ལྟར་གང་ལ། ཞེས་པ་དོན་མ་ནོར་བ་ཉིད་ནི་ཤེས་བྱའི་དངོས་གཞི་བཤད་པ་ལྟར་བརྟགས་ཏེ། སྣོད་དུ་རུང་བར་བྱས་པས་བློ་ལ་ངེས་པའི་གདེང་ཆུད་པའི་དོན་མི་འགྱུར་བའོ། །རང་གི་ངོ་བོ་ནི། ཞེས་པ་མཚོན་པའི་མིང་དང་ཚིག་ཇི་སྙེད་པས་བརྗོད་པར་བྱ་བའི་དོན་གྱི་ངོ་བོ་ཉིད་དོ། །གལ་པོ་ནི། ཞེས་པ་སུ་ཞིག་ལ་དྲི་བའི་དོན་གྱི་དངོས་པོ་ཞིག་གང་ཟག་གང་གིས་ཐབས་ཏེ་གང་དང་གང་དུ་འགལ་བའི་ཚིག་བློ་ལ་བླངས་ཏེ་བརྟགས་པའོ་གལ་དུ་གཏན་ནས་དྲི་བའོ། །ལང་ཀའི་བདག་པོ་ཞེས་པ་སྒྲ་བཞིན་ནོ། །ལང་ཀའི་བདག་པོ་དེ་ལ་རྩ་བ་གསུམ་གང་ཞེ་ན། ཞེས་པ་ལ་སོགས་པ་ཤེས་བྱ་དེ་ཉིད་ཀྱི་ཕྱིར་མིང་འགྲུབ་སྟེ་རྣམ་གྲངས་གསུམ་མོ། །ལང་ཀའི་བདག་པོ་དེ་ལ་བློའི་རྩ་བ་ནི། ཞེས་པ་འདི་ལྟར་ཡེ་ཇི་བཞིན་པ་ནི་མ་སྐྱེས་པའི་དབྱིངས་སོ། །དེ་བཞིན་ཉིད་ནི་དེ་ལ་བློ་གནས་པའི་ཚུལ་དེ་མི་རྟོག་ཉིད་སྤྱི་དང་བྱེ་བྲག་གོ། །མ་སྐྱེས་པ་བསྒོམ་པའི་ངང་ལ། བློའི་བྱིང་རྟོག་ལ་སོགས་པའི་དབང་དུ་མི་འགྱུར་བ་ནི་ཞི་གནས་ཀྱི་མཆོག་གོ། །ལང་ཀའི་བདག་པོ་གྲོས་ཀྱི་རྩ་བ་ནི། ཞེས་པ་ཤེས་བྱ་མཆོག་གི་དངོས་གཞི་དུས་དང་སྐབས་མ་འདྲེས་པ་ལས་དང་མཚན་ཉིད་མ་རྨོངས་པ་ཉིད་ལ་སེལ་བར་ནུས་པའོ། །རིལ་དུ་གསལ་བར་མཁྱེན་པའི་ལྷག་མཐོང་གི་ངོ་བོ་ཉིད་དོ། །ལང་ཀའི་བདག་པོ་ཐབས་ཀྱི་རྩ་བ་ནི། ཞེས་པ་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་བདག་གཞན་དོན་དུ་སྤྱོད་ལ་མི་དམིགས་པས་འཆིང་བར་མ་གྱུར་པ་གང་ཡིན་པ་དེ་ཉིད་ཟུང་དུ་འབྲེལ་བའོ། །ལང་ཀའི་བདག་པོ་དེ་དག་ནི་ཞེས་པ་སྒྲ་བཞིན་ནོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། བཀོད་པ་རྣམ་པར་འགྲེལ་པའི་ལེའུ་ཞེས་པ་ལེའུའི་མཚན་ཏེ། རྒྱུའི་བསྟན་པའི་ལྡེའུ་མིག་གསུམ་གྱིས་འགྲེལ་པའི་དོན་བསྟན་པའི་ཕྱིར་རོ། །བཞི་བཅུ་ལྔ་པ་འགྲེལ་པའོ།། །།གསང་སྔགས་ཀྱི་ལྡེའུ་མིག་བཤད་པའི་ཕྱིར། དེ་ནས་ཡང་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཞེས་པ་ལ་སོགས་པ་སྡུད་པ་པོས་ཐུབ་པ་རིགས་ཀྱི་འཇུག་སྒོ་དང་། གྲུབ་པ་ལུང་གི་གསང་སྒོ་གཉིས་ལྡེའུ་མིག་ཆ་མཐུན་པར་དྲིས་པའོ། །སྨྲས་པ། ལང་ཀའི་བདག་པོ་སྒོ་གཉིས་ནི། ཞེས་པ་ཐབས་ཀྱི་སྦྱོར་སྒོ་དང་། ངེས་པའི་གསང་སྒོ་ཡང་། ལྡེའི་མིག་གསུམ་གྱིས་འབྱེད་དེ། ཕྱི་ནང་ཐུན་མོང་གི་ཡན་ལག་དྲུག །མདོ་བཞི། རྩ་བ་གསུམ་མོ། །གང་འདི་ལྟར་ཡན་ལག་དྲུག་ནི་འདི་ལྟ་སྟེ། ཞེས་པ་དེ་ཉིད་ཉེ་བར་བསྟན་པ་ནི། ཀྲི་ཡ་དང་། ཨུ་པ་ཡ་དང་། ཡོ་ག་དང་། མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་དང་། ཨ་ཏི་ཡོ་གའོ། །ཁྲུས་དང་གཙང་སྦྲ་ལ་སོགས་པ་སྤྱོད་པ་གཙོར་གྱུར་པས་བྱ་བ་ལས་ཀྱི་རྒྱུད་ཡིན་པའི་ཕྱིར་དང་། གོང་འོག་གཉིས་ཀའི་ཐབས་ལ་བརྟེན་ནས་གྲུབ་པ་མཐར་ཕྱིན་ཐབས་ཀྱི་རྒྱུད་ཡིན་པའི་ཕྱིར་དང་། ཏིང་ངེ་འཛིན་གཙོར་སྤྱོད་པས་ཞི་གནས་སྦྱོར་བའི་རྒྱུད་ཡིན་པའི་ཕྱིར་དང་། བླང་དོར་མེད་པའི་སྤྱོད་པས་ཇི་ལྟར་འདུལ་བར་མཛད་པས་མཐུན་འཇུག་སྤྱོད་པའི་རྒྱུད་ཡིན་པའི་ཕྱིར་དང་། མཉམ་པའི་དོན་ཇི་ལྟ་བ་ཉིད་ལ་འཆིང་བ་བྲལ་བས་སྤྱོད་པ་ཆེད་དུ་བྱར་མེད་པས་རྣམ་གྲོལ་རིག་པའི་རྒྱུད་ཡིན་པའི་ཕྱིར་དང་། རིལ་འབྲས་བུའི་ངོ་བོ་ལ་འཕྲལ་དུ་བཙལ་དུ་མེད་པར་ལྷུན་གྱིས་གྲུབ་པས་བྱ་བྲལ་རྫོགས་པའི་རྒྱུད་ཡིན་པའི་ཕྱིར་རོ། །དེ་ལྟར་ཕྱི་ནང་གཉིས་ཀ་གཅིག་ཏུ་བརྩིས་པས་དྲུག་ཏུ་ལངས་པས་ཐུན་མོང་གི་ཡན་ལག་དྲུག་ཏུ་འགྱུར་བའོ། །ལང་ཀའི་བདག་པོ་ཡན་ལག་དྲུག་པོ་འདི་དག །ཅེས་པ་དེ་ཤེས་པར་བྱེད་པ་ནི། རེ་རེའང་སྐོལ་མདོ་བཅུ་གཉིས་དང་། འཆད་པའི་ཐབས་དྲུག་གིས་གསལ་བར་སྟོན་པའོ། །བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་གྲངས་ཉེ་བར་བསྟན་པ་ནི། འཇུག་པའི་སྒོ་དང་། བསྲུང་བའི་དམ་ཚིག་དང་། ངེས་པ་རྙེད་པའི་ཐབས་ཐོས་པ་དང་། བསམ་པའི་ཤེས་རབ་དོན་དཔྱོད་པ་དང་། དོན་ལ་བསྒོམ་པའི་ཤེས་རབ་ཏིང་ངེ་འཛིན་གྱི་ཡུལ་དང་། བཟླས་བརྗོད་བྱ་བ་དང་། ཕྲིན་ལས་ཀྱིས་བདག་གཞན་དོན་ལ་སྦྱོར་བ་དང་། སྤྱོད་པ་མི་འཆིང་བ་དང་། བསྒྲུབ་བྱའི་འབྲས་བུ་དང་། རིག་འཛིན་གྱི་ས་རྟེན་པའི་གཞི་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་དང་། རྟོགས་པའི་ལྟ་བའོ། །འོ་ན་རྫོགས་པའི་ཡན་ལག་སྐོལ་མདོ་བཅུ་གཉིས་ཀྱིས་འགྲེལ་པར་མི་རིགས་པས་འགལ་ལོ་ཞེ་ན། བྱ་བ་དང་བྲལ་བའི་སྐོལ་མདོ་ནི། འཇུག་ཏུ་མེད་པའི་སྒོ་དང་། བསྲུང་མཚམས་དང་བྲལ་བའི་དམ་ཚིག་ལ་སོགས་པ་ཚང་བས་གང་ཡང་སྤང་བྱ་མིན་པའི་ཕྱིར་མི་འགལ་ཏེ། འོན་ཀྱང་སྒྲ་མཐུན་པ་ལས་དོན་ནི་སྐོལ་མདོ་བཅུ་གཉིས་ཀྱི་གྲངས་ཕྲག་དྲུག་ཏུ་འགྱུར་ཏེ། ཁྱད་པར་ཅན་དུ་འགྲེལ་ཏོ། །ཡང་བཤད་ལུགས་ཀྱི་ཡན་ལག་སྟོན་པའི་ཕྱིར། ལང་ཀའི་བདག་པོ། དྲུག་གང་ཞེ་ན། ཞེས་པ་གྲངས་ནི། དྲུག་གི་ངོས། གླེང་གཉིས་གཞི་དྲུག་དང་། གླེང་གསུམ་བསླང་བ་དྲུག་དང་། དགོས་བཞི་འབྲེལ་དྲུག་དང་། བཤད་ཐབས་ཀྱི་དོན་བཅུ་དྲུག་ཅུ་དང་། དོན་ངེས་པའི་བྱེ་བྲག་གདུལ་བྱ་རྣམ་བཞི་ལ་སོགས་ཉི་ཤུ་ཕྲག་དྲུག་པ་བཅུ་གཉིས་དང་། ཡང་དག་པའི་དོན་ལ་སྦྱོར་བ་བདག་གཞན་དོན་དྲུག་ཅུ་རྩ་གཅིག་རྒྱུད་དྲུག་ཀ་བརྩི་གོ། །ལང་ཀའི་བདག་པོ་འདི་དག་ནི། ཞེས་པ་ཕྱི་ནང་གི་རྒྱུད་དྲུག་རེ་རེའང་ཡན་ལག་འདི་དྲུག་དང་ལྡན་པས་སྒྲ་ཐུན་མོང་དུ་འཇལ་བར་བྱའོ། །སྡུད་པ་པོ་ལ་བོས་ནས་བཤད་པ་དག་ནི། རྟོགས་པར་བྱེད་པའི་ཐབས་སུ་གྱུར་པས་ཡན་ལག་སྟེ། བཤད་པའི་སྒོ་གཉིས་པོ་ཡན་ལག་དེ་རྣམས་ཀྱིས་གསལ་བར་བྱེད་ཅིང་འགྲེལ་པའོ། །དེ་དག་རྒྱས་པར་ལེའུ་རེ་རེས་འཆད་པར་འགྱུར་རོ། །ལང་ཀའི་བདག་པོ་དེ་ལ་མདོ་གང་ཞེ་ན། ཞེས་པ་དོན་བསྡུ་ན་བཞི་སྟེ། ཡོ་ག་ཕྱི་ནང་གི་རང་གཞུང་ངོས་ནས་དྲུག་ཚོ་དངོས་པོ་རྣམས་མཚན་མ་གཉིས་མེད་པའི་ཆོས་ཉིད་རྒྱུ་རྐྱེན་དང་བྲལ་བས་དངོས་གཞི་མེད་པར་བསྟན་པ་དང་། དེ་ལ་བླང་དོར་བཟང་ངན་བྲལ་བ་དང་། ཡེ་མ་བསླད་མ་བཅོས་པ་དང་། ཕྲལ་དུ་བྱར་མེད་པར་འཆད་པའོ། །ལང་ཀའི་བདག་པོ། དེ་དག་ནི་གཞན་གྱི་སྐྱེ་བ་མེད། ཅེས་པ་ཡོ་ག་ཕྱི་ནང་གི་མདོ་བཞི་པོ་ནི། རྒྱུའི་ཐེག་པ་དོན་དམ་པ་འབའ་ཞིག་ལ་དངོས་གཞི་མེད་པ་དང་། བཟང་ངན་མེད་པ་དང་། མ་བཅོས་པ་དང་། བསྒྲུབ་ཏུ་མེད་པར་སྨྲ་བ་དང་། ཆེ་བའི་ཁྱད་པར་མ་འདྲེས་པ་སྟེ། གཞི་བདེན་པ་ཕྱོགས་གཅིག་པ་དང་དབྱེར་མེད་པའི་ཕྱིར་རོ། །དེ་བས་ན་དོན་གྱི་གཞི་ནས་ཁྱད་པར་ཆེའོ། །དབུ་མའི་སློབ་དཔོན་ཨཱརྱ་དེ་བ་ཉིད་ཀྱི་མན་ངག་ལས། གཅིག་དང་དུ་མ་རྟེན་འབྲེལ་གྱིས། །བྲལ་བའི་མ་སྐྱེས་སྟོང་ལྟ་བ། །བེམས་པོའི་ནང་ན་དེ་ལ་ངས། །བེམས་པོའི་མཆོག་ཏུ་སྨྲ་བ་མིན། །རྒྱུ་ཡི་བགྲོད་པའི་ཀུན་ཏུ་འོད། །ཐབས་ཆེན་ལམ་གྱི་ཆོ་སྐུ་སྟེ། །ཡང་དག་རྫོགས་པའི་སངས་རྒྱས་ལ། །རྒྱ་མཚོའི་རླབས་བཞིན་ཤུགས་ཀྱིས་འཆར། །ཆུ་ཟླ་གཟུགས་བརྙན་འགྲོ་འོང་མེད། །སྨོན་ལམ་སྟོབས་ལ་རག་མ་ལུས། །ཞེས་གསུངས་པས། ཆེ་བའི་ཁྱད་པར་གསལ་བར་ཡིད་ཆེས་སོ། །རྩ་བ་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་རང་བཞིན་ལམ་དང་གྲུབ་པ་ནི། གཞིར་གྱུར་པའི་གྲངས་ཏེ་སངས་རྒྱས་དང་སེམས་ཅན་གྱིས་རྟོགས་རུང་མ་རྟོགས་རུང་། གསང་སྔགས་ཇི་བཞིན་པའི་དོན་ཉིད་བསྟན་པ་དང་། དེའི་དོན་ཇི་ལྟ་བས་ཐག་ཆོད་པའི་གདེང་མི་འགྱུར་བ་དང་། མངོན་དུ་གྱུར་པས་བྱ་བ་མཐར་ཕྱིན་པ་གསུམ་མོ། །སྡུད་པ་པོ་ལ་བོས་ནས་བཤད་པ་ནི། ཆོས་རིལ་གྱི་རྩ་བ་སྟེ་དེས་རྟོགས་པར་བྱེད་པའོ། །བསྡུ་བ་རྣམ་པར་འགྲེལ་པའི་ལེའུ་ཞེས་པ། གསང་སྔགས་ཀྱི་དོན་བསྟན་པ་རིལ་གྱི་དོན་བསྡུས་པ་ལྡེའུ་མིག་གསུམ་གྱིས་འབྱེད་པ་སྟོན་པ་ལེའུ་ནི་མཚན་ནོ། །བཞི་བཅུ་དྲུག་པ་འགྲེལ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས། ལང་ཀའི་བདག་པོ་ལ་བོས་ཏེ་སྨྲས་པ། ཞེས་པ་ལ་སོགས་པ། སྟོན་པས་སྡུད་པ་པོ་ལ་བོས་ནས་དེ་དག་ལས་བཤད་པ་རྣམས་ལས་འདིར་ཐབས་ཀྱི་སྦྱོར་སྒོ་ལས་ཁྱད་པར་དུ་ངེས་པའི་གསང་སྒོ་གསང་སྔགས་ནང་པའི་ལྡེའུ་མིག་འབྱེད་ཚུལ་ཉེ་བར་བསྟན་པ་ནི། དམ་པ་རྣམས། ཞེས་པ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་བརྣག་པའི་དོན་འབྱུང་བའི་སྒོ་ལ། ལྡེའུ་མིག་ཡན་ལག་དྲུག་དང་མདོ་བཞི་དང་རྩ་བ་གསུམ་སྟེ། གསུམ་གྱིས་འབྱེད་པའི་ཐབས་ཀྱི་རྟོགས་པ་གསུམ་མོ། །འབྱེད་པ་རྒྱུ་དང་རྩ་བ་དང་། །ཞེས་པ་གསང་དོན་ཕྱེ་འབྱེད་པ་བས་ངོ་ཤེས་པར་བྱེད་པ་ལ་ཡང་ཡན་ལག་དྲུག་སྟེ། རྒྱུ་འབྱུང་བའི་རྒྱུ་གླེང་གཞི་དང་། བརྗོད་པའི་གཞི་རྐྱེན་གླེང་བསླང་བ་དང་། རྩོད་པ་བཟློག་པའི་དགོས་འབྲེལ་བཞི་དང་། དོན་བྱེད་པས་འདྲེན་པར་ངེས་པ་བཞི་དང་། བདག་གཞན་གྱི་དོན་དྲུག་ཅུ་རྩ་གཅིག་གིས་ཡང་དག་པ་ལ་སྦྱོར་བས་དྲུག་ཚང་རྫོགས་པ་བའོ། །དེ་ནི་འདི་གཅིག་པུར་མ་ཡིན་ཏེ། བསྟན་པའི་གསང་སྔགས་བརྗོད་འབྱུང་ཀུན་ལ་འཇུག་གོ། །རྒྱུ་གཞི་གང་འབྱུང་ཆེད་ཕྱིར་ནི། །ཞེས་པ་ལ་སོགས་པ། རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་ལ་ཕྱེ་བ་གསུམ་སྟེ། རུ་དྲའི་དངོས་པོ་འཇིག་རྟེན་དུ་བྱུང་བ་འདུལ་བའི་ཕྱིར། གདུལ་བྱ་སྔོན་གྱི་གླེང་གཞི་དང་། གང་བསྟན་པ་གསང་སྔགས་ཀྱི་དངོས་པོ་འབྱུང་བའི་དགོས་ཆེད་ཡོད་པས་སྨོས་པའི་ངོ་བོ་ནི། བྱིན་རླབས་འབྱུང་བའི་གླེང་གཞིའི་ཕྱིར། གཏན་ཚིགས་བྱུང་ཁུང་གི་གླེང་གཞི་དང་། བྱིན་བརླབས་བརྒྱུད་པའི་ཕྱིར་ལུང་བསྟན་བརྒྱུད་པའི་གླེང་གཞིའོ། །རྩ་བ་ཡན་ལག་གང་དག་གིས། །ཞེས་པ་གླེང་བསླང་བ་བརྗོད་པའི་རྩ་བ་ལ་ཡན་ལག་གིས་དབྱེ་བ་གསུམ་སྟེ། སྟོན་པ་མདུན་བསུ་བ་ནི་འཁོར་དོན་ལ་སྤྲོ་བ་བསྐྱེད་པའི་ཕྱིར་ནས་གླེང་བསླང་བ་དང་། འཁོར་གྱིས་གུས་པས་སྟོན་པས་གསུངས་པ་དོན་མ་རིག་པའི་ཐེ་ཚོམ་དྲི་བ་དྲིས་ནས་གླེང་བསླང་བ་དང་། སྟོན་པས་གསུང་བའི་གནས་སྐབས་ལས་སྐབས་གློ་གློར་གླེང་ལངས་པའོ། །འབྲེལ་བའི་ཡན་ལག་རྣམ་པ་བཞི། །ཞེས་པ་ལ་དགོས་འབྲེལ་བཞི་ནི། ཡང་ན་སྟོན་པའོ་རྗོད་བྱེད་བསྟན་པ་ཚིག་དང་ཡི་གེའོ་དང་། བརྗོད་བྱ་དོན་དམ་དང་། འབྲེལ་བ་དང་། དགོས་པ་དང་བཞིའོ། །དེ་ལ་འབྲེལ་བ་དང་དགོས་པ་ལ་གཉིས་གཉིས་ཏེ། རྒྱུ་འབྲས་དང་། ཐབས་དང་ཐབས་ལས་བྱུང་བ་སྟེ། དགོས་པ་དགོས་པའི་དགོས་པར་ཕྱེ་བས་གྲངས་བཞིར་འདྲེན་པའོ། །དེ་ལ་བརྗོད་བྱ་ནི་རྒྱུད་ཀྱི་དོན་ཏེ། དེ་ཡང་། སྦས་པའི་དོན་མཚོན་འབྱུང་བའི་རིགས། །མ་མཐོང་རྣམས་ལ་བསྟན་པར་བཤད། །ཅེས་པས་མངོན་ནོ། །རྗོད་བྱེད་ཕྱག་ན་རྡོ་རྗེས་འཆད་པའི་སྐྱེས་བུ་ཉིད་དོ། །འབྲེལ་བ་ནི་གཉིས་ཏེ། ཐབས་དང་ཐབས་ལས་བྱུང་བ་དང་རྒྱུ་དང་འབྲས་བུའི་ཚུལ་ཏེ། སྟོན་པ་ཀུན་ཏུ་བཟང་པོས་གསང་བ་པ་ལ་དབང་བསྐུར་ནས། ཕྱག་ན་རྡོ་རྗེས་ལག་ཏུ་རྒྱ་གྲམ་བབས་པའི་འཁོར་ལོ་བསྐོར་ཏེ་འཁོར་འདུས་པ་ཕལ་མོ་ཆེ་ལ་བཤད་པ་དང་། གསང་བའི་བདག་པོ་ནི་རྡོ་རྗེ་སེམས་དཔའི་ཐུགས་དེ་བཞིན་ཉིད་ལས་སྐྱེས་པས་བཅོམ་ལྡན་འདས་ཀྱི་ཐུགས་དང་འབྲེལ་བའོ། །དགོས་པ་ནི་ལམ་རྣམས་དང་དེའི་ཆ་རྐྱེན་རྣམས་ཏེ་དང་དུ་བླང་བའི་ཕྱིར་རོ། །དགོས་པའི་དགོས་པ་ནི་གསང་སྔགས་ཇི་བཞིན་པ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་ཉིད་མངོན་དུ་གྱུར་པ་སྟེ། དགོས་པས་དོན་གཉེར་བའི་སྒོ་དོན་ཡིན་པའི་ཕྱིར་རོ། །འདྲེན་པ་གང་འདིར་རྣམ་པ་བཅུ། །ཞེས་པ་ལ་སོགས་པ་འབྲུ་གཉེར་གྱི་དོན་གང་ཕྱིར་སྨྲ་བརྗོད་ཚིག་གི། ཡན་དུ་འདྲེན་པས་དེའི་དོན་ལ་འདྲེན་པའོ། །གང་ཞེས་པ་བརྗོད་བྱ་ཇི་སྙེད་པའོ། །བསྡུས་པའི་སྐབས་འདིར་རྣམ་པ་བཅུའོ། །བཤད་པའི་ཡན་ལག་བཅུ་ནི། ལྟ་བས་འཕང་བཅད་པ་དང་། དོན་གྱི་ཚོམས་ས་གཅོད་ཀྱིས་དབྱེ་བ་དང་། སྤྱི་དོན་སྡུད་པའི་ཚིག་གིས་ཁོག་དབུབ་པ་དང་། གོང་འོག་གི་ལེའུ་མཚམས་འབྱོར་བས་བྱ་བ་དང་། རང་རྐྱེན་གཉེར་གྱིས་འབྲུ་གཞོམ་པ་དང་། ལྡེམ་དགོངས་མན་ངག་གི་ཚིག་གིས་མི་འཚམས་པ་འཚམས་པར་བཤད་པ་དང་། གཏར་ཀ་གེགས་སེལ་གྱི་ཚིག་གིས་ཐེ་ཚོམ་བཅད་པ་དང་། ཚད་མ་བཀའ་གཞུང་གི་ཚིག་མ་བསླད་པས་ཡིད་ཆེས་ཤིང་གདེང་རྙེད་པར་བྱ་བ་དང་། མཚོན་པ་དཔེའི་ཚིག་གིས། མཐའ་མཐུན་པ་དང་མི་མཐུན་པ་ཉེ་བར་སྦྱར་བས་ཡིད་ཆེས་ཤིང་གོ་སླ་བར་བྱ་བ་དང་། བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་གིས་གོང་འོག་གི་འབྲེལ་བརྩི་ཞིང་འཁྲུགས་བསྡེབ་པའོ། །དེས་མཚོན་པའི་དཔེ་ནི་གསལ་བར་བྱེད་པ་སྟེ། ཁྱུང་ནམ་མཁའ་ལ་ལྡིང་བ་ལྟ་བུ་དང་། སྟག་གི་མཆོངས་པ་ལྟ་བུ་དང་། སེང་གེའི་མཆོངས་པ་ལྟ་བུ་དང་། ངང་མོའི་འགྲོས་ལྟ་བུ་དང་། རུ་སྦལ་གྱི་འགྲོས་ལྟ་བུ་དང་། གནའ་ཕྲུག་བྲག་ལ་འཛེགས་པ་ལྟ་བུ་དང་། གླག་གཟན་ལ་འཇུམས་པ་ལྟ་བུ་དང་། དུས་ཀྱི་འབྲུག་དང་ཆར་ལྟ་བུ་དང་། མེ་ལོང་ལྟ་བུ་དང་། ཐགས་དང་སེང་ཕྲུག་རྩལ་སྦྱང་བ་ལྟ་བུའོ། །དེས་མཚོན་ལ་རྟོགས་པར་བྱ་བ་ནི་དཔེ་སྒྲོན་མ་ནི་ཚིག་གོ། །མུན་པ་ནི་དོན་མི་མཐོང་བའོ། །རྫས་འཚོལ་བ་ནི་གསེར་དང་འདྲ་བའི་བརྗོད་པ་སྦྱར་བ་ནི་དོན་ངེས་པར་མཐོང་བའོ། །མུན་སྒྲོན་དང་འདྲ་བའོ། །བཤད་པ་དང་འཆད་པའི་འགྲེལ་ལུགས་རྣམས་ཀྱང་འདིས་ཁོང་མཇལ་དུ་བྱའོ། །ངེས་པ་བཞི་བཞི་བཞིར་སྦྱར་བས། །བཅུ་གཉིས་ཡན་ལག་བཞིར་ཀུན་སྣང་། །ཞེས་པ་ལ་ངེས་པའི་དོན་རྙེད་པའི་བྱེ་བྲག་གི་ཡན་ལག་ལ་ངེས་པ་ཞེས་བྱའོ་ནི། སྣོད་རྣམ་པ་བཞི་དང་། ཆོས་རྣམ་པ་བཞི་དང་། ཆོས་དོན་བཞི་གང་དུ་དགོངས་གར་ངེས་པ་ངོ་བོ་དམིགས་བཟུང་བ་དང་། བཞི་གསུམ་ལ་དྲུག་བཅུ་གཉིས་གཉིས་སོ། །ཆོས་རྟགས་བཞི་དང་། དེའི་དོན་བཞི་སྟེ་ཡན་ལག་བཞི་ཚོ་མ་འདྲེས་པར་ཆ་རེར་འཆད་པའང་སྣང་ངོ་། །སྦྱོར་བ་བཞི་པ་ལྔ་གཉིས་བཞི། ཡན་ལག་ལྔར་སྣང་དེ་ལྟར་སྦྱོར། །ཞེས་པ་ངེས་པའི་ཐབས་ཆེན་པོས་ལམ་དམ་པ་ལ་ངེས་པར་སྦྱོར་བའི་ཡན་ལག་ནི། རྟོགས་པ་རྣམ་པ་བཞི། རྒྱུ་ཤེས་པ་སོགས་མཚན་ཉིད་ཀྱི་ཡན་ལག་བཞི་དང་། དེ་འབྲེལ་དེ་དགོས་སོགས་དགོས་འབྲེལ་བཞི་དང་། ཐོས་ཆུང་གོམས་སོགས་དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་བཞི་ཚོ་གཉིས་དང་། སེམས་འཇུག་པའི་རིམ་པ་བཞི་དང་། བསྙེན་བསྒྲུབ་བསྙེན་པ་ཉེ་བསྙེན་བཞི་དང་། དེའི་དོན་ཤེས་བྱ་དེ་བཞིན་མཉམ་གྱུར་སོགས་བཞི་ནི་བདག་དོན་ནོ། །དེ་ལྟར་བརྩིས་པའི་གྲངས་ནི་བཞི་ཚོ་བརྒྱད་དོ། །གཞན་དོན་མཛད་པ་ཆོ་འཕྲུལ་བཞི་དང་། སྦྱར་ཐབས་ལྔ་དང་། སྔགས་ཀྱི་རང་བཞིན་ལྔ་སྟེ་ཕྲག་གཉིས་དང་། ཕྲིན་ལས་ཞི་བ་སོགས་རྣམ་བཞི་དང་། ཐབས་ཀྱི་ཡན་ལག་ལྔ་དང་། དེས་དོན་ལ་སྦྱོར་ཐབས་ལྔའོ། །རྟོག་འཇུག་དྲུག་ཅུ་གཅིག་ཐབས་ནས། །ཡན་ལག་དྲུག་ཏུ་རྫོགས་པའོ། །ཞེས་པ་ངེས་པར་དོན་གཉིས་ལ་འཇུག་པས་སྦྱོར་བ་ལ་བཞི་ཚོ་བཅུ་དང་། ལྔ་ཕྲག་བཞི་རྩ་བ་ཉིད་དང་། གྲངས་དྲུག་ཅུ་རྩ་གཅིག་ཏུ་བསྟན་པའི་ཐབས་གཉིས་ཡན་ཆད་ནས། གླེང་གཞི་མན་ཆད་འཆད་པའི་ཡན་ལག་དྲུག་པོ་རྣམས་བཤད་པ་འདིར་ཚངས་པར་འདུས་པ་སྟེ། རྫོགས་པའོ་ཞེས་དེ་ལྟར་དྲུག་པ་སྤྱིར་བརྒྱ་དགུ་བཅུ་རྩ་གཅིག་ཏུ་ཉམས་སུ་འགྱུར་སྦྱོར་བའི་རེ་གཅིག་རོ། །གླེང་གཞི་གཉིས་གསུམ། གླེང་བསླང་བ་གསུམ། དགོས་འབྲེལ་བཞི། འདྲེན་པ་བཅུ། ངེས་པ་བཅུ་ཕྲག་གཉིས་ཀྱིས་རྫོགས་པའོ། །ལང་ཀའི་བདག་པོ་གང་འདིར་ཡང་ཡན་ལག་དྲུག་ནི་འདི་ལྟ་སྟེ། ཞེས་པ་སྡུད་པ་པོ་ལ་བོས་ནས། ཡན་ལག་དྲུག་བརྣན་ནས་སྟོན་པ་ནི་རེ་རེ་ནས་རྒྱས་པར་བསྟན་པའི་ཕྱིར་སྨོས་ཏེ། རྣམ་གྲངས་བསྟན་པ་སྒྲ་བཞིན་ནོ། །ལང་ཀའི་བདག་པོ་དེ་ལ་རྒྱུའི་ཡན་ལག་ནི། གང་འབྱུང་བའི་རྒྱུར་གྱུར་པ་སྟེ། ཞེས་པ་གླེང་གཞི་བསྟན་པ་ནི། བསྟན་པའི་དངོས་པོ་སྣང་བའི་རྒྱུ་ཡིན་པའི་ཕྱིར་མིང་ངེས་པར་འགྲུབ་བོ། །དེའི་ངོ་བོ་བསྟན་པ་ནི། སྟོན་པ་དང་། གནས་དང་། འཁོར་དང་། སྡུད་པ་དང་། དུས་དང་། བསྟན་པའོ། །འདི་ནི་ཡང་གསུམ་དུ་ཕྱེ་བ་ལས། གཏན་ཚིགས་འབྱུང་ཁུངས་རྒྱུའི་གླེང་གཞིར་གྱུར་པའི་ཕྱིར། ལང་ཀའི་བདག་པོ་དེ་ཡང་འདི་ལྟར། འདི་སྐད་བདག་གིས་ཐོས་པ་དེ་ཁོ་ན་ཉིད་ངེས་པར་སྣང་བའི་དུས་གཅིག་ན། ཞེས་པ་སྡུད་པ་པོ་ལ་བོས་ནས། གསང་བའི་བདག་པོ་འཆད་པའི་སྐྱེས་བུ་ཉིད། འདི་སྐབས་ཀྱི་སྡུད་པ་པོར་གྱུར་པས་འདི་སྐད་ཉེ་བར་བསྟན་པའི་དོན་ཆོས་ཀྱི་སྐུ་ལ་བདག་གིས་ཐོས་པ་སྡུད་པ་ནི། ཆོས་ཇི་དེ་ཁོ་ན་ཉིད་བཞིན་པ་ཉིད་དུ་རིག་པའི་ངེས་པར་གསུང་གིས་རིག་པ་ལ་མི་འགྱུར་བར་སྣང་བའི་དུས་གཅིག་ན་ཤར་བའི་ཚེ། ཞེས་པ་རྒྱུའི་སྡུད་པ་དང་དུས་ཕུན་སུམ་ཚོགས་པའོ། །སྟོན་པ་གང་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས། ཞེས་པ་ལ་སོགས་པ་མཐར་ཐུག་པའི་ཡེ་ཤེས་ཆེན་པོ་གཉིས་མེད་པ་ནི། བྱ་བ་ཐམས་ཅད་མཛད་བཅོམ་པའི་ཡེ་ཤེས་ཡོན་ཏན་ཐམས་ཅད་ལྡན་པར་བཞུགས་ཀྱང་ངོ་བོ་ཡོངས་སུ་མི་ཟིན་འདས་པ་དང་། ཡེ་ཇི་བཞིན་པ་དེ་བཞིན་ཉིད་དུ་ཕྱིན་པ་གཤེགས་པ་མེད་པར་སོན་པའི་ཐམས་ཅད་ངོ་བོ་ཐུགས་མི་གཡོ་བ་ཆེན་པོར་བཞུགས་པ་དང་། སྤང་བྱའི་འཚེ་བ་རིལ་མ་སྤངས་བྲལ་བ་དགྲ་བཅོམ་ཆེན་པོར་བཞུགས་པ་དང་། ཡོན་ཏན་ཇི་སྙེད་པ་བཙལ་བ་མེད་པར་ཡང་དག་པར་མངོན་དུ་བྱས་པས་གང་ལའང་རག་ལུས་པ་མེད་པ་རྫོགས་པ་དང་། སའི་ཞེན་པ་མཐའི་རིལ་བྲལ་སངས་པའི་ཡེ་ཤེས་ཀུན་ཏུ་རྒྱས་བདལ་བ་དང་། དེའི་ངོ་བོར་ཡེ་ཞུགས་པ་ལ་ཐ་དད་དང་ལྟོས་པའི་ཟླ་བ་དང་བྲལ་བས། དེ་ཉིད་ཀྱི་བཏག་པ་མེད་པ་ཐ་སྙད་བྲལ་བ་དང་། ངོ་བོ་བསྟན་དུ་མེད་པར་གློ་བུར་གྱི་མིང་བླ་དྭགས་ཐམས་ཅད་ལས་འདས་པ་རྣམས་མ་སྤངས་བྲལ་བ་དང་། ནམ་མཁའ་ལ་སོགས་ཕྱིན་པ་མེད་པར་ཀུན་ཏུ་བདལ་བ་འདི་ཡེ་ཤེས་རིལ་གྱི་དངོས་གཞི་བདག་ཉིད་ཡིན་པར་བསྟན་པ་དང་། དབྱིབས་མངོན་སུམ་སོགས་དང་ཁ་དོག་གི་སྐུ་རྣམས་མ་བཀོལ་མི་ལྡན་པས་དཔེ་བསྐྲུན་དུ་མེད་པ་དང་། དངོས་པོ་གཉིས་པ་ཡོངས་སུ་རྫོགས་པ་རིལ་གྱི་བདག་ཉིད་དུ་ཞུགས་པའི་ཆོས་བཅུ་དང་ལྡན་པ་ནི། སྟོན་པ་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུའོ། །སྟོན་པའི་གནས་ནི། ས་ཡོངས་སུ་ཁྱབ་པའི་གནས་རྫོགས་པ་སྤྱིར་ཆིབས་ཞེས་བྱ་བ། ཞེས་པ་ལ་སོགས་པ་ཐམས་ཅད་ཀྱང་མ་བཀོལ་བར་ས་ཡོངས་སུ་ཁྱབ་བདལ་བའི་གཞི་རྒྱུ་འབྲས་ཀུན་ལྷུན་གྱིས་རྫོགས་པས་སའི་རིམ་པའི་སྤྱིར་ཆིབས་ཏོག་ཆེན་པོར་གྱུར་པ། མཉམ་པ་ནམ་མཁའི་ཆེན་པོ་མུ་མཐའ་མེད་པ་ལ་གདུང་བ་ངང་གིས་བྲལ་བའི་བདེ་བ་ཆེན་པོ་ཀློང་། དངོས་པོ་ཐམས་ཅད་གཉིས་པ་རིལ་ཡང་དག་པར་རྫོགས་པའི་སངས་རྒྱས་པར་སར་གསལ་བར་མཁྱེན་རྫོགས་པས་ཐམས་ཅད་ཀྱི་འབྱུང་གནས་བཀོད་པ་ཆོས་ཉིད་ཀྱི་ངང་རྒྱལ་བ་རིལ་གྱི་བཞུགས་གནས་ཀུན་གཞི་ཆེན་པོས་ཁྱབ་ཡེ་འབྱམས་པས། རྒྱ་ཕྱོགས་བཅུར་རིས་ཡོངས་སུ་མེད་པར་མཉམ་པས་གསལ་ཞིང་ཆོས་ཉིད་ཀྱི་ནམ་མཁའ་ཟད་མཐའ་མེད་པ་ལ། ཚིག་གིས་བརྗོད་དུ་མེད་བསྟན་པར་དཀའ་བ། རྒྱན་རང་བྱུང་གིས་ཡེ་ཤེས་ཀྱི་ཉི་མ་འཆར་ནུབ་མེད་པར་གསལ་བ་ཚད་དཔག་ཏུ་མེད་པ་རང་ཤར་བ་གསལ་བ་ལ། ཡོད་མེད་རྟག་ཆད་མཐའ་དང་དབུས་མེད་ལ་སོགས་པ་འདས་པས་དབུ་མའི་ཐ་སྙད་མེད་པ་རྒྱ་མཉམ་ཉིད། སྲོག་ཆགས་ལྡེམ་བུ་ཡན་ཆོད་དུ་སྣུམས་ཚབས་ཆེ་ཆུང་མེད་པར་གྱུར་པའི་བདལ་ཁྱབ་མཚན་ནི། གནས་བདལ་ཁྱབ་ཆེན་པོའི་ཞིང་ཁམས་སོ། །སྟོན་པའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། གང་དུའང་མི་གནས་གནས་པ་ཆེན་པོ། གང་དུའང་མ་ཆགས། ཞེས་པ་ལ་སོགས་ཏེ། གང་དུའང་མི་གནས་མཐའ་གང་གིས་ཀྱང་མ་རེག་པས་འདི་འདྲར་མེད་ལ། ཐམས་ཅད་ཀྱི་དངོས་པོར་ཡང་ཤར་གནས་པ་ཆེན་པོ་བ། མཚན་ཉིད་གང་དང་ཡང་ལྷན་མི་གཅིག་གང་ལའང་མ་ཆགས་ལ། རིམ་དང་མི་ཕྱེད་པ་ཆེན་ཆགས་པའི་བདག་ཉིད་པོ། ཆེད་དུ་བྱ་བ་ཅི་ཡང་མི་མཛད་མེད་པར་ཕྲིན་ལས་ཐམས་ཅད་པར་བཞུགས་མཛད་པ་ལྷུན་གྲུབ་པས་འགྲོ་དོན་རྒྱུན་ཆད་མེད་པར་མཛད་པའོ། །རྒྱུ་རྐྱེན་མི་སྐྱེ་བྲལ་བས་མི་འགག་འཕོ་འགྱུར་མེད་པ། ཕྱིན་ཅི་ལོག་དང་ཡང་དག་པའི་འཆིང་བ་ཐམས་ཅད་བཅད་རྣམ་གྲོལ་པ། མཐའ་སྤྲོས་པ་དྲི་མ་དང་བྲལ་རྣམ་དག་བ། དངོས་པོ་མ་ཡིན་ཐེར་ཟུག་མེད་པར་ཅིར་ཡང་འབྱུང་ཞིང་ནམ་མཁའི་རང་བཞིན་གསལ་བ། ཡེ་མ་བཅོས་ལེགས་པ་ཆེན་པོ་བྱེད་པ་པོ་བྲལ་བས་མ་བྱས་མ་བཙལ་མ་བཅོས་པའི་ཡེ་ནས་ཇི་བཞིན་རྣལ་མ། སྨད་འཁོར་བ་མི་སྤོང་སྐྱོན་དུ་མི་འདོར་བ་དེ་ཉིད་ཆོས་ཀྱི་སྐུ་ཉིད་དུ་ཡེ་བདལ་ཁྱབ་པ་གསལ་བར་གྱུར་པ། ཆགས་སྡང་དུག་གསུམ་མ་རིག་པའི་ནད་མ་སྤང་བར་མི་སྤོང་སྐུ་གསུམ་གྱི་བདུད་རྩིར་མཛད་པས་སྨན་པ་ཆེན་པོ་འཚོ་མཛད་ཆེན་པོ། སྤྱོད་ཡུལ་ཀ་ནས་དག་པ་ཅིར་ཡང་མི་དམིགས་ལ་རྣམ་པའི་འཛིན་པ་ཡེ་ནས་བྲལ་བཞིན་དུ་དེ་དག་ཏུ་སྣང་བའི་འབྱུང་གནས་སུ་གྱུར་པ། དམིགས་པ་ཀུན་འབྱུང་ངོ་བོ་བརྗོད་དུ་མེད་པར་ཚིག་གི་ལམ་ཆད་སྨྲ་བརྗོད་པ་ཀུན་འབྱུང་ལྷུན་གྱིས་གྲུབ་པས་རང་འཆར་བ། མཐའ་གང་གིས་ཀྱང་གང་དང་མ་འདྲེས་མ་བསྒོས་པར་ཐ་སྙད་ཀྱི་དངོས་གཞིར་རིལ་གཅིག་ཏུ་ཡོངས་སུ་འདུས་པ། དུས་ཀུན་ནས་ཀུན་ཏུ་དང་སྐབས་སྔ་ཕྱིར་མཐའི་དྲི་མའི་རྡུལ་བྲལ་བའི་ངང་བཟང་པོ་མཆོག་ཏུ་གྱུར་པ། དུས་གསུམ་དུ་མི་ནུས་མི་རླག་པའི་ཏོག་རྒྱལ་མཚན་ཆེན་པོར་བཞུགས་པ་སྟེ། འདིར་ཚོ་གཉིས་དང་མཚན་ཉིད་ལྔའམ་གསུམ་དང་ལྡན་པར་བཞུགས་སོ། །འཁོར་ཕུན་སུམ་ཚོགས་པ་ནི། ཡེ་ཤེས་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི། ཞེས་པ་ལ་སོགས་པ་ཡེ་ཤེས་ཆེན་པོ་ཉིད་ཀྱང་བརྗོད་དུ་མེད་པའི་རང་སྣང་བའི་དག་པའི་བྱེ་བྲག་གྲངས་ལས་འདས་པའང་བརྗོད་དུ་མེད་པ་དང་། ཐོག་མ་དང་ཐ་མ་འདུ་འབྲལ་མེད་པར་ལྷུན་གྱིས་རྫོགས་ལ་མ་འདྲེས་པས་གཅིག་དང་དུ་མ་ལས་གྲོལ་བའི་དངོས་པོ་མེད་པའི་ངོ་བོ་བཞུགས་ཐབས་སུ་གྱུར་པའོ། །གནས་ཀྱི་དོན་གྱིས་ས་བཅུ་པ་སྤྱིར་ཆིབས་ཐོབ་པས། ཆོས་སྐུ་ལས་ཉན་པའི་འཁོར་དུ་གྱུར་པར་རིགས་སོ། །ལོངས་སྤྱོད་རྫོགས་པའི་སྐུའི་གླེང་གཞི་བསྟན་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ཚིག་འདི་སྐད་དུ། མཐུན་འཇུག་སྐབས་སུ་ཐོས་པའི་དུས་གཅིག་ན། ཞེས་པ་བསྟན་པའི་གསང་སྔགས་བསྟན་པའི་དོན་བརྗོད་པ་དང་འདྲ་བའི་ཕྱིར་སྒྲ་འདི་སྐད་དུ། ཐབས་མང་པོས་ཇི་ལྟར་མཐུན་པ་འདུལ་བའི་དོན་སྡུད་པ་པོས་གསང་བས་ལོངས་སྤྱོད་རྫོགས་པའི་སྐུ་ལ་དགོངས་པའམ། སྐུའི་བསྟན་པར་ཐོས་པའི་དུས་དེའི་ཚེ། སྟོན་པ་ཉིད་ནི་གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ། ཞེས་པ་ལ་སོགས་པ་གཟུགས་སྐུའི་རྒྱལ་བ་གདུལ་བྱ་ལ་སྣང་བ་རིགས་ལྔ་ལ་སོགས་མ་ལུས་པའི་ཀུན་གྱི་གཙོ་མཆོག་དྲུག་པ་སྟོན་པ་པོ་གསང་སྔགས་བླ་ན་མེད་པའི་མཆོག་གི་ཐེག་པའི་མངའ་བདག །འཁོར་བ་དང་མྱ་ངན་ལས་འདས་པ་ལ་སྤོང་ལེན་མེད་བླང་དོར་མི་མངའ་པར་ཉིད་ཀྱི་ཐུགས་ཡེ་ཤེས་སུ་མ་འདྲེས་ལ་ཡོངས་སུ་རྫོགས་པས་བྱིན་གྱིས་བརླབས་ཀྱི་ཡུལ་མེད་པར་དབང་ཕྱུག་ལོངས་སྤྱོད་པའི་བསྟན་པ་དང་དངོས་གྲུབ་ཀྱི་འདོད་པ་ཀུན་འབྱུང་གནས་ཀྱང་འཕེལ་འགྲིབ་མི་མངའ་བར་མི་ཟད་མཛོད་ཀྱི་བཀོད་པ་ལྡན་པའོ། །སྟོན་པའི་མཚན་ཉིད་ནི། མཚན་དང་དཔེ་བྱད་རྫོགས་པའི་སྐུ་མཆོག་ཆེ་བ་ཀུན་སྤྱོམ་ལོངས་སྤྱོད་མཆོག་མངའ་བའི་ཆེ་བ་མཛད་པ། འཁོར་ཐམས་ཅད་ཀྱང་ངོམ་པར་རོལ་ངོ་མཚར་སྐྱེ་བའི་སྐུའི་གཟི་བརྗིད་བྱིན་དང་། ཕྲིན་ལས་ཀྱི་མཛད་ཐབས་སྐབས་སུ་གཅོད་པའི་མཐའ་ཡས་པས་བྱ་བ་མེད་པར་དོན་སྤྱོད་པས་ཐུགས་རྗེས་ཆེན་པོས་འཕྲོ་བ་མེད་པར་གདུལ་བའི་དོན་ལ་སྤྱོད་པའི་སྟོན་པ་དེ་ལྟ་བུའི་ངོ་བོའོ། །དེའི་བཞུགས་གནས་ནི། རྨད་དུ་བྱུང་བའི་དོན་འདི་ཉིད་གླེང་བའི་གནས། ཚོགས་ཆེན་པོ་རྫོགས་པའི་གཞི། རྩལ་ཆེན་པོ་རྫོགས་པའི་ས། ཞེས་པ། རྨད་དུ་བྱུང་བའི་དོན་འདི་ཉིད་གསང་སྔགས་ཀྱི་ཐེག་པ་ཁྱད་པར་ཅན་དབྱིངས་ཀྱི་སྐུ་དང་དགོངས་པས་གླེང་བའི་སྟོན་པའི་བཞུགས་གནས་ནི་གང་ཞེ་ན། ཚོགས་རྣམ་གཉིས་རྫོགས་པའི་གཞི་ཕྱིར། བསྒྲུབ་བྱའི་མཐར་ལམ་པ་རྩལ་རྫོགས་པའི་ས་བདེ་བ་རྣམ་གཉིས་ལ་མངའ་མཛད་པའི་ཕྱིར། དེ་དང་ཅན་ལྡན་པའི་ཞིང་ཁམས་སོ། །གནས་གཞི་ནི་འདུལ་བྱའི་ངོ་བོ་ལ་ཞིང་ཁམས་དེ་ན་གཞལ་ཡས་ཁང་ཡོད་པར་སྣང་བའོ། །འོག་མིན་ནི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་མཐའ་དང་དབུས་མེད་ཅིང་། ཞེས་པ་ལ་སོགས་པ་རང་བཞིན་དང་། རིག་པ་དང་། གནས་ཀྱི་འོག་མིན་ནི་ཆོས་ཉིད་དང་། གཟུང་འཛིན་བྲལ་བའི་ཡེ་ཤེས་དང་། གཞལ་ཡས་ཁང་དབང་ཕྱུག་གི་གནས་སོ། །འདིར་གདུལ་བྱའི་ངོ་ལ་སྣང་བས་གནས་ཀྱི་འོག་མིན་དོན་ཆོས་མཉམ་པ་ཉིད་ཀྱི་གནས་ཕོ་བྲང་རྒྱུ་ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་གཞལ་ཡས་རྒྱ་དང་མཐའ་དང་དབུས་མེད་ཡན་མན་གྱི་ཚད་ལས་འདས་པ། རིལ་ནང་ཉིད་དུ་གྱུར་པ་ལ་དབུས་མཐའ་བྲལ་བའི་ངོ་བོ། གཞལ་ཡས་ཁང་གི་རྩེ་མོ་སྤྲོས་པ་མེད་པའི་རང་རྟགས་གྲྭ་ཟུར་མེད་པར་ཀུན་ཏུ་རྒྱ་མཉམ་པ་ཟླུམ་པོ་ཐམས་ཅད་དུ་ཁྱབ་པའོ། །འོ་ན་སྒོ་དང་དབྱིབས་སྨོས་པ་ལ་ངེས་པར་གཟུང་བ་མེད་དོ་ཞེ་ན། དེ་དག་གི་དོན་སྨོས་པ་སྟེ་གདུལ་བྱའི་ངོ་ལ་དབྱིབས་དང་སྒོ་སྣང་ཞིང་ཚད་མེད་པ་སྟེ། དཔེར་མི་རྣམས་རང་རང་གི་གནས་ན་འདུག་པས་ལུང་པའི་དབྱིབས་དང་ཕུ་མདའ་དང་ལམ་སྒོ་ཤེས་ཀྱང་། ལུང་པ་རིལ་གྱིས་རྒྱ་དང་དཔང་ཚད་འདི་ཙམ་ཞེས་མ་དམིགས་པ་ལྟར། འཁོར་གྱི་བྱང་ཆུབ་སེམས་དཔས་གཞལ་ཡས་ཁང་མཐོང་ནས་དེ་ན་བདག་ཅག་ཆོས་སྟོན་ཅིང་འདུག་ཀྱང་། རྒྱ་དང་དཔང་དམིགས་པར་མི་ནུས་ཏེ། གལ་ཏེ་དམིགས་ན་ཚད་མི་རྙེད་པ་ནི་བྱང་ཆུབ་སེམས་དཔའ་དཔལ་སྟོབས་ཀྱིས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་བལྟས་པས་མ་མཐོང་བ་བཞིན་ནོ། །རྒྱན་གྱི་མཚན་ཉིད་ཇི་ལྟ་བུ་སྙམ་པ་ལ། རིན་པོ་ཆེའི་རྒྱལ་པོས་རྣམ་པར་བརྒྱན་པ་མུ་ཏིག་གི་ལྕང་ལོ་དང་། ཞེས་པ་ལ་སོགས་པ་རིན་པོ་ཆེ་འབར་བས་ཀུན་ནས་བརྒྱན་པ། མུ་ཏིག་གི་ཕྲེང་བ་མང་པོར་འཁྲིགས་པས་ཕྱི་ནང་ནས་བརྒྱན་པ་སྟེ། ཇི་སྙེད་པའི་ཡོན་ཏན་གྱི་བདག་ཉིད་དང་། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མངའ་བའི་ཕྱིར་རོ། །གཞན་ཡང་བདེན་པ་གཉིས་མེད་པའི་ཕྱིར། རིན་པོ་ཆེའི་ཆུན་འཕྱང་པཉྩ་རེ་ཁའི་ཕྱི་ནང་ནས་བརྒྱན་པ་དང་། དར་གྱི་ལྡ་ལྡི་འཕན་དང་བ་དན་བླ་བྲེ་ལ་སོགས་པས་ཕྱོགས་དང་མཚམས་དང་སྟེང་ནས་མཛེས་པས་བརྒྱན་པ། ལོགས་ལ་ཉི་ཟླ་ཚེས་བཅུ་དྲུག་པ་ལྟ་བུ་དང་། ཚེས་བརྒྱད་པ་ལྟ་བུའི་འོད་ཀྱིས་གསལ་བཏབ་ཅིང་སྤེལ་མར་བཀོད་པ། སྐར་མ་ཆེ་བ་དང་ཆུང་བས་རིན་པོ་ཆེའི་རྩིག་པའི་གཟེར་མགོ་རྣམས་བརྒྱན་པ། དབུས་ཀྱི་ཕྱོགས་མཚམས་ན་ཀ་བ་མཆོག་བརྒྱན་ཀྱིས་གདུང་མགོ་བཏེག་པ། ཀ་ལོའི་ཀ་རྒྱན་ཉི་ཟླས་བྱས་པ། ཀ་བ་ལ་རིན་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ལས་ཀྱང་རིན་པོ་ཆེ་བརྒྱུས་པའི་གཙར་དང་། འོད་ཕྱོགས་ཀུན་ཏུ་འབྱུང་བ་དང་། རིན་པོ་ཆེའི་གདུང་བརྒྱད་སྣོལ་མར་བྱུང་བས་བར་རེའུ་མིག་ཏུ་གསལ་བ། ཆོས་མ་སྐྱེས་པས་ཀུན་ཏུ་ཁྱབ་པའི་བླ་བྲེ་ལས་རྡོ་རྗེ་མ་འདྲེས་པར་བྱུང་བ། ཡེ་ཤེས་ཆེན་པོ་ཅིར་ཡང་སྣང་ལ་མ་ངེས་པས་ཆོ་འཕྲུལ་ཕྱོགས་ཇི་སྙེད་ཀུན་གཏམས་པ་དང་། གདུལ་བྱའི་སེམས་བསྐྱེད་པའི་ཆོས་དང་སྤྲུལ་པའི་ཆར་འབབ་པ། གདུལ་བྱའི་ཉོན་མོངས་པའི་དགོན་གདུང་བསངས་ནས་མེད་ཅིང་དག་པར་བྱེད་པ། གདུལ་བྱའི་རྒྱུད་ལ་ཡེ་ཤེས་ཇི་སྙེད་པའི་སྒོ་སྔར་མ་སྐྱེས་པར་སྐྱེད་པ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་སྒྲ་ཕྱོགས་ཀུན་ནས་འབྱུང་བ། ཐེག་པ་ཆེན་པོ་ཇི་བཞིན་པ་ཟླ་མེད་པར་འདི་དོན་བསྟན་པར་གླེང་བསླང་བ། དོན་ཚིག་ཏུ་བསྟན་པ་བྲལ་ཞིང་། དཔེ་བཞིན་དང་མེ་ལོང་ལྟར། གཞལ་ཡས་ཁང་གི་དབྱིབས་ཁ་དོག་མཐོང་བས་དོན་སྣང་བར་གྱུར་པ། གནས་མི་ཕྱེད་མི་འགྱུར་བའི་ངོ་བོ་ཤིན་ཏུ་ཉམས་དགའ་བ། རིན་པོ་ཆེ་ལས་བྱས་པའི་རྡོ་རྗེས་ཕྱོགས་བཞི་ནས་བརྒྱན་པ། རྒྱུ་རིན་པོ་ཆེ་མང་པོ་ལས་མངོན་པར་གྲུབ་པ། འོག་གསེར་གྱི་ས་གཞི་བདལ་བ། རྩིག་པ་རྒྱན་དང་འོག་དང་ངོས་ཀུན་ཀྱང་མེ་ལོང་ངམ་ཆུ་ཤེལ་ལམ་ཆུ་དང་བའམ། གསེར་ཤིན་ཏུ་སྦྱངས་པ་ལྟར་མཉམ་ཞིང་སྙོམས་ལ་གསལ་ཞིང་འཚེར་བ་ལས་གཞན་གྱིས་གཟུགས་བརྙན་ནང་དུ་སྣང་བའོ། །མནན་ན་ནེམ་པ། བཏེག་ན་འཕར་བ། རེག་ན་འཇམ་པ། རང་བཞིན་དག་པ། མཚན་ཉིད་རྡུལ་མེད་པར་དང་བ། གཞལ་ཡས་ཁང་རྩེ་མོ་ལྡེམ་པ། གདོས་པ་མེད་པར་མཉེན་པ། འོད་འབར་བ་འཕྲོ་བ། འདི་འདྲའི་རྣམ་པར་རྟོག་པ་མེད་པ། རིན་པོ་ཆེ་སྣ་ཚོགས། ཞེས་པ་ལ་སོགས་པ་དེ་སྙེད་ཀྱི་འོད་མ་འདྲེས་པར་བྱུང་ནས་ཕྱོགས་ཀུན་ཏུ་ཁྱབ་པ། གཞལ་ཡས་ཁང་གི་ཕྱི་ནང་མུན་པ་འོད་ཀྱིས་སེལ་བ། ནང་གི་འོག་གཞི་དང་། སྟེང་བུམ་པའི་ནང་འཁོར་ལོ་རྩིབ་བཞི་ལས་འོད་འབར་བ། རྡོ་རྗེའི་མུ་ཁྱུད་ཀྱི་ཕྲེང་བས་རིམ་པ་གཉིས་སུ་བརྒྱན་པའོ། །སྒོ་གསུམ་ཀུན་ཏུ་གསལ་བ་ལ། པ་ཏི་འོད་ཀྱི་མུ་ཏིག་ཡོངས་སུ་མ་ཆད་པ། ཞེས་པ་ལ་སོགས་པ་ཕྱོགས་གཅིག་ནའང་སྒོ་སུམ་བརྩེགས་ལ་རིན་པོ་ཆེ་སྨུག་པོའི་འོད་ཀྱིས་བསྐོར་བ་བར་མ་ཆད་པ། ཉི་མ་དང་ཟླ་བ་ཁ་སྦྱར་སུམ་རྒྱུད་སྦྲེལ་བ་ཟུང་རེར་གཤིབས་ནས་འོད་འབར་བ་དང་ལྡན་པ། སྒོའི་ཕྱི་ནང་ཐེམ་སྐས་བརྒྱད་དང་། ཡ་ཕུབས་ཀྱི་སྟེང་ན་ཡར་རྟ་རྐང་སྒྲོམ་དང་། ཟར་ཚགས་དང་། སྣ་འཕྱོངས་དང་། པདྨ་དང་། ཤར་བུ་དང་། ཆུན་འཕྱང་དང་། ཕ་གུ་དང་། ཁྱུ་མགོ་ལ་སོགས་པའི་རྟ་བབས་དང་ལྡན་ཏེ། ཐེག་པ་བརྒྱད་ཀྱི་རྒྱུ་འབྲས་ཀྱི་ཕྱིར་རོ། །བདེན་པ་བཞིའི་ཕྱིར་གྲུ་ཆད་བཞི་དང་། འདིར་བདེན་པ་གཉིས་དབྱེར་མེད་པས་བར་ཁྱམས་གསུམ་དང་། ལེགས་པའི་མཛེས་པ་རྒྱན་གྱི་སྒྲས་བདག་ཉིད་ཀྱིས་བརྒྱད་དོ། །ཧ་ར་དང་ཧ་ར་ཆེན་པོས། ཞེས་པ་ཡེ་ཤེས་རྩིག་པའི་སྟེང་ནས་མུ་ཏིག་ཧ་ར་ཕྱེད་པ་དང་རངས་པས་བརྒྱན་པའོ། །དེ་ལ་ཡང་ཆུ་སྲིན་ཏྭ་ར་ནས་བཟུང་བ་སྟེ་ཡ་ཕུབས་སུ་ཡང་རིགས་སོ། །རིན་པོ་ཆེའི་ཕྲེང་བས་བརྒྱན་པ། རྩིག་པ་དང་བྱ་འདབ་གཉིས་ཀྱི་བར་མགུལ་འཁོར་བར་དྲྭ་བ་གཉིས་ཀྱིས་བརྒྱན་པ། ལོགས་ལ་ཟར་ཚགས་ཀྱིས་བརྒྱན་པ། སྒོའི་རྩེ་མོ་གཡས་གཡོན་ནས་རྡོ་རྗེ་རིན་པོ་ཆེས་ཤིན་ཏུ་མདངས་གསལ་བར་བྱས་པ། དྲིལ་བུ་གཡེར་ཁ་འཕྱང་བས་ཐེག་པ་ཆེན་པོའི་ཆོས་སྟོན་པའི་སྒྲ་གྲགས་པ་གཉིས་སུ་མེད་པའི་ཆོས་སྐུ་ཆེན་པོའི་དོན་མཚོན་པ་སྣང་བའི་གཞི་ཁྱད་པར་དུ་ལེགས་པའི་རྒྱན། རྡོ་རྗེ་མུ་ཁྱུད་མ་ཆད་པར། ཞེས་པ་ལ་སོགས་པ་བཤད་པ་བཞིན་མུ་ཁྱུད་ནི་ལྟེ་བ་ལའོ། །རྡོ་རྗེ་བགྲེང་བུ་ནི་ལྟེ་བའི་རྡོ་རྗེའི་ཚུལ་དང་། སྒོའི་ཐེག་ཐུན་མོང་ངོ་། །ཕྱི་རོལ་དུ་ཡང་དྲྭ་བས་བརྒྱན་པ། ཡེ་ཤེས་ཤིང་སྒོའི་གཡས་གཡོན་ནས་སྐྱེས་པ་ལ་ཙོང་ཙོང་གི་སྦྲེལ་བའི་ཙོང་ཙོང་ལས། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་མིན་གིས་བརྒྱན་པ་ལས་གཡེར་ཀ་འཕྱང་བའོ། །ཡེ་ཤེས་ཀྱི་ཆུ་རྒྱུན་གཡས་གཡོན་ནས་འབབ་པ། རིལ་གཟུང་འཛིན་བྲལ་བའི་ཡེ་ཤེས་ཁོ་ན་བས་ཕྱི་རོལ་མེད་དེ་ནང་དུ་གྱུར་པ་སྟེ་རྒྱལ་བའི་སྣང་བའོ། །སྟོན་པའི་མཚན་ཉིད་ནི། གང་ཡང་མ་འགག་སྣང་བ་ཆེན་པོ། ཞེས་པ་སྟོན་པ་ཀུན་ཏུ་ཞལ་དུ་བཞུགས་པ། ཅིར་ཡང་མ་གསུང་མ་བརྗོད་པར་སྐུ་དང་དགོངས་པའི་བྱིན་རླབས་ཀྱིས་གདུལ་བྱའི་རིག་པ་ལ་གསང་སྔགས་དམ་པར་རྫོགས་པར་རྒྱ་ཆེར་བཤད་པ་མཇལ་བར་མཛད་པ། གང་ལའང་མི་དགོངས་པ་བསམ་དཔྱོད་བྲལ་བ་ལ་མི་གཡོ་བར་ཏིང་ངེ་འཛིན་ཆེན་པོ་གསལ་བ། མངའ་ཐང་ཡོངས་སུ་ལོངས་སྤྱོད་གཉིས་ལ་རིལ་ལྷུན་གྱིས་རྫོགས་པའི་བདག་ཉིད་དུ་བཞུགས་པའི་རྒྱལ་པོ་ཆེན་པོ་དེ། འཁོར་ཇི་ལྟ་བུ་དང་ལྡན་ཞེ་ན། རྫོགས་ལོངས་སྤྱོད་པའི་འཁོར་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་འདི་ལྟ་སྟེ། ཞེས་པ་ལ་སོགས་པ་འཁོར་གྲངས་ལས་འདས་པ་ཉེ་བར་བསྟན་པ་ནི། ཕུང་པོ་ལྔ་ཉིད་རང་རིག་པ་གཅིག་དང་དུ་མའི་མཐའ་ལས་གྲོལ་བ་དེ་ཉིད་རྟོགས་པས་དེ་ཉིད་དུ་སོན་པས་ཡེ་ཤེས་ལྔ་གསལ་བ་ཉིད་གདུལ་བྱ་ལ་རིགས་ལྔའི་སྐུར་བྱུང་བ་ནི། རྟོག་པ་ཕུང་པོ་ལྔ་དག་པའི་ཚུལ་ནས་མཚན་ངེས་པར་འགྲུབ་པའོ། །རྣམ་ཤེས་མེ་ལོང་ཡེ་ཤེས་ཆེན་པོ་ལ་འབྱུང་འཇུག་མེད་པ་མི་བསྐྱོད་པ་དང་། ཚོར་བ་མཉམ་པའི་ཡེ་ཤེས་ཀྱི་ཕྱིར་བཏང་སྙོམས་དང་། སོ་སོར་རྟོག་པའི་ཡེ་ཤེས་གསལ་ལ་མི་འཛིན་པ་ལ་འདུ་ཤེས་གསུམ་གྱི་མཚན་མ་མེད་པ་བྲལ་བ་དང་། བྱ་བ་གྲུབ་པའི་ཡེ་ཤེས་བདག་གཞན་གྱི་དགོས་པ་ལས་མི་གཡོ་བ་སེམས་དཔའ་ཆེན་པོ་ཉིད་དུ་འདུ་བྱེད་སེམས་དཔའ་དག་དང་། སྟོང་པ་ཉིད་ཀྱི་ཡེ་ཤེས་འབྱེད་པ་མེད་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དག་པ་ལས་བཏག་པའི་ཕྱིར་རྟོག་པའི་མཚན་ཉིད་ལ་ཆ་རེའང་སྨོས་པའོ། །དེ་ལྟ་བུ་ཕུང་པོ་ལྔ་ཉིད་དེའི་ཚེ་རྣམ་པར་མཐོང་བའི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ལྔའི་བདག་ཉིད་ཟག་པ་མེད་པར་གསལ་བའི་རིགས་ལྔའོ། །ཤེས་རབ་ནམ་མཁའ་ལྟ་བུར་འབྲེལ་བ། ཞེས་པ་སོ་སོ་རིགས་ཀྱི་ཡུམ་དང་གཉིས་སུ་མེད་པར་བཞུགས་པའོ། །གཙོ་བོ་དང་འཁོར་གྱི་ཚུལ་དུ། ཞེས་པ་རིགས་ལྔ་རང་རང་གི་སེམས་དཔའི་འཁོར་ཇི་སྙེད་པ་དང་། ལོངས་སྤྱོད་ཆེན་པོའི་སྟོན་པ་དང་། རིགས་ལྔ་ཁོ་ན་ལྟར་ལོངས་སྤྱོད་རྫོགས་པའི་གཙོ་འཁོར་དུ་བཞུགས་པ་སྟེ། གནས་ཀྱི་དགོས་པས་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱིས། རྫོགས་སྐུ་ལ་ཉན་པའི་འཁོར་དེ་དག་གོ། །རྒྱ་ཆེར་བརྗོད་པ་ལྡེམ་དགོངས་སྦྱོར་བའི་ཚིག་འདི་སྐད། ཅེས་པ་ལ་སོགས་པ། རྒྱ་ཆེར་བརྗོད་པ་སྤྲུལ་པའི་སྐུའི་བསྟན་པ་ནི། ལྡེམ་དགོངས་སྦྱོར་བའི་ཅན་དུ་གསུངས་པ་ཇི་སྙེད་པའོ། །བསྟན་པ་དེ་ཡང་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་འགྲོ་བ་དཀྲི་དྲང་གི་ཐབས་སུ་ཚིག་དངོས་སུ་ཐོས་པའི་དུས་དེའི་ཚེའོ། །སྟོན་པ་ནི་སྟོན་པའི་རང་བཞིན་ཐུབ་པའི་དབང་པོ་ལ་སོགས་པ། ཆོ་འཕྲུལ་ཆེན་པོ་མཛད་པའི་ཕྲིན་ལས་གདུལ་དབང་གིས་མ་ངེས་པར་སྣང་བའི་ཅི་ཡང་སྣང་བ་སྟོན་པ་ཇི་སྙེད་པའི་སྐུ་རྣམས་སོ། །གནས་ནི། བྱ་བ་རྫོགས་པའི་གནས་བསོད་ནམས་གཏེར་ཞེས་བྱ་བ། ཞེས་པ་ལ་སོགས་པ་ཕྲིན་ལས་བྱ་བ་རྫོགས་ཀྱི་མཛད་པ་རོལ་པ་ཉི་ཤུ་དང་། བཅུ་གཉིས་ཚང་བར་མཛད་པའི་གནས་ས་གཉིས་པ་བསོད་ནམས་གཏེར་གྱི་ས་སྟེ། གདུལ་བྱ་སེམས་ངེས་པར་སྐྱེས་པས་ཚོགས་ལམ་སྤྱོད་པའི་འཇིག་རྟེན་ཞིང་ཁམས་འཇིག་རྟེན་གྱི་ཁམས་བཤད་པ་ལྟར་བསམ་ལས་འདས་པ་དཔག་ཏུ་མེད་པ་ནི། གནས་ཇི་བཞིན་པ་འཇིག་རྟེན་འདི་ཁོ་ན་ཉིད་ལས་མ་བཅོས་པ། འཁོར་གདུལ་བྱ་མོས་པ་ཅན་ཞེས་བྱ་བ་དང་ལྡན་པ་ཤ་སྟག་གནས་པའི་ཞིང་ཁམས་སོ། །སྟོན་པའི་མཚན་ཉིད་ནི། འཁོར་བ་འདྲེན་པའི་སངས་རྒྱས། ཞེས་རིགས་དྲུག་འཁོར་བ་འདྲེན་ཐར་པར་འདོན་ཅིང་མ་རིག་སྣང་སྲིད་པའི་ལིང་ཏོག་སེལ་བ། གདུང་བ་ཉོན་མོངས་པ་དང་སྡུག་བསྔལ་བྲལ་བར་མཛད་པ། ཇི་ལྟར་འདུལ་བཞིན་འགྲོ་དོན་མཛད་པའི་གཙོ་མཆོག་ཤིན་ཏུ་བསྒྱུར་དཀའ་བའང་ཐབས་མཁས་ལྡེམ་དགོངས་བརྒྱད་དང་། ལུང་བཞི་ལ་སོགས་པས་སྒྲོལ་བའི་ཐུགས་རྗེ་ཆེན་པོ་ཅན། སྤྲུལ་སྐུ་སྔ་ཕྱི་འབྱུང་བ་རྒྱུན་རྒྱུད་དུ་མི་འཆད་པར་སྒྲོན་མ་སྣང་བ། ཐུགས་རྗེ་ཆེན་པོ་རྒྱུན་གྱི་རྟག་པའི་མངའ་བདག་ཆེན་པོའི་སྐུར་བྱུང་བའོ། །འཁོར་ནི། འཁོར་བརྗོད་ཀྱིས་མི་ལང་བའི། ཞེས་པ་ལ་སོགས་པ། ཚོགས་དང་སྦྱོར་ལམ་པ་གཉིས་གྲངས་ལས་འདས་པའི་འཁོར་རྣམས་དང་། དངོས་སུ་ཚིག་གིས་སྟོན་པ་དང་རྣ་བས་ཉན་པ་སྟེ་འདྲ་ཚུལ་དུ་བརྗོད་པ་ནི་གདུལ་བྱའི་སྣང་བ་སྟེ། གསུང་དབྱངས་ཡན་ལག་རྣམ་པ་བཤད་པ་བསམ་གྱིས་མི་ཁྱབ་སྟེ་བཀའ་སྩལ་པའི་ཚུལ་རིལ་ཡང་། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཐམས་ཅད་བདེན་པ་གཉིས་འབའ་ཞིག་ཏུ་ཆོས་སྟོན་ཚུལ་སྟོན་པའོ། །གནས་ཀྱི་དགོས་པས་བསོད་ནམས་གཏེར་གྱི་ས་པ་ནི་འཁོར་དུ་ངེས་པའོ། །འདོད་པ་རང་རྐྱེན་གྱི་ཚིག་འདི་སྐད་ཅེས་པ། གསང་བའི་སྐུའི་བསྟན་པ་དང་། འདོད་ཆགས་ཅན་གྱི་རྐྱེན་དུ་འདོད་པ་སྤྱོད་པའི་བསྟན་པའོ། །དེ་ཡང་སྤང་དུ་མེད་དེ་དོན་དེ་ཉིད་ཆོས་ཉིད་ཡིན་པ་དང་། དོན་འབྱིན་པར་བྱེད་པ་ལ་དགོངས་ཏེ། སྡུད་པ་པོ་གསང་བདག་གིས་སེང་གེ་ལྟ་བུའི་གསུང་ཐབས་ཀྱི་སྒོ་ནས་བརྗོད་པ་དང་འདྲ་བར་དགོངས་པ་ལ་སྣང་བ་ནི། ཐོས་པའི་དུས་དེའི་ཚེ་སྟེ། ཟླ་སྤངས་པ་ནི་ཐམས་ཅད་ནས་ཐམས་ཅད་དུ་མ་ཡིན་པ་སྟེ་བཤད་པ་ལ་ཡང་སྦྱར་རོ། །སྟོན་པ་ནི། བཅོམ་ལྡན་འདས་གསང་བའི་སྐུ། ཞེས་པ་རྟེན་ཐིག་ལེ་འདུས་པའི་ཡེ་ཤེས་ཆེན་པོ་རོ་དང་ལྡན་པར་བཞུགས་པ་ཉིད་དོ། །གནས་ནི། ཆོ་འཕྲུལ་ཡོངས་སུ་རྫོགས་པའི་གནས་གཙུག་ཏོར་འཁོར་ལོ། །ཞེས་པ་ནས་པདྨོ་ཅན་གྱི་བར་ལ་སོགས་པ་ཇི་སྙེད་པའི་སྤྲུལ་པའི་འབྱུང་གནས། གསང་བའི་རྡོ་རྗེ་གཙུག་ཏོར་དང་གསང་བའི་སྣ་རྩེ་འཕྲད་པས་རྟེན་གྱི་ངོ་བོ་འཁོར་ལོ་བསྒྱུར་དབུ་ན་ཡར་བཟློགས་པའི་ཐབས་མཆོག་ཁྱད་པར་ཟབ་མོ་དཔག་པར་དཀའ་བས་ཉམས་སུ་མྱོང་བར་ཡང་དཀའ་བ་རོ་རྣམ་གཉིས་ཀྱི་དགའ་བ་དགྱེས་པ་ཆེན་པོའི་བྱེ་བྲག་བརྒྱད་གཉིས་དང་ལྡན་པའི་ཡུམ་གྱི་ལྷུམས་བྷ་ག་འདབ་བརྒྱད་ཀྱི་པདྨའི་སྙིང་པོ་རྩེ་མོའི་ཟེའུ་འབྲུ་རྒྱལ་བ་ཇི་སྙེད་པའི་ཕོ་བྲང་སྐུ་འབྱུང་བའི་གནས། ཤིན་ཏུ་ཆགས་པ་ཅན་འདུལ་བའི་དོན་མཛད་པ་འབྱུང་བའི་ལམ་ལ་གཤེགས་པའི་ཤུལ་དམ་པ། ཐབས་དང་བྲལ་ན་སྲིད་པ་གསུམ་གྱི་ཁམས་གསུམ་གྱི་འགྲོ་བའི་རྒྱུ་གཞི་ཤིན་ཏུ་ཆགས་པའི་ཞེན་པའི་རྟེན་དུ་གྱུར་པ་སེམས་ཅན་གྱི་འབྱུང་གནས། རྣལ་འབྱོར་པ་དང་འགྲོ་བ་རྣམས་ཐབས་ཀྱིས་ཟིན་མ་ཟིན་གྱིས་འགྲོ་བར་བྱེད་པའི་ལམ་དུ་གྱུར་པ་དེ་དག་གདུལ་བའི་ཕྱིར། སྤྱོད་པ་ཆ་མཐུན་དུ་མཚུངས་པར་བསྟན་པ་ཆགས་པ་མེད་པར་བྱེད་པའི་པདྨ་ཅན་འདབ་བརྒྱད་དང་ལྡན་པའི་ཕྱིར། མཚན་ངེས་པའི་གྲགས་པའི་གཞི་ཐ་དད་པ་དེ་ན་བཞུགས་སོ། །སྟོན་པའི་མཚན་ཉིད་ནི། ཐུན་མོང་མ་གྱུར། ཞེས་པ་ཡོ་ག་ཕྱི་པ་མན་ཆད་ཐུན་མོང་ཀྱི་ཡུལ་མ་ཡིན་པའི་གསང་སྐུ་དེའོ། །འཁོར་ནི། གསང་བའི་འཁོར་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་འདི་ལྟ་སྟེ། གསང་བའི་སེམས་དཔའ་ཆེན་པོ་རྡོ་རྗེ་མྱུར་བ་དང་། ཞེས་པ་ལ་སོགས་པ་གསང་བའི་སྐུའི་འཁོར་གྲངས་ལས་འདས་པའི་མདོར་ཉེ་བར་བསྟན་པ་ནི་གང་ཞེ་ན། འཁོར་དེ་དག་ཀྱང་ཕྱི་པ་མན་ཆད་ཀྱི་ཡུལ་མ་ཡིན་གསང་བ་པ། གཉིས་མེད་ཀྱི་ཡེ་ཤེས་གསང་བའི་མ་བཙལ་བའི་ཐབས་ཀྱི་ཆ་རེས་ཉོན་མོངས་པ་དང་སྒྲིབ་པའི་ཕུང་པོ་འཇོམས་ཤིང་གསང་སྔགས་ཀྱི་དོན་ལ་སེམས་མི་གཡོ་བར་དམིགས་ཤིང་མཐའ་སེལ་བའི་དཔལ་ཕྱིར། ཀུན་ཀྱང་གསང་བའི་སེམས་དཔའ་རྡོ་རྗེ་ཡིན་པར་ངེས་པའོ། །སྒོས་མཚན་ནི། འདི་དག་རྒྱུད་སོ་སོ་མ་ཡིན་པའི་ཕྱིར། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་ཡེ་ཤེས་ཆེན་པོ་གསང་སྔགས་ཀྱི་དོན་དེ་མ་ཐག་པར་མྱུར་བ་བྱུང་བ་དང་། ཡང་དག་པའི་ས་ལ་སྐད་ཅིག་གིས་ཕྱིན་པར་བྱེད་པ་མགྱོགས་པ་དང་། ལོག་པའི་དྲྭ་བ་གཅོད་པ་རྣོན་པོ་དང་། ཡོན་ཏན་གྱི་བྱེ་བྲག་འཆར་བ་འབྱུང་བ་དང་། རིག་པའི་སྒོ་གསལ་བར་བྱེད་པ་འབྱེད་པ་དང་། ཐབས་གོང་ན་མེད་པ་ཆེ་བ་དང་། དམན་པ་མ་སྤངས་བཀོལ་བ་མེད་པ་ཡངས་པ་དང་། ཐབས་ཀྱི་དོན་དཔག་དཀའ་བ་ཟབ་པ་དང་། སྣང་བ་ཆེན་པོ་ཤར་བའི་ཡེ་ཤེས་ནུབ་པ་མེད་པ་བརྟན་པ་དང་། ཡེ་ཤེས་ཆེན་པོ་ཇི་སྙེད་པའི་བྱེ་བྲག་འདུས་སྣ་ཚོགས་པའོ། །དངོས་པོ་སོགས་གཞན་བསྡུ་བ་ནི་བརྗོད་ཀྱིས་མི་ལང་བ་རྣམས་སོ། །དེ་ལྟ་བུའི་འཁོར་པདྨོ་སྙིང་པོའི་གནས་སུ་རང་རང་གི་གནས་ནས་འོང་འབྱུང་བ་དང་། གཞལ་ཡས་སུ་འཇུག་པ་དང་། རང་རང་གི་གནས་སུ་འགྲོ་བ་དང་བཅས་པའི་འཁོར་གྱི་དངོས་པོ་ཇི་སྙེད་པ་དག་རྟེན་ཕྲད་པ་ལས་ཐེ་ཚོམ་གཅོད་ཆོད་བདོ་བ་དང་། སླར་ལོག་ནས་རང་རང་གི་གནས་སུ་ཕྱིན་པས་གསང་བ་དམ་པའི་གདེང་རྙེད་ཟིན་པ་ཆོད་དང་། ཡང་རང་རང་གི་གནས་ཆ་ཡིས་བསྐྱོད་ནས་གསང་བའི་དོན་རྩེ་མོའི་གནས་སུ་ཞུ་བར་རྩོམ་པའི་ཚུལ་དུ་བཞུགས་ཏེ། གསུམ་ན་རྒྱུད་ཐ་དད་པའི་དབང་དུ་ཡང་འགྱུར་རོ། །རྩ་གནས་བྱེ་མ་བྱེས་ཡེ་ཤེས་སུ་སྐྱེ་བ་དང་། སྐྱེས་པ་དང་སྐྱེ་བར་ལྡོག་པའི་རིམ་པ་ཁོ་ནའོ། །འདི་དག་རིལ་ཡང་གསང་བ་ཆེན་པོའི་སྐུའི་ཡན་ལག་གི་བྱེ་བྲག་ཏུ་འདུས་པའི་ཕྱིར་འཁོར་དུ་ངེས་པའོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་རེ་རེ་ལའང་། ཞེས་པ་ལ་སོགས་པ་སྐུ་བཞིའི་གླེང་གཞིའི་ངོ་བོ་དྲུག་དྲུག་བསྟན་པའི་ཚུལ་དེས་དེ་ལྟར་ན། གདུལ་དབང་གིས་ཕྱིར་རྒྱལ་བ་ཇི་སྙེད་པ་རེ་རེའང་སྐུ་བཞི་བྱེ་བྲག་སོ་སོར་སྣང་ལ་ངོ་བོ་རིས་སུ་ཡང་འབྱུང་རྒྱུ་ཡང་མེད་པའི་ཕྱིར། གཅིག་ཐ་དད་དུ་མའི་མཐའ་ལས་རྒྱལ་བ་རིལ་གྲོལ་བས་མ་གཡོས་གསལ་ལ་བདེ་བ་ཀུན་ཏུ་སྣང་སྟེ། ཀུན་ནས་ཕྱོགས་རིལ་དང་དུས་ཏུ་གནས་རིལ་དུ་སྣང་ངོ་། །དེ་དག་ནི་མཐའ་ལས་ཞེན་པ་བསལ་བའི་ཕྱིར་བཀའ་སྩལ་པའོ། །དེའི་ཚེ་དེའི་དུས་ན་མི་ཆེན་པོའི་ཡུལ། ཞེས་པ་ལ་སོགས་པ། དེའི་ཚེ་དུས་གཉིས་ནི་སྐུ་བཞིས་བཀའ་སྩལ་པ་དང་། དེའི་དུས་གསང་བ་པའི་ཐོས་པ་གཉིས་ཀྱི་ཕྱིར་རོ། །དབུགས་ཆེན་འབྱིན་ལམ་གྱི་གསུམ་རྟེན་པས་ཁྱད་པར་དུ་འགྲོ་བ་པ་ཡན་ཆད་ཀྱིས་སྤྱོད་ཡུལ་གསང་སྔགས་དམ་པའི་རྒྱུད་འདི་ངས་སྐུ་བཤད་པ་བཞི་ལས་ཐོས་པ་མ་ནོར་བའི་གསང་དོན། རྒྱལ་བའི་གདུང་འཛིན་པའི་འདུས་པ་ཕལ་མོ་ཆེ་ལ་སོགས་དག་ལ། སྟོན་པ་སྐུ་བཞིས་གསུངས་པ་ཇི་ལྟར་བར་བགྲོ་ཞིང་བཤད་པ་ཉེ་བར་བསྟན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད། ཅེས་པ་ལ་སོགས་པ་སངས་རྒྱས་ཀུན་དང་ཆོས་སོ་ཅོག་རིལ་དུ་སྣང་བའི་རྒྱུ། རྒྱལ་བའི་དགོངས་པ་སྤོང་ལེན་ངང་གིས་བྲལ་བའི་གསང་སྔགས་ཇི་བཞིན་པའི་ངང་ལས་འབྱུང་འཇུག་མེད་པར་ཤར་ཞིང་སྣང་བར་ཐུགས་སུ་ཆུད་ནས། སྐུ་གསུང་ཐུགས་ཉིད་ཀྱི་ཐ་སྙད་དང་ཡང་བྲལ་བའི་ངོ་བོ་ཉིད་དེ་ཁོ་ན་ཉིད་ཀྱི་ངོ་བོར་བཞུགས་ཏེ། རྟེན་དང་རྟེན་ཅན་ནི་འདོད་པ་མ་ཡིན་ནོ། །འོན་ཏང་དེ་ལའང་ཇི་བཞིན་པའི་ངང་ལས་འཕྲལ་དུ་འཇུག་པ་དང་། སླར་ལྡོག་པ་དང་། རབ་ཏུ་ཡང་བྱེ་བྲག་ཏུ་ཡང་ལྡོག་པའི་འགྲོ་འོང་ནི་མེད་དོ། །ལང་ཀའི་བདག་པོ། གཉིས་ནི་གང་འབྱུང་བ་བརྗོད་པ་ཉིད་དོ། །ཞེས་པ་ལ་སོགས་པ་སྡུད་པ་པོ་ལ་བོས་ནས་འདིའི་གླེང་གཞི་གནས་དང་སྟོན་པ་གཉིས་ནི་ལོ་རྒྱུས་སུ་བརྗོད་པས། བསྟན་པ་ཟབ་མོའི་དངོས་པོར་སྣང་བ་སྔར་བྱུང་བ་བརྗོད་པ་གཉིས་ཉིད་དོ། །ལང་ཀའི་བདག་པོ། དེ་དག་ནི་རྒྱུའི་ཡན་ལག་ཅེས་བྱའོ། །ཞེས་པ་རྒྱུད་འདི་འབྱུང་བའི་རྒྱུའི་ངོ་བོ་ཚོགས་པའི་ཕྱིར་གཏན་ཚིགས་བྱུང་ཁུངས་ཀྱི་གླེང་གཞི་སྟེ། གསང་སྔགས་དམ་པའི་ཡན་ལག་ཅིག་གོ། །གླེང་གཞི་འདིར་སྨོས་པ་ནི་བསྟན་པར་འགྱུར་གྱི། རྒྱུད་འབྱུང་བར་མི་རིགས་པས་དགོས་པ་མེད་དོ་བར་དོགས་པ་ལ། འབྱུང་ཁུངས་ཀྱི་གླེང་གཞི་འདི་དག་མི་སྣང་ན་ནི་གསང་བའི་བདག་པོ་ཉིད་ཀྱང་གསང་བདག་ཏུ་མི་འགྱུར་བས། འདི་སྨོས་པས་འཁོར་རྣམས་དང་པོ་གསང་བདག་ཉིད་ཀྱིས་སུ་ལ་ཐོས་པའི་ལོ་རྒྱུས་ཀྱི་ཡིད་ཆེས་པར་འགྱུར་བ་དང་། འདིར་མི་ཡུལ་དུ་སྣང་བ་གཙོར་བྱས་པ་དང་། རྒྱུད་དཀྲུག་པའི་དབང་གིས་གྲལ་ལ་ཐེ་ཚོམ་མེད་དོ། །གྲལ་ནི་གླེང་བསླང་བ་དང་ཡང་རྗེས་སུ་མཐུན་ནོ། །གླེང་གཞིའི་ལེའུ་བཞི་བཅུ་བདུན་པ་འགྲེལ་པའོ།། །།ཐུན་མོང་མ་ཡིན་པ་ངོ་བོའི་བྱུང་ཁུངས་ཀྱི་གླེང་བསླང་བ་རྗེས་སུ་བསྟན་པའི་ཕྱིར། ལང་ཀའི་བདག་པོ་རྩ་བའི་ཡན་ལག་གང་ཞེ་ན། འདི་ལྟ་སྟེ། བརྗོད་པ་འབྱུང་བ་གང་གིས་གང་ལ་གླེང་བསླང་བ། ཞེས་པ་སྡུད་པ་པོ་ལ་བོས་ནས། ཡན་ལག་གཉིས་པ་ཉེ་བར་བསྟན་པ་ནི། རྒྱུད་ཀྱི་ཚིག་དང་ཡི་གེ་སྣང་བའི་རྩ་བར་གྱུར་པས་མིང་འགྲུབ་བོ། །ངོ་བོ་ནི། སྟོན་པའི་དངོས་པོས་འཁོར་གྱི་དངོས་པོ་ལ་མདུན་བསུ་བ་དང་གུས་པས་དྲི་བའི་ཚུལ་དུ་གླེང་བསླང་བའི་དངོས་པོ་ངེས་པ་ཉིད་ལ་གཞག་གོ། །ཐུན་མོང་མ་ཡིན་པའི་དབང་དུ་ཡབ་ཡུམ་གྱིས་གླེང་བསླང་བའི་ངོ་བོ་ཉིད་དོ། །དེ་ཡང་མདུན་བསུ་བ་ལྟ་བུ་དང་། ཡུམ་གྱིས་གླེང་བསླང་བ་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་དེ་དག་དབྱིངས་ཀྱི་ངང་ལས་མི་གཡོ་བར་མནལ་བཞིན་དུ། ཞེས་པ་ལ་སོགས་པ་བཤད་པའི་ཡང་ན་གང་གི་སྐུ་བཞི་སྐུ་གསུང་ཐུགས་མི་དམིགས་པའི་ངང་དབྱིངས་ལས་བཞུགས་པ་ལས་མ་གཡོས་མནལ་བཞིན་དུ་ཡུམ་ཀུན་ཏུ་བཟང་པོ་རྒྱལ་བ་ཐམས་ཅད་སྐྱེད་པར་མཛད་མ་མ་སྐྱེས་པའི་ཆོས་ཉིད་ཀྱི་ངང་ལས་སྐུར་རང་སྣང་བས་ཡབ་དབྱིངས་ནས་བཞེངས་པའི་བསྐུལ་བའི་ཚིག་གསུངས་བ། ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ཞེས་པ་ལ་སོགས་པ་གང་ཇི་བཞིན་པ་ཉིད་ནི་ཅིའང་མེད་པས་ཅིར་ཡང་སྣང་བའི་ཕྱིར། སྟོང་པ་མཐའ་གསུམ་གྲོལ་བའི་ངང་ལས་མ་གཡོས་པ་ནི་རྣལ་འབྱོར་མཆོག་སྟེ། དེ་ཉིད་རིལ་དུ་མི་འགག་པར་མཐུས་འཆར་བའི་བྱིན་རླབས་ཀྱིས། དཔེ་ནམ་མཁའ་ལྟ་བུའི་བཞིན་ངང་ལས་སྔོན་གྱི་ཐུགས་དམ་གྱིས་མི་འདའ་བས་འགྲོ་དོན་ལ་ཉེ་བར་བསྐུལ་བའོ། །ཡང་དག་པའི་ཡེ་ཤེས་ཆེན་པོ་འཕེལ་འགྲིབ་མེད་པ་དང་རོ་གཅིག་པས་ཤིན་ཏུ་ཟབ་པ་རྒྱ་མཚོ་དེས་རིལ་གསལ་ལ་མི་དམིགས་རྣམ་པར་གྲོལ་བ་ཀློང་ལ་ལོག་སེལ་དང་བྲལ་བས། མཚན་ཉིད་གཅིག་ཏུ་མི་ཟིན་མི་གནས་པ་ལ་སྤྱོད་ཡུལ་མེད་པ་མི་དམིགས་ནམ་མཁའ་ལྟ་བུའི་ངང་དབྱིངས་ལས་སྐུ་འགྲོ་དོན་མངོན་དུ་བཞེངས་སྟོན་ཅིག་པར་བསྐུལ་ལོ། །བཅོམ་ལྡན་འདས་དེ་དག་གིས་ཆོས་ཐམས་ཅད་བྱང་ཆུབ་སྙིང་པོ། ཞེས་པ་དེ་དག་སྙེག་སྡུད་ཀྱི་སྒྲ་ནི། སྐུ་བཞིའི་ཁྱད་པར་སྣང་བའི་སྟོན་པ་རྣམས་ཏེ། དེ་རིལ་གྱིས་ཆོས་རྣམས་གསང་སྔགས་བྱང་ཆུབ་ཇི་བཞིན་པ་ལས་སྣང་བར་ཤར་བར་བསྐུལ་བའི་སྒོ་ནས་ཐུགས་སུ་ཆུད་མཁྱེན་ནས། བྱང་ཆུབ་སྙིང་པོ་མཐའ་མེད་པའི་སྟོང་པ་ཉིད་ཀྱི་ངང་ལས་འགྲོ་བའི་མུན་པ་སེལ་བའི་ཉི་མ་སྐུ་རྡོ་རྗེ་མི་འགྱུར་བར་བྱུང་སྣང་བར་མཛད་དེ། དཔེར་ན་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའོ། །དེ་ནས་ཉི་མའི་སྙིང་པོ་དེ་ལས་འོད་ཟེར་བྱེ་བ། ཞེས་པ། དེ་ནས་བཞེངས་མ་ཐག་པར་སྐུ་ཤན་ཏུ་གསལ་བ་ཉི་མའི་སྙིང་པོ་ལས་གདུལ་བྱའི་ངོ་ལ་སྐུའི་འོད་ཟེར་མང་པོ་བཀྱེ་ནས་སྣང་བ་ཉི་མའི་སྙིང་པོ་ལས་འོད་འབྱུང་བ་བཞིན་ནོ། །འོད་ཟེར་དེ་དག་ལས་ཐུགས་རྗེ་བྱང་ཆུབ་སེམས་ཀྱི་སྤྲིན་མངོན་པར། ཞེས་པ་ལ་སོགས་པ་བརྡའི་དོན་ཏེ་བྱང་ཆུབ་སེམས་རྣམ་གཉིས་ཀྱི་སྤྲིན་མངོན་དུ་བསྟན་ཏོ། །དེའི་རྐྱེན་རོལ་ཐབས་ཉི་ཤུ་ནི། ཐབས་དང་ཤེས་རབ་དགྱེས་པར་ལོངས་སྤྱོད་པའི་ཆར་མངོན་དུ་འབབ་པ་དང་། ཐལ་འབྲུག་མོའི་སྒྲ་དང་། ཁུ་བ་འཕོ་བ་གློག་འབྱུང་བ་དང་། ཕྱིའི་འདོད་ཡོན་མཆོད་པ་ལྔས་བདེ་བ་བསྐྱེད་པ་དང་། སྙན་པའི་གླུས་བདེ་བ་བསྐྱེད་པ་དང་། ལག་གི་སྤྱོད་པ་གར་དང་། རྡེབ་པ་རྣམས་རྔ་དང་། དབུགས་འབུད་པ་དུང་དང་། སེན་མོས་འཚེ་བ་ཀེར་ཀོ་དང་། ཙམྦྷ་ནི་བྱེད་པ་གླིང་བུ་དང་། ཡབ་ཡུམ་གྱི་རྒྱན་རྣམས་དང་། ལུས་ཀྱི་མདངས་འབྱིན་ཅིང་མཉེས་པ་དགའ་བ་དང་། དགོས་པས་སྤྱོད་པ་སྐྱོད་ཐབས་མང་པོའི་དོན་ཇི་ལྟ་བ་རྣམས་ཤེས་པར་བྱེད་པ་དང་། དེ་དག་གི་ཐབས་རིག་པ་ཡེ་ཤེས་དང་། སྐབས་སུ་ཉམས་བརྟག་པའི་ཏིང་ངེ་འཛིན་དང་། དགྱེས་པས་བདེ་བ་དང་དགའ་བ་མྱོང་བ་དང་། ལྷན་ཅིག་པའི་ཡེ་ཤེས་ཆེན་པོའི་རོ་ཚོར་བ་དང་། བདེ་བ་སྐྱེས་པ་ཡུམ་མཚན་དགའ་བ་རྣམས་དང་ལྡན་པ་དེ་དག་གིས་བཙུན་མོ་ཡུམ་གྱི་མཁའ་མ་སྐྱེས་པ་ཆོས་ཉིད་ཀྱི་ངོ་བོ་ལ་འཇུག་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ། ཞེས་པ་ལ་སོགས་པ། དེ་ནས་ཡབ་ཀྱིས་རོལ་པའི་ཆར་བབ་མ་ཐག་པར། ཡུམ་གྱིས་ཐབས་ཤེས་རབ་ཀྱི་སྤྱོད་པའི་སྟོང་པ་ཉིད་ཀྱི་ངང་ལས་སྐུ་ཅིར་ཡང་བསྟན་པ་བསྐུལ་བའི་སྒྲ་འདི་ཚིག་ཏུ་གསུངས་པ། སྐུ་གསུམ་ལྷུན་གྱིས་གྲུབ་པས་ཚོགས་ཆེན་གཉིས་རྫོགས་མི་གནས་པའི་ཡེ་ཤེས་མཆོག་གི་བདག་ཉིད་ཐུགས་དམ་ནི། མཉམ་པའི་དབྱིངས་དང་དབྱེར་མེད་པས་རྒྱུད་དག་པའི་ལྷ་ཁྱོད། དགྱེས་པའི་ལོངས་སྤྱོད་མངའ་ཐང་ལྷུན་གྱིས་རྫོགས་གྲུབ་པ་མཛད་པས་ཐབས་མཆོག་རོལ་པའི་སྐུ་ཆེན་པོའི་ཞེས་བྱའོ། །སྐྱེ་འཇིག་མི་མངའ་བའི་རྡོ་རྗེ་ངང་ལས་སེམས་མ་གཡོས་པར། ལོག་ཕུང་འཇམས་པའི་སྟན་དཔའ་པ། ཡོན་ཏན་ཚད་ལས་འདས་པའི་མངའ་ཐང་སྐལ་བཟང་མཆོག་གི་བདག་ཉིད་བདག་གཞན་གྱི་དོན་ལྷུན་གྱིས་གྲུབ་པ་དཔལ་ཁྱོད། ཡུམ་བདག་ལ་འདོད་ཆགས་ཐབས་ཀྱི་སྤྱོད་པ་རོལ་པ་མཛད་པས་འཁོར་སྣོད་དུ་རུང་བར་དབང་བསྐུར་བའི་ཕྱིར། བདེ་བ་ཆེན་པོ་དགྱེས་པའི་དབྱིངས་ནས་སྐུ་བཞེངས་ཤིག་པར་བསྐུལ་ཏོ། །བདེ་བ་ཆེན་པོའི་ངང་དེ་ལས་ཆོ་འཕྲུལ་ཆེན་པོ་རྣམ་པར་བཞེངས་ཏེ། ཞེས་པ་ལ་སོགས་པ་རོལ་པ་ཉི་ཤུས་བདེ་བ་ཆེན་པོའི་ངང་ལ་བཞུགས་པ་ལ་བསྐུལ་བས་དགྱེས་པའི་རོ་མཆོག་བདར་བའི་ངོ་བོ་དེ་ལས་སྐུའི་ཆོ་འཕྲུལ་ཅིར་ཡང་སྣང་བར་མཛད་པ་ནི་བཅུ་སྟེ། སྐུ་ལས་སྤྲུལ་པ་རྣམ་པར་འཕྲུལ་ཅིར་ཡང་མ་འདྲེས་སྣང་བ་དང་། སྐུ་མཆོག་ཡོངས་སུ་རྫོགས་པ་རྣམ་པར་འཁྱིལ་ཉིད་དུ་སྣང་བ་དང་། རྣམ་པར་འགྱིངས་སེང་གེའི་ཚུལ་དང་། བརྗིད་གླང་པོའི་ཚུལ་དང་། ཕྱག་གི་གར་ཐབས་རྒྱ་དང་། ཞལ་བཞད་པ་དང་། ཐུགས་རྗེ་སྤྲུལ་པའི་འབྱུང་འཇུག་སྣང་བ་དང་། འབྲས་བུ་ཡོན་ཏན་གྱི་བྱེ་བྲག་དང་། འོད་ཕུང་སྣང་བ་དང་། འཕྲོ་བའོ། །བརྡའི་དབང་དུ་ན་འཁོར་དབང་བསྒྱུར་བའི་ཕྱིར། རོལ་པའི་བྱང་ཆུབ་སེམས་ལས་བྱིན་རླབས་ཅིར་ཡང་སྣང་བ་དང་། བྱང་ཆུབ་སེམས་སླར་བསྐྱིལ་བ་དང་། རྡོ་རྗེའི་གནས་རྣམས་གང་བ་དང་། བདེ་བའི་བརྗིད་རོ་མི་འགྱུར་བའི་བྱིན་དང་། འཁོར་ལ་དབང་བསྐུར་བའི་ཕྱག་གི་གར་བརྡ་ཅིར་ཡང་སྣང་བ་དང་། དབང་བསྐུར་བར་བཞད་དགྱེས་པ་དང་། དབང་གི་དོན་འཕྲོ་འདུ་མཛད་པའི་སྦྱོར་བ་བྲལ་བ་དང་། དབང་གི་བྱིན་བརླབས་ཡོན་ཏན་མ་འདྲེས་པ་དང་། འཁོར་གྱི་རིག་པ་ལ་འོད་ཟེར་བྱིན་བརླབས་སྣང་ཞིང་གསལ་བར་བྱས་པ་དང་། གཞན་བསྡུ་བ་ནི་བྱིན་རླབས་ཇི་སྙེད་པའོ། །སྤྲུལ་པའི་གློག་གི་ཕྲེང་བས་ནམ་མཁའ། ཞེས་པ་ལ་སོགས་པ་བྱང་ཆུབ་སེམས་ཀྱི་བྱིན་རླབས་ཅིར་ཡང་སྣང་བར་གསལ་བ་རྒྱུན་མ་ཆོད་པར་ནམ་མཁའི་ཁམས་ཀྱི་འཁོར་ཇི་སྙེད་པ་ལ་བསྣུམས་པར་མཛད་པའོ། །ཐམས་ཅད་ནས་ཐམས་ཅད་དུས་སྔ་ཕྱི་འཁོར་གྱི་རིག་པ་ལ་མཚན་འཛིན་དང་རྣམ་རྟོག་དང་མཐའ་གཉིས་སུ་མེད་པ་ལ་ལྟ་བ་ཡོད་པ་ལ། གསང་དབང་གི་བྱིན་རླབས་ཀྱིས་ཁྱབ་པས་དེ་ཉིད་ཆེད་དུ་མ་གསལ་བར་ཇི་བཞིན་པར་ཤེས་ཏེ་གསང་དབང་བསྐུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྟོང་པ་ཆེན་པོ། ཞེས་པ་ལ་སོགས་པ་འཁོར་ལ་གསང་དབང་གི་བྱིན་རླབས་ཀྱིས་ཁྱབ་པར་མཛད་མ་ཐག་པར་ཡང་ཡུམ་གྱིས་རྒྱུད་བཤད་པ་བསྐུལ་བ་ཐ་མ་དང་སྤྲུལ་པའི་མཛད་པ་སྣང་བར་བྱ་དགོས་སོ། །བསྐུལ་བའི་ཚིག་བརྗོད་དེ། ཡེ་ཤེས་སྒྱུ་མས་རྣམ་པར་རོལ། །ཞེས་པ་དག་ཡེ་ཤེས་ཆེན་པོ་རང་སྣང་བའི་སྒྱུ་མའི་སྐུ་མཆོག་གི་འགྲོ་དོན་རྣམ་པར་མཛད་པའི་སྟོན་པས། ཐབས་ཤེས་རབ་གཉིས་མེད་རོལ་པའི་ཆེ་ལ་ལོངས་སྤྱོད་མངའ་བརྙེས་པ་ཀྱི་མངའ་བདག་རྒྱལ་བ་འཕགས་རྗེ་རིལ་གྱི་རྗེ་བོ་སྤྲུལ་པ་མང་པོ་ཀུན་གྱི་གཞི། ཉིད་བདེ་གཤེགས་བདེ་བ་ཆེན་པོ་བརྙེས་ནས་གཞན་ཡང་བདེ་བར་གཤེགས་པ་ལ་དགོད་པར་མཛད་པ་ཁྱོད། འགྲོ་དོན་དུ་སྤྲུལ་པ་དང་རྒྱུད་འཆད་པའི་སྟོན་པར་བཞེངས་སུ་གསོལ་ཞེས་བསྐུལ་ཏོ། །བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ། ཞེས་པ་ལ་སོགས་པ་སྟོན་པ་གསང་སྔགས་ཀྱི་མངའ་བདག་རིགས་ཐམས་ཅད་པའི་བདག་པོ་ཉིད། རྡོ་རྗེ་གསུམ་རོལ་པ་ཐབས་ཤེས་རབ་ཀྱི་སྤྱོད་པ་མཛད་པས་དེ་ཁོ་ན་ཉིད་མཉམ་པ་མ་ནོར་བའི་དགོངས་པ་ལས་མི་གཡོ་བར་བཞུགས་ཏེ། ཞུ་བ་བསྒུགས་པའི་ཆེད་དུ་ཅང་མི་གསུང་ངོ་། །དེ་དག་གི་འཁོར་གྱིས་ཅིའང་མ་ཞུས་པར་སྟོན་པ་ཡབ་ཡུམ་གྱིས་གླེང་ནས་དབང་བསྐུར་བའི་ཕྱིར་མདུན་བསུ་བའི་དོན་དུ་སྦྱར་རོ། །གུས་པས་དྲི་བ་གླེང་པ་ལྟ་བུ་གང་སྙམ་པ་ལ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ། ཞེས་པ་ལ་སོགས་པ་རྩ་བའི་རྒྱུད་ལས་ནི་རིགས་ཀྱི་བདག་པོ་ཀུན་ཏུ་བཟང་པོའི་ཡུམ་ཀུན་ཏུ་བཟང་མོར་གསལ་བར་བྱུང་བའི་ཡུམ་དེས་ཡབ་ལ་བསྐུལ་བའི་ཚིག་གསུངས་པ་ལ། འཁོར་འདུས་པ་ཕལ་མོ་ཆེ་རྣམས་ཤིན་ཏུ་ཡ་མཚན་ཞིང་དོན་ལ་ངམ་པ་ཆེན་པོར་གྱུར་པས་ངག་མཚུངས་པར། སྟོན་པ་རྡོ་རྗེ་རོལ་པ་དེ་ཁོ་ན་ཉིད་ཀྱི་ངང་དུ་བཞུགས་པ་ལ་གླུའི་དགྱེས་པ་བསྐྱེད་པས་གནང་བའི་རྒྱུར་གྱུར་པའི་སྒོ་ནས་གསོལ་པ། ཨེ་མའོ། །ཡིད་བཞིན་སྐུ་མཆོག་ནམ་མཁའ་ལྟ་བུ་ལ། །ཞེས་པ་ལ་སོགས་པ་སྟོན་པའི་སྐུའི་ཡོན་ཏན་གྱི་མཛད་པ་ལ་ངམ་ནས་སྨྲས་པ་ནི། ཡིད་བཞིན་ཡོན་ཏན་ལྷུན་གྱིས་གྲུབ་པས་སྐུ་མཆོག་ཅིར་ཡང་སྣང་བ་ནམ་མཁའ་ལྟ་བུར་བཞུགས་པ་ལས་ཐམས་ཅད་དུ་བདལ་ཁྱབ་པའི་ཆོས་སྐུའི་ཡོན་ཏན་མ་གྲུབ་ལ་སྣང་བའི་བྱིན་རླབས་ངོ་བོ་རྡོ་རྗེ་གསུམ་གྱི་གར་མཛད་པ་གང་དུའང་མ་ངེས་ཅིར་ཡང་སྟོན་ཅིང་། ལོངས་སྤྱོད་རྫོགས་པའི་སྐུ་གཟི་བརྗིད་མཚན་དང་དཔེ་བྱད་ལ་སོགས་པའི་གཟི་བྱིན་སྤྲིན་དཔུང་ཕུན་སུམ་ཚོགས་པས་ལོངས་སྤྱོད་ཆེན་པོ་ལ་རོལ་པས་མངའ་མཛད་པའི་དབང་ཕྱུག་ཆེན་པོའི་བསྒྱིངས་སྐུ་འགྲོ་བའི་དོན་ལ་སྐད་ཅིག་ལ་ཐོགས་མེད་སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མེད་པའི་སྤྲུལ་པས་རོལ་པའི་དོན་མཛད་པས་སྤྲུལ་པའི་སྐུ་ཡང་ཆོ་འཕྲུལ་མཉེས་པས་དོན་མཛོད་ཅེས་སྐུ་གསུམ་གྱི་སྒོ་ནས་གསོལ་ཏོ། །ཨེ་མའོ། །ཡིད་བཞིན་གསུང་མཆོག །ཅེས་པ་ལ་སོགས་པ་གསུང་གི་ཡོན་ཏན་ལ་ངོ་མཚར་སྐྱེས་ནས་གསོལ་པ། གསུང་ལྔ་ལྷུན་གྱིས་གྲུབ་པས་གདུལ་བྱ་ཇི་ལྟར་འདོད་པ་ལྟར་འབྱུང་བ་སྒྲ་བརྙན་ལྟ་བུ་ལས། གདུལ་བྱའི་རྣ་བར་དགའ་བ་བསྐྱེད་པའི་གསུང་ལྔའི་བྱིན་རླབས་རྡོ་རྗེ་ཐེག་པའི་ཆོས་སྟོན་པར་མཛད་པའི་གསུང་བཤད་པ་ལྟར་གཅིག་ལའང་ཡན་ལག་བཅུ་བཅུར་འགྱུར་པས་མུ་མཐའ་མེད་པར་རྫོགས་པའི་གསུང་། དཔེ་སེང་གེ་སྒྲ་ལྟ་བུ་ལོག་ལྟ་གནོན་པས་ཐེག་པ་ཆེན་པོ་སྟོན་ཅིག་པར་གསོལ་བ་བཏབ་བོ། །ཨེ་མའོ། །ཡེ་ཤེས་སྙིང་པོ་ནམ་མཁའ་ལྟ་བུ་ལས། ཞེས་པ་ལ་སོགས་པ་ཐུགས་ཀྱི་ཡོན་ཏན་རྒྱ་མཚོ་ལ་ངོ་མཚར་བ་ནི། མི་གནས་པའི་ཡེ་ཤེས་ནི་ཡེ་ཤེས་རིལ་གྱི་རྩ་བ་སྟེ་ཐམས་ཅད་དུ་རང་གསལ་བ་ལས། ཡེ་ཤེས་ཀྱི་འོད་ཇི་སྙེད་དུ་གསལ་བའི་བྱིན་རླབས་སྐྱེ་འཇིག་མེད་པས་གདུལ་བྱ་བདེ་བ་ལ་འགོད་ཅིང་། དེ་ཉིད་ལའང་འགྲོ་འོང་གི་འཕྲོ་བ་མེད་པས་འཛིན་པའི་རྣམ་པ་དང་བྲལ་བའི་ཐུགས་ཀྱི་ངང་ལས། མི་ཤེས་པའི་མདུད་པ་ངང་གིས་བྲལ་བའི་ཐུགས་ཀྱི་མཛད་པ་བསྟན་དུ་གསོལ་ཞེས་པའོ། །མི་ཤེས་བླུན་རྨོངས་འདམ་བྱིང་འགྲོ་བ་རྣམས། །ཞེས་པ་ལ་སོགས་པ་དེ་འགྲོ་བ་མ་རིག་པས་མདོངས་པས་འཁོར་བའི་རྒྱ་མཚོར་ནུབ་ཅིང་ཐར་དཀའ་བ་ཀུན་གདུང་ཞིང་ཉམ་ཐག་པ་ཐར་ཞིང་ཐོན་པའི་ཐབས་དང་བྲལ་བའི་མདུད་པ་ཐབས་ཀྱི་ཐུགས་རྗེས་བཤིགས་པར་མཛོད་ཅིག་པ་དང་། འགྲོ་བའི་མ་རིག་པའི་ལིང་ཏོག་གིས་ཤེས་རབ་ཀྱི་སྤྱན་གཏིབས་པ་དབྱེ་རུ་གསོལ་ཞེས་པ་དང་། འཁོར་བའི་ཆུ་འཇིང་ལས་ཐབས་ཀྱི་མཛད་པའི་གྲུ་ཡིས་སྒྲོལ་ཅིག་པ་དང་། རྒྱལ་བ་རིལ་གྱི་ཐུགས་ཡེ་ཤེས་མཆོག་ནི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཏེ། དེ་ལྟ་བུ་མངའ་བ་ལགས་པས། རྣལ་འབྱོར་གསུམ་གྱི་དོན་མཐར་ཕྱིན་པའི་རྡོ་རྗེ་ཐེག་པ་ཆེན་པོ་བསྟན་པ་ཐམས་ཅད་ཀྱི་གཞི་རྩར་གྱུར་པ་སྒྲོ་སྐུར་དང་བྲལ་བ་འདི། བདག་ཅག་མང་པོ་འདུས་པའི་འཁོར་ཚོགས་ལ་ལྷག་པ་མེད་པར་བཀའ་སྩལ་དུ་གསོལ། ཞེས་དགྱེས་པ་བསྐྱེད་པའི་སྒྲ་བརྗོད་དེ་སྒོ་གསུམ་འདུད་པ་བྱས་ཏེ་གསོལ་བ་གདབ་བོ། །དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། ཞེས་པ་ལ་སོགས་པ་གསོལ་བ་བཏབ་མ་ཐག་པར་རིགས་ཀྱི་བདག་པོ་གསང་སྔགས་ཀྱི་རྒྱལ་བ་སྟོན་པ་དེ། གསོལ་བའི་རྐྱེན་གྱིས་གནང་བས་འཁོར་ལ་སྤྱན་གཟིགས་ཏེ་ཞལ་འཛུམ་པ་ནི་འཁོར་གྱི་སྣང་བའོ། །དེ་ནས་ཡབ་ཡུམ་ཉིད་ཀྱི་ཐུགས་མཐའ་དང་བྲལ་བའི་དབྱིངས་ནས་ཐིག་ལེ་གཟི་མདངས་བཀྲ་མདངས་ཀྱི་ངོ་བོ་ཟླ་བ་དང་ཉི་མ་བྱང་སེམས་རྣམ་གཉིས་འོད་ཟེར་གྲངས་ལས་འདས་པ་དང་ལྡན་པའི་ཡེ་ཤེས་ཆེན་པོ་ལ་ཡེ་ཤེས་ཐམས་ཅད་འདུས་པའི་འོད་མུ་མཐའ་མེད་པའི་གནས་རིལ་དུ་ཁྱབ་པར་མཛད་དོ། །ཡེ་ཤེས་ཆེན་པོའི་འོད་ཟེར་དེ་དག་རེ་རེ་ལས་ཀྱང་ཁྲོ་བོ་གནོད་སྦྱིན་དང་སྲིན་པོ་ལྟ་བུ་མང་པོ་ཐ་དད་པར་སྣང་བར་མཛད་དེ། འཁོར་གྱི་སྒྲིབ་པ་གཞོམ་པའི་ཕྱིར་རོ། །ཁྲོ་བོ་རེ་རེ་ལས་སངས་རྒྱས་མང་པོ་ལ་རང་རང་གི་འཁོར་དང་བཅས་པ་ཞིང་ཐ་དད་ན་ཆོས་སྟོན་པ་སྣང་བར་མཛད་དེ། ཐེག་པ་གཞན་གྱི་གླེང་གཞི་འདིའི་བྱིན་རླབས་ལས་སྣང་བའོ། །དེ་དག་ལས་རིག་པའི་ཉི་མའི་འོད། ཅེས་པ་ཐེག་པ་སོ་སོའི་གླེང་གཞིའི་དེ་དག་ལས་དགོངས་པའི་རིག་པའི་དོན་སྟོན་པའི་ཉི་མའི་འོད་ཟེར་བསམ་གྱིས་མི་ཁྱབ་པའི་སྒོ། གདུལ་བྱའི་གནས་ནམ་མཁའི་ཁམས་མཐའ་ཐུག་པ་མེད་པར་བྱུང་བས། གདུལ་བྱ་མུན་པ་མ་རིག་པའི་སྨག་རུམ་དུ་ཆུད་པ་ཐམས་ཅད་ཀྱི་སྒྲིབ་པ་དག་པར་མཛད་དོ། །དེ་གང་གིས་ཞེ་ན། རིག་པའི་ཆོས་ཀྱི་འབྲུག་སྒྲ་དང་། ཞེས་པ་ལ་སོགས་པ། དོན་ཇི་ལྟ་བ་རིག་པའི་མཐོང་བར་བྱེད་པའི་གསུང་གི་སྒྲ་ཆེན་པོ་དང་། ཆོས་ཀྱི་ཆར་མང་པོ་ཕབ་པ་དང་། ཆོས་ཀྱི་གླུ་དབྱངས་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་མཛད་པའི་གར་ཐབས་མང་པོ་དང་། ཕྱི་ནང་གི་མཆོད་པ་མང་པོ་བྱུང་སྟེ། རྒྱ་ཁྱོན་ཚད་མེད་པ་ནམ་མཁའ་ཁྱབ་པའི་འཇིག་རྟེན་དུ་ཆོས་ཀྱི་སྒྲ་ཐ་དད་པ་ཕྱོགས་མཚམས་བརྒྱད་དང་སྟེང་འོག་དང་། ཕྱོགས་བཞི་ལ་སོགས་ཀྱི་གདུལ་བྱའི་གནས་ཐ་དད་པར་མ་ཁྱབ་པ་མེད་པར་སྐུ་བསྟན་པ་གསང་སྔགས་ཇི་ལྟ་བར་སྣང་བ་མ་ངེས་ལིང་ལོང་བྱེད་པ་ནི་དུས་རྟག་པར་དོན་མཛད་དོ། །རྨད་དུ་བྱུང་བའི་སྐུ། ཞེས་པ་འགྲོ་བའི་ཆེད་དུ་སྐུ་མཆོག་གི་སྤྲུལ་པ་མང་པོ་ཇི་ལྟར་ཡང་སྣང་བས་སྐུ་རེ་རེ་ལ་འོད་ཟེར་བྱེ་བ་འབུམ་ཕྲག་གསལ་བ་དང་། འཕྲོ་བ་དང་། བསྣོལ་མར་འབྱུང་ཞིང་ཐམས་ཅད་དུ་ཁྱབ་པར་རྟག་པར་དོན་མཛད་དོ། །ཐུགས་མཆོག་མི་རྟོག་པའི་ཐུགས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཤིན་ཏུ་གསལ་བར་བཞུགས་སོ། །ཐེག་པ་ཆེན་པོའི་བྱིན་རླབས་བསྟན་པ་མང་པོ་ཡང་དགྱེས་པའི་ཨ་ཧོ་སྒྲས་ཆོས་སྟོན་ཏོ། །རྒྱལ་བ་སངས་རྒྱས་དཔག་མེད་ཇི་སྙེད་པ་ཡང་གསུང་མཚུངས་པར་ཨ་ཧོ་ངམ་པས་ཐེག་པ་ཆེན་པོའི་མཛད་པ་སྣང་བའི་ཆོས་འགྲོ་དོན་དུ་སྣང་ངོ་ཞེས་སྒྲོགས་སོ། །རིགས་ཀྱི་བདག་པོ་ཉིད་ཀྱིས་འཁོར་ཁྲི་ཕྲག་བཅུ་དང་། གདུལ་བྱ་བསམ་པ་ཐ་དད་སྣ་ཚོགས་བྱིན་རླབས་ཀྱིས་སྤྲོ་བའི་མངོན་དུ་དགའ་བ་དང་ཡ་མཚན་སྐྱེད་དེ། རིག་པའི་ཤེས་རབ་ཀྱི་རྩལ་སྐྱེད་དུ་སྦྱངས་བྱས་དོན་རྟོགས་པས་ཆེ་བ་ཕྱུང་སྟོན་པའི་བྱིན་རླབས་ངོམ་ཞིང་ཤིན་ཏུ་ཨེ་མའོ་ངོ་མཚར་ཞེས་སྒྲོགས་ཤིང་། འཁོར་གདུལ་བྱ་ཐམས་ཅད་ཉེ་བར་རིལ་སྟོན་པ་ལ་བདུན་པས་གསང་བའི་དོན་ལ་ཉེ་བར་གནས་སོ། །རྒྱུད་ཀྱི་རྟོག་པ་ཞི་བར་གྱུར་ཏོ། །ཆོས་ཀྱི་དོན་མཐོང་བའི་དགའ་བ་ཅན་དུ་གྱུར་ཏོ། །སྐུ་གསུང་ཐུགས་ཀྱི་གསོལ་བ་བཏབ་པའི་ལན་དུ་ཅི་རིགས་པར་སྦྱར་རོ། །འཁོར་སྣོད་དུ་རུང་བར་བྱིན་གྱིས་རླབས་པའི་ཕྱིར། དེ་ནས་གསང་བ་མཆོག་གི་བདག་པོ་དེས། འཁོར་རྣམ་པར་སྦྱོང་བ་རྡོ་རྗེ་རྒྱན། ཞེས་པ་ལ་སོགས་པ་སྟོན་པ་རིགས་ཀྱི་བདག་པོ་ཉིད་ཀྱིས་འཁོར་གྱི་སྒྲིབ་པ་དག་པར་སྦྱངས་མཛད་པའི་སྐལ་པ་མེད་པ་རྣམས་རྡོ་རྗེ་རྒྱན་མི་གནས་པར་བྱེད་པ། སྐལ་པ་ཅན་རྣམས་སྤྱན་སྔར་འདུ་བར་བྱེད་པ་ཉིད་ཀྱིས་དགོངས་པའི་མཚན་ངེས་པར་དེ་ལྟ་བུ་ལ་ཞུགས་ནས་ལྟ་ངན་དང་སྒྲིབ་པ་འཇོམས་པའི་ནུས་པ་ཅན་གྱི་སྔགས་ཚིག་ཤངས་ཀྱི་དབུགས་ཀྱི་ཧཱུྃ་སྟེ། དེ་ལས་འཆད་པ་བདག་གིས་རྡོ་རྗེ་མངོན་པའི་མཐུ་ཅན་འདི་དག །སྒྲ་བཏོན་ཏོ། །ཧཱུྃ་ཧཱུྃ་ཧཱུྃ། རྡོ་རྗེ་འདུ་བར་འདུས་པ་ཡི། །ཞེས་པ་ལ་སོགས་པ་རྡོ་རྗེ་གསུམ་གྱི་ཕྱིར་གྲངས་ངེས་པའོ། །དེ་ཡང་རྡོ་རྗེ་ཐེག་པ་འདུ་བར་ཆེན་པོ་རྟོགས་པར་འདོད་པས་སྤྱན་སྔར་འདུས་པའི་ཚོགས་པའི་དམ་ཚིག་ཆེན་པོ་སེམས་དཔའ་རྡོ་རྗེ་ལ་སོགས་པ་གསང་སྔགས་ཀྱི་རིགས་ཅན་དག་གྲལ་སྟེང་འོག་རིམ་པར་འདིར་འདུག་སྟེ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་རིགས་མ་ཡིན་པ་རུ་དྲ་ཅན་ལ་སོགས་པ་གསང་བའི་རྒྱུད་འཛིན་པ་མ་ཡིན་པས་སོང་ཤིག་པའོ། །དེ་ཅིའི་ཕྱིར་ཞེ་ན། ལས་དང་སྐལ་པ་མཆོག་གི་སྤྱོད་རིགས་ཅན་རྣམས་ཀྱི་ཡུལ་གསང་སྔགས་འདི་ནི་སྐལ་མེད་ཀྱིས་རྟོགས་པར་མི་འགྱུར་བས། དོན་འདི་ལས་ཉམས་ན་དེ་དག་ངན་སོང་དུ་རྒྱུད་བརླག་པར་འགྱུར་བས་བསྐྲད་པའོ། །ཧཱུྃ་ཀྲོ་དྷ་ཛྭ་ལ་ས་མ་ཡ། ཞེས་པ་ལ་སོགས་པ་འོག་གི་འོད་ཀྱི་ཕྲེང་བ་བཞི་འདོན་པའི་སྔགས་སོ། །ཞལ་ལྗགས་ཀྱི་དབང་པོ་འོད་མེ་དཔུང་ཆེན་པོ་ལས། ཞེས་པ་ལ་སོགས་པ་སྟོན་པའི་ལྗགས་ཀྱི་མེ་དཔུང་ལས་འོད་བཞི་བྱུང་བ་ནི། རིམ་པ་བཞིན་རིགས་ཀྱི་ཧེ་རུ་ཀ་ཕྲ་མེན་དང་བཅས་པའི་འོད་བར་མ་ཆད་པར་བྱུང་བ་དང་། རྡོ་རྗེ་སྲིན་པོ་ཁྲོ་བོ་བཅུ་ལ་སོགས་པ་འོད་དང་བཅས་པར་འཕྲོ་བ་དང་། རྡོ་རྗེ་གནོད་སྦྱིན་འོད་དང་བཅས་པར་བསྣོལ་མར་འཁྲུགས་པ་དང་། ཟ་བྱེད་ཆེན་པོ་རུ་ཏི་ཧེ་རུ་ཀ་ལ་སོགས་པའི་འོད་ཕུང་རྒྱུན་མ་ཆད་པར་ཕྱུང་བའོ། །སྐལ་མེད་དངོས་གང་སྙམ་པ་ལ། རུ་དྲ་ཅན་དང་བདུད་དང་སྲིན་པོ་དང་། ཞེས་པ་ལ་སོགས་པ་སྒྲ་ཇི་བཞིན་ནོ། །སྐབས་སུ་ལུ་ལྡེ་དང་མེ་ཁྱེར་ནི། དམྱལ་བའི་ཁྱི་དང་སྲིན་བུའོ། །འཁོར་བ་ནི་སེམས་ཅན་ལས་ངན་ཕལ་པའོ། །ཆུ་དང་ས་ནི་དེ་དག་ལ་གནས་པའི་འགྲོ་བའོ། །བསམ་ངན་ནི་ལོག་སྲེད་ཅན་ནོ། །དངོས་པོ་གཞན་བསྡུ་བ་ནི་མུ་སྟེགས་ལ་སོགས་པའོ། །དེ་དག་ནི་རྒྱུད་ཐ་དད་པའི་དབང་དུ་འགྱུར་རོ། །རྒྱུད་གཅིག་པའི་དབང་དུ་རྟོགས་པའི་བརྡར་འགྱུར་ཏེ། དྲེགས་པའི་ང་རྒྱལ་དང་གཏི་མུག་དང་། ཞེ་སྡང་དང་། ཕྲག་དོག་དང་། འདོད་ཆགས་དང་། བདེ་བ་སྤོང་བ་དང་། བདག་ཏུ་ལྟ་བ་དང་། ལས་ཀྱིབག་ཆགས་བརྟས་པ་དང་། རྣམ་པར་ཤེས་པ་དང་། འདུ་ཤེས་དང་། གཟུགས་དང་། འདུ་བྱེད་དང་། ཚོར་བ་དང་། དབང་པོ་དང་། ཡུལ་དང་། ཆུ་དང་། ས་དང་། ནམ་མཁའ་དང་། མེ་དང་། སྒྲ་དངོས་དང་། སེམས་ཀྱི་རྟོག་དཔྱོད་དང་། མཚན་འཛིན་ཐ་དད་པ་རིལ་ངོ་བོ་དག་པས་ཆོས་ཉིད་མཉམ་པའི་ངང་དུ་ཟུག་རྔུ་དང་བྲལ་བར་མཛད་དོ། །དེ་ནས་འོད་ཟེར་དེ་དག་ནམ་མཁའ་ལ་འཁྱིལ་བ་དང་། ཞེས་པ་ལ་སོགས་པ་འོད་ནམ་མཁའ་ལ་གཅིག་ཏུ་འཁྱིལ་གྱུར་པས་འཁོར་རྣམས་སྔངས་ཏེ། དབང་གི་སྣོད་དུ་རུང་བར་གསོལ་བ་བཏབ་བོ། །འོད་ཀྱི་སྐལ་ངན་ཨེ་མ་བསྐྲད་པ་དང་། སྦྱང་བ་ཨེ་མ་ལ་ངོམ་སྟེ། སྟོན་པས་བཅོམ་ལྡན་འདས་བདག་ཅག་ལ་ཟབ་མོའི་དབང་བསྐུར་ལ་གསང་སྔགས་ཀྱི་སྣོད་དུ་རུང་བ་དང་། རིགས་སུ་མི་འགྱུར་བར་མཛད་དུ་གསོལ་བྱིན་གྱིས་བརླབས་ཞེས་ཞུས་པས་གནང་ནས་ཟབ་མོའི་དབང་བསྐུར་བ་ནི། བཅོམ་ལྡན་འདས་ཀྱིས་ཞལ་གྱི་མདངས་ཕྱུངས་པས། ཞེས་པ་དག་ཕྱི་ལྟར་ཞལ་ལས་འོད་དངོས་ཕྱུངས་པས། འོད་ཉིད་མཚན་རྟོག་ཞི་ཞིང་འཁྱིལ་བའི་ཡེ་ཤེས་ཀྱི་འོད་མཛེས་ལེགས་པས་འཁོར་བདེ་བ་ལ་འགོད་པའི་ཡོན་ཏན་ཅན་དེས་འཁོར་ཐམས་ཅད་གྱིས་བསམ་པ་དག་པས་རངས་པར་རྒྱུད་དག་པར་སྣོད་སྦྱངས་མཛད་དེ། སླར་སྟོན་པའི་འོད་ཀྱི་གནས་ལྗགས་ཉིད་ལ་ཐིམ་པའོ། །དབང་གི་དོན་དུ་ན། ཐབས་ཤེས་རབ་རོལ་པའི་ཐིག་ལེ་གཟི་བཅོམ་མདངས་ཅན་བདེ་ལྡན་བའི་རོ་དང་མཚུངས་འདས་པ་དེ་རྡོ་རྗེའི་ཞལ་ནས་ཕྱུངས་ཏེ། ཐིག་ལེ་དེ་དག་འདུས་པའི་འོད་མང་པོར་རྡོ་རྗེ་རྟོག་པ་དང་བྲལ་བ་ཞི་ཞིང་གཉིས་མེད་དུ་འཁྱིལ་འདྲེས་པ་མཛེས་དང་། བདེ་བའི་རོས་ཐམས་ཅད་འཁོར་རང་རང་གི་རིག་པ་རངས་པར་བྱས་དགའ་བདེའི་རོ་ཅན་དུ་གྱུར་ཏེ། བདེ་བའི་ཉམས་རྙེད་པས་འཁོར་རྣམས་དགྱེས་པའི་རོས་ཚིམ་རངས་པར་བྱས་ནས་རྒྱུད་ལ་ཡོད་པའི་རྟོག་པ་རྣམས་སྣོད་རྣམ་པར་སྦྱངས་དག་པར་བྱས་ཏེ། ཐིག་ལེ་དྲངས་ཏེ་སླར་འོད་ཀྱི་བཟློག་པས་རང་རང་གི་གནས་ཐ་དད་པར་ཐིམ་སྟེ། བུམ་པ་ཆུས་གང་བ་ལྟར་བདེ་བའི་རོ་དང་བཅས་པས་ལུས་གང་བར་གྱུར་ཏོ། །དེ་ལྟར་ཡེ་ཤེས་རང་གནས་བདེན་པའི་ཚིག་གིས་དབང་བསྐུར་ཏེ་ཟབ་མོའི་སྣོད་དུ་གྱུར་ཏོ། །དེ་ནས་རིགས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་དབང་ཐོབ་པ་ལ་རྒྱུད་བཤད་པ་ནི། ལང་ཀའི་བདག་པོ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ནས། ཞེས་པ་ལ་སོགས་པ་གསང་བ་པས་སྡུད་པ་ལ་བོས་ཏེ་ལོ་རྒྱུས་སུ་བརྗོད་པ་ནི། སྟོན་པ་ཆེན་པོ་དེའི་ཐུགས་མི་གནས་མཚན་ཉིད་ཐམས་ཅད་དང་བྲལ་བའི་དབྱིངས་ཀློང་ནས། སྐུ་མངོན་དུ་སྣང་བར་བཞེངས་མཛད་ནས་སེང་གེ་ཐམས་ཅད་ཟིལ་གྱིས་གནོན་པའི་གསུང་གིས་བཀའ་སྩལ་པའི་དོན་གང་ཞེ་ན། དོན་གྱི་བཀོད་པ་རྟགས་ཀྱི་རོལ་པ། ཞེས་པ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་ཇི་བཞིན་པའི་ཡེ་ཤེས་ཆེན་པོ་ལ་བསྒྲུབ་བྱ་དང་ཤེས་བྱའི་དོན་ཇི་སྙེད་མ་བཙལ་ལྷུན་གྱིས་རྫོགས་པས་བཀོད་པ་འདོགས་སུ་གནང་བའི་སྒོ་ནས་བསྟན་པའི་ཚིག་དང་ཡི་གེའི་གཟུགས་བརྙན་འདི་ཡང་དེ་བཞིན་ནོ། །མཛད་པ་རིལ་ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས་དེ་ཉིད་གདུལ་བྱ་ལ་རྟགས་ཀྱི་རང་སྣང་བའི་དཀྱིལ་འཁོར་དང་། ཁྲོ་བོའི་དཀྱིལ་འཁོར་དེ་ཞི་བར་སྣང་ནས་ཇི་ལྟར་འདུལ་བའི་དོན་རིལ་མཛད་པའོ། །གསང་བའི་ངེས་པ་ཞེས་པ། དམ་པའི་གསང་བའི་མཛོད་གསུམ་གྱི་ནང་ནས་ཡང་ངེས་དོན་དམ་པ་ཡིན་པའི་ཕྱིར་རོ། །བཀའི་འགྲེལ་པ་ཞེས་པ། རྒྱུད་ལུང་མན་ངག་བཀའི་གཞན་ལ་འབེབས་པའི་འགྲེལ་པ་ཕྱིར། ཆོས་ཀྱི་མེ་ལོང་ཞེས་པ། ཆོས་རྣམས་ཀྱི་ཇི་ལྟ་བ་ཉིད་གསལ་བར་ཆོས་ཀྱི་སྟོན་པའི་དོན་དུ་ཇི་བཞིན་དུ་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཕྱིར་རོ། །གཏན་ཚིགས་ཀྱི་འབྱུང་གནས་ཞེས་པ། ཆོས་རྟགས་གཏན་ཚིགས་བཞི་སྒོ་གསུམ་གྱི་ལྡེའུ་མིག་གསུམ་པོ་ཐམས་ཅད་གསལ་བར་འབྱུང་བའི་གནས་ཕྱིར་རོ། །དགོངས་པ་ཀུན་འདུས་ཞེས་པ། རྒྱལ་བ་རིལ་གྱི་དགོངས་དོན་གྱི་མདོ་འདུས་པའི་ཕྱིར་རོ། །རྡོ་རྗེ་རྣམ་པར་བསྒྱིངས་པའི་གཞུང་ཆེན་པོ་ལས་སྒྲ་འདིས་བཤད་དོ། །ཞེས་པ་ཇི་བཞིན་པའི་གསང་བ་ཉིད་མི་ཕྱེད་ཅིང་རྡོ་རྗེ་འདུས་མ་བྱས་པ་ལ་ཡོན་ཏན་དང་འབྲས་བུ་རིལ་མ་བཙལ་བར་རྫོགས་པས་རྣམ་པར་བསྒྱིངས་པའི་བརྗིད་པའི་རྒྱུད་དང་། ཐེག་པའི་ལུགས་གཞུང་མ་འཁྱར་བའི་དོན་ཆེན་པོའི་ཐེག་པ་ཆེན་པོ་རྩ་བ་ནས་བཤད་པ་སྒྲ་བྱུང་ངོ་ནི། ཨཱོཾ་ཧཱུྃ་མཱུྃ་ཞེས་པ། བཤད་པའི་མཚན་དང་ཆེ་བ་ཇི་ལྟར་བསྟན་ཀྱང་ཡི་གེ་གསུམ་བཤད་པ་གཞན་དཀྱིལ་འཁོར་རྣམ་གསུམ་གྱི་དོན་གྱི་ངོ་བོ་བརྡས་བསྟན་པ་དེར་འདུས་པས་ཡི་གེའི་དོན་གསུམ་གྱི་མཚན་བརྒྱད་དུ་ཡོན་ཏན་གྱི་ཁྱད་པར་གྱིས་བགྲངས་པའོ། །འོན་ཀྱང་མདོ་དེ་དག་ཙམ་བརྗོད་པས་གསང་བ་དག་ལ་སོགས་པའི་སྒྲིབ་པ་མཐའ་སྤངས་ཀྱི་རྩལ་ཆེན་པ་འཁོར་གྱིས་རྒྱས་པར་གོའོ། །གཞན་དུ་ན་ཨཱོཾ་ཡབ་མཱུྃ་ཡུམ་ཧཱུྃ་གཉིས་སུ་མེད་པའི་སྒོ་ནས། ཡེ་ཤེས་ཆེན་པོའི་གསང་བ་རྒྱུད་ཀྱི་དོན་འབྱུང་བའི་བརྡ་སྟེ། དངོས་སུ་བརྗོད་པ་ནི་མ་ཡིན་ནོ། །དེ་ནས་སྟོན་པས་ཚིག་ཅང་མི་གསུང་ཤིན་ཏུ་མི་གསུང་སྟེ། གསུང་བའི་རྩོལ་རྟོག་མི་མངའ་བའི་ཕྱིར་རོ། །གསུངས་པ་མི་འགོག་ཅེས་པ། བདེན་པ་རེ་མོས་བྲལ་བས་མི་གཡོ་བ་ཆེན་པོ་ལ་བསྟན་པ་གདུལ་བྱ་ལ་བཀའ་སྩལ་པའི་གསུངས་པ་གོ་མི་འགོག་གོ། །འགོག་པ་མ་ཡིན་པར་འདུལ་བཞིན་བཀའ་རྩལ་པར་སྣང་ངོ་། །ཆེད་དུ་འང་གསུངས་པ་ཉིད་ན་མི་མངའ་བའི་དུས་ངེས་པ་ནའང་བསམ་གྱིས་མི་ཁྱབ་པར་བཤད་པ་རྒྱ་ཆེར་བཤད་པ་ཉིད་ཀྱི་ངོ་བོར་གནས་སོ། །སྡུད་པ་པོ་ལ་བོས་ནས་ལང་ཀའི་བདག་པོ་ངོ་བོ་བསྟན་པའོ། །བཞི་བཅུ་བརྒྱད་པའི་འགྲེལ་པའོ།། །།ལང་ཀའི་བདག་པོ། དེ་ལ་འབྲེལ་བའི་ཡན་ལག་གང་ཞེ་ན། ཞེས་པ་ཡན་ལག་གསུམ་པ་རྒྱས་པར་བསྟན་པ་ནི། རྒྱུ་གང་དང་ཐབས་ཀྱི་དངོས་གཞི་དང་འབྲས་བུ་ཐབས་ལས་བྱུང་བའི་དངོས་པོ་རྣམས་འབྲེལ་བ་ནི་ངོ་བོའོ། །དེའི་དོན་ནི་འདི་ལྟར་ཉེ་བར་འབྱུང་བ་ལྟར་ཁྱོད་ཀྱིས་གོ་བར་བྱ་བའི་དགོས་ཆེད་དུ་ངས་ཆེད་དུ་བརྗོད་པར་རྒྱས་པར་བསྟན་པར་བྱའོ་ཞེས་ཞལ་གྱིས་བཞེས་པའོ། །དགོས་འབྲེལ་བཞི་ལས་རྗོད་བྱེད་འཆད་པའི་སྐྱེས་བུ་ཉིད་དོན་བསྟན་པའི་ཕྱིར། ལང་ཀའི་བདག་པོ། དེ་ནས་བདག་དེའི་ཚེ་དེའི་དུས་ན། ཞེས་པ་སྡུད་པ་པོ་ལ་བོས་ནས། གླེང་བསླང་བ་དེ་ནས་བདུན་བསུ་བ་ལྟ་བུར་ཕྱག་ན་རྡོ་རྗེ་ཉིད་སྟན་པས་དབང་བསྐུར་ནས་རྒྱུད་བཤད་པའི་དུས་གཉིས་འཛོམ་པའི་སྐབས་ན། བདག་གི་མཚན་དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔའ་ཞེས་བྱ་བར་གྱུར་པ་ནི། བཅོམ་ལྡན་འདས་སྟོན་པ་རིགས་ཀྱི་བདག་པོ་གསང་བ་མཆོག་གི་གསང་སྔགས་ཀྱི་ཐེག་པ་ཆེན་པོ་གསང་བའི་དོན་འཁོར་གཞན་ལ་ཕྱག་ན་རྡོ་རྗེ་བདག་ཉིད་ཀྱིས་ངས་འཆད་ཅིང་བརྗོད་ཅིག་པར་སྟོན་དུ་གཞུག་པར་དགོངས་པའི་ཆེད་དུ་སྟོན་པའི་ཞལ་ཞལ་འདུད་པས་བདག་ཁོ་ན་ལ་གཟིགས་ཏེ་འཛུམ་པས་བདག་ལ་བཤད་པའི་བསྐུལ་བར་མཛད་དོ། །དེ་ནས་བདག་དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔའ་ཞེས་བྱ་བར་སྣང་བ་དེས། ཞེས་པ་ལ་སོགས་པ་དུས་དེར་བདག་མཚན་འདི་སྐད་དུ་གྲགས་པ་དེས་ཡང་དག་པར་འཆད་པར་བསྐུལ་བར་རིག་ཤེས་ནས་སྟོན་པ་ལ་འཆད་པའི་དབང་ནོད་པར་ཞུས་པ་ནི། བདག་ཕྱག་ན་རྡོ་རྗེ་རང་གི་སྟན་ལས་ལངས་ཏེ། བདག་ཉིད་ཀྱི་ཐུགས་མཚན་མ་མཚོན་པའི་རྟགས་རྡོ་རྗེ་རྒྱ་གྲམ་གྱིས་བདག་ཉིད་ཀྱི་སྤྱི་བོ་ལ་སོགས་པ་ལྔར་རེག་པར་བྱས་ནས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་དོན་དེ་ཁོ་ན་ཉིད་མ་ནོར་བ་རྒྱ་ཆེར་བཤད་པའི་ཕྱིར། འཆད་པའི་རྟགས་ཁྱད་པར་དུ་ཡང་བདག་གི་ལྕེ་ཆུ་སྐྱེས་སུ་གསལ་བའི་སྟེང་དུ་རྒྱ་གྲམ་བཞག་ནས་ཤིན་ཏུ་སྒོ་གསུམ་གུས་པའི་ལུས་ཀྱི་ལྟོ་ས་ལ་ཕབ་པའི་བརྐྱང་ཕྱག་རྣལ་འབྱོར་ནང་པའི་ལུགས་བྱས་ནས། བག་ཚ་བ་དང་འཇིགས་པ་མེད་པའི་སེང་གེ་ལྟ་སྟངས་ཀྱིས་སྟོན་པའི་ཞལ་དུ་བལྟས་ཏེ་འདི་སྐད་ཅེས་གསོལ་བ་བཏབ་བོ། །རྡོ་རྗེ་རྒྱལ་པོ་ཚོགས་བདག་དགོངས་སུ་གསོལ། །ཞེས་པ་ལ་སོགས་པ་རྡོ་རྗེ་གསུམ་མི་ཕྱེད་པའི་མངའ་བདག་འདུས་པའི་འཁོར་རྣམས་ཀྱི་ཚོགས་བདག་ཆོས་ཀྱི་རྒྱལ་པོ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། སྟོན་པ་ཆོས་ཀྱི་མངའ་བདག་རྒྱལ་པོ་ཆེན་པོ་ནི། དགོངས་པ་མི་གཡོ་མི་བསྐྱོད་པའི་བརྗིད་པ་ཆོས་ཀྱི་རྒྱལ་པོའི་ཆོས་ཚུལ་ལུགས་སུ་མཛད་པའི་སྟོན་པ་མཆོག་ཆོས་རྒྱལ་ཁྱོད། ལོངས་སྤྱོད་བདེ་ཆེན་ལ་རབ་བཞུགས་ཆེན་པོ་ལ་རོལ་ཅིང་བཞུགས་པས། བདག་ཆོས་སྨྲ་བའི་འཆད་པའི་ཁྱད་པར་མཆོག་ཅན་བྱེད་པའི་ལྕེ་རྡོ་རྗེ་རྒྱ་གྲམ་དུ་འོད་འབར་བ་འདི། ཆོས་ཀྱི་གསུང་སྒྲའི་དབྱངས་མངའ་བདག་སྟོན་པ་རྣམས་དང་རིགས་ཀྱི་བདག་པོས་རྒྱལ་པོ་བདག་འཆད་པའི་མཐུ་དང་ལྡན་པར་བྱིན་གྱིས་རློབས་ཞེས་གསོལ་བ་བཏབ་པ་དང་། ཡང་། གསང་སྔགས་རྒྱལ་པོ་ཆོས་ཀྱི་མེ་ལོང་འདི། །ཞེས་པ་དག་རྒྱུད་མཆོག་ཐུན་མོང་མ་ཡིན་པ་འདི་ཉིད་སངས་རྒྱས་རྒྱལ་མཆོག་ཐམས་ཅད་ཀྱི་ཡང་རབ་མཆོག་དབང་ཕྱུག་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཁྱོད་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས་བདག་ཅག་འདུས་པའི་ཚོགས་འཁོར་རྣམས་ལ་རྒྱས་ཆེར་བརྗོད་པར་འོས་པར་བཤད་པར་རིགས་སོ་ཞེས་གསོལ་ཏོ། །དེ་ལྟར་དགྱེས་པ་བསྐྱེད་པའི་སྒྲ་ཨ་ཧོ་དང་བཅས་པར་ཞུས་པས། གསང་བ་མཆོག་གི་བདག་པོ་དེས། །ཞེས་པ་ལ་སོགས་པ་སྟོན་པ་དེས་བདག་གསང་བདག་ཉིད་རྡོ་རྗེ་ཐེག་པ་འཆད་པའི་ལས་བྱེད་པའི་སྐྱེས་བུར་ལས་བཀའ་པར་བསྒོ་བ་གཉེར་བཏད་པ་དེ། གསང་སྔགས་རྡོ་རྗེ་རྒྱ་ཆེར་སྨྲ་བའི་བརྗོད་པ་ཆེན་པོ་སྟོབས་ཆེན་པོར་བྱ་བའི་བྱིན་གྱིས་བརླབ་པའི་ཆེད་དུ། སྟོན་པ་ཉིད་རྡོ་རྗེ་གསུམ་དབྱེར་མེད་པའི་ངང་ལས་གསང་སྔགས་ཀྱི་བསྟན་པ་རྣམ་པར་འཕྲོ་བ་ཞེས་བྱ་བའི་འབྱུང་བའི་དགོངས་པ་ལ་ཞུགས་ནས། ལྗགས་ཀྱི་འོད་ལས་སྔགས་བཛྲ་ཀརྨ་སཏྭ་ཙཀྲ་ཧ་ཧ་ཧཾ་ཞེས་གསུངས་ནས། སྔགས་ཀྱི་དོན་ཀྱང་རྡོ་རྗེ་རྒྱ་གྲམ་གྱི་འཁོར་ལོ་འོད་འབར་བ་ཞིག་ཕྱུང་ཞེས་དབྱུང་ནས། བདག་སེམས་དཔའ་རྡོ་རྗེའི་ལག་ཏུ་ངེས་པར་བཞག་སྟེ། འཆད་པའི་ལས་བྱེད་པའི་རྡོ་རྗེ་དབང་བསྐུར་ཐོབ་སྟེ། བདག་གིས་ཀྱང་དབང་ཐོབ་པའི་རྟགས་དང་ཡོན་ཏན་ནི། སོ་སོའི་བྱེ་བྲག་མ་འདྲེས་པར་རྣམ་པར་སྨྲ་བ་ཆེན་པོ་ཆོས་སྟོན་པ། རྒྱུད་འདིའི་དོན་ཐོགས་པ་མེད་པར་འཆད་པའི་ཤིན་ཏུ་བླ་བཀྱལ་བའི་སྤོབས་པ་ཅན་དུ་མཛད་པས་གསང་སྔགས་ཀྱི་བདག་པོར་གྱུར་ནས། དུས་ཐམས་ཅད་ནས་ཐམས་ཅད་དུ་བདག་གི་སྒོ་གསུམ་ཆེད་དུ་བསྡམས་པ་མེད་པས་མི་གཟོབ་པ་འདྲ་བར་སྣང་ཡང་། ངོ་བོ་ལོག་པར་གྱུར་པ་མེད་པའི་བག་ཆེན་པོར་གྱུར་ཏོ། །དེ་ལྟར་དབང་དག་ཐོབ་པ་ནི། དགོས་འབྲེལ་བཞི་ལས་ཐབས་དང་ཐབས་ལས་བྱུང་བའི་ཚུལ་དུ་འབྲེལ་བའོ། །དེ་ནས་སེམས་དཔའ་རྡོ་རྗེ་དེས་ལས་ཀྱི་མཚན་མ་དེ་ལག་ཏུ་བླངས་ཏེ། ཞེས་པ་ལ་སོགས་པ་བདག་གིས་དེར་རྡོ་རྗེ་རྒྱ་གྲམ་དེ་ལག་ཏུ་བླངས་ནས། ཆོས་བཤད་པའི་ཕྱིར་རྡོ་རྗེ་ཐེག་པ་དམ་པའི་ཆོས་བརྡ་ཚིག་སྣ་ཚོགས་དང་བཤད་ཐབས་མང་པོས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་མཛད་པའི་ཕྱིར། ཆོས་ཀྱི་འཁོར་ལོ་གྲངས་ལྔ་ལྔར་བསྐྱར་ཞིང་བསྐོར་རོ། །བཅུ་གཉིས་ནི་ཉི་ཤུ་སྟེ་ཉི་ཤུ་རྩ་ལྔར་བསྐོར་བ་ནི་ལན་གྲངས་ཏེ། དོན་གྱི་གཞི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཉི་ཤུ་རྩ་ལྔའི་ཕྱིར་གྲངས་ཐུན་མོང་དུ་བསྟན་ཏེ་སྤྱི་དབང་ངོ་། །རྒྱུད་གཞུང་འདི་ཉིད་དུ་ནི་རྣལ་འབྱོར་རྣམ་པ་ལྔའི་ཆོས་བསྟན་པ་ཡང་། ཡན་ལག་ས་བཅུ་དང་རྣལ་འབྱོར་བཅུ་སྟེ་ཉི་ཤུར་བསྒྱུར་ནས་བསྟན་ཏེ། བསྡོམས་པས་ཉི་ཤུ་རྩ་ལྔར་གྱུར་པས་ཞིང་ཁམས་ཐམས་ཅད་ན་གཞི་ལྔ་ལས་སྣང་བའི་འཁོར་མང་པོ་དག་རང་རང་ཐབས་དང་འཚམས་པའི་ཆོས་ཀྱིས། རིག་པ་ལ་གསང་སྔགས་རྣལ་འབྱོར་གཡོས་ཏེ་རྩ་བ་ལྔའི་དོན་ལྡང་བ་དང་། གཡོ་བ་ཚབས་ཆེ་ཆུང་དུ་གྱུར་པ་དང་། རིག་པ་དོན་གྱི་ཕྱོགས་སུ་བསྐྱོད་པ་འགུལ་དང་། ལྡེག་ལོགས་སུ་གྱུར་པས་རང་གི་ས་ལ་མི་རྟེན་པས་ས་གོང་མར་འགྲོ་བ་དང་། འཁྲུག་ས་གོང་མའི་ཡང་གོང་མའི་དོན་རིག་པ་དང་མི་ཕྱེད་པར་གྱུར་པ་དང་། འུར་རྣམ་པར་རྟོག་པ་སྐབས་ཀྱི་སྒྲིབ་པ་རྣམས་འཕྱག་པ་དང་། ཆེམས་འཇོམས་པ་དང་། མཐའ་མཐོ་ན་ཞེས་པ་དག་བཤད་ཟིན་ཏོ། །འདི་དག་འདུལ་བྱའི་སྣང་བ་ལ་ཕྱི་རོལ་གྱི་ཆོ་འཕྲུལ་སྣང་བར་ཡང་འགྱུར་རོ། །ཞིང་ཁམས་ཐམས་ཅད་བདག་སེམས་དཔའ་རྡོ་རྗེ། ཞེས་པ་འདུལ་ཞིང་གི་འཁོར་རྣམས་གསང་སྔགས་ཐོས་ཤིང་གསང་སྔགས་རྟོགས་པས། བདག་གསང་བ་པོ་ཉིད་དང་འདྲ་བ་འབའ་ཞིག་ཏུ་གྱུར་ནས། དེ་དག་ཀྱང་གསང་སྔགས་ཀྱི་དོན་མ་ནོར་བའི་ལུགས་རྒྱ་ཆེར་སྟོན་པའི་སྒྲ་རྣམ་པར་སྨྲ་བར་གྱུར་ཏོ། །བདག་འཆད་པའི་སྐྱེས་བུ་སེམས་དཔའ་རྡོ་རྗེ་ཉིད་རྣམ་པར་ཆོས་འཆད་པར་འཁོར་ལ་སྣང་བའི་ཚུལ་གྱིས། རིགས་ཀྱི་བདག་པོ་ཉིད་ཀྱི་མདུན་ཕྱོགས་སུ་སེང་གེའི་ཁྲི་རྡོ་རྗེས་བརྒྱན་པའི་ཆོས་འཆད་པའི་ཁྲི་ལ་ལུས་འགྱིང་བག་གིས་འདུག་གོ་ཞེས་པའི་དོན་ཏོ། །དེ་བས་ན་ཕྱག་ན་རྡོ་རྗེས་རིགས་ཀྱི་བདག་པོ་གཅིག་ལའང་ཐོས་ལ། འདིར་འཆད་པ་པོ་ཡིན་པ་ཡང་ལོ་རྒྱུས་འདི་ཐེ་ཚོམ་མེད་པར་གསལ་ལོ། །རྒྱུ་དང་འབྲས་བུའི་ཚུལ་དུ་འབྲེལ་བ་གང་སྙམ་པ་ལ། དེ་ནས་འདུས་པའི་ཚོགས་འཁོར་ཕལ་མོ་ཆེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་འཆད་པའི་སྐྱེས་བུས་ཆོས་ཀྱི་འཁོར་ལོ་བསྐོར་མ་ཐག་པར། ལང་ཀ་ལ་སོགས་པའི་འཁོར་འདུས་པ་མང་པོས་འཆད་པའི་སྐྱེས་བུ་ལ་ངོ་མཚར་སྐྱེས་ནས་གསོལ་པ། ངམ་པས་སྟོན་པ་ལ་བོས་ནས་འཆད་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་འདི་རྒྱུད་ཀྱི་དོན་གཏིང་ཕྱིན་པར་རྟོགས་པ་དང་། འགྲོ་དོན་གྱི་ཐབས་ཁྱད་པར་ཅན་མངའ་བས། ཐབས་དང་ཤེས་རབ་ཀྱིས་འདི་ལྟར་གདུལ་དཀའ་དྲག་པོ་ཀུན་བཏུལ་བའི་མཐུ་དང་། ཞིང་ཁམས་རིལ་བྱིན་གྱིས་བརླབས་པས་ས་གཡོས་པ་སོགས་གྱུར་པ་དང་། དགོངས་དོན་གྱི་མཛོད་དུ་གྱུར་པས་རྒྱ་ཆེ་བ་དོན་གྱི་བྱེ་བྲག་མཛད་པ་མ་འདྲེས་པར་མཁས་པ་མཁྱེན་པ། དགོངས་པའི་ལྟ་བ་དང་ཏིང་ངེ་འཛིན་ཟབ་ཅིང་གསལ་བའི་ཡོན་ཏན་དང་ལྡན་པའི་འཆད་པའི་སྐྱེས་བུ་ནི། རྒྱུ་བཅོམ་ལྡན་འདས་ཁྱོད་ཀྱི་ཐུགས་ཡེ་ཤེས་དང་རྒྱུ་དང་འབྲས་བུར་འབྲེལ་ཅིང་། ཐུགས་ཀྱི་བྱིན་རླབས་ལས་སྣང་བ་གསང་སྔགས་ཇི་བཞིན་པ་སྟོན་པའི་རང་བཞིན་དེ་ཁོ་ན་ཉིད་དང་ཡང་ཚུལ་སྔ་མ་ལྟར་འབྲེལ་ཅིང་དེའི་བྱིན་རླབས་དེ་ཁོ་ན་ཉིད་ལས་སྣང་བ་ལགས་སོ་ཞེས་ཁོ་བོ་གསང་བདག་ཉིད་ལ་སྟོན་པའི་སྤྱན་སྔར་འཁོར་རྣམས་ཀྱིས་བསྟོད་དོ་ཞེས་པའི་དོན་ཏོ། །ལང་ཀའི་བདག་པོ། བཅོམ་ལྡན་འདས་དེས་དེ་དག་ལ་བཀའ་སྩལ་པ། ཞེས་པ་ལ་སོགས་པ་སྟོན་པ་ཆེན་པོས་འཁོར་དྭང་བ་བསྐྱེད་པའི་ཕྱིར་འཆད་པའི་སྐྱེས་བུའི་ཡོན་ཏན་བཀས་བཤད་པ་ནི། སེམས་དཔའ་རྡོ་རྗེ་འདི་ནི་བྱང་ཆུབ་སེམས་ཀྱི་ངོ་བོ་ཞེས་པ་བཅུ་གཉིས་གྲངས་སོ། །དེ་དག་ཕྱོགས་ཕྱི་མས་འགྲེལ་ཏེ། དེ་ཅིའི་ཕྱིར་ཞེ་ན། ཐོག་མ་དང་ཐ་མ་མེད་པར་མཉམ་པའི་དུས། ཞེས་པ་དེ་དག་གཏན་ཚིགས་གང་གིས་མངོན་ན་འདི་ལྟ་སྟེ། འཁོར་བ་ཐོག་མ་ཐ་མ་མེད་པའི་དུས་ཉིད་ནས་རང་རིག་པ་རྩོལ་མཐས་མ་བསྒོས་བྱང་ཤིང་རིལ་གྱི་དངོས་གཞི་སེམས་གཡོ་བ་དང་བྲལ་བ་ལ་གཉིས་པའི་ཆོས་རིལ་མ་དམིགས་པའི་ངོ་བོ། དུས་གསུམ་མ་འགག་བྲལ་བ་མཚན་ཉིད་ཐམས་ཅད་པའི་ངོ་བོ་ཕྱིར་རོ། །ཕ་མཐའ་ལས་ཀྱང་ཕ་མཐའ་ཞེས་པ། དུས་ཐོག་མའི་ཕ་མཐའི་ཡང་ཐོག་མ་ཕ་མཐའ་མེད་པ་ནས་ཐུགས་རྗེ་ཆེན་པོ་རིལ་ཐམས་ཅད་ཀྱི་འབྱུང་བའི་དབང་ཕྱུག་བདག་པོ་ཆེན་པོའི་ཕྱིར་དང་པོ་དང་གཉིས་པའི་གཏན་ཚིགས་སོ། །ཐབས་དཔག་ཏུ་མེད་མང་བ་ཅིང་ངོ་བོ་བསམ་དུ་མེད་པ། ཞེས་པ་ཐབས་ཀྱི་བྱེ་བྲག་ཐམས་ཅད་ཤིན་ཏུ་ཟབ་པ་མང་བ་ཆེ་བ་ཡངས་པ་མངའ་བའི་ཕྱིར་གོང་ན་མེད་པས་མཆོག་གསུམ་པའི་འགྲེལ་ཏོ། །འབྱམས་ཀླས་པའི་དུས་ན། ཞེས་པ་མུ་མཐའ་མེད་པའི་དུས་ན་མཉམ་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཐམས་ཅད་ཀྱི་རྗེ་བཙན་བདག་ཉིད་དུ་བཞུགས་པའི་ཕྱིར་རོ། །བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཞེས་པ་བདག་གི་བྱ་བ་ལྷུན་གྱིས་རྫོགས་པས། ས་ལ་གནས་པའི་སེམས་དཔའ་རྣམས་ཀྱི་ཡབ་རྣམས་ཀྱི་བྱེད་པ་བྱས་དོན་ཇི་ལྟར་འདུལ་བ་བཞིན་མཛད་པས་ས་ལ་འདོན་པའི་ཕྱིར་རོ། །མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཏེ། ཞེས་པ་གསང་སྔགས་དེ་བཞིན་ཉིད་ཆེན་པོའི་རིག་པ་མངོན་དུ་བྱས་པས་སྐྱེད་དུ་བྱ་བ་མེད་པ་རྫོགས་པར་སངས་རྒྱས་པ་དེ་ལ། མཐའ་དང་ཞེན་མཐའ་མེད་པར་རྣལ་འབྱོར་ཀུན་གྱི་མི་གཡོ་བདལ་བ་རྣལ་འབྱོར་ཆེན་པོའི་དགོངས་བཞུགས་པའོ། །དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་སྦྱོར་ཞིང་། ཞེས་པ་སེམས་དཔའ་རྡོ་རྗེ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་སྦྱོང་ཞིང་ཇི་བཞིན་པའི་མྱ་ངན་ལས་འདས་པའི་ངང་ལ་ཀུན་ཀྱང་དགོད་པར་མཛད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དུ་འབྲེལ་བས། ཞེས་པས་དངོས་པོ་ཆོས་ཐམས་ཅད་རྣམས་ཀྱི་དེ་ཁོ་ན་རང་བཞིན་ཉིད་ཇི་ལྟ་བུ་ཉིད་སོན་འབྲེལ་པས། ཡེ་ཤེས་ཆེན་པོས་བདུད་བཞི་ཐམས་ཅད་ཀྱི་དཔུང་ཐམས་ཅད་བཅོམ་པའི་བདུད་ཆེན་པོ་ཕྱིར་རོ། །རྒྱལ་བ་ཐམས་ཅད་ཀྱི་ཐུགས་ལས་སྐྱེས་ཤིང་། ཞེས་པ་སངས་རྒྱས་ཀུན་གྱི་ཐུགས་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ཤིང་། རྒྱལ་བ་རིལ་གྱི་མཐུའི་བྱིན་རླབས་བདག་ཏུ་སྣང་བས་མཐུ་ཐམས་ཅད་ཀྱི་ཡང་བདག་པོར་གྱུར་པས། གནོད་སྦྱིན་ལ་སོགས་པ་ཤིན་ཏུ་ཉོན་མོངས་ཆེ་ཞིང་སངས་རྒྱས་ཀྱིས་གདུལ་དཀའ་ཁ་ལོ་བསྒྱུར་བར་དཀའ་བ་དག་གི་འདུལ་བ་གཉེན་པོར་གྱུར་པའོ། །ཐུགས་དང་འབྲེལ་བ་ཞེས་པ། སངས་རྒྱས་རྣམས་ཀྱི་ཐུགས་ཡེ་ཤེས་དང་རྒྱུ་དང་འབྲས་བུར་འབྲེལ་བས་དགོངས་པའི་གསང་བ་དོན་ཐམས་ཅད་བདག་པོ་གི་ཐོབ་པས་བསྟན་པ་རིལ་ཆོས་ཐམས་ཅད་ཀྱིས་དང་གསང་སྔགས་ཀྱི་འབྱུང་གནས་སུ་མཛོད་གྱུར་པའོ། །དེས་ལན་གཉིས་སུ་འགྲེལ་ཏོ། །ཐམས་ཅད་ཀྱི་ཡབ་ཏུ་གྱུར་པ་ཡིན་ཏེ། ཞེས་པ་རང་བྱུང་ཀྱི་ཡེ་ཤེས་ཡབ་གསང་བ་ཐམས་ཅད་ཀྱི་དམ་པའི་ངོ་བོ་ཉིད་པས། ཡེ་ཤེས་ཇི་སྙེད་པ་ཐམས་ཅད་ཀྱི་འཆར་ཞིང་སྣང་བའི་གཞིར་འབྱུང་གནས་ཆེན་པོར་གྱུར་པའི་ཕྱིར་ཏེ། ཡོན་ཏན་དེ་འདྲའོ་ལྟ་བུའོ་ཞེས་ཁོ་བོ་བདག་ལ་ཡོན་ཏན་ཅི་ཡོད་པ་བསྔགས་པ་བརྗོད་པས་རྣམས་མཆོག་ཏུ་བཀའ་སྩལ་པ་ནི། འཁོར་བ་རྣམས་གསང་བདག་ལ་གསང་དོན་ཞུ་བ་ལ་གཟུད་པའི་ཆེད་དོ། །འདུས་པའི་འཁོར་ཐམས་ཅད་ངོ་མཚར་དུ་གྱུར་ཏེ་ཞེས་པ་ལ་སོགས་པ། སྟོན་པས་ཕྱག་ན་རྡོ་རྗེ་ལ་བསྔགས་པའི་ཡོན་ཏན་བརྗོད་པ་ལ་འདུས་པའི་ངམ་པ་སྐྱེད་ནས་ངོ་བོ་ངོ་མཚར་གཉིས་ཚིག་བརྣན་ནས་སྨྲས་ཏེ། རྒྱུད་ཀྱི་དོན་ཞུ་བའི་ཕྱིར། སེམས་དཔའ་རྡོ་རྗེ་དམ་པ་དེ་ལ་ལོགས་སུ་བཏུད་ནས། ཞེས་པ་ལ་སོགས་པ་འཁོར་རྣམས་ཀྱིས་གསང་བདག་ཕྱག་ན་རྡོ་རྗེ་ལ་སྟོན་པ་ཆེན་པོའི་སྤྱན་སྔར་མ་ཡིན་པར་གུད་དུ་ལོགས་སུ་སྒོ་གསུམ་འདུས་པ་བྱས་བརྐྱང་ཕྱག་འཚལ་ནས། མཉེས་པས་གནང་བའི་རྒྱུར་གྱུར་པའི་ཕྱིར། ཡེ་ཤེས་ཆེན་པོ་རྨད་དུ་བྱུང་བའི་རང་སྣང་བའི་མེ་ཏོག་ཁྱད་པར་ཅན་དང་། ཕྱི་ནང་གསང་བའི་ཏིང་ངེའི་མཆོད་པ་མང་པོ་བསམ་པས་སྤྲུལ་ཏེ་མཆོད་ནས་ཞུས་པ། འདི་ལྟར་རྨད་བྱུང་ངོ་མཚར་ཁྱོད། །ཅེས་པ་ལ་པ་འདིར་སྟོན་པས་གསུངས་པ་ལྟར་ཡོན་ཏན་མཆོག་རྨད་བྱུང་ངོ་མཚར་བ་མངའ་བའི་སྐྱེས་བུ་ཕྱག་ན་རྡོ་རྗེ་ཁྱོད། རྒྱལ་བ་སངས་རྒྱས་རྡོ་རྗེ་འཛིན་པ་ཆེན་པོའི་ཐུགས་ལས་རྒྱལ་ཚབ་ཏུ་འཁྲུངས་པ་སྐྱེས་ཚུལ་ཇི་ལྟར་ད་ལྟར་གྱི་ཞིང་ཁམས་འདིར་སྐུར་སྣང་ནས་སྟོན་པར་གྱུར་ཞིག་གུ་པ་ཁྱོད་ནི། རྣལ་འབྱོར་པའི་ཡབ་རྒྱལ་བའི་སྲས་ཆོས་ཐམས་ཅད་རང་བཞིན་དང་གཉིས་མེད་པ་སངས་རྒྱས་ཀུན་གྱི་ཐུགས་གཅིག་དང་བྲེལ་བ་ལགས་པས། ཁྱོད་ཀྱི་གསང་སྔགས་ཀྱི་བཀའི་ཆོས་ཀྱི་འཁོར་ལོ་རབ་བསྐོར་བས། ལོག་ལམ་དང་བྲལ་བའི་རྣམ་དག་ཉེ་ལམ་ལམ་མཆོག་གསང་སྔགས་མཆོག་གི་དོན་དམ་པ་རྣམས། ཐུན་མོང་མ་ཡིན་པའི་ཚིག་གིས་གསལ་བར་མཚོན་ཏེ་བཤད་དུ་གསོལ་གསལ་བར་མཛོད་ཞེས་ཞུས་པའི་ཨ་ཧོ་དགྱེས་སྒྲ་དང་བཅས་པར་གསོལ་བའོ། །གནང་ནས་བཤད་པར་ལྟར་ཆོས་བཤད་པ་བསྟན་པའི་ཕྱིར། ལང་ཀའི་བདག་པོ། །དེ་ནས་དམ་པ་རྡོ་རྗེ་བདག་གིས་རྡོ་རྗེ་བསྐོར་ཏེ་བསྒྱུར་ནས། བརྗིད་བག་ཏུ་རྡོ་རྗེ་ཚིག་ཏུ་སྨྲས་པ་ཞེས་པ། སྡུད་པ་པོ་ལ་བོས་ནས་དེ་ནས་གསོལ་བ་བཏབ་མ་ཐག་པར་བདག་དམ་པ་རྡོ་རྗེ་གསང་བདག་ཏུ་གྱུར་པས། སྟོན་པས་དབང་རྟགས་ལག་ཏུ་རྡོ་རྗེ་རྒྱ་གྲམ་བཞག་པ་དེ་བསྐོར་ཏེ། བླ་བཀྱལ་བའི་སྤོབས་པ་ཡོད་པས་བརྗིད་བག་དང་ལྡན་པས། རྡོ་རྗེ་ཐེག་པ་མཚོན་པའི་ཚིག་ཏུ་སྒྲ་སྟོན་པས་ཁོ་བོ་ཇི་སྐད་བསྟན་པ་ལྟར་སྨྲས་པ་བཤད་པ་ཞེས་པའི་དོན་ཏོ། །དེ་གང་ཞེ་ན། ཨཱོཾ་ཧཱུྃ་མཱུྃ་ཨ་ཧོ་ཞེས་པ། ཡི་གེ་གསུམ་ནི་བཤད་ཟིན་ཏེ་རྒྱུད་དོན་ཇི་ལྟ་བ་བཞིན་བཤད་པའོ། །དེ་དག་ཀྱང་འདུས་པའི་འཁོར་ལ་རྒྱས་པར་བཤད་པར་དགྱེས་པའི་ཡི་གེ་ཨ་ཧོ་གཉིས་བརྗོད་པའོ། །རྒྱལ་བའི་སྲས་ནི་ཅང་མི་གསུང་། །མི་གསུང་བ་ནི་རྒྱ་ཆེར་བཤད། །ཅེས་པ་ལ་སོགས་པ་རྡོ་རྗེ་འཛིན་པ་ཆེན་པོ་རྒྱལ་བ་རིལ་གྱི་གདུང་རྒྱུད་སྲས་པོ་དུ་བྱུང་བ་དེ་ནི་ཅིའང་གསུང་མི་བརྗོད་དེ་བརྗོད་དུའང་མེད་དོ། །མ་གསུང་བ་ཉིད་བརྗོད་པ་ཐམས་ཅད་པའི་ཕྱིར་གསུང་ངོ་བར་མི་རྟོག་པར་བསྟན་པ་རྒྱ་ཆེན་ཐམས་ཅད་དུ་གསལ་བར་བཀའ་བཤད་སྩལ་ཏོ། །དེའི་ཚུལ་ནི། གསང་སྔགས་ཐེག་པ་ཆེན་པོའི་ངོ་བོའི་བཤད་དུ་མེད་པའི་ཆོས་ཉིད་བརྗོད་པ་དང་བྲལ་བའི་རྒྱུད་འདི་ཉེ་བར་བཟུང་བ་ནི། འདས་པའི་རྒྱལ་བ་སངས་རྒྱས་རྣམས་ཀྱིས་ཀྱང་མ་བཤད་གསུངས་ཏེ་གསུང་ཞིང་བརྗོད་དུ་མེད་དོ། །ཚུལ་དེ་བཞིན་དུ་རིགས་ཀྱི་བདག་པོ་སྟོན་པ་རྒྱལ་མཆོག་ཀྱང་རྡོ་རྗེ་འཛིན་པ་ཡང་། ཚིག་ཏུ་སྤྲུལ་པ་ལྟར་རྣམ་པར་བཤད་པར་མི་བཞེད་དེ་བཀའ་མི་སྩོལ་ཏེ། རིག་པའི་གསུང་མངའ་བས་བྱིན་རླབས་ཀྱིས་རྒྱ་ཆེར་གདུལ་བྱ་འཁོར་གྱི་རིག་པ་ལ་བཤད་པ་མཇལ་བར་བྱེད་པས་དགོངས་པས་ཆོས་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པའི་ཆོས་ཉིད་འདི། །ཞེས་པ་དག་གང་རྒྱུ་རྐྱེན་དང་བྲལ་བས་དངོས་གཞི་སྐྱེ་བ་མེད་པའི་དོན་ཆོས་ཉིད་ངེས་པ་ནི། དེ་ལྟར་ངོ་བོ་བྱུང་སྐྱེས་མ་མྱོང་བས་རྒྱུ་འབྲས་ཀྱི་རྩ་བཅུད་དུ་སྙིང་པོ་བཤད་གསལ་བའི་སྙིང་པོའི་དོན་གྱི་དངོས་པོ་མ་ནོར་བའི་རྒྱུད་གང་ཡིན་པ་འདི་བརྗོད་དུ་མེད་པ་ལ་བརྗོད་པས་མི་ཕེབས་ཚིག་ཏུ་སྨྲ་བར་ཡོད་མ་ཡིན་བཤད་ཅིང་བརྗོད་པར་རིག་པ་མ་ཡིན་ནོ། །སྤྲོས་པ་ཉིད་ན་གོལ་བ་ཞེས། །ཞེས་པ་དག་ཚིག་རྒྱས་པར་སྤྲོས་པ་བཤད་པ་ནི་དོན་ལ་མི་ཕེབས་པས་འཁྲུལ་པ་གོལ་བ་ཞེས་ཡིན་པར་སངས་རྒྱས་ཀུན་གྱིས་ཀྱང་ཡང་དག་བཤད་གསུངས་སོ། །དེ་བས་གཏན་ཚིགས་ལ་སྙེགས་པར་རིགས་ཀྱི་བདག་པོས་རྡོ་རྗེ་རྒྱལ་པོ་ཉིད་ཚིག་ཏུ་བཀའ་མ་སྩལ་བར་མ་ཕྱུང་བར། ཁོ་བོ་ལ་སོགས་པ་ལ་ཏིང་ངེ་འཛིན་དགོངས་པའོ་བཤད་དེ། མཉམ་པ་ཉིད་གསང་སྔགས་རྒྱ་མཚོ་ལས་མི་གཡོ་བར་བཞུགས་སོ། །དགོངས་པ་ཇི་ལྟར་བརྒྱུད་ཞེ་ན། དགོངས་པའི་དོན་རྣམས་གང་འབྱིན་པ། །ཞེས་པ་དག་གསང་སྔགས་ཐེག་པ་ཆེན་པོའི་རྒྱུད་མཆོག་འདི་གསལ་བར་དགོངས་པས་གང་འབྱིན་པ་སྟོན་པའི་ཚུལ་ཡང་། དཔེར་ཇི་ལྟར་མེ་ལོང་ཇི་ལྟར་གཡའ་དྭང་བར་གཟུགས་བརྙན་རང་དབང་མེད་པར་འབྱུང་བ་ལྟར། གསང་བའི་དགོངས་དོན་མཆོག་སྡུད་པོ་དང་འཁོར་གྱི་རིག་པ་དྭང་བ་ལ་བྱིན་རླབས་ཀྱིས་རང་སྣང་གྱུར་པ་ཤར་བའོ། །འོ་ན་དེ་ཡང་ཚིག་གིས་མཚོན་དུ་མེད་དམ་ཞེ་ན། དགོངས་པའི་དོན་གིས་མཚོན་པའི་ཕྱིར། མ་སྐྱེས་སྙིང་པོ་དོན་གྱིས་ན། །ཞེས་པ་ལ་སོགས་པ་རྒྱུད་ཀྱི་མ་སྐྱེས་ངོ་བོ་བརྗོད་པ་དང་བྲལ་བའི་རྩ་བར་སྙིང་པོའི་གྱུར་པའི་དོན་གྱིས་ཚིག་ཏུ་བཤད་དུ་མེད་སྤྲོ་བ་མ་ཡིན་དོ། །མི་མཐུན་པ་སྟོན་པ་ནི་དཀྲི་ཕྱིར་སྟོན་ཅིང་མཚོན་པའོ། །དེ་ལ་གང་དག་དཀྲི་ཞེ་ན། མཚན་མ་ཚིག་གི་རྣལ་འབྱོར་པ། །ཞེས་པ་དག་ཞེ་ན་རྟོག་མཚན་མ་མ་བྲལ་བས་སྒྲ་ཡིད་ལ་བྱེད་པ་ཚིག་གི་རྣལ་འབྱོར་རྣམས། ཚིག་སྔ་མའི་རྗེས་སུ་ཕྱི་མ་ལོངས་བཏགས་ནས་ཚིག་ལ་ཞིབ་མཐར་ཆགས་སུ་བརྗོད་པ་སྐད་ཟེར་ཡང་། དོན་གྱི་ངོ་བོའི་མཐའ་ཡང་མ་མཐོང་བས་དོན་ལ་རྩིང་དོན་ཡལ་བར་གྱུར་པ་དང་། སྒྲའི་ཚིག་ཕྱིར་རྗེས་སུ་ཤེས་པ་བློ་འབྲངས་པས་གསང་སྔགས་ཀྱི་གཏིང་མཐོང་བའི་རྩལ་ཞན་ནུས་པ་ཆུང་བ་རྣམས་ཀུན། གསང་སྔགས་ལ་དཀྲི་བ་དྲངས་ཤིང་གསང་དོན་གྱིས་ཡིད་ཚིམ་བསམ་པ་དྲངས་ཞིང་རྟོགས་པར་བྱ་བའི་ཆེད་དུ། དོན་མི་དམིགས་མཚོན་དུ་མེད་པ་ལས་དེ་དམིགས་པའི་མཚོན་པའི་བྱིན་རླབས་ཀྱི་ཚིག་དང་སྒྲ་རྒྱུད་འདི་ལྟ་བུ་ཆོ་འཕྲུལ་བསྟན་ནས་གསང་བ་དེ་ཁོ་ན་ཉིད་ཚིག་གིས་དེ་མཚོན་རྟོགས་ཤིང་གོམས་པར་བྱ་བ་ནི་དགོས་ཆེད་དོ། །དགོས་པའི་ཡང་དགོས་པ་གང་སྙམ་པ་ལ། བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས། །ཞེས་པ་དག་བདེ་བ་ཆེན་པོའི་ངང་དུ་སོན་པའི་གདུལ་དབང་གི་མཚན་ཐ་དད་དུ་གྲགས་པ་ཀུན་གྱི་ཐུགས་ཡེ་ཤེས་གསང་བའི་བརྟག་དཀའ་ལ་འབྲས་བུ་ལྷུན་སྙིང་པོ་དོན་གྱིས་གྲུབ་པའི་ངོ་བོ་བསྒྲུབ་བྱའི་དོན་བླང་དོར་དང་བྲལ་བ་མཉམ་ཉིད་ནི། ཆོས་ཀྱི་སྐུ་ཆེན་པོ་བྱང་ཆུབ་ཞེས་ཀྱང་བྱ། རིལ་བཀོད་པས་ཐེག་པ་ཆེན་པོ་ཞེས་ཀྱང་བྱ། དེ་ལྟ་བུའི་མཚན་ཉིད་གསལ་བར་མ་བསྒྲིབས་ཀུན་ལ་བསྣུམས་པའི་ཁྱབ་སྣང་བ་དོན་ཏེ། ལམ་ལ་གནས་པ་རྣམས་ཀུན་ཀྱིས་རང་རིག་པའི་དེ་ཉིད་མངོན་སུམ་དུ་མཐོང་བར་བྱ་བ། བསྒྲུབ་པར་བྱ་བ། ཐོབ་དགོས་པར་བྱ་བ་ཡིན་པའི་ཕྱིར་རོ། །རྗོད་བྱེད་ནི། ང་ནི་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་ཀུན་གྱི་སྙིང་པོ་སྟེ། །ཞེས་པ་དག་གསང་བའི་བདག་པོ་ཁོ་བོ་ཉིད་ནི། འདས་པ་དང་ད་ལྟར་དང་མ་འོངས་པའི་དུས་གསུམ་དུ་བཞུགས་པའི་བདེ་བར་གཤེགས་པའི་རྒྱལ་བ་ཀུན་ཐུགས་ཉིད་སྙིང་པོ་སྟེ་ཡིན་པས། མཐའ་གང་དུའང་རྣམ་པ་ཅན་དུ་སྣང་མ་མྱོང་བའི་སྟོང་པར་སྦས་ངོ་བོ་དོན་ཉིད་སུས་ཀྱང་མཐོང་དཀའ་བའི་རྒྱུད་ཀྱི་རྒྱལ་པོ་འདིའི་དོན་མི་འདྲ་བས་དོན་ལ་བརྡ་སྦྱོར་བ་དང་། མཐུན་པ་དཔེ་དང་མི་མཐུན་པས་དོན་ལ་སྦྱོར་བ་དང་། ལྡེའུ་མིག་གསུམ་ལ་སོགས་པ་དག་གིས་མཚོན་ནས། མཉམ་ཉིད་ཇི་བཞིན་པ་རིགས་པ་ལ་བསྟན་སྣང་བར་སྒོ་དབྱེ་འོས་བྱས་ནས་གཤའ་བས་དེ་སྟོན་པ་པོ་རྗོད་བྱེད་ལ་འཆད་པའི་སྐྱེས་བུའོ། །བརྗོད་བྱ་གང་ཞེ་ན། སྦས་པའི་དོན་མཚོན་འབྱུང་བའི་རིགས། །ཞེས་པ་དག་ཐུགས་ལ་གབ་ཅིང་སྦས་པར་མ་བྱུང་བའི་དོན་ནི་རྒྱུད་འདིའི་དོན་ཏེ་བརྗོད་བྱར་གྱུར་པ་དེ་ཚིག་གིས་མཚོན་འབྱུང་བའི་གསལ་བར་བྱ་བར་རིགས་ཤིང་མ་ཤེས་པ་མ་མཐོང་རྣམས་ལ་བསྟན་པར་བཤའ་བས། དེ་མཐོང་མཚན་བྱའི་དོན་རྟོགས་ན་དོན་ནི་ཡེ་མ་བཅོས་པའི་དེ་ཁོ་ན་ཉིད་དུ་འདོད་ཅིང་རིག་པས་མཇལ་འཐད་ཏོ། །དེ་ནས་ངས་བཤད་དོ་ཞེས་ཞལ་གྱིས་བཞེས་པའི་དོན་ཏོ། །ཞེས་པ་གསང་བའི་བདག་པོ་དེས། ཞེས་པ་དག །དེ་སྐད་ཅེས་གསང་སྔགས་ཐེག་པའི་བདག་པོ་སེམས་དཔའ་རྡོ་རྗེས་ཆོས་རིལ་འདིར་དགོས་འབྲེལ་བཞིར་འདུས་པར་རྒོལ་བ་པོས་མི་ཚུགས་པར་མཛད་དེ་བསྟན་ཏོ། །དེ་ནས་ལང་ཀའི་བདག་པོ་ཞེས་པ་སྒྲ་བཞིན་ནོ། །འབྲེལ་བ་དགོས་ཆེད་ཀྱི་ཡན་ལག་ཅེས་པ་པ་ལེའུ་ཡི་མཚན་ཏེ་རྣམ་པ་བཞིར་ཕྱེ་ནས་བསྟན་ཏོ། །ལེའུ་བཞི་བཅུ་རྩ་དགུ་པ་འགྲེལ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས། ལང་ཀའི་བདག་པོ་ལ་བོས་ཏེ་སྨྲས་པ། ཞེས་པ་དགོས་འགྲེལ་བསྟན་མ་ཐག་པར་ཡན་ལག་བཞི་པ་བསྟན་པའི་ཕྱིར་བོས་ནས་བཀའ་སྩལ་པ་ནི། ལང་ཀའི་བདག་པོ་འདྲེན་པའི་ཡན་ལག་གང་ཞེ་ན། ཞེས་པ་ལ་སོགས་པ་དེ་ཉིད་ཉེ་བར་བསྟན་པ་དངོས་ནི་རྒྱུད་ཀྱི་ཚིག་གི་དངོས་པོ་ལས་བཤད་པའི་དངོས་པོ་ནང་རིས་མི་མཐུན་པར་འདྲེན་པ་སྟེ་དེ་ཁྱེད་ལ་བཤད་པར་བགྲོ་བར་བྱའོ་ཞེས་གནང་བའོ། །ལང་ཀའི་བདག་པོ་འདི་ལྟ་སྟེ། ཞེས་པ་དེ་རྒྱས་པར་བཤད་པ་ནི་རྣམ་གྲངས་ཕྱེ་ནས་བསྟན་པར་བཤད་པའི་ཡན་ལག་དྲུག་གི་མཐར་ཕྱིན་པར་འགྱུར་ཏེ། གང་ཞེ་ན། གང་ལ་ལྟ་དང་སྒོ་འབྱེད་དང་། །ཞེས་པ་དག་རྣམ་གྲངས་བརྗོད་པའོ། །མེ་ལོང་བཅུ་ཞེས་པ་འཆད་པའི་དཔེ་བཅུ་ཡི་ལས་ཀྱིས་བརྟགས་པའོ། །ཚིག་དོན་ཞེས་པ་བཤད་ཐབས་འདིས་རྒྱུད་ཀྱི་ཚིག་དོན་ལ་བཀབ་སྟེ་བཤད་པར་བྱ་བའོ། །དེ་བས་ན་རྒྱུད་བཤད་ལུགས་འགྲེལ་ལུགས་ཀྱང་དོན་གྱིས་བཅུར་ཤེས་པར་བྱོས་ཤིག་པའོ། །རེ་རེ་ནས་བསྟན་པའི་ཕྱིར། ལང་ཀའི་བདག་པོ་འདི་ལྟ་སྟེ། །གང་ལ་ལྟ་དང་ལྟ་བ་ནི། །ཞེས་པ་དག་སྡུད་པ་པོ་ལ་བོས་ནས་གྲངས་བསྟན་པ་འདི་ལྟ་སྟེ་ཡང་། ཐོག་མར་ལྟ་བ་ཉེ་བར་བསྟན་པ་ནི། རྒྱུད་ཀྱི་དངོས་པོ་གང་ལ་ལྟ་བའི་ཡུལ་དང་ལྟ་བའི་ཤེས་པ་གཉིས་མེད་པར་གསལ་བའི་དོན་ནི། དཔེར་ན་བྱ་ཁྱུང་གི་དངོས་པོ་ནམ་མཁར་འཕུར་འགྲོ་བའི་ནུས་པས་རི་བྲག་གྱེན་ཐུར་རིལ་གཤོག་པའི་ཁོབ་འོག་ཏུ་ཆུད་པས་ལྡིང་བ་ཡང་འཕང་མཐོ་ལ་ཉམ་ང་བ་དང་རྗེས་མེད་པ་ལྟར། རྣལ་འབྱོར་པ་ལམ་ཆེན་པོར་ངེས་པས་དེ་ཉིད་རྒྱུད་ཀྱི་དོན་འདི་ལ་བློ་རྟོགས་འགྲོ་བ་པར་བྱེད་པ་ཡང་ལུང་མན་ངག་དང་ཐབས་ཀྱིས་ལྟ་བས་ཆོས་སོ་ཅོག་མ་འདྲེས་ལ་ཡོངས་སུ་རྫོགས་པར་རྟོགས་པ་ལ་སྤྱོད་ཡུལ་མེད་པར་ཡེ་ཤེས་ཆེན་པོར་རང་གསལ་བ་ལས། ཤེས་པ་དྲུག་མུན་པ་ལོག་སྤྱོད་བྱིས་པ་ཕྱོགས་སུ་རིག་པ་མཐའ་དབུས་འབྱེད་པ་དམ་པ་ཆེན་པོ་གིས་བདར་བཅད་ནས་དོགས་ཐོགས་དང་། བླང་དོར་མེད་པར་སྤྱི་རྒྱ་རླབས་ཀྱིས་བཅད་པར་འགྱུར་རོ། །བགྲོད་པར་བྱ་བའི་ས་ཚིག་དག །ཅེས་པ་ལ་སོགས་པ་ས་བཅད་པར་བྱ་བའི་ཕྱིར་དཔེ་སྟག་གི་མཆོངས་རྩལ་གྱིས་མཆོངས་ཚད་ཀྱི་ས་གཅོད་པ་ལྟར། འདིར་དོན་གྱི་ཚོམས་གང་སྟོན་པའི་ཚིག་གི་བར་མཚམས་རྣམས་ས་གཅོད་ལྡེའུ་མིག་གིས་དབྱེ་བས་དོན་ཚོམ་དང་། ཚིག་དཀྱུས་ཀྱི་མཚམས་ཚོམས་མ་འདྲེས་པར་བྱའོ། །ཁོག་དབུབ་ལུགས་ནི། ཇི་ལྟར་གང་གི་ཁོབ་འོག་ཏུ། །ཞེས་པ་དཔེར་ན་སེང་གེའི་རྩལ་གྱིས་མཆོངས་པའི་ཁོབ་འོག་ཏུ་རི་བྲག་ཡུལ་ཁམས་མང་པོ་འདུས་པ་ལྟར། ཚིག་མང་པོ་དབུ་ཞབས་རྣམས་རྒྱུད་དོན་གྱི་ངོ་བོ་མ་ནོར་བ་གཞི་ལམ་འབྲས་བུ་ལྟ་བུ་གཅིག་ཏུ་བསྡུས་ཏེ། དེ་ལས་སོ་སོར་ཡན་ལག་ཏུ་འབྱུང་བར་ཤེས་པར་བྱའོ། །དེ་བས་ན་འདིར་ཡང་དོན་ལྷུན་གྱིས་གྲུབ་པ་གཅིག་ལས་རྣལ་འབྱོར་གསུམ་དུ་ཕྱེ་ནས་འགྲེལ་པའང་ངོ་བོ་ཉིད་གཅིག་ཏུ་དབྱེར་མེད་པར་སྟོན་པའོ། །ཚིག་གི་མཚམས་སྦྲེལ་པ་ནི། གང་དག་གང་ལྟར་གང་འགྲོ་བ། །ཞེས་པ་དཔེར་ན་ངང་པ་རྣམས་ཕྱོགས་གང་དང་གང་དུ་གང་ལྟར་འགྲོ་བ་དག་པའི་གོམ་འགྲོས་དྲངས་པོར་འབྲེལ་ལ་སྔ་རྗེས་ཕྱི་རྗེས་ཀྱིས་ནོན་པས་འབྲེལ་བ་སྣང་མཐར་ཆགས་སུ་གྱུར་པ་ལྟར། སྔར་བརྗོད་པའི་ཚིག་དང་ཕྱི་དོན་བརྗོད་བྱའི་ངོ་བོས་གཅད་པའི་ཚིག་སྔ་ཕྱི་མཚམས་དག་མི་འཁྲུགས་པར་གོང་འོག་ཚིག་འབྲེལ་བ་དང་བཅས་པར་ཞིབ་ཏུ་སྦྱོར་འཆད་པའོ། །རང་རྐྱེན་གཉེར་གྱི་ཚིག་ནི། གང་འགྲོ་གནས་སུ་བགྲོད་པ་ནི། །ཞེས་པ་དཔེར་རུས་སྦལ་གང་འགྲོ་གྱི་དངོས་པོ་གནས་གང་དུ་འགྲོ་བའི་འགྲོས་ཀྱང་གཞན་གྱིས་གཡོ་འགུལ་འགྲོ་བར་མི་མངོན་མཐོང་ཡང་རང་གི་ནུར་ཤུགས་ཀྱིས་འགྲོ་བས་ཕྱིན་པ་ལྟར། ཚིག་ཏུ་ཡི་གེ་བཤད་པའི་དོན་གནས་སྐབས་ཀྱི་གཏན་ཚིགས་ལུང་མན་ངག་གི་ཚིག་རང་གཉེར་གྱིས་དོན་གྱི་ངོ་བོ་གཞི་གང་དངོས་ཡིན་པ་ལ། སེལ་དེ་བཞིན་མེད་པར་བཤད་ཚུལ་མཐའ་བཅུ་དང་གཞི་ལམ་འབྲས་བུ་གསུམ་དང་དྲུག་སྦྱར་ཞིང་དྲུག་ཐོག་ཏུ་འབེབས་པའོ། །ལྡེམ་དགོངས་མན་ངག་གི་ཚིག་གང་ཞེ་ན། གང་ཞིག་གང་ལྟར་གང་འགྲོ་བ། །ཞེས་པ་དག་དཔེར་གནའ་ཕྲུག་ཆུང་ངུ་གང་ཞིག་བྲག་གི་གཡང་སར་གང་ལྟར་འགྲོ་བ་གང་འགྲོ་བ་ནི་ཆུང་བས་རི་དྭགས་གཞན་པར་མི་འཚམས་མ་རིགས་ནའང་ཁོ་ཉིད་ལ་བདེ་བླག་ཏུ་འཚམས་སྣང་པ་ལྟར་ཕྱི་པ་ལྟ་བུའི་ངག་བརླངས་པོ་དང་ལྔ་ཚོ་བཞི་སྤྱད་པ་ལྟ་བུ་ཞེར་འདེབས་པའི་སྐྱོན་ཚིག་འཕྲུལ་དུ་སྣང་བའི་བརྗོད་སྒྲ་དག་ཚིག་བསྟན་པ་ཡང་འདིར་བཤད་པ་ལྟར་དོན་གཞན་དུ་ལྡེམ་པོ་ལ་དགོངས་ནས་གསུངས་པས། དོན་འགྲུབ་པར་རང་ཐད་དུ་གང་མི་འཚམས་ཡང་། དེ་ཉིད་ཀྱིས་འདུ་ཤེས་བསྒྱུར་ནས་འདུལ་བར་བྱེད་པས་བདེར་འཚམས་སྣང་འཚམས་པ་སྟེ་དེ་ལྟར་སྟོན་སྦྱོར་པའོ། །གཏར་ཀ་གེགས་སེལ་གྱི་ཚིག་ཅི་ལྟ་བུ་སྙམ་པ་ལ། གང་དག་ཡིད་ལ་བཏགས་པའི་ཟས། །དྲི་བའང་ཡིན་ཞེས་པ་དཔེར་ན་གླག་ཁྲ་མོ་ཞིག་རང་གི་བསམ་པར་འདོད་པའི་ཁ་ཟས་ལ་འཇུམས་པའི་ཚེ། ཤ་གཡག་ལ་སོགས་པ་གང་གི་ཡང་ཐ་མལ་གྱི་ཤ་བོར་ནས་སྙིང་འབྱིན་པ་བཞིན། ཤེས་བྱའི་དངོས་པོ་གང་དུ་སྟོན་པའི་སྐབས་སུའང་གཏར་ཀ་དང་ཐེ་ཚོམ་གྱི་དོན་གྱི་མདུད་པ་དམིགས་སུ་བཟུང་ནས་དོན་གང་མི་གསལ་བ་མཐོང་དཀའ་བ་དེ་ལུང་མན་ངག་གིས་བརྡ་མཇལ་བར་མངོན་དུ་ཐེ་ཚོམ་མེད་པར་བར་སྟོན་བྱེད་ལན་ཐེབས་པའང་ཡིན་པའོ། །ཚད་མ་བཀའ་གཞུང་གི་ཚིག་ཇི་ལྟ་བུ་སྙམ་པ་ལ། ཇི་ལྟར་སྒྲ་རླན་རྒྱུན་བྱུང་ན། །ཞེས་པ་དཔེར་ན་སྒྲ་སྙན་དུས་ཀྱི་འབྲུག་གྲགས་པས་ཆར་གྱི་རྒྱུན་བབ་བྱུང་ན། མི་རྣམས་ཀྱིས་གང་སྐྱེས་རྩི་ཐོག་གི་དངོས་པོ་དབྱར་དུས་སུ་སྐྱེ་བར་ཤེས་པ་ལ་ཡིད་ཆེས་འགྱུར་ཐེ་ཚོམ་མེད་པ་ལྟར། དེ་བཞིན་ཚད་མའི་སྒྲོ་སྐུར་བྲལ་བས་རྫུན་ནོར་སྤངས་པའི་ལུང་ཟབ་མོའི་ཡུལ་བྱུང་ན་ཚིག་གསུངས་པས། ལུང་མན་ངག་གསུམ་ཆོས་རྟགས་བཞི་དང་། ལུང་མན་གག་གིས་ལམ་པ་དག་དོན་མ་ནོར་མ་བཅོས་པ་དེ་ཉིད་ཡིན་པའི་གཏན་ཚིགས་ཡིན་པར་ངེས་ཡིད་ཆེས་པར་བྱེད་པའོ། །མཚོན་པ་དེའི་ཚིག་གང་ཞེ་ན། གང་འདིར་དག་པའི་མེ་ལོང་གིས། །ཞེས་པ་དཔེར་ན་མེ་ལོང་གཡའ་མེད་པས་བྱད་བཞིན་དང་གཟུགས་བརྙན་གསལ་བར་སྟོན་པ་ལྟར། དོན་གྱི་སྐབས་གང་རུང་དུའང་དོན་དེ་ཉེ་བར་རྟོགས་པར་མཚོན་པར་བྱེད་པའི་དཔེ་མེ་ལོང་ཕ་རོལ་ལ་གྲགས་པའི་ཆོས་དག་གིས་དོན་གྱི་དངོས་པོ་གང་མི་མཐོང་བ་བརྟག་དཀའ་བ་དེ་གསལ་བར་བྱེད་པ་ནི་དོན་དཔེར་སྦྱོར་བ་དང་། ཐ་སྙད་མཐུན་མི་མཐུན་དཔེར་སྦྱོར་བ་སྟེ། ཆོས་ཉིད་མ་སྐྱེས་པ་འདུས་མ་བྱས་པ་ཡིན་ཏེ། ལོག་རྟོག་ལྟ་བུའོ་ཞེས་པ་དང་། དེ་ལྟར་ཡིན་ཏེ་ནམ་མཁའ་ལྟ་བུའོ་ཞེས་པ་ལ་སོགས་པའོ། །བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་གིས་གོང་འོག་གི་འཁྲུགས་པ་བསྡེབས་པ་གང་ཞེ་ན། ཇི་ལྟར་སྣྲེལ་གཞི་འཆོལ་འཁྲུགས་པ། །ཞེས་པ་དཔེར་ན་ཐགས་ཀྱི་བཀད་གོང་འོག་ཏུ་དགོས་པ་འོག་དང་སྟེང་ནས་འཆོལ་བར་ལེན་པ་ལྟར། རྒྱུད་ཀྱི་ཚིག་ཚོམས་གོང་འོག་འཁྲུགས་པའི་བར་འཕེན་སྡུད་ཀྱི་ཚིག་གིས་གོ་རིམས་འཁྲུགས་པ་བསྡེབས་པ་ལ་ཉམས་སུ་བླང་ཞིང་གོ་བདེ་བར་བྱེད་པ་དང་། ཡང་སེང་གེའི་མཆོངས་པ་སློབ་བའི་སྟོབས་མ་འདྲེས་པར་གཅིག་ནས་གཅིག་ཏུ་མཆོངས་པ་བཞིན། རྒྱུད་ཀྱི་ཚིག་ཚོམ་འཁྲུག་མ་ལ་བར་དག་བཞག་ཅིང་དེ་ཉིད་གོ་རིམས་དང་འདུག་ས་བསྒྱུར་ཏེ་གོང་འོག་མཐུན་པར་ཤེས་པས་གཅིག་ཏུ་བསྡེབས་པའོ། །ལང་ཀའི་བདག་པོ་དེ་དག་ནི། ཞེས་པ་ལ་སོགས་པ་སྡུད་པ་པོ་ལ་བོས་ནས་བཤད་པ་དེ་དག་རྣམ་པ་བཅུ་ནི་བཤད་པའི་ཐབས་ཀྱི་ཡན་ལག་དབུ་ཞབས་སུ་སྦྱར་བར་ཤེས་པར་གྱིས་ཤིག་ཅེས་གདམས་པའོ། །ཞེས་གསང་བའི་བདག་པོས་ཞེས་པ་སྒྲ་བཞིན་ཏེ་བསྟན་པའི་ཡོན་ཏན་ནོ། །ཡོངས་སུ་འདྲེན་པའི་ཡན་ལག་རྣམ་པ་བགྲོས་པ་ཞེས་པ་ལེའུའི་མཚན་ནོ། །ལེའུ་ལྔ་བཅུ་པ་འགྲེལ་པའོ།། །།རྗེས་སུ་མཐུན་པར་བཤད་པ་ཡན་ལག་ལྔ་པ་ངེས་དོན་བྱེ་བྲག་གི་གཏན་ཚིགས་གང་སྙམ་པ་ལ། དེ་གནས་གསང་བའི་བདག་པོས། སེམས་དཔའ་ཆེན་པོ་ལང་ཀའི་བདག་པོ་དེ་ལ་ངེས་པར་བོས་ཏེ་རྣམ་པར་སྨྲས་པ། ཞེས་པ་འདྲེན་པ་ཚིག་གི་ཡན་ལག་བཤད་མ་ཐག་པར་ཕྱག་ན་རྡོ་རྗེས་ལང་ཀ་ལ་ངེས་པར་བོས་ཏེ། གཏན་ཚིགས་མ་འདྲེས་པར་བྱ་བའི་ཕྱིར་བཤད་པའོ། །ལང་ཀའི་བདག་པོ་འདི་ལྟ་སྟེ། གང་དུ་ངེས་པའི་ཡན་ལག་ནི། །ཞེས་པ་དག་སྡུད་པ་པོ་ལ་བོས་ནས་ཉེ་བར་བསྟན་པ་ནི། སྐབས་ཐམས་ཅད་དུ་ངེས་དོན་མ་འདྲེས་པར་བསྟན་པ་ནི། གང་ལ་གང་གིས་གང་བརྗོད་པ། །འབྲེལ་གཞི་བཤད་སྦྱོར་བརྗོད་པའི་སྒོ། །ཞེས་པ། སྡུད་པ་པོ་དང་འཁོར་གྱི་དངོས་པོ་གང་ལ་སྟོན་པས་གང་གིས་རྒྱུད་འདི་གང་བརྗོད་བཤད་པ་ལ། གླེང་གཞི་དང་རྩ་བ་གླེང་བསླང་བ་ནི་རྒྱུད་ཀྱི་རྒྱུ་རྐྱེན་ནོ། །དགོས་འབྲེལ་བཞི་དང་། འདྲེན་པའི་ཡན་ལག་རྒྱུད་ཀྱི་བཤད་ཐབས་བཅུ་དང་། ངེས་པར་སྦྱོར་བའི་ཡན་ལག་དང་། གླེང་བསླང་བ་བརྗོད་པ་འབྱུང་བའི་རྩ་བ་དང་། ཡན་ལག་ལྔས་བསྟན་པར་བརྗོད་པའི་བྱ་བ་རྒྱུད་ཀྱི་དོན་དྲི་མ་མེད་པ་གསལ་བ་སྣང་བར་སྒོ་བྱེད་པའི་དོན་ཡང་ཡན་ལག་འདི་ཉིད་དེ། དེ་འབྱུང་བའི་རྒྱུ་ནི་གདུལ་བྱའི་གང་ལ་དངོས་པོ་ལ་ཐུགས་རྗེའི་བྱ་རས་སྤྱན་རས་གཟིགས་དབང་གིས་མི་གཏོང་བར་གསལ་བའི་དབང་གིས། འདིར་གདུལ་བྱ་མང་པོ་མཐའ་ཐུག་མེད་པའི་འགྲོ་གང་དག་ཡང་ངེས་པའི་ཡན་ལག་འདི་ནི་ཉིད་ཀྱིས་དོན་གྱི་སྣོད་བཞི་རུ་ཁོ་ནར་གཟིགས་མཁྱེན་ཏེ། ཞེན་ཆགས་ཅན་དང་ལོག་སྲེད་ཅན། །རིགས་རྒྱུད་ཅན་དང་བློ་གྲོས་ཅན། །ཞེས་པ་འདོད་པ་ལ་ཞེན་པའི་གདུལ་བྱ་དང་། ལོག་པའི་ལྟ་སྤྱོད་ལ་དགའ་བ་དང་ལྡན་པའི་གདུལ་བྱ་དང་། བྱང་ཆུབ་སེམས་ངེས་པར་སྐྱེས་པས་སྤྱོད་པ་བརྟུལ་ཕོད་པས་ཐེག་པ་ཆེན་པོ་གསང་སྔགས་པའི་རིགས་དང་ལྡན་པའི་གདུལ་བྱ་དང་། ཤེས་རབ་དང་ཏིང་ངེ་འཛིན་དང་ལྡན་པའི་གདུལ་བྱ་དང་། གདུལ་བྱ་ཐམས་ཅད་རིལ་དེ་ལྟར་བཞིར་ཆ་བཞིར་སྣང་བ་སྟེ་གསལ་བ་བཞི་ཚོ་ཐོག་མའོ། །ཆེད་དུ་བསྟན་པ་སྔགས་བསྟན་ཐབས་ནི། འདོད་ཁྲིད་སྦྱོར་དང་ངེས་པར་སྣང་། །ཞེས་པ་གདུལ་ཐབས་ཏེ། འདོད་པ་ཅན་ལ་དེ་ཉིད་ཀྱིས་འདུལ་བ་དང་། ལོག་སྲེད་ཅན་ལ་ཁྲིད་ལྡེམ་དགོངས་ཀྱི་ཚིག་གིས་དྲང་བ་དང་། སེམས་སྐྱེས་པའི་རིགས་ཅན་རྣམས་གསང་བའི་དོན་བསྟན་ལ་སྦྱོར་གཞུག་པ་དང་། བློ་གྲོས་ཅན་ལ་ངེས་པའི་དོན་ཉིད་ཀྱིས་འདུལ་ལོ། །དེ་དག་བཞི་ཕྲག་གཉིས་པའོ། །དེ་དག་རེས་འགའ་ཆ་བཞི་སྟེ། །ཞེས་པ་དག་གདུལ་ཐབས་དེ་དག་བཞི་པོ་དག་ཀྱང་རེས་འགའ་ལན་གྲངས་སྟོན་པའི་སྒྲས་འདུལ་བའི་ཆོས་ཆ་ཡིས་དབྱེ་བའང་བཞི་ཕྲག་མི་མཐུན་པ་ཞིག་སྟོན་པར་འགྱུར་ཏེ། གདུལ་བྱ་འདུལ་བའི་སྐབས་ལ་བབ་པའི་དུས་སུ་འདོད་པའི་ཆོས་ལྟ་བུ་ཞིག་ལའང་མཐར་ཕྱིན་པའི་དགོས་ཆེད་དེ་གདུལ་བྱ་གང་འདུལ་བའི་སྐབས་སུ་དགོས་ཆེད་དང་། དེ་ལ་དེ་སྐད་བྱ་བ་གང་རུང་གིས་ངེས་པའི་ཚིག་དང་། བསྟན་པའི་དོན་རང་གི་ངོ་བོ་ཅི་ཞིག་ཡིན་པ་དང་། དོན་གྱི་དམིགས་བཙལ་བའི་གལ་པོའི་དམིགས་གར་འགྱུར་བའོ། །སྦྲགས་བཅས་པ་ལས་མའི་སྒྲས་འདུལ་ཐབས་གཅིག་ལའང་བཞི་བཞི་ལྡན་པར་སྟོན་པའོ། །དེ་དག་བཞི་ཕྲག་གསུམ་པའོ། །དེ་གཏན་ཚིགས་གང་གིས་ཡིད་ཆེས་པར་བྱེད་ཅེ་ན། བཀའ་དོན་གཏན་ཚིགས་རིག་པ་བཞི། །ཞེས་པ། རྒྱལ་བའི་ལུང་བཀའ་ལས་སྣང་བ་དང་། དོན་ཤེས་རྟོགས་གྱི་ངོ་བོ་དང་། རང་རང་ལ་བདེན་པར་གྲུབ་པའི་གཏན་ཚིགས་དང་། མངོན་སུམ་དང་འཐད་པ་སོགས་ཀྱི་རིག་པས་ཡིད་ཆེས་པར་བྱེད་པས་བཞི་ཕྲག་བཞིའོ། །སྣང་དང་མི་འགལ་རྒྱས་འཐད་སྦྱར། །ཞེས་པ་གཏན་ཚིགས་ཆོས་རྟགས་བཞིའི་ཚུལ་ཇི་ལྟར་སྦྱོར་བ་ནི་བཤད་པའི་བསྟན་པའི་གཞི་ཆོས་གང་སྟོན་ཡང་། ལུང་ལས་གསལ་བར་སྣང་བ་འབྱུང་བ་དང་། དོན་གྱི་ངོ་བོ་དང་མི་འགལ་བ་དང་། གཏན་ཚིགས་ཀྱིས་རྒྱས་པ་དང་། རིགས་པས་འཐད་ན་ནོར་དུ་རུང་བ་སྟེ་བཞི་ཕྲག་ལྔ་སྟེ་ཁས་བླང་བའི་རྣམ་གྲངས་ཉི་ཤུའོ། །དེས་དོན་གྱི་ངེས་པའི་གཏན་ཚིགས་དོན་ནི་གང་སྙམ་པ་ལ། ཐམས་ཅད་མེད་རྒྱུ་བཏགས་ཆགས་པ། །ཞེས་པ། ཐམས་ཅད་རྐྱེན་ལས་བྱུང་བས་ཐེར་ཟུག་མེད་པ་དང་དངོས་པོ་ཐམས་ཅད་རྣམས་ཀྱི་དེ་ཁོ་ན་མེད་ཉིད་མཐའ་རིལ་ཀ་ནས་དག་པ་ཉིད་ཐམས་ཅད་མ་བཀོལ་སྣང་བ་ཡང་གཞི་རྒྱུ་ཡིན་པས་མིང་གིས་བླ་དྭགས་རང་བློས་ཇི་ལྟར་བཏགས་པ་ལྟར་སྣང་ཞིང་ཆགས་པའོ། །བསྒྲུབ་འགྲུབ་ཇི་ལྟར་བལྟས་པར་སྣང་། །ཞེས་པ་འབྲས་བུའི་དངོས་གཞིར་གྱུར་པས། ལམ་པས་ཇི་ལྟར་དོན་དུ་གཉེར་བ་བསྒྲུབ་ལྟར་འབྲས་བུ་ཐ་དད་འགྲུབ་འགྲུབ་ཅིང་ལྟ་བས་ཇི་ལྟར་བལྟས་པའི་དོན་ཐ་དད་པར་ཐེག་པ་སོ་སོའི་ངོ་བཞིན་ཡང་སྣང་ངོ་། །གང་དག་གང་ལ་བརྡ་འཕྲད་པས། །ཞེས་པ་གཏན་ཚིགས་ཀྱི་སྒོ་ནས་དོན་གྱི་དངོས་པོ་གང་དག་རྣལ་འབྱོར་པ་གང་ལ་སུ་ཞིག་གི་བློ་ལ་གོ་ཞིང་བརྡ་འཇལ་བར་བརྡ་འཕྲ ད་པ་འགྱུར་བའི་ཕྱིར། གང་གི་དོན་ལེན་ཉིད་དུ་ངེས། །ཞེས་པ། གང་གི་ཤེས་བྱ་ཟབ་མོའི་དངོས་པོ་ཉིད་དང་འཕྲད་ནས་དོན་ཉམས་སུ་ལེན་པ་ལ་ཉིད་དུ་ངེས་བརྫུན་པ་མེད་དོ། །དེ་བས་ན་བསྟན་པ་བཞིའི་དོན་མ་ནོར་བ་གོང་གིས་བཞི་ཆ་ཕྱི་མ་གཉིས་གཏན་ལ་འབེབས་པའི་གཏན་ཚིགས་བཀའ་དོན་བཞི་སྨོས་ཏེ་ཤེས་པའི་མཚན་ཉིད་དོ། །དེ་སྐད་ཅེས་ངེས་པ་དམ་པ་ཉིད་དུ་བགྲོས་པས། ཞེས་པ་བཤད་པ་བཞིན་ངེས་དོན་གྱི་བྱེ་བྲག་མཆོག་བཤད་པའོ། །དམན་པའི་འཁོར་རྣམས་ཀྱིས་ཀྱང་གཏན་ཚིགས་རྒྱས་པར་ཁོང་དུ་ཆུད་པའི་རྒྱུས་དོན་ཚིག་བརྡ་སྨོས་པ་ཙམ་གྱིས་གསང་སྔགས་ཀྱི་དོན་ཉིད་ཉམས་རྙེད་པར་གྱུར་ཏོ། །ལེའུ་ལྔ་བཅུ་རྩ་གཅིག་པ་འགྲེལ་པའོ།། །།དེ་ནས་གང་གསང་བའི་བདག་པོས་དེས་ཞེས་པ་ལ་སོགས་པ། ཡན་ལག་ལྔ་པ་བཤད་མ་ཐག་པར། དྲུག་པ་རྗེས་མཐུད་དུ་བསྟན་པའི་ཕྱིར་སྡུད་པ་པོ་ལ་བོས་ནས་བཀའ་སྩལ་པ། ཡན་ལག་དྲུག་གི་ཐ་མ་འདིས་རྫོགས་པས་རྟོགས་པ་ལྟ་བ་ཏིང་ངེ་འཛིན་གྱི་ཉམས་སུ་བླང་བ་འཇུག་ཐབས་ལུང་གཞན་དོན་བསྟན་པ་ནི། གནས་སྐབས་དོན་དང་འབྲས་བུ་མཐར་ངེས་པ་ལ་སྦྱོར་བས་མིང་འགྲུབ་སྟེ། དབྱེ་བས་དྲུག་ཅུ་རྩ་གཅིག་ཏུ་བཤད་པའོ། །དེ་ལ་དང་པོ་རྟོགས་པ་རྣམ་བཞི་གང་ཞེ་ན། རང་བཞིན་འབྱུང་སྒོ་དབང་སྦྱོར་དང་། །ངེས་པའི་ཁོང་དུ་ཆུད་པ་ཡིས། །ཞེས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་པ་རྟགས་ན་རང་བཞིན་མ་སྐྱེས་པ་ཞིག་མེད་པ་བསམ་ན་ཐམས་ཅད་དུ་མ་འགགས་པ་ཞིག་སྣང་བ་ཉིད་བདེན་པ་དབྱེར་མེད་པར་གཅིག་པའི་ངོ་བོ་བཤད་པ་ལྟར་མེད་རྒྱུ་བཏགས་ཆགས་བསྒྲུབ་འགྲུབ་ཏུ་སྣང་བའི་བརྟག་བྱའམ་ཚུལ་བྱའི་གཞིར་གྱུར་པས་རྒྱུ་གཅིག་པར་རྟོགས་པའོ། །ཡིག་འབྲུའི་ཚུལ་ནི། ཆོས་ཐམས་ཅད་སྐུ་གསུང་ཐུགས་འབྲས་བུར་འབྱུང་བའི་སྒོ་སྟེ། གསུང་སྐུ་ཐུགས་ཨ་ཨོ་ཨཱོཾ་གྱིས་མཚོན་པའི་ལས་ཨས་མཚོན་པའི་རང་བཞིན་ཆོས་སོ་ཅོག་རང་གི་སེམས་རྒྱུ་རྐྱེན་དང་བྲལ་བས་མཚན་ཉིད་གང་དུ་མ་སྐྱེས་པར་གསལ་བའི་གསུང་དང་། དེ་ཉིད་ཉི་ཚེ་བའི་སྟོང་པ་མ་ཡིན་ཏེ། ཡེ་ཤེས་སུ་གསལ་བས་དབྱིངས་ཡེ་ཤེས་གཉིས་མེད་པའི་ཆོས་ཀྱི་སྐུ་ཡི་གེ་ཆ་གཉིས་པའི་ཚུལ་དང་། དེ་དག་ཀྱང་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡེ་ཤེས་ལྔ་མ་བཙལ་བར་རྫོགས་པའི་ཐུགས་ༀ་ཡི་གེ་རྫོགས་པའི་ཚུལ་དུ་སངས་རྒྱས་པར་རིག་པ་ལ་གསལ་བའོ། །བྱིན་གྱི་རླབས་ཀྱིས་རྟོགས་པ་ནི། རྟོགས་པའི་མཐུས་རང་དབང་མེད་པར་དོན་ལ་སྦྱོར་བ་སྟེ། དཔེར་ན་རྒྱུ་རས་སྣམ་དཀར་པོ་ལས་ཁ་དོག་དམར་པོར་སྒྱུར་བའི་མཐུ་བཙོད་ལ་ཡོད་པ་དང་། སྔོན་པོར་བསྒྱུར་ན་རམས་པ་ཡོད་བྱ་བ་ལྟར། ཁམས་གསུམ་རང་རིག་པ་རྣམ་པར་དག་པའི་སྣམ་བུ་ཡེ་ཡིན་པ་ཉིད། བཤད་པའི་རྟོགས་པ་གཉིས་ཀྱི་མཚོན་གྱིས་རང་རིག་པ་ལ་སྐུ་དང་ཡེ་ཤེས་འབྲས་བུའི་ཁ་དོག་ཏུ་སྣང་བར་བྱེད་པའི་སྣུམས་པ་ནི་རློབ་པའོ། །རིག་པ་རང་ལ་ཤར་བ་ནི་བརླབས་པའོ། །འོན་ཀྱང་མིན་པ་ལས་ཡིན་པར་བསྒྱུར་བ་ནི་མེད་དོ། །མངོན་སུམ་པར་རྟོགས་པ་ནི། དེ་ལྟར་གསུམ་གྱི་ཡང་འབྲས་བུ་སྟེ། ཆོས་རྣམས་གསང་སྔགས་དེ་ཁོ་ན་ཉིད་ལྷུན་གྱི་གྲུབ་པའི་དོན་རང་གི་རིག་པའི་མངོན་སུམ་རྟོགས་པ་ཡང་སྒྲ་ལ་རྟེན་པ་དང་དོན་ཞེ་ལ་འཛིན་པ་ཙམ་མ་ཡིན་མི་འགྱུར་ངེས་པའི་ཁོང་དུ་ཆུད་པའི་གདེང་རྙེད་པའོ། །དེ་ལྟར་བཞིས་དེ་ཁོ་ན་ཉིད་ཡང་དག་དོན་ལ་བློ་ངེས་པར་ལྟ་བ་བཞག་པར་བྱའོ། །འདི་དག་ལྟ་བ་ཁོ་ན་སྟེ་བཞི་ཕྲག་དང་པོའོ། །མཚན་ཉིད་རྣམ་པ་བཞི་སྤྱི་དང་བྱེ་བྲག་ཏུ་བསྟན་པའི་ཕྱིར། ཤེས་དང་འཇུག་དང་འབྲས་བུ་དང་། ལྷུན་གྱིས་གྲུབ་པའི་མཚན་ཉིད་ཡིན། །ཞེས་པ་མངོན་སུམ་པར་རྟོགས་པའི་ངོ་བོ་རང་གསལ་ཤེས་པའི་མཚན་ཉིད་ལྟ་བ་དང་། དེ་ལྟར་མཐོང་བའི་དོན་ལ་ཏིང་ངེ་འཛིན་གྱིས་འཇུག་པ་དང་། སྤྱོད་བསྒོམ་རྗེས་སུ་འཇུག་པ་ཏིང་འཛིན་དང་སྤྱོད་པ་གཉིས་དང་། དེ་ལྟར་འབད་པས་ཟུང་དུ་འབྲེལ་བའི་དྲོད་རྟགས་འབྲས་བུའི་མཐར་ལམ་མན་ཆོད་རིག་འཛིན་དུ་གྱུར་པ་དང་། མཇུག་མ་བཙལ་བར་ལྷུན་གྱིས་གྲུབ་པས་བསྐྱེད་དུ་བྱ་བ་མེད་པའི་འབྲས་བུ་ཆེན་མཚན་ཉིད་བཞི་པོའོ། །རྣལ་འབྱོར་ལྔའམ་བཅུའི་རྒྱུ་མཐོང་རྐྱེན་གཉིས་བསྒོམ་མཐར་འབྲས་ལྷུན་གྲུབ་ལམ་འབྲས་བུའམ། དེ་དག་ནི་རྣལ་འབྱོར་གསུམ་ཤེས་པ་གཞི་འཇུག་པ་ལམ་འབྲས་བུ་ཆེན་པོ་གྱི་དོན་དུའང་འགྱུར་རོ། །དགོས་འབྲེལ་གང་ཞེ་ན། དགོས་འབྲེལ་དེ་དགོས་དེ་མཚོན་དགོས། །དེ་ཡི་རྗེས་སུ་བྱེད་དགོས་ཡིན། །ཞེས་པ་སྙེགས་པའི་དོན་གྱིས་འདིར་རྣལ་འབྱོར་གསུམ་དང་ལམ་གྱི་དགོས་འབྲེལ་དུ་གྱུར་ཏེ། རྒྱུ་ཤེས་རྐྱེན་འཇུག་འབྲས་བུ་གྲུབ་པའི་འབྲས་བུའི་མཚན་ཉིད་བཞི་ཡང་སྔ་མ་ནི་རྒྱུ་ལ་ཕྱི་མ་ནི་འབྲས་བུའི་ཚུལ་དུའང་འབྲེལ་ཏེ། སྔ་མ་ནི་ཐབས་སུ་འགྱུར་ལ་ཕྱི་མ་ནི་ཐབས་ལས་བྱུང་བར་འབྲེལ་ཡང་འགྱུར་རོ། །དེ་བས་ན་རྣལ་འབྱོར་ལྔ་དང་བཅུ་ཡང་རྗེས་སུ་མཐུན་པར་འགྱུར་རོ། །དེ་དག་གི་དགོས་པ་ནི་སོ་སོ་ཆ་རྐྱེན་ཡན་ལག་གིས་དང་དུ་བླང་དགོས་པའོ། །དེ་ལ་མཚོན་པ་ནི་བརྗོད་པ་སྟེ་དེ་ལ་བརྗོད་བྱ་རྗོད་བྱེད་དོ། །བརྗོད་བྱ་ནི་རྒྱུད་ཀྱི་དོན་ལམ་རིམ་དང་རྣལ་འབྱོར་གསུམ་གྱི་སྐབས་སྐབས་ཀྱིས་ཤེས་པར་བྱའོ། །རྗོད་བྱེད་ནི་རྐྱེན་ཚིག་དང་ཡི་གེ་རྣམས་ཀྱིས་མཚོན་ཅིང་ཐོབ་པར་བྱེད་པའོ། །འདིར་དགོས་པ་བརྗོད་པ་ནི་ཁྱད་པར་གྱི་དགོས་པ་སྟེ་བརྗོད་བྱ་མཚོན་དགོས་པའོ། །དེ་དག་གི་རྗེས་སུ་བསྒྲུབ་པས་དེ་ལས་སུ་རུང་ནས་མཐར་ཕྱིན་པ་ནི་དགོས་པའི་ཡང་དགོས་པ་སྟེ་དེ་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟར་བཞི་ཕྲག་གསུམ་མོ། །འཇུག་པའི་ཡན་ལག་བཞི་ནི། ཐོས་ཆུང་གོམས་དང་ངེས་པར་འགྱུར། །ཞེས་པ་སྤྱིར་བསླབ་པའི་མཐའ་བཅུ་ཡང་། རིམ་པ་བསྡུས་ན་ཐབས་ཀྱི་ཐེག་པའི་གཞུང་མ་ནོར་བར་ཐོས་པར་བྱ་བའི་མཐའ་བཅུ་ཤེས་པ་ཐོས་པ་ལ་རག་ལས་པས་ཐོག་མར་གཅེས་པ་དང་། དོན་གྱི་གདེང་ཐོས་པའི་སྒོ་ནས་ཆུད་དེ་རྟོགས་པ་དང་། རྟོགས་པ་ལ་རྣལ་འབྱོར་དུ་བྱས་ནས་གོམས་པ་དང་། གོམས་པས་ལས་སུ་རུང་བས་འབྲས་བུ་མི་འགྱུར་བ་ངེས་པར་ཐོབ་པའོ། །བཞི་ཕྲག་བཞི་པའོ། །དེའི་དཔེ་དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་བཞི་ནི། ཕྱེ་མཐོང་ཞུགས་དང་ཐོབ་པ་ཡིན། །ཞེས་པ་ཐོས་པའི་ཤེས་རབ་ཀྱི་མིག་དྭངས་པ་ནི་དཔེར་མིག་ཕྱེ་བ་ལྟ་བུའོ། །ཐོས་བསམ་གྱིས་དོན་གྱི་གདེང་རྙེད་པ་ནི། གསང་སྔགས་ཀྱི་དཀྱིལ་འཁོར་རྣམ་གསུམ་མཐོང་བའོ། །དཔེར་ཕྱིའི་ཡུལ་མཐོང་བ་དང་འདྲའོ། །རྟོགས་པའི་དོན་ལ་རྣལ་འབྱོར་དུ་བྱེད་པ་ནི། དཀྱིལ་འཁོར་གསུམ་དུ་ཞུགས་པ་སྟེ། དཔེར་དཀྱིལ་འཁོར་དུ་བཅུག་པ་དང་འདྲའོ། །དེ་ལྟར་ཞུགས་ཏེ་འབད་པས་ས་འོག་མ་ནོན་གོང་མ་ཐོབ་པ་འབྲས་བུ་གྲུབ་པ་ནི། དཔེར་དཀྱིལ་འཁོར་དུ་དབང་ཐོབ་པ་དང་འདྲ་སྟེ། དེ་ལྟར་བཞི་ཕྲག་ལྔ་པའོ། །ཐོས་ཆུང་དང་ལམ་ཕྱེ་མཐོང་གཉིས་དེ་དག་ནི་ལམ་ཟག་པ་དང་པོ་ལྔ། གཉིས་པ་མཐོང་གསུམ་བསྒོམ་བཞི་པོ་མཐར་ལམ་དུ་སྦྱར་རོ། །འཆད་པའང་མཐུན་ནོ། །སེམས་འཇུག་ཅིང་སྐྱེ་བའི་ཡན་ལག་བཞི་གང་ཞེ་ན། དེ་ཚོལ་དེ་རྙེད་འཇུག་མངོན་གྱུར། །ཞེས་པ་དང་པོ་ཁོ་ནར་སྙེགས་པའི་སྒྲས་གསང་སྔགས་མིག་ཕྱེ་བའི་ཐམས་ཀྱིས་དོན་ཚོལ་བ་དང་། བཙལ་བས་གསང་སྔགས་ཀྱི་གདེང་རྙེད་དེ་བདེན་པ་མཐོང་བ་དང་། དེའི་དོན་འདྲིས་པར་བྱ་བའི་ཕྱིར་འཇུག་པ་དང་། གོམས་པར་བྱས་པས་མངོན་དུ་གྱུར་པའོ། །དེ་ལྟར་བཞི་ཕྲག་དྲུག་གོ། །བསྙེན་བསྒྲུབ་རྣམ་བཞི་ནི། བསྙེན་པ་ཉེ་བསྙེན་བསྒྲུབ་དང་འགྲུབ། །ཅེས་པ་དང་པོར་ལམ་ཚོལ་བའི་བསྙེན་པའོ། །རྟོགས་པ་ནི་ཉེ་བའི་བསྙེན་པའོ། །བསྒོམ་པ་ནི་བསྒྲུབ་པའོ། །མཐར་ཕྱིན་པ་ནི་བསྒྲུབ་པ་འགྲུབ་ཆེན་པོའོ། །འོག་གི་མ་ཧཱ་ཡོ་ག་དབང་དུ་ནི་མཉམ་པའི་དོན་ཤེས་པ་ནི་བསྙེན་པའོ། །བསྒོམ་པ་ནི་ཉེ་བསྙེན་ནོ། །ལྟ་བསྒོམ་གཉིས་སུ་མེད་པར་གྲུབ་པ་བསྒྲུབ་པའོ། །དེ་དག་ལས་སུ་རུང་བ་མངོན་དུ་གྱུར་པ་བསྒྲུབ་པ་ཆེན་པོ་སྟེ་བཞི་ཕྲག་བདུན་ནོ། །མཚན་ཉིད་དང་སྦྱར་བའི་ཡང་གྲུབ་པ་བཞི་ནི། དེ་བཞིན་མཉམ་འགྱུར་རྣལ་འབྱོར་པར། །ལྷུན་གྲུབ་ལས་སུ་རུང་བའོ། །ཞེས་པ་བཤད་པ་དེ་བཞིན་ལྟར་འཇུག་པའང་ཐོས་བསམ་གྱིས་མཉམ་པ་རྟོགས་པར་འགྱུར་བ་དང་། རྟོགས་པས་རྣལ་འབྱོར་དུ་འདྲིས་པར་བྱེད་པས་འགྲུབ་པ་དང་། བསྒོམས་པས་ལྟ་བ་དང་ཏིང་ངེ་འཛིན་ཟུང་དུ་ལྷུན་གྱིས་གྲུབ་པ་དང་། དེ་ལྟར་གྱུར་པས་མཐར་ཕྱིན་ཏེ་འབྲས་བུར་གྲུབ་པ་ལས་སུ་རུང་བའོ་དང་། བཞི་བརྒྱད་ནི་ངེས་པར་ལམ་དུ་འཇུག་པའི་རིམ་པ་སྟེ་བདག་གི་དོན་ཏོ། །སྤྱིར་གསང་སྔགས་འབྱུང་འཇུག་གི་ཡན་ལག་ནི་ལམ་ལ་རིམ་པར་ཞུགས་ནས་གོང་དུ་རིམ་པར་སྐྱེད་དུ་འབྱུང་བའོ། །འདི་དག་ལས་དོན་གྱི་རྣལ་འབྱོར་ལྔ་དང་བཅུར་དགྱེས་པའང་ཡིན་ལ། རྣལ་འབྱོར་གྱི་ཆ་རྐྱེན་སོ་སོའི་ཡན་ལག་ཏུའང་འགྱུར་རོ། །གཞན་གྱི་དོན་དུ་འབྱུང་རིམས་བཞི། །གཡོ་དང་ཆོ་འཕྲུལ་སྣང་མཛད་པའོ། །ཞེས་པ་འབྱུང་འཇུག་གི་ཡན་ལག་ངེས་པར་གཟུང་བ་ནི་བདག་དོན་འཇུག་པ་མཐར་ཕྱིན་ནས། གཞན་དོན་དུ་ཐུགས་རྗེ་འབྱུང་བས་གཞན་ངེས་པར་སྦྱོར་བ་ཁོ་ན་ཉིད་དོ། །དེ་ལའང་བཞི་སྟེ། ཐུགས་རྗེ་ཆེན་པོ་ཀུན་ཏུ་གཡོ་ལྡང་ཞིང་སྐྱེ་བ་དང་། མཚན་ཉིད་མ་ངེས་པའི་སྤྲུལ་པ་སྣ་ཚོགས་འབྱུང་བ་དང་། སྐུ་གསུང་ཐུགས་ཀྱི་མཛད་པའི་དངོས་པོ་གདུལ་བྱ་ལ་སྣང་བ་དང་། དེས་ཇི་ལྟར་འཚམས་པར་མཛད་པ་དང་མཛད་སྤྱོད་བཞིའོ། །ཡང་ན་ཆོ་འཕྲུལ་བཞིའོ། །ཇི་ལྟར་རིམ་བཞིན་སྦྱར་བ་ཡིན། །ཞེས་པ། བདག་དོན་ཚུལ་གྱི་ཇི་ལྟ་བར་ལམ་པ་དེ་དག་གི་བློའི་རིམ་པར་འགྲོ་དོན་ལ་སྦྱོར་བའོ། །ཤེས་པ་ལྔ་གང་སྙམ་པ་ལ། དེ་ཤེས་དེ་མ་སྐྱེས་པར་ཤེས། །དེ་དུས་དངོས་མེད་ཤེས་པ་དང་། །ཡེ་ནས་ཤེས་པ་རིམ་བཞིན་ནོ། །ཞེས་པ་དོན་བྱ་བའི་གདུལ་བྱའི་མཚན་ཉིད་ཇི་ལྟ་བ་མ་འདྲེས་པར་མཁྱེན་པ་དང་། དེ་ལྟ་བུའི་གདུལ་བྱའི་རང་བཞིན་མ་སྐྱེས་པར་ཡང་ཤེས་པ་དང་། དེ་ལྟར་མཁྱེན་ཅིང་དོན་བྱེད་པའི་དུས་ཤེས་པ་དང་། བདག་དང་གཞན་དང་ཐབས་ཀུན་སྣང་སྟོང་གི་དངོས་པོ་གཉིས་ཀའང་མེད་པར་མཁྱེན་པ་དང་། དེ་ཡང་འཕྲལ་དུ་བཙལ་བ་ལས་བྱུང་བ་མ་ཡིན་ཏེ། ཡེ་ཕྱི་མོ་ཉིད་ནས་ཐམས་ཅད་གསལ་བར་མཁྱེན་པས་འགྲོ་དོན་སྐལ་པའི་རིམ་པ་བཞིན་མཛད་པའོ། །སྐབས་ཁ་ཅིག་ཏུ་གྲངས་ཀྱི་སྤྱི་དབང་གིས་ཐམས་ཅད་འདུས་པར་ཤེས་པ་ཞེས་བྱ་བའི་གྲངས་ལྔ་ཚོགས་སུ་སྦྱར་བར་ཡང་འགྱུར་ཏེ་ཤེས་པ་ལྔའོ། །སྔགས་ཀྱི་སྤྱོད་པའི་རང་བཞིན་ལྔ་ཇི་ལྟ་བུ་ཞེ་ན། ཐམས་ཅད་མཉམ་ཉིད་དེ་ཉིད་དང་། །བསྒྲུབ་དང་མི་འདའ་སྤྱོད་མཐུན་རྫས། རང་བཞིན་རྣམ་པ་ལྔར་སྣང་བའོ། །ཞེས་པ་འཁོར་བའི་དངོས་པོ་བཞི་ལ་སོགས་པ་ཐམས་ཅད་རིལ། བཟང་ངན་སྤོང་ལེན་དབྱེར་མེད་པ་མཉམ་ཉིད་དང་། ཡེ་ནས་མ་བ ཅོས་པ་དེ་བཞིན་ཉིད་ཡིན་པའི་ལྟ་བའི་དོན་བརྗོད་པའི་ཕྱིར་དང་། དེ་དག་གིས་བདག་གཞན་གྱི་དོན་གཉེར་བའི་བསྒྲུབ་པའི་མཆོག་དང་ཐུན་མོང་བྱེ་བྲག་རྣམས་དང་། སྤྱད་བྱ་དམ་དེ་དག་འགྲོ་དོན་དུ་སྤྱད་པར་བྱ་བ་ལས་མི་འགྱུར་བའི་བྱིན་གྱི་བརླབས་ཀྱི་སྤྱོད་པ་དང་། དབང་བསྒྱུར་དང་ཐབས་སྤྱོད་ལ་སོགས་པའི་སྤྱོད་པ་རིལ་དམ་ཚིག་རྣམས་དང་། ལོག་སྲེད་ཅན་ལ་སོགས་པ་དང་། སྤྱོད་པའོ་ཐེག་པ་རྣམས་ཅོག་དང་མཐུན་པས་དོན་བྱ་བ་དམ་རྫས་ལྔ་ལ་སོགས་པའི་ཡོ་བྱད་དང་། སྤྱིར་གསང་བ་ནང་པ་ཁྱད་པར་དུ་རྒྱུད་འདི་བཤད་པའོ་རང་བཞིན་ལྔར་སྣང་བ་ལས་མི་འདའ་བའོ། །ཐབས་རྣམ་པ་ལྔ་བསྟན་པའི་ཕྱིར། གང་མཁས་ཆེ་དང་མང་ཡས་ཡངས། །ཞེས་པ་ཐབས་ཀྱི་དངོས་པོ་རྣམས་ལ་གང་ཕྱིན་ཅི་ལོག་ཆུད་མི་ཟ་བར་དོན་ལ་གཞུག་མཁས་པ་དང་། ཉོན་མོངས་འདོད་ཡོན་ལྔ་མཚམས་མེད་ལྔ་བྱང་ཆུབ་ཀྱི་ལམ་དུ་སློང་བའོ་ཐབས་ཤིན་ཏུ་ཆེ་བ་དང་། གདུལ་བྱའི་གྲངས་ལྟར་བསམ་གྱིས་མི་ཁྱབ་པའོ། །ཐབས་མང་བ་དང་། གསང་སྔགས་ཀྱི་སྒོར་མ་ཤོང་བ་དང་མི་སྤྱད་པ་མེད་ཐབས་ཡངས་པ་དང་། མཐའ་གཏུག་པའི་ཆོས་ཐམས་ཅད་ཐབས་སུ་མ་གྱུར་པ་མེད་པས་ཐབས་གང་ཡང་ཡས་མི་སྤོང་བའོ། །ཐབས་ཀྱི་བཤད་སྦྱར་ལྔ་ནི། གང་དུག་སྨན་དུ་བསྒྱུར་བ་ལྟར་ཉོན་མོངས་པ་ཉིད་ཀྱིས་གྲོལ་བར་བྱེད་པ་དང་། གང་ལོག་སྲེད་ཅན་རིལ་ཡང་དག་པར་བཙུད་པས་གང་ཡང་ཐུགས་རྗེས་མ་ཟིན་པ་མེད་པའི་ཐབས་རླབས་པོ་ཆེའོ། །ཐབས་མང་བས་གདུལ་བྱའི་གྲངས་ལྟར་ཇི་ལྟར་ཡང་བསྟན་ནས་འདུལ་བ་བསམ་གྱི་མི་ཁྱབ་པའོ། །དང་། ཐབས་ཡངས་པས་ཀུན་ཤོང་གང་མ་འདུས་པ་མེད་པ་ནམ་མཁའི་མཐའ་གཏུག་པའི་ཆོས་ཐབས་སུ་མ་གྱུར་པ་མེད་པའོ་དང་། ཀུན་སྤྱོད་མི་སྤོང་བས་ཀུན་དང་མཐུན་པར་དོན་སྤྱོད་པའོ། །དེ་དག་གིས་གཞན་དོན་ལ་བདེ་བླག་ཏུ་འཇུག་པའོ། །ཕྲིན་ལས་རྣམ་བཞི་བསྟན་པ་ནི། བཅོམ་དང་ཞི་དང་མཐའ་རྒྱས་དང་། །ཆུབ་པར་འདུས་པས་ལས་བཞིའོ། །ཞེས་པ་དྲག་པོས་གདུལ་དཀའ་གཞོམ་པ་དང་། ཞི་བས་གདུག་ཅན་ཞི་བ་དང་། རྒྱས་པས་ཚེ་དང་བསོད་ནམས་དང་དཔལ་དང་གཟི་བརྗིད་འཕེལ་བ་དང་། དབང་གིས་རིལ་བདག་གི་བར་འགྱུར་བའོ། །དེ་ཡང་སྦྱིན་སྲེག་དང་རོ་སྲེག་གོ། །དེ་ལའང་འཇིག་ཆགས་ལྟ་བུ་རང་བཞིན་དང་། སྤྱོད་པ་རྣལ་འབྱོར་པས་གང་དགོས་ཀྱི་ལས་དང་། རང་སྣང་གི་མཛད་པ་འབྲས་བུའི་ལས་བཞི་ལས་འདིར་འབྲས་བུ་ཐུགས་རྗེའི་ལས་བཞིའོ། །གང་དུ་སྦྱོར་བའི་ཡན་ལག་འདིས། །ཞེས་པ་དག་ནི་སྐབས་གང་ཞིག་ཏུ་བདག་གཞན་གྱི་དོན་ལ་སྦྱོར་བའི་ཡན་ལག་ཡན་ལག་ཐམས་ཅད་རྫོགས་པ་སྟེ་འདིར་དྲུག་ཚང་སྟེ། དེ་ལ་གཞན་དོན་དུ་བཞི་ཚོ་གསུམ་དང་། ལྔ་ཚོ་གསུམ་གྱི་དབང་དུ་ནི་བདག་དོན་དང་བསྡོམས་པས་ལྔ་བཅུ་རྩ་དགུ། བདག་གཞན་གྱི་དོན་གཉིས་དང་དྲུག་ཅུ་རྩ་གཅིག་གོ། །རིམས་སུ་འཇུག་པ་དང་། རྒྱུད་མ་ཧཱ་ཡོ་གའི་རྐྱེན་བཤད་པ་སྟེ། སྔར་བཤད་པའི་རྗེས་བསྙགས་ན་ཤེས་པའང་ལྔར་འགྱུར་ཏེ། བཞི་ཕྲག་བཅུ་དང་། ལྔ་ཕྲག་བཞི་དང་དྲུག་ཅུ། རྩ་བ་ངེས་པར་སྦྱོར་བ་ཉིད་དང་དྲུག་ཅུ་རྩ་གཅིག་གོ། །འདི་ནི་གཞུང་གི་དེ་ལྟར་སྣང་ངོ་། །ལང་ཀའི་བདག་པོ་དེ་དག་ནི་ཞེས་པ་སྒྲ་བཞིན་ནོ། །འཇུག་པ་ཐབས་ཀྱི་ཡན་ལག་ལས་ཐམས་ཅད་རྣམ་པར་འགྲེལ་བའི་ལེའུ་ཞེས་པ། བདག་དོན་དུ་འཇུག་པ་དང་གཞན་དོན་ཐབས་ཀྱིས་བྱེད་པའི་ཡན་ལག་ཏུ་བསྙེགས་པ་རྣམས་ཀྱི་འབྲེལ་བ་གཉིས་ཀྱིས་འབྲེལ་བར་བསྟན་པའི་དོན་ཚོམས་སོ། །ལེའུ་ལྔ་བཅུ་གཉིས་པ་བཀྲོལ་བའོ།། །།ལྡེའུ་མིག་དང་པོའི་དོན་རྣལ་འབྱོར་ཐ་མའི་རྐྱེན་རྫོགས་པ་སྟེ། འཆད་པའི་ལྡེའུ་མིག་གཉིས་ཡན་ལག་དང་བཅས་པའང་རྣལ་འབྱོར་དབུ་མ་པའོ། །ལྡེའུ་མིག་གཉིས་པ་ཅིག་ཆར་བའི་ཡུལ་རང་བཞིན་ལྟ་བའི་ཚིག་བཤད་པ་ལ་འཇུག་པའི་ཕྱིར། དེ་ནས་ཡང་ལང་ཀའི་བདག་པོས་གསང་བའི་བདག་པོ་ལ་དྲིས་པ། ཀྱེ་གསང་བའི་བདག་པོ། མདོ་ཡོངས་སུ་དགྲོལ་བ་ཞེས་བགྱི་བ་ཇི་ལྟར་ལགས། ཞེས་པ་ཡན་ལག་དྲུག་ལྡེའུ་མིག་དང་པོ་བསྟན་མ་ཐག་པར་ཞུ་བའི་མི་མཐུན་པའི་ལེའུ་བཞི་བཅུ་དྲུག་པ་ལས་གསུངས་པའི་ལྡེའུ་མིག་བར་མ་ཞུ་བའི་ཕྱིར། སྡུད་པས་སྟོན་པ་ལ་བོས་ནས་དྲིས་པ་ནི། ལེའུ་དེ་ཉིད་ལས་གསང་སྔགས་ཐུན་མོང་མ་ཡིན་པའི་མདོ་བཞི་བཀའ་སྩལ་བ་དེ་ཤེས་པར་བྱ་བའི་ཕྱིར་དགྲོལ་ཐབས་དྲིས་པའོ། །གསང་བའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ། མདོ་ནི་འདི་ལྟར་གང་དུ་གང་ལྟར་བརྗོད་པ་ཐམས་ཅད་མདོ་བཞི་པོ་འདི་ཁོ་ནར་ཟད་དོ། །ཞེས་པ་ལན་དུ་སྟོན་པས་བོས་ནས་གསུངས་པ། ལེའུ་ཞེ་དྲུག་པའི་སྐབས་སུ་ནི་ཚིག་ཐམས་ཅད་ཀྱི་དོན་མདོ་བཞིར་བསྡུས་པ་དེ། དགྲོལ་བའི་ཐབས་གནས་གང་དུ་རྒྱུད་ཚུལ་ཇི་ལྟ་བར་བཀའ་སྩལ་བའི་གཏན་ཚིགས་དང་ཐབས་རིལ་འཆད་པའི་མདོ་བཞིར་འདུས་ཏེ་དེ་ལས་མེད་པའོ། །ལང་ཀའི་བདག་པོ་བཞི་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་ལ་སོགས་པ་སྡུད་པ་ལ་གྲངས་ཉེ་བར་བསྟན་པ་ནི། ཆོས་ཀྱི་དངོས་པོ་ཇི་ལྟ་བུ་ཐོས་པས་འཚང་རྒྱ་བའི་མདོ་དང་། ལམ་པ་གང་ཞིག་གིས་དོན་ཇི་ལྟ་བར་རྟོགས་པའི་མདོ་དང་། རྣལ་འབྱོར་པ་སུ་ཞིག་གིས་མངོན་དུ་གྱུར་པས་ཆུབ་པའི་མདོ་དང་། དུས་ཀྱི་དངོས་པོ་ཐམས་ཅད་ནས་ཐམས་ཅད་དུ་འབྲས་བུ་ཐོབ་པར་བྱར་ཡང་མེད་པའི་མདོའོ། །དང་པོ་ཐོས་པའི་མདོ་བསྟན་པའི་ཕྱིར། ལང་ཀའི་བདག་པོ། དེ་ལ་གང་ཐོས་པས་ངེས་པར་འབྱུང་བ་ནི། ཞེས་པ་བོས་ནས་བཞི་ལ་སྙེགས་པས་ཐོས་པ་བཀར་ནས་སྟོན་པའོ། །ཀུན་གྱི་རང་བཞིན་དེ་བཞིན་ཉིད། །ཅེས་པ་དངོས་པོ་གཉིས་པ་རིལ་གྱི་རང་བཞིན་ཡེ་མ་བཅོས་པ་ལྷུན་གྱིས་གྲུབ་པ་དེ་བཞིན་ཉིད་ལས་ཡོན་ཏན་གྱི་ཁྱད་པར་ཤེས་བྱའི་མདོ་བཞིར་བསྟན་པའི་དོན་གང་ཡིན་པ་དེ། གང་གིས་ཐོས་པ་དེ་ཉིད་དུ། །ཞེས་པ་དག་རྣལ་འབྱོར་སུ་ཞིག་གིས་མ་ནོར་བར་ཐོས་པའི་དུས་དེ་ཁོ་ནའི་ཉིད་དུ་ཚེ། ཆོས་སོ་ཅོག་གི་དངོས་པོ་མེད་སངས་མ་སྤངས་བྲལ་བའི་ཡེ་ཤེས་ཆེན་པོ་རྒྱས་ཀུན་ལ་སྣུམས་ཀུན་ཁྱབ་རྒྱས་ཤིང་བདལ་བའི་དོན་དེ་ཤེས་དེ་རྟོགས་ཤིང་ཁོང་དུ་དེ་བཞིན་དུ་ཆུབ་ཆུད་པས་འཁོར་བ་མ་སྤངས་ངེས་པར་བྱུང་བའི་ཕྱིར་གཅིག་ཤེས་ན་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་པའམ་ཐོས་པ་བྱའོ། །རྟོགས་པའི་སྒོམ་པ་མདོ་བསྟན་པའི་ཕྱིར། ལང་ཀའི་བདག་པོ་གང་གིས་མཐོང་བས་ངེས་པར་འབྱུང་བ་ནི། ཞེས་པ་བོས་ནས་རྟོགས་པས་འགྲུབ་པའི་མདོ་ངེས་པར་འབྱུང་ངེས་པར་ཉེ་བ་བསྟན་པ་ནི། གང་གིས་དེ་བཞིན་དེ་མཐོང་ནས། །ཞེས་པ་དག་རྣལ་འབྱོར་པ་གང་གིས་གཞུང་ཐོས་པས་ཆོས་རྣམས་ཀྱི་དེ་བཞིན་ཉིད་སྐྱེ་བ་མེད་པ་མཐོང་བ་མེད་པའི་དོན་ཤེས་རབ་ཀྱིས་ཅིར་ཡང་མ་མཐོང་བར་མཐོང་བས། སྣང་སྲིད་སྣོད་བཅུད་དུ་ཞེན་ཅིང་སྣང་བ་རིལ་མ་བཀོལ་བར་དེ་བཞིན་ཉིད་དུ་དྲི་མ་མེད་པར་ཡོངས་སུ་དག་གསལ་བ་ལ་ཅི་ལས་དང་སྤྱོད་པ་དང་མཚན་མ་གང་ལའང་ཉམ་ང་ཡོད་མ་ཡིན་སྤྱད་ཀྱང་འཛིན་པ་བྲལ་བས་འཁོར་བར་ལྟུང་བའི་དོགས་པ་མེད་དེ། དེའི་ཅིའི་ཕྱིར་ཞེ་ན། དེ་བཞིན་ཉིད་དེར་ཀུན་འཁོར་བའི་དངོས་པོ་ཉིད་བདེ་ལྡན་ཞིང་དུ་སངས་རྒྱས་པའི་ཕྱིར་རོ། །བསྒོམས་པས་མངོན་དུ་གྱུར་པའི་མདོ་བསྟན་པ་ནི། ལང་ཀའི་བདག་པོ་གང་གིས་མངོན་སུམ་པར་ངེས་པར་འབྱུང་བ་ནི། ཞེས་པ་བཤད་པའི་རྗེས་སུ་བསྙད་དེ། གང་གིས་སྟོང་ཉིད་དེ་ཤེས་པ། །ཞེས་པ་ལ་སོགས་པ་སུ་ཞིག་གིས་མཐའ་གཉིས་དམིགས་སུ་མེད་པའི་སྟོང་ཉིད་དོན་གོ་བའི་དེ་ཤེས་པ་དུས་དེར་ནི་དེ་ཉིད་དུ་ཆོས་ཐམས་ཅད་ཀུན་རང་རིག་པའི་མངོན་སུམ་དུ་ཇི་ལྟ་བ་དེ་ཉི་དུ་སྟོང་ཉིད་ཤར་བས་རང་གི་མཚན་ཉིད་རིག་པར་གསལ་བ་ལ་དམིགས་པའི་ཡུལ་དུ་བྱེད་པའི་ཕྲ་རྟོག་ཀྱང་བྲལ་ན་རགས་པ་ངེས་པར་ཟད་ལྟ་ཅི་སྨོས་ཏེ། དེ་ལྟ་བུའི་སྐྱེས་ཆེན་ལ་རེ་དོགས་ཐམས་ཅད་དང་བྲལ་བའི་ཕྱིར་དེས་བག་ཚ་བ་མེད་དོ། །རིལ་དེ་ཉིད་ཁོ་ན་ཉིད་དུ་མངོན་སུམ་སངས་རྒྱས་ཡིན་རང་གསལ་ཉི་མའི་སྙིང་པོ་བཞིན་རྟོག་སྒྲིབ་བཙལ་གྱིས་མི་རྙེད་དེ། དེ་ཁོ་ན་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་དོ། །དེ་ལྟར་མདོ་གསུམ་ནི་རང་རང་སྐབས་ན་ཡེ་མཉམ་པའི་དོན་ཡོད་ཀྱང་རིམ་པས་མཐར་ཕྱིན་པའོ། །མདོ་ཐ་མ་གང་ཞེ་ན། ལང་ཀའི་བདག་པོ། ཞེས་པ་དག་ཀྱང་རྗེས་སུ་བསྙད་དོ། །ཐམས་ཅད་དེ་བཞིན་ཉིད་དབྱིངས་སུ། །ཞེས་པ་དག་དངོས་ཐམས་ཅད་སྟོང་རིལ་མཉམ་པ་ཆེན་པོ་དེ་བཞིན་ཉིད་མུ་མཐའ་མེད་པ་རིལ་གྱི་འབྱུང་གནས་ཆེན་པོ་དབྱིངས་སུ་དེ། ལམ་པས་བརྟགས་དཔྱད་ལས་བྱུང་བ་མེད་དེ་ཐོག་མ་ཡེ་ནས་ནས་དེ་ཉིད་བྱུང་ཐེབས་པས་རྣམ་རྟོག་མེད་འབྲས་བུ་སངས་རྒྱས་འབའ་ཞིག་ལ། འཕྲལ་དུ་རིག་པས་མངོན་སུམ་དུ་བཤད་པ་ལྟར་སངས་རྒྱས་སུ་ག་ལ་ཡོད་ཞེན་མཐའ་འབྲལ་དུ་མེད་དོ། །དེ་བས་ན་གྲོང་ཁྱེར་གསུམ་ཉིད་ཡེ་དེ་བཞིན་ཉིད་དེ་ཁོ་ནའོ་མ་བསླད་མ་ནོར་ངེས་པ་ལ་སངས་རྒྱས་ཀྱི་བླ་དྭགས་ཉིད་དང་ཡེ་བྲལ་བའོ། །དེ་དག་ནི་འཚང་རྒྱ་བར་འདོད་པའི་ཞེན་པ་དགག་པ་དང་། ངོ་བོ་དེ་ཁོ་ན་ལ་དགོངས་ཤིང་དགོས་པའོ། །དེ་དག་གིས་མདོ་བཞི་མངོན་དུ་བྱེད་པས་དགྲོལ་བའི་དོན་ཏོ། །ལང་ཀའི་བདག་པོ་དེ་དག་ནི་ཞེས་པ་དག་སྒྲ་བཞིན་ནོ། །མདོ་རྒྱ་ཆེར་འགྲེལ་པའི་ལེའུ་ཞེས་ལེའུའི་མཚན་དོན་ནོ། །ལེའུ་ལྔ་བཅུ་གསུམ་པའི་འགྲེལ་པའོ།། །།ལེའུ་ཞེ་དྲུག་པའི་ལྡེའུ་མིག་གསུམ་པ་བཤད་པར་རྗེས་སུ་འགྲེལ་བའི་ཕྱིར། དེ་ནས་ཡང་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཞེས་པ་མདོ་བཞི་བསྟན་མ་ཐག་པར་ཅིག་ཆར་བའི་ཡུལ་ཆེན་པོ་རྩ་བ་གསུམ་དྲི་བ་མི་མཐུན་པ་དེ་སྡུད་པས་སྟོན་པ་ལ་ཞུས་པ། ཀྱཻ་གསང་བ་པའི་བདག་པོ་གང་གི་རྩ་བ་ནི་གང་། ངེས་པར་འབྱིན་པ་ནི་གང་། ཞེས་པ་དག་སྟོན་པ་ལ་བོས་ནས། གསང་སྔགས་ནང་པའི་རྩ་བ་དང་། ངེས་པར་འབྱིན་པ་མཐར་ཕྱིན་པར་བྱེད་པའི་དངོས་པོ་དྲིས་པ་སྟེ། གསོལ་བ་བཏབ་པའོ། །གསང་བ་པའི་བདག་པོས་སྨྲས་པ། ཞེས་པ་དག་སྟོན་པས་དྲིས་པ་ལ་ལེགས་པར་གནང་བ་གཉིས་ཏེ། དྲི་བའང་གཉིས་ཀྱི་ཕྱིར་རོ། །དེ་ཉེ་བར་བསྟན་པ་ནི། རྩ་བ་ནི་མེ་ལོང་དང་། མི་མཐུན་པ་དང་། ངེས་པའོ། །ཞེས་པ་ལེའུ་བཞི་བཅུ་དྲུག་པའི་རྩ་བ་གསུམ་གཏན་ལ་འབེབས་ཤིང་ཉམས་སུ་ལེན་པའི་རྩ་བ་གསུམ་གྱི་གྲངས་ཏེ། ང་བཞི་པ་དང་། ང་ལྔ་པ་དང་། ང་དྲུག་པའི་ལུས་བསྟན་པའོ། །ལང་ཀའི་བདག་པོ་མེ་ལོང་ནི་འདི་ལྟར་ནམ་མཁའི་ཆོས་མཐུན་པའི་དཔེ་ཉེ་བར་བཟུང་བ་སྟེ། ཞེས་པ་ལེའུ་འདིས་དཔེའི་རྩ་བས་གསལ་བར་བྱེད་པའང་། འདིར་ནམ་མཁའ་ཆོས་དུ་དང་ལྡན་པས་དེ་ཁོ་ན་ཉིད་དང་མཐུན་པའི་དཔེར་བཟུང་བ་སྟེ། ནམ་མཁའ་ལ་ཆོས་ཇི་ལྟར་ཡོད་པ་ལྟར། དེ་ཁོ་ན་ཉིད་ལ་ཡོད་པས་སྦྱར་བ་རྟོགས་པར་བྱ་བའོ། །དཔེའི་ཆོས་བསྟན་པའི་ཕྱིར། ལང་ཀའི་བདག་པོ། དེ་ལ་ནམ་མཁའ་གང་ཞེ་ན། འདི་ལྟ་སྟེ། རང་བཞིན་གཅིག་པ་དང་། ཞེས་པ་ལ་སོགས་པ་བོས་ནས་དཔེ་ཉེ་བར་བསྟན་པ་ནི། ནམ་མཁའ་ཞེས་བརྗོད་པ་ཐམས་ཅད་རང་བཞིན་སྟོང་པར་གཅིག་པ་དང་། ཆར་རྡུལ་ལ་སོགས་པས་མི་གོས་པ་དང་། ཆོས་ཅན་སྣ་ཚོགས་སྣང་བའི་གོ་འབྱེད་པ་དང་། རྒྱུ་རྐྱེན་འདུས་པ་ལས་བྱུང་བ་མེད་པ་དང་། གཉེན་པོས་འཇིག་པ་མེད་པ་དང་། དབྱིབས་འདི་འདྲར་བསྟན་དུ་མེད་པ་དང་། ཁ་དོག་མ་ངེས་པས་གཟུང་དུ་མེད་པ་དང་། རྒྱུ་རྐྱེན་ལས་བྱས་པ་མ་ཡིན་པའོ། །དེ་བཞིན་དུ་དེ་ཁོ་ན་ཉིད་ཇི་བཞིན་པ་དེ་ཡང་རྣམ་གྲངས་ཇི་སྙེད་དུ་བརྗོད་ཀྱང་། རང་བཞིན་མཐའ་ཐམས་ཅད་ལས་གྲོལ་བ་དང་། ལས་ཀྱི་བག་ཆགས་དང་དངོས་མཐའ་རིལ་གྱིས་མ་རེག་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཇི་སྙེད་པའི་གསལ་བྱེད་ཀྱི་རྒྱུ་ཉིད་ཡིན་པ་དང་། རང་གི་ངོ་བོ་གང་དུའང་སྣང་བ་མེད་པ་དང་། སྲིད་གསུམ་ཆུ་ལྟར་འཁྲུག་ཀྱང་བརླགས་པ་མེད་པ་དང་། བསམ་གྱིས་མི་ཁྱབ་པའི་དབྱིབས་ཁ་དོག་ཅན་པས་རྣམ་པའི་དབྱིབས་ཁ་དོག་བྲལ་བ་དང་། འཕྲལ་དུ་རྒྱུ་རྐྱེན་ལས་བྱས་པ་མ་ཡིན་པའོ། །གཟུང་བ་མེད་པ་དང་། ཞེས་པ་ལ་སོགས་པ་དཔེ་ནམ་མཁའ་ལ་ཡུལ་རང་གི་ངོ་བོ་གཟུང་བ་མེད་པ་དང་། དེ་ལྟར་འཛིན་པ་པོ་མེད་པ་དང་། མཐའ་ཐུག་པ་མེད་པ་དང་། དབུས་སུ་གཟུང་བ་མེད་པ་དང་། སྔ་ལས་རྒྱ་ཁྱོན་དང་གྲངས་ལས་འཕེལ་བ་མེད་པ་དང་། ཕྱིས་དེ་ལས་ཆུང་ངུ་འགྲིབ་པ་མེད་པ་དང་། གནས་གཞན་ཞིག་ཏུ་འགྲོ་བ་མེད་པ་དང་། སླར་འདིར་འོང་བ་མེད་པའོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱང་རིལ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སྤྱོད་ཡུལ་དང་བྲལ་བ་དེ་ལ། གཟུང་འཛིན་གྱི་མཐའ་མེད་པ་དང་། ཐམས་ཅད་དུ་མཉམ་པས་བདལ་བར་གསལ་བ་དབུས་མཐའི་ཚད་བྲལ་བ་དང་། ཡེ་རྒྱུ་འབྲས་ལྷུན་གྱིས་གྲུབ་པའི་བདག་ཉིད་ལ་དབྲི་བསྣན་མེད་པའི་ཕྱིར་དང་། ཐམས་ཅད་རང་བྱུང་ཆེན་པོའི་ངོ་བོ་ལ་རྟེན་དང་བརྟེན་ཅན་གྱིས་གནས་དང་ཕྱོགས་བྲལ་བའི་ཕྱིར་རོ། །གཡོ་བ་མེད་པ་དང་། ཞེས་པ་ལ་སོགས་པ་དཔེ་ནམ་མཁའ་ལ་ཕན་ཚུན་དུ་འབྱུང་བ་མེད་པ་དང་། གཞན་དུ་བསྐྱོད་པ་མེད་པ་དང་། གང་ལའང་ཞེན་པ་མེད་པ་དང་། རྟེན་པ་མེད་པ་དང་། རྐྱེན་གྱིས་དངོས་པོ་ཞིག་འཇིག་པ་མེད་པ་དང་། ཞིག་ནས་ནམ་མཁའ་སྟོང་པ་མེད་པ་དང་། སྔ་ཕྱི་མི་འདྲ་བར་འགྱུར་བ་མེད་པ་དང་། གང་ལའང་ནམ་མཁས་མ་ཁྱབ་པ་མེད་པའོ། །དེ་བཞིན་དུ་དེ་བཞིན་ཉིད་ཀྱང་དངོས་པོ་གཉིས་པ་ཅིར་ཡང་སྣང་ཡང་དེ་ཉིད་པའི་ཕྱིར་དང་། ཐམས་ཅད་ལ་སོན་ཟིན་པའི་ཕྱིར་དང་། ཡུལ་ཇི་སྙེད་པའང་དེ་ཉིད་དུ་རང་གསལ་བ་ལ་ཞེན་པ་མེད་པ་དང་། མཚན་ཉིད་གང་དུའང་མི་ཟིན་པས་རྟེན་བྲལ་བ་དང་། མི་འགྱུར་བའི་ངོ་བོ་རྟག་པ་ཆེན་པོར་བཞུགས་པ་དང་། ཅིར་ཡང་སྣང་བ་མི་འགོག་པ་དང་། མཉམ་པ་ཆེན་པོ་འཇིག་པ་དང་བྲལ་བས་མི་འདྲ་བ་ལས་མི་འདྲ་བར་སོང་བ་མེད་པ་དང་། ཐ་སྙད་ཀྱི་ཆོས་སྣང་ཞིང་གྲགས་སོ་ཅོག་དེ་ཉིད་པས་ཀུན་ལ་བདལ་བའོ། །མི་འབྱུང་མེད་པ་དང་། མ་ཆུབ་པ་མེད་པ་དང་། ཞེས་པ་དག་ནམ་མཁའི་ངང་ལས་མི་སྣང་བ་མེད་དེ་ཅིར་ཡང་སྣང་བ་དང་། དེར་མ་འདུས་པ་མེད་པ་དང་། དུས་མཐར་གནས་ཀྱང་སྐྱོ་བ་མེད་པ་དང་། ངོ་བོ་ཕྱིས་མི་སྣང་བར་འགྱུར་བ་མེད་པ་དང་། རང་གི་མཚན་ཉིད་ངེས་པར་གཟུང་བ་མེད་པ་དང་། སྐྱེད་བྱེད་མེད་པ་དང་། སྨིན་པར་བྱེད་པའི་གྲོགས་མེད་པ་དང་། དེ་གཉིས་འཛོམ་པས་བསྐྱེད་པའི་ནམ་མཁའ་མེད་པ་དང་། ལས་ཀྱི་ཚི་ཆད་པའི་རྩོལ་བ་མེད་པ་དང་། འཕྲལ་དུ་ལས་མངོན་པའི་རྩོལ་བ་མེད་པའོ། །དེ་བཞིན་དུ་གསང་སྔགས་ཇི་བཞིན་པ་དེ་ཡང་བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་དུ་ཤར་བའི་ཕྱིར་དང་། དངོས་པོ་གཉིས་པ་དེ་རིལ་བྱུང་ཐེབས་པ་དང་། དུས་གསུམ་དུ་ཟླ་མེད་པར་བཞུགས་ཀྱང་དུབ་པ་མེད་པའི་ཕྱིར་དང་། དབྱིངས་གཏིང་མཐའ་མེད་པ་འཕོ་འགྱུར་མེད་པའི་ཕྱིར། མཚན་ཉིད་ཐམས་ཅད་པ་ལ་རྣམ་པའི་མཚན་ཉིད་དང་བྲལ་བ་དང་། གདོད་གྲུབ་ཟིན་པ་ལ་སྐྱེད་སྨིན་བྱེད་པ་མེད་པ་དང་། རྒྱུ་རྐྱེན་བྲལ་བ་ལ་འཕྲལ་དུ་ངོ་བོ་བསྒྲུབ་པ་མེད་པ་དང་། ཅི་སྣང་ཅི་བྱུང་ཡང་ཆེད་དུ་བྱ་བ་མེད་པ་དང་། མཛད་པ་ཇི་སྙེད་པས་འགྲོ་དོན་རྒྱུན་མི་འཆད་ཀྱང་འཕྲལ་དུ་རྩོལ་བ་མེད་པའོ། །དེ་ལྟར་ཆོས་སུམ་ཅུ་རྩ་བཞི་དང་ལྡན་པས་ཀྱང་ཉེ་བར་སྦྱར་རོ། །ལང་ཀའི་བདག་པོ། ནམ་མཁའ་ནི་ཡོད་པ་ལས་མེད་པར་གྱུར་པ་མ་ཡིན། ཞེས་པ་ལ་སོགས་པ་མཐའ་གཉིས་པ་རིལ་བྲལ་བར་བསྒྲུབ་པ་སྟེ། སྡུད་པ་པོ་ལ་བོས་ནས་དཔེ་ནམ་མཁའི་ངོ་བོ་ནི་སྔར་ཡོད་པ་ལས་ཕྱིས་མེད་པར་མ་གྱུར། སྔར་མེད་པ་ཞིག་ལས་ཕྱིས་ཡོད་པར་མ་གྱུར། དེ་དང་འདྲ་བར་སྔར་གསལ་བ་ལས་ཕྱིས་མི་གསལ་བར་འགྱུར་བ་མེད། སྔར་མི་གསལ་བ་ལས་ཕྱིས་གསལ་བར་གྱུར་བ་མེད། དུས་སྔ་ཕྱིའི་ཆོས་འཆད་པ་ཀུན་རྗེས་སུ་མཐུན་པར་བསྙད་དོ། །དེ་ལྟར་ཆོས་ལྔ་བཅུ་དང་ལྡན་ནོ། །དེ་བཞིན་དུ་འདི་ཉིད་ཀྱང་སྦྱར་ཏེ་ཞེས་པ། ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་ནི། དུས་གསུམ་དུ་མཉམ་པ་ཆེན་པོ་སྐད་ཅིག་མའི་རྒྱུན་ཡོད་མེད་ལས་ཀྱང་གྲོལ་བ་ལ། སྔར་ངོ་བོ་གྲུབ་པ་ཞིག་ཕྱིས་རླག་པ་དང་། སྔར་མ་གྲུབ་པ་ཞིག་ཕྱིས་ལམ་བློས་བྱས་ནས་ཡོད་པར་གྱུར་པ་མེད་དོ། །དེ་ལྟར་ན་དུས་གསུམ་ཉིད་མཉམ་པ་ཆེན་པོ་སྔ་ཕྱིའི་རྒྱུད་གྲོལ་བ་ལ་དུས་ཐོག་མཐའ་མེད་པར་རིལ་རྗེས་སུ་མཐུན་ནོ། །དེ་བས་ན་བྱང་ཆུབ་སེམས་ཡེ་ཤེས་ཆེན་པོའི་ཉི་མ་འཆར་ནུབ་འབྲལ་བའི་ཕྱིར་དང་། བྱང་ཆུབ་སེམས་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པར་སྣང་ལ་གནས་པ་མེད་པའི་ཕྱིར་དང་། དེ་བཞིན་ཉིད་ནི་དུས་གསུམ་དུ་མ་ནོར་ངེས་པ་སྒྲོ་སྐུར་དང་བྲལ་བ་ཆེན་པོར་བྱུང་བའི་ཕྱིར་དང་། ཆོས་སོ་ཅོག་ཉིད་དུས་གསུམ་དུ་དེ་བཞིན་ཉིད་ཀྱི་ངང་དུ་རང་ཤར་བ་ལ་བསྒྲུབ་ཏུ་མེད་པའི་ཕྱིར་དང་། གསང་བ་ཇི་བཞིན་པའི་དབྱིངས་དུས་གསུམ་དུ་ཟླ་དང་གཉེན་པོ་བྲལ་བ་ལ་བཟང་ངན་མ་བསྙིགས་པའི་ཕྱིར་དང་། རང་བཞིན་གྱིས་ཆེ་ཆུང་གཉིས་མེད་པ་ལ་མཆོག་དང་མཐའ་མེད་པའི་ཕྱིར་དང་། ཡེ་ནས་སྡུག་བསྔལ་ཆོས་ཉིད་ཀྱི་ལོངས་སྤྱོད་དུ་ཤར་བའི་ཕྱིར་དང་། རིལ་བྱང་ཆུབ་སེམས་མ་ཡིན་པ་མེད་པའི་ཕྱིར་དང་། སྤྲུལ་པ་དང་དངོས་གྲུབ་བཙལ་བ་མེད་པར་རང་འཆར་བ་ལ་རྒྱུན་མེད་པ་དང་། མཐའི་དྲི་མ་རིལ་ཡེ་ནས་མ་སྤངས་བྲལ་བ་ཆེན་པོར་བཞུགས་པའི་ཕྱིར་དང་། ཁམས་གསུམ་སངས་རྒྱས་ཀྱི་སར་ཡེ་གསལ་བའི་ཕྱིར་བླ་དྭགས་གཉིས་མེད་པ་དང་། ཡེ་མཉམ་པ་ལ་ཆེ་ཆུང་ངང་གིས་མ་དམིགས་པ་ལ་རིམ་པ་བྲལ་བའི་ཕྱིར་དང་། ཕྱིན་ཅི་ལོག་གི་ཆོས་སོ་ཅོག་ཀྱང་མ་བཀོལ་འདུས་པ་ཆེན་པོ་ལ་ཚུད་པ་དང་མི་ཚུད་པ་གཉིས་མེད་པའི་ཕྱིར་དང་། རིང་ཐུང་ལ་སོགས་པའི་དབྱིངས་ཐམས་ཅད་མ་སྤངས་པའི་ངང་ལས་རྣམ་པའི་དབྱིབས་ངེས་པར་གཟུང་བ་དང་བྲལ་བ་དང་། ཁ་དོག་རྩ་ལྔ་ལ་སོགས་པ་རིལ་མ་བཀོལ་བ་ལ་ཕྱོགས་ཆའི་ཁ་དོག་ཡེ་བྲལ་བའི་ཕྱིར་དང་། སྣོད་བཅུད་ཡུལ་སེམས་གཉིས་ཡེ་ཤེས་ཆེན་པོའི་ཀློང་དུ་ནུབ་པའི་ཕྱིར་དང་། དེ་ཁོ་ན་ཉིད་ལ་སྐྱེ་ཤིའི་ཆོས་མ་སྤངས་བྲལ་བ་ལ་ངོ་བོ་གཟུང་ནུབ་ཡེ་མེད་པའི་ཕྱིར་དང་། གནས་རིལ་ཐམས་ཅད་དེ་བཞིན་ཉིད་དུ་རང་གསལ་བ་ལ་འགྲོ་འོང་དུས་གསུམ་དུ་བྲལ་བའི་ཕྱིར་དང་། མཚན་ཉིད་གང་དུའང་མ་ཟིན་པས་ཅིར་སྣང་དེ་ཉིད་ཡིན་པའི་ངོ་བོ་ལ་མི་འདྲ་བས་ཀྱང་མི་འདྲ་བར་གྱུར་པ་མེད་པའི་ཕྱིར་དང་། མཉམ་པ་ཆེན་པོ་ཡེ་ནས་མཐའི་སྒྲིབ་པ་མ་བསལ་བྲལ་བའི་ཕྱིར་དང་། དུས་གསུམ་མ་འགགས་སེམས་ཉིད་མ་བཅོས་པའི་ངང་ལ་རྒྱུན་མེད་པའི་ཕྱིར་དང་། དེ་བཞིན་ཉིད་ནི་སྣང་བཞིན་མ་གྲུབ་ལ་མ་གྲུབ་བཞིན་མི་འགོག་པ་ལ་བར་གྱི་ཐ་སྙད་ཙམ་ཡང་མེད་པའི་ཕྱིར་དང་། གསང་བའི་དབྱིངས་དེ་ལ་རིས་དང་བྲལ་བའི་ཕྱིར་དང་། ཐམས་ཅད་ཀྱང་དེ་ཉིད་དུ་རང་སྣང་བ་ལ་བཟང་ངན་བྲལ་བའི་ཕྱིར་རོ། །སྙེགས་པ་གཏན་ཚིགས་སྨོས་པ་ནི། ཆོས་དབྱིངས་ཀྱི་དཔེ་དེ་དག་གིས་བསྒྲུབ་པའི་དོན་གྱི་བླ་དྭགས་སུ་མ་བཅོས་པ་ཞེས་བསྙད་པས་ན། དེའི་ཕྱིར་མ་བཅོས་པའོ་ཞེས་གསུངས་སོ། །ལང་ཀའི་བདག་པོ་འདི་ལྟ་སྟེ། ནམ་མཁའ་ནི་སུས་ཀྱང་མ་བྱས། ཞེས་པ་ལ་སོགས་པ་དོན་མ་བཅོས་པ་དེ་མི་འཇིག་པར་མཚོན་པའི་ཕྱིར་བོས་ནས་དཔེའི་ཆོས་ཉེ་བར་བསྟན་པ་ནི། དཔེ་ནམ་མཁའ་དེ་ནི་བྱེད་པ་པོ་སུས་ཀྱང་མ་བྱས། དེ་ཉིད་ཀྱང་ཡེ་མེད། རྒྱུ་དྲུག་དང་རྐྱེན་བཞིས་མ་བསྐྱེད། དུས་ཐོག་མར་མ་སྐྱེས་ཞེས་སོགས་སྒྲ་ཇི་བཞིན་ནོ། །དེའི་ཕྱིར་ཞེས་པ་ཆོས་བཅུ་གཉིས་གཏན་ཚིགས་སུ་གྱུར་པས་དཔེ་ཡི་དོན་བསྒྲུབས་པའོ། །དེ་བཞིན་དུ་དེ་བཞིན་ཉིད་ཀྱང་བྱེད་པ་པོ་མེད་པའི་ཕྱིར། ཞེས་པ་དཔེ་ཇི་ལྟ་བར་དེ་བཞིན་ཉིད་ཀྱི་ངོ་བོ་མཁན་པོས་མ་བསྒྲུབས། ཡེ་གྲུབ་ཟིན་པ་ལ་མཁན་པོ་ཉིད་ཀྱང་མ་དམིགས། ཡེ་ནས་རྒྱུ་རྐྱེན་ཉིད་འབྲས་བུར་རྫོགས་པས་གཉིས་མེད་པར་གྲུབ་ཟིན་པས་དེ་དག་གིས་འཕྲལ་མ་བསྐྱེད་བཤད་པ་ལྟར། དུས་གསུམ་རྒྱུན་མ་འགགས་བྲལ་བའི་ངོ་བོ་ལ་རྒྱུ་རྐྱེན་དང་མི་མཐུན་པའི་ཕྱིར་དང་། དུས་གསུམ་དུ་ཡུལ་བྲལ་ཞིང་ངོ་བོ་ལྷན་ཅིག་པར་མེད་པའི་ཕྱིར་དང་། བདག་ཉིད་ཆེན་པོ་རྫོགས་པ་ལ་རེ་དོགས་བྲལ་བའི་ཕྱིར་དང་། དེ་བཞིན་ཉིད་བདག་ཉིད་ལས་གཞན་ནས་གཉེར་དུ་མེད་པས་བསྒྲུབ་ཏུ་མེད་པའི་ཕྱིར་མ་བྱས་མ་བཏགས་ཏེ། དེ་ལ་འཇིག་པ་དང་ཟིལ་གྱིས་གནོན་པ་དང་བྲལ་བ་ནི། དེ་ཁོ་ན་ཉིད་རྩ་བ་ཆེན་པོ་དོན་མདོ་བཞིར་གྲགས་པའོ། །རྩ་བའི་དཔེས་དབུ་མའི་དོན་བཙལ་ཐབས་མི་མཐུན་པར་བསྟན་པའི་ཕྱིར། ལང་ཀའི་བདག་པོ་འདི་ལྟ་སྟེ། །གང་ཞིག་ནམ་མཁའི་མཐའ་ཚོལ་བ། །ཞེས་པ་ལ་སོགས་པ་བོས་ནས་མི་མཐུས་པའི་དཔེ་དོན་ཉེ་བར་བསྟན་པ་ནི། མི་ཞིག་གིས་ནམ་མཁའི་མཐའ་བཙལ་ཡང་མ་རྙེད་པས། སུ་ཡིས་ནམ་མཁའ་ཐམས་ཅད་ཀྱི་གོ་འབྱེད་པར་ཤེས་པ་ཉིད་ནམ་མཁའི་མཐའ་རྙེད་པ་ཡིན་པའི་དཔེ་དེ་བཞིན་དུ། འདིར་ཡང་དཔྱོད་པས་དོན་ཚོལ་བས་མི་མཐོང་བའི་ཕྱིར། སེམས་ཀྱིས་སེམས་ཉིད་བརྩད་བཅད་པས། །ཞེས་པ་རང་གི་སེམས་མཉམ་པའི་དོན་ཉིད་ཀྱིས་དོན་གྱི་ངོ་བོ་སེམས་ཉིད་བརྩད་གཅོད་པ་ཇི་ལྟ་བ་ཡིན་པ་དཔྱོད་ཅིང་རྩོལ་བས་ནི་དོན་ཆེན་པོ་མི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། རྩ་བ་མེད་པས་རྙེད་མ་ཡིན། །ཞེས་པ་རང་རིག་པ་ནི་ཡེ་ནས་གཞི་མེད་རྩ་བྲལ་བས་སྤྱོད་ཡུལ་དུ་བྱར་མེད་ཅིང་བསམ་དཔྱོད་ལས་འདས་པ་ལས་དཔྱད་ཚོལ་བྱེད་པ་རྙེད་མ་ཡིན་འཁྲུལ་པའི་ཕྱིར་རོ། །འོ་ན་ཐབས་གང་གིས་ཤེས་པར་འགྱུར་ཞེ་ན། གཞི་རྩ་མེད་བྱུང་གང་ཤེས་པ། །དེ་ནི་སེམས་ཉིད་ཤེས་པའོ། །ཞེས་པ་རང་རིག་པ་བྱང་ཆུབ་སེམས་བདེ་བ་ཆེན་པོ་རྟེན་གཞི་རྩ་མེད་པའི་ངོ་བོ་ཉིད་ཅིར་ཡང་མ་བསམ་མ་དཔྱད་པ་ཉིད་ནི་བྱ་བཙལ་གྱིས་བསླབ་པ་མེད་པའི་བསླབ་པ་ཆེན་པོ་ལས། དོན་ཇི་བཞིན་དུ་མ་བསམ་པས་ཕེབས་པ་ནི་དེ་ནི་སེམས་ཉིད་རྙེད་པ་མེད་པའི་རྙེད་པའོ། །དེ་བས་ན་ཅིར་ཡང་བསམ་དུ་མེད་ལ་མ་བསམས་པ་ཉིད་འཆིང་བ་མ་དམིགས་པར་གྲོལ་བ་ཡིན་པའི་ཕྱིར། ནམ་མཁའ་ཆེ་ལས། བྱ་བ་མེད་པས་གྲོལ་བས་གྲོལ། །ཞེས་གསུངས་པའི་དོན་ཏོ། །དེ་བས་རྩོལ་བ་འཁྲུལ་པའི་ཕྱིར། སེམས་ཀྱིས་སེམས་བཙལ་སེམས་མ་རྙེད། །ཅེས་པ་ལ་སོགས་པ། རང་གི་སེམས་དོན་གྱི་མཆོག་ཡིན་བཞིན་དུ་དེ་མི་ཤེས་པར་དེས་གཏན་ཚིགས་ཀྱི་དངོས་པོ་དཔྱད་ནས་གྲུབ་པའི་མཐའ་ཚོལ་བས་ནི་སེམས་མི་རྙེད་མི་འཕྲད་དེ། གང་ཟག་གང་ཞིག་སེམས་ཀྱི་མུ་མཐའ་དཔྱོད་པ་དང་། དབུས་དང་མཐར་ཕྱེ་ནས་མཐའ་སྤོང་བ་དག་གིས་དོན་བཙལ་བས་རྙེད་པར་མི་འགྱུར་ཏེ། ཚོལ་བ་མེད་པ་ཉིད་བཙལ་བ་ཆེན་པོ་ཡིན་པ་ལས་གོལ་ཏོ། །དཔྱད་པས་རྟོག་མཐའ་སྐྱེས་ཏེ་སྔ་མ་ལ་ཕྱི་མས་ལོངས་བཏགས་ནས་རྩོལ་སྒྲུབ་ཀྱིས་ཁ་འཁོར་རོ། །དེ་བས་ན། མན་ངག་ལས། མཚོན་ཅིང་རྟོགས་པར་བྱ་བ་དེ་ཉིད་ནི། །སྟོན་པའི་ལུང་བཞིན་ཚིག་གི་མཐའ་དཔྱོད་པ། །ཚད་མར་བཟུང་ཕྱིར་འཛིན་པ་དེ་སྐྱེས་ཏེ། །དེ་བས་མཚོན་བྱེད་སེམས་ཀྱི་རྒྱུད་ཁ་འཁོར། །ཞེས་གསུངས་པའི་དོན་ཏོ། །འོ་ན་ཐབས་མ་ནོར་བ་གང་ཞེ་ན། སེམས་ཀྱིས་སེམས་ལ་ཇི་ལྟར་མཚོན། །ཞེས་པ་དཔེར་མཚོན་རྣོན་པོ་དང་འདྲ་སྟེ། རང་གིས་རང་ལ་སེམས་ཀྱིས་སེམས་ལ་མཚོན་དུ་མེད་དོ། །སེམས་ལ་དངོས་པོ་ཡོད་ཅེའམ། །ཞེས་པ་དག་སེམས་བཙལ་བའི་དོན་གྱི་ངོ་བོ་ཞིག་ཡོད་དེ་ཞེ་ན། དེ་གང་གིས་དངོས་པོ་བྱ་སྟེ། འདི་འདྲ་བསྟན་པ་མེད་དོ། །དངོས་མེད་དངོས་སྤྲུལ་བྱང་ཆུབ་སེམས། །ཞེས་པ་ངོ་བོ་ཉིད་ཀྱིས་གང་དུ་མ་གྲུབ་པར་ཇི་སྙེད་པའི་ཆོས་སུ་རང་སྣང་བས་གཉིས་ལས་གྲོལ་བ་བྱང་ཆུབ་སེམས་ནི་ངོ་བོ་ཉིད་དོ། །ཕྱོགས་བྲལ་ཆེན་པོ་གང་སུ་ཞིག །ཕྱོགས་གཅིག་བྲལ་བས་ཕྱོགས་ཀུན་བྲལ། །ཞེས་པ་བྱང་ཆུབ་སེམས་ནི་ཕྱོགས་ཐམས་ཅད་མ་སྤངས་བྲལ་བའི་དོན་ཅིར་ཡང་མ་བསམས་མ་དམིགས་པ་ཉིད་ཀྱིས་རྟོགས་པའི་རྣལ་འབྱོར་ཆེན་པོ་སུ་ཞིག་གི་རིག་པ་ལ། བདག་འཛིན་གྱི་ཕྱོགས་ཉིད་མ་སྤངས་དག་པས་ཇི་སྙེད་དུ་འཛིན་པའང་ངང་གིས་མེད་དོ། །བརྟགས་པའི་སྤྱོད་ཡུལ་ལས་འདས་པ། །དེ་ཉིད་རྟོགས་ན་དེ་ཁོ་ན། །ཞེས་པ་ཡང་དག་པའི་དོན་ཉིད་ནི་ཡེ་ཉིད་ནས་བདག་ཉིད་ཡིན་པ་དང་། ཡུལ་དུ་མེད་པ་དང་། མཚན་ཉིད་གང་དུའང་མ་གཡོས་པ་ལ། ཇི་ཙམ་དུ་དཔྱད་ན་རྟོག་པ་སྐྱེ། བསམ་ན་དམིགས་པ་འབྱུང་། དམིགས་ན་འཛིན་པ་སྐྱེ་བས། མི་མཐོང་བའི་ཕྱིར་དེ་དག་དང་བྲལ་བའོ། །དོན་དེ་ཉིད་མ་བརྟགས་མ་བསམ་མ་དམིགས་ན། ཕྱི་མོའི་དོན་རྣལ་དུ་ཕེབས་པའང་དེ་ཁོ་ན་ཉིད་དེ་གཞན་དུ་བཙལ་བ་མེད་དོ། །སེམས་ཀྱི་སེམས་བཙལ་དྲོད་ཅིག་རྙེད། །དྲོད་དེ་རྙེད་ན་བྱང་ཆུབ་སེམས། །ཞེས་པ་འདིར་འདུ་ཤེས་གང་དུའང་མ་ཞུགས་པས་ཅིའང་ཚོལ་བ་མེད་པ་ཉིད་ཚོལ་བའོ། །དེ་ལྟ་བས་ན་གང་དུའང་མ་གཡོས་པའི་དོན་ཉིད་རིག་པ་མེད་པར་རིག་པ་ནི་ཐ་སྙད་དུ་རྙེད་པ་སྟེ། དེ་ལྟར་ཅིའང་མ་ཡིན་པར་བདག་ཉིད་ཡིན་པར་རིག་པ་དེ་ཁོ་ན་དོན་ཡང་དག་པའོ། །བྱང་ཆུབ་སེམས་དེ་ལ་ནི་ཡིན་མིན་གྱི་རིས་དང་བྲལ་བས་སྤང་ལེན་མེད་པ་ཉིད་དོན་ཆེན་པོའི་ཕྱིར། ཅི་ཡང་ཡིན་ནོ་གང་ཡང་རུང་། །དེ་ཉིད་ཆོས་ཀྱི་དོན་པོ་མཆོག །ཅེས་གསུངས་སོ། །དེས་ན་འཁོར་བ་ཆོས་ཉིད་འདི། །ཞེས་པ་དག་དོན་གྱི་ངོ་བོ་མ་ནོར་བར་བསྟན་པའི་ཚུལ་གྱིས། ཆོས་ཉིད་དང་འཁོར་བ་ལ་ཐ་དད་མེད་དེ་དུང་དང་དཀར་བ་བཞིན་ནོ། །འོན་ཀྱང་འཁོར་བའི་དངོས་པོ་དེ་ཁོ་ན་ཉིད་ཆོས་ཉིད་ཡིན་པར་རྒྱལ་བས་གསུངས་སོ། །དེ་ལྟ་བུའི་དོན་ནི་མ་མཐོང་བའི་དུས་དེང་སང་གི་སྔགས་པ་བློ་ཕོད་རྡུལ་དུ་སྙུང་བླུགས་པ་ལྟར་དམིགས་པ་ལ་དགའ་བ་དག །དོན་ཆེན་པོ་མ་མཐོང་བའི་རང་ཉམས་ཀྱིས་བྱ་བ་མེད་པ་ནི་ཆོས་ཀྱི་གཞི་དང་ལས་སུ་རུང་བའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་སྨྲ་ཞིང་། ལས་དང་པོ་ལས་བསམ་དཔྱོད་དགོས་སོ་ཞེས་ཟེར་བ་ནི་ཐབས་ཆེན་པོ་དང་བྲལ་བ་ཅིག་ཆར་འཇུག་པའི་སྐལ་བ་མེད་པ་ཡིན་ཏེ། ཀྱེ་མ་ཐུགས་རྗེའི་གནས་སུ་གྱུར་པའོ། །འཁོར་བར་འཁྲུལ་པའི་སྒྱུ་མ་དང་། །ཞེས་པ་ལ་སོགས་པ་ལོག་རྟོག་སྒྱུ་མ་དང་ཡེ་ཤེས་སྒྱུ་མའི་རང་བཞིན་གཉིས་བརྟགས་པ་ཐ་དད་དང་ལྡོག་པའི་ཐ་དད་ཡོད་དོ། །མི་མཐུན་པ་སྟོན་པས་ངོ་བོ་ལ་ནི་ཐ་དད་མེད་དེ་གཅིག་ཁོ་ནའོ། །དེ་བས་ན་གློ་བུར་གྱི་རྟོག་པའི་རྒྱུ་རྐྱེན་འཛོམ་པ་སྣང་བ་ལས་མིང་བཏགས་པ་སོ་སོ་བ་ཙམ་ཡང་ངོ་བོ་ལ་གཉིས་པ་གཞི་ནས་མེད་པའི་ཕྱིར། དཔེར་ན་རས་སྣམ་རྒྱུ་གཅིག་ལས། །ཞེས་པ་རྣམས་གསུངས་པའོ། །འོ་ན་གཏན་འབྲས་བུ་ཐོབ་ཏུའང་མེད་དམ་ཞེ་ན། འཁོར་བའི་སྡུག་བསྔལ་རྨི་འདྲ་བ། །ཞེས་པ་ལ་སོགས་པ། གྲོང་ཁྱེར་གསུམ་གྱི་འཁོར་བའི་འགྲོ་བའི་བདེ་སྡུག་མྱོང་བ་ནི་མེད་བཞིན་རྨི་འདྲ་བ་སྣང་བ་ཡིན་ལ། དེ་ཡང་དབུགས་ཆེན་བྱེད་ནས་གཉིད་སད་ན་རྨི་ལམ་སྤྱོད་ཡུལ་གྱི་སྡུག་བསྔལ་བྲལ་ཏེ་རྨི་སད་པའི་བདེ་བ་ཉིད་དུ་སྣང་བ་བཞིན། དངོས་པོ་ཐམས་ཅད་རྣམས་ཡེ་ནས་ཆོས་ཉིད་བདེ་ཆེན་བྱང་ཆུབ་སེམས་ཇི་བཞིན་པའི་རང་བཞིན་དཔེ་ནམ་མཁའི་ལྟར་ཁྱབ་བདལ་ཉིད་དུ་རང་བཞིན་རིལ་ལ་བསྣུམས་ཚབས་ཆེ་ཆུང་མེད་པས་ཆོས་སྐུ་ཆེན་པོའོ། །རྨི་ལམ་ལྟ་བུར་འཕྲལ་དུ་རྟོགས་པས་ནན་བརྟགས་ཀྱི་ཐ་སྙད་ཀྱི་སྒྲིབ་པའོ་ཅོག་གདུལ་བྱ་རྟོག་པའི་རྒྱུ་རྐྱེན་འཛོམ་པ་ཡིན་ཏེ་ལས་སྣང་ཡང་། དེ་གཉིས་འདིར་མ་སྐྱེས་པར་བཀོལ་བར་ངོ་བོ་དེ་བཞིན་ཉིད་པས་སྒྲིབ་པ་ཡེ་ཤེས་ཕྱིན་ཅི་ལོག་བྱང་ཆུབ་ཉོན་མོངས་བདེ་བ་ཆེན་པོར་ཡེ་ཡིན་པས་མ་བསལ་དག་པ་ཁྱབ་བདལ་ཆུབ་ལ་དེའི་ཐ་སྙད་མེད་པའོ། །འོན་ཀྱང་སྒྲིབ་པ་ལ་སྦྱང་རྩལ་རྩལ་མེད་མ་བྱས་པ་ཉིད་ཀྱིས་བཤད་པ་ལྟར་ཡེ་ཤེས་རང་བྱུང་ཆེ་རྟོགས་པས་སྤང་དུ་མེད་པར་ལྷུན་གྱིས་གྲུབ་པ་ལ། འབྲས་བུ་རྒྱུ་རྐྱེན་ལ་རག་མ་ལུས་པ་ཉིད་ཐོབ་པའི་སྒྲའོ། །དེ་དག་ནི་དོན་ནོར་མ་ནོར་ཤེས་པར་བྱ་བའི་ཕྱིར་རང་གཞུང་གི་བཀོད་དེ་ལྟ་བའི་མི་མཐུན་པའོ། །དེ་ཡན་ཆད་བམ་པོ་བདུན་པའོ།། །།