Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དགུ་བཅུ་པ།


   
   
   
   
   
   
འདུས་པ་མདོའི་དཀའ་འགྲེལ་རྡོ་རྗེའི་ཐ་རམ་འབྱེད་པའི་ལྡེའུ་མིག
   
   
   


 
previousའདུས་པ་མདོའི་དཀའ་འགྲེལ་རྡོ་རྗེའི་ཐ་རམ་འབྱེད་པའི་ལྡེའུ་མིགnext

འདུས་པ་མདོའི་དཀའ་འགྲེལ་རྡོ་རྗེའི་ཐ་རམ་འབྱེད་པའི་ལྡེའུ་མིག

འདུས་པ་མདོའི་དཀའ་འགྲེལ་རྡོ་རྗེའི་ཐ་རམ་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་ཆེན་དང་། །རྒྱལ་བའི་ཐུགས་སྲས་གསང་བའི་བདག་པོ་ལ། །སྒོ་གསུམ་དང་བའི་དད་པས་ཕྱག་འཚལ་འདུད། །མདོ་ཆེན་དཀའ་བའི་ཐེ་ཚོམ་བདག་གིས་དགྲོལ། །དེ་ལ་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་རྒྱུད་ཆེན་པོ་འདི་ལ་མཚན་གསུམ་ཀླད་དུ་བྱུང་བའི་དགོས་པ་གང་ཞེ་ན། རྒྱ་གར་སྐད་ནི། ཁུངས་བཙུན་པར་བྱ་བའི་ཕྱིར་སྨོས་ལ། བོད་སྐད་ནི། བརྡའ་འཇལ་བར་བྱ་བའི་ཕྱིར་སྨོས་སོ། །བྲུ་ཤའི་སྐད་ནི། བྲུ་ཤའི་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས། རྒྱ་གར་ཡུལ་དུ་བྱོན་གསང་སྔགས་མདོ་རྒྱུད་ཀྱི་དོན་ལ་སྦྱངས་ནས། བོད་ཡུལ་དུ་བསྒྱུར་བར་བཞེད་པས། དུས་དེར་རྒྱལ་པོ་གླང་དར་མ་འཆལ་བའི་རིང་ལ། དམ་པའི་ཆོས་བསྣུབས་ནས་བསྒྱུར་དབང་མ་བྱུང་ནས་བྲུ་ཤའི་ཡུལ་དུ་བྱོན་ཏེ། བྲུ་ཤའི་ཁྲོམ་དུ་བསྒྱུར་བས་བྲུ་ཤའི་ཡུལ་མི་ལ་དྲིན་ལ་ལན་གྱིས་བླན་པའི་ཆེད་དུ་བྲུ་ཤའི་སྐད་སྨོས་པའོ། །མཚན་གྱི་འབྲུ་ལ་བོད་སྐད་མནན་ཏེ། འདི་ལ་རྒྱས་པར་དགྲོལ་ན་བཤད་ལུགས་དགུ་སྟེ། རྒྱུད་ལུང་མན་ངག་གསུམ་དང་སྦྱར་ཏེ་བཤད་པ་དང་། ཆེ་བ་བདུན་དང་སྦྱར་བ་དང་། བྱུང་ཚུལ་བཅུ་གཉིས་དང་སྦྱར་བ་དང་། ལེའུ་བདུན་ཅུ་རྩ་ལྔ་དང་སྦྱར་བ་དང་། མཚོན་པ་དཔེ་དང་སྦྱར་ཏེ་བཤད་པ་དང་། སྣོད་བཞི་ལ་བསྟན་པ་བཞི་རུ་གསུངས་པ་དང་། མཚན་གཏན་ཚིགས་ཀྱི་སྒོ་ནས་བཤད་པའོ། །སྤྱིར་རྒྱུད་འདི་ལ་མཚན་ཚན་བཞིར་འབྱུང་བ་ཟློས་སམ་སྙམ་ན། ལེའུ་དང་པོའི་མཚན་དང་རེ་དྲུག་པའི་མཚན་ནི། ལུང་བསྟན་བརྒྱུད་པའི་རྒྱུད་ཀྱི་མཚན། དེ་ཡང་ལེའུ་དང་པོའི་མཚན་ནི། ལོ་ཙཱ་བས་ཀླད་དུ་བཀོད་པའོ། །རེ་དྲུག་པའི་མཚན་ནི། གསང་བདག་ཉིད་ཀྱིས་མ་ལ་ཡར་གསུངས་པའོ། །ཞེ་བརྒྱད་པའི་ཏ་ཐཱ་ཐམས་ཅད་ཀྱི་ཐུགས། ཞེས་པ་དང་། ཡེ་ཤེས་སྙིང་པོ་དོན་གྱི་མཆོག་དང་ལྡན། །རྣལ་འབྱོར་ཐེག་ཆེན་ཀུན་འདུས་ལུང་། །འདུས་པའི་ཚོགས་ལ་རྒྱ་ཆེར་བཤད་དུ་གསོལ། །ཡང་དོན་གྱིས་བཀོད་པ་ལ་སོགས་པ་གཉིས་ནི་རྟགས་ཀྱི་རོལ་པ་གསང་བའི་ངེས་པ་བཀའི་འགྲེལ་པ་ཆོས་ཀྱི་མེ་ལོང་གཏན་ཚིགས་ཀྱི་འབྱུང་གནས་དགོངས་པ་ཀུན་འདུས་རྣམས་ནི་བྱིན་བརླབས་འབྱུང་བའི་རྒྱུད་ཀྱི་མཚན་ནོ། །དེ་ཡང་གོང་མ་ནི་ཞུས་ཚིག །འོག་མ་ནི་ལན་གྱི་ཚིག་གོ། །སྟོན་པས་གསུང་བར་ཞལ་གྱིས་བཞེས་པའོ། །དང་པོ་ནི་ཏ་ཐཱའི་ཐུགས་དང་། གསང་བའི་ཡེ་ཤེས། དོན་གྱི་སྙིང་པོ་གསུམ་ནི་མན་ངག་གི་མཚན་ནོ། །རྡོ་རྗེ་བཀོད་པ། ཞེས་པ་ནི་རྒྱུད་ཀྱི་མཚན་ནོ། །རྣལ་འབྱོར་གྲུབ་པའི་ལུང་། ཞེས་པ་ནི་ལུང་གི་མཚན་ནོ། །ཆེ་བ་བདུན་དང་སྦྱར་བ་ནི། ཏ་ཐཱའི་ཐུགས་དང་གསང་བའི་ཡེ་ཤེས་ནི། །ཐེག་པའི་ཡང་རྩེ་ཡིན་པའི་ཆེ་བའོ། །དོན་གྱི་སྙིང་པོ་ནི། མན་ངག་གི་རྩ་བ་ཡིན་པའི་ཆེ་བའོ། །རྡོ་རྗེ་བཀོད་པའི་རྒྱུད་ནི། རྒྱུད་ཀྱི་རྒྱལ་པོ་ཡིན་པའི་ཆེ་བའོ། །རྣལ་འབྱོར་གྲུབ་པའི་ལུང་ནི། ལུང་གི་སྤྱི་འགྲེལ་ཡིན་པའི་ཆེ་བའོ། །ཀུན་འདུས་རིག་པའི་མདོ་ནི། དོན་གྱི་མཇུག་སྡུད་ཡིན་པའི་ཆེ་བའོ། །ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་ནི། ཆོས་ཀྱི་མེ་ལོང་ཡིན་པའི་ཆེ་བའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི། བསྟན་པའི་འབྱུང་གནས་ཡིན་པའི་ཆེ་བའོ། །བྱུང་ཚུལ་བཅུ་གཉིས་དང་སྦྱར་བ་ནི། ཏ་ཐཱའི་ཐུགས་གསང་བའི་ཡེ་ཤེས་ཞེས་པ། རྨོངས་པ་གདུང་བ་སེལ་བ་དང་། བྱིན་གྱིས་རླབས་ཀྱི་བྱུང་ཚུལ་ལོ། །དོན་གྱི་སྙིང་པོ་ཞེས་པ། སྙིང་པོ་བྱང་ཆུབ་ཏུ་ངེས་པའི་བྱུང་ཚུལ་ལོ། །རྡོ་རྗེ་བཀོད་པའི་རྒྱུད། ཅེས་པ། སྒྲོན་མ་ཡོངས་སུ་བཀོད་པ་དང་། དགོངས་པ་ངེས་པར་འགྲེལ་པའི་བྱུང་ཚུལ་ལོ། །རྣལ་འབྱོར་གྲུབ་པའི་ལུང་། ཞེས་པ། གང་གི་ངེས་པ་རྙེད་པ་དང་། གདུལ་བྱའི་སྐབས་ལ་བབ་པའི་བྱུང་ཚུལ་ལོ། །ཀུན་འདུས་རིག་པའི་མདོ་ཞེས་པ། བརྒྱུད་པ་ཐབས་ཀྱི་གྲགས་པ་དང་། ལས་རྒྱུད་ཡོངས་སུ་གཅོད་པའི་བྱུང་ཚུལ་ལོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་པ། གང་གི་ཆེད་དུ་མཛད་པ་དང་། ལུང་ཆེན་ངེས་པར་བསྟན་པའི་བྱུང་ཚུལ་ལོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི། དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་ལོ། །ལེའུ་བདུན་ཅུ་རྩ་ལྔ་དང་སྦྱར་ཏེ་བཤད་ན། ཏ་ཐཱའི་ཐུགས། ཞེས་པར་ལེའུ་དང་པོ་དང་བདུན་པ་འདུས་སོ། །གསང་བའི་ཡེ་ཤེས་ཞེས་པར། ལེའུ་གཉིས་པ་ནས་དྲུག་གི་བར་དང་། བརྒྱད་པ་དང་། དགུ་པ་འདུས། དོན་གྱི་སྙིང་པོ་ཞེས་པར་ལེའུ་བཅོ་ལྔ་པ་འདུས། རྡོ་རྗེ་བཀོད་པའི་རྒྱུད་ཅེས་པར། བཅུ་དྲུག་པ་ནས་བཅུ་དགུའི་བར་དང་། སོ་གཉིས་པ་ནས་ཞེ་གཉིས་པའི་བར་འདུས། རྣལ་འབྱོར་གྲུབ་པའི་ལུང་ཞེས་པར། བཅུ་པ་དང་། བཅུ་བཞི་པའི་བར། ཉི་ཤུ་པ་ནས་སོ་གཅིག་པ་ཡན་ཆད་འདུས། ཀུན་འདུས་རིག་པའི་མདོ་ཞེས་པར། རེ་དྲུག་པ་ནས་དོན་ལྔ་པ་ཡན་ཆད་འདུས། ཐེག་པ་ཆེན་པོའི་མངོན་པར་རྟོགས་པ། ཞེས་པར་ཞེ་བཞི་པ་དང་ཞེ་གསུམ་པ་འདུས། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ། ཞེས་པར་ཞེ་ལྔ་པ་ནས་དྲུག་ཅུ་རེ་ལྔ་པ་ཡན་ཆད་འདུས་པའོ། །སྣོད་བཞི་དང་སྦྱར་ནས་བསྟན་པ་བཞི་རུ་གསུངས་པ་ནི། དང་པོ་ཞེན་ཆགས་ཅན་ལ་འདོད་པ་རང་རྐྱེན་གྱི་ཚིག་ཏུ་བཤད་པ་ནི། ཏ་ཐཱ་ཐམས་ཅད་ཀྱི་ཐུགས། ཞེས་པ། ཡབ་ཡུམ་གྱི་རྩ་ས་ཡ་ཕྲག་བཅུ་གསུམ་ཡབ་ཡུམ་གཉིས་ཀྱི་ཐིག་ལེའི་བདེ་བ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །གསང་བའི་ཡེ་ཤེས་ཞེས་པ། བྱིས་པ་རྣམ་གཉིས་མ་ནིང་ལ་སོགས་པའི་སྤྱོད་ཡུལ་དུ་མ་གྱུར་པའོ། །དོན་གྱི་སྙིང་པོ་ཞེས་པ། ཡབ་ཡུམ་གྱི་ཐིག་ལེ་རྡོ་རྗེ་དང་པདྨའི་རྩེར་འདུས་པ་ལ་བདེ་བ་ཐམས་ཅད་ཀྱི་བཅུད་འདུས་པའོ། །རྡོ་རྗེ་བཀོད་པའི་རྒྱུད་ཅེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་ལ་ཡེ་ཤེས་ཐམས་ཅད་ཚང་འབྲེལ་དུ་གནས་པའོ། །རྣལ་འབྱོར་གྲུབ་པའི་ལུང་། ཞེས་པ། ཆགས་པ་ཐམས་ཅད་ཀྱིས་ཟིན་པས་འབྲས་བུ་གྲུབ་པར་བྱེད་པ་ནི། གསང་བའི་སྐུའི་གསུང་ངོ་། །ཀུན་འདུས་རིག་པའི་མདོ་ཞེས་པ། ཡབ་ཡུམ་གྱི་ཐིག་ལེ་ལ་བདེ་བ་ཀུན་འདུས་པས། དོན་རིག་པར་བྱེད་པའོ། །ཐེག་པ་ཆེན་པོ་མངོན་པར་རྟོག་པ་ཞེས་པ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐབས་ཀྱིས་ཟིན་ན། དངོས་པོ་ལྷན་ཅིག་སྐྱེས་པའི་བདེ་བ་གསལ་བའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་བྱ་བའི་མདོ་ཞེས་པ་ནི་ཆགས་པ་ཐབས་ཀྱིས་མ་ཟིན་ན། འཁོར་བའི་ཆོས་ཐམས་ཅད་འབྱུང་བས། ཐབས་ཀྱིས་ཟིན་ན་མྱ་ངན་ལས་འདས་པའི་ལམ་དང་འབྲས་བུའི་ཆོས་ཐམས་ཅད་འབྱུང་བའོ། །ལོག་སྲེད་ཅན་ལ་བཀྲི་དྲང་བརྒྱུད་པའི་ཚིག་ཏུ་བཤད་པ་ནི། ཏ་ཐཱ་ཐམས་ཅད་ཀྱི་ཐུགས་ཞེས་པ། རྟག་པར་ལྟ་བ་དང་ཆད་པར་ལྟ་བ་གཉིས་རྒྱལ་བའི་ཐུགས་ཡིན་བྱས་པས། ཚིག་དེས་བརྒྱུད་ནས་ངོ་བོ་ཉིད་མི་འགྱུར་བ་དང་རང་བཞིན་མེད་པར་རྟོགས་པར་བྱེད་པའོ། །གསང་བའི་ཡེ་ཤེས་ཞེས་པ། རྟག་ཆད་ཀྱི་ལྟ་བ་དེ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པའོ། །བྱས་པས། ཚིག་དེས་བརྒྱུད་ནས་རང་བྱུང་ཡེ་ཤེས་ཀུན་གྱི་སྤྱོད་ཡུལ་མ་ཡིན་པར་རྟོགས་པར་བྱེད་པའོ། །དོན་གྱི་སྙིང་པོ་ཞེས་པ། ལྟ་བ་རྟག་ཆད་དང་སྤྱོད་པ་ཕྱིན་ཅི་ལོག་ལ་ཤེས་བྱ་དང་བསྒྲུབ་བྱ་ཐམས་ཅད་ཀྱི་བཅུད་འདུས་བྱས་པས་ཚིག་དེས་བརྒྱུད་ནས་རང་བྱུང་ཡེ་ཤེས་ལ་ཤེས་བསྒྲུབ་ཀྱི་བཅུད་འདུས་པ་རྟོགས་པར་བྱེད་པའོ། །རྡོ་རྗེ་བཀོད་པའི་རྒྱུད་ཅེས་པ། ལོག་པར་ལྟ་བ་ལ་ཡེ་ཤེས་ཐམས་ཅད་ཚང་འབྲེལ་དུ་གནས་སོ་བྱས་པས། ཚིག་དེས་བརྒྱུད་ནས་རང་བྱུང་ཡེ་ཤེས་ལ་ཡེ་ཤེས་ཐམས་ཅད་ཚང་འབྲེལ་དུ་གནས་པ་རྟོགས་པར་བྱེད་དོ། །རྣལ་འབྱོར་གྲུབ་པའི་ལུང་ཞེས་པ། བདག་ཏུ་འཛིན་པའི་ཏིང་ངེ་འཛིན་གྱིས་འབྲས་བུ་གྲུབ་པ་ནི་ལུང་མ་ནོར་བ་ཡིན་བྱས་པས། ཚིག་དེས་བརྒྱུད་ནས་སྤྱོད་ཡུལ་དང་བྲལ་བའི་དགོངས་པས་འབྲས་བུ་གྲུབ་པར་བྱེད་པ་རྟོགས་པར་བྱེད་པའོ། །ཀུན་འདུས་རིག་པའི་མདོ་ཞེས་པ། རྟག་ཆད་གཉིས་སུ་ལོག་ལྟ་ཐམས་ཅད་འདུས་པ་དེས་དོན་རིག་པར་བྱེད་པས། ཚིག་དེས་བརྒྱུད་ནས་རང་བྱུང་ཡེ་ཤེས་ལ་ཆོས་ཐམས་ཅད་འདུས་པས། ཐམས་ཅད་མཁྱེན་པའི་ལྟ་བ་རྟོགས་པར་བྱེད་པའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་པ། རྟག་པར་ལྟ་བ་རྟོགས་ནས་མཐོ་རིས་སུ་འདེགས་པར་བྱེད་བྱས་པས། ཚིག་དེས་བརྒྱུད་ནས། རང་བྱུང་ཡེ་ཤེས་གཉེན་པོ་མེད་པར་རྟོགས་ནས་གྲོལ་ཐར་པ་རྟོགས་པར་བྱེད་པའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་པ། རྟག་ཆད་གཉིས་ལས་ལོག་པའི་ལྟ་བ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་བཀོད་པར་བསྟན་པས། ཚིག་འདིས་བརྒྱུད་ནས། རང་བྱུང་ཡེ་ཤེས་དེ་ཁོ་ན་ཉིད་ལ་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཤེས་པར་བྱེད་པའོ། །རིགས་རྒྱུད་ཅན་ལ་ལྡེམ་དགོངས་སྦྱོར་བའི་ཚིག་ཏུ་བཤད་པ་ནི། ཏ་ཐཱ་ཐམས་ཅད་ཀྱི་ཐུགས་ཞེས་པ། དམ་ཚིག་ཏིང་འཛིན་ཤེས་རབ་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་ལྔ། །བར་མཚམས་མེད་པར་ཞེས་པ། ཡང་དག་པའི་མཚམས་མེད་ལྔ་ལ་དགོངས་ནས། མཚམས་མེད་པ་ལྔ་སྤྱོད་པ་ཉིད་ཏ་ཐཱའི་ཐུགས་ཡིན་ཅེས་བྱའོ། །གསང་བའི་ཡེ་ཤེས་ཞེས་པ། ཡང་དག་པའི་མཚམས་མེད་ལྔ་རྟོགས་པའམ་སྤྱད་དཀའ་བ་ལ་དགོངས་ནས་ལོག་པའི་མཚམས་མེད་ལྔ་པོ་དེ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པར་སྟོན་པའོ། །དོན་གྱི་སྙིང་པོ་ཞེས་པ། ཡང་དག་པའི་ལྟ་སྤྱོད་ལ་ཤེས་བསྒྲུབ་ཀྱི་བཅུད་འདུས་པ་ལ་དགོངས་ནས། མཚམས་མེད་པ་ལྔ་དང་། སྦྱོར་སྒྲོལ་རང་ཀ་མ་ལ་ཐམས་ཅད་ཀྱི་བཅུད་འདུས་པར་སྟོན་པའོ། །རྡོ་རྗེ་བཀོད་པའི་རྒྱུད་ཅེས་པ། རང་བྱུང་ཡེ་ཤེས་ལ་ཡེ་ཤེས་ཐམས་ཅད་ཚང་འབྲེལ་དུ་གནས་པ་ལ་དགོངས་ནས། སེམས་ཅན་གྱི་སེམས་ལ་རྣམ་རྟོག་ཐམས་ཅད་ཚང་འབྲེལ་དུ་གནས་པའོ། །རྣལ་འབྱོར་གྲུབ་པའི་ལུང་ནི། སེམས་ཀྱི་རང་བཞིན་མི་གཡོ་བ་ལ་དགོངས་ནས། བྱིང་རྒོད་ཀྱི་ཏིང་ངེས་འབྲས་བུ་འགྲུབ་ཅེས་བྱ། ཀུན་འདུས་རིག་པའི་མདོ་ཞེས་དང་། ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་གཅིག་པ་ལ་དགོངས་ནས་རྟོག་བཅས་ཀྱི་སེམས་ལ་སྤྲོས་པའི་ཆོས་ཐམས་ཅད་འདུས་པར་བསྟན་པའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་པ། གསང་སྔགས་ཐེག་པ་ཆེན་པོས། ཆོས་ཐམས་ཅད་སེམས་ཉིད་དུ་རྟོགས་པ་ལ་དགོངས་ནས་མཚམས་མེད་ལྔ་ལ་སོགས་པ་འོག་མའི་སྤྱོད་པ་ཉིད་ཐེག་པ་ཆེན་པོར་སྟོན། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་པ། ཆོས་ཐམས་ཅད་སེམས་ཉིད་ལ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ལ་དགོངས་ནས། རྒྱུད་འདི་ལ་མཚམས་མེད་ལྔ་མི་དགེ་བཅུ་ལ་སོགས་པ་ཐམས་ཅད་ཚང་བར་སྟོན་པའོ། །བློ་གྲོས་ཅན་ལ་དོན་དམ་ངེས་པའི་ཚིག་ཏུ་བཤད་པ་ནི། ཏ་ཐཱ་ཐམས་ཅད་ཀྱི་ཐུགས་ཞེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་འཁྲུལ་པ་འདི་ཉིད་དངོས་པོ་ལ་མ་བཅོས་མ་བསླད་དབྱེར་མེད་པ་ནི་རྒྱལ་བའི་ཐུགས། འདི་ཉིད་ལས། གསང་སྔགས་རྡོ་རྗེ་ཐེག་པ་འདི། །དེ་བཞིན་གཤེགས་པ་ཉིད་དུ་གསལ། །ཅི་ཕྱིར་རྡོ་རྗེ་གསང་སྔགས་དང་། །སངས་རྒྱས་སེམས་ཅན་ཐ་མི་དད། །ཅེས་སོ། །གསང་བའི་ཡེ་ཤེས་ཞེས་པ། སེམས་རང་བྱུང་གི་ཡེ་ཤེས་རྟོགས་པར་དཀའ་བའོ། །འདི་ཉིད་ལས། དཔེའམ་ཚད་མའམ་གཏན་ཚིགས་སམ། །རྗེས་སུ་དཔགས་པའི་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ནོ། །ཞེས་སོ། །དོན་གྱི་སྙིང་པོ་ཞེས་པ། དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི་དོན་ལ་ཤེས་བྱ་དང་བསྒྲུབ་བྱ་ཐམས་ཅད་ཀྱི་བཅུད་འདུས་པའོ། །ཡང་། ཐམས་ཅད་དེ་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བ་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་སོ། །རྡོ་རྗེ་བཀོད་པའི་རྒྱུད་ཅེས་པ་ཡེ་ཤེས་ཐམས་ཅད་ལས་དང་ངོ་བོ་རྡོ་རྗེ་སྟེ། དེ་ལ་རྒྱུད་ཀྱི་ཡན་ལག་དྲུག་ཚང་བའོ། །ཡང་། བཅས་གཞི་གཏམ་རྒྱུད་ལས་རྒྱུད་དང་། རྟོག་ཆེན་ཡན་ལག་འབྲེལ་བཅས་རྒྱུད། །ཅེས་སོ། །རྣལ་འབྱོར་གྲུབ་པའི་ལུང་ཞེས་པ། རང་བཞིན་གྱི་རྣལ་འབྱོར་ཡེ་ནས་གྲུབ་པའམ། འབྲས་བུའི་རྣལ་འབྱོར་གྲུབ་པར་བྱེད་པའི་ལུང་འདི་ཉིད་དོ། །ཡང་། ཐིག་ལེ་གཅིག་གིས་ཀུན་ལ་ཁྱབ། །ཐམས་ཅད་ལུང་ཆེན་ངེས་པར་བསྟན། །ཅེས་སོ། །ཀུན་འདུས་རིག་པའི་མདོ་ཞེས་པ། ཆོས་ཐམས་ཅད་སེམས་ཉིད་དུ་འདུས་ལ་དེས་དོན་རིག་པར་བྱེད་པའོ། །ཡང་། ཐམས་ཅད་འདིར་འདུས་འདི་ལས་བྱུང་། །ཀུན་གྱི་རྩ་བ་འདི་ཤེས་ན། །ཀུན་ཀྱང་མ་བཅོས་ཅི་བཞིན་པ། །དེ་བཞིན་ཉིད་དེ་ཀུན་གྱི་མདོའོ། །ཞེས་སོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་པ། རྒྱུད་འདིས་གདུལ་བྱ་ཀུན་འདྲེན་ཅིང་། ཆོས་ཐམས་ཅད་གསལ་བར་སྟོན་པའོ། །ཡང་། ཀུན་ཤོང་ཀུན་འཇུག་འདིར་བདེ་བས། །ཐེག་པ་ཆེན་པོར་བརྗོད་པ་ཡིན། །ཅི་སྙེད་ཐེག་པའི་རྣམ་གྲངས་ཀུན། །དེ་ཉིད་ཆེན་པོ་ཉིད་མཐོང་གསལ། །ཅེས་སོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པའི་མདོ། ཞེས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་སུ་མ་འདྲེས་ལ་ཡོངས་སུ་རྫོགས་པ་རྒྱུད་འདི་ཉིད་དོ། །ཡང་། རབ་འབྱམས་རྨད་དུ་གྲགས་པ་འདི། །བཀའ་ཡི་རབ་རྒྱུད་དམ་པ་ཉིད། །སྡེ་མཛོད་དམ་པའི་བཀའ་ལུང་རྣམས། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་སོ། །མཚན་གཏན་ཚིགས་དང་སྦྱར་བ་ནི། རྒྱུད་ཀྱི་རེ་དྲུག་པ་ནས་གསལ་བས་འདིར་མ་བྲིས་སོ། །ཕྱག་འཚལ་བ་འདི་སུས་བཙལ་ཞེ་ན། སྔོན་བྱུང་དུ་གསང་བའི་བདག་པོས། སྟོན་པ་སྐུ་ལྔའི་བདག་ཉིད་ལ་བཙལ་ལ། རྗེས་འཇུག་གི་དུས་སུ། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་ཀྱང་གསང་བའི་བདག་པོ་ལ་བཙལ་ལོ། །གཉིས་པ་གཞུང་གི་དོན་ལ། ཕྱག་ཆ་རྣམས་ཀྱི་ལུགས་གཉིས་སུ་གསུངས་ཏེ། ལུང་བསྟན་གྱི་ཆོས་སྐོར་གྱི་ལུགས་ཀྱི་རྒྱུད་འདི་ཉིད་ལ་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མ་གསུམ་དུ་བཞེད་དེ། ལེའུ་གཉིས་པ་གདམས་ངག་ངེས་པར་བཞག་པ་ནི་རྩ་བའི་རྒྱུད་དོ། །གསུམ་པ་མན་ཆད་རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མའོ། །དེ་ཡང་དོན་བསྡུས་ལས། གདམས་ངག་ལུང་བསྟན་རྩ་བའི་རྒྱུད། །ཅེས་པ་དང་། ཡང་། བྱུང་ཚུལ་བསྡུས་པ་ལས། གསུམ་པ་ནས་བྱུང་དྲུག་ཅུ་རྩ་ལྔའི་བར། །གཉིས་པའི་རྩ་བ་ལེགས་པར་བཤད་པ་ཡིན། །ཞེས་པས། ལེའུ་གསུམ་པ་ནས་དྲུག་ཅུ་རྩ་ལྔ་ཡན་ཆད་རྒྱུད་ཕྱི་མའོ། །ཡང་དེ་ཉིད་ལས། དང་པོའི་དོན་ལས་བྱུང་བས་ཕྱི་མ་སྟེ། །སྔ་མའི་དོན་དེ་གསལ་བས་ཕྱིས་འཆད་ཅིང་། །འབྲེལ་ཅིང་ཐེ་ཚོམ་གཅོད་དང་དོན་འཆད་པས། །འདི་ནི་རྒྱུད་ཀྱི་ཕྱི་མར་བསྟན་པ་ཡིན། །ཅེས་སོ། །ལེའུ་དྲུག་ཅུ་རེ་དྲུག་པ་ནས་བདུན་ཅུ་དོན་ལྔ་པ་ཡན་ཆད་བསླབ་པའི་མཐའ་བཅུ་ནི། རྒྱུད་ཕྱི་མའི་ཕྱི་མའོ། །ཡང་དེ་ཉིད་ལས། རྣལ་འབྱོར་ལེགས་པར་བསྒྲུབ་ཅིང་ངེས་པར་གནས་པ་ལས། །བསླབ་པའི་མཐའ་བཅུའི་དོན་ནི་རྫོགས་པའི་ཕྱིར། །འདི་ནི་ཕྱི་མའི་ཕྱི་མར་བསྟན་པ་ཡིན། །ཅེས་པས་གསལ་ལོ། །འགྲེལ་ཆེན་མུན་པའི་གོ་ཆ་ལ་སོགས་པའི་ལུགས་ཀྱིས། ཀུན་འདུས་རྩ་བའི་རྒྱུད། དགོངས་འདུས་བཤད་པའི་རྒྱུད་དུ་བཞེད་དེ། ལེའུ་དང་པོ་ནི་གཏན་ཚིགས་བྱུང་ཁུངས་ཀྱི་གླེང་གཞིའོ། །གཉིས་པར་གདམས་ངག་བཞག་ནས་སྟོན་པ་འདས་པ་ནི་ལུང་བསྟན་བརྒྱུད་པའི་གླེང་གཞི་རྒྱུའི་རྒྱུའོ། །ལེའུ་གསུམ་པར་གདུང་བ་བཏོན་པ་ནི་རྒྱུ་དངོས་སོ། །ལེའུ་བཞི་པར་གདུང་བ་སོལ་ཅིག་པར་བསྐུལ་ནས་བསལ་བར་ཞལ་གྱིས་བཞེས་པ་ནི་གླེང་གཞིའི་རྐྱེན་ནོ། །ལེའུ་ལྔ་པའི་སྟོད་ནི། གླེང་གཞི་རང་གི་ངོ་བོའོ། །ལྔ་པའི་སྨད་ནི་རྐྱེན་གླེང་བསླང་བའོ། །དྲུག་པ་མན་ཆད་རྒྱུད་ཀྱི་དོན་བྱུང་ཚུལ་བཅུ་གཉིས་སོ། །བླ་མ་དམ་པ་རྣམས་ཀྱང་དེ་ལྟར་བཞེད་དོ། །མདོ་སྔགས་གཞན་གྱི་ལྟོ་དང་སྦྱར་ན། དགོངས་འདུས་ཉིད་ལ་རྩ་རྒྱུད་བཤད་རྒྱུད་དུ་འཐད་པར་གོ་བའོ། །འདི་སྐད་བགྲོ་བ་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་པ་ནི། ལང་ཀའི་བདག་པོས་ཚིགས་སུ་བཀོད་པ་ཡིན་ཏེ། འདི་ལ་ཐ་སྙད་དྲུག །འདི་སྐད་ཐོས་ཀྱི་མ་འཕྲི་མ་བསྣན་ནོ་བྱས་པས་སྒྲོ་སྐུར་གྱི་སེལ་མེད་པར་བསྟན། འདི་སྐད་བགྲོ་བ་དག་རང་གིས་ཐོས་ཀྱི་གཞན་ལས་ནི་མ་བརྒྱུད་དོ་བྱས་པས། སྡུད་པ་པོ་ཚད་མའི་ཞལ་དུ་བསྟན། བདག་གི་འདི་སྐད་ཐོས། གཞན་གྱིས་གཞན་སྐད་ཐོས་བྱས་པས་བཀའ་རྒྱ་མ་ཆད་པར་བསྟན། དུས་གཅིག་ན། ཞེས་པ་ལ་གསུམ་སྟེ། དུས་གཅིག་ཁོ་ནར་ཐོས་ཀྱི། ཡང་ཡང་བརྡབ་ཀྱིན་མ་ཡིན་བྱས་པས། བཀའ་འབྱུང་བ་དཀོན་པར་བསྟན། དུས་འདི་རུ་འདི་སྐད་ཐོས། དུས་གཞན་དུ་གཞན་ཐོས་བྱས་པས་སྡུད་པ་པོ་ཐོས་རྒྱ་ཆེ་བར་བསྟན། དུས་གཅིག་ཏུ་འདི་སྐད་ཀྱང་ཐོས་ལ། གཞན་སྐད་ཀྱང་ཐོས་བྱས་པས། སྡུད་པ་པོ་བློ་རྣོ་བར་བསྟན་པའོ། །ཡང་སྔོན་དུ་སྟོན་པ་སྐུ་བཞིའི་དགོངས་པ་འདི་སྐད་བགྲོ་བ། གསང་བའི་བདག་པོས་ཐོས་པའི་དུས་གཅིག་ན། ཞེས་བྱ། ཡང་རྗེས་འཇུག་ཏུ། སྟོན་པ་གསང་བདག་ཉིད་ཀྱིས་དགོངས་པ་འདི་སྐད་བགྲོ་བ་ལ། བདག་ལངྐའི་བདག་པོས་ཐོས་པའི་དུས་གཅིག་ན་ཞེས་བྱའོ། །ཡོངས་སུ་འདས་ནས་ཀྱང་། ཞེས་པ་སྟོན་པའི་བཤད་པ་འདས་པ་ཡིན་ན། རིགས་ལྔ་དང་དག་པའི་ཞིང་ན་བཞུགས་པའི་སངས་རྒྱས་ལ་ཉན་པའི་དུས་ན་འདས་ནས་ཀྱང་བྱ་བ་འདུག་ལ། ཆོས་སྐུ་དང་། མ་དག་པའི་ཞིང་ན་བཞུགས་པའི་སངས་རྒྱས་དང་། ཐུབ་པའི་དབང་པོ་ལ་ཉན་པའི་སྐབས་ན་འདས་ནས་ཀྱང་བྱ་བ་མེད་པས། དེ་ཚོ་དང་དུས་གཅིག་ཏུ་སོ་སྒྲིལ་དུ་འཆད་པའི་སྐྱོན་འོང་ངོ་། །ཡང་ལོངས་སྐུ་མྱ་ངན་ལས་འདས་པ་ཡིན་ན། ལོངས་སྐུའི་འཁོར་འདས་པས་འདུལ་བ་མེད་པས་ལོངས་སྐུ་མི་འདའོ། །ཡང་སྤྲུལ་སྐུ་ལོངས་སྐུའི་ཆ་བྱད་ཀྱི་རིགས་ལྔ་ཡིན་པས་སྐུ་འདས་ཟེར་ན། འོ་ན་སྤྲུལ་སྐུ་ལ་རིགས་ལྔ་དག་པའི་ཞིང་ན་བཞུགས་པ། མ་དག་པའི་ཞིང་ན་བཞུགས་པ། ཐུབ་པའི་དབང་པོ་ཉིད་དང་། སྤྲུལ་སྐུ་ལ་གླེང་གཞི་ཆ་བརྒྱད་བྱུང་ལ། ལོངས་སྐུའི་གླེང་གཞི་མེད་པའི་སྐྱོན་འོང་། ད་ངེས་པར་གང་ལ་བཞག་ན། སྤྱིར་ཆོས་སྐུའི་ཞིང་ཁམས་ཀྱི་ཁོངས་ན་ལོངས་སྐུའི་ཞིང་ཁམས་དུ་མ་ཡོད་ལ། ལོངས་སྐུའི་ཞིང་ཁམས་ཀྱི་ཁོངས་ན་སྤྲུལ་སྐུའི་ཞིང་ཁམས་དུ་མ་ཡོད་པས། སྤྲུལ་སྐུ་འདས་ནས་དེའི་འཁོར་ལ་གསང་བདག་གིས་ཆོས་སྟོན་པའོ། །ཡང་ཤཱཀྱ་ཐུབ་པ་ཞལ་བཞུགས་པའི་དུས་སུ། གསང་སྔགས་གསུངས་སམ་མ་གསུངས། གསུངས་ན། ལེའུ་གཉིས་པར། ངེས་པའི་ཐེག་ཆེན་ཡོངས་མ་གསུངས། །ཞེས་པ་དང་། ལེའུ་ཞེ་གསུམ་པ་ནས། གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་པ་དང་། མ་གསུང་ན། ལེའུ་དང་པོ་ན། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། གསང་སྔགས་ཀྱི་ངོ་བོ་དེ་ཉིད། རང་གི་སྟོན་པ་ལ་ཉན་ཅིང་རང་གི་ཉེ་འཁོར་ལ་ཆོས་སྟོན། ཅེས་པ་དང་འགལ་བྱས་པས། འདུས་པ་ཕལ་མོ་ཆེའི་འཁོར་ལ་གསང་སྔགས་མ་གསུངས་ཏེ། ཕྱིས་འབྱུང་བར་ལུང་བསྟན་པས། ལེའུ་གཉིས་པ་དང་མི་འགལ་ལ། འཁོར་རིག་འཛིན་དང་བྱང་ཆུབ་སེམས་དཔའ་ཁྱད་པར་ཅན་རྣམས་ལ་གཞན་གྱི་ཡིད་ཚོད་མ་ཡིན་པར་གསང་སྔགས་གསུངས་པས་ལེའུ་དང་པོ་དང་མི་འགལ་ལོ། །ཡང་ངན་སོང་གསུམ་གྱི་གནས་ན། དམ་པའི་ཆོས་ཡོད་དམ་མེད། ཡོད་ན་མི་ཁོམས་པའི་གནས་སུ་མི་འགྲོ། ཆོས་མེད་ན་ལེའུ་དང་པོ་ལས་རང་རང་གི་སྐད་དང་། བརྡའ་དང་མོས་པ་སྣ་ཚོགས་ཀྱིས་རང་གི་ཐུབ་པའི་དབང་པོ་ལ་ཉན་ཅིང་། ཞེས་པ་དང་འགལ་ལོ་ཞེ་ན། རྣམ་པར་གྲོལ་བའི་ཆོས་ལྟ་བ་དང་བསྒོམ་པ་དང་སྤྱོད་པ་ལ་སོགས་པ་མེད་པ་མི་ཁོམས་པའི་གནས་སུ་འགྲོ་ལ། དམྱལ་བ་ལ་ཚེ་སྔ་ཕྱི་དྲན་པ་ཙམ། ཡི་དྭགས་ལ་བསྔོས་པས་ཚིམ་པ་ཙམ། བྱོལ་སོང་ལ་རིག་པ་ཕྲ་མོའི་ཆོས་ཙམ་སྟོན་པས། ཐུབ་པའི་དབང་པོ་ལ་ཉན་ཅེས་བྱའོ། །ཆོས་ཚུལ་ཕྲ་མོ་དེ་གསང་སྔགས་ཀྱི་བསྟན་པར་མི་འགྲོ་ཞེ་ན། དེ་ནི་བློ་ཆུང་ལ་གསང་སྔགས་རིམ་གྱིས་བསྟན་པ་ཡིན་ཏེ། ཕྱག་ན་རྡོ་རྗེ་ལ་སོགས་པ་རིག་པ་ཁྱད་པར་ཅན་རྣམས་ལ་སྔགས་ཅིག་ཆར་དུ་བསྟན་པའོ། །ལེའུ་བདུན་པ་ལས། སྔགས་ཀྱི་ངོ་བོ་དེ་ཕྱིན་ཅི་མ་ལོག་པར་རིམ་གྱིས་དང་ཅིག་ཆར་སྟོན་ཏོ། །ཞེས་སོ། །འཁོར་ལྔ་ཕྲག་བཅུ་གསུམ་པོ་དེ་རྩ་བ་ལམ་ལྔ་རུ་འདུས་ལ་མཚོན་ཚུལ་ཐ་དད་དུ་བསྟན་པའོ། །དཔེར་ན་མི་ལྔ་ལ། ཞྭའི་ངོས་ནས་ཐང་ཞུ་ཅན་ལྔ་ཞེས་བྱ། གོས་ཀྱི་ངོས་ནས་རས་འཕྲུལ་ཅན་ལྔ་ཞེས་བྱ། ཡུལ་གྱི་ངོས་ནས་གཙང་པ་ལྔ། ཆོས་ཉན་པའི་ངོས་ནས་གྲྭ་པ་ལྔ་ཞེས་པ་དང་འདྲ། དེ་ལ་སྐུ་དང་གྲངས་སྤྲད་ན། ཚོགས་ལམ་དང་། སྦྱོར་ལམ་དང་། མཐོང་ལམ་པ་སྤྲུལ་སྐུའི་འཁོར་རོ། །ལེའུ་གཉིས་པ་རྩ་རྒྱུད་དུ་བྱེད་པ་ལ་སྐྱོན་གཞན་མི་རྙེད། འདི་སྐད་བརྗོད་པ་འོང་སྟེ། མདོ་ལ་སོགས་པའི་གཞུང་གི་སྤྲུལ་སྐུས་མཚན་ཉིད་གསུངས། ལོངས་སྐུས་ཀྲི་ཡོག །ཆོས་སྐུས་ནང་པ་གསུམ་གསུངས་པས། ལེའུ་གཉིས་པ་སྤྲུལ་སྐུས་གསུངས་པར་འདོད་པས་སྔགས་ཀྱི་རྒྱུད་མིན་པའི་སྐྱོན་འོང་ཟེར་ན། སྤྲུལ་སྐུས་མཚན་ཉིད་གསུངས་པ་ལ་སོགས་པ་དེ་ཕྱོགས་རེ་ཙམ་ནས་མཚོན་པ་ཡིན། དོན་ལ་རྒྱ་ཆད་པ་མེད། དོན་ལ་སྤྲུལ་སྐུ་གསང་སྔགས་གསུངས་པ་ཡང་མི་ལྟོ་སྟེ། སྐུ་གསུམ་དབྱེར་མེད་པའམ། དེར་སྐུ་ཉིད་ཆོས་སྐུ་རུ་སྣང་ནས་ཆོས་གསུངས་ཏེ། དགོངས་འདུས་ལེའུ་དྲུག་པ་ནས། མི་བསྐྱོད་རྡོ་རྗེ་ཐུགས་མཆོག་ཀྱང་། །ཐུགས་རྗེ་སྤྲུལ་པའི་བྱིན་རླབས་ཀྱིས། །འཇིག་རྟེན་ཁམས་ནི་དཔག་མེད་དུ། །མུན་སྣང་རང་བྱུང་རང་ཞི་ཡིན། །ཅེས་སོ། །སྤྲུལ་སྐུས་གསང་སྔགས་གསུངས་པར། དོན་བསྡུས་ལས། བྱིན་བརླབས་སྐུ་བཞིའི་བསྟན་པ་དག་ཟེར་རོ། །བསྒོམ་ལམ་པ་ནི་ལོངས་སྐུའི་འཁོར་རོ། །མཐར་ལམ་པ་ཆོས་སྐུའི་འཁོར་རོ། །དེ་ཡང་ཕལ་ཆེ་བའི་དབང་དུ་སྨོས་ཀྱི་རྒྱ་ཆད་པ་ནི་མེད་དོ། །ལེའུ་དང་པོའི་བཀའ་བཀྲོལ་བའོ། །ལེའུ་གཉིས་པར་སྔགས་བྱུང་ཚུལ་བཅུ་གཉིས་སུ་བྱུང་བར་གསུངས་པ་དེ། ལེའུ་གཉིས་པ་རྩ་རྒྱུད་དུ་བྱེད་ན། འཁོར་ཕལ་པ་བློ་ཆུང་རྣམས་ལ། སྔགས་བྱུང་ཚུལ་གྱི་དུས་སུ་ཕྱིས་འབྱུང་བར་བསྟན་ལ། འཁོར་རིག་འཛིན་ལ་སོགས་པ་བློ་ཆེ་བ་ལ་བྱུང་ཚུལ་བཅུ་གཉིས་པ་དེ་ཉིད་རྒྱུད་དོན་དུ་བཀའ་སྩལ་པའོ། །དེ་ཡང་བྱུང་ཚུལ་བཅུ་གཉིས་ལ། མཚོན་ཚུལ་ལྔ་རུ་ཤེས་པར་བྱ་སྟེ། བྱུང་ཚུལ་བསྡུས་པའི་ནང་ནས། སྙིང་པོ་བྱང་ཆུབ་ཀྱི་བྱུང་ཚུལ་དང་། གདམས་ངག་དཔོག་པའི་བྱུང་ཚུལ་དང་། དབང་བསྐུར་ཐབས་ཀྱི་བྱུང་ཚུལ་དང་། ཁྱད་པར་རྩལ་འཕང་གི་བྱུང་ཚུལ་དང་། རྒྱུད་གནས་ལུགས་ཀྱི་བྱུང་ཚུལ་ལོ། །དང་པོ་སྙིང་པོ་བྱང་ཆུབ་ཀྱི་བྱུང་ཚུལ་ལ་གཉིས་ཏེ། སྙིང་པོ་བྱང་ཆུབ་གནས་ལུགས་ལ། བྱུང་ཚུལ་བཅུ་གཉིས་ཚུལ་གྱི་རྩི་བ་དང་། སྙིང་པོ་བྱང་ཆུབ་རྟོགས་ཚུལ་ལ་སྦྱོར་བའོ། །གདམས་ངག་དཔོག་པའི་བྱུང་ཚུལ་ནི། སློབ་མ་ལས་དང་སྐལ་བར་འཛོམ་པ་གཅིག་ལ། བླ་མ་དམ་པས་གདམས་ངག་དཔོག་པ་ལ་བྱུང་ཚུལ་བཅུ་གཉིས་ཚུལ་གྱི་བརྩིའོ། །དབང་བསྐུར་ཐབས་ཀྱི་བྱུང་ཚུལ་ནི། བླ་མ་དམ་པས་སློབ་མ་སྣོད་ལྡན་ལ་དབང་བསྐུར་བ་ལ་བྱུང་ཚུལ་བཅུ་གཉིས་ཏེ། རྒྱས་པར་གཞན་དུ་ཤེས་པར་བྱའོ། །ཁྱད་པར་རྩལ་འཕང་གི་བྱུང་ཚུལ་ནི། ལམ་དང་འབྲས་བུ་སྟེ། ལམ་ལ་བྱུང་ཚུལ་དྲུག །རྨོངས་པ་གདུང་སེལ་དང་། སྒྲོན་མ་བཀོད་པ་གཉིས་ཚོགས་ལམ་སྟེ། རྨོངས་པ་གདུང་སེལ་ནི། ཚོགས་པའི་སྔོན་དུ་སེམས་བསྐྱེད་པའོ། །དེ་ཡང་དོན་བསྡུས་ཆུང་ངུ་ལས། རྨོངས་པ་གསང་ཕྱིར་སེམས་བསྐྱེད་དེ། །ངོ་མཚར་ཚིག་གི་འདུ་ཤེས་བསྒྱུར། །ཅེས་སོ། །སྒྲོན་མ་བཀོད་པ་ནི། ལེའུ་བདུན་པ་བསོད་ནམས་ཀྱི་ཚོགས་སོགས། བརྒྱད་པ་ཡེ་ཤེས་ཀྱི་ཚོགས་སོགས་པའོ། །གང་གི་ངེས་པ་རྙེད་པ་ནི། རྒྱལ་ཚབ་སྐྱེས་བུ་ཁྱེའུ་ལྔ་བློ་ཆོས་ཉིད་དུ་འབྱོར་བས་ནི་སྦྱོར་ལམ་མོ། །སྙིང་པོ་བྱང་ཆུབ་ཏུ་ངེས་པ་ནི་སྟོད་མཐོང་ལམ། སྨད་བསྒོམ་ལམ་གྱི་བདག་དོན་ནོ། །བཅོ་ལྔ་པ་ལས། དགོངས་པ་ཆོས་ཉིད་ཀྱི་ནམ་མཁའ་ལ། །འགྲེལ་པ་ཡེ་ཤེས་ཀྱི་ཉི་མ་བདལ། །ཅེས་སོ། །དགོངས་པ་ངེས་པར་འགྲེལ་པ་ནི། བསྒོམ་ལམ་གཞན་དོན། རྒྱལ་བའི་དགོངས་པ་ཆོ་འཕྲུལ་བཞིར་བཀྲལ་བའོ། །གདུལ་བྱ་སྐབས་ལ་བབ་པ་ནི། གཉེན་པོ་རྡོ་རྗེ་ལྟ་བུས་བདུད་བཏུལ་བ་མཐར་ལམ་མོ། །འབྲས་བུ་ལ་བྱུང་ཚུལ་དྲུག །བྱིན་གྱིས་བརླབས་ཀྱི་སྣང་བ་ནི། ཀཱ་ཝཱ་ཙི་ཡོན་ཕྲིན་ལས་ལྔ་སྟེ། བདག་དོན་གྲུབ་པའོ། །གཞན་དོན་མཛད་པ་ལ་ལྔ་སྟེ། བརྒྱུད་པ་ཐབས་ཀྱི་གྲགས་པ་ནི། ཐབས་མཁས་པའི་མཛད་པའོ། །གང་གི་ཆེད་དུ་མཛད་པ་ནི། ཡུལ་དང་མཐུན་པའི་མཛད་པའོ། །ལུང་ཆེན་ངེས་པར་བསྟན་པ་ནི། རྨད་བྱུང་ཆེ་བའི་མཛད་པའོ། །ལས་རྒྱུན་ཡོངས་སུ་གཅོད་པ་ནི། ལས་རྒྱུད་གཅོད་པའི་མཛད་པའོ། །དགོངས་པ་རྣམ་པར་བགྲོ་བ་ནི། བསྟན་པ་འཆད་པའི་མཛད་པའོ། །རྒྱུད་གནས་ལུགས་ཀྱི་བྱུང་ཚུལ་ནི། དཀྱུས་ཅི་བཞིན་ཏེ་དཔེ་དང་སྦྱར་ན། རྨོངས་པ་གདུང་བ་སེལ་བའི་བྱུང་ཚུལ། མ་རིག་མུན་སེལ་གྱི་ལྟ་བ་མ་དང་བུ་འཕྲད་པ་ལྟ་བུའོ། །སྒྲོན་མ་བཀོད་པའི་བྱུང་ཚུལ། ཡེ་ཤེས་རང་གསལ་གྱི་ལྟ་བ། ཉི་མའི་སྙིང་པོ་ལྟ་བུའོ། །གང་གི་ངེས་པ་རྙེད་པའི་བྱུང་ཚུལ། མ་ནོར་དོན་རྙེད་ཀྱི་ལྟ་བ། དབུལ་མོས་གཏེར་རྙེད་པ་ལྟ་བུའོ། །སྙིང་པོ་བྱང་ཆུབ་ཏུ་ངེས་པའི་བྱུང་ཚུལ། དེ་ཁོ་ན་ཉིད་ཀྱི་ལྟ་བ་ནམ་མཁའ་ལྟ་བུའོ། །དགོངས་པ་ངེས་པར་འགྲེལ་པའི་བྱུང་ཚུལ། མ་འདྲེས་ཡོངས་རྫོགས་ཀྱི་ལྟ་བ་རྒྱ་མཚོའི་གཟུགས་བརྙན་ལྟ་བུའོ། །གདུལ་བྱ་སྐབས་ལ་བབས་པའི་བྱུང་ཚུལ། མཚན་མ་རང་བཞིའི་ལྟ་བ། དཔའ་བོས་དགྲ་ཐུལ་བ་ལྟ་བུའོ། །བྱིན་གྱིས་རླབས་ཀྱི་སྣང་བའི་བྱུང་ཚུལ། བྱིན་རླབས་འབྱུང་བའི་ལྟ་བ་ནམ་མཁའི་ངང་ལ་ཆོ་འཕྲུལ་འབྱུང་བ་ལྟ་བུའོ། །བརྒྱུད་པ་ཐབས་ཀྱི་གྲགས་པའི་བྱུང་ཚུལ། མི་མཐུན་སྐྱོན་སེལ་གྱི་ལྟ་བ། སྟག་ཚང་སྐྱོན་སེལ་བ་ལྟ་བུའམ། ལྡུམ་རའི་དུག་སེལ་བ་ལྟ་བུའོ། །གང་གི་ཆེད་དུ་མཛད་པའི་བྱུང་ཚུལ། གྲོལ་བ་དོན་མཐུན་གྱི་ལྟ་བ། སྨན་པ་མཁས་པས་ནད་གསོལ་བ་ལྟ་བུའོ། །ལུང་ཆེན་ངེས་པར་བསྟན་པའི་བྱུང་ཚུལ། ངེས་པ་ཕྱིས་འབྱུང་གི་ལྟ་བ། བློན་པོ་རིག་པ་ཅན་གྱི་ཁ་ཆེན་ལྟ་བུའོ། །ལུས་རྒྱུད་ཡོངས་སུ་གཅོད་པའི་བྱུང་ཚུལ། བག་ཆགས་རང་དག་གི་ལྟ་བ། ཁྲུས་མཁན་པས་ཁྲུས་བྱས་པ་ལྟ་བུའོ། །དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ། དོན་གཏན་ལ་ཕེབས་པའི་ལྟ་བ། བླ་བློན་འཚོགས་ནས་རྒྱལ་པོའི་ཆབ་སྲིད་འཛིན་པ་ལྟ་བུའོ། །བྱུང་ཚུལ་བཅུ་གཉིས་དུས་གཅིག་གམ་ཐ་དད་ཅེ་ན། སྟོན་པས་གསུངས་པའི་དུས་གཅིག །ཚུལ་ཐ་དད་ཅེས་བྱའོ། །བྱུང་ཚུལ་རང་གི་ངོ་བོའི་དུས་ལ་ལར་གཅིག་པ་ཡོད། ལ་ལར་ཐ་དད་པ་ཡོད་ཅེས་བྱའོ། །ལེའུ་ལྔ་པའི་སྐབས་ན། སྐྱེས་བུ་ཆེན་པོ་ཁྱོད་སུ་ཞིག །ཅེས་པ་ལ་སོགས་པ་དྲིས་པ་དྲུག་གི་ལན་ནོ། །གཞན་གོ་སླའོ། །གང་ལྟར་བྱུང་ངོ། །ཞེས་པའི་ལན་ནོ། །ཉིད་གང་ལྟར་བྱུང་ཞེས་པ་དང་། ཤུལ་གང་ལྟར་བྱུང་ཞེས་པའི་ལན་གཉིས་སུ་གདབ་པ་དང་། ཤུལ་གང་ལྟར་བྱུང་གི་ལན་གཅིག་པར་གདབ་པ་ལུགས་གཉིས་སོ། །དོན་གྱི་ཆེད་ཀ་ནི་ཅི། ཞེས་པ་དྲིས་པའི་ལན། གང་ཚེ་རྩལ་བའི་ཆེད། ཕྱི་རུ་ཞེས་པ་གདབ་པ་དང་། ང་ནི་ཐབས་ཀྱི་མཉན་པ་མཁན། །ཅེས་པ་ལ་སོགས་པ། ཐབས་བཅུ་གཅིག་ལན་གདབ་པ་ལུགས་གཉིས་སོ། །མཚན་མོ་མུན་ནག་སྤྲིན་རུམ་ནས། །ཞེས་པ་ལ་སོགས་པ་སྟོན་པ་ལ་བསྟོད་པ་ལ། འཁྲུགས་སུ་བྱས་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་བསྟོད་པ་དང་། འཁྲུགས་མེད་དུ་ནོར་བུ་ལུགས་སུ་བསྟོད་པའི་ལུགས་གཉིས་སོ། །ལེའུ་བདུན་པར་ཡང་བྱུང་ཚུལ་བཅུ་གཉིས་པ་དྲིས་ལན་བཅུ་གཅིག་བྱུང་བས་ལེའུ་གཉིས་པ་དང་ལྡབ་བོ་ཞེ་ན། མ་ལྡབ་སྟེ། ལེའུ་གཉིས་པར་ཞུ་བ་པོ་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་ཡིན་ལ། ལན་འདེབས་པ་ནི་སྟོན་པ་ཤཱཀྱ་ཐུབ་པ་ཉིད་སྐུ་མ་འདས་པའི་དུས་སུའོ། །ལེའུ་བདུན་པའི་ཞུ་བ་པོ་ནི་ལངྐའི་བདག་པོ་ཡིན་ལ། ལན་འདེབས་པ་ནི་གསང་བའི་བདག་པོའི་དུས་སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་གཉིས་ན་ལན་བཏབ་པ་ཡིན་ཏེ་སྔོན་གྱི་ལོ་རྒྱུས་གསུངས་པའོ། །བདུན་པ་ཡང་། བྱུང་ཚུལ་བཅུ་གཉིས་ལ་དྲིས་ལན་གཅིག་བྱུང་བས། ཡང་ཤཱཀ་ཐུབ་ཀྱི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོ་གཅིག་ཡིན་ནམ། འོན་ཏེ་འཛམ་བུ་གླིང་ཡིན། སྔ་མ་ལྟར་ཡིན་ན་ལེའུ་བདུན་པ་ལས་ཞིང་ཁམས་མཐའ་དག་གི་སངས་རྒྱས་ལྟ་ཞོག །འཛམ་གླིང་བྱེ་བ་ཕྲག་ས་ཡའི་སངས་རྒྱས་ལྟ་ཞོག །འཛམ་བུ་གླིང་གཅིག་གི་སངས་རྒྱས་ཉག་གཅིག་མྱ་ངན་ལས་འདས་པར་ཟུངས་ཤིག །ཅེས་པ་དང་འགལ་ལོ། །འོ་ན་དེ་ཉིད་ལྟར་ན། སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་ཅེས་བྱ་བ་འདི་ན། སངས་རྒྱས་ཐུབ་པའི་དབང་པོ་ཞེས་བྱ་བར་བསྟན་ནས། ཞེས་པ་དང་། འགལ་ལོ་ཞེ་ན། འདི་ནི་འདི་ལྟར་ཤེས་པར་བྱ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོ་གཅིག་ན། སྤྲུལ་པའི་གཞི་མ་ཤཱཀ་ཐུབ་གཅིག་བཞུགས་པ་དེ་ལ། གདུལ་བྱའི་མཐོང་སྟངས་ཀྱིས་འཛམ་བུའི་གླེང་རེ་ན་སྤྲུལ་པའི་སྐུ་རེ་རེ་བཞུགས་པའམ་འདས་པར་མཐོང་བ་འགལ་བ་མེད་དོ། །དཔེར་ན་ནམ་མཁའ་ལ་ཉི་མ་གཅིག་ལས་མེད་པ་ལ། ཆུ་ཐ་དད་པའི་ནང་ན་ཉི་མའི་གཟུགས་བརྙན་ཐ་དད་པ་སྣང་བ་བཞིན་ནོ། །དེ་ཡང་འདི་ཉིད་ལས། ཅི་ལྟར་ཉི་མའི་དཀྱིལ་འཁོར་གྱི་གཟུགས་བརྙན་གཞལ་མེད་ཁང་ལས་མ་གཡོས་བཞིན་དུ། ཆུ་ཐ་དད་པའི་ནང་དུ་སྣང་བ་བཞིན་སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད་ལས་མ་གཡོས་བཞིན་དུ། ཞིང་ཁམས་དཔག་ཏུ་མེད་པར་སངས་རྒྱས་མཐའ་ཡས་པར་སྣང་ངོ་། །ཞེས་པའོ། །ལེའུ་དགུ་པའི་སྐབས་ན། གང་ཞེ་སྡང་གི་སེམས་ཀྱི་དེ་བཞིན་ཉིད་ནི། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །ཞེས་པ་ལ། ཞེ་སྡང་ཀམ་གྱི་སྐྱེས་པ་དེ་ཆོས་ཉིད་ཡིན་ནམ། ཞེ་སྡང་གི་དེ་བཞིན་ཉིད་དབྱེར་མེད་དེ་ཆོས་ཉིད་ཡིན། ཞེ་སྡང་རང་ཆོས་ཉིད་ཡིན་ན། སེམས་ཅན་གྱི་སེམས་དང་རྒྱལ་བའི་ཐུགས་དབྱེར་མེད་པར་འགྱུར་རོ། །འདོད་ཐོག་ཟེར་ན། སེམས་ཅན་སྡུག་བསྔལ་བ་བཞིན། རྒྱལ་བའི་ཐུགས་ཀྱང་སྡུག་བསྔལ་བར་འགྱུར་རོ། །ཡང་ན་རྒྱལ་བའི་ཐུགས་བདེ་བའི་ཡེ་ཤེས་སམ། མངོན་ཤེས་དང་ལྡན་པ་བཞིན་སེམས་ཅན་གྱི་སེམས་ཀྱང་དེ་བཞིན་དུ་ཐལ་བར་འགྱུར་རོ། །ཡང་ཞེ་སྡང་དང་ཆོས་ཉིད་དབྱེར་མེད་ན། ཞེ་སྡང་ཀུན་ནས་མནར་སེམས་པ་བཞིན་ཆོས་ཉིད་ཀྱང་ཀུན་ནས་མནར་སེམས་པར་འགྱུར་རོ། །ཆོས་ཉིད་ཡེ་ནས་མ་བཅོས་པར་གནས་པ་བཞིན་ཞེ་སྡང་ཡང་ཡེ་ནས་མ་བཅོས་པར་གནས་པར་འགྱུར་རོ། །ད་འདི་ལྟར་ཤེས་པར་བྱ་སྟེ། ཡིན་ཚུལ་ནས་གཞལ་ན། ཞེ་སྡང་ཀམ་གྱི་སྐྱེས་པ་ཆོས་ཉིད་ཡིན་ཅེས་བྱ། འདི་ཉིད་ལས། ཞེ་སྡང་མ་འདྲེས་མནར་སེམས་པ། །ཡོངས་སུ་རྫོགས་པ་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་སོ། །འོ་ན་གོང་གི་སྐྱོན་འོང་ཞེ་ན། ཞེ་སྡང་ཆོས་ཉིད་དངོས་པོ་ལ་དབྱེར་མེད་ཀྱང་། སེམས་ཅན་དང་སངས་རྒྱས་རྟོགས་པ་དང་མ་རྟོགས་པའི་རྐྱེན་གྱིས་ཁྱད་ཡོད་པའོ། །དཔེར་ན་ག་བུར་ལ་སྨན་དུག་དབྱེར་མེད། ནད་ཚ་གྲང་གི་རྐྱེན་གྱིས་ཐ་དད་པ་བཞིན་ནོ། །ཡང་ཞེ་སྡང་དང་ཆོས་ཉིད་དངོས་པོ་ལ་དབྱེར་མེད་ཀྱང་། ཆོས་ཉིད་ལ་མནར་སེམས་མེད་དེ། འཁྲུལ་ངོ་ལ་མནར་སེམས་མེད་བཞིན་ཡོད་པར་བཟུང་བའི་ཕྱིར་རོ། །ཆོས་ཉིད་མ་བཅོས་པར་ཡེ་ནས་གནས་པ་བཞིན་ནོ། །ཞེ་སྡང་མི་གནས་ཏེ། ཞེ་སྡང་གློ་བུར་དུ་སྐྱེས་པའི་ཕྱིར་རོ། །དེས་ན་ཞེ་སྡང་དེ་བཞིན་མ་བཅོས་དེ་ཆོས་ཉིད་ཡིན་པ་ལ་ལྟ་ཅི་སྨོས། དེས་དུག་ལྔ་ལ་སོགས་པ་ཀུན་ལ་དེས་འགྲེའོ། །དེ་ཉིད་ཉོན་མོངས་པ་ཆོས་ཉིད་ཡིན་ལུགས་སོ། །ད་ཉོན་མོངས་པ་ལམ་དུ་ཅི་ལྟར་ཁྱེར་ཅེ་ན། བརྟགས་པ་རྣམ་པ་ལྔ་སྟེ། ཞེ་སྡང་ཀམ་པོ་དེ་ཁྱེར་རམ། ཞེ་སྡང་ཀམ་པོ་དེ་སྤངས་ནས་གཉེན་པོ་བྱམས་པ་ལྟ་བུ་དེ་ཁྱེར་རམ། ཞེ་སྡང་གཏན་ཚིགས་ཀྱིས་གཞིགས་ནས་རང་བཞིན་མེད་པ་དེ་ཁྱེར་རམ། ཞེ་སྡང་སྐྱེས་པ་དེ་འགག་ནས་རྟིང་ལ། ད་ཅིའམ་ཞེ་སྡང་དེ་རང་ཆོས་ཉིད་སྙམ་པའི་རྗེས་ཐོགས་ཀྱི་ཤེས་པ་དེ་ལམ་དུ་ཁྱེར་རམ། ཞེ་སྡང་གི་སེམས་དང་ཆོས་ཉིད་ཐ་དད་དུ་གནས་སམ་ཞེས་བྱ། དེ་ལ་ཞེ་སྡང་ཀམ་པོ་རང་ལམ་དུ་ཁྱེར་ན། ཕ་བསད་ཀྱི་བུ་ལྟ་བུ་ཞེ་སྡང་གང་ཆེ་བ་དེ་གྲོལ་ཐར་བའི་སྐྱོན་འོང་། ཞེ་སྡང་ཀམ་པོ་སྤངས་ནས། དེའི་གཉེན་པོ་ལམ་དུ་ཁྱེར་ན། ཞེ་སྡང་ལམ་དུ་ཁྱེར་བར་མ་སོང་སྟེ། ཐོག་པ་ཆུང་ངུ་དང་ཁྱད་མེད་པར་འགྱུར་རོ། །ཞེ་སྡང་གཏན་ཚིགས་ཀྱིས་གཞིག་ནས། རང་བཞིན་མེད་པ་ལམ་དུ་ཁྱེར་ན། དེ་ནི་ཞེ་སྡང་ལམ་དུ་ཁྱེར་བ་མ་ཡིན་ཏེ། སྟོང་པ་ལམ་དུ་ཁྱེར་བ་ཡིན་པས། དབུ་མ་པ་དང་ཁྱད་མེད་པར་འགྱུར་རོ། །ཞེ་སྡང་འགག་ནས་རྗེས་ཐོགས་ལམ་དུ་ཁྱེར་ན། ཡེ་ཤེས་གསར་སྐྱེ་རུ་འགྲོ་སྟེ། ཞེ་སྡང་འགགས་པས་ཞེ་སྡང་ལམ་དུ་ཁྱེར་བ་མ་ཡིན་ནོ། །གང་ཟག་གཅིག་གི་རྒྱུད་ལ་ཞེ་སྡང་དང་ཆོས་ཉིད་ཐ་དད་དུ་གནས་ན། འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། །ཞེས་པས་སོ། །གཉིས་འཆང་ན། ཞེ་སྡང་ཅན་གྱིས་ལྟ་བ་རྟོགས་ཀྱང་སངས་རྒྱས་ཀྱི་འབྲས་བུ་མི་ཐོབ་པའི་སྐྱོན་འོང་། གཞི་ལ་ཐ་དད་པའི་ཕྱིར་རོ། །ད་འདི་ལྟར་ཤེས་པར་བྱ་སྟེ། ཞེ་སྡང་ཀམ་གྱི་སྐྱེས་པ་དེ་ཉིད་མ་སྤངས་པར་སྣང་སྟོང་དབྱེར་མེད་དུ་རྟོགས་ནས་ལམ་དུ་ཁྱེར་བའོ། །འདི་ཉིད་ཀྱི་ང་བཞི་པ་ལས། དེ་ཉིད་མཐོང་བའི་ཁྱད་པར་ལས། །སྤྱོད་ལམ་དངོས་གཞི་གང་སྤྱད་ཀྱང་། །འཆིང་བར་མི་འགྱུར་གྲོལ་འགྱུར་ཐབས། །ཐམས་ཅད་དེ་སྦྱངས་ལམ་གནས་མཆོག །ཅེས་པ་དང་། འདི་ཉིད་ཀྱི་ཉེར་དྲུག་པ་ལས། སྡུག་བསྔལ་བྱང་ཆུབ་ལམ་དུ་མཛད། །ལམ་ཉིད་རང་བྱུང་ཡེ་ཤེས་འགྲེལ། །ཅེས་པ་དང་། སྒྱུ་འཕྲུལ་རྒྱས་པ་ལས། ཉོན་མོངས་རང་དང་སྤྱིར་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་བའི་ལམ་དུ་འགྱུར། །ཅེས་པས་སོ། །ཕ་བསད་ཀྱི་བུ་ལྟ་བུ་གྲོལ་ཐར་བར་མི་འགྱུར་ཏེ། དེས་ཞེ་སྡང་ཆོས་ཉིད་དུ་ངོ་མ་ཤེས་པ་དང་ཕྱོགས་གཅིག་ཏུ་བཟུང་བའི་ཕྱིར་རོ། །དེས་ན་ཉོན་མོངས་པ་ཆོས་ཉིད་དུ་རྟོགས་ནས་ལམ་དུ་ཁྱེར་བའོ། །ལེའུ་བཅུ་གཅིག་པས་ཁྱེའུ་ལྔས་ལམ་བགྲོད་པ་དེ་སྔོན་བྱུང་སྤྲུལ་པའི་ལམ་ཡིན་ཏེ། རྒྱལ་བ་རིགས་ལྔ་ཁྱེའུ་ལྔར་སྤྲུལ་པའི་ཕྱིར་རོ། །ལམ་ལྔ་ཕྲག་གཉིས་སུ་ལན་གཉིས་བགྲོད་པ་ནི། སྔ་མ་ནི་ཐུན་མོང་གི་ལམ་ཆེན་པོ་ནས་བགྲོད་པ་ཡིན་ལ། ཕྱི་མ་ནི་ཨ་ནུ་ཡོ་གའི་ལམ་ནས་བགྲོད་པར་གསུངས་སོ། །ཡང་སྔ་མ་ནི་བདག་དོན་དུ་བགྲོད་པ། ཕྱི་མ་ནི་གཞན་དོན་དུ་བགྲོད་པར་གསུངས་སོ། །ལམ་སྔ་ཕྱིའི་བར་ན་བསྐལ་པ་དཔག་ཏུ་མེད་པ་བརྗོད་པ་ལས་འདས་པ། ཞེས་པ། བསྐལ་པ་མང་པོས་བར་ཆོད་པ་དེ་མི་འཐད་ཞེ་ན། དེ་ནི་ལམ་སྔ་མ་བགྲོད་ནས་མཐར་ལམ་དུ་སླེབ་ནས། མཐར་ལམ་གྱི་དགོངས་པའི་ཡུན་བསྐལ་པ་ཚད་མེད་པ་ཡིན་གསུངས། ལེའུ་བཅོ་ལྔ་པ་ལས། བསྐལ་པ་ཚད་མེད་པས་སོ། །ཁོ་བོ་ནི་ལམ་སྔ་མ་རང་གི་རྒྱལ་བ་རིགས་ལྔས་ཁྱེའུ་ལྔར་སྐྱེ་བ་བླངས་ནས་འཇིག་རྟེན་ཕལ་པའི་སེམས་བརྒྱད་ནས་བགྲོད་ནས་མཐ ར་ལམ་དུ་བགྲོད་པའི་བར་དུ་བསྐལ་པ་མང་པོ་ཐོགས་པར་འཐད་དེ། དེ་ཉིད་ལས། ལས་དང་པོ་པའི་རིགས་ཀྱི་བུ་དེ་དག་ནི། མིའི་བུ་རིགས་ལྔར་སྐྱེ་བ་བླངས་པ་དེ་ནས་ཀྱང་བསྐལ་པ་དཔག་ཏུ་མེད་པ་བརྗོད་པ་ལས་འདས་པའི་དུས། ཞེས་བྱ་བས་མངོན་ནོ། །ལེའུ་བཅུ་གསུམ་པའི་དབང་འདི་རྣམས་ཁུང་དང་གྲགས་པ་ལ་སོགས་པ་དོན་དགུ་པོ་ནི། སྔོན་བྱུང་དུ་དམ་པ་ཏོག་དཀར་པོ་དང་། རྒྱལ་བུ་དོན་གྲུབ་དང་། ཤཱཀ་ཐུབ་དང་། ཕྱག་ན་རྡོ་རྗེ་དང་བཞི་ལ་དབང་བསྐུར། དེ་བཞིན་དུ་རྒྱལ་ཚབ་སྐྱེས་བུ་ཁྱེའུ་ལྔ་ལ་དབང་བསྐུར་བ་ཡིན་ནོ། །ཁུངས་དང་གྲགས་པ་ལ་སོགས་པའི་དོན་བཅུའི་ཐ་མ་དབང་གི་དོན་ལ་བདུན་དུ་བསྟན་པ་དེ་སྔོན་བྱུང་རྗེས་འཇུག་གཉིས་ཆར་དུ་གསུངས་ན། ཁོ་བོ་ནི་ཁུངས་དང་གྲགས་པ་ལ་སོགས་པ་དོན་དགུ་པོ་ནི་སྔོན་བྱུང་གི་དབང་ཡིན་ལ་དོན་བཅུའི་ཐ་མ་དབང་གི་དོན་ནི་རྗེས་འཇུག་གི་དབང་ཡིན་པར་འཐད་དོ། །དེ་ཅིའི་འཐད་ཅེ་ན། རྣལ་འབྱོར་ལྔ་ལ་དབང་བསྐུར་བའི་ཕྱིར་རོ། །ལེའུ་བཅུ་དྲུག་པའི་ཁྲོ་བོའི་ལྷ་བསྒོམ་པ་ལ། རྟོག་པའི་རི་བོ་བརྒྱད་ཅུ་དང་། དགུ་བཅུར་བཤད་པ་དེ། དོན་བསྡུས་ཀྱི་ལམ་གྱི་གོལ་ས་དང་ངོ་བོ་གཉིས་ཀར་བཤད་པས་མཚོན་ཚུལ་འདྲེས་ཞེན་ན། རྟོག་པའི་རི་བོ་འདི་རྣམས་མཐར་ལམ་གྱི་གོལ་སྒྲིབ་ཡིན་ཏེ། ཟག་བཅས་པའི་ལམ་གྱི་ངོ་བོར་འགྲོ། དེས་ན་ལམ་འོག་མའི་ངོ་བོ་ནི་གོང་མའི་གོལ་སྒྲིབ་ཏུ་མི་འགལ་ལོ། །ལམ་གཅིག་ལ་མཚོན་ཚུལ་འདྲེས་ན་སྐྱོན་ཡིན་ནོ། །ལེའུ་ཉེར་བདུན་པ་ནས། རུ་ཏྲ་ལྔའི་ས་བོན་མངོན་དུ་ཕྱུངས། །ཞེས་པ་ལ། འགྲེལ་ཆེན་གྱི་ལུགས་ཀྱི་ཉོན་མོངས་པ་དུག་ལྔར་བཤད། ལུང་བསྟན་དང་རུ་ཏྲ་ལམ་བསྲུང་གི་ལུགས་ཀྱིས་འདི་ལྟར་བཤད། བརྟགས་པ་རང་རྒྱུད་ཀྱི་རུ་ཏྲ་མོས་པ་རྗེས་སུ་བཞག་པའི་ཤེས་པ་སྐྱེས་བུ་ཡུལ་གྱི་འདོད་པས་གདུང་བ་ལྟ་བུ་དང་། སྦྲུལ་པ་འདོད་པ་སྐོང་བའི་རུ་ཏྲ་བསམ་པ་ཡིད་དང་མཐུན་པའི་ཤེས་པ་སྣ་ཚོགས་མེ་ཏོག་གི་གླིང་ལ་ཕྱིན་པ་ལྟ་བུ་དང་། ཏིང་ངེ་འཛིན་ཡེ་ཤེས་སུ་ལོངས་པའི་རུ་ཏྲ་སྣ་ཚོགས་ཉམས་དང་ལྡན་པའི་ཤེས་པ་རྒྱ་མཚོ་རིན་པོ་ཆེའི་གླིང་ལ་ཕྱིན་པ་ལྟ་བུ་དང་། རིག་པ་རྣལ་དུ་འཇོག་པའི་རུ་ཏྲ་རང་གསལ་ཕྱོགས་དང་བྲལ་བའི་ཤེས་པ་སྐྱེས་བུ་རང་གི་མཚན་དཔེ་ལ་ལྟ་བ་ལྟ་བུ་དང་། མ་བཅོས་ལྷུན་གྱིས་གྲུབ་པའི་རུ་ཏྲ་ཀློང་ཡངས་སྙིང་པོར་ཆུབ་པའི་ཤེས་པ་ཐམས་ཅད་ནམ་མཁའི་ངང་དུ་གནས་ཤིང་འབྱུང་འཇུག་མེད་པ་ལྟ་བུའོ། །དེ་ལ་དང་པོ་བརྟགས་པ་རང་རྒྱུད་ཀྱི་རུ་ཏྲ་ནི། རུ་ཏྲ་ལམ་སྲོང་ལས། ཉོན་མོངས་འདོད་དང་གཟུང་འཛིན་གྱིས། །བརྟགས་པས་ཅི་བཞིན་དོན་ལ་བསྒྲིབས། །ཞེས་པས་འདིར་གསུམ་སྟེ། ལོག་པའི་དབང་གིས་ཉོན་མོངས་པ་ལྔར་བརྟགས་པ་དང་། བརྟགས་པའི་དབང་གིས་གཟུང་འཛིན་དུ་བརྟགས་པ། ཞེན་པའི་དབང་གིས་འདོད་ཡོན་ལྔར་བརྟགས་པའོ། །དེ་ནི་གྲོལ་ཐར་པ་ལ་དད་ཅིང་མོས་པའི་ཤེས་པ་ཙམ་ཡོད་དེ། དཔེར་ན་སྐྱེས་བུ་སྙིང་དུ་སྡུག་པ་ལ་ཆགས་ཤིང་ཞེན་པ་ལྟ་བུའོ། །དེ་ནི་ལེའུ་ཉེར་གཅིག་པ་ཉེར་གཉིས་པ་ཉི་ཤུ་པ་གསུམ་གྱིས་སྟོན། གཉིས་པ་སྤྲུལ་པ་འདོད་པ་སྐོངས་པའི་རུ་ཏྲ་ནི། བྱིན་རླབས་ཉམས་ལྡན་བླ་མ་ཡིས། །རིགས་ངེས་དད་ལྡན་ཤེས་རབ་སྤྱོད། །ལས་དང་ཐུགས་རྗེ་འཕྲད་རུང་ལ། །རང་བཞིན་སྐ་བའི་ལས་དབང་གིས། །དུག་གིས་དུག་ནད་བསལ་བ་ལྟར། །ཅེས་པས་འདིར་གསུམ་སྟེ། སྨོན་ལམ་དབང་གིས་གང་སྤྲུལ་པ་དང་། གདུལ་བྱའི་དབང་གིས་གང་ལ་སྤྲུལ་པ་དང་། འདུལ་བྱེད་ལས་ཀྱི་དབང་གིས་ཅི་ལྟར་སྤྲུལ་པའོ། །དེ་ནི་གདུལ་བྱའི་བསམ་པ་ཡིད་དང་མཐུན་པའི་ཤེས་པ་སྟེ་མེ་ཏོག་སྣ་ཚོགས་ཀྱི་གླིང་ལ་ཕྱིན་ཙམ་ན། མཛེས་ཤིང་ཡིད་དང་མཐུན་པ་ལྟ་བུའོ། །དེ་ནི་ལེའུ་ཉེར་གསུམ་ནས་ཉེར་བདུན་པ་ཡན་ཆད་ཀྱིས་སྟོན། གསུམ་པ་ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པའི་རུ་ཏྲ་ནི། སྔོན་ནས་ཞེན་པའི་བག་ཆགས་དག །འདས་པའི་དུས་ན་སྔོན་བྱུང་ལྟར། །བླ་མས་གསལ་བྱས་སེལ་འགྱུར་བས། །ནོར་བས་ཡིད་ཆེས་འགྱོད་པ་ཉིད། །གདུལ་བྱའི་ཞེན་པ་སྔོན་བསལ་ནས། །རང་སེམས་སྙིང་པོ་མཐོང་བའི་རྒྱུ། །ད་ལྟ་ཉིད་དུ་མངོན་པར་སྣང་། །བླ་མ་དབང་པོ་ཐམས་ཅད་ལ། །མཉེས་ཤིང་ཚོགས་ཀྱིས་གུས་མཆོད་ཅིང་། །ཞེས་པས་འདིར་གསུམ་སྟེ། འདུལ་བྱེད་དྲག་པོའི་སྟོབས་ཀྱིས་སྔོན་གྱི་ལས་དྲན་ཏེ་ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པ་དང་། སྨྲེ་སྔགས་དྲག་པོའི་ཤུགས་ཀྱིས་གདུང་བ་ཆད་དེ་ཏིང་ངེ་འཛིན་ཡེ་ཤེས་སུ་ལོངས་པ་དང་། དབང་དང་གདམས་ངག་དྲག་པོའི་བྱིན་རླབས་ཀྱིས་རིག་པའི་ཉམས་འཕེལ་ཏེ་ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པའོ། །དེ་ཏིང་ངེ་འཛིན་གྱི་ཉམས་འཕེལ་བས་རྒྱ་མཚོའི་གླིང་ན་ཕྱིན་ཙམ་ན་གང་ལ་བལྟས་པ་ནོར་བུ་རིན་པོ་ཆེར་འདུག་པ་ལྟ་བུའོ། །དེ་ནི་ཉེར་བདུན་པ་ནས་སོ་གཅིག་པ་ཡན་ཆད་ཀྱིས་སྟོན་ནོ། །བཞི་པ་རིག་པ་རྣལ་དུ་འཇོག་པའི་རུ་ཏྲ་ནི། རྟོགས་ན་མ་བཅོས་རང་བཞིན་ཏེ། །ཆུ་ཡི་རླབས་ལྟར་ཐ་དད་མེད། །ཅིར་སྣང་རང་སེམས་སྐྱེ་མེད་ཅིང་། །ངོ་བོ་མི་འགྱུར་བཅོས་སུ་མེད། །མཐུན་དང་མི་མཐུན་བྱུང་ཚོར་ནི། །རྒྱུ་རྐྱེན་གཉིས་པོ་དང་བྲལ་བར། །ངོ་བོ་མཐོང་བ་ཡེ་ཤེས་གསལ། །སྔ་ཕྱི་མེད་དེ་དེ་བཞིན་ཉིད། །ཅེས་པས་འདིར་གསུམ་སྟེ། རང་བཞིན་མ་བཅོས་པར་རྣལ་དུ་འཇོག་པ་དང་། གནས་སྐབས་མི་འགྱུར་བར་རྣལ་དུ་འཇོག་པ་དང་། མཚན་ཉིད་མ་ལྟོས་པར་རྣལ་དུ་འཇོག་པའོ། །དེ་ནི་རིག་པ་ཡེ་ཤེས་སུ་གསལ་བའི་ཡེ་ཤེས་སུ་ཤར་བས་སྐྱེས་བུ་རང་གི་མཚན་དཔེ་རང་ལ་ཡོད་པ་ངོ་མ་ཤེས་པ་ལྟ་བུའོ། །དེ་ནི་ཉེར་དགུ་པ་ནས་སོ་གཅིག་ནས་འཐོར་བུར་སྟོན་ནོ། །ལྔ་པ་མ་བཅོས་ལྷུན་གྱིས་གྲུབ་པའི་རུ་ཏྲ་ནི། རིག་པ་ཅི་ལྟར་གང་གསལ་ཀྱང་། །རང་བྱུང་རང་སྣང་དེ་བཞིན་ཉིད། །མཐོང་རྟོགས་གོམས་པའི་སྐྱེས་བུ་ལ། །སྒོ་གསུམ་མཛད་པ་ཕྱོགས་རིས་མེད། །དེས་ན་ལུང་ཐོབ་བྱིན་རླབས་ལྡན། །ཅེས་པས་འདིར་གསུམ་སྟེ། གནས་ཚུལ་མ་བཅོས་པར་ལྷུན་གྱིས་གྲུབ་པ་དང་། སྣང་ཚུལ་མ་བཅོས་པ་ལྷུན་གྱིས་གྲུབ་པ་དང་། འབྲས་བུ་མ་བཅོས་པར་ལྷུན་གྱིས་གྲུབ་པའོ། །དེ་ནི་སྙིང་པོ་བྱང་ཆུབ་སེམས་མངོན་དུ་གྱུར་པས་ཆོས་ཐམས་ཅད་ནམ་མཁའ་ལ་གསལ་བའོ། །དེ་ནི་སོ་གཅིག་པས་སྟོན། རུ་ཏྲ་འདི་རང་རྒྱུད་པ་ཡིན་ནམ། སྤྲུལ་པ་བ་ཡིན་ཞེ་ན། བླ་མ་དམ་པ་རྣམས་འདི་ལྟར་བཞེད། རང་རྒྱུད་པ་ཁོ་ན་ཡིན། སྤྲུལ་པ་བ་མིན་ན། དཀྱུས་དང་འགལ་བའི་སྐྱོན་བཞི། རིགས་པ་དང་འགལ་བ་དང་ལྔ། བཀའ་སྤྱི་དང་འགལ་བའི་སྐྱོན་དང་དྲུག །དཀྱུས་དང་འགལ་བ་བཞི་ནི། ཉེར་གཅིག་པ་ནས། འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །ཞེས་པ་དང་། ཉེར་གཉིས་པ་ནས། གསང་བ་མཆོག་གི་བདག་ཡིན་པས། །ཞེས་པ་དང་། ཉེར་གཉིས་པ་དང་ཉེར་ལྔ་པ་ནས། ཉན་ཐོས་ཀྱི་མཆོག་དང་ཤཱཀ་ཐུབ་དང་རྟ་མགྲིན་གྱིས་མ་ཐུལ་བར་བཤད་པ་དང་། སུམ་ཅུ་པ་ལས། བདག་ནི་རྡོ་རྗེས་སྔོན་དུ་དབང་བསྐུར་བས། །སངས་རྒྱས་ཀུན་གྱིས་དེང་ཉིད་བདག་དབང་བསྐུར། །བཅོམ་ལྡན་ཐམས་ཅད་མཆོག་ནི་བདག་ལགས་ཏེ། །ཞེས་པ་དང་བཞིའོ། །རིགས་པ་དང་འགལ་བ་ནི། རུ་ཏྲས་ཚོགས་མ་བསགས་སྒྲིབ་པ་མ་བྱང་བར་སངས་རྒྱས་ཀྱི་ཞལ་མཐོང་བར་མི་རིགས་སོ། །བཀའ་སྤྱི་དང་འགལ་བ་ནི། མདོ་སྡེ་མྱ་ངན་ལས་འདས་པ་ལས། རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་བདུད་སྡིག་ཏོ་ཅན་ནི་གཞན་དུ་མ་རྟོག་ཅིག །ཟེར་བས་བདུད་ཀྱང་རང་རྒྱུད་པ་མེད་དོ། །བཅོམ་ལྡན་འདས་ཉིད་སྤྲུལ་པ་ཡིན་པར་འདོད་པས། རུ་ཏྲ་ཡང་རང་རྒྱུད་པ་མེད་དེ། སངས་རྒྱས་ཉིད་ཀྱི་སྤྲུལ་པར་འགྲོའོ། །སྤྲུལ་པ་ཁོ་ན་ལས་རང་རྒྱུད་པ་མིན་ན། ཡང་སྐྱོན་དྲུག་འོང་སྟེ། དཀྱུས་དང་འགལ་བ་བཞི་ནི། ཉི་ཤུ་པ་ནས། མ་དག་པའི་སྐྱེ་བརྒྱུད་བསྟན་པའི་ལེའུ་ཞེས་པ་དང་། ཉེར་གཅིག་ནས་སྲིད་གསུམ་ལོག་པའི་ལམ་དུ་བཙུད་པ་དང་། ཉེར་དྲུག་པ་ལས། རྒྱུ་ནི་མུན་པའི་རི་བོ་ལས་བྱུང་ངོ་། །རྐྱེན་ནི་གསང་སྔགས་ཀྱི་བཀའ་བགོ་ལོག་པའི་དཀའ་ཐུབ་དྲག་པོ་ལས་བྱུང་བའོ། །འབྲས་བུ་སྡུག་བསྔལ་གྱི་རི་བོར་སྨིན་ཏོ། །རིས་ནི་དམན་རིགས་གདོལ་པ་འབྱུང་པོ་ཡི་དྭགས་ཀྱི་རིགས་སུ་གཏོགས་པའོ། །ལས་སྐལ་གྱི་སྤྱོད་པ་ནི་འཁོར་བའི་དངོས་པོ་བཞི་ལ་འཇོལ་ཉོག་ཏུ་སྤྱོད་པའོ། །འདི་མ་བཏུལ་ན་ལུས་ཅན་གྱི་བྱང་ཆུབ་ཀྱི་སྙིང་པོ་ཡུན་རིང་དུ་ནུབ་པའི་སྐྱོན་དུ་འགྱུར་རོ། །ཞེས་པ་དང་། ཉེར་དགུ་པ་ནས། ཁུངས་བཅད་རྩད་བཅད་བདག་ལ་བྱུང་། །བདག་འཛིན་བདག་ཏུ་རྟོགས་པ་ཡིས། །གནས་ངན་ལེན་པའི་དེད་དཔོན་བྱེད། །ཅེས་པ་དང་བཞིའོ། །རིགས་པ་དང་འགལ་བ་ནི། རང་རྒྱུད་པའི་རུ་ཏྲ་མེད་ན། སྤྲུལ་པ་དོན་མེད་དུ་འགྲོ་བའི་སྐྱོན་འོང་སྟེ། གདུལ་བྱ་མེད་པས་འདུལ་བྱེད་ལ་དགོས་པ་མེད་དོ། །སྔར་རང་རྒྱུད་པ་མ་བྱུང་ཡང་ད་ཕྱིས་འབྱུང་གིས་དོགས་ནས་སྤྲུལ་ཟེར་ན། ཁམས་གསུམ་གྱི་སེམས་ཅན་ལ་རུ་ཏྲ་རང་རྒྱུད་པ་མ་བྱུང་བས་ད་ཡང་མི་འོང་སྟེ། རྒྱུ་རྐྱེན་ཁྱད་པར་མེད་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་ཟེར་ན། རྒྱུ་ཁམས་གསུམ་གྱི་སེམས་ཅན་ནི་སྔར་ཡང་ཡོད། རྐྱེན་གསང་སྔགས་མགོ་སྟེ་བཀའ་བགོ་ལོག་པ་ནི་སྔར་ཡང་བྱུང་བས། ད་སྔར་རུ་ཏྲ་མ་བྱུང་ན་ད་ཡང་མི་འབྱུང་སྟེ། རྒྱུ་རྐྱེན་ཁྱད་པར་མེད་པས་གཏན་ཚིགས་གྲུབ་བོ། །འོ་ན་སེམས་ཅན་གྱི་སེམས་ལྟ་བུ་དེ་སྔར་སངས་རྒྱས་སུ་མ་སོང་བས་ད་ཡང་མི་འགྲོ་སྟེ། རྒྱུ་྄རྐྱེན་ཁྱད་པར་མེད་པའི་ཕྱིར། ཞེས་མགོ་བགྲེ་ན། དེ་ནི་ཁྱབ་པ་མ་གྲུབ་སྟེ། སྦྱིར་ཁམས་གསུམ་གྱི་སེམས་ཅན་ལ་སངས་རྒྱས་པའི་རྒྱུ་ཡང་ཡོད་ལ། རྐྱེན་དམ་པའི་ཆོས་ཡོད་པས་སྔར་ཡང་སངས་རྒྱས་བྱུང་བས་བདག་ལྟ་བུ་ལ་སེམས་ཉིད་ཀྱང་ཡོད་ལ། རྐྱེན་ལམ་ཡོངས་སུ་སྦྱོངས་ན་སངས་རྒྱས་འབྱུང་ངོ་། །དེས་རྒྱུ་མཚན་མི་མཚུངས་བས་མགོ་མི་འགྲེའོ། །དེས་ན་རུ་ཏྲ་ནི་སྔར་སེམས་ཅན་ལས་མ་བྱུང་བས་ད་ཡང་མི་འབྱུང་ངོ་། །བཀའ་སྤྱི་དང་འགལ་བ་ནི། རུ་ཏྲ་སྤྲུལ་པ་བ་ཁོ་ན་ཡིན་ན། ངན་སོང་གསུམ་པོ་ཡང་སྤྲུལ་པ་བར་འགྲོ་བའི་སྐྱོན་འོང་ངོ་། །སོང་མོད་སྙམ་པ་ལ། ངན་སོང་གསུམ་པོ་ལ་སྤྲུལ་པ་བར་སོང་ན་ལས་དགེ་སྡིག་གི་རྣམ་པར་སྨིན་པ་རྫུན་དུ་འགྲོ་བའི་སྐྱོན་འོང་སྟེ་བཀའ་སྤྱི་དང་འགལ་གསུངས་སོ། །དེས་ན་རུ་ཏྲ་རང་རྒྱུད་པ་དང་སྤྲུལ་པ་བ་གཉིས་ཆར་དུ་བཞེད་དོ། །ཁོ་བོ་ནི་རུ་ཏྲ་སྦྲུལ་པ་བ་ཡོད་པ་མི་འགོགས་ཏེ། དཀྱུས་འདིར་རང་རྒྱུད་པར་བཟུང་ན་འཐད་དོ། །ལེའུ་སོ་ལྔ་པར་ཏ་ཐཱའི་ཡོན་ཏན་གྱི་བྱིན་རླབས་ལམ་ལྔར་འབྱུང་བ་འདི་མི་འཐད་ཞེ་ན། དེ་ནི་འགལ་བ་མེད་དེ། ཏ་ཐཱའི་ཡོན་ཏན་ཀྱང་བྱང་ཆུབ་སེམས་ཀྱི་ཡོན་ཏན་ཡིན་ལ། ལམ་ལྔའི་ཡོན་ཏན་ཀྱང་བྱང་ཆུབ་སེམས་རྟོགས་གོམ་གྱི་ཡོན་ཏན་ཡིན་པས་འགལ་བ་མེད་དོ། །ཅིའི་ཕྱིར་རྡོ་རྗེ་གསང་སྔགས་ནི། །དེ་བཞིན་གཤེགས་པ་ཉིད་དུ་གསལ། །ཅེས་སྟོན་པ་དང་བསྟན་པ་དོན་ལ་གཉིས་མེད་ཡིན་པས་སོ། །ལེའུ་ཞེ་ལྔ་པར་འཐད་པ་སྒྲུབ་པའི་རིགས་པ་དག་དང་མ་དག་པ་གཉིས་ལས། དག་པ་ནི་ཚད་མ་སྐྱོན་མེད་དོ། །མ་དག་པ་ནི་སྐྱོན་ཆེན་ལྟར་སྣང་ངོ་། །དག་པ་ལ་ལྔ་སྟེ། དམིགས་པ་ནི་བསྒྲུབ་བྱའོ། །གནས་པ་ནི་གཏན་ཚིགས་སོ། །དཔེ་ནི་དཔེའོ། །གྲགས་པ་ནི་ཆོས་ཅན་ནོ། །ངེས་པ་ནི་ཤིན་ཏུ་ལྐོག་གྱུར་ལུང་གིས་གཏན་ལ་འབེབས་པའོ། །དེ་ལ་བསྒྲུབ་བྱའི་མཚན་ཉིད་ནི། རང་ཞི་བས་འདོད་པའོ། །རྣམ་ངེས་ལས། འདོད་པ་ཕྱོགས་ཀྱི་མཚན་ཉིད་དོ། །ཞེས་སོ། །དམ་བཅའ་བ་ལ་དབྱེ་ན་གཉིས་ཏེ། རང་རྒྱུད་ཀྱི་དམ་བཅའ་དང་། ཐལ་འགྱུར་རོ། །དེ་ལ་གཉིས་ཏེ། རང་རྒྱུད་བསྟན་པར་བྱེད་པའི་ཐལ་འགྱུར་དང་། སུན་འབྱིན་པའི་ཐལ་འགྱུར་རོ། །གཏན་ཚིགས་ཀྱི་མཚན་ཉིད་ནི་ཚུལ་གསུམ་དང་ལྡན་པའོ། །དེ་ནི་ཚུལ་གསུམ་དང་པོ་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དུ་ངེས་པ་དང་། ཚུལ་བར་པ་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་དུ་ངེས་པ་དང་། ཚུལ་ཐ་མ་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་ངེས་པའོ། །གཏན་ཚིགས་ལ་དབྱེ་ན། རང་བཞིན་གྱི་གཏན་ཚིགས་དང་། མི་དམིགས་པའི་གཏན་ཚིགས་དང་། འབྲས་བུའི་གཏན་ཚིགས་སོ། །དེ་ལ་གསུམ་གྱི་བྱེ་བྲག་གི་གཏན་ཚིགས་ནི། རང་བཞིན་གྱི་གཏན་ཚིགས་རང་ལས་ཐ་མི་དད་ཀྱི་དོན་ཡོད་པར་བསྒྲུབ་པ་ལ་ཚུལ་གསུམ་ཚང་བའོ། །མི་དམིགས་པའི་གཏན་ཚིགས་རང་ལས་ཐ་མི་དད་ཀྱི་དོན་མེད་པའི་ཐ་སྙད་བསྒྲུབ་པ་ལ་ཚུལ་གསུམ་ཚང་བའོ། །འབྲས་བུའི་གཏན་ཚིགས་རང་ལས་ཐ་དད་ཀྱི་དོན་ཡོད་པར་བསྒྲུབ་པ་ལ་ཚུལ་གསུམ་ཚང་བའོ། །དཔེའི་ཚིག་ནི་རྗེས་སུ་འགྲོ་བའི་དོན་ལ་ངེས་པའོ། །དབྱེ་ན་གཉིས་ཏེ། མཐུན་དཔེ་དང་། མི་མཐུན་པའི་ཆོས་ཅན་གྱི་ཚིག་ནི་སྤྱིར་ཆོས་ཀྱི་རྟེན་དུ་གྱུར་པའོ། །རྩོད་གཞི་ཆོས་ཅན་གྱི་མཚན་ཉིད་ནི་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའོ། །དབྱེ་ན་བཞི་སྟེ། མཐུན་དཔེའི་ཆོས་ཅན་དང་། མི་མཐུན་པའི་དཔེའི་ཆོས་ཅན་དང་། སྐབས་སུ་བབས་པའི་ཆོས་ཅན་དང་། རྩོད་གཞིའི་ཆོས་ཅན་ནོ། །མ་དག་པའི་ཚད་མ་ལྟར་སྣང་བ་ལ་ལྔ་སྟེ། དམ་བཅའ་ལྟར་སྣང་བ་དང་། གཏན་ཚིགས་ལྟར་སྣང་བ་དང་། དཔེ་ལྟར་སྣང་བ་དང་། ཆོས་ཅན་ལྟར་སྣང་བ་དང་། ལུང་ལྟར་སྣང་ངོ་། །དམ་བཅའ་ལྟར་སྣང་བ་ནི་གཞན་དང་མཐུན་པ་དང་མི་མཐུན་པ་ཞེས་པའོ། །གཏན་ཚིགས་ལྟར་སྣང་བ་གཉིས་ཏེ། ཐམས་ཅད་དང་མཐུན་པ་ཞེས་པ་ནི་ཐུན་མོང་གི་མ་ངེས་པའོ། །མི་མཐུན་པ་དང་ཞེས་པ་ནི་འགལ་ལོ། །གཞན་གྱི་དཔེ་ཉེ་བར་སྦྱར་བ་ཞེས་པ། དཔེ་ལྟར་སྣང་ངོ་། །མ་གྲགས་པ་ཞེས་པ་ཆོས་ཅན་ལྟར་སྣང་ངོ་། །མ་ངེས་པར་ཅེས་པ་ནི་ལུང་ལྟར་སྣང་ངོ་། །དེ་རྣམས་ནི་མདོར་བསྟན་པའོ། །རྒྱས་པ་ལ་ལྔ་སྟེ། དམ་བཅའ་ལྟར་སྣང་བ་ནི། གཞན་དང་མཐུན་པར་དམིགས་པ་དང་། ཞེས་པ་ནས་འདི་ནི་མཐུན་པའོ་ཞེས་པ་ཡན་ཆད་ནི། འདུས་བྱས་ཀྱི་མཚན་ཉིད་མི་རྟག་པ་དང་། སྡུག་བསྔལ་བ། སྟོང་པ། བདག་མེད་པར་དམ་བཅའ་བ་ལས། དེ་ལས་ལོག་སྟེ་རྟག་པ་དང་། བདེ་བ་དང་། སྣང་བ་དང་། བདག་ཏུ་དམ་བཅས་ན་དེ་མ་དག་པ་དང་མཐུན་པས་གཞན་དང་མཐུན་ཅེས་པའོ། །ཡང་། ཚད་མ་གཞན་དང་མི་མཐུན་པ་དང་། ཞེས་པ་ནས། གཞན་དང་མི་མཐུན་པའོ། །ཞེས་པ་ཡན་ཆད་ནི། རྟག་པ་ལ་སོགས་པ་མ་དག་པ་ལས་གཞན་པ་དག་པ་དང་མི་མཐུན་པའོ། །གཏན་ཚིགས་ལྟར་སྣང་བ་གཉིས་ཏེ། ཐམས་ཅད་ཡིད་ཀྱི་བྱ་བ་དག་གོ། །ཞེས་བྱ་བ་ནི་ཐམས་ཅད་དང་མཐུན་པའོ། །ཞེས་པ་ནི་སྒྲ་ཆོས་ཅན་རྟག་སྟེ་ཡིད་ཀྱི་ཡུལ་ཡིན་པའི་ཕྱིར་བྱས་ན། ཡིད་ཀྱི་ཡུལ་རྟག་པ་དང་མི་རྟག་པ་ཐམས་ཅད་ལ་ཞུགས་པས་ཐུན་མོང་གི་མ་ངེས་པའོ། །དེའི་མཚན་ཉིད་ནི་རྩོད་གཞི་ཆོས་ཅན་ལ། བསྒྲུབ་བྱ་གང་བསྒྲུབ་མ་ངེས་པའོ། །མི་མཐུན་པ་གང་གཅིག་གི་མི་མཐུན་པ་ཕན་ཚུན་མི་མཐུན་པ་ཞེས་བྱ་བ་འདི་ནི་མི་མཐུན་པའོ། །ཞེས་པ་ནི། སྒྲ་ཆོས་ཅན་རྟག་སྟེ་བྱས་པའི་ཕྱིར་བྱས་ན་བྱས་པ་དང་། རྟག་པ་འགལ་བས་མི་མཐུན་པ་སྟེ། དེ་ནི་འགལ་བའོ། །དེའི་མཚན་ཉིད་ནི། རྩོད་གཞི་ཆོས་ཅན་ལ་བསྒྲུབ་བྱ་ཕྱིན་ཅི་ལོག་བསྒྲུབ་པའོ། །དཔེ་ལྟར་སྣང་ལ་གཉིས་ཏེ། མཐུན་པ་དཔེ་དང་། སྦྱར་བ་ལ་མི་མཐུན་པ་ཡིན་པས་དེ་ནི་མ་ངེས་པའོ། །ཞེས་པ་ནི། ཆོས་ཉིད་མ་སྐྱེས་པ་ཡིན། དེ་ནམ་མཁའི་མེ་ཏོག་ལྟ་བུའོ། །བྱས་ན། ནམ་མཁའི་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་ཡིན་པས་མཐུན་དཔེ་མ་ངེས་པའོ། །ཡང་མི་མཐུན་དཔེ་དང་སྦྱར་ལ་མཐུན་པ་ཡོད་པས་དེ་ནི་མ་ངེས་པའོ། །ཞེས་བྱ་བ་དེ་ཡང་མ་གྲགས་པའོ། །ཞེས་པ་ནི་ཆོས་ཉིད་འདུས་མ་བྱས་པ་ཡིན་ཏེ། དཔེར་ན་བུམ་པ་ལྟ་བུ་བྱས་ན་བུམ་པ་ལ་ཐེར་ཟུག་པ་མ་ཡིན་པའི་མཐུན་ཆ་ཡོད་པས། དེ་མི་མཐུན་པའི་དཔེར་མ་ངེས་པའོ། །ཆོས་ཅན་ལྟར་སྣང་ནི། གང་མ་གྲགས་པས་གང་གི་བརྟག་པ་མ་དག་པའོ། །ཞེས་པ་སྟེ། བུམ་པ་རྟག་པ་འདི་ལ་ཆོས་ཅན་བྱས་ན་སངས་རྒྱས་པ་ལ་མ་གྲུབ། མི་རྟག་པ་འདི་ཆོས་ཅན་བྱས་ན་མུ་སྟེགས་པ་མ་གྲུབ་པ་ལྟ་བུའོ། །ལུང་ལྟར་སྣང་ནི། གང་རང་བཞིན་གྱི་མ་དག་པ་ནི་མ་ངེས་པའོ། །ཞེས་པ་སྟེ། སངས་རྒྱས་ཀྱི་ལུང་དུ་དྲངས་པ་ལ་མུ་སྟེགས་པའི་ལུང་དུ་བྱུང་ན་མ་དག །མུ་སྟེགས་པའི་ལུང་དུ་དྲངས་པ་ལ་སངས་རྒྱས་པའི་ལུང་དུ་སོང་ན་མ་དག་པའོ། །ཞེས་དེས་སྔགས་དང་མཚན་ཉིད་ལ་སོགས་འགྲེའོ། །དེ་ལ་ཚད་མ་འདི་ཚོ་མཐུན་ཕྱོགས་ལ་ཡང་གཞན་ཟེར། མི་མཐུན་པའི་ཕྱོགས་ལ་ཡང་གཞན་ཟེར་བས་འགྱུར་ངན་ནོ་བྱས་པ་ལ། མདོ་སྡེ་བཀའ་ཡང་དག་པའི་ཚད་མ་ལ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཁུངས་དྲངས་པ་ན། འགྱུར་འདི་ཁོ་ན་ལྟར་བཞུགས་སོ། །དེས་ན་སྐ་ཅོག་གི་འགྱུར་ཡིན་པར་ཡིད་ཆེས་པར་བྱའོ། །ལྡེམ་དགོངས་ཀྱི་སྐབས་ན། ལྡེམ་པོ་དང་དགོངས་པ་གཉིས་ཆར་ལ་དགོངས་གཞི་རེ། གདུལ་བྱ་རེ། དགོས་ཆེད་རེ། ཆོས་སྟོན་ཚུལ་རེ་བྱུང་བས་མཚོན་ཚུལ་འདྲེས་ཏེ། ལྡེམ་དགོངས་གཉིས་ལ་ཁྱད་མེད་དོ་སྙམ་པ་ལ། ལྷ་རྗེ་ཡང་ཁྱེད་ཀྱི་ཞལ་ནས་ལྡེམ་པོ་ནི་བརྫུན་ཆ་ཡིན་ལ། དགོངས་པ་ནི་བདེན་ཆ་ནས་བཞག་གསུང་ངོ་། །ཇོ་བོ་ལྷ་རྗེ་ནི། ཆོས་བཞི་བཞི་ཡོད་ཀྱང་། དགོངས་གཞི་ལ་སོགས་མཚོན་ཚུལ་མ་འདྲེས་གསུང་ངོ་། །ཁོ་བོ་ནི་ལྡེམ་པོ་ནི། གདུལ་བྱའི་བསམ་པ་དང་མཐུན་པར་ཆོས་སྟོན་ལ། དགོངས་པ་ནི་གདུལ་བྱའི་བསམ་པ་དང་མི་མཐུན་པར་གཉེན་པོའི་སྒོ་ནས་ཆོས་སྟོན་པའོ། །དེས་མ་འདྲེས་སོ། །བར་འདིར་སྐོལ་མདོའོ། །ལེའུ་ཞེ་བདུན་པའི་གཤམ་ནས། ལངྐའི་བདག་པོ། གཉིས་ནི་འབྱུང་བ་བརྗོད་པ་གཉིས་ཉིད་དོ། །ཞེས་པ་ལ། ཇོ་བོ་ལྷ་རྗེ་ནི། བྱིན་རླབས་འབྱུང་བའི་གླེང་གཞི་དང་། ལུང་བསྟན་བརྒྱུད་པའི་གླེང་གཞི་གཉིས་རྗེས་འཇུག་ཏུ་རི་མ་ལ་ཡར་བྱུང་བའི་ཆ་ནས་ལུང་བསྟན་བརྒྱུད་པའི་གླེང་གཞིར་འགྲོ་ལ། དེ་ལོ་རྒྱུས་སུ་བརྗོད་པའི་ཆ་ནས་བྱིན་རླབས་འབྱུང་བའི་གླེང་གཞིར་འགྲོ་གསུངས། འདིའི་གནད་ཀས་དོན་བསྡུས་ཀྱི་ལུང་བསྟན་བརྒྱུད་པའི་སྐབས་ན། གླེང་བསླང་ལ་སོགས་དྲུག་རྣམས་དང་། །མདོ་བཞི་རྩ་བ་གསུམ་ལ་སོགས། །ཚུལ་བཞིན་འདི་ལ་གླེང་གཞི་ཚན་དྲུག་བྱུང་བ་ལ་བལྡབ་སྙམ་ན། ལྔ་ནི་བྱིན་རླབས་འབྱུང་བའི་གླེང་གཞི་ཡིན་དེའང་ལེའུ་དང་པོ་སྐུ་གསུམ་གྱིའོ། །སོ་གསུམ་པའི་དེ་སྐུ་ལྔའོ། །ཞེ་བདུན་པའི་དེ་སྐུ་བཞིའོ། །སོ་ལྔ་པའི་ནི་གསང་བའི་སྐུའི་གླེང་གཞིའོ། །གསུངས་སོ། །ལྔ་པའི་སྟོད་ནི་ལུང་བསྟན་བརྒྱུད་པའི་གླེང་གཞིའོ་གསུངས། ང་གཉིས་པའི་སྣོད་བཞི་དང་གསང་བདག་གིས། ཞེ་བཞི་པའི་གདུལ་བྱ་གསུམ་པོ་དེ་རྒྱ་གང་ཆེན་གདུལ་བྱ་གསུམ་གྱི་ཁོངས་སུ་སྣོད་བཞི་འདུས་ལ་སྣོད་བཞིའི་ཁོངས་སུ་གདུལ་བྱ་གསུམ་མ་འདུས་གདུལ་བྱ་རྒྱ་ཆེའོ། །སྣོད་བཞི་པོ་དེ་ངེས་པར་འབྱུང་བའི་གདུལ་བྱའི་འདོད་པ་ལ་ཞེན་པ་དང་གདུལ་དཀའ་དྲག་པོ་གཉིས་སྣོད་བཞིར་མ་འདུས་སོ། །ལེའུ་དང་པོ་ཡང་སྐུ་བཞི་ལ་གསང་བདག་གིས་ཐོས་པ་གཅིག་བྱུང་། ལེའུ་ཞེ་བདུན་པ་འདིར་ཡང་སྐུ་བཞི་ལ་གསང་བདག་གིས་ཐོས་ནས་འདུག་པས་བྱིན་བརླབས་འབྱུང་བའི་གླེང་གཞི་བལྡབས་པར་འགྲོ། རྗེས་སུ་སྦྱར་བར་བྱ། །ཞེས་པ་ཡང་། བྱུང་བའི་ཆ་ནས་ལུང་བསྟན་བརྒྱུད་པའི་ལྡེ་མིག་ཏུ་འགྲོ་ལ། ལོ་རྒྱུས་བརྗོད་པའི་ཆ་ནས་བྱིན་བརླབས་འབྱུང་བའི་ལྡེ་མིག་ཏུ་འགྲོའོ་གསུང་ངོ་། །ཁོ་བོ་ནི་བྱིན་རླབས་འབྱུང་བ་རང་ལ་གླེང་གཞི་གཉིས་འབྱུང་བས་ལྡབས་སྙམ་པ་ལ། ལེའུ་དང་པོའི་གླེང་གཞི་གཅིག་བྱུང་བ་ནི་སྔོན་བྱུང་དུ་བྱུང་བ་ཡིན་ལ། ཞེ་བདུན་པའི་གླིང་གཞི་ནི་རྗེས་འཇུག་ལ་ལོ་རྒྱུས་སུ་བརྗོད་པར་འཐད་དམ་སྙམ་མོ། །ལེའུ་ལྔ་བཅུ་ང་ལྔ་པ་མུན་པའི་སྤྱོད་ཡུལ་ལ་ས་བཅད་ལུགས་གཉིས་ཏེ། ལྷ་རྗེ་ཡང་ཁྱེད་ཀྱི་ལུགས་སུ་ས་བཅད་ན། མདོ་རྒྱས་མཇུག་སྡུད་གསུམ་ལས། རྒྱས་པ་ལ་གཉིས། མུན་པའི་གླེང་གཞི། ཆོས་ཐམས་ཅད་ཀྱི་རྩ་བའི་དྲིས་ལན་དང་། མུན་པའི་དྲིས་ལན་ནོ། །དང་པོ་ལ་གཉིས་ཏེ། དྲིས་པ་དང་། ལན་ནོ། །དྲིས་པ་ནི། ལང་ཀའི་བདག་པོ་དེ་ཡང་འདི་ལྟར་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་ཞེས་པ་ནས། བདེ་བར་གཤེགས་པ་འདི་བསྟན་དུ་གསོལ། ཅེས་ཞུས་པ་ལས། ཞེས་སོ། །ལན་ལ་གཉིས་ཏེ། ལམ་མདོར་བསྟན་པ་ནི། བཅོམ་ལྡན་འདས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་པ། ཆོས་ཐམས་ཅད་ཀྱི་རྩ་བ་དེ་ནི་བསྒྲིབ་པས་མ་མཐོང་། ཞེས་པ་ནས། གང་མུན་པའི་ཁམས་པ་དང་ཆ་གཅིག་ཏུ་ཤེས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཞེས་སོ། །ལན་རྒྱས་པ་ནི། འཁྲུགས་སྡེབས་ཏེ། ཚན་གཉིས་ལྷག་ཙམ་གྱི་འོག་ན་བཅོམ་ལྡན་འདས་དེས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་མུན་པ་དང་སྣང་བས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་གཞི་དང་རྩ་བ་མེད་པར་འདུས་པར་ཤེས་པར་བྱའོ། །ཞེས་པ་ནས། བླུན་པོའི་ཆེད་དུ་ཤེས་པར་གྱིས། །ཞེས་པ་ཡན་ཆད་དོ། །མུན་པའི་དྲིས་ལན་ལ། མདོ་དང་། རྒྱས་པའོ། །མདོར་བསྟན་པ་ནི། འདི་ཡང་འདི་ལྟར་ཡོངས་སུ་སྣང་། །ཡན་ལག་མདོ་དང་རྩ་བ་སྟེ། །འབྱེད་དང་འགྲེལ་དང་འབྱིན་པ་ཡིན། །ཞེས་པའོ། །རྒྱས་པ་ལ་གསུམ་སྟེ། མུན་པ་འབྱེད་པའི་ཡན་ལག་དྲུག་དང་། འགྲེལ་པའི་མདོ་བཞི་དང་། འབྱིན་པའི་རྩ་བ་གསུམ་མོ། །དེ་ལ་གཞིའི་མདོ་ཀུན་གཞི་ལ་དྲིས་པ་དང་། ལན་དང་། མཇུག་བསྡུ་བའོ། །དྲིས་པ་ནི་གོང་དུ་བཞག་པའི་ཁོ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མུན་པ་འདི་ཅི་ལས་བྱུང་། ཞེས་པ་ལ་སོགས། དོན་བཅོ་ལྔ་དྲིས་པའོ། །ལན་ནི་འོག་ཏུ་འཁྲུགས་བྱས་ཏེ། ལང་ཀའི་བདག་པོ་དེ་ལ་གཞིའི་མདོ་ནི་འདི་ལྟ་སྟེ། ཞེས་པ་ནས་མར་ལན་འདེབས་སོ། །དེ་ལ་སྐྱོན་དུ་བྱ་བ་ཀུན་གཞི་ལ། དྲི་བའི་མཁན་པོ་ཡང་གསང་བདག་ཡིན་ལ། ལན་འདེབས་པ་ཡང་གསང་བདག་ཡིན་པས་མི་འཐད་དོ་ཅེ་ན། དེ་ནི་གསང་བདག་གིས་དྲིས་པ་ལས། སྔོན་བྱུང་དུ་སྟོན་པ་གསང་བ་མཆོག་གི་བདག་པོས་ལན་དོན་གྱི་བཏབས་ཏེ། རྗེས་མཇུག་ཏུ་རི་མ་ལ་ཡར་གསང་བདག་གིས་དམ་པའི་རིགས་ཅན་ལ་གསུངས་པའོ། །སྟོན་པས་ལན་བཏབས་པ་ཅིས་མངོན་ཞེ་ན། དེ་སྐད་གསང་བ་མཆོག་དེས་བཤད། །ཅེས་པས་མངོན་ནོ། །ས་བཅད་གཅིག་ལ། སྟོད་ཀྱི་འཁྲུགས་མེད་པར་བྱས་ལ། མུན་པའི་གཞི་ཆོས་ཐམས་ཅད་རྩ་བའི་དྲིས་ལན་ལ། དྲིས་པ་དང་། ལན་ནོ། །མུན་པའི་དྲིས་ལན་ལ། དྲིས་པ་དང་། ལན་ནོ། །དྲི་བ་བཅོ་ལྔ་ལ། ལན་བཅུ་གཉིས་སུ་བསྡུས་ནས་འདེབས་ཏེ། རྩ་བ་གང་ཞེས་པ་དང་། རྩ་བ་གང་དུ་འདུས་ཞེས་པ་ལ། ལན་གཅིག་ཏུ་འདེབས་སོ། །ཡན་ལག་ཏུ་ཞེས་པ་དང་། བྱེ་བྲག་ཏུ་ཞེས་པ་ལ། ལན་གཅིག་ཏུ་འདེབས་སོ། །མུན་པ་ཞེས་པ་ཅིའི་ཕྱིར་བགྱི། །ཞེས་པ་དང་། འདིའི་ཕྱིར་འཐིབས། ཞེས་པ་ལ་ལན་གཅིག་ཏུ་འདེབས་སོ། །ཀུན་གཞིའི་མདོ་ཀུན་གཞིའི་མདོར་བསྟན། འོག་མ་ཀི་ནས། མུན་པའང་དེ་ཉིད་དེ་ལས་བྱུང་། །མུན་པའི་རང་བཞིན་ངོ་བོ་དང་། །མཚན་ཉིད་ཡན་ལག་རྩ་བ་དང་། །གནས་དང་སྒྲིབ་པ་བྱེ་བྲག་ཆོས། །གང་དུ་གང་གིས་གང་ཕྱིར་གང་། །དེ་དག་དེ་བས་དབྱེ་བར་བྱའོ། །ཞེས་པ་དེ་ཡར་བླང་ལ། མདོར་བསྟན་ནོ། །རྒྱས་པ་ནི། ལང་ཀའི་བདག་པོ་དེ་ལ་གཞིའི་མདོ་ནི་འདི་ལྟ་སྟེ། གཞི་ནི་བྱིས་པ་འདི་ལྟར་འདོད། །ཅེས་པ་མར་དོན་བཅོ་ལྔས་སྟོན་ཏོ། །ཀུན་གཞིའི་བྱེ་བྲག་མིང་གི་རྣམ་གྲངས་ལ། ལྷ་རྗེ་བ་གཉིས་ཐེག་པ་ཆེ་ཆུང་གཉིས་ཀ་ལ་གྲགས་པར་གསུངས། འགྲེལ་ཆེན་ལས། ཐེག་ཆེན་ལས་གྲགས་པར་བཤད་དེ་འགྲེལ་ལུགས་འཐད་དོ། །ཀུན་གཞི་སྒྲུབ་བྱེད་ཀྱི་རིགས་པ་གཉིས་ཏེ། ཡོད་ན་ཡོན་ཏན་ཡོད་པ་བསྒྲུབ་པ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་ལས་ལྡོག་ཏུ་བཏུབ་པ་ནི། མ་བྱུང་ཡེ་ནས་རང་བཞིན་སྣང་། །ཞེས་པའི་ཚིག་ལྔའོ། །ཚོགས་དྲུག་འགག་པ་ལྡང་བས་ཀུན་གཞི་ཡོད་པ་ནི་འོག་ནས། དེ་བཞིན་གང་གི་འགག་གྱུར་ནས། །ཞེས་པ་བཞིའོ། །མེད་ན་སྐྱོན་དུ་འགྱུར་བའི་སྒོ་ནས་བསྒྲུབ་པ་ལ་ལྔ་སྟེ། གཟུང་འཛིན་ལས་མི་གྲོལ་བའི་སྐྱོན་ནི། གོང་ནས། གལ་ཏེ་མེད་པ་གཅིག་ཡོད་ན། །ཞེས་པ་དགུའོ། །བག་ཆགས་བསགས་ཏུ་མི་བཏུབ་པའི་སྐྱོན་ནི། བྱེ་མ་བསྐྱེད་ཀྱང་འབྲུར་མི་སྨིན། །ཅེས་པ་བཅུའོ། །ཀུན་གཞིའི་རྣམ་ཤེས་མེད་ན་བག་ཆགས་བསགས་ཏུ་མི་བཏུབས་ཏེ། དོན་གསང་བ་བསྡུས་པ་ལས། བསྟན་ལུང་མ་བསྟན་བསྒོ་བྱ་དང་། བསྒོ་བར་བྱེད་དང་འབྲེལ་བ་དང་། བསྒོ་བྱེད་དེ་ལས་གཞན་ན་མེད། །འདི་ནི་བག་ཆགས་མཚན་ཉིད་དོ། །ཞེས་པས། བརྟན་པ་ལ་བསྒོད། མི་བརྟན་པ་ལ་མི་བསྒོད། ལུང་དུ་བསྟན་པ་ལ་བསྒོད། ལུང་དུ་མ་བསྟན་པ་ལ་མི་བསྒོད། བསྒོ་བར་བྱ་བའི་འོས་ལ་བསྒོད། འོས་མ་ཡིན་པ་ལ་མི་བརྒོད། བསྒོ་བར་བྱེད་པ་དང་འབྲེལ་བ་ལ་བརྒོད། མ་འབྲེལ་བ་ལ་མི་བསྒོད་དོ། །འདིར་ཀུན་ནས་ཉོན་མོངས་པའི་ས་བོན་རྣམ་བྱང་ལ་བསགས་ཏུ་མི་བཏུབ་སྟེ། ལུང་དུ་བསྟན་པ་ཡིན་པས་སོ། །རྣམ་བྱང་གི་ས་བོན་ཀུན་ནས་ཉོན་མོངས་པ་བསགས་ཏུ་མི་བཏུབ་སྟེ། མི་མཐུན་པའི་ཕྱོགས་ཡིན་པས་སོ། །དེ་ནི། བྱེ་མ་བསྐྱེད་ཀྱང་འབྲུར་མི་སྨིན། །ཞེས་པའོ། །འོ་ན་འདུས་མ་བྱས་ལ་བག་ཆགས་ཀྱི་ས་བོན་བསྒོའམ་ཞེ་ན། མི་འགྱུར་ཞིང་བརྟན་པ་ལ་བསྒོ་བྱའི་འོས་མ་ཡིན་ཏེ། ཤེལ་སྒོང་བསྒྱུར་ཡང་གཏིང་མི་འགྱུར། །ཞེས་སོ། །ཉོན་མོངས་པ་ཅན་གྱིས་བསྒོའམ་ཞེ་ན། དྲི་མའི་ངོ་བོ་ཡིན་པས་བསྒོས་མི་བཏུབས་ཏེ། འཆིང་བུ་བསྒྱུར་ཡང་རིན་ཆེན་མིན། །ཅེས་སོ། །གཟུགས་ཀྱི་ཕུང་པོ་ལ་བསྒོད་དམ་ཞེ་ན། འབྲེལ་བ་མེད་པས་མི་བཏུབ་སྟེ། ས་རྡོ་བསྲེས་ཀྱང་འདྲེས་མི་བཏུབ། །ཅེས་སོ། །ཡིད་ཀྱི་རྣམ་ཤེས་ལ་བསྒོའམ་ཞེ་ན། གསལ་མི་བརྟན་མ་རུངས་ཏེ། གློག་འགྱུ་གཞི་ལ་མུན་པ་མེད། །ཅེས་སོ། །ཚོགས་དྲུག་གཅིག་ལ་གཅིག་བསྒོའམ། ཞེ་ན། མི་བརྟན་པས་བསྒོ་རུ་མི་བཏུབས་ཏེ། སྐྱེས་བུ་ཉིད་ལ་མཆོང་མི་སྲིད། །ཅེས་སོ། །ཤེས་པ་སྔ་མས་ཕྱི་མ་ལ་བསྒོ་ཕྱི་མས་སྔ་མ་ལ་བསྒོའམ་ཞེ་ན། རྒྱུད་གཅིག་ལ་ལྷན་ཅིག་ཏུ་མི་གནས་པས་མི་བཏུབས་ཏེ། ཆུ་བོ་སྔ་ཕྱི་རྒྱུན་མི་འཕྲད། །ཅེས་སོ། །ཤེས་པའི་རིགས་མཐུན་པ་ཙམ་ལ་བསྒོའམ་ཞེ་ན། བསྒོ་བྱའི་འོས་མ་ཡིན་པས་མི་བཏུབས་ཏེ། དགྲ་བཅོམ་པའི་ཤེས་པ་ལ་ཉོན་མོངས་པའི་བག་ཆགས་བསྒོ་བར་འགྱུར་རོ། །ཆོས་མཐུན་པས་ན་རིག་མཐའ་ཡས། །ཞེས་སོ། །འདུས་བླང་དུ་མི་བཏུབ་པའི་སྐྱོན་ནི། དེ་ཉིད་མེད་ན་ཐམས་ཅད་དུ། །ཞེས་པ་གཉིས་སོ། །འགོག་པ་ལས་མི་ལྡང་བའི་སྐྱོན་ནི། དེ་ཉིད་མེད་ན་རྒྱུན་བཀག་ནས། །ཞེས་པ་གསུམ་མོ། །སྙོམས་འཇུག་གཉིས་ལས་མི་ལྡང་བའི་སྐྱོན་ནི། གང་མེད་དེ་མེད་གཉིས་མེད་ན། །གང་ལས་ལྡང་སྟེ་གང་མི་འགྱུར། །ཞེས་སོ། །དམིགས་པའི་མདོ་ཉོན་མོངས་པ་ཅན་གྱི་ཡིད་སྒྲུབ་བྱེད་ཀྱི་རིགས་པ་ནི་བཞི་སྟེ། ཉོན་ཡིད་མེད་ན་མ་འདྲེས་པའི་མ་རིག་པ་མེད་པར་འགྱུར་ཏེ། དྲི་མེད་འཛིན་མེད་ཅེས་སོ། །ཉོན་ཡིད་མེད་ན་སྒོ་ལྔ་ལ་བདག་པོའི་རྐྱེན་དགོས་པ་འདྲ་བར་ཡིད་ཀྱི་རྣམ་པར་ཤེས་པ་ལ་བདག་པོའི་རྐྱེན་མེད་པར་འགྱུར་ཏེ་གཞན་འདྲ་མེད་། ཅེས་པ་དང་། དེ་འཇུག་རྟེན་མེད། ཅེས་པའོ། །ཡིད་ཀྱི་བདག་པོའི་རྐྱེན་སྙིང་གིས་བྱ་ཞེ་ན། གཟུགས་མེད་པའི་སེམས་ཅན་ལ་སྙིང་མེད་པས་ཉོན་ཡིད་ཡོད་དགོས་པའོ། །ཉོན་ཡིད་མེད་ན་འདུ་ཤེས་མེད་པའི་སྙོམས་འཇུག་དང་འགོག་པའི་སྙོམས་འཇུག་གཉིས། ཚོགས་དྲུག་གཉིས་ཀས་བཀག་པས་ཁྱད་མེད་པར་འགྱུར་ཏེ། ཁྱད་པར་མེད། ཅེས་སོ། །སྙོམས་འཇུག་གཉིས་ལ་ཁྱད་མེད་མོད་སྙམ་པ་ལ། འདུ་ཤེས་མེད་པའི་སྙོམས་འཇུག་གིས་འཁོར་བ་ལས་མི་བརྒལ་ལ། འགོག་པའི་སྙོམས་འཇུག་གི་འདས་པའི་འབྲས་བུ་ཐོབ་བོ། །ཉོན་ཡིད་མེད་ན་བདག་འཛིན་མེད་པར་འགྱུར་ཏེ། དུས་གསུམ་དུས་དེ་འཛིན་པ་མེད། །ཅེས་སོ། །ལེའུ་དེའི་གཤམ་ན་རྒྱུད་ལུང་མན་ངག་གིས་བདག་བསལ་བ་དེ་ལ། ལྷ་རྗེ་སྒྲོ་ཕུག་པའི་ཞལ་ནས། ཡིད་ཀྱི་རྣམ་ཤེས་དེ་མུན་པའི་ཡན་ལག་དྲུག་གི་ཁོངས་སུ་ཡང་སོང་། མུན་མདོ་བཞིའི་ཁོངས་སུ་ཡང་སོང་ལ། མུན་རྩ་གསུམ་གྱི་ཁོངས་སུ་ཡང་སོང་བས་དེ་ལ་ཐེ་ཚོམ་ཟོས་པ་ལ། རྒྱལ་བའི་གསུང་གཅིག་ལ་རྒྱུད་དང་མན་ངག་གསུམ་དུ་བྱུང་བའི་དཔེ་དེས་བདག་སེལ་ལོ་ཞེས་གསུངས་སོ། །ཁོ་བོ་ནི་འདི་ལྟར་ཡང་གོ་སྟེ། ཡན་ལག་དྲུག་རྒྱུད་དང་ཆོས་མཐུན། མདོ་བཞི་ལུང་དང་རྩ་བ་གསུམ་མན་ངག་དང་མཐུན་པ་ལ། ཐེ་ཚོམ་ཟོས་པ་ལ། དཔེར་ན་རྒྱལ་པོ་གཅིག་ལ་རྒྱུད་ལུང་མན་ངག་གསུམ་དུ་བྱུང་བར་གོའོ། །བདག་སེལ་བར་བདེའོ། །ལེའུ་དྲུག་ཅུ་རྩ་གཅིག་པ་སའི་སྒྲོན་མ་ལ། སྤྱིར་རིམ་གྱིས་པ་དང་ཅིག་ཆར་བ་ལས་རིམ་གྱིས་པ་ལ་བློ་རབ་འབྲིང་ཐ་མའི་དབང་དུ། རབ་ལ་རྣལ་འབྱོར་ལྔ། འབྲིང་ལ་རྣལ་འབྱོར་བཅུ། ཐ་མ་ལ་རྣལ་འབྱོར་སུམ་ཅུ་སོ་བཞིའོ། །དེ་ལ་འདི་ཉིད་ལས། རིགས་པ་མཆོག་འབྲིང་ཐ་མའི་ཕྱིར། །གཅིག་ལའང་ཁྱད་པར་བཅུར་སྣང་བ། གང་གི་ཆེད་དུ་བགྲང་བར་བྱ། །ཞེས་སོ། །དེ་ལ་རྣལ་འབྱོར་ལྔ་གཞན་ན་གསལ། འདིར་ས་བཅུ་ལ་རྣལ་འབྱོར་སུམ་ཅུ་སོ་བཞིའམ་བཞི་བཅུར་དབྱེ་ན་འདི་ལྟ་སྟེ། མཚན་བཅས་ལྷ་བསྒོམ་པ་དང་། མཚན་མེད་ཆོས་ཉིད་བསྒོམ་པའོ། །དང་པོ་ཡི་གེའི་རྗེས་སུ་འཇུག་པ་ལྷ་བསྒོམ་པ་ལ་དང་པོ་འགྱུར་བ་མ་ངེས་པའི་ས་ཚོགས་ལམ་ལ་རྣལ་འབྱོར་དྲུག་སྟེ། འདུན་པ་སེམས་པའི་རྣལ་འབྱོར་ནི། ཉམས་གཡོ་བ་མི་བརྟན་པ་ལྷ་ཁ་དོག་ཙམ་ལས་དབྱིབས་མི་གསལ་ཡིད་ལ་བྱེད་པ་ཙམ་མོ། །བཅོས་མའི་རྣལ་འབྱོར་ནི་ཉམས་གཡོ་བ་བརྟན་པ། ལྷ་རི་རབ་ཙམ་ལ་སེམས་བཅོས་པའོ། །ཕྲ་མེན་སྤྱོད་པའི་རྣལ་འབྱོར་ནི། ཉམས་ཐོབ་པ་ལྷ་རེས་གསལ་རེས་མི་གསལ་འདྲེས་མའོ། །ཚུལ་རྟགས་འཛིན་པའི་རྣལ་འབྱོར་ནི། ཉམས་གོམས་པ། ལྷ་རྒྱན་ཆས་མི་གསལ་ཏེ། ལྷའི་ཚུལ་འཛིན་པའོ། །མོས་པའི་རྣལ་འབྱོར་ནི་ཉམས་བརྟན་པ། ལྷ་རྒྱན་བག་རེ་གསལ་བ་ལ་མོས་པའོ། །ལེགས་པར་འདུན་པའི་རྣལ་འབྱོར་ནི། ཉམས་མཐར་ཕྱིན་པའི་ཏིང་ངེ་འཛིན་ལ་སྐྱོན་མེད་པའོ། །རྣལ་འབྱོར་དེ་ཚོའི་ཉམས་ནི་བྱ་བ་བྱེད་པའི་ཏིང་ངེ་འཛིན་ལ་སྦྱོར་རོ། །འཕྲོ་འདུ་ནི་དབུགས་ཀྱི་བསྙེགས་ཚད་དུ་བྱེད། ཁྱོན་ནི་གྲུ་བཞི་སྟེ་རང་གི་ལུས་པོ་ཙམ་དུ་བསྒོམ། གྲངས་ནི་ལྷ་གཅིག །རྣམ་པའི་ཁྱད་པར་ནི་རྟོག་པའི་ལྷའོ། །གཉིས་པ་རྟེན་གཞིའི་ས། ཚོགས་ལམ་ལ་རྣལ་འབྱོར་བཞི་སྟེ། བཀའ་སྡོད་ལས་ཀྱི་རྣལ་འབྱོར་ནི། ཉམས་ཐོབ་པ་དྲོད་རྟགས་དང་རྟོག་པའི་ལྷ་དེ་ལྷག་མཐོང་གི་དོན་ལ་སྦྱོར་བ་སྟོན་པ་དང་། བླ་མའི་བཀའ་ལས་སྡོད་པའོ། །ལས་དང་པོའི་རྣལ་འབྱོར་ནི། ཉམས་གོམས་པ་ཐོག་མར་བསླབ་པའི་ལས་ལ་མགོ་འཛུག་པའོ། །བསླབ་པ་སྦྱོང་བའི་རྣལ་འབྱོར་ནི་ཉམས་བརྟན་པ། བསླབ་པའི་མཐའ་བཅུ་ལ་འདྲིས་གོམས་སུ་བྱེད་པའོ། །ངེས་པའི་རྣལ་འབྱོར་ནི་ཉམས་མཐར་ཕྱིན་པ་ཡེངས་ཐུབ་སེམས་བརྟན་མི་བསླུ་བའོ། །ཉམས་དེ་ཚོ་རིན་ཆེན་མྱུ་གུའི་ཏིང་ངེ་འཛིན་ལ་སྦྱར་རོ། །འཕྲོ་འདུ་ནི་སྣ་ཡིས་དྲི་ཚོར་ཚད་དུའོ། །ཁྱོད་ནི་ཁྲུ་བརྒྱད་དེ་ལུས་ཉིས་འགྱུར་རོ། །གྲངས་ནི་ཡབ་ཡུམ་གཉིས་ཡན་ལག་གི་ལྷ་དང་བཅས་པའོ། །རྣམ་པ་ནི་མཚན་མའི་ལྷའོ། །ས་གསུམ་པ་གལ་ཆེན་སྦྱོང་བའི་ས་སྦྱོར་ལམ་ལ་རྣལ་འབྱོར་གཅིག་སྟེ། རིགས་ཆེན་འབྱེད་པའི་རྣལ་འབྱོར་ནི་འཁོར་འདས་ཀྱི་རིགས་འབྱེད་པའོ། །དུག་འཇོམས་སྨན་གྱི་ཏིང་ངེ་འཛིན་ལ་གནས་པའོ། །འཕྲོ་འདུ་ནི་རྣ་བས་ཐོས་ཚད་དུའོ། །ཁྱོན་ཁྲུ་བཅུ་དྲུག་ཙམ་སྟེ་ལུས་བཞི་འགྱུར་རོ། །གྲངས་ནི་རིགས་གཅིག་འཁོར་དང་བཅས་པ་ཙམ་མོ། །རྣམ་པ་ནི་ལྷ་ཆུ་ཟླ་ལྟ་བུའོ། །ས་བཞི་པ་བསླབ་པ་རྒྱུན་གྱི་ས་སྦྱོར་ལམ་ལ་རྣལ་འབྱོར་གསུམ་སྟེ། གསང་སྒོ་ལུང་གི་རྣལ་འབྱོར་ནི། ཉམས་ཐོབ་པ་ཤིན་ཏུ་གསལ་བརྟན་དུ་འདོད་ཅིང་ལུང་ཟབ་མོ་ལ་བརྟེན་ནས་བསྒོམ་པའོ། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ནི། ཉམས་གོམས་པ་སྤྱོད་ལམ་བཞིར་ཟག་བཅས་ཀྱི་བསླབ་པ་ལ་མངོན་དུ་སྤྱོད་པའོ། །མཚན་མ་རྟགས་ཀྱི་རྣལ་འབྱོར་ནི། ཉམས་བརྟན་པ་ཏིང་ངེ་འཛིན་ལ་རྒྱུན་གནས་པས་རྟགས་དང་མཚན་མ་འབྱུང་བའོ། །དེ་ལ་དྲོད་གཡོ་ཐོབ་བརྟན་པ་གསུམ། རྟགས་གཡོ་ཐོབ་བརྟན་པ་གསུམ་སྟེ། དྲུག་ཏུ་ཕྱེ་ན་རྣལ་འབྱོར་བཞི་བཅུར་འགྱུར་རོ། །དེའི་ཚེ་ཉམས་ནི་རྩེ་གཅིག་འཕྲོ་བའི་ཏིང་ངེ་འཛིན་ལ་སྦྱར་རོ། །འཕྲོ་འདུ་ནི་མིག་གི་གཟུགས་མཐོང་ཚད། ཁྱོན་ནི་ཁྲུ་སུམ་ཅུ་སོ་གཉིས་ཙམ་སྟེ། ལུས་བརྒྱད་འགྱུར་རོ། །གྲངས་ནི་རིགས་གསུམ་འཁོར་དང་བཅས་ཙམ་མོ། །རྣམ་པ་ནི་གཟུང་འཛིན་དང་བྲལ་བའི་ལྷའོ། །ས་ལྔ་པ་བསོད་ནམས་གཏེར་གྱི་ས་སྦྱོར་ལམ་རྣལ་འབྱོར་གཅིག་སྟེ། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ནི་ས་ལྔ་པའི་སྤྱོད་པ་རྒྱུད་ལ་བསྟན་ལ། འདི་ཉིད་ཀྱི་བར་ཆད་མེད་པའི་བསླབ་པ་མངོན་དུ་སྤྱོད་དེ་ལ་རྒྱུན་དུ་གནས་པའོ། །འདིར་ཚོགས་རྟེན་རྫོགས་པའི་ཏིང་ངེ་འཛིན་ལ་གནས་པའོ། །འཕྲོ་འདུ་ནི་གླིང་གཅིག་ཚུན་ཆད་དུའོ། །ཁྱོན་ནི་ཁྲུ་དྲུག་ཅུ་རྩ་བཞི་ཙམ་སྟེ། ལུས་བཅུ་དྲུག་འགྱུར་རོ། །གྲངས་ནི་རིགས་ལྔ་གཙོ་འཁོར་དང་བཅས་པའོ། །རྣམ་པ་ཆོས་ཉིད་མཉམ་པ་ཉིད་ཀྱི་ལྷའོ། །ས་དྲུག་པ་སྟེ་རྟེན་པ་ཁྱད་པར་དུ་འགྲོ་བའི་ས་མཐོང་ལམ་ལ་རྣལ་འབྱོར་བདུན་ཏེ། དབུགས་ཆེན་འབྱིན་པའི་རྣལ་འབྱོར་ནི། ཉམས་གཡོ་བ་ཟག་བཅས་ཀྱི་རྩོལ་བས་དུབ་པ་ལ་ཟག་མེད་སློབ་པས་དབུགས་ཕྱིན་པའོ། །རིགས་ཆེན་འཛིན་པའི་རྣལ་འབྱོར་ནི་ཉམས་ཐོབ་པ། ཏིང་ངེ་འཛིན་ལ་གྲིམ་ཕྱུང་བས། མཐོང་བའི་དོན་ལ་མི་འགྱུར་བའོ། །མཉམ་རྫོགས་ཆེན་པོའི་རྣལ་འབྱོར་ནི། ཉམས་གོམས་པ་མཉམ་པ་ཉིད་ཀྱི་ལྷ་ཏིང་ངེ་འཛིན་ཚད་དུ་ཕྱིན་པའོ། །ངེས་པར་འབྱིན་པའི་རྣལ་འབྱོར་ནི། ཉམས་བརྟན་པ་མཐོང་བའི་དོན་སྟེང་དུ་བྱས་པའོ། །རྩལ་ཆེན་སྦྱོང་བའི་རྣལ་འབྱོར་ནི། ཉམས་མཐར་ཕྱིན་ཐོབ་ལ། ཤིན་ཏུ་སྟེང་དུ་བྱས་ཏེ་ཏིང་ངེ་འཛིན་བརྒྱ་སྟོང་ལ་རྩལ་སྦྱོང་བའོ། །ཡུལ་ལ་འཇུག་པའི་རྣལ་འབྱོར་ནི། ཉམས་མཐར་ཕྱིན་གོམས་པ། མཐོང་བ་ལས་རྩལ་འབྱོངས་པས་བསྒོམ་པ་ལ་འཇུག་པའོ། །རིག་པར་སྦྱོང་བའི་རྣལ་འབྱོར་ནི། ཉམས་མཐར་ཕྱིན་བརྟན་བསྒོམ་ལམ་ལ་སྦྱར་ངེས་པར་བདེན་པའོ། །དེ་ཚོའི་ཉམས་ནི་མངོན་པར་རྟོགས་པའི་ཏིང་ངེ་འཛིན་ལ་སྦྱོར་རོ། །འཕྲོ་འདུ་ནི་གླིང་བཞི་རི་རབ་དང་བཅས་པ་ཚུན་ཆད་དུའོ། །ཁྱོན་ནི་ཁྲུ་བརྒྱ་ཉི་ཤུ་རྩ་བརྒྱད་དམ་ཡང་ན་གླིང་གཅིག་ཁེངས་པ་ཙམ་མོ། །གྲངས་ཀྱང་གླིང་གཅིག་ལྷས་ཁེངས་པའོ། །རྣམ་པ་ནི་རང་གི་མཚན་ཉིད་གསལ་བའི་ལྷའོ། །ས་བདུན་པ་དམིགས་པས་འབྲས་བུ་སྐྱེ་བའི་ས། བསྒོམ་ལམ་པ་ལ་རྣལ་འབྱོར་གསུམ་སྟེ། གྲུབ་པའི་རྣལ་འབྱོར་ནི་ཉམས་ཐོབ་མ་ཐག་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྲུབ་པའོ། །རྣལ་འབྱོར་ཆེན་པོ་ནི་ཉམས་བརྟན་པ་དེའི་ངང་ལ་གནས་པའོ། །ངེས་པར་འབྱུང་བའི་རྣལ་འབྱོར་ནི། ཉམས་མཐར་ཕྱིན་པ་མཐར་ལམ་ལ་སྦྱོར་ངེས་པའོ། །ཉམས་དེ་ཚོ་ནི་མི་ཟད་མཛོད་ཀྱི་ཏིང་ངེ་འཛིན་ལ་སྦྱོར་བའོ། །འཕྲོ་འདུ་སྟོང་གསུམ་ཚུན་ཆད་དུའོ། །ཁྱོན་ནི་ཁྲུ་ཉིས་བརྒྱ་ལྔ་བཅུ་ང་དྲུག་གམ་ཡང་ན་སྟོང་གསུམ་ལྷས་ཁེངས་པའོ། །གྲངས་ཀྱང་སྟོང་གསུམ་ལྷས་གང་བའོ། །རྣམ་པ་ནི་ཆོས་ཉིད་ཟག་མེད་ཀྱི་ལྷའོ། །ས་བརྒྱད་པ་གནས་པ་མི་འགྱུར་བའི་ས་ལ་ལམ་དང་པོ་ལ་རྣལ་འབྱོར་གསུམ་སྟེ། རྨད་བྱུང་རོལ་པའི་རྣལ་འབྱོར་ནི་ཉམས་ཐོབ་པ། སྤྱོད་པ་བླང་དོར་མེད་པར་བཞུགས་ནས་སློབ་པའོ། །ཚོགས་ཆེན་འདུས་པའི་རྣལ་འབྱོར་ནི། ཉམས་གོམས་པ། བླང་དོར་མེད་པ་ལ་སློབ་པའི་ཚོགས་བསྒྲུབ་པའོ། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་ནི། ཉམས་མཐར་ཕྱིན་པ་ཚོགས་གྲུབ་ནས་རིག་འཛིན་གྱི་རྩལ་རྫོགས་པའོ། །ཉམས་ནི་འབྱུང་ཆེན་སྤྲུགས་པའི་ཏིང་ངེ་འཛིན་དང་། དབང་བསྒྱུར་ཐབས་ཀྱི་ཏིང་ངེ་འཛིན་ལ་སྦྱོར་རོ། །འཕྲོ་འདུ་ནི་རྣམ་རྟོག་གི་སེམས་ཀྱིས་ཁྱབ་ཚད་དུ། ཁྱོན་ཀྱང་སེམས་ཀྱིས་ཁྱབ་ཚད། གྲངས་ཀྱང་སེམས་ཀྱིས་ཁྱབ་ཚད་དོ། །རྣམ་པ་ནི་ལྷུན་གྲུབ་ཀྱི་ལྷ་ཐོབ་པའོ། །ས་དགུ་པ་བདལ་བ་ཆོས་ཉིད་ཀྱི་ས་མཐར་ལམ་པ་ལ་རྣལ་འབྱོར་གསུམ་སྟེ། རོལ་པ་རྒྱན་གྱི་རྣལ་འབྱོར་ནི། ཉམས་ཐོབ་པ་འདོད་ཡོན་ལྔ་མ་སྤང་བར་ཆོས་ཉིད་ཀྱི་རྒྱན་དུ་ལོངས་སྤྱོད་པའོ། །བདེ་བ་ཆེན་པོའི་རྣལ་འབྱོར་ནི། ཉམས་གོམས་པའམ། ཉོན་མོངས་པ་དང་། སྡུག་བསྔལ་བདེ་ཆེན་དུ་གསལ་བའོ། །ཐིག་ལེ་རྫོགས་པའི་རྣལ་འབྱོར་ནི། ཉམས་བརྟན་པ། ཆོས་ཐམས་ཅད་ཡེ་ཤེས་ཐིག་ལེར་མཇལ་བའོ། །ཉམས་དེ་ཚོ་ནི་རྣམ་དག་དབྱིངས་ཀྱི་ཏིང་ངེ་འཛིན་ལ་སྦྱོར་རོ། །འཕྲོ་འདུ་དང་ཁྱོན་དང་གྲངས་གསུམ་ཆར་ནམ་མཁས་ཁྱབ་ཚད་དོ། །རྣམ་པ་ནི་ལྷུན་གྲུབ་ཀྱི་ལྷ་ཤིན་ཏུ་འཐོབ་པའོ། །ས་བཅུ་པ་རྫོགས་པ་སྤྱིར་ཆིབས་ཀྱི་ས་མཐར་ལམ་ཐ་མ་ལ་རྣལ་འབྱོར་གསུམ་སྟེ། བདག་ཉིད་ཆེན་པོའི་རྣལ་འབྱོར་ནི་ཉམས་ཐོབ་པ། ལྷ་དང་ཆོས་ཐམས་ཅད་རང་རིག་ཏུ་གསལ་བའོ། །ལྷུན་གྱིས་གྲུབ་པའི་རྣལ་འབྱོར་ནི། ཉམས་བརྟན་པ་རྒྱུ་འབྲས་ཐམས་ཅད་གཉིས་མེད་ཀྱི་ངང་དུ་ལྷུན་གྱིས་གྲུབ་པའོ། །ཀློང་ཡངས་ཆུབ་པའི་རྣལ་འབྱོར་ནི་ཉམས་མཐར་ཕྱིན་པ། རྩོལ་བ་མེད་པར་གསལ་བ་ལ་མི་མཐུན་པའི་སེལ་མེད་པའོ། །ཉམས་དེ་ཚོ་ནི་ཐམས་ཅད་རྫོགས་པའི་ཏིང་ངེ་འཛིན་དང་། སྣང་གསལ་ཡེ་འཕྱོའི་ཏིང་ངེ་འཛིན་ལ་སྦྱར་རོ། །འཕྲོ་འདུ་དང་ཁྱོན་དང་། གྲངས་གསུམ་ཅིག་ཆར་ཆོས་ཀྱི་དབྱིངས་ཀྱི་ཁྱབ་ཚད་དེ། རྣམ་པ་ནི་ལྷུན་གྲུབ་ཀྱི་ལྷ་བརྟན་ཞིང་མཐར་ཕྱིན་པའོ། །མཚན་མེད་ཆོས་ཉིད་བསྒོམ་པ་ལ་ས་དང་པོ་འདུན་པ་སྐྱེ་བའི་སྐབས། གཡོ་བ་བྱང་ཆུབ་ཀྱི་སེམས་དཔེ་སྐར་མ་རབ་རིབ་ལྟ་བུ། ཏིང་ངེ་འཛིན་ནི་བྱ་བ་བྱེད་པའི་ཏིང་ངེ་འཛིན་ཏོ། །ཉམས་དང་རྣལ་འབྱོར་ཕྲ་མོ་ཀུན། །མཚན་བཅས་སྐབས་དང་ཐུན་མོང་ངོ་། །འདིར་རྣལ་འབྱོར་དྲུག་ལས། འདུན་པ་སེམས་པའི་རྣལ་འབྱོར་ནི། ཆོས་ཉིད་ཀྱི་མིང་ཙམ་ལ་མོས་ཤིང་འདུན་པའོ། །བཅོས་པའི་རྣལ་འབྱོར་ནི། ཆོས་ཉིད་མིང་ཙམ་ལ་བཅོས་པའོ། །ཕྲ་མེན་སྤྱོད་པ་ནི། མིང་ཙམ་གྱི་ཆོས་ཉིད་དེ་རང་གསལ་མི་གསལ་འདྲེན་མའོ། །ཚུལ་རྟགས་འཛིན་པའི་རྣལ་འབྱོར་ནི་ཆོས་ཉིད་མི་རྟོག་པའི་མིང་ཙམ་གྱི་ཚུལ་འཛིན་པའོ། །མོས་པའི་རྣལ་འབྱོར་ནི། དེ་ཉིད་ལ་དད་ཅིང་མོས་པའོ། །ལེགས་པར་འདུན་པའི་རྣལ་འབྱོར་ནི། ཆོས་ཉིད་མི་རྟོག་པ་སྤྱིའི་རྣམ་པ་ཙམ་ལ་གནས་པ་ལ་སྐྱོན་མེད་པའོ། །ས་གཉིས་པ་རྩོལ་བ་སྦྱོར་བའི་སྐབས། སྨོན་པ་བྱང་ཆུབ་ཀྱི་སེམས། དཔེ་སྐར་མ་ཕལ་པ་ལྟ་བུ་རིན་ཆེན་མྱུ་གུའི་ཏིང་ངེ་འཛིན་ནོ། །ས་གསུམ་པ་ལ་བསླབ་པ་ལ་འཇུག་པའི་སྐབས། ལྡང་བ་བྱང་ཆུབ་ཀྱི་སེམས། དཔེ་སྐར་མ་ཆེན་པོ་ལྟ་བུ། དུག་འཇོམས་སྨན་གྱི་ཏིང་ངེ་འཛིན་ཏོ། །ས་བཞི་པ་འདུ་ཤེས་བསྒྱུར་བའི་སྐབས། སྦྱོར་བ་བྱང་ཆུབ་ཀྱི་སེམས། དཔེ་ཟླ་བ་ཚེས་གཅིག་པ་ལྟ་བུ་རྩེ་གཅིག་འཕྲོ་བའི་ཏིང་ངེ་འཛིན་ཏོ། །ས་ལྔ་པ་སྦྱང་ཆེན་ལ་འཇུག་པའི་སྐབས། འཇུག་པ་བྱང་ཆུབ་ཀྱི་སེམས་ཟླ་བ་ཚེས་གཉིས་པ་ལྟ་བུ། ཚོགས་ཆེན་རྫོགས་པའི་ཏིང་ངེ་འཛིན་ཏོ། །ས་དྲུག་པ་རོ་མྱོང་བའི་སྐབས། དགའ་བ་བྱང་ཆུབ་ཀྱི་སེམས། དཔེ་ཟླ་བ་ཚེས་གསུམ་པ་ལྟ་བུ། མངོན་པར་རྟོགས་པའི་ཏིང་ངེ་འཛིན་ནོ། །ས་བདུན་པ་ཡུལ་ལ་འཇུག་པའི་སྐབས། མི་འགྱུར་བ་བྱང་ཆུབ་སེམས། དཔེ་ཟླ་བ་ཚེས་བཞི་བ་ལྟ་བུ། མི་ཟད་མཛོད་ཀྱི་ཏིང་ངེ་འཛིན་ནོ། །ས་བརྒྱད་པ་རྟོགས་ཆེན་ལ་ཕེབས་པའི་སྐབས། །རིག་པ་བྱང་ཆུབ་ཀྱི་སེམས། དཔེ་ཟླ་བ་ཚེས་ལྔ་པ་ལྟ་བུ། འབྱུང་ཆེན་སྤྲུལ་པའི་ཏིང་ངེ་འཛིན་དང་། དབང་བསྒྱུར་ཐབས་ཀྱི་ཏིང་ངེ་འཛིན་ནོ། །ས་དགུ་པ་གདིང་དུ་གྱུར་པའི་སྐབས། གནས་པ་བྱང་ཆུབ་སེམས། དཔེ་ཟླ་བ་ཚེས་བརྒྱད་པ་ལྟ་བུ། རྣམ་དག་དབྱིངས་ཀྱི་ཏིང་ངེ་འཛིན་ནོ། །ས་བཅུ་པ་ལས་སུ་རུང་བའི་སྐབས། རྫོགས་པ་བྱང་ཆུབ་ཀྱི་སེམས། དཔེ་ཟླ་བ་ཚེས་བཅུ་དྲུག་པ་ལྟ་བུ་ཐམས་ཅད་རྫོགས་པའི་ཏིང་ངེ་འཛིན་དང་། སྣང་གསལ་ཡེ་འཕྱོའི་ཏིང་ངེ་འཛིན་ནོ། །ལེའུ་དྲུག་ཅུ་རྩ་བཞི་པའི་སྐབས་ན། ཆ་མཐུན་སྦྱོར་བའི་སྤྱོད་པ་ནི། དཔེར་ན་རྩེ་ལྡེས་མངའ་རིས་གཅོད་པ་དང་འདྲ་སྟེ། སྔོན་ལ་གཞན་དང་མཐུན་པར་བྱས་ནས། གཞུག་ཏུ་རང་ལྟར་བསྒྱུར་བའོ། །མཐུན་འཇུག་གི་སྤྱོད་པ་ནི་དུག་ཟ་བ་ལ་དུག་སྔགས་བྱིན་ནས་ཟས་སུ་འཇུག་པ་དང་འདྲ་བར་གདུལ་བྱ་ཉོན་མོངས་པ་ལ་ཞེན་པ་ལ་ཉོན་མོངས་ལམ་དུ་ཁྱེར་བའི་ཐབས་ཁྱད་པར་ཅན་བསྟན་ནས་ཉོན་མོངས་པ་ལ་སྤྱོད་པའོ། །ཐབས་འཛུད་བསྲེ་བའི་སྤྱོད་པ་ནི། གཉེན་ཁ་ལེན་བྱེད་པ་དང་འདྲ་བར་གདུལ་བྱ་དང་སྤྱོད་པ་འདྲེན་མར་སྤྱོད་ནས་འདུལ་བའོ། །ལེའུ་དྲུག་ཅུ་རེ་བརྒྱད་པའི་སྐབས་ན། མུ་སྟེགས་པའི་ལྟ་བ་སུམ་བརྒྱ་དྲུག་ཅུར་དབྱེ་བ་ནི། བརྒྱ་ཕྲག་གསུམ་དང་དྲུག་ཅུ་གཉིས། །ཉི་ཤུའམ་སྡེ་བཅུ་ལྔ་གཉིས། །ཐ་དད་རྣམ་པ་དུ་མར་སྣང་། །ཞེས་པ་ལ། དང་པོ་ཉི་ཤུ་ཞེས་པ་ནི། ཕུང་པོ་ལྔ་ལ་གཟུགས་བདག་ཉིད། གཟུགས་བདག་གི་ཡིན། གཟུགས་བདག་ལ་གནས། གཟུགས་བདག་དང་ལྡན། དེ་བཞིན་དུ་ཕུང་པོ་བཞི་རེ་རེ་ལ་བཞི་བཞི་སྟེ་ཉི་ཤུའོ། །དྲུག་ཅུ་ཞེས་པ་ནི། འདས་པའི་ཕུང་པོ་ལྔ་ལ་ཉི་ཤུའོ། །ད་ལྟ་ཉིད་ལ་ཉི་ཤུ། མ་འོངས་པའི་ཕུང་པོ་ལྔ་ལ་ཉི་ཤུ་སྟེ་དྲུག་ཅུའོ། །གཉིས་ཞེས་པ་ནི་སུམ་བརྒྱ་དྲུག་ཅུ་གཉིས་སོ། །བརྒྱ་ཕྲག་གསུམ་ཞེས་པ་ནི་སུ། ལྟ་ངན་དྲུག་ཅུ་པོ་དེ་སྟོན་པ་དྲུག་གིས་དྲུག་ཅུ་བཤད་པས་སུམ་བརྒྱ་དྲུག་ཅུའོ། །སྡེ་བཅུ་ཞེས་པ་ནི་འོག་ནས། བཅོས་མར་བཅོས་དང་མུ་ཅོར་སྨྲ། །ལུང་གི་ཕྱོགས་ཙམ་བརྟེན་པ་དང་། །ཕྱོགས་ལོག་གོལ་དང་བསླད་པས་འཆལ། །ཕྱོགས་ལྟོས་གཅོད་དང་རྣམ་བཞིར་གྲགས། །ཞེས་པས་ཕྱོགས་ལྟོས་གཅོད་པ་ཡན་ཆད་དྲུག །དེ་རང་ལ་ཡང་ལག་བཞི་སྟེ་བཅུའོ། །ལྔ་ཞེས་པ་ནི། འཇིགས་པའི་ཚོགས་དང་མཐར་འཛིན་དང་། །ལོག་པར་འཛིན་དང་ལྟ་ཁྱད་ཅན། །རང་གི་བརྟུལ་ཞུགས་མཆོག་འཛིན་ཏེ། །རིགས་མི་མཐུན་པ་སྡེ་ལྔར་གྲགས། །ཞེས་པའོ། །གཉིས་པ་ནི། ཡོད་དང་མེད་པའི་ཕྱོགས་འཛིན་ལས། །ཞེས་པས་གསལ་ལ། ཡང་སུམ་བརྒྱ་དྲུག་ཅུར་དབྱེ་ལུགས་གཅིག་ལ་དྲུག་ཅུ་ཞེས་པ་ནི། མུ་སྟེགས་གཅིག་མངོན་ཤེས་སྐྱེས་པའི་ལོ་རྒྱུས་ཡིན་ཏེ། སྔོན་གྱི་མཐའ་ལ་རྟོག་པ་བཞི་བཅུ་རྩ་གཉིས། ཕྱི་མའི་མཐའ་ལ་རྟོག་པ་བཅོ་བརྒྱད་དེ་དྲུག་ཅུའོ། །ཉི་ཤུའམ། ཞེས་པ་ནི། དུག་གསུམ་ལོག་པའི་རི་བོ་ཉི་ཤུ་སྟེ་གོང་མ་དང་མཐུན་ནོ། །བརྒྱ་ཕྲག་གསུམ་ཞེས་པ་ནི། ཕུང་པོ་ལྔ་རེ་རེ་ལ་སྡེ་བཅུ་བཅུར་ཕྱེ་བས་ལྔ་བཅུ། དེ་མུ་སྟེགས་ཀྱི་སྟོན་པ་དྲུག་གི་འབྲས་བུ་ལྔ་བཅུ་བཤད་པས་སུམ་བརྒྱའོ། །ལེའུ་དོན་གཅིག་པའི་སྐབས་ན། བྱིན་གྱིས་བརླབས་ཀྱི་སྤྱོད་པ་ནི་དཔེར་ན་ཡུལ་ཆེན་ནམ་མཁའ་ཆེ། ཡུལ་ཆུང་ན་ནམ་མཁའ་ཆུང་བ་དང་འདྲ་བར། ལམ་གོང་འོག་ལ་ཆོས་ཉིད་རྟོགས་ཚབ་ཆེ་ཆུང་ཡོད་པས། སྤྱོད་པ་ལ་ཡངས་དོགས་འོངས་ཏེ། བདག་དོན་གྱི་སྤྱོད་པའོ། །དབང་བསྒྱུར་གྱི་སྤྱོད་པ་ནི། རྒྱལ་པོ་ལ་འདུལ་ཞིང་རྒྱ་ཆེ་ཆུང་ཡོད་པ་ལྟར། ལམ་གོང་འོག་ལ་བློ་ཆེ་ཆུང་ཡོད་པས། སྤྱོད་པ་ལ་རྒྱ་ཆེ་ཆུང་ཡོད་དེ་གཞན་དོན་གྱི་སྤྱོད་པའོ། །ཐབས་ཀྱི་སྤྱོད་པ་ནི་གླང་པོ་ཆེ་ཆུར་འཇུག་པ་དང་འདྲ་སྟེ། རབ་ཐད་ཀར་གཅོད་ལ་རྩལ་སྒྱིད་ཆུའི་གཞོལ་ཕྱོགས་སུ་འགྲོ་བ་བཞིན། ལམ་པ་ལ་བློ་ཆེ་ཆུང་ཡོད་པས་སྤྱོད་པ་བཟང་ངན་འོངས་ཏེ། བདག་གཞན་གཉིས་ཀའི་སྤྱོད་པའོ། །ལེའུ་དོན་གསུམ་པའི་སྐབས་ན། གསུམ་པའི་ས་ལ་གནས་པ་ཡི། །རྣལ་འབྱོར་ལུང་གི་བཀའ་བསྒོ་ལ། །སོགས་པའི་རྣལ་འབྱོར་རྣམ་གསུམ་པོ། །ཞེས་པ་ལ། ས་གསུམ་པ་གལ་ཆེན་སྦྱོང་བའི་ས་ལ། རྣལ་འབྱོར་ནི་རིགས་ཆེན་འབྱེད་པའི་རྣལ་འབྱོར་གཅིག་ལས་མེད་དེ། རྣལ་འབྱོར་འདི་གསུམ་ནི། ས་བཞི་པ་བསླབ་པ་རྒྱུན་གྱི་སའི་རྣལ་འབྱོར་རོ། །འཕྲོ་འདུ་ནི། ཐོས་པའི་ཡུལ་ནི་ཚུན་ཆད་དུ་ཞེས་པ་ནི། ས་གསུམ་པའི་འཕྲོ་འདུའོ། །ས་བཞི་པ་ལ་གཟུགས་མཐོང་ཚད་དུ་འཕྲོ་འདུ་བྱེད་པའོ། །ལྟ་བས་ཐག་བཅད་པར་བསླབ་པ་དང་། དོན་མན་ངག་གིས་བསྒྲུབ་པར་བསླབ་པ་དང་། མདོ་དོན་གཅིག་འདུ་བར་བསླབ་པ་ལ་ཁྱད་ཅི་ཡོད་ཅེ་ན། ཐག་ལྟ་བས་བཅད་པ་ནི། ཤེས་བྱ་དངོས་པོའི་གནས་ལུགས་ཅི་ལྟ་བ་བཞིན་རྟོགས་པའོ། །དོན་མན་ངག་གིས་སྒྲུབ་པ་ནི། སྤྱོད་ལམ་ཐམས་ཅད་ལྟ་བའི་རྩིས་ཟིན་པས་མཚན་མ་རང་ཁ་མར་མི་འགྱུར་བའོ། །མདོ་དོན་གཅིག་ཏུ་བསྡུས་པ་ནི། ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་ཉིད་དུ་འདུས་པའོ། །ལྟ་བ་ལ་ལེའུ་ཞེ་དྲུག་པར་སྐོལ་མདོ་བཅུ་གཉིས་ཀྱི་སྐབས་སུ་ལྟ་བ་གཅིག་བྱུང་། ལེའུ་རེ་གསུམ་པའི་སྔགས་ཀྱི་བཞི་བཅུའི་སྐབས་སུ་ལྟ་བ་གཅིག་བྱུང་། བསླབ་པའི་མཐའ་བཅུའི་ལེའུ་དོན་གཉིས་པ་ཐག་ལྟ་བས་བཅད་པའི་སྐབས་སུ་ལྟ་བ་གཅིག་བྱུང་བས་ལྡབས་སམ་སྙམ་པ་ལ་ངོ་བོ་གཅིག་ལ་མཚོན་ཚུལ་མ་འདྲེས་ཏེ། སྐོལ་མདོ་བཅུ་གཉིས་ཀྱི་སྐབས་ཀྱི་ལྟ་བ་སྔགས་ཀྱི་ཐེག་པ་གོང་འོག་ཤན་དབྱེ་བའི་ལྟ་བའོ། །བཞི་བཅུ་པའི་ལྟ་བ་དེ་ལྟ་བ་རྟོགས་ནས་འབྲས་བུ་ཐོབ་པའི་གཞི་ཡིན་པའི་ངོས་ནས་བསྟན་པའོ། །བསླབ་པའི་མཐའ་བཅུའི་ལྟ་བ་དེ་ལམ་པའི་བསླབ་བྱའི་ངོས་ནས་གཞག་པའོ། །མདོ་ཆེན་པོའི་དཀའ་བའི་ཏི་ཀ་རྫོགས་སོ།། །།


previousའདུས་པ་མདོའི་དཀའ་འགྲེལ་རྡོ་རྗེའི་ཐ་རམ་འབྱེད་པའི་ལྡེའུ་མིགnext