Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དགུ་བཅུ་པ།


   
   
   
   
   
   
   
   
སྤྱི་མདོ་དགོངས་འདུས་ཀྱི་འཆད་ཐབས་ཟིན་བྲིས་ཉུང་ངུ་རྣམ་གསལ།
   


 
previousསྤྱི་མདོ་དགོངས་འདུས་ཀྱི་འཆད་ཐབས་ཟིན་བྲིས་ཉུང་ངུ་རྣམ་གསལ།next

སྤྱི་མདོ་དགོངས་འདུས་ཀྱི་འཆད་ཐབས་ཟིན་བྲིས་ཉུང་ངུ་རྣམ་གསལ།

སྤྱི་མདོ་དགོངས་འདུས་ཀྱི་འཆད་ཐབས་ཟིན་བྲིས་ཉུང་ངུ་རྣམ་གསལ་བཞུགས་སོ། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངང་། །ཅིར་ཡང་འབྱུང་བའི་ཆོ་འཕྲུལ་ལས། །ཐམས་ཅད་རིག་པ་ཕྱག་རྒྱའི་སྐུ། །བླ་མ་རྡོ་རྗེ་རྒྱལ་པོར་འདུད། །རྣལ་འབྱོར་བཞི་བཅུའི་ཉི་མ་ཡི། །འོད་ཟེར་དྲྭ་བ་ཆེན་པོའི་བདག །དཔལ་ལྡན་རྒྱུད་ཀྱི་རྒྱལ་པོ་ཡི། །འཆད་ཐབས་ཉུང་ངུ་འདིར་གསལ་བྱ། །དེ་ལ་ལུང་ཆེན་ཨ་ནུ་ཡོ་གའི་སྤྱི་མདོ་དགོངས་པ་འདུས་པའི་རྒྱུད་འཆད་པ་ལ། སློབ་མ་མདོ་རང་ལུགས་ཀྱི་ཕྱི་ནང་གསང་བའི་དབང་གིས་སྨིན་པ་རྣམས་ལ། གནས་དུས་ཕུན་སུམ་ཚོགས་པར་རྩ་བ་གསུམ་གྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུ་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་ཕྱི་ནང་གསང་བའི་མཆོད་ཚོགས་བཤམས་ནས། མདོ་རང་ལུགས་སྒྲུབ་དབང་གྲགས་པའི་ཆུ་བོ་དང་འབྲེལ་བའི་དུར་ཁྲོད་གསང་མཆོག་གི་རྩ་དཀྱིལ་ལམ། ཕྱི་དཀྱིལ་ཚོགས་ཆེན་འདུས་པ་གཏེར་ཆེན་བླ་མས་མཛད་པ་ལྟར་བཟླས་པ་གྲུབ་ཀྱི་བར་བྱ། ལེགས་ལྡན་གཏོར་ཆོག་འདོན། དེ་ནས་སློབ་དཔོན་གྱིས། འོ། ལུང་ཆེན་ཨ་ནུ་ཡོ་གའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོའི་བཤད་བཀའ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ནས་མཎྜལ་འབུལ་བར་ཞུ། ཞེས་བརྡ་སྤྲད་ལ་ཚོམ་བུ་སོ་བདུན་མ་རྒྱས་པར་ཕུལ་མཐར། རྒྱུད་སྦྱང་བ་ནི། སོ་སོ་རང་རང་གི་དབུ་གཙུག་ཏུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བླ་མ་དང་གཉིས་སུ་མེད་པའི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་། དེའི་པང་དུ་ཡུམ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་ཅིང་མཉམ་པར་སྦྱོར་བའི་ཡབ་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོའི་མཐར་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་བསྐོར་དུ་འཁོར་བ་དང་། ཡི་གེ་བརྒྱ་པ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས་སྐུ་དང་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་། ཚངས་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་ལྟུང་ཐམས་ཅད་ལྷག་མེད་དུ་བྱང་བར་མོས་ལ་ཡི་གེ་བརྒྱ་པ་ལྷན་ཅིག་ཏུ་བཟླ་བར་ཞུ། ཞེས་ཡི་གེ་བརྒྱ་པ་ལན་ཉེར་གཅིག་ཙམ་བཟླ། མགོན་པོ་བདག་ནི་མི་ཤེས་སོགས་དང་། སྐུ་གསུང་ཐུགས་སོགས་ནས། མཛད་དུ་གསོལ་བར་དཔོན་སློབ་ལྷན་དུ་འདོན། ཞེས་གསོལ་བ་བཏབ་པས་སྡིག་སྒྲིབ་དག་པའི་གནང་བ་བྱིན་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སོ་སོ་རང་རང་ལ་ཐིམ་པར་གྱུར། ཉིན་གཉིས་པ་མན་འཆད་དབང་ཉན་དབང་ལ་འཇུག །སློབ་དཔོན་གྱིས། ཆོ་འཕྲུལ་འབྱུང་བའི་གླུ་འདིས་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། ཡེ་ཤེས་སྒྱུ་མའི་རྣམ་པར་རོལ་པའི་སྐུ། །ཐབས་དང་ཤེས་རབ་ཆེ་ལ་མངའ་བརྙེས་པའི། །འཕགས་རྗེ་སྤྲུལ་པ་མང་པོ་འབྱུང་བའི་གནས། །བདེར་གཤེགས་བདེ་བར་གཤེགས་པ་བཞེས་སུ་གསོལ། ལན་གསུམ། སླར་ཡང་རྡོ་རྗེ་རོལ་པ་དེ་ཁོ་ནའི་གླུས་བསྐུལ་ཏེ་གསོལ་བ་བཏབ་པ་འདིའི་རྗེས་ཟློས། ཨེ་མའོ། །ཡིད་བཞིན་སྐུ་མཆོག་ནམ་མཁའ་ལྟ་བུ་ལ། །ཁྱབ་པའི་བྱིན་རླབས་རྡོ་རྗེ་གར་མཛད་ཅིང་། །གཟི་བརྗིད་སྤྲིན་ཕུང་རོལ་བས་བསྒྱིངས་པའི་སྐུ། །ཐོགས་མེད་རྡོ་རྗེ་རོལ་པའི་ཆོ་འཕྲུལ་སྟོན། །ཨེ་མའོ། །ཡིད་བཞིན་གསུང་མཆོག་སྒྲ་བརྙན་ལྟ་བུ་ལས། །སྙན་པའི་བྱིན་རླབས་རྡོ་རྗེ་བརྗོད་མཛད་ཅིང་། །ཡན་ལག་རྒྱ་མཚོ་མི་ཟད་བཀོད་པའི་གསུང་། །སེང་གེའི་སྒྲ་ཡིས་གསང་སྔགས་རྒྱ་མཚོ་སྟོན། །ཨེ་མའོ། །ཡེ་ཤེས་སྙིང་པོ་ཉི་མ་ལྟ་བུ་ལས། །འབར་བའི་བྱིན་རླབས་རྡོ་རྗེ་བདེ་མཛད་ཅིང་། །ཐིག་ལེ་སྤྲོས་བྲལ་རྣམ་པར་མི་རྟོག་ཐུགས། །རྣམ་གྲོལ་དེ་ཉིད་ངེས་པའི་ཆོ་འཕྲུལ་སྟོན། །མི་ཤེས་བླུན་རྨོངས་འདམ་བྱིང་འགྲོ་བ་རྣམས། །སྡུག་བསྔལ་དྲྭ་བས་བཅིངས་པ་ཐབས་ཀྱིས་དགྲོལ། །མ་རིག་མུན་པས་ལོང་བ་དོན་གྱིས་ཕྱེ། །འཁོར་བའི་རྒྱ་མཚོ་རོལ་པའི་གླུ་ཡིས་སྒྲོལ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ཆེན་པོ། །ཡེ་ཤེས་དོན་གྱི་སྙིང་པོ་མཆོག་དང་ལྡན། །རྣལ་འབྱོར་ཐེག་ཆེན་རྡོ་རྗེ་ཀུན་འདུས་ལུང་། །འདུས་པའི་ཚོགས་ལ་རྒྱ་ཆེར་བཤད་དུ་གསོལ། །ཨ་ཧོཿ ལན་གཅིག །དེ་ནས་གསང་སྒོ་དབྱེ་བར་གསོལ་བ་བཏབ་པ་འདིའི་རྗེས་ཟློས། གསང་བ་ཆེན་པོའི་རིགས་ཚོགས་སུ། །དེ་ནས་བདག་ནི་འཇུག་པར་བྱ། །ཕྱིར་མི་ལྡོག་པར་ལུང་ཐོབ་ཕྱིར། །བདག་ལ་གསང་སྒོ་དབྱེ་བར་གསལོ། །ལན་གསུམ། ཉིན་གཉིས་པ་མན་འདི་ནས་འཇུག །བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་པོ་ཡབ་ཡུམ་མཉམ་པར་སྦྱོར་བའི་མཁའ་གསང་ལས་ཉི་ཟླ་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་སྤྲིན་འཕྲོས་པས་རྒྱུད་ཉན་པ་ལ་མི་དབང་བའི་དྲི་མ་ཐམས་ཅད་ཕྲལ་ཏེ་དོན་ལ་ངེས་པར་འཇུག་པའི་གསང་སྒོ་ཕྱེ་བར་གྱུར། སློབ་དཔོན་རང་ཉིད་ལྕེ་ལ་སྨྲ་བྱེད་ཀྱི་ཐིག་ལེ་ཉིད་ཧྲཱིཿཡིག་གཟུང་ལས་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། གནས་གསུམ་ལས་འཕྲོས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐ མས་ཅད་ཀྱི་གསུང་རྡོ་རྗེ་འོད་ཀྱི་རྣམ་པར་བསྡུས་ཏེ་ཐིམ་པས་ཆོས་འཆད་པ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དག །སློབ་དཔོན་རང་ཉིད་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར། ཉིན་དང་པོ། སློབ་བུའི་རྣ་བ་གཉིས་སུ་བདུད་རྩིའི་ཐིག་ལེ་བྱ། ཉིན་གཉིས་པ་ཕན་ཆད་ཐིག་ལེ་མི་དགོས། སློབ་བུའི་རྣ་བ་གཉིས་སུ་ཉན་ཤེས་ཀྱི་ཐིག་ལེ་ཉིད་ཏྲཱྃཿཡིག་ཟུང་ལས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ་རིན་ཆེན་དང་དྲིལ་བུ་འཛིན་པའི་སྐུར་གྱུར། གནས་གསུམ་ལས་འཕྲོས་པའི་འོད་ཟེར་གྱིས་ཚིག་དང་དོན་གྱི་གཟུངས་ལ་སོགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་རིན་པོ་ཆེའི་གཏེར་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐིམ་པས། ཆོས་ཉན་པ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དག །སློབ་མ་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་རིན་ཆེན་འབྱུང་ལྡན་གྱི་སྐུར་གྱུར། ཉིན་གཉིས་པ་མན་བདུད་ཚར་གཅོད་ཀྱི་སྔགས་ལ་འཇུག །ཉིན་དང་པོ་ལ། ཏྲཱྃ་ལས་བྱུང་བའི་རིན་འབྱུང་གི་ངོ་བོ་རྒྱུད་ཀྱི་གླེགས་བམ་གཏད་དེ། ཏྲཱྃཿ གསང་བ་གསང་ཆེན་གསང་མཆོག་རྣམ་གསུམ་གྱི། །གསང་བའི་དོན་ལ་ཉན་ཅིང་སློབ་པའི་དབང་། །དབང་ཐོབ་སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ། །བདུད་རྩིའི་ཆུ་འདིས་གསང་བའི་གསང་སྒོ་དབྱེ། །སརྦ་ཏ་ཐཱ་ག་ཏ་དྷརྨ་སིདྡྷི་ཧོཿ ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་རླབས་ཀྱིས། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་ཉན་པའི་དབང་བསྐུར་བས་གསང་བའི་བཀའ་མཐའ་དག་ཉན་པའི་དབང་དམ་པ་མཐའ་དག་ཐོབ་པར་གྱུར་ཅིག །བླ་མ་དཔལ་ཆེན་པོས་འཁོར་རྣམ་པར་སྦྱང་བའི་ཆེད་དུ་ཤངས་ཀྱི་ཧཱུྃ་རིང་ལས་བྱང་ཆུབ་ཀྱི་སེམས་སྤྲིན་ལས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྲོས་པས་བགེགས་དང་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་གྱུར། ཧཱུྃ་ཧཱུྃ་ཧཱུྃ། རྡོ་རྗེ་འདུས་པར་འདུས་པ་ཡི། །ཐེག་ཆེན་དམ་པའི་རིགས་ཅན་རྣམས། །བླ་འོག་རིམ་པ་ཇི་བཞིན་དུ། །རྡོ་རྗེ་གསང་བའི་གྲལ་བཀོད་དེ། །རིགས་མ་ཡིན་པ་རིགས་མེད་འགྱུར། །རིགས་ཅན་རྣམས་ཀྱི་དམ་ཚིག་ནི། །རིགས་མེད་རྣམས་ལ་འབབ་མི་འགྱུར། །དེ་ལས་འདས་ན་དེ་བརླག་བྱེད། །ཧཱུྃ་ཀྲོ་དྷ་ཛྭ་ལ་ས་མ་ཡ། རཀྵ་ཛྭ་ལ་ས་མ་ཡ། ཡཀྵ༴ ཙིཏྟ༴ ཞེས་བགེགས་བསྐྲད། དེ་ནས། ཁྱེད་རང་རྣམས་ཀྱིས་རྨད་དུ་བྱུང་བའི་མེ་ཏོག་དང་། ཏིང་ངེ་འཛིན་གྱི་མཆོད་པ་སྣ་ཚོགས་པ་འབུལ་བའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས། རྡོ་རྗེ་རྒྱལ་པོ་ཚོགས་བདག་དགོངས་སུ་གསོལ། །ཆོས་ཀྱི་རྒྱལ་པོ་མི་གཡོ་རྒྱལ་ཚུལ་མཛད། །རྒྱལ་མཆོག་བདེ་ཆེན་ས་ལ་རབ་བཞུགས་ཏེ། །སྨྲ་བའི་ལས་མཆོག་རྡོ་རྗེ་ལྕེ་འབར་བས། །སྒྲ་དབྱངས་རྒྱལ་བ་རྣམས་ཀྱིས་བདག་བྱིན་རློབས། །གསང་སྔགས་རྒྱལ་པོ་ཆོས་ཀྱི་མེ་ལོང་འདི། །རྒྱལ་མཆོག་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་མཐུས། །འདུས་པའི་ཚོགས་ལ་རྒྱ་ཆེར་བརྗོད་པར་འོས། །ཨ་ཧོཿ ཞེས་གསོལ་བ་བཏབ། སློབ་དཔོན་གྱིས། བཛྲ་ཀརྨ་སཏྭ་ཙཀྲ་ཧ་ཧ་ཧོཿ ཞེས་བརྗོད་ལ་སེམས་དཔའ་རྡོ་རྗེའི་ང་རྒྱལ་བྱ། དེ་ནས་སློབ་དཔོན་གྱིས་བདུད་ཚར་གཅོད་ཀྱི་སྔགས་བཟླས། རྩ་བའི་བླ་མའི་གསོལ་འདེབས་དང་ཆོས་བསྐུལ་སྔོན་དུ་འགྲོ་བས་སེམས་བསྐྱེད་གསལ་གདབ། སྔགས་ཀྱི་ཁྱད་པར་གྱི་ཀུན་སློང་རྣམས་ཀྱང་བཤད་ལ། སྤྱི་མདོའི་ཆེ་བ་བརྗོད་པ་ཅི་རིགས་སྔོན་དུ་བཏང་ནས་ཆོས་རྗེ་དམ་པའི་མདོ་ཡི་ཁོག་དབུབ། སྐུ་བཞིའི་གླེང་འབྲེལ། དཀའ་འགྲེལ་རྣམས་ཀྱི་བཤད་ལུང་སྔོན་དུ་བཏང་། མདོ་དངོས་ལ་ཆོས་རྗེ་དམ་པའི་བསྡུས་དོན་དང་སྐབས་སུ་སྦྱར་མདོ་གཞུང་རྩ་བ་དལ་བུས་འགྲེལ་པ་དང་སྦྲགས་ཏེ་བཏང་བའམ། ལེའུ་རེ་རེ་བཏོན་རྗེས་དཀའ་འགྲེལ་མུན་པའི་གོ་ཆ་ཉིད་ཚིག་མ་ཆད་པར་བརྡའ་འཕྲོད་པར་བཀླག །འཆད་ཤེས་ན་བར་སྐབས་སུ་སྤྱི་དོན་དུ་ཆོས་རྗེ་དམ་པའི་མཆན་ཉིད་ཀྱིས་རྩ་བ་ལ་འབྲུ་མནན་བྱས་ཏེ་བཤད་ནའང་ཤིན་ཏུ་ལེགས་པར་འགྱུར་རོ། །ཆོས་ཐུན་གྲོལ་བ་ན་དགེ་བསྔོ་དང་། ཚོགས་མན་ཆད་སྒྲུབ་ཐབས་དཀྱུས་ལྟར་རོ། །ཉིན་རྗེས་མ་རྣམས་ལ་སྒྲུབ་ཐབས་རྒྱས་པ་མ་གྲུབ་ན། འཇིགས་མེད་གླིང་པས་མཛད་པའི་འདུས་མདོའི་རྒྱུན་ཁྱེར་རམ། གཏེར་ཆེན་མཆོག་གླིང་གི་ལུང་རྡོ་རྗེ་བཀོད་པའི་ཕྱི་དཀྱིལ་དང་ལུས་དཀྱིལ་གང་རུང་ཞིག་བཏང་ནའང་སྟབས་བདེ་བར་སེམས། ལེགས་ལྡན་གཏོར་ཆོག་མ་ཆགས་པར་བྱ། རྒྱུད་གྲོལ་བ་ན། གཞུང་དངོས་རྫོགས་པར་གྲུབ་རྗེས། འགྲེལ་ཆེན་གྱི་དབུ་གཤམ་ལུང་བཀླག །བླ་མ་དཔལ་ཆེན་པོ་དང་གསང་བའི་མདོ་ཆེན་པོ་ཉིད་ལ་ཆེད་དུ་བརྗོད་ཅིང་བསྟོད་པའི་གླུ་བླང་བ་འདིའི་རྗེས་ཟློས། ཨེ་མ་ཧོ་སྐྱེས་ཆེན་གསང་བའི་བདག །རྩལ་ཆེན་སྨྲ་བ་སེང་གེའི་སྒྲ། །དེ་བཞིན་གཤེགས་ལ་ཀུན་གྱི་ཐུགས། །སངས་རྒྱས་ཀུན་སྔོན་ཡེ་ནས་བྱུང་། །ཁྱོད་ནི་སངས་རྒྱས་ཀུན་གྱི་མེས། །ཆེ་མཆོག་རྗེ་བཙན་དམ་པའི་སྐུ། །བདེ་གཤེགས་ཀུན་གྱི་བཤེས་གཉེན་མཆོག །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །ཀུན་གྱི་འབྱུང་གནས་མེ་ལོང་གསལ། །ཕྱོགས་ཀུན་གསལ་འགྲེལ་ངེས་པའི་མདོ། །ཐེག་ཆེན་རྨད་གྲགས་ངོ་མཚར་ཆེ། །གསང་ཆེན་བྱུང་ཚུལ་ངོ་མཚར་ཆེ། །ཨ་ཧོཿ ཞེས་ངེས་པ་དམ་པར་མངོན་པར་བསྟོད། དེ་ལྟར་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོའི་བཤད་བཀའ་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ་མཛོད། མཎྜལ་ཚོམ་བུ་སོ་བདུན་མ་རྒྱས་པར་ཕུལ་དང་། འདི་ལྟ་བུའི་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་དབང་མ་ཐོབ་པ་དང་སྣོད་མིན་ལ་མི་སྟེར་ཞིང་སྣོད་ལྡན་ངེས་པ་ཅན་ལ་སྦྱིན་པ་དང་། བཤད་སྒྲུབ་ཀྱི་ཕྲིན་ལས་ནམ་མཁའ་དང་མཉམ་པར་བགྱི་བའི་སྒོ་ནས་དོན་གཉིས་རླབས་པོ་ཆེ་སྒྲུབ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར༴ དང་། དེང་ནས་བརྩམས་ཏེ༴ སོགས་བརྗོད། སྤྱི་བསྔོའི་མཚམས་སྦྱོར་རྒྱས་པར་སྤྲོས་ནས་བསྔོ་སྨོན་གྱིས་རྒྱས་གདབ། རྒྱུད་ཆོག་གི་ཚུལ་དུ་སྒྲུབ་ཐབས་བཀའ་མ་ལྟར་འདོན་ཚོགས་ལ་རོལ་བའི་རྗེས། སྤྱི་མདོ་དགོངས་འདུས་སམ་རྩ་རྒྱུད་ཀུན་འདུས་རིག་པའི་མདོ་ལྟ་བུ་སློབ་མ་དུ་ཡོད་ལ་དཔེ་བགོས་ནས་ཚར་གཅིག་བཏོན་ན་ཤིན་ཏུ་ལེགས། རྒྱུད་འདོན་པའི་དབུར། བླ་མ་སངས་རྒྱས་ཆོས་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །གཞན་དོན་རྫོགས་བྱང་ཐོབ་བྱའི་ཕྱིར། །ཟབ་མོའི་རྒྱུད་སྡེ་བཀླག་པར་བགྱི། །ལན་གསུམ། བདག་ཉིད་གསང་ཆོག་སྐུར་གསལ་ཞིང་། །ངོ་བོ་ཉིད་མེད་གསང་བའི་སྙིང་། །གསུང་གི་བྱིན་རླབས་རང་སྣང་བ། །རྟེན་འབྱུང་སྒྲ་བརྙན་ལྟ་བུའི་ཚུལ། །དབྱིངས་ལས་ཨ་བྱུང་ཨ་ལས་ནི། །ཡི་གེ་ཡིད་བཞིན་སྤྲིན་ཚོགས་འཕྲོས། །ཨ་ནི་རང་བཞིན་ཡི་གེ་སྟེ། །རྟེན་དང་བྲལ་བས་རྒྱུ་རྐྱེན་མེད། །ཁོང་ནས་ཀུན་ཁྱབ་ནམ་མཁའ་འདྲ། །ཆོས་ཉིད་སྐྱེ་མེད་ཟབ་མོ་ཡིས། །ཆོས་ཀུན་ཁྱབ་གནས་ཟིན་པ་ལྟར། །ཁྱབ་གནས་ཨ་ཡི་རང་བཞིན་གྱིས། །ཡི་གེ་ཀུན་ཁྱབ་ཀུན་ཟིན་ཏེ། །མིང་དང་ཚིག་ཚོགས་སྣ་ཚོགས་བསྒྱུར། །སྐྱེས་བུ་ཐུགས་ཀྱི་དཔལ་བེའུ་ནས། །ཐམས་ཅད་འབྱུང་བ་ཀུན་གྱི་གཞི། །མགུར་གྱི་གསང་བའི་དབྱིངས་སུ་ཤར། །ཆོ་འཕྲུལ་ཡི་གེ་ལྔར་སྣང་བ། །མགུར་གྱི་སྒྲ་བྱུང་མགུར་ལས་གྲགས། །ཨ་ཀ་ཁ་ག་གྷ་ང་། ཨ་ལས་ཡིག་འབྲུ་ཟེར་འཕྲོས་པས། །ལྗགས་ཀྱི་དབང་པོ་ཟླ་གམ་འཕྲོས། །ཆོ་འཕྲུལ་ཡི་གེ་ལྔར་སྣང་བ། །ལྗགས་ཀྱི་སྒྲ་བྱུང་ལྗགས་ལས་གྲགས་། །ཙ་ཚ་ཛ་ཛྷ་ཉ། ཨ་ཡི་འོད་ཟེར་རྩེ་མོ་ལས། །ལྗགས་ཀྱི་ཟླ་གམ་རྩེ་མོ་འཕྲོས། །ཆོ་འཕྲུལ་ལྔ་གཉིས་ཡི་གེར་སྣང་། །རྩེ་མོར་སྒྲ་བྱུང་ཐོར་ཏོར་གྲགས། །ཏ་ཐ་ད་དྷ་ན། ཊ་ཋ་ཌ་ཌྷ་ཎ། དེ་བཞིན་དེ་ལས་དེ་བྱུང་བས། །ཞལ་གྱི་སྒྲོམ་ལས་འཁྱིལ་འབར་བའི། །དེ་བཞིན་ཡིག་འབྲུ་ལྔར་སྣང་བས། །ཞལ་གྱི་སྒོར་བྱུང་ཞལ་ལས་གྲགས། །པ་ཕ་བ་བྷ་མ། ཡིག་འབྲུ་ཀུན་གྱི་མཆོག་དེ་ཉིད། །གསང་གི་རྒྱུན་ལམ་དེར་བྱུང་བ། །ཡུལ་ལ་རིགས་པའི་འབྲུ་ཤར་བ། །ཆོ་འཕྲུལ་ཡི་གེ་སྣ་ཚོགས་སྣང་། །ཡ་ཝ་ར་ལ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨ། ཨཾ་ཨ། རྀ་རྀ་ལྀ་ལྀ་ཨ་ཧོཿ ཞེས་བརྗོད་ལ་རྒྱུད་བཀླག་པའི་རྗེས། ཀུན་བཟང་། ཞབས་བསིལ། བཞི་བསྣོལ་རྣམས་ཀྱིས་མཆོད། ཨེ་མ་ཧོཿ ཉེས་བཅོམ་ལེགས་ལྡན་མཚན་བཞི་མཐའ་ལས་འདས། །དཔག་མེད་བྱམས་སྙོམས་དོན་གྱིས་བདག་གཞན་དཔལ། །དོན་དམ་གསང་སྦས་ནམ་མཁའི་དཀྱིལ་དུ་འཁྱིལ། །རྡོ་རྗེ་ཆེ་མཆོག་དབང་ཕྱུག་ཀུན་གྱི་བདག །འཛིན་པ་མི་རྟོག་ཤ་རུས་ཁྲག་ལ་རོལ། །ཐུགས་ཀྱི་གདུང་ཐག་འཁོར་བའི་མཐའ་ལ་རྗེ། །ཡུལ་མེད་མ་སྐྱེས་མཚན་མའི་གཡུལ་ལས་རྒྱལ། །བདེ་མཆོག་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཆེན་པོ་ནམ་མཁའ་ཉི་མར་གསལ། །བྱང་ཆུབ་སེམས་ཀྱི་འོད་ཟེར་དབྱིངས་སུ་འཆར། །དཔལ་བརྟུལ་མྱུར་བའི་ཤུགས་ཀྱིས་འགྲོ་དྲུག་སྒྲོལ། །རྟོག་འཛོམས་ཡེ་ཤེས་རྡོ་རྗེ་ཆོ་འཕྲུལ་འཕྲོ། །དམ་པའི་དོན་གསུང་གཉིས་མེད་སྟོན་པའི་སྐུ། །སྨྲ་བའི་སེང་གེ་མཆོག་ལ་ཕྱག་འཚལ་བསྟོད། །རིན་ཆེན་གཏེར་ལྡན་འདོད་རྒུ་ཀུན་སྐོང་ཞིང་། །ལུང་དང་རིགས་པ་གཏན་ཚིགས་ཀུན་གྱི་མཛོད། །བརྡ་ཅན་ཡན་ལག་ལེན་པའི་མེ་ལོང་གསལ། །རྡོ་རྗེ་ཀུན་འདུས་འཇིགས་བྱེད་རྒྱལ་པོའི་རྒྱུད། །ཆོས་ཀྱི་མེ་ལོང་འདི་ལ་བདག་ཅག་འདུད། །ཅེས་པས་བསྟོད། ཚོགས་ཀྱི་སྨོན་ལམ་དང་། ལྷག་མ་བསྔོ། ཆོས་སྐྱོང་གཏོར་ཆོག་དང་། བརྟན་མ་སོགས་སྒྲུབ་ཐབས་དཀྱུས་ལྟར་ནས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བརྗོད་པས་དགེ་ལེགས་སུ་བྱའོ། །དེ་ལྟར་འཆད་པའི་ཉིན་གྲངས་ཀྱང་ཞག་བཅོ་ལྔའམ་བདུན་ལས་མི་ཉུང་བར་ངེས་པར་དགོས་སོ། །འདི་དགེའི་བསོད་ནམས་གྲུབ་པ་གང་ཡོད་དེས། །གྲོང་ཁྱེར་གསུམ་དུ་གནས་རྣམས་དབུགས་འབྱིན་ཞིང་། །ཡེ་ཤེས་བླ་མའི་ས་མཆོག་ཐོབ་ནས་ཀྱང་། །དོན་གཉིས་ལྷུན་གྲུབ་འབད་མེད་འབྱུང་བར་ཤོག །ཅེས་པའི་རྒྱུད་ཀྱི་འཆད་ཐབས་ཉུང་ངུ་འདི་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་རྒྱུད་འདིའི་བཤད་ལུང་འབོགས་པའི་སྐབས་མཁས་པའི་དབང་ཕྱུག་མཁན་ལེགས་འབྱོར་དང་ནུས་ལྡན་ཟུང་གིས་གསུང་བསྐུལ་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྨྲས་པ་ཡི་གེ་པ་ནི་འགྱུར་མེད་བཀྲ་ཤིས་ཀྱིས་བགྱིས་པ་འདིས་ཀྱང་གསང་བ་མཆོག་གི་བསྟན་པ་ཉིན་མོ་ལྟར་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།


previousསྤྱི་མདོ་དགོངས་འདུས་ཀྱི་འཆད་ཐབས་ཟིན་བྲིས་ཉུང་ངུ་རྣམ་གསལ།next