Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དགུ་བཅུ་པ།


   
   
   
   
འདུས་པ་མདོའི་ཁོག་དབུབ་ལེགས་བཤད་ཉི་མའི་སྣང་བ། ཀཿཐོག་པ་དམ་པ་བདེ་བར་གཤེགས།
   
   
   
   
   


 
previousའདུས་པ་མདོའི་ཁོག་དབུབ་ལེགས་བཤད་ཉི་མའི་སྣང་བ། ཀཿཐོག་པ་དམ་པ་བདེ་བར་གཤེགས།next

འདུས་པ་མདོའི་ཁོག་དབུབ་ལེགས་བཤད་ཉི་མའི་སྣང་བ། ཀཿཐོག་པ་དམ་པ་བདེ་བར་གཤེགས།

འདུས་པ་མདོའི་ཁོག་དབུབ་ལེགས་བཤད་ཉི་མའི་སྣང་བ་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་སྨྲ་བའི་སེངྒེ་ལ་ཕྱག་འཚལ་ལོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་ཁོག་དབུབ་མ་འོངས་པའི་ཆེད་དུ་བརྗོད་པར་བྱ་སྟེ། དེ་ལ་སྤྱིར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བསྡུ་ན་ལྔ་སྟེ། ཡེ་ནས་གནས་པའི་ཚུལ་དང་། མ་རྟོགས་པའི་འཁྲུལ་ཚུལ་དང་། ཡེ་ཤེས་ཀྱི་གཟིགས་ཚུལ་དང་། གཟིགས་ནས་ཐུགས་རྗེ་སྐྱེ་བའི་ཚུལ་དང་། སྐྱེས་ནས་དོན་མཛད་པའི་ཚུལ་ཏེ། འདི་དག་མཚོན་སྒོ་ཐ་དད་པ་ལྟར་སྣང་ཡང་། དབྱེར་མེད་ལྷུན་རྫོགས་ངང་དུ་གཅིག་པས། ཕྱོགས་ཡུལ་ཞེན་པའི་ཐེ་ཚོམ་མེད་དོ། །ལུང་ལས། ཐམས་ཅད་མ་འདྲེས་ཐ་དད་པ། །ཡོངས་སུ་རྫོགས་པ་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་གསུངས། དེ་ལ་སྤྱིར་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་གསུམ་ཡེ་ནས་དབྱེར་མེད་པར་བསྟན་ཏེ། ལེའུ་བཅུ་དགུ་པ་ལས། ཐམས་ཅད་དེ་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་སྙིང་པོ་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་གསུངས་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་སྐྱེས་པ་ཡེ་ཅི་བཞིན་པའི་དཀྱིལ་འཁོར་དང་། འགག་པ་མེད་པ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། གཉིས་སུ་མེད་པ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ཡང་མཚོན་ཚུལ་གསུམ་དུ་ཕྱེ་བའི་དོན་ཉིད། གཉིས་པོ་དབྱེར་མེད་པའི་ངོ་བོར་ཡེ་ནས་སངས་རྒྱས་པའོ། །ལེའུ་བཅོ་ལྔ་པ་ལས། བཀའ་སྩལ་པ། སྐྱེས་བུ་དམ་པ་ཐམས་ཅད་ཀྱི་རང་བཞིན་མཐོང་ངམ། གསོལ་པ། བཤེས་གཉེན་དམ་པ་ཐམས་ཅད་ཀྱི་རང་བཞིན་ནི་བདག་ཅག་གིས་མ་མཐོང་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ། མི་དམིགས་པའི་སླད་དུའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱེད་ཀྱིས་ཐམས་ཅད་ཀྱི་རང་བཞིན་མ་མཐོང་ངམ། གསོལ་པ། བཤེས་གཉེན་དམ་པ་བདག་ཅག་གིས་མཐོང་ལགས་སོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་ཅི་ལྟར་མཐོང་། གསོལ་པ། ཐམས་ཅད་ཀྱི་རང་བཞིན་གང་ལགས་པ་དེ་མ་བཅོས། མ་བསླད། མ་བྱུང་། མ་སྐྱེས། ཅི་བཞིན་པ། དེ་ཁོ་ན་ཉིད། ཡེ་ཅི་བཞིན་པའི་དཀྱིལ་འཁོར་དུ་མཐོང་ལགས་སོ། །བཀའ་སྩལ་པ། སངས་རྒྱས་མཐོང་ངམ། གསོལ་པ། མ་མཐོང་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ། མི་དམིགས་པའི་སླད་དུའོ། །བཀའ་སྩལ་པ། མ་མཐོང་ངམ། གསོལ་པ། མཐོང་ལགས་སོ། །བཀའ་སྩལ་པ། ཅི་ལྟ་བུར་མཐོང་། གསོལ་པ། ཐམས་ཅད་དེ་བཞིན་ཉིད་དུ་སངས་རྒྱས་པས་ཏེ། ཀུན་ལ་ཁྱབ་པའི་སླད་དུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་མཐོང་ལགས་སོ། །བཀའ་སྩལ་པ། སེམས་ཅན་མཐོང་ངམ། གསོལ་པ། མ་མཐོང་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ། མ་དམིགས་པའི་སླད་དུའོ། །བཀའ་སྩལ་པ། མ་མཐོང་ངམ། གསོལ་པ། མཐོང་ལགས་སོ། །བཀའ་སྩལ་པ། ཅི་ལྟར་མཐོང་། གསོལ་པ། ཐམས་ཅད་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་མཐོང་ལགས་སོ། །ཞེས་པ་སོགས་གསུངས་སོ། །དེ་ལྟར་སངས་རྒྱས་ཀྱང་སེམས་ཅན་རྣམས་ཀྱིས་མ་རྟོགས་པའི་ཚུལ་ནི། རྒྱུ་མཚན་གསུམ་སྟེ། དང་པོ་ལྷན་ཅིག་སྐྱེས་པའི་མ་རིག་པས་སངས་རྒྱས་ཡིན་པ་ལ་དེར་ངོ་མ་ཤེས་པ་དང་། དེར་མ་ཟད། ཀུན་ཏུ་བརྟགས་པའི་མ་རིག་པས་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ལ་ཡུལ་དང་ཡུལ་ཅན་དུ་བཟུང་བ་དང་། དེའི་དབང་གིས་གཟུང་འཛིན་དང་ཉོན་མོངས་པ་རྒྱས་པར་གྱུར་ཏེ། ཡང་དག་པའི་ལམ་དང་བྲལ་ཞིང་མ་རྟོགས་པས་ལོག་པའི་ཆོས་སྣ་ཚོགས་སུ་བཟུང་བ་ལ། མ་ནོར་བར་བསྟན་པའི་ལམ་མེད་པས། ཁམས་གསུམ་དུ་འཁོར། རྒྱུད་དྲུག་ཏུ་འཁྱམས་ཤིང་། སྡུག་བསྔལ་གྱིས་ཉམ་ཐག་པའོ། །དང་པོ་ནི། ལེའུ་བཅོ་ལྔ་པ་ལས། ཡེ་ནས་མ་བྲལ་ངོ་མ་ཤེས་པ་ཉིད་དོ། །གར་ཡང་མ་སྤས་མཐོང་བ་མེད་པ་ཉིད་དོ། །ཞེས་པ་དང་། མདོ་བསྲེས་ལས། དཀྱིལ་འཁོར་གསུམ་དུ་སངས་རྒྱས་ཀྱང་། །མུན་པས་སྒྲིབ་པས་དེ་མ་ཤེས། །ཞེས་དང་། ལེའུ་བཅུ་དགུ་པ་ལས། སེམས་ཉིད་ཡེ་ནས་སངས་རྒྱས་ཀྱང་། །མུན་པས་སྒྲིབ་པས་དེ་མ་ཤེས། །ཞེས་པས་སོ། །སོ་བཞི་པ་ལས། སངས་རྒྱས་ཀུན་གྱི་དགོངས་པ་གསང་བ་ནི། སངས་རྒྱས་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་། མ་བྱུང་ཡང་བྱུང་། སེམས་ཅན་རྣམས་སངས་རྒྱས་ཀྱང་རུང་། མ་རྒྱས་ཀྱང་རུང་། ཐམས་ཅད་ཀྱི་རང་བཞིན་དུ་ཡེ་ནས་གནས་ཤིང་ཐམས་ཅད་ལ་ཁྱབ་ཀྱང་། ཐམས་ཅད་ཀྱིས་མཐོང་བ་ནི་མ་ཡིན་ནོ། །ཞེས་སོ། །ཀུན་ཏུ་བརྟགས་པའི་མ་རིག་པ་ནི། ཉེར་དགུ་པ་ལས། བདག་འཛིན་བདག་གི་རྟོག་པ་ཡིས། །ཕྱིན་ཅི་ལོག་སྟོབས་བརྩོན་འགྲུས་ཀྱིས། །གནས་ངན་ལེན་པའི་དེད་དཔོན་བྱེད། །ཅེས་པ་དང་། ལེའུ་ལྔ་པ་ལས། ནོར་བུ་རིན་ཆེན་བདུད་རྩི་དེ། །ཡོད་པར་མ་ཤེས་སྟོར་བར་ཚོར། །དེ་ཚེ་ཀུན་ནས་དབུལ་བ་དང་། །ཐར་མེད་ནད་ཀྱིས་གཟེར་གྱུར་ཅིང་། །མུན་པ་མུན་ནག་སྨག་ཏུ་འཁྱམས། །བགྲོད་པར་བྱ་བའི་ལམ་ཡང་སྟོར། །གདུང་བར་གྱུར་ཀྱང་དེ་མ་ཤེས། །ཞེས་པ་ལ་སོགས་པ་གསུངས་སོ། །ཡང་དག་པའི་ལམ་དང་བྲལ་བ་ནི། ལྔ་པ་ལས། མུན་པ་མུན་ནག་སྨག་ཏུ་འཁྱམས། །བགྲོད་པར་བྱ་བའི་ལམ་ཡང་སྟོར། །ཅེས་པ་དང་། ཉེར་བརྒྱད་པ་ལས། ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས། །མ་ནོར་སྟོན་པའི་ལམ་མེད་པས། །ཞེས་པ་ལ་སོགས་པས་སོ། །དེ་ལྟར་མ་རྟོགས་ཤིང་སྡུག་བསྔལ་གྱིས་ཉམ་ཐག་པའི་དུས་ན་ཡང་། ཡེ་ཉིད་སྙིང་པོ་བྱང་ཆུབ་ལ་ཉམས་པ་རྡུལ་ཆ་ཙམ་ཡང་མེད་དོ། །འཁྲུལ་པ་ཉིད་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་ཡེ་ནས་སངས་རྒྱས་ཏེ། བཅོ་ལྔ་པ་ཉིད་ལས། སྣ་ཚོགས་སྣང་ཡང་དངོས་པོར་མེད་པ་ཉིད་དོ། །བསྐལ་པར་འཁྱམས་ཡང་སྟོར་བྲལ་མེད་པ་ཉིད་དོ། །སྣ་ཚོགས་བགོས་ཀྱང་འགྱུར་བ་མེད་པ་ཉིད་དོ། །རྡུལ་ཆ་མེད་པར་སྣང་སྲིད་ཁྱབ་པ་ཉིད་དོ། །ཞེས་པ་དང་། གསང་བའི་སྙིང་པོ་ལས་ཀྱང་། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སུས་ཀྱང་མ་བཅིངས་བཅིངས་མེད་དེ། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་འདོར། །ཞེས་གསུངས་སོ། །དེ་ལྟར་ཡེ་ནས་སངས་རྒྱས་ཀྱང་། སེམས་ཅན་གྱིས་མ་རྟོགས་ཤིང་སྡུག་བསྔལ་གྱིས་ཉམ་ཐག་ནི། ཉེར་བརྒྱད་པ་ལས། འདོད་པ་མེ་འདག་དོང་འདྲའི་འོབས་སུ་ལྟུང་། །སྡུག་བསྔལ་མི་བཟད་དྲག་པོ་ཆར་དུ་འབེབས། །ཞེས་པས་སོ། །དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་པའི་ཚུལ་ནི། ཞེ་གཉིས་པ་ལས། གང་དམ་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ལས་མ་གཡོས་པར། སེམས་ཅན་གྱི་ཁམས་མཐར་ཐུག་པ་མེད་པ་དང་། སྒྲ་དང་། གཟུགས་དང་། སྤྱོད་པ་མཐར་ཐུག་པ་མེད་པ་རྣམས། མི་མཁྱེན་པ་དང་། མི་གསན་པ་དང་། མི་གཟིགས་པ་དང་། མི་འགྲེལ་བ་ནི་གང་ཡང་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་སྙིང་པོ་བྱང་ཆུབ་ཉིད་ལས་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཞེས་པ་ལ་སོགས་པ་ནི་གསུམ་སྟེ། དེ་ལ་མ་འདྲེས་པར་མཁྱེན་པའམ། ཅི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་ཐམས་ཅད་མ་འགག་པར་གཟིགས། ཡོངས་སུ་རྫོགས་པར་མཁྱེན་པའམ། ཅི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཐམས་ཅད་མི་དམིགས་པར་གཟིགས། མ་འདྲེས་ཡོངས་རྫོགས་སམ། ཅི་ལྟ་བ་ཅི་སྙེད་པ་དབྱེར་མེད་པའི་ཡེ་ཤེས་ཀྱིས། མ་སྐྱེས་པ་དང་མ་འགགས་པ་དབྱེར་མེད་དུ་གཟིགས་སོ། །དེ་ལྟར་གཟིགས་པ་དེ་ཡང་། ཡུལ་དུ་བྱས་ནས་གཟིགས་ན་ཡུལ་དང་ཡུལ་ཅན་ཡིན་པས་གཟུང་འཛིན་དུ་གྱུར། ཡུལ་དུ་མ་བྱས་པར་གཟིགས་པ་མི་རིགས་སྙམ་པ་ལ། མ་འདྲེས་པའམ། ཅི་སྙེད་མཁྱེན་པའི་དབང་དུ་མ་འགགས་པར་མཁྱེན་ཞེས་བྱ་སྟེ། ཉེར་དྲུག་པ་ནས། མགོན་མེད་པ་ཡི་འཇིག་རྟེན་དེས། །མཁྱེན་ཏེ་ཐུགས་རྗེས་གདུང་བ་ནི། །ཞེས་པ་དང་། ཉེར་བདུན་པ་ལས། དེ་ནས་མཐུན་འཇུག་སྐྱེས་བུ་དེ། །མཐུན་པའི་སྤྱན་གྱིས་གང་གཟིགས་ན། །ལས་ཀྱི་ཡི་དྭགས་དྲག་པོ་དེ། །ཞེས་པ་དང་། ཡུལ་དང་འཕྲད་ནས་ཐུགས་རྗེ་སྐྱེ་བས་ཀྱང་ཡུལ་མ་འགགས་པར་མངོན། གསང་བའི་སྙིང་པོ་ལས་ཀྱང་། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་སྐྱེས་ནས། ཞེས་པས་སོ། །ཡོངས་རྫོགས་སམ། ཅི་ལྟ་བ་མཁྱེན་པའི་དབང་དུ་ཡུལ་མེད་དུ་ཡང་མཁྱེན་ཏེ། ལྟ་བ་ལ་ཤན་ལས། ཡང་དག་རྫོགས་སངས་རྒྱས་ཀྱིས་ཀྱང་། །ཡེ་ཤེས་ཡུལ་མེད་ཅང་མི་མཁྱེན། །ཅེས་པ་ལ་སོགས་གསུངས་སོ། །ཡང་། སངས་རྒྱས་སེམས་ཅན་གཉིས་སུ་མེད་རྟོགས་ན། །ཐུགས་རྗེ་ཆེན་པོ་སྐྱེ་ཞེས་དེ་ལ་བྱ། །ཞེས་སོ། །མ་འདྲེས་ཡོངས་རྫོགས་སམ་ཅི་ལྟ་བ་དང་ཅི་སྙེད་མཁྱེན་པའི་དབང་དུ་ཡུལ་ཡུལ་ཅན་དབྱེར་མེད་དུ་མཁྱེན་ཞེས་བྱའོ། །དེ་ལྟར་གཟིགས་ནས་ཐུགས་རྗེ་སྐྱེས་ཏེ། དོན་བསྡུས་ལས། ཀུན་བཟང་ཐུགས་རྗེས་འགྲོ་དོན་དུ། །ཐེག་པ་གསུམ་སྣང་འདུལ་མཛད་པའི། །ཞེས་པས་ཐུགས་རྗེ་སྐྱེས་པ་དང་དོན་མཛད་པའོ། །དང་པོ་ཐུགས་རྗེ་སྐྱེ་ཚུལ་ནི་བཞི་སྟེ། ལུང་ལས། རྟག་རྒྱུན་རང་བཞིན་ཤུགས་སྐྱེད་དང་། །ཡུལ་དང་གསོལ་བ་བཏབ་པས་སྐྱེ། །ཞེས་པ་ནི། རྟག་པ་རྒྱུན་དུ་ཐུགས་རྗེ་སྐྱེ་བ་དང་། རང་བཞིན་ཤུགས་ཀྱིས་སྐྱེ་བ་དང་། ཡུལ་དང་འཕྲད་ནས་སྐྱེ་བ་དང་། བསྐུལ་ཞིང་གསོལ་བ་བཏབ་པས་ཐུགས་རྗེ་སྐྱེ་བའོ། །རྟག་པར་རྒྱུན་དུ་ཐུགས་རྗེ་སྐྱེ་བ་ལ་ཡང་། རང་བཞིན་ཐུགས་རྗེའི་རྒྱུན་དང་། འབྱུང་བ་ཐུགས་རྗེའི་རྒྱུན་དང་། སྤྲུལ་པ་ཐུགས་རྗེའི་རྒྱུན་དང་། ཡེ་ཤེས་ཀྱི་སྤྱན་ཐུགས་རྗེའི་རྒྱུན་ནོ། །རང་བཞིན་ཐུགས་རྗེའི་རྒྱུན་ནི། བདེ་བར་གཤེགས་པའི་སྙིང་པོ་རྒྱུན་ཆད་མེད་པར་ཆོས་ཐམས་ཅད་ཀྱི་རང་བཞིན་མཛད་པ་མེད་པའི་མཛད་པ་འགྲོ་བའི་དོན་དུ་གྱུར་པ་རྒྱུན་ཆད་མེད་པར་འབྱུང་བ་ལ་བྱའོ། །ལེའུ་དྲུག་པ་ལས། གདོད་ནས་བདེར་གཤེགས་སྙིང་པོ་ལ། །རྣམ་རྟོག་གློ་བུར་ལས་ཀྱིས་བསྒྲིབས། །དེ་ཉིད་འགྲོ་མགོན་སྐྱབས་ཆེན་ཡིན། །ཅེས་སོ། །འབྱུང་བ་ཐུགས་རྗེའི་རྒྱུན་ནི། འབྱུང་བ་སྤྱིའི་དབང་བཙན་ཙམ་དུ་སོ་སོའི་ནུས་པས་འགྲོ་བའི་དོན་བྱེད་པའོ། །དེ་རྟག་པ་རྒྱུན་གྱི་འཁོར་ལོར་འབྱུང་བ་ལ་བྱའོ། །ཞེ་བཞི་པ་ལས། འབྱུང་བ་རྒྱུན་གྱི་བཅོམ་ལྡན་འདས། །ཐུགས་རྗེ་རྟག་པའི་སངས་རྒྱས་ཏེ། །རང་བཞིན་ཀུན་ལ་ཁྱབ་པར་གནས། །ཞེས་སོ། །སྤྲུལ་པ་ཐུགས་རྗེའི་རྒྱུན་ནི། འཇིག་རྟེན་སྤྱིའི་དབང་བཙན་དུ། སྤྲུལ་སྐུ་རྒྱུན་མི་ཆད་པ་ཡིན། ཉེ་བར་འཇིག་རྟེན་གྱི་ཁམས་འཛམ་བུ་གླིང་གཅིག་ཏུ་ཡང་མ་གྲགས་པའི་སྤྲུལ་པ་རྒྱུན་མི་ཆད་པ་ཡིན། ལེའུ་སོ་གསུམ་པ་ལས། སྤྲུལ་པ་ནི་མ་བྱུང་མ་མྱོང་རྒྱུན་དུ་འབྱུང་བའོ། །ཞེས་པ་དང་། གསང་བའི་སྙིང་པོ་ལས་ཀྱང་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས། འདུལ་བ་རྣམ་བཞིས་འགྲོ་བ་ལྔའི་དོན་མཛད་དེ། ཞེས་པ་ལ་སོགས་གསུངས་སོ། །ཡེ་ཤེས་སྤྱན་གྱི་ཐུགས་རྗེའི་རྒྱུན་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་གྱིས་དུས་ཐོག་མཐའ་མེད་པར་འཁོར་བའི་ཁམས་མི་གཟིགས་ཀྱང་མ་མྱོང་ལ་ཅི་སྲིད་གཟིགས་པ་དེ་སྲིད་དུ་ཐུགས་རྗེ་རྒྱུན་དང་བཅས་པའོ། །དཔེ་ཆུ་བོའི་རྒྱུན་རྟག་ཏུ་གཤེར་བ་དང་ལྡན་པ་ལྟ་བུའོ། །ཞེ་བདུན་པ་ལས། འགྲོ་དོན་མཛད་པའི་འཕགས་པ། ཐབས་མཁས་ཐུགས་རྗེའི་སྤྲུལ་པ། འབྱུང་བ་རྒྱུན་གྱི་བཅོམ་ལྡན་འདས། ཐུགས་རྗེའི་བདག་ཉིད་ཆེན་པོར་སྤྲུལ་པ་སྟེ། ཞེས་གསུངས་སོ། །རང་བཞིན་ཤུགས་ཀྱིས་སྐྱེ་བ་ནི། རང་བྱུང་ཡེ་ཤེས་ཆེན་པོ་ནི་ཐུགས་རྗེའི་བདག་ཉིད་མ་རིག་པའི་མུན་པ་སེལ་བའི་ཡེ་ཤེས་ཀྱི་རང་བཞིན་ཡིན་ཏེ། དཔེ་ཉི་མའི་འོད་རང་ཚུགས་ཙམ་རྩོལ་བ་མེད་པར་འཇིག་རྟེན་དུ་སྣང་བ་ལྟ་བུའོ། །སོ་གཉིས་པ་ལས། གསང་སྔགས་ནི་རང་བཞིན་གྱིས་སྣང་བར་ཟད་ལ། སྐྱེས་བུ་དམ་པ་རྣམས་ནི་བྱིན་གྱིས་རླབས་ཀྱིས་ཆོས་སྟོན་ཏོ། །ཞེས་སོ། །ཉེར་གསུམ་པ་ལས། རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །ཡོངས་ལ་ཁྱབ་པ་སྙིང་རྗེའི་ཡུལ། །ཅེས་དང་། ཀུན་འདུས་ལས། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་ཤར་བཞིན་དུ་སྙོམས་མཛད་པ། །ཞེས་གསུངས་སོ། །ཡུལ་དང་འཕྲད་ནས་ཐུགས་རྗེ་སྐྱེ་བ་ནི། ཉེར་བདུན་པ་ལས། དེ་ནས་མཐུན་འཇུག་སྐྱེས་བུ་དེས། །མཐུན་པའི་སྤྱན་གྱིས་གང་གཟིགས་ན། །ལས་ཀྱི་ཡི་དྭགས་དྲག་པོ་དེ། །ཞེས་དང་། ཉེར་དྲུག་ལས། མགོན་མེད་པ་ཡི་འཇིག་རྟེན་དེ། །མཁྱེན་ཏེ་ཐུགས་རྗེས་གདུང་བ་ནི། །ཞེས་གསུངས་པས། ཐུགས་རྗེའི་ཡུལ་རུ་ཏྲ་ལྟ་བུ་དང་། གཞན་ཡང་སྡུག་བསྔལ་ཅན་དང་འཕྲད་པས། ཐམས་ཅད་མཁྱེན་པའི་ཐུགས་གདུང་བ་སྐྱེ་བ་ལྟ་བུའོ། །དེ་ལྟར་ན་ཁམས་གསུམ་གྱི་སེམས་ཅན་སྡུག་ཕོངས་ཅན་རྒྱུན་མི་ཆད་པས་ཐུགས་རྗེ་སྐྱེ་བ་རྒྱུན་མི་ཆད་ཅེས་བྱའོ། །བསྐུལ་ཞིང་གསོལ་བ་བཏབ་པས་ཐུགས་རྗེ་སྐྱེ་བ་ནི་གཉིས་ཏེ། རང་དོན་དུ་བསྐུལ་བ་དང་། གཞན་དོན་དུ་བསྐུལ་བའོ། །རང་དོན་དུ་བསྐུལ་ཞིང་གསོལ་བ་བཏབ་པ་ནི། སྡུག་བསྔལ་ཅན་སྨྲེ་སྔགས་བཏོན་པས་ཐུགས་རྗེ་སྐྱེ་བ་སྟེ། ཉེར་བདུན་པ་ལས། ཨེ་མའོ་ཨེ་མའོ་ཨེ་མ་ཡང་། །དཔའ་བོ་ལྷ་རྗེ་ཐུགས་རྗེ་ཆུང་། །ཤིན་ཏུ་བདེ་བའི་གནས་གཅིག་ནས། །སྣམ་དུ་བཏོན་པ་ཐུགས་རྗེ་ཆུང་། །དེ་ཡང་ཅི་མཛད་མྱུར་དུ་མཛོད། །མྱུར་དུ་བསྒྲལ་ན་ཡུན་དུ་བདེ། །འབངས་སུ་མཆིའོ་བདག་ལུས་འབུལ། །འབངས་ལ་ནན་ཏན་མ་ཆུང་ཞིག །ཅེས་པ་དང་། ཉེར་བརྒྱད་པ་ལས། རྨག་ཆུད་པར་དུས་ནས་ཤིན་ཏུ་སྨྲེངས་ཏེ་ཡོངས་སུ་གདུང་བའི་དོན་བཏོན་པ་ནི་འདི་ལྟ་སྟེ། ཞེས་སྔོན་བྱུང་རུ་ཏྲའི་གདུང་ཚིག་གི་ཁུངས་དྲང་ངོ་། །གཞན་དོན་དུ་བསྐུལ་བ་ནི། ལེའུ་གསུམ་པར་དམ་པའི་རིགས་ཅན་ལྔས་བསྐུལ་ཞིང་གསོལ་བ་བཏབ་པའོ། །ལེའུ་ལྔ་པར་གདུང་བ་སེལ་བར་ཞལ་གྱིས་བཞེས་པའོ། །དེ་དག་གི་ལུང་ཁུངས་ཀྱང་དྲང་ངོ་། །སྐྱེས་ནས་དོན་མཛད་ཚུལ་ལ་གཉིས་ཏེ། དོན་བྱེད་ཚུལ་གྱི་འདོད་གཞུང་ཐ་དད་པ་དང་། དོན་མཛད་ཐབས་དངོས་སོ། །དོན་བྱེད་ཚུལ་གྱི་འདོད་གཞུང་ནི། རྟེན་ཅན་གྱིས་དོན་བྱེད་པར་འདོད་པ་བྲམ་ཟེས་མཆོད་སྡོང་བསྒྲུབ་པ་ལྟ་བུར་འདོད་པ་བོད་ཀྱི་ཞང་ཤེས་རབ་བླ་མ་ལ་སོགས་པའི་གཞུང་། དང་། རྟེན་མེད་ཀྱིས་དོན་བྱེད་པར་འདོད་པ་དྲང་སྲོང་སྨོན་ལམ་གྱི་དོན་བྱེད་པ་ལྟ་བུ་བོད་ཀྱི་དགེ་བཤེས་རོང་ཟོམ་ཆོས་ཀྱི་བཟང་པོ་ལ་སོགས་པའི་གཞུང་། དང་། ཐུགས་རྗེ་ལྷུན་གྲུབ་ངོ་བོ་ཉིད་ཀྱིས་དོན་བྱེད་པར་འདོད་པ་ནམ་མཁས་དོན་བྱེད་པ་ལྟ་ལྷ་རྗེ་བདེར་གཤེགས་ལ་སོགས་པ་བླ་མ་དམ་པ་རྣམས་ཀྱི་གཞུང་། བུའོ། །དེ་ལ་འདོད་ལུགས་གསུམ་གྱི་ནང་ནས། ཐུགས་རྗེ་ལྷུན་གྲུབ་ངོ་བོ་ཉིད་ཀྱིས་དོན་བྱེད་པར་འདོད་པའི་ལུགས་ཀྱི་དོན་མཛད་ཐབས་ནི། སྤྱིར་མ་ངེས་ཤིང་བསམ་གྱིས་མི་ཁྱབ་པས། གདུལ་བྱའི་བསམ་པ་དང་མཐུན་པར་དོན་མཛད་པ་ཡིན་ན་ཡང་སློབ་དཔོན་དྷརྨ་བོ་དྷིའི་དགོངས་པ་རེ་ཞིག་འདི་ཉིད་ཀྱི་ལེའུ་ཞེ་བཞི་པ་རྒྱབ་རྟེན་དུ་བཞག་ནས། གདུལ་བྱ་གསུམ་ལ། ཐེག་པ་གསུམ་གྱི་འདུལ་ཐབས་གསུམ་གྱིས་དོན་མཛད། ཅེས་བྱའོ། །དེ་ལ་གདུལ་བྱ་ནི། ཞེ་བཞི་པ་ཉིད་ལས། གང་ཞིག་འདུལ་བའི་ཡུལ་རྣམས་ལ། །གསུམ་དུ་ངེས་པར་སྣང་བ་ནི། །འདོད་ལ་ཞེན་དང་ངེས་པར་འབྱུང་། །འདུལ་དཀའ་དྲག་པོའི་གདུལ་བྱ་གསུམ། །ཞེས་སོ། །འདུལ་བའི་ཐེག་པ་གསུམ་ནི། གང་ཞིག་གིས་འདེགས་པའི་རྩལ་གསུམ་ནི། འཁོར་ལོ་རྒྱུན་དང་དོན་དམ་ངེས། །ཆོ་འཕྲུལ་མངོན་པར་འབྱུང་བ་གསུམ། །རང་བཞིན་ཡེ་ནས་སྣང་བ་ཡིན། །ཞེས་སོ། །གདུལ་ཐབས་གསུམ་ནི། ཇི་ལྟར་འདེགས་པའི་ཐབས་རྣམས་ནི། །བསམ་གྱིས་མི་ཁྱབ་གསུམ་ཉིད་དུ། །སྣང་བ་དེ་ཉིད་གང་ཡིན་པ། །རང་བཞིན་ཤུགས་དང་གཉེན་པོའི་ཐབས། །ལས་རྒྱུན་གཅོད་པ་འབའ་ཞིག་གོ། །ཞེས་གསུངས་ཏེ། དེ་ལ་འདོད་པ་ཞེན་པའི་གདུལ་བྱ་ལ། འཁོར་ལོ་རྒྱུན་གྱི་ཐེག་པས། རང་བཞིན་ཤུགས་ཀྱིས་འདུལ་ཐབས་ཀྱིས་དོན་མཛད་པ་ནི། ལེའུ་དེ་ཉིད་ལས། ཡེ་ནས་སངས་རྒྱས་གྲགས་པ་ལྔར། །གདུལ་བྱ་འདུལ་བྱེད་ཐམས་ཅད་ཀུན། །ལྔར་བྱུང་ལྔར་སྣང་ལྔས་འདུལ་སྒྲོལ། །སྐྱེ་དང་འཚོ་དང་རྟེན་པ་ཡི། །རྒྱུ་དང་རྐྱེན་དང་གནས་པ་ནི། །མི་རྟོག་ངང་གིས་ཀུན་འབྱུང་བ། །མེད་ལ་མི་ཟད་རྣམ་པ་གསུམ། །ཞེས་པ་དང་། སྤྱི་གཅོད་ལས། ཚིམ་བྱེད་བདེ་བས་དོན་བྱེད་པ་དང་། སྣང་བྱེད་སྟོན་པས་དོན་བྱེད་པ་དང་། གོ་བྱེད་བརྡའ་ཡིས་དོན་བྱེད་པ་དང་གསུམ་གྱིས་རང་བཞིན་ཤུགས་ཀྱིས་འདུལ་ལོ། །ངེས་པར་འབྱུང་བའི་གདུལ་བྱ་ལ་དོན་དམ་ངེས་པའི་ཐ ེག་པས་གཉེན་པོ་ཐབས་ཀྱིས་དོན་བྱེད་པ་ནི། དེ་ཉིད་ལས། དོན་དམ་ངེས་པའི་ཐེག་པ་ཡང་། །གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས་པས། སྤྱིར་གདུལ་བྱ་བློ་ཆུང་བ་དང་། འབྲིང་བ་དང་། ཆེན་པོ་གསུམ་ལ། ཐེག་པ་ཡང་དེ་ལྟར་གསུམ་གྱིས་འདུལ་ལོ། །གདུལ་བྱ་གསུམ་པོ་རེ་རེ་ལའང་། བློ་ཆེ་འབྲིང་གསུམ་གསུམ་དུ་ཕྱེ་བས་དགུར་འགྱུར་ལ། ཐེག་པ་གསུམ་པོ་རེ་རེ་ལ་ཡང་གསུམ་གསུམ་དུ་ཕྱེ་བས་དགུ་ཡིས་འདུལ་ལོ། །དེ་ཡང་དབང་པོ་ཐ་མ་ལ་སྦྱར་ན། གང་འདིར་འདྲེན་པ་འདི་ལྟ་སྟེ། །ཡུལ་གྱི་ངེས་པར་སྣང་བ་སྟེ། །ཐ་མ་འབྲིང་དང་རབ་ལ་སྣང་། །འབྲིང་པོ་ལ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ནི། འདི་ཡང་ཡུལ་གྱི་གསུམ་ཉིད་དོ། །ཞེས་སོ། །རབ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ནི། ཡུལ་གྱི་རྣམ་པ་གསུམ་སྣང་སྟེ། །བསྐྱེད་དང་རྫོགས་དང་ཡོངས་སུ་རྫོགས། །ཞེས་སོ། །དེ་ཡང་ཉོན་མོངས་པ་དང་། རྟོག་པ་རང་ཀ་མར་མི་གཏོང་བར། ཆོས་ཉི་གོ་བར་བྱེད་པའི་ཐབས་ཀྱིས་འདུལ་བའོ། །གདུལ་དཀའ་དྲག་པོའི་གདུལ་བྱ་ལ། ཆོ་འཕྲུལ་མངོན་འབྱུང་གི་ཐེག་པས། ལས་རྒྱུན་གཅོད་པའི་གདུལ་ཐབས་ཀྱིས་དོན་བྱེད་པ་ནི། དེ་ཉིད་ལས། ཆོ་འཕྲུལ་མངོན་འབྱུང་ཐེག་པ་ཡང་། །ཡུལ་གྱི་རྣམ་པ་གསུམ་སྣང་བ། །ཞེན་དང་རྨོངས་དང་འཁྲུགས་པ་ཡི། །ལས་ངན་འདུ་ཤེས་ངན་པ་རྣམས། །རྒྱུན་བཅད་བསྒྱུར་བའི་ཕྲིན་ལས་ཀྱིས། །དམ་པའི་འཁོར་ལོ་བསྐོར་བྱས་ནས། །བསྐལ་པའི་འཁོར་ལོས་ལས་རྒྱུན་གཅོད། །ཅེས་དང་། ཡང་། སྲེད་ཞི་འཚོ་བྲལ་བསྐལ་པ་ཡིས། །ཆགས་ཤིང་ཞེན་པའི་ལས་རྒྱུན་གཅོད། །བཟོད་ལྡན་རྨོངས་པའི་བསྐལ་པ་ཡིས། །སེམས་དང་ཡིད་ཀྱི་ལས་རྒྱུན་གཅོད། །ཐབས་འཛིན་མཚོན་ཆའི་བསྐལ་པ་ཡིས། །དངོས་པོས་དངོས་པོ་ཐམས་ཅད་གཅོད། །ཅེས་པ་དང་། ཡང་། ལྷག་མཐོང་མེ་ཡི་བསྐལ་པ་ཡིས། །ཉོན་མོངས་དངོས་པོ་ཐམས་ཅད་བསྲེག །ཞི་གནས་ཆུ་ཡི་བསྐལ་པ་ཡིས། །ཉོན་མོངས་དྲི་མ་ཐམས་ཅད་འཁྲུ། །ཐོགས་མེད་རླུང་གི་བསྐལ་པ་ཡིས། །ཤེས་བྱ་ཐོགས་མེད་ཐམས་ཅད་བསྐྱོད་། །ཤེས་རབ་ནམ་མཁའི་བསྐལ་པ་ཡིས། །མཚན་མའི་རྒས་རྒུད་ཐམས་ཅད་སྟོང་། །ལས་ངན་མྱུར་དུ་རྒྱུན་བཅད་ནས། །གནས་ངན་དག་ལས་མྱུར་དུ་སྒྲོལ། །ཅེས་སོ། །དེ་ཡང་ཕྱི་ནང་གི་བསྐལ་པ་ཟུང་གསུམ་གྱིས་གདུལ་དཀའ་དྲག་པོའི་གདུལ་བྱའི་ལས་ངན་པ་རྒྱུན་གཅོད་པའི་གདུལ་ཐབས་སོ། །དེ་ལྟར་ཐེག་པ་གསུམ་ལས། དོན་དམ་ངེས་པའི་ཐེག་པ་དེའི་ནང་ནས་གསང་སྒོ་མཚོན་པར་བྱེད་པའི་མདོ་རྒྱུད་ཀྱི་དོན་འདི། རྣལ་འབྱོར་གསུམ་གྱིས་བཤད་དེ། དོན་བསྡུས་ལས། དོན་དམ་ངེས་པའི་ཐེག་མཆོག་ལས། །གསང་སྒོ་མཚོན་པའི་མདོ་རྒྱུད་དོན། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །བྱ་བའི་གཞི་དང་བྱེད་པའི་རྐྱེན། །བྱ་བྲལ་འབྲས་བུའི་རྣལ་འབྱོར་དག །ཅི་སྙེད་ཆོས་ཀྱི་རྩ་བར་བཤད། །ཅེས་པ་དང་། རེ་དགུ་པ་ལས། གྲོགས་པོ་དག་དེ་བས་ན། བསམ་གྱིས་མི་ཁྱབ་པའི་རྣམ་པ་གང་ཞེ་ན། འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ནི། རྣལ་འབྱོར་གསུམ་གྱིས་ཡོངས་སུ་འགྲེལ་པ་སྟེ། གང་ཞེ་ན ། བྱ་བའི་རྣལ་འབྱོར་དང་། བྱ་བ་བྱེད་པའི་རྣལ་འབྱོར་དང་། བྱ་བ་མེད་པའི་རྣལ་འབྱོར་རོ། །ཞེས་པ་དང་། ཀུན་འདུས་ལེའུ་དང་པོ་ལས་ཀྱང་། གྲོགས་པོ་དག་ཆོས་ཐམས་ཅད་རྣལ་འབྱོར་གསུམ་གྱིས་ཡོངས་སུ་འགྲེལ་ཏེ། གང་ཞེ་ན། རྒྱུའི་རྣལ་འབྱོར་དང་། རྐྱེན་གྱི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་རོ། །ཅེས་པས། བྱ་བ་རྒྱུའི་རྣལ་འབྱོར་དང་། བྱེད་པ་རྐྱེན་གྱི་རྣལ་འབྱོར་དང་། བྱ་བྲལ་འབྲས་བུའི་རྣལ་འབྱོར་རོ། །དེ་ལ་རྒྱུའི་རྣལ་འབྱོར་ནི་གཉིས་ཏེ། ངོ་བོ་དང་། རྣམ་གྲངས་སོ། །དང་པོ་ནི། ཕྱི་ནང་བྱེ་བྲག་ཅི་སྙེད་པའི། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཇི་བཞིན་ངང་དུ་ཡེ་གནས་པ། ཤེས་པར་བྱ་བའི་རྒྱུད་དོན་ཡིན། །ཅེས་པས། ཤེས་བྱ་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་ཅི་བཞིན་པའི་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའམ། སེམས་ཉིད་རང་བྱུང་གི་ཡེ་ཤེས་གཉིས་མེད་ལྷུན་གྲུབ་གཉིས་ཀྱི་མཐའ་ལས་གྲོལ་བ། དབུ་མ་ཙམ་དུའང་དམིགས་སུ་མེད་པ། དགག་སྒྲུབ་ཐམས་ཅད་དང་བྲལ་བའི་ངང་དུ་ཡེ་ནས་གནས་པ་ནི་བྱ་བའི་རྣལ་འབྱོར་རོ། །ལེའུ་དང་པོ་ལས། འདུ་འབྲལ་མེད་པའི་གཟུངས། ཐམས་ཅད་རིག་པ། གསང་སྔགས་ཀྱི་ངོ་བོ། ཇི་སྙེད་པའི་ཅི་བཞིན་པ། ཆོས་ཐམས་ཅད་ཀྱི་མེ་ལོང་ཉིད། ཅེས་པ་དང་། ལེའུ་དགུ་པ་ལས། རྡོ་རྗེ་སེམས་དཔའ་ནི་གཅིག་དང་ཐ་དད་པའི་ངོ་བོ་ཉིད་ལས་གྲོལ་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་མ་བཅོས་མ་བསླད་སྙིང་པོ་བྱང་ཆུབ་ལ་ཡེ་ནས་གནས་པ་དེ་ལ། ཡེ་ཅི་བཞིན་པའི་རྡོ་རྗེ་སེམས་དཔའ་ཞེས་གདགས་སོ། །ཞེས་པ་དང་། ཡང་། མཐའ་ཡས་པའི་སེམས་ཅན་གྱི་དེ་བཞིན་ཉིད་ནི། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །ཞེས་པ་དང་། ལེའུ་བཅུ་དགུ་པ་ལས། བྱ་བའི་རྣལ་འབྱོར་པ་ལྟར་སེམས་ཐ་དད་པར་སྣང་བ་རྣམས། བྱ་བ་མེད་པའི་རྣལ་འབྱོར་པ་ལྟར། སེམས་དེ་ཁོ་ན་ཉིད་དུ་གཅིག་ཏུ་སྣང་ལ། དེ་ཁོ་ན་ཉིད་གཅིག་ནི་དེ་ཁོ་ན་ཉིད་གསང་བ་དམ་པ་ཡིན་པའི་ཕྱིར་རོ། །ཞེས་པ་དང་། སོ་གཉིས་པ་ལས། གསང་སྔགས་ཞེས་བྱ་བ་ནི། སྣང་བ་དང་མི་སྣང་བ་གཉིས་སུ་མེད་པ་གཉིས་ཀྱི་ངོ་བོ་ཉིད་ལས་གྲོལ་བ། དབུ་མར་མི་དམིགས་པ་གང་ཡིན་པ་དེ་ཁོ་ན་ཉིད་དོ། །ཞེས་པ་ལ་སོགས་པ་གསུངས་སོ། །རྣམ་གྲངས་ལ་གཉིས་ཏེ། ངོ་བོའི་རྣམ་གྲངས་ནི། རེ་དགུ་པ་ལས། གྲོགས་པོ་དག་བྱ་བའི་རྣལ་འབྱོར་ཡང་གསུམ་དུ་ཤེས་པར་བྱ་སྟེ། གང་ཞེ་ན། ཕྱིའི་རྣལ་འབྱོར་དང་། ནང་གི་རྣལ་འབྱོར་དང་། ཕྱི་ནང་གི་རྣལ་འབྱོར་རོ། །ཞེས་སོ། །མིང་གི་རྣམ་གྲངས་ནི། ལེའུ་བརྒྱད་པ་ལས། དེ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱའོ། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཅེས་ཀྱང་བྱའོ། །སེམས་ཀྱི་སྟོང་པ་ཉིད་ཅེས་ཀྱང་བྱའོ། །མཐའ་ལས་འདས་པ་ཞེས༴ དབུ་མར་མི་དམིགས་པ་ཞེས༴ སངས་རྒྱས་ཀུན་གྱི་དངོས་གཞི་ཞེས༴ སྤྲུལ་པ་ཀུན་གྱི་འབྱུང་གནས༴ སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན༴ ཞིང་ཁམས་ཀུན་གྱི་སྒྲོན་མ༴ ཐུགས་རྗེ་ཐབས་ཀྱི་འབྱུང་གནས་ཞེས༴ ཆོས་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བ་ཞེས་ཀྱང་བྱའོ། །ཞེས་གསུངས་པས། དེ་ལྟར་བྱ་བ་རྒྱུའི་རྣལ་འབྱོར་ནི། ལེའུ་བཅོ་བརྒྱད་ཀྱིས་ཤས་ཆེར་བསྟན་ཏེ། དྲུག་པ། བརྒྱད་པ། དགུ་པ། བཅུ་གཉིས་པ། བཅུ་བཞི་པ། བཅོ་ལྔ་པ། བཅུ་དྲུག་པ། བཅུ་བདུན་པ། བཅོ་བརྒྱད་པ། བཅུ་དགུ་པ། སོ་གཉིས་པ། ཞེ་དགུ་པ། ང་བཞི་པ། ང་ལྔ་པ། ང་དྲུག་པ། ང་བདུན་པ། ང་དགུ་པ། ལེའུ་ཐ་མ་རྣམས་སོ། །ཐོར་བུ་གཞན་ནས་ཀྱང་སྟོན་ཏེ། དཀྱུས་ཀྱི་ཐད་ཀར་མཐུན་མཐུན་དུ་ངོ་སྤྲད་དོ། །བྱེད་པ་རྐྱེན་གྱི་རྣལ་འབྱོར་གྱི་ངོ་བོ། རྩོལ་བཅས་སྤྱོད་པས་འདྲེན་པ་ཡི། །ཐེག་པ་དེ་ནི་བྱ་བྱེད་རྐྱེན། །ཅེས་པ། རྒྱུ་ལས་འབྲས་བུ་རྩོལ་བ་དང་བཅས་པའི་སྤྱོད་པས་འཁོར་བ་ལས་འདྲེན་ཅིང་འདས་པར་འཇུག་པའི་རྒྱུའི་ཐེག་པའོ། །ངེས་ཚིག་ནི། རྒྱུ་ཡིས་འབྲས་བུ་ཐོབ་པའི་བྱ་བ་བྱེད་ཅིང་། ཡང་རྐྱེན་ཙམ་དུ་སྤྱོད་པས་སོ། །དམིགས་བཟུང་བ་ནི། རྒྱུ་ཡི་ཐེག་པ་གསུམ་མོ། །དེ་ནི་ལེའུ་དགུས་སྟོན་ཏེ། ལེའུ་བཅུ་པ། སོ་བདུན་པའི་སྨད། བཞི་བཅུ་པ། ཞེ་བཞི་པ། ཞེ་ལྔ་པ། ང་ལྔ་པ། དྲུག་ཅུ་པ། རེ་བརྒྱད་པ། རེ་དགུ་པ་རྣམས་ཀྱིས་ཤས་ཆེར་སྟོན་ཏོ། །བྱ་བྲལ་འབྲས་བུའི་རྣལ་འབྱོར་ནི། གཞན་དུ་འབྲས་བུའི་རེ་རྩོལ་མེད། །བསྒྲུབ་བྱ་ཉིད་ལ་ལམ་གནས་པས། །ཐབས་ཆེན་ཐེག་འདི་བྱ་བྲལ་ལོ། །དེ་ལའང་ཕྱི་ནང་ནང་ཉིད་ལའང་། །གཞི་དང་ཐབས་དང་དེ་འབྲས་བུ། །ཚུལ་གསུམ་བྱེ་བྲག་ཆོས་སུ་བཤད། །ཅེས་པ། སེམས་པས་གཞན་དུ་འབྲས་བུ་ཚོལ་བའི་བྱ་བ་དང་བྲལ་བས་འབྲས་བུ་ལམ་དུ་བྱེད་པ་ཐབས་ཆེན་གསང་སྔགས་ཀྱི་ཐེག་པའོ། །དེ་ལའང་ཕྱི་པ་དང་ནང་པ་གཉིས་ལས། ནང་པ་སྟོན་པའི་མདོ་རྒྱུད་འདི་ལ་ཡང་། གཞི་དང་ལམ་དང་འབྲས་བུའི་ཚུལ་གྱིས་གནས་སོ། །དེ་ལ། གཞི་ནི་སྔ་མའི་དོན་ཉིད་དོ། །ཞེས་བྱ་སྟེ། གོང་དུ་བསྟན་པའི་རྒྱུའི་རྣལ་འབྱོར་ཉིད་དོ། །ལམ་ནི། ཐབས་ནི་ལམ་ཡིན་རྣམ་པ་གསུམ། །གོལ་སྒྲིབ་ངོ་བོ་ཡན་ལག་སྟེ། །ཞེས་པ་ལ་གསུམ་སྟེ། ལམ་གྱི་མི་མཐུན་པའི་ཕྱོགས་གོལ་སྒྲིབ་དང་། ལམ་རང་གི་ངོ་བོ་དང་། ལམ་གྱི་ཆ་རྐྱེན་ཡན་ལག་གོ། །དེ་ལ་དང་པོ་ནི། གོལ་ས་ལྟུང་བའི་སྒོ་དགུ་དང་། །ཉོན་མོངས་ཤེས་བྱའི་སྒྲིབ་སོགས་དང་། །ཐུན་མོང་རྟོག་པ་བརྒྱད་ཅུ་གཅིག །དགུ་བཅུ་ལ་སོགས་སྐྱོན་རྣམས་དང་། །ཤེས་བྱའི་བྱེ་བྲག་དྲུག་ལ་སོགས། །མི་མཐུན་གོལ་སྒྲིབ་ཕྱོགས་སུ་བཤད། །ཅེས་པ་ལ། དེ་ལ་གོལ་ས་ལྟུང་བའི་སྒོ་དགུ་ནི། ཉི་ཤུ་པ་དང་། ཉེར་གཅིག་པ་དང་། ཉེར་གཉིས་པ་དང་། སོ་དྲུག་པ་དང་། སོ་བདུན་པ་དང་། སོ་བརྒྱད་པ་རྣམས་ཀྱིས་སྟོན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ནི། ང་གཅིག་པ་དང་། ང་ལྔ་པ་མུན་པའི་ཁམས་དང་། དོན་གསུམ་པ་རྣམས་ཀྱིས་སྟོན། ཐུན་མོང་རྟོག་པ་བརྒྱད་ཅུ་རྩ་གཅིག་ནི། ལམ་དང་གོལ་ས་ཐུན་མོང་དུ་བསྟན་པ་ལེའུ་བཅུ་དྲུག་པས་འཆད་དོ། །ཤེས་བྱའི་བྱེ་བྲག་དྲུག་ནི། ལམ་རང་གི་བགྲོད་ཚུལ་གྱི་གོལ་ས་སྟེ། ལེའུ་དྲུག་ཅུ་པའི་སྟོད་དང་རེ་བརྒྱད་པས་འཆད་དོ། །ལམ་རང་གི་ངོ་བོ་ནི་གཉིས་ཏེ། སྔོན་བྱུང་སངས་རྒྱས་ཀྱི་མཛད་པའི་ལམ་དང་། རྗེས་འཇུག་རྣལ་འབྱོར་པས་སྒྲུབ་པའི་ལམ་མོ། །སྔོན་བྱུང་གི་རྒྱལ་ཚབ་སྐྱེས་བུ་ལྔས་བདག་གཞན་གྱི་དོན་དུ་ལམ་ལ་བགྲོད་ཚུལ་དང་། རྒྱལ་བས་བདག་གཞན་གྱི་དོན་དུ་ལམ་བགྲོད་ཚུལ་དང་། ཐབས་ལམ་གྱི་སྒོ་ནས་རུ་ཏྲ་སྦྱངས་པའི་ཚུལ་ལོ། །དེ་ལ་དང་པོ་ནི། ལེའུ་དང་པོ་སྐུ་གསུམ་གྱི་འཁོར་རྣམས་དང་། བཅུ་གཅིག་ནས་བཅུ་བཞི་བར་གྱི་ལེའུ་བཞིས། རིགས་ལྔས་ལམ་བགྲོད་པའི་ཚུལ་དང་། ཞེ་བརྒྱད་པ་གླེང་བསླང་བའི་ལེའུ་ནས། སྟོན་པའི་འོད་ཟེར་ལས་སྟོན་པ་དཔག་ཏུ་མེད་པ་འཁོར་སོ་སོའི་ཞབས་འབྲིང་དང་བཅས་པ་འཐོན་ཏེ། འཁོར་སྦྱངས་བར་བསྟན་པ་དང་། ལེའུ་སུམ་ཅུ་པ་དང་། སོ་དྲུག་པ་དང་། ཉི་ཤུ་རྩ་དགུ་པར་རུ་ཏྲ་འཁོར་བཅས་ཐབས་ཀྱི་སྒོ་ནས་དྲངས་པས་ལྡེམ་དགོངས་སྦྱོར་བའི་ཚིག་ཏུ་བཤད་པ་དང་། བཀྲི་དྲང་བརྒྱུད་པའི་ཚིག་ཏུ་བཤད་པ་སྟེ། སྔོན་བྱུང་གི་ལམ་གྱིས་མ་འོངས་པ་ཡིད་ཆེས་ཤིང་ལམ་ལ་བྲོད་པ་བསྐྱེད་པའི་ཕྱིར་བསྟན་ཏོ། །སྤྱིར་ལེའུ་ཉི་ཤུ་པ་ནས་སུམ་ཅུ་རྩ་གཅིག་གི་བར། སྔོན་བྱུང་གི་ཐབས་ལམ་དུ་འགྲོ་སྟེ། འཆད་ཚུལ་ནི་བཀྲི་དྲང་བརྒྱུད་པ་དང་། ལྡེམ་དགོངས་སྦྱར་བའོ། །རྗེས་འཇུག་གི་ལམ་ལའང་གཉིས་ཏེ། ཐུན་མོང་སྤྱིའི་ལམ་ཆེན་མོ་དང་། ཁྱད་པར་འདི་ཉིད་ཀྱི་ལམ་མོ། །དང་པོ་ནི། ཀུན་འདུས་ལས། འཇུག་པའི་ལམ་ཡང་འདི་ལྟ་སྟེ། །དམ་པས་གསུམ་དུ་གསལ་བར་བཤད། །འདྲེན་པ་ཆེན་པོའི་སྡེ་སྣོད་དང་། །གྲུབ་པ་ཐབས་ཀྱི་འཇུག་སྒོ་དང་། །དམ་པ་ཆེན་པོའི་མཛོད་གསུམ་མོ། །ཞེས་པ་དང་། འདི་ཉིད་ཀྱི་ཞེ་ལྔ་པ་ནས། སྒོ་གསུམ་ནས་ཞུགས་ནས་མེད་ལ་མི་ཟད་པའི་མཛོད་དུ་འཇུག་པར་བྱའོ། །གསུམ་གང་ཞེ་ན་སྤྱོད་པའི་འདྲེན་སྒོ་དང་། ཐབས་ཀྱི་སྦྱོར་སྒོ་དང་། ངེས་པའི་གསང་སྒོའོ། །ཞེས་པའོ། །དེ་ཡང་ཐེག་པ་དགུ་རིམ་པར་བགྲོད་ནས། འབྲས་བུ་ལ་སྦྱོར་བ་གང་དག་བློ་ཆུང་བ་རྣམས་ཀྱི་ལམ་མོ། །གཉིས་པ་ཁྱད་པར་འདི་ཉིད་ཀྱི་ལམ་ནི། ངོ་བོ་ཐབས་དང་ཤེས་རབ་སྟེ། །ཞེས་པ་ཐབས་ཀྱི་ལམ་དང་། ཤེས་རབ་ཀྱི་ལམ་མོ། །དེ་ལ་ཐབས་ཀྱི་ལམ་ནི། ལེའུ་བཅུ་གསུམ་པ་རིགས་ཅན་དབང་བསྐུར་བའི་ལེའུ་དང་། སུམ་ཅུ་པ་རུ་ཏྲ་དབང་བསྐུར་བའི་ལེའུ་དང་། བདུན་ཅུ་པ་བསླབ་པ་དབང་གི་ལེའུ་དང་། བདུན་ཅུ་རྩ་གཉིས་པ་ནས། ཐབས་དང་ཤེས་རབ་འབྲེལ་བ་དང་། ཐབས་ཤེས་ཉི་ཟླའི་ཚོགས་ལ་ཅུང་ཟད་ཙམ་སྟོན་ཏོ། །ཡང་ན། དབུ་ཞབས་ཀྱི་བྱུང་ཚུལ་བཅུ་གཉིས་ཀུན་དབང་བསྐུར་ཐབས་ཀྱི་བྱུང་ཚུལ་དུ་བཤད་ལ། རང་གིས་སྤྱི་ཁྱབ་པར་ཤེས་པར་བྱའོ། །ལུང་ལས། རོལ་པའི་ཀ་ར་ལ་སོགས་པའི། །མན་ངག་ཐབས་ཀྱིས་བདེར་འཇུག་དང་། །ཞེས་སོ། །ཤེས་རབ་ཀྱི་ལམ་ནི། ཐོས་བསམ་སྒོམ་པའི་ཚུལ་འགྲོའོ། །དེར་ནི་འཇུག་པ་རྣམ་གསུམ་སྟེ། །རྟོག་དཔྱོད་དོན་དང་ཡི་གེའོ། །རྗེས་སུ་འཇུག །ཅེས་པས། འཇུག་ཚུལ་གསུམ་སྟེ། རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པ་དང་། དོན་གྱི་རྗེས་སུ་འཇུག་པ་དང་། ཡི་གེའི་རྗེས་སུ་འཇུག་པའོ། །དེ་ཡང་ལམ་རིམ་ལས་ཀྱང་། ཤེས་རབ་ཀྱི་ངེས་པ་འདི་ལྟ་སྟེ། རིམ་གྱིས་པ་དང་ཅིག་ཆར་བའོ། །ཞེས་པས། འཇུག་ཚུལ་གསུམ་པོ་ཀུན་ལའང་། རིམ་དང་ཅིག་ཆར་བ་གཉིས་གཉིས་སུ་དབྱེ་བའོ། །དེ་ལ་དང་པོ་སྔོན་འགྲོ་ཉིད། །བློ་ཡི་སྟོབས་ཀྱིས་རྣམ་པ་གཉིས། །ལུང་ལ་སྣང་བའི་དོན་རྣམས་ལ། །རིགས་པའི་གཏན་ཚིགས་མཐའ་དག་དང་། །མན་ངག་ངེས་པའི་ཚད་མ་ཡིས། །སོ་སོར་རྟོགས་དང་རྩོལ་མེད་པར། །རིམ་དང་ཅིག་ཆར་གཏན་ལ་འབེབས། །ཞེས་གསུངས་ཏེ། དེ་ལ་རྒྱལ་བས་གསུངས་པ་དམ་པ་ངེས་པའི་ལུང་ལ་གཏན་ལ་འབེབས་ཚུལ་རྣམ་པ་གཉིས་ཏེ། རིགས་པའི་གཏན་ཚིགས་མཐའ་དག་གིས་རིམ་གྱིས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་འབེབས་པ་དང་། ངེས་པའི་དོན་གྱི་མན་ངག་ཚད་མས་རྩོལ་བ་མེད་པ་ཅིག་ཆར་གཏན་ལ་འབེབས་པའོ། །དང་པོ་ནི། ལེའུ་བཅུ་བདུན་པ་དང་། སོ་བཞི་པ། བཅོ་ལྔ་པ། སོ་བདུན་པའི་སྨད་དང་། ང་གཅིག་པ་དང་། ང་གསུམ་པ་དང་། ང་དྲུག་པ་དང་། དྲུག་ཅུ་རྩ་ལྔ་པས་ཤས་ཙམ་སྟོན། གཉིས་པ་ནི། བཅོ་ལྔ་པ་དང་། ང་བཞི་པའི་ཤས་ཙམ་དང་། ང་དྲུག་པའི་ཤས་ཙམ་དང་། བརྒྱད་པ་དང་། དགུ་པར་ཡང་ཤས་ཙམ་སྟོན་ཏོ། །དོན་གྱི་རྗེས་སུ་འཇུག་པ་ནི། དེ་ནས་འཇུག་པའི་ཚུལ་སྒོ་ནི། །དོན་ལའང་རིམ་དང་ཅིག་ཆར་བའོ། །ཞེས་པ་ལ་དོན་ནི། ཆོས་ཉིད་བྱང་ཆུབ་ཀྱི་སྙིང་པོ་ལ་བྱ་སྟེ། དེ་ལ་འཇུག་པ་ནི། རང་སེམས་རིག་པ་ཉིད་དོ། །དེ་ལའང་གཉིས་ཏེ། རིམ་གྱིས་འཇུག་པ་དང་། ཅིག་ཆར་འཇུག་པའོ། །རིམ་གྱིས་འཇུག་པ་ལ་གསུམ་སྟེ། བློ་ཆེ་བའི་དབང་དུ་རྣལ་འབྱོར་ལྔ་བསྟན་པ་ལ། སྔོན་བྱུང་གི་ལམ་ནི་ལེའུ་དང་པོ་ན་གསལ། རྗེས་ཀྱི་ལམ་ནི་ལེའུ་དོན་གཅིག་པ་ན་སྟོན། འབྲིང་པོའི་དབང་དུ་རྣལ་འབྱོར་བཅུ་ནི། ང་བརྒྱད་པ་ལྗོན་ཤིང་བསྐྱེད་པའི་ལེའུ་ན་སྟོན། ཐ་མའི་དབང་དུ་རྣལ་འབྱོར་སུམ་ཅུ་རྩ་བཞིའམ། བཞི་བཅུས་བགྲོད་པ་ནི། ལེའུ་དྲུག་ཅུ་རྩ་གཅིག་པ་རྣལ་འབྱོར་སའི་སྒྲོན་ནས་སྟོན། དོན་གྱི་རྗེས་སུ་འཇུག་པའི་ཅིག་ཆར་བ་ནི། གང་དག་བློ་ཆེན་མངོན་རྟོགས་པས། །མཉམ་ཉིད་ཡུལ་བྲལ་རང་གསལ་ལ། །མི་གཡོ་ཅིག་ཆར་གང་འཇུག་པ། །ས་དང་ལམ་གྱི་གྲངས་རྩོལ་མེད། །ཅེས་གསུངས་ཏེ། གཉིས་མེད་ལྷུན་གྲུབ་ཀྱི་ལྟ་བས་སྙིང་པོ་བྱང་ཆུབ་ཀྱི་དོན་ཅིག་ཆར་དུ་རྟོགས། གཅིག་ཆོད་དུ་བསྒོམ། གཅིག་ཆོད་དུ་འབྲས་བུ་ལ་སྦྱོར་བའོ། །དེ་ནི་ལེའུ་བཅོ་ལྔ་པ་དང་། ང་བཞི་པ་དང་། ང་དྲུག་པ་དང་། ང་བདུན་པས་སྟོན་ཏེ། ཡི་གེའི་རྗེས་སུ་འཇུག་པའི་རྣལ་འབྱོར་པ་གཉིས་ཏེ། རིམ་དང་། ཅིག་ཆར་བའོ། །དང་པོ་ལ་གསུམ་སྟེ། རིམ་གྱིས་པ་བློ་ཆེ་བའི་དབང་དུ་རྣལ་འབྱོར་ལྔ་དང་། འབྲིང་པོའི་དབང་དུ་རྣལ་འབྱོར་བཅུ་དང་། བློ་ཐ་མའི་དབང་དུ་རྣལ་འབྱོར་སོ་བཞིའམ་བཞི་བཅུའོ། །ཅིག་ཆར་བ་ནི། ཐམས་ཅད་གསལ་རྫོགས་ཅིག་ཆར་དང་། །ཞེས་པ་དང་། ལེའུ་ཐ་མ་ལས། བརྟན་གཡོའི་དཀྱིལ་འཁོར་ཕྱག་རྒྱར་རྫོགས། །རྟོག་འཛིན་སྒྲ་མཐའ་ཏིང་འཛིན་སྔགས། །ཞེས་པས་སྣང་བ་ཐམས་ཅད་སྐུ་ཕྱག་རྒྱར་གཅིག་ཏུ་བསྒོམ་པའོ། །ལམ་གྱི་རྐྱེན་ཡན་ལག་ནི། དེ་རྐྱེན་ཡན་ལག་རྣམ་པ་གཉིས། །སྒྲུབ་བྱེད་སྐྱོན་དང་ཤེས་བྱེད་པའོ། །ཞེས་པ་ལམ་གྱི་ཡན་ལག་གཉིས་ནི། སྒྲུབ་བྱེད་ཀྱི་ཡན་ལག་དང་། ཤེས་བྱེད་ཀྱི་ཡན་ལག་གོ། །དེ་ཡང་ཤེས་ནས་བསྒྲུབ་པ་ཡིན་པས། ཤེས་བྱེད་ཀྱི་ཡན་ལག་སྔོན་དུ་བཤད་དེ། ཤེས་བྱེད་ཡན་ལག་རྣམ་པ་གཉིས། །མཚོན་བྱེད་ཚིག་དང་ཡི་གེའི་རྒྱུད། །རྒྱུད་སྒོ་ཡན་ལག་རྣམ་དྲུག་དང་། །དེ་འགྲེལ་གཏན་ལ་འབེབས་བྱེད་པའི། །ལྡེའུ་མིག་ཅེས་སུ་གྲགས་པ་སྟེ། །ཞེས་པ། ཤེས་བྱ་ཤེས་པར་བྱེད་པའི་ཡན་ལག་གཞི། ཚིག་དང་ཡི་གེའི་རྒྱུད་དེ། ཕྱི་རྒྱུད་སྡེ་གསུམ་དང་། ནང་རྒྱུད་སྡེ་གསུམ་ནི། རྒྱུད་སྒོ་ཡན་ལག་དྲུག་གོ། །དེ་གཏན་ལ་འབེབས་པའི་ཤེས་བྱེད་ཀྱི་ཡན་ལག་ལ་ལྡེ་མིག་ཚན་གསུམ་མོ། །དེ་ཡང་གཉིས་གཉིས་སུ་དབྱེ་ན། རྒྱུད་ལའང་། བྱིན་རླབས་འབྱུང་བའི་རྒྱུད་དང་། ལུང་བསྟན་བརྒྱུད་པའི་རྒྱུད་དོ། །དེའི་རྗེས་སུ་ལྡེའུ་མིག་ལ་གཉིས་ཏེ་བྱིན་རླབས་འབྱུང་བའི་རྒྱུད་གཏན་ལ་འབེབས་པའི་ལྡེའུ་མིག་དང་། ལུང་བསྟན་བརྒྱུད་པའི་རྒྱུད་གཏན་ལ་འབེབས་པའི་ལྡེ་མིག་གོ། །ལྡེའུ་མིག་ཤིན་ཏུ་རྒྱས་པ་གཏན་ལ་འབེབས་པ་ལ་གཉིས་ཏེ། བྱིན་རླབས་འབྱུང་བའི་བསྟན་པ་གཏན་ལ་འབེབས་པའི་ལྡེ་མིག་རྒྱས་པར་དང་། ལུང་བསྟན་བརྒྱུད་པའི་བསྟན་པ་གཏན་ལ་འབེབས་པའི་ལྡེའུ་མིག་རྒྱས་པར་རོ། །དང་པོ་བྱིན་རླབས་འབྱུང་བའི་རྒྱུད་གཏན་ལ་འབེབས་པའི་ལྡེའུ་མིག་ལ་གཉིས་ཏེ། རྒྱུད་ཀྱི་ཞོར་ལ་སྤྱོད་པའི་འདྲེན་སྒོ་གཏན་ལ་འབེབས་པའི་ལྡེ་མིག་ནི། ལེའུ་ཞེ་ལྔ་པ་ནས་རྒྱས་པར་འཆད་དོ། །སྤྱོད་པའི་འདྲེན་སྒོ་རྣམ་འགྲེལ་གསུམ། །འབྱེད་པ་དྲུག་དང་འགྲེལ་པ་བཞི། །ངེས་པར་འབྱིན་པ་རྣམ་གསུམ་མོ། །ཞེས་སོ་མཆན། རྒྱུད་སྒོ་དྲུག་གཉིས་སུ་བསྡུས་ཏེ། གཏན་ལ་འབེབས་པའི་ལྡེ་མིག་ལ་ཡང་གཉིས་ཏེ། སྤྱི་དང་། ཁྱད་པར་རོ། །དང་པོ་ནི། སྤྱི་ཡང་རྣམ་གསུམ་ཡན་ལག་མདོ། །རྩ་བ་དག་གིས་འགྲེལ་པར་བྱེད། །ཅེས་པས། འབྱེད་པའི་ཡན་ལག་དྲུག་དང་འགྲེལ་པའི་མདོ་བཞི་དང་། འབྱིན་པའི་རྩ་བ་གསུམ་ནི། ལེའུ་ཞེ་དྲུག་པ་ནས་རྒྱས་པར་འཆད་དོ། །ཁྱད་པར་གྱི་ལྡེ་མིག་ནི། ཁྱད་པར་གསང་སྒོའི་རྣམ་འགྲེལ་ཡང་། །ཡན་ལག་མདོ་དང་རྩ་བ་ཡིས། །འབྱེད་འགྲེལ་ངེས་པར་འབྱིན་པར་བྱེད། །ཅེས་པ། འབྱེད་པའི་ཡན་ལག་དྲུག །དགྲོལ་བའི་མདོ་བཞི། འབྱིན་པའི་རྩ་བ་གསུམ་མོ། །དེ་ལ་ཡན་ལག་དྲུག་ནི། ལེའུ་ཞེ་བདུན་པ་ལས། འབྱེད་པ་རྒྱུ་དང་རྩ་བ་དང་། འབྲེལ་པའི་ཚིག་འདྲེན་ངེས་པ་དང་། །སྦྱོར་བའི་ཡན་ལག་རྫོགས་པ་ཡིན། །ཅེས་གསུངས་ཏེ། དེ་ལ་རྒྱུའི་ཡན་ལག་གླེང་གཞི་ནི། ལེའུ་ཞེ་བདུན་པས་སྟོན་ཏོ། །རྒྱུ་ནི་གླེང་གཞི་དྲུག་ཡིན་ཏེ། །དོན་གང་གང་ཚེ་གང་ཉིད་ཀྱིས། །གང་དུ་གང་ལ་གང་བརྗོད་པའོ། །ཞེས་སོ། །རྩ་བའི་ཡན་ལག་གླེང་བསླང་བ་ནི། ཞེ་བརྒྱད་པས་སྟོན། རྩ་བ་གླེང་བསླང་རྐྱེན་ཉིད་དེ་ཇི་ལྟར་བསླང་ནས་ཞུས་པའི་ཚུལ། ཅེས་སོ། །འབྲེལ་བ་དགོས་ཆེད་ཀྱི་ཡན་ལག་ཞེས་དགུ་པས་བསྟན། འབྲེལ་པ་གང་བརྗོད་གང་གིས་བརྗོད། །གང་ཕྱིར་གང་གི་སྟོབས་ཀྱིས་བཤད། །ཅེས་སོ། །འདྲེན་པ་ཚིག་གི་ཡན་ལག་ལྔ་བཅུ་པས་སྟོན། ལྟ་དང་དེ་བཞིན་སྒོ་འབྱེད་དང་། །སྤྱིར་སྡུད་པ་དང་འབྱོར་པར་འདྲེན། །རང་རྐྱེན་ལྡེམ་དགོངས་གལ་པོའི་ཚིག །མ་བཅོས་དེ་བཞིན་མཚོན་པའི་དཔེ། །ཆོ་རོལ་སྣྲེལ་བཞི་རྣམ་པ་བཅུ། །མེ་ལོང་བཅུ་དང་མཐུན་སྦྱར་ནས། །སྒྲོན་མས་མུན་པའི་རྗེས་ཚོལ་སྦྱར། །ཅེས་སོ། །ངེས་པའི་ཡན་ལག་ང་གཅིག་པས་སྟོན། །སྦྱོར་བའི་ཡན་ལག་ང་གཉིས་པས་སྟོན། །རྟོག་པ་བཞི་དང་མཚན་ཉིད་བཞི། །དགོས་འབྲེལ་བཞི་དང་ཡན་ལག་བཞི། །དེ་འཇུག་དཔེ་བཞི་མཚོན་དཔེ་བཞི། །བསྙེན་སྒྲུབ་ཡན་ལག་བཞི་དག་དང་། །མཚན་ཉིད་ཚུལ་དང་སྦྱར་བ་བཞི། །རྣམ་པ་སུམ་ཅུ་རྩ་གཉིས་རྣམས། །ཞེས་བདག་དོན་སྦྱོར་བ་སོ་གཉིས་སོ། །གཞན་དོན་སྦྱོར་བ་ཉེར་བརྒྱད་དེ། །ཆོ་འཕྲུལ་བཞི་དང་མངོན་ཤེས་ལྔ། །ཐབས་དང་རྣལ་འབྱོར་ལྔ་ལྔ་དང་། །རང་བཞིན་ལྔ་དང་ཕྲིན་ལས་བཞི། །གཞན་དོན་སྤྱོད་པའི་ཡན་ལག་སྟེ། །ཅེས་སོ། །དགྲོལ་བའི་མདོ་བཞི་ནི། མདོ་བཞི་ཐོས་མཐོང་མངོན་སུམ་དང་། །གང་ནས་གང་དུ་འབྱུང་བ་མེད། །ཅེས་པ། ང་གསུམ་པས་སྟོན། འབྱིན་པའི་རྩ་བ་གསུམ་ལ། མཚོན་པ་དཔེའི་རྩ་བ་ང་བཞི་པས་སྟོན། མི་མཐུན་པ་སྐྱོན་གྱི་རྩ་བ་ང་ལྔ་པས་སྟོན། དེ་ཁོ་ན་ཉིད་ངེས་པའི་རྩ་བ་ང་དྲུག་པས་སྟོན། རྒྱུད་སྒོ་དྲུག་སྒོ་གཉིས་སུ་བསྡུས་པའི་གཉིས་པ་ལུང་བསྟན་བརྒྱུད་པའི་བསྟན་པ་ནི། ལུང་བསྟན་བརྒྱུད་པའི་བསྟན་པ་ཡང་། །དེ་བཞིན་ཚུལ་དུ་འགྲེལ་པ་སྟེ། །ཅེས་པ་སྟེ། ལུང་བསྟན་བརྒྱུད་པའི་བསྟན་པ་བྱུང་ཚུལ་བསྟན་པའི་རྒྱུད་འདི་རྣམ་པ་བཞི་སྟེ། གཞན་ལས་འཕགས་པའི་ཆེ་བ་དང་། སྣོད་གང་གི་ཡུལ་ཡིན་པ་དང་། ཅི་ལྟར་ལུང་བསྟན་ཅིང་བརྒྱུད་པའི་ལོ་རྒྱུས་དང་། གཏན་ལ་དབབ་པའི་བཤད་ཐབས་སོ། །དེ་ལ་དང་པོ་ནི། ལེའུ་དྲུག་པ་ལས། དགོངས་པ་དེ་ཉིད་ལས་མི་མངའ་བ་དང་། གང་གི་སྤྱོད་ཡུལ་མ་ཡིན་ཞིང་མེད་པ་ལ་ཐམས་ཅད་འབྱུང་བ་དང་། གང་གི་ཡེ་ཤེས་ཡོངས་སུ་བཀོད་པ་དང་འདི་ལྟར་གང་ངེས་པ་རྣལ་འབྱོར་དུ་ལུང་སྟོན་པ་དང་འདིར་ཀུན་ཆུབ་པ་དང་། དམ་པ་རྣམས་ཀྱི་མངོན་པར་ཆུད་པ་དང་། གང་ལ་མ་འདྲེས་པར་བཀོད་པ་དང་། གནས་སྐབས་བཅུ་གཉིས་སུ་ངེས་པར་འབྱུང་ཞིང་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པས་ཆེ་བ་བདུན་བཤད་དོ། །སྣོད་གང་གི་ཡུལ་ཡིན་པ་ནི། སྣོད་སྐྱོན་བཞི་དང་བྲལ་བའི་སྐྱེས་བུ་ཟབ་པ་དང་ཤིན་ཏུ་ཟབ་པ། ཞིབ་པ་དང་ཤིན་ཏུ་ཞིབ་པའི་སྤྱོད་ཡུལ་ཏེ། ལེའུ་དྲུག་ཅུ་དྲུག་པ་དང་། དྲུག་ཅུ་བདུན་པ་ན་གསལ་ལོ། །ཅི་ལྟར་ལུང་བསྟན་ཅིང་བརྒྱུད་པའི་ལོ་རྒྱུས་ནི། ཡེ་ཤེས་སྣང་བ་ལུང་བསྟན་ལས། རྒྱལ་བ་རིག་འཛིན་གང་ཟག་གསུམ། །དགོངས་རིག་རྣ་བར་བརྒྱུད་པ་སྟེ། །གང་ལ་ཐུག་པའི་བར་དུའོ། །ཞེས་པ། བདེར་གཤེགས་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། རིག་འཛིན་རིག་པས་བརྒྱུད་པ་དང་། གང་ཟག་རྣ་བའི་དབང་པོ་ལ་བརྒྱུད་པ་སྟེ། དེ་ཡང་བདེར་གཤེགས་རྒྱལ་བ་དགོངས་པས་བརྒྱུད་པ་ནི། ཆོས་ཀྱི་རྒྱལ་པོས་རྒྱལ་ཚབ་ལ། །དགོངས་པ་གསལ་བའི་ངེས་པར་བརྒྱུད། །ཅེས་པ་དང་། བརྒྱུད་པ་གཉིས་རིག་འཛིན་དང་གང་ཟག ། ནི། ལེའུ་ལྔ་པ་ལས། འདིར་བགྲོས་གསལ་བར་བཤད་སྦྱར་བས། །ལྷ་དང་མི་ཡི་རིག་འཛིན་ལས། །རིམ་པར་བརྒྱུད་དེ་གྲགས་པར་འགྱུར། །ཅེས་གསུངས་པས། བརྒྱུད་པ་གསུམ་གསལ་བར་སྟོན་ཏེ། དེ་ཡང་དང་པོ་རིག་འཛིན་གྱི་བདག་ཉིད་གསང་བ་མཆོག་གི་བདག་པོས། རིགས་ལྔས་དགོངས་པས་བརྒྱུད་པ་དང་། རིགས་ལྔས་རིགས་གསུམ་ལ་སོགས་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་བརྒྱུད་པ་ནི། དགོངས་པའི་བརྒྱུད་ཅེས་བྱའོ། །ཡང་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཀུན་གྱི་དགོངས་པ་དབྱེར་མེད་པས། གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ལ་བརྒྱུད་དོ། །དེ་ནི་རྒྱལ་བའི་དགོངས་པས་བརྒྱུད་པའོ། །རིག་འཛིན་རིག་པ་ལ་བརྒྱུད་པ་ནི་གཉིས་ཏེ། མི་མ་ཡིན་པ་ལ་བརྒྱུད་པ་དང་། མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པའོ། །དེ་ལ་དང་པོ་ནི། གསང་བའི་བདག་པོས་གནོད་སྦྱིན་གྱི་རིག་འཛིན་རྣམས་ལ་བརྒྱུད་པ་དང་། འཇམ་དཔལ་གྱིས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷའི་རིག་འཛིན་རྣམས་ལ་བརྒྱུད་པ་དང་། སྤྱན་རས་གཟིགས་དབང་ཕྱུག་གིས་ཀླུ་འཇོག་པོ་ལ་བརྒྱུད་པའོ། །གཉིས་ཀ་ལ་བརྒྱུད་པ་ནི། རིམ་ལ་ཡའི་རྩེར་དམ་པའི་རིགས་ཅན་ལྔ་ལ་གསང་བའི་བདག་པོས་བརྒྱུད་པའོ། །གང་ཟག་རྣ་བར་བརྒྱུད་པ་ནི། རི་མེ་རི་འབར་བའི་ངོས་ལ་རྒྱལ་པོ་ཛཿལ་ཡ་མཚན་གྱི་རྨི་ལྟས་བདུན་བྱུང་ནས། དེའི་རྗེས་ལ་སྤྲུལ་པའི་གླེགས་བམ་སྣང་བར་མཛད། དེ་ནས་གསང་བའི་བདག་པོས་རྒྱལ་པོ་ཛཿལ་དབང་བསྐུར། རྒྱུད་གསལ་བར་བཤད་དོ། །དེས་སྲས་ཨིན་ཏྲ་པུ་ཏྲི་ལ་བཤད། དེས་ནཱ་ག་པུ་ཏྲི་ལ། དེ་ལ་ཀླུ་བ་སུ་ཏ་རིས་དྲུག་གིས་སྦས་ཏེ་ལོ་དགུར་བཤད་མ་སྟེར། དེས་གུ་ཧྱ་པུ་ཏྲིི་ལ་བཤད། དེས་ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཙ་ལ་བཤད། དེས་རོ་ལངས་བདེ་བ་ལ། དེས་རྡོ་རྗེ་བཞད་པ་ལ། དེས་ཟ་ཧོར་རྒྱལ་པོ་པྲ་བྷ་ཧ་སྟི་ལ། དེས་ཤཱཀྱ་སེངྒེ། ཤཱཀྱ་མུ་ཏྲ། ཤཱཀྱ་པྲ་བྷ་གསུམ་ལ་བཤད། ཤཱཀྱ་སེངྒེས་དྷ་ན་ར་ཤི་ལ། དེས་སྠི་ར་མ་སྟི་ལ། དེས་བདེ་བ་གསལ་མཛད་ལ། དེས་དྷརྨ་བོ་དྷི་དང་། བ་སུ་དྷ་ར་ལ་བཤད་པའམ། ཡང་ན་དྷ་ན་ར་ཤི་ཏ། བྲུ་ཤའི་བླ་མ་ཆེ་བཙན་སྐྱེས་ཀྱིས་གདན་དྲངས་ནས། བྲུ་ཤའི་ཡུལ་ཁྲོམ་དུ་བསྒྱུར་བ་བྱས་པས་མོས་པ་ཆུང་བས་མ་བསྒྱུར་བར། རང་བལ་ཡུལ་དུ་བྱོན་ནས། དྷརྨ་བོ་དྷི་དང་། བ་སུ་དྷ་ར་ལ་བཤད། དེ་གཉིས་དང་བྲུ་ཤའི་མཁན་པོ་ཡིས། ཇོ་བོ་གནུབས་པ་སངས་རྒྱས་ལ་བཤད། དེས་ཡོན་ཏན་རྒྱ་མཚོ་ལ། དེས་སྲས་ཡེ་ཤེས་རྒྱ་མཚོ་ལ། དེས་རྒྱ་བློ་གྲོས་བྱང་ཆུབ་དང་། སྣ་ནམ་ཚུལ་ཁྲིམས་བྱང་ཆུབ་ལ་བཤད། རྒྱ་ཡིས་ཐོ་གར་ནམ་མཁའ་ལ། དེས་ཚེ་སྟོད་ལ་ལྷོ་བྲག་གི་སྣ་ནམ་ཞང་ཡོན་ལ་སོགས་པ་ཇོ་བོ་བཞི་ལ། བར་དུ་ཞུ་བསོད་ཤཱཀ་ལ། ཐ་མར་ལྷ་རྗེ་འུག་པ་ལུང་པ་ལ་བཤད། དེས་ལྷ་རྗེ་བདེ་གཤེགས་རྒྱ་བོ་པ་ལ་བཤད། དེས་ཀ་བཞི་དང་གདུང་བརྒྱད་ལ་སོགས་པ་ལ་བཤད་དེ་ཉི་མ་ལྟར་གྲགས་སོ། །དེའི་ནང་ནས་ཐུགས་སྲས་ཀ་བ་མཆོག་ཏུ་གྱུར་པ་ཟུར་ཤཱཀྱ་སེངྒེ་ལ་བཤད་དོ། །ལུགས་གཅིག་ཏུ། སྣ་ནམ་ཚུལ་ཁྲིམས་བྱང་ཆུབ་ཀྱིས་དགེ་བཤེས་མར་ཆུང་ལྷོ་བྲག་པ་ལ། མར་པ་ལྷ་རྗེ་བདེར་ཀྱི་སྤྱན་སྔར་ཆོས་གསན་པ་དང་། ལྷ་རྗེ་ཤངས་ཆུང་བ་དར་མ་བསོད་ནམས་གྲྭ་སྭ་སྙིང་པ་ན་བཞུགས་པ་མཇལ་ནས། མར་པ་བསྙུང་པ་དྲག་པོ་གཅིག་མཛད་པའི་ཞབས་ཏོག་ལྷ་རྗེ་ཤངས་པས་མཛད་པར་དགྱེས་ཏེ། ལུང་བསྟན་གྱི་སྐོར་དང་སེམས་ཕྱོགས་རྒྱུད་སྡེ་གནང་ལྷ་རྗེ་ཤངས་པས་ཟུར་ཤཱཀྱ་སེངྒེ་ལ་བཤད་དོ། །དེས་ལྷ་རྗེ་སྨར་དང་རྩང་པ་གཉིས་ལ་བཤད། དེས་དམ་པ་བདེ་བར་གཤེགས་པ་ཀཿཐོག་པ་ལ་བཤད། དེས་བན་ལྡོམ་རྡོ་རྗེ་རྒྱལ་མཚན་ལ་བཤད། དེས་ཆོས་རྗེ་བྱམས་པ་འབུམ་ལ་བཤད་དོ། །དེས་ཆོས་རྗེ་སྤྱན་སྔ་བ་ལ། དེས་སློབ་དཔོན་ཐམས་ཅད་མཁྱེན་པ་ལ། དེས་དགྲ་རྗེ་བ་ལ། དེས་བསོད་ནམས་པ་ལ། དེས་རིམ་པར་བརྒྱུད། ཐབས་ནི་སྤྱིར་གསུམ་སྟེ། དབང་པོ་རབ་ལ་མཚན་བསྟན་པས་གོ་བ། སྨན་པ་འཚོ་བྱེད་གཞོན་ནུས་རྩ་ལྟ་བ་ལྟ་བུ་དང་། འབྲིང་ལ་དོན་རྣམ་པར་དབྱེ་བས་སྣོད་ཀྱི་ཁ་བྱང་ལྟ་བ་ལྟ་བུ་དང་། ཐ་མ་འབྲུ་རེ་རེ་གཉེར་ནས་རྟོགས་པས་བསྟན་པ་སྨན་རེ་རེའང་ཆོས་དུ་མས་རྟོགས་པ་ལྟ་བུའོ། །དེ་གཏན་ལ་ཕབ་པའི་ལྡེ་མིག་ནི། ལུང་བསྟན་བརྒྱུད་པའི་བསྟན་པ་ཡང་། །དེ་བཞིན་ཚུལ་དུ་འགྲེལ་པ་སྟེ། །ཞེས་པ། འབྱེད་པའི་ལྡེ་མིག་ཡན་ལག་དྲུག །འབྲེལ་བའི་མདོ་བཞི། འབྱིན་པའི་རྩ་བ་གསུམ་མོ། །དེ་ལ་ཡན་ལག་དྲུག་གི་དང་པོ་རྒྱུའི་ཡན་ལག་གླེང་གཞི་ལའང་གསུམ་སྟེ་གང་ལ་ཐུག་པའི་ཁུངས་དང་། རྒྱུ་གླེང་གཞི་དང་། གླེང་གཞིའི་ངོ་བོ་ཉིད་དོ། །དེ་ལ་གང་ལ་ཐུག་པའི་ཁུངས་ནི། ལེའུ་དང་པོར་བྱིན་རླབས་འབྱུང་བའི་གླེང་གཞི་སྟོན་འཁོར་ཚོགས་པ་ནི་ཁུངས་སོ། །གཉིས་པར་གདམས་ངག་བཞག་པ་ནི་རྒྱུའི་རྒྱུའོ། །གསུམ་པར་དམ་པས་གདུང་བ་བཏོན་པ་ནི། གླེང་གཞི་འབྱུང་བའི་རྒྱུ་དངོས་སོ། །ལེའུ་བཞི་པར་རྒྱལ་བ་རྣམས་ཀྱིས་བསྐུལ། གསང་བདག་གིས་གདུང་པ་བསལ་བར་ཞལ་གྱིས་བཞེས་པ་ནི་གླེང་གཞིའི་རྐྱེན་ནོ། །ངོ་བོ་ནི་མ་ལ་ཡར་སྟོན་འཁོར་ཚོགས་པའོ། །ཡན་ལག་དྲུག་གི་གཉིས་པ་གླེང་བསླང་བ་ལ་ཡང་གཉིས་ཏེ། སྟོན་པས་མདུན་བསུས་ཏེ་གླེང་བསླང་བ་ནི། ལེའུ་ལྔ་པའི་སྨད་ནས། ང་ནི་ཐབས་ཀྱི་མཉན་པ་མཁན། །ཅེས་པ་ལ་སོགས་པའི་ཐབས་བཅུ་གཅིག་གོ། །འཁོར་གྱིས་གུས་པས་དྲི་བ་དྲིས་ཏེ་གླེང་བསླང་བ་ནི། སྔོན་དུ་བྱུང་བའི་རིགས་ཅན་རྣམས། །ཞེས་པ་དེའི་ལན་བསྟོད་པ་ལ་སོགས་པའོ། །གཞན་འབྱེད་པའི་ཡན་ལག་དྲུག་དང་། དགོས་ཆེད་ཀྱི་ཡན་ལག་བཞི་དང་། འགྲེལ་པའི་མདོ་བཞི་དང་། རྩ་བ་གསུམ་ནི། རྣམ་པ་གཅིག་ཏུ་གླེང་བསླང་བ་ནི། ང་ནི་བཀའི་ལྡེ་མིག་སྟེ། །ཞེས་པ་དང་། ང་ནི་བཀའ་ཡི་འགྲེལ་པ་སྟེ། །ཞེས་བརྗོད་བྱེད། བཀའ་སྒྲོམ་ཐ་རམ་གསང་བ་རྣམས། །ཞེས་པ་དང་། གསུང་གི་གླེངས་བམ་ཟབ་མོ་རྣམས། །ཞེས་པ་བརྗོད་བྱ། འཁོར་བའི་ཆུ་བོ་ལས་བསྒྲལ་བས། །དམག་དཔུང་ལས། ཐར་པའི་དྲུག་གི་དོན། མུན་ནག་བསལ་བ་རྣམས་དགོས་པ། གཏེར་ཆེན་སྦྱིན་པ་དང་། ཡིད་བཞིན་སྦྱིན་པར་དང་། ལྷུན་གྱིས་གྲུབ་འདོད་ཅེས་པ་ཡང་དགོས་སོ། །འབྲེལ་བ་ཤུགས་ལ་བརྩིའོ། །ལེའུ་ཞེ་དྲུག་པ་ནས་དྲུག་པ་ཡན་ཆད་བྱིན་རླབས་འབྱུང་བའི་རྒྱུད་གཏན་ལ་འབེབས་པའི་ལྡེ་མིག་ཏུ་ཡང་འགྲོ། ལུང་བསྟན་གྱི་ལྡེ་མིག་ཏུ་ཡང་འགྲོ། དེས་ན་གཉི་གའོ། །ཞུས་པ་དངོས་ནི། དམ་པའི་སྤྲུལ་པ་གང་ལྟར་ནུབ། །ལ་སོགས་པའོ། །ཐོག་མ་ཐ་མ་མེད་པ་རུ། །བསྐུལ་བའི་དོན་ནི་གང་བྱུང་བར། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་སོ། །གང་དུ་བྱིན་རླབས་འབྱུང་བའི་རྒྱུད་གཏན་ལ་འབེབས་པའི་ལྡེ་མིག་གི་ལེའུ་རྣམས་ཀྱིས་ཐུན་མོང་དུ་སྟོན་ཏོ། །དེ་གཉིས་སྔ་ཕྱི་མཚོན་ཚུལ་འདྲེས་སྙམ་པ་ལ། བྱིན་རླབས་འབྱུང་བའི་སྐབས་སུ་སྟོན་པ་གསང་བ་མཆོག་གི་བདག་པོས་གསུང་བའི་གདམས་ངག་རྣམས་ལོ་རྒྱུས་ཀྱི་ཚུལ་དུ་མ་ལ་ཡར་འཁོར་རྣམས་ལ་བརྗོད་པས། བརྗོད་པའི་དུས་སུ་སྔ་ཕྱི་འབྱུང་བས་གཉིས་སུ་འགྲོའང་། བརྗོད་བྱའི་དོན་གཉིས་ལས་མེད་པས་སྐྱོན་མེད་དོ། །གླེང་གཞི་དང་གླེང་བསླང་བ་ནི། ཚོགས་པའི་དུས་སྔ་ཕྱི་བྱུང་བ་ཡིན་པས་ངོ་བོ་གཉིས་སུ་འགྲོ། དེ་ཡང་དོན་བསྡུས་ལས། གླེང་བསླང་ལ་སོགས་དྲུག་རྣམས་དང་། །མདོ་བཞི་རྩ་བ་གསུམ་ལ་སོགས། །ཚུལ་བཞིན་རྗེས་སུ་སྦྱར་བར་བྱ། །ཞེས་སོ། །ཞེ་བདུན་པ་ལས། གཉིས་ནི་འབྱུང་དང་བརྗོད་པ་གཉིས་ཉིད་དོ། །ཞེས་སོ། །ལམ་འགྲུབ་པ་བྱེད་པའི་ཆ་རྐྱེན་ནི། ལམ་གྱི་ཡན་ལག་སུམ་ཅུ་གཉིས། །མདོ་དང་གཞི་དང་བསླབ་པའི་མཐའ། །ཅེས་པ་སྟེ། སྐོལ་མདོ་བཅུ་གཉིས། གསང་སྔགས་ཀྱི་གཞི་བཅུ་དང་། བསླབ་པའི་མཐའ་བཅུའོ། །དེ་ལ་སྐོལ་མདོ་བཅུ་གཉིས་ནི། རྒྱུད་སྒོ་དྲུག་ལ་གཉིས་རེ་ཚང་བར་ཡོད་པར་བསྟན་ཏེ། ལེའུ་ཞེ་དྲུག་པ་ལས། སྒོའི་ཡན་ལག་དང་། དམ་པའི་ཡན་ལག་དང་། ངེས་པའི་ཡན་ལག་དང་། བསམ་པའི་ཡན་ལག་དང་། དམིགས་པའི་ཡན་ལག་དང་། བཟླས་པའི་ཡན་ལག་དང་། སྦྱོར་བའི་ཡན་ལག་དང་། སྤྱོད་པའི་ཡན་ལག་དང་། ཐོབ་པའི་ཡན་ལག་དང་། གནས་པའི་ཡན་ལག་དང་། སའི་ཡན་ལག་དང་། ལྟ་བའི་ཡན་ལག་གོ། །ཞེས་པ་ལ་སོགས་གསུངས་སོ། །དོན་བསྡུས་ལས། མདོ་ནི་བཅུ་གཉིས་འཇུག་སྒོ་དང་། །དམ་ཚིག་ལྟ་བ་ཏིང་འཛིན་དང་། །དམིགས་པ་བཟླས་པ་ཕྲིན་ལས་དང་། །སྤྱོད་པ་དང་ནི་ཐོབ་བྱའི་དབང་། །རིག་འཛིན་ས་དང་སངས་རྒྱས་པ། །ངེས་འབྱེད་ཡན་ལག་དག་ཏུ་བཤད། །ཅེས་སོ། །གཞི་བཅུ་ནི། ལེའུ་རེ་གསུམ་པ་ལས། སྣང་དང་བརྟག་དང་འབྱུང་བ་དང་། །མི་ཆགས་འབྱུང་སྣང་དག་པ་དང་། །གནས་འབྱུང་མཐུན་པ་རྣམ་པ་བཅུ། །སྒྱུ་མ་སྨྲིག་རྒྱུ་ཆུ་ཟླ་དང་། །རྨི་ལམ་སྒྲ་བརྙན་མི་གཡོར་དང་། །འགལ་མེ་དྲི་ཟའི་གྲོང་ཁྱེར་དང་། །སྤྲུལ་པ་མེ་ལོང་གཟུགས་བརྙན་བཅུ། །མཐུན་པའི་དམིགས་བཅུ་མཚོན་པར་བཞག །ཅེས་གསུངས་ཏེ། གསང་སྔགས་ཀྱི་སྒྲུབ་པ་སྒྱུ་མ་ལྟ་བུ་དང་། མིང་སྨྲིག་རྒྱུ་ལྟ་བུ་དང་། ཕྱག་རྒྱ་ཆུ་ཟླ་ལྟ་བུ་དང་། སྤྱོད་པ་རྨི་ལམ་ལྟ་བུ་དང་། བཟླས་པ་སྒྲ་བརྙན་ལྟ་བུ་དང་། ལྟ་བ་མིག་ཡོར་ལྟ་བུ་དང་། ཏིང་ངེ་འཛིན་འགལ་མེའི་འཁོར་ལོ་ལྟ་བུ་དང་། གནས་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། ཆོ་འཕྲུལ་སྤྲུལ་པ་ལྟ་བུ་དང་། ཏིང་ངེ་འཛིན་གཟུགས་བརྙན་ལྟ་བུའོ། །གཞི་ནི་རྣམ་བཅུ་སྒྲུབ་པ་དང་། །གསང་སྔགས་མིང་དང་སྤྱོད་པ་དང་། །དངོས་གྲུབ་གནས་དང་བཟླས་པ་དང་། །ཕྱག་རྒྱ་ཏིང་འཛིན་ལྟ་བ་དང་། །ཆོ་འཕྲུལ་དག་སྟེ་དེ་དག་དོན། །དཔེ་བཅུས་མཚོན་ནས་རབ་ཤེས་གནང་། །ཞེས་སོ། །བསླབ་པའི་མཐའ་བཅུ་ནི། རེ་དྲུག་པ་ལས། དེ་ཡང་འདི་ལྟར། གཞི་བཟུང་བར་བྱའོ། །རྒྱུད་གྲོལ་བར་བྱའོ། །སྒོ་དབྱེ་བར་བྱའོ། །མཐར་ཕྱིན་པར་བྱའོ། །ཐམས་ཅད་འདུ་བར་བྱའོ། །ལ་དོར་བར་བྱའོ། །ས་བཅད་པར་བྱའོ། །ཉམས་རྙེད་པར་བྱའོ། །ཚེགས་ཆུང་བར་བྱའོ། །མདོ་གཅིག་ཏུ་བྱའོ། །ཞེས་པས། དང་པོ་གཞི་དམ་ཚིག་གིས་བཟུང་བ་ས་གཞི་གཤིན་པ་ལྟ་བུ་དང་། རྒྱུད་ཐོས་པས་གྲོལ་བ་གྱི་ལིང་ཅང་ཤེས་སྒྲོག་བཀྲོལ་བ་ལྟར་བསླབ་པ་དང་། སྒོ་ཀུན་ནས་བསྡུར་བ་བུང་བ་ཚང་ཚོལ་བ་ལྟར་བསླབ་པ་དང་། ཕུལ་དུ་མཁས་པས་དབྱུང་བ་རི་མཐོན་པོའི་རྩེ་མོར་འཛེགས་པ་ལྟར་བསླབ་པ་དང་། གོ་འཕང་དབང་གིས་བགྲོད་པ་རྒྱལ་རིགས་རྒྱལ་སར་འབྱུང་བ་ལྟར་བསླབ་པ་དང་། ལ་སྤྱོད་པས་དོར་བ་གླང་པོ་ཆེ་ཆུར་འཇུག་པ་ལྟར་བསླབ་པ་དང་། ཐག་ལྟ་བས་བཅད་པ་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་བསླབ་པ་དང་། ཉམས་སུ་ཏིང་ངེ་འཛིན་གྱིས་ལེན་པ་རྒྱ་མཚོའི་གླིང་ནས་ནོར་བུ་རིན་པོ་ཆེ་ལེན་པ་ལྟར་བསླབ་པ་དང་། དོན་མན་ངག་གིས་སྒྲུབ་པ་གསེར་འགྱུར་གྱི་རྩིའམ། སྨན་མ་གི་ཏ་ལྟར་བསླབ་པ་དང་། མདོ་དོན་གཅིག་ཏུ་བསྡུ་བ་སོ་ནམ་གྱི་ཐོག་བསྡུ་བའམ། ཚོང་གི་ཁེ་བསྡུ་བ་ལྟར་བསླབས་པའོ། །དེ་དག་ནི་ལེའུ་དྲུག་ཅུ་རེ་དྲུག་པ་ནས་དོན་ལྔའི་བར་གྱིས་སྟོན་ཏོ། །འབྲས་བུ་ཉིད་ནི་རྫོགས་སངས་རྒྱས། །ཞེས་པས་འབྲས་བུ་སྟོན་ཏེ། དེ་ལ་གཉིས་ཏེ། ངོ་བོ་དང་། ཐོབ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བདག་དོན་གྲུབ་པ་དང་། གཞན་དོན་མཛད་པའོ། །དེ་ལ་བདག་དོན་གྲུབ་པ་ནི། སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལས། སྐབས་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་ལ་གསུམ་སྟེ། འབྲས་བུའི་རྣམ་གྲངས་དང་། དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་དང་། མཚན་ཉིད་མཐའ་དྲུག་ལ་གྲོལ་བའོ། །དེ་ལ་རྣམ་གྲངས་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས། །ཉི་ཤུ་ལྔས་བསྡུས་མཐའ་ཡས་རྣམས། །སྐུ་ལྔ་ནི། ལམ་རིམ་ལས། ངོ་བོ་ཉིད་དང་གསང་བ་དང་། །ཆོས་དང་ལོངས་སྤྱོད་སྤྲུལ་པའོ། །ཞེས་སོ་གསུམ་པས་སྟོན། གསུང་ལྔ་ནི། སོ་བཞི་པ་ལས། ངོ་བོ་ཉིད་མེད་པའི་གསུང་ནི་ནམ་མཁའ་ལྟ་བུའོ། །རྣམ་པར་དག་པའི་གསུང་ནི་ཉི་མ་ལྟ་བུའོ། །ཡོངས་སུ་སྨིན་པའི་གསུང་ནི་མེ་ལོང་ལྟ་བུའོ། །གསང་བའི་གསུང་ནི་སེངྒེ་ལྟ་བུའོ། །རྒྱུན་དུ་འབྱུང་བའི་གསུང་ནི་གསུང་གཅིག་ཡན་ལག་བསམ་གྱིས་མི་ཁྱབ་པའོ། །ཐུགས་ལྔ་ནི། སོ་གཉིས་ལས། སེམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་སྣང་ངོ་། །རྩ་བའི་རྣམ་པར་ཤེས་པ་ལས་མེ་ལོང་ལྟ་བུའི་ཡེ་ཤེས། དམིགས་པའི་རྣམ་ཤེས་ལས་མཉམ་ཉིད་ཡེ་ཤེས། ཀུན་ཏུ་སྣང་བའི་རྣམ་ཤེས་ལས་སོ་སོར་རྟོག་པའི་ཡེ་ཤེས། འཇུག་པའི་རྣམ་ཤེས་ལས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡོན་ཏན་ལྔ་ནི། ཞིང་ཁམས་སོ་གསུམ་པ། གཞལ་ཡས་ཞེ་བདུན་པ། གདན་ཁྲི་བཅུ་དྲུག །འོད་ཟེར་དང་རྒྱན་ཞེ་བརྒྱད་པའོ། །ཕྲིན་ལས་ལྔ་ནི། ཞེ་གཅིག་པ་ལས་ལ་ལ་ནི་ཞི་བས་སོ། །ལ་ལ་ནི་མངོན་སྤྱོད་ཀྱིས་སོ། །ལ་ལ་ནི་རྒྱས་པས་སོ། །ལ་ལ་ནི་དབང་གིས་སོ། །ལ་ལ་ནི་ལྷུན་གྱིས་གྲུབ་པའོ། །མདོའམ་འབྲིང་དུ་བསྡུ་བ་ཉེར་ལྔ། ཞེས་པ་དང་། བཅོ་ལྔ་པ་ལས། རྣམ་པར་བརྗོད་པས་སྐུ་ཉིད་དོ། །ཐམས་ཅད་མཁྱེན་པས་ཐུགས་ཉིད་དོ། །སྨྲ་བརྗོད་འབྱུང་བས་གསུང་ཉིད་དོ། །འདོད་དགུར་འབྱུང་བས་ཡོན་ཏན་ཉིད་དོ། །བྱ་བ་བྱེད་པས་ཕྲིན་ལས་ཉིད་དོ། །ཞེས་གསུངས་སོ། །ལྷུན་གྲུབ་ཀྱི་ངོ་བོ་ནི། ལྷུན་རྫོགས། ཞེས་བྱ་སྟེ། ལུང་བསྟན་ལས། རྣམ་གྲངས་ཐམས་ཅད་ངོ་བོ་དབྱེར་མེད་དུ་ལྷུན་གྱིས་གྲུབ་པ་ནི། མཐའ་དཔེ་བསྟན་པ་ནི། མ་ཡིད་བཞིན་ནོར་བུ་ལྟར། །མ་བསགས་ཟད་འཕེལ་མེད་པའི་སྐུ། །ཞེས་པ་དང་། དོན་སྟོན་པ་ནི་ལེའུ་བཅུ་གཉིས་ལས། སངས་རྒྱས་མཉམ་དང་དབྱིངས་སུ་འགྲོ། །དེ་ཉིད་ཆེ་ཡོན་ལྷུན་གྱིས་གྲུབ། །ཅེས་པའོ། །མཐའ་དྲུག་ལས་མཚན་ཉིད། གྲོལ་བ་ནི། སོ་གསུམ་ལས་རྟག་པར་ཡང་ཟུངས་ཤིག །མི་རྟག་པར་ཡང་ཟུངས་ཤིག །ཡོད་པར་ཡང་ཟུངས་ཤིག །མེད་པར་ཡང་ཟུངས་ཤིག །གཅིག་པར་ཡང་ཟུངས་ཤིག །ཐ་དད་པར་ཡང་ཟུངས་ཤིག །གཅིག་དང་ཐ་དད་པའི་ངོ་བོ་ལས་གྲོལ་བར་ཡང་ཟུངས་ཤིག །ཅེས་པ་སྟེ། བྱིན་གྱིས་བརླབས་སྣང་བའི་ཚུལ་བྱུང་ཚུལ་གྱིས་རྒྱས་པར་སྟོན་ཏོ། །གཞན་དོན་མཛད་པ་ནི། རྣམ་ཀུན་མཁྱེན་པའི། ཞེས་པ་དང་། བཅུ་དྲུག་པ་གདུལ་བྱ་གཟིགས་པར་མཛད་པ་གོང་དུ་བསྟན། ལས། གསལ་བས་མཐའ་གཉིས་སྤངས་པའི་གཟི་བརྗིད་དང་། །ཡང་། ཐུགས་རྗེས་ཤར་བར་མཛད། ཐུགས་དམ་རྫོགས་པའི་གཟི་བརྗིད་དང་། །ཡང་། མ་རྨོངས་ཤར་ནས་དོན་མཛད། ཐབས་ཀྱིས་འདུལ་བའི་གཟི་བརྗིད་དང་། །ཞེས་གསུངས་ཏེ། གདུལ་བྱ་གཟིགས་པར་མཛད་པ་དང་། ཐུགས་རྗེ་ཤར་བར་མཛད་པ་དང་། ཤར་ནས་དོན་མཛད་པ་སྟེ། དེ་ནི་སྔར་ཁོག་དབུབ་ཀྱི་སྟོད་དུ། བསྟན་པ་བཞིན་དུ་ཤེས་པར་བྱའོ། །འཐོབ་ཚུལ་ནི། སྤངས་ཐོབ་མེད་པར་རང་སྣང་དུ་ཐོབ་པ་སྟེ། ལེའུ་ལྔ་པ་ལས། སྣ་ཚོགས་ལམ་རྣམས་བགྲོད་བྱས་ཏེ། །བཙལ་ཡང་རྒྱལ་བས་མི་རྙེད་དོ། །རང་གི་ས་ཁམས་ཉིད་ལས་བྱུང་། །ཞེས་པ་དང་། གཞན་ལས་མ་བྱུང་རང་བྱུང་བར། །ཤེས་ལས་སྙེད་བཏགས། ཞེས་པ་དང་། བཅུ་དགུ་པ་ལས། སེམས་ཉིད་རྟོགས་ན་སངས་རྒྱས་ཏེ། །དེ་ལས་གཞན་དུ་ཡོད་མ་ཡིན། །ཅེས་པ་དང་། ལེའུ་བརྒྱད་པ་ལས། སེམས་ཅན་ཀུན་གྱི་ཆོས་ཉིད་མཐོང་བའི་གནས་སྐབས་ལ་ནི། རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་ཞེས་གདགས་སོ། །ཞེས་གསུངས་པས། ཆོས་ཐམས་ཅད་གདོད་ནས་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་གནས་ཏེ། དེ་བཞིན་དུ་རྟོགས། དེ་བཞིན་དུ་གོམས། ཐམས་ཅད་དཀྱིལ་འཁོར་གྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ཉིད་འབྲས་བུའི་ངོ་བོ་ཞེས་ཐ་སྙད་དུ་གདགས་སོ། །ཁོག་དབུབ་པའི་ཞོར་ལ་སྟོན་པ་དང་། རྒྱུད་ལ་བསྟོད་པ་ཤུགས་ཀྱིས་གསལ་ལོ། །མདོ་ཆེན་པོའི་ཁོག་དབུབ་རྫོགས་སོ། །དམ་པ་བདེ་བར་གཤེགས་པ་ཀཿཐོག་པས་བཀོད་པའོ།། །།


previousའདུས་པ་མདོའི་ཁོག་དབུབ་ལེགས་བཤད་ཉི་མའི་སྣང་བ། ཀཿཐོག་པ་དམ་པ་བདེ་བར་གཤེགས།next