Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དགུ་བཅུ་པ།


   
   
   
མདོ་ཕྲན་ཁོག་དབུབ།
   
   
   
   
   
   


 
previousམདོ་ཕྲན་ཁོག་དབུབ།next

མདོ་ཕྲན་ཁོག་དབུབ།

མདོ་ཕྲན་ཁོག་དབུབ་བཞུགས། དམ་པ་རྣམས་ལ་ཕྱག་འཚལ་ལོ། །མདོ་ཕྲན་རྣམས་ཀྱི་བཤད་ལུགས་ནི། དམ་པའི་ཆོས་ངོས་བཟུང་བ་དང་། དེའི་བཤད་ཐབས་སོ། །སྔ་མ་སྤྱིར་རྒྱལ་བའི་ཞལ་ནས་གསུངས་པའི་བཀའ་ལ་རྒྱུད་དང་མདོ་སོགས། དེ་ལ་བརྟེན་ཏེ་མཛད་པའི་བསྟན་བཅོས་མན་ངག་གོ། །དེ་ཡང་བཀའ་རྒྱུད་བཤད་པ་སྐབས་འདིར་མ་ཡིན་ཏེ། མན་ངག་ཏུ་ངོས་བཟུང་ངོ་། །དེ་ལ་བཤད་ཐབས་ལྔ་སྟེ། མན་ངག་གི་ངོ་བོ་ད་ང་། ངེས་ཚིག་དང་། རྣམ་གྲངས་དང་། མན་ངག་གི་དགོས་ཆེད་དང་། དེའི་བཤད་ཐབས་དངོས་སོ། །ངོ་བོ་ལ་གཉིས་ཏེ། བརྗོད་བྱ་དོན་གྱི་མན་ངག་གི་ངོ་བོ་དང་། རྗོད་བྱེད་ཚིག་གི་མན་ངག་གི་ངོ་བོའོ། །ངེས་ཚིག་ལ་བཞི་སྟེ། བྱ་སླ། ཚེགས་ཆུང་། དོན་ཆེ། དཔག་དཀའ་བའི་ཕྱིར་མན་ངག་གོ། །རྣམ་གྲངས་ལ་གཉིས་ཏེ། དེ་ཁོ་ན་ཉིད་ཅིག་ཆར་སྟོན་པའི་མན་ངག་དང་། མངོན་པར་རྟོགས་པ་རིམ་གྱིས་པའི་མན་ངག་གོ། །སྔ་མ་ནི་རྫོགས་ཆེན་ལ་སོགས་པའི་མན་ངག་དང་། མདོ་རང་རང་གི་དེ་ཁོ་ན་ཉིད་ཀྱི་ཅིག་ཆར་མན་ངག་ལ་སོགས་པའོ། །རིམ་གྱིས་པ་ལ་གཉིས་ཏེ། ཐེག་པ་སྤྱི་ལ་འཇུག་པ་མངོན་པར་རྟོགས་པ་རིམ་གྱིས་པའི་མན་ངག་དང་། ཐེག་པ་གནས་སྐབས་ལ་འཇུག་པ་མངོན་པར་རྟོགས་པ་རིམ་གྱིས་པའི་ངན་ངག་གོ། །སྔ་མ་ནི། ཐེག་ཆེན་སྒྲོན་མ་དང་། ཐེག་པ་ཆེན་པོ་ཤེས་རབ་ཀྱི་རིམ་པ་དང་། ཐུགས་ཀྱི་སྒོ་ལྕགས་དང་། གེགས་སེལ་བསྡུས་པ་དང་། བཀོལ་མདོ་བཅུ་གཉིས་དང་། ལྟ་རིམ་ལ་སོགས་པའོ། །གནས་སྐབས་ལ་འཇུག་པའི་མན་ངག་ལ་གཉིས་ཏེ། རྒྱུད་དབུ་ཞབས་སྤྱི་ལ་འཇུག་པ་མངོན་པར་རྟོགས་པ་ཚིག་རྒྱུད་གཏན་ལ་འབེབས་པའི་མན་ངག་དང་། རྒྱུད་ཀྱི་གནས་སྐབས་ལ་འཇུག་པ་མངོན་པར་རྟོགས་པ་རྒྱུད་དོན་བསླབ་ཅིང་ཉམས་སུ་བླང་བའི་མན་ངག་གོ། །རྒྱུད་སྤྱི་ལ་འཇུག་པ་མངོན་པར་རྟོགས་པ་རིམ་གྱིས་པའི་མན་ངག་ནི་བཞི་སྟེ། འགྲེལ་པ་ལུང་བསྟན་ཡེ་ཤེས་སྣང་བ་རྒྱན་དང་། དཀའ་སྤྱོད་དང་། གསེར་གཟོང་དང་། ལྕགས་འགྲོལ་བ་དང་། མུན་པའི་གོ་ཆ་དང་། རྒྱ་མདུད་འགྲེལ་དང་། རྣམ་བཤད་ཆེན་པོ་ལ་སོགས་པའོ། །ཁོག་དབུབ་པའི་མན་ངག་ནི། རྒྱལ་པོ་ཛཿས་མཛད་པའི་དོན་བསྡུས་ཆེ་བ་དང་། དྷརྨ་བོ་དྷིས་དོན་བསྡུས་ཆུང་བ་དང་། ཛཿའི་བྱུང་ཚུལ་བསྡུས་པ། ཚུལ་གསལ་བྱེད། མེ་ལོང་གསལ་བྱེད་ཅེས་པ་དྷརྨ་བོ་དྷིས་མཛད་པ། སྐོལ་མདོ་རྒྱས་བསྡུས། མན་ངག་སྤྱི་གཅོད། གྲངས་བདུན་བསྟན་པའོ། །ས་གཅོད་ཀྱི་མན་ངག་ནི། གསེར་གཟོང་ལ་སོགས་པའོ། །གཏར་ཀའམ་གེགས་སེལ་གྱི་མན་ངག་ནི། པེ་ར་ཀ་རྩ་འགྲེལ་ལ་སོགས་པའི་མན་ངག་རྣམས་སོ། །རྒྱུད་གནས་སྐབས་ལ་འཇུག་པའི་མན་ངག་ནི། དོན་བསྡུ་ན་ཡང་། གཞི་བཟུང་བ་དང་རྒྱུད་གྲོལ་དང་། །སྒོ་མོ་བསྡུར་དང་ཕུལ་དབྱུང་དང་། །ཐག་བཅད་པ་དང་ཉམས་བླང་དང་། །ལ་དོར་སྤྱོད་དང་དབང་རིམ་དང་། །མན་ངག་དོན་དང་མདོར་བསྡུས་རྣམས། །རྣལ་འབྱོར་བསླབ་པའི་མཐའ་བཅུར་བཞེད། །ཅེས་པས་བཅུ་རུ་བཤད་པ་དང་། ལུང་བསྟན་པས། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །བསྒྲུབ་པ་ཕྲིན་ལས་ཏིང་འཛིན་གྱིས། །བརྒྱད་དུ་གཏན་ལ་དབབ་པ་ཡིན། །ཅེས་པས་རྒྱུད་དོན་བརྒྱད་དུ་བཤད་དེ། དེ་ཁོ་ན་ལྟ་བུའི་མན་ངག་ནི། གདིང་ཆེན་བཅུ་པ་དང་། དེ་ཁོ་ན་ཉིད་དྲིས་ལན་ལྔ་བཅུ་པ་དང་། གེགས་སེལ་བརྒྱད་པ་དང་། ལམ་རིམ་སྟོད། མདོ་བསྲེས་ཏེ་མེ་ལོང་བསྟན་པ་དང་། མེ་ལོང་གསུམ་པ་དང་། བྱུང་ཚུལ་སྙིང་པོ་དང་། མཚན་ཉིད་གསལ་སྒྲོན་དང་། མདོ་བཞིའི་བྱེ་བྲག་དང་། གོང་གི་ཐེག་པ་སྤྱི་ལ་འཇུག་པའི་མན་ངག་ཏུ་ངོས་བཟུང་བ་ཀུན་ནོ། །གཉིས་པ་ཟིན་ཆགས་མེད་པ་སྤྱོད་པའི་མན་ངག་ནི། སྤྱོད་པ་བསྡུས་པའི་སྒྲོན་མ་དང་། བསྙེན་བཀུར་གསལ་བྱེད་དང་། མདོ་སྡེ་དྲི་མེད། བླ་མའི་རིམ་པ་ལ་སོགས་པའོ། །གསུམ་པ་བཀོད་པ་དཀྱིལ་འཁོར་གྱི་མན་ངག་ནི། རང་བཞིན་དཀྱིལ་འཁོར་བསྟན་པ་དང་། དལ་གསུམ་པ་དང་། རིན་ཆེན་ཕྲེང་བའི་སྟོད། དལ་བདུན་པ་དང་། ཐིག་དོན་བསྐུལ་བ་དང་། ལུང་གི་རྡོ་རྗེ་ལས་རིམ་དང་། དལ་གྱི་མངོན་རྟོགས་ལ་སོགས་པའོ། །བཞི་པ་རིམ་པ་བསྒྲོད་པ་དབང་གི་མན་ངག་ནི། རིན་ཆེན་ཕྲེང་བའི་སྨད་དང་། རྣ་རྒྱུད་རྡོ་རྗེ་ཟམ་པ་དང་། དབང་གི་ལྡེའུ་མིག་དང་། དབང་དོན་བསྡུས་པ་དང་། དབང་དོན་རྒྱས་པ་དང་། དབང་དོན་རྒྱ་ཆེར་བཤད་པ་དང་། དབང་གི་མན་ངག་གསང་བ་དང་། ས་ཐ་དང་དབང་གི་རིམ་པ་ལ་སོགས་པའོ། །ལྔ་པ་མི་འདའ་བ་དམ་ཚིག་གི་མན་ངག་ནི། དམ་ཚིག་གཅན་འཕྲང་ཆེན་པོ་དང་། རྒྱུན་བཤགས་ཆེན་མོ་དང་། དམ་ཚིག་སྤྱི་ཁྲུས་བཤགས་པ་དང་། དམ་ཚིག་གི་གཏེར་དང་། ཁྲུས་ལུང་རྒྱལ་མཚན་ལ་སོགས་པའོ། །དྲུག་པ་དོན་དུ་གཉེར་བ་སྒྲུབ་པའི་མན་ངག་ནི་གཉིས་ཏེ་ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །ཐུན་མོང་སྒྲུབ་པ་ནི། ཚེ་སྒྲུབ་དང་། པྲ་དང་། རོ་ལངས་དང་། རྐང་མགྱོགས་དང་། མངོན་ཤེས་དང་། གཟུངས་མ་འགུགས་པ་ལ་སོགས་པའོ། །ཐུན་མོང་མ་ཡིན་པ་སྒྲུབ་པའི་མན་ངག་ནི། བདེ་བ་གསལ་མཛད་ཀྱིས་མཛད་པའི་ལམ་རིམ་ཆེན་པོ་དང་། དྷརྨ་བོ་དྷིའི་མདོ་བསྲེས་དང་། སྠི་ར་མ་སྟིའི་སྐབས་འགྲེལ་དང་། རྒྱལ་པོ་ཛཿས་མཛད་རྒྱུ་རྟ་ལམ་རྩལ་འགྲེལ་ལ་སོགས་པའོ། །བདུན་པ་རོལ་པ་ཕྲིན་ལས་ཀྱི་རིམ་པ་ནི། ཡེ་ཤེས་མཚོན་ཆེན་ཅེས་པ་བདེ་བ་གསལ་མཛད་ཀྱིས་མཛད་པ། བི་མ་ལའི་རོ་བསྲེགས་བཅུ་བཞི་པ་དང་། ཡང་བི་མའི་མདོ་ཡི་དངོས་པོ་གཉིས་པ་དང་། དཔེ་ཆུང་རང་གནས་དང་། དྲག་པོ་འདུ་བྱེད་ལ་སོགས་པའོ། །བརྒྱད་པ་མི་གཡོ་བ་ཏིང་ངེ་འཛིན་གྱི་མན་ངག་ནི་གཉིས་ཏེ། མཚན་མ་དང་བཅས་པའི་ཏིང་ངེ་འཛིན་གྱི་མན་ངག་ནི། བི་མ་ལས་ཞི་ཁྲོ་རྟོགས་པ་ལྷ་རྒྱུད་ཀྱི་མན་ངག་དང་། ཧཱུྃ་ཀ་རས་མཛད་པ་ཁྲོ་བོ་ལས་ཕྲེང་དང་། མདོ་མཁན་དྷརྨ་བོ་དྷིས་བསམ་གཏན་ཆོ་གའི་སྒྲོན་མ་ལ་སོགས་པའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་མན་ངག་ནི། ཐུགས་ཀྱི་སྒྲོན་མ་དང་། སེམས་དོན་བྱེད་པ་དང་། རིག་པའི་སྒྲོན་མ་དང་། ལྗོན་ཤིང་དང་། ལེ་ལག་གསུམ་པ་དང་། བསམ་གཏན་རིག་པའི་ཉི་མ་དང་། བསམ་གཏན་མིག་སྒྲོན་རྩ་འགྲེལ་དང་། བསམ་གཏན་མེ་ལོང་སྣང་བ་དང་། བསམ་གཏན་སྤུ་གྲི་སྣང་བ་དང་། བདུད་རྩི་ལུང་གི་བསམ་གཏན་དང་། བསམ་གཏན་སྒྲོན་མ་ལ་སོགས་པའོ། །མན་ངག་གི་དགོས་ཆེད་ལ་བཞི་སྟེ། གཞུང་འཐོར་བ་གཅིག་ཏུ་བསྡུ་བའི་དགོས་ཆེད། རྟོགས་དཀའ་བ་བདེ་བླག་ཏུ་རྟོགས་པའི་དགོས་ཆེད། གང་ཟག་མོས་པ་ཐ་དད་འདིར་མོས་པའི་དགོས་ཆེད། ཆོས་ཀྱི་བྱ་བ་མང་བའི་དགོས་ཆེད་དོ། །བཤད་ཐབས་དངོས་ལ་ལྔ་སྟེ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་བླ་མའི་སྐུ་ཆེ་བའི་ལོ་རྒྱུས་དང་རྩོམ་པའི་ཚད་གང་གིས་མཛད་པ་དང་། བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུགས་པ་བྱ་བའི་ཕྱིར། རྒྱུད་གང་ནས་བསྡུས་ཤིང་ཕྱོགས་གང་དུ་གཏོགས་པ་དང་། བསྟན་པ་ལ་མཚན་ངེས་ཤིང་དོན་གྱི་མདོ་ཙམ་ཞིག་རྟོགས་པར་བྱ་བའི་ཕྱིར་མཚན་ཅི་ལས་གདགས། བརྩམ་པ་དོན་ཡོད་པར་བྱ་བའི་ཕྱིར། གང་ཟག་སུའི་དོན་དུ་མཛད་པ་དང་། མན་ངག་གི་དོན་ཤེས་ཤིང་ཁོང་དུ་ཆུད་པ་བྱ་བའི་ཕྱིར། དབུ་ཞབས་སུ་དོན་དུ་ཡིས་བསྟན་པའོ། །དེ་རྣམས་རང་རང་གི་སྐབས་དང་སྦྱར་ལ་རྒྱས་པར་བཤད་དོ། །ཁོག་དབུབ་རྫོགས་སོ།། །།བནྡེ་མགོན་པོ་རྗེ་ཡི་གསུང་ལ་བརྟེན་ནས་བྲིས་ཟེར་བ་ཞིག་འདུག །དགེའོ།། །།


previousམདོ་ཕྲན་ཁོག་དབུབ།next