cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་གཅིག་པ།

གླེགས་བམ། ཀེ༽

མཁན་ནུས་ལྡན།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

དཔལ་སྤྱི་མདོ་དགོངས་པ་འདུས་པའི་འགྲེལ་པ་རྣལ་འབྱོར་ཉི་མ་གསལ་བར་བྱེད་པའི་ལེགས་བཤད་གཟི་ལྡན་འཆར་ཁའི་འོད་སྣང། མཁན་ནུས་ལྡན།

གསུང་པོད་དང་པོ་ཨེ་རྟགས་ཅན།
ཡོ ག སཱུ ཪྻྻ དཱི བི ཏཱ ཡཱ སྶཱ དྷྭཱ ཁྱཱ ཏ པྲ བྷ྄ཝཱ྅྅྅ ནུ ད ཡུ པཾ ཤུ ནཱ མ ཤྲཱི ཛཱ ཏི སཱུ ཏྲཱ ཤ ཡ སཾ གྷ སྱ ཊཱི ཀཱ བི ཧ ར ཏི སྨ། །
དཔལ་སྤྱི་མདོ་དགོངས་པ་འདུས་པའི་འགྲེལ་པ་རྣལ་འབྱོར་ཉི་མ་གསལ་བར་བྱེད་པའི་ལེགས་བཤད་གཟི་ལྡན་འཆར་ཁའི་འོད་སྣང་ཞེས་བྱ་བ་གླེགས་བམ་དང་པོ་བཞུགས་སོ། །
ན་མོ་གུ་རུ་དྷརྨཱ་སཱ་རཱ་ཡ། ཇི་བཞིན་ཡེ་གནས་ཆེ་བ་ལྔ་ལྡན་དབྱིངས། །རང་བཞིན་ལྷུན་གྲུབ་འོད་གསལ་རིག་པའི་ཁམས། །དབྱེར་མེད་བདེ་ཆེན་སྲས་མཆོག་བྱང་ཆུབ་སེམས། །གཉུག་མ་དོན་གྱི་གཤིས་ལ་གུས་ཕྱག་འཚལ། །ཆོས་སྐུ་ཀུན་བཟང་རྒྱལ་ཚབ་སྐྱེས་བུ་དང་། །ལོངས་སྐུ་རིགས་ལྔ་སྤྲུལ་སྐུ་ཐུབ་པའི་དབང་། །རིགས་གསུམ་སེམས་དཔའ་གསང་བའི་སྐུ་མཆོག་སྟེ། །དགོངས་བརྒྱུད་རྒྱལ་བ་རྣམས་ལ་གུས་ཕྱག་འཚལ། །རྒྱལ་སྲས་གཉིས་ཀྱིས་ལྷ་ཀླུའི་རིག་འཛིན་དང་། །གསང་བའི་བདག་པོས་དྲག་ཤུལ་ཅན་གྱི་རྩེར། །དམ་པ་ལྔ་ལ་གསང་བའི་མཛོད་བགྲོས་པའི། །རིག་བརྒྱུད་རིག་འཛིན་རྣམས་ལ་གུས་ཕྱག་འཚལ། །སྤྲུལ་པའི་གླེགས་བམ་དངོས་སྣང་རྒྱལ་པོ་ཛཿ ཨིནྡྲ་ནཱ་ག་གུ་ཧྱ་པུ་ཏྲི་གསུམ། །ཀུ་ཀུ་རཱ་ཛ་རིག་འཛིན་སར་གཤེགས་པའི། །རྣ་བརྒྱུད་གང་ཟག་རྣམས་ལ་གུས་ཕྱག་འཚལ། །རོ་ལངས་བདེ་བ་རྡོ་རྗེ་བཞད་པ་རྩལ། །པྲ་བྷ་ཧསྟི་ཤཱཀྱ་སེང་གེ་དང་། །ཤཱཀྱ་མུ་ཏྲ་ཤཱཀྱ་པྲ་བྷ་གསུམ། །བཀའ་བབ་རྩལ་འཆང་རྣམས་ལ་གུས་ཕྱག་འཚལ། །དཱ་ན་རཀྵི་ཧཱུྃ་མཛད་བློ་གྲོས་བརྟན། །བདེ་བ་གསལ་མཛད་དྷརྨ་བྷོ་དྷི་དང་། །བ་སུ་དྷ་ར་མཁན་ཆེན་ཆོས་རྒྱལ་སྐྱོང། །འཕགས་བལ་པཎ་གྲུབ་རྣམས་ལ་གུས་ཕྱག་འཚལ། །གངས་ལྗོངས་མིག་གཅིག་བཻ་རོ་ཙ་ན་དང་། །དཔལ་བརྩེགས་ཀླུ་ཡི་རྒྱལ་མཚན་ཆེ་བཙན་སྐྱེས། །མདོ་སྒྱུའི་མངའ་བདག་གནུབས་ཆེན་མཁྱེན་པའི་གཏེར། །སྒྲ་བསྒྱུར་ལོ་ཙཱ་རྣམས་ལ་གུས་ཕྱག་འཚལ། །ཡོན་ཏན་རྒྱ་མཚོ་ཡེ་ཤེས་རྒྱ་མཚོ་དང་། །བློ་གྲོས་བྱང་ཆུབ་ཐོ་གར་ནམ་མཁའ་ལྡེ། །དཔལ་ཆེན་དངོས་སྣང་ཟུར་ཆེན་ཤཱཀྱ་འབྱུང་། །བསྟན་པའི་མངའ་བདག་རྣམས་ལ་གུས་ཕྱག་འཚལ། །བདེ་གཤེགས་ཟུར་ཆུང་པ་དང་ཀ་བ་བཞི། །གསང་བདག་ཆེན་པོ་མདའ་ཚ་ཧོར་པོའི་ཞབས། །ལྷ་རྗེ་སྨར་དང་གཙང་པ་འགྲོ་བའི་མགོན། །གསང་ཆེན་བསྟན་འཛིན་རྣམས་ལ་གུས་ཕྱག་འཚལ། །འཇམ་དབྱངས་བླ་མ་ཀུན་མཁྱེན་ཀཿཐོག་པ། །ཕྱག་ན་པདྨ་ཆོས་རྗེ་གཙང་སྟོན་མཆོག །རྡོ་རྗེ་འཛིན་དངོས་བྱམས་པ་འབུམ་པའི་ཞབས། །རྒྱལ་བ་ཡབ་སྲས་རྣམས་ལ་གུས་ཕྱག་འཚལ། །ནམ་མཁའ་རྡོ་རྗེ་ཐུགས་རྗེ་ཡེ་ཤེས་དང་། །སྟོན་པ་དབང་འབྱོར་དཔལ་འབར་ནམ་མཁའི་མཚན། །མགོན་པོ་རྒྱལ་མཚན་ཚུལ་ཁྲིམས་རྒྱལ་མཚན་མཆོག །བསྟན་པའི་མཛོད་འཛིན་རྣམས་ལ་གུས་ཕྱག་འཚལ། །བྲ་བོ་ཆོས་འབུམ་ཡེ་ཤེས་རྒྱལ་མཚན་པ། །རྡོ་རྗེ་བཟང་པོ་ནམ་མཁའ་རྒྱ་མཚོ་དང་། །ནམ་མཁའ་དཔལ་བ་ནམ་མཁའ་རྒྱ་མཚོའི་སྡེ། །བརྒྱུད་པའི་སྲོལ་འཛིན་རྣམས་ལ་གུས་ཕྱག་འཚལ། །ཧོར་པོ་ཆོས་དབང་ནམ་མཁའ་རྡོ་རྗེ་དང་། །ཆོས་ཀྱི་འབྱུང་གནས་པདྨ་བཀྲ་ཤིས་ཞབས། །རིན་ཆེན་རྡོ་རྗེ་ཐུགས་མཆོག་དྲག་པོ་རྩལ། །འགྲན་བྲལ་སྐྱེས་ཆེན་རྣམས་ལ་གུས་ཕྱག་འཚལ། །ཡང་ལུང་གི་བརྒྱུད་པ་ལྟར་ན་ཁ་བ་དཀར་པོ་ཡན་འདྲ་ལ་དེ་ནས། བསོད་ནམས་རྒྱ་མཚོ་བསོད་ནམས་རྡོ་རྗེ་དང་། །སྟོན་པ་སེང་གེ་བཀྲ་ཤིས་རིན་ཆེན་ཞབས། །རིན་ཆེན་རྡོ་རྗེ་མན་འདྲའོ། །ཀུན་བཟང་རྒྱ་མཚོ་ཁྱབ་གདལ་ཀློང་ཡངས་དང་། །ལྷུན་གྲུབ་རྒྱ་མཚོ་པདྨ་ནོར་བུ་དང་། །ཀརྨ་བཀྲ་ཤིས་པདྨ་སྦྱིན་པ་སྟེ། །སྨིན་གྲོལ་མཛོད་འཛིན་རྣམས་ལ་གུས་ཕྱག་འཚལ། །ཀརྨ་ལྷ་དབང་པདྨ་བཟོད་པ་དང་། །མདོ་སྔགས་བསྟན་འཛིན་ཆོས་ཀྱི་ཉི་མ་མཆོག །རྒྱལ་མཚན་འོད་ཟེར་པདྨ་རྒྱལ་མཚན་ཏེ། །བསྟན་འཛིན་སྐྱེས་མཆོག་རྣམས་ལ་གུས་ཕྱག་འཚལ། །གཞན་ཡང་ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་། །འགྱུར་མེད་རྡོ་རྗེ་ལོ་ཆེན་དྷརྨ་ཤྲཱི། །པདྨ་ཕྲིན་ལས་རིག་འཛིན་འཇིགས་བྲལ་གླིང་། །ངེས་དོན་གསལ་མཛད་རྣམས་ལ་གུས་ཕྱག་འཚལ། །འཇམ་མགོན་མཁྱེན་བརྩེའི་དབང་དང་མཆོག་གྱུར་གླིང་། །ཡོན་ཏན་རྒྱ་མཚོ་ཆོས་ཀྱི་དབང་པོ་དང་། །སྨྲ་བའི་ཉི་མ་མི་ཕམ་ཆོས་ཀྱི་རྗེ། །ཟླ་བྲལ་མཁས་གྲུབ་རྣམས་ལ་གུས་ཕྱག་འཚལ། །ཁྱད་པར་དུས་འདིར་དཔགས་དཀའི་ཆོས་གཏེར་གྱིས། །རྒྱལ་བསྟན་སྤྱི་དང་ལུང་ཆེན་འདུས་པ་མདོའི། །བསྟན་པའི་སྒོ་འབྱེད་མཁས་བཙུན་གྲུབ་པའི་དབང་། །ཆོས་ཀྱི་རྒྱ་མཚོའི་སྤྲིན་ལ་གུས་ཕྱག་འཚལ། །འགྲོ་འདུལ་རིག་འཛིན་སྣ་ཚོགས་རང་གྲོལ་དང་། །ཆོས་ཀྱི་རྡོ་རྗེ་མཁན་ཆེན་དཔལ་གྱི་མཚན། །སྤོབས་པའི་གཏེར་མཛོད་པདྨ་བི་ཛ་སོགས། །བཀའ་དྲིན་མཉམ་མེད་རྣམས་ལ་གུས་ཕྱག་འཚལ། །ལས་རབ་གླིང་པ་ངག་དབང་ཀུན་ཏུ་བཟང་། །གྲུབ་པའི་དབང་མཆོག་བྱམས་པ་ཆོས་འཛིན་རྗེ། །བློ་གྲོས་རྒྱ་མཚོ་རྡོ་རྗེ་ལེགས་བཤད་རྩལ། །འཁོར་ལོའི་མགོན་པོ་རྣམས་ལ་གུས་ཕྱག་འཚལ། །དེ་ལྟར་བཀའ་རྒྱུད་ནོར་བུའི་ཕྲེང་བ་ལ། །སྒོ་གསུམ་གུས་པའི་ཕྱག་གིས་བཏུད་བྱས་ཏེ། །བཀའ་རྣམས་ཀུན་གྱི་དེམས་གྱུར་མདོ་ཆེན་པོ། །རྒྱལ་ཀུན་དགོངས་པའི་མཛོད་འདི་དགྲོལ་བྱེད་ན། །བླ་མ་མཆོག་དང་རྩ་གསུམ་སྲུང་མ་ཡིས། །སྒྲིབ་མེད་མཁྱེན་པའི་སྤྱན་གྱིས་རྗེས་དགོངས་ཏེ། །བདག་རྒྱུད་དད་པའི་མེ་ལོང་དྭངས་པ་ལ། །ཡེ་ཤེས་ཐུགས་རྗེའི་གཟུགས་བརྙན་སྣང་བར་མཛོད། །ཅེས་མཆོད་པར་བརྗོད་པའི་མེ་ཏོག་གིས་མདུན་བསུས་ཏེ། རིག་འཛིན་ཆེན་པོ་དཔལ་གྱི་སེང་གེས་རིན་པོ་ཆེའི་རྒྱན་ལས། རྩོམ་རྒྱུ་ཤེས་རབ་སྙིང་རྗེ་སྟེ། །ལུང་དང་མན་ངག་ཐོབ་པས་འགྲུབ། །གནས་ལུགས་མངོན་སུམ་རྟོགས་པ་རབ། །ཡི་དམ་མཁའ་འགྲོ་བླ་མ་ལས། །ལུང་བསྟན་ཐོབ་པ་འབྲིང་པོ་ཡིན། །ལ་ཤན་བཀའ་ལུང་ཚིག་ལ་མཁས། །བྱེ་བྲག་ཕྱེད་པ་ཐ་མ་ཡིན། །ཞེས་གསུངས་པ་ལྟར་མཚུངས་མེད་བླ་མ་རྣམས་ཀྱིས་བཀའ་ལུང་གསེར་གྱི་ཅོད་པཎ་སྤྱི་བོར་བཅིངས་ཤིང་བསྐུལ་བར་མཛད་པ་དང་། སྤྱིར་ཐེག་པ་རིམ་པ་དགུའི་བྱེ་བྲག་མ་འདྲེས་པར་ཕྱེད་ཅིང་། ཁྱད་པར་དུ་སྐྱབས་རྗེ་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བྱམས་ཆེན་ཆོས་ཀྱི་རྒྱ་མཚོ་ཨོ་རྒྱན་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི་བཀའ་དྲིན་གྱིས་འདུས་པ་མདོའི་ཕྱག་དཔེ་གསར་དུ་དྲངས་པ་རྣམས་མཇལ་བའི་སྐལ་བཟང་དུ་གྱུར་པས། སློབ་དཔོན་ཆེན་པོ་དྷརྨ་བྷོ་དྷིས་དོན་བསྡུས་ལས། རྒྱལ་བའི་དགོངས་པ་ཀུན་འདུས་ལས། །མདོ་དོན་ཆོས་ཀྱི་རྣམ་གྲོལ་སྒོ། །དེ་ཤེས་དེ་འཇུག་བདེ་སྒྲུབ་ཕྱིར། །མི་འགལ་ཙམ་དུ་བསྡུས་ཏེ་བཤད། །ཅེས་གསུངས་པ་དང་ཚུལ་མཐུན་པར་ལེགས་བཤད་ཀུན་གྱི་བཅུད་བསྡུས་ཏེ། ལེའུ་ང་གཅིག་པ་ལས། བཀའ་དོན་གཏན་ཚིགས་རིགས་པ་བཞིས། །སྣང་དང་མི་འགལ་རྒྱས་འཐད་སྦྱར། །ཞེས་པ་ལྟར་རང་གཞུང་ལ་ཟློ་ཞིང་གཞན་གྱི་གྲུབ་མཐའ་ཤན་འབྱེད་པའི་བཀའ་ཡི་ཚིག་ལ་སྒྲོ་སྐུར་མེད་པར་སྣང་བ་དང་། དོན་དང་མི་འགལ་བར། གཏན་ཚིགས་ཀྱིས་རྒྱས་ཤིང་རིགས་པས་འཐད་པའི་ཚུལ་ལ་བློ་གྲོས་ཀྱི་འཇུག་པ་ཅུང་ཟད་ཐོབ་པས། ཆོས་རྗེ་དམ་པ་རིན་པོ་ཆེས། སྟོན་པའི་བསྟན་པ་རྟོགས་སླའི་ཕྱིར། །ཚིག་ཟུར་བཅོས་ཕྱིར་ངེས་ཚིག་འགྲུབ། །ཅེས་གསུངས་པ་ལྟར། རང་དང་སྐལ་བ་མཉམ་པའི་བློ་གྲོས་ཀྱི་རྩལ་ཞན་པ་རྣམས་ལ་སྨན་པར་འདོད་པའི་ལྷག་བསམ་དང་ལྡན་པའི་བློས་དམན་པ་བདག་ཀྱང་ཚུལ་འདི་ལ་གུས་པས་ཞུགས་པ་ཡིན་ནོ། །དེ་ལ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ། རྣལ་འབྱོར་གྲུབ་པའི་ལུང་། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། མན་ངག་ཐམས་ཅད་ཀྱི་རྩ་བ། དོན་ཐམས་ཅད་ཀྱི་མཇུག་སྡུད། ཆོས་ཐམས་ཅད་ཀྱི་མེ་ལོང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས། འབྲས་བུ་ཐམས་ཅད་ཀྱི་ཐུག་ས། རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། མ་འོངས་པ་དང་ད་ལྟར་གྱི་རྣལ་འབྱོར་པ་རྣམས་ཀྱི་ལམ་ཆེན་པོ། གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་རྨད་དུ་བྱུང་བའི་བཀའ་ཁྱད་པར་ཅན། མདོ་རྒྱུད་ཆེན་པོ་ཆོས་ཀྱི་མེ་ལོང་འདི་ལ་དོན་གསུམ་གྱིས་བསྟན་ཏེ། ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། མཚན་བསྟན་པ་དང་། ཕྱག་འཚལ་བའོ། །དང་པོ་ནི། རྒྱ་གར་གྱི་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཛྙཱ་ན་གུ་ཧྱ་ཨརྠ་གརྦྷ་བྱཱུ་ཧ་བཛྲ་ཏནྟྲ། སིདྡྷིི་ཡོ་ག་ཨ་ག་མ་ས་མཱ་ཛ་སརྦ་པིཪྱཱ་སཱུ་ཏྲ་མ་ཧཱ་ཡཱ་ན་ཨ་བྷི་ས་མ་ཡ་དྷརྨ་པཪྻྻཱ་ཡ་བི་བྱཱུ་ཧ་ནཱ་མ་སཱུ་ཏྲྃ། བྲུ་ཤའི་སྐད་དུ། ཧོན་པན་རིལ་ཏིལ། པི་པུ་པི་ཏིལ། ཏི་ཏ་སིང་། འུན་འུབ། ཧང་པང་རིལ། འུབ་པི་སུ། པང་རི་ཞེ་ཧལ་པི། མང་ཀྱང་ཀུ་འི་དང་རོད་ཏི། དེ་གཉིས་བོད་སྐད་དུ་བསྒྱུར་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས། གསང་བའི་ཡེ་ཤེས། དོན་གྱི་སྙིང་པོ། རྡོ་རྗེ་བཀོད་པའི་རྒྱུད། རྣལ་འབྱོར་གྲུབ་པའི་ལུང་། ཀུན་འདུས་རིག་པའི་མདོ། ཐེག་པ་ཆེན་པོ་མངོན་པར་རྟོགས་པ། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་བྱ་བའི་མདོ། ཞེས་བྱ་བའོ། །དེ་ལྟར་མཚན་བསྟན་པ་འདི་ནི་སེང་གེའི་མཆོངས་པ་ལྟ་བུའི་བཤད་པའི་དབང་དུ། རྣལ་འབྱོར་བྱ་བ་མེད་པའི་གོ་ལུགས་དང་པོ་བསྟན་པ་སྟེ། འདི་ལའང་གཉིས་ཏེ། སྒྲའི་ཤན་སྦྱར་བ་དང་། དོན་གྱི་ངོ་བོ་བསྟན་པའོ། །དང་པོ་ནི། རྒྱ་གར་དང་། བྲུ་ཤ་དང་། བོད་ཀྱི་མཚན་རྣམས་ཤན་སྦྱར་ཏེ་བསྟན་པས་གོ་བའི་ཚུལ་ནི་ཇི་ལྟར་ཡིན་ཞེ་ན། ལེགས་སྦྱར་གྱི་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཙིཏྟ་དང་། བྲུ་ཤའི་སྐད་དུ། ཧོན་པན་རིལ་ཏིལ་ནི། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས། དེ་བཞིན་དུ། ཛྙཱ་ན་གུ་ཧྱ་དང་། པི་པུ་པི་ཏིལ་ནི་གསང་བའི་ཡེ་ཤེས། ཨརྠ་གརྦྷ་དང་། ཏི་ཏ་སིང་ནི། དོན་གྱི་སྙིང་པོ། བྱཱུ་ཧ་བཛྲ་ཏནྟྲ་དང་། འུན་འུབ་ནི། རྡོ་རྗེ་བཀོད་པའི་རྒྱུད། སིདྡྷི་ཡོ་ག་ཨ་གཱ་མ་དང་། ཧང་པང་རིལ་ནི། རྣལ་འབྱོར་གྲུབ་པའི་ལུང་། ས་མཱ་ཛ་སརྦ་བིདྱཱ་སཱུ་ཏྲ་དང་། འུབ་པི་སུ་ནི། ཀུན་འདུས་རིག་པའི་མདོ། མ་ཧཱ་ཡཱ་ན་ཨ་བྷི་ས་མ་ཡ་དང་། པང་རི་ཞེ་ཧལ་པི་ནི། ཐེག་པ་ཆེན་པོ་མངོན་པར་རྟོགས་པ། དྷརྨ་པཪྻྻཱ་ཡ་བི་བྱུ་ཧ་ནཱ་མ་སཱུ་ཏྲཾ་དང་། མང་ཀྱང་ཀུ་འི་དང་རོད་ཏི་ནི། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་བྱ་བའི་མདོ། ཞེས་བསྒྱུར་བ་སྟེ། ལེགས་སྦྱར་དང་བསྟུན་ན་ཐད་ལོག་ཏུ་བསྒྱུར་ཞིང་། བྲུ་ཤ་དང་མཐུན་པར་བསྒྱུར་བའོ། །འོ་ན་འགྲེལ་ཆེན་ལས། བྲུ་ཤ་དང་བོད་སྐད་དུ་བསྒྱུར་ཚུལ་བཤད་པའི་སྐབས་སུ་ཚིག་གཅིག་གིས་ཐད་ལོག་ཏུའང་འགྱུར་ཏེ། གཞན་ནི། གོ་རིམ་བཞིན་ཀྱང་། རྒྱ་གར་གྱི་སྐད་དུ། བཛྲ་ཀུ་ལ་ཏནྟྲ། བྷྱི་དྷ་ཏྱ་ཐ། བྷྱི་དྷ་སུ། སིདྡྷི་ཡོ་གི། ཞེས་པ་ལ་བྲུ་ཤའི་སྐད་དུ། འུན་འུབ། ཧང་པང་རིལ། འུབ་པི་སུ། ཞེས་པ་དང་། བོད་སྐད་དུ་ནི། རྡོ་རྗེ་བཀོད་པའི་རྒྱུད། རྣལ་འབྱོར་གྲུབ་པའི་ལུང་། ཀུན་འདུས་རིག་པའི་མདོ། ཞེས་ཤན་སྦྱར་བ་ཐད་ལོག་ཏུ་འགྱུར་ཏེ། འདུག་ས་བསྣོལ་དགོས་པའི་ཕྱིར་རོ། །ཞེས་གསུངས་པ་ཇི་ལྟར་ཡིན་སྙམ་ན། དེ་ནི་ཡིག་རྙིང་ཕལ་མོ་ཆེའི་དབུ་ན་བཞུགས་པ་ལྟར་ཏེ། དེ་ལྟར་ན། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཙིཏྟ། གུ་ཧྱ་ཛྙཱ་ན། གརྦྷ། བཛྲ་ཀུ་ལ་ཏནྟྲ། བྷྱི་དྷ་ཏྱ་ཐ་བྷྱི་དྷ་སུ། སིདྡྷི་ཡོ་གི། མ་ཧཱ་ཡཱ་ན། ས་ན་ཨརྦི། དྷརྨ་ནི་སུ་ཏྲ། ཞེས་བཞུགས་ཤིང་། བྲུ་ཤ་གོང་དང་མཐུན་པས། བོད་ཀྱི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས། གསང་བའི་ཡེ་ཤེས། དོན་གྱི་སྙིང་པོ། རྡོ་རྗེ་བཀོད་པའི་རྒྱུད། ཀུན་འདུས་རིག་པའི་མདོ། རྣལ་འབྱོར་གྲུབ་པའི་ལུང་། ཐེག་པ་ཆེན་པོ་མངོན་པར་རྟོགས་པ། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་བྱ་བའི་མདོ། ཞེས་སུ་འགྱུར་ཡང་། རྡོ་རྗེ་བཀོད་པའི་རྒྱུད། རྣལ་འབྱོར་གྲུབ་པའི་ལུང་། ཀུན་འདུས་རིག་པའི་མདོ། ཞེས་སུ་བསྒྱུར་བས། གཞན་གོ་རིམ་བཞིན་ཡིན་ཀྱང་ཚིག་གཅིག་གིས་ཐད་ལོག་ཏུ་གྱུར་པའི་ཕྱིར་དེ་ལྟར་གསུངས་སོ། །དེ་ལ་མཚན་གྱི་སྐད་གསུམ་ནི། པཎྜི་ཏ་དྷརྨ་བྷོ་དྷི་དང་། ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་རྒྱ་གར་ལས་བྲུ་ཤའི་སྐད་དུ་བསྒྱུར་ཞིང་། སླར་པཎྜི་ཏ་དཱ་ན་རཀྵི་ཏ་དང་ཆེ་བཙན་སྐྱེས་ཀྱིས་བོད་སྐད་དུ་བསྒྱུར་བས་ན། ཚུལ་དེའི་ལོ་རྒྱུས་སྨོས་པས་ཡིད་ཆེས་པར་བྱ་བའི་ཕྱིར་དང་། རང་སྐད་ཀྱིས་འཇལ་བར་བྱ་བའི་ཕྱིར་རིམ་པར་བསྒྱུར་བ་ལྟར་གསུམ་ཀ་སྨོས་པའོ། །དེས་ན་མཚན་གསུམ་ཀླད་དུ་བྱུང་བའི་དགོས་པ་ཡང་། རྒྱ་གར་གྱི་སྐད་ནི། ཁུངས་བཙུན་པའི་ཕྱིར་ཐེ་ཚོམ་མི་ཟ་བར་ཡིད་ཆེས་པར་བྱ་བའི་ཆེད་དང་། བྲུ་ཤའི་སྐད་ནི། ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས། རྒྱ་གར་དུ་བྱོན་ནས་གསང་སྔགས་མདོ་རྒྱུད་ཀྱི་དོན་ལ་སྦྱངས་ནས། བོད་ཡུལ་དུ་བསྒྱུར་བར་བཞེད་པ་ན་དུས་དེར་རྒྱལ་པོ་གླང་དར་མ་འཆལ་བའི་རིང་ལ་དམ་པའི་ཆོས་བསྣུབས་ནས་བསྒྱུར་དབང་མ་བྱུང་བས་བྲུ་ཤའི་ཡུལ་དུ་བྱོན་ཏེ། བྲུ་ཤའི་ཡུལ་ཁྲོམ་དུ་བོད་སྐད་དུ་བསྒྱུར་བས་ཡུལ་མི་ལ་དྲིན་ལ་ལན་གྱིས་བླན་པའི་ཆེད་དུ་སྨོས་ལ། བོད་སྐད་ནི། བརྡ་འཇལ་བར་བྱ་བའི་ཕྱིར་སྨོས་པས་སྐད་གསུམ་འབྱུང་བའོ། །དེ་ལ་མཚན་གྱི་འབྲུ་ཉིད་བོད་སྐད་ལྟར་མནན་ཏེ། གཉིས་པ་དོན་བཤད་པས་གོ་བའི་ཚུལ་ནི། དཔེར་ན་རྟ་དཀྱུས་ཀྱི་ས་བསྟན་པ་དང་འདྲ་བར། ཚིག་ཉུང་ངུ་ཀླད་དུ་སྨོས་པས་དབུ་ཞབས་ཀྱི་དོན་ཐམས་ཅད་གོ་བར་སྟོན་ཏེ། དེ་ཡང་མཚན་གྱི་ཚིག་བདུན་གྱི་དངོས་དོན་ནི། ཇི་བཞིན་པ་དེ་ཁོ་ན་ཉིད་ཀྱི་རྣམ་གྲངས་ཡིན་པའི་ཕྱིར་འདིའི་དོན་དཀྱིལ་འཁོར་གསུམ་པོ་ཨཱོཾ་ཧཱུྃ་མཱུྃ་གྱི་དོན་འཇལ་བས་རིལ་གྱི་དོན་འཇལ་བར་འགྱུར་རོ། །དེ་ལ་རྣམ་གྲངས་བདུན་ནི། གཞི་ཇི་བཞིན་པ་ཉིད་དུ་རྟོགས་པ་མཐར་སོན་ནས་གདུལ་བྱ་ལ་སྐུ་ཐ་དད་པར་སྣང་བའི་སངས་རྒྱས་ཀུན་གྱི་དགོངས་པ་ནི། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་དེ་ཁོ་ན་ཉིད་ཇི་བཞིན་པ་བརྟགས་ན་མེད་ལ་བསམ་ན་སྣང་ཡང་མཚན་ཉིད་ཡོངས་སུ་ལྡན་པར་མ་ཟིན་པས་ལམ་པའི་བློས་རེག་པར་དཀའ་བའི་ཡེ་ཤེས་ཆེན་པོ་ལས་གཡོ་བ་མེད་པ་འདི་ལ་འདུས་ཤིང་ལྷུན་གྱིས་རྫོགས་པས་རྒྱལ་བ་རིལ་དགོངས་པ་དེ་ལས་མི་འདའ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་ཞེས་བྱའོ། །གནས་ལུགས་དོན་གྱི་རྩ་བ་ནི། དམིགས་པའི་སྤྱོད་ཡུལ་དང་བྲལ་ཡང་ཤེས་པར་བྱ་བ་དང་། སྒྲུབ་པར་བྱ་བ་ཇི་སྙེད་པའི་བདག་ཉིད་ལྟ་བ་དང་འབྲས་བུ་ཐམས་ཅད་དུ་རང་ཤར་ཞིང་འབྱུང་བས་དོན་གྱི་སྙིང་པོ་ཞེས་བྱའོ། །སྐད་ཅིག་མའི་རྒྱུན་དང་སྐྱེ་བའི་ཡུལ་ཀུན་བྲལ་བའི་གཉིས་སུ་མེད་པའི་ཡེ་ཤེས་མི་ཕྱེད་པ་ཆེན་པོས་སྒྲིབ་པའི་ཕུང་པོ་ཇི་སྙེད་པ་ཀ་ནས་དག་པར་བྱེད་ཅིང་ཇི་ལྟ་ངོ་བོ་ལ་ཇི་སྙེད་པའི་ཡེ་ཤེས་ཐམས་ཅད་ལྷུན་རྫོགས་སུ་གསོལ་ཞིང་འདུ་འབྲལ་མེད་པས་རྡོ་རྗེ་བཀོད་པའི་རྒྱུད་ཅེས་བྱའོ། །གང་དོན་ཆེན་པོ་ལ་རྣལ་དུ་འབྱོར་ནས་ཇི་ལྟ་བའི་ངེས་པ་ཟབ་མོ་རྙེད་ཅིང་གྲུབ་པའི་གདེངས་ཆེན་པོ་ཐོབ་པ་ན་སྐྱེས་བུ་དམ་པར་ལུང་སྟོན་པ་ལ་སོགས་པའི་ཕྱིར་རྣལ་འབྱོར་གྲུབ་པའི་ལུང་ཞེས་བྱའོ། །ལྷུན་གྱིས་རྫོགས་པའི་ཐེག་མཆོག་དམ་པ་ནི་བཀའ་ཀུན་གྱི་ཕྱི་མོ་དང་འཕགས་པ་ཐམས་ཅད་ཀྱི་ཡུལ་ཡིན་པས་རྒྱུ་འབྲས་ཀྱི་ཐེག་པ་ཀུན་གྱི་དོན་འདུས་ཤིང་། ལོག་པའི་ལམ་ཡན་ཆད་མ་བཀོལ་བར་སོ་སོའི་ཤན་མ་འདྲེས་པར་རིག་ཀྱང་མདོ་དོན་གྱི་ཆེ་བ་འདི་ཉིད་དུ་གཅིག་པས་ཀུན་འདུས་རིག་པའི་མདོ་ཞེས་བྱའོ། །གང་ཡང་སྤངས་པ་དང་དོར་བ་མེད་པར་རང་གསལ་དུ་རྫོགས་པའི་ངོ་བོ་ནི། སྣང་མི་སྣང་གི་མཐའ་ལས་གྲོལ་བའི་གསང་སྔགས་ཇི་བཞིན་པའི་ཆོས་ཉིད་དེ་དངོས་ཐེག་པ་ཆེན་པོ་མཆོག་ཏུ་གསང་བའོ། །དེ་ལྟ་བུའི་ཟབ་དོན་དེ་ཉིད་དམ་པ་རྣམས་ཀྱིས་རང་རིག་པའི་མངོན་སུམ་དུ་ཡུལ་ལས་འདས་པར་རྟོགས་ཏེ་མ་མཐོང་བའི་མཐོང་བ་ཆེན་པོར་ཡང་དག་པར་འཆར་བའི་ཐབས་དང་དོན་གཉིས་ཀ་འདི་ཉིད་ཡིན་པས་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱའོ། །མདོ་རྒྱུད་ཀྱི་རིམ་པ་ཀུན་དང་། ཆ་མཐུན་གྱི་ལོག་ལྟ་ལ་སོགས་པ་ཀུན་མ་འདྲེས་པར་གསལ་ཏེ་ངོ་བོ་ཇི་བཞིན་པ་ལ་ཡོངས་སུ་རྫོགས་པའི་ཕྱིར་རྣམ་གྲངས་ཀྱི་ཆོས་ཇི་སྙེད་པའི་རྗོད་བྱེད་ཀྱི་ཡི་གེ་དང་བཅས་པ་ཐམས་ཅད་འདི་ཉིད་ལས་འཕྲོས་ཏེ་ཀུན་ཏུ་འགོད་པས་ན་མདོའི་ཆིངས་ཆེན་པོ་ཡིན་པས་ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་བྱ་བའི་མདོ། ཞེས་པའི་མཚན་དུ་བསྟན་པའོ། །དེའི་ཚུལ་རྒྱས་པར་བཀྲོལ་ན་བཤད་ལུགས་ཏེ། རྒྱུད་ལུང་མན་ངག་གསུམ་དང་སྦྱར་ཏེ་བཤད་པ། ཆེ་བ་བདུན་དང་སྦྱར་ཏེ་བཤད་པ། བྱུང་ཚུལ་བཅུ་གཉིས་དང་སྦྱར་ཏེ་བཤད་པ། ལེའུ་བདུན་ཅུ་རྩ་ལྔ་དང་སྦྱར་ཏེ་བཤད་པ། མཚོན་པ་དཔེ་དང་སྦྱར་ཏེ་བཤད་པ། སྣོད་བཞི་ལ་བསྟན་པ་བཞི་རུ་གསུངས་པ་དང་སྦྱར་ཏེ་བཤད་པ། མཚན་གཏན་ཚིགས་ཀྱི་སྒོ་ནས་བཤད་པའོ། །དང་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས། གསང་བའི་ཡེ་ཤེས། དོན་གྱི་སྙིང་པོ་རྣམས་ནི་མན་ངག་གི་མཚན་ནོ། །རྣལ་འབྱོར་གྲུབ་པའི་ལུང་དང་། ཀུན་འདུས་རིག་པའི་མདོ་ནི་ལུང་གི་མཚན་ནོ། །རྡོ་རྗེ་བཀོད་པའི་རྒྱུད། ཐེག་པ་ཆེན་པོ་མངོན་པར་རྟོགས་པ། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་རྣམས་རྒྱུད་ཀྱི་མཚན་དུ་བསྟན་ཏོ། །གཉིས་པ་བསྟན་པ་གཞན་ལས་འཕགས་པའི་ཆེ་བ་བདུན་ཡང་དེ་ཁོ་ན་ཉིད་ཀྱི་ཁྱད་པར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས། གསང་བའི་ཡེ་ཤེས་ནི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས་ཡིན་ཅིང་དེར་སྐལ་དམན་གྱི་རིམ་གྱིས་བགྲོད་ལ་འདིར་ཅིག་ཆར་དུ་སྟོན་པས་ཐེག་པའི་ཡང་རྩེ་ཡིན་པའི་ཆེ་བའོ། །དོན་གྱི་སྙིང་པོ་ནི་དེ་ཁོ་ན་ཉིད་ཡིན་ལ། དེ་ཉིད་ཇི་ལྟ་བ་བཞིན་དུ་སྟོན་པས་མན་ངག་གི་རྩ་བ་ཡིན་པའི་ཆེ་བའོ། །རྡོ་རྗེ་བཀོད་པའི་རྒྱུད་ནི་རིག་པའི་བྱེ་བྲག་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པས་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པའི་ཆེ་བའོ། །རྣལ་འབྱོར་གྲུབ་པའི་ལུང་ནི། ལུང་དོན་ཐམས་ཅད་འདིས་གཏན་ལ་འབེབས་པས་ན་ལུང་གི་སྤྱི་འ གྲེལ་ཡིན་པའི་ཆེ་བའོ། །ཀུན་འདུས་རིག་པའི་མདོ་ནི། བསྟན་པ་རིལ་གྱི་དོན་འདི་ལ་འདུས་ཤིང་འདིས་གཅོད་པས། དོན་གྱི་མཇུག་སྡུད་ཡིན་པའི་ཆེ་བའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ནི། གསང་སྔགས་ཇི་བཞིན་པའི་དོན་ཉིད་རྒྱུད་འདིས་ཇི་ལྟ་བར་མཐོང་བར་བྱེད་པས། ཆོས་ཀྱི་མེ་ལོང་ཡིན་པའི་ཆེ་བའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི། བཀའ་རྒྱུད་ཐམས་ཅད་ལྷུན་གྱིས་གྲུབ་པ་འདི་ལས་སྣང་བའི་ཕྱིར་བསྟན་པའི་འབྱུང་གནས་ཡིན་པའི་ཆེ་བའོ། །གསུམ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས། ཞེས་པ་རྨོངས་པ་གདུང་བ་སེལ་བ་དང་། བྱིན་གྱིས་རླབས་ཀྱི་བྱུང་ཚུལ་ལོ། །དོན་གྱི་སྙིང་པོ། ཞེས་པ་སྙིང་པོ་བྱང་ཆུབ་ཏུ་ངེས་པའི་བྱུང་ཚུལ་ལོ། །རྡོ་རྗེ་བཀོད་པའི་རྒྱུད། ཅེས་པ་སྒྲོན་མ་ཡོངས་སུ་བཀོད་པ་དང་། དགོངས་པ་ངེས་པར་འགྲེལ་བའི་བྱུང་ཚུལ་ལོ། །རྣལ་འབྱོར་གྲུབ་པའི་ལུང་། ཞེས་པ་གང་གིས་ངེས་པ་རྙེད་པ་དང་། གདུལ་བྱའི་སྐབས་ལ་བབ་པའི་བྱུང་ཚུལ་ལོ། །ཀུན་འདུས་རིག་པའི་མདོ། ཞེས་པ་བརྒྱུད་པ་ཐབས་ཀྱི་གྲགས་པ་དང་། ལས་རྒྱུན་ཡོངས་སུ་གཅོད་པའི་བྱུང་ཚུལ་ལོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ། ཞེས་པ་གང་གི་ཆེད་དུ་མཛད་པ་དང་། ལུང་ཆེན་ངེས་པར་བསྟན་པའི་བྱུང་ཚུལ་ལོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ། ཞེས་པ་དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་ལོ། །བཞི་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཞེས་པར། ལེའུ་དང་པོ་དང་བདུན་པ་འདུས་སོ། །གསང་བའི་ཡེ་ཤེས་ཞེས་པར། ལེའུ་གཉིས་པ་ནས་དྲུག་པའི་བར་དང་བརྒྱད་པ་དང་དགུ་པ་འདུས། དོན་གྱི་སྙིང་པོ་ཞེས་པར། ལེའུ་བཅོ་ལྔ་པ་འདུས། རྡོ་རྗེ་བཀོད་པའི་རྒྱུད་ཅེས་པར། ལེའུ་བཅུ་དྲུག་པ་ནས་བཅུ་དགུའི་བར་དང་། སོ་གཉིས་པ་ནས་ཞེ་གཉིས་པའི་བར་འདུས། རྣལ་འབྱོར་གྲུབ་པའི་ལུང་ཞེས་པར། བཅུ་པ་ནས་བཅུ་བཞི་པའི་བར་དང་། ཉི་ཤུ་པ་ནས་སོ་གཅིག་པའི་བར་འདུས། ཀུན་འདུས་རིག་པའི་མདོ་ཞེས་པར། རེ་དྲུག་པ་ནས་དོན་ལྔ་པ་ཡན་ཆད་འདུས། ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་པར། ཞེ་བཞི་པ་དང་ཞེ་གསུམ་པ་འདུས། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་པར། ཞེ་ལྔ་པ་ནས་དྲུག་ཅུ་རེ་ལྔ་པ་ཡན་ཆད་འདུས་སོ། །ལྔ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་ངོས་བཟུང་མེད་ཅིང་བསམ་གྱིས་མི་ཁྱབ་པས་དཔེར་ན་ནམ་མཁའ་ལྟ་བུ། གསང་བའི་ཡེ་ཤེས་ནི་རང་ལ་ཡོད་ཀྱང་རྟོགས་པར་དཀའ་བས་དབུལ་པོའི་ཁྱིམ་གྱི་གཏེར་ལྟ་བུ། དོན་གྱི་སྙིང་པོ་ནི་ཤེས་སྒྲུབ་ཀྱི་བཅུད་ཐམས་ཅད་འདུས་པས་གཟི་ལྡན་ཉི་མའི་དཀྱིལ་འཁོར་ལྟ་བུ། རྡོ་རྗེ་བཀོད་པའི་རྒྱུད་ནི་རིམ་པ་དགུའི་དོན་ཐམས་ཅད་མཛེས་པར་བཀོད་པས་གསེར་མིག་ལ་གཡུས་སྤྲས་པ་ལྟ་བུ། རྣལ་འབྱོར་གྲུབ་པའི་ལུང་ནི་དེ་ཁོ་ན་ཉིད་མ་བསླད་པར་ཇི་བཞིན་དུ་བསྟན་ཏེ་དངོས་གྲུབ་ཐོབ་པ་ལ་མངའ་དབང་བསྒྱུར་བས་འཁོར་སྒྱུར་གྱི་བཀའ་ལུང་ཐོབ་པའི་བློན་པོ་ལྟ་བུ། ཀུན་འདུས་རིག་པའི་མདོ་ནི་བྱུང་ཚུལ་བཅུ་གཉིས་ཀྱི་དོན་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པར་སྟོན་པས་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟ་བུ། ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ནི་ཐེག་པ་མཆོག་གི་དོན་གསལ་ཞིང་མཐས་མ་སྒྲིབ་པར་མཐོང་བས་འཕྲུལ་གྱི་མེ་ལོང་ལ་གཟུགས་བརྙན་གསལ་བ་ལྟ་བུ། འདི་ལ་སེང་གེའི་དཔེ་བཀོད་པ་ལྟར་ན། ཐེག་ཆེན་གསང་སྔགས་ཀྱི་གནས་ལུགས་ཇི་བཞིན་པར་རྟོགས་ནས་གཞན་ཟིལ་གྱིས་གནོན་པས་རྩལ་གྱི་རྒྱལ་པོ་སེང་གེ་ལྟ་བུ་ཞེས་སྦྱར། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ནི་གསང་སྒོ་མཚོན་པའི་ཐབས་ཀྱི་རྣམ་པ་ཐམས་ཅད་མ་འདྲེས་པར་གསལ་བས་པདྨ་བཀྲམ་པ་ལྟ་བུའོ། །དྲུག་པ་ལ་བཞི་ལས། དང་པོ་ཞེན་ཆགས་ཅན་ལ་འདོད་པ་རང་རྐྱེན་གྱི་ཚིག་ཏུ་བཤད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཞེས་པ། ཡབ་ཡུམ་གྱི་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་ཡབ་ཡུམ་གཉིས་ཀྱི་ཐིག་ལེའི་བདེ་བ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །གསང་བའི་ཡེ་ཤེས་ཞེས་པ། བྱིས་པ་རྣམ་གཉིས་དང་མ་ནིང་ལ་སོགས་པའི་སྤྱོད་ཡུལ་དུ་མ་གྱུར་པའོ། །དོན་གྱི་སྙིང་པོ་ཞེས་པ། ཡབ་ཡུམ་གྱི་ཐིག་ལེ་རྡོ་རྗེ་དང་པདྨའི་རྩེར་འདུས་པ་ལ་བདེ་བ་ཐམས་ཅད་ཀྱི་བཅུད་འདུས་པའོ། །རྡོ་རྗེ་བཀོད་པའི་རྒྱུད་ཅེས་པ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་ལ་ཡེ་ཤེས་ཐམས་ཅད་ཚང་འབྲེལ་དུ་གནས་པའོ། །རྣལ་འབྱོར་གྲུབ་པའི་ལུང་ཞེས་པ། ཆགས་པ་ཐབས་ཀྱིས་ཟིན་པས་འབྲས་བུ་གྲུབ་པར་བྱེད་པ་སྟེ་གསང་བའི་སྐུའི་གསུང་ངོ་། །ཀུན་འདུས་རིག་པའི་མདོ་ཞེས་པ། ཡབ་ཡུམ་གྱི་ཐིག་ལེ་ལ་བདེ་བ་ཀུན་འདུས་པས་དོན་རིག་པར་བྱེད་པའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་པ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐབས་ཀྱིས་ཟིན་པས་དངོས་པོ་ལྷན་ཅིག་སྐྱེས་པའི་བདེ་བར་གསལ་བའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་བྱ་བའི་མདོ་ཞེས་པ། ཆགས་པ་ཐབས་ཀྱིས་མ་ཟིན་ན་འཁོར་བའི་ཆོས་ཐམས་ཅད་འབྱུང་ལ། ཐབས་ཀྱིས་ཟིན་ན་མྱ་ངན་ལས་འདས་པའི་ལམ་དང་འབྲས་བུའི་ཆོས་ཐམས་ཅད་འབྱུང་བའོ། །གཉིས་པ་ལོག་སྲེད་ཅན་ལ་བཀྲི་དྲང་བརྒྱུད་པའི་ཚིག་ཏུ་བཤད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཞེས་པ། རྟག་པར་ལྟ་བ་དང་ཆད་པར་ལྟ་བ་གཉིས་རྒྱལ་བའི་ཐུགས་ཡིན་བྱས་པས། ཚིག་དེས་བརྒྱུད་ནས་ངོ་བོ་ཉིད་མི་འགྱུར་བ་དང་རང་བཞིན་མེད་པ་རྟོགས་པར་བྱེད་པའོ། །གསང་བའི་ཡེ་ཤེས་ཞེས་པ། རྟག་ཆད་ཀྱི་ལྟ་བ་དེ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པའོ་བྱས་པས། ཚིག་དེས་བརྒྱུད་ནས་རང་བྱུང་ཡེ་ཤེས་ཀུན་གྱི་སྤྱོད་ཡུལ་མ་ཡིན་པ་རྟོགས་པར་བྱེད་པའོ། །དོན་གྱི་སྙིང་པོ་ཞེས་པ། ལྟ་བ་རྟག་ཆད་དང་སྤྱོད་པ་ཕྱིན་ཅི་ལོག་ལ་ཤེས་བྱ་དང་བསྒྲུབ་བྱ་ཐམས་ཅད་ཀྱི་བཅུད་འདུས་བྱས་པས། ཚིག་དེས་བརྒྱུད་ནས་རང་བྱུང་ཡེ་ཤེས་ལ་ཤེས་སྒྲུབ་ཀྱི་བཅུད་འདུས་པ་རྟོགས་པར་བྱེད་པའོ། །རྡོ་རྗེ་བཀོད་པའི་རྒྱུད་ཅེས་པ། ལོག་པར་ལྟ་བ་ལ་ཡེ་ཤེས་ཐམས་ཅད་ཚང་འབྲེལ་དུ་གནས་སོ་བྱས་པས། ཚིག་དེས་བརྒྱུད་ནས་རང་བྱུང་ཡེ་ཤེས་ལ་ཡེ་ཤེས་ཐམས་ཅད་ཚང་འབྲེལ་དུ་གནས་པ་རྟོགས་པར་བྱེད་པའོ། །རྣལ་འབྱོར་གྲུབ་པའི་ལུང་ཞེས་པ། བདག་ཏུ་འཛིན་པའི་ཏིང་ངེ་འཛིན་གྱིས་འབྲས་བུ་གྲུབ་པ་ནི་ལུང་མ་ནོར་བ་ཡིན་བྱས་པས། ཚིག་དེས་བརྒྱུད་ནས་སྤྱོད་ཡུལ་དང་བྲལ་བའི་དགོངས་པས་འབྲས་བུ་གྲུབ་པར་བྱེད་པ་རྟོགས་པར་བྱེད་པའོ། །ཀུན་འདུས་རིག་པའི་མདོ་ཞེས་པ། རྟག་ཆད་གཉིས་སུ་ལོག་ལྟ་ཐམས་ཅད་འདུས་པ་དེས་དོན་རིག་པར་བྱེད་དོ་བྱས་པས། ཚིག་དེས་བརྒྱུད་ནས་རང་བྱུང་ཡེ་ཤེས་ལ་ཆོས་ཐམས་ཅད་འདུས་པས། ཐམས་ཅད་མཁྱེན་པའི་ལྟ་བ་རྟོགས་པར་བྱེད་པའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་པ། རྟག་པར་ལྟ་བ་རྟོགས་ན་མཐོ་རིས་སུ་འདེགས་པར་བྱེད་བྱས་པས། ཚིག་དེས་བརྒྱུད་ནས་རང་བྱུང་ཡེ་ཤེས་གཉེན་པོ་མེད་པར་རྟོགས་ནས་གྲོལ་ཞིང་ཐར་པ་རྟོགས་པར་བྱེད་པའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་པ། རྟག་ཆད་གཉིས་ལས་ལོག་པའི་ལྟ་བ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་བཀོད་པར་བསྟན་པས། ཚིག་དེས་བརྒྱུད་ནས་རང་བྱུང་ཡེ་ཤེས་དེ་ཁོ་ན་ཉིད་ལ་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཤེས་པར་བྱེད་པའོ། །གསུམ་པ་རིགས་རྒྱུད་ཅན་ལྡེམ་དགོངས་སྦྱོར་བའི་ཚིག་ཏུ་བཤད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཞེས་པ། དམ་ཚིག་ཏིང་འཛིན་ཤེས་རབ་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་ལྔ། །བར་མཚམས་མེད་པར་རྒྱུན་མི་གཅད། །འདི་ནི་མཚམས་མེད་དམ་ཚིག་ཡིན། །ཞེས་ཡང་དག་པའི་མཚམས་མེད་ལྔ་ལ་དགོངས་ནས། མཚམས་མེད་པ་ལྔ་ལ་སྤྱོད་པ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡིན་ཞེས་བྱའོ། །གསང་བའི་ཡེ་ཤེས་ཞེས་པ། ཡང་དག་པའི་མཚམས་མེད་ལྔ་རྟོགས་པའམ་སྤྱད་དཀའ་བ་ལ་དགོངས་ནས་ལོག་པའི་མཚམས་མེད་ལྔ་པོ་དེ་ཀུན་ཀྱི་སྤྱོད་ཡུལ་མ་ཡིན་པར་སྟོན་པའོ། །དོན་གྱི་སྙིང་པོ་ཞེས་པ། ཡང་དག་པའི་ལྟ་སྤྱོད་ལ་ཤེས་སྒྲུབ་ཀྱི་བཅུད་འདུས་པ་ལ་དགོངས་ནས་མཚམས་མེད་པ་ལྔ་དང་སྦྱོར་སྒྲོལ་རང་ཀ་མ་ལ་ཐམས་ཅད་ཀྱི་བཅུད་འདུས་པར་སྟོན་པའོ། །རྡོ་རྗེ་བཀོད་པའི་རྒྱུད་ཅེས་པ། རང་བྱུང་གི་ཡེ་ཤེས་ལ་ཡེ་ཤེས་ཐམས་ཅད་ཚང་འབྲེལ་དུ་གནས་པ་ལ་དགོངས་ནས། སེམས་ཅན་གྱི་སེམས་ལ་རྣམ་རྟོག་ཐམས་ཅད་ཚང་འབྲེལ་དུ་གནས་པར་སྟོན་པའོ། །རྣལ་འབྱོར་གྲུབ་པའི་ལུང་ཞེས་པ། སེམས་ཀྱི་རང་བཞིན་མི་གཡོ་བ་ལ་དགོངས་ནས། བྱིང་རྒོད་ཀྱི་ཏིང་ངེ་འཛིན་གྱིས་འབྲས་བུ་འགྲུབ་ཅེས་སྟོན་པའོ། །ཀུན་འདུས་རིག་པའི་མདོ་ཞེས་པ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་གཅིག་པ་ལ་དགོངས་ནས། རྟོག་བཅས་ཀྱི་སེམས་ལ་སྤྲོས་པའི་ཆོས་ཐམས་ཅད་འདུས་པར་སྟོན་པའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་པ། གསང་སྔགས་ཐེག་པ་ཆེན་པོས། ཆོས་ཐམས་ཅད་སེམས་ཉིད་དུ་རྟོགས་པ་ལ་དགོངས་ནས། མཚམས་མེད་པ་ལྔ་ལ་སོགས་པ་ལོག་པའི་སྤྱོད་པ་ཉིད་ཐེག་པ་ཆེན་པོར་སྟོན་པའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་པ། ཆོས་ཐམས་ཅད་སེམས་ཉིད་ལ་མ་འདྲེས་ཡོངས་སུ་རྫོགས་པ་ལ་དགོངས་ནས། རྒྱུད་འདི་ལ་མཚམས་མེད་ལྔ་དང་མི་དགེ་བཅུ་ལ་སོགས་པ་ཐམས་ཅད་ཚང་བར་སྟོན་པའོ། །བཞི་པ་བློ་གྲོས་ཅན་ལ་དོན་དམ་ངེས་པའི་ཚིག་ཏུ་བཤད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཞེས་པ། སེམས་ཅན་ཐམས་ཅད་ཀྱི་སེམས་འཁྲུལ་པ་འདི་ཉིད་དངོས་པོ་ལ་མ་བཅོས་མ་བསླད་པར་དབྱེར་མེད་པ་ནི་རྒྱལ་བའི་ཐུགས་ཏེ། འདི་ཉིད་ལས། གསང་སྔགས་རྡོ་རྗེ་ཐེག་པ་འདི། །དེ་བཞིན་གཤེགས་པ་ཉིད་དུ་གསལ། །ཅི་ཕྱིར་རྡོ་རྗེ་གསང་སྔགས་དང་། །སངས་རྒྱས་སེམས་ཅན་ཐ་མི་དད། །ཅེས་སོ། །གསང་བའི་ཡེ་ཤེས་ཞེས་པ། སེམས་ཉིད་རང་བྱུང་གི་ཡེ་ཤེས་རྟོགས་པར་དཀའ་བ་སྟེ། དཔེའམ་ཚད་མའམ་གཏན་ཚིགས་སམ། །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ཏེ། །དམུས་ལོང་མཁའ་ལ་མཐོས་འཇལ་འདྲ། །ཞེས་སོ། །དོན་གྱི་སྙིང་པོ་ཞེས་པ། དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི་དོན་ལ་ཤེས་བྱ་དང་བསྒྲུབ་བྱ་ཐམས་ཅད་ཀྱི་བཅུད་འདུས་པར་སྟོན་པ་སྟེ། ཡང་། ཐམས་ཅད་དེ་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བ་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་སོ། །རྡོ་རྗེ་བཀོད་པའི་རྒྱུད་ཅེས་པ། ཡེ་ཤེས་ཐམས་ཅད་ཀྱི་བྱེད་ལས་དང་ངོ་བོ་ནི་རྡོ་རྗེ་ལྟ་བུ་སྟེ་དེ་ལ་རྒྱུད་ཀྱི་ཡན་ལག་དྲུག་ཚང་བར་ངེས་ཏེ། བཅས་གཞི་གཏམ་རྒྱུད་ལས་རྒྱུད་དང་། །རྟོག་ཆེན་ཡན་ལག་འབྲེལ་བཅས་རྒྱུད། །ཅེས་སོ། །རྣལ་འབྱོར་གྲུབ་པའི་ལུང་ཞེས་པ། རང་བཞིན་གྱི་རྣལ་འབྱོར་ཡེ་ནས་གྲུབ་པའམ། འབྲས་བུའི་རྣལ་འབྱོར་གྲུབ་པར་བྱེད་པའི་ལུང་འདི་ཉིད་དེ། ཡང་། ཐིག་ལེ་གཅིག་གིས་ཀུན་ལ་ཁྱབ། །ཐམས་ཅད་ལུང་ཆེན་ངེས་པར་བསྟན། །ཞེས་སོ། །ཀུན་འདུས་རིག་པའི་མདོ་ཞེས་པ། ཆོས་ཐམས་ཅད་སེམས་ཉིད་དུ་འདུས་ལ་ངེས་དོན་རིག་པར་བྱེད་པ་སྟེ། ཐམས་ཅད་འདིར་འདུས་འདི་ལས་བྱུང་། །ཀུན་གྱི་རྩ་བ་འདི་ཤེས་ན། །ཀུན་ཀྱང་མ་བཅོས་ཇི་བཞིན་པ། །དེ་བཞིན་ཉིད་དེ་ཀུན་གྱི་མདོ། །ཞེས་སོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་པ། རྒྱུད་འདིས་གདུལ་བྱ་ཀུན་འདྲེན་ཅིང་ཆོས་ཐམས་ཅད་གསལ་བར་སྟོན་པ་སྟེ། ཀུན་ཤོང་ཀུན་འཇུག་འདིར་བདེ་བས། །ཐེག་པ་ཆེན་པོར་བརྗོད་པ་ཡིན། །ཇི་སྙེད་ཐེག་པའི་རྣམ་གྲངས་ཀུན། །དེ་ཉིད་ཆེན་པོ་ཉིད་མཐོང་གསལ། །ཞེས་སོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པའི་མདོ་ཞེས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་སུ་མ་འདྲེས་ཡོངས་སུ་རྫོགས་པ་རྒྱུད་འདི་ཉིད་དེ། ཡང་། རབ་འབྱམས་རྨད་དུ་གྲགས་པ་འདི། །བཀའ་ཡི་རབ་རྒྱུད་དམ་པ་ཉིད། །སྡེ་མཛོད་དམ་པའི་བཀའ་ལུང་རྣམས། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་སོ། །བདུན་པ་ནི། གཏན་ཚིགས་ཀྱིས་རྒྱས་ཐེབས་ཤིང་ལུང་ལས་སྣང་བར་བཤད་པ་ལེའུ་རེ་དྲུག་པ་ལས། ལང་ཀའི་བདག་པོ་དེ་ལ་རྣམ་གྲངས་བརྒྱད་གང་ཞེ་ན། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཞེས་ཀྱང་བྱའོ། །དོན་གྱི་སྙིང་པོ་ཞེས་ཀྱང་བྱའོ། །རྡོ་རྗེ་བཀོད་པའི་རྒྱུད་ཅེས་ཀྱང་བྱའོ། །རྣལ་འབྱོར་གྲུབ་པའི་ལུང་ཞེས་ཀྱང་བྱའོ། །ཀུན་འདུས་རིག་པའི་མདོ་ཞེས་ཀྱང་བྱའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་ཀྱང་བྱའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་ཀྱང་བྱའོ། །ཐེག་པ་ཆེན་པོའི་བྱུང་ཚུལ་བསྟན་པའི་མདོ་ཞེས་ཀྱང་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལངྐའི་བདག་པོ་གང་ལ་དགོངས་པ་དེ་ཉིད་ལས་མི་འདའ་བ་དང་། གང་གི་སྤྱོད་ཡུལ་མ་ཡིན་ཞིང་མེད་ལས་ཐམས་ཅད་འབྱུང་བ་དང་། གང་གི་ཡེ་ཤེས་ཡོངས་སུ་བཀོད་པ་དང་། འདི་ལྟར་གང་ངེས་པ་རྣལ་འབྱོར་དུ་ལུང་སྟོན་པ་དང་། འདིར་ཀུན་ནས་རུབ་པ་དང་། དམ་པ་རྣམས་ཀྱི་མངོན་པར་ཆུད་པ་དང་། གང་ལ་མ་འདས་པར་བཀོད་པ་དང་། གནས་སྐབས་བཅུ་གཉིས་སུ་ངེས་པར་བྱུང་ཞིང་འབྱུང་བའི་ཕྱིར་རོ། །ཞེས་གསུངས་ཏེ། དེ་ལྟར་གཏན་ཚིགས་དང་སྦྲགས་མར་བརྗོད་པས་ཡིད་ཆེས་པར་འགྱུར་ཏེ། ཇི་ལྟར་ན། གཞི་ཇི་བཞིན་པ་ཉིད་དུ་རྟོགས་པ་མཐར་སོན་པས་གདུལ་བྱ་ལ་སྐུ་ཐ་དད་པར་སྣང་བའི་རྒྱལ་བ་རིལ་གྱི་དགོངས་པ་ནི། སེམས་ཀྱི་དཀྱིལ་འཁོར་རང་གི་རང་བཞིན་གྱིས་འོད་གསལ་བ། དེ་ཁོ་ན་ཉིད་ཇི་བཞིན་པ་བརྟགས་ན་མེད་ལ་བསམ་ན་སྣང་ཡང་མཚན་ཉིད་ཡོངས་སུ་ལྡན་པར་མ་ཟིན་པས་ལམ་པའི་བསམ་པས་རེག་པར་དཀའ་བའི་ཡེ་ཤེས་ཆེན་པོ་ལས་དུས་གསུམ་དུ་གཡོ་བ་མེད་པ་འདི་ཉིད་ཡིན་ལ། དེ་ལ་དགོངས་པ་ཇི་སྙེད་པ་དང་། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ཐམས་ཅད་ལྷུན་གྱིས་རྫོགས་པས་དགོངས་པ་འདུས་པ་ཞེས་ཀྱང་བརྗོད་དེ། རྒྱལ་བ་རིལ་དགོངས་པ་དེ་ལས་མི་འདའ་བའི་ཕྱིར་མཚན་དང་པོའི་དོན་ཏོ། །དོན་གྱི་གནས་ལུགས་ནི། ཤེས་པར་བྱ་བ་དང་། བསྒྲུབ་པར་བྱ་བ་ཇི་སྙེད་པའི་བདག་ཉིད་ཡིན་པའི་ཕྱིར། དམིགས་པའི་སྤྱོད་ཡུལ་དང་བྲལ་བཞིན་དུ་ལྟ་བ་དང་འབྲས་བུ་ཐམས་ཅད་དུ་རང་ཤར་ཞིང་རང་འབྱུང་བས་དོན་གྱི་སྙིང་པོའམ་རྩ་བར་གྱུར་པ་ནི་མཚན་གཉིས་པའི་དོན་ཏོ། །གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་ནི་སྐད་ཅིག་མའི་རྒྱུན་དུ་སྐྱེ་བའི་ཡུལ་ཐམས་ཅད་དང་བྲལ་བས་སྒྲིབ་པའི་ཕུང་པོ་ཇི་སྙེད་པ་ཀ་ནས་དག་པར་བྱེད་པའི་ཇི་ལྟ་བའི་ངོ་བོ་ལ། ཇི་སྙེད་པའི་ཡེ་ཤེས་ཐམས་ཅད་ལྷུན་གྱིས་རྫོགས་པས་རྡོ་རྗེ་བཀོད་པའང་ཡིན་པས་མཚན་གསུམ་པའི་དོན་ཏོ། །གང་དོན་ཆེན་པོ་ལ་རྣལ་དུ་འབྱོར་ནས་གནས་ཤིང་གོམས་པར་བྱེད་པ་རྣམས་ཀྱིས་མི་ཇི་ལྟ་བའི་དོན་ཟབ་མོ་རྙེད་ཅིང་གྲུབ་པའི་གདེང་ཆེན་པོ་ཐོབ་པ་ན་སྐྱེས་བུ་དམ་པར་ལུང་སྟོན་པར་བྱེད་དེ། རྒྱལ་ཚབ་ལྔ་ལུང་བསྟན་པ་ལ་སོགས་པའི་ཕྱིར་མཚན་བཞི་པའོ། །ལྷུན་གྱིས་རྫོགས་པའི་ཐེག་པ་ཆེན་པོ་ནི་བཀའ་ཀུན་གྱི་ཕྱི་མོ་ཉིད་ཡིན་པས་འཕགས་པ་རིལ་གྱི་ཡུམ་ཡིན་པའི་ཕྱིར་རྒྱུ་འབྲས་ཀྱི་ཐེག་པ་ཀུན་གྱི་དོན་ཐམས་ཅད་འདུས་ཤིང་། ལོག་པའི་ལམ་ཡན་ཆད་མ་བཀོལ་བར་སོ་སོའི་ཤན་མ་འདྲེས་པར་གསལ་ཞིང་རིག་པའི་ཕྱིར་མདོ་དོན་གྱི་ཆེ་བ་འདིར་གཅིག་པས་མཚན་ལྔ་པ་འགྲུབ་བོ། །གང་ཡང་སྤངས་པ་དང་དོར་བ་མེད་པའི་ངོ་བོ་ནི། སྣང་བ་དང་མི་སྣང་བའི་མཐའ་གཉིས་ལས་གྲོལ་ཏེ་གསང་སྔགས་ཇི་བཞིན་པ་ཉིད་དེ་དངོས་ཐེག་པ་ཆེན་པོའོ། །དེ་ལྟ་བུའི་གསང་བ་ཟབ་མོའི་དོན་དེ་ཉིད་དམ་པ་རྣམས་ཀྱིས་རང་རིག་པའི་མངོན་སུམ་དུ་ཡུལ་ལས་འདས་པར་རྟོགས་ཏེ། མཐོང་བ་མེད་པའི་ཚུལ་གྱིས་མཐོང་བར་བྱེད་པའི་ཐབས་དང་དོན་གཉིས་ཀ་འདི་ཉིད་ཡིན་པས་མཚན་དྲུག་པ་ཉིད་དོ། །རྒྱུ་འབྲས་ཀྱི་ཐེག་པ་དང་། ཆ་མཐུན་གྱི་ལོག་ལྟ་ལ་སོགས་པ་རིལ་མ་འདྲེས་པར་གསལ་ཏེ་ངོ་བོ་ཇི་བཞིན་པ་ལ་རྫོགས་པའི་ཕྱིར་ཆོས་ཀྱི་རྣམ་གྲངས་རྗོད་བྱེད་ཀྱི་ཡི་གེ་དང་བཅས་པ་རྣམ་པར་བཀོད་པ་ཉིད་ནི་མཚན་བདུན་པའི་དོན་ཏོ། །དེ་དག་ནི་མཚན་གྱི་རྣམ་གྲངས་བདུན་ཏེ་དབུའི་དོན་ནོ། །བརྒྱད་ཀྱི་དབང་དུ་བྱས་ན། གནས་སྐབས་བཅུ་གཉིས་སུའང་ཐུན་མོང་མ་ཡིན་པའི་དོན་འདི་ཉིད་སྣང་བས་བྱ་བ་རྫོགས་པར་བྱེད་པའི་ཕྱིར་བྱུང་ཚུལ་བསྟན་པ་ཞེས་ཀྱང་བྱའོ། །དེ་ནི་བྱུང་ཚུལ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་ལེའུ་བདུན་ཅུ་རྩ་ལྔས་ཇི་ལྟར་བསྟན་ཀྱང་རིམ་གྱིས་པ་དང་ཅིག་ཆར་བ་གཉིས་ཀྱིས་གོ་ཞིང་འཇུག་པས་སྒྲུབ་པར་བྱ་རྒྱུ་ནི། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ལས་གཞན་མི་སྣང་ལ། དེས་ན་མཚན་གྱི་ཁྱད་པར་བརྒྱད་བདུན་དུ་བསྡུས་ནས་བསྟན་པ་དེའི་དོན་ཚུལ་བཞིན་དུ་རིག་པས་དཀྱིལ་འཁོར་གསུམ་གྱི་དོན་མ་འདྲེས་ཡོངས་རྫོགས་སུ་རིག་པར་འགྱུར་རོ། །འོ་ན་སྤྱིར་རྒྱུད་འདི་ལ་མཚན་བཞིར་བྱུང་བ་ཟློས་སམ་སྙམ་ན་མི་ཟློས་ཏེ། ལེའུ་དང་པོ་དང་རེ་དྲུག་པའི་མཚན་ནི། ལུང་བསྟན་བརྒྱུད་པའི་རྒྱུད་ཀྱི་མཚན་ཡིན་ལ། དེ་ཡང་ལེའུ་དང་པོའི་མཚན་ནི་ལོ་ཙཱ་བས་ཀླད་དུ་བཀོད་པའོ། །རེ་དྲུག་པའི་མཚན་ནི། གསང་བདག་ཉིད་ཀྱིས་མ་ལ་ཡར་གསུངས་པའོ། །ཞེ་བརྒྱད་པའི། དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ཆེན་པོ། །ཡེ་ཤེས་སྙིང་པོ་དོན་གྱི་མཆོག་དང་ལྡན། །རྣལ་འབྱོར་ཐེག་ཆེན་རྡོ་རྗེ་ཀུན་འདུས་ལུང་། །འདུས་པའི་ཚོགས་ལ་རྒྱ་ཆེར་བཤད་དུ་གསོལ། །ཞེས་དང་། ཡང་དོན་གྱི་བཀོད་པ། རྟགས་ཀྱི་རོལ་པ། གསང་བའི་ངེས་པ། བཀའི་འགྲེལ་པ། ཆོས་ཀྱི་མེ་ལོང་། གཏན་ཚིགས་ཀྱི་འབྱུང་གནས། དགོངས་པ་ཀུན་འདུས། རྡོ་རྗེ་རྣམ་པར་བསྒྱིངས་པའི་གཞུང་རྣམས་ནི་བྱིན་རླབས་འབྱུང་བའི་རྒྱུད་ཀྱི་མཚན་ཏེ། གོང་མ་ནི་ཞུས་ཚིག་དང་། འོག་མ་ནི་ལན་གྱི་ཚིག་སྟེ་སྟོན་པས་གསུང་བར་ཞལ་གྱིས་བཞེས་པའོ། །བམ་པོ་དང་པོ་སྟེ། ཞེས་པ་ནི་དོན་གྱི་བམ་པོ་དང་ཚིག་གི་བམ་པོ་གཉིས་ལས་འདིར་ཚིག་གཙོ་བོར་བྱས་ནས་ཤྭ་ལོ་ཀ་གསུམ་བརྒྱ་ནི་བམ་པོ་གཅིག་སྟེ། དེ་ཉིད་ཀྱི་གྲངས་ཀྱི་ཐོག་མར་ཟུག་པར་བསྟན་པའོ། །གཉིས་པ་ཕྱག་འཚལ་བ་ནི། བཅོམ་ལྡན་འདས་དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། བྱིན་རླབས་འབྱུང་བའི་རྒྱུད་ལྟར་ན། སྡུད་པ་པོ་ཕྱག་ན་རྡོ་རྗེས་སྟོན་པ་རིགས་ཀྱི་བདག་པོ་ཉིད་ལ་མཆོད་པར་བརྗོད་པ་སྟེ། རྣལ་འབྱོར་ལྔའི་མཐར་སོན་པའི་ཡེ་ཤེས་ཆེན་པོ་ནི། བྱ་བ་ཐམས་ཅད་བྱས་ཟིན་ཏེ། རང་བྱུང་ཡེ་ཤེས་ཀྱི་ངོ་བོ་ལ་ཆོས་ཐམས་ཅད་རང་སྣང་དུ་རྫོགས་པའི་དངོས་གཞིར་བཞུགས་ཏེ། སྤྱོད་ཡུལ་ཀ་ནས་དག་པས་སྡུག་བསྔལ་གྱི་ས་བོན་མེད་པས་ཉོན་མོངས་པའི་བདུད་བཅོམ། དེའི་ཕྱིར་ལྔ་ཕུང་གི་ངོ་བོ་མི་སྣང་བས་ཕུང་པོའི་བདུད་བཅོམ། དེ་ལ་འཆི་འཕོ་བའི་ཆོས་ཀྱི་འཕོ་འགྱུར་བྲལ་བས་འཆི་བདག་གི་བདུད་བཅོམ། དེ་ལྟ་བུའི་བདག་ཉིད་ལ་བར་ཆད་རིལ་མ་དམིགས་པས་ལྷ་ཡི་བུའི་བདུད་བཅོམ་པས་བཅོམ་ཞེས་བྱ་ཞིང་། ལེགས་པའི་ཡོན་ཏན་དྲུག་དང་ལྡན་པའི་བདག་ཉིད་ཆེན་པོར་བཞུགས་ཀྱང་། མཐའ་ཐམས་ཅད་ལས་འདས་ཤིང་གྲོལ་བས་དངོས་གཞི་བསྟན་དཀའ་བ་ནི་ཆོས་ཀྱི་སྐུ་ཆེན་པོ་ཉིད་དོ། །དེ་ལྟར་ཆོས་ཀྱི་སྐུར་བཞུགས་པ་ནི་དཀྱིལ་འཁོར་གསུམ་གྱི་རང་བཞིན་ཇི་ལྟ་བར་མངོན་དུ་གྱུར་པས་རྟོགས་པ་བདག་གི་དཔལ་ཡིན་ལ། དེའི་ངང་ལས་མི་གཡོ་བར་གདུལ་བྱ་གསུམ་མཛད་པའི་ཐེག་པ་གསུམ་གྱི་ཆུ་བོ་བཞི་ལས་མཐར་སོན་པར་བྱེད་པས་སྒྲོལ་བྱེད་ཆེན་པོར་གྱུར་པ་ནི་ཐུགས་རྗེ་གཞན་གྱི་དཔལ་ཏེ་སྤྲུལ་པའི་སྐུའི་བདག་ཉིད་དོ། །དེ་ཉིད་ཀྱི་དགོངས་པ་དེ་བཞིན་ཉིད་དུས་གསུམ་དུ་འབྱུང་འཇུག་བྲལ་ཏེ། ལྷན་ནེ་ལྷམ་མེ་ལྷང་ངེ་བར་རྣལ་མའི་དོན་བཞིན་དུ་མཛད་པའི་ཐུགས་རྗེའི་བྱིན་རླབས་རྒྱུན་མི་འཆད་པའི་ངོ་བོར་མངའ་ཐང་ཡོངས་སུ་རྫོགས་པའི་སྐུའི་རྒྱལ་པོ་ཆེན་པོར་བཞུགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དོ། །དེ་ལྟ་བུའི་ངོ་བོ་ཤིན་ཏུ་རྣམ་པར་གྲོལ་བའི་བདག་ཉིད་ནི་ཡེ་ནས་འཆིང་བ་ཐམས་ཅད་དང་བྲལ་ཞིང་ཐབས་དམ་པའི་ངོ་བོར་བཞུགས་པས་ཐོགས་པ་མེད་པ་ཉིད། ངོ་བོ་ཉིད་དང་གསང་བའི་སྐུ་སྟེ། སྐུ་ལྔ་ཡོངས་སུ་རྫོགས་པའི་ངོ་བོའི་བདག་ཉིད་ནི་ཀུན་ཏུ་བཟང་པོ་སངས་རྒྱས་ཧེ་རུ་ཀ་ཆེན་པོ་ཉིད་དེ། ཐུན་མོང་མ་ཡིན་པའི་ཕྱག་གི་ཡུལ་ལོ། །དེ་ཉིད་སྐྱེས་བུ་ཉིད་དང་གཅིག་དང་དུ་མ་བྲལ་བའི་ཚུལ་དུ་རིག་པ་ནི་མཆོད་ཅིང་འདུད་པའི་མཆོག་ཡིན་པས་དམན་པས་ལུས་ངག་གིས་མོས་པ་ལྟ་བུ་ནི་མིན་ནོ། །གཞན་དུ་ལུང་བསྟན་བརྒྱུད་པ་ལྟར་ན། སྡུད་པ་པོ་བློ་གྲོས་ཐབས་ལྡན་གྱིས་འཆད་པའི་སྐྱེས་བུ་སྟོན་པ་གསང་བའི་བདག་པོ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ་ཞེས་བཏུད་དེ་མཆོད་པར་མཛད་པའོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་དོ། །དང་པོ་ལ་གསུམ་སྟེ། རྒྱུ་གླེང་གཞི། རྐྱེན་གླེང་བསླང་བ། རྒྱུད་ཀྱི་དོན་དངོས་སོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། བྱེ་བྲག་གི་མཇུག་བསྡུ་བའོ། །དང་པོ་ནི། འདི་སྐད་བགྲོ་བ་བདག་གིས། ཞེས་པ་ནས། རྣམ་པར་བགྲོ་བ་འདི་ལྟ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། བྱིན་རླབས་འབྱུང་བའི་དབང་དུ་ན། འདི་སྐད་ཅེས་ཉེ་བར་མཚོན་པ་ནི་བསྟན་པ་སྟེ་རྒྱུད་འདི་ཉིད་དོ། །གསལ་བར་བགྲོ་བ་ནི་སྟོན་པ་སྟེ། ཞིང་ཁམས་དང་གནས་ཐ་དད་ན་སྟོན་པ་རྣམས་ཀྱིས་བགྲོ་བར་བྱེད་པའོ། །བདག་གིས་ཐོས་པ་ནི་བྱུང་ཁུངས་གླེང་གཞིའི་སྡུད་པ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་གསན་པ་སྟེ། སྐུ་ཐ་དད་པ་རིགས་ལྔ་དང་། གཅིག་ཉིད་ཀུན་ཏུ་བཟང་པོ་དང་། ཕྱོགས་བཅུའི་བུདྡྷ་ལའང་ཐོས་ལ། སྐུ་བཞི་ལའང་སོ་སོར་ཐོས་པས་རྣམ་པ་བཞིའི་ཚུལ་དུ་ཐོས་ཏེ། ཐོས་བྱ་ནི་བསྟན་པའོ། །དུས་ནི་བྱུང་ཚུལ་བཅུ་གཉིས་ཀྱི་ཚེ་དང་སྐུ་བཞིས་བསྟན་པའི་དུས་བཞི་སྟེ་ཚེ་སྐབས་ཀྱི་དུས་དེར་ཐོས་པའོ་ཞེས་བགྲོས་པའོ། །ལུང་བསྟན་བརྒྱུད་པའི་དབང་དུ་ན། སྟོན་པ་ཕྱག་ན་རྡོ་རྗེས་ཞིང་ཐ་དད་པ་ན་རང་གི་སྟོན་པ་ལ་ཉན་ནས་ཉེ་འཁོར་ལ་རྒྱུད་འདི་སྐད་ཅེས་བགྲོ་བ་ལང་ཀ་མགྲིན་བཅུ་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་ཤཱཀྱ་ཐུབ་པ་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་ཚེ་མི་ཡུལ་འདིར་ཐོས་ཏེ་ཡི་གེར་བྲིས་ནས་བསྡུ་བ་མཛད་པའོ། །འདི་ལ་ཐ་སྙད་དྲུག་སྟེ་འདི་སྐད་ཐོས་ཀྱི་མ་ཕྲི་མ་བསྣན་ནོ་བྱས་པས་སྒྲོ་སྐུར་གྱི་སེལ་མེད་པར་བསྟན། འདི་སྐད་བགྲོ་བ་བདག་གིས་ཐོས་ཀྱི་གཞན་ལས་མ་བརྒྱུད་དོ་བྱས་པས་སྡུད་པ་པོ་ཚད་མའི་ཞལ་དུ་བསྟན། བདག་གིས་འདི་སྐད་ཐོས། གཞན་གྱིས་གཞན་སྐད་ཐོས་བྱས་པས་བཀའ་རྒྱ་མ་ཆད་པར་བསྟན། དུས་གཅིག་ཁོ་ནར་ཐོས་ཀྱི་ཡང་ཡང་བལྡབ་ཀྱིན་མ་ཡིན་བྱས་པས་བཀའ་འབྱུང་དཀོན་པར་བསྟན། དུས་འདི་རུ་འདི་སྐད་ཐོས། གཞན་དུ་གཞན་སྐད་ཐོས་བྱས་པས་སྡུད་པ་པོ་ཐོས་རྒྱ་ཆེ་བར་བསྟན། དུས་གཅིག་ཏུ་འདི་སྐད་ཀྱང་ཐོས་ལ། གཞན་དུ་གཞན་སྐད་ཀྱང་ཐོས་བྱས་པས་སྡུད་པ་པོ་བློ་རྣོ་བར་བསྟན་པའོ། །གླེང་གཞི་རྣམ་གཉིས་ཀྱི་ངོ་བོ་ཐུན་མོང་དུ་བསྟན་པའི་ཕྱིར། དེ་ནས་དུས་གསུམ་གྱི་དེ་བཞིན་གཤེགས་པ་མང་པོ་བསྡུས་པའི་སྒྲ་ཐམས་ཅད་ཀྱི་བདག་ཉིད་ནི་བཅོམ་ལྡན་འདས་རིགས་ཀྱི་གཙོ་བོ་དྲུག་པ་སྟེ། མཚན་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་ཀྱང་བྱའོ། །ཞེས་བྱིན་རླབས་འབྱུང་བ་དང་། རྣམ་པ་གཅིག་ཏུ། ལུང་བསྟན་བརྒྱུད་པའི་དབང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་ནི་དངོས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་དེ་དབང་ཐོབ་པས་རྒྱ་གྲམ་འཁོར་ལོ་ལག་ན་བསྣམས་པས་མཚན་རྡོ་རྗེ་འཛིན་པ་ཞེས་བྱའོ། །དོན་སྟོན་པ་ལས་ཇི་སྐད་ཐོས་པ་ལྟར་དུ་དམན་པའི་ལུས་ཅན་ལ་རྣམ་པར་བགྲོས་ཏེ་གསལ་བར་སྟོན་པའི་འཆད་པའི་སྐྱེས་བུ་འཇིགས་ཤིང་ཞུམ་པ་མེད་པར་ཐམས་ཅད་ཟིལ་གྱིས་གནོན་པས་སྨྲ་བའི་སེང་གེ་བརླ་བཀྱལ་གྱི་སྤོབས་པ་ཅན་དེ་སྟོན་པའི་ཐུགས་ཀྱི་བྱིན་རླབས་ཐོབ་པས་འཁོར་གྱི་ནང་དུ་འགྱིང་བགས་ཀྱི་འཁོར་ལོ་བསྐོར་བ་དང་། སེང་གེ་རོལ་པའི་ག་ཞ་མཛད་པའི་ཕྱིར་སེང་གེར་བརྗོད་པ་ཉིད་དོ། །སྤྱིར་བསྟན་པའི་ལུས་ནི། བྱུང་ཁུངས་ཀྱི་དོན་འདི་ལྟར་གནས་ནི་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ན། སྟོན་པ་ཕྱོགས་བཅུའི་རྒྱལ་བ་ལ་སོགས་པའི་སྤྱན་སྔར་འཁོད་ཅིང་། དེ་ནས་སེམས་ཅན་གྱི་གནས་རིས་ཐ་དད་པ་ན་ཇི་ལྟར་འདུལ་བའི་སྐུར་བཞུགས་ཏེ་མཛད་པའི་ཕྲིན་ལས་ཀྱིས་ཆོས་སྟོན་ཏེ་གདུལ་བྱ་སྨིན་པར་མཛད་པ་ཡང་། ཤིན་ཏུ་ཟབ་པས་བསམ་གྱིས་མི་ཁྱབ་ཅིང་། མཐའ་དང་མུ་མེད་པས་བསམ་དུ་མེད་པའི་ཆོས། གྲངས་ལས་འདས་ཤིང་དཔག་ཏུ་མེད་པའི་རྒྱལ་བ་ཀུན་གྱིས་དགོངས་པའི་ཞེ་ཕུགས་མཐར་ཐུག་ཏུ་བསྔགས་པ་དུས་གསུམ་དུ་སྐད་ཅིག་ཀྱང་མི་འབྲལ་བས་འདུ་འབྲལ་མེད་པར་ཀུན་ལ་ཁྱབ་པའི་གཟུངས། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་དང་རིག་པའི་ཡེ་ཤེས་སུ་མ་འདྲེས་ཡོངས་སུ་རྫོགས་པར་རང་གསལ་བས་རིག་པ། སྨྲར་མེད་ཅིང་སྤྱོད་ཡུལ་དུ་མ་གྱུར་པས་གསང་སྔགས། ཡོན་ཏན་ཀུན་འབྱུང་བའི་གནས་ཀྱི་མཚན་ཉིད་བསྟན་དུ་ཡོད་ལ་ངོ་བོ་དམིགས་སུ་མེད་པས་བླ་དྭགས་ཐམས་ཅད་དང་བྲལ་བ། ཆོས་སོ་ཅོག་ཇི་སྙེད་པའི་དེ་ཁོ་ན་ཉིད་མ་བཅོས་མ་བསླད་པས་ཇི་བཞིན་པ། གཞི་དངོས་པོ་གཉིས་ཀྱི་ཆོས་རིལ་དང་། ལམ་རྣལ་འབྱོར་གསུམ་པོ་མཐའ་དག་གསལ་བར་སྟོན་པའི་ཐམས་ཅད་སྣང་ལ་དངོས་གཞི་མེད་པས་ཆོས་ཀྱི་མེ་ལོང་ཉིད་དེ་བཀའ་ཐམས་ཅད་ཀྱི་རྒྱལ་པོ་འདི་ལས་གཞན་མ་ཡིན་པ་ཉིད་དོ། །དེར་སྡུད་པ་པོ་ཕྱག་ན་རྡོ་རྗེས་ཞིང་ཁམས་སོ་སོའི་རྒྱལ་བ་ལ་གུས་པས་མི་འགལ་བར་ཉན་ཅིང་དམན་པའི་ལུས་ཅན་དག་ལ་མ་ནོར་བར་སྟོན་པས་འཆད་པ་པོ་ཡང་ཡིན་ཏེ། དེས་རང་གི་འཁོར་ལ་ཞིང་ཁམས་ཐ་དད་ན་རྣམ་པར་བགྲོ་ཞིང་གསང་བ་དམ་པ་འཆད་པའི་ཚུལ་ནི་འདིི་ལྟ་སྟེ་ཞེས་ཉེ་བར་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། གླེང་གཞི་སྤྱིར་བསྟན་པ་དང་། འཁོར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། ཆོས་སྐུའི་གླེང་གཞི། ལོངས་སྐུའི་གླེང་གཞི། སྤྲུལ་སྐུའི་གླེང་གཞི་བསྟན་པའོ། །དང་པོ་ནི། འོག་ནས། དེ་བཞིན་དུ་ཆོས་ཀྱི་སྐུའི་ཞིང་ཁམས་སོགས་ནས་ངེས་པར་འགྲེལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། རྡོ་རྗེ་སེམས་དཔའི་ཆོས་སྐུའི་བཀོད་པ་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་གདལ་ཁྱབ་ཆེན་པོ་དབུས་མཐའ་དང་བྲལ་བ་ཆོས་ཀྱི་སྐུའི་ཞིང་ཁམས་འོག་མིན་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མངོན་དུ་གྱུར་པས་བྱང་ཆུབ་སྙིང་པོ་ཞེས་བྱ་བ་ན། འཁོར་རིགས་ལྔ་ལ་སོགས་པ་དང་། གསང་བ་པོ་ཡང་སྐུ་ལྔ་པ་རྒྱལ་ཚབ་སྐྱེས་བུ་ཞེས་བྱ་བར་གྱུར་ཏེ་གཅིག་དང་དུ་མ་བྲལ་བའི་ཚུལ་གྱིས་བཞུགས་ནས། བྱང་ཆུབ་སེམས་དཔའ་རྩལ་ཆེན་རྫོགས་པ་རྒྱལ་ཚབ་སྐྱེས་བུ་བསམ་གྱིས་མི་ཁྱབ་པའི་འཁོར་དང་བཅས་ཏེ་སེམས་ཀྱི་རང་བཞིན་ཡེ་ཇི་བཞིན་པ་གདོད་ནས་ལྷུན་གྱིས་གྲུབ་པས་སངས་རྒྱས་པར་གྱུར་པ། གཉིས་སུ་མེད་པས་གསང་སྔགས་ཀྱི་ངོ་བོ་དེ་ཉིད་ཇི་ལྟ་བ་བཞིན་ལ་ཚིག་ཏུ་མ་བྱུང་བར་དགོངས་པ་ཆོས་ཉིད་ཀྱི་ནམ་མཁའ་ལ། ཡེ་ཤེས་ཀྱི་ཉི་མ་རང་གསལ་ཏེ་ངེས་པར་འགྲེལ་ཏོ། །དེ་ལྟ་བས་ན་ཆོས་ཀྱི་སྐུ་ལས་ཀྱང་ཐོས་སོ། །གཉིས་པ་ལོངས་སྐུའི་གླེང་གཞི་ལ་རིགས་ལྔ་སྟེ། དང་པོ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་འོད་ཟེར་སྣང་བའི་ཞིང་ཁམས་ཀྱི་བཀོད་པ་བསྟན་པ་ནི། སངས་རྒྱས་མི་བསྐྱོད་པའི་ཞིང་ཁམས། ཞེས་པ་ནས། བགྲོ་བར་བྱེད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། སྤངས་རྟོགས་མཐར་ཕྱིན་པས་སངས་རྒྱས། མཐའ་ཡི་རྟོག་པས་མི་བསྐྱོད་པའི་སྟོན་པ་ལོངས་སྤྱོད་རྫོགས་པ་དེའི་ཞིང་ཁམས་ནི་བཞུགས་པ་དང་འདུལ་བ་གཉིས་ཏེ་གནས་དང་གདུལ་བྱའོ། །རྒྱལ་བ་མི་བསྐྱོད་པ་དེ་དང་པོ་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་ཆེན་པོ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དུས་སུ་ཞིང་ཁམས་འདིར་མཚན་དེ་སྐད་ཅེས་བྱ་བར་འགྱུར་བའི་ལུང་བསྟན་ཐོབ་པའི་ཕྱིར་མངོན་པར་དགའ་བ་ཞེས་བྱ་བའོ། །གནས་དེ་ནི་ཡངས་ཤིང་མཉམ་པ་ལ་རིན་པོ་ཆེའི་གཅལ་བཀྲམ་པ། ཆུ་ཡན་ལག་བརྒྱད་དང་ལྡན་པ། ཤིང་ཡལ་ག་ཕྱོགས་བཞིར་གྱེས་པ། དུས་བཞིའི་དགྲ་ལས་སྐྱོབ་པ། ཟོས་ན་ནད་ཞི་བ། དེར་སྐྱེས་པ་ཐམས་ཅད་སེམས་མངོན་པར་དགའ་བར་བྱེད་པས་ན་མཚན་ངེས་པའོ། །ཞེས་སྤྱིར་བསྟན་པ་ཡིན་ལ། ཞིང་དེའི་བྱེ་བྲག་གི་ཡོན་ཏན་ནི། ཡེ་ཤེས་ལྔའི་ངོ་བོར་གསལ་བའི་ཕྱིར། རྡོ་རྗེ་དྲྭ་བའི་འོད་ཟེར་གྱིས་རྣམ་པར་བརྒྱན་པ་དང་ལྡན་པ་ན། ཞེས་པ་འདི་ལ། ཀུན་མཁྱེན་དམ་པ་རིན་པོ་ཆེའི་ཕྱག་མཚན་ན། འདི་རྒྱལ་ཚབ་རྒྱུད་ཀྱི་སྟོན་པའི་གནས་འདྲ་སྟེ་འགྲེལ་པ་དང་མན་ངག་གང་ནའང་གསལ་བ་མེད་གསུང་། འདི་ལ་ལེགས་པར་དཔྱད་ན་གནད་ཆེན་པོ་མང་ཞིག་གོ་རྒྱུ་ཡོད་པར་མངོན་ནོ། །རི་དེ་ལ་ས་ཕྱོགས་གང་ནས་བལྟས་ཀྱང་རྡོ་རྗེའི་ཕུང་པོ་སྤུངས་པ་དང་། རྡོ་རྗེའི་རྩེ་མོའི་དབྱིབས་སུ་སྣང་བས་རྡོ་རྗེའི་ཕུང་པོའི་རི་བོ་ལ། དེ་ཁོ་ན་ཉིད་དང་སྟོན་པའི་ལུང་དང་། འཁོར་གྱི་བསམ་པ་གསུམ་དང་མཐུན་པར་ལུང་བསྟན་པས་འཆད་པའི་སྐྱེས་བུ་ཆེན་པོ་གཉིས་མེད་ཀྱི་དོན་ལས་མི་ཕྱེད་པས་སེམས་དཔའ་རྡོ་རྗེ་ཞེས་བྱ་བར་གྱུར་པ་དེ་ནི་གླེང་གཞི་གཉིས་ཀྱི་དོན་གྱིས་ཞིང་ཁམས་འདིར་མི་བསྐྱོད་པ་དང་ཕྱག་ན་རྡོ་རྗེ་གཉིས་ཀའི་མཚན་དུ་སྦྱར་རོ། །རྡོ་རྗེའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་ལམ་ལྔ་དང་རྣལ་འབྱོར་ལྔ་ལ་གནས་པ་བྱེ་བ་ཕྲག་ས་ཡའི་གྲངས་ཀྱི་འཁོར་ཕུན་སུམ་ཚོགས་པ་དང་བཅས་ཏེ་བསྟན་པ་ནི། བྱང་ཆུབ་ཀྱི་སེམས་ལྷུན་གྱིས་རྫོགས་པས་སེམས་ཀྱི་དཀྱིིལ་འཁོར་སྤྲོས་པ་གང་དང་ཡང་ལྷན་ཅིག་མི་གནས་པས་སྒྲིབ་བྱེད་ངང་གིས་མེད་པར་འོད་གསལ་བ། ཡོངས་སུ་གཟུང་བར་དཀའ་བས་གསང་སྔགས་ཀྱི་ངོ་བོ་དེ་ཉིད་ནི་དངོས་སུ་རྒྱུད་འདི་ཉིད་དོ། །དེ་སྡུད་པ་པོ་ཕྱག་ན་རྡོ་རྗེས་རང་གི་སྟོན་པ་མི་བསྐྱོད་པ་ལ་ཉན་ཅིང་འཆད་པའི་སྐྱེས་བུར་སྣང་བས་རང་གི་ཉེ་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཞིན་དུ་སྟོན་ཏེ། སྤྱིར་ཆོས་སྐུའི་ཞིང་ཁམས་ཀྱི་ཁོངས་ན་ལོངས་སྐུའི་ཞིང་ཁམས་དུ་མ་ཡོད་ལ། ལོངས་སྐུའི་ཞིང་ཁམས་ཀྱི་ཁོངས་ན་སྤྲུལ་སྐུའི་ཞིང་ཁམས་དུ་མ་ཡོད་པས། དེ་བཞིན་གཤེགས་པ་དེའི་སྤྲུལ་པའི་སྐུ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། ཞིང་དེར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཇི་བཞིན་པ་དེ་ཁོ་ན་ཉིད་དུ་དོན་དང་མཐུན་པར་བསྙད་པའི་སྒོ་ནས་དམན་པའི་ལུས་ཅན་གྱི་འཁོར་ལ་དེ་ལྟར་རྣམ་པར་བགྲོ་བར་བྱེད་དོ། །འོ་ན་ཞིང་ཁམས་གཅིག་ཏུ་སྟོན་པ་གཉིས་མི་སྲིད་པས་ཆོས་དང་འགལ་ལོ་ཞེ་ན། ཞིང་དེའི་སྟོན་པ་ནི་མི་བསྐྱོད་པ་ཉིད་ཡིན་ལ། ཕྱག་ན་རྡོ་རྗེ་ནི་དེ་ཙམ་ན་འཁོར་གྱི་གཙོ་བོ་བྱང་ཆུབ་སེམས་དཔའི་ཆ་བྱད་དུ་སྣང་བའི་ཕྱིར་རྒྱལ་བ་ཉིད་མ་ཡིན་པས་འགལ་བ་མེད་དོ། །དེ་ཡང་ཡོངས་སུ་འདས་ནས་ཀྱང་། ཞེས་པ་སྟོན་པའི་བཤད་པ་འདས་པ་ཡིན་ན་རིགས་ལྔ་དང་དག་པའི་ཞིང་ན་བཞུགས་པའི་སངས་རྒྱས་ལ་ཆོས་ཉན་པའི་དུས་ན་འདས་ནས་ཀྱང་བྱ་བ་འདུག་ལ་ཆོས་སྐུ་དང་མ་དག་པའི་ཞིང་ན་བཞུགས་པའི་སངས་རྒྱས་དང་ཐུབ་པའི་དབང་པོ་ལ་ཉན་པའི་སྐབས་ན་འདས་ནས་ཀྱང་བྱ་བ་མེད་པས། དེ་རྣམས་དུས་གཅིག་ཏུ་སོ་སྒྲིལ་ཏེ་འཆད་དགོས་པའི་སྐྱོན་འོང་ལ། ཡང་ལོངས་སྐུ་མྱ་ངན་ལས་འདས་པ་ཡིན་ན་ལོངས་སྐུའི་འཁོར་འདས་པས་འདུལ་བ་མེད་པས་མི་འཐད་དོ། །ཡང་ལོངས་སྐུའི་ཆ་བྱད་ཀྱི་རིགས་ལྔ་སྤྲུལ་སྐུ་ཡིན་པས་སྐུ་འདས་ཟེར་ན་འོ་ན་སྤྲུལ་སྐུ་ལ་རིགས་ལྔ་དང་དག་པའི་ཞིང་ན་བཞུགས་པ། མ་དག་པའི་ཞིང་ན་བཞུགས་པ། ཐུབ་པའི་དབང་པོ་ཉིད་དང་གླེང་གཞི་ཆ་བརྒྱད་བྱུང་ལ། ལོངས་སྐུའི་གླེང་གཞི་མེད་པའི་སྐྱོན་འོང་ངོ་། །དེས་ན་ངེས་པར་གང་ལ་བཞག་ན་བཤད་མ་ཐག་པ་ལྟར་རིགས་གཞན་བཞི་ལའང་ཤེས་པར་བྱའོ། །གཉིས་པ་རྡོ་རྗེ་སེམས་དཔའི་ཡོན་ཏན་གྱི་ཆེ་བ་ཡོངས་སུ་བཀོད་པའི་ཞིང་ཁམས་བསྟན་པ་ནི། སངས་རྒྱས་རིན་ཆེན། ཞེས་པ་ནས། བགྲོ་བར་བྱེད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་རིན་ཆེན་དབང་གི་རྒྱལ་པོ་ལྟར་འདོད་པ་འབྱུང་བའི་ཞིང་ཁམས་གདུལ་བྱའི་ལོངས་སྤྱོད་ཇི་ལྟར་འདོད་པ་ལྟར་འབྱུང་ཞིང་ཚེ་དང་བསོད་ནམས་མཆོག་ཏུ་གྱུར་པས་དཔལ་དང་ལྡན་པ་ཞེས་བྱ་བ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕུང་པོ་ཞིང་དེ་ལ་བཀོད་པས་རིན་པོ་ཆེའི་ཕུང་པོ་རྣམ་པར་བཀོད་པ་ན། ནོར་བུ་བཻ་ཌཱུརྱའི་རི་ཤིན་ཏུ་འོད་འབར་ཞིང་རྩེ་མོ་མཐོ་བ་དང་ལྡན་པ་ཞེས་བྱ་བའི་རི་བོ་ལ་སྐྱེས་བུ་ཆེན་པོ་གཉིས་མེད་རྟོགས་པའི་ཡོན་ཏན་དང་ལྡན་པས་རྡོ་རྗེ་རིན་ཆེན་ཞེས་བྱ་བར། རིན་ཆེན་རིགས་ཀྱི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ་བསྟན་པ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་རང་གི་སྟོན་པ་རིན་ཆེན་འབྱུང་བ་ལ་ཉན་ཅིང་། རང་གི་ཉེ་འཁོར་ལ་དེ་བཞིན་དུ་སྟོན་ཏེ། སྤྲུལ་པའི་སྐུ་ཡོངས་སུ་འདས་ནས་ཀྱང་རྣལ་མ་མ་བསླད་པ་ཇི་བཞིན་པར་བསྙད་པའི་སྒོ་ནས་དེ་རྣམ་པར་བགྲོ་བར་བྱེད་དོ། །གསུམ་པ་རྡོ་རྗེ་སེམས་དཔའི་གསུང་གི་སྒྲ་དབྱངས་ཀྱི་སྣང་བ་ཡོངས་སུ་བཀོད་པའི་ཞིང་ཁམས་བསྟན་པ་ནི། སངས་རྒྱས་འོད་དཔག །ཅེས་པ་ནས། བགྲོ་བར་བྱེད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་ཐུགས་རྗེ་དང་མཁྱེན་པ་ཚད་མེད་པའི་ཕྱིར་འོད་དཔག་མེད་ཀྱི་ཞིང་ཁམས་སེམས་ཅན་ཆེན་པོ་ཐམས་ཅད་པདྨོ་ལས་བརྫུས་ཏེ་སྐྱེ་ཞིང་བདེ་བ་དང་ལྡན་པས་བར་མ་དོར་འཆི་བ་དང་འཐབ་རྩོད་དང་ཟས་སྐོམ་དང་ཁུར་དང་སྡུག་བསྔལ་དུ་བྱ་བ་མེད་པའི་ཕྱིར་བདེ་བ་ཅན་ཞེས་བྱ་བ། ཞིང་དེ་ལ་པདྨོ་སྣ་ཚོགས་ཀྱིས་མཛེས་པས་པདྨོས་མཛེས་པར་བཀོད་པ་ན། རིའི་དབྱིབས་པདྨ་བརྩེགས་པ་ལྟ་བུར་སྣང་བས། པདྨའི་ཕུང་པོའི་རི་བོ་ལ་སྐྱེས་བུ་ཆེན་པོ་གདུལ་བྱ་ལ་ཆོས་ཀྱི་ཆར་འབེབས་པས་ཆོས་ཀྱི་སྤྲིན་ཞེས་བྱ་བར་པདྨ་རིགས་ཀྱི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ་བསྟན་པ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་རང་གི་སྟོན་པ་འོད་དཔག་མེད་ལ་ཉན་ཅིང་རང་གི་ཉེ་འཁོར་ལ་དེ་བཞིན་དུ་སྟོན་ཏེ། སྤྲུལ་སྐུ་ཡོངས་སུ་འདས་ནས་ཀྱང་། ཇི་བཞིན་པ་རང་གསལ་བར་བསྙད་པའི་སྒོ་ནས་དེ་རྣམ་པར་བགྲོ་བར་བྱེད་དོ། །བཞི་པ་རྡོ་རྗེ་སེམས་དཔའི་ཕྲིན་ལས་རྒྱ་མཚོའི་སྣང་བ་ཡོངས་སུ་བཀོད་པའི་ཞིང་ཁམས་བསྟན་པ་ནི། སངས་རྒྱས་གདོན་མི་ཟ། ཞེས་པ་ནས། བགྲོ་བར་བྱེད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་བདག་གཞན་གྱི་བྱ་བ་མ་ལུས་པར་གདོན་མི་ཟ་བར་གྲུབ་པའི་ཞིང་ཁམས་ཞིང་དེར་ལས་དག་པའི་སེམས་ཅན་རྣམས་སྐྱེ་སྟེ་ངན་པའི་ལས་ལམ་མི་སྤྱོད་པ་ཤ་སྟག་ཏུ་ངེས་པས་ཤིན་ཏུ་དག་པའི་ལས་ལམ་སྤྱོད་པ་ལ་མོས་པའི་ཕྱིར་རྣམ་པར་དག་པ་ཞེས་བྱ་བ། དེ་ལ་རིན་པོ་ཆེ་ཨིནྡྲ་ནཱི་ལ་ཤིན་ཏུ་མཛེས་པའི་བརྒྱན་པས་ཨིནྜ་ནཱི་ལའི་དྲྭ་བས་བརྒྱན་པ་ན། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཀོད་པའི་ཉེ་བར་མཛེས་པས་རིན་པོ་ཆེ་སྣ་ཚོགས་བཀོད་པའི་སྤོ་ཞེས་བྱ་བའི་རི་བོ་ལ་སྐྱེས་བུ་ཆེན་པོ་ཕྲིན་ལས་ཕུན་སུམ་ཚོགས་པའི་གཞན་དོན་བྱེད་པས་རྡོ་རྗེ་ལས་ཞེས་བྱ་བར། ལས་ཀྱི་རིགས་ཀྱི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ། བསྟན་པ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། གསང་སྔགས་ཀྱི་ངོ་བོ་དེ་ཉིད་རང་གི་སྟོན་པ་གདོན་མི་ཟ་བར་གྲུབ་པ་ལ་ཉན་ཅིང་རང་གི་ཉེ་འཁོར་ལ་དེ་བཞིན་དུ་སྟོན་ཏེ། སྤྲུལ་སྐུ་ཡོངས་སུ་འདས་ནས་ཀྱང་མ་ནོར་བར་ཐ་སྙད་བཏགས་པའི་སྒོ་ནས་དེ་རྣམ་པར་བགྲོ་བར་བྱེད་དོ། །ལྔ་པ་རྡོ་རྗེ་སེམས་དཔའི་སྐུའི་ཆོ་འཕྲུལ་གྱི་སྣང་བ་ཡོངས་སུ་བཀོད་པའི་ཞིང་ཁམས་བསྟན་པ་ནི། སངས་རྒྱས་རྣམ་པར་སྣང་མཛད། ཅེས་པ་ནས། བགྲོ་བར་བྱེད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་བཅོམ་ལྡན་འདས་འཁོར་གྱི་སེམས་ཀྱི་དཀྱིལ་འཁོར་རྣམ་པར་སྣང་བར་མཛད་པ་ཉིད་ཀྱི་ཞིང་ཁམས་ཞིང་དེའི་འཁོར་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་བྱང་ཆུབ་ཀྱི་ས་ནོན་ཅིང་ལུང་བསྟན་ཐོབ་པ་ཤ་སྟག་ཏུ་ངེས་པས་བྱང་ཆུབ་ཀྱི་སྙིང་པོ་ཅན་ཞེས་བྱ་བ། གདུལ་བྱའི་བསམ་པ་རྣམ་པར་དག་ཅིང་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་མང་པོ་རྫོགས་པས་སེམས་སྣ་ཚོགས་ཀྱིས་བརྒྱན་པ་ན། ཟག་པ་མེད་པའི་འབྲས་བུ་དང་དགོངས་པ་མི་གཡོ་བ་ཁྱད་པར་ཆེན་པོས་འཕགས་པས་ཆོས་ཀྱིས་མཐོ་བ་ཞེས་བྱ་བའི་རི་བོ་འོག་མིན་གྱི་གནས་དེ་ལ། སྐྱེས་བུ་ཆེན་པོ་གཉིས་མེད་ཀྱི་དོན་རྟོགས་ནས་མི་གཏོང་བས་རྡོ་རྗེ་འཛིན་པ་ཞེས་བྱ་བར། དེ་བཞིན་རིགས་ཀྱི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ་བསྟན་པ་སེམས་ཀྱི་རང་བཞིན་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད། རང་གི་སྟོན་པ་རྣམ་སྣང་ལ་ཉན་ཅིང་། རང་གི་ཉེ་འཁོར་ལ་དེ་བཞིན་དུ་སྟོན་ཏེ། སྤྲུལ་སྐུ་ཡོངས་སུ་འདས་ནས་ཀྱང། སེམས་ཀྱི་དེ་ཁོ་ན་ཉིད་དུ་མ་ནོར་མི་བསླུ་བར་ངེས་པའི་སྒོ་ནས་དེ་རྣམ་པར་བགྲོ་བར་བྱེད་དོ། །གསུམ་པ་སྤྲུལ་སྐུའི་གླེང་གཞི་ལ་གསུམ་སྟེ། ཤཱཀ་ཐུབ་ཀྱི་གླེང་གཞི། དག་པའི་ཞིང་ན་བཞུགས་པའི་གླེང་གཞི། མ་དག་པའི་ཞིང་ན་བཞུགས་པའི་གླེང་གཞིའོ། །དང་པོ་ནི། སངས་རྒྱས་ཐུབ་པའི་དབང་པོའི་ཞིང་། ཞེས་པ་ནས། ཉེ་འཁོར་ལ་དེ་བཞིན་སྟོན་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། འདིས་ནི་རྡོ་རྗེ་སེམས་དཔའི་སྤྲུལ་པ་སྤྱིར་ཐུབ་པ་དྲུག་དང་བྱེ་བྲག་ཐུབ་པའི་དབང་པོ་བྱེ་བ་ས་ཡ་སྣང་བའི་ཞིང་ཁམས་ཡོངས་སུ་བཀོད་པ་ཉིད་དེ། སངས་རྒྱས་སྤྲུལ་པའི་སྐུ་འཁོར་བའི་དཔུང་བཅོམ་ཞིང་རིགས་དྲུག་ལ་དབང་བསྒྱུར་བས་ཐུབ་པའི་དབང་པོའི་ཞིང་ཁམས། ཞིང་དེར་མོས་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་མང་ཞིང་འཁོར་རྣམས་མོས་བརྩོན་དང་ལྡན་པ་ཤ་སྟག་ཏུ་གནས་པས་མོས་པ་ཅན་འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པ་ལས་སེམས་མི་མཇེད་པས་མི་མཇེད་ཀྱི་འཇིག་རྟེན་ཕྱོགས་ཆ་དྲུག་གི་གནས་དྲུག་རེ་རེ་ལའང་ཕྱོགས་བཅུ་དང་ལྡན་པ་ཞེས་བྱ་བ་རྡོ་རྗེའི་གདན་དཔག་ཚད་བརྒྱད་ཅུ་གསེར་ལས་གྲུབ་ཅིང་སྲ་བ་སྟེ་འོག་རྡོ་རྗེའི་བྲག་ཏུ་སྣང་བ་ཉིད་ཀྱིས་རྣམ་པར་བརྒྱན་པ་ན། བྱ་རྒོད་ཕུང་པོའི་རི་བོ་ཞེས་བྱ་བར། འཆད་པའི་སྐྱེས་བུ་ཕྱག་ན་རྡོ་རྗེ་བཞུགས་པའི་གནོད་སྦྱིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་ན། དམ་པའི་མཛོད་གསུམ་ལ་མངའ་དབང་མཛད་པར་དབང་བསྐུར་བས་སྐྱེས་བུ་ཆེན་པོ་གསང་བའི་བདག་པོ་ཞེས་བྱ་བར། གནོད་འདུལ་ཉིད་དང་རིགས་མཐུན་པས་གསང་སྔགས་ལ་མོས་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ས་ཡའི་གནོད་སྦྱིན་གྱི་རིགས་ཅན་མང་པོའི་འཁོར་དང་བཅས་ཏེ་བསྟན་པ་སེམས་ཀྱི་རང་བཞིན་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་ཉིད་རང་གི་སྟོན་པ་ཤཱཀྱ་ཐུབ་པ་ལ་བརྗོད་པ་ཚིག་གི་སྒོ་ནས་ཉན་ཅིང་རང་གི་ཉེ་འཁོར་དམན་པའི་ལུས་ཅན་རྣམས་ལ་དེ་བཞིན་དུ་སྟོན་ཏོ། །འོ་ན་ཤཱཀྱ་ཐུབ་པ་ཞལ་བཞུགས་པའི་དུས་སུ་གསང་སྔགས་གསུངས་སམ་མ་གསུངས། གསུངས་ན་ལེའུ་གཉིས་པར། ངེས་པའི་ཐེག་ཆེན་ཡོང་མ་གསུངས། །ཞེས་དང་། ལེའུ་ཞེ་གསུམ་པ་ནས་གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་པ་དང་འགལ་ལ། མ་གསུངས་ན། གླེང་གཞི་འདི་དང་འགལ་ལོ་ཞེ་ན། ཐུབ་པའི་དབང་པོའི་རྒྱུའི་བྱང་ཆུབ་སེམས་དཔའ་དང་ལྷ་མི་སྐལ་བ་ཅན་ལ་སོགས་པ་ལ་རྒྱུའི་འཁོར་ལོའི་ཚིག་ཏུ་བསྐོར་ནས། འདུས་པ་ཕལ་མོ་ཆེའི་འཁོར་རྣམས་གསང་སྔགས་ཀྱིས་འདུལ་བའི་དུས་ལ་མ་བབ་པས་ཕྱིས་འབྱུང་བར་ལུང་བསྟན་པ་ཡིན་པས་ལེའུ་གཉིས་པ་དང་མི་འགལ་ལ། འབྲས་བུའི་བྱང་ཆུབ་སེམས་དཔའ་དང་རིག་འཛིན་ཁྱད་པར་ཅན་རྣམས་ལ་གཞན་གྱི་ཡིད་ཚོད་མ་ཡིན་པར་གསང་སྔགས་ཇི་བཞིན་དུ་བསྟན་པས་ལེའུ་འདི་དང་མི་འགལ་ལོ། །དེར་མ་ཟད་སྤྲུལ་སྐུའི་ཞིང་ཁམས་བྱེ་བྲག་པ་འདིའི་ལུང་བསྟན་བརྒྱུད་པའི་དབང་དུ་ན་རྩ་བའི་རྒྱུད་ཀྱང་སྟོན་པའི་ཞལ་ནས་གསུངས་པས་ཤིན་ཏུ་འབྲེལ་ཏོ། །གཉིས་པ་ནི། དེ་བཞིན་དུ་སངས་རྒྱས་བསམ་གྱིས་མི་ཁྱབ། །ཅེས་པ་ནས། རྣམ་པར་བགྲོ་བར་བྱེད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། འདིས་ནི་རྡོ་རྗེ་སེམས་དཔའི་མཛད་པ་མཐའ་ཡས་པར་སྣང་བའི་ཞིང་ཁམས་བཀོད་པར་བསྟན་པ་སྟེ། དེ་བཞིན་དུ་སྤྲུལ་པའི་སྐུའི་སངས་རྒྱས་བསམ་གྱིས་མི་ཁྱབ་པ་བཞུགས་པའི་དག་པའི་ཞིང་ཁམས་དཔག་ཏུ་མེད་པ་ན། གསང་བའི་བདག་པོའི་མཚན་གྲངས་མེད་པར་སོ་སོར་གྲགས་པའི་སྐྱེས་བུ་ཆེན་པོ་ཞེས་བྱ་བར་སྣང་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ས་ཡ་དང་རྡོ་རྗེ་རྣོན་པོ་དང་རྡོ་རྗེ་མྱུར་བ་ལ་སོགས་པ་བརྗོད་ཀྱིས་མི་ལང་བའི་འཁོར་དང་བཅས་ཏེ་བསྟན་པ་སེམས་ཀྱི་རང་བཞིན་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་མཐའ་ཡས་པ་དེ་ཉིད་རང་རང་གི་སྟོན་པ་དག་ལ་དངོས་སུ་ཉན་ཅིང། རང་རང་གི་ཉེ་འཁོར་དག་ལ་དེ་བཞིན་དུ་སྟོན་ཏེ། སྤྲུལ་པའི་སྐུ་དེ་དག་ཡོངས་སུ་འདས་ནས་ཀྱང་ཞེས་སྤྲུལ་སྐུ་བསྟན་པ་སྣ་ཚོགས་འབྱུང་བ་དག་ཞལ་བཞུགས་པའི་དུས་སུ་ཐུན་མོང་གི་འཁོར་ལ་གསང་སྔགས་ཡོངས་སུ་གྲགས་པར་མི་གསུངས་པས། མྱ་ངན་ལས་འདས་པ་ན། འཆད་པའི་སྐྱེས་བུས་གསང་སྔགས་ཀྱི་སྣོད་ངེས་པར་བརྟགས་པའི་སྒོ་ནས་གསང་བའི་དོན་དེ་རྣམ་པར་བགྲོ་བར་བྱེད་དོ། །གསུམ་པ་ནི། དེ་བཞིན་དུ་སེམས་ཅན་གྱི་རིས། ཞེས་པ་ནས། ཉེ་འཁོར་ལ་དེ་བཞིན་དུ་སྟོན་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། འདིས་རྡོ་རྗེ་སེམས་དཔའི་རང་བཞིན་གྱིས་ཞིང་ཁམས་བཀོད་དེ་སྤྲུལ་པའི་སྤྲིན་ཡོངས་སུ་སྤྲོ་བར་སྟོན་པ་སྟེ། དེ་བཞིན་དུ་སེམས་ཅན་གྱི་རིས་སྣ་ཚོགས་སུ་སྣང་བ་བསམ་གྱིས་མི་ཁྱབ་པར་གྱུར་པ་ཇི་སྙེད་པའི་གནས་ཀྱི་ཁྱད་པར། ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷའི་རིས་དང་། ཐག་བཟང་རིས་ལ་སོགས་པ་ལྷ་མ་ཡིན་གྱི་རིས་དང་། འཇོག་པོ་ལ་སོགས་པ་ཀླུའི་རིས་དང་། ལི་ཙ་བྱི་དྲི་མེད་གྲགས་པ་ལ་སོགས་མིའི་རིས་དང་། སྐར་མདའ་གདོང་ལ་སོགས་པ་གནོད་སྦྱིན་གྱི་རིས་དང་། ལང་ཀ་མགྲིན་བཅུ་ལ་སོགས་པ་སྲིན་པོའི་རིས་དང་། སེང་གེ་ཡི་དམ་བརྟན་པ་སོགས་བྱོལ་སོང་གི་རིས་དང་། ཁ་འབར་མ་སོགས་ཡི་དྭགས་ཀྱི་རིས་དང་། གཤིན་པོའི་རྗེ་ལ་སོགས་པ་དམྱལ་བའི་རིས་ཏེ། དེ་ལ་སོགས་པ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐ་དད་པ་ཀུན་ན། སྟོན་པའི་སྐུ་ཇི་ལྟར་མོས་ཤིང་འདུལ་བ་ལྟར་ཐུབ་པ་དྲུག་ལ་སོགས་པར་སྣང་བས་ཆ་མཐུན་པའི་འཁོར་ལ་སོ་སོའི་སྐད་དུ་ཆོས་སྟོན་ཏེ། ཕྱག་ན་རྡོ་རྗེ་ཉིད་དེད་དཔོན་ཐ་དད་པའི་སྐྱེས་བུ་གཟུགས་ཐ་དད་པར་རྣམ་པར་སྣང་ཞིང་མཚན་མི་འདྲ་བར་གྲགས་པ་དག་རང་རང་གི་ལུས་ཅན་ཀྱི་འཁོར་ཐ་དད་པ་དང་བཅས་ཏེ་བསྟན་པ་སེམས་ཀྱི་མེ་ལོང་འོད་གསལ་བ། གསང་སྔགས་ཀྱི་ངོ་བོ་དེ་ཉིད་རང་རང་གི་ཐུབ་པའི་དབང་པོ་རྣམས་ལ། འགྲོ་བ་རིགས་དྲུག་རང་རང་གི་སྐད་དང་། མཚོན་པས་བརྡའ་དང་། ཐེག་པ་གང་ལ་མོས་པ་དང་མཐུན་པར་ཐབས་སྣ་ཚོགས་ཀྱིས་ཇི་ལྟར་འདུལ་བ་རྣམས་སོ་སོར་ཉན་ཅིང་། སྟོན་པ་དེ་དག་འདས་ནས་ཀྱང་འཆད་པའི་སྐྱེས་བུ་སྟོན་པ་གསང་བའི་བདག་པོ་མཚན་ཐ་དད་པར་བྱུང་བ་རྣམས་ཀྱིས་སྐད་སྣ་ཚོགས་ཀྱིས་རང་རང་དང་མཐུན་པར་དོན་གྱི་ངོ་བོ་བརྡ་སྤྲོད་པས་མིང་དང་དོན་གྱི་ཁྱད་པར་སྟོན་པའི་ཚིག་གིས་མཚན་མར་བཏགས་པའི་སྒོ་ནས། རང་རང་གི་ཉེ་འཁོར་རྣམས་ལ་དེ་བཞིན་དུ་སྟོན་ཏོ། །དེས་ན་གནས་དེ་རྣམས་སུ་རང་རང་གི་བློ་དང་མཐུན་པར་རང་རང་གི་སྐད་དུ་ཆོས་སྟོན་པས་ངན་འགྲོའི་གནས་ཀྱི་སྐལ་པ་ཅན་དག་ལ་སོ་སོའི་ཐུབ་པར་སྣང་བས་སྡུག་བསྔལ་དེ་དག་གྲོལ་བར་བྱེད་པའོ། །འོ་ན་ངན་སོང་གསུམ་གྱི་གནས་ན་དམ་པའི་ཆོས་ཡོད་དམ་མེད། ཡོད་ན་མི་ཁོམས་པའི་གནས་སུ་མི་འགྲོ་ལ། ཆོས་མེད་ན་ལེའུ་འདི་དང་འགལ་ལོ་ཞེ་ན། རྣམ་པར་གྲོལ་བའི་ཆོས་ལྟ་བ་དང་སྒོམ་པ་དང་སྤྱོད་པ་ལ་སོགས་པ་མེད་པས་མི་ཁོམས་པའི་གནས་སུ་འགྲོ་ལ། དམྱལ་བ་ལ་ཚེ་སྔ་ཕྱི་དྲན་པ་ཙམ། ཡི་དྭགས་ལ་བསྔོས་པས་ཚིམ་པ་ཙམ། བྱོལ་སོང་ལ་རིག་པ་ཕྲ་མོའི་ཆོས་ཙམ་སྟོན་པས་ཐུབ་པའི་དབང་པོ་ལ་ཉན་ཅེས་བྱའོ། །དེས་ན་བཤད་རྒྱུད་མདོ་བཅུ་ལས། གཏི་མུག་བྱོལ་སོང་གནས་རིས་སུ། །རིག་པ་ཤེས་པའི་ཆོས་ཀྱང་བསྟན། །སེར་སྣ་ཡི་དྭགས་གནས་རིས་སུ། །མ་ཆགས་ཚིམ་པའི་ཆོས་ཀྱང་བསྟན། །སྡུག་བསྔལ་དམྱལ་བའི་གནས་རིས་སུ། །སྔ་ཕྱི་དྲན་པས་ཞེན་པ་བཟློག །ཅེས་སོ། །དེར་མ་ཟད་མཐོ་རིས་གནས་གསུམ་དུའང་སྐལ་དམན་ལ་བློ་དང་མཐུན་པར་སྟོན་ཏེ། དེ་ཉིད་ལས། ལྷ་དང་ལྷ་མིན་གནས་རིས་སུ། །ཆེ་བ་ང་རྒྱལ་འཇོམས་པར་བསྟན། །ཤེས་པ་མི་ཡི་གནས་རིས་སུ། །དགེ་སྡིག་རྒྱུ་འབྲས་སྡེ་སྣོད་བཤད། །ཅེས་སོ། །འོ་ན་ཆོས་ཚུལ་ཕྲ་མོ་དེ་གསང་སྔགས་ཀྱི་བསྟན་པར་མི་འགྲོའོ་ཞེ་ན། དེ་ནི་བློ་ཆུང་ལ་གསང་སྔགས་བརྒྱུད་ནས་བསྟན་པ་ན་རིམ་གྱིས་བསྟན་པ་ཡིན་ལ། རིག་པ་ཁྱད་པར་ཅན་གྱི་འཁོར་ལ་ནི་ཅིག་ཆར་དུ་སྟོན་པ་སྟེ། ལེའུ་བདུན་པ་ལས། གསང་སྔགས་ཀྱི་ངོ་བོ་དེ་ཕྱིན་ཅི་མ་ལོག་པར་རིམ་གྱིས་དང་ཅིག་ཆར་སྟོན་ཏོ། །ཞེས་སོ། །འོན་ཀྱང་སེམས་ཀྱི་མེ་ལོང་འོད་གསལ་བ། །ཞེས་གསུངས་པས་འགལ་ལོ་ཞེ་ན། དེ་ནི་སེམས་ཀྱི་དཀྱིལ་འཁོར་གཞིར་བཞག་པ་ཡིན་ཏེ། ཐམས་ཅད་དེ་ལས་སྣང་། དེ་ལས་འབྱུང་། དེ་ཡིས་གཏན་ལ་འབེབས་པས་སོ། །གཉིས་པས་འཁོར་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ། ཞེས་པ་ནས། བྱང་ཆུབ་ཆེན་པོ་དག་གོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བུའི་འཁོར་གྱི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ས་མཐོ་དམན་དང་སྐལ་པ་ཆེ་ཆུང་ཡོད་པའི་ཕྱིར་ལྔ་ཕྲག་བཅུ་གསུམ་གྱིས་རྣམ་པར་དབྱེ་བས་བསྟན་ཏེ། འདི་དག་ཐམས་ཅད་ལམ་ལ་གནས་པ་ཤ་སྟག་ཡིན་ལ། དེ་ཡང་ཐུན་མོང་གི་ལམ་དང་ཁྱད་པར་གྱི་ལམ་གཉིས་འདིར་ཐུན་མོང་དུ་བསྟན་ཀྱང་དོན་གྱིས་ཐུན་མོང་མ་ཡིན་པའི་ལམ་དུ་འཇལ་བར་བྱ་སྟེ་གསང་སྔགས་ཉན་པའི་ཕྱིར་རོ། །ལ་ལ་ཞེས་དགར་བའི་ཚིག་བརྗོད་པ་ནི་ནང་རིས་སོ་སོར་འབྱེད་པ་སྟེ་འདུན་པར་བྱེད་པས་བརྒྱུད་ནས་ངེས་པར་འབྱུང་བ་དང་ལྡན་པས་བྱང་ཆུབ་ཀྱི་རིགས་ཅན་དག་གོ། །འདི་རྣམས་ཚོགས་ལམ་འདུན་པ་སེམས་པའི་རྣལ་འབྱོར་ལ་གནས་པའོ། །ལ་ལ་ནི་བསླབ་པས་དོན་ཁོང་དུ་ཆུད་དེ་གོམས་རྟོགས་རྙེད་ནས་མཐོང་ལམ་རག་པས་བྱང་ཆུབ་པ་དག་གོ། །འདི་རྣམས་སྦྱོར་ལམ་རིགས་ཆེན་འབྱེད་པའོ། །ལ་ལ་ནི་སྔར་མ་མཐོང་བའི་དོན་ཇི་ལྟ་བར་མངོན་སུམ་དུ་མཐོང་བས་དོན་དང་ཤེས་རབ་མི་ཕྱེད་པས་བྱང་ཆུབ་སེམས་དཔའ་དག་གོ། །འདི་རྣམས་མཐོང་ལམ་དབུགས་ཆེན་འབྱིན་པའོ། །ལ་ལ་ནི་རྟོགས་པའི་དོན་ལ་ཏིང་ངེ་འཛིན་གྱིས་ཡང་ཡང་གོམས་པས་བདག་དོན་དུ་མི་གཡོ་བ་ཐོབ་ནས་གཞན་དོན་དུ་སྤྲུལ་པ་མང་པོས་གདུལ་བར་མཛད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གོ། །འདི་རྣམས་སྒོམ་ལམ་ལུང་ཆེན་ཐོབ་པའོ། །ལ་ལ་ནི་གོམས་པ་མཐར་ཕྱིན་ནས་ལྟོས་པའི་བྱ་བ་ཡོངས་སུ་རྫོགས་པས་ལྷུན་གྱིས་གྲུབ་པའི་བྱང་ཆུབ་ཀྱི་སེམས་ཤར་བ་བྱང་ཆུབ་ཆེན་པོ་དག་གོ། །འདི་རྣམས་མཐར་ལམ་པ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་ཐོབ་པའོ། །གཉིས་པ་རྒྱས་པར་བཤད་པ་ནི། དེ་བཞིན་དུ་སྐལ་བ་རང་ཐད་དུ་མཉམ་པའི་གཞི་ལམ་ལྔ་ལས་བཏགས་པ་མཚན་གྱི་རྣམ་པ་ཐ་དད་དུ་གྲགས་པ་རྣམས་ནི་འདི་ལྟ་སྟེ་ཞེས་སོ་སོར་བཤད་པ་ལ་རྣམ་གྲངས་བཅུ་གཉིས་ཏེ། ལམ་གྱི་ཡོན་ཏན་གྱི་སྒོ་ནས་བཏགས་པ། དུས་ཀྱི་སྒོ་ནས་བཏགས་པ། དཔེའི་སྒོ་ནས་བཏགས་པ། སེམས་བསྐྱེད་ལུགས་ཀྱི་སྒོ་ནས་བཏགས་པ། སློབ་རིམ་གྱི་སྒོ་ནས་བཏགས་པ། རྒྱུད་དུ་འབྱུང་ལུགས་ཀྱི་སྒོ་ནས་བཏགས་པ། རིགས་ཀྱི་སྒོ་ནས་བཏགས་པ། ལམ་རང་གི་ངོ་བོའི་སྒོ་ནས་བཏགས་པ། ཏིང་ངེ་འཛིན་གྱི་སྒོ་ནས་བཏགས་པ། རྟོགས་ཚུལ་གྱི་སྒོ་ནས་བཏགས་པ། དོན་གྱི་སྒོ་ནས་བཏགས་པ། རིག་འཛིན་གྱི་སྒོ་ནས་བཏགས་པའོ། །དང་པོ་ནི། རྗེས་སུ་ཡི་རང་བ། ཞེས་པ་ནས། ལུང་བསྟན་ཐོབ་པ་དག་དང་། ཞེས་པའི་བར་གྱིས་བསྟན་ཏེ། འདུན་པའི་རྣལ་འབྱོར་དུ་གནས་པས་རྟོགས་པའི་མཐུ་ཁྱད་པར་ཅན་དུ་མ་གྱུར་ཀྱང་གསང་སྔགས་ཐུན་མོང་མ་ཡིན་པའི་དོན་ལ་རྗེས་སུ་ཡི་རང་བས་རྩོལ་བས་སྒྲུབ་པ་རྗེས་སུ་ཡི་རང་བ་དག་དང་། མཉམ་པ་ཆེན་པོའི་ངོ་བོ་གང་དུའང་མི་ཟིན་པའི་དོན་བསྟན་པ་ལ་མི་སྐྲག་ཅིང་མི་སྔངས་པར་གྱུར་པས་མ་སྐྱེས་པའི་ཆོས་ལ་བཟོད་པ་ཐོབ་པ་དག་དང་། ཇི་བཞིན་པ་མཐོང་བའི་ཤེས་རབ་ཀྱི་སྤྱན་དང་ལྡན་པས་ལྟ་ངན་དང་སྒྲིབ་པ་དང་ཉོན་མོངས་པའི་རྡུལ་དང་དྲི་མ་དག་པས་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་དག་དང་། ཡང་ནས་ཡང་དུ་གོམས་པས་མཚན་མ་ལ་སོགས་པར་སླར་མི་ལྡོག་པས་མི་གཡོ་བ་ཐོབ་པ། ཕྱིར་མི་ལྡོག་པའི་ས་ལ་གནས་པ་དག་དང་། བསླབ་པ་མཐར་ཕྱིན་པས་སངས་རྒྱས་ཀྱི་མཚན་དང་ཞིང་ཁམས་ཀྱི་ལུང་བསྟན་ཐོབ་པས་ལུང་བསྟན་པ་ཐོབ་པ་དག་དང་ལྔའོ། །གཉིས་པ་ནི། འདུན་པས་ཕྱོགས་པ། ཞེས་པ་ནས། སྲིད་པ་ཐ་མ་དག་དང་། ཞེས་པའི་བར་གྱིས་བསྟན་ཏེ། ཡང་གཞི་རྣལ་འབྱོར་ལྔ་ལས་ཐ་དད་དུ་སྣང་བ་ནི། བླ་མ་དང་གསང་སྔགས་ལ་འདུན་པའི་རྒྱུས་ཡང་དག་པའི་དོན་ལ་ཕྱོགས་པས་རྣལ་འབྱོར་དང་པོ་པ་འདུན་པས་ཕྱོགས་པ་དག་དང་། ཐེག་པ་ཆེན་པོ་ལ་ཞུགས་ནས་མི་འགྱུར་བའི་དད་པས་དོན་རང་རིག་མཚན་ཉིད་ལ་མོས་ཤིང་རྩལ་སྦྱོང་བས་དད་པས་མོས་པ་དག་དང་། ཆོས་ཇི་ལྟ་བར་མཐོང་བས་དབུགས་ཕྱིན་ནས་ངལ་སོས་པས་བསྟི་གནས་ཐོབ་པ་ཡོངས་སུ་བསྟི་གནས་པ་དག་དང་། སྐྱེ་བ་ཕྱི་མ་ལ་མཛད་པ་མཐར་ཕྱུང་ནས་འཚང་རྒྱ་བ་རྗེ་བཙུན་བྱམས་པ་ལྟ་བུ་སྐྱེ་བ་གཅིག་གིས་ཐོགས་པ་དག་དང་། སྐྱེ་བ་འདི་ཉིད་ཀྱིས་མཛད་པ་མཐར་དབྱུང་ནས་འཚང་རྒྱ་བ་རྒྱལ་བུ་དོན་གྲུབ་ལྟ་བུ་སྲིད་པ་ཐ་མ་པ་དག་དང་ལྔའོ། །གསུམ་པ་ནི། ལམ་དུ་འཇུག་པ་དག་དང་། ཞེས་པ་ནས། གནས་པ་དང་། ཞེས་པའི་བར་གྱིས་བསྟན་ཏེ། ཀུན་གཞིའི་སྐབས་ལྔ་ལས་གཞི་ཉིད་རྒྱུའི་ཀུན་གཞིའི་སྟོབས་ཀྱིས་སེམས་རྒྱུ་གཉིས་དང་རྐྱེན་བཞི་སྟེ་དྲུག་གིས་ལམ་དམ་པ་ལ་འཇུག་པས་ལམ་དུ་འཇུག་པ་དག་དང་། སྦྱོར་བ་འདུན་པའི་ཀུན་གཞིའི་སྟོབས་ཀྱིས་བསླབ་པ་ལ་ཞུགས་ནས་གོང་མ་ལ་སྦྱོར་ཞིང་སྐྱེད་དུ་འགྲོ་བས་འགྲོ་བ་དག་དང་། སྣང་བ་དོན་གྱི་ཀུན་གཞིའི་སྟོབས་ཀྱིས་ཇི་བཞིན་པ་ཉིད་དུ་རིག་ཅིང་འཇལ་བས་ངལ་སོས་ཏེ་འཛིན་པ་དང་བྲལ་ནས་འཇིགས་པ་མེད་པར་གྱུར་པ་ཕྱིན་པ་པ་དག་དང་། འགྱུར་བ་མེད་པའི་ཀུན་གཞིའི་སྟོབས་ཀྱིས་དགོངས་པ་ལས་མི་གཡོ་བར་ཕྱིར་འགྲོ་དོན་ལ་སྤྲུལ་པའི་ལུས་ཀྱིས་སྐྱེ་བ་ཐ་དད་པ་རང་དབང་དུ་བཞེས་པས་ཕྱིར་འོང་བ་དག་དང་། བཙལ་མེད་གནས་པའི་ཀུན་གཞིའི་སྟོབས་ཀྱིས་བྱ་བ་མེད་པར་གནས་པས་གནས་པ་དག་དང་ལྔ་སྟེ་འཇུག་རིམ་ལྔའོ། །བཞི་པ་ནི། སྨོན་པ་དག་དང་། ཞེས་པ་ནས། རྫོགས་པ་པ་དང་། ཞེས་པའི་བར་གྱིས་བསྟན་ཏེ། བྱང་ཆུབ་འདོད་པ་ཤེས་པའི་ཕྱིར་བླ་མ་ལ་དད་ཅིང་གསང་སྔགས་ཀྱི་དོན་རྟོགས་པར་སྨོན་པའི་སེམས་སྐྱེས་པས་སྨོན་པ་དག་དང་། ཆོས་ཀྱི་རྣམ་པ་ཤེས་པའི་ཕྱིར་དེ་ལ་མི་གནས་པར་དད་པ་དང་རྩོལ་བས་ལངས་ཏེ་དོན་རང་གི་མཚན་ཉིད་ལ་སྦྱོར་བར་སེམས་པས་ལྡང་བ་པ་དང་། ལྟ་བས་དོན་ཐམས་ཅད་ཤེས་པའི་ཕྱིར་དོན་ལ་རིག་པ་གཉིས་མེད་དུ་འཇུག་པའི་སེམས་ཀྱིས་མི་ཕྱེད་པར་ངེས་པས་འཇུག་པ་པ་དང་། ལམ་ཡོངས་སུ་ཤེས་པའི་ཕྱིར་དེ་བཞིན་ཉིད་ལས་མི་གཡོ་བའི་གཉིས་མེད་ཀྱི་ཏིང་ངེ་འཛིན་ལ་གནས་པའི་སེམས་ཀྱིས་གནས་པ་པ་དང་། ཤེས་པ་ཆེན་པོ་མཐར་ཐུག་པའི་ཡེ་ཤེས་མངའ་བའི་ཕྱིར་བསླབ་པ་རྫོགས་ཏེ་མཐར་ཕྱིན་པའི་སེམས་ཀྱིས་རྫོགས་པ་པ་དང་ལྔ་སྟེ་སེམས་ལྔའི་རིམ་པའོ། །ལྔ་པ་ནི། རྩོལ་བ་པ་དང་། ཞེས་པ་ནས། མངོན་དུ་གྱུར་པ་བ་དང་། ཞེས་པའི་བར་གྱིས་བསྟན་ཏེ། ལས་སྦྱོང་བའི་བསྟི་གནས་ཚོགས་གཉིས་ཀྱིས་བསྡུས་པའི་བསླབ་པ་ལ་སྒོ་གསུམ་གྱིས་རྩོལ་བས་རྩོལ་བ་པ་དང་། བསླབ་པ་སྦྱོང་བའི་བསྟི་གནས་བསླབ་པའི་མཐའ་བཅུ་ལ་མི་འབྲལ་བར་སློབ་པས་སློབ་པ་པ་དང་། མཚན་མའི་རྒྱུད་སྦྱོང་བའི་བསྟི་གནས་བདེན་པ་མཐོང་བའི་ཕྱིར་ཟག་བཅས་ལ་མི་སློབ་པས་མི་སློབ་པ་པ་དང་། སྒྱུ་མས་སྦྱོང་བའི་བསྟི་གནས་བསླབ་པ་རྣམས་སྣང་ལ་རང་བཞིན་མེད་པར་རྟོགས་པའི་ཏིང་ངེ་འཛིན་ཡང་ནས་ཡང་དུ་སྒོམ་པའི་ཕྱིར་གོམས་པ་པ་དང་། ཡེ་ཤེས་རྩལ་གྱི་བསྟི་གནས་རྡོ་རྗེ་ལྟ་བུའི་གཉིས་མེད་ཀྱི་དོན་ཆུབ་པའམ། མི་ཟད་པ་རྒྱན་གྱི་འཁོར་ལོ་རང་རིག་པས་མངོན་དུ་གྱུར་བ་པ་དང་ལྔ་སྟེ་བསྟི་གནས་ལྔའོ། །དྲུག་པ་ནི། རྒྱུད་དུ་འབྱུང་བ་པ་དང་། ཞེས་པ་ནས། རྒྱལ་ཚབ་པ་དང་། ཞེས་པའི་བར་གྱིས་བསྟན་ཏེ། གཡོ་བའི་སེམས་ཀྱིས་བསླབ་པ་ལ་འབད་པས་སེམས་བསྐྱེད་པའི་རིགས་ཅན་ཡིན་པའི་ཕྱིར་རྒྱུད་དུ་འབྱུང་བ་པ་དང་། ནན་ཏན་དང་དོན་ལ་ཡིད་ཆེས་པས་བྱང་ཆུབ་པའི་རིགས་སུ་ངེས་པ་ཡིན་པའི་ཕྱིར་རིགས་སུ་ངེས་པ་དང་། བདེན་དོན་མཐོང་བས་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར་ཆོས་སུ་ཤེས་པ་དང་། བྱང་ཆུབ་རྣམ་གཉིས་ལ་གནས་ཏེ་མཉམ་པར་བཞག་སྟེ་བསྒོམས་པས་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པའི་ཕྱིར་ཆོས་ལུགས་པ་དང་། སྐུ་བཞིའམ་ལྔའི་འཁོར་དུ་གྱུར་པའི་བྱང་ཆུབ་ཆེན་པོ་ཡིན་པས་ཉེ་འཁོར་ལ་ཆོས་སྟོན་ནུས་པའི་ཕྱིར་རྒྱལ་ཚབ་པ་དང་ལྔ་སྟེ་བྱང་ཆུབ་ལྔའོ། །བདུན་པ་ནི། རིགས་ཐམས་ཅད་པ་དང་། ཞེས་པ་ནས། རིགས་གསུམ་པ་བཞི་པ་ལྔ་པ་དང་། ཞེས་པའི་བར་གྱིས་བསྟན་ཏེ། འགྱུར་དབང་མ་ངེས་པའི་ས་པ་ས་བོན་ནམ་རས་བལ་དང་འདྲ་བར་དོན་ལ་ངེས་པ་མ་རྙེད་པས་གང་དུའང་འགྱུར་དུ་བཏུབ་པའི་ཕྱིར་རིགས་ཐམས་ཅད་པ་དང་། མྱུ་གུའམ་སྣམ་བུ་དང་འདྲ་བར་དོན་ལ་ངེས་པར་ཞུགས་པས་ངན་སོང་དུ་མི་འཆོར་བའི་ཕྱིར་གཟུངས་སྔགས་པ་དང་། འདབ་མའམ་བཀྲུ་བཅག་ལྟ་བུར་སྦྱངས་པས་དོན་མཐོང་བས་འཁོར་བར་མི་ལྡོག་པའི་ངེས་པ་ཐོབ་པའི་ཕྱིར་རིག་སྔགས་པ་དང་། མེ་ཏོག་གམ་འཇེན་ཚུར་ལྟར་གོམས་པས་འབྲས་བུར་བྱེད་པའི་དོན་མཐོང་དཀའ་བའི་ཕྱིར་གསང་སྔགས་པ་དང་། འབྲས་བུ་དང་ཆོས་ཀྱི་ཁ་དོག་ཏུ་འགྱུར་བ་དང་འདྲ་སྟེ། ཀྲི་ཡའི་རིགས་གསུམ་པ་དང་། ཨུ་པས་རིགས་བཞི་པ་དང་། རྣལ་འབྱོར་དང་ནང་པས་རིགས་ལྔ་པའི་ཡོན་ཏན་མང་པོ་ལྡན་པའི་ཕྱིར་རམ་ཡང་ན་རིགས་འདི་དག་གི་རྒྱལ་ཚབ་བྱེད་པས་རིགས་གསུམ་པ་བཞི་པ་ལྔ་པ་དང་ལྔ་སྟེ་ས་ལྔའོ། །བརྒྱད་པ་ནི། ཚོགས་པ་པ་དང་། ཞེས་པ་ནས། མཐར་ཕྱིན་པ་པ་དང་། ཞེས་པའི་བར་གྱིས་བསྟན་ཏེ། འབད་རྩོལ་གྱིས་ལམ་མཐར་ཕྱིན་པར་བྱེད་པའི་ཕྱིར་ཚོགས་པ་པ་དང་། བསླབ་པ་མཐར་ཕྱིན་ནས་མཐོང་ལམ་ལ་སྦྱོར་བའི་ཕྱིར་སྦྱོར་བ་པ་དང་། ཟག་མེད་ཀྱི་བདེན་པ་མཐོང་བ་མཐར་ཕྱིན་པའི་ཕྱིར་མཐོང་བ་པ་དང་། ཏིང་ངེ་འཛིན་གྱིས་དེ་བཞིན་ཉིད་ལ་གོམས་པ་མཐར་ཕྱིན་པའི་ཕྱིར་བསྒོམ་པ་བ་དང་། ལམ་གཞན་ལ་བགྲོད་དུ་མེད་པས་གྲུབ་པ་མཐར་ཕྱིན་པའི་ཕྱིར་མཐར་ཕྱིན་པ་པ་དང་ལྔ་སྟེ་མཐར་ཕྱིན་ལམ་ལྔའོ། །དགུ་པ་ནི། འདུན་པའི་རྣལ་འབྱོར་པ་དང་། ཞེས་པ་ནས། རྩལ་ཆེན་རྫོགས་པའི་རྣལ་འབྱོར་པ་དང་། ཞེས་པའི་བར་གྱིས་བསྟན་ཏེ། ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་ལྟ་བ་ཆོས་ཉིད་ལ་འདུན་པར་གནས་པ་འདུན་པའི་རྣལ་འབྱོར་པ་དང་། འཕྲོ་འདུ་གཅིག་པའི་ཏིང་ངེ་འཛིན་ཐོབ་པས་ཡང་དག་པའི་རིགས་སུ་འགྲོ་བའི་ཕྱིར་རིགས་ཆེན་འབྱེད་པའི་རྣལ་འབྱོར་པ་དང་། ཡོངས་སུ་མི་ལྡོག་པའི་ཏིང་ངེ་འཛིན་ཐོབ་པས་དབུགས་དང་པོ་ཕྱིན་པ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་པ་དང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པས་རྒྱལ་བའི་བཀའ་ལུང་ཐོབ་པ་ལུང་ཆེན་ཐོབ་པའི་རྣལ་འབྱོར་པ་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཐོབ་པས་བདག་གཞན་གྱི་བྱ་བ་རྫོགས་པར་བྱེད་པས་རྩལ་ཆེན་རྫོགས་པའི་རྣལ་འབྱོར་པ་དང་ལྔ་ནི་ཏིང་ངེ་འཛིན་ལྔའོ། །བཅུ་པ་ནི། ཚིག་གི་ཚོགས་པ་དང་། ཞེས་པ་ནས། གསང་སྔགས་ཀྱི་ངོ་བོ་ཉིད་ལ་འཇུག་གོ། །ཞེས་པའི་བར་གྱིས་བསྟན་ཏེ། བསླབ་བྱ་ཡུལ་དུ་བྱས་ནས་ཚིག་དང་སྒྲ་ལ་སློབ་པའི་ཕྱིར་ཚིག་གི་ཚོགས་པ་དང་། དོན་ལ་མི་འགྱུར་བར་རྟོགས་ནས་ཡི་གེ་འཕྲོ་འདུ་ལ་གནས་པའི་ཕྱིར་ཡི་གེའི་ཚོགས་པ་དང་། བཏགས་པ་ཙམ་དུ་རྟོགས་པས་ཐམས་ཅད་མིང་ཙམ་ལས་ངོ་བོ་མེད་པར་ཤེས་པའི་ཕྱིར་མིང་གི་ཚོགས་པ་དང་། བརྡ་དང་ཏིང་ངེ་འཛིན་གྱིས་གྲོལ་བའི་ཕྱིར་བརྡའི་ཚོགས་པ་དང་། དབྱིངས་དང་ཡེ་ཤེས་ཐ་སྙད་ཙམ་ལས་ངོ་བོ་གཉིས་མེད་ཐུགས་སུ་ཆུད་པས་བྱང་ཆུབ་སེམས་ཀྱི་དོན་དུ་འཇལ་བའི་ཕྱིར་ཐ་སྙད་ཀྱི་ཚོགས་པ་ལ་སོགས་པ་ཤེ་དག་གོ། །དེ་དག་ལས་སྤྱོད་ཡུལ་གྱི་གཞི་གསུམ་པ་མཐོང་ལམ་ནི་གསང་སྔགས་ཀྱི་ངོ་བོ་ཉིད་ལ་འཇུག་གོ་ཞེས་གསུངས་པ་ནི། མཐོང་བ་མཐར་ཕྱིན་པ་བདེན་པ་མཐོང་བའི་སྐབས་ལས་བཏགས་ཀྱི་དབུགས་མཐའ་མར་ཕྱིན་པ་ནི་མ་ཡིན་ནོ། །དེ་རྣམས་ནི་ཚོགས་པ་ལྔའོ། །བཅུ་གཅིག་པ་ནི། སྤྱོད་པ་དང་། ཞེས་པ་ནས། ཡོངས་སུ་རྫོགས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཚོགས་ལ་གནས་པས་ལུས་ངག་གི་སྤྱོད་པ་གཙོ་བོར་བྱེད་པའི་ཕྱིར་སྤྱོད་པ་དང་། མོས་པས་ཤེས་རབ་དང་ཏིང་ངེ་འཛིན་ལ་གནས་པའི་ཕྱིར་གནས་པ་དང་། དེས་རང་དོན་དུ་རང་རིག་པའི་མངོན་སུམ་དུ་མཐོང་བའམ་ཐོས་པའི་ཕྱིར་ཐོབ་པ་དང་། གཞན་དོན་དུ་བྱང་ཆུབ་ཀྱི་ཐབས་སྤྲོ་བར་སེམས་པའི་ཕྱིར་ཕྱིར་ལྟ་བ་དང་། བསླབ་པ་མཐར་ཕྱིན་པར་རྫོགས་པའི་ཕྱིར་ཡོངས་སུ་རྫོགས་པའོ། །དེ་རྣམས་ནི་དོན་གྱི་ཆོས་ལྔའོ། །བཅུ་གཉིས་པ་ནི། དེ་ཀུན་ཏུ་སྒྲ་ལ་གནས་པ་དང་། ཞེས་པ་ནས། ལྷུན་གྱིས་གྲུབ་པར་གྱུར་པ་འབའ་ཞིག་གོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་རྣལ་འབྱོར་ལྔའི་ལམ་ལ་གནས་པའི་སྐབས་ཀུན་ཏུ་རིག་པ་འཛིན་པ་ལྔར་འགྱུར་ཏེ། མཚན་མ་ཚིག་གི་རྣལ་འབྱོར་པ་དོན་ཡིད་ལ་བྱེད་པ་ཙམ་སྟེ་སར་ཆུད་པ་པ་ཚིག་གི་ཚོགས་པས་སྒྲ་ལ་གནས་པ་དང་། རིགས་སུ་ངེས་པས་རྣལ་འབྱོར་གཉིས་ལ་རྩོལ་ཞིང་གནས་པས་ས་ལ་གནས་པའི་རིག་འཛིན་ཐོབ་པ་ས་ལ་གནས་པ་དང་། དོན་རྟོགས་པས་འཇིགས་པ་ལྔ་སྤང་བའི་ཕྱིར་ཚེ་ལ་དབང་ཐོབ་པས་ཚེའི་རིག་འཛིན་ནི་ཚེ་ལ་གནས་པ་དང་། ལུང་ངེས་པར་ཐོབ་སྟེ་རྣལ་འབྱོར་ལ་གནས་པས་མཚན་དང་དཔེ་བྱད་ཀྱི་སྐུ་མཆོག་མངོན་དུ་སྣང་བའི་ཕྱིར་ཕྱག་རྒྱ་ཆེན་པོ་དང་། བསླབ་པ་མཐར་ཕྱིན་ཏེ་སྐད་ཅིག་སྔ་ཕྱིར་རག་ལས་པ་ཙམ་ལས་རྩོལ་བ་མེད་པའི་ཕྱིར་མི་ཟད་པ་རྒྱན་གྱི་འཁོར་ལོ་ཅི་མངའ་བ་ཐོབ་སྟེ་ལྷུན་གྱིས་གྲུབ་པར་གྱུར་པ་འབའ་ཞིག་གོ། །དེ་ལྟར་འཁོར་ལྔ་ཕྲག་བཅུ་གསུམ་པོ་དེ་རྩ་བ་ལམ་ལྔ་རུ་འདུས་ལ་མཚོན་ཚུལ་ཐ་དད་དུ་བསྟན་པ་སྟེ། དཔེར་ན་མི་ལྔ་ལ། ཞྭའི་ངོས་ནས་ཐང་ཞུ་ཅན་ལྔ་ཞེས་བྱ། གོས་ཀྱི་ངོས་ནས་རས་ཕྲུག་ཅན་ལྔ་ཞེས་བྱ། ཡུལ་གྱི་ངོས་ནས་གཙང་པ་ལྔ། ཆོས་ཉན་པའི་ངོས་ནས་གྲྭ་པ་ལྔ་ཞེས་པ་ལྟ་བུ་དང་འདྲའོ། །འདིར་གཞི་ལྔ་ལས་ནང་རིས་དེ་དག་ཏུ་ཕྱེ་ཞིང་བསྟན་ཅི་དགོས་ལྔ་ཕྲག་གཅིག་གིས་ཆོག་མོད་ཅེ་ན། དེ་ནི་མདོ་སྔགས་ཀྱི་གྲགས་ལུགས་དང་སངས་རྒྱས་ཀྱི་ཞིང་ཐ་དད་པའི་ཕྱིར་དོན་གཅིག་ལ་སྒྲ་ཐ་དད་པར་ཤེས་པར་བྱ་བའི་ཕྱིར་བཀོད་པའོ། །འོན་ཀྱང་འདི་རྣམས་ནི་རྒྱུད་འདི་ཉིད་ཀྱི་ལམ་ལ་གནས་པ་རྣམས་ལ་མཚན་ཐ་དད་དུ་བསྟན་པར་འཇལ་ཏེ་ལམ་པ་དེ་དག་ལ་གསང་སྔགས་དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བས་ས་ནས་སར་འཕར་བར་བྱེད་པའི་ཁྱད་པར་གྱི་བསྟན་པས་སོ། །དེ་རྣམས་སྐུ་གསུམ་དང་སྦྱར་ན། ཚོགས་སྦྱོར་མཐོང་ལམ་པ་གསུམ་ནི་སྤྲུལ་སྐུའི་འཁོར་རོ། །སྒོམ་ལམ་པ་ནི་ལོངས་སྐུའི་འཁོར་རོ། །མཐར་ལམ་པ་ནི་ཆོས་སྐུའི་འཁོར་ཏེ། དེ་ཡང་ཕལ་ཆེ་བའི་དབང་དུ་སྨོས་ཀྱི་རྒྱ་ཆད་པ་མེད་པར་ཤེས་པར་བྱའོ། །གསུམ་པ་བྱེ་བྲག་གི་མཇུག་བསྡུ་བ་ནི། དེ་ལྟར་ན་འཇིག་རྟེན་གྱི་ཁམས། ཞེས་པ་ནས། ཡོངས་སུ་གྲགས་ཤིང་རྣམ་པར་སྣང་ངོ་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ན་འཇིག་རྟེན་གྱི་ཁམས་ཐ་དད་པའི་གནས་རིས་ཇི་སྙེད་པ་བསམ་གྱིས་མི་ཁྱབ་པའི་འཛམ་བུའི་གླིང་ཐ་དད་པ་བྱེ་བ་བསམ་གྱིས་མི་ཁྱབ་པའི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་དང་བཅས་པ་མཐའ་ཡས་པར་སྣང་བ་རྣམས་སུ་འཇིག་རྟེན་གྱི་སྒྲོན་མ་སྟོན་པ་ཐུབ་པའི་དབང་པོ་འཆད་པའི་སྐྱེས་བུ་དང་བཅས་པ་དེ་སྙེད་དུ་བྱུང་ནས་བྱེ་བ་མཐའ་ཡས་པར་ཤར་བ་དེ་དག་ཀྱང་འཁོར་བ་ཐོག་མ་དང་ཐ་མ་མེད་པར་བརྗོད་ཀྱིས་མི་ལང་བའི་ཞིང་ཁམས་རྣམས་སུ། བསྐལ་པ་ཐོག་མ་དང་ཐ་མ་མེད་པ་བརྗོད་ཀྱིས་མི་ལོང་བའི་སྐབས་དོན་ལ་མེད་བཞིན་དུ་སྣང་བ་དེ་དག་ལ་རྟག་པར་རྒྱུན་གྱི་འཁོར་མོར་ཡང་ནས་ཡང་དུ་རྒྱུན་མི་འཆད་པར་འབྱུང་ཞིང་། བསྟན་པ་ཆོས་ཀྱི་འཁོར་ལོ་བསྐོར་ནས་སྒྲོན་མའི་བྱ་བ་བྱས་པས་ལྷ་མིའི་འཇིག་རྟེན་གྱི་གདུལ་བྱའི་གཙོ་བོ་རྣམས་ཀྱི་རྒྱུད་ལ་སྒྲིབ་པའི་མ་རིག་པའི་ལིང་ཏོག་གི་མུན་པ་མཐའ་དག་བསལ་ནས་རིམ་དང་ཅིག་ཆར་གྱིས་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་རྟོགས་པར་བྱས་ཏེ་སྐུ་དངོས་ཀྱི་མཛད་པ་ཐམས་ཅད་རྫོགས་པ་ན་དངོས་པོ་ལ་ནུབ་པ་མེད་ཀྱང་གདུལ་བྱའི་ངོ་བོ་སྤྲུལ་པའི་སྐུ་དེ་དག་ཉི་ཟླའི་དཀྱིལ་འཁོར་ནུབ་པ་ལྟར་སྐུ་ཡོངས་སུ་མྱ་ངན་ལས་འདའོ་ཞེས་དུས་སྔ་ཕྱིར་ཞིང་དེ་དག་ཏུ་ཐམས་ཅད་ནས་ཐམས་ཅད་དུ་ཡོངས་སུ་གྲགས་ཤིང་གདུལ་བྱའི་ངོ་ལའང་རྣམ་པར་སྣང་ངོ་། །དེ་ལྟ་བས་ན་ཞིང་འདིར་ཐུབ་པའི་དབང་པོ་མྱ་ངན་ལས་འདའ་བའི་སྒྲ་དང་འདས་པ་ལྟར་སྣང་བའང་དུས་འཁོར་མོར་འབྱུང་བའི་སྐབས་གཅིག་བཟུང་བ་ཡིན་ནོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཐེག་པ་ཆེ་ཆུང་དང་གསང་སྔགས་ཐུན་མོང་གི་བཅས་གཞིར་གྱུར་པའི་བྱིན་རླབས་འབྱུང་བ་དང་ལུང་བསྟན་བརྒྱུད་པའི་གཏན་ཚིགས་བྱུང་ཁུངས་བསྟན་པས་གཉིས་ཀའི་གླེང་གཞིའི་སྐབས་བཤད་པའི་ལེའུ་སྟེ་དང་པོའོ། །ཞེས་དཔེར་ན་གོས་དང་འདྲ་བར་དོན་གྱི་ཚོམས་རྣམས་སོ་སོར་མ་འདྲེས་པར་སྟོན་པའི་ཕྱིར་ལེའུ་སྟེ་དེའི་ཐོག་མའི་གྲངས་ཀྱི་དོན་གསལ་བར་བཀྲོལ་བའོ། །མདོའི་ཀ་བ་ལྷ་རྗེ་ཡང་ཁྱེད་བླ་མས་སྐུ་ལྔའི་གླེང་གཞི་དང་སྦྱར་བར་གསུངས་པ་ནི། བྱིན་རླབས་འབྱུང་བའི་དངོས་དོན་ཏེ་གླེང་གཞི་འགའ་ཞིག་འོག་ནས་འབྱུང་བ་ནི་རྒྱུད་དཀྲུག་པ་ཡིན་ལ་ལུང་བསྟན་བརྒྱུད་པའི་གཏན་ཚིགས་བྱུང་ཁུངས་ཀྱི་གླེང་གཞིར་ངེས་པས་བྱེ་བྲག་གི་གླེང་སློང་དང་རྩ་རྒྱུད་ལེའུ་གཉིས་པས་སྟོན་པས་ཤིན་ཏུ་གནད་ཆེའོ།། །།གཉིས་པ་རྐྱེན་གླེང་བསླང་བ་ལ་གཉིས་ཏེ། སྟོན་པས་མདུན་བསུས་ཏེ་གླེང་བསླང་བ། འཁོར་གྱིས་གུས་པས་དྲིས་ཏེ་གླེང་བསླང་བའོ། །དང་པོ་ལ་གསུམ་སྟེ། སྟོན་པས་འཁོར་སྡུས་ཤིག་པར་བསྐུལ་བ། འཁོར་གྱིས་བསྡུས་པས་འདུས་པ། སྟོན་པས་ཐེ་ཚོམ་ཆོད་ཅིག་པར་གདམས་པའོ། །དང་པོ་ནི། དེ་ནས་ཇི་ལྟར། ཞེས་པ་ནས། ཞེས་གསུངས་པ་དང་། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་སྤྱིར་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ལ། བློ་ཆུང་ལ་དྲང་དོན་ཤས་ཆེ་ཞིང་བློ་ཆེ་བ་ལ་ངེས་དོན་ཤས་ཆེའོ། །དེ་ནས་ཐུན་མོང་ཕྱོགས་གཅིག་གི་ལུང་བསྟན་བརྒྱུད་པའི་བསྟན་པ་བཤད་རྒྱུད་ཀྱིས་གསལ་བར་སྟོན་ཅིང་ཡོངས་སུ་གྲགས་པར་འགྱུར་བའི་གླེང་གཞིའི་རྒྱུའི་རྒྱུ་ཡང་ཤེས་པར་བྱ་བའི་ཕྱིར་རྩ་བའི་རྒྱུད་གདམས་ངག་ཞལ་ཆེམས་ཀྱི་ཚུལ་དུ་བཀའ་སྩལ་ཏེ་སྐུ་མྱ་ངན་ལས་འདའ་བའི་ཚུལ་འཆད་དེ་གླེང་གཞི་བསྟན་པ་དེ་ནས་སྤྲུལ་པའི་སྐུ་ལ་དོན་ལ་འཆར་ནུབ་མེད་ཀྱང་གདུལ་བྱའི་ངོ་ལ་འཆར་ནུབ་ལྟར་སྣང་བ་ཉི་ཟླའི་དཔེས་ཇི་ལྟར་བྱུང་བའི་ཚུལ་བསྟན་པའི་སྔ་མའི་ལོ་རྒྱུས་དེ་ལྟར་ཆ་གཅིག་བཟུང་སྟེ་ཉེ་བར་སྟོན་པར་འབྱུང་བ་འདི་ལྟར་དུག་གསུམ་ལས་སེམས་མི་འཕྲོ་བས་མི་མཇེད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སྒྲོན་མའི་ཞིང་འདི་ན་བཞུགས་པའི་སྟོན་པ་རྡོ་རྗེ་ལྟར་སྐུ་ཤིན་ཏུ་སྲ་ཞིང་བདུད་ཀྱི་དཔུང་བཅོམ་པས་ཐུབ་པའི་དབང་པོ་ཤཱཀྱ་སེང་གེ་དེ་ཉིད་ཉི་ཟླའི་དཀྱིལ་འཁོར་ཤར་བ་ལྟར་སྐྱེ་རྒུའི་བྱེ་བྲག་མི་རྣམས་ཀྱི་ཚེ་ལོ་བརྒྱ་པ་འདི་ལ་སྤྲུལ་པའི་སྐུར་བྱུང་སྟེ་ཡུན་ཧ་ཅང་ཡང་མི་རིང་བ་ལོ་བརྒྱད་ཅུ་རྩ་གཉིས་ཀྱི་གྲངས་ཚད་ཞིག་ཏུ་གདུལ་བྱ་དང་མཐུན་པར་བཞུགས་ཏེ། ལེ་ལོ་ཅན་བརྩོན་འགྲུས་ལ་བསྐུལ་བ་དང་རྟག་པར་རེ་བ་སུན་དབྱུང་བའི་ཕྱིར་རྡོ་རྗེ་ལྟ་བུའི་སྐུ་མཆོག་ཉི་ཟླ་ནུབ་པ་ལྟར་འཇིག་རྟེན་དུ་མི་སྣང་བར་ཡོངས་སུ་མྱ་ངན་ལས་འདའ་བར་དགོངས་ནས། རྒྱ་གར་གྱི་ཡུལ་ལི་ཙ་བྱི་གྱད་ཡིན་པས་སྐུ་གདུང་བགོས་ན་བར་ཆད་མི་འོང་བས་གྲོང་ཁྱེར་ཡངས་པ་ཅན་ཞེས་བྱ་བར་འཁོར་རྣམ་པ་བཞི་ལ་སོགས་པ་མང་པོ་དང་ཐབས་གཅིག་ཏུ་བཞུགས་པར། དབྱར་གྱི་ངོ་བོ་ཟླ་བ་གསུམ་འདས་ནས་སྟོན་ཟླ་ར་བའི་ཉ་ལ་ཡོངས་སུ་འདའ་བས་འཇིག་རྟེན་གྱི་སློབ་མ་ལ་བསྟན་པ་གདམས་ངག་གསུམ་ཞལ་ཆེམས་སུ་བཞག་པའི་སླད་དུ་ཐུན་མོང་གི་འཁོར་འདུས་པ་ཉན་ཐོས་རྣམས་ཀྱི་ནང་ནས་ཁྱད་པར་གྱི་འཁོར་རྫུ་འཕྲུལ་ཆེར་སྤྱོད་པ་མོའུ་གལ་གྱི་བུ་ཆེན་པོ་ལ་འཁོར་བསྡུ་བར་བཀའ་སྩལ་པ། རྫུ་འཕྲུལ་ཅན་ཁྱོད་དེང་བའམ་སོང་ལ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། ངའི་སློབ་མ་གང་དག་འཁོད་པ་སངས་རྒྱས་པའི་གྲུབ་མཐའ་འདི་པར་ཕྱོགས་ཤིང་ངའི་བཀའ་ལ་མོས་པ་དག་གང་ཇི་སྙེད་ཞིག་ཡོད་པ་རྣམས་བསྡུས་ཤིག །སྤྱན་སྔར་འདུས་པའི་བློ་ལ་ངེས་པར་བཞག་པར་བྱ་བ་གདམས་ངག་དག་ཡོད་དོ། །ཞེས་གསུངས་ཏེ་ཞལ་ཆེམས་བོར་བར་བཀའ་སྩལ་པ་དང་། ཞེས་སོ། །གཉིས་པ་ནི། རྫུ་འཕྲུལ་ཅན་དེས། ཞེས་པ་ནས། གཞན་ཐམས་ཅད་འདུས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་རྫུ་འཕྲུལ་ཅན་དེས། ཡུང་དཀར་བསྐོར་བའི་ཡུན་ཙམ་གྱིས་ཆོས་ཀྱི་སྐད་ཅིག་གིས་ཀུན་གྱིས་གོ་བར་ནུས་པའི་ངག་གི་རྫུ་འཕྲུལ་གྱིས་ཚིག་བཞི་བསྒྲགས་ནས་ཐམས་ཅད་བསྡུས་པ་ནི་འདི་ལྟ་སྟེ། རྒྱལ་བའི་གདུལ་ཞིང་དུ་གྱུར་པའི་རིགས་དྲུག་གི་གནས་ན་གདུལ་བར་བྱ་བ་གང་སུ་དག་ཆོས་འདི་པར་ངེས་ཤིང་དོན་རྟོགས་པ་ལ་མོས་པས་ཕྱོགས་པ་ཀུན་གྱིས་ཉོན་ཅིག །དེང་འདིར་རྒྱལ་བ་ཐུབ་པའི་དབང་པོས་ཞི་གནས་དང་ལྷག་མཐོང་དང་ཟུང་དུ་འབྲེལ་བའི་བདུད་རྩི་གསུམ་ཞལ་ཆེམས་སུ་འཇོག་གིས། ཞི་གནས་ཀྱིས་ཞེ་སྡང་། ལྷག་མཐོང་གིས་གཏི་མུག །ལས་ཀྱི་མཐས་འདོད་ཆགས་ཏེ་དུག་གསུམ་འཇོམས་པར་འདོད་པ་ཀུན་འདུས་པར་གྱིས་ཤིག །དེ་སྐད་ཅེས་བསྒྲགས་པས། དམ་པའི་རིགས་ཅན་རྣམ་པ་ལྔ་འདུ་བ་ལ་མ་གཏོགས་པ་ནི་འདི་ལྟ་སྟེ། ཆོས་ཉིད་ཟབ་མོ་བསྒོམས་པས་སྔགས་ཀྱི་བསམ་གཏན་ཆེན་པོའི་ནང་དུ་ཡང་དག་པར་མཉམ་པར་འཇོག་པ་ཐེག་པ་ཆེན་པོར་རིགས་ངེས་པས་བསྐུལ་བ་ཆེན་པོ་ལང་ཀའི་མངའ་བདག་བློ་གྲོས་ཐབས་ལྡན་དང་། ལ་སོགས་པ་ཞེས་ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་ཡོད་པས་འཇོག་པོ་སྟེ་བློ་གྲོས་རྒྱ་མཚོ་དང་། ཚངས་པ་དུང་གི་གཙུག་ཕུད་ཅན་བློ་གྲོས་མཐའ་ཡས་དང་། གནོད་སྦྱིན་སྐར་མདའ་གདོང་བློ་གྲོས་དད་སེལ་དང་། དགེ་བསྙེན་དྲི་མ་མེད་པར་གྲགས་པ་བློ་གྲོས་རབ་ཞི་དང་ལྔ་ནི་སྟོན་པ་ལ་སྐྱེ་འཇིག་མེད་པར་མཁྱེན་པས་སྤྱན་སྔར་མ་འདུས་ཏེ། དེ་ལྔ་ལས་གཞན་པའི་འཁོར་ཐུན་མོང་བ་ཐམས་ཅད་རྒྱལ་བ་འདའ་བའི་ཞལ་ཆེམས་འབྱུང་བར་གོ་ནས་འདུས་པར་གྱུར་ཏོ། །གསུམ་པ་ནི། དེ་ནས་འདུས་པ། ཞེས་པ་ནས། བཀའ་སྩལ་པ་དང་། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་འདུས་པ་དེ་དག་ལ་སྟོན་པས་བཀའ་སྩལ་པ། ཀྱེ་ཞེས་བོས་ནས་ཞལ་བསྐྱུངས་པ་དང་རང་བཞིན་ལ་དགོངས་ཏེ་གྲོགས་པོ་དག་ཤེས་པར་གྱིས་ཤིག །འཁོར་བའི་ཆོས་ཐམས་ཅད་ནི་བྱས་པའི་ཕྱིར་མི་རྟག་པའོ། །འབྱོར་པ་ཐམས་ཅད་ནི་མཐར་རྒུད་པའོ། །རྒྱུ་རྐྱེན་ལས་སྐྱེས་པའི་དངོས་པོ་ཐམས་ཅད་ནི་ངེས་པར་འཇིག་པའོ། །གདུལ་བྱ་གང་ཟག་གི་སྲོག་གི་དབང་པོ་ལ་སྐྱེ་ཤི་ཡོད་པའི་ཕྱིར་གདུལ་བྱའི་སྣང་བ་དང་མཐུན་པར་ཐུབ་པ་ང་ཡང་ཡོངས་སུ་མྱ་ངན་ལས་འདའ་བས་འཁོར་སུ་དག་རང་རང་གི་ཐེ་ཚོམ་མ་ཆོད་པ་རྣམས་འདིར་དྲི་བར་བྱོས་ལ་ཐེ་ཚོམ་ཆོད་པར་གྱིས་ཤིག །དེ་སྐད་ཅེས་བཀའ་སྩལ་པ་དང་། ཞེས་པའོ། །གཉིས་པ་ལ་གཉིས་ཏེ། ཞུ་བའི་ཆ་ལུགས་དང་། ཞུ་བ་དངོས་སོ། །དང་པོ་ནི། འཁོར་དེར་འདུས་པར་གྱུར་པ། ཞེས་པ་ནས། འདི་སྐད་ཅེས་གསོལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་འཁོར་དེར་འདུས་པར་གྱུར་པ་རིག་འཛིན་གྱི་རྒྱལ་པོ་དྲང་སྲོང་ཀུཉྫ་ར་ཞེས་བྱ་བ་ཐུན་མོང་ལྟར་ན་ཀུན་དགའ་བོ་དང་། ཐུན་མིན་ལྟར་ན་ཕྱག་ན་རྡོ་རྗེ་ཡིན་ལ། དེ་ཉིད་རང་གི་སྟན་ལས་ལངས་ཏེ། གྱེན་དུ་ལྟ་བ་དང་། འཇིགས་པ་མེད་པ་དང་། ཟིལ་གྱིས་གནོན་པ་དང་། བག་དང་ལྡན་པ་བཞིའི་སྒོ་ནས་སེང་གེའི་ལྟ་སྟངས་ཀྱི་ཚུལ་གྱིས་སྟོན་པའི་ཞལ་དུ་བལྟས་ནས་ཚིག་འདི་སྐད་ཅེས་གསོལ་ཏོ། །ཞེས་པའོ། །གཉིས་པ་ལ་ལྔ་སྟེ། སྔར་མདོ་ལས་གསང་སྔགས་མ་གསུངས་པས་ཕྱིས་ཇི་ལྟར་འབྱུང་ཚུལ་དོན་གྱིས་ཞུས་པ། གདམས་ངག་གསུམ་ཞུས་པ། རྣམ་ཐར་གྱི་ཐེག་པ་བསྡུ་ལུགས་ཞུས་པ། སྟོན་པ་འདས་ནས་སྒྲོན་མར་གང་འོས་ཞུས་པ། ལོག་ལྟ་ཚར་གང་གིས་གཅོད་ཞུས་པའོ། །དང་པོ་ནི། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །ཞེས་པ་ནས། ངེས་པའི་ཐེག་ཆེན་ཡོང་མ་གསུངས། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་ཁྱོད་ཀྱི་ངོ་བོ་ནི་ནམ་མཁའི་རང་བཞིན་ལྟར་ཏེ་འདུས་མ་བྱས་ཆོས་ཀྱི་སྐུར་བཞུགས་པས་འདའ་བ་དང་མི་འདའ་བའི་སྤྲོས་པ་མེད་ཅིང་། དེ་ལས་མ་གཡོས་པར་གདུལ་བྱ་རྒྱུད་དག་པ་ལ་ལོངས་སྤྱོད་རྫོགས་སྐུར་སྣང་བས་ཡོངས་སུ་འདའ་བ་མི་མངའ་ཡང་གདུལ་བྱ་འཇིག་རྟེན་པ་རྣམས་ལ་མཐུན་འཇུག་གི་ཚུལ་དུ་སྤྲུལ་པའི་སྐུ་མྱ་ངན་ལས་འདའ་བའི་མཛད་པ་བསྟན་ནས་ཡོངས་སུ་འདུལ་བའི་ཐབས་ཀྱིས་དོན་བྱ་བར་དགོངས་པ་ཡིན་ནོ་ཞེས་རང་བཞིན་མི་འགྱུར་ཡང་མཐུན་འཇུག་གི་ཐབས་ཀྱིས་གདུལ་བ་ལ་བསྔགས་ཤིང་ཐུབ་པ་ཁྱོད་ནི་འཇིག་རྟེན་གྱི་ཁམས་འདིའི་གདུལ་བྱ་རྣམས་ཀྱི་མ་རིག་པའི་མུན་པ་སེལ་བའི་སྒྲོན་མར་ཤར་བས་ལྷ་མིའི་འཇིག་རྟེན་ཐམས་ཅད་ཀྱི་མ་རིག་པའི་མུན་པའི་དཀྱིལ་འཁོར་རྒྱ་ཆེ་ལ་དབྱིངས་འཐུག་པ་ཀུན་དང་། ལས་ཉོན་ཤེས་བྱའི་སྒྲིབ་པ་ཐམས་ཅད་བསལ་ནས་སེམས་ཀྱི་དཀྱིལ་འཁོར་འོད་གསལ་ཞིང་རང་བཞིན་གྱིས་རྣམ་པར་དག་པ་གསལ་བར་མཛད་དེ་ཞེས་དཔེའི་སྒོ་ནས་མཛད་པའི་བྱེད་ལས་ལ་བསྔགས་པ་སྔོན་དུ་བཏང་ནས་དྲི་བ་དངོས་ནི། ས་བཅུ་དང་རྣམ་པར་ཐར་པ་བཞིའམ་བརྒྱད་ལ་སྤྱད་པས་འབྲས་བུ་བྱང་ཆུབ་གསུམ་གྱི་གོ་འཕང་ཐོབ་པར་གྱུར་པ་ཡི་ཀུན་འབྱུང་འདྲེན་པའི་ཐེག་པ་རྣམ་པ་གསུམ་ལ་ཉན་རང་བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་གདུལ་བྱ་གང་དག་རིམ་པར་བཀོད་དེ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ས་ལ་གནས་པའི་བྱ་བ་ཡོངས་སུ་རྫོགས་པར་མཛད་ལགས་ན་ཡང་། ལྟ་བ་མཉམ་ཉིད་ཆེན་པོ་ཇི་བཞིན་པར་རྟོགས་ནས་སྤྱོད་པ་བླང་དོར་མེད་པར་སྤྱོད་ཅིང་། འབྲས་བུ་བྱང་ཆུབ་ཆེན་པོ་སེམས་ཀྱི་ཆོས་ཉིད་ལས་གཞན་ནས་མི་ཚོལ་བས་འཆི་བའི་དུག་གི་ནད་འཇོམས་པའི་ལྷུན་གྱིས་རྫོགས་པའི་ཐབས་མཆོག་ཁྱད་པར་ཅན། ཐབས་མང་བ་དང་། ཆེ་བ་དང་། མཁས་པ་དང་། ཡས་པ་དང་། ཡངས་པ་དང་། སླ་བ་དང་། མྱུར་བའི་སྒོ་ནས་ཐབས་ཀྱི་ཁྱད་པར་དཔག་གིས་མི་ལང་བའི་དོན་སྟོན་པས་ངེས་པའི་ཐེག་ཆེན་གསང་སྔགས་ཀྱི་སྡེ་སྣོད་ཕུལ་དུ་བྱུང་བ་ཉིད་སྔར་ཐུན་མོང་གི་འཁོར་ལ་ཡོང་ཡེ་མ་གསུངས་པས་དེ་ཉིད་གསུངས་པར་འཚལ་ཞེས་ཞུ་བ་དང་པོ་ཕུལ་བའོ། །གཉིས་པ་ནི། རྒྱལ་བའི་དགོངས་པ་ཚིག་གསུམ་པོ། །ཞེས་པ་ནས། ངེས་པའི་བློ་གྲོས་གང་ལ་བཞག །ཅེས་པའི་བར་གྱིས་བསྟན་ཏེ། རྒྱལ་བའི་དགོངས་པ་ཟབ་མོ་ཞི་གནས་ལྷག་མཐོང་ལས་མཐའ་གསུམ་གྱི་དོན་སྟོན་པས་ཚིག་གི་རྗོད་བྱེད་གསུམ་པོ། གདམས་ངག་གི་ཡི་གེར་ལུང་དུ་བསྟན་ཏེ་སྔར་མ་བཞག་ན། ཕྱི་རབས་ཀྱི་བློ་ཆུང་མུན་པས་རྨོངས་པར་གྱུར་པ་རྣམས་ཀྱིས་ངེས་པའི་དོན་གྱི་བློ་གྲོས་གང་ལ་བཞག །ཅེས་ཞུ་བ་གཉིས་པ་ཕུལ་བའོ། །གསུམ་པ་ནི། རྣམ་པར་ཐར་པའི་ཐེག་པ་གསུམ། །གར་བསྡུ་གང་ལ་གང་གིས་བསྡུ། །ཞེས་པས་བསྟན་ཏེ། འཁོར་བ་དང་མཐའ་གཉིས་ལས་རྣམ་པར་ཐར་པའི་ཐེག་པ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དོན་གྱི་ངོ་བོ་གར་བསྡུ། གཞི་གང་ཞིག་ལ་བསྡུ། བྱེད་པ་པོ་གང་གིས་བསྡུ་བར་འགྱུར་ཞེས་ཞུ་བ་གསུམ་པ་ཕུལ་བའོ། །བཞི་པ་ནི། འཇིག་རྟེན་གསལ་བའི་ཉི་ནུབ་ན། །སྒྲོན་མ་གང་གིས་མཛད་པར་འགྱུར། །ཞེས་པས་བསྟན་ཏེ། འཇིག་རྟེན་གསལ་བར་བྱེད་པའི་ཉི་མ་ནུབ་སྟེ་སྟོན་པ་འདས་པར་གྱུར་ན། ཕྱིས་དོན་ཇི་བཞིན་དུ་སྟོན་པས་སྒྲོན་མ་རྒྱལ་ཚབ་གང་གིས་མཛད་པར་འགྱུར། ཞེས་ཞུ་བ་བཞི་པ་ཕུལ་བའོ། །ལྔ་པ་ནི། བསྟན་པ་འཇིག་པའི་ལོག་སྡེ་པའི། །རྒོལ་བ་གང་གིས་ཚར་གཅོད་འགྱུར། །ཞེས་པས་བསྟན་ཏེ། སྟོན་པ་མི་བཞུགས་ན་བསྟན་པ་འཇིག་པར་བྱེད་པའི་ལོག་པར་ལྟ་བའི་སྡེ་པར་གྱུར་པའི་བདུད་དང་མུ་སྟེགས་ལ་སོགས་པ་ཕྱི་ནང་གི་རྒོལ་བ་རྣམས་སྐྱེས་བུ་གང་གིས་ཚར་གཅོད་པའི་གཉེན་པོ་བྱེད་པར་འགྱུར། ཞེས་ཞུ་བ་ལྔ་པ་ཕུལ་ནས་དེ་སྐད་ཅེས་གསོལ་པ་ལས། ཞེས་པའོ། །གསུམ་པ་རྒྱུད་ཀྱི་དོན་དངོས་ལ་གཉིས་ཏེ། ལེགས་པར་བྱིན་ཏེ་ཉེ་བར་བསྟན་པ། རྒྱུད་དོན་རྒྱས་པ་དངོས་སོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་པ་ནས། འདི་ལྟ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིག་པ་འཛིན་པ་ཆེན་པོ་ཀུཉྫ་ར་ཁྱོད་ཀྱིས་ལེགས་པར་ཞུ་བ་དེ་ནི་བདག་དོན་དུ་ལེགས་སོ། །ཁྱོད་ཀྱིས་དྲི་བ་ལྔ་དྲིས་པ་ནི་གཞན་དོན་དུ་ཤིན་ཏུ་ལེགས་སོ། །དེས་ན་ལན་ཀྱང་འདི་ལྟ་སྟེ། ཞེས་གནང་བ་ཐོབ་པའོ། །གཉིས་པ་ལ་བཞི་སྟེ། དྲི་བ་དང་པོའི་ལན་སྔགས་བྱུང་ཚུལ་བཅུ་གཉིས་སུ་འབྱུང་བ། དྲི་བ་གཉིས་པའི་ལན་གདམས་ངག་གསུམ་བསྟན་པ། དྲི་བ་གསུམ་པའི་ལན་རྣམ་ཐར་གྱི་ཐེག་པའི་བསྡུ་ལུགས། དྲི་བ་བཞི་པ་དང་ལྔ་པའི་ལན་ཐུན་མོང་དུ་དམ་པའི་རིགས་ཅན་གྱིས་བྱེད་པར་བསྟན་པའོ། །དང་པོ་ནི། དེ་ཁོ་ན་ཉིད་ངེས་པའི། ཞེས་པ་ནས། དྲི་བ་དང་པོའི་རྟོག་པ་ཡོངས་སུ་ཆད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཁོ་ན་ཉིད་ངེས་པའི་གསང་སྔགས་ཐེག་པ་ཆེན་པོ་དེ་བློ་ཆེ་ཆུང་གི་དུས་དང་བསྟན་པ་གཉིས་ཀར་འགྱུར་བས་གནས་སྐབས་གཉིས་དང་བཅུར་འབྱུང་བ་སྟེ་དེ་ལས་གཞན་དུ་མི་སྲིད་དོ། །དེས་ན་བཅུ་གཉིས་པོ་ནི་དུས་ཀྱི་ངོ་བོ་སྟེ་དེ་རྣམས་ལ་གང་འབྱུང་བ་ནི་རྒྱུད་གཅིག་པོ་འདི་ཡི་དོན་ཁོ་ན་སྟེ་གསང་སྔགས་ཀྱི་ཐེག་པ་ཐམས་ཅད་ཀྱི་བདག་ཉིད་དོ། །དེའི་ཕྱིར་ཞིང་འདིར་ཡང་སྟོན་པ་ཤཱཀྱ་ཐུབ་པས་དུས་འདི་དག་ཏུ་འབྱུང་བར་སྤྱིའི་ལོ་རྒྱུས་ཀྱི་ཚུལ་དུ་བཤད་གཞིར་གསུངས་པས་ཕྱིས་སོ་སོར་བཤད་དེ་དོན་གསལ་བར་འབྱུང་བར་ལུང་སྟོན་པར་སྨོས་ཏེ། མ་ལ་ཡའི་རྩེ་ལ་གང་རྨོངས་པ་དམན་པའི་ལུས་ཅན་རྣམས་ཀྱིས་གདུང་བ་ཉི་ཤུ་རྩ་གསུམ་བཏོན་པ་དེ་དག་གསང་བ་པས་སེལ་བའམ་བསལ་བའི་དུས་ཀྱི་ཚེ་ན་ཡང་གསང་སྔགས་འབྱུང་ངོ་། །དེའི་དོན་ལེའུ་དྲུག་པ་ཡན་ཆད་ཀྱིས་སྟོན་ཏོ། །རྡོ་རྗེ་སེམས་དཔའི་སྤྲུལ་པའི་ཞིང་ཁམས་སོ་སོར་གང་འདུལ་གྱིས་འཇིག་རྟེན་གྱི་སྒྲོན་མ་ཡོངས་སུ་བཀོད་དེ་ཆོས་སྟོན་པའི་སྤྲུལ་པ་རྣམས་མྱ་ངན་ལས་འདས་པའི་རྗེས་ཐོག་གི་དུས་ན་ཡང་གསང་སྔགས་འབྱུང་ངོ་། །དེའི་དོན་ལེའུ་བདུན་པ་དང་བརྒྱད་པས་སྟོན་ཏོ། །དམ་པའི་ཁྱེའུ་ལྔ་ལ་སོགས་པ་གང་གིས་གསང་སྔགས་ཀྱི་དོན་ལ་ངེས་པ་རྙེད་དེ་ཐ་མའི་དབུགས་ཆེན་པོ་ཕྱིན་པ་ན་ཡང་འབྱུང་བ་ནི་བསྐལ་པ་མངོན་དགའི་དུས་ཏེ། དེའི་དོན་ལེའུ་དགུ་པ་ནས་བཅུ་བཞི་པའི་བར་གྱིས་བསྟན་ཏོ། །སྐྱེས་བུ་དམ་པ་ཐུབ་དཀའ་གཞོན་ནུ་ལ་སོགས་པ་སྙིང་པོ་བྱང་ཆུབ་ཉིད་དུ་སོན་ཏེ་ངེས་པ་རྙེད་པའི་དུས་ན་ཡང་འབྱུང་སྟེ་དེ་ནི་ལེའུ་བཅོ་ལྔ་པ་ཉིད་ཀྱིས་སྟོན་ཏེ་རུ་ཏྲ་སྣང་བའི་བསྐལ་བ་དང་གཅིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་སྙིང་པོ་བྱང་ཆུབ་ཀྱི་དོན་སྐྱེ་བ་བཞིས་ངེས་པར་འགྲེལ་པ་གང་གི་དུས་ན་ཡང་འབྱུང་སྟེ། ལེའུ་བཅུ་དྲུག་པ་ནས་བཅུ་དགུ་པའི་བར་གྱིས་སྟོན་ཏོ། །དགེ་སློང་ཐར་པ་ནག་པོ་རུ་ཏྲར་གྱུར་ཏེ་རྩལ་ཆེན་པས་གདུལ་བྱའི་ཡུལ་དེ་ཐབས་ཀྱིས་གདུལ་བའི་སྐབས་ལ་བབ་པའི་དགོས་ཆེད་ཁྱད་པར་ཅན་དུ་གྱུར་པའི་དུས་ན་ཡང་གསང་སྔགས་འབྱུང་སྟེ། ལེའུ་ཉི་ཤུ་པ་ནས་སོ་གཅིག་པའི་བར་གྱིས་བསྟན་ཏོ། །སྐུ་གསུང་ཐུགས་དང་སྤྱོད་པའི་བྱིན་གྱིས་བརླབས་ལས་འབྲས་བུ་མངོན་པར་སྣང་བ་དེའི་ཚེ་ན་ཡང་འབྱུང་སྟེ། སོ་གཅིག་པ་ནས་སོ་ལྔ་པའི་བར་གྱིས་བསྟན་ཏོ། །གསང་བའི་བདག་པོས་དགོངས་པ་དང་ཚིག་གིས་བརྒྱུད་པ་ཐབས་ལ་མཁས་པའི་ཁྱད་པར་གྱིས་སྔགས་སྤྱོད་པའི་ལོ་རྒྱུས་ཀྱི་སྒོ་ནས་ལྷ་མིའི་འཇིག་རྟེན་དུ་ཡོངས་སུ་གྲགས་པ་ཉིད་ཀྱི་དུས་ན་ཡང་འབྱུང་སྟེ། ལེའུ་སོ་དྲུག་པ་ནས་སོ་བརྒྱད་པའི་བར་གྱིས་གསལ་བར་སྟོན་ཏོ། །གྲོང་ཁྱེར་གསུམ་གང་གི་ཆེད་དུ་ཡུལ་དང་མཐུན་པར་མཛད་པ་བཞི་སྣང་ཞིང་དོན་མཛད་པའི་ཚེ་ན་ཡང་འབྱུང་སྟེ། སོ་དགུ་པ་ནས་ཞེ་གཉིས་པའི་བར་གྱིས་སྟོན་ཏོ། །རྒྱལ་བ་རྣམས་ཀྱིས་ཉིད་ཀྱི་བསྟན་པ་རེ་ལ་གསང་སྔགས་ཕྱིས་འབྱུང་བར་ལུང་ཆེན་ངེས་པར་བསྟན་པ་གང་གི་ཚེ་ན་ཡང་འབྱུང་སྟེ། ལེའུ་ཞེ་གསུམ་པས་གསལ་བར་སྟོན་ཏོ། །ཐེག་པ་གསུམ་གྱིས་གདུལ་བྱ་གསུམ་གྱི་ལས་གསུམ་གྱི་རྒྱུད་གདུལ་ཐབས་གསུམ་གྱིས་ཡོངས་སུ་གཅོད་པ་དེའི་དུས་ན་ཡང་འབྱུང་སྟེ། ལེའུ་ཞེ་བཞི་པས་གསལ་བར་སྟོན་ཏོ། །མ་ལ་ཡར་གསང་བའི་བདག་པོས་རྒྱལ་བ་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་རྣམ་པར་བགྲོ་ཞིང་གསུངས་པ་གང་གི་ཚེ་ན་ཡང་གསང་སྔགས་འབྱུང་སྟེ། དེའི་དོན་ལེའུ་ཞེ་ལྔ་པ་ནས་དོན་ལྔ་པའི་བར་གྱིས་གསལ་བར་སྟོན་ཏོ། །དེ་དག་ནི་སྔར་འདས་པའི་དུས་ཐམས་ཅད་ཀྱི་ཚེ་དང་། ད་ལྟར་གྱི་དུས་ཐམས་ཅད་ནས་མ་འོངས་པའི་དུས་ཐམས་ཅད་དུ་ཞིང་ཀུན་ཏུ་གདུལ་བྱ་རྣམས་ལ་ཡོངས་སུ་གྲགས་ཏེ། སྔར་རྣམ་པར་སྣང་ངོ་། །ད་ལྟ་སྣང་བར་གྱུར་ཏོ། །མ་འོངས་པ་ན་སྣང་བར་འགྱུར་རོ། །དེ་ལྟ་བས་ན་དུས་གསུམ་ཀར་བྱུང་ཚུལ་བཅུ་གཉིས་ཚང་བའི་དབང་གིས་གསང་སྔགས་ཀྱི་ཐེག་པ་མཆོག་ཉིད་འབྱུང་བའི་ཕྱིར། ད་ལྟར་གྱི་དུས་འདིར་ཡང་བྱུང་ཚུལ་བཅུ་གཉིས་ཀྱི་ཚུལ་མཛེས་པ་ལས་བསྟན་པ་དམ་པ་འདི་ཉིད་སྣང་བར་འཇལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱུང་ཚུལ་དང་པོའང་བསྐལ་པ་འདི་ཉིད་ལ་མ་ལ་ཡའི་རྩེར་གདུང་བ་གསལ་ལོ། །གཉིས་པའི་སྒྲོན་མའང་ཞིང་འདིར་ཐུབ་པའི་དབང་པོས་བཀོད་དེ་ཐེག་ཆེན་གསང་སྔགས་ཀྱི་བྱུང་ཚུལ་དང་འབྲེལ་དགོས་པས་རྩ་རྒྱུད་ཞལ་ནས་གསུངས་པའང་གསལ་ལོ། །གསུམ་པ་ཁྱེའུ་ལྔ་སངས་རྒྱས་ཏེ་ངེས་པ་ཆེན་པོ་རྙེད་པའང་བསྐལ་པ་འདི་ཉིད་དེ། སྙིང་པོའི་གླེང་གཞི་ལྟར་གཅིག་དང་དུ་མ་བྲལ་བས་གནད་ཀྱིས་ཤེས་པར་བྱ་སྟེ་གཞུང་གི་དགོངས་པར་ཡང་གསལ་ལོ། །བཞི་པ་ཁྱེའུ་ལྔས་སྙིང་པོ་བྱང་ཆུབ་ཏུ་ངེས་པས་འགྲོ་བའི་གཉེན་པོར་གྱུར་པའང་དུས་འདིའོ། །ལྔ་པ་ཁྱེའུ་ལྔའམ་སྐྱེས་བུ་དམ་པ་ཉིད་དུ་ངེས་པ་དག་དགོངས་པ་ངེས་པར་འགྲེལ་པའང་དུས་འདི་ལ་གོང་དང་མཚུངས་པར་བཅུ་དྲུག་པའི་སྟོད་ན་གསལ་ལོ། །དྲུག་པ་རུ་ཏྲ་མ་ལ་ཡའི་རྩེ་ལ་དུས་འདི་ཉིད་ལའང་བབ་བོ། །བདུན་པ་བྱིན་རླབས་ཀྱང་རུ་ཏྲ་ལ་སོགས་པ་འབྲས་བུ་ཐོབ་པའི་ཕྱིར་ཐུབ་དཀའི་བྱིན་རླབས་སྣང་བར་བསྟན་པའང་གཅིག་དང་དུ་མ་བྲལ་བའི་ཚུལ་གྱིས་བསྐལ་པ་འདི་ཉིད་དོ། །བརྒྱད་པའང་སྙིང་པོ་བྱང་ཆུབ་ནས་དགོངས་པས་བརྒྱུད་པའི་རྒྱལ་ཚབ་སྐྱེས་བུས་འཇིག་རྟེན་དུ་གྲགས་པའང་དུས་འདི་ཉིད་ན་འབྱུང་ངོ་། །དགུ་པ་གྲོང་ཁྱེར་གསུམ་གྱི་ཆེད་དུ་མཛད་པ་བཞི་བསྐལ་པ་འདི་ལའང་མཛད་དོ། །བཅུ་པ་རྒྱལ་བ་ཐུབ་པའི་དབང་པོས་ལུང་བསྟན་པའང་འདི་ཉིད་ལས་གསུངས་སོ། །བཅུ་གཅིག་པ་མཛད་པ་གསུམ་གྱིས་ལས་རྒྱུད་བསྐལ་པ་འདི་ལའང་བཅད་པའི་ཕྱིར་རོ། །བཅུ་གཉིས་པ་ཐ་མ་སོ་སོའི་དགོངས་པ་ཞིང་སོ་སོ་ནས་བགྲོ་བ་ཡང་རི་མ་ལ་ཡའི་རྩེར་བགྲོས་པ་དང་། ལང་ཀས་བསྐུལ་བས་གསང་བ་པས་སྐུ་བཞི་ལས་ཐོས་པའི་དོན་བགྲོས་པའང་བསྐལ་པ་འདི་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བས་ན་བསྐལ་པ་གཅིག་ལའང་བྱུང་ཚུལ་བཅུ་གཉིས་ཚང་ངོ་། །འོ་ན་བསྐལ་པ་གཅིག་ལ་བྱུང་ཚུལ་བཅུ་གཉིས་སྨོས་ཅི་དགོས། གཅིག་གིས་ཆོག་མོད་ཅེས་དྲི་ན། དགོས་པ་སོ་སོར་ངེས་པའི་ཕྱིར་བསྟན་པ་གཅིག་ལའང་དེ་ལྟར་འབྱུང་ངོ་། །དེ་དག་གི་གཏན་ཚིགས་ནི་སོ་སོའི་ལེའུ་རྣམས་ཀྱི་ཚོམས་བསྡུས་པ་ལས་ཤིན་ཏུ་གསལ་བར་འཆད་པར་འགྱུར་རོ། །འོན་ཀྱང་བྱེ་བྲག་གི་དབང་དུ་དུས་གཅིག་གམ་ཐ་དད་ཞེ་ན། སྟོན་པས་གསུངས་པའི་དུས་གཅིག་ལ། ཚུལ་ཐ་དད་ཡིན་ཞེས་བྱའོ། །དེ་བས་ན་བྱུང་ཚུལ་རང་གི་ངོ་བོ་ལ་ཡང་ལ་ལ་དུས་གཅིག་པའང་ཡོད་ཅིང་། ལ་ལ་ཐ་དད་པའང་ཡོད་ཅེས་བྱའོ། །དེས་ན་གསང་སྔགས་ཐེག་པ་ཆེན་པོ་ཉིད་ཕྱིས་བསྐལ་པ་འདི་ཉིད་ལ་སྟོན་པའི་རྗེས་ཐོག་ཏུ་འབྱུང་བར་ལེའུ་བདུན་པ་ལས་སྔར་སྟོན་པས་བཀའ་སྩལ་བའི་བྱུང་ཚུལ་ལུང་བསྟན་དུ་གསལ་བས་དེའི་བཤད་རྒྱུད་དུ་ངེས་པའི་ཕྱིར་ཐེ་ཚོམ་དང་པོ་ཆོད་དོ། །སྟོན་པ་གཅིག་མྱ་ངན་ལས་འདས་མ་ཐག་པར་འབྱུང་བ་ལས་བྱུང་ཚུལ་རིལ་སྨོས་པས་ཀྱང་། དུས་གསུམ་ཀར་འབྱུང་བ་འདི་ལའང་ཚང་བར་མངོན་ནོ། །ཞེས་སྟོན་པས་དེ་ལྟ་བུའི་ཚུལ་གྱིས་ལན་དང་པོ་བཀའ་སྩལ་པས། དྲི་བ་དང་པོ་གསང་སྔགས་མི་འབྱུང་ངམ་སྙམ་པའི་རྟོག་པ་ཡོངས་སུ་ཆད་དེ་ཐེ་ཚོམ་དང་བྲལ་ནས་ངེས་པ་རྙེད་དོ། །དེས་ན་འདི་ཉིད་རྩ་རྒྱུད་དུ་བྱེད་པའི་སྐབས་སུ། འཁོར་ཕལ་པ་བློ་ཆུང་རྣམས་ལ་སྔགས་བྱུང་ཚུལ་གྱི་དུས་སུ་ཕྱིས་འབྱུང་བར་བསྟན་ལ། འཁོར་རིག་འཛིན་ལ་སོགས་པ་བློ་ཆེ་བ་ལ་བྱུང་ཚུལ་བཅུ་གཉིས་པོ་དེ་ཉིད་རྒྱུད་དོན་དུ་བཀའ་སྩལ་པའོ། །དེ་ཡང་བྱུང་ཚུལ་བཅུ་གཉིས་ལ། བྱུང་ཚུལ་བསྡུས་པ་ལས་གསུངས་པ་ལྟར། མཚོན་ཚུལ་ལྔ་རུ་ཤེས་པར་བྱ་སྟེ། སྙིང་པོ་བྱང་ཆུབ་ཀྱི་བྱུང་ཚུལ་དང་། གདམས་ངག་དཔོག་པའི་བྱུང་ཚུལ་དང་། དབང་བསྐུར་ཐབས་ཀྱི་བྱུང་ཚུལ་དང་། ཁྱད་པར་རྩལ་འཕང་གི་བྱུང་ཚུལ་དང་། རྒྱུད་གནས་ལུགས་ཀྱི་བྱུང་ཚུལ་ལོ། །དང་པོ་ལ་གཉིས་ཏེ། སྙིང་པོ་བྱང་ཆུབ་ཀྱི་གནས་ལུགས་ལ་བྱུང་ཚུལ་བཅུ་གཉིས་ཚུལ་གྱི་རྩི་བ་དང་། སྙིང་པོ་བྱང་ཆུབ་ཀྱི་རྟོགས་ཚུལ་ལ་སྦྱོར་བའོ། །གཉིས་པ་ནི། སློབ་མ་ལས་དང་སྐལ་བར་འཛོམ་པ་གཅིག་ལ་བླ་མ་དམ་པས་གདམས་ངག་དཔོག་པ་ལ་བྱུང་ཚུལ་བཅུ་གཉིས་ཚུལ་གྱི་རྩི་བའོ། །གསུམ་པ་ནི། བླ་མ་དམ་པས་སློབ་མ་སྣོད་ལྡན་ལ་དབང་བསྐུར་བ་ལ་བྱུང་ཚུལ་བཅུ་གཉིས་ཀྱི་ཚུལ་དུ་སྦྱར་བའོ། །བཞི་པ་ནི། ལམ་དང་འབྲས་བུ་སྟེ། ལམ་ལ་བྱུང་ཚུལ་དྲུག་སྟེ། རྨོངས་པ་གདུང་སེལ་དང་། སྒྲོན་མ་བཀོད་པ་གཉིས་ཚོགས་ལམ་ཡིན་ཏེ། རྨོངས་པ་གདུང་སེལ་ནི་ཚོགས་པའི་སྔོན་དུ་སེམས་བསྐྱེད་པ་ཡིན་པས། དོན་བསྡུས་ཆུང་ངུ་ལས། རྨོངས་པ་གསང་ཕྱིར་སེམས་བསྐྱེད་དེ། །ངོ་མཚར་ཚིག་གིས་འདུ་ཤེས་བསྒྱུར། །ཞེས་སོ། །སྒྲོན་མ་བཀོད་པ་ནི། ལེའུ་བདུན་པ་བསོད་ནམས་ཀྱི་ཚོགས་གསོག །བརྒྱད་པ་ཡེ་ཤེས་ཀྱི་ཚོགས་གསོག་པས་ལམ་དངོས་སོ། །གང་གི་ངེས་པ་རྙེད་པ་ནི། རྒྱལ་ཚབ་སྐྱེས་བུ་ཁྱེའུ་ལྔ་བློ་ཆོས་ཉིད་དུ་འབྱོར་བས་སྦྱོར་ལམ་མོ། །སྙིང་པོ་བྱང་ཆུབ་ཏུ་ངེས་པ་ནི་སྟོད་མཐོང་ལམ། སྨད་སྒོམ་ལམ་གྱི་བདག་དོན་ཏེ། བཅོ་ལྔ་པ་ལས། དགོངས་པ་ཆོས་ཉིད་ཀྱི་ནམ་མཁའ་ལ། །འགྲེལ་པ་ཡེ་ཤེས་ཀྱི་ཉི་མ་གདལ། །ཞེས་སོ། །དགོངས་པ་ངེས་པར་འགྲེལ་པ་ནི། སྒོམ་ལམ་གཞན་དོན་ཏེ། རྒྱལ་བའི་དགོངས་པ་ཆོ་འཕྲུལ་བཞིར་བཀྲལ་བའོ། །གདུལ་བྱ་སྐབས་ལ་བབ་པ་ནི། གཉེན་པོ་རྡོ་རྗེ་ལྟ་བུས་བདུད་བཏུལ་བ་མཐར་ལམ་མོ། །འབྲས་བུ་ལ་བྱུང་ཚུལ་དྲུག་སྟེ། བྱིན་གྱིས་བརླབས་ཀྱི་སྣང་བ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སྟེ་བདག་དོན་གྲུབ་པའོ། །གཞན་དོན་མཛད་པ་ལ་ལྔ་སྟེ། བརྒྱུད་པ་ཐབས་ཀྱི་གྲགས་པ་ནི། ཐབས་ལ་མཁས་པའི་མཛད་པའོ། །གང་གི་ཆེད་དུ་མཛད་པ་ནི། ཡུལ་དང་མཐུན་པའི་མཛད་པའོ། །ལུང་ཆེན་ངེས་པར་བསྟན་པ་ནི། རྨད་བྱུང་ཆེ་བའི་མཛད་པའོ། །ལས་རྒྱུད་ཡོངས་སུ་གཅོད་པ་ནི། ལས་རྒྱུན་གཅོད་པའི་མཛད་པའོ། །དགོངས་པ་རྣམ་པར་བགྲོ་བ་ནི། བསྟན་པ་འཆད་པའི་མཛད་པའོ། །ལྔ་པ་ནི། དཀྱུས་ཇི་ལྟ་བ་བཞིན་ཏེ། དཔེ་དང་སྦྱར་ན། རྨོངས་པ་གདུང་བ་སེལ་བའི་བྱུང་ཚུལ། མ་རིག་མུན་སེལ་གྱི་ལྟ་བ་མ་དང་བུ་འཕྲད་པ་ལྟ་བུ་སྟེ། ཨ་ནུའི་ལུང་གི་རྩ་བ་དགོངས་པ་གསང་བའི་རྒྱུད་ལས། འགྲོ་གང་གདུང་སེལ་བྱུང་བའི་ཚུལ། །མ་རིག་མུན་སེལ་ལྟ་བ་ནི། །དཔེར་ན་མ་བུ་འཕྲད་པ་བཞིན། །ཞེས་དང་། རྒྱལ་པོ་ཛཿས་བྱུང་ཚུལ་གསལ་བྱེད་ལས། རྨོངས་པ་གདུང་སེལ་བྱུང་ཚུལ་ནི། །མ་རིག་མུན་སེལ་ལྟ་བ་སྟེ། །མ་བུ་འཕྲད་པ་ལྟར་བཤད་པའོ། །ཞེས་སོ། །སྒྲོན་མ་བཀོད་པའི་བྱུང་ཚུལ། ཡེ་ཤེས་རང་གསལ་གྱི་ལྟ་བ་ཉི་མའི་སྙིང་པོ་ལྟ་བུ་སྟེ། གསང་རྒྱུད་ལས། སྒྲོན་མ་བཀོད་པ་བྱུང་བའི་ཚུལ། །ཡེ་ཤེས་རང་གསལ་ལྟ་བ་སྟེ། །དཔེར་ན་ཉི་མའི་སྙིང་པོ་བཞིན། །ཞེས་དང་། རྒྱལ་པོ་ཛཿས། སྒྲོན་མ་ཡོངས་སུ་བཀོད་པ་ནི། །ཡེ་ཤེས་རང་སྣང་ལྟ་བ་སྟེ། །ཉི་མའི་སྙིང་པོ་ལྟར་བཤད་པའོ། །ཞེས་སོ། །གང་གི་ངེས་པ་རྙེད་པའི་བྱུང་ཚུལ། མ་ནོར་དོན་རྙེད་ཀྱི་ལྟ་བ་དབུལ་མོས་གཏེར་རྙེད་པ་ལྟ་བུ་སྟེ། གསང་རྒྱུད་ལས། ངེས་པ་རྙེད་པ་བྱུང་བ་ནི། །མ་ནོར་དོན་གྱི་ལྟ་བ་སྟེ། །དབུལ་མོ་དག་གིས་གཏེར་རྙེད་བཞིན། །ཞེས་དང་། རྒྱལ་པོ་ཛཿས། གང་ངེས་རྙེད་པའི་བྱུང་ཚུལ་ནི། །མ་ནོར་ངེས་རྙེད་ཀྱི་ལྟ་བ། དབུལ་མོས་གཏེར་རྙེད་ལྟར་བཤད་པའོ། །ཞེས་སོ། །སྙིང་པོ་བྱང་ཆུབ་ཏུ་ངེས་པའི་བྱུང་ཚུལ། དེ་ཁོ་ན་ཉིད་ཀྱི་ལྟ་བ་ནམ་མཁའི་དཀྱིལ་ལྟ་བུ་སྟེ། གསང་རྒྱུད་ལས། སྙིང་པོ་བྱང་ཆུབ་དག་ཏུ་ངེས། །དེ་ཉིད་དོན་གྱི་ལྟ་བ་ནི། །ནམ་མཁའ་ལྟ་བུར་བཤད་པའོ། །ཞེས་དང་། རྒྱལ་པོ་ཛཿས། སྙིང་པོ་བྱང་ཆུབ་ཉིད་ངེས་ཚུལ། །དངོས་པོ་ཁོ་ན་ཉིད་ཀྱི་ལྟ། །ནམ་མཁའི་དཀྱིལ་ལྟར་བཤད་པའོ། །ཞེས་སོ། །དགོངས་པ་ངེས་པར་འགྲེལ་པའི་བྱུང་ཚུལ། མ་འདྲེས་ཡོངས་རྫོགས་ཀྱི་ལྟ་བ་རྒྱ་མཚོའི་གཟུགས་བརྙན་ལྟ་བུ་སྟེ། གསང་རྒྱུད་ལས། སངས་རྒྱས་དགོངས་པ་རྣམ་པར་བཀྲོལ། །མ་འདྲེས་པ་ལ་ཡོངས་སུ་རྫོགས། །དཔེར་ན་རྒྱ་མཚོའི་གཟུགས་བརྙན་འདྲ། །ཞེས་དང་། རྒྱལ་པོ་ཛཿས། དགོངས་པ་ངེས་འགྲེལ་བྱུང་ཚུལ་ནི། །མ་འདྲེས་ཡོངས་རྫོགས་ལྟ་བ་སྟེ། །ཆུ་ཡི་ཟླ་བ་ལྟར་བཤད་པའོ། །ཞེས་སོ། །གདུལ་བྱ་སྐབས་ལ་བབ་པའི་བྱུང་ཚུལ། མཚན་མ་རང་ཞིའི་ལྟ་བ་དཔའ་བོས་དགྲ་ཐུལ་བ་ལྟ་བུ་སྟེ། གསང་རྒྱུད་ལས། སྐབས་ལ་བབ་པ་གདུལ་བྱའི་ཚུལ། །མཚན་མའི་རྟོག་པ་རང་ཞིའི་ལྟ། །དཔའ་བོས་གདུལ་དཀའ་ཐུལ་བ་ལྟར། །ཞེས་དང་། རྒྱལ་པོ་ཛཿས། གདུལ་བྱ་སྐབས་བབ་བྱུང་ཚུལ་ནི། །མཚན་མ་རང་ཞིའི་ལྟ་བ་སྟེ། །དཔའ་དགྲ་ཐུབ་པ་ལྟར་བཤད་པའོ། །ཞེས་སོ། །བྱིན་གྱིས་བརླབས་ཀྱི་སྣང་བའི་བྱུང་ཚུལ། བྱིན་རླབས་འབྱུང་བའི་ལྟ་བ་ནམ་མཁའི་ངང་ལས་ཆོ་འཕྲུལ་འབྱུང་བའམ། རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟ་བུ་སྟེ། གསང་རྒྱུད་ལས། རྒྱལ་བའི་བྱིན་རླབས་སྣང་བའི་ཚུལ། །གང་ཡང་མི་འགོག་སྣང་བ་སྟེ། །གཟའ་སྐར་རྒྱ་མཚོར་ཤར་ལྟ་བུ། །ཞེས་དང་། རྒྱལ་པོ་ཛཿས། བྱིན་རླབས་སྣང་བའི་བྱུང་ཚུལ་ནི། །བྱིན་རླབས་མི་འགག་ལྟ་བ་སྟེ། །རྒྱ་མཚོའི་རྦ་རླབས་ལྟར་བཤད་པའོ། །ཞེས་སོ། །བརྒྱུད་པ་ཐབས་ཀྱི་གྲགས་པའི་བྱུང་ཚུལ། མི་མཐུན་སྐྱོན་སེལ་གྱི་ལྟ་བ་སྟག་མོས་ཚང་སྐྱོན་སེལ་བའམ། ལྡུམ་རའི་དུག་སེལ་བ་ལྟ་བུ་སྟེ། གསང་རྒྱུད་ལས། བརྒྱུད་པ་ཐབས་ཀྱི་གྲགས་པའི་ཚུལ། །མི་མཐུན་པ་ཡི་སྐྱོན་རྣམས་སེལ། །དཔེར་ན་ཚང་ངམ་དེ་སྐྱོན་སེལ། །ཞེས་དང་། རྒྱལ་པོ་ཛཿས། བརྒྱུད་ཐབས་གྲགས་པའི་བྱུང་ཚུལ་ནི། །མི་མཐུན་སྐྱོན་སེལ་ལྟ་བ་སྟེ། །སྟག་མོ་ཚང་སེལ་ལྟ་བུའོ། །ཞེས་སོ། །གང་གི་ཆེད་དུ་མཛད་པའི་བྱུང་ཚུལ། གྲོལ་བ་དོན་མཐུན་གྱི་ལྟ་བ་སྨན་པ་མཁས་པས་ནད་གསོ་བ་ལྟ་བུ་སྟེ། གསང་རྒྱུད་ལས། གདུལ་བྱ་གང་གི་ཆེད་མཛད་པ། །གྲོལ་བ་དོན་མཐུན་ལྟ་བ་སྟེ། །མཁས་པས་ནད་རྣམས་གསོ་མཛད་བཞིན། །ཞེས་དང་། རྒྱལ་པོ་ཛཿས། གང་ཆེད་མཛད་པའི་བྱུང་ཚུལ་ནི། །གྲོལ་བ་དོན་མཐུན་ལྟ་བ་སྟེ། །སྨན་པས་ནད་གསོ་ལྟར་བཤད་པའོ། །ཞེས་སོ། །ལུང་ཆེན་ངེས་པར་བསྟན་པའི་བྱུང་ཚུལ། ངེས་པའི་ཕྱིས་འབྱུང་གི་ལྟ་བ་བློན་པོ་རིག་པ་ཅན་གྱི་ཁ་ཆེམས་ལྟ་བུ་སྟེ། གསང་རྒྱུད་ལས། བདེ་གཤེགས་ལུང་གིས་ངེས་པར་བསྟན། །གསང་སྔགས་ཕྱིས་འབྱུང་ལྟ་བ་ནི། །ཇི་ལྟར་རིག་པའི་གཏམ་བཞིན་ཏེ། །ཞེས་དང་། རྒྱལ་པོ་ཛཿས། ལུང་ཆེན་ངེས་བསྟན་བྱུང་ཚུལ་ནི། །ངེས་པ་ཕྱིས་འབྱུང་གི་ལྟ་བ། །བློན་པོ་རིགས་རྒྱུད་ཞལ་ཆེམས་འདྲ། །ཞེས་སོ། །ལས་རྒྱུད་ཡོངས་སུ་གཅོད་པའི་བྱུང་ཚུལ། བག་ཆགས་རང་དག་གི་ལྟ་བའམ། སྲིད་པ་སྤྱི་བླུགས་ཀྱི་ལྟ་བ་ཁྲུས་མཁན་མཁས་པས་ཁྲུས་བྱས་པ་ལྟ་བུ་སྟེ། གསང་རྒྱུད་ལས། ལས་ངན་མྱུར་དུ་རྒྱུན་གཅོད་པ། །སྲིད་པ་སྤྱི་བླུགས་ལྟ་བ་སྟེ། །དཔེར་ན་ཁྲུས་མཁན་ཁྲུས་བྱེད་བཞིན། །ཞེས་དང་། རྒྱལ་པོ་ཛཿས། ལས་རྒྱུད་ཡོངས་གཅོད་བྱུང་ཚུལ་ནི། །སྲིད་པ་སྤྱི་བླུགས་ལྟ་བ་སྟེ། །ཁྲུས་མཁན་ཁྲུས་བྱེད་པ་ལྟར་བཤད། །ཅེས་སོ། །དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ། དོན་གཏན་ལ་འབེབས་པའི་ལྟ་བ་བླ་བློན་ཚོགས་ནས་རྒྱལ་པོའི་ཆབ་སྲིད་འཛིན་པ་ལྟ་བུ་སྟེ། དགོངས་པ་གསང་བའི་རྒྱུད་ལས། སངས་རྒྱས་དགོངས་པ་བགྲོ་བ་ནི། །ངེས་པར་གཏན་ལ་འབེབས་པར་བྱེད། །རྒྱལ་པོའི་ཆབ་སྲིད་འཛིན་པ་བཞིན། །ཞེས་དང་། རྒྱལ་པོ་ཛཿས། དགོངས་པ་བགྲོ་བའི་བྱུང་ཚུལ་ནི། །ངེས་དོན་གཏན་ལ་འབེབས་པའི་ལྟ། །བླ་བློན་ཚོགས་ནས་གྲོས་བྱེད་འདྲ། །ཞེས་སོ། །དེ་ལྟར་ལེའུ་གཉིས་པ་རྩ་རྒྱུད་དུ་བྱེད་པ་ལ་སྐྱོན་གཞན་མི་རྙེད་ཀྱང་། འདི་སྐད་བརྗོད་པ་འོང་སྟེ། མདོ་ལ་སོགས་པ་སྔགས་ནང་པ་ཐུན་མོང་མིན་པའི་གཞུང་གིས་སྤྲུལ་སྐུས་མཚན་ཉིད་གསུངས། ལོངས་སྐུས་ཀྲི་ཡོག །ཆོས་སྐུས་ནང་པ་གསུམ་གསུངས་པར་བཞེད་པས། ལེའུ་གཉིས་པ་སྤྲུལ་སྐུས་གསུངས་པས་སྔགས་ཀྱི་རྒྱུད་མིན་པའི་སྐྱོན་འོང་ཟེར་ན། སྤྲུལ་སྐུས་མཚན་ཉིད་གསུངས་པ་ལ་སོགས་པ་དེ་ཕྱོགས་རེ་ཙམ་ནས་མཚོན་པ་ཡིན་གྱི། དོན་ལ་རྒྱ་ཆད་པ་མེད་པས་སྤྲུལ་སྐུས་གསང་སྔགས་གསུངས་ཡང་མི་སྟོ་སྟེ། སྐུ་གསུམ་དབྱེར་མེད་དུ་བཞུགས་པས་དེར་སྐུ་ཉིད་ཆོས་སྐུ་རུ་སྣང་ནས་བསྐྱེད་རྫོགས་གསུམ་གསུངས་ཏེ། ལེའུ་དྲུག་པ་ནས། མི་བསྐྱོད་རྡོ་རྗེ་ཐུགས་མཆོག་ཀྱང་། །ཐུགས་རྗེ་སྤྲུལ་པའི་བྱིན་རླབས་ཀྱིས། །འཇིག་རྟེན་ཁམས་ནི་དཔག་མེད་དུ། །མུན་སྣང་རང་བྱུང་རང་ཞི་ཡིན། །ཞེས་སོ། །སྤྲུལ་སྐུའི་ཡང་གསུངས་པར་དོན་བསྡུས་ལས། བྱིན་རླབས་སྐུ་བཞིའི་བསྟན་པ་དག །ཅེས་འབྱུང་ངོ་། །ཤིན་ཏུ་སྤྲོས་པས་ཆོག་གོ། །སྤྱིར་མདོའི་ལུགས་ལ་རྩ་བཤད་ལ་བཞེད་ཚུལ་གཉིས་ཏེ། ལུང་བསྟན་གྱི་ཆོས་སྐོར་གྱི་ལུགས་ཀྱི་རྒྱུད་འདི་ཉིད་ལ་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མ་གསུམ་དུ་བཞེད་དེ། ལེའུ་གཉིས་པ་གདམས་ངག་ངེས་པར་བཞག་པ་ནི། རྩ་བའི་རྒྱུད་དང་། གསུམ་པ་མན་ཆད་རྒྱུད་ཕྱི་མ་དང་ཕྱི་མའི་ཕྱི་མ་ནི་བཤད་པའི་རྒྱུད་དེ། དོན་བསྡུས་ལས། གདམས་ངག་ལུང་བསྟན་རྩ་བའི་རྒྱུད། །ཅེས་དང་། བྱུང་ཚུལ་བསྡུས་པ་ལས། གསུམ་པ་ནས་བྱུང་དྲུག་ཅུ་རྩ་ལྔའི་བར། །གཉིས་པའི་རྩ་བ་ལེགས་པར་བཤད་པ་ཡིན། །ཞེས་སོ། །དེའང་ལེའུ་གསུམ་པ་ནས་དྲུག་ཅུ་རྩ་ལྔ་ཡན་ཆད་རྒྱུད་ཕྱི་མ་སྟེ། དེ་ཉིད་ལས། དང་པོའི་དོན་ལས་བྱུང་བས་ཕྱི་མ་སྟེ། །སྔ་མའི་དོན་དེ་གསལ་བས་ཕྱིས་འཆད་ཅིང་། །འབྲེལ་ཞིང་ཐེ་ཚོམ་གཅོད་དང་དོན་འཆད་པས། །འདི་ནི་རྒྱུད་ཀྱི་ཕྱི་མར་བསྟན་པ་ཡིན། །ཞེས་སོ། །ལེའུ་དྲུག་ཅུ་རེ་དྲུག་པ་ནས་བདུན་ཅུ་དོན་ལྔ་པ་ཡན་ཆད་བསླབ་པའི་མཐའ་བཅུ་ནི་རྒྱུད་ཕྱི་མའི་ཕྱི་མ་སྟེ། དེ་ཉིད་ལས། རྣལ་འབྱོར་ལེགས་པར་སྒྲུབ་ཅིང་ངེས་པར་གནས་པ་ལས། །བསླབ་པའི་མཐའ་བཅུས་དོན་ནི་རྫོགས་པའི་ཕྱིར། །འདི་ནི་ཕྱི་མའི་ཕྱི་མར་བསྟན་པ་ཡིན། །ཞེས་པས་གསལ་ལོ། །འགྲེལ་ཆེན་མུན་པའི་གོ་ཆ་ལ་སོགས་པའི་ལུགས་ཀྱིས། ཀུན་འདུས་རྩ་བའི་རྒྱུད། དགོངས་འདུས་བཤད་པའི་རྒྱུད་དུ་བཞེད་དེ། ལེའུ་དང་པོ་ནི་གཏན་ཚིགས་བྱུང་ཁུངས་ཀྱི་གླེང་གཞིའོ། །གཉིས་པར་གདམས་ངག་བཞག་ནས་སྟོན་པ་འདས་པ་ནི་ལུང་བསྟན་བརྒྱུད་པའི་གླེང་གཞིའི་རྒྱུའི་རྒྱུའོ། །ལེའུ་གསུམ་པ་གདུང་བ་བཏོན་པ་ནི་རྒྱུ་དངོས་སོ། །ལེའུ་བཞི་པར་གདུང་བ་སོལ་ཞིག་པར་བསྐུལ་ནས་བསལ་བར་ཞལ་གྱིས་བཞེས་པ་ནི་གླེང་གཞིའི་རྐྱེན་ནོ། །ལེའུ་ལྔ་པའི་སྟོད་ནི་གླེང་གཞི་རང་གི་ངོ་བོའོ། །ལྔ་པའི་སྨད་ནི་རྐྱེན་གླེང་བསླང་བའོ། །དྲུག་པ་མན་ཆད་རྒྱུད་ཀྱི་དོན་བྱུང་ཚུལ་བཅུ་གཉིས་སོ། །ཟུར་ལུགས་ཀྱི་བླ་མ་དམ་པ་རྣམས་ཀྱང་དེ་ལྟར་བཞེད་དོ། །འདི་ལ་ཀུན་མཁྱེན་ཀཿཐོག་པ་ཆེན་པོས། མདོ་སྔགས་གཞན་གྱི་ལྟོ་དང་སྦྱར་ན། དགོངས་འདུས་ཉིད་ལ་རྩ་རྒྱུད་བཤད་རྒྱུད་དུ་འཐད་པར་གོ་བའོ། །ཞེས་གསུངས་ཏེ། དུར་ཁྲོད་རྨད་བྱུང་གི་རྒྱུད་ལས། ཐོག་མར་གསུངས་པ་རྩ་བའི་རྒྱུད། །ཕྱིས་ནས་གསུངས་པ་བཤད་པའི་རྒྱུད། །མདོ་ཙམ་བརྗོད་པ་རྩ་བ་ལ། །གསལ་བར་བྱེད་པ་བཤད་པའི་རྒྱུད། །ཅེས་སོགས་བཀའ་ལུང་མང་པོ་དང་མཐུན་ཞིང་བྱུང་ཚུལ་བཅུ་གཉིས་ཀྱི་དོན་ཁོ་ན་དྲི་བ་དང་ལན་གྱིས་གསལ་བར་བཤད་པའི་ཕྱིར་འཆད་ཚུལ་བླ་ན་མེད་པའོ། །འོན་ཀྱང་དེ་གཉིས་མཐར་ཐུག་གི་དོན་ལ་དགོངས་གནད་གཅིག་ཏུ་འབབ་སྟེ། དུས་འདིར་ལུང་བསྟན་བརྒྱུད་པའི་བསྟན་པ་དབང་བཙན་པར་བྱ་བའི་ཕྱིར་བཤད་མ་ཐག་པ་ལྟར་ངེས་ཀྱང་། བྱིན་རླབས་འབྱུང་བའི་བསྟན་པའི་རང་སྐབས་དང་། ལེའུ་ཞེ་གསུམ་པ་ལུང་ཆེན་ངེས་པར་བསྟན་པའི་རང་དུས་སོགས་དང་སྦྱར་ན། ཀུན་འདུས་རྩ་རྒྱུད་དུ་བཞེད་པའང་གཞུང་གི་དགོངས་པར་གསལ་བའི་ཕྱིར་འགྲེལ་ཆེན་ལས་དེ་ལྟར་གསུངས་པའང་དེ་ཡི་གནད་ཀྱིས་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། སྤྱིའི་གདམས་ངག་གསུམ་དང་། སྡོམ་པའི་གདམས་ངག་གོ། །དང་པོ་ནི། དེ་ནས་ཡང་སྟོན་པས། ཞེས་པ་ནས། ཐབས་ཀྱིས་ཟིན་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཡང་སྟོན་པས་དྲི་བ་གཉིས་པ་ལ་ལན་བཀའ་སྩལ་པ། རིག་པ་འཛིན་པ་ཆེན་པོ་ཞེས་བོས་ནས། འཁོར་རྣམས་ལ་སྤྱིའི་གདམས་ངག་གསུམ་གྱི་དོན་བསྟན་ཏེ། བསླབ་པར་བྱ་བ་རྣམས་ལ་སྤྱོད་པས་ཞི་གནས་དང་ཤེས་རབ་ཀྱི་བློ་དང་ལྡན་པར་བྱའོ། །དེ་ནས་ཤེས་རབ་འབྱོངས་ཏེ་རྣོ་མྱུར་ཟབ་ཡངས་ཞིབ་པར་གྱུར་པས། སྐྱེ་བ་མེད་པར་ཇི་བཞིན་པར་མཐོང་བའི་གདེང་རྙེད་དེ། ལྷག་མཐོང་གི་གྲོས་ཀྱིས་ཐག་ཆོད་པར་བྱའོ། །དེ་ལྟར་ཐག་ཆོད་པ་ལ་བློ་མི་གཡོ་བར་འཇོག་པས་ཟུང་དུ་འབྲེལ་བའི་སྤྱོད་ལམ་མམ་ལས་ཀྱི་མཐའ་རྣམ་པར་དག་པའི་ཐབས་ཀྱིས་ཟིན་པར་བྱའོ། །ཞེས་པའོ། །རྣམ་པ་གཞན་དུ་ན་ཤེས་རབ་ཀྱི་གདམས་ངག་ཏུའང་མི་འཐད་པ་མ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བསམ་པ་དག་པར། ཞེས་པ་ནས། ལེགས་པར་སྤྱད་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། འདི་གསུམ་ནི་སྡོམ་པ་སྤྱོད་པའི་གདམས་ངག་གསུམ་སྟེ། ཐུན་མོང་དང་སྦྱར་ན། སྒོ་གསུམ་གཡོ་སྒྱུ་མེད་པས་སེམས་ཀྱི་བསམ་པ་རང་བཞིན་དང་རྣམ་པ་གཉིས་ཀ་དག་པར་བྱའོ། །སྒྲོ་སྐུར་མེད་ཅིང་བསམ་པ་ཇི་བཞིན་དུ་སྨྲ་བས་ངག་གི་བརྗོད་པ་དྲང་པོར་བྱའོ། །བདག་གཞན་གྱི་དོན་དུ་འགྱུར་བ་མ་ཡིན་པ་རྣམ་པར་གནོན་པས་ལུས་ཀྱི་སྤྱོད་པ་ལེགས་པར་སྤྱད་པར་བྱའོ། །ཞེས་པའོ། །ཐུན་མོང་མ་ཡིན་པ་དང་སྦྱར་ན། དྲན་རྟོག་ཐམས་ཅད་དོན་དམ་པར་དེ་བཞིན་ཉིད་རང་བྱུང་གི་ཡེ་ཤེས་སུ་ཤར་བས་ལོག་པར་མི་དམིགས་པ་བསམ་པ་དག་པ། དོན་དམ་པར་བརྗོད་པ་དང་བྲལ་བ་རྒྱལ་བའི་གསུང་ལ་སྐྱོན་བཞི་མ་སྤངས་བྲལ་བར་རྟོགས་པས་བརྗོད་པ་དྲང་པོ། དོན་དམ་པར་རིལ་རྒྱལ་བའི་མཛད་པ་ལ་ལེགས་ཉེས་བྲལ་བ་ནི། སྤྱོད་པ་ལེགས་པར་སྤྱད་པ་སྟེ། དེ་དག་ལ་སྤྱོད་པ་མི་འགོག་ཅིང་འཆིང་བར་སྤྱད་པ་མེད་པའོ། །གཉིས་པ་ལ་གསུམ་སྟེ། སེམས་ལ་ཤེས་རབ་བསྐྱེད་པའི་གདམས་ངག །ངག་ལ་བརྗོད་པ་དྲང་པོའི་གདམས་ངག །བྱ་བ་བྱེད་པ་སྤྱོད་པའི་གདམས་ངག་གོ། །དང་པོ་ནི། དོན་བཙལ་བར། ཞེས་པ་ནས། རྙེད་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་ཤེས་རབ་ལྟ་བའི་གདམས་ངག་གསུམ་སྟེ། ཐོས་པའི་ཤེས་རབ་ཀྱིས་ཇི་བཞིན་པ་དེ་ཁོ་ན་ཉིད་ཀྱི་དོན་ཐབས་ཁྱད་པར་ཅན་གྱི་གཏན་ཚིགས་ལ་བརྟེན་ནས་བཙལ་བ་ལ་འབད་པར་བྱའོ། །བསམ་པའི་ཤེས་རབ་ཀྱིས་དེ་ལ་དགོས་ཆེད་ཅི་ཡོད་པ་ཐམས་ཅད་ཤེས་པར་བྱས་ཏེ་དོན་ལ་ངེས་པར་བརྟགས་པར་བྱའོ། །སྒོམ་པའི་ཤེས་རབ་ཀྱིས་དེ་ལྟར་བཙལ་བས་གནད་ཚུད་དེ་གདེང་ལ་དེས་པ་རྙེད་པས་དོན་མཐོང་བར་བྱའོ། །ཞེས་པའོ། །གཉིས་པ་ནི། བདེན་པར་སྨྲ་བར། ཞེས་པ་ནས། སྨྲས་པ་བཞིན་དུ་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ངག་གི་གདམས་ངག་གསུམ་ནི་སྤྱོད་པར་འགྱུར་ཏེ། དོན་རྗེས་ཚིག་གིས་འཚོབ་པས་བརྗོད་པ་ཅི་ལའང་རྫུན་པ་སྤངས་ཏེ་བདེན་པར་སྨྲ་བར་བྱའོ། །ཚིག་རྗེས་ཚིག་གིས་འཚོབ་སྟེ་ངག་གི་བརྗོད་པ་བཞིན་ཕྱིས་རྗེས་སུ་སྙོག་པས་ཚིག་མི་འགྱུར་བར་བྱའོ། །ཚིག་རྗེས་དོན་གྱིས་འཚོབ་པས་ངག་གིས་ཇི་སྐད་སྨྲས་པ་བཞིན་དུ་སྒོ་གསུམ་གྱིས་སྤྱོད་པར་བྱ་བའོ། །གསུམ་པ་ནི། སྒོ་གསུམ་ལ་མཁས་པར། ཞེས་པ་ནས། ཡོངས་སུ་རྟོག་པ་ཆད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། བྱ་བ་བྱེད་པ་མདོ་སྔགས་ཐུན་མོང་གི་སྤྱོད་པའི་གདམས་ངག་གསུམ་སྟེ། གང་ལ་བསླབ་པ་ཤེས་པར་བྱ་བའི་ཕྱིར་དཀའ་ཐུབ་སྡོམ་པའི་སྒོ་སྤྱོད་པ་དང་། རྟོགས་པ་ཤེས་རབ་ཀྱི་སྒོ་ལྟ་བ་དང་། གོམས་པ་ཏིང་ངེ་འཛིན་གྱི་སྒོ་སྒོམ་པའོ། །གོལ་ས་ཤེས་པར་བྱ་བའི་ཕྱིར་རྩོལ་བས་འཇུག་པའི་སྒོ་དང་། གྲུབ་པ་ཐབས་ཀྱི་སྒོ་དང་། མཐར་ཕྱིན་འབྲས་བུའི་སྒོ་མོའོ། །སྤྱིར་ཤེས་པར་བྱ་བའི་ཕྱིར་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་དང་། མཚན་མ་མེད་པའི་སྒོ་དང་། སྨོན་པ་མེད་པའི་སྒོ་མོ་སྟེ་དེ་ལྟར་སྒོ་གསུམ་ལ་མཁས་པར་བྱའོ། །སྔགས་ཀྱི་སྡེ་སྣོད་གསུམ་ཕྱིས་འབྱུང་བ་ལ་སློབ་པར་གྱིས་ཤིག་པའམ། གནས་སྐབས་བཅུ་གཉིས་སུ་འབྱུང་བའི་གསང་སྔགས་དེ་ཁོ་ན་ཉིད་ཇི་བཞིན་པའི་ངོ་བོ་ལ་གསུམ་གྱི་མིང་གི་རྣམ་གྲངས་ནི། ཡི་གེ་ཨཱོཾ་མཱུྃ་ཧཱུྃ་གི་དོན་གསུམ་སྟེ་རང་བཞིན་ལྷུན་གྱིས་གྲུབ་པ་བདེ་བར་གཤེགས་པའི་སྙིང་པོ་ཉིད་དང་། ཡེ་ཇི་བཞིན་པ་རིལ་དང་ངོ་བོ་མི་ཕྱེད་པ་དང་། རྩ་བ་བྱང་ཆུབ་ཀྱི་སེམས་སྤྱོད་ཡུལ་དང་བྲལ་བ་བློས་རེག་དཀའ་བ་དེ་ཉིད་དེ། དེ་དག་ནི་སྔགས་གསུམ་སྟེ་དེ་ལ་ཅིར་ཡང་མི་བསམ་མི་དཔྱད་གཡོ་བ་མེད་དེ། མི་བསྒོམ་པའི་སྒོམ་པ་ལ་བསླབ་པ་མེད་པའི་བསླབ་པར་བྱའོ། །ཡང་ན་ཕྱིས་འབྱུང་བའི་རིག་སྔགས་གསང་སྔགས་གཟུངས་སྔགས་གསུམ་ལ་སློབ་པར་གྱིས་ཤིག་པའམ། མདོ་ཉིད་ལས་གྲགས་པའི་རིག་སྔགས་རང་བཞིན་ལྷུན་གྲུབ། གཟུངས་སྔགས་ཡེ་ཇི་བཞིན་པ། །གསང་སྔགས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ་དེ་ལྟར་སྔགས་གསུམ་ལ་བསླབ་པར་བྱའོ། །དེ་ལྟར་སྒོམ་པས་གོལ་ས་སྒྲིབ་པ་ནི་གྲོང་ཁྱེར་གསུམ་སྟེ། རྒྱུད་ཐ་དད་པས་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་དང་། རྒྱུད་གཅིག་པས་ལུས་སྣང་བ་འདོད་ཁམས། ངག་ཕྱེད་སྣང་གཟུགས་ཁམས། ཡིད་མི་སྣང་བ་གཟུགས་མེད་ཀྱི་ཁམས་གསུམ་དང་། ཤེས་པ་རྟོག་པའི་རྒྱུད་ཚོགས་དྲུག་རང་ཡུལ་རྣམས་འདོད་པས་འདོད་ཁམས། ཉོན་ཡིད་ངའམ་བདག་གི་བར་རློམས་སེམས་པས་གཟུགས་ཁམས། ཀུན་གཞི་བལྟར་དངོས་སུ་མེད་པས་གཟུགས་མེད་ཁམས་ཏེ་དེ་ལྟར་གྲོང་ཁྱེར་གསུམ་བཤིག་པར་བྱའོ། །འོ་ན་འདིར་གསུམ་ཚོ་ལྔ་ཡོད་པས་གདམས་ངག་གསུམ་དུ་འཇོག་བཏུབ་བམ་ཞེ་ན། དེ་ནི་བཅོ་ལྔར་སྣང་ཡང་རྩ་བའི་དབང་གིས་གསུམ་ཞེས་པ་མི་འགལ་ཏེ་དཔེར་ན་རིམས་ཉིན་བཞི་པའམ། སྦྲུལ་གོམ་པ་བདུན་པ་དང་། ཤིང་འདབ་མ་བདུན་པ་ལྟ་བུའོ། །དེ་དག་ཀྱང་བློ་ཆུང་བའི་ངོར་རྒྱུའི་ཐེག་པའི་ངེས་པར་བཞག་པ་གསུམ་ཡིན་ཀྱང་། བློ་ཆེ་བ་ལ། ལེའུ་དྲུག་པ་ལས། རྒྱལ་བའི་དགོངས་པ་ཚིག་གསུམ་པོ། །འཕྲུལ་གྱི་བློ་དང་གྲོས་མཆོག་སྟེ། །ཡུལ་གྱི་དོན་སྲིད་ཆེན་པོ་པས། །བློ་གྲོས་དམ་པའི་ཡུལ་དུ་སྣང་། །ཞེས་དང་། ལེའུ་ལྔ་བཅུ་ང་དྲུག་པ་ལས། ཀུན་ནས་འདུས་པའི་དགོངས་པ་ཚིག་གསུམ་པོ། །ཡིད་ཆེས་ངེས་པས་བློ་ཡི་གདེངས་སུ་བྱ། །ཚིག་གསུམ་དོན་ལ་ངེས་རྙེད་མངོན་གྱུར་ན། །ངེས་པའི་དོན་ནི་རང་རིག་ཁོ་ནར་ཟད། །ཅེས་གསུངས་པས། གསང་སྔགས་ཐེག་པ་མཆོག་གི་ངོ་བོ་རྩ་བའི་རྒྱུད་ཀྱི་དངོས་གཞི་སྟེ། སྤྲོས་པས་ཆོག་གོ། །ཞེས་དེ་སྐད་སྟོན་པས་བཀའ་སྩལ་པས། དྲི་བ་གཉིས་པའི་ཡོངས་སུ་རྟོག་པ་ཆད་དོ། །གསུམ་པ་ནི། དེ་ནས་ཡང་སྟོན་པས། ཞེས་པ་ནས། ཡོངས་སུ་རྟོག་པ་ཆད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཡང་སྟོན་པས་དྲི་བ་གསུམ་པ་ལ་ལན་བཀའ་སྩལ་པ། རིག་པ་འཛིན་པ་ཆེན་པོ་ཞེས་བོས་ནས། དེའི་དོན་ནི་འདི་ལྟ་སྟེ། སྟོན་པ་ཐུབ་པའི་དབང་པོ་ང་ཡིས་ཡི་གེའི་སྒྲོན་མ་བསྟན་པ་ཕུན་སུམ་ཚོགས་པ་གསུམ་དུ་གང་བཞག་པ་དེ་ནི་སྣོད་ཀྱི་རིམ་པ་རབ་འབྲིང་ཐ་མ་གསུམ་དག་ལ་རང་རང་གི་མོས་པ་ལྟར་དུ་སྣང་བ་སྟེ་དེའི་ཕྱིར་སྤྱིའི་ངོ་བོ་ནི་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དུ་བསྡུའོ། །དེའི་དོན་གྱི་བསྡུ་ལུགས་ནི་ཞི་གནས་ལྷག་མཐོང་ལས་མཐའ་གསུམ་དུ་བསྡུའོ། །དེ་ཡང་འདུལ་བའི་དབང་གིས་དང་པོ་ཤེས་པའི་རྒྱུད་གསུམ་སྒོ་གསུམ་མམ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་ལ་བསྡུའོ། །རྣམ་པ་གཞན་དུ་གང་ཟག་གཅིག་གི་ཀུན་གཞི་ཉོན་ཡིད་ཡིད་དེ་ཤེས་པ་གསུམ་ལའང་བསྡུའོ། །འཇུག་པའི་སྐལ་བ་ཆུང་བས་ཡི་གེ་ལ་མ་བརྟེན་པར་མི་གོ་བའི་ཕྱིར་དེ་ནས་ཡི་གེའི་ཚོགས་ཏེ་སྡེ་སྣོད་ཀྱི་གླེགས་བམ་ཉིད་ལའང་བསྡུའོ། །གང་གིས་བསྡུ་ན་གང་ཟག་ལ་ཆེ་ཆུང་གི་རིམ་པའི་བློ་ཡི་ཁྱད་པར་ཡོད་པའི་ཕྱིར་ན་དེ་གཉིས་ཀྱི་ཆེད་དུ་ཐེག་པའི་རིམ་པའང་དེ་བཞིན་དུ་མཐོ་དམན་གཉིས་སུ་བྱས་ཏེ། བསྡུ་བའང་བློ་ཆུང་འབྲིང་གི་ངོར་སྣང་བ་ཐེག་པ་ཆུང་ངུ་ཉན་ཐོས་ཀྱི་ལུགས་སུ་འོད་སྲུང་ལ་སོགས་པས་བསྡུ་བ་དང་། བློ་ཆེན་པོའི་ངོར་སྣང་བ་ཐེག་པ་ཆེན་པོ་དབུ་མའི་ལུགས་སུ་ཀུན་དགའ་བོའམ་ཕྱག་ན་རྡོ་རྗེ་ལ་སོགས་པ་སོ་སོའི་སྡུད་པ་པོས་ཆེ་ཆུང་གི་རིམ་པ་གཉིས་ཀྱིས་བསྡུ་བས་སོ། །གཞི་གང་ལ་བསྡུ་ན་དེ་ལྟར་བློ་ཆེ་ཆུང་རྣམ་པ་གཉིས་ཀྱི་ཁྱད་པར་ལས་བློ་ཡིས་འཇུག་པའི་ཡུལ་ཐེག་པའི་ཆོས་ཀྱི་རིམ་པ་ཡང་ལྟ་སྤྱོད་ལ་སོགས་པ་མཐོ་དམན་གྱི་ཁྱད་པར། དེ་ཁོ་ན་བཞིན་དུ་བཀལ་སྩལ་པའོ། །དེས་ན་གདུལ་བྱ་རང་རང་གང་ལ་མོས་པ་དེ་ཉིད་དང་མཐུན་པར་འདུལ་བར་འགྱུར་བས་ཆེ་ཆུང་གཉིས་ཉིད་དུ་བསྡུ་བར་བྱའོ། །ཞེས་བཀའ་སྩལ་པས། དྲི་བ་གསུམ་པའི་ཡོངས་སུ་རྟོག་པ་ཆད་དོ། །བཞི་པ་ནི། དེ་ནས་ཡང་སྟོན་པས། ཞེས་པ་ནས། མྱ་ངན་ལས་འདས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཡང་སྟོན་པས་དྲི་བ་བཞི་པ་དང་ལྔ་པ་གཉིས་ཀྱི་ལན་ཚིག་ལེའུ་གཅིག་པ་བཀའ་སྩལ་པ་ནི། ལན་གཞན་ཡང་དྲི་བ་ཐ་མ་གཉིས་ཀྱི་ལན་ཚིག་གཅིག་གིས་ཡོངས་སུ་ཆོད་པར་བྱ་སྟེ། བདེ་གཤེགས་སྙིང་པོས་བསྡུས་པའི་ཆོས་ཀྱི་སྦུན་དུ་བྱས་པ་ཡི། རིག་པ་འཛིན་པ་ཀུཉྫར་ཁྱོད་ཉོན་ཅིག་ཅེས་བོས་ནས་གདམས་ཏེ། སྟོན་པ་སྐུ་མྱ་ངན་ལས་འདས་པའི་འོག་ཏུ་སྟོན་པའི་རྒྱལ་ཚབ་ཀྱི་སྒྲོན་མ་བྱེད་ཅིང་གསང་སྔགས་ཡོངས་སུ་གྲགས་པར་གསུང་པའི་བྱ་བ་ཡང་། སྐུ་མ་འདས་པའི་སྔོན་དུ་བྱུང་བའི་རྒྱལ་པོ་ཛཿལ་ཕྱིས་གསང་སྔགས་འབྱུང་བར་ལུང་བསྟན་པའི་དུས་ལ་བབ་པ་ན། འགྲོ་བ་དམན་པའི་ལུས་ཀྱི་སེམས་དཔའ་ཆེན་པོ་དམ་པའི་རིགས་ཅན་ལྔ་ལ་སོགས་པ་དག་བྱུང་ནས་དྲག་ཤུལ་ཅན་གྱི་རྩེར་གསོལ་བ་བཏབ་པས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དངོས་སུ་བྱོན་ཏེ་དེ་དག་ལ་གསང་སྔགས་རྡོ་རྗེའི་ཐེག་པ་ཉིད་ཇི་བཞིན་པར་སྟོན་ཅིང་དེ་དག་གིས་ཀྱང་སོ་སོར་རང་རང་གི་མཐུན་པའི་གནས་རིས་སུ་སྟོན་པར་མཛད་ཅིང་སྤྲོས་ནས་གསལ་བར་བྱེད་པ་དང་། ལོག་པའི་སྡེ་པའང་སུན་འབྱིན་ཞིང་ཚར་གཅོད་པར་བྱེད་དོ། །འདིའི་ཤུགས་ཀྱིས་པདྨ་ལ་སོགས་པ་ཡང་མཚོན་པར་ཆོས་རྗེའི་ཕྱག་མཆན་ལས་གསུངས་སོ། །དེ་སྐད་ཅེས་བཀའ་སྩལ་པས་དྲི་བ་བཞི་པ་དང་ལྔ་པའི་ཡོངས་སུ་རྟོག་པ་ཆད་དེ་སྟོན་ཟླར་བའི་ཉ་ལ་སྐུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཇི་སྐད་གསུངས་པའི་ལན་ལྔ་དང་གདམས་ངག་གསུམ་ངེས་པར་བཞག་པའི་ལེའུ་སྟེ་གཉིས་པ་གསལ་བར་བཤད་པའོ།། །།ཨེ་མ་རྒྱུད་ལུང་མན་ངག་ཀུན་གྱི་མཛོད། །བསྟན་པའི་དབྱིག་མཆོག་ལུང་ཆེན་འདུས་པ་མདོའི། །བཀའ་ཡི་ངེས་གསང་རྩ་བའི་རྒྱུད་ཆེན་གྱི། །དགོངས་དོན་མན་ངག་ཚད་མས་དེང་འདིར་གསལ། །ཟླ་འོད་ཟེར་གྱིས་ཀུནྡའི་གེ་སར་བཀྲ། །འོད་སྟོང་ལྡན་པས་པད་དཀར་འདབ་བརྒྱ་གྲོལ། །ལུང་རིགས་གསལ་བས་ཆོས་ཀྱི་མེ་ལོང་འགྲེལ། །བློ་མཆོག་ཟབ་དོན་བཞེད་རྣམས་དགའ་བས་ལོངས། །ཞེས་ཀྱང་སྨྲས་སོ། །གཉིས་པ་བཤད་པའི་རྒྱུད་ལ་གསུམ་སྟེ། རྒྱུ་གླེང་གཞི། རྐྱེན་གླེང་བསླང་བ། རྒྱུད་ཀྱི་དོན་དངོས་སོ། །དང་པོ་ལ་གསུམ་སྟེ། གླེང་གཞིའི་རྒྱུ། གླེང་གཞིའི་རྐྱེན། གླེང་གཞི་རང་གི་ངོ་བོའོ། །དང་པོ་ལ་གསུམ་སྟེ། འཁོར་གདུང་བ་ཡོད་མེད་ཀྱི་བྱེ་བྲག །སྟོན་པ་འདས་པའི་ཉེས་དམིགས། གདུང་བ་བཏོན་པ་དངོས་སོ། །དང་པོ་ནི། དེའི་ཚེ། ཞེས་པ་ནས། རྟག་པར་རབ་ཏུ་ངུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ལ། བཤད་ཚུལ་རྗེས་སུ་མཐུན་པར་བསྟན་པའི་གླེང་གཞིའི་རྒྱུ་བཤད་པ་ནི། གདམས་ངག་བཞག་ནས་སྐུ་འདས་པ་དེའི་ཚེ་དེའི་དུས་ན་སྐྱེས་བུ་གང་དག་དོན་ལ་ཤེད་བྱེ་བའི་བསོད་ནམས་དང་རྟོགས་པ་ཆེ་བས་མི་ཆེན་པོ་དམ་པའི་རིགས་ཅན་ལྔ་ལ་སོགས་པ་སེམས་དཔའ་ཆེན་པོ་དང་རིག་པ་འཛིན་པ་རྣམས་ནི། སྟོན་པའི་སྐུ་ལ་འདའ་བ་དང་མི་འདའ་མེད་ཅིང་སེམས་ལ་སྐྱེ་ཤི་མེད་པར་ཤེས་པའི་དབང་གིས་ཡོངས་སུ་གདུང་བ་མེད་པར་ནང་དུ་མི་གཡོ་བའི་བསམ་གཏན་ལ་ཡང་དག་པར་མཉམ་པར་འཇོག་གོ། །དོན་ཆེན་པོ་ལ་ཤེད་མ་བྱེ་བའི་ཉན་ཐོས་དང་འཇིག་རྟེན་པ་ལ་སོགས་པའི་བྱིས་པ་གཟུགས་སྐུ་སྐྱེ་འཇིག་ཏུ་མཐོང་བའི་ལྟ་བ་ཅན་རྣམས་ནི་སྟོན་པ་སྐུ་འདས་པར་མཐོང་ནས་སེམས་མྱ་ངན་གྱིས་ཡོངས་སུ་གདུང་བར་གྱུར་ཏེ། བློ་འཇིགས་ཤིང་སྐྱི་བུང་བས་ཡ་ཡ་བོར་གྱུར་ཅིང་དྲན་པ་ཉམས་པས་ཤིན་ཏུ་བློང་ནས་རྟག་པར་སྨྲེ་སྔགས་འདོན་ཏེ་རབ་ཏུ་ངུའོ། །གཉིས་པ་ལ་གཉིས་ཏེ། ལོ་ཀ་པ་དང་སངས་རྒྱས་པ་གདུང་བས་ཟིན་པ། གཞན་གྱི་སྡེ་པ་བཅས་ཀའི་ཚིག་སྒྲོགས་པའོ། །དང་པོ་ནི། འཇིག་རྟེན་པ། ཞེས་པ་ནས། ནག་པོར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། འཇིག་རྟེན་པ་ཕལ་པར་གྱུར་པ་ལ་ལ་ནི་ཤིན་ཏུ་གདུང་བས་ཤི་བ་ལ་ཐུག་པར་གྱུར། ལ་ལ་ནི་སྨྲ་ཞིང་འགྱེལ་བས་བརྒྱལ་ཞིང་ལ་ལ་ནི་མི་སྨྲ་བར་འགྱེལ་བས་འབོག་པར་གྱུར། ལ་ལ་ནི་སེམས་ཀྱི་ཁམས་སྟོར་ནས་ལུས་ཀྱི་མདངས་ཉམས་ཏེ་རོ་བམ་པ་བཞིན་དུ་གྱུར་ཏོ། །དེ་བཞིན་དུ་འཁོར་གྱི་ཉན་ཐོས་ཐམས་ཅད་ཀྱང་གུ་ལྗོ་སྟེ་བྱིས་པ་མང་པོ་ཕ་ཤི་བ་བཞིན་དུ་ངག་ནས་ཀྱི་ཧུད་ཀྱི་ཧུད་ཅེས་སྡུག་བསྔལ་གྱིས་གདུང་བའི་སྒྲ་སྒྲོགས་སོ། །ལྷ་དང་བཅས་པའི་འཇིག་རྟེན་ཡང་སྣོད་རྣམས་ནི་རྩི་ཤིང་སྐམས་པ་དང་། རླུང་དང་ཁ་ཆར་ལ་སོགས་པ་བྱུང་ནས་ཡིད་དུ་མི་འོང་བར་གྱུར་ཏོ། །བཅུད་ཀྱི་སེམས་ཅན་རྣམས་ཀྱང་སྟོན་པ་ལ་མོས་པ་རྣམས་ནི་སེམས་ཀྱི་དཀྱིལ་འཁོར་འཐིབས་ཏེ་མི་གསལ་བས་མོག་མོག་པོར་གྱུར་ཏོ། །སངས་རྒྱས་པའི་ཆོས་འདི་པར་ཕྱོགས་པ་རྣམས་ནི་མི་དགའ་བས་མདངས་ནག་པོར་གྱུར་ཏོ། །གཉིས་པ་ནི། བདུད་ཀྱི་ཆ་འཛིན། ཞེས་པ་ནས། སྒྲོགས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། སྐུ་འདས་པ་ལ་དགའ་བ་བྱེ་བ་དུང་ཕྱུར་ལ་སོགས་པ་བདུད་ཀྱི་ཆ་འཛིན་ཅིང་གཞན་གྱི་སྡེ་པ་མུ་སྟེགས་བྱེད་རྣམས་ནི། སེམས་དགའ་ནས་བཞིན་གྱི་དཀྱིལ་འཁོར་དཀར་པོར་གྱུར་ཏེ། ཀུན་ཀྱང་གོ་ཏ་མའི་རྡོ་རྗེའི་སྐུ་འདས་ནས་བསྟན་པ་ནི་མེ་ཤི་བའི་དུད་པ་ལྟར་དུ་གྱུར་ཏོ། །ཞེས་ལོག་པར་ལྟ་བས་མི་སྙན་པ་བརྗོད་དེ་བཅས་ཀའམ་ཡ་ཀའི་ཚིག་སྒྲོགས་པར་གྱུར་ཏོ། །གསུམ་པ་ལ་གཉིས་ཏེ། ཉེ་བར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་ལོ་བརྒྱད་དང་། ཞེས་པ་ནས། འདི་ལྟ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ལོ་བརྒྱད་དང་བཅུ་ཚན་གཉིས་འདས་པ་ན། དམ་པའི་རིགས་ཅན་ལང་ཀའི་བདག་པོ་ལ་སོགས་པ་སེམས་དཔའ་ཆེན་པོ་དག །ནང་དུ་ཡང་དག་པར་འཇོག་པ་དགོངས་པའི་ཏིང་ངེ་འཛིན་ལས་ལངས་པ་དང་། འཇིག་རྟེན་གྱི་སྟོན་པ་ནུབ་པར་གྱུར་པ་མཐོང་བས་སྟོན་པ་མེད་པ་དང་། བསྟན་པ་ཇི་ལྟར་འགྱུར་དང་། གདུལ་བྱའི་བྱ་བ་སྒྲུབ་ཚུལ་ལ་སེམས་ཏེ་གཞན་དོན་དུ་ཡུལ་སོ་སོ་ནས་རྨ་ག་ཆད་པ་སྟེ་ཕལ་ཆེ་བར་ངུས་ནས། དེ་ནས་རིག་པ་འཛིན་པ་ཀུན་ཀྱང་གདུང་བ་འདོན་པ་དང་བགྲོ་བའི་ཕྱིར་རང་རང་གི་མངོན་པར་ཤེས་པས། ལང་ཀའི་ཡུལ་གྱི་གྲོང་རྡལ་གྱི་མཚོ་གླིང་ཡོན་ཏན་མང་པོས་མངོན་པར་མཐོ་བའི་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་ལ། ཕྱག་ན་རྡོ་རྗེས་གསང་སྔགས་སྟོན་པར་མཐོང་ནས། ས་ལ་འཛུལ་ཞིང་མཁའ་ལ་འགྲོ་བའི་རྫུ་འཕྲུལ་གྱི་བྱ་བས་མངོན་པར་རབ་ཏུ་འདུས་སོ། །ཡོངས་སུ་འདུས་པར་གྱུར་ནས་འདུས་པ་དེ་དག་ཀུན་ཀྱང་། སེམས་བསྐྱེད་དང་ངག་མཐུན་པས་མགྲིན་གཅིག་ཏུ་ཤིན་ཏུ་ཉམ་ཐག་པའི་ང་རོས། རྒྱལ་བ་རྣམས་ཡིད་ལ་བྱས་ཏེ། སྨྲེ་སྔགས་ཀྱི་གདུང་བ་ཉི་ཤུ་རྩ་གསུམ་བཏོན་པ་ནི་འདི་ལྟ་སྟེ། ཞེས་པའོ། །གཉིས་པ་ལ་ཉི་ཤུ་རྩ་གསུམ་སྟེ། སྒྲོན་མ་ནུབ་པས་མུན་པ་གང་གིས་སེལ་གདུང་ཞིང་དྲིས་པ། ཚད་མའི་ཞལ་མེད་པས་གཏན་ལ་ཕེབས་སམ་ཞེས་གདུང་བ། ཡེ་ཤེས་ཀྱི་སྤྱན་ཟུམ་པས་ལོག་སྟོབས་མི་འཕེལ་ལམ་ཞེས་གདུང་བ། ཉི་ཟླ་ནུབ་པས་མུན་པར་མི་འཁྱམས་སམ་ཞེས་གདུང་བ། གདུག་པ་སུས་འདུལ་ཞེས་ཞུས་པ། བསྟན་པ་གསལ་བར་སུས་བྱེད་ཞུས་པ། བསླབ་པ་སུས་འཛིན་པར་ཞུས་པ། སློབ་མ་ལ་ལུང་བསྟན་ཇི་ལྟར་འབྱུང་བ་ཞུས་པ། རྩོད་པ་མི་འཕེལ་ལམ་ཞེས་གདུང་བ། བཀའ་བསླད་ཅིང་མི་འཆོས་སམ་ཞེས་གདུང་བ། ཆོས་དང་ནོར་མི་བརྗེའམ་ཞེས་ཞུས་པ། བསྟན་པ་ལ་དགྲ་དར་བར་མི་འགྱུར་རམ་ཞེས་ཞུས་པ། བསྟན་པ་གནས་པའི་ཡུན་དྲིས་པ། དུས་ཇི་ལྟར་འགྱུར་བ་ཞུས་པ། བསྟན་པའི་མཐའ་ཇི་ལྟར་འགྱུར་ཞུས་པ། སློབ་མའི་མཐའ་ཇི་ལྟར་འགྱུར་ཞུས་པ། འདི་ནས་གང་དུ་གཤེགས་ཤིང་གང་ན་བཞུགས་ཞུས་པ། ད་འཇིག་རྟེན་གྱི་མགོན་དུ་གང་འོང་བ་ཞུས་པ། བློ་གྲོས་གང་ནས་བཙལ་ཞུས་པ། ངེས་དོན་གང་ལ་བཟུང་ཞུས་པ། སྐུ་གདུང་ཇི་ལྟར་འབྱུང་ཞུས་པ། སླད་ཀྱིས་མཆོད་གནས་གང་ལ་བྱ་བ་ཞུས་པ། སྟོན་པའི་གདུང་འཚོབ་འབྱུང་ངམ་ཞེས་གདུང་ཞིང་དྲིས་པའོ། །དང་པོ་ནི། ཨེ་མའོ། ཞེས་པ་ནས། གང་གིས་སེལ། ཅེས་པའི་བར་གྱིས་བསྟན་ཏེ། འདི་དག་རྒྱུ་དང་རྐྱེན་ཐུན་མོང་དུའང་འགྱུར་ཏེ། བྱང་ཆུབ་སེམས་པའ་དེ་དག་ལ་མངོན་ཤེས་ཡོད་པས་སྙིང་པོ་བྱང་ཆུབ་ཀྱི་རྒྱལ་བ་ལ་དོན་གྱིས་བསྐུལ་བར་ཡང་འགྱུར་བའི་ཕྱིར་རོ། །བདག་དོན་དུ་སྡུག་བསྔལ་གྱི་སྒྲ་ཨེ་མའོ་ཀྱི་ཧུད་ཅེས་དང་། གཞན་དོན་དུ་དྲན་པ་ཉམས་པས་ཨེ་མའོ་བློང་ཞེས་གདུང་བའི་སྨྲེ་སྔགས་ཕྱུང་སྟེ། སྟོན་པ་ཐུབ་པའི་དབང་པོའི་སྒྲོན་མའི་འོད་ཀྱི་སྣང་བ་ནུབ་པར་གྱུར་ན། ཕྱི་ནས་འཇིག་རྟེན་གྱི་མ་རིག་པའི་མུན་པ་བསྟན་པ་དང་སྟོན་པ་གང་གིས་སེལ་བར་འགྱུར་ཞེས་ཞུས་པའོ། །སྤྱིར་སྟོན་པ་ལ་བཞི་སྟེ་རྒྱལ་ཚབ་རྒྱུད་ཀྱི་སྟོན་པ་མི་ཕམ་བྱམས་པ་མགོན་པོ་ལྟ་བུ། བྱིན་རླབས་སྤྲུལ་པའི་སྟོན་པ་ཐུབ་པ་དྲུག །འདྲེན་པ་རང་བྱུང་གི་སྟོན་པ་ཤཱཀྱ་ཐུབ་པ། བསོད་ནམས་རྟེན་གྱི་སྟོན་པ་ལ་གསུམ་སྟེ། སྐུ་དང་ཐུགས་ཀྱི་གཟུགས་བརྙན་གྱི་རྣམ་པ། གསུང་གི་གླེགས་བམ་ཟབ་མོ། དོན་ལ་ལྷག་ཆད་མེད་པར་སྟོན་པའི་གང་ཟག་ཆོས་ཀྱི་མིག་ཅན་རྣམས་ལས་འདིར་གསུམ་པའོ། །གཉིས་པ་ནི། ཚད་མའི་ཞལ། ཞེས་པ་ནས། འགྱུར་ཞིག་གུ། །ཞེས་པའི་བར་གྱིས་བསྟན་ཏེ། བདེན་ཞིང་མི་བསླུ་བས་ཚད་མའི་ཞལ་དེ་མི་བཞུགས་པས། ཉིད་ཀྱི་ཚད་མས་གསུངས་པའི་བསྟན་པ་རིན་པོ་ཆེ་ལ་ཡང་དག་པར་འཇུག་པར་འཚལ་བའམ་འདོད་པའི་འགྲོ་བ་རྣམས་ལྟ་བ་ཇི་ལྟ་བར་རྟོགས་མི་ནུས་པར་ཕྱིན་ཅི་ལོག་པར་འཇུག་སྟེ་གོལ་བར་མི་འགྱུར་རམ། ཚད་མར་དམ་བཅས་པའི་སློབ་མ་གང་ཟག་ཆོས་ཀྱི་མིག་ཅན་དག་གིས་ངེས་པ་མ་རྙེད་པའི་གང་ཟག་སློབ་བུ་གཞན་ལ་ཕན་གདགས་པར་བྱ་བའི་ཕྱིར་སྟོན་པའི་བཀའ་ཡི་དོན་བཀྲོལ་བ་ན། ཇི་བཞིན་དུ་གཏན་ལ་ཕེབས་ནུས་པར་འགྱུར་ཞིག་གུ། ཞེས་གདུང་ཞིང་དྲིས་པའོ། །གསུམ་པ་ནི། ལེགས་ཉེས། ཞེས་པ་ནས། མི་འགྱུར་རམ། ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་ལེགས་ཉེས་ཀྱི་ཁྱད་པར་ཅི་བཞིན་དུ་འབྱེད་པའི་ཡེ་ཤེས་ཀྱི་སྤྱན་ཅན་ཟུམ་སྟེ་མི་བཞུགས་པས། མུ་སྟེགས་སོགས་སམ་ལོག་པའི་ང་རྒྱལ་སྐྱེས་ནས་བཀའ་ཉིད་ཁྱད་དུ་གསོད་པ་ཡི་ལོག་པར་ལྟ་བས་སྐྱོན་གྱི་སྤྱི་གཙུག་མཐར་ཕྱིན་པས་མགོ་རྟིང་ལོག་པ་ལྟ་བུར་གྱུར་ཏེ། ལོག་སྟོབས་འཕེལ་བར་མི་འགྱུར་རམ་ཞེས་གདུང་ཞིང་དྲིས་པའོ། །བཞི་པ་ནི། ལོག་པའི། ཞེས་པ་ནས། མི་འགྱུར་རམ། ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་ཚད་མའི་སྐྱེས་བུ་མི་བཞུགས་ན། ཐར་ལམ་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་བསྟན་པ་ངན་པའི་སྤྲིན་འཁྲིགས་པ་ལྟ་བུས་ཁེབས་པས། བསྟན་པའི་དོན་བདེན་པ་གཉིས་ཀྱི་ཉི་ཟླ་ལྟ་བུ་ནུབ་པར་གྱུར་ཏེ་འགྲོ་བ་གང་ཞིག་ཡང་དག་པའི་ལམ་ཚོལ་བ་རྣམས་ཀྱང་མ་རིག་པས་ནོན་ཏེ་མུན་པར་འཁྱམས་པར་མི་འགྱུར་རམ་ཞེས་གདུང་ཞིང་དྲིས་པའོ། །ལྔ་པ་ནི། སྟོན་པ། ཞེས་པ་ནས། སུས་འདུལ་འགྱུར། ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་མི་འཇིགས་བཞིའི་བདག་ཉིད་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པ་ལ་འཚེ་བའི་ཕྱི་ནང་གི་བདུད་དང་སྲིན་པོ་དང་མུ་སྟེགས་བྱེད་དང་། གནོད་སྦྱིན་དང་འབྱུང་པོ་དང་མི་མ་ཡིན་གྱི་རིགས་མ་རུང་བའི་གདུག་པ་ཅན་རྣམས་ཕྱིས་སུ་སྟོབས་ཀྱི་མངའ་བདག་སུས་འདུལ་བར་འགྱུར་ཞེས་གདུང་ཞིང་དྲིིས་པའོ། །དྲུག་པ་ནི། དྲི་མེད། ཅེས་པ་ནས། བྱེད་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། རང་བཞིན་གྱིས་དག་ཅིང་འཁྲུལ་པའི་གཉེན་པོར་གྱུར་པས་དྲི་མ་མེད་པ་བསྟན་པའི་བདུད་རྩི་ཆེན་པོ་འདི་ཉིད་གལ་ཏེ་ནུབ་པར་གྱུར་ན་ཤིན་ཏུ་མ་རུང་བར་ངེས་ན། ཤེས་རབ་ཀྱི་རྩལ་དང་ལྡན་པ་སུ་ཞིག་གིས། གསལ་བར་འབར་ཞིང་ཀུན་ཏུ་སྣང་བར་བྱེད་པར་འགྱུར་ཞེས་གདུང་ཞིང་དྲིས་པའོ། །བདུན་པ་ནི། བསླབ་པ། ཞེས་པ་ནས། བྱེད་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། ཤེས་རབ་དང་ཏིང་ངེ་འཛིན་དང་ཚུལ་ཁྲིམས་ཀྱི་བསླབ་པ་དམ་པ་རིན་པོ་ཆེ་རྣམ་པ་གསུམ་པོ་དང་བྲལ་བར་གྱུར་ན་ཤིན་ཏུ་མ་རུང་བར་ངེས་ན། ཕྱིས་སུ་སྐྱེས་བུ་དམ་པ་གང་ཞིག་གིས་བསླབ་པའི་ཚུལ་རྣམས་ཇི་བཞིན་དུ་འཛིན་པར་བྱེད་པར་འགྱུར་ཞེས་གདུང་ཞིང་དྲིས་པའོ། །བརྒྱད་པ་ནི། སྟོན་པ། ཞེས་པ་ནས། གང་དུ་ཞིག །ཅེས་པའི་བར་གྱིས་བསྟན་ཏེ། སྟོན་པ་ཐུགས་རྗེའི་མངའ་བདག་མི་བཞུགས་པ་དེ་ཡི་རྗེས་ན། སྟོན་པའི་སློབ་མ་གང་ཇི་སྙེད་པ་རྣམས་ཀྱི་ལ་ལ་ས་ནོན་པས་འཕགས་པ་དང་། ལ་ལ་ཟག་པ་དང་བཅས་པས་གང་ཟག་ཐ་དད་པ་རྣམས་ལ་རང་རང་དང་མཐུན་པར་ལུང་བསྟན་གསལ་བར་འབྱུང་བ་གནས་སྐབས་གང་དུ་སུ་ཞིག་གིས་སྟོན་པར་འགྱུར་ཞེས་གདུང་ཞིང་དྲིས་པའོ། །དགུ་པ་ནི། བསྟན་པ། ཞེས་པ་ནས། མི་འགྱུར་རམ། །ཞེས་པའི་བར་གྱིས་བསྟན་ཏེ། བསྟན་པ་རིན་པོ་ཆེ་ནི་ཕྱོགས་རིས་མེད་པ་ནམ་མཁའ་དང་འདྲ་བ་ཡིན་པ་ལ། རང་རང་གི་མོས་པ་ཐ་དད་པ་ལྟར་ཕྱོགས་རིས་སུ་བཟུང་ནས། རང་གི་ལུགས་ཡིན་པ་དང་གཞན་གྱི་ལྟར་མ་ཡིན་པས་དགག་སྒྲུབ་ཀྱི་ཆ་སོ་སོར་འཛིན་ཅིང་རྩོད་པ་འཕེལ་ཞིང་ཀུན་ཏུ་འཁྲུགས་པར་མི་འགྱུར་རམ་ཞེས་གདུང་ཞིང་དྲིས་པའོ། །བཅུ་པ་ནི། དེ་ཉིད། ཅེས་པ་ནས། མི་འགྱུར་རམ། །ཞེས་པའི་བར་གྱིས་བསྟན་ཏེ། བསྟན་པའི་དེ་ཁོ་ན་ཉིད་ངེས་པར་ཐེག་པ་ཆེན་པོ་གསང་སྔགས་སུ་རིགས་གཅིག་པར་གནས་པ་ལ། མི་ཤེས་པ་རྣམས་ཀྱིས་ལུགས་མི་མཐུན་པར་བཟུང་ནས་ཐ་དད་དུ་སྤྱོད་པས་རིགས་གཅིག་ཐ་སྙད་ཐ་དད་དུ་བཞག་སྟེ་རིགས་སྣ་ཚོགས་རྣམས་སུ་མུ་སྟེགས་པ་ལ་སོགས་པས་བསླད་ཅིང་བཅོས་པར་མི་འགྱུར་རམ་ཞེས་གདུང་ཞིང་དྲིས་པའོ། །བཅུ་གཅིག་པ་ནི། རིན་ཐང་། ཞེས་པ་ནས། མི་འགྱུར་རམ། །ཞེས་པའི་བར་གྱིས་བསྟན་ཏེ། རིན་ཐང་ཚད་མེད་པའི་དམ་པའི་ཆོས་རིན་པོ་ཆེ་ཉིད། མི་མཁས་བཞིན་དུ་སློབ་དཔོན་གྱི་གོ་ས་ཐོབ་པའི་གང་ཟག་ཐ་དད་དུ་གྱུར་པས། རང་རྒྱུད་ཉོན་མོངས་དང་འདོད་པས་གཟིར་ཞིང་ཁྲིད་པའི་དབང་གིས་ནོར་རྫས་ཀྱི་དངོས་པོ་རྣམ་སྨིན་དབལ་ཚ་བས་དུག་དང་འདྲ་བ་ལ་བརྗེ་བར་མི་འགྱུར་རམ་ཞེས་གདུང་ཞིང་དྲིས་པའོ། །བཅུ་གཉིས་པ་ནི། ཆོས་ཀྱི། ཞེས་པ་ནས། མི་འགྱུར་རམ། །ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཀྱི་རྒྱལ་པོ་སྟོན་པ་སྟོབས་བཅུའི་དབང་ཕྱུག་དེ་ཉིད་དུས་འདི་ཡི་སྔོན་ཕན་ཆད་དུ་ཞལ་བཞུགས་ཏེ་དངོས་སུ་ཆོས་སྟོན་པའི་སྐབས་ནའང་བདུད་དང་མུ་སྟེགས་ལ་སོགས་པས་མ་རུང་བ་རྣམས་ཀྱིས་བསྟན་པ་ལ་འཚེ་བར་བགྱིད་ན། སྟོན་པ་མི་བཞུགས་ན་བསྟན་པ་ལ་ཕྱིའི་དགྲ་གདུག་ཅིང་མི་སྲུན་པ་དར་བར་མི་འགྱུར་རམ་ཞེས་གདུང་ཞིང་དྲིས་པའོ། །བཅུ་གསུམ་པ་ནི། གང་འདིར། ཞེས་པ་ནས། གནས་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། ད་ལྟའི་དུས་གང་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འབྱུང་བ་འདི་ཉིད་གནས་པའི་ཡུན་ཅི་སྲིད་ཅིག་ཏུ་གནས་པར་འགྱུར་ཞེས་གདུང་ཞིང་དྲིས་པའོ། །བཅུ་བཞི་པ་ནི། གང་འདིར། ཞེས་པ་ནས། ཇི་ལྟར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། ད་ལྟའི་དུས་གང་འདིར་བསྟན་པ་རིན་པོ་ཆེ་འབྱུང་བའང་སྔར་བྱུང་བ་འདས་པའི་དུས་སུ་ཇི་ལྟར་བྱུང་། ད་ལྟ་གོང་སྔར་བྱུང་ཟིན་པ་འདིའི་དོན་ཇི་ལྟར་འབྱུང་། ཕྱིས་མ་འོངས་པ་ན་བསྟན་པ་འདི་ནུབ་ནས་གཞན་བྱུང་བའི་དུས་སུ་འདི་ཉིད་ཇི་ལྟར་འགྱུར་ཞེས་གདུང་ཞིང་དྲིས་པའོ། །བཅོ་ལྔ་པ་ནི། སྟོན་པའི། ཞེས་པ་ནས། འགྱུར་ཞིག་གུ། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པའི་བསྟན་པ་འདི་ཉིད་དུས་ཐ་མའི་ཚེ་ན། ངེས་པར་ནུབ་པའམ་མི་ནུབ་པ་ཇི་ལྟར་དུ་འགྱུར་ཞིག་གུ་ཞེས་གདུང་ཞིང་དྲིས་པའོ། །བཅུ་དྲུག་པ་ནི། བསླབ་པ། ཞེས་པ་ནས། འགྱུར་ཞིག་གུ། །ཞེས་པའི་བར་གྱིས་བསྟན་ཏེ། བསླབ་པ་གསུམ་དང་བཅུ་པོ་རྣམས་འཛིན་པའི་སློབ་མ་རྣམས། དུས་ཀྱི་ཐ་མ་ལ་ཇི་ལྟར་འགྱུར་ཞིག་གུ་ཞེས་གདུང་ཞིང་དྲིས་པའོ། །བཅུ་བདུན་པ་ནི། འདི་ནས། ཞེས་པ་ནས། ཇི་ཞིག་སྒྲོགས། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་དེ་ཉིད་འདི་ནས་མྱ་ངན་ལས་འདས་པའི་འོག་ཏུ་ཚུལ་གང་ལྟར་གདུལ་བྱ་སུ་ཡི་སྟོན་པར་གཤེགས་ཏེ། ཞིང་ཁམས་ཀྱི་ཕྱོགས་ནི་གང་ཞིག་ན་བཞུགས་ནས་ཞིང་དེ་ན་བསྟན་པ་དམ་པ་ཇི་ལྟ་བུ་ཞིག་སྒྲོགས་པར་མཛད་པ་ལགས་ཞེས་གདུང་ཞིང་དྲིས་པའོ། །བཅོ་བརྒྱད་པ་ནི། ད་ཡོང་། ཞེས་པ་ནས། གང་ཞིག་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་མི་བཞུགས་ཀྱང་ད་ཡོང་འཇིག་རྟེན་འདིར་མགོན་སྐྱབས་མེད་པ་རྣམས་ཀྱི་མགོན་དང་སྐྱབས་སུ་རྒྱལ་ཚབ་སྐྱེས་བུ་གང་ཞིག་འབྱུང་བར་འགྱུར་ཞེས་གདུང་ཞིང་དྲིས་པའོ། །བཅུ་དགུ་པ་ནི། འཕྲུལ་གྱི། ཞེས་པ་ནས། གང་ནས་བཙལ་ཞེས་པའི་བར་གྱིས་བསྟན་ཏེ། རིན་ཆེན་འཕྲུལ་གྱི་མེ་ལོང་ལྟ་བུའི་མན་ངག་གི་རྩ་བ་ཞི་བར་གནས་པས་བློ་དང་ལྷག་གེར་མཐོང་བས་གྲོས་དམ་པ་སྟོར་ནས་མ་རྙེད་ན། ཀུན་ལ་ཕན་པའི་བློ་དང་གྲོས་ནི་གང་ནས་བཙལ་བར་བྱ་ཞེས་གདུང་ཞིང་དྲིས་པའོ། །ཉི་ཤུ་པ་ནི། ངེས་པའི། ཞེས་པ་ནས། གང་ལ་གཟུང་། ཞེས་པའི་བར་གྱིས་བསྟན་ཏེ། མན་ངག་གིས་རྟོགས་པར་བྱ་བ་ངེས་པའི་དོན་གྱི་སྙིང་པོ་གསང་བ་དམ་པ་འདི་ཉིད་མ་དད་པ་དང་ཡིད་གཉིས་དང་ལེ་ལོའི་དབང་གིས་ངེས་པར་མ་རྙེད་ན། ད་ཡོང་ངེས་དོན་ཟབ་མོ་གང་ལ་གཟུང་བར་བགྱི་ཞེས་གདུང་ཞིང་དྲིས་པའོ། །ཉེར་གཅིག་པ་ནི། མཆོད་གནས། ཞེས་པ་ནས། འགྱུར་ཞིག་གུ། །ཞེས་པའི་བར་གྱིས་བསྟན་ཏེ། མཆོད་པའི་གནས་དང་ཡིད་མོས་པའི་རྟེན་དུ་གྱུར་པ་སྟོན་པ་འགྲོ་བའི་མགོན་པོ་ཉིད་མི་བཞུགས་ན། བསོད་ནམས་ཀྱི་གནས་སྐུ་གདུང་རིང་བསྲེལ་འབྱུང་ངམ་མི་འབྱུང་ཇི་ལྟར་འགྱུར་ཞིག་གུ་ཞེས་གདུང་ཞིང་དྲིས་པའོ། །ཉེར་གཉིས་པ་ནི། སླད་ཀྱིས་མཆོད་གནས་ཅི་ལ་བགྱི། །ཞེས་པས་བསྟན་ཏེ། གལ་ཏེ་རིང་བསྲེལ་མ་བྱུང་ན་སླད་ཀྱིས་གུས་པས་མཆོད་གནས་ཅི་ལ་བགྱི་ཞེས་གདུང་ཞིང་དྲིས་པའོ། །ཉེར་གསུམ་པ་ནི། ད་ལྟར། ཞེས་པ་ནས། བཏོན་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ད་ལྟར་ཞིང་འདིར་སྟོན་པ་འདས་པའི་འོག་ཏུ་སྟོན་པའི་གདུང་འཚོབ་ནུས་པའི་རྒྱལ་ཚབ་ཀྱི་སྐྱེས་བུ་དམ་པ་འབྱུང་བར་འགྱུར་རམ་ཞེས་དྲིས་ཤིང་ཞུས་ཏེ། ཨེ་མའོ་ཀྱི་ཧུད་ཨེ་མའོ་བློང་། ཞེས་ཡོངས་སུ་གདུང་བ་བཏོན་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། གསང་སྔགས་ཡོངས་གྲགས་སུ་མ་བྱུང་བའི་ཐོག་མར་བཤད་པའི་རྒྱུད་ཀྱི་གླེང་གཞིའི་རྒྱུར་གྱུར་པ་དམན་པས་མི་སྤོབས་པས་དམ་པས་གདུང་བ་བཏོན་པའི་ལེའུ་སྟེ་གསུམ་པ་རྣམ་པར་བཤད་པའོ།། །།གཉིས་པ་ལ་གཉིས་ཏེ། རྒྱལ་བ་རྣམས་ཀྱིས་གསང་བདག་ལ་བསྐུལ་བ། གསང་བདག་གིས་ཞལ་གྱིས་བཞེས་པའོ། །དང་པོ་ལ་གསུམ་སྟེ། གདུང་བ་གསན་ནས་ལྕང་ལོ་ཅན་དུ་འདུས་པ། སྔོན་དམ་བཅས་པའི་སྒོ་ནས་གདུང་བ་སོལ་ཞིག་པར་བསྐུལ་བ། མཐུན་པའི་འདུ་ཤེས་བསྒྱུར་ལ་སྔགས་ལ་ཁོད་ཅིག་པར་བསྐུལ་བའོ། །དང་པོ་ནི། དེ་སྐད་སྨྲས་ཏེ། ཞེས་པ་ནས། གནས་སུ་འདུས། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ལ། དེ་ལྟར་གདུང་བ་གསན་པས་དེ་ཉིད་སེལ་བར་བགྲོ་བ་མཛད་ནས་སྟོན་པ་ཕྱག་ན་རྡོ་རྗེ་ལ་བསྐུལ་བའི་རྐྱེན་དུ་གྱུར་པའི་དོན་བསྟན་པའི་ཕྱིར་དེ་སྐད་སྨྲས་ཏེ་གདུང་བ་བཏོན་པ་ལས་སྲིད་པ་གསུམ་གྱི་འགྲོ་བ་མ་ལུས་པ་ལ་ཕན་འདོགས་པའི་གཉེན་གཅིག་པ་ལྟ་བུར་གྱུར་པའི་ཕྱོགས་བཅུའི་རྒྱལ་བ་གྲངས་མང་ལ་མི་དཔོགས་པས་རྒྱ་མཚོ་ལྟ་བུ་རྣམས་ཀྱིས་གསན་ནས་སྙིང་རྗེ་གསུམ་དབྱེར་མེད་པའི་རང་གི་ངོ་བོ་མངོན་དུ་གྱུར་པས་སྙིང་རྗེའི་བདག་པོ་དེ་དག་ཀུན་ཀྱང་། ངེས་པའི་དོན་དུ། གསང་བ་སྒྲ་རྒྱུད་ལས། དེ་ལས་ལྕང་ལོ་ཅན་གྱི་གནས། །ཀུན་གཟིགས་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་གཟུང་བས་རིགས་ལྔར་སྨིན། །ཞེས་གསུངས་པ་ལྟར་ངེས་ཀྱང་། དྲང་དོན་དུ། ཉན་ཐོས་མེད་ཅིང་གནོད་སྦྱིན་གོས་སྔོན་ཅན་རྣམས་གདུལ་བས་ལྕང་ལོ་ཅན་གྱི་ཕོ་བྲང་ཉིད་དུ་གཤེགས་ཏེ་གསང་བའི་བདག་པོའི་བཞུགས་གནས་སུ་འདུས་པར་གྱུར་ཏོ། །གཉིས་པ་ནི། བསྐུལ་བ་ཆེན་པོ། ཞེས་པ་ནས། བསལ་བའི་རིགས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཕྱོགས་བཅུའི་རྒྱལ་བས་གསང་བདག་ལ་བསྐུལ་བ་ཆེན་པོ་འདི་སྐད་ཅེས་གསུངས་ཏེ། གསང་བ་པ་ཡི་བདག་པོ་ཁྱོད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དུས་ན་འགྲོ་བའི་སྡུག་བསྔལ་སེལ་བར་དམ་བཅས་པས་སྔོན་གྱི་གོ་ཆ་བསྒོས་པ་ཡལ་ལམ་ཅི་དེ་བས་ན་འཇིག་རྟེན་གྱི་སྡུག་བསྔལ་རྣམས་བརྩོན་པ་དང་དམ་བཅས་ཀྱི་གོ་ཆ་གྱོན་པ་ཁྱོད་ཀྱིས་མི་ཤེས་སམ་ཞེས་ཐུགས་དམ་གནད་ནས་བསྐུལ་ཏེ་ཐུགས་སྙིང་རྗེའི་མངའ་བདག་ཁྱོད་ཉིད་འཛམ་བུའི་གླིང་གི་མི་ཡུལ་གྱི་ས་རི་མ་ལ་ཡ་ལ་བབས་ནས་ཀྱང་། གསང་སྔགས་བགྲོས་ཏེ་འཇིག་རྟེན་དང་དམ་པའི་རིགས་ཅན་རྣམས་ཀྱི་གདུང་བ་བསལ་བའི་རིགས་སོ། །ཞེས་པའོ། །གསུམ་པ་ནི། སོ་སོའི། ཞེས་པ་ནས། བསྐུལ་བ་ལས། །ཞེས་པའི་བར་གྱིས་བསྟན་ཏེ། བདུད་དང་མུ་སྟེགས་ལོག་པའི་ཚོགས་བཏུལ་བ་ལ་གདུལ་བྱ་སོ་སོའི་རིགས་ཀྱི་ཆ་དང་མཐུན་པར་བཟུང་ནས་རྡོ་རྗེའི་རིགས་ཀྱིས་དྲི་ཟ། རིན་ཆེན་རིགས་ཀྱིས་གཤིན་རྗེ་འདུལ་བ་ལ་སོགས་པ་མ་རུངས་པ་དག་ཀུན་ཐབས་འཛུད་བསྲེ་བ་དང་ཆ་མཐུན་སྦྱོར་བས་བཏུལ་ཏེ། ལྡེམ་དགོངས་སྦྱོར་བ་དང་། འདོད་པ་རང་རྐྱེན་དང་བཀྲི་དྲང་བརྒྱུད་པའི་སྒོ་ནས་རང་རང་གི་འདོད་ཚུལ་དང་མཐུན་པར་ཁྲིད་ནས་དོན་དམ་ངེས་པའི་ཐབས་སུ་གསུང་གི་སྒྲོན་མ་ཚིག་གི་གསང་བ་རྣམས་ཀྱིས་མཚོན་ཞིང་། ཐབས་འཛུད་བསྲེ་བའི་ལས་ཀྱི་ཆ་དང་མཐུན་འཇུག་གི་སྤྱོད་པ་དང་ཚུལ་མཐུན་པར་སྦྱར་ཏེ། གདུལ་བྱའི་རྒྱུད་ཀྱི་འདུ་ཤེས་ཡང་དག་པར་བསྒྱུར་བ་བྱས་ནས་ནི། གསང་སྔགས་ཐེག་པ་མཆོག་གི་བཀའ་ཡི་བགྲོ་བ་བསྟན་པ་དམ་པ་དེ་ཉིད་བཤད་དེ་ཚུལ་བཞིན་དུ་དོན་གོ་བ་ལ་སྦྱར་བར་བྱས་ནས་ཡང་དག་པའི་དོན་གསང་སྔགས་ཀྱི་ལམ་དང་འབྲས་བུ་ལ་དགོད་པར་བྱེད་པའི་ཐབས་མཆོག་མཛད་པར་རིགས་སོ། །ཞེས་དེ་སྐད་རྒྱལ་བ་རྣམས་ཀྱིས་རྣམ་པར་བསྐུལ་བ་ལས། ཞེས་པའོ། །གཉིས་པ་ལ་གཉིས་ཏེ། སྤྲུལ་པས་ལུང་བསྟན་པ་ལྟར་གསུང་བར་ཞལ་གྱིས་བཞེས་པ། རི་མ་ལ་ཡར་སྔར་གྱི་རྒྱལ་བ་ལྟར་བསྐུལ་བའི་ཚེ་ཞལ་གྱིས་བཞེས་པའོ། །དང་པོ་ནི། དཔའ་བོ། ཞེས་པ་ནས། བགྲོ་བར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། མདོར་བསྟན་པའི་ཚུལ་གྱིས་དཔའ་བོ་རྡོ་རྗེ་འཛིན་རྒྱལ་པོ་ཞེས་གསུངས་པ་ཉིད་ཚིག་གསུམ་གྱིས་རྒྱས་པར་བཤད་དེ། བདུད་ལ་སོགས་པ་གདུལ་བར་དཀའ་བ་རྣམས་འདུས་བའི་ཐབས་ལ་མཁས་ཤིང་ལོག་པའི་དཔུང་ཚོགས་མ་ལུས་པ་བཅོམ་པའི་མཐུ་མངའ་བས་དཔའ་བོ་ཆེན་པོ། འཁོར་བའི་དགྲ་དཔུང་བསྙིལ་བར་མཛད་པས་འཇིག་རྟེན་ཀུན་གྱི་ཉོན་མོངས་བག་ཆགས་དང་བཅས་པ་ལས་རྒྱལ་བའི་མཆོག་ཏུ་གྱུར་པ། རྒྱལ་བ་ཀུན་གྱིས་གསང་བའི་བདག་པོར་དབང་བསྐུར་བའི་རྟགས་སུ་རྡོ་རྗེ་རྒྱ་གྲམ་འཛིན་པས་རྡོ་རྗེ་ཅན་ནམ་རྡོ་རྗེ་འཛིན་པ་ཞེས་སུ་གྲགས་པ་དེ་ཉིད། བདག་དོན་གྱི་དགོངས་པ་མཐར་ཕྱིན་ནས་ཐུགས་རྗེས་གཞན་དོན་ལ་བསྐུལ་བས་དགྱེས་ཤིང་། དོན་གྱི་གདན་དགོངས་པ་མི་གཡོ་བའམ་རྟགས་ཀྱི་གདན་ལས་བཞེངས་ནས་ནི། སྟོབས་བཅུ་མངའ་བའི་རྟགས་སུ་ཕྱོགས་བཞིར་གོམ་པ་བཅུ་བཅུ་དོར་བས་ས་གཡོ་བ་དང་། འོད་ཟེར་འགྱེད་པ་དང་། འོད་ཀྱིས་སྣང་བ་དག་པར་བྱས་ཤིང་ཐམས་ཅད་སྣོད་དུ་རུང་བར་བྱས་པ་དང་། འོད་ཐམས་ཅད་ཚུར་བསྡུས་པ་ལ་སོགས་པ་ཆོ་འཕྲུལ་ཆེན་པོ་ཀུན་ཏུ་བསྟན་ནས་བྱིན་རླབས་སྣང་བར་མཛད་དེ། སྲིན་པོ་དང་ཀླུ་ལ་སོགས་པ་འཇིག་རྟེན་ལོག་པའི་གཙོ་བོ་དམ་པའི་རིགས་ཅན་རྣམས། སྔགས་ཀྱི་སྐལ་བ་དང་ལྡན་པར་སྤྲུལ་པས་ལུང་བསྟན་པ་བཞིན་དུ་ཚོགས་བསགས་པས་ལས་དག་པ་དང་། རྒྱུད་སྦྱངས་པས་སྐལ་བ་ཕུན་སུམ་ཚོགས་པར་རབ་ཏུ་ལྡན་པའི་ཕྱིར། རྒྱལ་བ་རྣམ་འདྲེན་དམ་པས་གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་པའི་ཚུལ་དང་མཐུན་པར་སྔགས་ཀྱི་དོན་ལ་ལོངས་སྤྱོད་པས་བསོད་ནམས་ཆེན་པོ་དང་སྐལ་བ་ཆེན་པོ་ངེས་པར་ལྡན་པའི་འཁོར་རྣམས་ཀྱང་འཛོམ་པས་ན། ཐུབ་པ་སྤྲུལ་པའི་སྐུ་ཡིས་བྱུང་ཚུལ་བཅུ་གཉིས་དང་གདམས་ངག་གསུམ་བཀའ་སྩལ་པས་རྩ་རྒྱུད་གསུངས་ཏེ། དེ་དག་གི་དོན་གསལ་བར་ཕྱིས་སུ་བཤད་རྒྱུད་ཀྱིས་བསྟན་པར་ཇི་ལྟར་ལུང་བསྟན་པ་བཞིན་དུ་ད་ལྟའི་དུས་དེང་འདིར་ངེས་པར་བབ་ཀྱིས། གསང་སྔགས་ཀྱིས་བརྗོད་བྱ་དོན་གྱི་མཚན་ཉིད་འཁོར་བ་ཉིད་མ་སྤང་བར་ཆོས་ཉིད་ཀྱི་སྙིང་པོར་ཡེ་ནས་གནས་པར་ལུང་བསྟན་པའི་ཕྱིར། ཆོ་འཕྲུལ་བཞིའི་མངའ་བདག་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་བྱིན་རླབས་ཀྱིས་བཤད་པ་ལྟར་སྤྱིར་གསང་སྔགས་ཐམས་ཅད་དང་ཁྱད་པར་དུ་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པས་བསྟན་པའི་སྙིང་པོ་དམ་པ་རྨད་དུ་བྱུང་བ་ཞིག་སྔར་ཕྱག་ན་རྡོ་རྗེ་བདག་གིས་རྒྱལ་བ་ཀུན་ལས་ཐོས་པ་བཞིའི་ཚུལ་དུ་ཐོས་ནས་ཇི་ལྟར་བཤད་ཅིང་བསྟན་པ་དེ་ཉིད་ད་ལྟར་ཡང་ལུང་བསྟན་པ་བཞིན་དུ། སྐལ་ལྡན་རིགས་ཅན་ལྔ་ལ་སོགས་པ་ལ་བགྲོ་བར་བྱའོ། །ཞེས་པ་སྟེ། རིན་པོ་ཆེའི་རྒྱན་ལས། མ་བརྒྱུད་བདག་གིས་མངོན་སུམ་དུ། །ཐོས་ཙམ་ཚད་མར་མི་རུང་བས། །ངེས་པར་བཤད་དེ་བསྟན་པ་དང་། །སྡུད་པ་དགོངས་པ་ཅིག་ཆོད་ཡིན། །ཞེས་སོ། །ཡང་ན་སྔར་གྱི་སྤྲུལ་པའི་སྐུ་རྣམས་ཀྱིས་ཇི་ལྟར་བཤད་ཅིང་གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་པ་བཞིན་དུ་ཞེས་སྦྱར་བར་བྱའོ། །གཉིས་པ་ནི། དྲག་ཤུལ། ཞེས་པ་ནས། ཞེས་བགྲོས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སྲིན་པོའི་གླིང་། མཚོའི་དོ། གཅན་གཟན་སྣ་ཚོགས་ཀྱི་འཁྲ་ས། རྩེ་ལ་གནམ་ལྕགས་ཀྱི་ཐོག་ཡོད་པས་རེ་ཞིག་རྟེན་ཅན་གྱི་མཚན་རྟེན་ལ་བཏགས་ཏེ་མཚན་ལ་དྲག་ཤུལ་ཅན་ཞེས་བྱ་བར་གྲགས་པའི་རི། ཐ་མལ་གྱིས་བགྲོད་དཀའ་བས་དགོན་པ་ཆེན་པོའི་གནས་ཤིན་ཏུ་དབེན་པ་འདི་ནི། དུས་གསུམ་གྱི་བདེ་བར་གཤེགས་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་རྣམས་ཀྱི་ཐེག་པ་ཆེན་པོ་གསང་བ་དེ་ཉིད་འབྱུང་བའི་གནས་སུ་ཐོག་མ་དང་ཐ་མའི་དུས་མེད་པར་རྒྱལ་བ་དམ་པ་རྣམས་ཀྱིས་རིའི་ཡོན་ཏན་བསྔགས་པ་ཡིན་ཏེ་རྡོ་རྗེ་གདན་དང་འདྲ་བར་མི་འཇིག་པར་གསང་སྔགས་ནས་གསུངས་པ་སོགས་སོ། །དེ་ལྟར་ཐོག་མ་དང་ཐ་མ་མེད་པ་ཡི་རྒྱལ་བ་དཔག་ཏུ་མེད་པའི་བསྟན་པ་ལ་གསང་སྔགས་འབྱུང་བའང་འདི་ལྟ་བུའི་གནས་སུ་སྟོན་པར་གསུངས་པས། ས་འཛིན་དབེན་པ་དམ་པའི་དགོན་གནས་ཆེན་པོ་དེར་བསྟན་པར་བྱ་ལ། སྟོན་པ་པོ་ཡང་ཐོག་མཐའ་རིལ་དུ་རྒྱལ་བ་ཇི་སྙེད་པས་སོ་སོའི་ཞིང་ཁམས་ཀྱི་གནས་སུ་སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བ་ཉིད་མེ་ལོང་གི་གཟུགས་བརྙན་བཞིན་དུ་མ་འདྲེས་ཡོངས་རྫོགས་སུ་སྟོན་པའི་གསང་སྔགས་ཐེག་པའི་རྒྱལ་པོ་སྤྲུལ་པ་དེ་དག་འདས་པའི་རྗེས་སུ་འབྱུང་བར་ལུང་བསྟན་པ་དེ་ལྟར་རྡོ་རྗེ་འཛིན་པ་བདག་གིས་ཀྱང་དུས་འདི་རུ་མ་ཟད་ཐོག་མ་དང་ཐ་མ་མེད་པ་རུ་བསྐུལ་བའི་དུས་ནི་གང་བྱུང་བར་ཡང་ཆོ་འཕྲུལ་གྱིས་གསང་སྔགས་བསྟན་པ་ཡིན་པའི་ཕྱིར། ད་ལྟའི་དུས་འདིར་ཡང་བསྐུལ་བ་པོ་བྱུང་བས་བདག་ཀྱང་སྔར་གྱི་བཀོད་པ་དེ་བཞིན་དུ་ཆོ་འཕྲུལ་དང་བཅས་ཏེ་སྣང་བར་མཛད་དེ་སྟོན་པར་བྱེད་དོ། །ཞེས་བགྲོས་ཏེ་བཀའ་སྩལ་པར་ཞལ་གྱིས་འཆེས་སོ། །ཚིག་འདི་དག་གིས་གསང་བདག་སངས་རྒྱས་ཉིད་དུ་གསལ་བར་མངོན་ནོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། དམན་པའི་ལུས་ཅན་དམ་པ་གང་དག་གི་གདུང་བ་དེ་དག་རྒྱལ་བ་རིལ་དང་གསང་བ་པོས་སེལ་བར་བཀའ་བགྲོས་པ་དང་། བསྐུལ་བས་ཞལ་གྱིས་འཆེས་པའི་ལེའུ་སྟེ་བཞི་པ་གསལ་བར་བཤད་པའོ།། །།གསུམ་པ་ལ་གཉིས་ཏེ། སྤྱིར་བསྟན་པ། སྟོན་པའི་དྲིས་ལན་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གླེང་གཞི་དངོས་འཚོགས་ལ། བྱིན་རླབས་རྒྱལ་པོ་ཛཿལ་རྨི་ལྟས་སུ་ཤར་བའོ། །དང་པོ་ནི། དེ་ནས། ཞེས་པ་ནས། བདེ་བར་སྣང་། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ལ། གོང་དུ་སྙེགས་པས་དེ་ནས་འདྲེན་པའི་ཞལ་གྱིས་བཞེས་པ་དེ་ཚེ་དུས་དང་གནས་དེ་ཉིད་དུ། སྟོན་པ་གནོད་འདུལ་རྒྱལ་པོས་དེ་ལྟར་གསུངས་ནས། གནས་ཕུན་སུམ་ཚོགས་པ་མི་ཡི་ཡུལ་གྱི་གནས་ཀྱི་འཇིག་རྟེན་གྱི་ཁམས། གླིང་བཞི་པ་ཇི་སྙེད་པ་ལས་ཁྱད་པར་གྱི་གནས་མཆོག་འཛམ་བུའི་གླིང་གི་བྱེ་བྲག་དྲག་ཤུལ་ཅན་ཞེས་བྱ་བའི་རི་བོ་མ་ལ་ཡར་གྲགས་པ་དེ་ནི། སྤྱིར་གནོད་སྦྱིན་རྣམས་འདུ་ཞིང་ཁྱད་པར་དུ་སྟོན་པ་གསང་བའི་བདག་པོ་གནོད་འདུལ་ཉིད་བྱོན་ཏེ་གསང་སྔགས་སྟོན་པའི་ས་འཛིན་ཡིན་ཏེ། དེ་ལྟ་བུའི་གསང་སྔགས་ཀྱི་ཆོས་འཛིན་ཞིང་རིགས་ཀྱི་གྲུབ་པ་བརྙེས་པའི་ཆོས་ཀྱི་གནས་དམ་པ་ཕལ་པས་མི་བགྲོད་ཅིང་བྱིན་ཆེ་ལ་བཀྲ་ཤིས་ཤིང་ཉམས་དགའ་བའི་བསྟི་གནས་སུ་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་འགྲོ་བ་མང་པོ་གསང་སྔགས་ཀྱིས་འདུལ་བས་འཁོར་བའི་གནས་ཀྱི་ས་དེ་ལ་མངོན་པར་སྤྲུལ་ཏེ་གཤེགས་པས་སྐུ་གདུལ་བྱའི་ངོར་སྣང་བར་གྱུར་ཏོ། །དེའི་བྱིན་རླབས་ཀྱིས་ཕྱི་ལྟར་ས་དངོས་སུ་གཡོས་ཤིང་ནང་གི་ས་རྣམས་འོག་ནས་གོང་དུ་འཕར་བས་ཡོངས་སུ་གཡོས་པར་གྱུར་ཏེ། འོག་ཏུ་གླེང་བསླང་ནས་འབྱུང་བ་ལྟར་རྨད་དུ་བྱུང་བའི་ཆོ་འཕྲུལ་རྣམས་ཀྱིས་ཕྱི་ཞིང་ཁམས་རྣམ་པར་དག་པར་བྱས་ཤིང་ནང་དུ་ཏིང་ངེ་འཛིན་བསྐྱེད་དེ་གདུལ་བྱའི་རྟོག་སྒྲིབ་ཐམས་ཅད་སྦྱངས་ཏེ་དོན་གསང་མཆོག་བདེ་བ་ཆེན་པོར་གསལ་བར་སྣང་བར་གྱུར་ཏོ། །གཉིས་པ་ནི། སྔོན་དུ། ཞེས་པ་ནས། ལྟས་སུ་ཤར། །ཞེས་པའི་བར་གྱིས་བསྟན་ཏེ། སྔོན་ཐུབ་པའི་དབང་པོ་ཉིད་སྐུ་མ་འདས་པར་བཞུགས་པའི་དུས་ཉིད་དུ། གསང་སྔགས་ཐེག་པ་ཆེན་པོ་རྒྱལ་པོ་འདི་ཉིད་ལ་སྣང་བར་འགྱུར་བའི་ལུང་བསྟན་ཐོབ་པས་སྐལ་བ་མཆོག་དང་ལྡན་པ་ཅན། ལུས་འགྲོ་བ་དམན་པའི་མི་ལུས་འཛིན་ཀྱང་སེམས་གསང་སྔགས་རྟོགས་པས་དམ་པའི་རིགས་སུ་ངེས་པ། མི་རིགས་བཞི་ལས་མཆོག་ཏུ་གྱུར་པ་རྒྱལ་པོའི་རིགས་ཅན་ཡ་རབ་ཀྱི་ངང་ཚུལ་ཁྲེལ་བག་དང་ལྡན་པས་དྲྭ་མ་ཆེ་བའམ་ཆེན་པོ། རྒྱལ་བུ་ཛཿཞེས་བྱ་བ་དེ་ལ་རྒྱལ་བས་ལུང་བསྟན་དང་གསང་སྔགས་ཀྱི་གླེང་གཞི་འཚོགས་པའི་བྱིན་རླབས་ཀྱིས་སྐུ་གསུང་ཐུགས་རྟགས་ཐིམ་པ་སོགས་བདུན་པོ་རྣམས་རྨི་ལམ་གྱི་ལྟས་སུ་ཤར་ཏེ་སྣང་ངོ་། །རྒྱལ་པོ་འདི་ལ་བརྒྱ་བྱིན་བུ་ཞེས་ཀྱང་བྱ་གསུང་། གཉིས་པ་ལ་གཉིས་ཏེ། དྲིས་པ་དང་། ལན་ནོ། །དང་པོ་ནི། དེ་ཚེ། ཞེས་པ་ནས། ཅི་ཞེས་དྲིས། །ཞེས་པའི་བར་གྱིས་བསྟན་ཏེ། གསང་སྔགས་འབྱུང་བའི་གླེང་གཞི་འཚོགས་ནས་སྟོན་པ་མཐོང་བ་དེ་ཡི་ཚེ་ལང་ཀ་ལ་སོགས་པ་དམ་པའི་རིགས་ཅན་རྣམས། གདུང་ཚིག་གི་དོན་ཡོད་པ་དང་། གསང་བདག་བྱོན་པ་དང་། གསང་སྔགས་འབྱུང་བར་ཤེས་ནས་སེམས་དགའ་བ་དང་བཅས་ཏེ་སྟོན་པ་ཡིན་མིན་གྱི་ཐེ་ཚོམ་སྐྱེས་ཏེ། སྟོན་པ་གང་ཡིན་ངོ་ཤེས་པར་བྱ་བའི་ཕྱིར་སྤོབས་པ་ཆེན་པོའི་དྲི་བ་དྲུག་དྲིས་ཏེ། དམ་པའི་ཚུལ་གྱིས་ཨེ་མའོ་ངོ་མཚར་རྨད་རེ་ཆེ་སྟེ། སྐྱེས་བུ་ཆེན་པོ་ཁྱོད་ཀྱི་ངོ་བོ་སུ་ཞིག་ཡིན། ཡུལ་གང་ནས་བྱོན་ཏེ། ཉིད་ཀྱི་ལམ་གང་ལྟར་ལས་བྱུང་བ་ལགས། རྟེན་གང་ལ་བརྟེན་ནས་བྱོན་ས་གང་དུ་བྱོན་པ་དང་། དོན་གྱི་ཆེད་ཀ་ཅི་ཡི་ཕྱིར་དུ་བྱོན་ཞེས་དྲི་བ་དྲིས་སོ། །གཉིས་པ་ལན་ལ། དྲུག་པོའི་ལན་སོ་སོར་སྦྱར་ཏེ་འཁྲུགས་སྡེབ་ཀྱིས་གསལ་བར་བཤད་པ་དང་། གོ་རིམ་བཞིན་དུ་སྟོན་པས་མདུན་བསུས་ཏེ་གླེང་སླང་བ་ཡན་ཆད་དོན་བཅུ་བདུན་གྱི་ལོ་རྒྱུས་ཞིབ་ཏུ་བརྗོད་དེ་ཁྲི་འུར་དུ་ལན་གདབ་ཚུལ་གཉིས་ལས། དང་པོ་ལ་དྲུག་སྟེ། སུ་ཡིན་གྱི་ལན་རྡོ་རྗེ་སེམས་དཔའ་སྲིད་གསུམ་གྱི་གཉེན་པོ་ཡིན་པ། གང་ནས་བྱོན་གྱི་ལན་སྟོང་པ་ཆེན་པོ་འཁོར་འདས་དབྱེར་མེད་ནས་བྱོན་པ། གང་ལྟར་བྱུང་བའི་ལན་ཉིད་དང་ཤུལ་གཉིས་ཀྱི་སྒོ་ནས་གདབ་པ། གང་ལ་བརྟེན་གྱི་ལན་བླ་མ་དང་ཐེག་ཆེན་ལ་བརྟེན་ནས་འོང་བ། གང་དུ་བྱོན་གྱི་ལན་དགེ་སྡིག་འདྲེས་མར་སྤྱོད་པའི་འདོད་ཁམས་སུ་བྱོན་པ། དོན་ཆེད་ཀྱི་ལན་འཁོར་གྱི་སེམས་ཉིད་བཙལ་བའི་ཆེད་དུ་བྱོན་པའོ། །དང་པོ་ནི། ཆོ་འཕྲུལ་ཆེན་པོས། ཞེས་པ་ནས། གཉེན་གཅིག་པོ། །ཞེས་པའི་བར་གྱིས་བསྟན་ཏེ། ཆོ་འཕྲུལ་གྱི་བདག་ཉིད་གསང་བདག་ཆེན་པོས་འདི་སྐད་ཅེས་ལན་དུ་བརྗོད་དེ། བདག་དོན་གྱི་ངོ་བོ་ང་ནི་མཐའ་ཡི་རྟོག་པ་ཅིས་ཀྱང་མི་བསྐྱོད་དེ། དཔལ་ཉོན་མོངས་པས་མི་འཁྲུགས་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ཡིན་ལ། གཞན་དོན་མཛད་པའི་ངོ་བོ་ཐུགས་སྙིང་རྗེས་གཡོ་ཞིང་བསྐྱོད་པས་ན་སྲིད་པ་གསུམ་གྱི་གཉེན་གཅིག་དང་སྐྱབས་མགོན་ཆེན་པོ་ཡིན་ནོ། །གཉིས་པ་ནི། སྟོང་པ་ཆེན་པོ་ང་ཡི་ཡུལ། །ཞེས་དང་། འོག་ནས། མུན་སྣང་གཉིས་ཀྱི་ཁམས་ནས་འོངས། །ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། དོན་གྱི་འོག་མིན་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཆེན་པོ་ནི་ང་ཡི་ཡུལ་ཡིན་ཏེ། མུན་པ་འཁོར་བ་དང་སྣང་བ་མྱང་འདས་གཉིས་སུ་དབྱེ་བ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས་འདིར་འོངས་པ་ཡིན་ནོ། །གསུམ་པ་ལ་གཉིས་ཏེ། ཉིད་རང་གང་ལྟར་བྱུང་ན་རྡོ་རྗེའི་རིགས་ཐབས་དང་ཤེས་རབ་གཉིས་མེད་ལས་བྱུང་བ། ཤུལ་གང་ལྟར་བྱུང་བའོ། །དང་པོ་ནི། རྡོ་རྗེ། ཞེས་པ་ནས། བརྗོད་ལས་འདས། །ཞེས་པའི་བར་གྱིས་བསྟན་ཏེ། གཉིས་སུ་མེད་པས་མི་ཕྱེད་པ་རྡོ་རྗེ་རིགས་ཆེན་དམ་པ་ནི་ང་ཡི་གདུང་ཡིན་ལ། ཕ་ནི་རིག་པའི་ཡེ་ཤེས་མ་འགག་པས་ཐབས་མཆོག་དཔག་ཏུ་མེད་པ་ཡིན་ཞིང་། མ་ནི་དབྱིངས་ཀྱི་ཆོས་ཉིད་མ་སྐྱེས་པས་ཤེས་རབ་བརྗོད་པ་ལས་འདས་པ་ཡིན་ནོ། །གཉིས་པ་ལ་ལྔ་སྟེ། ཉིད་ཀྱིས་ཆོས་ཉིད་མ་རྟོགས་པའི་ལོ་རྒྱུས། ཉིད་ཀྱི་བླ་མས་ཚོལ་ཅིག་པར་བསྐུལ་བ། ཇི་ལྟར་བཙལ་བའི་ཐབས་ཞུས་པ། ཐབས་ཀྱི་མཆོག་གི་ལམ་བསྟན་པ། བསྟན་པ་བཞིན་བགྲོད་པས་གཞན་ནས་མ་བྱུང་བར་རང་ལས་རྙེད་པར་བསྟན་པའོ། །དང་པོ་ནི། ཐོག་མ། ཞེས་པ་ནས། དེ་མ་ཤེས། །ཞེས་པའི་བར་གྱིས་བསྟན་ཏེ། བསྐལ་པ་ཀུན་དགའ་ལྟ་བུ་ཐོག་མ་མེད་པའི་དུས་ཀྱིི་ཚེ། ང་ཡི་རྒྱུན་དུ་མི་འབྲལ་བར་འཆང་བའི་ཡིད་བཞིན་གྱི་ནོར་བུ་བྱང་ཆུབ་ཀྱི་སེམས་སྟོར་ཏེ། མ་རྟོགས་ཀྱང་དགོས་པ་འབྱུང་བས་ནོར་བུ་རིན་ཆེན་རྟོགས་ན་ཉོན་མོངས་འཇོམས་པས་བདུད་རྩི་དེ་ཉིད་རང་ལ་ཡོད་པར་མ་ཤེས་ཀྱང་སྟོར་བར་ཚོར་བ་དེ་ཡི་ཚེ་བྱང་སེམས་ཀྱི་ཆེ་བའི་ཡོན་ཏན་མེད་པས་ཀུན་ནས་དབུལ་ཞིང་ལྟོགས་པ་དང་། འཁོར་བ་ལས་ཐར་བ་མེད་པར་སྡུག་བསྔལ་གྱི་ནད་དང་ཉོན་མོངས་རྣམས་ཀྱིས་གཟིར་བར་གྱུར་ཞིང། ཉི་མ་དང་འདྲ་བའི་གསང་སྔགས་རྟོགས་པའི་ཡེ་ཤེས་ཀྱི་དབེན་པས་མུན་པ། ཟླ་བ་དང་འདྲ་བར་ཐེག་པ་ཆེན་པོའི་ཤེས་རབ་ཀྱི་དབེན་པས་མུན་ནག །སྐར་མ་དང་འདྲ་བའི་ཐེག་དམན་གྱི་ཤེས་རབ་ཀྱི་དབེན་པས་སྨག་རུམ་དུ་འཁྱམས་ནས། ཐར་པའི་ལམ་དུ་བགྲོད་པར་བྱ་བའི་ལམ་ཡང་སྟོར་ཏེ། འཁོར་བའི་སྡུག་བསྔལ་གྱིས་གདུང་བར་གྱུར་ཀྱང་དེ་ཉིད་ཇི་ལྟར་ཡིན་པ་ནི་མ་ཤེས་སོ། །གཉིས་པ་ནི། དེ་ཚེ། ཞེས་པ་ནས། མཆོག་དེས་སྦྲན། །ཞེས་པའི་བར་གྱིས་བསྟན་ཏེ། དགེ་སློང་ཐུབ་དཀའ་གཞོན་ནུ་ལྟ་བུ། དེ་ཡི་ཚེ་ང་ཡི་བཤེས་གཉེན་མཆོག་ཏུ་གྱུར་པ་རྡོ་རྗེ་སེམས་དཔའ་ཞེས་སུ་གྲགས་པའི་བྱམས་མགོན་དམ་པ་ཞིག་གིས་འདི་སྐད་བསྟན་ཏེ། ཨེ་མའོ་ཁྱོད་ཀྱིས་ཅི་ཞིག་ནོར་བུ་རིན་པོ་ཆེ་རང་ལ་ཡོད་པར་མི་ཤེས་སམ། མཐོང་བ་ཚེ་འདི་དང་ཕྱི་མ་ཕན་ཆད་ཡུན་གྱི་དུས་ཀུན་ཏུ་བདེ་བ་མཆོག་ཉིད་སྟེར་བ་ཡི་ངོ་བོ་རྟོགས་ན་འབྲས་བུ་རྒྱ་ཆེ་ཞིང་མྱུར་དུ་ཕན་པས་དོན་སྲིད་ཆེན་པོ་ཞར་བྱུང་དུ་འབྱུང་བར་འགྱུར་བའི་ནོར་བུ་རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་མ་བརླག་གམ། འོན་ཏེ་རང་ལ་ཆོས་ཉིད་དུ་ཡོད་པར་མི་ཤེས་སམ། འདི་ཅི་ཞིག་རིགས་ཆད་པ་ཡིན་པར་འདུག་གམ་ཅི་སྟེ། དེས་ན་མ་འདུག་པར་ཚོལ་ཞིག་པའོ། །དེ་སྐད་བཤེས་གཉེན་མཆོག་དེས་བདག་ལ་སྦྲན་ནོ། །གསུམ་པ་ནི། དེ་ཚེ། ཞེས་པ་ནས། ལུང་སྟོན་ཅིག །ཅེས་པའི་བར་གྱིས་བསྟན་ཏེ། དེ་ཡི་ཚེ་གསང་བདག་ང་ཡིས་སླར་ལན་སྦྲན་པ་དོན་སྲིད་ཆེན་པོ་འབྱུང་བར་གྱུར་པ་དེ་ཉིད་རང་ལ་ཡོད་པར་མ་ཤེས་ཀྱང་སྟོར་བར་གྱུར་པ་ཚོར་བས་ན། འདི་ཉིད་དང་འཕྲད་པར་བྱ་བའི་ཐབས་ཀུན་གྱི་མཆོག་ཏུ་གྱུར་པ་ཞིག་སྟོན་པ་བཤེས་གཉེན་ཁྱོད་ཀྱིས་ལུང་སྟོན་པར་མཛོད་ཅིག་ཅེས་ཞུས་སོ། །བཞི་པ་ནི། དམ་པ། ཞེས་པ་ནས། རྙེད་གནས་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་སྟོན་པ་དམ་པ་དེ་ཡིས་རང་ལ་ཡོད་པ་མངོན་པར་འབྱུང་བའི་ཤེས་རབ་ཀྱི་དམིགས་བུ་བསྟན་པ། དེ་དང་མྱུར་དུ་འཕྲད་པར་འདོད་པ་ཉིད་ན། བཙལ་བར་བྱ་བའི་ཐབས་ལ་ཤེས་རབ་གསུམ་གྱིས་བརྩོན་པར་བྱ་དགོས་ཏེ། སྟོན་པའམ་བཤེས་གཉེན་ལྟ་བུ་ས་མཁན་དམ་པས་ཤེས་རབ་ཟབ་མོའི་དམིགས་རྐྱེན་རྒྱལ་བའི་དགོངས་པ་གསལ་བར་སྟོན་ཞིང་སེམས་ཀྱི་གནས་ལུགས་ཇི་བཞིན་པ་མཚོན་པས་ལུང་ལ་བརྟེན་ཏེ། མུན་པ་འཁོར་བ་དང་སྣང་བ་འདས་པའི་ཁམས་དང་བྱང་ཆུབ་སེམས་དཔའི་ཟག་མེད་ཀྱི་རིགས་ས་ཁམས་ཉིད་དང་། ཐེག་པ་སྣ་ཚོགས་ཀྱི་ལམ་རྣམས་བགྲོད་པར་བྱས་ནས་བཙལ་བར་བྱས་ཀྱང་གཞན་གང་ནས་ཀྱང་མི་རྙེད་དེ། རང་གི་རིགས་ཀྱི་ས་ཁམས་སེམས་ཉིད་རང་བཞིན་གྱིས་འོད་གསལ་བར་རང་གིས་རིག་ནས་རང་ལས་འབྱུང་བར་འགྱུར་ཏེ་རང་སྣང་ཉིད་དུ་གྲོལ་བས་སོ། །དེ་ལྟར་རྙེད་པ་ནི་སེམས་ཀྱི་རིན་ཆེན་རང་རིག་པའི་ཡེ་ཤེས་ཉིད་ཇི་བཞིན་དུ་སྔར་རྙེད་པར་གྱུར་པའི་འདས་པའི་སངས་རྒྱས་དམ་པ་རྣམས་ཀྱི་ཆོས་ཉིད་དབྱིངས་ཀྱི་ཁྱིམ་ཡིན་ཏེ། དེ་ཉིད་ནི་སྔར་རྙེད་པར་གྱུར་པ་ཡི་རྙེད་པ་ཟིན་པ་ཇི་སྙེད་པ་རྣམས་ཀྱི་རྙེད་པའི་གནས་རང་གི་སེམས་ཉིད་ཁོ་ན་ཡིན་པའི་ཕྱིར་རོ། །ལྔ་པ་ནི། དེ་སྐད་ཐོས་ནས་དེ་ཚེ་ངས། །ཞེས་པ་དང་། འོག་ནས། གཅན་འཕྲང་། ཞེས་པ་ནས། དུས་ནས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་སྐད་སྟོན་པས་བཀའ་སྩལ་པ་ཐོས་ནས་དེ་ཚེ་གསང་བའི་བདག་པོ་ངས། འཁོར་བའི་གཅན་འཕྲང་སྐྱེ་རྒ་ན་འཆི་བཞིའམ། མ་རིག་པ། ཉོན་མོངས་པ། ལས་དང་། སྡུག་བསྔལ་གྱི་ཆུ་བོ་བཞི་བརྒལ་ཏེ། ཐེག་པ་སྣ་ཚོགས་ཀྱི་ལམ་རྣམས་བགྲོད་ཅིང་ཀུན་ཏུ་བཙལ་ནས། འདྲེན་པ་དམ་པ་སངས་རྒྱས་རྣམས་ཀྱི་ལམ་དུ་ཞུགས་ཤིང་། ས་བཅུ་དང་རྣམ་པར་ཐར་པ་བཞིའམ་བརྒྱད་ཀྱི་ལམ་བགྲོད་དེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་བསྙགས་ཏེ་ནོར་བུ་རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་ཉིད་ཇི་ལྟར་རྙེད་པའི་ཐབས་ལ་འབད་དེ་རྩད་བཅད་པར་བྱས་སོ། །དེ་ལྟར་ཐབས་སྣ་ཚོགས་ལ་བརྩོན་པས་སྒོ་ཀུན་ནས་བསྡུར་ཏེ་བཙལ་ཀྱང་། ལུང་ཆེན་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་ལྟར་གཞན་ལས་མ་བྱུང་ཞིང་ཡུལ་ནས་མ་རྙེད་པར་རང་ཉིད་ཀྱི་སེམས་ཀྱི་ཆོས་ཉིད་ཡེ་ནས་འདུས་མ་བྱས་པས་ཆེ་བ་ལྔ་དང་ལྡན་པའི་དབྱིངས་ཀྱི་ཁྱིམ་ནས་རྙེད་དེ་ཆེ་བའི་ཡོན་ཏན་རྣམས་ལྷུན་གྱིས་གྲུབ་བོ། །དེ་ལྟར་རྙེད་པ་ཉིད་ན་ཡང་དངོས་པོ་ངོས་བཟུང་ཅན་དུ་རྙེད་པ་མེད་དེ། སྟོར་བ་ཉིད་ནའང་གཏིང་ནས་གཞན་དུ་སྟོར་བྲལ་དུ་གྱུར་པ་མེད་དོ། །འོ་ན་སྟོར་རྙེད་དུ་བརྗོད་པ་ཇི་ལྟ་བུ་ཞེ་ན། ངོ་བོ་ཡེ་ཇི་བཞིན་པའི་ཆོས་ཉིད་གང་དུའང་མ་གྲུབ་པས་ཡོད་པ་མིན་ཞིང་། རང་བཞིན་ལྷུན་གྱིས་གྲུབ་པར་ཀུན་ཏུ་འོད་གསལ་བས་མེད་པ་མིན་ལ་རྩ་བ་གཉིས་སུ་མེད་པས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་སྟོར་རྙེད་གཉིས་སུ་ཡོད་པ་མིན་ཀྱང་། གཞན་ནས་མ་བྱུང་བར་རང་ལས་བྱུང་བར་ངོ་ཤེས་པ་ལ་རྙེད་ཅེས་བཏགས་ཤིང་། ངོ་མ་ཤེས་པ་ལ་སྟོར་ཞེས་པའི་ཐ་སྙད་བཏགས་པར་ཟད་དོ། །དེས་ན་དང་པོ་ཡོད་པ་དང་། བར་དུ་སྟོར་བ་དང་། ཐ་མ་རྙེད་པའི་དུས་གསུམ་གྱི་རང་བཞིན་མཐོང་ཚེ་གཞི་རྩ་དང་བྲལ་བས་ཐོག་མ་མེད་པའི་དུས་ནས་སོ། །ཞེས་གསུངས་ཏེ། ཨ་ནུའི་རང་ལུགས་མདོ་ཆེན་པོའི་དགོངས་པ་ཐུན་མོང་མིན་པ་ལྟར་ཤེས་པར་བྱའོ། །འདི་དག་གི་སྤྱི་རྒྱ་གཅོད་ན། ཡེ་ཇི་བཞིན་པའི་རྡོ་རྗེ་སེམས་དཔའ་ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་མ་ནོར་མ་བཅོས་མ་བསླད་པ་སྙིང་པོ་བྱང་ཆུབ་ཏུ་ཡེ་ནས་གནས་པ་ལ་བཏགས་པ་དང་། རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་སེམས་ཅན་ཀུན་གྱི་སེམས་ཀྱི་ཆོས་ཉིད་ཇི་བཞིན་དུ་མཐོང་བའི་སྐབས་ལ་བཏགས་པའི་ཚུལ་གྱིས་གོང་འོག་ཀུན་དང་སྦྱོར་ཤེས་པར་བྱའོ། །བཞི་པ་ནི། དམ་པ་དེ་ལ། ཞེས་པ་ནས། དེ་ཞོན་ཏེ། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པའམ་བླ་མ་དམ་པ་དེ་ལ་ལམ་གྱི་གཞིར་རེ་ལྟོས་བཅས་ཏེ་བརྟེན་ཞིང་རང་གིས་ཞི་གནས་དང་ལྷག་མཐོང་གི་བློ་གྲོས་དམ་པས་ངེས་པར་ཐེ་ཚོམ་རྣམས་བཅད་དེ་ལྟ་བ་རྟོགས་པར་བྱ་ནས། ཐེག་ཆེན་གསང་མཆོག་རྒྱལ་པོའི་ཅང་ཤེས་ཀྱི་རྟ་དེ་ལ་དོན་ཉམས་སུ་ལེན་པས་ཞོན་ཅིང་བརྟེན་ཏེ་འདིར་འོང་བ་ཡིན་ནོ། །ལྔ་པ་ནི། དེ་ལྟར། ཞེས་པ་ནས། ཁམས་འདིར་འོངས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཆོས་ཉིད་བསམ་བརྗོད་ལས་འདས་ཤིང་སྤྲོས་པ་མེད་པ་དེའི་ངང་ལས། སྤྲུལ་པ་ཐུབ་པའི་དབང་པོ་སྣང་ནས་འདས་པའི་དུས་འདིར་ནི། སྡིག་པ་སྤྱོད་པས་མུན་པ་དང་། དགེ་བ་སྤྱོད་པས་སྣང་བ་གཉིས་འདྲེས་མར་སྤྱོད་པས་འདོད་པའི་འཇིག་རྟེན་གྱི་ཁམས་མ་ལ་ཡ་འདིར་འོངས་པ་ཡིན་ནོ། །དྲུག་པ་ནི། གང་ཚེ་བཙལ་བའི་ཆེད་ཕྱིར་དུ། །ཞེས་པས་བསྟན་ཏེ། དུས་གང་གི་ཚེ་འཁོར་རྣམས་ཀྱིས་སེམས་ཉིད་སྟོར་བ་དེ་བཙལ་བ་ལ་ཞུགས་པ་ན་ཐབས་དམ་པས་མཚོན་ཏེ་རྙེད་པར་འགྱུར་བའི་དགོས་ཆེད་ཁྱད་པར་ཅན་གྱི་ཕྱིར་དུ་འོངས་པ་ཡིན་ནོ། །དེ་ལྟར་བཤད་པ་ནི་འགྲེལ་པ་ལུང་བསྟན་མའི་ལུགས་སོ། །གཉིས་པ་རྐྱེན་གླེང་བསླང་བ་ལ་གཉིས་ཏེ། སྟོན་པས་མདུན་བསུས་ཏེ་གླེང་བསླང་བ། འཁོར་གྱིས་གུས་པས་དྲིས་ཏེ་གླེང་བསླང་བའོ། །དང་པོ་ལ་གཉིས་ཏེ། ཐབས་བཅུ་གཅིག་གི་སྒོ་ནས་དོན་བྱེད་པས་ཉིད་ལ་འདུན་ཞིག་པར་བསྐུལ་བ། གདམས་ངག་བསྟན་པའོ། །དང་པོ་ལ་བཅུ་གཅིག་སྟེ། མཉན་པ། མིག་མཁན། སྨན་པ། ས་མཁན། ཐུགས་རྗེའི་སྤྱན་རས། རྡོ་རྗེའི་རྫོང་ཆེན། ཚོང་དཔོན། སྒྲོན་མ། ཡིད་བཞིན་ནོར་བུ། ལྡེ་མིག །བཀའ་ཡི་འགྲེལ་པའི་སྒོ་ནས་དོན་བྱེད་པས་ཉིད་ལ་འདུན་ཞིག་པར་བསྐུལ་བའོ། །དང་པོ་ནི། ང་ནི། ཞེས་པ་ནས། ལམ་འདིར་ཤོག །ཅེས་པའི་བར་གྱིས་བསྟན་ཏེ། འདི་དག་རེ་རེ་ལའང་ཞལ་བཞེས་དང་གདམས་ངག་གསུམ་གསུམ་དུ་སྦྱར་ཏེ། སྟོན་པ་ང་ནི་ཐབས་ཀྱི་བདག་པོ་མཉན་པའམ་གྲུ་མཁན་ཏེ། གང་ཞིག་འཁོར་བའི་སྐྱེ་རྒ་ན་འཆི་བའི་བཞིའི་ཆུ་བོ་མཐའ་མེད་པ་ལས། སྲིད་གསུམ་གྱི་སེམས་ཅན་རྣམས་ཕྲིན་ལས་ཀྱིས་བསྒྲལ་བར་དམ་བཅས་ཀྱིས། ཐར་པ་དང་གྲོལ་བར་འདོད་པ་རྣམས་གདམས་ངག་གི་ལམ་འདིར་ཤོག་ཅིག །གཉིས་པ་ནི། ང་ནི། ཞེས་པ་ནས། ལམ་འདིར་ཤོག །ཅེས་པའི་བར་གྱིས་བསྟན་ཏེ། ང་ནི་ཐབས་ཀྱི་དབང་ཕྱུག་མིག་འབྱེད་མཁན་ཏེ་འཇིག་རྟེན་གྱི་ཤེས་རབ་དང་བྲལ་བས་ལོང་བ་དཔག་ཏུ་མེད་པ་རྣམས་ཀྱི་མ་རིག་པའི་ལིང་ཏོག་བསལ་བར་དམ་བཅས་ཀྱིས། གང་ཞིག་མ་བཅོས་པའི་དོན་མཐོང་བར་འདོད་པ་རྣམས་ལམ་འདིར་ཤོག་ཅིག །གསུམ་པ་ནི། ང་ནི། ཞེས་པ་ནས། ལམ་འདིར་ཤོག །ཅེས་པའི་བར་གྱིས་བསྟན་ཏེ། ང་ནི་ཐབས་ཀྱི་མངའ་བདག་སྨན་པ་མཆོག་སྟེ། ཁམས་གསུམ་མམ་གྲོང་ཁྱེར་གསུམ་གྱི་དུག་གསུམ་གྱིས་མནར་བའི་ནད་པ་རྣམས། ཐོག་མ་མེད་པའི་རྣམ་རྟོག་གི་གཅོང་རྙིང་སྦྱང་བར་དམ་བཅས་ཀྱིས། གང་ཞིག་ནད་མེད་བདེ་བར་འདོད་པ་རྣམས་ལམ་འདིར་ཤོག་ཅིག །བཞི་པ་ནི། ང་ནི། ཞེས་པ་ནས། ལམ་འདིར་ཤོག །ཅེས་པའི་བར་གྱིས་བསྟན་ཏེ། ང་ནི་ཐབས་ཀྱི་འདྲེན་པ་ས་ལམ་མཁན་ཏེ། འགྲོ་བ་ལམ་ཕྱིན་ཅི་ལོག་ཏུ་གོལ་ནས་ཡང་དག་པའི་ལམ་སྟོར་བ་རྣམས། མ་ནོར་བའི་ལམ་དུ་ཁྲིད་པར་དམ་བཅས་ཀྱིས། གསང་བ་སྔགས་ཀྱི་ཡང་དག་པའི་ཉེ་ལམ་འདོད་པ་རྣམས་ལམ་འདིར་ཤོག་ཅིག །ལྔ་པ་ནི། ང་ནི་ཐུགས་རྗེ། ཞེས་པ་ནས། ལམ་འདིར་ཤོག །ཅེས་པའི་བར་གྱིས་བསྟན་ཏེ། ང་ནི་ཐུགས་རྗེ་ཆེན་པོའི་སྤྱན་རས་ཀྱི་གཟིགས་པས་སོ་པ་མཁན་ཏེ། འཁོར་བའི་དགྲ་དཔུང་བདག་འཛིན་ལས་ཉོན་གྱི་འཇིགས་པ་ལས། གདུལ་བྱ་ཐམས་ཅད་བསྐྱབ་པར་དམ་བཅས་ཀྱིས། སྲིད་པའི་འཇིགས་པ་དང་བྲལ་བར་འདོད་པ་རྣམས་ལམ་འདིར་ཤོག་ཅིག །དྲུག་པ་ནི། ང་ནི། ཞེས་པ་ནས། ལམ་འདིར་ཤོག །ཅེས་པའི་བར་གྱིས་བསྟན་ཏེ། ང་ནི་ཐེག་པའི་རྒྱལ་པོའི་རྡོ་རྗེའི་རྫོང་མཁར་ཆེན་པོ་སྟེ། འཁོར་བའི་གཡུལ་ཆེན་བྱིངས་ཆགས་པའི་དམག་དཔུང་ལས་འགྲོ་བའི་འཇིགས་པས་མི་ཚུགས་པའི་ཐབས་ཀྱི་འཁྲ་སར་དམ་བཅས་ཀྱིས། གང་ཞིག་སྙིང་པོ་བྱང་ཆུབ་ཀྱི་མཁར་རྫོང་འདོད་པ་རྣམས་ལམ་འདིར་ཤོག་ཅིག །བདུན་པ་ནི། ང་ནི། ཞེས་པ་ནས། ལམ་འདིར་ཤོག །ཅེས་པའི་བར་གྱིས་བསྟན་ཏེ། ང་ནི་ཐབས་ཀྱི་མཛོད་འཛིན་ཚོང་དཔོན་ཆེན་པོ་སྟེ། འདོད་པའི་ཡོན་ཏན་ལྔ་ལ་ཇི་ལྟར་སྤྱོད་ཀྱང་འདོད་པ་རྒྱ་མཚོས་མི་ངོམས་པ་རྣམས་ལ། ཆོས་ཀྱི་གཏེར་ཆེན་གཅིག་གིས་འདོད་རྒུ་ཐམས་ཅད་སྦྱིན་པར་དམ་བཅས་ཀྱིས། གང་ཞིག་རང་གནས་སེམས་ཀྱི་གཏེར་ལ་སྤྱོད་པར་འདོད་པ་རྣམས་ལམ་འདིར་ཤོག་ཅིག །བརྒྱད་པ་ནི། ང་ནི། ཞེས་པ་ནས། ལམ་འདིར་ཤོག །ཅེས་པའི་བར་གྱིས་བསྟན་ཏེ། ང་ནི་ཐབས་ཀྱི་གསལ་བྱེད་སྒྲོན་མ་དམ་པ་སྟེ། འཁོར་བའི་གནས་སུ་ལྷན་ཅིག་སྐྱེས་པའི་མུན་ནག་དང་ཀུན་ཏུ་བརྟགས་པའི་སྨག་ཏུ་འཕྱན་ནས་ལས་ཉོན་གྱིས་འཁྱམས་པ་རྣམས་ཀྱི། ཀུན་ཏུ་རྨོངས་པའི་མུན་ནག་བསལ་བར་དམ་བཅས་ཀྱིས། གང་ཞིག་རང་རིག་ཡེ་ཤེས་ཀྱི་སྣང་བ་འདོད་པ་རྣམས་ལམ་འདིར་ཤོག་ཅིག །དགུ་པ་ནི། ང་ནི། ཞེས་པ་ནས། ལམ་འདིར་ཤོག །ཅེས་པའི་བར་གྱིས་བསྟན་ཏེ། ང་ནི་གང་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་སྟེ། གང་དག་བྱང་ཆུབ་སེམས་ཀྱི་ཡིད་བཞིན་གྱི་ནོར་བུ་རྙེད་པར་འདོད་པ་རྣམས་ཀྱི། ཡིད་བཞིན་དུ་འདོད་པ་བསྐང་སྟེ་ལུང་གིས་སྟོན་པར་དམ་བཅས་ཀྱིས། ཡོན་ཏན་ལྷུན་གྱིས་གྲུབ་པར་འདོད་པ་རྣམས་ལམ་འདིར་ཤོག་ཅིག །བཅུ་པ་ནི། ང་ནི། ཞེས་པ་ནས། ལམ་འདིར་ཤོག །ཅེས་པའི་བར་གྱིས་བསྟན་ཏེ། ང་ནི་བཀའ་ཡི་གསང་སྒོ་འབྱེད་པའི་འཕྲུལ་གྱི་ལྡེའུ་མིག་སྟེ། བཀའ་ཡི་མཛོད་སྒྲོམ་རྣམས་ཀྱི་སྒོ་ལྕགས་ལྟ་བུའི་ལུང་གི་ཐ་རམ་གསང་བ་རྣམས་མ་ནོར་བར་རྣམ་པར་འབྱེད་པར་དམ་བཅས་ཀྱིས། གང་ཞིག་དཀའ་གནད་ཁྲོལ་ནས་རྒྱུད་གྲོལ་བར་འདོད་པ་རྣམས་ལམ་འདིར་ཤོག་ཅིག །བཅུ་གཅིག་པ་ནི། ང་ནི། ཞེས་པ་ནས། ལམ་འདིར་ཤོག །ཅེས་པའི་བར་གྱིས་བསྟན་ཏེ། སྟོན་པ་ང་ནི་བཀའ་ཡི་ངེས་དོན་གསལ་བའི་འགྲེལ་པ་སྟེ། ཐུབ་པའི་གསུང་གི་གླེགས་བམ་ཟབ་མོ་རྒྱུད་ལུང་གི་པོ་ཏི་རྣམས། ཇི་བཞིན་དུ་ངེས་པར་དགྲོལ་བར་དམ་བཅས་ཀྱིས། གང་དག་མ་ནོར་བར་ཤེས་པར་འདོད་པ་རྣམས་ལམ་འདིར་ཤོག་ཅིག །གཉིས་པ་ལ་གསུམ་སྟེ། ལམ་ལ་བརྩོན་པར་གདམས་པ། བཀའ་གྲགས་པར་འགྱུར་བར་གདམས་པ། གདུང་བ་མ་བསྐྱེད་ཅིག་པར་གདམས་པའོ། །དང་པོ་ནི། རྣམ་དག །ཅེས་པ་ནས། སངས་རྒྱས་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། ཁམས་གསུམ་ཆོས་ཉིད་དུ་དག་པ་དང་། གཟུང་འཛིན་གཉིས་མེད་དུ་དག་པ་དང་། ལམ་གྱིས་རྩོལ་བ་ཐམས་ཅད་ཐེག་པ་འདིར་དག་པས། རྣམ་པ་ཐ་དད་པ་ཀུན་ཆོས་དབྱིངས་གསང་བའི་ངོ་བོར་དག་པས་ལམ་ཆེན་འདི་ལ་གནས་པ་ཀུན་གཞི་ལམ་གྱི་ཉེས་པ་ལས་ངེས་པར་སྒྲོལ་བས་རྒྱུད་ལུང་མན་ངག་གི་གསང་མཛོད་ཆེན་པོ་འདིར་སྐལ་ལྡན་གང་ཞིག་སུ་ཡང་རུང་བ་ཞུགས་པར་གྱུར་པ་རྣམས་ལ་བྱང་ཆུབ་ཀྱི་སེམས་ནོར་བུ་རིན་ཆེན་འོད་འབར་བ་དེ་ཉིད་ངེས་པར་རང་སེམས་ལས་འཆར་བར་འགྱུར་གྱིས་འདི་ལ་བརྩོན་པར་གྱིས་ཤིག་པའོ། །དེ་ལྟར་རང་རིག་བྱང་ཆུབ་ཀྱི་སེམས་འདི་ཉིད་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་ཆོས་ཐམས་ཅད་ཀྱི་མེ་ལོང་ཡིན་པས་ཇི་བཞིན་དུ་མཐོང་སྟེ་མངོན་གསུམ་དུ་གསལ་བར་རྟོགས་པ་དེ་མ་ཐག་ནས་དམན་པ་འགྲོ་བའི་ལུས་ལ་སེམས་སངས་རྒྱས་སུ་གྱུར་པ་ཡིན་ནོ། །ཇི་སྐད་དུ། རྟོགས་པའི་བློ་དང་གང་ལྡན་པ། །བུད་མེད་བུ་ཡང་རྒྱལ་བའི་སྲས། །ཀོ་བའི་སྟན་ཡང་སེང་གེའི་ཁྲི། །འགྲོ་བའི་ལུས་ལ་སངས་རྒྱས་ཡིན། །ཞེས་གྲགས་སོ། །གཉིས་པ་ནི། རྡོ་རྗེ་གསང་ཆེན། ཞེས་པ་ནས། གྲགས་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ་རྡོ་རྗེ་གསང་བ་ཆེན་པོ་རྒྱུད་ཀུན་གྱི་རྒྱལ་པོ་གསང་བ་བཀའ་ཡི་གཞི་མ་མན་ངག་ཐམས་ཅད་ཀྱི་རྩ་བ་ངེས་དོན་དམ་པའི་མཛོད་མཆོག་གསུམ་པོ་རྣམས་དུས་འདིར་རྡོ་རྗེ་འཛིན་པ་བདག་གིས་གདུལ་བྱ་རྣམས་ལ་བགྲོས་ཏེ་གསལ་བར་བཤད་དེ་ལུང་ཆེན་ཐེག་པའི་གསང་མཛོད་ལ་སྦྱར་བས། རྒྱལ་བ་རྣམས་ལ་དགོངས་པས་བརྒྱུད་པ་ཉིད། ལྷ་ཚངས་པ་གཙུག་ཕུད་དང་མི་དྲི་མེད་གྲགས་པ་ལ་སོགས་པ་ཡི་རིག་འཛིན་རྣམས་ལ་རིག་པས་བརྒྱུད་ནས་རིམ་པར་གང་ཟག་རྣམས་ལ་རྣ་བར་བརྒྱུད་དེ་ལྷ་མིའི་ཡུལ་ཀུན་ཏུ་ཡོངས་སུ་གྲགས་པར་འགྱུར་རོ། །གསུམ་པ་ནི། ལྷ་མིའི། ཞེས་པ་ནས། སྒྲ་བྱུང་བས། །ཞེས་པའི་བར་གྱིས་བསྟན་ཏེ། ལྷ་དང་མིའི་འཇིག་རྟེན་ན་གདུལ་བྱ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པས་མ་རིག་པ་གཉིས་ཀྱི་མུན་པ་དང་ཉོན་མོངས་པའི་གདུང་བ་མ་ལུས་པ་ཀུན་བསལ་བར་བྱས་ནས་སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བ་རྟོགས་པར་འགྱུར་བས་ན་ཁྱེད་ཅག་ཅི་ཡི་ཕྱིར་གདུང་བའི་མུན་པར་ཞུགས་པ་ཡིན་ཏེ་གདུང་བའི་གཞི་དང་བྲལ་བས་སོ། །གལ་ཏེ་ཐུབ་པ་མྱ་ངན་ལས་འདས་པ་ལ་གདུང་བ་ཡིན་ནོ་ཞེ་ན། ཐུབ་པ་དེ་ནི་རྡོ་རྗེ་ལྟ་བུ་ནམ་མཁའི་སྐུ་མངའ་བ་ཡིན་པས་འདའ་བ་དང་མི་འདའ་བའི་སྤྲོས་པ་མི་མངའ་སྟེ་ཆོས་ཀྱི་སྐུ་འཕོ་འགྱུར་མེད་པས་ནམ་མཁའ་བཞིན་ཡིན་ན་གདུང་བ་སྐྱེད་པ་རིགས་པ་མ་ཡིན་ནོ། །དེ་སྐད་ཅེས་སྤྲུལ་པའི་ཞལ་ནས་གསང་བའི་སྒྲ་བྱུང་སྟེ་སྟོན་པས་མདུན་བསུ་བའི་གླེང་སློང་ཉིད་བཀའ་སྩལ་ཏོ། །གཉིས་པ་འགྲེལ་ཆེན་གྱི་དགོངས་པ་ལྟར་སྟོན་པས་དོན་བཅུ་བདུན་གྱི་ལོ་རྒྱུས་ཞིབ་ཏུ་བརྗོད་དེ་ལན་ཁྲིའུར་དུ་གདབ་པའི་ཚུལ་ལ། ཆོ་འཕྲུལ། ཞེས་པ་ནས། བརྗོད་ལས་འདས། །ཞེས་པའི་བར་ནི་དྲི་བ་དང་པོ་ཡིན་གྱི་ལན་ཏེ། སྟོན་པ་ཆོ་འཕྲུལ་གྱི་བདག་ཉིད་གསང་བདག་ཆེན་པོས་ལན་དུ། དང་པོ། ང་ནི་ཅིས་ཀྱང་སོགས་རྐང་པ་གཉིས་ནི་མཚན་ཅི་ཡིན་པ་གསུངས་པ་དང་། གཉིས་པ། སྙིང་རྗེས་སོགས་རྐང་པ་གཉིས་ནི་ཐུགས་རྗེ་སྐྱབས་ཀྱི་བདག་པོ་ཡིན་པ་དང་། གསུམ་པ། སྟོང་པ་སོགས་རྐང་པ་གཅིག་ནི་བཞུགས་ཡུལ་དང་། བཞི་པ། རྡོ་རྗེ་སོགས་རྐང་གཅིག་ནི་གདུང་ཅི་ཡིན་པ་དང་། ལྔ་པ། ཕ་ནི་སོགས་རྐང་པ་གཅིག་གིས་ཡབ་བསྟན་པ་དང་། དྲུག་པ། མ་ནི་སོགས་རྐང་པ་གཅིག་གིས་ཡུམ་བསྟན་པའོ། །དེ་ནས་བདུན་པ་ནས་བཅུ་གཅིག་གི་བར་ནི། དྲི་བ་གསུམ་པ་གང་ལྟར་བྱུང་གི་ལན་ཏེ། བདུན་པ། ཐོག་མ་མེད་པའི། ཞེས་པ་ནས། སྟོར་བར་ཚོར། །ཞེས་པའི་བར་ནི་དོན་མ་རིག་པའི་ལོ་རྒྱུས་དང་། བརྒྱད་པ། དེ་ཚེ་ཀུན་ནས། ཞེས་པ་ནས། སྨག་ཏུ་འཁྱམས། །ཞེས་པའི་བར་ནི་སེམས་ཀྱི་དོན་མ་རྟོགས་པར་མཁྱེན་ནས་སྡུག་བསྔལ་བརྒྱུད་པར་བསྟན་པ་དང་། དགུ་པ། བགྲོད་པར་བྱ་བའི་སོགས་རྐང་པ་གཉིས་ནི་ལམ་བརྩལ་བས་མ་རྙེད་པའི་ལོ་རྒྱུས་གསུངས་པ་དང་། བཅུ་པ། དེ་ཚེ་ང་ཡི། ཞེས་པ་ནས། མཆོག་དེས་སྦྲན། །ཞེས་པའི་བར་ནི་དུས་དེར་སྟོན་པ་རྡོ་རྗེ་སེམས་དཔས་བསྟན་པའི་ཚིག་གིས་སེམས་ཀྱི་ནོར་བུ་རང་ལ་ཡོད་པར་མི་ཤེས་ན་ཡལ་བར་མ་འདུག་ཅིག་བར་བསྐུལ་བའི་ལོ་རྒྱུས་བཀལ་སྩལ་པ་དང་། བཅུ་གཅིག་པ། དེ་ཚེ་ང་ཡིས། ཞེས་པ་ནས། རྙེད་གནས་ཡིན། །ཞེས་པའི་བར་ནི་གསང་བ་པོ་ཉིད་ཀྱིས་སེམས་ཇི་བཞིན་པར་རྟོགས་པའི་ཐབས་ཞུས་པ་ན། སྟོན་པས་རང་ཉིད་ལས་ཚོལ་ཞིག་པར་གསུངས་པའི་ལོ་རྒྱུས་བརྗོད་པ་སྟེ་ཤུལ་གང་ལྟར་བྱུང་གི་ལན་གཅིག་གིས་གདབ་པའོ། །བཅུ་གཉིས་པ་ཡིས་དྲི་བ་གསུམ་གྱི་ལན་བསྟན་ཏེ། དང་པོ་དེ་སྐད་ཐོས་ནས། ཞེས་པ་ནས། དུས་ནས་སོ། །ཞེས་པའི་བར་གྱིས་དྲི་བ་བཞི་པ་གང་ལ་བརྟེན་ནས་བྱོན་གྱི་ལན་གདབ་སྟེ། བཀའ་གསང་བདག་ཉིད་ཀྱིས་ཐོས་པས་སྟོན་པ་ཉིད་ལ་བརྟེན་ནས་ཐེག་པ་ཆེན་པོའི་སྒོར་ཞུགས་ཏེ་བགྲོད་པས་འཁོར་བའི་སྐྱེ་རྒ་ན་འཆི་བསྒྲལ་ཞིང་། སྒོ་ཀུན་ནས་བསྡུར་ཏེ་ཐེག་པ་ཆེན་པོའི་ཡང་ཆེན་པོར་ཞུགས་ནས་བགྲོད་དེ་བཙལ་བས་བྱང་ཆུབ་རང་རིག་པ་ཉིད་ལས་མ་རྙེད་པར་རྙེད་དེ། ཇི་ལྟ་བའི་འབྲས་བུ་ཐོབ་པ་མེད་པར་ཐོབ་ནས་བྱོན་པ་ཡིན་ནོ། །ཞེས་བླ་མ་དང་ཐེག་མཆོག་རྒྱལ་པོར་བརྟེན་ནས་སྙིང་པོ་བྱང་ཆུབ་ཉིད་མངོན་དུ་བྱས་པ་གང་ལ་བརྟེན་ནས་བྱོན་པའོ། །གཉིས་པ་དེ་ལྟར་ཞེས་རྐང་པ་གཅིག་གིས་དྲི་བ་གཉིས་པ་ཡུལ་གང་ནས་བྱོན་གྱི་ལན་བསྟན་ཏེ། ཡེ་ཇི་བཞིན་པའི་ཆོས་ཉིད་གང་དུའང་མ་གྲུབ་པ་ཉིད་མངོན་དུ་གྱུར་ཏེ་རང་སྣང་ལྷུན་གྱིས་གྲུབ་པའི་ངང་ལས་བྱོན་པ་ཡིན་ནོ། །གསུམ་པ་སྤྲུལ་པ་སོགས། རྐང་པ་གཉིས་ཀྱིས་དྲི་བ་ལྔ་པ་གང་དུ་བྱོན་གྱི་ལན་བསྟན་ཏེ། ཐུབ་པའི་དབང་པོ་སྤྲུལ་པ་སྣང་བའི་དུས་འདིར་དགེ་སྡིག་སྤྱོད་པའི་གནས་འདིར་འགྲོ་འོང་མེད་པར་འོངས་པ་ཡིན་ནོ། །བཅུ་གསུམ་པ། ང་ནི་ཐབས་ཀྱི་ཞེས་པ་ནས། ལམ་འདིར་ཤོག །ཅེས་པའི་བར་གྱིས་དྲི་བ་དྲུག་པ་དོན་གྱི་ཆེད་ཀ་ཅི་ལ་བྱོན་གྱི་ལན་བསྟན་ཏེ། འགྲོ་བ་བསྒྲལ་བའི་ཆེད་དུ་ཡོན་ཏན་བཅུ་གཅིག་དང་ལྡན་པའི་མཛད་ཐབས་བཅུ་གཅིག་གིས་གདུལ་བྱ་ཐར་བར་བྱ་བའི་ཕྱིར་བྱོན་ནོ་ཞེས་ལན་གདབ་སྟེ་འདི་ནས་བཟུང་འཁོར་གྱིས་མ་ཞུས་པར་སྟོན་པས་སྦྲན་ནས་གླེང་བསླང་བའི་དོན་གཉིས་ལས་སྟོན་པས་མདུན་བསུ་བར་ཡང་སྦྱར་རོ། །བཅུ་བཞི་པ། རྣམ་དག་ལམ་ཆེན། ཞེས་པ་ནས། སངས་རྒྱས་ཡིན། །ཞེས་པའི་བར་འདིའང་དྲི་བ་ཐ་མའི་ལན་ཏེ། ཐེག་པ་ཆེན་པོ་འདིར་སུ་ཞུགས་པ་འབྲས་བུ་རང་ལ་འཆར་ཏེ་བརྩོན་པས་རྟོགས་པ་ཉིད་སངས་རྒྱས་ཡིན་པས་འབད་ཅིག་པར་གསུངས་སོ། །བཅོ་ལྔ་པ། རྡོ་རྗེ་གསང་ཆེན། ཞེས་པ་ནས། གྲགས་པར་འགྱུར། །ཞེས་པའི་བར་ནི་ངོ་བོ་ཇི་བཞིན་པ་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་མི་ཕྱེད་མི་འགྱུར་རྒྱུ་རྐྱེན་བྲལ་བའི་དོན་ཉིད་མཐོང་དཀའ་བ་ནི་རྡོ་རྗེ་གསང་སྔགས་ཏེ། རྒྱུད་ལུང་མན་ངག་གི་མཛོད་རྒྱལ་བ་རིལ་གྱི་ཡུམ་དུ་གྱུར་པའི་ཐེག་པ་དག་འདིར་བཤད་པས་ཚངས་པ་གཙུག་ཕུད་དང་དྲི་མ་མེད་པར་གྲགས་པ་ལ་སོགས་པ་རྣམས་ལས་སྔ་ཕྱིར་བརྒྱུད་དེ་ལྷ་མིའི་ཡུལ་དུ་རྒྱས་ཤིང་སྣང་བར་གསུངས་པ་སྟེ་འདིའང་གསུམ་པ་དང་ལྔ་པའི་ལན་ནོ། །བཅུ་དྲུག་པ། ལྷ་མིའི་འཇིག་རྟེན། ཞེས་པ་ནས། གསལ་བར་འགྱུར། །ཞེས་པའི་བར་ནི་གདུལ་བྱ་དེ་དག་གི་མ་རིག་པ་གཉིས་དང་གདུང་བ་རྩ་གསུམ་ལ་སོགས་པ་བསལ་ནས་རང་རིག་པ་རང་གི་རང་བཞིན་གྱི་འོད་གསལ་བ་རྟོགས་པར་འགྱུར་བར་གསུངས་པའོ། །བཅུ་བདུན་པ། ཅི་ཕྱིར་གདུང་བའི། ཞེས་པ་ནས། སྒྲ་བྱུང་བས། །ཞེས་པའི་བར་ནི་དམ་པའི་རིགས་ཅན་ཁྱོད་རྣམས་དགོས་པ་གང་གི་ཆེད་དུ་གདུང་བ་ཉི་ཤུ་རྩ་གསུམ་གྱིས་གཞན་དུ་ཚོལ་བའི་མྱ་ངན་གྱི་མུན་པར་ཞུགས་པ་ཡིན་ཞེས་དྲིས་ནས་སྟོན་པ་འདས་པ་ལ་མྱ་ངན་བྱ་བར་རིགས་པ་མིན་ཏེ། དེ་ནི་ཆོས་ཀྱི་སྐུའི་བདག་ཉིད་སྐུ་ལྔ་ལྷུན་གྱིས་རྫོགས་པ་རྡོ་རྗེའི་སྐུ་བརྙེས་ཏེ། འདས་མ་འདས་མེད་པས་མ་གདུང་ཞིག་པའི་ལན་བཀའ་སྩལ་པ་སྟེ། འདི་གཉིས་ཀྱང་ཐ་མའི་ལན་ནོ། །གཉིས་པ་ལ་གསུམ་སྟེ། ཞུ་བའི་ཆ་ལུགས། ཞུ་བའི་སྦྱོར་བ། ཞུས་པ་དངོས་སོ། །དང་པོ་ནི། སྔོན་དུ་བྱུང་བའི། ཞེས་པ་ནས། འདི་སྐད་གསོལ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཐུབ་པའི་དབང་པོ་མ་འདས་པའི་སྔོན་དུ་བྱུང་བའི་དམ་པའི་རིགས་ཅན་རྣམས། སྟོན་པ་གསང་བདག་ཆེན་པོས་གསང་སྔགས་ཐེག་པའི་རྒྱལ་པོ་ཐབས་ཆེན་ལུང་གི་དགོངས་མཛོད་དམ་པ་གསུང་བར་ཞལ་གྱིས་བཞེས་ཏེ་གླེང་བསླང་བའི་དོན་ལ་མཆོག་ཏུ་དགའ་བ་ཆེས་ཆེར་སྐྱེས་ཏེ་སྟོན་པ་ངོ་ཤེས་པས་སེམས་དགའ་ཞིང་ཡིད་མགུ་ན་ཡི་རངས་པའི་བསམ་པ་ཡིས་ལུས་བཏུད་དེ་སྒོ་གསུམ་ཤིན་ཏུ་གུས་པ་ལ་སྦྱར་ནས་སྤྱན་སྔར་འདུག་སྟེ་སྤོབས་པ་ཆེན་པོས་ཞུ་བ་འདི་སྐད་ཅེས་གསོལ་ཏོ། །གཉིས་པ་འདི་ལའང་། འཁྲུགས་སུ་བྱས་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་བསྟོད་པ་དང་། འཁྲུགས་མེད་དུ་ནོར་བུ་ལུགས་སུ་བསྟོད་པར་འགྲེལ་པའི་ལུགས་གཉིས་ལས། དང་པོ་ལྟར་ན་ལྔ་སྟེ། སྐུ་གསལ་བའི་ཉི་མ་ལ་སོགས་པར་བསྟོད་པ། གསུང་བཀའི་འགྲེལ་པར་བསྟོད་པ། ཐུགས་གསང་བའི་བདག་པོར་བསྟོད་པ། ཡོན་ཏ ན་སྨན་པའི་རྒྱལ་པོར་བསྟོད་པ། ཕྲིན་ལས་བདུད་ཀྱི་ཡང་བདུད་དུ་བསྟོད་པའོ། །དང་པོ་ལ་གཉིས་ཏེ། སྐུ་ལ་སྤྱིར་བསྟོད་པ། སྐུ་གསུམ་བྱེ་བྲག་ཏུ་ཕྱེ་སྟེ་བསྟོད་པའོ། །དང་པོ་ནི། སེམས་ཀྱི་དཀྱིལ་འཁོར། ཞེས་པ་ནས། ཉི་མར་གྲགས། །ཞེས་པའི་བར་གྱིས་བསྟན་ཏེ། བདག་ཅག་རིགས་ཅན་ལྔ་ལ་སོགས་པའི་གདུལ་བྱའི་སེམས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ། དམ་པའི་མཛོད་གསུམ། ལྟ་སྒོམ་སྤྱོད་པའམ་ལྟ་སྤྱོད་དམ་ཚིག་གི་གསང་བའི་ཉི་མ་ཤར་བས། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དང་། ལྟ་བ་དང་། རང་བྱུང་དེ་ཁོ་ན་ཉིད་ལ་སྒྲིབ་པས་ཤེས་བྱའི་མུན་པ་ཀུན་དང་ཉོན་མོངས་པ་དང་། ལས་ཀྱི་སྒྲིབ་པ་དང་བཅས་པ་མ་ལུས་པ་དུས་གཅིག་ལ་བསལ་བར་མཛད་པའི་ཕྱིར་སྟོན་པ་ཁྱོད་ནི་གསལ་བའི་ཉི་མར་ཀུན་ཏུ་གྲགས་སོ། །འདི་ནི་ཆོས་རྗེ་དམ་པ་རིན་པོ་ཆེས་ཐབས་ཀྱི་སྒྲོན་མ་ལ་བསྟོད་པར་གསུངས་ཤིང་བཞེད་པ་གཞན་ཡང་མཐུན་ནོ། །གཉིས་པ་ལ་གསུམ་སྟེ། ཆོས་སྐུ་གསལ་བའི་མེ་ལོང་དུ་བསྟོད་པ། ལོངས་སྐུ་གདུང་བ་སེལ་བར་བསྟོད་པ། སྤྲུལ་སྐུ་ཡིད་བཞིན་ནོར་བུར་བསྟོད་པའོ། །དང་པོ་ནི། དེ་བཞིན་ཉིད་ཀྱི། ཞེས་པ་ནས། ཞེས་ཀྱང་གྲགས། །ཞེས་པའི་བར་གྱིས་བསྟན་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ངོ་བོ་དམིགས་པ་མེད་ཅིང་སྟོང་པ་ཉིད་སེམས་ཀྱི་རང་བཞིན་རང་རིག་པའི་ཡེ་ཤེས་འོད་གསལ་བ་ཉིད་དང་གཉིས་སུ་མེད་པས་འགག་པ་མེད་པར་ཆོས་ཀུན་གྱི་གཟུགས་བརྙན་སྣང་ལ་རང་བཞིན་མེད་པར་སྣང་བར་མཛད་པས་ན། སྟོན་པ་ཁྱོད་ལ་ཆོས་ཀྱི་མེ་ལོང་ཞེས་ཀྱང་གྲགས་སོ། །འདི་ཉིད་དམ་པ་རིན་པོ་ཆེས་ཐབས་ཀྱི་མིག་མཁན་ལ་བསྟོད་པར་བཞེད་པ། གཞན་མིག་མཁན་དང་ས་མཁན་གཉིས་ལ་བསྟོད་པ་བཞེད་པའང་ཡོད་དོ། །གཉིས་པ་ནི། དགའ་མགུ། ཞེས་པ་ནས། སེལ་བར་གྲགས། །ཞེས་པའི་བར་གྱིས་བསྟན་ཏེ། ཆུང་འབྲིང་ཆེ་གསུམ་མམ་སེམས་དགའ་ཞིང་ཡིད་མགུ་ལ་བསམ་པ་རངས་པར་མཛད་པས་ན། སྟོན་པ་ཁྱོད་ནི་གདུལ་བྱ་ཀུན་གྱི་གདུང་བ་སེལ་བར་གྲགས་སོ། །ཆོས་རྗེས་མཉན་པ་དང་སྤྱན་རས་མཁན་གཉིས་ལ་བསྟོད་པར་བཞེད་ཅིང་། གཞན་གདམས་ངག་གསུམ་བསྟན་པ་ལ་བསྟོད་པར་བཞེད་པའང་ཡོད་དོ། །གསུམ་པ་ནི། འདོད་པ། ཞེས་པ་ནས། ནོར་བུར་གྲགས། །ཞེས་པའི་བར་གྱིས་བསྟན་ཏེ། འགྲོ་བ་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་འདོད་པ་ཐམས་ཅད་ཡིད་བཞིན་དུ་སྐོང་བར་མཛད་པས་ན། སྟོན་པ་ཁྱོད་ནི་ཡིད་བཞིན་གྱི་ནོར་བུར་ཡོངས་སུ་གྲགས་སོ། །དམ་པ་རིན་པོ་ཆེས་ཚོང་དཔོན་དང་ནོར་བུ་གཉིས་ལ་བསྟོད་པར་བཞེད་ལ་གཞན་ཡང་མཐུན་ནོ། །གཉིས་པ་ནི། བཀའ་རྣམས་བགྲོ་བར། ཞེས་པ་ནས། ཆེན་པོར་གྲགས། །ཞེས་པའི་བར་གྱིས་བསྟན་ཏེ། རྒྱལ་བ་ཀུན་གྱི་གསང་མཛོད་ཟབ་མོའི་བཀའ་རྣམས་བགྲོ་བར་ཁྱོད་ལ་བསྔགས་པར་མཛད་པས་ན། སྟོན་པ་ཁྱོད་ནི་བཀའ་ཡི་དགོངས་པ་འགྲེལ་པའི་གསལ་བྱེད་ཆེན་པོར་གྲགས་སོ། །ཆོས་རྗེས་ལྡེ་མིག་དང་འགྲེལ་པ་གཉིས་ལ་བསྟོད་པར་བཞེད་ཅིང་གཞན་ཡང་མཐུན་ནོ། །གསུམ་པ་ནི། མཚན་མོ། ཞེས་པ་ནས། བདག་པོར་གྲགས། །ཞེས་པའི་བར་གྱིས་བསྟན་ཏེ། དཔེར་ན་མཚན་མོ་མུན་ནག་གི་སྤྲིན་རུམ་ནས། གློག་གསལ་བར་འགྱུས་པས་བར་དུ་སྣང་བ་རྣམས་མཐོང་བར་སྟོན་པ་ལྟ་བུས། དོན་གྱི་གནས་ལུགས་ཐོག་མ་དང་ཐ་མ་མེད་པ་ཡི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས། གསང་ཆེན་སྔགས་ཀྱི་དགོངས་པ་ཐབས་མཆོག་རྣམ་པར་དག་པའི་ཉེ་ལམ་ཆེན་པོ་དེ་ཉིད་མཐར་ཕྱིན་ནས་རང་དོན་དུ་རྟོགས་པའི་དོན་ལས་མི་གཡོ་བར་གཞན་དོན་དུ་མངོན་པར་བྱུང་བའི་སྐྱེས་བུ་ཆེན་པོ་དོན་གཉིས་གྲུབ་པ་ཁྱོད་ཉིད། འདྲེན་པ་དམ་པ་སངས་རྒྱས་རྣམས་ཀྱི་གསང་བའི་མཛོད་འཛིན་ཅིང་། གསང་བ་མ་ལུས་པ་ཡི་བདག་པོ་ཆེན་པོར་གྲགས་སོ། །དམ་པ་རིན་པོ་ཆེས་ས་མཁན་ལ་བསྟོད་པར་བཞེད་ལ་གཞན་མཉན་པ་མཁན་ལ་བསྟོད་པར་བཞེད་པའང་ཡོད་དེ་རྒྱ་མཚོ་ལས་ནོར་བུ་ལེན་པ་ལ་སྦྱར་བར་མངོན་ནོ། །བཞི་པ་ནི། དུག་འཇོམས་སྨན་གྱི། ཞེས་པ་ནས། རྒྱལ་པོར་གྲགས། །ཞེས་པའི་བར་གྱིས་བསྟན་ཏེ། ཉོན་མོངས་པའི་དུག་རྣམས་འཇོམས་པའི་ཐབས་སྣ་ཚོགས་དང་ལྡན་པས་སྨན་གྱི་དཀྱིལ་འཁོར་གསང་བའི་ཐེག་པ་ཉིད་ཀྱིས་ཉོན་མོངས་པའི་ཚོགས་ཀྱི་རང་བཞིན་ཤེས་པས་ཉིད་ཀྱིས་ཉིད་གྲོལ་ཏེ་ཟུག་རྔུ་འབྱིན་པ་བླ་ན་མེད་པར་ངེས་པས། ཕྱི་ནང་གི་ནད་དོ་ཅོག་གི་དགྲར་གྱུར་པ་ཡི་སྟོན་པ་ཁྱོད་ནི་སྨན་གྱི་རྒྱལ་པོར་གྲགས་སོ། །འདི་ཉིད་ཆོས་རྗེས་སྨན་པ་ལ་བསྟོད་པར་བཞེད་དེ་གཞན་ཡང་མཐུན་ནོ། །ལྔ་པ་ནི། གདུལ་དཀའ་མ་ལུས། ཞེས་པ་ནས། བདུད་དུ་གྲགས། །ཞེས་པའི་བར་གྱིས་བསྟན་ཏེ། ཕྱིའི་བདུད་དྲེགས་བྱེད་དང་། ནང་ཉོན་མོངས་པ་སོགས་གདུལ་དཀའ་མ་ལུས་པ་ཀུན་འདུལ་ཞིང་། བདུད་བཞི་དང་ལོག་སྡེ་ཀུན་གྱི་ཡང་བདུད་དུ་གྱུར་པ་རྡོ་རྗེ་འཆང་ཧེ་རུ་ཀ་སྟེ་བདུད་ཀྱི་དཔུང་ཚོགས་མ་ལུས་པ་རྣམས་འཇོམས་ཤིང་རུ་ཏྲ་ལ་སོགས་པ་འཇིགས་པའི་ཚོགས་ཀྱང་ཕྲིན་ལས་སྣ་ཚོགས་ཀྱིས་འཇོམས་པར་བྱེད་པས་སྟོན་པ་ཁྱོད་ནི་བདུད་ཀྱིའང་བདུད་དུ་གྲགས་སོ། །དམ་པ་རིན་པོ་ཆེས་རྡོ་རྗེའི་རྫོང་ཆེན་ལ་བསྟོད་པར་བཞེད་ཅིང་གཞན་རྫོང་ཆེན་དང་སྤྱན་རས་མཁན་གཉིས་ལ་བསྟོད་པར་བཞེད་པའང་ཡོད་དོ། །གཉིས་པ་ལྟར་ན། རིགས་ཅན་རྣམས་ཀྱིས་རྒྱུད་དོན་ཞུ་བའི་ཕྱིར་སྟོན་པ་སྐྱེས་བུའི་མཚན་གྱི་རྣམ་གྲངས་ལས་བསྟོད་པ་བརྒྱད་བྱས་པ་སྟེ། དང་པོ། མཚན་མོ། ཞེས་པ་ནས། བདག་པོར་གྲགས། །ཞེས་པའི་བར་གྱིས་ཁྱོད་གསང་བའི་དོན་གྱི་བདག་པོ་སྐུ་ཤིན་ཏུ་བཀོད་པའང་རྒྱལ་བ་རིལ་གྱི་དགོངས་པའི་མངའ་བདག་ཡིན་ནོ་བར་བསྟོད་པ་ནི་ཐབས་བཅུ་བཞི་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །གཉིས་པ། བཀའ་རྣམས། ཞེས་པ་ནས། ཆེན་པོར་གྲགས། །ཞེས་པའི་བར་གྱིས་བཀའ་ཐམས་ཅད་ཀྱི་དགོངས་པ་འགྲེལ་པ་པོར་བསྟོད་པ་ནི་ཐབས་བཅུ་པ་དང་། བཅུ་གཅིག་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །གསུམ་པ། སེམས་ཀྱི། ཞེས་པ་ནས། ཉི་མར་གྲགས། །ཞེས་པའི་བར་གྱིས་གདུལ་བྱའི་བསམ་པ་རིལ་ལ་གསང་བ་གསུམ་གྱི་དོན་ཤར་བར་མཛད་ནས་སྒྲིབ་པའི་མུན་པ་སེལ་བའི་ཉི་མ་ཡིན་ནོ་བར་བསྟོད་པ་ནི་ཐབས་བརྒྱད་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །བཞི་པ། གདུལ་དཀའ། ཞེས་པ་ནས། བདུད་དུ་གྲགས། །ཞེས་པའི་བར་གྱིས་ལོག་ལྟ་དང་ལོག་ལྟ་ཅན་རིལ་གྱིས་མི་ཚུགས་ཤིང་འཇོམས་པས་བདུད་ཀྱི་ཡང་བདུད་ཁྱོད་ཡིན་ནོ་བར་བསྟོད་པ་ནི་ཐབས་དྲུག་པའི་ཡོན་ཏན་ལ་བསྟོད་པའོ། །ལྔ་པ། དེ་བཞིན། ཞེས་པ་ནས། ཞེས་ཀྱང་གྲགས། །ཞེས་པའི་བར་གྱིས་ཆོས་རིལ་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བར་མཛད་པས་ཆོས་ཀྱི་མེ་ལོང་ཁྱོད་ཡིན་ནོ་བར་བསྟོད་པ་ནི་ཐབས་གཉིས་པའི་ཡོན་ཏན་གྱིས་བསྟོད་པའོ། །དྲུག་པ། དུག་འཇོམས། ཞེས་པ་ནས། རྒྱལ་པོར་གྲགས། །ཞེས་པའི་བར་གྱིས་གདུལ་བྱའི་ནང་གི་གཅོང་རྙིང་འབྱིན་པའི་སྨན་པའི་རྒྱལ་པོ་ཁྱོད་ཡིན་ནོ་བར་བསྟོད་པ་ནི་ཐབས་གསུམ་པའི་སྒོ་ནས་བསྟོད་པའོ། །བདུན་པ། དགའ་མགུ། ཞེས་པ་ནས། སེལ་བར་གྲགས། །ཞེས་པའི་བར་གྱིས་གདུལ་བྱ་རིལ་གྱི་བསམ་པ་དང་མཐུན་པར་དོན་མཛད་པས་སྒོ་གསུམ་གྱི་གདུང་བ་སེལ་བ་ལ་བཤེས་གཉེན་མགོན་ཡིན་ནོ་བར་བསྟོད་པ་ནི། མཛད་པ་དང་པོ་དང་བཞི་པ་དང་ལྔ་པའི་སྒོ་ནས་བསྟོད་པའོ། །བརྒྱད་པ། འདོད་པ། ཞེས་པ་ནས། ནོར་བུར་གྲགས། །ཞེས་པའི་བར་གྱིས་གདུལ་བྱའི་བསམ་པའི་རེ་འདོད་རིལ་སྐོང་བས་ནོར་བུར་རིན་པོ་ཆེ་ཁྱོད་ཡིན་ནོ་བར་བསྟོད་པ་ནི། ཐབས་བདུན་པ་དང་དགུ་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །གསུམ་པ་ཞུས་པ་དངོས་ནི། དམ་པ་རྣམས་དང་། ཞེས་པ་ནས། བཏབ་བོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་མཉེས་པའི་རྒྱུ་སྔོན་དུ་བཏང་ནས་ཞུ་བ་དངོས་ནི། སྔར་གྱི་སྟོན་པ་དམ་པ་རྣམས་དང་དགོངས་པ་དང་མཛད་པ་མཐུན་པར་མཛོད་ལ། བདག་ཅག་དམན་པའི་ལུས་ཅན་གྱི་འཁོར་ལང་ཀ་ལ་སོགས་པ་རིག་པ་འཛིན་པ་རྣམས་ལ། དམ་པའི་སྤྲུལ་པ་ཐུབ་པའི་དབང་པོ་ཉིད་གང་ལྟར་ནུབ་སྟེ་མྱ་ངན་ལས་འདས་པར་ཞུས་ཏེ། འདི་ཉིད་ལྷ་རྗེ་ཡང་ཁྱེད་བླ་མས་རྨོངས་པ་གདུང་བ་སེལ་བའི་བྱུང་ཚུལ་ཞུས་པར་བཞེད་ལ། ཞིང་ཁམས་སོ་སོར་དམ་པའི་སྒྲོན་མ་ཇི་ལྟར་བཀོད་པ་ཞུས་ཏེ། ལྷ་རྗེ་ཡང་ཁྱེད། སྒྲོན་མ་བཀོད་པ། ངེས་པ་རྙེད་པ། དགོངས་པ་འགྲེལ་བ་གསུམ་དྲིས་པར་བཞེད་ཅིང་། གསང་སྔགས་ཐེག་པ་ཆེན་པོ་དམ་པའི་གསང་ལུང་ཇི་ལྟར་བྱུང་བ་ཞུས་ཏེ། ལྷ་རྗེ་ཡང་ཁྱེད། གདུལ་བྱའི་སྐབས་ལ་བབ་པ། བརྒྱུད་པ་ཐབས་ཀྱི་གྲགས་པ། ལུང་ཆེན་ངེས་པར་བསྟན་པ་གསུམ་ཞུས་པར་བཞེད་དེ། དེ་ལྟར་གསུམ་ཞུས་ནས་གསང་བ་ཆེན་པོ་སྔགས་ཀྱི་ཐེག་པ་རྒྱུད་ཀྱི་རྒྱལ་པོ་བགྲོ་བའམ་བཤད་པར་མཛོད་ཅིག་ཅེས་གསོལ་བ་གདབ་སྟེ། ལྷ་རྗེ་ཡང་ཁྱེད། བྱིན་རླབས་སྣང་བ་དང་། དགོངས་པ་བགྲོ་བ་གཉིས་ཞུས་པར་བཞེད་ཅིང་། ངེས་དོན་དགོངས་པའི་དྲིས་ཚིག་གསུམ་པོ་བགྲོ་བར་མཛོད་ཅིག་ཅེས་གསོལ་བ་གདབ་སྟེ། ལྷ་རྗེ་ཡང་ཁྱེད། གང་གི་ཆེད་དུ་མཛད་པ་དང་། ལས་རྒྱུད་གཅོད་པ་གཉིས་དྲིས་པར་བཞེད་ལ། ཡེ་ཇི་བཞིན་པ་ནམ་མཁའི་རྡོ་རྗེ་ངེས་པའི་གསང་བ་མཆོག་གི་དོན་ཉིད་བགྲོ་བའམ་སྟོན་པར་མཛོད་ཅིག་ཅེས་གསོལ་བ་གདབ་སྟེ། ལྷ་རྗེ་ཡང་ཁྱེད། སྙིང་པོ་བྱང་ཆུབ་ཏུ་ངེས་པའི་བྱུང་ཚུལ་ཞུས་པར་བཞེད་དོ། །དེ་ལྟར་བསྐུལ་ཞིང་གུས་པས་གསོལ་བ་གསུམ་བཏབ་བོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། བཤད་མ་ཐག་པ་ལྟར་ལུང་དམ་པ་བགྲོ་བར་གསོལ་བ་བཏབ་པའི་ལེའུ་སྟེ་ལྔ་པ་རྣམ་པར་བཤད་པའོ།། །།གསུམ་པ་རྒྱུད་ཀྱི་དོན་དངོས་ལ་གཉིས་ཏེ། བཤད་པར་དམ་བཅས་ཏེ་ཉོན་ཅིག་པར་གདམས་པ། རྒྱུད་ཀྱི་དོན་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་སྐད་ཅེས། ཞེས་པ་ནས། དགྲོལ་གྱིས་ཉོན། །ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་བསྟན་མ་ཐག་པ་དེ་སྐད་ཅེས་གསོལ་བ་བཏབ་པ་ལས། སྟོན་པ་གསང་བ་པའི་བདག་པོས་བཤད་པར་ཞལ་གྱིས་བཞེས་ཏེ་བཀའ་སྩལ་པ། སྟོན་པ་མ་འདས་པའི་སྔོན་དུ་བྱུང་ནས་བྱུང་ཚུལ་བཅུ་གཉིས་ཀྱི་ཚུལ་གྱིས་གསང་སྔགས་ཐབས་ཀྱི་ཐེག་པ་ཁྱེད་རྣམས་ལ་བགྲོ་བར་ཐུབ་པས་ལུང་བསྟན་མཛད་པའི། འགྲོ་བ་ལུས་ཀྱི་དམ་ཚིག་གི་སེམས་དཔའ་རྣམས་ཀྱིས་གདུང་སྔགས་ཉེར་གསུམ་དང་དྲི་བ་དྲུག་དང་བཅས་པའི་ཞུ་བ་ཕུལ་བ་རྣམས་ནི་སྒྱུ་མའི་རྟོག་པ་ཡིན་པས་དགྲོལ་དགོས་ལ་དགྲོལ་ཡང་ནུས་པས་ན། རྒྱལ་བ་རྣམས་ཀྱི་བཀའ་ལུང་བཞིན་དུ་གསལ་བར་བགྲོས་ཏེ་དགྲོལ་བར་བྱེད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་པའོ། །གཉིས་པ་ལ་བྱུང་ཚུལ་བཅུ་གཉིས་ཀྱིས་བསྟན་པ་ལས། དང་པོ་རྨོངས་པ་གདུང་བ་སེལ་བ་ལ་ལྔ་སྟེ། གདུང་བ་ཉི་ཤུ་རྩ་གསུམ་བསལ་བའི་ལན། གདུང་བ་སྐྱེ་བའི་རྒྱུ་མེད་པས་མ་སྐྱེད་ཅིག་པར་གདམས་པ། གདུང་བ་སེལ་བའི་ཡོན་ཏན། གདུང་བ་སེལ་བའི་ཚད། གདུང་བ་ཡོད་མེད་ཀྱི་ཁྱད་པར་རོ། །དང་པོ་ལ་ཉི་ཤུ་རྩ་གསུམ་སྟེ། སྒྲོན་མ་མི་ནུབ་པར་མུན་པ་རང་བཞིན་གྱིས་སེལ་བ། ཤེས་བྱ་ཉིད་ཚད་མར་གྱུར་པས་གཏན་ལ་ཕེབས་པ། སྤྱན་ལ་ཟུམ་པ་མེད་པས་ལོག་སྟོབས་མི་འཕེལ་བ། ཉི་ཟླ་མ་ནུབ་པས་མུན་པར་མི་འགྱུར་བ། སྟོན་པ་མི་འདའ་ཞིང་གདུག་པ་བདག་མེད་པས་འདུལ་བ། བསྟན་པ་ཤེས་རབ་རྩལ་ཅན་གྱིས་གསལ་བར་བྱེད་པ། བསླབ་པ་ས་ནོན་པ་ཕྱིས་འབྱུང་བས་འཛིན་པ། སྙིང་པོ་བྱང་ཆུབ་ཏུ་གནས་པས་བཙལ་དུ་མེད་པར་ལུང་བསྟན་པ། མི་མཁས་པས་རྩོད་ཅིང་མཁས་པས་མི་རྩོད་པ། མ་རྟོགས་པས་ཐ་དད་དུ་བསླད་ཅིང་འཆོས་པ། རྨོངས་པས་ཆོས་དང་ནོར་བརྗེ་བས་གཉིས་ཀ་སྲེག་པ། སྟོན་པ་སེམས་ཉིད་ལ་འཕོ་འགྱུར་མེད་པས་བསྟན་པ་ལ་དགྲ་མི་འོང་བ། བསྟན་པའི་ཡུན་བྱང་ཆུབ་སྙིང་པོ་དང་མཉམ་པར་གནས་པ། དུས་གསུམ་མཉམ་པས་སྔ་ཕྱི་མེད་དེ་མི་འགྱུར་བ། བསྟན་པའི་མཐའ་བརྗོད་པ་དང་བྲལ་བར་འགྱུར་བ། སློབ་མའི་མཐའ་དེ་བཞིན་ཉིད་ལས་མི་འགྱུར་བ། འདི་ནས་དེ་བཞིན་ཉིད་དུ་གཤེགས་ཤིང་མེ་ཏོག་བཀོད་པར་སྣང་བ། འགྲོ་བའི་མགོན་དུ་བདེ་གཤེགས་སྙིང་པོ་འོང་བ། བློ་གྲོས་དགོངས་པ་ཚིག་གསུམ་ལ་བཙལ་བ། ངེས་དོན་ཇི་བཞིན་པ་བློ་ལ་བཞག་ལ་གཟུང་བ། སྐུ་གདུང་དངོས་པོ་མེད་ཀྱང་གདུལ་བྱ་ལ་འབྱུང་བ། མཆོད་གནས་མཁས་པ་དང་སྐུ་གསུང་ཐུགས་ཀྱི་གཟུགས་བརྙན་ལ་བྱ་བ། གདུང་འཚོབ་སྐྱེས་བུ་སེམས་ཅན་ལ་འབྱུང་བར་བསྟན་པའོ། །དང་པོ་ནི། སེམས་ཀྱི། ཞེས་པ་ནས། དེ་ཉིད་སེལ། །ཅེས་པའི་བར་གྱིས་བསྟན་ཏེ། སྤྱིར་ལེའུ་འདིས་ངེས་དོན་སྟོན་ལ། དམ་པའི་སྤྲུལ་པ་གང་ལྟར་ནུབ་ཀྱི་ལན་ཏེ། ཁྱད་པར་རྩལ་འཕངས་ལས་ཚོགས་ལམ་སེམས་བསྐྱེད་པ། རྒྱུད་གནས་ལུགས་ལས་རྨོངས་པ་གདུང་བ་སེལ་བའི་བྱུང་ཚུལ་མ་རིག་མུན་སེལ་གྱི་ལྟ་བ་མ་དང་བུ་འཕྲད་པ་ལྟ་བུ་ཉིད་རྒྱས་པར་སྟོན་ནོ། །སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱི་འོད་གསལ་བའི་ངོ་བོ་ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་དེ་ཉིད་སྟོན་པ་ཡིན་པས་དོན་ལ་སྟོན་པ་རྡོ་རྗེའི་སྐུ་མངའ་བ་དེ་ནི་འདུས་མ་བྱས་ནམ་མཁའ་བཞིན་དུ་ནུབ་པ་མེད་དེ་གསང་སྔགས་ཀྱི་རང་བཞིན་ཡེ་ནས་འོད་གསལ་བ་ཇི་བཞིན་པའི་དོན་དུ་ཤར་བས། དེ་ལ་གང་གིས་སྒྲིབ་སྟེ་འགྲོ་བའི་མུན་པ་མ་སྤང་བར་ཞི་བས་གདུལ་བྱའི་རྒྱུད་ཀྱི་མུན་པ་དེ་ཡང་སེམས་ཉིད་རང་སྣང་དུ་རྟོགས་པ་ཉིད་ཀྱིས་སེལ་ཏེ་མེ་དང་ཤིང་བལ་ལྟ་བུའོ་ཞེས་ལན་བཏབ་པས་དྲི་བ་དང་པོའི་གདུང་བ་སངས་སོ། །གཉིས་པ་ནི། ཚད་མ། ཞེས་པ་ནས། ཚད་མར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། ཐུབ་པའི་དབང་པོ་དང་གསང་སྔགས་ཀྱི་ངོ་བོ་ནི་གཅིག་དང་དུ་མ་ལས་གྲོལ་བའི་ཕྱིར་ཕྱིས་གསང་སྔགས་ཐུན་མོང་མ་ཡིན་པའི་ཐབས་ལ་མངོན་སུམ་དང་རྗེས་དཔག་གཉིས་སུ་བྱུང་ཞིང་གཉིས་པོ་ལའང་ལུང་དང་མན་ངག་གི་ཚད་མ་གཉིས་ཀྱིས་གང་ཤར་ཡང་བྱང་ཆུབ་ཀྱི་སེམས་དཀྱིལ་འཁོར་གསུམ་གྱི་བདག་ཉིད་དུ་གཞལ་བྱར་བྱས་པ་ན་དེ་ལྟར་རྟོགས་པའི་གང་ཟག་གིས་ཀྱང་དོན་གཏན་ལ་ཕེབས་པས། ཤེས་བྱ་དངོས་པོ་སྣ་ཚོགས་པ་ཀུན་ཀྱང་གསང་སྔགས་ཀྱི་ངོ་བོར་གྱུར་ཏེ། མེ་རང་ཉིད་ཚ་ཞིང་གཞན་སྲེག་པ་ལྟར་ཤེས་བྱ་དེ་ཡང་རང་བཞིན་གྱི་སྣང་བར་ཤར་ནས་རང་གི་ངོ་བོས་ཚད་མར་འགྱུར་བས་ལོག་པར་མི་འགྱུར་རོ་ཞེས་ལན་གསུངས་པས་གདུང་བ་གཉིས་པ་སངས་སོ། །གསུམ་པ་ནི། ལེགས་ཉེས། ཞེས་པ་ནས། འགྱུར་མེད་པས། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་འདས་ཀྱང་ལེགས་ཉེས་སམ་ནོར་བ་དང་མ་ནོར་བའི་རྩ་བ་ནི་མ་རིག་པ་ཡིན་ལ་དེ་ཡི་ངོ་བོའང་སེམས་ཉིད་ཡེ་ཇི་བཞིན་པ་དེ་ཉིད་ཡིན་པས། དེ་ལྟར་གཏན་ལ་འབེབས་པའི་གཞི་ཚད་མ་གཉིས་ཀྱིས་བསྟན་པ་ལ་ཞུགས་ནས་དེ་ཁོ་ན་ཉིད་ཡང་དག་པར་རྟོགས་པ་དེ་ལ་འགྱུར་བ་མེད་ཅིང་ཡེ་ཤེས་ཀྱི་སྤྱན་ལ་ཟུམ་པ་མེད་པས་རྒོལ་བ་ཚར་གཅོད་དེ་ལོག་སྟོབས་འཕེལ་བར་མི་འགྱུར་རོ། །ཞེས་ལན་བཏབ་པས་གདུང་བ་གསུམ་པ་སངས་སོ། །བཞི་པ་ནི། སེམས་ཀྱི། ཞེས་པ་ནས། གནག་པའི་མུན་པ་སེལ་བ་མེད། །ཅེས་པའི་བར་གྱིས་བསྟན་ཏེ། གསང་སྔགས་དེ་ཁོ་ན་ཉིད་ཀྱི་ལུགས་ཀྱིས་ཀུན་གཞི་དགུ་པ་སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་ཡེ་ནས་བདེན་པ་གཉིས་སུ་མེད་པར་རང་ཤར་བས་ན་མཐས་མ་སྒྲིབ་པར་གདོད་ནས་དཀར་བས་གཉེན་པོ་དང་བྲལ་བ་ལ་འཕྲལ་དུ་ལམ་པས་ཐ་དད་དང་གཅིག་པར་དཀར་བར་བྱེད་པའི་གློ་བུར་བའི་ཉི་ཟླ་ཡང་མེད་པས། གནག་པའི་མུན་པ་གོལ་ས་ཡང་མ་དམིགས་པ་ལ་གཞན་གྱིས་སེལ་བའང་མེད་དེ་སྤང་གཉེན་ལས་གྲོལ་བའི་ཕྱིར་བསྟན་པ་ལོག་པའི་སྤྲིན་འཁྲིགས་ནས་མུན་པར་འཁྱམས་པར་མི་འགྱུར་རོ། །ཞེས་ལན་མཛད་པས་གདུང་བ་བཞི་པ་སངས་སོ། །འདི་ལ་སྡེ་སྤར་དང་ཕྱག་དཔེ་གཞན་ཀུན་ན་རྐང་པ་གཉིས་ལས་མི་བཞུགས་ཀྱང་། ཆོས་རྗེ་རིན་པོ་ཆེའི་ཕྱག་མཆན་བཞུགས་པའི་དཔེ་དང་ཕྱག་དཔེ་གཞན་གཅིག་ལའང་གསུམ་སྣང་བས་འགྲེལ་ཆེན་གྱི་སྒྲོས་ལ་བརྟགས་ན་ཆད་པར་མངོན་ནོ། །ལྔ་པ་ནི། སངས་རྒྱས། ཞེས་པ་ནས། སྟོབས་ཀྱིས་འདུལ། །ཞེས་པའི་བར་གྱིས་བསྟན་ཏེ། བཤད་པ་བཞིན་དུ་འཕོ་འགྱུར་མི་མངའ་བས་སངས་རྒྱས་རྡོ་རྗེའི་སྐུ་མྱ་ངན་ལས་ཡོངས་སུ་མི་འདའ་ལ། དེའི་ཞལ་ནས་གསུངས་པའི་དམ་པའི་ཆོས་ཀྱང་ཇི་སྲིད་འཁོར་བ་གནས་ཀྱི་བར་དུ་ནུབ་པར་མི་འགྱུར་ཏེ། ལྷུན་གྱིས་གྲུབ་པའི་བསྟན་པ་ལ་ཤར་ནུབ་མེད་པས་སོ། །དེ་ལྟ་བས་ན་སེམས་ཅན་གང་དག་ལེ་ལོ་ཅན་ལ་ཕན་གདགས་པའི་ཕྱིར་སྤྲུལ་པ་རྣམས་ནི་མྱ་ངན་ལས་འདའ་བའི་ཚུལ་སྟོན་ཏེ་དེ་ཡིས་འདུལ་བས་སོ། །དོན་ལ་མི་འདའ་བའི་ཚད་ཇི་ལྟར་ནམ་མཁའ་ཉིད་ཞིག་པར་གྱུར་ནས། དེ་ཚེ་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱང་མྱ་ངན་ལས་འདའ་བར་འགྱུར་ཏེ་སྐྱེ་ཤི་མེད་པར་འདྲ་བས་སོ། །གང་དག་ཕྱི་ནང་གི་གདུག་པ་མ་རུངས་པ་ལོག་སྲེད་ཅན་དང་ཉོན་མོངས་པ་ལ་སོགས་པ་རྣམས་ནི་བདག་མེད་གཉིས་ཀྱི་རང་བཞིན་མཐའ་བྲལ་སྟོང་པ་ཆེན་པོ་གཉིས་སུ་མེད་པའི་གཤིས་ཀྱི་ཡིན་ལུགས་རྟོགས་ནས་ངང་ལས་མི་འདའ་བས་ལྟ་སྒོམ་གྱི་སྟོབས་ཀྱིས་འདུལ་ཞིང་རང་ཞི་བར་འགྱུར་ཏེ། དཔེར་ན་ཐབ་ཀྱི་མེ་བསད་ན་རྩིག་མིག་གི་དུ་བ་འཆད་པ་བཞིན་ནོ། །ཞེས་ལན་བཀའ་སྩལ་པས་གདུང་བ་ལྔ་པ་སངས་སོ། །དྲུག་པ་ནི། རང་བཞིན། ཞེས་པ་ནས། སྣང་བར་བྱེད། །ཅེས་པའི་བར་གྱིས་བསྟན་ཏེ། རྒྱུ་རྐྱེན་མེད་པར་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ནི་སྣང་བ་དང་སྟོང་པ་དང་གཉིས་སུ་མེད་པའི་སྤྲོས་པ་གསུམ་མ་སྤང་བར་བྲལ་བའི་མི་གཡོ་བ་ཆེན་པོ་སྟེ་གསུང་ལྔའི་ངོ་བོ་བསྟན་པ་རྒྱ་མཚོའང་དེ་ཉིད་ཡིན་པས། རང་བྱུང་གི་ཡེ་ཤེས་དེའི་དོན་ཇི་ལྟ་བར་སོན་པའི་འགྱིང་བག་གིས་ཆོས་སྟོན་པས་སྨྲ་བའི་སེང་གེ་རྩལ་ཆེན་པོ་རྫོགས་པས་གསང་བདག་རྡོ་རྗེ་འཛིན་པ་ཉིད་དང་ལང་ཀ་ལ་སོགས་པ་རྣམས་ཀྱིས་བསྟན་པ་ཁྱད་པར་ཅན་ཀུན་ཏུ་འབར་ཞིང་སྣང་བར་བྱེད་དེ་རྒྱས་ཤིང་འཕེལ་བར་མཛད་པའོ། །ཞེས་ལན་གསུངས་པས་གདུང་བ་དྲུག་པ་སངས་སོ། །བདུན་པ་ནི། བསླབ་པའང་། ཞེས་པ་ནས། སེམས་དཔའ་འཛིན། །ཞེས་པའི་བར་གྱིས་བསྟན་ཏེ། ལྷག་པའི་བསླབ་པ་རིན་པོ་ཆེའང་ཐེག་པ་ཆེན་པོ་རང་རིག་པས་ལྷག་པའི་སེམས་ཉིད་ཡིན་པས་དོན་དུ་གཉེར་བའི་སྒྲུབ་པ་ཀུན་གྱི་མཆོག་གསང་བ་སྔགས་ཀྱི་བསླབ་པ་འདི་ནི། རིག་པ་འཛིན་པས་ས་མཆོག་རབ་ཏུ་གསང་བ་དེ་ཉིད་སྣང་ཞིང་ནོན་པ་བཀའ་ལུང་དམ་པ་འདི་ཉིད་བགྲོས་པས་མཐུ་ལས་ཕྱིས་སུ་འབྱུང་བར་འགྱུར་བའི་འགྲོ་བ་ལུས་ཀྱི་སེམས་དཔའ་ཆེན་པོ་དམ་པའི་རིགས་ཅན་ལང་ཀ་ལ་སོགས་པ་རྣམས་ཀྱིས་འཛིན་པར་འགྱུར་རོ། །ཞེས་ལན་བཏབ་པས་གདུང་བ་བདུན་པ་སངས་སོ། །བརྒྱད་པ་ནི། མཐའ་ཐུག །ཅེས་པ་ནས། དེ་ལུང་སྟོན། །ཞེས་པའི་བར་གྱིས་བསྟན་ཏེ། འཁོར་བ་ཐོག་མ་དང་ཐ་མའི་མཐའ་ལ་ཐུག་པ་མེད་པའི་འགྲོ་བ་སེམས་ཅན་རྣམས་རྩ་བ་བྱང་ཆུབ་ཀྱི་སྙིང་པོར་ཡེ་ནས་གནས་པ་ཡིན་པས། རིགས་མི་འགྱུར་བར་དེ་བཞིན་ཉིད་དུ་རྒྱུད་གཅིག་པར་ངེས་པའི་ཕྱིར། རྨད་དུ་བྱུང་བའི་ཐེག་པ་འདིས་ཀུན་ཀྱང་མི་སློབ་པ་དེ་ཉིད་དུ་བྱ་བ་མེད་པའི་སངས་རྒྱས་སུ་ལུང་སྟོན་པར་བྱེད་དོ། །ཞེས་ལན་གསུངས་པས་གདུང་བ་བརྒྱད་པ་སངས་སོ། །དགུ་པ་ནི། སེམས་ཉིད། ཅེས་པ་ནས། ཚིག་མི་བརྗོད། །ཅེས་པའི་བར་གྱིས་བསྟན་ཏེ། སེམས་འདི་ཉིད་ཡང་དག་པར་ཡོད་པ་དང་དོན་ལ་གྲུབ་པ་མེད་དོ་ཞེས་ཐུན་མོང་མ་ཡིན་པ་གཉིས་སུ་མེད་པའི་དོན་ལ་ཤེད་མ་བྱེ་བའི་དབུ་མ་པ་ལ་སོགས་པ་བྱིས་པ་རྣམས་ནི་མཐའ་ཡོད་མེད་ལ་རྩོད་པར་བྱེད་ཀྱང་། དོན་ཆེན་པོ་ལ་ཤེད་བྱེ་བའི་འབྲས་བུ་གསང་སྔགས་ལ་མཁས་པས་དམ་པ་དག་ནི་ཡེ་ནས་མཐའ་དང་བྲལ་བ་ལ་དེ་ཉིད་དུའང་འཛིན་ཅིང་རྟོག་པ་མེད་པའི་ཕྱིར་རྩོད་པ་དང་བྲལ་ཞིང་ཡོད་མེད་ལ་སོགས་པར་གཉིས་སུ་རྟོག་པའི་ཚིག་ཀྱང་མི་བརྗོད་དོ། །ཅེས་ལན་མཛད་པས་གདུང་བ་དགུ་པ་སངས་སོ། །བཅུ་པ་ནི། ང་ཡི། ཞེས་པ་ནས། ཐ་དད་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་ང་ཡི་གསང་སྔགས་ངེས་པའི་གསང་དོན་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ལྷུན་གྱིས་གྲུབ་པ་འདི་ནི། སངས་རྒྱས་ཀུན་གྱི་དགོངས་པའི་ཞེ་ཕུགས་ཐུགས་ཀྱི་གསང་བ་ཡིན་པའི་ཕྱིར་ཤིན་ཏུ་བརྟགས་པར་དཀའ་བས། གང་བློས་མཐོང་བའི་སྐལ་བ་མེད་པ་དག་གིས་སྔགས་ཀྱི་དགོངས་དོན་ཟབ་མོ་ཇི་ལྟ་བར་མི་དཔོགས་ཤིང་རྟོགས་པར་མི་ནུས་པས་གཞན་ཐུན་མོང་གི་ཚད་མ་གཉིས་ཀྱིས་ཚོལ་ཞིང་དཔོགས་པར་བྱེད་པ་ན། དེ་ལྟར་བརྟགས་པས་མཐོང་བ་ཐ་དད་ཀྱི་ཕྱིར། ངེས་པའི་གསང་བར་སྒྲ་གཅིག་ཀྱང་དོན་ཐ་དད་དུ་འཕེལ་ཞིང་ལྟ་བས་ཕྱོགས་རིས་སུ་འཛིན་པ་འབྱུང་ཡང་གསང་དོན་ཇི་བཞིན་དུ་མཐོང་སྟེ། རྟགས་རྨི་ལམ་གྱིས་འཛིན། ཚུལ་རིག་པ་ལ་མངོན། དོན་དཔེ་ཡིས་མཚོན། ཐོག་ཏུ་དྲོད་ཚད་ཀྱིས་དབབ་པ་རྣམས་ནི་བཀའ་ཡི་དོན་ལ་ཚུལ་བཞིན་དུ་གནས་པར་འགྱུར་རོ། །ཞེས་ལན་བཀའ་སྩལ་པས་གདུང་བ་བཅུ་པ་སངས་སོ། །བཅུ་གཅིག་པ་ནི། དམ་པ། ཞེས་པ་ནས། སྲེག་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། རྨད་དུ་བྱུང་བའི་བཀའ་སྒྲོ་སྐུར་དང་བྲལ་ཞིང་སངས་རྒྱས་དང་རིག་འཛིན་དམ་པ་རྣམས་ཀྱི་བྱ་བྲལ་རྫོགས་པའི་གསང་ལུང་འདི་ཉིད་ཀྱི་དོན་འཁྲུལ་པའི་གང་ཟག་གང་དག་གིས་ཇི་བཞིན་དུ་མི་ཤེས་ཤིང་མ་རྙེད་པའི་དབང་གིས་སེམས་རྨོངས་ཏེ་ཡིད་འདོད་པས་གཡེམ་ཞིང་འཕྱར་བས་འཕྱོན་མའི་སེམས་ལྟ་བུས། དོན་མེད་པའི་སྙན་ངག་གི་ཆོས་དང་ཟང་ཟིང་གི་ནོར་རྫས་དུག་ལྟ་བུ་དང་ཁྱད་པར་ལྷག་པའི་བཀའ་ཟབ་མོའི་དམ་པའི་ཆོས་ཀྱི་བདུད་རྩི་གཉིས་བརྗེ་བར་བྱེད་པ་འབྱུང་སྟེ། དེ་རྣམས་ནི་འདི་ཕྱི་ཀུན་ཏུ་ཕུང་བར་བྱེད་ཅིང་གཙུབ་ཤིང་གཙུབ་སྟན་ལྟར་གཉིས་ཀ་སྲེག་པར་འགྱུར་བས་བག་ཡོད་པར་བྱའོ། །ཞེས་ལན་གསུངས་པས་གདུང་བ་བཅུ་གཅིག་པ་སངས་སོ། །བཅུ་གཉིས་པ་ནི། ཀུན་གསལ། ཞེས་པ་ནས། སྤྲིན་བཞིན་མེད། །ཅེས་པའི་བར་གྱིས་བསྟན་ཏེ། སེམས་ཉིད་བདེ་བ་ཆེན་པོའི་ཡེ་ཀློང་ཡངས་པ་ནི་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཀུན་མ་བཀོལ་བར་ཡེ་ཤེས་བདེ་བ་ཆེན་པོར་རང་གསལ་བས་མེ་ལོང་འོད་པོ་ཆེ་དེ་ཉིད་ཐེག་མཆོག་རྒྱལ་པོ་འདིས་གཅིག་དང་ཐ་དད་ལས་གྲོལ་བའི་ཕྱིར་མ་འདྲེས་ཡོངས་རྫོགས་སུ་སྟོན་པ་ཉིད་དེ། དེ་ལྟ་བུའི་ཀློང་ལ་ཐུབ་པའི་དབང་པོའང་དཔེ་ནམ་མཁའ་ལྟར་འཕོ་འགྱུར་མེད་པར་བཞུགས་པའོ། །དེ་བས་ན་མ་རུངས་པའི་འཚེ་བར་བྱེད་པའང་ལྷུན་གྲུབ་ཀྱི་ཀློང་ལ་སྣང་ཡང་མི་དམིགས་ཏེ་ངོ་བོ་མི་ཟིན་པས་དཔེར་ན་གློག་འགྱུ་བ་ན་སྤྲིན་གྱི་མུན་པ་རང་དག་ཏུ་གསལ་བ་བཞིན་དུ་གནོད་པར་མི་ནུས་པའམ། ཡང་ན་སྤྲིན་མེད་ན་གློག་ཀྱང་མེད་པ་ལྟར་མ་རིག་པ་མེད་ན་ཡེ་ཤེས་ཀྱང་མེད་པས། འཚེ་བར་བྱེད་པའང་རྟོགས་པའི་བོགས་འདོན་དུ་གྱུར་ཏེ་སྐབས་ཚོལ་བར་མེད་པའོ། །ཞེས་ལན་མཛད་པས་གདུང་བ་བཅུ་གཉིས་པ་སངས་སོ། །བཅུ་གསུམ་པ་ནི། བྱང་ཆུབ། ཅེས་པ་ནས། གནས་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ཇི་ཙམ་དུ་གནས་ཤིང་ཡོད་ཀྱི་བར་དེ་སྲིད་དུ་དེ་དང་ཐ་ནི་དད་པའི་ཕྱིར་མཚོན་བྱ་དོན་གྱི་བསྟན་པ་ཡང་གནས་པར་འགྱུར་བ་ཡིན་ནོ། །ཞེས་ལན་བཏབ་པས་གདུང་བ་བཅུ་གསུམ་པ་སངས་སོ། །བཅུ་བཞི་པ་ནི། ཐོག་མ། ཞེས་པ་ནས། ཡོད་མ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། བསྟན་པ་རིན་པོ་ཆེ་ནི་དུས་རིལ་དུ་ཤར་ཏེ་སྔར་བྱུང་ངོ་ད་ལྟ་འབྱུང་ངོ་མ་འོངས་པ་ན་འབྱུང་བར་འགྱུར་རོ། །དེ་ཡང་དོན་གྱི་དབང་དུ་ན་ཡེ་ཐོག་མ་དང་ཐ་མ་བརྗོད་དུ་མེད་པ་ན་རང་ཤར་དུ་བྱུང་བས་དུས་གསུམ་མཉམ་པ་ཉིད་ལ་སྔ་ཕྱི་ཡོད་པ་མ་ཡིན་ཏེ། དུས་གསུམ་གྱི་རྒྱུད་ལས་གྲོལ་བས་ངོ་བོ་ཇི་བཞིན་པ་ལ་དགོངས་ཏེ་ལན་མཛད་པས་གདུང་བ་བཅུ་བཞི་པ་སངས་སོ། །བཅོ་ལྔ་པ་ནི། དང་པོ། ཞེས་པ་ནས། མེད་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། བསྟན་པ་དམ་པ་དང་པོ་སྣང་བའི་ཚེ་ནའང་གཞི་དངོས་པོ་མེད་པ་ཇི་བཞིན་པའི་ངང་ལས་འགྲོ་འོང་མེད་པར་རང་བྱུང་བར་བརྗོད་པས་ཐ་མའང་ཚིག་དང་ཡི་གེས་བརྗོད་པ་དང་བྲལ་ཏེ་དམིགས་པ་མེད་པ་རང་བཞིན་གྱིས་སྟོང་པར་འགྱུར་ཏེ་གཞི་ཇི་བཞིན་པ་ལས་གཞན་དུ་མ་ཡིན་པའི་ཕྱིར་རོ། །ཞེས་ལན་བཀའ་སྩལ་པས་གདུང་བ་བཅོ་ལྔ་པ་སངས་སོ། །བཅུ་དྲུག་པ་ནི། གདུང་འཛིན། ཞེས་པ་ནས། གཞན་མི་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། བསྟན་པའི་གདུང་འཛིན་པའི་རིགས་ཅན་དག་ཀྱང་ཐོག་མའང་མ་བཅོས་པའི་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར། ཐ་མའང་དེ་ཁོ་ན་ཉིད་ལས་གཞན་དུ་མི་འགྱུར་ཏེ་ཐ་སྙད་དུ་འཕོ་འགྱུར་མེད་པས་སོ། །ཞེས་ལན་གསུངས་པས་གདུང་བ་བཅུ་དྲུག་པ་སངས་སོ། །བཅུ་བདུན་པ་ནི། འདི་ལས། ཞེས་པ་ནས། རང་ཞི་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དོན་ལ་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རང་གསལ་བ་ལ་འགྲོ་འོང་མ་དམིགས་ཀྱང་གདུལ་བྱའི་ངོ་ཙམ་དུ་བཏགས་ཏེ། མི་མཇེད་འདི་ནས་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་འདིར་གཤེགས་ཏེ། ཡེ་ནས་མ་བཅོས་པ་གདལ་ཁྱབ་ཆེན་པོའི་ཞིང་ན་ཆོས་ཀྱི་སྐུ་སྣང་བ་མེད་པར་བཞུགས་ལ། དེའང་ངོ་བོ་ཇི་ལྟ་བུར་བཞུགས་ན། རང་དོན་དུ་སེམས་ཀྱི་ཆོས་ཉིད་རིག་པའི་ཀློང་མཐའ་དབུས་མེད་པས་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་བཞུགས་ཏེ། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་དེ་བཞིན་ཉིད་ཀྱི་ངོ་བོ་ཡེ་ཇི་བཞིན་པ་ཉིད་དུ་རྣམ་པར་སྣང་སྟེ་རང་གསལ་བའི་ཕྱིར་རོ། །དེ་ལྟར་འདས་ནས་དོན་བརྡ་མ་གོ་བའི་ཕྱིར་གཞན་དོན་དུ་མོས་པ་སྤྱོད་པའི་ས་པ་ལ་སོགས་པ་བྱིས་པའི་གདུལ་བྱ་རྣམས་ཀྱི་ཆེད་དུ་སྐུས་འདུལ་བས་སྤྲུལ་པའི་ཆོ་འཕྲུལ་ཞིག །མེ་ཏོག་བཀོད་པའི་འཇིག་རྟེན་ཞེས་བྱ་བ་ན། མཚན་ངེས་པར་གཅིག་ཏུ་མ་གྲགས་པ་ཞེས་བྱ་བ་བསམ་གྱིས་མི་ཁྱབ་པར་སྣང་ངོ་། །འོ་ན་དེ་ཁོ་ན་ལྟར་འབྱུང་འཇུག་ཏུ་སྣང་བ་ཡོད་དམ་ཞེ་ན། དེ་ལྟར་སྣང་བ་ཉིད་ནའང་སྣང་བ་མེད་དེ། སྣང་སྟོང་གི་མཐའ་ལས་གྲོལ་བས་སོ། །ཐུབ་པའི་དབང་པོའི་ཚུལ་དང་བཀོད་པ་དེ་བཞིན་དུ་ཞིང་ཁམས་ཐ་དད་པ་གང་དག་ཏུ་སྤྲུལ་པའི་སངས་རྒྱས་ཇི་སྙེད་ཅིག་སྣང་བར་མཛད་པ་ཀུན་ཀྱང་དཔེར་ན་སྒྱུ་མའི་མཁན་པོས་རྫས་ལས་རྟ་གླང་སོགས་སུ་སྤྲུལ་པ་ཇི་ལྟ་བ་བཞིན་དུ་ཞི ང་ལ་ལར་སྐུ་འདས་ནས་མི་སྣང་ལ། འོན་ཀྱང་ཞིང་གཞན་དུ་སྔ་མའི་མཚན་དང་སྐུ་མ་ཡིན་པར་ཇི་ལྟར་འདུལ་བ་ལྟར་སྣང་ནས་དོན་མཛད་དོ། །གང་གིས་སྤྲུལ་པ་ཡིན་ན། སྟོན་པ་མི་བསྐྱོད་པ་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་ཀྱི་ཐུགས་མཆོག་མངའ་བ་ཉིད་ཀྱང་། སྣང་བའི་རྒྱུ་ཐུགས་རྗེ་སྤྲུལ་པའི་བྱིན་རླབས་ཀྱིས་མཐུ་ལས། འཇིག་རྟེན་གྱི་ཁམས་ནི་དཔག་ཏུ་མེད་པའི་ཞིང་ཇི་སྙེད་དུ་མྱ་ངན་ལས་འདས་ནས་ནུབ་སྟེ་མུན་པར་གྱུར་པ་དང་། སྐུ་སྣང་ནས་སྒྲོན་མར་བཀོད་པ་ཇི་ལྟར་དུ་མཛད་ཀྱང་གཅིག་དང་དུ་མ་ལས་སྤྲུལ་པ་རིལ་གྲོལ་བའི་ཕྱིར། སྐུ་གསུམ་དབྱེར་མེད་མཛད་པ་ལྷུན་གྲུབ་ཆེན་པོའི་ངང་ལས་རང་བྱུང་ཞིང་སླར་ཡང་དེ་ཉིད་དུ་རང་ཞི་བ་ཡིན་ཏེ། སྟོན་པའི་རྒྱུད་གཅིག་ལ་འབྱུང་འཇུག་ཅན་གྱི་ཆོས་ནི་མ་དམིགས་པའི་ཕྱིར་རོ། །ཞེས་ལན་མཛད་པས་གདུང་བ་བཅུ་བདུན་པ་སངས་སོ། །ཕྱག་དཔེ་ལ་ལར་ནུབ་སྣང་ཞེས་འབྱུང་ངོ་། །བཅོ་བརྒྱད་པ་ནི། སྐྱེ་མེད། ཅེས་པ་ནས། སྐྱབས་ཆེན་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། ངོ་བོ་གང་དུའང་མི་ཟིན་པས་སྐྱེ་བ་མེད་ཅིང་སྒྲིབ་བྱེད་དང་བྲལ་བས་རང་བྱུང་གི་ཡེ་ཤེས་ཆོས་སྐུ་དེ་བཞིན་ཉིད་ཀྱི་དབྱིངས་དེ་ནི་གདོད་མ་ནས་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཡིན་ལ། དེ་ལྟར་མ་རྟོགས་པའི་དབང་ལས། སེམས་ཅན་རྣམས་ཀྱི་རྣམ་རྟོག་གློ་བུར་བས་ཀུན་ནས་བསླང་བའི་ལས་ཀྱིས་བསྒྲིབས་པས་མིག་གིས་མིག་མ་མཐོང་བ་བཞིན་དུ་གྱུར་ཀྱང་། རིལ་དེའི་བདག་ཉིད་དུ་གྱུར་པས་མགོན་སྐྱབས་དམ་པའང་དེ་ལས་གཞན་ན་མེད་པས། རང་གི་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་གང་དེ་འགྲོ་བ་རྣམས་ཀྱི་མགོན་དང་སྐྱབས་ཆེན་པོ་ཡིན་ནོ། །ཞེས་ལན་བཏབ་པས་གདུང་བ་བཅོ་བརྒྱད་པ་སངས་སོ། །བཅུ་དགུ་པ་ནི། རྒྱལ་བའི། ཞེས་པ་ནས། ཡུལ་དུ་སྣང་། །ཞེས་པའི་བར་གྱིས་བསྟན་ཏེ། ཐུབ་མཆོག་རྒྱལ་བའི་དབང་པོས་དགོངས་པ་ཚིག་གསུམ་ནི་མགོ་བྱ་ཚ་བ་སྟོན་པས་མདུན་བསུ་བའི་གདམས་ངག་གསུམ་དུ་བཞེད་སྐད་ཀྱང་། འདིར་ནི་འགྲེལ་ཆེན་ལས་དཀྱིལ་འཁོར་གསུམ་དང་སྔགས་གསུམ་གྱི་དོན་དུ་གསུངས་ཤིང་སོ་ཡེ་ཤེས་དབང་ཕྱུག་གིས་དཀྱིལ་འཁོར་གསུམ་དབྱེར་མེད་པའི་དོན་དུ་བཞེད་པ་དང་། གསང་བདག་ཆེན་པོ་སྒྲོ་ཕུག་པས་མདའ་གླན་ཡང་ཁྱེད་གསུམ་གྱི་གསུང་སྒྲོས་དང་མཐུན་པར། ཞི་ལྷག་ཟུང་འཇུག །དཀྱིལ་འཁོར་གསུམ། སྔགས་གསུམ་དུ་བཞེད་པ་ལྟར་ཏེ། དེ་གསུམ་གྱི་དོན་གྱི་ངོ་བོ་ཇི་བཞིན་པ་ནི་ཐེག་རིམ་དགུ་པོ་ཀུན་གྱིས་རྟོགས་པར་བྱ་བའི་དེ་ཁོ་ན་ཉིད་མ་འདྲེས་ཡོངས་རྫོགས་སུ་འཆར་བར་བྱེད་པའི་མན་ངག་འཕྲུལ་གྱི་གསང་སྒོ་ལ་བརྟེན་ནས་ལེའུ་ཞེ་ལྔ་པ་ལས་རྩ་བ་གསུམ་དུ་གསུང་པའི་དོན་ལ་སོགས་པ་བཞིན་དུ་བློ་དང་གྲོས་དང་ཐབས་ཀྱི་མཆོག་སྟེ་ཡུན་གྱི་དོན་སྲིད་ཆེན་པོ་དང་གསུམ་གྱིས་རྟོགས་པར་ངེས་པས། ལམ་པའི་ངོར་ཏིང་ངེ་འཛིན་དང་ཤེས་རབ་དང་དེ་གཉིས་སུ་མེད་པ་གསུམ་སྟེ། དེ་ནི་ལེའུ་ང་དྲུག་པ་ལས་གསུངས་པ་ལྟར། རྣལ་འབྱོར་མཆོག་གི་བློ་གྲོས་དམ་པའི་སྤྱོད་ཡུལ་དུ་སྣང་བ་ཁོ་ན་ཡིན་པའི་ཕྱིར་རང་ལས་བཙལ་ན་རྙེད་པར་འགྱུར་རོ། །ཞེས་ལན་བཀའ་སྩལ་པས་གདུང་བ་བཅུ་དགུ་པ་སངས་སོ། །ཉི་ཤུ་པ་ནི། རྒྱལ་བ། ཞེས་པ་ནས། ངེས་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། རྒྱལ་བ་ཀུན་གྱི་ཐུགས་ཀྱི་གསང་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་གནས་ལུགས་ཀྱི་དོན་ལ་ཡུལ་དང་ཡུལ་ཅན་མེད་པར་འཇུག་པ་ནི་རང་བྱུང་གི་ཡེ་ཤེས་དེ་བཞིན་ཉིད་དེ། དེ་ལ་འབྱུང་འཇུག་གི་དུས་བྲལ་བའི་ཕྱིར་བསམ་དུ་མེད་པའི་ཆོས་ཉིད་ཇི་བཞིན་པ་ཡི་དེ་ཁོ་ན་ཉིད་དུ་རྟོགས་གོམས་མཐར་ཕྱིན་པའི་ཚུལ་གྱིས་ཡང་དག་པར་ངེས་པའི་ངོ་བོ་ཉིད་ལ། ཅིར་ཡང་མི་བསམ་པར་བློ་བཞག་པ་དེ་ཉིད་ངེས་པ་དོན་གྱི་ལྟ་སྒོམ་ཕུལ་དུ་བྱུང་བ་ཡིན་ནོ། །ཞེས་ལན་མཛད་པས་གདུང་བ་ཉི་ཤུ་པ་སངས་སོ། །ཉེར་གཅིག་པ་ནི། ཆོས་ཀུན། ཞེས་པ་ནས། ཡོད་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། ཆོས་སོ་ཅོག་ཀུན་གྱི་མཚན་ཉིད་སྣང་ལ་མ་གྲུབ་པ་དང་མེད་ལ་ཟད་མི་ཤེས་པ་དང་སྟོང་ལ་ཐམས་ཅད་འབྱུང་བས་ནམ་མཁའི་མཚན་ཉིད་དང་མཐུན་པར་ཇི་བཞིན་པ་དེ་ཁོ་ན་ཉིད་ཀྱི་ཕྱིར་མཐའ་ཀུན་དང་བྲལ་བའི་ཡེ་ཤེས་ཀྱི་སྐུ་ཅན་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱི་སྐུ་ལ་གདོས་བཅས་དང་དངོས་པོ་གཉིས་དང་བྲལ་ཏེ་སྣང་བ་མེད་པར་དཀྱིལ་འཁོར་གསུམ་གྱི་ངོ་བོ་ཉིད་ལ་དོན་དུ་འབྱུང་མི་འབྱུང་མི་མངའ་བས་སྐུ་གདུང་རིང་བསྲེལ་ཇི་ལྟར་འབྱུང་ཞེས་གདུང་བ་རིགས་པ་མ་ཡིན་ནོ། །འོན་ཀྱང་དྲང་དོན་དུ་སྣང་བ་མི་འགོག་པས། གདུལ་བྱའི་སེམས་ཅན་སྐུ་གདུང་ལ་མོས་པ་རྣམས་ལ་མཆོད་ཡུལ་དུ་སྣང་ནས་ཕན་གདགས་པའི་དོན་དུ། དངོས་པོ་མེད་ཅིང་གང་ཡང་རྫོགས་པ་ཉིད་ཀྱི་བྱིན་རླབས་ལས་སྤྲུལ་པ་ཡི་སྒྱུ་མའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་སོགས་པ་འཆད་འགྱུར་གྱི་ཚད་ལྟར་ཐུགས་རྗེ་ཆེན་པོས་འདུལ་ཐབས་ཀྱིས་བཞག་ཚུལ་བསྟན་པར་མཛད་དོ། །འོ་ན་དེ་བཙལ་བས་འབྱུང་ཞིང་རྙེད་དམ་ཞེ་ན། ངེས་པར་རིང་བསྲེལ་ནི་འདོད་པ་མེད་པའི་བྱིན་རླབས་ཡིན་པས་གང་འདོད་པ་ཐ་དད་ཀྱིས་བཙལ་བས་མི་རྙེད་པ་ནི་དཔེར་ན་བྱེ་མ་དག་ལ་མར་འདོད་ནས་བཙལ་བ་དང་འདྲའོ། །དེས་ན་ངེས་པའི་དོན་དུ་མི་འབྱུང་བའི་དཔེ། དུས་གང་གི་ཚེ་ན་ས་བོན་ལ་འབྲས་བཏབ་པས་འབྲས་བུ་ཏིལ་འབྲུར་སྨིན་པ་དེ་ཡི་ཚེ་རིང་བསྲེལ་ཡོད་པར་འགྱུར་རོ། །ཞེས་ལན་གསུངས་པས་གདུང་བ་ཉེར་གཅིག་པ་སངས་སོ། །ཉེར་གཉིས་པ་ནི། གཟུགས་སྣང་། ཞེས་པ་ནས། སེམས་དཔས་བཤད། །ཅེས་པའི་བར་གྱིས་བསྟན་ཏེ། སྐུ་གདུལ་བྱའི་གང་ཟག་གི་ངོ་ལ་འགྲོ་བའི་གཟུགས་སུ་སྣང་ཞིང་གསུང་ཐེག་ཆེན་མདོ་སྔགས་ཀྱི་ཟབ་དོན་ལུང་རིགས་མན་ངག་དང་མཐུན་པར་སྒྲོགས་པས་ཆོས་ཀྱི་མིག་མངའ་བ་ཐུགས་ལོ་རྒྱུས་ལ་མཁས་པས་ཡིད་ཆེས་ཀྱི་ཚ ད་མ་དང་འབྲེལ་ཏེ་མན་ངག་གི་དོན་ལ་ངེས་པའི་གདེང་རྙེད་པས་སྙིང་པོ་ཅན་ནི་རྡོ་རྗེ་གསུམ་གྱི་བདག་ཉིད་བླ་མ་སློབ་དཔོན་དམ་པ་སྟེ། རྒྱལ་བ་རིལ་གྱི་ཡང་སྟོན་པ་དང་། ཡབ་ཡུམ་ཡིན་པའི་ཕྱིར་རམ། སྐུ་ཡི་གཟུགས་བརྙན་དང་། གསུང་གི་གླེགས་བམ་དང་། ཐུགས་རྟེན་རྡོ་རྗེ་ལ་སོགས་པ་གསུམ་ནི་མཆོད་པའི་གནས་ཡིད་རྟེན་དམ་པ་ཡིན་ཞེས། སྟོན་པ་འགྲོ་བའི་མགོན་པོ་རྡོ་རྗེ་སེམས་དཔས་བཤད་དོ། །ཞེས་ལན་བཏབ་པས་གདུང་བ་ཉེར་གཉིས་པ་སངས་སོ། །ཉེར་གསུམ་པ་ནི། དཔག་ཏུ། ཞེས་པ་ནས། ཆད་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། སྤྲུལ་པ་དང་ལོངས་སྤྱོད་དཔག་ཏུ་མེད་པའི་རྒྱལ་བ་སྐུ་གསུམ་གྱི་བདག་ཉིད་ཇི་སྙེད་པ་རྣམས་ཀྱང་འཁོར་བའི་སེམས་ཅན་གྱི་རྒྱུད་དག་པ་ལས་བྱུང་བའི་ཕྱིར་གཞི་ལ་སངས་རྒྱས་དང་སེམས་ཅན་དབྱེར་མེད་པས་རང་བཞིན་དང་རྒྱུ་འབྲས་དབང་བཙན་པར་བྱས་ནས་འཁོར་བའི་སེམས་ཅན་གྱི་རྒྱུན་བཅད་པར་གྱུར་ན་དེའི་ངོ་བོའམ་དེ་ལ་ལྟོས་པས་སངས་རྒྱས་ཀྱི་རྒྱུན་ཡང་ཆད་པ་ཡིན་པས་གདུང་འཚོ་བ་ནི་འགྲོ་བ་སྐལ་བ་ཅན་གྱི་རིགས་ལས་བྱུང་བའི་སྐྱེས་བུ་དམ་པ་རྣམས་ཀྱིས་འཛིན་པས་བརྒྱུད་མར་འབྱུང་བར་འགྱུར་རོ། །དེ་ལྟ་བས་ན་འཁོར་བ་མེད་ན་རྒྱལ་བའང་མི་འབྱུང་ནའང་དེ་ཡོད་པས་དེ་འབྱུང་བའི་ཕྱིར་རོ། །ཞེས་ལན་བཀའ་སྩལ་པས་གདུང་བ་ཉེར་གསུམ་པ་སངས་སོ། །གཉིས་པ་ནི། དཔེར་ན། ཞེས་པ་ནས། འཁྲུལ་ཞིག་གུ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་གཤེགས་པའི་སྤྲུལ་པ་མྱ་ངན་ལས་འདས་པ་ནི་ངོ་བོ་ཉིད་མེད་པ་སྟེ། དཔེར་ན་ནམ་མཁའི་འཇའ་ཚོན་བཞིན་ཏེ་དེ་ཉིད་དང་པོ་གཞན་ནས་འོངས་པ་དང་། ཐ་མ་གཞན་དུ་སོང་བ་མེད་པར་ནམ་མཁའ་དེ་ཉིད་ལས་རང་བྱུང་ཞིང་རང་ཞི་བ་ལྟར་དུ། དོན་ལ་རྒྱལ་བའི་སྤྲུལ་པ་ཐུབ་པའི་དབང་པོའི་སྐུ་ཡང་ཆོས་ཉིད་ལས་རང་བྱུང་ནས་སླར་ཡང་ཆོས་ཉིད་དུ་རང་ཞི་བས། རྒྱལ་བ་དེ་ཉིད་ཆོས་ཉིད་དེ་ཡི་ངང་ལ་ནུབ་པ་མེད་དེ། སྐུ་མྱ་ངན་ལས་འདས་པར་གྱུར་ཀྱང་ཆོས་ཉིད་དང་མ་བྲལ་བས་ཐ་དད་པ་མིན་ལ། སྐུ་མ་འདས་པར་བཞུགས་པ་ནའང་ཆོས་ཉིད་དང་བྲལ་ཏེ་ཐ་དད་པ་མིན་ཀྱང་གདུལ་བྱ་རྣམས་ལ་མཚན་ཉ ིད་སྣ་ཚོགས་ཀྱི་བཀོད་པ་སྟོན་པས་གཅིག་ཀྱང་མིན་ཏེ། དེས་ན་འདའ་བ་དང་མི་འདའ་བ་ལས་འདས་པས་ན་བྲལ་དང་མ་བྲལ་གྱི་ཐ་སྙད་ག་ལ་ཡོད་དེ་མེད་དོ། །རྒྱུ་མཚན་དེས་ན་དེ་ལྟ་བུའི་དོན་གང་ལ་འཁོར་ཁྱེད་རྣམས་ཅི་ཡི་ཕྱིར་གདུང་བར་བྱེད་དེ། གདུང་བའི་གཞི་མེད་ཅིང་རྒྱུ་དང་དགོས་པ་མ་དམིགས་པའི་ཕྱིར་རོ། །སྤྲུལ་པ་འདས་པར་མཐོང་ནས་གདུང་བ་ནི་ཇི་བཞིན་པ་ལ་རྨོངས་ནས་མ་རིག་པས་འཁྲུལ་པ་ཁོ་ན་ཡིན་ནོ། །དེ་ལྟར་མྱ་ངན་བྱར་མེད་པ་ལ་གདུང་བར་བྱེད་པ་ནི་ཨེ་མའོ་ངོ་མཚར་ཆེ་བ་ཇི་ལྟ་བུ་ཞིག་སྟེ། འདི་གོ་ཇི་ལྟར་ཡང་བློ་ནོར་བའི་ཉེས་པས་འཁྲུལ་ཞིག་གུ་ཞེས་སོ། །གསུམ་པ་ནི། ཞེས་གསང་བ་པའི། ཞེས་པ་ནས། གསལ་བར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ཞེས་གང་གིས་ན་སྟོན་པ་གསང་བ་པའི་བདག་པོ་དེས། ཚུལ་ཇི་ལྟར་ན་སྐྱེས་བུ་སྐུ་འགྱིང་བག་གི་སེང་གེ་རྣམ་པར་ལྟ་བའི་ལྟ་སྟངས་ཀྱི་ཚུལ་གྱིས་གཟིགས་ཏེ། བྲུ་ཤའི་སྐད་ཀྱི་ཁྲེལ་བའི་གད་མོ་སྟེ་བོད་སྐད་དུའང་གྲགས་པར་ལྟར་ག་ཞས་བཏབ་སྟེ་བཞད་མོ་མཛད་པས། གང་ལ་ན་འཁོར་རྨོངས་པས་གདུང་བ་རྣམས་སེམས་དགའ་ཡིད་མགུ་བསམ་པ་རངས་པར་གྱུར་ནས། མྱ་ངན་དང་བྲལ་བས་གདུང་བ་ཡོངས་སུ་སངས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་རང་སྣང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་མ་འདྲེས་ཡོངས་རྫོགས་སུ་མཐོང་སྟེ། སྐྱེ་ཤི་མེད་པའི་དོན་རྟོགས་པས། སེམས་མ་བཅོས་པར་གནས་ཏེ་བཞིན་གྱི་དཀྱིལ་འཁོར་ཐམས་ཅད་མདངས་དང་ལྡན་པས་འོད་གསལ་བར་གྱུར་ཏོ། །དེ་དག་ནི་དྲི་བ་དྲུག་གི་གསུམ་པ་དང་། གསོལ་གདབ་དྲུག་གི་དང་པོ་དང་། གདུང་བ་ཉེར་གསུམ་གྱི་ལན་དུས་གཅིག་ཏུ་སྨོས་པ་སྟེ་སོ་སོའི་རང་ངོ་དང་སྦྱར་ཏེ་ཤེས་པར་བྱའོ། །བཞི་པ་ནི། དེ་ནས། ཞེས་པ་ནས། འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ལང་ཀའི་བདག་པོས་གསང་བ་པའི་བདག་པོ་ལ་གསོལ་པ། གསང་བ་པའི་བདག་པོ་ཆེན་པོ། འཇིག་རྟེན་གྱི་ཁམས་ཀུན་དང་དུས་རིལ་གྱི་གདུང་བ་ཐམས་ཅད་སེལ་ཏམ། འོན་ཏེ་མི་མཇེད་ཀྱི་འཇིག་རྟེན་འདིའི་ད་ལྟར་གྱི་གདུང་བ་འབའ་ཞིག་སེལ་བ་ལགས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་ཁོ་བོ་ནི་གདུང་བ་ཐམས་ཅད་སེལ་བ་སྟེ། ལེའུ་བཞི་པ་ལས། བསྐུལ་བའི་དུས་ནི་གང་བྱུང་བར། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་པས། འདས་པའི་དུས་ཀྱི་གདུང་བ་ཇི་སྙེད་པ་ཡང་སྔར་བསལ་ཏོ། །ད་ལྟ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིའི་གདུང་བ་ཡང་བསལ་ཞིང་འཇིག་རྟེན་གྱི་ཁམས་གཞན་རྡུལ་སྙེད་ཀྱི་གདུང་བ་ཡང་དེ་བཞིན་དུ་བསལ་ལ། མ་འོངས་པའི་དུས་ཀྱི་འཇིག་རྟེན་གྱི་ཁམས་ཀུན་གྱི་གདུང་བ་ཇི་སྙེད་པ་ཡང་སེལ་བར་འགྱུར་རོ། །ལྔ་པ་ནི། དེ་བས་ན། ཞེས་པ་ནས། སངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་གདུང་བ་གང་ལ་ཡོད་ཞེ་ན། དེ་ལྟ་བས་ན་གང་དག་ཡོངས་སུ་གདུང་བ་རྣམས་ནི། དོན་སྐྱེ་འགག་མེད་པའི་གནས་ལུགས་མི་ཤེས་པ། བློ་མ་བཅོས་པའི་རིག་པ་ལ་རྨོངས་པ། ཤེད་མ་བྱེ་བ་ཁོ་ན་ཡིན་གྱི། དོན་དང་བློ་ཤེས་པས་ཇི་བཞིན་པ་ལ་མ་རྨོངས་པ། མཁས་པ་ཤེད་བྱེ་བ་རྣམས་ནི་དེ་ཁོ་ན་ཉིད་ཀྱི་ངང་དུ་བློ་མ་བཅོས་པར་གནས་པས་གང་དུ་ཡང་གདུང་བ་མེད་པ་གདུང་བ་དང་བྲལ་བ་ཡིན་ནོ། །ཞེས་ཐོས་པས་ལང་ཀའི་བདག་པོ་ལ་སོགས་པ། འགྲོ་བ་ལུས་ཀྱི་སེམས་དཔའ་རྣམས་ཡོངས་སུ་གདུང་བ་ལས་གྲོལ་ཏེ་མྱ་ངན་སངས་སོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། བཤད་ཟིན་པ་ལྟར་རྨོངས་པ་གདུང་བ་སེལ་བ་ཞེས་བྱ་བའི་ལེའུ་སྟེ་དྲུག་པ་གསལ་བར་བཤད་པའོ། །དེ་དག་གིས་ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་གང་རྨོངས་པ་གདུང་བ་སེལ་བའི་གཏམ་རྒྱུད་བརྗོད་པ། ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རྣམ་པར་བགྲོས་པ་སྟེ། བྱུང་ཚུལ་བསྟན་པ་དང་པོ་རྣམ་པར་བཤད་དེ་དོན་རྒྱས་པར་བཀྲོལ་བའོ།། །།གཉིས་པ་སྒྲོན་མ་བཀོད་པའི་བྱུང་ཚུལ་ལ་གཉིས་ཏེ། བྱུང་ཚུལ་གྱི་དྲིས་ལན་སྤྱིར་བསྟན་པ་དང་། བྱུང་ཚུལ་གཉིས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། དྲིས་པ་དང་། ལན་ནོ། །དང་པོ་ནི། དེ་ནས། ཞེས་པ་ནས། དྲིས་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། སྤྱིར་བྱུང་ཚུལ་འདི་ཉིད་དམ་པའི་སྒྲོན་མ་ཇི་ལྟར་བཀོད་ཀྱི་ལན་ཏེ། ཁྱད་པར་རྩལ་འཕངས་ལས་ཚོགས་ལམ། རྒྱུད་གནས་ལུགས་ལས་སྒྲོན་མ་བཀོད་པའི་བྱུང་ཚུལ་ཡེ་ཤེས་རང་གསལ་གྱི་ལྟ་བ་ཉི་མའི་སྙིང་པོ་ལྟ་བུ་རྒྱས་པར་སྟོན་ནོ། །དེ་ནས་ལང་ཀའི་བདག་པོས། སྔོན་ཐུབ་པའི་དབང་པོ་ཤཱཀྱ་སེང་གེ་དེ་ཉིད་འཇིག་རྟེན་དུ་བཞུགས་པ་ན་ཞལ་ནས་དངོས་སུ་ལུང་བསྟན་པ་གནང་བའི་ཚིག་དྲུག་གཉིས་སམ་བཅུ་གཉིས་པའི་གཉིས་པ། གང་དུ་སྒྲོན་མ་ཡོངས་སུ་བཀོད་པ་ན་ཡང་འབྱུང་ཞེས་ལུང་བསྟན་པ་སྐབས་ལས་འཕྲོས་ཏེ་ཡོངས་སུ་དྲི་བའི་ཕྱིར། གསང་བ་པའི་བདག་པོ་ལ་གསོལ་བ། གསང་བ་པའི་བདག་པོ་སྔོན་བདག་གིས་དམ་པ་རྣམས་ལས་ཕྱིན་ཅི་མ་ལོག་པར་ཐོས་པ། གང་དོན་ལ་ཤེད་མ་བྱེ་བའི་རྨོངས་པ་རྣམས་ཀྱི། འཇིག་རྟེན་པ་མ་རིག་པས་སྡུག་བསྔལ་གྱིས་གདུང་ཞིང་། ལམ་ལ་གནས་པ་རྣམས་ལམ་རིང་བ་དང་རྩོལ་བ་དང་ཡུལ་དུ་བྱས་པས་གདུང་བ་རྣམས་སེལ་བར་བྱེད་ཅིང་། འཁྲུལ་པ་ཡོངས་སུ་གཅོད་པའི་ཁྱད་པར། སེམས་ཅན་རྣམས་ཀྱི་སེམས་ཀྱི་དཀྱིལ་འཁོར་ཇི་བཞིན་དུ་གསལ་བར་བྱེད་པ་གནས་ལུགས་རང་གསལ་དུ་སྟོན་པའི་ཁྱད་པར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བློ་གྲོས་དམ་པའི་མཛོད་དུ་གྱུར་པས་ཐབས་ཀྱི་གསང་བ་ཀུན་རྫོགས་པའི་ཁྱད་པར། དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་དེ་ཁོ་ན་ཉིད་གསང་བ་དམ་པ་ཡིན་པས་རྒྱལ་བ་ཀུན་གྱི་དགོངས་པའི་ཞེ་ཕུགས་སུ་གྱུར་པའི་ཁྱད་པར་ཏེ། ཕྱིན་ཅི་མ་ལོག་པ་ཡང་དག་པའི་ལྟ་བ་ཁྱད་པར་བཞི་དང་ལྡན་པས་སངས་རྒྱས་ཀུན་གྱིས་བསྔགས་པ། ཐེག་པ་ཆེན་པོ་གསང་སྔགས་ལུང་གི་ཡང་བཅུད་ཆོས་ཀྱི་མེ་ལོང་དེ་ཉིད། འདེགས་པའི་ཡུལ་སྤྲུལ་པའི་སྐྱེས་བུ་ཚད་མ་ཐུབ་པའི་དབང་པོ་འདས་ནས་ནུབ་པར་གྱུར་ཕན་ཆད་དུ་ལྷ་མི་ཕལ་པ་ལ་འབྱུང་བར་འགྱུར་ཞིག་གུ། ཞེས་དྲིས་པ་ལས། གཉིས་པ་ནི། གསང་བ་པའི། ཞེས་པ་ནས། སྨྲས་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་ཇི་ག་འདི་ཅི་སྙམ་དུ་སེམས། ཁྱོད་ཀྱིས་མི་ཤེས་སམ། ཡུལ་ཚད་མ་ཐུབ་པ་ཉིད་ཀྱི་མ་འདས་པའི་དུས་སུ་བཀའ་སྩལ་གྱིས། རིག་འཛིན་གྱི་རྒྱལ་པོ་ཀུནྫ་ར་ཞེས་བྱ་བ་ཆོས་ཉིད་མཉམ་པ་ཉིད་ལ་དགོངས་པ་དང་། སྟོན་པའི་སྤུན་ཡིན་པས་འཁོར་ཆེ་བ་སྐྱེད་ཅིང་། གདུལ་བྱ་སྤྲོ་བ་བསྐྱེད་པའི་ཕྱིར་ཁོ་བོ་ཅག་གི་ཆོས་ཀྱི་སྤུན་དུ་གྱུར་པ་ལ་དངོས་སུ་བཀའ་སྩལ་པ་འདི་ལྟ་སྟེ། རིག་པ་འཛིན་པ་ཁྱོད་ཀྱིས་དྲི་བ་འདི་ལྟ་སྟེ། དེ་ཁོ་ན་ཉིད་གསང་བ་དམ་པ་དེ་ནི་སྐབས་གཉིས་དང་བཅུར་འབྱུང་བ་སྟེ། གང་རྨོངས་པ་གདུང་བ་སེལ་བ་ན་ཡང་འབྱུང་། གང་འཇིག་རྟེན་གྱི་སྒྲོན་མ་ཡོངས་སུ་བཀོད་པ་ན་ཡང་འབྱུང་། གང་གིས་ངེས་པ་རྙེད་པ་ན་ཡང་འབྱུང་། སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་ན་ཡང་འབྱུང་། དགོངས་པ་ངེས་པར་འགྲེལ་བ་ན་ཡང་འབྱུང་། གདུལ་བྱ་སྐབས་ལ་བབ་པའི་ཆེད་ན་ཡང་འབྱུང་། བྱིན་གྱིས་རླབས་ཀྱིས་སྣང་བ་ན་ཡང་འབྱུང་། བརྒྱུད་པ་ཐབས་ཀྱིས་གྲགས་པ་ན་ཡང་འབྱུང་། གང་གི་ཆེད་དུ་མཛད་པ་ན་ཡང་འབྱུང་། ལུང་ཆེན་ངེས་པར་བསྟན་པ་ན་ཡང་འབྱུང་། ལས་རྒྱུད་ཡོངས་སུ་གཅོད་པ་ན་ཡང་འབྱུང་། དགོངས་པ་རྣམ་པར་བགྲོ་བ་ན་ཡང་འབྱུང་སྟེ། དེ་དག་ནི་ཐམས་ཅད་ཀྱི་ཐམས་ཅད་ནས་ཐམས་ཅད་དུ་ཡོངས་སུ་རྣམ་པར་སྣང་ངོ་། །སྣང་བར་གྱུར་ཏོ། །སྣང་བར་འགྱུར་རོ། །ཞེས་མཆོག་གི་སྤྲུལ་སྐུ་ཤཱཀྱ་ཐུབ་པས་ལུང་བསྟན་པ་གང་དེ་ཞིང་འདི་ཉིད་དུ་གྲགས་པར་གསུངས་པ་ཁྱོད་ཀྱིས་མི་ཤེས་སམ་ཞེས་སྨྲས་ཏེ་བཀའ་སྩལ་པ་ལས་ཞེས་སོ། །དེའི་དོན་ལང་ཀ་ནང་དུ་ཡང་དག་པར་འཇོག་པས་ཐུབ་པའི་དབང་པོ་ལས་ཚུལ་བཅུ་གཉིས་མ་ཐོས་པའི་ཕྱིར་དྲིས་པར་འཇལ་ཏོ། །ཚིག་འདིས་ནི་ཕྱིས་ཀྱི་ལུང་བསྟན་ཙམ་ལས་དངོས་སུ་བཀའ་སྩལ་བ་མ་ཡིན་པའི་ཕྱིར་ཡང་ཐུབ་པའི་དབང་པོ་ནི་རྒྱུད་འདིའི་སྟོན་པ་མ་ཡིན་པར་ཡིད་ཆེས་ཏེ་ཀུན་འདུས་རྩ་རྒྱུད་དུ་བཞེད་པའང་ལམ་ཀློང་དུ་གྱུར་པ་ཡོན་ཏན་གྱི་གཞིར་བསྟན་པ་སོགས་དང་བསྟུན་ན་གཞུང་གི་དཀའ་གནད་མང་པོ་མ་འདྲེས་པར་གསལ་བའི་འཆད་ཚུལ་ངོ་མཚར་རྨད་དུ་བྱུང་བའོ། །འོན་ཀྱང་ལང་ཀའི་བདག་པོས་སྐབས་འབྱེད་པའི་ཚིག་གིས་མདུན་བསུས་ཏེ་དྲིས་པས། གསང་བདག་ཆེན་པོས་སྔར་ཐུབ་པས་བཀའ་སྩལ་པའི་བྱུང་ཚུལ་བཅུ་གཉིས་གསུངས་ཏེ། ཞིང་འདིར་གྲགས་པར་ལུང་བསྟན་པའི་ལན་མཛད་པ་ན་དང་པོའི་དོན་རྟོགས་ཟིན་པས་གཉིས་པ་ནས་དྲི་བ་དང་ལན་གྱིས་གསལ་བར་བཤད་པའི་ཕྱིར་རྒྱུད་ཆེན་པོ་རང་ཉིད་ལ་རྩ་བཤད་དུ་བཞག་པའང་བྱིན་རླབས་འབྱུང་བའི་བསྟན་པའི་ཁུངས་དང་འབྲེལ་བར་ད་ལྟའི་སྒྲོན་མ་སྟོན་མཆོག་ཤཱཀྱ་ཐུབ་པས་ལུང་བསྟན་བརྒྱུད་པའི་བསྟན་པ་རིན་པོ་ཆེ་གསང་ཆེན་ལུང་གི་མཛོད་ཁང་མདོ་ཆེན་པོའི་གཞུང་དོན་མཐའ་དག་ཡོངས་སུ་རྫོགས་པར་གསལ་བའི་འཆད་ཚུལ་ངོ་མཚར་བླ་ན་མེད་པའོ། །དེས་ན་དེ་གཉིས་པོ་མཐར་ཐུག་གི་དོན་ལ་དགོངས་གནད་གཅིག་ཏུ་འབབ་པའི་ཚུལ་ལ་བློ་གྲོས་ཀྱི་འཇུག་པ་ཐོབ་སྟེ་མདོ་རྒྱུད་ཆེན་པོའི་ཟབ་དོན་དངོས་བསྟན་ཇི་སྙེད་པ་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་མཐོང་ནས་གསང་བའི་སྤྱི་རྒྱ་གཅོད་པ་ལ་མཁས་པར་གྱུར་ན་ཆེ་བ་བདུན་དང་ལྡན་པའི་བཀའ་དམ་པ་རྒྱལ་བ་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་འདིའི་དཀྱུས་དོན་མ་ལུས་པ་ཇི་བཞིན་དུ་ཁྲོལ་ནས་ཆོས་ཀྱི་མིག་དང་ལྡན་ཏེ་རྒྱུད་ལུང་མན་ངག་ཀུན་གྱི་དགོངས་པའི་མཐིལ་རྙེད་དེ་དོན་གྱི་ནོར་བུ་སྣང་བ་དམ་པ་དང་འཕྲད་པར་འགྱུར་ཏོ། །ཨེ་མ་མདོ་རྒྱུད་ཆོས་ཀྱི་མེ་ལོང་འདི། །བཀའ་རྣམས་ཀུན་གྱི་དེམས་སུ་ངེས་པའི་ཕྱིར། །ཕྱོགས་བཅུའི་རྒྱལ་བ་སྐུ་ལྔའི་སྟོན་མཆོག་དང་། །ཞིང་འདིའི་སྒྲོན་མ་བུ་རམ་ཤིང་པའི་བཀའ། །གསང་ཆེན་གསང་བ་ཟབ་མོའི་མཛོད་ཀྱི་བདག །རྒྱལ་ཚབ་རྒྱུད་ཀྱི་སྟོན་པ་རྡོ་རྗེ་ཅན། །གང་གིས་རིགས་ཅན་སྤྲུལ་པའི་རྒྱལ་སྲས་ལ། །ལེགས་པར་བགྲོས་པའི་ངེས་དོན་སྙིང་པོའི་དཔྱིད། །སྔོན་དུས་ཆོས་རྒྱལ་ལུང་བསྟན་རྡོ་རྗེ་ལ། །ཐུབ་པའི་ལུང་བཞིན་སྣང་ནས་གསལ་བར་བཤད། །ལྗོངས་འདིར་གནུབས་ཆེན་ཡང་དབང་གཏེར་ཉིད་ཀྱིས། །རྒྱས་པར་སྤེལ་ཏེ་རྡོ་རྗེའི་ཐ་རམ་བཀྲོལ། །མཚུངས་མེད་ཟུང་དང་འཕགས་བོད་མཁས་གྲུབ་ཀྱི། །བཀའ་སྲོལ་བཞིན་དུ་ཀུན་མཁྱེན་ཀཿཐོག་པས། །ཁམས་ཀྱི་ཡུལ་གྲུར་ཆོས་ཀྱི་ཐང་མར་བརྡལ། །ཟག་བྲལ་འཇའ་སྐུའི་རིག་འཛིན་བརྒྱུད་མར་བྱོན། །འོན་ཀྱང་རེ་ཞིག་གདུལ་བྱའི་སྐལ་བ་ཡིས། །འདེགས་པར་མ་ནུས་འགྲེལ་བའི་དཔེ་ཡང་ཡིབ། །དེ་ཚེ་པཎ་ཆེན་ཆོས་ཀྱི་རྒྱ་མཚོ་ཡིས། །དཔེ་གཏེར་བཞེས་ཏེ་གསང་བའི་མཛོད་སྒོ་ཕྱེས། །གང་དེ་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡི། །གཞུང་དོན་མ་འདྲེས་ཡོངས་སུ་རྫོགས་ཚུལ་དུ། །ལུང་རིགས་མན་ངག་ཚད་མས་འདིར་སྤྲོས་པས། །ཚུལ་བཞིན་བློ་གྲོས་མིག་གིས་ལེགས་མཐོང་ན། །གྲོང་ཁྱེར་གསུམ་གྱི་གནས་ན་བཞུགས་པའི་མགོན། །ཁྱེའུ་སྣང་བ་དམ་པ་དངོས་མཇལ་ཏེ། །དབྱིངས་ཀྱི་ཁྱིམ་དུ་ཐབས་ཤེས་ཡབ་ཡུམ་དང་། །འཕྲད་ནས་བདེ་ཆེན་དཔལ་ལ་སྤྱོད་པར་ངེས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །འོ་ན་འདི་ཉིད་ལེའུ་གཉིས་པ་དང་བལྡབ་བོ་ཞེ་ན། མ་བལྡབ་སྟེ། ལེའུ་གཉིས་པར་ཞུ་བ་པོ་ནི་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་ཡིན་ལ། ལན་འདེབས་པ་པོ་ནི་སྟོན་པ་ཤཱཀྱ་ཐུབ་པ་ཉིད་སྐུ་མ་འདས་པའི་དུས་སུའོ། །ལེའུ་འདིར་ནི། ཞུ་བ་པོ་ལང་ཀའི་བདག་པོ་ཡིན་ལ། ལན་འདེབས་པ་པོ་ནི་གསང་བའི་བདག་པོས་དུས་སྟོན་པ་འདས་ནས་ལོ་བརྒྱད་དང་བཅུ་གཉིས་ན་ལན་བཏབ་པ་ཡིན་ཏེ་སྔོན་གྱི་ལོ་རྒྱུས་གསུངས་པའོ། །གཉིས་པ་ལ་གཉིས་ཏེ། རྡོ་རྗེ་སེམས་དཔའི་ཆོ་འཕྲུལ་བཀོད་པ། དེའི་གཞི་གསང་སྔགས་རང་གི་ངོ་བོའོ། །དང་པོ་ལ་གཉིས་ཏེ། དྲིས་པ་དང་། ལན་ནོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། དྲིས་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ནོ། །ཡང་ལང་ཀའི་བདག་པོས་སྨྲས་པ། ཨེ་མའོ། །གསང་བ་པའི་བདག་པོ། ཐུབ་པའི་དབང་པོ་ལས་མ་ཐོས་ཀྱང་གསང་བདག་ཉིད་ལས་ཐོས་པ་དེ་ནི་བདག་གིས་ཐོས་པ་དམ་པ་ཕྱིན་ཅི་མ་ལོག་པར་ཐོས་སོ། །ཟབ་པར་ཁོང་དུ་ཆུད་པས་ཐོས་པའི་མཆོག་ཐོས་སོ། །གསང་བ་པའི་བདག་པོ། ཚུལ་དང་པོའི་ཐེ་ཚོམ་ཆོད་པས། ཡོངས་སུ་རྨོངས་པ་གདུང་བ་ནི་སངས་པ་ལྟ་ན། གཉིས་པའི་ཚུལ་སྒྲོན་མ་ཡོངས་སུ་བཀོད་པ་ན་ཡང་འབྱུང་བར། ཇི་ལྟ་བ་ཞིག་ཏུ་ཡོངས་སུ་གྲགས་པ་ལགས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར། ད་ལྟར་ཡོངས་སུ་འདས་པ་འདི། སྒྲོན་མ་བཀོད་པ་ཞེས་བྱ་བར་འགྱུར་རམ། འདས་པ་འདི་ཡང་། མི་མཇེད་ཀྱི་འཇིག་རྟེན་གྱི་ཞིང་ཁམས་འདི་འབར་ཞིག་གི་སྒྲོན་མ་སངས་རྒྱས་མྱ་ངན་ལས་འདས་སམ། འོན་ཏེ་འཇིག་རྟེན་གྱི་ཁམས་མཐའ་དག་ན། ཞིང་ཁམས་ཇི་སྙེད་པའི་སྒྲོན་མ་བཀོད་པའི་སངས་རྒྱས་མྱ་ངན་ལས་འདས་པར་གྱུར། ཞེས་དྲི་བ་གསུམ་དྲིས་པ་ལས། གཉིས་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ལ་བཞི་སྟེ། ཞིང་ཁམས་གང་གི་སྤྲུལ་པ་ཡིན་པ། སངས་རྒྱས་གང་གི་སྤྲུལ་པ་ཡིན་པ། ཐུབ་པའི་ངེས་ཚིག །སྤྲུལ་པའི་དབྱེ་བ་བསྟན་པའོ། །དང་པོ་ནི། གསང་བ་པའི། ཞེས་པ་ནས། བཞིན་དུ་བལྟའོ། །ཞེས་པའི་བར་གྱིས་བསྟན་ཏེ། གསང་བ་པའི་བདག་པོས་སྨྲས་པ། དྲི་བ་དང་པོའི་ལན་དུ་ལང་ཀའི་བདག་པོ་འདི་ཇི་སྙམ་དུ་སེམས། ཐུབ་པའི་དབང་པོ་འདས་པ་འདི་ཡང་སྒྲོན་མ་ཞེས་བྱ་སྟེ་སྤྲུལ་པ་གཅིག་གིས་འདུལ་ཐབས་ཡིན་པས་སོ། །དྲི་བ་གཉིས་པའི་ལན་དུ། ད་ལྟར་སྟོན་པ་འདས་པ་ནི། ཞིང་ཁམས་མཐའ་དག་གི་སངས་རྒྱས་ལྟ་ཞོག །འཛམ་བུ་གླིང་བྱེ་བ་ཕྲག་ས་ཡའི་སངས་རྒྱས་ལྟ་ཡང་ཞོག །གཞན་དག་ལས་བྱེ་བ་ཕྲག་བརྒྱ་ཟེར་ཡང་འདིར་ནི་འཛམ་བུའི་གླིང་གཅིག་གི་སངས་རྒྱས་གཅིག་ཡོངས་སུ་མྱ་ངན་ལས་འདས་པར་ཟུངས་ཤིག །དེ་ཅིའི་ཕྱིར་ཞེ་ན། མི་མཇེད་ཀྱི་ཞིང་ཁམས་འདི་ནི། སྤྲུལ་པའི་སྐུ་སངས་རྒྱས་ཤཱཀྱ་ཐུབ་པ་ཉག་གཅིག་གི་ཞིང་ཁམས་ཡིན་པའི་ཕྱིར་རོ། །དྲི་བ་གསུམ་པའི་ལན་དུ། དེ་བཞིན་དུ་སྟོང་ཆེན་གྱི་མི་མཇེད་ཀྱི་འཛམ་བུའི་གླིང་གི་སྒྲོན་མ་ཤཱཀ་ཐུབ་ཡིན་པས། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཇི་སྙེད་པ། འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པ་ན་སྒྲོན་མའི་བྱ་བ་མཛད་དོ། །ཞིང་འདིར་སྟོན་པ་ཤཱཀ་ཐུབ་འདས་ནས་གཞན་དུ་སྒྲོན་མ་མཛད་པ་དེ་དག་ཇི་ལྟ་བ་དེ་ལྟར་སྤྲུལ་པའི་སངས་རྒྱས་རྡུལ་སྙེད་ཀྱང་། ཞིང་སོ་སོ་ན་འདའ་བ་དང་སྒྲོན་མ་མཛད་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །འོ་ན་ཤཱཀ་ཐུབ་ཀྱི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོ་གཅིག་ཡིན་ནམ་འཛམ་བུའི་གླིང་གཅིག་ཡིན། སྔ་མ་ལྟར་ན། ཞིང་ཁམས་མཐའ་དག་གི་སངས་རྒྱས་ལྟ་ཞོག །འཛམ་གླིང་བྱེ་བ་ཕྲག་ས་ཡའི་སངས་རྒྱས་ལྟ་ཡང་ཞོག །འཛམ་བུ་གླིང་གཅིག་གི་སངས་རྒྱས་ཉག་གཅིག་མྱ་ངན་ལས་འདས་པར་ཟུངས་ཤིག །ཅེས་པ་དང་འགལ་ལ། ཕྱི་མ་ལྟར་ན། སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་ཞེས་བྱ་བ་འདི་ན། སངས་རྒྱས་ཐུབ་པའི་དབང་པོ་ཞེས་བྱ་བར་བསྟན་ནས། ཞེས་པ་དང་འགལ་ལོ་ཞེ་ན། དེ་ནི་འདི་ལྟར་ཤེས་པར་བྱ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོ་གཅིག་ན། སྤྲུལ་པའི་གཞི་མ་ཤཱཀྱ་ཐུབ་པ་གཅིག་བཞུགས་པ་དེ་ལ། གདུལ་བྱའི་མཐོང་སྟངས་ཀྱིས་འཛམ་བུའི་གླིང་རེ་ན་སྤྲུལ་པའི་སྐུ་རེ་རེ་བཞུགས་པའམ་འདས་པར་མཐོང་བ་ལ་འགལ་བ་མེད་དེ། དཔེར་ན་ནམ་མཁའ་ལ་ཉི་མ་གཅིག་ལས་མེད་པ་ལ་ཆུ་ཐ་དད་པའི་ནང་ན་ཉི་མའི་གཟུགས་བརྙན་ཐ་དད་པར་སྣང་བ་བཞིན་ནོ། །དེ་ཡང་འདི་ཉིད་ལས། ཅི་ལྟར་ཉི་མའི་དཀྱིལ་འཁོར་གྱི་གཟུགས་གཞལ་མེད་ཁང་ལས་མ་གཡོས་བཞིན་དུ་ཆུ་ཐ་དད་པའི་ནང་དུ་གཟུགས་བརྙན་སྣང་བ་བཞིན་དུ་སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད་ལས་མ་གཡོས་བཞིན་དུ། ཞིང་ཁམས་དཔག་ཏུ་མེད་པར་སངས་རྒྱས་མཐའ་ཡས་པར་སྣང་ངོ་། །ཞེས་སོ། །གཉིས་པ་ནི། དེ་ནས། ཞེས་པ་ནས། ཟུངས་ཤིག །ཅེས་པའི་བར་གྱིས་བསྟན་ཏེ། དེ་ནས་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དྲིས་པ། གསང་བ་པའི་བདག་པོ། མི་མཇེད་ཀྱི་འཇིག་རྟེན་གྱི་ཞིང་ཁམས་འཛམ་བུ་གླིང་གཅིག་གི་སྤྲུལ་པའི་སངས་རྒྱས་ཉག་གཅིག་མྱ་ངན་ལས་འདས་པ་འདི་སངས་རྒྱས་གང་གི་སྤྲུལ་པར་ཡོངས་སུ་གཟུང་བར་བགྱི། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ། འདི་ནི་རྡོ་རྗེ་སེམས་དཔའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ལས་སྤྲུལ་པ་ཆ་གཅིག་འབའ་ཞིག་ཁོ་ནར་ཟུངས་ཤིག །གསུམ་པ་ནི། སྨྲས་པ། ཞེས་པ་ནས། གྲགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སྨྲས་པ། གསང་བ་པའི་བདག་པོ། ཞིང་ཁམས་འདིར་ཤཱཀྱ་ཐུབ་པ་ཞེས་བྱ་བར་གྲགས་ན། འདི་ཅི་ལྟར་ཡོངས་སུ་གཟུང་བར་བགྱིས། སྨྲས་པ། ལང་ཀའི་བདག་པོ། དེ་རྡོ་རྗེ་སེམས་དཔའི་སྤྲུལ་པའི་བླ་དྭགས་འབའ་ཞིག་གོ། །ལང་ཀའི་བདག་པོ། དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ཇི་སྙེད་པས། བདག་གཞན་གྱི་འཁོར་བ་བསམ་གྱིས་མི་ཁྱབ་པའི་དཔུང་གཏན་དུ་བཅོམ་པའི་ཕྱིར་མཚན་ཐུབ་པ་ཆེན་པོ་ཞེས་ཐ་སྙད་དུ་ཡོངས་སུ་གྲགས་སོ། །བཞི་པ་ནི། ཇི་ལྟར། ཞེས་པ་ནས། གྲགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེའང་ཇི་ལྟར་འདུལ་བའི་དབང་གིས་འཇིག་རྟེན་དྲུག་གི་གནས་རེ་རེའི་ཕྱོགས་བཅུར་ཡང་། མཚན་མཐུན་པར་ཐུབ་པ་ཆེན་པོ་ཞེས་བྱ་བར་ཡང་གྲགས་པ་ནི། འདི་ལྟ་སྟེ། ལྷ་ཡི་གནས་སུ་ཐུབ་པ་ཆེན་པོ་བརྒྱ་བྱིན་ལྷ་ཡི་རྒྱལ་སྲིད་ལ་མངའ་དབང་སྒྱུར་བའམ་ཆོས་ཀྱི་སྲིད་འཛིན་པས་སྲིད་ཐུབ་འཛིན་ཅེས་བྱ་བར་གྲགས་སོ། །ལྷ་མ་ཡིན་གྱི་གནས་སུ་ཐུབ་པ་ཆེན་པོ་ཐག་བཟང་རིས་སམ་མཐའི་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བར་གྲགས་སོ། །མི་ཡི་གནས་སུ་ཐུབ་པ་ཆེན་པོ་ཤཱཀྱའི་རིགས་ལས་མི་འཇིགས་པར་ཆོས་སྟོན་པས་ཤཱཀྱ་སེང་གེ་ཞེས་བྱ་བར་གྲགས་སོ། །བྱོལ་སོང་གི་གནས་སུ་ཐུབ་པ་ཆེན་པོ་སེང་གེ་ཡི་དམ་བརྟན་པའམ་སྟོབས་ཀྱིས་རྣམ་པར་གནོན་པ་ཞེས་བྱ་བར་གྲགས་སོ། །ཡི་དྭགས་ཀྱི་གནས་སུ་ཐུབ་པ་ཆེན་པོ་ཁ་འབར་དེ་བའམ་ཡིད་བཞིན་རྣམ་པར་སྣང་བྱེད་ཅེས་བྱ་བར་གྲགས་སོ། །དམྱལ་བའི་གནས་སུ་ཐུབ་པ་ཆེན་པོ་གཤིན་རྗེ་བུའམ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བར་གྲགས་སོ། །གཉིས་པ་ལ་བདུན་ཏེ། སྤྲུལ་པའི་ཞིང་ཁམས། སྤྲུལ་པའི་མཛད་པ། སྤྲུལ་པའི་ཆ་ལུགས། ཆ་ལུགས་སོ་སོར་བསྟན་པའི་དགོས་ཆེད། མཚན་གྱི་ཁྱད་པར། ཆོས་སྟོན་ཚུལ། ཚེ་དང་ལོངས་སྤྱོད་ཀྱི་ཚད་དོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་ལང་ཀའི། ཞེས་པ་ནས། འདི་ལྟ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། ཀྱེ་ལང་ཀའི་བདག་པོ་ཞིང་འདིའི་འཇིག་རྟེན་དྲུག་གི་ཐུབ་པ་དྲུག་པོ་དེར་ཡང་མ་ཟད་དེ། དེ་ཇི་ལྟ་བ་དེ་ལྟར་དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་མི་མཇེད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཐུབ་པ་དྲུག་གི་སྒྲོན་མ་ཡོངས་སུ་སྣང་བ་དེ་ལྟ་དེ་ལྟར། རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པའི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ན། རྡུལ་སྙེད་ཀྱི་ཐུབ་པ་དྲུག་གི་སྒྲོན་མ་མཐའ་ཡས་པར་སྣང་བ་ཡང་འདི་ལྟ་སྟེ། གཉིས་པ་ལ་གསུམ་སྟེ། ཕྱོགས་མཚམས་ཀྱི་ཞིང་ཁམས་བརྒྱད་དུ་སྣང་ཞིང་གྲགས་པ། རྣམ་པར་སྣང་བ་ལ་སོགས་པའི་ཞིང་ཁམས་ཞེ་གཅིག་ཏུ་སྣང་ཞིང་གྲགས། མི་མཇེད་ཀྱི་སྟོང་གསུམ་དུ་ཐུབ་པའི་དབང་པོར་སྣང་ཞིང་གྲགས་པའོ། །དང་པོ་ནི། ཤར་ཕྱོགས། ཞེས་པ་ནས། ཆོས་སྟོན་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཞིང་བསམ་གྱིས་མི་ཁྱབ་པ་ན་བཞུགས་པ་དང་། མི་མཇེད་འདི་ན་སྣང་བའི་ཚུལ་གྱིས་ཁྱད་པར་གྱི་ཞིང་ཁམས་བཅུ་ཕྲག་ལྔ་བསྟན་ཏེ་འདི་དག་གི་རྒྱལ་བ་རྣམས་ཀྱི་དགོངས་པ་ནི་ལེའུ་ཐ་མའི་དགོངས་མདོར་གསུངས་པ་དག་ཀྱང་རིམ་པ་བཞིན་རིགས་པས་འཐད་དེ། སློབ་དཔོན་བདེ་བ་གསལ་མཛད་ཀྱི་ཊི་ཀ་བཞིན་ཞེས་གསུངས་པ་ལྟར་སྦྱར་ཏེ་བཤད་ན། ཕྱོགས་མཚམས་བརྒྱད་ལས་དང་པོ་མི་མཇེད་ཀྱི་འཇིག་རྟེན་སྟོང་གསུམ་པོ་འདིའི་ཕ་མཐའ་ནས་ཕར་བགྲངས་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གླིང་བཞི་རི་རབ་དང་བཅས་པ་འདི་ལྟ་བུའི་གྲངས་སྟོང་ཕྲག་བཅུ་གཉིས་འདས་པ་ཡི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་སེམས་ཅན་རྣམས་གཟུང་འཛིན་དང་བྲལ་བའི་ཡེ་ཤེས་ལ་རང་བཞིན་གྱིས་ཉོན་མོངས་པ་དང་ནག་པོའི་ལས་ལ་མི་སྤྱོད་པས་མཚན་དྲི་མ་མེད་པ་ཞེས་བྱ་བ་ཞིང་ཁམས་དེ་ཐམས་ཅད་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། དེ་ན་གནས་པའིི་འགྲོ་བ་རྣམས་ཚེ་དང་ལོངས་སྤྱོད་ཐམས་ཅད་སུམ་ཅུ་རྩ་གསུམ་དང་མཉམ་པ། བར་མ་དོར་འཆི་བ་མེད་ཅིང་། བརྫུས་ནས་སྐྱེ་བ་ཤ་སྟག་ཀྱང་། འདོད་པ་ཐམས་ཅད་བསམ་པས་འགྲུབ་སྟེ། དེ་ན་སྦྱིན་པ་ཡང་མེད། གཏོང་བ་ཡང་མེད། ལེན་པ་དང་སློང་བ་པོ་ཡང་མེད་དེ། འཇིག་རྟེན་གྱི་ཁམས་གཞན་དག་ན་གཏོང་སློང་ཡོད་པ་དག་གི་གཏམ་ཐོས་པ་ན། དེ་དག་ལ་ཚོགས་གསོག་པའི་སྒོ་ཡོད་དོ་ཞེས་ཡོངས་སུ་སྨོན་པ་ཡིན་ཏེ། ཞིང་དེ་ན་སངས་རྒྱས་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཐུབ་པའི་དབང་པོ་དེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དྲི་མེད་སྒྲ་ཞེས་བྱ་བར་བསྟན་ནས། ཡོད་མཐོང་སྣང་གྲགས་ཆོས་སོ་ཅོག །ཐ་དད་སྣ་ཚོགས་མཐའ་ཡས་ཀྱང་། །རང་བཞིན་མ་བཅོས་དེ་བཞིན་ཉིད། །མ་བསྒྲིབས་འོད་གསལ་རྣམ་དག་ཞིང་། །ཞེས་པའི་དགོངས་པ་རྣམ་པར་བཤད་དེ། ཐེག་པ་ཆེན་པོའི་ཆོས་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་སྐལ་ལྡན་ལ་སྟོན་པས་སྒྲོན་མ་ཆེན་པོ་ཡོངས་སུ་སྣང་ངོ་། །ཤར་ཕྱོགས་ཀྱི་ཞིང་དེ་ཉིད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཡང་། ཐུབ་པ་དྲུག་གི་སྒྲོན་མ་སྣང་བས་འགྲོ་བ་དྲུག་གི་སེམས་ཀྱི་དཀྱིལ་འཁོར་ཡོངས་སུ་གསལ་བར་བྱེད་དོ། །འོ་ན་དྲི་མེད་སྒྲ་ཉིད་ཐུབ་པ་དྲུག་གི་ཆའམ་བདུན་དུ་འགྱུར་ཞེ་ན། མི་ལས་གྲགས་པ་གཙོར་བྱས་པའི་དབང་ཡིན་པས་བདུན་དུ་མི་འགྱུར་ཏེ་འཆད་པ་རིལ་ལ་དེ་བཞིན་དུ་སྦྱར་ཏེ། ཞིང་ཁམས་དང་མཚན་ནི་ཐུབ་པ་སོ་སོའི་དགོངས་པ་ལས་དཔོགས་ཤེས་པར་བྱའོ། །གཉིས་པ་ཡང་ཐུབ་པའི་དབང་པོ་དེ། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱ་བརྒྱད་ཡང་སྣང་། མཆན། འདས་པ་ན། འཇིག་རྟེན་གྱི་ཁམས་ཡོན་ཏན་འབྱུང་བ་ཞེས་བྱ་བ་ན་སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དཀོན་མཆོག་སྤྲིན་ཞེས་བྱ་བར་སྤྲུལ་ནས། ཀུན་ཏུ་སྣང་བའི་ཡེ་ཤེས་འདི། །སུས་ཀྱང་མ་བྱས་རང་བྱུང་སྟེ། །ཐམས་ཅད་འབྱུང་བའི་རྩ་བས་ན། །རང་ལས་བྱུང་བའི་དཀྱིལ་འཁོར་རྫོགས། །ཞེས་པའི་དགོངས་པ་ལྟར་བསྟན་པ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། གསང་སྔགས་ཀྱི་ངོ་བོ་དེ་ཉིད་རིམ་དང་ཅིག་ཆར་གྱིས་ཡོངས་སུ་སྣང་བར་བྱེད་དོ། །དེ་ཉིད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཡང་། ཐུབ་པ་ཆེན་པོ་དྲུག་གི་སྒྲོན་མ་སྣང་བས་འགྲོ་བ་དྲུག་གི་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བར་བྱེད་དོ། །གསུམ་པ་ཡང་ཐུབ་པའིི་དབང་པོ་དེ། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་ཉི་ཤུ་འདས་པ་ན། འཇིག་རྟེན་གྱི་ཁམས་མེ་ཏོག་གིས་རྒྱན་སྣ་ཚོགས་ཤིན་ཏུ་བཀྲམ་པ་ཞེས་བྱ་བ་ན། གང་ཟག་བརྫུས་ནས་སྐྱེ་བ་ཤ་སྟག་སྟེ། ཚེ་ལོ་བརྒྱད་ཁྲི་བཞི་སྟོང་གནས་པའི་ཞིང་ཁམས་དེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཡོན་ཏན་འབྱུང་གནས་ཞེས་བྱ་བར་བསྟན་ནས། ཡེ་ནས་མ་བཅོས་ཇི་བཞིན་པ། །ཆོས་སོ་ཅོག་གི་སྙིང་པོ་སྟེ། །མེད་པ་ལས་བྱུང་སྣ་ཚོགས་སྣང་། །སྣང་མེད་དེ་བཞིན་དཀྱིལ་འཁོར་རྫོགས། །ཞེས་པའི་དགོངས་པ་ལྟར་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་སྟོན་ཏོ། །དེ་ཉིད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཡང་། ཐུབ་པ་དྲུག་གི་སྒྲོན་མ་སྣང་བས་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བར་བྱེད་དོ། །བཞི་པ་ཡང་ཐུབ་པའི་དབང་པོ་དེ། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཁྲག་སུམ་ཅུ་འདས་པ་ན། འཇིག་རྟེན་གྱི་ཁམས་མཉམ་ཉིད་རྟོགས་པས་བག་ཚ་བ་མེད་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་སེང་གེའི་སྒྲ་ཞེས་བྱ་བར་བསྟན་ནས། རང་བྱུང་རིག་པའི་སེམས་ཉིད་ཀྱིས། །མ་བཅོས་ཆོས་ཉིད་དབྱིངས་ཀྱི་དོན། །ལྷུན་གྲུབ་ཐབས་དང་ཤེས་རབ་ལས། །ཡང་དག་རང་བཞིན་དཀྱིལ་འཁོར་གསལ། །ཞེས་པའི་དགོངས་པས་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། གསང་སྔགས་ཀྱི་ངོ་བོ་དེ་ཉིད་སྟོན་ཏོ། །དེ་ཉིད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཡང་ཐུབ་པ་དྲུག་གི་སྒྲོན་མ་སྣང་བས། འགྲོ་བ་དྲུག་གི་སེམས་ཀྱི་དཀྱིལ་འཁོར་གསལ་བར་བྱེད་དོ། །ལྔ་པ་དེ་བཞིན་དུ་ཐུབ་པའི་དབང་པོ་དེ་ཉིད། ཤར་ལྷོའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱད་ཅུ་བརྒྱད་ཡང་སྣང་། བཞི་འདས་པ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ལ་སོགས་པས་རྣམ་པར་མཛེས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མཛེས་པའི་ཏོག་ཅེས་བྱ་བར་བསྟན་ནས། འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བདེ་དང་མི་བདེའི་རྣམ་པ་ཀུན། །དེ་བཞིན་ཉིད་དུ་རོ་གཅིག་པས། །ཚོར་བ་བདེ་སྡུག་གང་ཡང་མེད། །ཅེས་པའི་དགོངས་པས་གོང་མ་བཞིན་དུ་ཆོས་སྟོན་ཏོ། །དྲུག་པ་ལྷོ་ནུབ་ཀྱི་མཚམས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བདུན་ཅུ་འདས་པ་ན། འཇིག་རྟེན་གྱི་ཁམས་རྟོགས་པ་གསལ་བས་རབ་ཏུ་སྣང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ཉིད་གཟི་བརྗིད་རྒྱན་ཞེས་བྱ་བར་བསྟན་ནས། དེ་བཞིན་ཉིད་ཀྱིས་དོན་བསྟན་དུ། །དེ་བཞིན་ཉིད་དུ་ཀུན་གཅིག་པས། །གང་གིས་གང་ལ་གང་ཞིག་བསྟན། །ཉིད་ལ་ཉིད་གླེང་ཁོ་ནར་ཟད། །ཅེས་གོང་མ་བཞིན་དུ་ཆོས་སྟོན་ཏོ། །བདུན་པ་ནུབ་བྱང་གི་མཚམས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་ལྔ་བཅུ་འདས་པ་ན། འཇིག་རྟེན་གྱི་ཁམས་ཡིད་རབ་ཏུ་དང་བ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཙན་དན་དྲི་མཆོག་དཔལ་ཞེས་བྱ་བར་བསྟན་ནས། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ། །དུས་གསུམ་དུས་བཞིར་མི་དམིགས་ཏེ། །ཡེ་ཤེས་རིག་པའི་ཁྱད་པར་ལས། །སྐད་ཅིག་བསྐལ་པ་དེ་གཅིག་ཚུལ། །ཞེས་གོང་མ་བཞིན་དུ་ཆོས་སྟོན་ཏོ། །བརྒྱད་པ་བྱང་ཤར་གྱི་མཚམས་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཞི་བཅུ་རྩ་བཞི་འདས་པ་ན། འཇིག་རྟེན་གྱི་ཁམས་ཆོས་ཀྱི་སྒྲས་གདུང་བ་སེལ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་སྙིང་རྗེའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། འཁོར་བ་མྱ་ངན་འདས་རྟག་པ། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དུ། །ཡེ་ནས་མྱ་ངན་འདས་པས་ན། །རང་བཞིན་ལྷུན་གྲུབ་ཚོགས་གཉིས་རྫོགས། །ཞེས་གོང་མ་བཞིན་དུ་ཆོས་སྟོན་ཏོ། །གཉིས་པ་ནི། དེ་བཞིན་དུ། ཞེས་པ་ནས། ཆོས་སྟོན་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་ཞིང་ཁམས་བཞི་བཅུ་ཞེ་གཅིག་ལས། དང་པོ། དེ་བཞིན་དུ་རྣམ་པར་སྣང་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་མྱུར་དུ་འཛིན་པ་ཞེས་བྱ་བར་བསྟན་ནས། དེ་བཞིན་ཉིད་ཀྱི་དབྱིངས་འདི་ལ། །འཁོར་དང་མྱ་ངན་འདས་དང་རྟག །ཡེ་ནས་རྣམ་པར་དག་པས་ན། །རང་སྣང་ལྷུན་གྲུབ་ཚོགས་ཆེན་རྫོགས། །ཞེས་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །གཉིས་པ། ཡང་རིན་ཆེན་སྣ་ཚོགས་བཀོད་པའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་དགའ་བའི་སྤྱན་ཞེས་བྱ་བར་བསྟན་ནས། ཆོས་སོ་ཅོག་གི་རང་བཞིན་ནི། །མ་སྐྱེས་པ་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །རིག་མཆོག་རྡོ་རྗེ་སྐྱེ་གནས་དམ། །ཞེས་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །གསུམ་པ། ཡང་རིན་པོ་ཆེ་གཅལ་དུ་བཀྲམ་པས་རྣམ་པར་བཀྲམ་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ནས། དེ་བཞིན་གཤེགས་པ་ཡོངས་སུ་དགོངས་པའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། དེ་བཞིན་ཉིད་དུ་ཀུན་རིག་ན། །དེས་ཁྱབ་གར་གནས་སངས་རྒྱས་ཞིང་། །ཡོན་ཏན་རིན་ཆེན་སྤྲིན་བཀོད་པ། །བགྲོད་པར་བྱ་བ་ཅི་ཡང་མེད། །ཅེས་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །བཞི་པ། ཡང་མདོག་སྔོ་བས་བཻ་ཌཱུརྱའི་སྙིང་པོ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་གསེར་གྱི་འོད་ཟེར་ཞེས་བྱ་བར་བསྟན་ནས། དཔག་ཏུ་མེད་པའི་རྒྱལ་བ་རྣམས། །ཇི་བཞིན་དེ་བཞིན་ཉིད་ལ་བཞུགས། །དེ་བཞིན་ཉིད་དང་ཐམས་ཅད་ཀྱང་། །གཉིས་མེད་དེ་བཞིན་དེ་ཉིད་དོ། །ཞེས་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ལྔ་པ། ཡང་འོད་རང་ཆས་སུ་ཡོད་པས་འོད་དམ་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་འོད་ཀྱི་དཔལ་ཞེས་བྱ་བར་བསྟན་ནས། འཁོར་བ་དང་ནི་མྱ་ངན་འདས། །སོ་སོར་སྣང་བ་མ་ཡིན་ཏེ། །ཇི་བཞིན་དེ་བཞིན་ཉིད་ངེས་ན། །དེ་ལ་འཁོར་བའི་རང་བཞིན་མེད། །ཅེས་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །དྲུག་པ། ཡང་སེམས་ཅན་རྣམས་སེམས་ཞི་བས་རྣམ་པར་ཞི་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ནས། དེ་བཞིན་གཤེགས་པ་ཞི་བའི་དབང་པོ་ཞེས་བྱ་བར་བསྟན་ནས། དེ་བཞིན་ཉིད་ཀྱི་དེ་ཉིད་ནི། །དཔག་མེད་གཞལ་བར་མཐའ་ཡས་པས། །དཔག་མེད་རྒྱལ་བའི་ཕོ་བྲང་ཡིན། །དེ་ན་ཀུན་བཀོད་དེར་གཅིག་ནས། །ཞེས་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །བདུན་པ། ཡང་ཐུགས་རྗེ་ཆར་རྒྱུན་ལྟ་བུས་སྤྲིན་རྣམ་པར་བཀོད་པར་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་སྤྲིན་གྱི་དཔལ་ཞེས་བྱ་བར་བསྟན་ནས། ཐམས་ཅད་འབྱུང་བའི་ཆོ་འཕྲུལ་ཡང་། །ཅིར་ཡང་འགྱུར་བའི་ཡེ་ཤེས་ཏེ། །གདོས་པར་གྱུར་པའི་ཆོས་མེད་པས། །ཇི་ལྟར་དམིགས་པ་བཞིན་དུ་འབྱུང་། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །བརྒྱད་པ། ཡང་ངོ་བོ་ཉིད་ཀྱིས་ཡིད་མངོན་པར་དགའ་བ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་ཡིད་དུ་འོང་བའི་དབྱངས་ཞེས་བྱ་བར་བསྟན་ནས། འཇིག་རྟེན་འཁོར་བའི་ཁ་བརྒྱུད་པ། །མ་རིག་ངོ་བོ་དེ་བཞིན་པས། །གཞི་རྩ་མེད་པའི་སྐད་ཅིག་མ། །དེ་ཉིད་རིག་ན་བདེ་ཆེན་གནས། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །དགུ་པ། ཡང་ས་གཞི་ཐམས་ཅད་ལ་གཟུགས་བརྙན་འཆར་བས་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་སྦྱངས་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་མེ་ལོང་གི་འོད་སྣང་བ་ཞེས་བྱ་བར་བསྟན་ནས། ཉོན་མོངས་ཡེ་ཤེས་ལྔར་རྟོག་པ། །ཇི་བཞིན་དེ་ལ་གཉིས་ཀས་སྒྲིབ། །རྟོག་དང་མི་རྟོག་གཉིས་མེད་དེ། །རྟོག་པ་དེ་ཉིད་ཡང་དག་ལམ། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །བཅུ་པ། ཡང་ས་གཞི་ལ་ཟླ་བ་ལྟ་བུའི་འོད་མང་བས་ཟླ་བས་བརྒྱན་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་ཟླ་འོད་དཔལ་ཞེས་བྱ་བར་བསྟན་ནས། ཐེག་པ་དཔག་མེད་བསྟན་པ་ཡང་། །ཇི་ལྟར་མོས་པ་ཐ་དད་པ། །ཁྲིད་པར་བྱ་བའི་ཐབས་སུ་ཟད། །རྡོ་རྗེ་ཐེག་པ་ཉིད་ལས་མེད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །བཅུ་གཅིག་པ། འདི་ཡང་ས་གཞི་ལ་ཉི་མ་ལྟ་བུའི་འོད་མང་བས་ཉི་མའི་འོད་ཟེར་བརྒྱན་པ་ཞེས་བྱ་བའི་ཞིང་ཁམས་ན། དེ་བཞིན་གཤེགས་པ་ཉི་མའི་སྙིང་པོའི་དཔལ་ཞེས་བྱ་བར་བསྟན་ནས། གང་གིས་དེ་ལྟར་མཐོང་མ་ཐག །མི་ཤེས་ཆོད་པའི་དྲྭ་བ་གཅོད། །ཁྱུང་དང་སེང་གེ་ཇི་བཞིན་དུ། །མངལ་ལྟར་ལུས་ཀྱི་མངལ་གྱིས་བསྒྲིབས། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །བཅུ་གཉིས་པ། ཡང་ཞིང་ལ་སྤོས་ངད་ལྡང་བས་སྤོས་དྲི་ངད་ལྡང་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་སྤོས་ཀྱི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། དབང་བསྒྱུར་ཐབས་ཀྱི་ཡེ་ཤེས་ཀྱིས། །སྒྱུ་མའི་ཆོས་ལ་དབང་ཐོབ་པས། །མུན་ལ་སྣང་འབྱུང་ཇི་བཞིན་དུ། །ཐམས་ཅད་དབང་བསྒྱུར་རང་རིག་ཡིན། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །བཅུ་གསུམ་པ། ཡང་ལོངས་སྤྱོད་ཆོས་དང་མཐུན་པས་རྣམ་པར་སྤྲོས་པའི་རྒྱན་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་རྣམ་པར་སྤྲོས་པའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། རྣམ་དག་ཡེ་ཤེས་སྒྱུ་མ་དང་། །ལོག་རྟོག་མཚན་མའི་སྒྱུ་མ་གཉིས། །དེ་བཞིན་དེ་ཉིད་གཅིག་པས་ན། །གཉིས་སུ་ཤེས་པ་ཉིད་ཚོགས་རྫོགས། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །བཅུ་བཞི་པ། ཡང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་རིན་ཆེན་རྒྱལ་པོ་ཞེས་བྱ་བར་བསྟན་ནས། བསམ་གྱིས་མི་ཁྱབ་ཆོས་འདི་རྣམས། །དེ་བཞིན་ཉིད་དུ་གཅིག་པས་ན། །གང་གིས་དེ་བཞིན་དེ་ཤེས་ན། །ཀུན་ལ་དབང་བསྒྱུར་ཐོབ་པ་ཡིན། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །བཅོ་ལྔ་པ། ཡང་རང་བཞིན་གྱིས་ཞིང་ལ་འོད་འཁྲིགས་པས་འོད་ཟེར་འབྱུང་བ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་འོད་ཟེར་དཔལ་ཞེས་བྱ་བར་བསྟན་ནས། སངས་རྒྱས་རྣམས་ཀྱི་དགོངས་པ་འདི། །ཤེས་ནས་དེ་ལ་གང་གནས་པ། །རང་རིག་ཉིད་ལ་དབང་ཐོབ་པའི། །དེ་བཞིན་རིགས་ཆེན་འཛིན་པ་ཉིད། །ཅེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏོ། །བཅུ་དྲུག་པ། ཡང་བྱ་དཀའ་བ་ལ་སྒྲུབས་པས་རྣམ་པར་སྤྱོད་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་དཀའ་ཐུབ་རྒྱལ་པོ་ཞེས་བྱ་བར་བསྟན་ནས། དེ་ཉིད་ཇི་བཞིན་མངོན་གྱུར་ན། །མེད་ལ་མི་ཟད་འབྱུང་བ་ཡི། །ཆེ་བའི་ཡོན་ཏན་རྒྱུན་མི་འཆད། །ཅིར་སྣང་ཀུན་འབྱུང་རིན་ཆེན་གཏེར། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །བཅུ་བདུན་པ། ཡང་ཐེག་པའི་རྩེ་མོ་སྟོན་པས་གཙུག་ཏོར་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་གཙུག་ཏོར་སྙིང་པོ་ཞེས་བྱ་བར་བསྟན་ནས། ཇི་བཞིན་མ་བཅོས་དེ་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་པ། །དེ་བཞིན་དེ་ཉིད་མ་ཡིན་པའི། །སྒྲུབ་དང་བསྒྲུབ་པ་ག་ལ་ཡོད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །བཅོ་བརྒྱད་པ། ཡང་ཐམས་ཅད་རིགས་ཐེག་ཆེན་དུ་ངེས་པས་ངེས་པ་ཅན་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་ངེས་པར་གཤེགས་པ་ཞེས་བྱ་བར་བསྟན་ནས། མཁའ་ལ་གློ་བུར་སྤྲིན་འཐིབས་ལྟར། །དེ་བཞིན་གློ་བུར་རྟོག་པས་སྒྲིབས། །མཁའ་དག་ནང་དུ་སྤྲིན་སངས་ལྟར། །རྣམ་རྟོག་སྟོང་པས་ངང་གིས་སངས། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །བཅུ་དགུ་པ། ཡང་འབྲས་བུ་ལ་སྦྱོར་བས་ངེས་པར་འཕགས་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་ངེས་པར་གསུང་བ་ཞེས་བྱ་བར་བསྟན་ནས། ཇི་སྙེད་དག་པའི་གསུང་བརྗོད་ཀྱང་། །རྡོ་རྗེའི་གསུང་ལ་སྤྲོས་པ་མེད། །སྤྲོས་མེད་གསུང་ཉིད་ཀུན་གསལ་ཁྱབ། །མ་གསུང་བ་ཉིད་རྒྱ་ཆེར་བཤད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཉི་ཤུ་པ། ཡང་གསང་བ་མཆོག་གི་ཐབས་ཀྱི་བདག་ཉིད་བདེ་སྤྱོད་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་བདེ་བ་ཆེན་པོ་ཞེས་བྱ་བར་བསྟན་ནས། ཐམས་ཅད་ཡུལ་ལ་འཇུག་པ་ཡི། །ཐོགས་མེད་མ་ཆགས་དེ་བཞིན་བློས། །ཇི་སྙེད་དེ་བཞིན་ཉིད་དུ་བསྒྱུར། །ཟད་མེད་གཏེར་ལྡན་རིན་ཆེན་འབྱུང་། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཉེར་གཅིག་པ། ཡང་དངོས་སུ་མེ་ཏོག་སྣ་ཚོགས་བཀྲ་བས་མེ་ཏོག་བཀྲམ་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་མེ་ཏོག་དབང་པོའི་དབྱངས་ཞེས་བྱ་བར་བསྟན་ནས། ཇི་བཞིན་ཉིད་ལ་བཞུགས་པས་ན། །འདི་ཞེས་ཚིག་ཏུ་མ་གསུངས་ཀྱང་། །ཁྱབ་པས་གཅིག་པའི་བྱིན་རླབས་ཀྱིས། །ཇི་ལྟར་འདོད་པ་སོ་སོར་འཇལ། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཉེར་གཉིས་པ། ཡང་འཇིག་རྟེན་ཐམས་ཅད་དུ་ཡོངས་སུ་གྲགས་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་གྲགས་པའི་དཔལ་ཞེས་བྱ་བར་བསྟན་ནས། སངས་རྒྱས་སེམས་ཅན་ལ་སོགས་པ། །ཐམས་ཅད་མ་ལུས་ལུས་པ་མེད། །རང་རིག་མ་རིག་རྟོག་པ་ཉིད། །ཀུན་ཀྱང་རང་བྱུང་ཡེ་ཤེས་ཉིད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཉེར་གསུམ་པ། ཡང་ཆོ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། ཡི་གེ་ཕྱག་རྒྱ་ཡེ་ཤེས་ཀྱང་། །ཚིག་ལམ་འབྱུང་བའི་གཞི་ཡིན་ཏེ། །དེ་ཉིད་དག་པས་ཐམས་ཅད་དག །གསུང་ལ་གསུང་ཉིད་མི་གནས་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཉེར་བཞི་པ། ཡང་ཞིང་དག་པར་ཐམས་ཅད་ངག་སྙན་པས་རྣམ་པར་སྦྱངས་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་སྒྲ་དབྱངས་མི་ཟད་པ་ཞེས་བྱ་བར་བསྟན་ནས། དེ་བཞིན་ཉིད་ཀྱི་རང་བཞིན་དུ། །ལྔ་ཕུང་ཉོན་མོངས་རྣམ་པར་དག །རྣམ་རྟོག་རྡུལ་བྲལ་སྐྱེ་འགག་མེད། །ཐམས་ཅད་ངོ་བོ་ཉིད་དུ་བཅོམ། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཉེར་ལྔ་པ། ཡང་ཉོན་མོངས་པས་གདུང་བ་ཐབས་ཀྱིས་ཞི་བས་སྨན་གྱིས་བརྒྱན་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་སྨན་གྱི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། དཔག་མེད་འཇིག་རྟེན་རྡུལ་རྙེད་ན། །འགྲོ་བ་རྡུལ་ཕྲན་བསམ་ཡས་ལ། །ཁྱད་པར་དེ་བཞིན་ཉིད་སྣང་བས། །ཏིལ་འབྲུ་མར་གྱིས་ཁྱབ་ལྟར་གནས། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཉེར་དྲུག་པ། ཡང་དངོས་སུ་གསེར་འོད་ལྡན་པས་གསེར་གྱི་འོད་སྣང་བ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་གསེར་གྱི་འོད་འཕྲོ་ཞེས་བྱ་བར་བསྟན་ནས། རྡུལ་ཕྲན་གཅིག་ཙམ་གང་ཟག་ལ། །དགོངས་ཏེ་མདུན་དུ་གསུང་བརྗོད་པ། །དཔག་མེད་མཐའ་ཡས་རྡུལ་སྙེད་ཙམ། །དེ་སྙེད་ཀུན་ཐོས་རྣམ་པར་གྲོལ། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཉེར་བདུན་པ། ཡང་འོད་ཟེར་སྣ་ཚོགས་བཀོད་པ་ལྟ་བུ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་བཀོད་པའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། གསུང་གཅིག་མི་ཟད་མཐའ་ཡས་གསུང་། །མཐའ་དང་དབུས་མེད་ཀུན་ཏུ་ཁྱབ། །ཁྱབ་དང་ཁྱབ་མེད་རྡོ་རྗེའི་གསུང་། །སྣ་ཚོགས་དངོས་མེད་དེ་བཞིན་ཉིད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཉེར་བརྒྱད་པ། ཡང་དངོས་སུ་གསེར་འབྱུང་བས་གསེར་གྱི་འབྱུང་གནས་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་གསེར་གྱི་གཟུ་བ་ཞེས་བྱ་བ་བསྟན་ནས། གང་ཡང་མ་བཅོས་དེ་ཉིད་ལ། །ཕྱོགས་དང་སྔ་ཕྱི་དུས་མེད་དེ། །ཐམས་ཅད་དེ་བཞིན་ཉིད་ཀྱི་དབྱིངས། །དེ་ཉིད་རང་བྱུང་དེ་ཉིད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཉེར་དགུ་པ། ཡང་མཆོག་གི་བསྒྲུབ་པ་དམ་པས་དཔལ་གྱི་འབྱུང་གནས་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་དཔལ་གྱི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། དེ་ཉིད་དེ་སྙེད་རང་བཞིན་ཏེ། །དེ་སྙེད་དེ་ཉིད་ཡིན་པ་ལ། །བྱིས་པ་རྣམས་ཀྱིས་གཉིས་སུ་བཟུང་། །དེ་ལ་གཉིས་སུ་དབྱེ་བྱར་མེད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །སུམ་ཅུ་པ། ཡང་དབྱེར་མེད་སྟོན་པས་སྣང་བ་དམ་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་སྣང་བ་བརྩེགས་པའི་དཔལ་ཞེས་བྱ་བར་བསྟན་ནས། སྟོང་ཉིད་ནམ་མཁའི་རང་བཞིན་དུ། །མི་མཐུན་པ་དང་གཉེན་པོ་གཉིས། །ཡེ་ནས་དབྱེར་མེད་གཅིག་པས་ན། །གནོད་པས་འཇིགས་པ་ག་ལ་ཡོད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །སོ་གཅིག་པ། ཡང་བདེན་པ་མཐོང་བས་མྱ་ངན་མེད་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་མྱ་ངན་མེད་པའི་དཔལ་ཞེས་བྱ་བར་བསྟན་ནས། མི་འགྱུར་ནམ་མཁའི་རང་བཞིན་ཏེ། །དག་པ་དག་ལ་དག་པ་ཉིད། །རྟོག་པ་དག་ལ་རྟོག་པར་སྣང་། །ཅིས་འདུལ་དེར་སྣང་ཅི་ཡང་མེད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །སོ་གཉིས་པ། ཡང་དོན་ཁོང་དུ་ཆུད་པས་དགའ་བའི་མདངས་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་དགའ་མཆོག་དཔལ་ཞེས་བྱ་བར་བསྟན་ནས། རང་བཞིན་ངང་གིས་མ་བཅོས་པ། །ཡོངས་ཀྱིས་འོད་གསལ་དེ་བཞིན་ཉིད། །ཀུན་གྱི་སྙིང་པོ་དེ་ཉིད་པས། །ཅིས་ཀྱང་མ་བསྒྲིབས་ནམ་མཁའ་ཆེ། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །སོ་གསུམ་པ། ཡང་སེམས་ཅན་རྣམས་མཚན་དཔེ་དང་ལྡན་པས་གཟི་བརྗིད་འབྱུང་བ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་གཟི་བརྗིད་དཔལ་ཞེས་བྱ་བར་བསྟན་ནས། ཇི་བཞིན་པ་ཉིད་ས་མཆོག་སྟེ། །དེ་རིག་ཡེ་ཤེས་བླ་མའི་ས། །ཡེ་ནས་དེ་བཞིན་ཉིད་ལ་གནས། །ད་གདོད་བགྲོད་དུ་ག་ལ་ཡོད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །སོ་བཞི་པ། ཡང་དངོས་སུ་རྒྱལ་བ་རྣམས་འདུ་བས་སངས་རྒྱས་མང་པོ་འདུ་བ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་ཞེས་བྱ་བར་བསྟན་ནས། སྟོང་པ་ཉིད་ཀྱི་སྙིང་པོ་ལ། །སྣ་ཚོགས་སྣང་བའི་འཁོར་གྱིས་བསྐོར། །སུས་ཀྱང་མ་བྱས་རང་བྱུང་བ། །ཇི་བཞིན་པ་ཡི་དཀྱིལ་འཁོར་ཉིད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །སོ་ལྔ། ཡང་ལས་ཀྱི་སྒྲིབ་པ་སྦྱོང་བས་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་ངན་སོང་ཐམས་ཅད་སྦྱོང་བ་ཞེས་བྱ་བར་བསྟན་ནས། ཟག་མེད་ཡེ་ཤེས་དངོས་གྲུབ་ནི། །དེ་བཞིན་ཉིད་དུ་དངོས་གྲུབ་པས། །ཟད་པ་མེད་ཅིང་འཕེལ་བ་མེད། །ད་གདོད་བསྒྲུབ་ཏུ་ག་ལ་ཡོད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་ཆོས་སྟོན་ཏོ། །སོ་དྲུག་པ། ཡང་མོས་པ་སྣ་ཚོགས་པས་ཐ་དད་སྤྱོད་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་འཇིག་རྟེན་ཀུན་གྱི་སློབ་དཔོན་ཞེས་བྱ་བར་བསྟན་ནས། ཆོས་ཀུན་རང་བཞིན་མེད་པ་ཉིད། །མྱ་ངན་འདས་ཞེས་དེ་ལ་བྱ། །སྟོང་ཉིད་རང་བཞིན་རྣམ་དག་པ། །དེ་ཉིད་མི་གནས་བྱང་ཆུབ་སེམས། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །སོ་བདུན་པ། ཡང་རྒྱལ་མཚན་གྱི་རྩེ་མོ་དཔུང་རྒྱན་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་རྣམ་པར་རྒྱལ་བ་ཞེས་བྱ་བར་བསྟན་ནས། རྣམ་རྟོག་ཆུ་བོའི་རྐ་མགོ་དེ། །སྟོང་ཉིད་ཞིང་དུ་མ་བསྒྱུར་ན། །འཁོར་བའི་རྒྱ་མཚོར་གཡེངས་འགྱུར་བ། །དེ་མི་ཤེས་ལ་དེ་ལྟར་སྣང་། །ཞེས་ཡང་དག་པ་ཇི་བཞིན་དུ་ཆོས་སྟོན་ཏོ། །སོ་བརྒྱད་པ། ཡང་དངོས་སུ་གེ་སར་མེ་ཏ་ཞེས་བྱ་བས་བརྒྱན་པས་མེ་ཏོག་མཛེས་པའི་རྒྱན་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་མེ་ཏོག་བཀོད་པའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། ཇི་བཞིན་པ་ཡི་དེ་བཞིན་ཉིད། །ཐམས་ཅད་འབྱུང་བའི་མ་ཡིན་པས། །ཀུན་བཟང་ཤེས་རབ་ཕ་རོལ་ཕྱིན། །སེམས་ཅན་སངས་རྒྱས་ཀུན་གྱི་གནས། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །སོ་དགུ་པ། ཡང་སྤྱོད་ཡུལ་ཐམས་ཅད་མཛེས་པར་སྣང་བ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་ཐམས་ཅད་སྣང་བ་ཞེས་བྱ་བར་བསྟན་ནས། སྟུག་པོ་བཀོད་པའི་སངས་རྒྱས་དང་། །སེམས་ཅན་རྣམ་པ་ཐམས་ཅད་དག །དངོས་པོ་བརྟན་གཡོ་ལ་སོགས་པ། །དེ་ཉིད་ལས་བྱུང་དངོས་མེད་སྐུ། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །བཞི་བཅུ་པ། ཡང་ཙན་དན་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་ཙན་དན་དྲི་ཞེས་བྱ་བར་བསྟན་ནས། རང་བྱུང་ཡེ་ཤེས་རྩ་བ་ནི། །བྱང་ཆུབ་སེམས་ཉིད་ཡིན་པས་ན། །དེ་ཡི་རྩ་བ་སྙིང་རྗེ་སྟེ། །ཕ་རོལ་ཕྱིན་པར་ཐབས་ཀྱིས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །ཞེ་གཅིག་པ། ཡང་སེང་གེ་འབྱུང་གནས་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་སེང་གེ་འབུམ་གཟུགས་ཞེས་བྱ་བར་བསྟན་ནས། ཇི་སྙེད་ཇི་བཞིན་ཉིད་ཀྱི་དོན། །ཡི་གེ་མིང་ཚིག་སྒྲས་མཚོན་པ། །མིང་ཚིག་སྒྲ་ལ་མ་བརྟེན་པ། །ཉམས་དྲོད་བློ་ཡིས་རིག་པ་མེད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །གསུམ་པ་ནི། ཡང་སྟོང་གསུམ། ཞེས་པ་ནས། ཆོས་སྟོན་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་ཀྱི་ཞིང་ཁམས་ཞེས་བྱ་བ་འདི་ན། སྤྲུལ་པའི་སྐུ་མཆོག་ད་ལྟར་གྱི་སྟོན་པ་སངས་རྒྱས་ཐུབ་པའི་དབང་པོ་ཤཱཀྱ་སེང་གེ་དོན་ཀུན་གྲུབ་པ་ཞེས་བྱ་བར་བསྟན་ནས། ཆོས་ཀུན་ཆོས་ཀྱི་རང་བཞིན་ནི། །དེ་བཞིན་ཉིད་ལས་མི་གཞན་པས། །དེ་ཉིད་བྱང་ཆུབ་ལམ་ཉིད་དེ། །ལམ་དེ་སྟུག་པོ་བཀོད་པའི་གནས། །ཞེས་དེ་བཞིན་ཉིད་ཀྱི་དགོངས་པ་ཟབ་མོ་ལས་བརྩམས་ཏེ་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་ཏོ། །དེ་ལྟར་དགོངས་མདོ་རྣམས་བདེ་བ་གསལ་མཛད་ཀྱི་ཊི་ཀ་མ་མཇལ་ཞིང་དམ་པ་རིན་པོ་ཆེའི་ཕྱག་མཆན་ན་མི་གསལ་ཡང་། ཀུན་མཁྱེན་རོང་ཟོམ་ཆེན་པོའི་ཞལ་སློབ་རུ་ཡོང་རིན་ཆེན་འབར་ལས། མཁས་པ་འབྲོམ་སྟོན་གྱིས་ཞུས་ཏེ་ཕྱག་དཔེ་གསར་བཞེངས་མཛད་པའི་མཆན་རྙིང་དང་བསྟུན་ན་སངས་རྒྱས་མྱུར་དུ་འཛིན་པ་མ་གཏོགས་རང་གཞུང་དང་འགྲིགས་པས། བཀའ་ལུང་ལ་སྣང་བ་དང་། དོན་དང་མི་འགལ་བར་རིགས་པས་འཐད་པའི་ཚུལ་ལ་ཡིད་ཆེས་ཀྱིས་ངེས་པ་རྙེད་ནའང་མཆན་ལ་ལ་ན་ཅུང་ཟད་འདྲ་མིན་འདུག་གོ། །གཉིས་པ་ནི། དེ་བཞིན་དུ། ཞེས་པ་ནས། སྒྲོན་མར་སྣང་། ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་ཏུ་མ་ཟད་དེ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་བྱེ་བ་ས་ཡར་རྡོ་རྗེ་སེམས་དཔའི་སྐུ་དང་མཚན་བྱེ་བ་ས་ཡར་བསྟན་ནས། ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྣང་བར་མཛད་དེ་ཇི་ལྟར་འདུལ་བ་བཞིན་དོན་མཛད་པའང་འགྲོ་འོང་མེད་པར་སྣང་བས་ཆུ་ལ་ཟླ་བ་ལྟ་བུའོ། །དེ་དག་ལ་དུས་གཅིག་ཏུ་ཆོས་སྟོན་པ་ནི་མ་ཡིན་ཏེ། འཁོར་མོར་རྒྱུན་མ་ཆད་པའི་ཕྱིར་ལ་ལར་ནི་འོག་མིན་དང་དེ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས། གནས་དང་དུས་ལ་ལར་ནི་ད་དུང་ཡུམ་གྱི་ལྷུམས་ན་བཞུགས། ལ་ལར་ནི་དགའ་ལྡན་གྱི་གནས་ན་བཞུགས། ལ་ལར་ནི་ཐུབ་བ་ལྟ་བུ་སྐུ་ཡོངས་སུ་མྱ་ངན་ལས་འདས་སོ། །ལ་ལར་ནི་འདའ་བའི་ཚུལ་བསྟན་ནས། འཇིག་རྟེན་གྱི་ཁམས་གཞན་ནས་གཞན་གྱི་སྒྲོན་མར་སྣང་སྟེ་ཆོས་སྟོན་པར་མཛད་པའོ། །དེའང་སྤྲུལ་པ་ལ་སོ་སོར་ངོས་བཟུང་བ་འཐད་པ་མིན་ཏེ། གདུལ་བྱའི་མཐོང་སྟངས་ལྟར་ཚུལ་བརྩི་བ་མི་འགལ་བས་སོ། །གསུམ་པ་ནི། ལ་ལར་ནི། ཞེས་པ་ནས། ཆོས་སྟོན་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། འདིར་ཡང་སྤྲུལ་པ་ཐ་དད་སེམས་ཅན་བཟང་ངན་གྱི་ཆ་ལུགས་ཀྱིས་ཀྱང་ཆོས་སྟོན་ཏེ་ལ་ལར་ནི། རིན་ཆེན་བདུན་དང་དཔུང་ཚོགས་བཞི་ལྡན་ཞིང་ལོངས་སྤྱོད་བཙུན་མོ་དང་བཅས་ཏེ་འཁོར་ལོས་སྒྱུར་བའི་ཆ་ལུགས་ཀྱིས་ཐེག་པ་ཆེན་པོའི་ཆོས་གསང་བ་དམ་པ་སྟོན་ཏོ། །ལ་ལར་ནི་ཉན་ཐོས་ཀྱི་ཆ་བྱད་ཀྱིས་ཐེག་པ་ཆུང་ངུའི་ཆོས་སྟོན་ཏོ། །ལ་ལར་ནི་རང་སངས་རྒྱས་ཀྱི་ཆ་བྱད་ཀྱིས་རྫུ་འཕྲུལ་གྱིས་ཆོས་སྟོན་ཏོ། །ལ་ལར་ནི་སྙིང་པོ་བྱང་ཆུབ་བརྙེས་ནས་ཤིང་དྲུང་ན་དགོངས་པ་མཛད་དེ་བཞུགས། ལ་ལར་ནི་བསྐུལ་བའི་ས་ལ་གཞེས་ཏེ་འོག་མིན་ཆེན་པོ་དང་དེ་ཉིད་དུ་ཆོས་ཀྱི་འཁོར་ལོ་བསྐོར། ལ་ལར་ནི་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ཐར་པའི་ཆ་ལུགས་ཀྱིས་སོ། །ལ་ལར་ནི་ལུས་ཀྱི་ཆ་བྱད་ཁྱིམ་པའི་ཆ་ལུགས་ཀྱིས་སོ། །ལ་ལར་ནི་ལྷ་ཡི་ཆ་བྱད་ཀྱིས་སོ། །ལ་ལར་ནི་ཀླུ་ཡི་ཆ་བྱད་ཀྱིས་སོ། །ལ་ལར་ནི་ལྷ་མ་ཡིན་གྱི་ཆ་བྱད་ཀྱིས་སོ། །ལ་ལར་ནི་བར་ཆོད་བྱེད་པ་བདུད་ཀྱི་ཆ་བྱད་ཀྱིས་སོ། །ལ་ལར་ནི་གནོད་སྦྱིན་གྱི་ཆ་བྱད་ཀྱིས་སོ། །ལ་ལར་ནི་སྲིན་པོའི་ཆ་བྱད་ཀྱིས་སོ། །ལ་ལར་ནི་འབྱུང་པོའི་ཆ་བྱད་ཀྱིས་སོ། །ལ་ལར་ནི་ནམ་མཁའ་ལྡིང་གསེར་མིག་གི་ཆ་བྱད་ཀྱིས་སོ། །ལ་ལར་ནི་མགོ་ལུས་མི་འཚམས་པའམ་མུ་སྟེགས་གཅེར་བུ་པ་ལྟ་བུ་ཡ་མཚན་ཅན་གྱི་ཆ་བྱད་ཀྱིས་སོ། །ལ་ལར་ནི་བྱོལ་སོང་གི་ཆ་བྱད་ཀྱིས་སོ། །ལ་ལར་ནི་ཡི་དྭགས་ཀྱི་ཆ་བྱད་ཀྱིས་སོ། །ལ་ལར་ནི་དམྱལ་བ་ལྟ་བུ་བཟོད་ལྡན་གྱི་ཆ་བྱད་ཀྱིས་སོ། །ལ་ལར་ནི་སྲོག་གཅོད་པས་ཤན་པའི་ཆ་བྱད་ཀྱིས་སོ། །ལ་ལར་ནི་ལུས་ཀྱིས་འདོད་པ་ཚོལ་བས་སྨད་འཚོང་མའི་ཆ་བྱད་ཀྱིས་སོ། །ལ་ལར་ནི་ཆགས་པ་ལ་སེམས་པར་ན་ཆུང་གི་ཆ་བྱད་ཀྱིས་སོ། །ལ་ལར་ནི་སྐུ་གདུང་ཤ་རི་རམ་མམ་མདུན་ན་བཞུགས་པའི་སངས་རྒྱས་ལྟ་བུར་ཡང་སྣང་ངོ་། །ལ་ལར་ནི་རུས་པའི་སྐུའི་རིང་སྲེལ་ལམ་ཆོས་ཀྱི་རིང་བསྲེལ་ལྟ་བུར་ཡང་སྣང་ངོ་། །སྤྲུལ་སྐུ་རིགས་ལྔའི་ཆ་ལུགས་ཅན་ལ་ལར་ནི་རྡོ་རྗེ་སེམས་དཔའ་ཉིད་དུ་སྣང་ངོ་། །ལ་ལར་ནི་རྣམ་པར་སྣང་མཛད་ལྟ་བུར་སྣང་ངོ་། །ལ་ལར་ནི་རིན་ཆེན་འབྱུང་ལྡན་ལྟ་བུར་སྣང་ངོ་། །ལ་ལར་ནི་སྣང་བ་མཐའ་ཡས་ལྟ་བུར་སྣང་ངོ་། ། ལ་ལར་ནི་དོན་ཡོད་གྲུབ་པ་ལྟ་བུར་སྣང་སྟེ། དེ་དག་ཀུན་ཀྱང་ཡང་དག་པ་ཇི་བཞིན་དུ་ཆོས་སྟོན་ཏོ། །བཞི་པ་ནི། གཞན་ཡང་། ཞེས་པ་ནས། སྣང་ངོ་། །ཞེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་སྐྱེ་བ་ཐ་དད་པའི་གཟུགས་འདི་དག་ལ་རང་རྒྱུད་པ་དང་སྤྲུལ་པ་གཉིས་གཉིས་ཡོད་དེ་རང་རྒྱུད་པ་སྐལ་བ་ཅན་རྣམས་དེ་དང་མཐུན་པའི་སྤྲུལ་པས་གདུལ་བ་སྟེ། གཏི་མུག་གི་རྒྱལ་པོ་གྲོལ་བར་བྱ་བའི་ཕྱིར། གདུལ་བྱ་དང་འདྲ་བར་ཟིལ་གྱིས་གནོན་པས་ཚངས་པའི་གཟུགས་ལྟ་བུར་སྣང་ངོ་། །ཞེ་སྡང་གི་རྒྱལ་པོ་དགྲོལ་བར་བྱ་བའི་ཕྱིར་འཁོར་ལོ་ནག་པོ་ཅན་ཁྱབ་འཇུག་གི་གཟུགས་ལྟ་བུར་སྣང་ངོ་། །འདོད་ཆགས་ཀྱི་རྒྱལ་པོ་དགྲོལ་བར་བྱ་བའི་ཕྱིར། མ་ཧཱ་དེ་བ་དྲག་པོའི་གཟུགས་ལྟ་བུར་སྣང་ངོ་། །ང་རྒྱལ་གྱི་རྒྱལ་པོ་དགྲོལ་བར་བྱ་བའི་ཕྱིར་དྲེགས་པ་ཚོགས་བདག་ལྟ་བུར་སྣང་ངོ་། །ཕྲག་དོག་གི་བདག་པོ་དགྲོལ་བར་བྱ་བའི་ཕྱིར། བརྒྱ་བྱིན་ལྷ་ཡི་དབང་པོ་ལྟ་བུར་སྣང་ངོ་། །འདི་ས་བཞི་པ་ཡན་ཆད་ལའང་འབྱུང་གསུང་ངོ་། །དེ་བཞིན་དུ་རྒྱུད་ཐ་དད་པའི་སྐྱེ་བ་ཐམས་ཅད་ཀྱི་གཟུགས་སུ་སྣང་བ་ནི། འཇུག་སྲེད་དང་། ར་ཧུ་ལ་སྲེད་མེད་དེ་འདི་གཉིས་གཟའ་དང་། འདོད་པའི་དབང་ཕྱུག་དང་། ས་བདག་སྟོབས་ལྡན་དང་། གནོད་སྦྱིན་ནོར་འཛིན་དང་། སྤྲེའུ་དང་། ར་དང་། དམྱལ་བའི་ཁྱི་ལུ་འདེ་དང་། ཁྱི་དང་། སྦྲང་མ་དང་། བྱ་རོག་དང་། སྲིན་བུ་མེ་ཁྱེར་རམ་ལྷམ་བུ་ཆུ་གཤེར་དང་། སྲོག་ཆགས་ལྡེམ་བུ་སྟེ་ཕྱེ་མ་ལེབ་དང་། གང་ཟིན་པ་དེ་དང་དེའི་གཟུགས་སུ་སྤྲུལ་པ་སྣང་བར་མཛད་ཅིང་། དེའི་ཆ་བྱད་ཀྱིས་གང་དག་ཇི་ལྟར་མོས་པ་རྣམས་ལ་དེ་བཞིན་དུ་སྣང་སྟེ། ཇི་ལྟར་ཉི་ཟླའི་དཀྱིལ་འཁོར་གྱི་གཟུགས་གཞལ་མེད་ཁང་ལས་མ་གཡོས་པར། ཆུ་ཐ་དད་པའི་ནང་དུ་གཟུགས་བརྙན་ཆུའི་གྲངས་ལྟར་ཐ་དད་པར་སྣང་བ་བཞིན་དུ། དོན་སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད་ལས་མ་གཡོས་བཞིན་དུ་ཞིང་ཁམས་དཔག་ཏུ་མེད་པར་སངས་རྒྱས་མཐའ་ཡས་པར་སྣང་སྟེ་དགོས་ཆེད་བསམ་གྱིས་མི་ཁྱབ་པ་དང་འབྲེལ་བར་འབྱུང་ངོ་། །ལྔ་པ་ལ་གཉིས་ཏེ། མཚན་མཐའ་ཡས་པར་བསྟན་པ། མཚན་ཐོས་པའི་ཡོན་ཏན་ནོ། །དང་པོ་ནི། དེ་ལྟར་ན། ཞེས་པ་ནས། མྱོས་པར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ན་གང་མིང་སྣ་ཚོགས་སུ་བཏགས་པའི་སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་པ་ན་འཁོད་པའི་སེམས་ཅན་རྣམས་ཀྱིས་སངས་རྒྱས་རྡོ་རྗེ་སེམས་དཔའ་ནི་ཡེ་ཇི་བཞིན་པ་དང་རྒྱུད་དག་པ་གཉིས་ཀ་ཡིན་ནའང་རྒྱུད་དག་པའི་རྡོ་རྗེ་སེམས་དཔའི་མཚན་ཁོ་ན་སྣ་ཚོགས་པར་ཤེས་པ་ནི་བརྗོད་ཀྱིས་མི་ལང་བའི་བསྐལ་པར་སྨྲས་ཀྱང་ཤར་ཕྱོགས་གཅིག་པུའི་སངས་རྒྱས་ཀྱི་ཞིང་ན་བཞུགས་པའི་མཚན་གྱི་མཐའ་ཡང་མི་རྫོགས་སོ། །དེ་བཞིན་དུ་ཕྱོགས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་ན་འཁོད་པའི་སེམས་ཅན་རྣམས་ཀྱིས། བརྗོད་ཀྱིས་མི་ལང་བའི་བསྐལ་པར་སྨྲས་ཀྱང་མཚན་གྱི་མཐའ་ནི་མི་རྫོགས་སོ། །ཇི་ལྟར་སེམས་ཅན་མོས་པ་ཆུང་ངུ་རྣམས་ཀྱིས་རྡོ་རྗེ་སེམས་དཔའི་ཞིང་ཁམས་ཚད་མེད་པ་དང་མཚན་མཐའ་ཡས་པ་ཐོས་ན་བློ་ལ་མི་ཤོང་བས་འཇིག་མི་ནུས་པར་བློ་ག་ཆད་པ་དང་དྲན་པ་ཉམས་ཏེ་མྱོས་པར་འགྱུར་རོ། །གཉིས་པ་ནི། འོག་ནས། སངས་རྒྱས་རྡོ་རྗེ་སེམས་དཔའི། ཞེས་པ་ནས། ཡིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་རྡོ་རྗེ་སེམས་དཔའི་མཚན་གང་གིས་ཐོས་པ་དེས་ཡོན་ཏན་འདི་དག་འཛིན་ཏེ། རྒྱལ་བ་ཐམས་ཅད་ཀྱི་དངོས་གཞི་ཡིན་པའི་ཕྱིར་དང་། ལམ་པའི་དབང་དུ་ན་དོན་གཞན་ལ་དགོངས་ཏེ་རྒྱལ་བ་མང་པོ་ལ་སྔོན་དུ་བྱ་བ་བྱས་པ་ཡིན་ནོ། །སྙིང་པོ་བྱང་ཆུབ་ལས་མི་འགྱུར་བར་ངེས་པའམ་ཕྱིས་སྣང་བའི་སྐལ་བ་ངེས་པ་ཅན་ཡིན་པའི་ཕྱིར་རྡོ་རྗེ་སེམས་དཔའི་ཞིང་ཁམས་ཉིད་དུ་ངེས་པར་འབྱུང་བ་ཡིན་ནོ། །བདེ་གཤེགས་མང་པོས་སྔར་བྱིན་གྱིས་བརླབས་ཏེ་བདག་ཉིད་བྱིན་རླབས་ཀྱི་བདག་པོ་ཡིན་པའི་ཕྱིར་སྒྲོན་མ་བཀོད་པའི་རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །ཐེག་པ་ཆེན་པོ་གསང་བ་མཆོག་གིས་ངེས་པར་འབྱུང་བ་ཡིན་ནོ། །མངོན་པར་ཤེས་པ་དག་དང་ལྡན་པ་ཡིན་ནོ། །སངས་རྒྱས་ཀྱི་ཐུགས་ཀྱི་སྲས་སུ་ངེས་པ་ཡིན་ནོ། །ལྷག་མཐོང་གི་མིག་དང་ལྡན་པ་དག་ཡིན་ནོ། །ཞེས་དབང་པོ་མཆོག་དང་ལྡན་པ་ལ་ཡོན་ཏན་དེ་དག་རིལ་ཐོབ་པ་ཡིན་ཀྱང་། དབང་པོ་དམན་པའི་དབང་དུ་ན། གཉིས་པའི་ཟུར་ཕྱི་མ་དང་། བཞི་པ་ནས་མར་ལྔ་ཀ་ཐམས་ཅད་དུས་གཞན་ལ་དགོངས་པ་ཡིན་ནོ། །དྲུག་པ་ནི། སྔར་གྱིས་འཕྲོས་ཇི་ལྟར། ཞེས་པ་ནས། སྣང་ངོ་། །ཞེས་པའི་བར་གྱིས་བསྟན་ཏེ། ཇི་ལྟར་རྡོ་རྗེ་སེམས་དཔའི་ཞིང་ཁམས་དེ་དག་གི་སྤྲུལ་པའི་དབང་དུ་ཕན་ཚུན་སྨོས་པ་ལས་ཡན་མན་གསལ་བར་མ་བསྟན་ཀྱང་། འདིར་ཕྱོགས་བཅུ་ཀར་འཇལ་བར་བྱ་སྟེ་བྱེ་བས་ཡར་སྣང་བའི་ཕྱིར་དེ་ལྟར་ཞིང་དེ་རྣམས་ཐམས་ཅད་ན། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་སྔགས་ཀྱི་ངོ་བོ་དེ་ཉིད་འབའ་ཞིག་ཡང་དག་པ་ཇི་ལྟ་བ་བཞིན་དུ། ཕྱིན་ཅི་མ་ལོག་པར། རྒྱུའི་ཐེག་པས་རིམ་གྱིས་དང་སྔགས་ཀྱི་ཐེག་པས་ཅིག་ཆར་བར་སྟོན་ཏོ། །འོ་ན་ཆོས་སྟོན་ལུགས་གཉིས་ཁོ་ནར་སྨོས་པ་ཇི་ཞེ་ན། དེའི་གཏན་ཚིགས་སུ། དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་ཞིང་ཁམས་ན་འཁོད་པའི་འགྲོ་བ་སེམས་ཅན་རྣམས་ནི། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྐལ་བ་དང་ལྡན་པའི་ཕྱིར་ཆེན་པོ་ཞེས་ཁྱད་པར་གྱི་སྒྲར་བརྗོད་དེ་དེ་དག་ནི་ཆོས་ཅན་སེམས་ཀྱི་རང་བཞིན་ཡིད་ཀྱི་ཤེས་པ་དང་ཉོན་མོངས་ཅན་གྱི་ཡིད་ལ་སོགས་པ་ཀུན་གཞིའི་རྒྱུད་ལ་ཁམས་སྣ་ཚོགས་པའི་ཁྱད་པར་ཡོད་པའི་ཕྱིར། དེ་ཉིད་ལ་ཤེས་རབ་ཇི་བཞིན་པ་མཐོང་བའི་མཐུ་ཅན་རྒྱ་མཚོ་ལྟ་བུ་བློ་ཤིན་ཏུ་ཟབ་པ་དང་། དེ་ཁོ་ན་ཉིད་ཀྱི་མུ་མཐའ་ཚོལ་བ་ལྡེང་ཀའམ་ཁྲོན་པ་ལྟ་བུ་བློ་མི་ཟབ་པ་དང་། གང་ལ་ཡང་མི་སྐྲག་ཅིང་ཐེག་པས་ལུང་དོན་ཇི་བཞིན་དུ་ཤོང་བ་བར་སྣང་ལྟ་བུ་བློ་ཡངས་པ་དང་། དེ་ལྟར་དོན་ཟབ་མོ་མི་ཤོང་བ་རི་བྲག་ལྟ་བུ་དོག་པ་དང་། ངེས་པ་ཇི་བཞིན་པར་རྙེད་དེ་ནམ་ཡང་མི་འགྱུར་བ་རི་རབ་ལྟ་བུ་བློ་བརྟན་པ་དང་། དེ་ལྟར་མ་ངེས་པའི་བློ་ཅན་ཆུ་བོ་ལྟ་བུ་ཀུན་འགྱུར་བ་དང་། དོན་ཇི་ལྟ་བར་ཐག་ཆོད་པ་རལ་གྲི་ལྟ་བུ་བློ་ཤིན་ཏུ་རྣོ་བ་དང་། དེ་ལྟར་དོན་ཐག་མི་ཆོད་པ་བྱང་གྲི་སྟེ་ཁྲབ་བྱང་གི་གྲི་ལྟ་བུ་རྟུལ་བ་དང་། ལན་མང་དུ་ཐེབས་ཤིང་ཡུལ་དོན་ལ་དེ་མ་ཐག་པར་འཇུག་པ་གློག་ལྟ་བུ་བློ་མྱུར་བ་དང་། ལན་དོན་ཐོགས་པ་དང་བཅས་པ་བུ་ཆུང་ལྟ་བུ་བུལ་བ་སྟེ་སྣ་ཚོགས་པ་དང་གཅིག་པ་ཤ་སྟག་པས་གསང་སྔགས་ཀྱི་ངོ་བོ་ཉིད་ཀྱི་གཏམ་དེར་ཡང་བློ་དམན་རྣམས་ནི་རིམ་གྱིས་པ་དང་། བློ་བཟང་རྣམས་ནི་ཅིག་ཆར་བར་ངེས་པ་སྟེ། དེ་ལྟར་ཆ་གཉིས་ལས་གཞན་པ་བཀག་པའོ། །དེ་ལྟ་བུར་བློ་དམན་པ་དང་མཆོག་གིས་རིམ་པ་བཞིན་གསང་སྔགས་ལ་འཇུག་ལུགས་གཉིས་སུ་ཐོས་ནས་ཀྱང་ཡེ་ནས་དབང་པོ་གཅིག་ཆོད་དམ་དམན་པས་སྦྱངས་པ་ལས་གྱུར་པའང་རུང་སྟེ་རིགས་ཅན་དུ་གྱུར་པ་དེ་དག་གང་ལའང་མི་སྐྲག་མི་དངང་གི། ཆོས་ལ་བཟོད་པ་ཐོབ་ནས་དགའ་ཞིང་མགུ་བ་དང་། རངས་པར་འགྱུར་བའི་ཕྱིར་བློ་དང་ཆོས་སྣ་ཚོགས་སུ་སྣང་ངོ་། །བདུན་པ་ནི། དེ་ན། ཞེས་པ་ནས། ཤ་སྟག་གོ། །ཞེས་པའི་བར་གྱིས་བསྟན་ཏེ། རྡོ་རྗེ་སེམས་དཔའི་ཞིང་ཁམས་དེ་ན་གནས་པའི་འགྲོ་བ་རྣམས་ནི་ལས་དང་བསོད་ནམས་ཐ་དད་པས་ཚེའི་ཚད་ཀྱང་གཅིག་ཏུ་མ་ངེས་ཏེ་ཐུང་བ་དང་། རིང་བ་དང་། དཔག་ཏུ་མེད་པ་དང་། ཞིང་འདིར་ད་ལྟར་གྱི་སྤྲུལ་པ་ཉག་གཅིག་གི་དབང་གིས་བརྒྱ་པ་དང་། བརྒྱད་ཁྲི་བཞི་སྟོང་ཐུབ་པས་སྣ་ཚོགས་པ་ཡིན་ནོ། །རྒྱུ་དེས་ན་ལོངས་སྤྱོད་ཀྱང་ནི། ཇི་ལྟར་བསམ་པ་བཞིན་དུ་འབྱུང་བ་ཡང་ཡོད། སོ་ནམས་དང་ཁེ་སྤོགས་སོགས་དཀའ་བས་འབྱོངས་པ་དང་། མི་འབྱུང་བ་ཡང་ཡོད་དོ། །དེ་དག་ཀུན་ཀྱང་རིལ་སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་བསྣུམས་པའི་ཕྱིར་རང་བཞིན་མཉམ་པ་ཉིད་ལ་དགོངས་པའམ་མཐའ་འཁོབ་ཀྱི་མི་དང་འབུ་ཅོར་སྡེ་ལ་སོགས་པ་རེ་ཞིག་སྐལ་བ་མེད་པའང་ངོ་བོ་ཉིད་གསང་སྔགས་སུ་མ་གྱུར་པ་མེད་པ་ལ་མདོངས་པ་དང་ཕལ་ཆེ་བའི་ཕྱིར་དུས་གཞན་ལ་དགོངས་ཏེ་གསང་སྔགས་ལ་སྤྱོད་པར་ལུང་བསྟན་པ་ཐོབ་པ་ཤ་སྟག་གོ། །གསུམ་པ་ནི། ཀྱེ་ལང་ཀའི། ཞེས་པ་ནས། གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ཀྱེ་ལང་ཀའི་བདག་པོ། རྒྱས་པར་བརྗོད་པ་གཏན་ཚིགས་སུ་གྱུར་པ་དེའི་ཕྱིར། འཛམ་བུའི་གླིང་གཅིག་གིས་སངས་རྒྱས་ཉག་གཅིག་འདི་མྱ་ངན་ལས་འདས་པ་ཡིན་ནོ། །དེ་ལྟ་བས་ན་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྤྲུལ་པ་སངས་རྒྱས་དེ་སྙེད་མཐའ་དག་ལ། ཐུབ་པ་ལྟ་བུ་མྱ་ངན་ལས་འདས་པ་ཡང་ཡོད། གཞན་དག་ན་མ་འདས་པར་བཞུགས་པ་ཡང་ཡོད་དོ། །ཞེས་སྨྲས་པས། དམན་པའི་ལུས་ཀྱི་སེམས་དཔའ་དེ་དག་ཞིང་འདིར་སྤྲུལ་པ་གཅིག་འདུལ་དབང་གིས་འདས་པར་བསྟན་ཀྱང་ཐུབ་པའི་དབང་པོའི་སྤྲུལ་པའི་སྒྲོན་མ་ངོས་ཟིན་ནས་ཐེ་ཚོམ་ཆོད་དེ་ཡིད་མགུ་ཞིང་ཡོངས་སུ་རངས་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། རྡོ་རྗེ་སེམས་དཔའི་སྤྲུལ་པའི་སྐུའི་སྒྲོན་མའི་ཆོ་འཕྲུལ་འཇིག་རྟེན་གྱི་ཁམས་དམ་པར་ཡོངས་སུ་བཀོད་པའི་ལེའུ་སྟེ་བདུན་པ་གསལ་བར་བཤད་པའོ།། །།གཉིས་པ་སྒྲོན་མའི་གཞི་གསང་སྔགས་རང་གི་ངོ་བོ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། འཇུག་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། ཉིད་ལ་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་ངེས་དོན་སྟོན་ནོ། །དེའང་སྒྲོན་མ་བཀོད་པའི་དུས་སུ་སྤྲུལ་པ་ཐམས་ཅད་རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་དུ་བས་ན་དེའི་ངོ་བོ་རང་གང་ཡིན་དྲིས་པ་ལས། དེ་ནི་རྣལ་འབྱོར་དང་པོའི་དོན་ཏེ་སྤྲུལ་པའི་སྒྲོན་མ་འབྱུང་བའི་གཞིའི་ངོ་བོར་བསྟན་པ་སྟེ། དེ་ནས་ཡང་ལང་ཀའི་བདག་པོས་དྲིས་པ། གསང་བའི་བདག་པོ། རྡོ་རྗེ་སེམས་དཔའ་ཞེས་དངོས་དེ་ཉིད་གང་ལ་བགྱི་ཞེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ། རྡོ་རྗེ་སེམས་དཔའ་ནི་རང་གི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རིལ་ལེན་ཅིང་སྡུད་པས་སྙིང་པོར་གྱུར་པ་ལ་སྒྲིབ་བྱེད་ངང་གིས་བྲལ་བས་འོད་གསལ་བ། ཐུན་མོང་མ་ཡིན་པས་གསང་སྔགས་ཀྱི་ངོ་བོ་མ་བཅོས་པས་ཇི་བཞིན་པ་མ་བསླད་པས་དེ་བཞིན་པ་མ་ནོར་བས་དེ་ཁོ་ན་ཉིད་ལ་བྱའོ་ཞེས་གཞན་ཕྱོགས་བཅད་པ་ཉིད་དུ་བཀའ་སྩལ་ཏོ། །གཉིས་པ་ལ་བདུན་ཏེ། རྡོ་རྗེ་སེམས་དཔའི་ངོ་བོ། ངེས་ཚིག །མིང་གི་རྣམ་གྲངས། མིང་མ་གྲུབ་པ། མིང་གི་གཞི་མ་གྲུབ་པ། དེ་སྟོང་པ་ཉིད་དུ་གནས་པ། དེ་བྱམས་པ་དང་སྙིང་རྗེ་ལ་གནས་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། འོག་གི་ཚིགས་བཅད་རྣམས་མདོར་བསྟན་དུ་བྱས་ཏེ་སྦྱར་དགོས་པས། ལང་ཀའི་བདག་པོ་དེ་ལྟ་བས་ན་འདི་ལྟ་སྟེ། ཞེས་པ་དང་། ཆོས་ཉིད་ནམ་མཁའི། ཞེས་པ་ནས། རྣམ་པར་སྣང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་ཚིག་ཤད་ཀྱི་ཚུལ་གྱིས་སྔགས་ཀྱི་མདོ་ཞེས་པ་མིང་འགྲུབ་སྟེ། དོན་ལྷག་པ་མིན་ཀྱང་ལྷུག་པ་དང་ཚིག་ཤད་གཉིས་མདོ་རྒྱས་སུ་འབྱུང་བའི་ཕྱིར་ཏེ་ཆ་མཐུན་འཆད་པ་དག་ཀྱང་སྦྱར་རོ། །དེས་ན་ལང་ཀའི་བདག་པོ་ཞེས་སྡུད་པ་པོ་ལ་བོས་ནས། གཞུང་གི་གོ་རིམ་ལྟར་ན། སྔར་རྒྱས་པར་བསྟན་པའི་ཚུལ་དེ་ལྟ་བས་ན་ཞེས་པར་འགྱུར་ཡང་། འདིར། མདོར་བསྟན་དང་། རྒྱས་བཤད་ཆ་མཐུན་དུ་སྦྱར་ཏེ་སྟོན་པ་དེ་ལྟ་བས་ན་མདོར་བརྗོད་པ་འདི་ལྟ་སྟེ། གང་དེ་བཞིན་ཉིད་སྟོང་ལ་ཟད་མི་ཤེས་པ་མེད་ལ་ཐམས་ཅད་འབྱུང་ཞིང་ཁྱབ་པར་སྣང་ལ་མི་འགག་པ་ཆོས་ཉིད་ཀྱི་གནས་ལུགས་ནི་དཔེར་ན་ནམ་མཁའི་དཀྱིལ་ཡངས་ཤིང་དྭངས་པ་ལྟ་བུ་སྟེ་གཞི་ཆོས་ཀྱི་སྐུ་ཡིན་ལ། དེ་ལ་མཐའ་མ་དམིགས་པས་བླ་དྭགས་ཙམ་དུ་མ་ཆུང་པ་མེད་པར་དེ་ཉིད་ཀྱི་ངང་ནས་རང་བྱུང་གི་ཡེ་ཤེས་རིལ་གྱི་དངོས་གཞི་འབྱུང་བའི་གནས་སུ་རང་ཤར་བ་ནི་དཔེར་ན་ཉི་མའི་དཀྱིལ་འཁོར་བཀྲག་དང་ལྡན་པ་ལྟ་བུ་ལོངས་སྤྱོད་རྫོགས་པའི་སྐུ་རུ་གསལ་ལ། དེ་ལྟ་བུའི་བདག་པོའི་རྐྱེན་བྱས་པས་ཐུགས་རྗེ་ཆེན་པོའི་བདག་ཉིད་གང་ལ་གང་འདུལ་དུ་སྤྲོ་བ་ནི་དཔེར་ན་ཀུན་གསལ་སྒྲོན་མ་ཉི་མའི་འོད་ཟེར་རམ་མེ་འོད་དང་འདྲ་བར་སྤྲུལ་པའི་སྐུ་ཉིད་ཀྱིས་གདུལ་བྱའི་རྒྱུད་ཀྱི་གཏི་མུག་གམ་མ་རིག་པ་གཉིས་ཀྱི་མུན་པ་ཐམས་ཅད་ཀ་ནས་བསལ་བའམ་སྦྱངས་པས་རིལ་སྤྱོད་ཡུལ་དག་པ་ཉིད་དུ་རྣམ་པར་སྣང་ཞིང་ཡེ་ཤེས་སུ་གསལ་ལོ། །གཉིས་པ་ལ་གཉིས་ཏེ། སྤྱིར་བསྟན་པ། བྱེ་བྲག་ཏུ་སེམས་ཀྱི་དྲིས་ལན་ནོ། །དང་པོ་ནི། ཡང་ལང་ཀའི། ཞེས་པ་ནས། མི་འགྱུར་བ་ལ་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་ལང་ཀའི་བདག་པོས་དྲིས་པ། ངེས་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བཞི་པོ་རེ་རེ་ནས་དྲིས་ཏེ། ཀྱེ་གསང་བ་པའི་བདག་པོ། སེམས་ཀྱི་དཀྱིལ་འཁོར་ཞེས་བགྱི་བ་ནི་གང་། དེ་བཞིན་དུ་འོད་གསལ་བ་ཞེས་བྱ་བ་དང་། གསང་སྔགས་ཀྱི་ངོ་བོ་ཞེས་བྱ་བ་དང་། ཇི་བཞིན་པ་དེ་བཞིན་པ་དེ་ཁོ་ན་ཉིད་ཅེས་གང་ལ་བགྱི། ཞེས་དྲིས་པས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ། གང་རྒྱུ་རྐྱེན་འདུས་པ་ལས་འཕྲལ་དུ་མ་གྲུབ་པའི་ཡེ་ཤེས་ལ་སེམས་ཞེས་བྱ་བ་སྟེ་དེ་ཉིད་ནི་ངོ་བོ་ལ་བྱེད་པ་པོ་ཀ་ནས་དག་པས་མ་བྱས་པ། མཚན་ཉིད་རྒྱུ་རྐྱེན་ལ་རག་མ་ལས་པས་མ་བཅོས་པ། རོལ་པ་ཇི་སྙེད་པའི་ཆོས་སུ་མ་འགགས་པར་རང་ཤར་བས་སྣ་ཚོགས་སུ་འབྱུང་བ་སྟེ། ཁྱུང་ཆེན་ལས། བརྟགས་ན་མེད་ལ་བཞག་ན་སྣ་ཚོགས་འབྱུང་བའི་ལེགས་པ་ཆེ། དངོས་པོ་མེད་པར་ཆགས་པའི་ཆ་ལུགས་ཀུན་ལ་སྟོན། ཞེས་གསུངས་པ་ལྟ་བུའོ། །བདེ་བ་ཆེན་པོ་ཇི་བཞིན་པའི་ཀློང་ལ་མཐའ་དབུས་མེད་པས་དཀྱིལ་འཁོར་ཞེས་བྱ་བ་ནི། རིལ་གྱི་དངོས་གཞི་བས་ཐེག་རིམ་དགུའི་ཐ་སྙད་གཞན་ཐམས་ཅད་འདུས་ལ་མ་དམིགས་པའི་ཕྱིར་ཐིག་ལེ་གང་ཡིན་པ་དཔེར་ན་འབྲས་ཀྱི་ཕུང་པོ་བཞིན་དུ་མར་སྣང་ཡང་གདལ་ཁྱབ་མཉམ་པ་ཉིད་དོ། །དེ་དག་ནི་རྩ་བ་བཞིའི་དང་པོའི་ལན་ནོ། །འོད་ཅེས་བྱ་བ་ནི་གང་དུའང་སྣང་མ་མྱོང་ཡང་ངོ་བོ་དང་དྲི་མ་བྲལ་བས་ཕྱོགས་མེད་ཡེ་ཤེས་ཀྱི་སྣང་བའོ། །གསལ་བ་ཞེས་བྱ་བ་ནི། གང་མ་རིག་པའམ་མི་ཤེས་པ་ལས་གཞན་གང་གིས་ཀྱང་མ་བསྒྲིབས་པས་ངོ་བོས་དེ་ཉིད་ཀྱང་ཡེ་ཤེས་ཆེན་པོའི་དོན་དུ་ངེས་པའོ། །ཞེས་ལན་གཉིས་པའོ། །གསང་བ་ཞེས་བྱ་བ་ནི། ཇི་སྐད་བརྗོད་པ་མཐར་གྱུར་པས་བསྟན་དུ་མི་བཏུབ་པས་སྨྲར་མེད་པ་དང་ཡུལ་ལས་གྲོལ་ཞིང་བརྟགས་པར་དཀའ་བས་སྤྱོད་ཡུལ་དུ་མ་གྱུར་པ་ལ་བྱའོ། །སྔགས་ཞེས་བྱ་བ་ནི་བྱིན་རླབས་ཀྱི་གཞིར་གྱུར་པའི་ཕྱིར་རྒྱལ་བ་ཐམས་ཅད་དང་ཉེ། སྒྲིབ་པ་ཐམས་ཅད་འཇོམས། འབྲས་བུ་ཐམས་ཅད་འཐོབ་པས་ཡོན་ཏན་གྱི་འབྱུང་གནས་སུ་བརྗོད་པ་ལ་བྱའོ། །ངོ་བོ་ཉིད་ཅེས་བྱ་བ་ནི། ངོ་བོ་ཡོངས་སུ་མི་ཟིན་པས་དངོས་པོ་མེད་པ་གཟའ་གཏད་དང་བྲལ་བས་མི་དམིགས་པ་དངོས་པོ་གཉིས་པའི་ཆོས་རྣམས་ཀྱི་རྩ་བར་གྱུར་པས་ཀུན་འབྱུང་བའི་གཞི་ལ་བྱའོ། །ཞེས་གསུམ་པའི་ལན་ནོ། །ཇི་བཞིན་པ་ཞེས་བྱ་བ་ནི། མིན་པ་ལ་ཡིན་པར་འཕྲལ་དུ་ལམ་པས་གཏན་ཚིགས་ཀྱིས་མ་བསྒྱུར་བས་མ་བཅོས་རྩོལ་བ་དང་བསམ་དཔྱོད་ཀྱིས་སེལ་མ་ཞུགས་པས་མ་བསླད་པ་ལ་བྱའོ། །དེ་བཞིན་པ་ཞེས་བྱ་བ་ནི་ཡེ་ནས་དེ་ཉིད་པས་གློ་བུར་དུ་རྒྱུ་རྐྱེན་གཞན་གྱིས་ངོ་བོ་བསྒྲུབས་པ་མིན་པས་མ་བྱས་པ་མིང་གི་ཐ་སྙད་མ་བཀོལ་བར་སྒྲོ་མ་བཏགས་པས་རང་བྲལ་བའི་དོན་དམ་པ་ལ་བྱའོ། །དེ་ཁོ་ན་ཅེས་བྱ་བ་ནི། དེ་ཉིད་ལ་གོལ་ས་མེད་པས་མ་ནོར། གཉེན་པོས་བྱ་བ་མེད་པས་མི་འགྱུར་བ། འགྲེ་ལྡོག་སྤྱིའུ་ཚུགས་གར་འགྲོས་ཀྱང་སྙིང་པོ་བྱང་ཆུབ་ཉིད་པའི་ཕྱིར་ངོ་བོ་ངེས་པར་གྲུབ་པ་ལ་བྱའོ། །ཞེས་བཞི་པའི་ལན་ནོ། །གཉིས་པ་ནི། ཡང་ལང་ཀའི། ཞེས་པ་ནས། ལྟ་བུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ། མ་བྱས་མ་བཅོས་པ་ཞེས་བྱ་བ་ནི་གང་། སྣ་ཚོགས་འབྱུང་བ་ཞེས་བྱ་བ་ནི་ཇི་ལྟ་བུ་ཞེས་དྲི་བ་གཉིས་དྲིས་ཏེ་སྔ་མའི་སེམས་ཀྱི་དྲི་བའོ། །གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ། མ་ལུས་པའི་ཆོས་ཐིག་ལེ་ཆེན་པོར་རྒྱས་ཐེབས་པ་ལ། བྱེད་པ་པོ་མཁན་པོ་མེད་ལ། དེའི་ལས་སུ་བྱ་བས་བཙལ་དུ་མེད་པའི་ཕྱིར་གཉིས་ཀར་ཡང་མ་དམིགས་པས་དེས་ངོ་བོ་ཞིག་བསྒྲུབ་ཏུའང་མི་བཏུབ་པའི་ཕྱིར་མ་བྱས་པའོ། །གཞི་ཕྱི་མོའི་ཆོས་ཉིད་ཅི་བཞིན་པའི་ཕྱིར་གང་དུའང་མ་གཡོས་པས་མ་བཅོས་པའོ། །གང་རང་གི་ངོ་བོ་བསྟན་དུ་མེད་པ་ལས་རང་བཞིན་ཐམས་ཅད་པའི་ཕྱིར་རྒྱུན་དུ་འབྱུང་ཞིང་དུས་གསུམ་རིལ་དུ་མཚན་མ་ཐ་དད་ཐམས་ཅད་ལ་ཞེན་པས་མ་བསྒོས་པར་ཁྱབ་གདལ་དུ་འགྲོ་བ་ལེགས་པ་དགེ་བ་དང་། ཉེས་པ་སྡིག་པ་དང་གཉིས་ཀ་མ་ཡིན་པ་ལུང་དུ་མ་བསྟན་པ་སྟེ་དངོས་པོ་གཞི་གསུམ་གྱི་བསྡུས་པས་ཐ་དད་སྣ་ཚོགས་པར་རང་བྱུང་བའམ་སྣང་བའི་ཕྱིར་རང་བཞིན་ཀུན་ཏུ་གསལ་བའི་དབྱིངས་ཏེ་རྣམ་ཤེས་དགུ་པ་གང་དེ་ཉ ིད་ནི་དཔེ་ནམ་མཁའ་ལྟ་བུའོ། །དེའི་རྒྱུན་ནམ་སྦྱོར་བ་དོན་གྱི་ཀུན་གཞི་ནི་དེ་ཉིད་དུས་གསུམ་གྱི་རྒྱུན་དུ་སྣང་བས་ནམ་མཁའ་ལས་ཆོ་འཕྲུལ་འབྱུང་བ་ལྟ་བུ་སྟེ་གློ་བུར་བའི་ཕྱིར་རོ། །དེ་ལས་སོ་སོར་སྣང་བ་ཉོན་ཡིད་སྤྲིན་ལྟ་བུ་དང་། ཡིད་ཤེས་ཁུ་རླངས་ལྟ་བུ་དང་། སྒོ་ལྔ་འཇའ་ཚོན་ལ་སོགས་པ་ལྟ་བུའོ། །ཕྱི་མ་འདི་ལ་འཇའ་རླན་ཡང་སྣང་ངོ་། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ངོ་བོ་དང་མཐུན་པ་ལས་ཚིག་གཞན་མེད་ཀྱང་། ཆོས་ཉིད་སྐུ་གསུམ་དབྱེར་མེད་འདུས་མ་བྱས་པའི་ངོ་བོ་ཡེ་ཤེས་སུ་གསལ་བས་མ་རིག་པ་གཉིས་པོ་བག་ཆགས་དང་བཅས་པ་ཟིལ་གྱིས་གནོན་པས་ངེས་ཚིག་གི་དོན་བླང་ངོ་། །གཉིས་པ་ནི། ཡང་དྲིས་པ། ཞེས་པ་ནས། ཞེས་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ངེས་ཚིག་དྲི་བའི་ཕྱིར་ཡང་དྲིས་པ། གསང་བ་པའི་བདག་པོ་དེ་ལ་ཅིའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བགྱི། སྨྲས་པ། ལང་ཀའི་བདག་པོ་དེ་ཁོ་ན་ཉིད་ཅི་བཞིན་པ་དེ་ནི་གཏན་ཚིགས་བདུན་གྱིས་རྡོ་རྗེ་སེམས་དཔའ་ཞེས་སུ་འགྲུབ་སྟེ། རྡོ་རྗེ་སེམས་དཔའ་མ་བསླད་པའི་དེ་བཞིན་ཉིད་ཆེན་པོ་ནི་དུས་སྔ་ཕྱི་ཐམས་ཅད་ནས་ཐམས་ཅད་དུ་དེ་བཤིག་པ་པོས་གཉེན་པོ་མེད་པ་དང་། བདག་གཞན་གྱི་སྤྲོས་པ་དང་བྲལ་བས་འཕོ་འགྱུར་མེད་པ། རྒྱུ་རྐྱེན་ལས་འདས་པས་སྐྱེ་འགག་མེད་པ། མ་ནོར་མི་འགྱུར་བས་དེ་ཁོ་ན་ཉིད་དང་། མི་གཡོ་ཞིང་མ་བསྒྲིབས་པར་གསལ་བས་སེམས་རང་རིག་པ། དོན་ཆེན་པོ་ཇི་ལྟ་བར་ཡེ་མངོན་དུ་བྱས་པའི་ངོ་བོར་གྱུར་པས་དགོངས་པ་ངེས་པར་འགྲེལ་བ་ལས། ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་མཚན་གཞི་ཅིར་ཡང་སྣང་བ་རིལ་མཉམ་པ་ཆེན་པོར་མ་བཀག་ལ་མ་དམིགས་པར་གཏན་ནས་སྦྱངས་པའམ་དངོས་པོ་མེད་པ་ཉིད་དུ་བཅོམ་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་མཚན་ངེས་པར་བསྟན་པའོ། །དང་པོ་ནས་གསུམ་པའི་བར་ནི་མཚན་དང་པོའི་དོན་དང་། བཞི་པ་ནས་དྲུག་པའི་བར་ནི་བར་པའི་དོན་དང་། ཐ་མ་ནི་ཐ་མའི་དོན་ཏོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། མཐའ་ཡས། ཞེས་པ་ནས། ཆོས་རྣམས་ཀུན། །ཞེས་པའི་བར་རྐང་པ་གཉིས་ཀྱིས་བསྟན་ཏེ། མཐའ་ཡས་པའི་མིང་དུ་བཏགས་ཏེ་ཞེན་ཡུལ་དུ་སྣང་བ་ཡི་དངོས་པོ་བཟང་ངན་གྱི་ཡུལ་དྲུག་ལ་སོགས་པ་ཡོད་མཐོང་སྣང་གྲགས་ཀྱི་ཆོས་རྣམས་ཀུན་ཀྱང་གཉིས་མེད་ཀྱི་ངོ་བོ་ལས་མ་བཀོལ་བས་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། ཞེས་ཀྱང་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། རྡོ་རྗེ་སེམས་དཔའི་མཚན་སྒྲ་དུ་མར་སྣང་བའི་རྩ་བ་བཅུ་གཅིག་བསྟན་པ་གང་ཞེ་ན། ལང་ཀའི་བདག་པོ། རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་དེ་ལ་ནི་ཆེ་བ་རིལ་གྱི་བདག་ཉིད་པས་བླ་ན་མེད་པ། ཟླ་མེད་ཅིང་དྲི་མ་མ་སྤངས་ལ་དག་པས་བྱང་། ཡོན་ཏན་རང་སྣང་དུ་ལྷུན་གྱིས་གྲུབ་པས་ཆུབ། གཉིས་མེད་ཀྱི་ངོ་བོ་གསལ་ལ་མི་གཡོ་བས་སེམས་ཞེས་ཀྱང་བྱའོ། །བཤད་མ་ཐག་པ་ལྟར་ཆོས་བཞིས་བསྡུས་པ་རིལ་གྱི་ངོ་བོ་ཕྱོགས་རིས་དང་བྲལ་བས་ཆོས་རྣམས་ཀྱི་ཆོས་ཉིད་མ་བཅོས་པ་ཆེན་པོའི་ཕྱིར་དེ་བཞིན་ཉིད་ཅེས་ཀྱང་བྱའོ། །ངོ་བོ་མ་སྤངས་ལ་མ་གྲུབ་པའི་ཕྱིར་སེམས་ཀྱི་སྟོང་པ་ཉིད་ཅེས་ཀྱང་བྱའོ། །ཚིག་གིས་བརྗོད་དུ་མི་བཏུབ་ཅིང་གང་ལའང་མི་གནས་པས་མཐའ་ལས་འདས་པ་ཞེས་ཀྱང་བྱའོ། །མཐའ་མི་སྤོང་ཞིང་དབུས་ཡུལ་དུ་མི་བྱེད་པས་དེ་ཉིད་དུའང་འཛིན་པ་དང་བྲལ་བས་དབུ་མར་མི་དམིགས་པ་ཞེས་ཀྱང་བྱའོ། །ནོར་བུ་རིན་པོ་ཆེ་ལྟར་རྒྱལ་བ་རིལ་གྱི་ངོ་བོར་བཞུགས་ཏེ་གང་མོས་སུ་སྣང་བས་སངས་རྒྱས་ཀུན་གྱི་དངོས་གཞི་ཞེས་ཀྱང་བྱའོ། །འགྲོ་འོང་མེད་པར་ཇི་ལྟར་འདུལ་བ་བཞིན་རང་སྣང་བས་སྤྲུལ་པ་ཀུན་གྱི་འབྱུང་གནས་ཞེས་ཀྱང་བྱའོ། །སངས་རྒྱས་ཀུན་འདིས་གྲོལ་བར་བྱེད་པས་སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་ཞེས་ཀྱང་བྱའོ། །རྟོགས་ན་མུན་པ་སེལ་ཞིང་སྤྲུལ་པ་ཐམས་ཅད་པ་ཡིན་པས་ཞིང་ཁམས་ཀུན་གྱི་སྒྲོན་མ་ཞེས་ཀྱང་བྱའོ། །བྱིན་རླབས་མི་འགོག་པར་ཅིར་ཡང་འཆར་ལ་རང་སྣང་ཡེ་ཤེས་ཆེན་པོས་ཟིན་པས་ཐུགས་རྗེ་ཐབས་ཀྱི་འབྱུང་གནས་ཞེས་ཀྱང་བྱའོ། །ཕྲ་བཀོད་ལས། སེམས་ནི་གཟུགས་བྲལ་གཟུགས་ཀྱང་རྫོགས། །ཞེས་གསུངས་པའི་དོན་ལྟར། རིལ་མ་འདྲེས་པ་ཡོངས་སུ་རྫོགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བ་ཞེས་ཀྱང་བྱའོ། །བཞི་པ་ལ་གསུམ་སྟེ། མིང་བླ་དྭགས་ཡིན་པ། བླ་དྭགས་གློ་བུར་བ་ཡིན་པ། དེས་ན་མིང་མ་གྲུབ་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། བླ་དྭགས་ཙམ་དུ་བཏགས་པར་ཟད། །ཅེས་པས་བསྟན་ཏེ། འཁོར་འདས་ཀྱི་ཆོས་རིལ་ཅིའང་མ་ཡིན་པ་ལས་བླ་དྭགས་ཙམ་དུ་ཅིར་ཡང་བཏགས་པ་ལྟར་སྣང་བར་ཟད་དེ་ངོ་བོ་མི་ཟིན་པའོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། རིག་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། མཚན་དེ་དག་བསྟན་པའི་དགོས་ཆེད་ཀྱང་མོས་པ་ཅན་དང་གང་གི་དོན་དུ་རིགས་ཐ་དད་ནས་བྱ་བའི་སྒོར་དེ་ལྟར་བཏགས་ཀྱི། དེ་ཁོ་ན་ཉིད་ཀྱི་ངོ་བོ་ལ་ནི་མིང་དུ་བཏགས་པ་མེད་དོ། །དེས་ན་གློ་བུར་བ་དང་ལྷག་པར་འབྱུང་བ་དེ་དག་ནི་བླ་དྭགས་ཉིད་དུ་རིག་ཅིང་རྟོགས་པར་བྱའོ། །ཞེས་གདམས་སོ། །ལང་ཀའི་བདག་པོ། དེའི་ཕྱིར་ན་སངས་རྒྱས་སུ་བཏགས་པ་ནི་བླ་དྭགས་སོ། །ཆོས་ཀྱང་བླ་དྭགས་སོ། །བྱང་ཆུབ་ཀྱང་བླ་དྭགས་སོ། །དེ་བཞིན་དུ་དབྱིངས་དང་ཡེ་ཤེས་དང་ཆོས་ཀྱི་སྐུ་དང་སྐུ་ཐ་དད་པ་དང་། ཁམས་གསུམ་གྱི་སེམས་ཅན་དང་། འཇིག་རྟེན་བརྟན་གཡོ་ལ་སོགས་པ་མིང་ཐ་དད་དུ་བཏགས་པ་ལྟར་ཆགས་པར་སྣང་བ་ཇི་སྙེད་པ་དག་ཐ་སྙད་ཀྱི་བླ་དྭགས་འབའ་ཞིག་ཏུ་རིག་པར་བྱའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། མི་སྣང་བ་ལས། ཞེས་པ་ནས། གློ་བུར་སྣང་། །ཞེས་པའི་བར་རྐང་པ་གཉིས་ཀྱིས་བསྟན་ཏེ། ཆོས་ཉིད་བྱང་ཆུབ་ཀྱི་སེམས་ནི་མཐའ་གང་དུའང་སྣང་མ་མྱོང་བས་མི་སྣང་བ་ལས་ཐམས་ཅད་ཀུན་གྱི་དངོས་གཞི་བས་ཞེན་པས་ཇི་ལྟར་བསམ་པ་ལྟར་སྣང་བ་ལ་འཁོར་བ་ཐམས་ཅད་དང་མྱང་འདས་ཐམས་ཅད་དེ་བཟང་ངན་རིལ་བཤད་པ་ལྟར་ལྟོས་པའི་གློ་བུར་དུ་སྣང་བ་ཁོ་ནའོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། བླ་དྭགས་སུ་རིག་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། བླ་དྭགས་ཀྱི་མཚན་ཉིད་བསྟན་པའི་ཕྱིར་ལང་ཀའི་བདག་པོ། བླ་དྭགས་གང་ཡིན་པ་ནི་གློ་བུར་དུ་བཏགས་ཏེ་དེ་བཞིན་ཉིད་ལ་རྟོག་ཀྱང་དངོས་པོ་གཉིས་ཡེ་ཐོག་མ་ནས་ལྡན་པ་ཅན་ནི་མ་ཡིན་ནོ། །བླ་དྭགས་ཀྱི་མཚན་ཉིད་དེ་ལས་གཞན་ཞིག་ལྡན་པའི་སྐྱོན་ནི། ལང་ཀའི་བདག་པོ་གལ་ཏེ་བླ་དྭགས་ཉིད་ཡེ་ནས་ལྡན་པ་དེ་བཞིན་ཉིད་དང་མཚུངས་ཏེ་གློ་བུར་བ་མ་ཡིན་པ་ཞིག་ན་ནི། གང་གློ་བུར་བ་འཁོར་འདས་དང་དགེ་སྡིག་ལ་སོགས་པ་དངོས་པོ་གཉིས་པའི་ཆོས་ཐམས་ཅད་མི་འབྱུང་བར་སྣང་བ་གོ་འགག་པ་དང་། སྒྲིབ་པ་སྦྱངས་ཀྱང་དག་པར་མི་ནུས་པའི་སྐྱོན་དུ་འགྱུར་རོ། །ལང་ཀའི་བདག་པོ། གློ་བུར་གྱི་མཚན་ཉིད་ནི་དཔེར་ན་སྤྲིན་བཞིན་ཏེ། ཐེར་ཟུག་ཏུ་གནས་པ་མ་ཡིན། ཡེ་ནས་ལྡན་པ་མ་ཡིན། བརྟགས་བཟོད་པ་མ་ཡིན་པའི་གཏན་ཚིགས་གསུམ་གྱིས་ངེས་པ་ཡིན་ནོ། །ལང་ཀའི་བདག་པོ། དེ་ལྟར་གློ་བུར་གྱི་ངོ་བོ་ཡིན་པ་དེའི་ཕྱིར། མིང་གིས་བཏགས་པའི་ཆོས་རྣམས་དང་། བརྡ་ཡིས་མཚོན་ཏེ་ཞེ་ན་བློས་ཕྱི་རོལ་དུ་སྣང་བའི་མཐུ་ཅན་དག་དང་། མིང་ཙམ་པ་དེའི་སྒྲའི་སྤྱི་ཚིག་གི་ཐ་སྙད་དང་། འདུ་ཤེས་ཀྱིས་མཚན་མ་སྣ་ཚོགས་སུ་གདུང་བ་དོན་གྱི་སྤྱི་དང་། སྒྲ་རང་གི་མཚན་ཉིད་བློས་ངང་གིས་བརྟགས་ཏེ་རྗོད་བྱེད་དུ་བཏགས་པ་དང་། བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསུམ་དང་། ལས་ཀྱི་རྣམ་པར་སྨིན་པ་ཁམས་གསུམ་ལ་སོགས་པ་ཐམས་ཅད་ནི་ངོ་བོ་གློ་བུར་བ་སྟེ། དེའི་མཚན་ཉིད་ཞེན་པ་པོ་ལ་རྒྱུ་རྐྱེན་ལས་འབྱུང་བར་སྣང་བ་དང་། ཞེན་པས་འདོག་པ་དེ་ཉིད་དག་པས་སངས་པར་གྱུར་པ་དང་། དོན་མཐོང་དུ་མི་སྟེར་བས་སྒྲིབ་པ་དང་། མཚན་མ་དེ་ཉིད་འབྱོངས་པས་སྒྲིབ་པ་རྣམས་རང་སར་དང་པར་རིག་པར་བྱ་སྟེ་གློ་བུར་གྱི་གཏན་ཚིགས་བཞིར་འགྱུར་བའོ། །འོ་ན་གོང་གི་དཀོན་མཆོག་གསུམ་ལ་སོགས་པ་ནི་བསྒྲུབ་བྱ་ཉིད་པས་གློ་བུར་དུ་མི་འགྱུར་རོ་ཞེ་ན། དེ་དག་ནི་ངོ་བོ་ཉིད་མ་སྤངས་བྲལ་བའི་ཕྱིར། ལམ་པས་དེར་འདོད་ན་ཆེད་དུ་བྱས་པའི་ཞེན་པ་སྟེ། ཆུ་བོ་བརྒལ་བའི་གྲུ་བཞིན་དེ་དག་ཏུ་འཛིན་པ་ཉིད་ཀྱང་འདོར་བར་རིགས་པའི་ཕྱིར་རོ། །གློ་བུར་མིན་ན་སྐྱོན་གསུམ་བཤད་པ་དེའི་ངོ་བོ་བསྟན་པའི་ཕྱིར་ལང་ཀའི་བདག་པོ་གལ་ཏེ་རྒྱུ་ལས་དང་འབྲས་བུ་ལས་ཀྱི་རྣམ་པར་སྨིན་པ་ལ་སོགས་པ་ཆོས་དེ་རྣམས་གློ་བུར་དུ་མ་བཏགས་པར་གྱུར་ན་ནི་དེ་བཞིན་ཉིད་དམ་དེ་ཁོ་ན་ཉིད་ཀྱང་དྲི་མ་ཅན་པས་མཚན་ཉིད་གོང་དུ་བཤད་པ་དེ་ལྟར་གནས་ལུགས་སུ་མི་རུང་བ་ཞིག་ཏུ་འགྱུར་ན་ཡང་། ལང་ཀའི་བདག་པོ། དེ་བཞིན་ཉིད་དེ་ནི་ཕྱི་མོའི་ཆོས་ཉིད་གང་གི་དབང་དུ་ཡང་མི་འགྱུར་བའི་བླ་དྭགས་སུ་རིག་པར་བྱའོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ཉིད་ལ་ནི། ཞེས་པ་ནས། བརྗོད་པ་མེད། །ཅེས་པའི་བར་གྱིས་བསྟན་ཏེ། གསང་སྔགས་དེ་ཁོ་ན་ཉིད་ལ་ནི་ཡེ་ནས་རྣམ་པ་མ་དམིགས་པས་སངས་རྒྱས་དང་། བྱང་ཆུབ་དང་ཆོས་ཉིད་ལ་སོགས་པའི་སྒོ་ནས་ཐ་དད་དུ་བཏགས་པའི་མིང་གི་བླ་དྭགས་འདི་རྣམས་མིང་གི་ཐ་སྙད་ཙམ་དུའང་གྲུབ་པ་མེད་པས་དེ་ལྟར་ཚིག་ཏུ་བརྗོད་དེ་སྨྲ་བའང་དོན་ལ་མེད་དོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། ཆད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། བཤད་པ་བཞིན་གཏན་ཚིགས་ཀྱིས་གྲུབ་པ་དེའི་ཕྱིར་ཆོས་ཐམས་ཅད་ཀྱི་དངོས་པོ་གཤིས་ཀྱི་གནས་ལུགས་ནི་ཡེ་ཇི་བཞིན་པའི་ངང་ཉིད་དེ་མིང་གི་རྣམ་པས་བཏགས་པ་མེད་ལ། སྒྲ་ཉིད་མ་དམིགས་པས་ཚིག་གི་མཚོན་པར་བྱེད་པ་མེད་ཅིང་ངོ་བོ་གང་དུའང་ལྡན་པ་མེད་པ་ལ་ཚིག་གིས་བརྗོད་དེ་བསྟན་དུ་མེད་པས་ངོ་བོ་ཉིད་ནི་གང་གིས་ཀྱང་མཚོན་པར་མི་ནུས་པར་ཚིག་ལམ་ཆད་དེ་བསམ་བརྗོད་དང་བྲལ་བའོ། །ལྔ་པ་ལ་གཉིས་ཏེ། གཞིའི་དོན་ཙམ་དུའང་མ་གྲུབ་པ། ཐ་སྙད་སྣ་ཚོགས་དེ་ཁོ་ན་ཉིད་ལ་མེད་ཀྱང་བློ་ཆུང་བའི་དབང་དུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་དངོས་གཞི་ག་ལ་ཡོད། །ཅེས་པས་བསྟན་ཏེ། ངོ་བོ་དེ་ལ་དངོས་གཞི་རང་རྒྱུད་དུ་གྲུབ་པ་ག་ལ་ཡོད་དེ་གཞིའི་དོན་ཙམ་དུའང་མ་གྲུབ་པས་སོ། །གཉིས་པ་ནི། སྨྲས་པ། ཞེས་པ་ནས། མི་བརྙེས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀས་ཇི་བཞིན་པ་ཉིད་དུ་ལ་བློས་གཟུང་དུ་ཡོད་མེད་དྲིས་པ་བསྟན་པའི་ཕྱིར། སྨྲས་པ་གསང་བ་པའི་བདག་པོ། གང་མིང་དུ་བཏགས་པའི་གཞི་ཅི་བཞིན་པ་ཉིད་ལ་བཏགས་པ་བྲལ་བའི་གཞིའི་དོན་ཙམ་དུ་ཡང་རྣམ་པར་མི་རྟོག་གམ། ཞེས་དྲིས་པ་ན། སྨྲས་པ་ལང་ཀའི་བདག་པོ། གཞི་ཅི་བཞིན་པའི་ངང་ལ་རྟོག་བྱ་རྟོག་བྱེད་ལ་དམིགས་པས་གཞིའི་དོན་ཙམ་ཉིད་དུ་རྟོག་ན་ཡང་ནད་ཡིན་པའི་ཕྱིར་མི་རྟོག་བྱེ་བྲག་ཏུ་རྣམ་པར་མི་རྟོག་གོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལས་གཞན་པའི་གཏན་ཚིགས་ཀྱིས་དེའི་ངོ་བོ་ལྡན་པར་མི་རྙེད་པའི་ཕྱིར། གཞིའི་དོན་ཙམ་ཞིག་ནི་འདི་ལྟ་བུ་ཞེས་སངས་རྒྱས་ཉིད་ཀྱིས་བཙལ་ཡང་མི་བརྙེས་ཏེ་ངོ་བོ་ལ་གཉིས་སུ་མེད་ཅིང་ངོས་གཟུང་དང་བྲལ་བས་སོ། །ཞེས་བཀའ་སྩལ་ཏོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། གང་ལ་མིང་དུ། ཞེས་པ་ནས། སྣང་བ་ཡིན། །ཞེས་པའི་བར་རྐང་པ་གསུམ་དང་། སངས་རྒྱས། ཞེས་པ་ནས། བསྟན་ཕྱིར་བཏགས། །ཞེས་པའི་མིང་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། འོ་ན་གང་མེད་པ་ལས་སྣང་ན་རི་བོང་གི་རྭ་དང་ནམ་མཁའི་མེ་ཏོག་ཀྱང་འབྱུང་བར་རིགས་སོ་ཞེ་ན། དེ་ཁོ་ན་ཉིད་གང་ལ་སྣང་བ་ཐ་དད་ལྟར་མིང་དུ་མ་སྣ་ཚོགས་སུ་བཏགས་པའི་གཞི་ནི། མཚན་ཉིད་ཐམས་ཅད་པ་ལ་མཚན་ཉིད་མེད་པ། རྣམ་པ་ཀུན་ལྡན་རྣམ་པ་བྲལ་བ། བརྗོད་པ་ཀུན་འབྱུང་བརྗོད་པ་མེད་པ་ནི། གང་ཡང་མ་བཀོལ་བས་རྣམ་པའི་ཕྱོགས་བྲལ་བའི་ཕྱིར་ངོ་བོ་དངོས་པོར་མེད་ཅིང་ལྷུན་གྱིས་གྲུབ་པའི་རྒྱུ་ལས་ཇི་ལྟར་བཏགས་ཤིང་བསྙད་པ་ལྟར་ཆགས་ལ་བསྒྲུབ་པ་ལྟར་འགྲུབ་ཅིང་། བསམ་པས་གང་དུ་བལྟས་པར་སྣང་སྟེ་ཀུན་ཏུ་བཏགས་པའི་ངོར་མཚན་མ་ལྟར་ཡོད་པ་ཡིན་པས་རི་བོང་གི་རྭ་དང་མི་མཚུངས་ཏེ། ནམ་མཁའ་ཆེ་ལས། རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་བལྟས་པ་དེ་ལྟར་སྣང་། །ཞེས་དང་། ཀུན་འདུས་ལས། མདོར་ན་ཇི་ལྟར་བཏགས་བསམ་བཞིན། །འགྱུར་བས་ཐམས་ཅད་ངོ་བོར་སྣང་། །ཞེས་སོ། །དེས་ན་གཞི་ཉིད་གང་ཡང་ལྷུན་གྱིས་གྲུབ་པའི་ཕྱིར་རྣམ་པའི་ཆོས་སངས་རྒྱས་ལ་སོགས་པ་གང་དུའང་མེད་པ་ལས་སངས་རྒྱས་དང་བྱང་ཆུབ་དང་ཆོས་ཉིད་ལ་སོགས་པའི་ཐ་དད་ཀྱི་མིང་གི་བླ་དྭགས་བཟང་ཕྱོགས་སུ་བཏགས་པ་རྣམས་ནི་དོན་མི་ཤེས་པར་རྨོངས་པ་རྣམས་ལ་བསྟན་པའི་ཕྱིར་བཏགས་པ་ཡིན་ཏེ། བརྒྱུད་ནས་དྲང་བའི་དགོས་པ་ཡོད་པས་སོ། །གཉིས་པ་ནི། དེ་བས་ན། ཞེས་པ་ནས། རྟོག་པར་བྱེད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། གོང་དུ་བཤད་པ་དེ་ལྟ་བས་ན་དོན་གྱིས་གློ་བུར་གྱི་རྟོག་པ་ཀུན་ཏུ་འཁྲུལ་པ་ངན་པ་དང་། དེ་ལྟར་མི་རྟོག་པ་བཟང་པོར་གྱུར་པ་ལས་སངས་རྒྱས་དང་སེམས་ཅན་ཞེས་གཉིས་སུ་བཏགས་པས་ཞེན་པ་གཉིས་ཀྱིས་དེ་ལྟར་མཐོང་བར་ཟད་ཀྱི། དེ་བཞིན་ཉིད་ནི་ངོ་བོ་དེ་ལ་ནི་སངས་རྒྱས་དང་སེམས་ཅན་ཐ་དད་དུ་གདགས་པ་ཅུང་ཟད་ཀྱང་མེད་དོ། །འོན་ཀྱང་དོན་ཆེན་པོ་མ་རིག་པའི་བྱིས་པ་རྒྱུའི་ཐེག་པ་རྣམས་ནི་གློ་བུར་བའི་རྟོག་པ་དག་གི་སྤྲིན་གྱིས་ཡང་དག་པའི་དོན་ལ་བསྒྲིབས་པས་དོན་ཇི་བཞིན་པ་མཐོང་དུ་མི་སྟེར་བའི་ཕྱིར། གློ་བུར་གྱི་ཆོས་ཀུན་རྫོབ་པ་དེ་དག་ལ་སླར་ཡང་དོན་དུ་གཉེར་ཏེ་ཆེད་དུ་བྱེད་ཅིང་རྒྱུ་འབྲས་ལ་སོགས་པར་འཛིན་པས་འཁྲུལ་ནས་རྒྱུ་འཁོར་བ་དང་འབྲས་བུ་བྱང་ཆུབ་གཉིས་སུ་རྟོག་པར་བྱེད་དོ། །དེ་བཞིན་དུ་མ་དག་པ་སེམས་ཅན་དང་དག་པ་སངས་རྒྱས་གཉིས་སུ་ཡང་རྟོག་པར་བྱེད་དོ། །དྲུག་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། སྣང་ཉིད། ཅེས་པ་ནས། དམིགས་པ་མེད། །ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་བཏགས་པ་ལྟར་ཆགས་ཤིང་བསྒྲུབ་པ་ལྟར་འགྲུབ་པའི་སྣང་བ་ཉིད་ཀྱང་དོན་ལ་དངོས་པོར་མེད་པའི་སྙིང་པོ་དེ་ཁོ་ན་ཉིད་དུ་རང་གསལ་བ་སྟེ་དེ་ལས་གཞན་པ་མེད་པའི་ཕྱིར་རིལ་ཡོད་མེད་སོགས་མཐའ་གཉིས་སུའང་དམིགས་པ་མེད་དེ་ཀུན་ཏུ་གྲོལ་བའོ། །གཉིས་པ་ནི། སྨྲས་པ། ཞེས་པ་ནས། མི་གནས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་གི་རང་བཞིན་རྟོགས་པར་བྱ་བའི་ཕྱིར། སྨྲས་པ། གསང་བ་པའི་བདག་པོ། འོ་ན་སེམས་ཅན་དང་སངས་རྒྱས་འདི་གཉིས་ཇི་ལྟར་ཤེས་པར་བྱ། སྨྲས་པ། ལང་ཀའི་བདག་པོ། རང་རིག་པ་འོད་གསལ་བའི་ངོ་བོ་སངས་རྒྱས་དང་སེམས་ཅན་གྱི་ངོ་བོ་མ་དམིགས་པས་སྟོང་པ་ཉིད་དུ་ཤེས་པར་བྱའོ། །སྨྲས་པ། གསང་བ་པའི་བདག་པོ། སྟོང་པ་ཉིད་ཅི་ལ་གནས། སྨྲས་པ། ལང་ཀའི་བདག་པོ། སྟོང་པ་ཉིད་ནི་ཆོས་སོ་ཅོག་གི་མཚན་ཉིད་ཡིན་པས། རིལ་ལ་ཁྱབ་སྟེ་ཆོས་ཐམས་ཅད་ལ་གནས་སོ། །སྨྲས་པ། གསང་བ་པའི་བདག་པོ། ཆོས་ཐམས་ཅད་ཅི་ལ་གནས། སྨྲས་པ། ལང་ཀའི་བདག་པོ། ཆོས་ཐམས་ཅད་ནི་སྟོང་པ་ཁོ་ནའི་ཕྱིར་སྤྱོད་ཡུལ་རྟེན་དང་རྟེན་ཅན་ལས་གྲོལ་བས་གང་ལའང་རྟེན་མི་འཆའ་བས་མཐའ་ཐམས་ཅད་དང་བྲལ་ཏེ་ཅི་ལའང་མི་གནས་སོ། །བདུན་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེས་ན་བྱས་མེད་བྱས་པ་ཟིན། །ཞེས་པས་བསྟན་ཏེ། སྟོང་པ་ཉིད་ཀྱི་གཏན་ཚིགས་དེས་ན་ཆེད་དུ་བྱས་པ་མེད་པར་ཕྲིན་ལས་ཀྱིས་དོན་ཡེ་ནས་བྱས་ཏེ་མཛད་པ་རྫོགས་ཟིན་པས་རིལ་ལྷུན་གྱིས་གྲུབ་པའོ། །གཉིས་པ་ལ་གཉིས་ཏེ། བྱམས་པ་དང་སྙིང་རྗེ་ལ་གནས་པ་དངོས་དང་། དྲིས་ལན་འཕྲོས་སུ་བསྟན་པའོ། །དང་པོ་ནི། སྨྲས་པ། ཞེས་པ་ནས། མེད་པའི་ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། སྨྲས་པ། གསང་བ་པའི་བདག་པོ། སྟོང་པ་ཉིད་ལ་གནས་པ་ཇི་ལ་གནས་པ་ལགས། སྨྲས་པ། ལང་ཀའི་བདག་པོ། གཞན་དོན་བྱ་བྱེད་མེད་པར་རྟོགས་ཚུལ་བསྟན་པའི་ཕྱིར་སྟོང་པ་ཉིད་ལ་གནས་པ་ནི་བྱེད་པ་མེད་ལ་བྱ་བ་རྫོགས་པས་བྱམས་པ་དང་སྙིང་རྗེ་ཆེན་པོ་ལ་གནས་པ་སྟེ། གང་སྟོང་པ་ཉིད་དེས་ཀུན་ལ་ཁྱབ་ཟིན་པས་སེམས་ཅན་གྱི་དོན་ཀུན་བྱེད་པ་མེད་པར་བྱ་བ་ཡོངས་སུ་རྫོགས་ཏེ་བྱམས་དང་སྙིང་རྗེའི་དམིགས་ཡུལ་དང་བྲལ་བར་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། དོན་བྱེད་པ་པོའི་སངས་རྒྱས་དང་བྱ་བའི་ཡུལ་སེམས་ཅན་ཐམས་ཅད་ལ་སྟོང་པ་ཉིད་ལས་ལྷག་པའི་དོན་བྱེད་པ་དང་བྱ་བ་ཅི་ཡང་མེད་པར་རྒྱས་ཐེབས་པས་གཞན་ནས་མི་རྙེད་པའི་ཕྱིར་རོ། །གཉིས་པ་ནི། སྨྲས་པ། ཞེས་པ་ནས། རིག་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སྨྲས་པ། གསང་བ་པའི་བདག་པོ། སངས་རྒྱས་དང་སེམས་ཅན་ཀུན་སྟོང་པ་ཉིད་ཡིན་ན། སངས་རྒྱས་གང་གི་ཐུགས་རྗེ་ཆེན་པོས། གདུལ་བྱ་སེམས་ཅན་གང་ལ་དོན་ཇི་ལྟར་མཛད་དེ་ནམ་མཁའ་དང་འདྲ་བས་སོ། །ཐུགས་རྗེ་ཆེན་པོ་ཞེས་སུ་གྲགས་པ་དེ་ཡང་གང་གི་ཚིག་བླ་དྭགས་ལགས། ཞེས་དྲི་བ་གཉིས་དྲིས་པ་ལས། ལན་སྨྲས་པ། ལང་ཀའི་བདག་པོ། དངོས་པོ་གཉིས་པའི་ཆོས་ཐམས་ཅད་མཐའ་དང་བྲལ་བའི་སྟོང་པ་ཉིད་ཆེན་པོ་ལ་རང་བཞིན་གྱིས་གནས་པས་ན། དེའི་ངོ་བོར་མ་བགྲོད་པར་རྒྱས་བཏབ་སྟེ་སངས་རྒྱས་དང་སེམས་ཅན་གཉིས་སུ་མ་མཐོང་བས་སྙིང་རྗེའི་ཡུལ་སེམས་ཅན་གུད་ན་མེད་པར་དོན་གྱི་གནས་ལུགས་ཅིའང་མ་མཐོང་ཞིང་མ་རིག་པའི་ཚུལ་གྱིས་མཐོང་ཞིང་རིག་པར་གྱུར་པ་ནི་འགྲོ་དོན་མ་བྱས་པར་རྫོགས་ཏེ་ཐམས་ཅད་སྙིང་པོ་བྱང་ཆུབ་ཏུ་ཡོ་བསྒྲལ་བའི་ཕྱིར་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཡིན་ལ། དེ་ལྟ་བུའི་ངེས་དོན་ཟབ་མོ་མ་རྙེད་པར་ཐེག་པ་དམན་པས་བྱིས་པའི་སྙིང་རྗེ་དག་གིས། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཏོན་ཏེ་བསྐྱབ་པ་དང་། གང་ཐར་པར་བཏོན་ཏེ་མྱ་ངན་ལས་འདས་པ་ལ་བཀོད་པ་དེ་ནི་གཉིས་སུ་བཟུང་བས་སྙིང་རྗེ་ཆུང་ངུར་རིག་པར་བྱ་སྟེ། དམིགས་པས་བྱ་བའི་ལས་སུ་གྱུར་པ་དང་། འཇིག་རྟེན་མཐའ་མེད་ལ་ལྟོས་ནས་བ་སྤུའི་ཆའི་དོན་ཙམ་ཡང་མེད་པ་དང་། སླར་ཡང་འཆི་བ་ཡོད་པའི་ཕྱིར་དང་། དེ་དག་གི་རྩ་བ་ཡང་སྙིང་རྗེ་ཆེན་པོ་ཡིན་པའི་ཕྱིར་ནའོ། །ལང་ཀའི་བདག་པོ། དེ་བས་ན་སྙིང་རྗེ་ཆེན་པོ་ལ་དམིགས་པས་གནས་པར་མི་འདོད་པའི་ཚུལ་གྱིས་རྒྱུན་དུ་གནས་པ་དང་མི་འབྲལ་བའི་ངང་ལ་མི་གནས་པས་གནས་པར་བསླབ་སྟེ་ལྟ་བར་བྱའོ། །ལང་ཀའི་བདག་པོ། གང་སྙིང་རྗེ་ཆེན་པོ་ལ་གནས་པའི་རྣལ་འབྱོར་ཆེན་པོ་དག་གི་མཛད་པ་ནི། སེམས་ཅན་ཇི་སྙེད་པ་འགའ་ཡང་། གློ་བུར་དུ་འཆིང་བ་གཅོད་དེ་གྲོལ་བར་ཡང་མི་བྱེད། དེ་ཉིད་སྡོམ་སྟེ་འཆིང་བར་ཡང་མི་བྱེད་དེ། ཡེ་ནས་འཆིང་གྲོལ་མ་དམིགས་པ་ལ། དོན་དེའི་རྗེས་སུ་ཤེས་པ་འབྲང་བའང་མེད་པ་ནི། བྱ་བ་དང་རྩོལ་བའི་ཐེག་པ་རིལ་གཅོད་པས་རྡོ་རྗེ་མཚོན་ཆ་ཆེན་པོ་སྟེ། དེ་ཉིད་ཀྱིས་གདུལ་བྱར་སྣང་བ་མ་འགགས་ལ་མི་དམིགས་པས་དངོས་སུ་ཆེད་དུ་བསད་པ་མེད་པར་གཉིས་མེད་རྟོགས་ཤིང་གོམས་པས་ཡོ་བསྒྲལ་ཏེ་བསད་པ་ཆེན་པོ་ཁོ་ནའོ། །དེ་ཉིད་གཏན་ཚིགས་ཀྱིས་སྒྲུབས་པ་དེ་ཅིའི་ཕྱིར་ཞེ་ན། གཞི་ལ་འགྲོ་བ་སེམས་ཅན་རང་རྒྱུད་པ་མེད་པ་ལས་ཞེན་རྟོག་སྣང་བ་ལ་སེམས་ཅན་དུ་བཏགས་པའི་ཡོད་པ་ཙམ་གྱི་ཕྱིར་རོ། །ཞེས་དང་པོའི་ལན་ནོ། །ཐུགས་རྗེ་ཆེན་པོའམ་སྙིང་རྗེ་ཆེན་པོ་དེའི་མིང་ངེས་པར་གང་ལས་གྲུབ་ཅེ་ན། དེ་ནི་དེ་བཞིན་ཉིད་དང་། གློ་བུར་གཉིས་ཀྱིས་ཁྱད་པར་གྱི་གཉིས་ཀ་ལས་བཏགས་ཏེ། ཡེ་གཉིས་སུ་མེད་པས་ཟིན་པ་དང་། ཐ་སྙད་དེ་ཉིད་དུ་དག་པ་ཙམ་ལ་ཚིག་བླ་དྭགས་སུ་བཏགས་པ་ཡིན་པར་རིག་པར་བྱའོ། །ཞེས་གཉིས་པའི་ལན་ནོ། །གསུམ་པ་ནི། ཞེས་སྨྲས་པས། ཞེས་པ་ནས། གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ཞེས་གསང་བདག་ཆེན་པོས་དེ་སྐད་ཅེས་སྨྲས་ཏེ་བཀའ་སྩལ་པས། ལང་ཀའི་བདག་པོ་ལ་སོགས་པ། འགྲོ་བ་ལུས་ཀྱི་སེམས་དཔའ་རྣམས་དོན་དེ་ཐོས་པས་ལམ་དང་འབྲས་བུ་གཞན་ན་མེད་པར་རྟོགས་པས་གཞན་ལ་རེ་རྩོལ་མེད་པར་ཐ་མའི་དབུགས་ཕྱིན་ཏེ་གསང་སྔགས་གཉིས་མེད་ཀྱི་དོན་ལ་མངའ་བརྙེས་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། སྒྲོན་མའི་གཞི་གསང་སྔགས་རང་གི་ངོ་བོ་ཇི་བཞིན་པ་ཉིད་ཀྱི་མཚན་ཉིད་བདག་ཉིད་ཆེན་པོའི་རྣལ་འབྱོར་དང་། ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་། ཀློང་ཡངས་ཆུབ་པའི་རྣལ་འབྱོར་གྱི་སྤྱོད་ཡུལ་ཆོས་ཐམས་ཅད་ཀྱི་རང་བཞིན་ཟབ་ཅིང་གཏིང་དཔགས་དཀའ་བ་ཉིད་གསལ་བར་བསྟན་པའི་ལེའུ་སྟེ་བརྒྱད་པ་རྣམ་པར་བཤད་པའོ། །དེ་དག་གིས་ཐེག་པ་ཆེན་པོ་བླ་ན་མེད་པའི་དོན་ངེས་པར་འབྱུང་བའི་ཚུལ་ལས། སྒྲོན་མ་ཡོངས་སུ་བཀོད་པའི་གཏམ་རྒྱུད་བརྗོད་པའི་གསུང་ཆོས་ཀྱི་ཕྱག་རྒྱའི་ཡི་གེའི་ཚོགས་ཀྱིས་རང་བྱུང་གི་ཡེ་ཤེས་རྣམ་པར་བགྲོས་པ་སྟེ། བྱུང་ཚུལ་བསྟན་པ་གཉིས་པའི་དོན་རྒྱས་པར་བཀྲོལ་བའོ།། །།བམ་པོ་གཉིས་པར་ཟུག་པའོ། །གསུམ་པ་གང་གིས་ངེས་པ་རྙེད་པའི་བྱུང་ཚུལ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས། ཞེས་པ་ནས། ཉིད་ལ་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ལང་ཀའི་བདག་པོས་ཡང་གསང་བ་པའི་བདག་པོ་ལ། སྔོན་དུ་བྱུང་བའི་ཚིག་བཅུ་གཉིས་པའི་གསུམ་པ། གང་གིས་ངེས་པ་རྙེད་པ་ན་ཡང་འབྱུང་། ཞེས་སྔོན་ཐུབ་པས་བསྟན་པ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཞེས་བོས་ནས། ཉིད་ཀྱིས་ཐེག་པ་ཆེན་པོ་དམ་པ་རྣམས་ཀྱི་དགོངས་པ་གསང་བ་དམ་པ་ཉིད་གདུལ་བྱའི་སྣང་ངོར་བྱུང་སྟེ་བཀོད་པའི་ཚུལ། སྟོན་པ་ཤཱཀྱ་ཐུབ་པས་ལུང་བསྟན་པ་གཏམ་རྒྱུད་དུ་བརྗོད་པའི་སྐབས་སུ། སྐྱེས་བུ་གང་གིས་ཡུལ་གང་ལ་ངེས་པ་ཅི་ཞིག་དུས་ནམ་གྱི་ཚེ་རྙེད་པ་ན་ཡང་འབྱུང་ཞེས་བཀོད་པ་དེ། ཚུལ་ཇི་ལྟ་བ་ཞིག་ཏུ་རྙེད་དེ་གྲགས་པ་ལགས། སྨྲས་པ། ལང་ཀའི་བདག་པོ། སུ་གང་ཡང་རུང་བ་དག་གིས་རྙེད་པར་བྱ་བ་ནི་གསང་སྔགས་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་ཀྱི་ངེས་པ་ཇི་བཞིན་དུ་རྙེད་ཅིང་གོ་བས་གསང་སྔགས་ཐོབ་པ་ཡིན་ལ། གང་གིས་དེ་ལྟར་ཕྱིན་ཅི་མ་ལོག་པར་རྙེད་པ་དེ་ཁོ་ཉིད་ལ་བྱའོ། །སྤྱིར་བྱུང་ཚུལ་འདིའང་དམ་པའི་སྒྲོན་མ་ཇི་ལྟར་བཀོད་ཀྱི་ལན་ཏེ། ཁྱད་པར་རྩལ་འཕངས་ལས་སྦྱོར་ལམ། རྒྱུད་གནས་ལུགས་ལས་ངེས་པ་རྙེད་པའི་བྱུང་ཚུལ་མ་ནོར་དོན་རྙེད་ཀྱི་ལྟ་བ་དབུལ་མོས་གཏེར་རྙེད་པ་ལྟ་བུ་ཉིད་རྒྱས་པར་སྟོན་ནོ། །གཉིས་པ་ལ་དྲུག་སྟེ། ངེས་པ་རྙེད་བྱ་ཤེས་བྱ་དེ་ཁོ་ན་ཉིད། ཐེག་པ་གཞན་ལས་འཕགས་ཏེ་ཆེ་བ། དེ་ལམ་པ་དང་ངེས་པ་རྙེད་བྱེད་ཀྱི་ཐབས་ཀྱིས་རྙེད་དཀའ་བ། དབུགས་དབྱུང་ཞིང་ངེས་པ་རྙེད་པ་དངོས། ལམ་གྱི་ཆ་རྐྱེན་དབང་བསྐུར་བ། ངེས་པ་རྙེད་པའི་ཡོན་ཏན་སངས་རྒྱས་སུ་ལུང་བསྟན་པའོ། །དང་པོ་ལ་གསུམ་སྟེ། དྲིས་ལན་སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། སྨྲས་པ། ཞེས་པ་ནས། དག་པར་བྱུང་ངོ་། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་ངེས་དོན་སྟོན་ནོ། །ཡང་སྨྲས་པ། གསང་བ་པའི་བདག་པོ། གསང་སྔགས་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་རྙེད་པར་བྱུང་བ་དེ། རྒྱུ་གང་ནས་བྱུང་། རྟེན་གང་ན་གནས། ཡུལ་གང་དུ་སྣང་། ཚུལ་ཇི་ལྟར་བྱུང་ལགས། དེ་སྐད་ཅེས་དྲིས་པས། གསང་བ་པའི་བདག་པོས་ངེས་དོན་དྲིས་པའི་ལན་སྨྲས་པ། ཀྱེ་ལང་ཀའི་བདག་པོ། གསང་སྔགས་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་དེ་ནི་གཞན་ན་མེད་པའི་ཕྱིར། འཁོར་བ་དང་མྱ་ངན་ལས་འདས་པ་མུན་སྣང་གི་དངོས་པོ་གཉིས་ཀྱི་ཁམས་ནས་དེ་ཁོ་ན་ཉིད་དུ་རང་བྱུང་སྟེ་རང་བཞིན་ཀུན་ཏུ་སྣང་ངོ་། །རྟེན་གཞི་དབྱེར་མེད་དུ་གནས་པས་སངས་རྒྱས་ཀུན་གྱི་ཐུགས་ལ་ཡེ་ཉིད་ནས་རང་བྱུང་ཡེ་ཤེས་ཀྱི་དགོངས་པར་གནས་པ་དང་། སེམས་ཅན་ཀུན་གྱི་སེམས་ལོག་པར་རྟོག་པ་ལ་ཆོས་ཉིད་དུ་གནས་ཏེ། བསམ་པ་ལྷུན་གྱིས་གྲུབ་ཅིང་མཐར་སོན་པ་ན་སྣང་བས་སོ། །སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་སྐུའི་ཞིང་ཁམས་མཐའ་ཡས་སུ་སེམས་ཅན་གྱི་འཇིག་རྟེན་ཐ་དད་པར་སྐུ་བསྟན་པའི་གཟུགས་བརྙན་གྱིས་མཚོན་ནས་བྱིན་རླབས་སྒྲོན་མར་རང་སྣང་ངོ་། །ཡེ་ཇི་བཞིན་པ་ངོ་བོ་ཉིད་རང་བཞིན་ལྷུན་གྱིས་གྲུབ་པ་དང་། དེ་ཉིད་རྟོགས་པས་ཞེན་པའི་བསམ་རྒྱུད་དག་པར་གྱུར་པ་གཉིས་ལྟ་བུར་བྱུང་ངོ་། །ཞེས་གསུངས་སོ། །གཉིས་པ་ལ་བཞི་སྟེ། རྡོ་རྗེ་སེམས་དཔའ་རང་གི་ངོ་བོ། རྡོ་རྗེ་སེམས་དཔའི་མཚན་ཉིད། དེ་ཁོ་ན་ཉིད་ཤེས་པར་གདམས་པ། སེམས་རྟོགས་མ་རྟོགས་ཀྱི་སྐྱོན་ཡོན་ནོ། །དང་པོ་ནི། ཡང་ལང་ཀའི། ཞེས་པ་ནས། གཞག་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་ལང་ཀའི་བདག་པོས་དྲིས་ལན་ཐ་མའི་ངེས་པ་ཉིད་དྲིས་པ། གསང་བ་པའི་བདག་པོ། རྡོ་རྗེ་སེམས་དཔའ་ཉིད་དུ་ངེས་པ་གང་ལ་གཞག་པར་བགྱི། གསང་བ་པའི་བདག་པོསསྨྲས་པ། ལང་ཀའི་བདག་པོ། ཞིང་ཁམས་ཐ་དད་པའི་སྒྲོན་མ་ཡང་སྤྲུལ་པ་དང་བཅས་པ་ལ་སོགས་པར་སྣང་བའི་ངོ་བོ་རྡོ་རྗེ་སེམས་དཔའ་ནི་ཕྱོགས་མེད་དུ་མ་འགགས་པར་འཆར་བས་གཅིག་གི་ངོ་བོ་དང་། ཐམས་ཅད་སེམས་ཅན་ཉིད་དེ་ཁོ་ན་ཉིད་ཡིན་པས་ཐ་དད་པའི་ངོ་བོ་ཉིད་ལས་གྲོལ་ཏེ་བླ་དྭགས་ཙམ་དུ་མཐའི་འཆིང་བ་ཡེ་བྲལ་བའི་ཆོས་རྣམས་ཀྱི་ཆོས་ཉིད་ཇི་བཞིན་པ་ལམ་པ་དང་འབད་རྩོལ་གྱི་བྱེད་པས་མ་བཅོས་རྒྱུ་རྐྱེན་གྱིས་མ་བསླད། སྙིང་པོ་བྱང་ཆུབ་ཏུ་ཡེ་ནས་རིལ་གྱིས་འབྲས་བུའི་རྩ་བར་གནས་པའི་གནས་ལུགས་ཡེ་སངས་རྒྱས་པར་རྟོགས་སུ་ཡོད་ལ་ངོ་བོ་འདི་འདྲར་བསྟན་དུ་མེད་པ་དེ་ལ་ཡེ་ཇི་བཞིན་པའི་རྡོ་རྗེ་སེམས་དཔའ་ཞེས་གདགས་སོ། །དེ་ཁོ་ན་འགྲོ་བ་སེམས་ཅན་ཀུན་གྱི་སེམས་ཀྱི་ཆོས་ཉིད་ཇི་བཞིན་པར་གནས་པས་དེ་ཉིད་མ་མཐོང་བ་དང་མི་འདྲ་བར་གང་ལམ་གྱིས་སྒྲུབས་པས་ཇི་ལྟ་བར་མཐོང་བར་གྱུར་ཏེ་རྟོགས་པ་ཚད་དུ་ཕྱིན་པའི་གནས་སྐབས་གློ་བུར་གྱི་ཞེན་པ་དང་རང་གི་ངོ་བོ་གཉིས་ཀ་དང་བྲལ་བ་ལ་ནི། རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་ཞེས་ངེས་པར་གདགས་སོ། །རིལ་གྱི་སྤྱི་མེས་ཆེན་པོ་དེ་ལྟ་བས་ན་དེ་བཞིན་དུ་སྲས་ཀྱི་སངས་རྒྱས་ངོ་བོའི་སྐུ་ཐམས་ཅད་ཀྱང་བསམ་དབང་གིས་ཡེ་ཇི་བཞིན་པ་དང་། རྒྱུད་དག་པའི་སངས་རྒྱས་གཉིས་སུ་མ་འགགས་པར་རྣམ་པར་གསལ་ཏེ་སྣང་ངོ་། །གཏན་ཚིགས་དེ་བས་ན་རྡོ་རྗེ་སེམས་དཔའི་ངེས་པ་ནི། རྟོགས་མ་རྟོགས་གཉིས་ཀྱི་སྣང་བས་འཁོར་འདས་སུ་ཕྱེ་བ་ལས་ཆོས་ཐམས་ཅད་ཀྱི་ངོ་བོ་ལ་ཐ་དད་མེད་པས་གསང་སྔགས་ཡེ་ཇི་བཞིན་པ་དེ་ཁོ་ན་ཉིད་ལ་ངེས་པར་གཞག་པར་བྱའོ། །གཉིས་པ་ལ་གསུམ་སྟེ། གདགས་སུ་མེད་པ། དམིགས་སུ་མེད་པ། དབྱེར་མེད་པའོ། །དང་པོ་ནི། ཡང་ལང་ཀའི། ཞེས་པ་ནས། བཙལ་བར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ། རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་ལ་དྲི་བའི་ཕྱིར་ཞལ་གྱིས་འཆེས་པའི་སེམས་ཅན་ཀུན་གྱི་སེམས་ཀྱི་ཆོས་ཉིད་དེ་ཡི་ངོ་བོ་གང་ལགས། དོན་གང་ཞིག་མཐོང་ན་ངོ་བོ་དེ་ཉིད་མཐོང་བའམ་རྟོགས་པར་འཇོག་པ་ལགས། དེ་སྐད་ཅེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ། འགྲོ་བ་སེམས་ཅན་ཀུན་གྱི་སེམས་ཀྱི་ཆོས་ཉིད་ཇི་ལྟ་བ་དེ་ཉིད་ཅི་ཡང་རྙེད་པར་རྙེད་དེ་དཀྱིལ་འཁོར་གསུམ་དབྱེར་མེད་པར་མཐོང་ན་དོན་དེ་ལས་གཞན་མེད་པའི་ཕྱིར་ཆོས་རིལ་གྱི་གནས་ལུགས་མཐོང་བ་ཡིན་ནོ། །སེམས་ཅན་ཀུན་གྱི་ཇི་ལྟ་བ་དེ་ཁོ་ན་ཉིད་ནི་ཆོས་སྐུ་ཆེན་པོ་ཉིད་པས་བླ་ན་མེད་པའི་བྱང་ཆུབ་ཡིན་ནོ། །དེ་ལ་ནི་མཚན་མ་དང་སྤྲོས་པའི་ཆོས་རྡུལ་ཙམ་ཡང་མི་དམིགས་པས་རྟོག་དཔྱོད་ཀྱི་བློས་བཙལ་ཡང་རྙེད་པ་མ་ཡིན་ཏེ་ཕྱོགས་མེད་པས་སོ། །ཅིའི་ཕྱིར་ཞེ་ན། ཕྱོགས་ལྷུང་དང་བྲལ་བ་དེ་ནི་དཔེར་ན་ནམ་མཁའི་མཚན་ཉིད་ཇི་ལྟ་བ་ཉིད་དེ། དེ་ལྟར་དངོས་གཞི་ཐམས་ཅད་དང་བྲལ་བ་ལ་ནི་ཡུལ་དང་ཡུལ་ཅན་བསྒྲུབ་བྱ་དང་སྒྲུབ་བྱེད་གང་ཡང་མེད་པས་བྱང་ཆུབ་པ་ཡང་མེད་ལ། བྱང་ཆུབ་པར་བྱ་བ་ཡང་མེད་དོ། །དེ་ཡང་མཐའ་གང་དུའང་མ་བྱུང་བས། ཡེ་ཉིད་ནས་འབྲས་བུར་རྣམ་པར་དག་པ་ལ་དེ་ཉིད་ཀྱི་ཐ་སྙད་ཙམ་ཡང་མེད་པས། འགྲོ་བ་སེམས་ཅན་གྱི་ངོ་བོ་ཡང་མེད་ལ། དེ་ལ་སེམས་ཅན་དུ་མིང་གིས་གདགས་པ་ཡང་མེད་དེ་གཞི་བྲལ་བ་ཉིད་དོ། །དེ་བཞིན་དུ་དངོས་པོ་རྣམས་ཀྱི་ཆོས་ཅན་གྱི་ངོ་བོ་ཡང་མེད་ལ། ཆོས་ཅན་དུ་མིང་གིས་གདགས་པ་ཡང་མེད་དེ་གདགས་གཞི་མ་གྲུབ་པ་གང་ལ་རྒྱལ་བས་བཙལ་ཀྱང་མི་རྙེད་པ་ཉིད་དོ། །དེའི་གཏན་ཚིགས་བརྗོད་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། འགྲོ་བ་དང་ཆོས་ཅན་སོ་སོར་གསལ་བ་མིན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ནི་སེམས་ཀྱི་རང་བཞིན་ཡེ་ཤེས་འོད་གསལ་བའི་ངོ་བོ་དབྱེར་མེད་བྱང་ཆུབ་ཀྱི་མཚན་ཉིད་ཡིན་ལ། བྱང་ཆུབ་ཆེན་པོ་དེ་ནི་རང་རིག་པའི་ནམ་མཁའི་མཚན་ཉིད་དེ། རང་རིག་པའི་ནམ་མཁའ་དེའི་མཚན་ཉིད་ནི། ཡེ་ཤེས་གསང་བ་ལས། དངོས་འཛིན་ཞེན་པའི་རང་རིག་གིས། །ལྷུན་གྲུབ་རང་རིག་དོན་མི་མཐོང་། །ཞེས་པ་ལྟར་རང་རིག་ལྷུན་གྲུབ་ཆེན་པོ་མཚན་ཉིད་ཐམས་ཅད་པ་ཡིན་པའི་ཕྱིར་ཕྱོགས་ཀྱི་རྣམ་པའི་མཚན་ཉིད་ཐམས་ཅད་དང་བྲལ་ཏེ་གང་ཡང་མ་ཡིན་པའོ། །དོན་དེའི་ཕྱིར་འབྲས་བུ་བྱང་ཆུབ་ཆེན་པོ་ནི་གཞན་ནས་མི་རྙེད་པས་བདག་རང་གི་སེམས་ཀྱི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལས་མི་བཙལ་བའི་བཙལ་བ་ཆེན་པོར་བཙལ་བར་བྱའོ། །གཉིས་པ་ནི། སེམས་དེ་ནི། ཞེས་པ་ནས། མེད་པའི་ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་འབྲས་བུ་དེ་རང་རིག་པ་ལ་ཚུལ་ཇི་ལྟར་གནས་ཞེ་ན། སེམས་དེ་ནི་ཇི་ལྟར་བཙལ་ན་རང་བཞིན་དང་ཚིག་གི་གཏན་ཚིགས་གཉིས་ལས་འདིར་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར། སེམས་ལས་གཞན་པའི་ཆོས་མེད་ལ་སེམས་ཉིད་རང་རིག་ཏུ་ལྷུན་གྱིས་གྲུབ་པ་དེས་ན་སེམས་ནི་འབྲས་བུའི་མཚན་ཉིད་དེ། དངོས་པོ་གསུམ་ཀར་ཡང་སྣང་ལ་མ་གྲུབ་པས། ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀར་ཡང་མི་དམིགས་སོ། །འོ་ན་ངོ་བོ་གང་ཞིག་གཏན་ནས་མི་རྙེད་དམ་ཞེ་ན། སེམས་དེ་ནི་སངས་རྒྱས་རྣམས་ཀྱིས་ཀྱང་དུས་གསུམ་དུ་མ་མཐོང་བས། སྔར་མ་གཟིགས། ད་ལྟར་མི་གཟིགས། ཕྱིས་གཟིགས་པར་མི་འགྱུར་རོ། །དེའི་ཚུལ་རྒྱས་པ་ནི། དེ་ཇི་ལྟར་མ་གཟིགས་ན། སེམས་ལ་གཟུགས་མེད་པས་ཁ་དོག་ཉི་ཤུ་རྩ་ལྔ་ཉིད་དུ་མ་གཟིགས་སོ། །དབྱིབས་བཅུ་པོ་རྣམས་སུ་མ་གཟིགས་སོ། །འཁོར་འདས་དབྱེར་མེད་པས་མུན་པར་མ་གཟིགས། སྣང་བར་མ་གཟིགས་སོ། །མཚན་ཐ་དད་མེད་པས་ཕོ་མོར་མ་གཟིགས་སོ། །མ་ནིང་དུ་མ་གཟིགས་སོ། །རང་བཞིན་ཐ་དད་མེད་པས་ཁམས་གསུམ་ཐམས་ཅད་ཀྱི་བདག་ཉིད་དམ་རང་བཞིན་དུ་མ་གཟིགས་སོ། །དེ་དག་ལས་གཞན་མ་ཡིན་པར་ཆོས་སོ་ཅོག་གི་ངོ་བོའི་གཞི་རྩ་ཡིན་པའི་ཕྱིར་རྣམ་པའི་ཕྱོགས་ཆ་ཐམས་ཅད་དང་བྲལ་བས། ཕྱོགས་ཆར་སྨྲོས་པ་རྣམས་སུ་ནམ་དུའང་མ་གཟིགས་པས་ངོ་བོས་སྣང་མ་མྱོང་བ་ཉིད་ཀྱང་ཡིན་ཏེ། འཆད་པར་འགྱུར་བ་ཀུན་ཀྱང་རྗེས་སུ་མཐུན་ནོ། །འོ་ན་རྣམ་པར་ངེས་ན་ཅི་སྐྱོན་ནམ་ཞེ་ན། དེ་ནི་རྣམ་པ་གཅིག་ཏུ་ངེས་ན་རྣམ་པ་ཇི་སྙེད་པ་འགགས་པ་དང་། གཞན་དང་མ་འབྲེལ་བར་བཀོལ་བའི་སྐྱོན་དུ་འགྱུར་ཏེ། གཏན་ནས་འཁྲུལ་ལོ། །འདི་དག་དངོས་སམ་ཆོས་མཐུན་པའང་རུང་སྟེ། རྒྱུད་ཞི་བར་གྱུར་པ་ལྷ་ཡི་སེམས་སུ་མ་གཟིགས་སོ། །གཏི་མུག་ཆེ་ཞིང་ལོངས་སྤྱོད་ལ་འཆེལ་བ་ཀླུ་ཡི་སེམས་སུ་མ་གཟིགས་སོ། །དེེ་བཞིན་དུ། ཕྲག་དོག་ཆེ་ཞིང་གཞན་ལ་གནོད་པ་གནོད་སྦྱིན་གྱི་སེམས་དང་། འདོད་པ་ཆེ་བ་དྲི་ཟའི་སེམས་དང་། འཁོར་ལ་སྨོད་ཅིང་རྩོད་པ་ལ་དགའ་བ་ལྷ་མ་ཡིན་དང་། ཕྱོགས་འཛིན་ཆེ་བ་ནམ་མཁའ་ལྡིང་དང་། ཞེ་སྡང་ཆེ་བ་མིའམ་ཅི་དང་། གདུག་སེམས་ཆེ་བ་ལྟོ་འཕྱེ་ཆེན་པོ་དང་། ཆོག་ཤེས་མེད་པ་མི་དང་། དུག་གསུམ་རགས་ལ་འདོད་པ་ཆེ་བ་མི་མ་ཡིན་པ་དང་། རྨུགས་པ་བྱོལ་སོང་དང་། གདུང་བ་ཡི་དྭགས་དང་། སྡུག་བསྔལ་མི་བཟད་པ་དམྱལ་བ་ལ་སོོགས་པ་འཆད་པར་འགྱུར་ཏེ། འགྲོ་བ་སེམས་ཅན་གྱི་རིགས་ཐ་དད་སྣ་ཚོགས་པའི་རྒྱུད་ཀྱི་རྣམ་པའི་སེམས་སུ་མ་གཟིགས་སོ། །དེས་ན་ངོ་བོ་ཉིད་གཟུང་བའམ་སྤྱིའི་རྟོག་པ་དང་། འཛིན་པའམ་བྱེ་བྲག་གི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བར་བཞུགས་པའོ། །དེ་གཏན་ཚིགས་ཀྱི་ཡིད་ཆེས་པས་འགྲུབ་པའི་དོན་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། གང་འགྲོ་བ་རིལ་གྱི་སེམས་ཀྱི་རང་བཞིན་ཇི་བཞིན་པ་གང་ཡིན་པ་དེ་ནི། རྒྱུ་རྐྱེན་ལ་རག་མ་ལས་པས་རྡོ་རྗེ་སེམས་དཔའི་རང་བྱུང་གི་ཡེ་ཤེས་ཡིན་ལ། ཡེ་ཤེས་དེ་ཉིད་ནི། མཚན་ཉིད་ཐམས་ཅད་མ་སྤངས་ལ་ཕྱོགས་མེད་དུ་གསལ་བས་ནམ་མཁའི་རང་བཞིན་ཏེ་གཅིག་དང་དུ་མའི་རང་བཞིན་གང་ཡང་མེད་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། དམ་བཅའ་བ། དེའི་གཏན་ཚིགས། དབྱེར་མེད་པའི་ཚད་དང་གྲུབ་མཐའ་འོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ཡང་ལང་ཀའི། ཞེས་པ་ནས། བྱར་མེད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་ལང་ཀའི་བདག་པོས་དྲིས་པ། ཀྱེ་གསང་བ་པའི་བདག་པོ། སེམས་ཅན་གྱི་སེམས་དེ་ཅིའི་ཕྱིར། རྒྱུ་རྐྱེན་བྲལ་བས་རྡོ་རྗེ་སེམས་དཔའི་རང་བྱུང་གི་ཡེ་ཤེས་ཡིན། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ། སེམས་ཅན་རྣམས་ཀྱི་ཐ་སྙད་སྣ་ཚོགས་ཀྱི་སེམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་རང་བྱུང་གི་ཡེ་ཤེས་གང་ཡིན་པ་འདི་ལ་ངོ་བོས་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །གཉིས་པ་ནི། དེ་ཇི་ལྟ་ཞེ་ན། ཞེས་པ་ནས། ཁོ་ན་ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། སེམས་ཀྱི་ཐ་སྙད་གྲགས་པ་བརྒྱ་དང་བརྒྱད་ཅུ་པོ་དེ་དག་ཀྱང་སེམས་ཀྱི་ངོ་བོ་དང་དཔེ་བརྗོད་པ་ཐུན་མོང་དུ་འཇལ་བར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། གང་བདག་དང་། གཞན་དང་། གཉིས་ཀ་དང་། ཉེ་དུ་དང་། འཁྲིག་པ་དང་། འདོད་པ་ལ་ཆགས་པའི་སེམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མ་འདྲེས་ལ་ཡོངས་སུ་རྫོགས་པས་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །གང་དེ་ལྟར་ཆགས་པ་མེད་པའི་སེམས་ཀྱི་དེ་བཞིན་ཉིད་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་ཀུན་ནས་མནར་བར་སེམས་པ་ཞེ་སྡང་གི་སེམས་ཀྱི་དེ་བཞིན་ཉིད་ནི། དེ་ལྟར་སྣང་བཞིན་པ་ན་སེམས་ཉིད་སྟོང་པ་ཉིད་ལས་འདས་པས། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །འོ་ན་ཞེ་སྡང་ཀམ་གྱིས་སྐྱེས་པ་དེ་ཆོས་ཉིད་ཡིན་ནམ། ཞེ་སྡང་གི་དེ་བཞིན་ཉིད་དབྱེར་མེད་དེ་ཆོས་ཉིད་ཡིན། དང་པོ་ལྟར་ཞེ་སྡང་རང་ཆོས་ཉིད་ཡིན་ན། སེམས་ཅན་གྱི་སེམས་དང་། རྒྱལ་བའི་ཐུགས་དབྱེར་མེད་པར་འགྱུར་རོ། །འདོད་ཐོག་ཟེར་ན། སེམས་ཅན་སྡུག་བསྔལ་བ་བཞིན་རྒྱལ་བའི་ཐུགས་ཀྱང་སྡུག་བསྔལ་བར་འགྱུར་བའམ། རྒྱལ་བའི་ཐུགས་བདེ་བའི་ཡེ་ཤེས་སམ་མངོན་ཤེས་དང་ལྡན་པ་བཞིན་སེམས་ཅན་གྱི་སེམས་ཀྱང་དེ་བཞིན་དུ་ཐལ་བར་འགྱུར་རོ། །གཉིས་པ་ལྟར་ཞེ་སྡང་དང་ཆོས་ཉིད་དབྱེར་མེད་ན། ཞེ་སྡང་ཀུན་ནས་མནར་སེམས་པ་བཞིན་ཆོས་ཉིད་ཀྱང་ཀུན་ནས་མནར་སེམས་པར་འགྱུར་བའམ། ཆོས་ཉིད་ཡེ་ནས་མ་བཅོས་པར་གནས་པ་བཞིན་ཞེ་སྡང་ཡང་ཡེ་ནས་མ་བཅོས་པར་གནས་པར་འགྱུར་རོ། །ད་འདི་ལྟར་ཤེས་པར་བྱ་སྟེ། ཡིན་ཚུལ་ནས་གཞལ་ན། ཞེ་སྡང་ཀམ་གྱིས་སྐྱེས་པ་དེ་ཆོས་ཉིད་ཡིན་ཅེས་བྱ་སྟེ། འདི་ཉིད་ལས། ཞེ་སྡང་མ་འདྲེས་མནར་སེམས་པ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ནས། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་སོ། །འོ་ན་གོང་གི་སྐྱོན་འོང་ངོ་ཞེ་ན། མི་འོང་སྟེ། ཞེ་སྡང་དང་ཆོས་ཉིད་དངོས་པོ་ལ་དབྱེར་མེད་ཡིན་ཀྱང་། སེམས་ཅན་དང་སངས་རྒྱས་རྟོགས་པ་དང་མ་རྟོགས་པའི་རྐྱེན་གྱིས་ཁྱད་པར་ཡོད་པའོ། །དཔེར་ན་ག་བུར་ལ་སྨན་དུག་དབྱེར་མེད་ཀྱང་། ནད་ཚ་གྲང་གི་རྐྱེན་གྱིས་ཕན་གནོད་ཐ་དད་པ་བཞིན་ནོ། །ཡང་ཞེ་སྡང་དང་ཆོས་ཉིད་དངོས་པོ་ལ་དབྱེར་མེད་ཡིན་ཀྱང་། ཆོས་ཉིད་ལ་མནར་སེམས་དེ། འཁྲུལ་ངོ་ལ་མནར་སེམས་མེད་བཞིན་ཡོད་པར་གཟུང་བའི་ཕྱིར་དང་། ཆོས་ཉིད་མ་བཅོས་པར་ཡེ་ནས་གནས་པ་བཞིན་ཞེ་སྡང་མི་གནས་ཏེ། ཞེ་སྡང་གློ་བུར་དུ་སྐྱེས་པའི་ཕྱིར་རོ། །དེས་ན་ཞེ་སྡང་གི་དེ་བཞིན་ཉིད་མ་བཅོས་པ་དེ་ཆོས་ཉིད་ཡིན་པས་ལྟ་ཅི་སྨོས། དེས་དུག་ལྔ་ལ་སོགས་པ་གོང་འོག་ཀུན་ལ་འགྲེའོ། །དེ་ནི་ཉོན་མོངས་པ་ཆོས་ཉིད་ཡིན་ལུགས་སོ། །ད་ཉོན་མོངས་པ་ལམ་དུ་ཇི་ལྟར་བྱེད་ཅེ་ན། བརྟགས་པ་རྣམ་པ་ལྔ་སྟེ། ཞེ་སྡང་ཀམ་པོ་དེ་ཁྱེར་རམ། ཞེ་སྡང་ཀམ་པོ་དེ་སྤངས་ནས་གཉེན་པོ་བྱམས་པ་ལྟ་བུ་དེ་ཁྱེར་རམ། ཞེ་སྡང་གཏན་ཚིགས་ཀྱིས་གཞིགས་ནས་རང་བཞིན་མེད་པ་དེ་ཁྱེར་རམ། ཞེ་སྡང་སྐྱེས་པ་དེ་འགགས་ནས་རྟིང་ལ་ད་ཅིའི་ཞེ་སྡང་དེ་རང་ཆོས་ཉིད་དོ་སྙམ་པའི་རྗེས་ཐོགས་ཀྱི་ཤེས་པ་དེ་ལམ་དུ་ཁྱེར་རམ། ཞེ་སྡང་གི་སེམས་དང་ཆོས་ཉིད་ཐ་དད་དུ་གནས་སམ་ཞེས་བྱ། དེ་ལ་ཞེ་སྡང་ཀམ་པོ་རང་ལམ་དུ་ཁྱེར་ན། ཕ་བསད་ཀྱི་བུ་ལྟ་བུ་ཞེ་སྡང་གང་ཆེ་བ་དེ་གྲོལ་ཐར་བའི་སྐྱོན་འོང་། ཞེ་སྡང་ཀམ་པོ་དེ་སྤངས་ནས་དེའི་གཉེན་པོ་ལམ་དུ་ཁྱེར་ན། ཞེ་སྡང་ལམ་དུ་ཁྱེར་བར་མ་སོང་སྟེ་ཐེག་པ་ཆུང་ངུ་དང་ཁྱད་མེད་པར་འགྱུར་རོ། །ཞེ་སྡང་གཏན་ཚིགས་ཀྱིས་གཞིགས་ནས་རང་བཞིན་མེད་པ་དེ་ལམ་དུ་ཁྱེར་ན། དེ་ནི་ཞེ་སྡང་ལམ་དུ་ཁྱེར་བ་མ་ཡིན་ཏེ། སྟོང་པ་ལམ་དུ་ཁྱེར་བ་ཡིན་པས་དབུ་མ་པ་དང་ཁྱད་མེད་པར་འགྱུར་རོ། །ཞེ་སྡང་འགག་ནས་རྗེས་ཐོགས་ཀྱི་ཤེས་པ་ལམ་དུ་ཁྱེར་ན། ཡེ་ཤེས་གསར་སྐྱེ་རུ་འགྲོ་སྟེ། ཞེ་སྡང་འགག་པས་ཞེ་སྡང་ལམ་དུ་ཁྱེར་བ་མ་ཡིན་ནོ། །གང་ཟག་གཅིག་གི་རྒྱུད་ལ་ཞེ་སྡང་དང་ཆོས་ཉིད་ཐ་དད་དུ་གནས་ན། འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། །ཞེས་པས་བསལ་ལོ། །གལ་ཏེ་གཉིས་འཆང་ན། ཞེ་སྡང་ཅན་གྱིས་ལྟ་བ་རྟོགས་ཀྱང་སངས་རྒྱས་ཀྱི་འབྲས་བུ་མི་ཐོབ་པའི་སྐྱོན་འོང་སྟེ། གཞི་ལ་ཐ་དད་པའི་ཕྱིར་རོ། །ད་འདི་ལྟར་ཤེས་པར་བྱ་སྟེ། ཞེས་སྡང་ཀམ་གྱིས་སྐྱེས་པ་དེ་ཉིད་མ་སྤངས་པར་སྣང་སྟོང་དབྱེར་མེད་དུ་རྟོགས་ནས་ལམ་དུ་ཁྱེར་བའོ། །འདི་ཉིད་ཀྱི་ང་བཞི་པ་ལས། དེ་ཉིད་མཐོང་བའི་ཁྱད་པར་ལས། །སྤྱོད་ལམ་དངོས་གཞི་གང་སྤྱད་ཀྱང་། །འཆིང་བར་མི་འགྱུར་གྲོལ་འགྱུར་ཐབས། །ཐམས་ཅད་དེར་སྦྱངས་ལམ་གནས་མཆོག །ཅེས་དང་། ཉེར་དྲུག་པ་ལས། སྡུག་བསྔལ་བྱང་ཆུབ་ལམ་དུ་མཛད། །ལམ་ཉིད་རང་བྱུང་ཡེ་ཤེས་འགྲེལ། །ཞེས་དང་། སྒྱུ་འཕྲུལ་རྒྱས་པ་ལས། ཉོན་མོངས་རང་དང་སྤྱིར་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་བའི་ལམ་དུ་འགྱུར། །ཅེས་པས་སོ། །ཕ་བསད་ཀྱི་བུ་ལྟ་བུ་གྲོལ་ཐར་བར་མི་འགྱུར་ཏེ། དེས་ཞེ་སྡང་ཆོས་ཉིད་དུ་ངོ་མ་ཤེས་པ་དང་། ཕྱོགས་གཅིག་ཏུ་བཟུང་བའི་ཕྱིར་རོ། །དེས་ན་ཉོན་མོངས་པ་ཆོས་ཉིད་དུ་རྟོགས་ནས་ལམ་དུ་ཁྱེར་བའོ། །དེ་ལྟར་ཀུན་ལ་འགྲེ་ཤེས་པར་བྱའོ། །གང་གཞན་ལ་ཕན་པར་བྱེད་པ་བྱམས་པའི་སེམས་ཀྱི་དེ་བཞིན་ཉིད་ནི། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་རྟོག་དཔྱོད་མེད་པ་གཏི་མུག་གི་སེམས་ཀྱི་དེ་བཞིན་ཉིད་ནི། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་ཐམས་ཅད་སོ་སོར་རྟོག་ཅིང་འབྱེད་པ་ཤེས་རབ་ཆེན་པོའི་དེ་བཞིན་ཉིད་ནི། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་ངེས་པ་མ་རྙེད་པར་བློ་རྩེ་གཉིས་སུ་འཇུག་པ་ཐེ་ཚོམ་གྱི་སེམས་ཀྱི་དེ་བཞིན་ཉིད་ནི། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་བཀའ་གཞུང་བཞིན་སྒྲོ་འདོགས་གཅོད་ཅིང་གཏན་ལ་ཕེབས་པ་ངེས་པའི་སེམས་ཀྱི་དེ་བཞིན་ཉིད་ནི། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་མི་གསལ་བས་ཆོས་ལ་སོམ་ཉི་བྱེད་པ་མུན་པའི་སེམས་ཀྱི་དེ་བཞིན་ཉིད་ནི། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ ། །གང་གསལ་བས་སོམ་ཉི་མེད་པར་ཤེས་པ་སྣང་བའི་སེམས་ཀྱི་དེ་བཞིན་ཉིད་ནི། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་ཅི་ལ་ཡང་གེར་དུ་འཛུགས་པ་ང་རྒྱལ་གྱི་སེམས་ཀྱི་དེ་བཞིན་ཉིད་ནི། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་གཞན་ཁྱད་དུ་གསོད་ཅིང་རང་དམས་སུ་དོགས་པ་ཕྲག་དོག་གི་སེམས་ཀྱི་དེ་བཞིན་ཉིད་ནི། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །གང་དུ་མ་མང་པོ་ལ་གཅིག་ཏུ་སེམས་པའི་བསྡུ་བའི་སེམས་ཀྱི་དེ་བཞིན་ཉིད་ནི། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །སེམས་འདི་ཚོ་གང་ཟག་གཅིག་གི་ཤེས་པའི་རྒྱུད་ཡིན་ནམ་ཐ་དད་ཡིན་ཞེ་ན། གཅིག་གི་རྒྱུད་ལའང་ལྡན་ལ། ཐ་དད་ཀྱང་ཡིན་ཏེ་དེ་ཁོ་ན་ཉིད་ནི་གཅིག་དང་དུ་མ་བྲལ་བའོ། །དེ་བཞིན་དུ་གང་གཅིག་ལ་བྱེ་བྲག་མང་པོར་དབྱེ་བས་སྤྲོ་བའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཕན་ཚུན་སོ་སོར་ཕྱེ་བས་འབྱེད་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གཅིག་ལ་གཅིག་འབྱེད་པས་འཁྲུག་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། རྒྱུད་འཇམ་པས་ཕ་རོལ་ལ་ལྷན་པ་ཞི་བའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཕན་ཚུན་རྩོད་པས་འཐབ་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གཞན་དང་མཐུན་པར་མཛའ་བས་འཇར་བའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། འཐབ་པ་ལ་དགའ་བས་རྩོད་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། མཉམ་པས་མཚུངས་པར་ལྟ་སྟེ་ངག་འཇམ་པས་མཐུན་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཚིག་ཏུ་སྨྲས་ལ་དགའ་བས་བརྗོད་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཚིག་ཏུ་སྨྲ་བར་མི་ཤེས་པ་བརྗོད་པ་མེད་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། བདག་ཉིད་ལ་བཟང་བར་རློམ་པས་ལྷ་ཡི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ལོངས་སྤྱོད་འབའ་ཞིག་གི་ཕྱིར་སེམས་པས་ཀླུ་ཡི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཕ་རོལ་གྱི་བར་དུ་གཅོད་པར་དགའ་བས་བདུད་ཀྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གོང་དུ་ཤོར་ལ་དོག་ཅིང་སྨོད་པས་ཕྲག་དོག་པ་ལྷ་མ་ཡིན་གྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གཞན་དག་ལ་གནོད་པར་སེམས་པས་གནོད་སྦྱིན་གྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་ཅིར་ཡང་ལས་ཀྱི་དོན་དུ་སེམས་པས་མི་ཡི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཤིན་ཏུ་གདུག་པར་སེམས་པས་ལྟོ་འཕྱེ་ཆེན་པོའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གཞན་ལ་གནོད་འགལ་བཙལ་བར་སེམས་པས་འབྱུང་པོའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཕྱོགས་འཛིན་ཆེ་བས་གཞན་བརྟེན་པ་ནམ་མཁའ་ལྡིང་གི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་དྲི་ལ་ཆགས་པས་གནོད་པར་སེམས་པ་དྲི་ཟའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། བདག་དང་མི་འདྲ་བར་སེམས་པས་གྲུལ་བུམ་གྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་། བདག་བཙན་ཞིང་བཟང་བར་སེམས་པས་སྐྱེས་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་འདོད་པ་འཁྲིག་པའི་ཕྱིར་ཆོས་བརྟེན་པས་བུད་མེད་ཀྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གཞན་ལས་རིགས་ཀྱི་དམན་པར་སེམས་པས་མ་ནིང་གི་སེམས་ཀྱི་དེ་ཁོ་ན་ཉིད་དང་། མུ་སྟེགས་པ་ལྟར་བདག་ཡོད་པའི་དབང་གིས་ངར་འཛིན་པ་བདག་གི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་བདག་ལས་ཕྱི་རོལ་ན་སྣང་བར་སེམས་པས་གཞན་གྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་བསྲེལ་ཞིང་ཕན་པར་སེམས་པས་ཕ་ཡི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་སེམས་ཅན་ལ་བྱམས་ཤིང་གསོ་བར་སེམས་པས་མ་ཡི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཕ་མས་ཕན་པར་བྱ་བར་སེམས་ཤིང་ལན་གླན་པར་དགའ་བས་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གཅིག་ལ་གཅིག་བསྟུན་ཏེ་སྲིད་བཙའ་བར་སེམས་པས་ཕུ་ནུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ངན་པའི་ལན་ཕ་རོལ་ལ་གླན་པར་སེམས་པས་དགྲ་བོའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཐམས་ཅད་བདག་གིར་བྱའོ་བར་སེམས་པས་དབང་ཕྱུག་གི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཐམས་ཅད་བདག་གིས་བསྐྱེད་དོ་བར་སེམས་པས་ཚངས་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཐམས་ཅད་ཀྱི་ཁོང་དུ་འགྲོ་བར་དགའ་བས་གཏོགས་འདོད་ཀྱི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཐམས་ཅད་བདག་གིས་དབང་དུ་བྱ་བར་སེམས་པས་དབང་པོའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། རིལ་བདག་གིས་སྡུད་དོ་བར་སེམས་པས་ཚོགས་བདག་གི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཡུལ་ཀུན་ཏུ་འགྲོ་བར་སེམས་པས་བསམ་པ་མ་ངེས་པ་ཀུན་ཏུ་རྒྱུ་བའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་བསྡུས་པ་ཁེ་སྤེལ་བའི་ཕྱིར་ཀུན་ཏུ་བགྲོད་པར་སེམས་པས་ཚོང་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་ཐོབ་པ་དུ་མ་ཚོལ་བའི་ཕྱིར་སྐྱེད་དོ་བར་སེམས་པས་ལས་བརྟེན་པ་ཞིང་པའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་མཐའ་གཉིས་ལ་ལྟོས་ཤིང་རྟེན་པ་ཆུ་བོ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་སྲེད་པ་ཆུང་ངུར་བརྟེན་པས་ལྡེང་ཀ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་མི་ཟབ་པར་ཟབ་པོ་བར་སེམས་པས་ཁྲོན་པ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་རང་གི་ཆེད་དུ་མི་སེམས་པར་ཀུན་ལ་ཕན་གདགས་པར་སེམས་པས་བཀོད་མ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་ཡང་ནས་ཡང་དུ་གཅིག་ཁོ་ནར་སེམས་པས་འཁོར་མོ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་སེམས་པ་དེ་ལས་སྦྱར་ཏེ་བསྐྱར་ཞིང་ཁྱད་པར་སེམས་པས་ཟོ་ཆུན་ལྟ་བུའིི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་སེམས་པ་དེ་དང་དེ་ཉིད་དུ་གདུང་བར་སེམས་པས་བསྐལ་ཆུ་ལྟ་བུའིི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་སེམས་པ་དེར་ཕ་རོལ་གྱི་སེམས་ལེགས་པར་སྒྱུར་བར་སེམས་པས་གསེར་ཆུ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་བརྒྱད་པོ་དེ་དཔེ་ཡི་སྒོ་ནས་བསྟན་པའོ། །གང་འདི་ཉིད་ལ་འཚེ་བས་མི་ཚུགས་པར་བྱའོ་ཞེས་སེམས་པས་ཀུན་ཏུ་བསྲུང་བའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་ལྷག་པར་ཆགས་པས་གཞན་ལ་མི་སྟེར་བར་སྡོམ་པ་སེར་སྣའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། ཀུན་ཚིམ་པར་དགའ་བས་མ་ཆགས་ཏེ་ཁྱབ་པར་བྱ་བར་སེམས་པས་གཏོང་བ་ལྟ་བུའིི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་རང་གི་རྩལ་ལ་ལྟོས་པ་བྱི་ལ་ལྟ་བུའིི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་བཅིང་བ་ཐམས་ཅད་བཅད་པར་སེམས་པས་བྱི་བ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་ཆུང་ངུ་བག་ཙམ་བྱིན་པས་ཀྱང་མགུ་ཞིང་ཆུང་ངུས་ཁྲོ་བ་ཁྱི་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་ཀུན་དགའ་ཞིང་རྟེན་པས་གླུ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་དྲན་པ་སྣ་ཚོགས་མ་ངེས་པར་མྱུར་བས་གར་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་མཐུན་པར་གྲགས་པས་ཚིམ་པར་བྱ་བར་སེམས་པས་སིལ་སྙན་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་བདག་ལ་བཟང་བར་སེམས་ཤིང་མཛེས་སྡུག་ཏུ་དམིགས་པས་རྨ་བྱ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། གང་སྒྲའི་ཕྱིར་སེམས་པས་རྔ་སྒྲ་ལྟ་བུའི་སེམས་ཀྱི་དེ་ཁོ་ན་ཉིད་དང་། དེ་དག་གི་དེ་ཁོ་ན་ཉིད་ནི་ཆོས་ཅན་གྱི་སྒོ་ནས་མ་འདྲེས་ལ་ངོ་བོས་ཇི་བཞིན་པ་ཉིད་དུ་གཅིག་པའི་ཕྱིར་གཅིག་དུ་མ་ལས་གྲོལ་བར་དེ་ཉིད་ཀྱིས་གསལ་ལོ། །དེ་ལྟ་བས་ན་འཆད་པ་རྣམས་ཀྱང་དེ་ཁོ་ན་ཉིད་རྗེས་སུ་སྦྱར་རོ། །འདིར་རྩ་བ་རྣམས་ལ་གོ་རིམས་འདྲ་མིན་ཅུང་ཟད་བཞུགས་ཀྱང་འགྲེལ་ཆེན་ལྟར་བཀོད་དེ། གང་གཞན་ཐོགས་པ་མེད་པར་གཞོམ་པར་སེམས་པས་ལྕེ་འབབ་པ་ལྟ་བུའི་སེམས་དང་། ཡུད་ཙམ་དུ་གཞན་གསལ་བར་བྱ་བར་སེམས་པས་གློག་ལྟ་བུའི་སེམས་དང་། གང་གཅིག་ཏུ་མི་རྟག་པར་སྒྲིབ་པར་སེམས་པས་སྤྲིན་ལྟ་བུའི་སེམས་དང་། གང་སྤྲོ་བ་སྐྱེད་པར་སེམས་པས་དུས་ཀྱི་འབྲུག་སྒྲ་ལྟ་བུའི་སེམས་དང་། ཐམས་ཅད་ཟིལ་གྱིས་གནོན་པར་སེམས་པས་སེང་གེ་ལྟ་བུའི་སེམས་དང་། གང་བདག་གིར་བྱ་བར་སེམས་པས་བུང་བ་ལྟ་བུའི་སེམས་དང་། གང་ཆུང་བར་སེམས་པས་སྦྲང་མ་ལྟ་བུའི་སེམས་དང་། གང་ཟིན་པ་མི་གཏོང་བར་སེམས་པས་ཆུ་སྲིན་ལྟ་བུའི་སེམས་དང་། གང་གནས་པ་བརྟན་པར་སེམས་པས་རུས་སྦལ་ལྟ་བུའི་སེམས་དང་། གང་ཅིར་ཡང་སྣང་བར་བྱ་བར་སེམས་པས་སྤྲུལ་པ་ལྟ་བུའི་སེམས་དང་། གང་མི་གཡོ་བར་སེམས་པས་ཁེངས་པ་མ་ཧེ་ལྟ་བུའི་སེམས་དང་། གང་ཡུལ་ལ་བྱེ་བྲག་ཏུ་སེམས་པས་འུག་པ་ལྟ་བུའི་སེམས་དང་། གང་ཕ་རོལ་ལ་གཅམ་པར་སེམས་པས་སྤྲེའུ་ལྟ་བུའི་སེམས་དང་། གང་ཐམས་ཅད་ལ་སྐྲག་པས་རང་བག་ཟོན་བྱ་བར་སེམས་པས་བྱ་རོག་ལྟ་བུའི་སེམས་དང་། གང་བགྲོད་པ་མྱུར་བར་ཕྱིན་པར་བྱ་བར་སེམས་པས་རྟ་ལྟ་བུའི་སེམས་དང་། གང་བཅུད་དབྱུང་སེམས་པས་བཞད་ལྟ་བུའི་སེམས་དང་། གར་སྐྲག་པར་བྱ་བར་སེམས་པས་ཀང་ཀ་ལྟ་བུའི་སེམས་དང་། གཞན་བཟའ་བར་སེམས་པས་སྤྱང་ཀི་ལྟ་བུའི་སེམས་དང་། གང་ལ་འཛེམ་པས་འཇིགས་པར་སེམས་པ་ཝ་ཡི་སེམས་དང་། གང་སྟོབས་དང་ལྡན་པར་སེམས་པས་གླང་པོ་ལྟ་བུའི་སེམས་དང་། གང་བླུན་པར་སེམས་པས་ལུག་ལྟ་བུའི་སེམས་དང་། གང་གཟེ་བས་གཟུང་བར་སེམས་པས་ཁྲ་ལྟ་བུའི་སེམས་དང་། བདག་འབའ་ཞིག་གི་ཆེད་དུ་བྱ་བར་སེམས་པས་ཁྱིམ་གྱི་སེམས་དང་། བདག་གིས་ཆེད་དུ་མི་སེམས་པས་ཁྱིམ་མེད་པའིི་སེམས་དང་། བཙོན་ར་ལས་བརྒལ་བས་བདེ་བར་སེམས་པ་ཐར་པའིི་སེམས་དང་། བཙོན་ར་ལས་མ་བརྒལ་བས་སྡུག་བསྔལ་བར་སེམས་པ་མ་ཐར་བའི་སེམས་དང་། གང་ཆགས་སྡང་གིས་བསད་ཅིང་བཟའ་བར་སེམས་པས་སྲིན་པོའི་སེམས་དང་། གང་ཕན་ཚུན་གཞོམ་པར་སེམས་པས་མི་རྒོད་ཀྱི་སེམས་དང་། གཞན་ལ་མཛེས་བར་འདོད་པ་སྟོན་པར་སེམས་པ་ན་ཆུང་གི་སེམས་དང་། ཐམས་ཅད་ལ་དབང་བྱ་བར་སེམས་པས་རྒྱལ་པོའི་སེམས་དང་། གང་ཆགས་པས་འདོད་པ་བཙལ་བར་སེམས་པས་སྨད་འཚོང་མའི་སེམས་དང་། གང་འདོད་པ་གཅིག་ཏུ་མ་ངེས་པར་སེམས་པས་འཕྱོན་མའི་སེམས་དང་། གང་གཙང་བར་སེམས་པས་བྲམ་ཟེའི་སེམས་དང་། གང་བསད་པས་འཚོ་བར་སེམས་པས་ཤན་པའིི་སེམས་དང་། གང་འདོད་པས་ཡིད་གདུང་བར་སེམས་པས་ཡི་དྭགས་ཀྱི་སེམས་དང་། གང་སྡུག་བསྔལ་གྱིས་ཉམ་ཐག་པར་སེམས་པས་དམྱལ་བའི་སེམས་དང་། གང་ཐམས་ཅད་ལ་འཛུག་པར་སེམས་པས་ཚེར་མའི་སེམས་དང་། ཐམས་ཅད་དུ་ཡང་པར་སེམས་པས་ཤིང་བལ་གྱི་སེམས་དང་། ཐམས་ཅད་དུ་དམའ་བར་སེམས་པས་ས་འོག་གི་སེམས་དང་། གང་ཉམ་ང་བ་མེད་པར་སེམས་པས་ནམ་མཁའ་ལྡིང་གི་སེམས་དང་། གང་སྡུད་ཅིང་གསལ་བར་སེམས་པས་དྲྭ་བའི་སེམས་དང་། གང་བཏུམ་པར་སེམས་པས་རྒྱ་ཡི་སེམས་དང་། གཞན་བཅིང་བར་སེམས་པས་ཞགས་པའི་སེམས་དང་། ཐམས་ཅད་དུ་བརྐྱང་བར་སེམས་པས་ལིག་རིའི་སེམས་དང་། ཡང་ན། རྐྱོང་བ། གཅུ་པ། བཅིང་བ་གསུམ་ཀྱང་གསུངས་ཏེ་ཕོ་ལོང་ལྟ་བུའི་ལི་རིའི་དོན་ཏོ། །གཞན་དག་གཟུང་བར་སེམས་པས་ལྕགས་ཀྱུའི་སེམས་དང་། བརྡུང་བར་སེམས་པས་ཐོ་བའི་སེམས་དང་། ཐམས་ཅད་བླང་བར་སེམས་པས་ཇུ་ཐུར་གྱི་སེམས་དང་། གང་བསགས་པར་སེམས་པས་སྣོད་ཀྱི་སེམས་དང་། རྨུགས་པར་སེམས་པས་ཁྲི་མོན་གྱི་སེམས་དང་། བསྲེག་པར་སེམས་པས་མེ་ལྕེའི་སེམས་དང་། བརླག་པར་བྱ་བར་སེམས་པས་ཐུ་ལུམ་གྱི་སེམས་དང་། ཐམས་ཅད་དུ་གསལ་བར་བྱ་བར་སེམས་པས་མར་མེའི་སེམས་དང་། ཐམས་ཅད་དུ་ཁྱབ་པར་དྲོ་བར་བྱ་བར་སེམས་པས་ཉི་མའི་སེམས་དང་། ཐམས་ཅད་དུ་བསིལ་བས་གདུང་བ་སེལ་བར་སེམས་པས་ཟླ་བའི་སེམས་དང་། ཐམས་ཅད་དུ་མཉེན་པར་སེམས་པས་དངུལ་གྱི་སེམས་དང་། མི་འགྱུར་བར་བརྟན་པར་སེམས་པས་གསེར་གྱི་སེམས་དང་། འཕྲོ་བར་སེམས་པས་མེ་སྟག་གི་སེམས་དང་། ཐམས་ཅད་དུ་འབྱུང་བར་སེམས་པས་རླུང་གི་སེམས་དང་། ཐམས་ཅད་བརླན་པར་སེམས་པས་ཆུའི་སེམས་དང་། དྲང་པོར་བྱ་བར་སེམས་པས་མདུང་ཤིང་གི་སེམས་དང་། གཞིབ་མོར་བྱ་བར་སེམས་པས་གཏུན་ཤིང་གི་སེམས་དང་། གཞན་བསྡམ་ཞིང་མཐུན་པར་འཇུག་པར་སེམས་པས་སྒོའི་སེམས་དང་། གཞན་བསྐྱབ་ཅིང་སེམས་ཕྱོགས་གཉིས་ཀ་དང་ལྡན་པར་སེམས་པས་ཤིང་ལེབ་ཀྱི་སེམས་དང་། གང་གདུང་བར་སེམས་པས་མེའི་སེམས་དང་། རྟོག་པ་མེད་པར་གཞིར་སེམས་པའམ་ཐམས་ཅད་བརྡེགས་ཤིང་བསྐྲད་པར་སེམས་པས་སའི་སེམས་དང་། བདག་གི་ཉེས་པ་གཞན་ལ་བསྐུའོ་བར་སེམས་པས་འདམ་གྱི་སེམས་དང་། ཕ་རོལ་གྱི་ཉེས་པ་འཛིན་ཅིང་སེམས་རྟོག་སྐྱེད་པས་སམ་དྲི་མ་སློང་བས་རྙོག་ཆུའི་སེམས་དང་། སེམས་གར་འཇུག་པའི་ཡུལ་ལ་ཆགས་ཤིང་འཛིན་པར་སེམས་པས་ཚོན་རྩིའི་སེམས་དང་། ལོག་པ་ལ་མ་ལོག་པར་སེམས་པས་ནོར་བུའི་སེམས་དང་། གནོད་པ་ཆེད་དུ་བྱ་བར་སེམས་པས་དུག་གི་སེམས་དང་། ཕན་པ་ཉི་ཚེ་བར་སེམས་པས་སྨན་གྱི་སེམས་དང་། གང་བརྟས་པར་བྱ་བར་སེམས་པས་ཁ་ཟས་ཀྱི་སེམས་དང་། རྒྱ་ཆུང་དུས་རླན་པར་སེམས་པས་ཆུ་དོང་གི་སེམས་དང་། གང་མི་འགྱུར་བར་དྲང་པོར་གཅིག་ཏུ་ཕིགས་པར་བྱ་བར་སེམས་པས་མདའི་སེམས་དང་། གང་གཉིས་སུ་བཅད་པར་སེམས་པས་རལ་གྲིའི་སེམས་དང་། གང་ཀུན་གྱི་བྱ་བ་དེ་བསྐྱར་བར་སེམས་པས་འཁོར་ལོའི་སེམས་དང་། གང་གྱོང་བ་ལ་ཕྱོགས་གཅིག་ཏུ་རྒྱུད་མཉེས་པར་སེམས་པས་གཞུའི་སེམས་དང་། གང་དག་བསྡམ་པར་སེམས་པས་སྒྲོག་གི་སེམས་དང་། གང་གྱོང་ཞིང་བསྒྱུར་དཀའ་བར་སེམས་པས་ཤིང་གི་སེམས་དང་། གང་གིས་གང་ཞིག་སེམས་པ་དེ་ལ་ཡང་སེམས་དེ་ཐམས་ཅད་གཏན་ནོར་དུ་རུང་བར་ཀུན་ལ་ཕན་པར་བྱ་བར་སེམས་པའམ་ཚོད་ཟིན་པས་ལན་ཚྭའི་སེམས་དང་། གང་བསམ་པ་ལས་ཡུལ་གཞན་དུ་མི་འཇུག་པར་བཞར་བར་སེམས་པས་སྤུ་གྲིའི་སེམས་དང་། གང་དྲང་ཞིང་མི་འགྱུར་བར་སེམས་པས་ཐིག་གི་སེམས་དང་། གང་མི་འགྱུར་བར་གཞོམ་པར་སེམས་པས་རྡོ་རྗེའི་སེམས་དང་། གང་བརྟན་པར་སེམས་པས་རི་རབ་ཀྱི་སེམས་དང་། གང་མི་གཡོ་བར་ཟབ་པར་སེམས་པས་རྒྱ་མཚོའི་སེམས་དང་། གང་ཡང་མི་བྱ་བར་འདུག་པར་སེམས་པས་ཕ་བོང་གི་སེམས་དང་། གང་རང་སྐྱོང་བར་སེམས་པས་ཞིང་གི་སེམས་དང་། གང་སྔར་སེམས་པ་དེ་ལ་ཕྱིས་མི་འགྱུར་བར་གཏད་པར་སེམས་པས་ཕུག་གི་སེམས་དང་། གཅིག་ཏུ་མི་གནས་པར་འདུ་བྱེད་དང་འགྲོགས་ཏེ་འགྲོ་བས་སྐྱེ་བའི་སེམས་དང་། གང་གི་སེམས་དྭང་བ་སྐྱེད་པ་མེ་ཏོག་གི་སེམས་དང་། གང་དོན་ཡོད་པས་མཐར་ཐུག་པར་སེམས་པ་འབྲས་བུའི་སེམས་དང་། གང་སེམས་མང་པོ་གཅིག་ཏུ་ཆུད་པར་སེམས་པས་རྩ་བའི་སེམས་དང་། གཅིག་ལས་མང་པོར་སེམས་པས་ཡན་ལག་གི་སེམས་དང་། ཡན་ལག་ཀུན་གཅིག་ཏུ་བསྲུང་བར་སེམས་པས་སྡོང་བུའི་སེམས་དང་། གང་ཞིམ་པས་མི་གནོད་པར་སེམས་པས་མངར་བའི་སེམས་དང་། གང་མི་མཐུན་པར་སེམས་པས་ཁ་བའི་སེམས་དང་། ཡིད་དང་མི་མཐུན་པར་ཁྲོ་བར་སེམས་པས་སྒྱུར་བའི་སེམས་དང་། གཞན་གདུང་བའམ་ཡང་ནས་ཡང་དུ་སེམས་པས་ཚ་བའི་སེམས་དང་། གང་ཡང་མི་སེམས་པའམ་དྲན་པ་བཏང་སྙོམས་པར་སེམས་པས་བླེག་པའི་སེམས་དང་། འདི་ལ་སླ་བ་སོགས་ཀྱང་འདུག་གོ། །གང་གཞན་གྱིས་མ་བསླད་པར་སེམས་པས་བསྐ་བའི་སེམས་དང་། དོན་མི་འགྱུར་བ་དེ་གཞན་གྱིས་མི་འགྲུབ་པས་ཡི་གེའི་སེམས་དང་། ཡི་གེ་ནི་མི་འགྱུར་ཏེ་ཨའི་དོན་ཉིད་ཨ་ཉིད་ལས་གཞན་གྱིས་མཚོན་དུ་མི་བཏུབ་པ་བཞིན་ནོ། །ཅིར་ཡང་འཕྲོ་བས་ཚ་ཚའི་སེམས་དང་། བྱ་བ་ཀུན་སྒོ་དབྱེ་བར་འབྱེད་པས་ལྡེ་མིག་གི་སེམས་དང་། ནུས་པ་ཆུང་བས་མི་འཇུག་པར་སེམས་པས་བྱ་གག་ལྟ་བུའི་སེམས་དང་། ཀུན་སྤྲོ་བ་སྐྱེད་དེ་སྡུད་པར་སེམས་པས་ཀུན་དགའ་ར་བ་ལྟ་བུའི་སེམས་དང་། གང་ཡང་སྦྱར་ཏེ་མི་ཕྱེད་པར་བྱེད་པས་སྦྱར་སྤྱིན་ལྟ་བུའི་སེམས་དང་། གང་གོ་གསལ་བར་བྱེད་པས་མེ་ལོང་ལྟ་བུའི་སེམས་དང་། གང་ཁྱབ་པས་ཕན་གདགས་པར་སེམས་པས་ཏིལ་གྱི་མར་ཁུ་ལྟ་བུའི་སེམས་དང་། གང་གཅིག་གིས་མཐུན་པ་གཉིས་ལ་མཐུན་ཏེ་ཚ་གྲང་གཉིས་ཀ་དང་མཐུན་པ་བཞིན་དུ་སེམས་པས་རྒུན་ཆང་ལྟ་བུའི་སེམས་དང་། གང་གཞན་ཞིག་མི་མཐུན་པའི་གཞི་གང་དུའང་མཐུན་པ་བཞིན་ནོ། །དེ་དག་ལ་སོགས་པ་དངོས་པོ་གཞན་བསྡུ་བ་ནི་གཡོ་འགུལ་དང་དངོས་པོ་མ་འདྲེས་པ་སྣ་ཚོགས་ཀྱི་སེམས་ཐམས་ཅད་དོ། །དེ་ལྟར་མཐའ་ཡས་པའི་སེམས་ཀྱི་དེ་བཞིན་ཉིད་ཡེ་མ་བཅོས་མ་བསླད་པ་གང་ཡིན་པ་དེ་ནི། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཇི་བཞིན་པའི་དེ་ཁོ་ན་ཉིད་དེ་ཐ་དད་པ་གཞི་ནས་མེད་དོ། །སྤྱིར་འདྲ་བའི་གཅིག་པ། ངོ་བོའི་གཅིག་པ། ཚོགས་པའི་གཅིག་པ། དབྱེར་མེད་པའི་གཅིག་པ་བཞི་ལས་ཐ་མའོ། །གཉིས་པ་ནི། ཀྱེ་ལང་ཀའི། ཞེས་པ་ནས། ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་གི་གཏན་ཚིགས་ནི། ཀྱེ་ལང་ཀའི་བདག་པོ། དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཇི་བཞིན་པའི་ངོ་བོ་ཉིད་ནི། བྱེད་པ་པོ་མེད་པའི་ཕྱིར་མ་བཅོས། ཡེ་ཉིད་གསལ་བ་ཆེན་པོ་རྟོག་པས་སེལ་མེད་པའི་ཕྱིར་མ་བསླད། རྒྱུ་རྐྱེན་ལ་རག་མ་ལས་ཤིང་མཁན་པོ་མེད་པས་མ་བྱས། བླ་དྭགས་ཐམས་ཅད་དང་བྲལ་བས། མཐའི་ཐ་སྙད་གང་དུའང་མ་བཏགས་པས་ཁྱད་པར་གྱི་ཆོས་བཞི་དང་ལྡན་པའི་ཡེ་ཇི་བཞིན་པ་ཉིད་ཡིན་ལ། དེ་ལྟར་འགྲོ་བ་སེམས་ཅན་ཀུན་གྱི་སེམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཡང་བྱེད་པ་པོས་མ་བཅོས། ལོག་རྟོག་གིས་མ་བསླད། རྒྱུ་རྐྱེན་གྱིས་མ་བྱས། མིང་འདི་ཁོ་ན་བར་མ་བཏགས་ཏེ་རྣལ་མ་ཇི་བཞིན་པ་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་རོ། །གསུམ་པ་ནི། གང་ཐམས་ཅད། ཅེས་པ་ནས། མི་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། གང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་སྤྱན་གྱིས་ཀྱང་། དེ་གཉིས་ཀྱི་རང་བཞིན་སོ་སོར་སྔར་ཡང་མ་གཟིགས། ད་ལྟར་མི་གཟིགས། ཕྱིས་སུ་གཟིགས་པར་མི་འགྱུར་རོ། །གང་རྒྱལ་ཚབ་སྐྱེས་བུ་རིགས་ལྔ་ལ་སོགས་པ་རྣམས་ཀྱིས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཀྱང་། སྔར་སོ་སོར་མ་ཕྱེད། ད་ལྟར་མི་ཕྱེད། ཕྱིས་སུ་ཕྱེད་པར་མི་འགྱུར་ཏེ། གཞན་དང་གཞན་པ་བཙལ་གྱིས་མི་རྙེད་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། གདམས་པའི་ཡོན་ཏན། མཇུག་བསྡུ་བའོ། །དང་པོ་ནི། ཀྱེ་ལང་ཀའི། ཞེས་པ་ནས། ཆེན་པོ་ཡིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། ཀྱེ་ལང་ཀའི་བདག་པོ། གང་གསང་སྔགས་ཀྱི་དོན་ལ་ངེས་པ་རྙེད་པར་འདོད་པ་རྣམས་ཀྱིས། སེམས་ཀྱི་དེ་ཁོ་ན་ཉིད་དོན་དམ་པ་དེ་ངོ་ཤེས་ཤིང་རྟོགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་གཉིས་པོ་འདི་ནི་བྱ་བ་བྱེད་པ་དང་བྱ་བ་མེད་པའི་རྣལ་འབྱོར་གྱི་ལམ་གྱི་ཁྱད་པར་ཏེ་བཤད་པའི་གཞི་དང་འབྲས་བུ་ལ་ཐལ་བར་མི་འགྱུར་རོ། །གང་གཞན་དོན་དུ་རྩོལ་བ་ཆེད་དུ་བྱེད་པ་དབུ་མ་པ་མན་ཆད་ཀྱི་བྱ་བའི་རྣལ་འབྱོར་པ་ལྟར་བདེན་པ་སོ་སོའི་རྣམ་པས་སེམས་ཐ་དད་པའམ་གང་ཟག་གི་རྒྱུད་དང་རྒྱལ་བའི་ཐུགས་རྒྱུད་ཐ་དད་པར་སྣང་བར་མཐོང་བ་རྣམས་ཀྱང་། གསང་སྔགས་ལུང་གི་སྤྱི་མཛོད་འདིར་རྟོགས་བྱའི་ངོ་བོ་འབྲས་བུ་ཉིད་དུ་ཤེས་པས་བྱ་བ་མེད་པའི་རྣལ་འབྱོར་མཆོག་མན་ངག་གི་རྩ་བ་ཨ་ཏི་ཡོ་གའི་རང་གཞུང་གི་སྐབས་སུ་བསྟན་པ་ལྟར་གཉིས་མེད་ཀྱི་དོན་ཆེན་པོ་སེམས་དེ་ཁོ་ན་ཉིད་གཅིག་ཏུ་སྣང་ལ། དེ་ཁོ་ན་ཉིད་ཐིག་ལེ་ཉག་གཅིག་དེའི་ངོ་བོ་ནི་གསང་སྔགས་ཇི་ལྟ་བ་དེ་ཁོ་ན་ཉིད་གསང་བ་དམ་པ་མ་བསླད་པ་ཉིད་ཡིན་པའི་ཕྱིར་རོ། །གཏན་ཚིགས་དེས་ན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་སེམས་དཔས་ཀྱང་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་འདི་རྟོགས་ཏེ་ཐུགས་སུ་ཆུད་པས་གསང་སྔགས་ཀྱི་ངེས་པ་རྙེད་དེ་སངས་རྒྱས་ནས་མཐར་ཐུག་གི་ལམ་དམ་པ་བརྙེས་པའོ། །དེ་ཇི་ལྟ་བུ་ཞེ་ན། བརྟགས་ཞེན་གྱི་ངོ་བོ་ལས་གྲོལ་བས་བྱང་ཆུབ་སེམས་ཀྱི་དེ་ཁོ་ཉིད་ནི་ལོག་ལྟ་ཀ་ནས་བྲལ་བའི་ཕྱིར་རྣམ་པར་དག་པའི་སྒོ་ཡིན་ནོ། །བསྟན་པ་རིལ་འདིའི་བྱིན་རླབས་ལས་སྣང་བའི་ཕྱིར་ཆོས་སྣང་བའི་སྒོ་ཡིན་ནོ། །མུ་མཐའ་བྲལ་བའི་ཀློང་ལས་ཀུན་འབྱུང་བ་དང་སྡུད་པའི་ངོ་བོ་འབྲས་བུའི་བདག་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ཡིན་ནོ། །སྡེ་སྣོད་རྒྱུད་དང་གལ་པོ་ཐམས་ཅད་རྫོགས་པའི་ཕྱིར་བསྟན་པའི་དོན་ཀུན་སྟོན་པས་ཆོས་ཀྱི་གླེགས་བམ་ཆེན་པོ་ཡིན་ནོ། །དུས་གསུམ་ཀུན་ཏུ་ཡེངས་བྲལ་མེད་པའི་ཕྱིར་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཆེན་པོ་ཡིན་པས་སྟོན་པ་ཉིད་ཀྱང་འདིས་མཐར་སོན་པ་བརྙེས་པ་ཡིན་ནོ། །གཉིས་པ་ནི། ཀྱེ་ལང་ཀའི། ཞེས་པ་ནས། ཐོབ་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། ཀྱེ་ལང་ཀའི་བདག་པོ། དེ་ལྟར་རྟོགས་པའི་ཡོན་ཏན་དང་ལྟས་བསྟན་པ་ཡང་འདི་ལྟ་སྟེ། ལམ་པ་སྐལ་བ་དང་ལྡན་པ་གང་སུ་ཞིག་གིས་སེམས་ཀྱི་དེ་ཁོ་ན་ཉིད་གསང་སྔགས་ཡེ་ཇི་བཞིན་པའི་དོན་གྱི་སྙིང་པོ་ཡང་དག་པར་མཐོང་ནས་ཐབས་ཀྱིས་ངེས་པ་རྙེད་པར་གྱུར་ན། ཆོས་ཐམས་ཅད་དེར་གསལ་བའི་ཕྱིར་བརྗོད་པ་རིལ་ངེས་དོན་མ་ནོར་བར་མཚོན་པའི་སྒོར་འཆར་བས་ཐུན་མོང་གི་སྒྲ་ཚད་ལ་སོགས་པ་འདྲེན་པའི་ཚིག་ཉི་ཚེ་བ་དག་གིས་གཞན་གྱིས་མ་བཀྲོལ་བས་ཐོས་པའི་རྒྱུ་ལ་འཕྲལ་དུ་མ་ལྟོས་ན་ཡང་རང་གི་སེམས་ལས་ཆོས་ཀྱི་ཚིག་དོན་བདེན་པ་ཇི་སྙེད་པ་ཐམས་ཅད་འབྱུང་ཞིང་ཟབ་རྒྱས་འབུམ་ཕྲག་མཐའ་ཡས་པ་ཀུན་ལ་ཆོས་ཀྱི་སྤྱན་ཐོབ་ནས་རང་དོན་རྫོགས་ལ་དེ་ལྟར་ཐེག་པ་ཀུན་གྱི་ཚིག་དོན་ལ་མཁས་པས་སྐལ་ལྡན་རྣམས་ལ་ཚུལ་བཞིན་དུ་སྨྲ་ཞིང་འབེལ་བའི་ཆོས་སྒོ་ཟབ་མོར་ཐམས་ཅད་རང་གསལ་ཞིང་སྒྲིབ་མེད་དུ་གྱུར་ཏེ་གཞན་དོན་རྫོགས་པར་ཐོབ་བོ། །དེའང་དེ་ཁོ་ན་ཉིད་ཀྱི་དོན་མ་འདྲེས་ཡོངས་སུ་རྫོགས་པའི་བརྗོད་བྱ་གང་ལ་ལུང་དང་མན་ངག་རིགས་པ་གསུམ་གྱིས་མ་ནོར་བར་ངེས་པའི་གཏན་ཚིགས་འཁྲུལ་པ་མེད་པ་རྣམས་ནི་རྗོད་བྱེད་ཀྱི་ཚིག་ཏུ་བརྗོད་པས་མཚོན་ཏེ་དོན་གབ་སྦས་མེད་པར་འབྱིན་པར་ནུས་པ་དེ་ནི་དོན་ལ་ངེས་པ་ཐོབ་པའི་ལྟས་དམ་པ་སྟེ་དེ་ལྟར་རྟོགས་པའི་ཀློང་ལ་རྒྱུན་ཆད་མེད་བཞིན་དོན་སྟོན་ནུས་པའི་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཆེན་པོ་ཐོབ་པ་ཡིན་པས་དེ་ལ་ཡེངས་བྲལ་དང་ཡལ་བར་འདུག་པ་གང་ཡང་མེད་དོ། །བཞི་པ་ལ་གཉིས་ཏེ། ཉེ་བར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་ལང་ཀའི། ཞེས་པ་ནས། འདི་ལྟ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། ཀྱེ་ལང་ཀའི་བདག་པོ་དེ་ལྟར་ན་སེམས་ཀྱི་ཐ་སྙད་གྲགས་པ་བརྒྱ་དང་བརྒྱད་ཅུ་ལ་སོགས་པ་སེམས་ཇི་སྙེད་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་གདོད་མ་ནས་བྱང་ཆུབ་ཆེན་པོ་ཡིན་ལ། བྱང་ཆུབ་ཆེན་པོ་གང་ཡིན་པ་དེ་ནི་སྟོན་པ་རྡོ་རྗེ་སེམས་དཔའ་དང་བླ་ན་མེད་པའི་ཆོས་སྐུ་ཆེན་པོར་ལྷུན་རྫོགས་ཐིག་ལེ་ཉག་གཅིག་སྟེ། དོན་འདི་ཉིད་མ་རྟོགས་ན་ལམ་གཞན་གྱིས་སངས་མི་རྒྱ་བས་དཀྱིལ་འཁོར་གསུམ་དབྱེར་མེད་པའི་རང་རིག་ལྷུན་གྱིས་གྲུབ་པའི་དེ་ཁོ་ན་ཉིད་སྒྲོ་སྐུར་མེད་པར་རྟོགས་པ་ཉིད་སངས་རྒྱས་ཀུན་གྱི་བདུད་རྩིར་གྱུར་པས་རྩོལ་བའི་ནད་གསོ་ཞིང་ཕྱོགས་ལྷུང་གི་དྲི་མ་འཁྲུད་པའི་སྨན་དང་ཁྲུས་ཆེན་པོར་བསྟན་པ་ནི་འདི་ལྟ་སྟེ། གཉིས་པ་ནི། བྱང་ཆུབ། ཅེས་པ་ནས། དམ་པར་བསྔགས། །ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཇི་བཞིན་པ་རྟོགས་པའི་རིག་པ་རྒྱུན་ཆད་མེད་པའི་དགོངས་ཀླུང་ཡེ་ཤེས་ཀྱི་ཆུ་རྒྱུན་མེད་ན། ཡེ་ཇི་བཞིན་པའི་རྒྱལ་བ་རྣམས་ཀྱང་སྐུ་དང་ཡེ་ཤེས་ཀྱི་ལོ་ཏོག་མི་སྐྱེ་བས་སྐམས་པར་འགྱུར་ནའང་བྱ་བ་མེད་པར་མཛད་པའི་མཚན་ཉིད་ངོ་བོ་བྱང་ཆུབ་སེམས་ཀྱི་རང་རྩལ་རྫོགས་པའི་ཆུ་བོ་ཆེན་པོ་འདིས་བཀྲུས་ནས་གང་ཞིག་སྔོན་མཐའ་ཐོག་མ་མེད་པ་ནས་ལས་ཀྱིས་བརྟགས་པའི་རྟོག་པ་གཉིས་ཀྱི་ཞེན་མཐའ་དང་ཡེ་ནས་བྱང་ཆུབ་སེམས་ཀྱི་མྱུ་གུར་སྔོ་ལྗང་དུ་སྨིན་ཀྱང་ལམ་དང་འབྲས་བུ་གཞན་དུ་ཚོལ་བས་སྐམས་པར་གྱུར་པ་ཉིད་དོན་གྱི་རང་རིག་སེལ་མེད་པ་དག་གིས་བརླན་པར་བྱེད་དོ། །ཆོས་ཉིད་སེམས་ཀྱི་རང་བཞིན་རང་རིག་པ་ནི་མཐའ་ཐམས་ཅད་དག་པའི་ཕྱིར་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ཡིན་པས། མཚལ་དང་ཁུ་བ་ལྟར་སེམས་དེ་ལས་བྱུང་བ་སྣང་བའི་དངོས་པོའི་ཆོས་ཐམས་ཅད་ཀྱང་སྣང་ཙམ་ན་མཁའ་དང་འཇའ་ཚོན་ལྟར་སྟོང་པ་ཆེན་པོ་མཐའ་དང་བྲལ་བར་གནས་ལ། དེ་ལྟར་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ངོ་བོས་སྟོང་པ་དེ་ལྟ་བས་ན་རྣམ་པ་ཐམས་ཅད་མཁྱེན་པ་རང་བྱུང་གི་ཡེ་ཤེས་བྱང་ཆུབ་ཆེན་པོའི་མཚན་ཉིད་ཀྱང་སྟོང་ཉིད་ཆེན་པོ་རིལ་གྱི་རྩ་བ་དང་བཅུད་དུ་གྱུར་པས་དོན་གྱི་སྙིང་པོ་དེ་ཁོ་ན་ཉིད་དུ་ངེས་པར་གཟུང་ངོ་། །ཡེ་ཤེས་གསང་བ་ལས། རང་བྱུང་ཉིད་ལ་རྒྱུ་མེད་པས། །རྒྱུ་ཡིས་སྐྱེད་པའི་ཡེ་ཤེས་མིན། །ཞེས་གསུངས་པ་ལྟར་རྒྱུ་རྐྱེན་དང་བྲལ་བས་གང་དུའང་རག་མ་ལས་པར་རང་བྱུང་ཞིང་ཀུན་གྱི་ཐོག་མར་རང་ཤར་དུ་གསལ་བའི་ཡེ་ཤེས་ཀྱི་ཆུ་ཆེན་པོ་ནི། རིལ་རིག་པའི་རྒྱ་མཚོར་ཆུད་ཅིང་བརླན་པའི་ཕྱིར་དཔེར་ན་རྒྱ་མཚོ་ཆེན་པོ་ལ། དཔགས་དཀའ་བ། གཏིང་ཟབ་པ། རྒྱ་ཆེ་བ། རླབས་འབྱུང་བའི་ཆོས་བཞི་ཡོད་པ་ལྟར་། རྟོགས་པས་ལྟ་བ་དགོངས་པ་ཏིང་ངེ་འཛིན་ཁྱབ་གདལ་གྱི་ཡེ་ཤེས་སྤྱོད་ལམ་དང་འབྲེལ་བ་རང་རྩལ་དུ་བར་མ་ཆད་པས་ལྟ་སྒོམ་འབྲས་སྤྱོད་ཐམས་ཅད་རྨད་དུ་བྱུང་བའི་རྒྱ་མཚོའི་ཀློང་དཀྱིལ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ནས་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་འབའ་ཞིག་ལ་ཕྱི་རོལ་གྱི་ཆོས་མ་སྤངས་ཡང་མ་དམིགས་པའི་ངང་ལས་དེ་ཉིད་ཇི་ལྟ་བར་རིག་པ་ལ་ཤར་བ་ནི་རྟོག་པ་ཉིད་སྨན་དུ་བསྒྱུར་བས་ལོག་རྟོག་དང་མ་འདྲེས་པར་བདུད་རྩིའི་ཆུ་རྒྱུན་བྱུང་བའམ་ཆར་དུ་ཕབ་པས་རིགས་ཀྱི་ཆར་གཏོགས་པ་ཡན་ཆད་ཀྱི་རྟགས་སུ་གནང་བའི་རྒྱལ་བ་ཐམས་ཅད་ཀྱིས་ལྟ་བ་ཚོལ་བ་སོགས་གདུང་བའི་མཐའ་ཐམས་ཅད་དེ་ཡིས་དག་ཅིང་བསིལ་བར་མཛད་དོ། །ཇི་སྐད་བསྟན་པའི་དགོངས་པ་འདི་ནི་གསང་སྔགས་བླ་ན་མེད་པའི་གཞི་དང་རྩ་བར་གྱུར་པས་སྙིང་པོ་མཐར་ཐུག་པ་སྟེ་སྟོན་པ་རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་ཡེ་ཇི་བཞིན་དུ་རྟོགས་ཤིང་རིག་པས་རྒྱུད་དག་པར་ངེས་པའི་ངོ་བོ་ཡིན་པས་རྒྱལ་བ་མ་ལུས་པ་ཀུན་གྱིས་གཞི་ལམ་འབྲས་བུའི་མཆོག་དམ་པར་ཤིན་ཏུ་བསྔགས་པར་གྱུར་པའོ། །གསུམ་པ་ནི། དེ་བས་ནས། ཞེས་པ་ནས། གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བས་ན་གཏན་ཚིགས་དེའི་ཕྱིར་ལང་ཀའི་བདག་པོ་དོན་ཆེན་པོ་སེམས་ཀྱི་དེ་ཁོ་ན་ཉིད་ངོ་ཤེས་ཏེ་མཐོང་བར་བྱ་བ་ནི་མཐའི་ཕུག་དང་ཡུན་གྱི་དོན་སྲིད་ཆེན་པོ་ཡིན་པས་དོན་དེ་རྟོགས་པར་གྱིས་ཤིག་པར་གདམས་པའོ། །ཞེས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་དེས་དེ་སྐད་ཅེས་སྨྲས་ཏེ་བཀའ་སྩལ་པས། འཁོར་རྣམས་ཀྱིས་གསང་སྔགས་ཇི་བཞིན་པའི་དོན་རྟོགས་ཏེ་ཆོས་ཐམས་ཅད་རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་དུ་རྣམ་པར་གྲོལ་བའི་ལམ་དུ་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། རྡོ་རྗེ་སེམས་དཔའི་མ་བཅོས་པའི་ཆོས་ཉིད་དེ་ཁོ་ན་ཉིད་རྣལ་འབྱོར་དང་པོའི་དོན་ལམ་པ་བྱ་བ་མེད་པ་དག་གི་ཡུལ་བསྟན་པའི་ལེའུ་སྟེ་དགུ་པ་གསལ་བར་བཤད་པའོ།། །།གཉིས་པ་དེ་ཁོ་ན་ཉིད་ཐེག་པ་གཞན་ལས་འཕགས་ཏེ་ཆེ་བ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས། ཞེས་པ་ནས། བྲལ་བའི་ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་ངེས་དོན་གཉིས་ཀ་སྟོན་ཏོ། །དེ་ནས་ཡང་ལང་ཀའི་བདག་པོས། གསང་བ་པའི་བདག་པོ་ལ་དྲིས་པ། གསང་བ་པའི་བདག་པོ། གསང་སྔགས་ཀྱི་ངོ་བོ་སེམས་ཀྱི་དེ་ཁོ་ན་ཉིད་དེ་བློ་གང་གི་སྤྱོད་ཡུལ་དུ་གྱུར་ཞེས་དྲིས་ཏེ་སྤྱོད་ཡུལ་བཞི་ལས་རང་རིག་པའི་མངོན་སུམ་གཙོར་བྱས་པའོ། །ལན་སྨྲས་པ། ལང་ཀའི་བདག་པོ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་རྣམས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་གྱི། འཇིག་རྟེན་པའི་ས་དང་གསང་བ་ནའང་གང་སེམས་སྐྱེས་པ་དང་། གཞི་ལ་གནས་པ་དང་། བརྒྱུད་ནས་བགྲོད་པའི་ཉན་རང་ནས་ས་བཅུ་པའི་སེམས་དཔའ་ཆེན་པོ་མན་ཆད་ས་ལ་གནས་པ་རྣམས་ཀྱི་སྤྱོད་ཡུལ་ནི་མ་ཡིན་ནོ། །དེའི་གཏན་ཚིགས་དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་ཇི་བཞིན་པ་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་པ་ཡིན་པས་བློས་བརྟགས་པར་དཀའ་ཞིང་། མཚན་ཉིད་གང་དུའང་མ་ངེས་པས་གཞན་ལ་བསྟན་པར་དཀའ་ལ། རང་གི་ངོ་བོ་བརྗོད་པ་ཐམས་ཅད་ཀྱིས་ཐོག་ཏུ་མི་ཕེབས་པའི་ཕྱིར་བརྗོད་པའི་ཐ་སྙད་ཀུན་དང་ཡང་བྲལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། བརྩད་པའི་དྲིས་པ། དེའི་ལན་ནོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། འོག་ནས། ཞེས་སེམས་ལ། ཞེས་པ་ནས། མ་ཡིན་ཞེས་སྨྲ། ཞེས་པའི་བར་གྱིས་བསྟན་ཏེ། རྒྱུར་འདོད་པ་རྣམས་ཀྱང་སེམས་ཞེས་བྱ་བ་ཡེ་ནས་མ་སྐྱེས་པར་མཐོང་བའི་ཏིང་ངེ་འཛིན་སྒོམ་པས་སེམས་ལ་གནས་ཏེ་འདུག་པ་དང་། སེམས་གཏན་ལ་འབེབས་པའི་ཐབས་ཀྱིས་དཔྱོད་ཅིང་དོན་ལ་འདྲིས་གོམས་བྱེད་པ་དང་། དོན་དེ་ཉིད་ཐོབ་པས་སེམས་ལ་དབང་བ་དང་། སེམས་དེ་ལ་ཤེས་རབ་ཀྱིས་དམིགས་ཏེ་ལྟ་བ་དང་། རང་བཞིན་རྟོགས་པའི་ཕྱིར་སེམས་མཐོང་བ་དང་། སེམས་ཀྱི་དོན་བརྡ་འཇལ་བས་ངོ་ཤེས་པ་ལགས་ན། གསང་བ་པའི་བདག་པོ་ཅིའི་ཕྱིར་རྒྱལ་བ་དམ་པ་ཉིད་ཁོ་ན་འབའ་ཞིག་གི་སྤྱོད་ཡུལ་ཡིན་གྱི། ས་པ་དེ་རྣམས་ཀྱིས་རྟོགས་པ་མ་ཡིན་ཞེས་སྨྲ་ཞིང་བཀའ་སྩལ་བ་དེ་མི་འགལ་ལམ་ཞེས་དྲིས་སོ། །གཉིས་པ་ལ་དྲུག་སྟེ། སེམས་ལ་དཔྱོད་པ། སེམས་ལ་ལྟ་བ། སེམས་མཐོང་བ། སེམས་ལ་གནས་པ། སེམས་ལ་དབང་བ། སེམས་ངོ་ཤེས་པའོ། །དང་པོ་ནི། གོང་གི། ལང་ཀའི། ཞེས་པ་ནས། སྐྱེ་མཆེད་ལ་མ་མཐོང་། ཞེས་པའི་བར་གྱིས་བསྟན་ཏེ། ཡང་ལང་ཀའི་བདག་པོས་དྲིས་པ། ཀྱེ་གསང་བ་པའི་བདག་པོ། སེམས་ཀྱི་དེ་ཁོ་ན་ཉིད་གསང་སྔགས་ཀྱི་ངོ་བོ་དེ་ཉིད། གང་དམ་པ་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ཁོ་ན་ལས་མ་གཏོགས་པ་གཞན་ས་ལ་གནས་པ་རྣམས་དང་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པ་མ་ལགས་ན་ནི། འོོ་ན་གང་རྩོལ་བ་ཆེད་དུ་བྱེད་པའི་དབུ་མ་བྱང་ཆུབ་སེམས་དཔའི་མདོ་སྡེའམ་བྱ་བའི་རྣལ་འབྱོར་པ་རྣམས་ཀྱང་། དོན་དམ་པ་སེམས་ཀྱི་དེ་ཁོ་ན་ཉིད་ཡུལ་དུ་མ་དམིགས་པས་སྟོང་པ་ཉིད་ལ་ཀུན་རྫོབ་ཙམ་དུ་དམིགས་ཤིང་དཔྱོད་དེ་བལྟ་ཞིང་ངེས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སེམས་ཀྱི་རྒྱུད་ཀུན་ཏུ་བཙལ་ཏེ་བལྟས་ན། གང་དེའི་ཚེ་ལུས་ལ་ནང་གི་སེམས་ཀྱང་མ་མཐོང་། འབྱུང་བ་ལྔ་དང་ཡུལ་ལྔ་ལ་ཕྱིའི་སེམས་ཀྱང་མ་མཐོང་། གཉིས་ཀའམ་ནང་དང་ཕྱིའི་རྣམ་པར་ཤེས་པས་སེམས་ཀྱང་མ་མཐོང་། དེ་བས་ན་གང་ཕུང་པོ་ལྔ་ལ་སེམས་མ་མཐོང་། ཁམས་བཅོ་བརྒྱད་ལ་ཡང་མ་མཐོང་། དབང་པོའི་འདུ་བ་ཡུལ་ལ་མཆེད་པས་སྐྱེ་མཆེད་བཅུ་གཉིས་ལ་ཡང་སེམས་དངོས་པོ་འདི་འདྲར་མ་མཐོང་སྟེ། དོན་དམ་པར་མ་སྐྱེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། རྡོ་རྗེ་གཅོད་པ་ལས། རབ་འབྱོར་འདས་པའི་སེམས་ཀྱང་དམིགས་སུ་མེད། མ་འོངས་པའི་སེམས་ཀྱང་དམིགས་སུ་མེད། ད་ལྟར་བྱུང་བའི་སེམས་ཀྱང་དམིགས་སུ་མེད་དོ། །ཞེས་སོ། །གཉིས་པ་ནི། དེས་སེམས་མ་མཐོང་། ཞེས་པ་ནས། ཞེས་བལྟས་ནས། ཞེས་པའི་བར་གྱིས་བསྟན་ཏེ། དེས་དེ་ལྟར་དོན་དམ་པར་སེམས་ཀྱི་ངོ་བོ་མ་མཐོང་བ་དང་དེའི་རང་བཞིན་མཐོང་བར་འདོད་པས་སེམས་འདི་གང་ནས་བྱུང་ཞེས་བལྟས་ན། དེ་འདི་ལྟར་ཡིད་ལ་བྱེད་ཅིང་སེམས་སོ། །གང་དམིགས་པ་ཡུལ་ཡོད་དེ་རྐྱེན་བཞི་འཛོམ་པས་ན་སེམས་བྱུང་སྟེ་ཤེས་པ་སྐྱེ་བ་ཡང་རྒན་པོ་འཁར་བ་ལ་བརྟེན་པ་ལྟར་མཉམ་དུ་ལྡང་ཞིང་སྐྱེ་བར་མཐོང་ངོ་། །དེ་ནས་ཡང་ཡུལ་དང་ཤེས་པ་དེ་གཉིས་གཅིག་གམ་ཐ་དད་བརྟགས་ཏེ་འདི་ལྟར་སེམས་སོ། །གང་ཉན་ཐོས་པ་ལྟར་དམིགས་པ་དེའང་གཞན་ནམ་ཅི། སེམས་པ་དེའང་གཞན་ནམ་གང་། ཞེས་ཐ་དད་པ་དང་། གང་སེམས་ཙམ་པ་ལྟར་དམིགས་པ་དེ་ཉིད་སེམས་ཡིན་ནམ། སེམས་པ་དེ་ཉིད་དམིགས་པའམ་ཞེས་གཅིག་ཏུ་བརྟགས་ན། གལ་ཏེ་སྔ་མ་ལྟར་དམིགས་པ་དེ་ཡང་གཞན། སེམས་པ་དེ་ཡང་གཞན་ན་ནི་དེ་ཁོ་ན་ཉིད་ཆོས་ཇི་བཞིན་པར་མི་གཅིག་སྟེ་མ་འདུས་པས་ཡུལ་སེམས་གཉིས་སུ་ཐ་དད་པར་གནས་པའི་སྐྱོན་དུ་འགྱུར་རོ། །འོན་ཏེ་ཕྱི་མ་ལྟར་ཡུལ་ཉིད་ཤེས་པ་ལ་ཤེས་པ་ཉིད་ཡུལ་དུ་སྣང་སྟེ་གཅིག་པ་ཞིག་ཡིན་ན་ནི། སེམས་རང་ལ་སེམས་རང་ཉིད་ཀྱིས་རྗེས་སུ་ལྟ་ཞིང་སེམས་རང་གིས་རང་ལ་དམིགས་ཏེ་མཐོང་བ་མི་རིགས་སོ། །དེའང་འདི་ལྟ་སྟེ་དཔེར་ན། རལ་གྲི་དེས་དེ་ཉིད་གཅོད་པར་མི་ནུས་པ་དང་། སོར་མོའི་རྩེ་མོ་དེས་དེ་ཉིད་ལ་རེག་པར་མི་ནུས་པ་བཞིན། སེམས་དེ་ལ་སེམས་དེས་དམིགས་པར་མི་ནུས་སོ། །ཞེས་བལྟས་ནས་བརྟགས་པའི་རྒྱུས་དོན་དམ་པར་རང་བཞིན་ཡང་སྟོང་པ་ཉིད་དུ་ལྟའོ། །གསུམ་པ་ནི། འདི་ལྟར། ཞེས་པ་ནས། མཐོང་ངོ་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཚུལ་ཇི་ལྟར་མཐོང་ན། འདི་ལྟར་ཐ་སྙད་བཅུ་བདུན་ལས་གྲོལ་བས་དོན་དམ་པའི་རང་བཞིན་འབའ་ཞིག་ཏུ་མཐོང་སྟེ་གང་མི་འགྱུར་བར་ཡོངས་སུ་གྲུབ་པས་མ་སྐྱེས་པ་དེ་རྒྱུ་རྐྱེན་ལ་རག་མ་ལས་པ་དང་། དེ་ལ་གཞི་རྟེན་དང་བྲལ་བས་སེམས་ལ་གནས་མེད་པ་དང་། རྩ་བ་མེད་པས་དམིགས་པའི་རྟེན་མེད་པ་དང་། དྲན་པ་སྣ་ཚོགས་ཀྱི་རྒྱུན་སྒྱུ་མ་ལྟར་སྣང་བས་ཆད་པར་མ་ཡིན་པ་དང་། སྐད་ཅིག་མ་ལ་ཐེར་ཟུག་པ་དང་གང་ཟག་གི་བདག་མེད་པས་རྟག་པར་མ་ཡིན་པ་དང་། རང་བཞིན་འདུས་མ་བྱས་པའི་ཕྱིར་དུ་མ་འདུས་པས་སྤུངས་པར་མ་ཡིན་པ་དང་། དེ་ཉིད་མ་ཡིན་པར་རྒྱ་ཆད་པའི་ཡོད་མེད་ལས་མ་སྐྱེས་པས་ཐོག་མ་རྒྱུ་ལས་མ་བྱུང་བ་དང་། གཞི་དང་བྲལ་བ་ལ་གློ་བུར་བའི་སྐྱེད་བྱེད་གཞན་ན་མེད་པས་བར་དུ་རྐྱེན་གྱིས་མ་བསྐྱེད་པ་དང་། རྒྱུ་རྐྱེན་གྱི་དངོས་པོ་དེ་ཉིད་ལས་སྐྱེད་པ་མ་ཡིན་པ་དང་། རྒྱུ་རྐྱེན་མིན་པ་གཞན་ལས་སྐྱེད་པ་མ་ཡིན་པ་དང་། རྒྱུ་རྐྱེན་གྱི་ངོ་བོ་དེ་ཉིད་ཁོ་ན་ཡང་མ་ཡིན་པ་དང་། རྒྱུ་རྐྱེན་དེ་ལས་གཞན་ཡང་མ་ཡིན་པ་དང་། དེ་ལ་རྣམ་པའི་རྒྱུན་འཛིན་པ་མིན་པས་རིགས་མེད་པ་དང་། ལོང་བཏགས་ནས་རྗེས་སུ་འབྱུང་ཞིང་ངེས་པ་མ་ཡིན་པས་རྒྱུད་མེད་པ་དང་། མཐའ་གར་ཡང་མི་སྣང་བས་མི་འཕོ་བ་དང་། ངོ་བོ་གང་དུའང་མི་གཟིགས་པས་མི་སྣང་བ་དང་། དངོས་གཞིའི་འདྲ་བར་གང་ཡང་མིན་པས་ངོ་བོ་ཉིད་མེད་པ། གཞི་མ་བཅོས་མ་བསླད་པའི་སྟོང་པ་ཉིད་ཇི་ལྟ་བ་དེ་བཞིན་དུ་ལམ་པའི་ཤེས་རབ་ཀྱི་དབང་པོས་མཐོང་ངོ་། །དེའང་ཆོས་འབྱུང་བ་མེད་པའི་མདོ་ལས། འཇམ་དཔལ་གང་གིས་ཆོས་ཐམས་ཅད་སྐྱེ་བ་དང་འཇིག་པ་བྲལ་ཞིང་ཤེས་པ་དང་མི་ཤེས་པ་དང་བྲལ་ཏེ་རང་བཞིན་གྱིས་སྟོང་པར་མཐོང་ན་དེ་ནི་ཤེས་རབ་ཀྱི་དབང་པོའོ། །ཞེས་སོ། །བཞི་པ་ནི། ཡང་དག་པ། ཞེས་པ་ནས། ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། མཉམ་པར་བཞག་པའི་སེམས་ལ་གནས་པའི་དུས་ནའང་ཐ་སྙད་བཅུ་གཉིས་གྲོལ་བར་བསྟན་ཏེ། ཇི་ལྟ་བ་དེ་ཁོ་ན་ཉིད་སྟོང་པ་དེ་ནི། རྟོག་པའི་བློས་མ་བཅོས་ཏེ་མི་བསླུ་བས་ཡང་དག་པ། རང་བཞིན་མ་ནོར་བའི་ཕྱིར་བརྟགས་པས་ཡུལ་ལ་མི་གཡོ་བ། རིལ་མ་སྐྱེས་པ་འབའ་ཞིག་པའི་ཕྱིར་ཅིའང་མི་འབྱུང་བས་མཐར་མ་རེག་སྟེ་དབེན་པ། སྤྲོས་པ་བརྒྱད་དང་གསུམ་ལས་རིང་དུ་གྱུར་པས་ངོ་བོ་ཅུང་ཟད་ཀྱང་མ་མཐོང་བ། བྱེ་བྲག་ཐ་དད་པའི་ཆོས་ཀྱི་རང་གི་ངོ་བོར་མི་རྙེད་པས་རྣམ་པར་མ་མཐོང་བ། ཕྱོགས་ཆར་མི་ཟིན་པས་མི་རྟོག་པ། ཅིའང་མ་དམིགས་ཤིང་དེ་ཉིད་དུའང་མི་འཛིན་པས་རྣམ་པར་མི་རྟོག་པ། རི་དང་འདྲ་བར་ལོག་པའི་ཆོས་ཀྱིས་མི་བསྒུལ་བས་ཡུལ་གྱིས་མི་བསྐྱོད་པ། གང་ཡང་ཡིད་ལ་མི་བྱེད་པས་ཡུལ་དུ་མི་སེམས་པ། ངོ་བོ་ཐ་དད་དུ་མི་འབྱུང་བས་ཡུལ་སྣ་ཚོགས་ལ་མི་སྤྲོ་བ། ཤེས་པ་ལ་དབྱིབས་དང་ཁ་དོག་གི་རྣམ་པ་མེད་པས་སེམས་ལ་གཟུགས་མེད་པ། དེ་ལས་སྣང་བའི་ཆོས་རྣམས་ཀྱང་སྟོང་པས་གང་བྱུང་བ་ལ་ཡང་གཟུགས་མེད་པ། ཡུལ་སེམས་ཀྱི་རྣམ་པ་གཉིས་ཀ་གང་ལ་ཡང་གཟུགས་མེད་པས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་ཡང་གཟུགས་མེད་དེ་མ་སྐྱེས་པ་སྟོང་པ་ཉིད་དོ། །དེའི་གཏན་ཚིགས་དེ་ལྟ་བས་ན་སེམས་ཀྱི་རང་བཞིན་ནི་ལྷག་པའི་ཆོས་ཀྱི་སྐུ་བླ་ན་མེད་པའི་བྱང་ཆུབ་བོ། །བྱང་ཆུབ་ཆེན་པོ་ཉིད་ཀྱི་རང་བཞིན་ནི་ཆོས་ཐམས་ཅད་མ་སྐྱེས་པ་དེ་ཁོ་ན་ཉིད་དེ་གཟུགས་མེད་དོ། །དེ་བས་ན་རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སྤྲོས་ལ་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཞེས་འབྱུང་ངོ་། །ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ནི་གཞན་མ་ཡིན་ཏེ་རང་གི་སེམས་ཀྱི་དེ་ཁོ་ན་ཉིད་དོ། །དེས་ན་དོན་དམ་པར་སེམས་དང་ཆོས་ནི་ཐམས་ཅད་དུ་མི་ཕྱེད་པས་མ་སྐྱེས་པ་དེ་ཁོ་ན་ཉིད་དུ་རྟོགས་སོ། །ལྔ་པ་ནི། སེམས་འདི་ནི། ཞེས་པ་ནས། སེམས་དེ་ཁོ་ན་བར་ཤེས་པ། ཞེས་པའི་བར་གྱིས་བསྟན་ཏེ། སེམས་ཀྱི་མཚན་ཉིད་ཉེར་ལྔ་གྲོལ་བ་ལས་གཞན་མ་ཡིན་པར་ཡང་མཐོང་སྟེ། སེམས་དེ་ལྟར་རྟོགས་པ་འདི་ཉིད་ཀྱང་ནི་འདི་ལྟར་སྐད་ཅིག་ལ་ཐོགས་པ་མེད་པར་འབྱུང་བ་གློག་དང་འདྲ་བས་མྱུར་བ། ཆེས་ཤིན་ཏུ་ཡང་ཐོགས་པ་མེད་པས་རབ་ཏུ་མྱུར་བ། མཚན་ཉིད་གཅིག་ཏུ་མི་དམིགས་པས་ཕྱོགས་གཅིག་ལ་མི་གནས་པ། ཡུལ་ལ་སྣ་ཚོགས་སུ་འགྲོ་བས་རྒྱུ་བ། སྒོ་ཀུན་ཏུ་འབྱུང་བས་སྤྲེའུ་ལྟ་བུ། འདུ་བྱེད་ལྔ་བཅུས་བསྐྱོད་དེ་གཡེངས་པས་རླུང་ལྟ་བུ། ཀུན་ཏུ་འགྲོ་བར་སྣང་བ་རང་བཞིན་མེད་པས་སྨིག་རྒྱུ་ལྟ་བུ། སྔ་ཕྱི་རྒྱུན་མི་ཆད་ཅིང་སྐད་ཅིག་མའི་ཕྲེང་བར་ངོས་འབྱར་བས་ཆུའི་རྒྱུན་ལྟ་བུ། རྒྱུ་རྐྱེན་ལས་འབྱུང་ཞིང་གསལ་བའི་ཕྱིར་མར་མེ་ལྟ་བུ། དབྱིབས་དང་ཁ་དོག་གིས་གདོས་པས་མ་ཟིན་པས་ལུས་གཟུགས་མེད་པ། ཐོགས་རྡུགས་མེད་པར་རྒྱང་རིང་དུ་འགྱུ་བས་རིང་དུ་འགྲོ་བ། དོན་དམ་པར་མ་སྐྱེས་པས་རང་བཞིན་འབྱུང་འཇུག་བྲལ་བས་གར་ཡང་མི་གཡོ་བ། བརྟགས་པའི་དངོས་པོའི་ཡུལ་བཅད་ནས་སླར་ནང་དུ་འཇུག་པས་སླར་ལྡོག་པ། སྒྲ་དོན་སྤྱིའི་ཡུལ་དང་མི་ཕྱེད་པས་ཡུལ་ལ་གནས་པ། ཚོགས་དྲུག་གི་ཡུལ་ཀུན་ཏུ་སྣང་བས་དྲུག་གི་སྤྱོད་ཡུལ་བ། སྣང་བ་རིལ་གསལ་བར་རིག་པས་ཀུན་ཤེས་པ། རྩེ་གཅིག་ཏུ་ཞི་བར་གནས་པས་མི་འཕྲོ་བའི་ཕྱིར་གཅིག་ཏུ་ཐུབ་པ། དོན་དམ་པར་ངོ་བོ་གང་དུའང་མི་སྣང་བས་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་མི་འབྱུང་བ། རྟོགས་མ་རྟོགས་ལ་ཅིར་ཡང་སྣང་བས་དེ་ཉིད་ལས་ཐམས་ཅད་འབྱུང་བ། དོན་དམ་པར་བྱིང་རྒོད་དང་བྲལ་ཏེ་རང་བཞིན་མི་གཡོ་བར་ཇི་བཞིན་པའི་ཕྱིར་གཞི་གནས་པ། ལས་ཀྱིས་ཁྱད་པར་གྱིས་བརྟགས་པ་སྣ་ཚོགས་ཏེ་ངོ་བོ་མི་གཅིག་པས་ཐ་དད་པ། ཤེས་ཤིང་རིག་པའི་རིགས་སུ་འདུས་པས་རིགས་གཅིག་པ། དོན་དམ་པར་ངོ་བོ་ཐ་དད་མེད་ཅིང་རང་བཞིན་འདུ་བྱེད་དང་བྲལ་བས་མི་གཡེང་བ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཁོར་དང་མཚུངས་པར་འདུ་བྱེད་པས་ཀུན་ཏུ་གཡེང་བ། དོན་དམ་པར་སྔ་ཕྱི་དང་ད་ལྟར་དུའང་རང་བཞིན་མ་སྐྱེས་ཏེ་སེམས་དུས་གསུམ་དུ་མཉམ་པར་ཤེས་པ། རྣམ་པ་མེད་ལ་སྙིང་པོ་མེད་ཅིང་བཟང་ངན་དང་བྲལ་བས་སེམས་བཏང་སྙོམས་སུ་དེ་ཁོ་ན་བར་ཤེས་ཏེ་སེམས་ལ་དབང་ཐོབ་པ་ཡིན་ནོ། །འདི་དག་དབུ་མ་པའི་དོན་དམ་དང་ཀུན་རྫོབ་ཀྱི་འདོད་ལུགས་ཇི་ལྟ་བ་བཞིན་དུ་བསྟན་པ་སྟེ། ལྔ་ནི་དོན་དམ་མཉམ་བཞག་ལ། །གཞན་རྣམས་ནི་ཀུན་རྫོབ་རྗེས་ཤེས་ཀྱི་སྐབས་སོ། །དྲུག་པ་ནི། ཇི་ལྟར། ཞེས་པ་ནས། མ་ཡིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། ཇི་ལྟར་རང་གི་སེམས་ཀྱི་ཆོས་ཉིད་སྐྱེ་བ་མེད་པའི་ངོ་བོ་མ་ནོར་བ་མི་འགྱུར་བའི་རང་བཞིན་དུ་རྟོགས་ཤིང་ཤེས་ཏེ་སེམས་ལ་དབང་ཐོབ་པ་དེ་ལྟར་འགྲོ་བ་གཞན་གྱི་སེམས་ཀྱང་རབ་ཏུ་ཤེས་སོ། །གང་བདག་གི་སེམས་ཇི་ལྟར་སྟོང་པ་ཉིད་དུ་ཤེས་པ་དེ་ལྟར། གཞན་ཐམས་ཅད་ཀྱི་སེམས་ཀྱང་སྟོང་པ་ཡིན་པར་རབ་ཏུ་ཤེས་སོ། །རང་གི་སེམས་སྟོང་པ་དེའང་མཉམ་པ་ཉིད་ཡིན་པར་ཤེས་ཤིང་རྟོགས་པ་དེ་བཞིན་དུ་གཞན་ཐམས་ཅད་ཀྱི་སེམས་ཀྱང་དེ་ལྟར་མཉམ་པ་ཉིད་ཡིན་པར་རབ་ཏུ་ཤེས་ཏེ་ངོ་བོས་ཐ་མི་དད་པའི་ཕྱིར་བདག་རྟོགས་པས་གཞན་ཤེས་སུ་རུང་བར་འཐད་པས་སོ། །དེ་ལྟར་བདག་གཞན་ཤེས་པ་དེས་ཆོས་ཐམས་ཅད་ཀྱང་རང་བཞིན་མཉམ་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་རང་བཞིན་མཉམ་པས་བྱང་ཆུབ་ཆེན་པོའང་མཉམ་པ་ཉིད་ཡིན་པར་རབ་ཏུ་ཤེས་ཏེ། གཅིག་དང་དུ་མ་ལས་གྲོལ་བས་སོ། །དེ་ལྟ་བུར་རྟོགས་པ་དེས་སེམས་མ་སྐྱེས་པ་དེ་ཉིད་ཆོས་ཐམས་ཅད་ཀྱི་དབྱིངས་སུ་ཡང་དག་པར་རབ་ཏུ་ཤེས་སོ། །ཆོས་ཐམས་ཅད་ཀྱི་དབྱིངས་དེ་ནི་ཀུན་གྱིས་ཐུན་མོང་མ་ཡིན་པས་དམན་པ་དག་གི་ཡུལ་མ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་སོ། །དེ་ལྟ་བས་ཅིའི་ཕྱིར་རྒྱལ་བ་ཉག་གཅིག་གི་སྤྱོད་ཡུལ་དུ་བཀའ་སྩལ་པ་ལགས་ཞེས་དྲིས་པའོ། །གཉིས་པ་ལན་ལ་གསུམ་སྟེ། སེམས་འབྲས་བུར་མ་ཤེས་པས་ཁྱད་པར་ཡོད་པར་དམ་བཅའ། དེའི་གཏན་ཚིགས་གསལ་བར་བཤད། དེ་ལས་འཕྲོས་པའི་དྲི་ལན་གྱིས་ཐེ་ཚོམ་ཆོད་པའོ། །དང་པོ་ནི། གསང་བ་པའི། ཞེས་པ་ནས། མི་ཤེས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། གསང་བ་པའིི་བདག་པོས་སྨྲས་པ། ལང་ཀའི་བདག་པོ། དེ་དེ་ལྟ་ཡིན་མོད་ཀྱི། ས་བཅུ་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཐམས་ཅད་ནས་ཐམས་ཅད་དུ་དུས་སྔ་ཕྱིར་སེམས་ཀྱི་དེ་ཁོ་ན་ཉིད་རང་རིག་པ་དོན་དམ་པའི་བདེན་པ་ལ་རྒྱུའི་མཚན་ཉིད་འབའ་ཞིག་ཙམ་དུ་ཤེས་ཤིང་མཐོང་བས་མཉམ་པར་འཇོག་པ་ཡོད་དེ་བདེན་པ་རེས་མོས་སུ་གྱུར་པར་ཟད་ཀྱི། གཉིས་མེད་ཀྱི་དོན་བརྩལ་བ་དང་བྲལ་བར་མ་མཐོང་བས་འབྲས་བུ་ཉིད་ཡོངས་སུ་མི་ཤེས་སོ། །གཉིས་པ་ནི། དེ་ཅིའི་ཕྱིར། ཞེས་པ་ནས། ལྟ་ཅི་སྨོས། ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་དེ་ལྟར་མ་མཐོང་བ་རྒྱུ་ཅི་ལས་གྱུར་པའམ་ཅིའི་ཕྱིར་ཞེ་ན། དེའི་གཏན་ཚིགས་འདི་ལྟ་སྟེ། གང་འཇིག་རྟེན་པའི་ས་པ་མ་རྟོགས་པའི་འཇིག་རྟེན་པ་དང་། ལོག་པར་རྟོག་པ་ཐེག་པ་ཆུང་ངུ་བ་དང་། འཇིག་རྟེན་ལས་འདས་པའི་ས་པ། ཕྱོགས་ཙམ་རྟོགས་པ་སེམས་པས་སྐྱེས་པའི་ས་ལ་གནས་པ་དང་། ཡང་དག་པ་ཉིད་མ་རྟོགས་པ་བཅུ་ལ་གནས་པ་རྣམས་ནི་འཆིང་བའི་དྲྭ་བ་བཞིའི་རྒྱར་ཡོངས་སུ་ཆུད་པ་སྟེ། བཞི་གང་ཞེ་ན། གང་དོན་ལ་ཤེད་མ་བྱེ་བའི་སྦྲམ་པོའི་ཕྱིར་དྲྭ་བ་ཆེན་པོ་གཟུང་འཛིན་གྱི་རྟོག་པ་དང་། དམིགས་པ་ལོག་པར་དཔྱོད་པས་བཅིངས་ཏེ་ནན་གྱིས་རྟོག་པ་དྲྭ་བ་ལོག་རྟོག་ཙམ་དང་། གང་འདུ་ཤེས་རྒྱ་ཆུང་ངུས་གང་ཟག་གི་བདག་མེད་དང་གཟུང་བ་ཙམ་རང་བཞིན་མེད་པར་མཐོང་བས་ཕྱོགས་གཅིག་པའི་མྱང་འདས་ལ་གནས་པ་སྔ་མ་ལ་ལྟོས་ན་དྲྭ་བ་ཕྱེད་པ་ཆོས་ཀྱི་བདག་མེད་མ་རྟོགས་པ་དང་། གང་དོན་དམ་པ་ཕྱོགས་གཅིག་པའི་སྤྲོས་བྲལ་ལ་འདུ་ཤེས་དམིགས་པས་མཐའ་སེལ་ཞིང་མི་རྟོག་པས་དྲྭ་བ་གཅིག་པ་སྟེ་གཉིས་མེད་མ་མཐོང་བའི་ཕྱིར་ནའོ། །དེ་ཡང་སྐྱེ་བོ་བྱིས་པ་རྣམས་དང་། མུ་སྟེགས་བྱེད་སྨྱོན་པ་རྣམས་དང་། ཉན་རང་འདུ་ཤེས་ཆུང་བ་རྣམས་དང་། དབུ་མ་པ་འདུ་ཤེས་གཅིག་པ་རྣམས་ཁོ་ན་སྟེ། འདིར་ཕྱག་མཆན་ཞིག་ན་ཐེག་པ་ཆུང་ངུ་དང་སེམས་སྐྱེས་པའི་ས་ལ་གནས་པ་གཉིས་གོ་རིམ་ལྟར་མ་སྦྱར་བའང་འདུག་སྟེ་སྔ་མ་ལ་འཇིག་རྟེན་པའི་ཐེག་པར་གཏོགས་པའང་འཆིང་བའི་དྲྭ་བར་ཆུད་ན་གཞན་ལྟ་ཅི་སྨོས་པ་དང་། ཕྱི་མ་ལའང་ཉན་ཐོས་ཀྱིས་ཆོས་ཀྱི་བདག་མེད་མ་རྟོགས་ཤིང་རང་རྒྱལ་གྱིས་ཀྱང་འཛིན་སེམས་མ་རྟོགས་པས་གོ་རིམ་ལྟར་བྱས་ཀྱང་ངེས་ཚིག་ལེགས་པར་མངོན་ནོ། །དེ་བས་ན་གང་ཐ་མའི་དོན་གྱི་བྱང་ཆུབ་སེམས་དཔའ་ས་པ་རྣམས་ནི་སེམས་ཉིད་སངས་རྒྱས་ཀྱི་རྒྱུ་འབའ་ཞིག་ལས་འབྲས་བུར་མ་རྟོགས་ཏེ་མི་ཤེས་པའི་ཕྱིར་འདུ་ཤེས་གཅིག་པ་ཁོ་ན་སྟེ། དེ་དག་ནི་དྲྭ་བར་ཆུད་པ། དྲྭ་བས་བཅིངས་པ་ཤ་སྟག་པས་གསང་སྔགས་འབྲས་བུའི་དེ་ཁོ་ན་ཉིད་ལ་ངེས་པ་རྙེད་པར་ཤིན་ཏུ་དཀའ་བ་ཡིན་ནོ། །འབྲས་བུར་མ་རྟོགས་པའི་གཏན་ཚིགས་གང་སྙམ་པ་ལ། དེ་ཅིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ། འདི་ལྟར་སེམས་འབྲས་བུའི་དེ་ཁོ་ན་ཉིད་མཐར་ཐུག་པས་སྐྱེད་དུ་བྱ་བ་མེད་པའི་ངོ་བོ་མ་ནོར་བ་གང་ཡིན་པ་དེ་ནི། ཚིག་གིས་མི་ཕེབས་ཤིང་ངོ་བོ་བསྟན་དུ་མེད་པས། སངས་རྒྱས་རྣམས་ཀྱིས་ཀྱང་གསུང་དུ་མེད་ལ། རྡོ་རྗེ་སེམས་དཔས་དཔེ་ཡིས་ཀྱང་མཚོན་དུ་མེད་པ་ཡིན་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དོན་དམ་པ་འབའ་ཞིག་ལ་དམིགས་པ་རྣམས་ཀྱིས་མགོ་ཞིང་མ་རིག་པ་ལྟ་ཅི་སྨོས་པའི་ཕྱིར་རོ། །གསུམ་པ་ནི། ཡང་ལང་ཀའི། ཞེས་པ་ནས། གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ། དེ་ལྟར་བརྗོད་དུ་མེད་པ་དང་རྟོགས་དཀའ་བ་ལགས་ན་ཅི་གསང་བའི་མངའ་བདག་ཕྱག་ན་རྡོ་རྗེ་ཁྱེད་ཉིད་ཀྱིས་ཀྱང་སེམས་ཉིད་གསང་སྔགས་འབྲས་བུའི་དེ་ཁོ་ན་ཉིད་དུ་ད་དུང་མ་རྟོགས་པའམ་ངེས་པ་མ་རྙེད་དམ། ཞེས་དེ་སྐད་ཅེས་སྨྲས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ། དོན་ལ་དགོངས་ཏེ་བསྐུལ་བའི་ཆེད་དུ་ཁོ་བོས་ཀྱང་ད་དུང་ངེས་པ་ཅན་དུ་མ་རྙེད་པའི་ཕྱིར། གཞན་ལ་ངེས་ཅན་དུ་བསྟན་པར་རབ་ཏུ་དཀའོ། །ཞེས་དགོངས་པ་ཅན་གྱིས་བཤད་པས་མ་མཐོང་བ་སྐད་དུ་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་བཅོམ་ལྡན་འདས་རྒྱལ་བའི་སྤྱི་མེས་རྡོ་རྗེ་སེམས་དཔའ་ཉག་གཅིག་གི་དགོངས་པའི་སྤྱོད་ཡུལ་དུ་གྱུར་ཏེ་དོན་སེམས་ལས་གཞན་དུ་རྟོགས་སུ་མེད་པའོ། །ཞེས་གསང་བ་པའི་བདག་པོ་དེས་དེ་སྐད་ཅེས་སྨྲས་ཏེ་བཀའ་སྩལ་པས། འཁོར་ཐམས་ཅད་ཡེ་ནས་བྱང་ཆུབ་ལ་འཁྲུལ་པས་རྒྱུ་འབྲས་ཐ་དད་དུ་འཛིན་པའི་དབང་གིས་བྱང་ཆུབ་གཞན་དུ་ཚོལ་བའི་འབྲས་བུ་ལ་ཡེ་ངམ་ཡོངས་སུ་ཆད་དེ་རྔམ་ཆགས་དང་བྲལ་བར་གྱུར་ཏོ། །འདི་ཉིད་གསུང་བདག་གི་འཁོར་ཡིན་གྱི་རྒྱལ་ཚབ་སྐྱེས་བུ་མིན་ནོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། མདོ་སྔགས་ཀྱི་ཁྱད་པར་དང་གསང་ཆེན་དམ་པའི་ངོ་བོ་བརྗོད་དེ་རྒྱུའི་ཐེག་པ་ས་བཅུ་མན་ཆད་ཀྱིས་ཀྱང་ད་དུང་གསང་སྔགས་ཇི་བཞིན་པ་མངོན་དུ་མ་གྱུར་པས་ཐེག་པ་ཆེན་པོ་གསང་སྔགས་འཕགས་པར་བསྟན་པའི་ལེའུ་སྟེ་བཅུ་པ་རྣམ་པར་བཤད་པའོ།། །།འོ་ན་བཤད་པ་དག་ལས་གཞིའི་གསུམ་པ་ནི་གསང་སྔགས་ལ་འཇུག་ལ། འདིར་ས་བཅུ་བས་ཀྱང་མ་མཐོང་བས་འགལ་ལོ་ཞེས་དྲི་ན། བཤད་པའི་གཞི་གསུམ་པ་ནི། ཁྱད་པར་གྱི་ལམ་དེ་ཉིད་ཀྱི་སྐབས་སུ་དོན་མཐོང་བ་ལ་བཏགས་པའི་ཕྱིར་དང་། འདིར་ཐུན་མོང་གི་ལམ་མཐར་ཕྱིན་པ་བས་མ་མཐོང་བར་བསྟན་པ་མི་འགལ་བའི་ཕྱིར་རོ། །དེས་ན་ཐུན་མོང་ཉིད་བཙན་པའི་དབང་དུ་ན་གསང་སྔགས་ཇི་བཞིན་པ་ནི་བདེན་པ་གཉིས་ཀའི་ཕྱིར་གཞི་གསུམ་པས་ཕྱོགས་གཅིག་ལ་ཞུགས་ལ། བཅུ་པ་ནི་གཉིས་མེད་ཡུལ་དང་བྲལ་བའང་མ་མཐོང་བའི་ཕྱིར་ཤེས་བྱ་ད་དུང་མ་སྤངས་པའོ། །གསུམ་པ་དེ་ལམ་པ་དང་ངེས་པ་རྙེད་བྱེད་ཀྱི་ཐབས་ཀྱིས་རྙེད་དཀའ་བ་ལ་གཉིས་ཏེ། དྲིས་པ་དང་། ལན་ནོ། །དང་པོ་ནི། དེ་ནས། ཞེས་པ་ནས། སྨྲས་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་ཤས་ཆེ་བར་སྟོན་ནོ། །གསང་སྔགས་ཀྱི་དོན་མ་རྙེད་པ་དང་། རྙེད་པའི་ལོ་རྒྱུས་རྗེས་མཐུན་དུ་འཆད་པ་གང་ཞེ་ན། དེ་ནས་ཡང་ལང་ཀའི་བདག་པོ་ལ་སོགས་པ་འགྲོ་བ་དམན་པའི་ལུས་འཛིན་པས་རིགས་ཅན་གྱི་སེམས་དཔའ་དེ་རྣམས། གསང་སྔགས་རྒྱུ་འབྲས་གཉིས་སུ་མེད་པའི་དོན་གསང་བ་པོ་ཉིད་ཀྱིས་ཀྱང་སྟོན་མི་སྤྱོད་པ་ལ་ངོ་མཚར་དུ་གྱུར། རྨད་དུ་གྱུར་ཏེ་འདི་སྐད་ཅེས་སྨྲས་སོ། །ཀྱེ་གསང་བ་པའི་བདག་པོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཀའ་སྩལ་པ་ལྟར་ན། གསང་བ་པའི་བདག་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའམ་ངོ་བོ། རྡོ་རྗེ་སེམས་དཔའི་ཆོས་ཉིད་རྟོགས་དཀའ་བས་གསང་བ། དངོས་པོ་དང་བྲལ་བས་དམ་པ་དོན་ཇི་བཞིན་པས་མ་ནོར་བ་ངོ་བོ་མི་འགྱུར་བས་དེ་ཁོ་ན་ཉིད་གང་དང་གང་གི་ཡང་ཐེ་ཚོམ་ཐམས་ཅད་རིམ་དང་ཅིག་ཆར་གྱིས་གཅོད་པ་ལ་མཆོག་ཏུ་བསྔགས་པ་ལགས་ན། དེས་ཀྱང་འབྲས་བུའི་དེ་ཁོ་ན་ཉིད་གསང་བ་དམ་པ་སྟོན་མི་སྤྱོད་པ་དེ་ནི་ཤིན་ཏུ་རྟོགས་པར་དཀའ་བས་ངོ་མཚར་ཆེ་བ་ལར་ཡེ་མི་སྲིད་པ་ལྟར་ན། བདག་ཅག་གིས་ནམ་ཞིག་ན་ངེས་པ་རྙེད་པར་འགྱུར་ཞིག་གུ་ཞེས་གདུངས་པའི་ཚུལ་གྱིས་སྨྲས་པ་ལས་ཞེས་པའོ། །གཉིས་པ་ལ་བཞི་སྟེ། རྡོ་རྗེ་སེམས་དཔས་ཀྱང་དེ་ཁོ་ན་ཉིད་མ་རྟོགས་པར་དཀའ་བ་སྤྱད་ཀྱང་ངེས་པ་མ་རྙེད་པ། རྒྱུད་དག་པའི་སྒྲོན་མ་ཀུན་གྱིས་ཀྱང་དེ་ཁོ་ན་ཉིད་མ་རྟོགས་པར་ངེས་པ་མ་རྙེད་པ། རྒྱལ་ཚབ་སྐྱེས་བུས་ལམ་བགྲོད་ཀྱང་ངེས་པ་མ་རྙེད་པ། ངེས་པ་རྙེད་པར་བྱ་བའི་ཕྱིར་ཞུས་ལན་ནོ། །དང་པོ་ནི། གསང་བ་པའི། ཞེས་པ་ནས། མ་མཁྱེན་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་དམན་པའི་ལུས་ཀྱི་སེམས་དཔའ་དག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངའ་བདག་སྟོན་པ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཀྱང་གསང་སྔགས་ཀྱི་དེ་ཁོ་ན་ཉིད་མ་རྙེད་ཀྱི་བར་དུ་སྔོན་རྒྱུ་ལ་གནས་པའི་དུས་སུ་བསྐལ་པ་གཅིག་ནས་གྲངས་མེད་པ་ལ་ཐུག་གི་བར་གྱི་ཡུན་སུམ་འགྱུར་དུ་བྱས་པས་གྲངས་མེད་པ་གསུམ་སྙེད་དུ། ཐུན་མོང་གི་ཐེག་པའི་སྒོ་ནས་དཔག་ཏུ་མེད་པའི་དཀའ་བ་སྤྱད་ཀྱང་། གསང་བ་དེ་ཁོ་ན་ཉིད་ཐུགས་སུ་མ་ཆུད་པས་རྣམ་པ་ཐམས་ཅད་མ་མཁྱེན་ཏོ། །གཉིས་པ་ལ་གཉིས་ཏེ། ངེས་པ་མ་རྙེད་པ་དངོས། ཞར་ལ་དེ་ཁོ་ན་ཉིད་རྟོགས་མ་ཐག་ངེས་པ་རྙེད་པའོ། །དང་པོ་ལ་གཉིས་ཏེ། ཉེ་བར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ཇི་ལྟར། ཞེས་པ་ནས། སྤྱོད་པ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། དེའི་ཚུལ་བསྟན་པ་ཇི་ལྟར་ཞེ་ན། སངས་རྒྱས་དུས་ཀྱི་སྒོ་ནས་དཀོན་པས། དུས་སྔ་ཕྱི་ཇི་ལྟ་ཇི་ལྟར་རྒྱུད་ཡོངས་སུ་དག་པའི་ཐུན་མོང་གི་སངས་རྒྱས་ཀུན་ཏུ་འོད་ཀྱི་ས་ལ་གནས་པ་དཔག་ཏུ་མེད་པ་སྔར་བྱུང་བ་དང་། ཕྱིས་འབྱུང་བར་འགྱུར་བ་ཡང་གསང་སྔགས་དེ་ཁོ་ན་ཉིད་ཀྱི་ངེས་པ་མ་རྙེད་བར་དུ་དཀའ་བ་སྤྱོད་ཅིང་རྩོལ་བ་ལ་གནས་པ་སྟེ། གཉིས་པ་ནི། འདི་ལྟར། ཞེས་པ་ནས། མི་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། འདི་ལྟར་ད་ལྟར་གྱི་བསྐལ་པ་བཟང་པོ་འདི་ཡི་སྤྲུལ་པ་སྟོང་རྩ་གཉིས་རྫོགས་པའི་འོག་ཏུ་སྲིད་པ་འཇིག་སྟོངས་ཆགས་གནས་བྱས་ཏེ། ཆགས་པ་དེ་ལ་སངས་རྒྱས་མི་བྱོན་ཞིང་དམ་པའི་ཆོས་མེད་པས་མཐའ་འཁོབ་ཀྱི་བསྐལ་པ་ཆེན་པོ་མི་དགེ་བ་སྤྱོད་པས་རིགས་ངན་པ་ཡུན་དྲུག་ཅུ་འབྱུང་ངོ་། །དེའང་སྟོང་གི་འཇིག་རྟེན་སྤྲུལ་པ་ཉག་གཅིག་གི་གོ་ཤུལ་བརྩིས་པ་ལས་གཞན་དུ་མིན་ནོ། །དེའི་འོག་ཏུ་ཡོན་ཏན་གྱི་ཕྱོགས་ཀུན་ནས་བརྗོད་པས་བསྐལ་པ་གྲགས་ལྡན་བྱ་བ་ལ། སངས་རྒྱས་སྟོང་ཕྲག་བཅུ་བསྐལ་པ་གཅིག་གིས་རྫོགས་པར་འབྱུང་ངོ་། །དེའི་འོག་ཏུ་ལས་གཅིག་པུས་འཚོ་ཞིང་སྤྱོད་དེ་ཆོས་དང་ཡ་རབས་ཀྱི་མིང་ཡང་མེད་པས་རིགས་ངན་གྱི་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་འབྱུང་ངོ་། །དེའི་འོག་ཏུ་རྒྱ་ཆེ་ཞིང་གསལ་ལ་ཆོས་དང་ལྡན་པས་བསྐལ་པ་སྐར་མ་བཀྲམ་པ་ལྟ་བུ་ལ་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་འབྱུང་ངོ་། །དེའི་འོག་ཏུ་སྣང་བ་མེད་པ་གླིང་བར་གྱི་དུད་འགྲོ་ལྟ་བུ་དང་ཆོས་ཀྱང་མེད་པས་མུན་པའི་བསྐལ་པ་སུམ་བརྒྱ་འབྱུང་ངོ་། །དེའི་འོག་ཏུ་མི་རྣམས་མཚན་སུམ་ཅུ་པ་ཤ་སྟག་པས་བསྐལ་པ་མཛེས་ལྡན་རྒྱན་ཞེས་བྱ་བ་ལ། སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ་འབྱུང་ངོ་། །དེ་བཞིན་དུ་མཐའ་ཐུག་པ་མེད་པར་སྤྲུལ་པ་དང་ཆོས་ཀྱིས་གསལ་བའི་སྒྲོན་མའི་བསྐལ་པ་དང་། དེ་གཉིས་མེད་པས་མུན་པའི་བསྐལ་པ་རྟག་པ་རྒྱུན་གྱི་འཁོར་མོར་འདྲེན་མར་འབྱུང་ངོ་། །དེ་ལྟར་འབྱུང་བ་ན་ད་ལྟར་གྱི་བསྐལ་པ་འདི་ཉིད་ཆགས་པའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོ་རྒྱ་མཚོར་གྱུར་པ་ལ་པདྨ་སྟོང་བྱུང་བ་སངས་རྒྱས་སྟོང་གི་བརྡར་ཤར་བས་ལྷ་གོང་མ་གཙང་མའི་རིས་རྣམས་ཀྱིས་བསྐལ་པ་བཟང་པོ་ཞེས་བརྗོད་པས་དེ་ལྟར་གྲགས་ལ། དེའང་རྒྱལ་བ་སྟོང་གི་རེ་རེ་སངས་རྒྱས་པ་ན་སེང་ཁྲི་པད་མ་ཅན་སྟོང་སྟོང་འབྱུང་བ་ལ་རང་གར་བབ་པའི་ས་ན་བཞུགས་པས་གཞན་མ་རྣམས་འཕུར་ཏེ་མི་སྣང་བར་འགྱུར་ལ། དེ་ལྟར་བསྐལ་པ་བཟང་པོ་འདི་ཉིད་ལ་སངས་རྒྱས་སྟོང་རྩ་གཉིས་འབྱུང་ངོ་། །འདི་ནས་གྱེན་དུ་འདས་པ་བརྩིས་ན། བསྐལ་པ་བཟང་པོ་འདིའི་སྔོན་དུ། མུན་པའི་བསྐལ་པ་བརྒྱ་བྱུང་ངོ་། །དེའི་སྔོན་དུ་ཡོན་ཏན་རྫོགས་པས་བསྐལ་པ་རྫོགས་ལྡན་ཞེས་བྱ་བ་ལ། སངས་རྒྱས་བྱེ་བ་ཕྲག་བརྒྱ་བྱོན་ཏེ་ཐ་མ་དཀོན་མཆོག་དཔལ་བྱུང་ངོ་། །དེ་འདས་པའི་སྔོན་རོལ་དུ་མཐའ་འཁོབ་ཀྱི་བསྐལ་པ་བརྒྱ་བྱུང་ངོ་། །དེ་འདས་པའི་སྔོན་དུ་གདུལ་བྱ་རྣམས་སྐལ་པ་བཟང་བས་བསྐལ་པ་བཟང་རྒྱན་ཞེས་བྱ་བ་ལ། སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱོན་ཏེ་ཐ་མར་བཟང་རྒྱན་དཔལ་བྱུང་ངོ་། །དེ་འདས་པའི་སྔོན་དུ་མུན་པའི་བསྐལ་པ་ལྔ་བརྒྱ་བྱུང་ངོ་། །དེ་འདས་པའི་སྔོན་དུ་དགེ་བཅུ་ལ་སྤྱོད་པས་བསྐལ་པ་མཐོང་དགའ་ཞེས་བྱ་བ་ལ། སངས་རྒྱས་བྱེ་བ་ཕྲག་བཅུ་བྱུང་ངོ་། །དེ་འདས་པའི་སྔོན་དུ་མུན་པའི་བསྐལ་པ་བདུན་བརྒྱ་བྱུང་ངོ་། །དེ་འདས་པའི་སྔོན་དུ་མི་རྣམས་ཡིད་དགའ་བས་བསྐལ་པ་དགའ་བ་ཞེས་བྱ་བ་ལ། སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱུང་ངོ་། །དེ་ལ་སོགས་པ་འདས་པའི་དུས་དང་མ་འོངས་པའི་དུས་མཐའ་ཡས་པར་མུན་པ་དང་སྒྲོན་མའི་བསྐལ་པ་འདྲེན་མར་ཐོག་མ་དང་ཐ་མ་མེད་པར་བྱུང་ཞིང་འབྱུང་སྟེ། གང་སྒྲོན་མ་སངས་རྒྱས་ཇི་སྙེད་པ་སྔར་བྱུང་ཞིང་ཕྱིས་འབྱུང་བ་རྣམས་ཀྱང་། གསང་སྔགས་ཀྱི་ངེས་པ་དེ་ཁོ་ན་ཉིད་མ་རྙེད་ཀྱི་བར་དུ་དཔག་ཏུ་མེད་པའི་དཀའ་བ་སྤྱད་ཀྱང་རྣམ་པ་ཐམས་ཅད་མ་མཁྱེན། མི་མཁྱེན། མཁྱེན་པར་མི་འགྱུར་རོ། །གཉིས་པ་ནི། གང་གསང་སྔགས། ཞེས་པ་ནས། འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བས་ན་རྒྱལ་བ་རིལ་གྱི་ལམ་འདིར་གཅིག་པས་གང་གསང་སྔགས་ཀྱི་ངེས་པ་དེ་ཁོ་ན་ཉིད་དེ་དུས་སམ་ལམ་གྱི་སྐབས་ནམ་དུ་རྙེད་མ་ཐག་པར་སྔར་ཡང་འབྲས་བུ་ཡེ་ཤེས་ཐོབ་པས་རྣམ་པ་ཐམས་ཅད་མཁྱེན་ཏོ། །ད་ལྟར་ཡང་འབྲས་བུ་ཡེ་ཤེས་བརྙེས་ཏེ་རྣམ་པ་ཐམས་ཅད་མཁྱེན་ནོ། །ཕྱི་དུས་སུ་ཡང་འབྲས་བུ་ཡེ་ཤེས་ཐོབ་ནས་རྣམ་པ་ཐམས་ཅད་མཁྱེན་པར་འགྱུར་རོ། །དེའང་ཚོགས་ལམ་ནས་ངེས་པ་རྙེད་པའང་ཡོད་ལ། སྦྱོར་ལམ་ནས་དང་། མཐོང་ལམ་ནས་ས་བཅུ་རིམ་པ་བཞིན་དུའང་རྙེད་པ་ཡོད་ཅིང་། ས་བཅུ་མཐར་ཕྱིན་པ་ནི་གསང་སྔགས་སོ། །གསུམ་པ་ལ་གཉིས་ཏེ། ལམ་ལྔ་ཕྲག་གཉིས་སུ་བགྲོད་པ། བགྲོད་ཀྱང་ངེས་པ་མ་རྙེད་པའོ། །དང་པོ་ལ་གཉིས་ཏེ། བདག་དོན་དུ་ཐུན་མོང་གི་ལམ་ནས་བགྲོད་པ། གཞན་དོན་དུ་མདོ་ཁྱད་པར་གྱི་ལམ་ནས་བགྲོད་པའོ། །དང་པོ་ལ་གཉིས་ཏེ། ལམ་པའི་གང་ཟག་འབྱུང་བའི་དུས། ངོ་བོ་ལམ་བགྲོད་ཚུལ་དངོས་སོ། །དང་པོ་ནི། དེ་བཞིན་དུ། ཞེས་པ་ནས། ཞེས་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བས་ན་དེ་ལས་ཆ་གཅིག་ངེས་པར་གཟུང་བར་བསྟན་པས་ཡིད་ཆེས་པར་བྱ་བའི་ཕྱིར་དེ་བཞིན་དུ་རིགས་ལྔས་གསང་སྔགས་མ་རྟོགས་པ་དང་རྟོགས་པས་འབྲས་བུ་བརྙེས་པ་དང་། དང་པོ་སེམས་བསྐྱེད་པ་ནས་མཐར་ཐུག་གི་བར་སྟོན་ཏེ། དེ་ཡང་དུས་ཀྱི་དབང་དུ་སྔོན་གྱི་བསྐལ་པ་གྲངས་མེད་པ་ལས་ཀྱང་གྲངས་མེད་པར་འདས་པ་མང་པོ་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་ན། བསྐལ་པ་ཆེན་པོ་མངོན་པར་དགའ་བ་ཞེས་བྱ་བ་ལ། སངས་རྒྱས་སུམ་ཁྲི་སུམ་སྟོང་ངམ་ཁྲི་སུམ་སྟོང་ཡང་གསུངས་ཏེ་དེ་ལྟར་བྱུང་བའི་དུས་ན། བསྟན་པ་དང་སློབ་དཔོན་གྱི་དབང་དུ་ཕྱི་མ་ལྟར་ན་ཁྲི་ཉིས་སྟོང་བརྒྱད་བརྒྱ་དགུ་བཅུ་གོ་དགུ་སོང་བའི་ཐ་མའིི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་བྱ་བའི་བསྟན་པ་ལ། ཐམས་ཅད་མཁྱེན་པའི་གོ་འཕང་ལ་འཇུག་པར་འདོད་པའི་གང་ཟག་ལྔ་སྟེ་རིགས་ཀྱི་སྒོ་ནས་རྒྱལ་རིགས་དང་། བྲམ་ཟེའི་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། གདོལ་པའི་རིགས་དང་ལྔ་བྱུང་བས་དགེ་འདུན་རིགས་ཀྱི་སྒོ་ནས་ཀྱང་དཀོན་ལ། ངོ་བོའི་དབང་དུ་མཆོག་ཆེན་པོ་ལྔ་བྱུང་བ་ནི། འདི་ལྟ་སྟེ། ལས་དང་པོ་པའི་མཚན་ཁྱེའུ་བདེ་སྐྱོབ་ཅེས་བྱ་བ་དང་། ཁྱེའུ་ཏྲ་ལི་ཏ་ཞེས་བྱ་བ་དང་། ཁྱེའུ་དཔས་བྱིན་ཞེས་བྱ་བ་དང་། ཁྱེའུ་ལས་སྦྱིན་ཞེས་བྱ་བ་དང་། ཁྱེའུ་དུམ་བུར་ཞེས་བྱ་བ་བྱུང་ངོ་། །དང་པོའི་ཁྱེའུ་ལྔ་ད་ལྟར་གྱི་རྒྱལ་བ་རིགས་ལྔར་ངོས་བཟུང་བ། བསྟན་པ་ཤར་བ་དེའི་ཚེ་མཆོག་ཆེན་པོ་ལྔ་བྱུང་བ་དེའི་དུས་ན། སངས་རྒྱས་རྡོ་རྗེ་སེམས་དཔའ་ནི་ཁྱེའུ་བདེ་སྐྱོབ་ཅེས་བྱའོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་ཚེ་མཐའ་ཡས་པ་ནི། ཁྱེའུ་ཏྲ་ལི་ཏ་ཞེས་བྱའོ། །དེའི་ཚེ་དེའི་དུས་ནས་སངས་རྒྱས་རིན་ཆེན་འབྱུང་ལྡན་ནི། ཁྱེའུ་དཔས་བྱིན་ཞེས་བྱའོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་རྣམ་པར་སྣང་མཛད་ནི། ཁྱེའུ་ལས་སྦྱིན་ཞེས་བྱའོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་དོན་ཡོད་གྲུབ་པ་ནི། ཁྱེའུ་དུམ་བུ་ར་ཞེས་བྱའོ། །ཅིའི་ཕྱིར་ལྔ་རུ་བཤད་ན། ཇི་སྐད་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ལ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །མཛད་པའི་ཕྲིན་ལས་ཉིད་དང་ལྔ། །དེ་ལས་བྱུང་ཞིང་དེར་འདུས་པས། །ལྔ་ཞེས་ངེས་པར་བསྟན་པ་ཡིན། །ཞེས་སོ། །གཉིས་པ་ལ་ལྔ་སྟེ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ལམ་མོ། །དང་པོ་ནི། དེའི་ཚེ། ཞེས་པ་ནས། མ་རྙེད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེའང་སེམས་བསྐྱེད་པ་ནས་རིམ་པར་བསྟན་ཏེ། སྟོན་པ་དང་ཁྱེའུ་ལྔའི་དབང་གིས་དེའི་ཚེ་དེའི་དུས་ན། ཁྱེའུ་དེ་རྣམས་ཀྱིས་སངས་རྒྱས་ཀུན་ཏུ་བཟང་པོ་དེ་ལ་རང་བཞིན་ལྷན་ཅིག་སྐྱེས་པ་རྒྱུ་དང་། ལྷན་ཅིག་བྱེད་པའི་རྐྱེན་ཡོན་ཏན་མཐོང་ཐོས་དང་བྱིན་རླབས་ཐབས་ཀྱི་འགྲེལ་པ་འཛོམ་པ་ལས་རྣལ་འབྱོར་མཆོག་ཏུ་སེམས་བསྐྱེད་དེ་དཔེར་ན་མུན་པའི་ཟེར་རམ་རྩྭ་མེ་ལྟར་གཡོ་བའི་སེམས་སྐྱེ་བའི་དུས་དང་པོ་གྲུབ་མཐས་བློ་མ་བསྒྱུར་བ་འཇིག་རྟེན་གྱི་ས་ལ་གནས་པའི་སྐབས་ན། ཕལ་པའི་སེམས་བརྒྱད་བསྐྱེད་ཅིང་འཇིག་རྟེན་པའི་ལམ་བརྒྱད་ནས་བགྲོད་དེ་འཇུག་པའི་ཚུལ་ནི། ལམ་དང་སེམས་ངོ་བོ་ཐུན་མོང་བ་སྟེ། གསང་བདག་དགའ་རབ་དཔའ་བོས་མཛད་པའི་བསྒོམ་ཐབས་སྒྲོན་མ་ལས། བསྙུང་བར་གནས་པའི་སེམས་དང་ས་བོན་ལྟར། །བཅོས་མའི་སྙིང་རྗེའི་གནས་གཏོང་སོང་ལྟ་བུ། །ཕྲ་མེན་དགེ་སྦྱོང་ལ་གཏོང་ལོ་མ་ལྟར། །ཚུལ་འཛིན་ལྷུག་པར་གཏོང་སེམས་མེ་ཏོག་ལྟར། །མོས་པས་ཁྲིམས་སྲུང་སེམས་བསྐྱེད་གསོས་སུ་འགྱུར། །དགེ་བར་འདུན་པ་ལྷ་མཆོད་འཇིག་རྟེན་ལམ། །ཞེས་གསུངས་པས། སོ་སོའི་སྐྱེ་བོ་ཕྱུགས་དང་འདྲ་བ་ལས། བརྒྱ་ལམ་རེ་ན་ཆོས་ཀྱི་འདུ་ཤེས་འབྱུང་བ་ནི་བསྙུང་བར་གནས་པའི་སེམས་ཏེ་ས་བོན་ལྟ་བུ་དང་། ཕ་མ་དང་ཉེ་དུ་ལྟ་བུ་ལ་སྦྱིན་པ་བྱེད་དེ་མྱུ་གུ་ལྟ་བུ་དང་། སྦྱིན་གནས་ཇི་སྙེད་པ་དག་ལ་གཏོང་སྟེ་སྡོང་བུ་ལྟ་བུ་དང་། བྲམ་ཟེ་དང་དགེ་སློང་དག་ལའང་གཏོང་བ་ལོ་མ་ལྟ་བུ་དང་། བླ་མ་དང་རོལ་མོ་མཁན་ལ་སོགས་པ་ལ་ལྷུག་པར་གཏོང་བ་མེ་ཏོག་ལྟ་བུ་དང་། གང་དང་གང་འདོད་པ་གཏོང་བས་ཡིད་དགའ་བར་བྱེད་པ་འབྲས་བུ་ལྟ་བུ་སྟེ་སྦྱིན་པའི་བསླབ་པ་དྲུག་དང་། སྦྱིན་པ་དེས་རྒྱུ་བྱས་ནས་ཚུལ་ཁྲིམས་ལ་མོས་པ་སྐྱེ་སྟེ་བསྲུང་བ་གསོས་སུ་གྱུར་པ་ལྟ་བུ་དང་། དེ་བས་འཇིག་རྟེན་པའི་ལྷ་ཆེན་པོ་ལ་མཆོད་པ་ཕུལ་བ་ཤེས་སྟོབས་ཅན་དུ་འགྱུར་སྙམ་ནས་ཚངས་པ་ལ་སོགས་པ་མཆོད་པ་ནི་སྟོབས་སུ་གྱུར་པ་སྟེ་བརྒྱད་དོ། །ཞེས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་ཏནྟྲ་ལས་བྱུང་བ་ལྟར་རོ། །དེ་ལྟར་རིམ་པར་བསྐྱེད་པའང་འདི་ལྟར་རྣལ་འབྱོར་ལྔའི་རིམ་པར་གནས་པས་སྤྱད་དེ། འདུན་པ་སེམས་པའི་རྣལ་འབྱོར་གྱི་སྐབས་ལ། གསང་སྔགས་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ཙམ་བསྒོམ་སྟེ་རས་བལ་ལམ་ས་བོན་དང་འདྲ་སྟེ་གང་དུའང་འབྱུང་བའི་རྒྱུར་གྱུར་པས་རྐྱེན་ལ་རག་ལས་ཏེ་ངེས་པ་མེད་པའི་ཕྱིར་ས་དང་པོ་འགྱུར་དབང་མ་ངེས་པའི་ས་པར་གནས་སོ། །དེའི་ཚེ་སངས་རྒྱས་སུམ་ཁྲི་སུམ་སྟོང་ལ་ཐེ་ཚོམ་བཅད་ཀྱང་གསང་སྔགས་ལ་ངེས་པ་མ་རྙེད་དོ། །འདི་དང་འོག་མའི་བུདྡྷའི་གྲངས་རྣམས་བསྐལ་པ་ཡུན་རིང་བ་ལ་བསྙེན་པ་ཡིན་ཏེ་ཡུན་ཐུང་བ་ལ་གཤིབ་པ་མིན་གསུང་། ཚོམས་སུ་བཅད་པ་ནི་ལམ་ལྔའི་གྲངས་ཀྱི་ངོས་ནས་སོ། །འདི་དག་ནི་སྐབས་ཀྱིས་ཀྱང་ཐུན་མོང་གི་ལམ་དུ་སྦྱར་ལ། སྤྱིར་ན་གཞི་དང་པོ་དང་སྐབས་ཀྱི་དང་པོ་གཉིས་ལས། འདིར་གཞི་སྟེ་སྔར་མ་སྦྱང་པའི་ལས་དམ་པ་གསང་སྔགས་ཀྱི་བསླབ་པ་ཐོག་མར་རྩོམ་པའི་ཕྱིར་རོ། །དེ་ལྟར་ལས་དང་པོ་པའི་སྐབས་བཀའ་སྡོད་ལས་ཀྱི་རྣལ་འབྱོར་གྱི་དུས་ན། དང་པོའི་རྣལ་འབྱོར་དང་། བསླབ་པ་སྦྱོང་བའི་རྣལ་འབྱོར་དང་། ངེས་པའི་རྣལ་འབྱོར་གྱི་སེམས་གསུམ་བསྐྱེད་ཅིང་ཟག་བཅས་ཀྱི་བསླབ་པའི་མཐའ་བཅུ་ཆུབ་པས་འགྲུབ་པར་ཁོང་དུ་ཆུད་ནས་སེམས་གསུམ་དང་བསླབ་པ་བཅུ་དང་། གསང་སྔགས་ལ་སོགས་པ་ཐུན་མོང་གི་སེམས་གཡོ་བ། སྨོན་པ། མོས་པ་གསུམ་ལ་བརྟེན་པས་ངེས་པར་འབྱུང་བའི་ཕྱིར་བག་ཆགས་དང་པོ་དག་ནས་དགེ་བའི་ཆོས་ཐམས་ཅད་ཀྱི་རྟེན་གཞིར་གྱུར་པས་ས་གཉིས་པ་རྟེན་པ་གཞིའི་ས་པར་གནས་སོ། །དེའི་ཚེ་དེའི་དུས་ན། སངས་རྒྱས་བཞི་ཁྲི་བཞི་སྟོང་ལ་ཐེ་ཚོམ་བཅད་ཀྱང་ངེས་པ་མ་རྙེད་དོ། །ཡང་ན་འདི་རྣམས་སྤྲུལ་པའི་སློབ་དཔོན་ཡིན་ཀྱང་རུང་ངོ་། །གཉིས་པ་ནི། རིགས་ཆེན། ཞེས་པ་ནས། མ་རྙེད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རིགས་ཆེན་འབྱེད་པའི་རྣལ་འབྱོར་གྱི་སྐབས་སུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། ཐེག་པ་ཆེ་ཆུང་གི་རིགས་སོ་སོར་ངེས་པར་གྱུར་ནས་རིགས་ཆེན་འབྱེད་པའི་རྣལ་འབྱོར་དང་། གསང་སྒོ་ལུང་གི་རྣལ་འབྱོར་དང་། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང་། མཚན་མ་རྟགས་ཀྱི་རྣལ་འབྱོར་གྱི་ཏིང་ངེ་འཛིན་དང་སེམས་བཞི་རྫོགས་ཏེ། ཟག་བཅས་ཀྱི་བསླབ་པའི་མཐའ་བཅུ་ཁོང་དུ་ཆུབ་ནས་དོན་ཆེན་པོ་ལོངས་སྤྱོད་པ་ཟད་པ་མེད་པར་འབྱུང་བའི་ཕྱིར། གསུམ་པ་གལ་ཆེན་སྦྱོང་བའི་ས་དང་། བཞི་པ་བསླབ་པ་རྒྱུན་གྱི་ས་དང་། ས་ལྔ་པ་ངེས་པས་བསོད་ནམས་བསགས་ཏེ་ཟག་པ་མེད་པ་ལ་སྦྱོར་བས་མི་ཟད་པའི་གཏེར་གྱི་ཡོན་ཏན་དང་ལྡན་པའི་ས་པར་གྱུར་ཏོ། །འདིར་སེམས་བཞི་ལ། གོང་གི་ཐུན་མོང་གི་སེམས་གསུམ་གཅིག་ཏུ་བརྩིས་པའི་སྟེང་རང་གི་ལྟ་བ། འཇུག་པ། སྦྱོར་བ་གསུམ་ས་གསུམ་དང་སྦྱར་བ་ལ་བཞེད་པའང་ཡོད་དོ། །དེེའི་ཚེ་སངས་རྒྱས་ལྔ་ཁྲི་ལྔ་སྟོང་ལ་ཐེ་ཚོམ་བཅད་ཀྱང་ངེས་པ་མ་རྙེད་དོ། །གསུམ་པ་ནི། ཡང་དབུགས་ཆེན། ཞེས་པ་ནས། ཐེག་པ་སྟོན། ཞེས་པའི་བར་གྱིས་བསྟན་ཏེ། ཡང་ཆོས་ཉིད་རང་གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པས་དང་པོ་ངལ་སོས་ཏེ་འཁོར་བ་ལས་དབུགས་ཆེན་པོ་འབྱིན་པའི་རྣལ་འབྱོར་གྱི་སྐབས་སུ། ཆོས་ཉིད་མ་སྐྱེས་པར་རྟོགས་པའི་བསམ་གཏན་འབའ་ཞིག་དང་ལྡན་པས་དགའ་བ་བྱང་ཆུབ་ཀྱི་སེམས་གཅིག་ལ་ཉེས་པ་ཟད། ཆོས་ཉིད་མཐོང་། འཁོར་བས་མི་འཇིགས། ཟག་པ་དང་བྲལ་བའི་ཁྱད་པར་བཞི་རྫོགས་སྟེ། ཟག་པ་མེད་པའི་བསླབ་པའི་མཐའ་བཅུ་ལེགས་པར་ཆུབ་ཅིང་རྟོགས་ནས། ཇི་སྐད་དུ། འཚོ་བ་མེད་དང་མི་བསྔགས་འཁོར་བ་མེད། །འཁོར་གྱིས་འཇིག་བྲལ་འཆིང་བའི་བག་ཚ་རྣམ་པར་སྤངས། ཞེས་པ་ལྟར་འཇིགས་པ་ལྔ་ལས་འདས་ཏེ། ཇི་ལྟ་བའི་དོན་མཐོང་བ་ལ་བརྟེན་ནས་སྒོམ་པས་འབྲས་བུ་ཁྱད་པར་ཅན་དུ་འགྲོ་བས་ས་དྲུག་པར་གནས་ཏེ་ཆོས་ཉིད་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་སོ། །དུས་དེའི་ཚེ་སངས་རྒྱས་དྲུག་ཁྲི་དྲུག་སྟོང་ལ་ཐེ་ཚོམ་བཅད་པས་རྒྱལ་བ་ལ་ལྟོས་ན་གཉིས་སུ་མེད་པའི་དོན་ཕྱོགས་ཙམ་ཤེས་ཏེ་ས་དང་པོར་དབུགས་ཕྱིན་པར་གྱུར་ཏོ། །དེ་ནས་འགྲོ་དོན་བྱེད་པའི་ཚུལ་ཡང་འདི་ལྟར། ཐམས་ཅད་ཡེ་ཤེས་སྒྱུ་མར་མཐོང་བས་སྒྱུ་མར་ལྟ་བུའི་ལུས་ཀྱིས་དངོས་པོ་དང་མཚན་མའི་རྒྱུད་སྦྱོང་བའི་སྐྱེས་བུ་དེ་ཡིས་གཞན་དོན་ལ་རྩོལ་བ་དེ་ཡང་མི་བསྔགས་པ་མེད་པ་ཐོབ་པས་མཚན་དང་དཔེ་བྱད་ལྡན་པའི་ལྷ་མིའི་རྒྱལ་པོའི་སྐུ་འཁོར་ལོས་བསྒྱུར་བའི་ཆ་བྱད་ཅན་དུ་སྤྲུལ་ནས། བློན་པོ་དང་བཙུན་མོ་ལ་སོགས་རིན་ཆེན་སྣ་བདུན་དང་དཔུང་གི་ཚོགས་བཞི་པོ་རྣམས་ཀྱིས་ཆ་རྐྱེན་དང་ལྡན་པར་རང་གི་འདོད་པ་གསེར་དངུལ་ཟངས་ལྕགས་གང་ཡིན་པའི་འཁོར་ལོས་དབང་བསྐུར་བས་གླིང་བཞི་སོགས་ལ་མངའ་དབང་བསྒྱུར་ཏེ་གདུལ་བྱ་རྣམས་ལ་ཚིག་ཙམ་དུ་ཐབས་ཀྱི་རྒྱལ་པོ་ཐེག་པ་ཆེན་པོའི་ལམ་ཡང་སྟོན་ཅིང་དོན་དགེ་བ་བཅུ་ལ་ལེགས་པར་འགོད་དེ་རིན་ཆེན་བདུན་གྱི་དབང་ཐོབ་པའི་ཕྱིར་རོ། །བཞི་པ་ནི། ཡང་ལུང་ཆེན། ཞེས་པ་ནས། ཐབས་མཆོག་སྦྱོར། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སངས་རྒྱས་རྣམས་ཀྱིས་ལུང་བསྟན་པ་ཆེན་པོ་ཐོབ་པའི་སྐབས་སུ་རྒྱུའི་སྒོམ་ལམ་ས་དགུར་ལུང་བསྟན་པ་དངོས་སུ་འབྱུང་ཞིང་ཐོབ་པ་དང་ལྟ་བ་མཚུངས་པ་མིན་ཀྱང་རྣམ་པར་ཐུན་མོང་དུ་གྱུར་པ་ལྟར་ཤེས་པར་བྱ་སྟེ། དེའང་ས་དྲུག་པ་ལ་རྣལ་འབྱོར་བདུན་དང་བདུན་པ་ལ་གསུམ་དུ་གསུངས་པ་མཚན་ཉིད་ཀྱི་འཕགས་པའི་ས་བཅུ་དང་སྦྱར་ཏེ་ཐ་མ་ལ་ཕྱི་རྒྱུད་གསུམ་གྱི་དོན་ཡང་གནས་པར་མདོ་ཆེན་པོའི་རང་ལུགས་སུ་བཤད་པ་ལྟར་ཏེ། བསྒོམ་ཐབས་སྒྲོན་མ་ལས། དྲུག་པ་ལ་བདུན་དབུགས་ཆེན་འབྱིན་པ་ནི། །བདག་གཉིས་མེད་རྟོགས་མཐོང་ལམ་ས་རབ་དགའོ། །རིགས་ཆེན་འཛིན་པས་གཉིས་པ་དྲི་མ་བྲལ། །མཉམ་རྫོགས་བདེན་པ་གཉིས་མཉམ་གསུམ་པ་བྱེད། །ངེས་སྤྱོད་ཐུགས་ཆུད་དོན་མཛད་བཞི་པ་འཕྲོ། །རྩལ་སྦྱོང་དབྱེར་མེད་སྦྱོང་བས་ས་ལྔ་པ། །རིག་པས་ཆོས་ཉིད་ཡུལ་ལ་འཇུག་པས་དྲུག །རིག་པར་སྦྱོར་བས་ཉོན་མོངས་དག་པས་བདུན། །བདུན་པ་ལ་གསུམ་གྲུབ་པའི་རྣལ་འབྱོར་ནི། །མཚན་མ་ལས་གྲོལ་མི་གཡོར་གནས་པས་བརྒྱད། །ལེགས་པ་ཆེར་ལྡན་རྣལ་འབྱོར་ཆེན་པོ་དགུ། །ངེས་འབྱུང་གཞིར་གནས་ཆོས་ཀྱི་སྤྲིན་ཆེན་ཏེ། །དམ་ཚིག་ཡེ་ཤེས་འབྱེད་པས་ཕྱི་རྒྱུད་གསུམ། །ཞེས་གསུངས་པ་ལྟར་དབུགས་ཆེན་འབྱིན་པ་ནི་རྒྱུའི་རབ་ཏུ་དགའ་བ་རྣལ་འབྱོར་གསུམ་པ་དང་སྦྱོར་ལ། དེ་ནས་ས་གཉིས་པ་ནས་བརྒྱད་པ་མན་ཆད་ཀྱི་རིགས་ཆེན་འཛིན་པའི་རྣལ་འབྱོར་མི་འགྱུར་བའི་སེམས་དང་། མཉམ་རྫོགས་ཆེན་པོའི་རྣལ་འབྱོར། ངེས་པར་འབྱིན་པའམ་སྤྱོད་པའི་རྣལ་འབྱོར། རྩལ་ཆེན་སྦྱོང་བའི་རྣལ་འབྱོར། ཡུལ་ལ་འཇུག་པའི་རྣལ་འབྱོར། རིག་པར་སྦྱོང་བའམ་སྦྱོར་བའི་རྣལ་འབྱོར། ས་བདུན་པ་རང་གི་གྲུབ་པའི་རྣལ་འབྱོར་གྱི་བར་སེམས་བདུན་རྫོགས་ཏེ། ལྷན་ཅིག་གནས་པ་གཡོ་བའི་དྲི་མ་ཤེས་བྱ་རགས་པ་དག་ནས། རྟོག་པའི་རི་བོ་དགུ་བཅུའམ་འཛིན་པའི་ཆ་མཐའ་དག་ལས་བརྒལ་ཏེ་དོན་ལ་ཏིང་ངེ་འཛིན་དུ་བྱས་པས་རྣལ་འབྱོར་ཆེན་པོ་དང་ངེས་པར་འབྱུང་བའི་རྣལ་འབྱོར་ཀྱང་ངང་ལ་གནས་པ་དང་མཐར་ལམ་ལ་སྦྱོར་བའི་རྩལ་དུ་རྫོགས་ནས་ཏིང་ངེ་འཛིན་ལ་དམིགས་པས་འབྲས་བུ་སྐྱེ་བའི་ས་བདུན་པར་གནས་སོ། །དེའི་ཚེ་སངས་རྒྱས་བདུན་ཁྲི་བདུན་སྟོང་གི་ལུང་ཐོབ་སྟེ་ཐེ་ཚོམ་བཅད་པས་ཐུན་མོང་ལྟར་ཀྲྀ་ཡོག་རྣམ་གསུམ་ལ་གནས་ཏེ་ལྷ་ཡི་སྐུར་ཡང་གསལ་བའི་ཕྱིར་ཡང་དག་པའི་རྟོག་ཆེན་རིག་འཛིན་གྱི་ས་ལ་གནས་སོ། །དེ་ཡང་སྒོམ་ལམ་གྱི་གཞན་དོན་བྱེད་ཚུལ་འདི་ལྟར། ལམ་ལ་གོམས་པ་དེ་ཚེ་སྐྱེས་བུ་དམ་པ་དེ་ཡིས་རང་དོན་དུ་འབྲས་བུ་ཉིད་ལ་ལམ་དུ་ཤེས་པས་ཐེག་པ་མཆོག་གི་དོན་མཐོང་བས་རང་གི་རིག་པ་ལ་འབྲས་བུའི་ལམ་གྱི་ཡན་ལག་ཐམས་ཅད་ཤིན་ཏུ་བདེ་བར་རྫོགས་ཏེ་ཉམ་ང་བ་མེད་པ་ལ་གཞན་དོན་དུ་གདུལ་བྱ་དག་སྨིན་པར་བྱ་བའི་ཕྱིར་ཇི་ལྟར་འདོད་པ་ལྟར་རྔོན་པ་དང་སྨད་འཚོང་ལ་སོགས་པ་ཇི་ལྟར་འདུལ་བའི་ཆ་ལུགས་ཀྱིས་འདུལ་ཏེ་ཐབས་ཆེན་མཆོག་གི་སྦྱོར་བས་ཅི་ལྟར་སྤྱད་ཀྱང་མི་གོས་པའི་ཚུལ་གྱིས་དོན་རྫོགས་པར་མཛད་དོ། །ལྔ་པ་ནི། ཡང་རྩལ་ཆེན། ཞེས་པ་ནས། ཆོ་འཕྲུལ་སྣང་། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་མཐར་ལམ་གྱི་རྩལ་ཆེན་དང་པོ་རྫོགས་པའི་སྐབས་སུ། རྨད་བྱུང་རོལ་པའི་རྣལ་འབྱོར་དང་། ཚོགས་ཆེན་འདུས་པའི་རྣལ་འབྱོར། རྩལ་ཆེན་རྫོགས་པའི་རྣལ་འབྱོར་གསུམ་སྒོམ་སྟེ་སེམས་གསུམ་བསྐྱེད་ཅིང་བསླབ་པའི་མཐའ་ཡས་ནས་བགྲངས་པ་དྲུག་གི་དོན་རྟོགས་ཤིང་ཆུབ་སྟེ་མཐར་ཕྱིན་ནས་དོན་གྱི་ངོ་བོ་གནས་པ་མི་འགྱུར་བའི་ས་བརྒྱད་པར་གནས་སོ། །ལམ་རིམ་ལས། བསླབ་པ་བཅུ་ཡི་སྒྲ་གཅིག་ལ། །ཟག་བཅས་བཞི་དང་བར་ཆད་མེད། །ཟག་མེད་ལམ་ལྔའི་བསླབ་པ་དག །སློབ་པའི་ལུགས་དང་ལོབས་པ་དང་། །ནུས་མཐུ་དང་ནི་ངོ་བོ་དག །བསླབ་པའི་ཡུལ་གྱི་ཁྱད་པར་འགྱུར། །ཞེས་ཀྱང་འབྱུང་ངོ་། །དེའི་ཚེ་སངས་རྒྱས་བརྒྱད་ཁྲི་བརྒྱད་སྟོང་ལས་ལུང་བསྟན་པ་མངོན་སུམ་དུ་ཐོབ་ནས་ཐེ་ཚོམ་བཅད་པས་ཐ་མའི་དོན་ངེས་པའི་ཏིང་ངེ་འཛིན་ལ་ཉམ་མི་ང་བར་གདེང་ཆེན་པོ་རྙེད་དེ་རྟོགས་པ་མཐར་ཕྱིན་པ་ཉིད་དུ་གྱུར་ཏོ། །དེ་ནི་མཚན་ཉིད་ལྟར་ན་ས་བཅུ་རྒྱུན་གྱི་ཐ་མ་སྟེ། དེ་ཡང་འདིི་ལྟར། ལོངས་སྤྱོད་རྫོགས་པ་ཆེན་པོའི་འཁོར་དུ་ངེས་པ་དེས་ན་སྟོན་པའི་རྒྱལ་ཚབ་འཆད་པའི་སྐྱེས་བུ་ཉིད་དུ་གྱུར་པ་དེ་ཡིས་ཆོས་ཀྱི་རྒྱལ་པོ་སྟོན་པ་ཆེན་པོ་མྱ་ངན་ལས་འདས་ནས་མཐར་ལམ་པ་གང་དེ་ཡི་གཞན་དོན་གྱི་སྤྱོད་པས་སྟོན་པའི་གདུང་འཚོབ་སྟེ་རིགས་འཛིན་ཅིང་ད་ལྟ་དགའ་ལྡན་ལྷ་ཡི་གནས་ན་འཁོར་རྣམས་ལ་དད་པ་སྐྱེ་བའི་ཐེག་པ་ཆེན་པོ་སྟོན་ཏེ་བྱམས་པ་ལྟ་བུ་དང་མི་ཡི་གནས་ཚེ་ལོ་བཅུ་པའི་དུས་ཡན་ཆད་དུ་དེའི་མཛད་པ་འབྱུང་སྟེ་ཚིག་དང་བསྟན་པ་ལ་སོགས་པ་ཆོ་འཕྲུལ་ཀུན་ཏུ་སྣང་ངོ་། །སངས་རྒྱས་ཀྱི་གྲངས་མང་ཉུང་ནི་ས་ནོན་ཅིང་སྒྲིབ་པ་དག་པས་སྤོབས་པ་དང་སྟོབས་ཁྱད་པར་དུ་གྱུར་པའི་ཕྱིར་གྲངས་ཆ་རེས་འཕགས་སོ། །བརྡལ་བ་ཆོས་ཉིད་ཀྱི་ས་དང་རྫོགས་པ་སྤྱིར་ཆིབས་ཀྱི་ས་ནི་ད་དུང་མ་ནོན་ཏེ་ལམ་ཐ་མའི་དབུགས་ཕྱིན་པ་ནའོ། །ལམ་བགྲོད་ཚུལ་འདི་དག་ནི་རྗེས་སུ་འཇུག་པའི་དབང་དུ་ན་ཐེག་པ་དགུ་ཉིད་རྒྱུད་གཅིག་གི་དབང་དུ་གྱུར་པ་སྟེ་བསྐལ་པ་མང་པོས་སྔ་ཕྱིར་བགྲོད་པ་དང་། གྲུབ་པ་ནས་གྲུབ་པར་ཐུག་པ་མེད་པར་འཇུག་པ་ལྟ་བུ་ནི་མ་ཡིན་གྱི། སོ་སོའི་རྒྱུའི་ལྟ་སྤྱོད་ཏིང་ངེ་འཛིན་ལས་བོགས་སུ་གྱུར་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། སེམས་བསྐྱེད་པའི་དུས། ལམ་པའི་ངོ་བོ། ལམ་རྣལ་འབྱོར་ལྔར་བགྲོད་ཚུལ་ལོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། སེམས་བསྐྱེད་ནས། ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ་དེ་ལྟར་ན་གཞིའི་ལས་དང་པོ་པའི་རིགས་ཀྱི་བུ་དེ་དག་ནི། མི་བུ་རིགས་ལྔར་སྐྱེ་བ་བླངས་པ་དེ་ནས་ཀྱང་། སེམས་དང་། བསླབ་པ་དང་། ས་ལ་སྙེགས་པས་རིགས་སོ་སོ་ངེས་པ་ནས་ཕྱིས་བསྐལ་པ་གྲངས་མེད་པ་དཔག་ཏུ་མེད་པ་བརྗོད་པ་ལས་འདས་པར་སྔ་ཕྱིར་འབྱུང་བའི་ཐོག་མ་དང་ཐ་མ་མེད་པའི་དུས་ན། དང་པོ་གསང་བ་མཆོག་གི་སེམས་བསྐྱེད་པའང་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་དང་། སྤྱན་ཆེན་པོ་དང་། རིན་ཆེན་མང་དང་། ཆོས་ཀྱི་དབང་ཕྱུག་རྒྱལ་པོ་དང་། ལས་སྣ་ཚོགས་དང་ལྔ་ལ་རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་དང་ལྔས་དངོས་པོའི་གནས་ལུགས་དང་མཐུན་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། གཉིས་པ་ནི། འཁོར་ལོས། ཞེས་པ་ནས། ལྔར་གྱུར་ཏེ། ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་སེམས་བསྐྱེད་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་སྣང་བྱེད་ཀྱི་བུ་ལྔར་སྐྱེས་ཏེ་རྒྱལ་བུ་སྤུན་ལྔར་གྱུར་པ་ནི་འདི་ལྟ་སྟེ། སངས་རྒྱས་རྡོ་རྗེ་སེམས་དཔའ་ནི་མཛེས་པའི་མེ་ཏོག་དང་། སངས་རྒྱས་རྣམ་པར་སྣང་མཛད་ནི་བསམ་གྱིས་མི་ཁྱབ་པའི་དཔལ་དང་། སངས་རྒྱས་རིན་ཆེན་འབྱུང་ལྡན་ནི་ནོར་སྦྱིན་འཛིན་དང་། སངས་རྒྱས་འོད་དཔག་མེད་ནི་ཟླ་མཛེས་དཔལ་དང་། སངས་རྒྱས་དོན་ཡོད་གྲུབ་པ་ནི་ཀུན་ལ་མཛེས་པའི་འོད་ཅེས་བྱ་བ་དང་ལྔར་གྱུར་ཏེ། གསུམ་པ་ནི། དེ་དག །ཅེས་པ་ནས། མཐོང་བར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་རིགས་ལྔ་ཁྱེའུ་ལྔར་གྱུར་པ་དེ་དག་ཆོས་ཐམས་ཅད་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པའི་གསང་ཆེན་མཆོག་གི་ལས་ཀྱི་དང་པོ་གསང་སྔགས་ཐེག་པ་ཆེན་པོ་གཉིས་སུ་མེད་པའི་དོན་ལ་མོས་ཤིང་འདུན་བས་སེམས་པའི་རྣལ་འབྱོར་པར་གྱུར་པ་ཉིད་ལ་གསང་སྔགས་སྤྱིའི་མཚན་ཉིད་ལ་སྒྲའི་རྗེས་སུ་འབྲངས་པས་ངེས་པ་རྙེད་དེ་ཚིག་གི་རྗེས་སུ་དོན་ཡིད་ལ་བྱེད་པ་ཞེས་བྱ་བའི་ལྟ་བ་དང་དེ་ལྟར་མོས་པས་སྒོམ་པའི་ཏིང་ངེ་འཛིན་འཐོབ་བོ། །དེས་ལས་ཀྱི་སྒྲིབ་པ་དག་ནས་སེམས་འཕར་ཏེ་ས་ནས་སར་འབྱུང་བའི་སྐལ་བ་ཅན་དུ་གྱུར་པས་ཆོས་དབྱིངས་ཀྱི་ནམ་མཁའ་ལ་འགྲོ་བའི་རྨི་ལྟས་དག་མཐོང་བར་གྱུར་ཏོ། །དེའི་ཚེ་ཚོགས་གསོག་པ་བྱ་བ་ལས་ཀྱི་སྤྱོད་པ་ལ་གནས་སོ། །དེ་ནས་གཉིས་པ་ལྟུང་བ་དང་མི་ལྟུང་བའམ་ལམ་དང་འབྲས་བུའི་རིགས་ཆེན་པོ་འབྱེད་པའི་རྣལ་འབྱོར་པར་གྱུར་པ་ཉིད་ལ། དེ་ཁོ་ན་ཉིད་མཐོང་མ་རག་པས་བར་ཆད་མེད་པའི་ལྟ་བ་དང་། སེམས་ཕྱིར་འཕྲོ་བ་དང་ནང་དུ་འདུ་བ་ཡི་གེ་དང་ཕྱག་རྒྱ་གཉིས་ལ་བྱེད་དེ་གང་ཡུལ་དུ་གཏད་པའི་མཚན་མ་ལ་སེམས་རྩེ་གཅིག་ཏུ་གྱུར་པས་ཆོས་མ་འགགས་པ་དང་མི་དམིགས་པ་དབྱེར་མེད་པའི་ཏིང་ངེ་འཛིན་ལས་གཞན་དུ་མི་འགྱུར་བ་འཐོབ་བོ། །དེས་ཡི་གེའི་གཟུངས་ཐོབ་པའི་ཕྱིར་བདག་ཉིད་ཡི་གེའི་ཕྲེང་བར་སྣང་བའི་རྨི་ལྟས་མཐོང་བར་གྱུར་ཏོ། །དེའི་དུས་སུ་སྤྱོད་པ་ནི་བརྩོན་འགྲུས་ཀྱིས་ཕྱོགས་གཅིག་ལ་གནས་པར་བྱེད་དོ། །དེ་ནས་གསུམ་པ་བདེན་པ་རྣམ་གཉིས་དབྱེར་མེད་པའི་དོན་མངོན་སུམ་དུ་མཐོང་བས་དང་པོར་དབུགས་ཆེན་འབྱིན་པའི་རྣལ་འབྱོར་པར་སྣང་བ་ཉིད་ལ། ཇི་བཞིན་པ་མངོན་སུམ་དུ་རྟོགས་པའི་ལྟ་བས་འཇིགས་པ་ལྔ་དང་བྲལ་ཞིང་ཆུ་སྲིན་གྱི་ཕྱག་རྒྱ་ལྟ་བུར་གྱུར་པས་འཁོར་བའི་གནས་དང་། ཐེག་པ་དམན་པ་དང་ལྟ་སྤྱོད་དམན་པར་ཡོངས་སུ་མི་ལྡོག་པའི་ཏིང་ངེ་འཛིན་གྱི་གདེངས་ཆེན་པོ་འཐོབ་བོ། །དེས་སྤྱོད་ཡུལ་ཡོངས་སུ་དག་པའི་ཕྱིར་སྣང་བ་ཐམས་ཅད་ཡིད་བཞིན་ལྷ་ཡི་སྐུའམ། འཇིག་རྟེན་གྱི་ཁམས་ནོར་བུ་རིན་པོ་ཆེས་གང་བར་སྤྱོད་པའི་རྨི་ལྟས་མཐོང་བར་གྱུར་ཏོ། །དེ་ནི་འཁོར་ལོས་སྒྱུར་བའི་ཆ་བྱད་ཀྱིས་ཆོས་སྟོན་པའི་ཡང་རྟགས་སོ། །དེའི་ཚེ་ཤེས་རབ་དང་མཐུན་པར་མི་དམིགས་པའི་སྤྱོད་པ་ལ་གནས་སོ། །དེ་ནས་བཞི་པ་རྒྱལ་བ་རྣམས་ལས་ལུང་ཆེན་པོ་ཐོབ་ནས་འབྲས་བུ་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དུ་སྣང་བ་ཉིད་ལ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ལྷུན་གྱིས་གྲུབ་པས་མཚན་མས་མི་གཡོ་བའི་ལྟ་བ་དང་། རིལ་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལས་མ་གཡོ་བར་འཐོབ་བོ། །དེས་མཚན་མ་ལ་སོགས་པ་ལྡང་མི་ནུས་པའི་ཕྱིར་སེང་གེ་དག་ལ་ཞོན་ཏེ་ཐམས་ཅད་ཟིལ་གྱིས་གནོན་པའི་རྨི་ལྟས་མཐོང་བར་གྱུར་ཏོ། །དེ་ནི་རྣམ་རྟོག་ཟིལ་གྱིས་གནོན་ཅིང་མི་འཇིགས་བཞི་རྗེས་མཐུན་པ་ཐོབ་པའི་ཡང་ལྟས་སོ། །དེའི་ཚེ་རྔོན་པ་དང་སྨད་འཚོང་ལྟ་བུ་ཡན་ཆད་ཀྱིས་དོན་མཛད་པས་ཐབས་ཀྱི་སྤྱོད་པ་ལ་གནས་སོ། །དེ་ནས་ལྔ་པ་བགྲོད་པ་ལ་ལྟོས་ནས་འབྲས་བུའི་ཆོས་ཀྱི་རྩལ་ཆེན་པོ་དང་པོར་རྫོགས་ཏེ་མཐར་ཕྱིན་པའིི་རྣལ་འབྱོར་དུ་སྣང་བ་ཉིད་ལ། ལྟོས་ནས་མཐར་ཐུག་པའི་ལྟ་བ་དང་། རིལ་རིག་པའི་ཡེ་ཤེས་ཡང་དག་པའི་ཐུགས་རྗེས་ཟིན་པའི་དོན་གསལ་ལ་ཁྱབ་པས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་འཐོབ་སྟེ་ཐུགས་རྗེ་དང་ཡེ་ཤེས་དང་ཆོ་འཕྲུལ་གྱིས་ཡོངས་སུ་ཁྱབ་པར་མཛད་དོ། །དེས་སྟོན་པའི་རྒྱལ་ཚབ་ནུས་པའི་ཡེ་ཤེས་དང་ཐུགས་རྗེ་ཆེན་པོས་འོག་མ་ལྟར་བཙལ་བར་དོན་རྫོགས་པས་ཉི་ཟླའི་འཁོར་ལོ་བསྐོར་བས་ཐམས་ཅད་འོད་ཀྱིས་གསལ་བར་བྱེད་པའི་རྨི་ལྟས་མཐོང་བར་གྱུར་ཏོ། །འདི་ཉིད་མཐར་ལམ་དང་པོ་ཡིན་ལ་དེས་མཐར་ལམ་བར་པར་རང་བྱུང་ཡེ་ཤེས་འོད་གསལ་བའི་ལྟས་ཀྱང་མཐོང་བའོ། །དེའི་ཚེ་བྱ་བ་མེད་པའམ་བཙལ་བ་མེད་པའི་སྤྱོད་པ་ལ་གནས་སོ། །འདིར་རྣལ་འབྱོར་ལྔ་དང་། ས་བཅུ་ལ་ཏིང་ངེ་འཛིན་གྱི་རྣལ་འབྱོར་བཅུ་དང་། རྣལ་འབྱོར་སོ་བཞི་གསུངས་པ་རྣམས་སྦྱར་ཏེ་སོ་སོའི་སེམས་བསྐྱེེད་དང་ས་ལམ་གྱི་ངོ་བོ་རྒྱས་པར་བཤད་ན་གལ་ཆེ་བར་མངོན་ཡང་ཡི་གེས་འཇིགས་པས་བློ་གསལ་རྣམས་ཀྱིས་ལེའུ་རེ་གཅིག་པ་སའི་སྒྲོན་མ་ལས་རྣལ་འབྱོར་སོ་བཞིའམ་བཞི་བཅུ་འབྱུང་བ་ལྟར་སྦྱར་ཏེ་ཆོས་རྗེ་དམ་པ་རིན་པོ་ཆེའི་གསུང་སྒྲོས་སོགས་གནད་མང་པོ་ཡོད་པ་རྣམས་སློང་ནུས་པར་བྱའོ། །འོ་ན་འདིར་རིགས་ལྔས་སེམས་བསྐྱེད་པ་ནི་ལྡབ་པར་གྱུར་པའི་དགོས་པ་ཇི་ཞེ་ན། མདོ་སྔགས་ཀྱི་ལུགས་རྣམ་པ་གཉིས་ཀྱི་དབང་དུ་བསྐྱེད་པར་བསྟན་པ་དང་། སེམས་བསྐྱེད་པའི་དུས་དང་། གྲངས་དང་། རིམ་པས་ཕྱེ་བ་དང་། ཐུན་མོང་གི་དབང་དུ་བསྐལ་པ་སྔ་ཕྱིར་སྐྱེ་བའི་རིམ་པས་ཕྱི་མ་ལ་རྒྱུ་ནས་བགྲོད་དེ་མཇུག་ཏུ་སྔགས་སུ་སེམས་བསྐྱེད་པར་བརྒྱུད་པའི་དོན་ཏེ། རིགས་ལྔར་སྐྱེ་བ་བླངས་པ་དེ་ནས་ཀྱང་ཞེས་སྔར་བསྟན་པས་མངོན་ནོ། །དེ་ལྟར་ཁྱེའུ་ལྔས་ལམ་བགྲོད་པ་དེ་སྔོན་བྱུང་སྤྲུལ་པའི་ལམ་ཡིན་ཏེ། རྒྱལ་བ་རིགས་ལྔ་ཁྱེའུ་ལྔར་སྤྲུལ་པའི་ཕྱིར་རོ། །ལམ་ལྔ་ཕྲག་གཉིས་སུ་ལན་གཉིས་བགྲོད་པ་ནི། སྔ་མ་ནི་ཐུན་མོང་གི་ལམ་ཆེན་པོ་ནས་བགྲོད་པ་ཡིན་ལ། ཕྱི་མ་ནི་ཨ་ནུ་ཡོ་གའི་རང་ལམ་ཐུན་མོང་མིན་པ་ནས་བགྲོད་པའོ། །ཡང་སྔ་མ་ནི་བདག་དོན་དུ་བགྲོད་ལ། ཕྱི་མ་ནི་གཞན་དོན་དུ་བགྲོད་པར་གསུངས་སོ། །ལམ་ལྔ་ཕྱིའི་བར་ན་བསྐལ་པ་དཔག་ཏུ་མེད་པ་བརྗོད་པ་ལས་འདས་པ། ཞེས་བསྐལ་པ་མང་པོས་བར་ཆོད་པ་དེ་མི་འཐད་ཅེ་ན། ཟུར་སྔ་རབས་པ་རྣམས་དེ་ནི་ལམ་སྔ་མ་བགྲོད་ནས་མཐར་ལམ་དུ་སླེབ་ནས་མཐར་ལམ་གྱི་དགོངས་པའི་ཡུན་བསྐལ་པ་ཚད་མེད་པ་ཡིན་ཏེ། ལེའུ་བཅོ་ལྔ་པ་ལས། བསྐལ་པ་ཚད་མེད་པས་སོ། །ཞེས་པས་གསལ་ལོ་གསུངས། འདི་ལ་ཀུན་མཁྱེན་ཀཿཐོག་པ་ཆེན་པོས། ཁོ་བོ་ནི་ལམ་སྔ་མ་རྒྱལ་བ་རིགས་ལྔས་ཁྱེའུ་ལྔར་སྐྱེ་བ་བླངས་ནས་འཇིག་རྟེན་ཕལ་པའི་སེམས་བརྒྱད་ནས་བགྲོད་ལ། ཕྱི་མ་ནི་རང་གི་ལམ་ནས་བགྲོད་དེ་དེ་ལྟར་ཐུན་མོང་གི་ལམ་བགྲོད་ནས་མཐར་ལམ་གྱི་བར་དུ་བསྐལ་པ་མང་པོ་ཐོགས་པར་འཐད་དེ། འདི་ཉིད་ལས། ལས་དང་པོ་པའི་རིགས་ཀྱི་བུ་དེ་དག་ནི་རིགས་ལྔར་སྐྱེ་བ་བླངས་པ་དེ་ནས་ཀྱང་བསྐལ་པ་དཔག་ཏུ་མེད་པ་བརྗོད་པ་ལས་འདས་པ་ཐོག་མ་དང་ཐ་མ་མེད་པའི་དུས་ན་ཞེས་པས་མངོན་ནོ། །དེས་ན་ལམ་ལྔ་ཕྲག་གཉིས་བདག་དོན་གཞན་དོན་ཨ་ཅང་ཆེ་སྟེ་སྔ་མ་ནི་མདོ་ཆེན་པོའི་ལུགས་ཀྱི་རྒྱུ་འབྲས་ཐུན་མོང་གི་སྒོ་ནས་བགྲོད་ལ། ཕྱི་མ་ནི་མདོ་ཆེན་པོའི་རང་ལུགས་ཐུན་མིན་གྱི་སྒོ་ནས་བགྲོད་དེ་གཉིས་ཀ་འབྲས་བུའི་ལམ་ལ་ལྟོས་ན་ལམ་ཐུན་མོང་པའོ། །འབྲས་བུའི་ལམ་དངོས་ནི་རྟོགས་བྱ་མཐར་ཐུག་གི་ངོ་བོ་གསང་སྔགས་ཡིན་པ་དང་། དབང་བསྐུར་དགོས་པ་རང་གིས་མཐར་ལམ་བར་པ་ནས་གསང་སྔགས་ཅི་བཞིན་པའི་ལམ་དུ་བགྲངས་ཏེ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་ཀྱི་ངེས་པ་རྙེད་པ་དེ་ནས་འབྱུང་བར་གསུངས་པས་སོ། །སྤྱིར་སྔགས་ལ་འཇུག་པ་ལ་ངེས་པ་མེད་དེ། ལམ་མཐོ་དམན་གང་ནས་ཀྱང་རུང་ངོ་། །ཞེས་བཀའ་སྩལ་ཏེ་གཞུང་དོན་ཇི་ལྟ་བ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། དམ་བཅའ་བ་དང་། དེའི་གཏན་ཚིགས་སོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། མ་ཡིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ལྟར་རྩོལ་བ་དང་བཅས་པའི་ལམ་ཐོབ་ཏུ་ཟིན་ཀྱང་ས་ཐ་མ་གཉིས་མ་ནོན་པས་གསང་སྔགས་ཀྱི་ངོ་བོ་ཇི་བཞིན་པ་དེ་ཁོ་ན་ཉིད་ཀྱི་ངེས་པ་རྙེད་པ་ནི་མ་ཡིན་ཏེ་ད་དུང་ཡུལ་དུ་བྱེད་པ་ཡོད་པས་སོ། །ཞེས་གསང་སྔགས་རྩོལ་མེད་ཀྱི་ལམ་ལ་དྲང་བ་དང་རྒྱལ་བའི་དགོངས་པ་ལ་ལྟོས་ནས་ཡིན་ནོ། །གཉིས་པ་ནི། དེ་ཅིའི་ཕྱིར། ཞེས་པ་ནས། ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། དེའི་གཏན་ཚིགས་བརྗོད་པ་དེ་ཅིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ། གང་ལས་དང་པོ་པའི་རིགས་ཀྱི་བུ་དེ་དག་མཐར་ལམ་དང་པོ་ཐོབ་སྟེ་བར་པའི་ལྟས་མཐོང་ནས་རྒྱལ་ཚབ་སྐྱེས་བུར་གྱུར་པ་ན་མཛེས་པའི་མེ་ཏོག་ལ་སྐྱེས་བུ་དམ་པ་རྡོ་རྗེ་སེམས་དཔའ་དང་། ནོར་སྦྱིན་འཛིན་ལ་སྐྱེས་བུ་དམ་པའི་རྡོ་རྗེ་རིན་ཆེན་དང་། ཟླ་མཛེས་དཔལ་ལ་སྐྱེས་བུ་དམ་པ་རྡོ་རྗེ་ཆོས་དང་། ཀུན་ལ་མཛེས་པའི་འོད་ལ་སྐྱེས་བུ་དམ་པ་ལས་ཀྱི་རྡོ་རྗེ་དང་། བསམ་གྱིས་མི་ཁྱབ་པའི་དཔལ་ལ་སྐྱེས་བུ་དམ་པ་རྡོ་རྗེ་དབྱིངས་ཞེས་བྱ་བར་ཕྱོགས་ཐུག་པ་མེད་པའི་ཞིང་ཁམས་ཐམས་ཅད་དུ་གྲགས་སོ། །དེ་ལ་ཞིང་ཁམས་ལ་ལར་ནི་སྐུ་ལྔའམ་རིགས་ལྔའི་རྒྱལ་ཚབ་སྐྱེས་བུ་ཞེས་བྱ་བར་བརྗོད་ཅིང་དེ་ལྟར་གྲགས་སོ། །ལ་ལར་ནི་འཁོར་ལོས་སྒྱུར་བའི་སྐྱེ་བ་ལྟ་བུར་བཞེས་ནས་རྟེན་དེས་བྱང་ཆུབ་ཆེན་པོ་བརྙེས་པས་སྲིད་པ་ཐ་མ་པ་ཞེས་བྱ་བར་བརྗོད་ཅིང་དེ་ལྟར་གྲགས་སོ། །ལ་ལར་ནི་ལྷུན་གྲུབ་རིག་འཛིན་ས་ཆེན་པོའི་སངས་རྒྱས་ཞེས་བྱ་བར་བརྗོད་ཅིང་རྒྱུད་དག་པའི་སངས་རྒྱས་སུ་གྲགས་ཀྱང་། གསང་སྔགས་དེ་ཁོ་ན་ཉིད་སྤྱོད་ཡུལ་དང་བྲལ་བས་འབྱུང་འཇུག་མེད་པའི་སངས་རྒྱས་ཀྱི་དགོངས་པ་གསང་བ་དམ་པ་ད་དུང་ཇི་བཞིན་དུ་ཉམས་སུ་མ་མྱོང་སྟེ། གསང་སྔགས་ཡུལ་དུ་བྱེད་པའི་མཉམ་བཞག་ལ་སྒོམ་ལྡང་ཡོད་པས་ངེས་པའི་གནད་མ་ཆུད་དེ་གཞག་ཏུ་མེད་པ་ལ་ཡུལ་དུ་བཟུང་ནས་མཉམ་པ་ལ་འཇོག་དགོས་པའི་ཕྱིར་རོ། །བཞི་པ་ལ་བཞི་སྟེ། ངེས་པ་མ་རྙེད་པ་ཅི་ཉེས་ཞུས་པ། བློ་གྲོས་མ་ཆུབ་པས་ཉེས་པས་ཆུབ་པར་གདམས་པ། བློ་གྲོས་ཆུབ་པའི་ཐབས་ཞུས་པ། དེའི་ལན་བཀའ་སྩལ་པའོ། །དང་པོ་ནི། དེ་ཅིའི་ཕྱིར། ཞེས་པ་ནས། གསོལ་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། དེའང་ཡེ་ཇི་བཞིན་པའི་རྒྱལ་བའི་དགོངས་པ་མ་རྟོགས་པའི་གཏན་ཚིགས་དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དེ་དག་གིས་ནམ་མཉམ་པ་ལ་མ་བཞག་གི་བར་དུ། དུས་ཕྱད་པ་ཆེན་པོ་སངས་རྒྱས་ཀྱི་དགོངས་པ་ཉམས་སུ་མྱོང་ནས་ཏིང་ངེ་འཛིན་གྱི་ཐེ་ཚོམ་གཅོད་པའི་ཕྱིར་གསང་སྔགས་ཡུལ་དུ་བྱེད་པའི་བསམ་པ་ཡང་དག་པའི་རྟོག་པས་ཡེ་ཕྱི་མའི་སྟོན་པ་དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་ལ་གསོལ་པ། བཅོམ་ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནི་མཉམ་པར་བཞག་པ་དང་མ་བཞག་པ་མི་མངའ་བར་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ན། སྐྱེས་བུ་ལྔ་པོ་བདག་ཅག་གིས་བསྐལ་པ་དཔག་ཏུ་མེད་པར་ཐུན་མོང་རྒྱུ་འབྲས་ཀྱི་ཐེག་པའི་དཀའ་བ་དཔག་ཏུ་མེད་པར་བགྱི་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ཀྱང་། མཉམ་པར་མ་བཞག་གི་བར་དུ་སངས་རྒྱས་ཀྱི་དགོངས་པ་ཉམས་སུ་མྱོང་བར་མ་འགྱུར་པ་འདི་ངོ་མཚར་ཆེ་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ཆེ་ལགས་སོ། །ཞེས་ཡ་མཚན་ཤིན་ཏུ་ཆེ་བས་ལན་གཉིས་བརྗོད་པའོ། །དེ་སྐད་ཅེས་གསོལ་པ་ལས། ཞེས་པའོ། །སྤྱིར་ས་དང་པོ་མན་ཆད་སྤྲུལ་སྐུའི་འཁོར། །སྒོམ་ལམ་པ་ལོངས་སྐུའི་འཁོར། མཐར་ལམ་པ་ཆོས་སྐུའི་འཁོར་ཏེ་ཀུན་ཏུ་བཟང་པོའི་རྒྱལ་ཚབ་བྱེད་པའོ། །དེའི་ཕྱིར་སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་ཀྱང་སྤྱིར་ན་ཆོས་སྐུ་ཡིན་ལ། གདུལ་བྱའི་ཆེད་དུ་བསྟན་པ་མི་འགགས་པས་གོ་ཕྱེ་བའི་འཁོར་གྱི་དབང་དུ་ལོངས་སྐུའང་མི་འགལ་གསུངས། གཉིས་པ་ནི། བཅོམ་ལྡན། ཞེས་པ་ནས། བཀའ་སྩལ་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། བཅོམ་ལྡན་འདས་སེམས་དཔའ་རྡོ་རྗེ་སྙིང་པོ་དེས་བཀའ་སྩལ་པ། ཀྱེ་སྐྱེས་བུ་དམ་པ་རྣམས། གང་དེ་བཞིན་གཤེགས་པ་ཉིད་དུ་ལྷུན་གྱིས་གྲུབ་པར་འདོད་པ་རྣམས་ཀྱིས་སངས་རྒྱས་རྣམས་ཀྱི་ཆོས་དུས་སྔ་ཕྱི་ཐམས་ཅད་ནས་ཐམས་ཅད་དུ་རང་དང་སྤྱིའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆགས་ཐོགས་དང་བྲལ་བར་བྱ་བ་དམ་པའི་མཛོད་གསུམ་དུ་ངེས་པ་ལས། ཁྱེད་རྣམས་ཀྱིས་གང་བྱ་བ་སྤྱོད་པ་ཡོངས་སུ་རྫོགས་པར་བྱས་ཤིང་། བསྲུང་བ་དམ་ཚིག་ཡོངས་སུ་དག་པར་བྱས་སུ་ཟིན་ཀྱང་། ད་དུང་བློ་གྲོས་དམ་པའི་ལྟ་བས་ངེས་པའི་གདེངས་ཆེན་པོ་མ་རྙེད་པས་ཀུན་ཏུ་ཆུབ་པར་མ་བྱས་སོ། །དེ་ལྟ་བས་ན་གསང་སྔགས་ཕྱི་མོའི་ཆོས་ཉིད་གདོད་མ་ནས་དམ་པ་རྣམས་ཀྱི་དེ་ཁོ་ན་ཉིད་དཀྱིལ་འཁོར་གསུམ་དབྱེར་མེད་པའི་དོན་ལ་བློ་གྲོས་ཀུན་ཏུ་ཆུབ་པར་མཛོད་ལ་རྟོགས་པར་གྱིས་ཤིག་དང་། དེ་ཡོངས་སུ་ཆུབ་པ་བཞིན་དུ་དམ་པ་རྣམས་ཀྱི་དགོངས་པ་ཇི་བཞིན་པ་མྱོང་ནས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །དེ་སྐད་ཅེས་གདམས་ཤིང་བཀའ་སྩལ་པ་ལས། གསུམ་པ་ནི། སྐྱེས་བུ། ཞེས་པ་ནས། གསོལ་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། སྐྱེས་བུ་དམ་པ་རྣམས་ཀྱིས་གསོལ་པ། ཨེ་མའོ། །ཞེས་ངོ་མཚར་བའི་ཚིག་གིས་དྲངས་ཏེ། སྟོན་པ་བཅོམ་ལྡན་འདས་ཞེས་བོས་ནས། བཅོམ་ལྡན་འདས་ཀྱིས་ནི་བདག་ཅག་རྣམས་ལ་གསང་བ་ཡ་མཚན་ལྔའི་འབྱུང་གནས་མཆོག་ཏུ་གྱུར་པ་སྣང་ལ་རང་བཞིན་མེད་པས་ཤིན་ཏུ་ངོ་མཚར་ཆེ་ཞིང་གཞན་ལས་ཁྱད་པར་དུ་འཕགས་པས་རྨད་དུ་བྱུང་བ། དོན་ཟབ་ལ་མུ་མཐའ་ཡས་པས་དཔགས་པར་དཀའ་བ། ཕྱོགས་གཅིག་ཏུ་མ་ངེས་པས་ཐེ་ཚོམ་སྐྱེ་སྟེ་ངེས་པར་རྙེད་དཀའ་བ། དོན་འདི་མ་ཡིན་པ་ཞིག་ཀྱང་ཡོད་དམ་སྙམ་པས་སོམ་ཉི་འཚལ་བར་གྱུར་པ་ལ་དོན་འདི་རྟོགས་ཤིང་ཆུབ་པར་གྱིས་ཤིག་པའི་ཚིག་གསུངས་ཏེ་བཀའ་སྩལ་པ་ལགས་ན། ལྟ་བས་བློ་གྲོས་ཀུན་ཏུ་ཆུབ་པར་བགྱིད་པའི་གདལ་ཁྱབ་ཆེན་པོའི་ཡེ་ཤེས་སངས་རྒྱས་དམ་པ་རྣམས་ཀྱི་རང་བཞིན་ཇི་ལྟ་བ་དེ་ཁོ་ན་ཉིད་ཅེས་བགྱི་བ་དེ་གང་ལགས། བདག་དོན་དུ་བཤད་དུ་གསོལ། གཞན་དོན་དུ་བདེ་བར་གཤེགས་པ་བཤད་དུ་གསོལ། ཞེས་གསོལ་པ་ལས། བཞི་པ་ནི། སངས་རྒྱས། ཞེས་པ་ནས། ཤེས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། རྒྱལ་བ་རིལ་གྱི་ཐེ་ཚོམ་གཅོད་པའི་ཕྱིར་སངས་རྒྱས་ཀུན་གྱི་བཅོམ་ལྡན་འདས། གསང་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་དང་སྟོན་པ་ཐ་མི་དད་པའི་དབང་གིས་ཡེ་ཇི་བཞིན་པ་དེས་བཀའ་སྩལ་པ། ཀྱེ་སྐྱེས་བུ་དམ་པ་རྣམས་ཀྱི་དེ་ཁོ་ན་ཉིད་འདི་ནི། མ་བཙལ་བར་གྲུབ་ཅིང་། ཉོན་མོངས་པ་ལམ་དུ་བདེ་བས་ཐབས་ཆེ་ལ། དངོས་པོ་གང་ཡང་བསལ་སྤངས་མེད་པར་ཐབས་ཀུན་ཤོང་བས་སྒོ་ཡངས་པ། རྩོལ་བའི་ཚི་ཆད་པ་མེད་པར་འབྲས་བུ་ལམ་དུ་བྱེད་པས་ཚེགས་ཆུང་ལ། ཁམས་གསུམ་ཡེ་ཤེས་བླ་མའི་སར་གྲུབ་ནས་མཐར་ཐུག་གི་འབྲས་བུ་འབྱུང་བས་དོན་ཆེ་བ། དུས་ལ་རག་མ་ལས་པར་རྟོགས་མ་ཐག་པས་ཆོག་ཅིང་རང་ལ་རྫོགས་ཏེ་བགྲོད་མི་དགོས་པས་ཐག་ཉེ་ལ། ངོ་བོ་ལ་བློས་ཡོངས་སུ་ལྷན་ཏེ་རེག་པ་མེད་པར་དོན་སྤྱོད་ཡུལ་དང་བྲལ་བས་བརྟགས་དཀའ་བ། མ་རྟོགས་པར་སྒྲ་བཞིན་དཔྱད་ན་སྒོ་དགུ་སོགས་ལྟུང་བའི་ས་མང་ལ་གོལ་ས་ཆེ་བའི་ཕྱིར་ཉེན་ཆེ་ལ། ཞེན་པས་ངོ་བོ་དེ་ལས་མི་གཡོ་བར་བྱ་དཀའ་ཞིང་། རྩ་བ་དང་ཡན་ལག་ལས་འདས་ན་བརླག་པར་འགྱུར་བས་བསྲུང་དཀའ་བའི་ཕྱིར། སྣོད་དཀོན་ལ་གོ་དཀའ་བའི་དབང་གིས་སམ། ཡང་ན་ཤེས་བརྗོད་དང་བྲལ་བས་མཚོན་དཀའ། དམིགས་ཡུལ་ལས་འདས་པས་གོ་དཀའ་བས་ན་ངས་ཀྱང་ཁྱེད་ལ་འདི་ཡིན་ནོ་ཞེས་ཅི་འདྲ་བར་ཕྱིན་ཅི་མ་ལོག་པར་བསྟན་པར་རབ་ཏུ་དཀའོ། །དེ་ལྟར་གསལ་བར་སྟོན་མི་སྤྱོད་པ་ལྟར་བྱས་ནས་ཐབས་ཀྱིས་དངོས་སུ་མཚོན་པའོ། །དེ་སྐད་ཅེས་བཀའ་སྩལ་པ་ལས། སྐྱེས་བུ་དམ་པ་དེ་རྣམས་སྟོན་པས་གསང་བ་སྟོན་མི་སྤྱོད་པའི་གནད་ཆུད་དེ་དོན་གོ་དཀའ་ཞིང་བསྟན་དཀའ་བ་ལ་དམིགས་ཏེ་རྨ་ག་ཆད་པར་རང་དོན་དུ་ངུས་སོ། །གཞན་དོན་དུ་ཤིན་ཏུ་རབ་ཏུ་ངུས་ནས་གསང་བའི་སྔགས་ཀྱི་སྒོ་བྱེ་བར་གྱུར་ཏེ་གསང་དོན་རིག་པ་ལ་ཤར་བས་འཁོར་བ་རང་སར་གྲོལ་ནས་དེ་ཁོ་ན་ཉིད་བདེ་བ་ཆེན་པོ་རྟོགས་པས་མཐར་ལམ་བར་པ་ལ་ཟིན་ཏེ་བརྡལ་བ་ཆོས་ཉིད་ཀྱི་ས་ནོན་པས་ཆོས་ཐམས་ཅད་བཤད་མ་ཐག་པའི་གསང་སྔགས་ཀྱི་དངོས་པོ་བརྒྱད་དུ་གནས་པའི་མཚན་ཉིད་ཡོངས་སུ་ཤེས་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། རྒྱུད་དག་པའི་རྒྱལ་ཚབ་ལྔའི་སྐད་ཅིག་མའི་རྒྱུན་ལས་ས་ལམ་འཕགས་པའི་སྐྱེ་རྒྱུད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པ་རྣམ་པར་བཤད་པའོ།། །།བཞི་པ་དབུགས་དབྱུང་ཞིང་ངེས་པ་རྙེད་པ་དངོས་ལ་གསུམ་སྟེ། གདམས་པ་ཉེ་བར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས། ཞེས་པ་ནས། ཅིའི་ཕྱིར་དུ། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་ངེས་དོན་མདོར་བསྟན་པའོ། །དེ་ནས་དེ་བཞིན་གཤེགས་པ་གཟུགས་སྐུ་ཐམས་ཅད་ཀྱི་བདག་ཉིད་སྐུ་གསུམ་དབྱེར་མེད་པའི་བཅོམ་ལྡན་འདས་སངས་རྒྱས་དམ་པ་རྣམས་ཀྱི་རང་བཞིན་ནམ་ངོ་བོ་དེ་ཁོ་ན་ཉིད་རྡོ་རྗེ་སེམས་དཔའ་དེས། སྐྱེས་བུ་དམ་པ་ལྔ་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་པ། ཀྱེ་སྐྱེས་བུ་དམ་པ་རྣམས་མ་ངུ་ཞིག །འབྲས་བུ་ལ་རེ་ཞིང་རྩོལ་བས་སྡུག་བསྔལ་གྱི་གདུང་བ་མ་བསྐྱེད་ཅིག །ཁྱེད་རྣམས་རང་ཆས་སུ་ཡོད་བཞིན་དུ་ཅིིའི་ཕྱིར་ངུ་བ་ཡིན་ཞེས་མི་ངུ་བའི་ཐབས་བཀའ་སྩལ་ཏོ། །སྤྱིར་མཐར་ལམ་ཐ་མ་ལ་རྣལ་འབྱོར་གསུམ་དུ་གསུངས་པས་ཀློང་ཡངས་ཆུབ་པའི་རྣལ་འབྱོར་གྱི་སྐབས་སུ་གཟའ་གཏད་མེད་པའི་ལྟ་བ་དང་། སྣང་གསལ་ཡེ་འཕྱོའི་ཏིང་ངེ་འཛིན་མཐར་ཕྱིན་པ་ན་ངོ་བོ་ཉིད་སྐུའི་འཁོར་ཡིན་པས། དེའི་ཚུལ་རྒྱས་པར་རྫོགས་པ་ཆེན་པོའི་ཀུན་གྲོལ་གྱི་རྒྱུད་ལས་འབྱུང་བ་ལྟར་ཤེས་དགོས་ཀྱང་མདོར་བསྡུས་པ་ཙམ་ལེའུ་ང་དྲུག་པ་སྣང་བ་དག་པའི་སྤྱོད་ཡུལ་བསྟན་པའི་དུས་སུ་འཆད་པར་སྤྲོས། དེའི་དབང་གིས་མདོ་ཆེན་པོའི་གླེང་གཞི་སྐུ་ལྔ་དང་སྦྱོར་བའང་། སྐུ་གསུམ་གྱི་སྟེང་དུ་གསང་བའི་སྐུ་དང་ངོ་བོ་ཉིད་སྐུ་ལ་འཇོག་པ་ཡིན་ཏེ་གོ་རིམ་ལ་ངེས་པ་མེད་པ་ནི་དུས་འདིར་ལུང་བསྟན་བརྒྱུད་པའི་བསྟན་པ་དབང་བཙན་པའི་དོན་ཏོ། །གཉིས་པ་ལ་དྲུག་སྟེ། དབུགས་ཇི་ལྟར་དབྱུང་ཞུས་པ། ཆོས་ཉིད་མ་རྟོགས་པའི་དཔེ་ཡོད་བས་སྡུག་བསྔལ་མ་སྐྱེད་ཅིག་པར་གདམས་པ། དེ་ལ་མོས་ཏེ་རྡོ་རྗེ་སེམས་དཔའ་ལ་ཞུ་བ་ཐེ་ཚོམ་བཅད་པ། དེ་ཁོ་ན་ཉིད་ཞུས་པ་དངོས། དེའི་ལན་དུ་དེ་ཁོ་ན་ཉིད་བསྟན་པ། དེ་ལྟར་རྟོགས་པའི་ཡོན་ཏན་ནོ། །དང་པོ་ནི། དེ་ནས། ཞེས་པ་ནས། གསོལ་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་བཅོམ་ལྡན་འདས། རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་ལ་སྐྱེས་བུ་དམ་པ་དེ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡོང་ཇི་ལྟར་ཐབས་གང་གིས་མི་ངུ་བར་བགྱི། བདག་ཅག་གིས་རྒྱུའི་སྒོ་ནས་འབྲས་བུ་བསྒྲུབ་པའི་བཙལ་བ་ཇི་སྙེད་པ་རྣམས་ཚི་ཆད་དེ་ངལ་བ་དོན་མེད་པར་ཉོན་མོངས་ཤིང་ཐང་ཆད་དུ་བྱས་ཏེ་གྱོང་བསྐུར་བར་མ་གྱུར་ཏམ། བཅོམ་ལྡན་འདས་བདག་ཅག་གི་བློ་གྲོས་ཀྱིས་དོན་ཇི་ལྟར་རྟོགས་པར་བགྱི། བདག་ཅག་རྣམས་ཀྱི་བཤེས་གཉེན་དམ་པ་མཛད་དུ་གསོལ། བདག་ཅག་གིས་བསྐལ་པ་དཔག་ཏུ་མེད་པ་ཇི་སྙེད་ཞིག་ཏུ་རྒྱུའི་སྒོ་ནས་དཀའ་བ་དཔག་ཏུ་མེད་པ་སྤྱད་ནས་འབྲས་བུ་ཡོངས་སུ་ཆུབ་པར་འདོད་ན་ཡང་ད་དུང་དུ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པར་དཀའོ་ཞེས་སངས་རྒྱས་ལ་ལྟོས་ན་མིང་ཙམ་ཐོས་པའི་སྐལ་བ་ཡང་མ་མཆིས་པས་ཐབས་ཟད་པ་ལྟ་བུར་གྱུར་ན། ད་ཡོང་ཇི་ལྟར་བྱ་བའི་ཐབས་མ་ནོར་བ་གང་ལ་འཇུག་པར་བགྱི་ལགས། དེ་སྐད་ཅེས་གསོལ་པ་ལས། གཉིས་པ་ནི། དེ་བཞིན། ཞེས་པ་ནས། བཀལ་སྩལ་པས། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས། རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་དེས་བཀའ་སྩལ་པ། སྐྱེས་བུ་དམ་པ་ལྔ་རྣམས་དེ་སྐད་མ་ཟེར་ཅིག་ཅེས་གདམས་ནས། གསང་སྔགས་ནི་ཉན་རང་དང་བྱང་སེམས་ལ་བཅུ་པ་སོགས་ཀུན་གྱི་ཐུན་མོང་མ་ཡིན་ཏེ། ཇི་སྐད་དུ། ཐབས་ཆེ་དཔགས་དཀའ་རྟོག་དཔྱོད་འདས། །དམན་པའི་ཡུལ་དུ་མ་གྱུར་དང་། །མཆོག་གི་ཡུལ་གྱུར་མཆོག་བྲལ་དང་། །ཐུན་མོང་མ་གྱུར་བླ་ན་མེད། །ཅེས་པ་ལྟར། དོན་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ནི་སངས་རྒྱས་རྡོ་རྗེ་སེམས་དཔའ་ཉག་གཅིག་གི་སྤྱོད་ཡུལ་དུ་གྱུར་པའི་དགོངས་པ་དམ་པ། ངོ་བོ་མེད་ལ་བརྗོད་གཞི་དང་བྲལ་བས་སྨྲར་མེད་པ། ཡུལ་དང་བྲལ་ཞིང་མཚན་ཉིད་མེད་པས་ལམ་པ་མཐའ་དག་གི་རྟོག་དཔྱོད་ཐམས་ཅད་དང་བྲལ་བ། ངེས་པར་འདི་ཁོ་ནའོ་ཞེས་དཔེའམ་ཚིག་གིས་མཚོན་དུ་མེད་པ། བློས་དངོས་པོར་གཞལ་ཏེ་དོན་བཙལ་དུ་མེད་པས་བརྟགས་པར་དཀའ་ཞིང་། དཔེ་དང་བྲལ་བས་ཚིག་གིས་ཉེ་བར་བསྟན་པར་དཀའ་ལ། ཅི་ཡང་ཡིན་ཕྱིར་གང་དུའང་མ་ངེས་པར་ཚིག་ལམ་དང་བྲལ་བས་བརྗོད་པའི་ཐ་སྙད་རྣམས་དང་བྲལ་བ། བྱང་ཆུབ་སེམས་དང་རྣམ་པ་ཐམས་ཅད་དུ་ཕྱོགས་ཀུན་ནས་མཚུངས་པ་མེད་པས་དཔེ་དང་བྲལ་བ། འོ་ན་ནམ་མཁས་མི་མཚོན་ནམ་ཞེ་ན། རང་རིག་སྟོང་པ་དང་། རིག་མེད་སྟོང་པའི་ཁྱད་པར་གྱིས་ནམ་མཁའི་ཁོངས་སུ་གསང་བ་མ་འདུས་པས་ནམ་མཁའ་དཔེས་ཀྱང་ཕྱོགས་ཐམས་ཅད་ནས་བསྐྲུན་དུ་ཡོད་པ་མ་ཡིན་པ། དངོས་པོ་དང་བྲལ་བས་ཚད་མེད་པ། མུ་མཐའ་མེད་པས་ཚད་དང་བྲལ་བ། ཆོས་ཉིད་ལ་ངེས་པ་གཟུང་བ་མེད་པས་ཐུན་མོང་གི་མངོན་སུམ་དང་རྗེས་སུ་དཔགས་པའི་ཚད་མའམ། མུ་བཞི་འགོག་པ་དང་། རྟེན་ཅིང་འབྲེལ་འབྱུང་ལ་སོགས་པའི་གཏན་ཚིགས་སམ། རང་གི་དོན་དང་གཞན་གྱི་དོན་དུ་རྒྱུ་ལྐོག་ཏུ་གྱུར་པ་དང་རང་བཞིན་ལྐོག་ཏུ་གྱུར་པ་ལ་རྗེས་སུ་དཔགས་པ་རྣམས་ཀྱིས་གཞལ་བས་མི་དཔོགས་ཤིང་མི་རིག་པ་སྟེ། དེའི་ཕྱིར་སྐྱེས་བུ་ལྔ་པོ་ཁྱེད་ཀྱིས་ཡུལ་མ་ཡིན་པས་ཇི་ལྟར་མ་ཤེས་ཤིང་མ་ཐོས་པ་དེེ་ལྟར་གང་རྒྱུད་ཡོངས་སུ་དག་པའི་སངས་རྒྱས་ཀུན་ཏུ་འོད་ལ་བཞུགས་པ་དང་། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྔར་བསྐལ་པ་གྲངས་མེད་མང་པོ་ནས་སྦྱངས་ཀྱང་ད་དུང་སྤྱོད་ཡུལ་དུ་མེད་པའི་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་ཀྱི་འབྲས་བུ་མངོན་པར་མ་ཐོབ། དེའི་དོན་ཤེས་རབ་ཀྱིས་མངོན་པར་མ་རྟོགས། དེ་བས་ན་ཇི་བཞིན་ཉིད་དུ་མ་སོན་ཏེ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་མཐའ་ཡོད་མེད་དང་རྣམ་པ་བྲལ་མ་བྲལ་ཐམས་ཅད་དཀྱིལ་འཁོར་གསུམ་དབྱེར་མེད་པའི་ཡེ་ཇི་བཞིན་པར་ཡོངས་སུ་དག་པ་དེ་ནི་ཐ་སྙད་རིལ་ངང་གིས་མ་སྤངས་ལ་བྲལ་བའི་ཕྱིར་བཤད་པ་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་མིང་གི་བླ་དྭགས་ཙམ་ལས་ངོ་བོ་ལ་རང་རྒྱུད་པ་མི་དམིགས་ཤིང་དེའི་ཕྱིར་དོན་དུ་གཉེར་ཏེ་བཙལ་དུ་མེད་པ་ལ། རྒྱུའི་ས་བཅུ་ལ་གནས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ནི། དེ་བཞིན་གཤེགས་པའི་སྙིང་པོ་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་གསང་བ་དམ་པ་དེ་ལྷན་ཅིག་སྐྱེས་པའི་མུན་པས་བསྒྲིབས་པའི་དབང་གིས་མཛུབ་མོའི་རྩེ་མོ་ལྟར་རང་གིས་རང་ལ་རེག་པར་མ་ནུས་པས་རང་ལ་ཡོད་པར་མ་ཤེས་ཏེ་དཀའ་བས་གཞན་དུ་ཚོལ་ནས་ཆོས་ཉིད་ལ་ཆེད་དུ་འཇོག་ཅིང་ཡུལ་དུ་བྱེད་པའི་བློ་ཡིས་དཔྱོད་པ་ལྟ་བའི་རྟོག་སྒྲིབ་དང་མ་བྲལ་བ་དེའི་ཕྱིར་ད་དུང་མ་རྟོགས་ཤིང་མཐོབ་བོ། །ཀུན་ཏུ་འོད་ལ་བཞུགས་པའི་རྒྱུད་དག་པའི་སངས་རྒྱས་རྣམས་ནི་ཤེས་བྱའི་ཚུལ་ཡེ་སྙིང་པོ་བྱང་ཆུབ་ལ་ཤེས་བྱེད་ཀྱི་ཚུལ་བྱང་ཆུབ་སྙིང་པོ་ཉིད་དུའང་འདུ་ཤེས་ཀྱིས་མི་རྟོག་པའི་ངང་དུ་མི་གཡོ་བར་དགོངས་པ་ལ་གནས་ཏེ་རིག་པ་སྤྱོད་ཡུལ་དང་བྲལ་བར་མྱ་ངན་ལས་འདས་པའི་མཐར་དབྱུང་དགོས་པའི་ཕྱིར་ད་དུང་མངོན་པར་རྫོགས་པར་འཚང་མི་རྒྱ་བར་གནས་ན་ཁྱེད་རྣམས་ཅིའི་ཕྱིར་དུ་བར་བྱེད། དེ་སྐད་ཅེས་བཀའ་སྩལ་པས། གསུམ་པ་ནི། སྐྱེས་བུ། ཞེས་པ་ནས། སྙམ་མོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་གསུངས་པས་འཁོར་སྐྱེས་བུ་དམ་པ་རིགས་ལྔ་རྣམས་དགའ་མགུ་རངས་པས་ཡིད་བདེ་བ་སྐྱེས་ཏེ་དབུགས་ཕྱིན་ནས་བདག་ཅག་ཁོ་ནས་མ་རྟོགས་པ་མིན་པར་ཐོས་པས་འདི་སྙམ་དུ་སེམས་སོ། །ཇི་ལྟར་བདག་ཅག་གི་སྔོན་དུ་སེམས་བསྐྱེད་དེ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་ད་དུང་གསང་སྔགས་ཀྱི་ངོ་བོ་དེ་ཁོ་ན་ཉིད་མངོན་དུ་མ་གྱུར་པར་རྩོལ་བ་ལ་གནས་ན། བདག་ཅག་ལ་སོགས་པ་མཐར་ལམ་དུ་ཞུགས་པས་མི་རྟོགས་པ་ལྟ་ཅི་སྨོས་ཏེ། ངེས་པར་ཡང་སྟོན་པ་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་འདི་ནི་སངས་རྒྱས་ཀུན་གྱི་ཐེ་ཚོམ་གཅོད་པས་དགེ་བའི་བཤེས་གཉེན་དམ་པ་ཉིད་ཁོ་ན་བས་བདག་ཅག་གི་བློ་གྲོས་འདིི་ལ་ཆུབ་སྟེ་གྲོས་ཀྱིས་ཆོད་པས་མི་འགྱུར་བ་ཐོབ་པར་གོར་མ་ཆག་སྙམ་མོ། །བཞི་པ་ནི། དེ་ནས། གསོལ་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་སྐྱེས་བུ་དམ་པ་རྣམས་ཀྱིས་བཅོམ་ལྡན་འདས་དེ་ཁོ་ན་ཉིད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་སྔགས་དམ་པ་དེ་ཁོ་ན་ཉིད་དེ་ནི། བསྟན་པའི་ཡོན་ཏན་གྱི་སྒོ་ནས་གང་ཡོངས་སུ་བརྗོད་པ་ལས་འདས་ཏེ། གསུང་བར་མི་མངའ་ལ་བརྗོད་པར་མི་ནུས་པར་བསྟན་ཅིང་། བརྟགས་པར་རབ་ཏུ་དཀའ་བ་ལགས་ཞེ་ན་ཡང་། སྟོན་པའི་ཡོན་ཏན་གྱི་སྒོ་ནས་བཅོམ་ལྡན་འདས་ཉིད་ནི་གདུལ་བྱ་བློ་གྲོས་ཆེན་པོ་མཐར་ལམ་པ་རྣམས་ཀྱིས་བསྟེན་པའི་སྤྱོད་ཡུལ་དུ་ངེས་ཤིང་། ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ། སངས་རྒྱས་དམ་པ་རྣམས་ཀྱིས་ཡང་རྗེ་བཙུན་དམ་པ་ཉིད་དུ་ལགས་པས་ན། བདག་ཅག་གི་བློ་གྲོས་ངེས་པར་ཆུབ་པ་གསང་སྔགས་རྟོགས་བྱ་དམ་པ་རང་གི་ངོ་བོ་ཕྱོགས་རིས་ལས་གྲོལ་པས་ཇི་བཞིན་པའི་ཕྱོགས། སངས་རྒྱས་ཀུན་གྱི་དགོངས་པ་དམ་པ་མཉམ་པ་ཉིད་གང་ཡིན་པ་དེ་ཉིད་ལེགས་པར་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་པ་ལས། ལྔ་པ་ནི། བཅོམ་ལྡན་འདས། ཞེས་པ་ནས། བཀའ་སྩལ་པས། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་བཅོམ་ལྡན་འདས་དེ་ཁོ་ན་ཉིད་དེས་བཀའ་སྩལ་པ། སྐྱེས་བུ་དམ་པ་རྣམས་ལེགས་སོ། །ངེས་སོ། །ཞེས་ཞུ་བ་བྱས་པ་ལ་གནང་བ་སྩལ་ནས་དོན་ཉེ་བར་བསྟན་པ་ནི་འདི་ལྟ་སྟེ་སྨྲར་མེད་ཅིང་ཡུལ་དུ་མ་གྱུར་པའི་དོན་མཆོག་མ་ནོར་བ་གསང་སྔགས་དམ་པ་དེ་ཁོ་ན་ཉིད་དེ་ནི་འདི་ལྟར་ཐ་སྙད་ལྔ་བཅུ་ལས་གྲོལ་ཏེ། གང་ཞེ་ན། ཡེ་གྲུབ་ཟིན་པ་ལ་ཡུལ་དང་ཡུལ་ཅན་མེད་པའི་ཕྱིར་ཉན་རང་ཚོགས་སྦྱོར་མཐོང་སྒོམ་མཐར་ལམ་རྣམས་ཀྱིས་སོ་སོར་རྟོག་ཅིང་དཔྱོད་པ་ཐམས་ཅད་དང་བྲལ་བ་སྟེ། མན་ངག་ལས། སོ་སོར་རྟོག་པའི་ཤེས་རབ་ཀྱིས། །ངང་ལ་རྟོག་དང་རྟོག་བྱ་མེད། །ཅེས་པའི་དོན་ཏོ། །ངོ་བོ་མ་གྲུབ་ལ་ཅིར་ཡང་སྣང་བས་ཡོད་མེད་མེད་ལ་དབུ་མར་ཐ་སྙད་མེད་པའི་ཕྱིར་མཐའ་དང་དབུས་མི་དམིགས་པ་སྟེ། རྡོ་ལ་གསེར་ཞུན་ལས། ཡོད་ལ་ལྟོས་པས་མེད་པའང་མེད་དེ་མེད་པའི་མེད་པའང་མེད། །མཐའ་རྣམས་མེད་ཕྱིར་དབུས་མེད་ལའང་གནས་པར་མི་བྱེད་དོ། །ཞེས་སོ། །ཡེ་དངོས་པོའི་གནས་ལུགས་ཀྱི་ཆོས་ཇི་བཞིན་པ་ནི་རྟག་ཆད་ལས་གྲོལ་བས་སྒྲོ་སྐུར་མེད་པ། རིལ་བདེ་བ་ཆེན་པོ་མཉམ་པའི་ཀློང་ལ་བཟང་ངན་མ་དམིགས་པས་བླང་དོར་མེད་པ། ཡེ་ནས་བྱང་ཆུབ་སྙིང་པོ་སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པ་ལ་བསྐྱེད་བྱ་སྐྱེད་བྱེད་ལས་གྲོལ་བས་རྒྱུ་འབྲས་ལས་འདས་པ། སྡུག་བསྔལ་ཆོས་ཉིད་ཀྱི་ལོངས་སྤྱོད། ཉོན་མོངས་པ་བདེ་བ་ཆེན་པོ། ཕྱིན་ཅི་ལོག་བྱང་ཆུབ་ཀྱི་ལམ་མཆོག །སྒྲིབ་པ་ཡེ་ཤེས་ཀྱི་ངོ་བོ་ལ་སྦྱང་བར་བྱ་རྒྱུ་གློ་བུར་བ་མེད་པས་ཡེ་ནས་དག་པ། སྟོང་གསུམ་ཇི་སྙེད་སངས་རྒྱས་ཀྱི་ས་ལ་གདོད་མ་ནས་བཀོད་པས་ཡེ་ནས་གྲུབ་ཟིན་པ། འབྲས་བུ་དང་ཕྲིན་ལས་དབང་བསྒྲུབ་པ་རིལ་བྱས་ཟིན་པས་བྱ་བ་མེད་པ། དེ་ལྟར་ཟིན་པའི་ཕྱིར་འཕྲལ་དུ་ཐོབ་པར་བྱ་བ་མེད་པས་འབད་རྩོལ་གྱིས་བརྩལ་བ་མེད་པ། སེམས་ལས་ལོགས་ན་འབྲས་བུ་བརྩལ་ཏེ་དོན་དུ་གཉེར་བྱ་མ་དམིགས་པས་བསྒྲུབ་ཏུ་མེད་པ། དོན་དུ་གཉེར་བ་མེད་པའི་ཕྱིར་འཕྲལ་དུ་བྱ་བ་མེད་པས་བརྩལ་དུ་མེད་པ། རང་རིག་པ་ལས་བསྒྲུབ་བྱ་ཞིག་གཞན་ན་མེད་པས་འབྲས་བུ་གཞན་ནས་མི་འབྱུང་བ། མི་མཐུན་པ་དང་བྲལ་བའི་ཕྱིར་ཟླ་མེད་ཅིང་མི་འཇིག་པས་གཉེན་པོ་མེད་པ། ཡེ་ནས་གྲུབ་ཟིན་པའི་ཕྱིར་རང་ལས་གཞན་པའི་བསྒྲུབ་པ་མེད་པས་བྱེད་པ་པོ་མེད་པ། བྱ་བས་བཙལ་དུ་མི་རྙེད་ཅིང་རྒྱུ་རྐྱེན་མེད་པས་མ་བྱས་པ། ཚིག་གིས་མི་ཕེབས་ཤིང་ངོ་བོ་འདི་འདྲར་མེད་པས་མ་བཏགས་པ། དངོས་གཞི་མ་ངེས་པ་དང་ཡུལ་སེམས་གཉིས་མེད་ལ་ཆོས་དང་གང་ཟག་མ་གྲུབ་པས་བདག་མེད་པ། ཡེ་ལེགས་པ་ཆེན་པོར་བཞུགས་པའི་ཕྱིར་ནང་དང་བྲལ་ཞིང་ཇི་བཞིན་པས་མ་བཅོས་པ། ཡེ་ཉིད་དག་པ་ཆེན་པོར་བཞུགས་པའི་ཕྱིར་སེལ་མེད་པ་དང་། གློ་བུར་བ་མ་ཡིན་པས་ལོག་རྟོག་གིས་མ་བསླད་པ། ངོ་བོ་མ་ནོར་བའི་ཕྱིར་གཞན་དུ་མ་དམིགས་པས་དེ་ཡིན་པ། འགྱུར་བ་མེད་ཅིང་བསླུ་བའི་ཕྱིར་རྫུན་པ་སྤངས་བས་ཡང་དག་པར་ངེས་པ། ལོག་འཁྲུལ་མེད་ཅིང་ཇི་ལྟ་བར་ངོ་བོ་མ་འཁྲུལ་བར་བྱུང་བས་མ་ནོར་བ། མ་བཅོས་མ་བསླད་པའི་རྣལ་མ་ཕྱི་མོ་ཉིད་ལས་མ་གཡོས་པས་ཇི་བཞིན་པ། སྒྲིབ་བྱེད་མེད་ཅིང་འོད་གསལ་བ་ལ་ཅིར་ཡང་གོ་མི་འགོག་པས་སྣ་ཚོགས་སུ་འཆར་ཏེ་མ་འགགས་པ། རྒྱུ་རྐྱེན་ལས་མ་བྱས་པར་ངོ་བོ་མེད་པའི་ཕྱིར་འཕྲལ་དུ་མ་བྱུང་བས་མ་སྐྱེས་པ། ཉིན་མཚན་དང་བྲལ་ཞིང་གཉེན་པོ་མེད་པའི་ཕྱིར་ཡེ་ནས་གདལ་ཁྱབ་ཆེན་པོ་ལ་རྐྱེན་གྱིས་མི་ཤིགས་པས་མི་ནུབ་པ། ངོ་བོ་དུས་གསུམ་དུ་འཕོ་འགྱུར་མེད་པར་སྙིང་པོ་ཉིད་དུ་ངེས་པས་མི་བརླག་པ། མཐའ་གང་དུའང་མ་བྱུང་ཞིང་ངོ་བོས་མེད་པས་མི་སྣང་བ། ཕྱོགས་གཅིག་པ་གང་དུའང་མི་སྣང་ལ་དངོས་པོ་མ་སྤངས་པར་བྲལ་བས་མ་བྱུང་བ། ཀུན་ལ་ཁྱབ་ཟིན་ཅིང་ཡུལ་མེད་པ་དང་རྒྱུད་གཅིག་པ་མ་ཡིན་པས་ཡུལ་ལ་མི་འགྲོ་བ། གདོད་ནས་སངས་རྒྱས་དང་སེམས་ཅན་གང་བས་ཀྱང་སྔ་ལ་གློ་བུར་བ་མ་ཡིན་པར་དུས་གསུམ་དུ་རྒྱུན་མ་ཆད་པས་ཡེ་ནས་གནས་པ། ཐམས་ཅད་ཡིན་ཅིང་རིལ་དེས་བསྣུམས་པ་དང་། དེ་ལས་གཞན་དུ་འདའ་བ་མེད་པས་བགོས་པ་མེད་པར་ཆོས་ཀུན་ལ་ཁྱབ་པ། དབྱིབས་དང་ཁ་དོག་རིལ་མ་སྤངས་ལ་རྣམ་པའི་ཆ་མེད་པས་བཏགས་པའི་མིང་མེད་པ། མཚན་མ་ཐམས་ཅད་པའི་མཚན་མེད་གང་ལ་རྣམ་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་གང་དུའང་གཟུགས་སྣང་མེད་པས་གཟུགས་མེད་པ། ཇི་སྙེད་པ་མ་སྤངས་བྲལ་བ་ལ་གྲངས་ལས་གྲོལ་བས་འདུ་ཤེས་ཀྱི་མཚན་མ་མེད་པ། དམིགས་བྱ་དམིགས་བྱེད་མེད་པས་བླ་དྭགས་སུ་གདགས་པའི་ཐ་སྙད་མེད་པ། ཡུལ་གྱི་རྣམ་པའི་ཕྱོགས་རིས་ལས་གྲོལ་བས་བལྟར་མེད་པ། ངོ་བོ་ཉིད་གང་དུའང་མི་གནས་པས་གཟུང་དུ་མེད་པ། དེ་དང་འདྲ་བ་མེད་པས་དཔེའམ་ཚིག་གིས་མཚོན་དུ་མེད་པ། ཉེ་བར་སྦྱོར་བ་པོ་མ་དམིགས་པས་འདྲ་བར་བསྐྲུན་པའི་དཔེ་མེད་པ། མུ་མཐའ་ཡས་པས་འདིའོ་ཞེས་ཚད་གཟུང་དུ་མེད་པ། བཤད་པ་ལྟར་བློས་རེག་དཀའ་བས་བརྟག་ཏུ་མེད་པ། སྤྱོད་ཡུལ་དུ་མ་གྲུབ་པས་རྟོག་གེ་ལས་འདས་པ། བློས་གཏིང་མཐའ་མི་རྙེད་པས་དཔག་ཏུ་མེད་པ། ཡིད་ལ་བྱ་བ་མེད་པས་བསམ་དུ་མེད་པ། ཕྱོགས་སུ་འཛིན་པའི་བསམ་པས་མི་ཆུབ་པར་ཀུན་ཏུ་ཤར་བས་བསམ་གྱིས་མི་ཁྱབ་པ། འཁོར་བ་དང་མྱ་ངན་ལས་འདས་པ་རིལ་གྱི་གཞིར་གྱུར་པས་ཀུན་གྱི་འབྱུང་གནས། དུས་ཐོག་མཐར་རྒྱུན་མ་གཡོས་མ་ཉམས་པས་ཐམས་ཅད་ནས་ཐམས་ཅད་དུ་བཏང་སྙོམས་ཆེན་པོ་སྟེ། སྒོམ་ཐབས་སྒྲོན་མ་ལས། སེམས་ཉིད་མ་བཅོས་བདེ་བ་ཆེ། །མཚོན་པར་མི་ནུས་འབྲལ་མི་ནུས། །ཕྱོགས་རིས་མི་མངའ་བཏང་སྙོམས་ཆེ། །རྒྱལ་བའི་དགོངས་པ་ཉིད་རིག་པའོ། །ཞེས་སོ། །དངོས་པོར་མེད་ཅིང་ངོ་བོ་གང་དུའང་མ་གྲུབ་པས་སྟོང་པ་ཉིད་གསལ་བ་ཉིད་རྒྱུ་རྐྱེན་དང་བྱེད་པ་པོ་མེད་པར་མ་བསླད་མ་བཅོས་པར་ཡེ་ཆེ་བཙན་གཅིག་པུར་བྱུང་བས་རིག་པ་རང་བྱུང་བ་དེ་ཁོ་ན་ཉིད་ཀྱི་དོན་ངེས་པར་གཟུང་བའོ། །དེ་སྐད་ཅེས་བཀའ་སྩལ་པས། དྲུག་པ་ལ་བཞི་སྟེ། བླང་དོར་གྱི་ཐེ་ཚོམ་པའི་ཡོན་ཏན། ཡང་དག་པའི་ངེས་པ་རྙེད་པའི་ཡོན་ཏན། ཐ་མའི་དབུགས་འབྱིན་པའི་ཡོན་ཏན། བྱིན་རླབས་གཞན་ལ་སྣང་བའི་ཡོན་ཏན་ནོ། །དང་པོ་ནི། སྐྱེས་བུ། ཞེས་པ་ནས། གསུངས་པས། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་སྐྱེས་བུ་དམ་པ་དེ་རྣམས་སྟོན་པས་གསང་བའི་མཚན་ཉིད་བརྗོད་པས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བླང་དོར་མེད་པར་ཇི་བཞིན་པ་ཉིད་རྟོགས་ཤིང་ཐུགས་སུ་ཆུད་དེ། ངོ་བོས་གཉིས་སུ་མེད་པའི་གསང་བ་ཟབ་མོ་ལ་ཤིན་ཏུ་ངོ་མཚར་སྐྱེས་ནས། སྔར་གྱི་རྒྱལ་བའི་བཀའ་སྩལ་དང་མ་མཐུན་པས་ཐེ་ཚོམ་དུ་གྱུར་ཏོ། །དེ་ཡང་། ཨེ་མའོ། །བདག་ཅག་གིས་དམ་པ་རྣམས་ལས་སྔོན་དུ་ཐོས་པ་ལྟར་ན། སྔོན་གྱི་རྒྱལ་བ་དམ་པ་རྣམས་ནི། བྱང་ཆུབ་བླང་ངོ་། །ཉོན་མོངས་པ་དོར་རོ། །དེ་ནི་བློ་གྲོས་ཡོངས་སུ་ཆུབ་པའོ། །ཞེས་ཐོས་ན། སྐྱེས་བུ་ཆེན་པོ་རྡོ་རྗེ་སེམས་དཔའ་འདི་ནི་ཉོན་མོངས་པ་དང་བྱང་ཆུབ་ལ་གཉིས་སུ་མེད་པས་བླང་དོར་མེད་དོ་ཞེས་གསུངས་པ་ངོ་མཚར་ཏོ། །སྙམ་དུ་ཅང་མི་སྨྲ་བར་གནས་སོ། །དེ་ནས་སྟོན་པ་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་དེས་སྐྱེས་བུ་དམ་པ་དེ་རྣམས་ཀྱི་ཡོངས་སུ་རྟོག་པ་བསམ་པའི་ཐེ་ཚོམ་བསལ་བའི་ཆེད་དུ་ཡང་གསུངས་པ། ཀྱེ་སྐྱེས་བུ་དམ་པ་རྣམས་གང་ཐེ་ཚོམ་ཡོངས་སུ་ཟ་བ་ན་དངོས་པོ་ལོ་རྒྱུས་ཀྱི་གཏན་ཚིགས་ཉོན་མོངས་པའི་རང་བཞིན་གང་ཡིན་གང་ལས་བྱུང་། བྱང་ཆུབ་ཀྱི་རང་བཞིན་གང་ཡིན་གང་ལས་བྱུང་། ངེས་པར་རྟོགས་པར་གྱིས་ཤིག་དང་། གང་ཆོས་ཉིད་ཡོངས་སུ་མཐོང་བ་ཉིད་ན་ཐེ་ཚོམ་ཆད་པར་འགྱུར་རོ། །དེ་སྐད་ཅེས་གསུངས་པས། གཉིས་པ་ནི། སྐྱེས་བུ། ཞེས་པ་ནས། ངུས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་སྐྱེས་བུ་དམ་པ་དེ་རྣམས་ཀྱིས། ཀུན་ནས་ཉོན་མོངས་པ་འཁོར་བ་དང་། མྱ་ངན་ལས་འདས་པ་བྱང་ཆུབ་གཉིས་ཀྱི་རང་བཞིན་གང་ཡིན་གང་ལས་བྱུང་བ་ངེས་པར་བརྟགས་པ་ན། མཐའ་གསུམ་གང་དུའང་མ་གྲུབ་པས་རང་བཞིན་སྟོང་པར་མཐོང་། ཉོན་མོངས་དང་བྱང་ཆུབ་གཉིས་ཀ་རྩ་བ་རང་རིག་ཉིད་ཡིན་པས་སེམས་ལས་བྱུང་བར་མཐོང་། སེམས་ཉིད་རྒྱུ་ལས་མ་བྱུང་། རྐྱེན་ལས་མ་སྐྱེས། ངོ་བོ་ཡེ་ནས་སྐྱེ་བ་མེད་པ། སྒྲོ་སྐུར་མེད་པས་ཡེ་ཇི་བཞིན་པ་དབྱིངས་ཀྱི་དཀྱིལ་འཁོར། རང་བཞིན་འགགས་པ་མེད་པས་ལྷུན་གྱིས་གྲུབ་པ་འོད་གསལ་རིག་པའི་དཀྱིལ་འཁོར། སྐྱེ་འགག་གཉིས་སུ་མེད་པས་རྩ་བ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར། དམ་པ་གསུམ་དབྱེར་མེད་པའི་ཆོས་ཉིད་དེ་ཁོ་ན་ཉིད་དུ་ངེས་པར་ཆུད་དེ། སངས་རྒྱས་ཀྱི་དགོངས་པ་དམ་པའི་ངོ་བོར་མ་རྟོགས་པར་རྟོགས། མ་མཐོང་བར་མཐོང་། མ་མྱོང་བར་ཉམས་སུ་མྱོང་བ་ནི་འདི་ལྟ་སྟེ། སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་དང་སེམས་ལས་བྱུང་བ་ཚོར་འདུ་འདུ་བྱེད་རྣམས་དང་སྣང་བ་ཐམས་ཅད་མཐའ་དབུས་མེད་པ་ནམ་མཁའ་ལྟ་བུར་མ་འདྲེས་ལ་ཡོངས་སུ་རྫོགས་ཏེ་རང་རིག་རང་གསལ་ཆེན་པོ་ལས་མི་གཡོ་བར་གྱུར་ཏོ། །སྤྱོད་ཡུལ་མེད་པའི་དགོངས་པ་ལ་མཉམ་པར་བཞག་པ་དང་མ་བཞག་པའི་སྒོམ་པ་དང་མི་བསྒོམ་པའི་ཏིང་ངེ་འཛིན་ལས་འདས་ཏེ་བཞེངས་བཞུགས་མི་མངའ་བར་མཐར་ལམ་ཐ་མའི་དབུགས་ཆེན་པོ་ཕྱིན་ནས་བཅུ་པ་རྫོགས་པ་སྤྱིར་ཆིབ་ཀྱི་ས་མཐར་ཕྱིན་ཏེ་ལྟ་བའི་སྒྲིབ་པ་དག་པས་གསང་སྔགས་ཇི་བཞིན་པ་ཉིད་དུ་སོན་ཏེ་ཡང་དག་པའི་ངེས་པ་རྩོལ་བ་དང་བྲལ་བའི་གདེང་ཆེན་པོའི་གཡོ་བ་ཡོངས་སུ་རྙེད་དོ། །རྙེད་པ་ཐོབ་པར་གྱུར་ཏོ། །ཐོབ་པ་ཀུན་ཏུ་བརྟན་པར་རབ་ཏུ་རྙེད་ནས། དེ་ཉིད་དུས་བྱེད་པ་ཆེན་པོ་ཉམས་བྲལ་མེད་པའི་ཀློང་དུ་གྱུར་ཏོ། །ཡང་སྐྱེས་བུ་དམ་པ་དེ་རྣམས་སྔོན་དུ་སྦྱངས་པ་དང་འདིར་ངལ་སོས་པས་དགའ་ཆེས་ཏེ་ཐབས་ལ་ངམ་ཞིང་གཞན་དོན་དུ་དགོངས་ནས་རྨ་ག་ཆད་པར་རབ་ཏུ་ངུས་སོ། །གསུམ་པ་ནི། ཡང་རྡོ་རྗེ། ཞེས་པ་ནས། གསོལ་ཏེ། ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་དེས་མཁྱེན་བཞིན་དུ། སྐྱེས་བུ་དམ་པ་དེ་རྣམས་ལ་བཀའ་སྩལ་པ། ཀྱེ་སྐྱེས་བུ་དམ་པ་ཁྱེད་ཅག་ཅིའི་ཕྱིར་ངུ་། དེ་དག་གིས་གསོལ་པ། བཤེས་གཉེན་དམ་པ་འདི་ལྟ་སྟེ། ཚེ་འདི་ལ་འགྲུབ་ཅིང་རྟོགས་པ་ཙམ་གྱིས་ཆོག་པས་བཙལ་མི་དགོས་པའི་ལམ་གྱི་ནང་ན་ཉེ་ལམ་དུ་གྱུར་པ། ཉོན་མོངས་པ་མ་སྤངས་པར་སངས་རྒྱ་བས་ཐབས་ཀྱི་ནང་ན་ཐབས་དམ་པ་རྩོལ་བ་མེད་པ་ཉིད་ཀྱིས་ཐོབ་པར་བྱེད་པ་འདི་ཉིད་སྔོན་དུ་རྒྱུའི་ཐེག་པ་སོགས་ལ་གནས་པའི་ཚེ་མ་ཐོས་པ་དེ་ལས་འཕྲོ་དང་སྐལ་བ་ཆུང་སྙམ་ནས་ངུ་བ་ལགས། ཨེ་མའོ་ངོ་མཚར་རྨད་དུ་བྱུང་བ་ངེས་པ་དོན་གྱི་ཆོས་གསང་བ་ཟབ་མོ་མཐར་ཐུག་གི་བདེ་བ་ལ་གནས་པའི་ཡུན་གྱི་དོན་སྲིད་ཆེན་པོའི་འདི་ལྟ་བུ། སེམས་ཉིད་ལས་ཐབས་དང་ངོ་བོ་ལོགས་སུ་བཙལ་མི་དགོས་པས་དོན་རྟོགས་པ་དང་གྲོལ་བ་དུས་མཉམ་པས་རག་གཞན་ལ་མ་ལས་པར་རང་ལ་རྫོགས་པའི་རྒྱུ་འབྲས་གཉིས་མེད་འདི་ཉིད་མ་རྟོགས་པས་བསྐལ་པ་དེ་སྙེད་དུ་ལམ་ལ་ཞུགས་ནས་རྒྱལ་བ་དེ་སྙེད་ལ་ཐེ་ཚོམ་གཅོད་ཅིང་གཞན་ལ་རེ་རྩོལ་གྱིས་ཚོལ་བ་ནི་ཨེ་མའོ་ནོར་ཞིང་འཁྲུལ་སྙམ་ནས་ངུ་བ་ལགས། དེ་ལྟར་རྒྱུའི་ཐེག་པ་ལ་སོགས་པས་རྩོལ་སྒྲུབ་དང་དཀའ་ཐུབ་སྣ་ཚོགས་པས་བྱ་བའི་ཐབས་ཀྱི་ལས་ལ་སྒོ་གསུམ་ཤ་ཐང་ཆད་པར་འབད་ཀྱང་མཚན་མའི་ཚིག་གི་རྗེས་སུ་བསམ་པ་འཕྲོས་ཏེ་རྣམ་པར་གཡེང་བ་ལ་སྤྱོད་དེ་ངལ་ཞིང་ཆད་པར་བྱས་པས་དོན་ཇི་བཞིན་པ་མཐོང་བ་མེད་པར་ཚིག་མཐའ་ཡས་པའི་རྗེས་སུ་འབྲངས་པས་བྱ་བ་མ་ཟིན་ནས་རྣམ་གྲངས་སོ་སོར་བཟུང་བ་ཆོས་ཉིད་ཐིག་ལེ་ཉག་གཅིག་ཏུ་བསྡུ་ཞིང་ཇི་བཞིན་པར་ཆུབ་པས་རྟོགས་པར་མ་འདུས་ཏེ་བདག་གཞན་གྱི་དོན་ཀུན་མ་རྫོགས་པས་དོན་རེ་ཆུང་སྙམ་ནས་ངུ་སྟེ་སྔོན་ཆད་བསྒྱངས་པས་སོ། །ད་ལྟ་སྟོན་པ་བཤེས་གཉེན་དམ་པ་གསང་བདག་རྡོ་རྗེ་སེམས་དཔའ་ཁྱེད་ལས་ཇི་བཞིན་པ་འདི་ཉིད་ཐོས་པ་ལས་གསང་བའི་གདེང་དམ་པ་ཐོབ་སྟེ་ངེས་པ་རྙེད་ནས་བྱ་བའི་ལས་དང་བྲལ་ཏེ་ང་ལ་སོས་པས་དབུགས་ཆེན་པོ་ཕྱིན་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མཆོག་བླང་དོར་མེད་པ་དང་མཉམ་པས་མཐར་ཕྱིན་པའི་ལམ་དང་མ་བཅོས་བླ་མའི་ས་ཆེན་མ་བགྲོད་པར་ནོན་ཏེ་བཅིངས་པ་ཐམས་ཅད་དབྱིངས་སུ་གྲོལ་བས་མ་བརྩལ་བར་དེ་ཁོ་ན་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པས་ཆེས་དགའ་བ་རྙེད་དེ་ངུ་བ་ལགས། དེའི་ཕྱིར་མཆི་མ་ཟག་པ་ནི་སྔ་མའི་བྱ་བ་ལ་ཁོ་ཐག་ཆོད་པ་དང་། རང་ངོ་མ་ཤེས་པས་རྒྱུ་གསུམ་དང་ཤེས་པས་རྒྱུ་གཅིག་སྟེ་བཞི་ལ་ངམ་པའོ། །ཞེས་གསོལ་ཏེ་རྒྱལ་བའི་དགོངས་པ་ལྷུན་གྱིས་གྲུབ་བོ། །བཞི་པ་ནི། ངོ་མཚར། ཞེས་པ་ནས། སྟོན་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་མ་ནོར་བར་མངོན་པར་རྟོགས་པས་སངས་རྒྱས་པའི་བྱིན་རླབས་དང་ལྟས་ནི། དེ་ལྟར་ངོ་མཚར་གྱི་རྟོགས་པ་ཆེན་པོ་ཐོབ་པ་མེད་པར་ཐོབ་པས་དགྱེས་ཤིང་དགའ་བ་ཆེན་པོ་ཀུན་ནས་རྒྱས་པའི་བྱིན་རླབས་ལས་ཡེ་ཤེས་ཀྱི་འོད་ཟེར་ཉི་མ་འབུམ་ཕྲག་ལྟ་བུ་གདུལ་བྱའི་ངོ་ལ་ཤར་ཏེ། འདི་ནི་སྟོན་པ་ཉིད་ཀྱི་སྐུའི་འོད་ཟེར་ལས་བདེ་གཤེགས་འཁོར་བཅས་སྤྲོ་བ་དང་ཡང་སྦྱར་ལ་རང་བཞིན་གྱི་འོད་དང་ཡང་སྦྱར་རོ། །དེ་ལྟར་བྱུང་བས་དངོས་པོ་གང་དག་བྱང་ཆུབ་སེམས་དཔའ་དང་རིག་པ་འཛིན་པ་ས་པ་རྣམས་ནི་ཤེས་རབ་ཀྱི་རྩལ་རྙེད་པས་རིག་པའི་རྩལ་སྦྱངས། ལྟ་བའི་གདེང་འཕང་བསྟོད་པས་དོན་གྱི་ཆེ་བ་ཕྱུང་། ས་པའི་རིག་པ་རིལ་གོང་དུ་འཕར་བའི་བྱིན་རླབས་མཐོང་སྟེ་ས་རྣམས་ཀུན་ཏུ་གཡོས་པས། སྔར་གྱི་དམ་པ་དག་ཇི་ལྟ་བར་ཡོངས་སུ་བྱ་བ་གཅིག་མ་རྙེད་པར་གཉིས་ལ་གནས་པས་རྩོལ་བ་ལ་སྤྱོད་པའི་རྣལ་འབྱོར་བ་དམ་པ་ཇི་སྙེད་པ་དག་གིས་ངོ་མཚར་བར་གྱུར་ཏེ། རང་རང་གི་སྟོན་པ་རྣམས་ལ་གསོལ་པ། འདི་ལྟ་བུའི་ལྟས་ཡ་མཚན་ཅན་འདི་ཅི་ལྟ་བུ་ཞིག་ལགས། ཞེས་ཞུས་པས། རང་རང་སོ་སོའི་སྟོན་པ་དཔག་ཏུ་མེད་པས་སོ་སོའི་འཁོར་དཔག་ཏུ་མེད་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ལྟས་ཆེན་པོ་འདི་ནི། ཞིང་འདིས་ཐམས་ཅད་ལ་ཁྱབ་ཀྱང་རང་རང་གི་རིགས་ཀྱི་ལས་ཀྱིས་བསྐལ་པས་མ་མཐོང་ཡང་དོན་ལ་གདལ་ཁྱབ་ཆེན་པོ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་ཅེས་བྱ་བ། ཐེག་པ་ཆེན་པོོ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བའི་ཆོས་སྟོན་ཏོ། །སངས་རྒྱས་དེ་ནི་ཐེ་ཚོམ་ཐམས་ཅད་གཅོད་ཅིང་ཀུན་ཏུ་འོད་ལ་བཞུགས་པའི་སངས་རྒྱས་དང་ས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ངེས་པར་སངས་རྒྱས་པར་ལུང་བསྟན་པའི་དགེ་བའི་བཤེས་གཉེན་དམ་པར་གྱུར་པས། སྐྱེས་བུ་དམ་པ་ལྔ་གང་གསང་སྔགས་ཀྱི་ངེས་པ་མ་རྙེད་པས་ཡོངས་སུ་མངོན་པར་རྫོགས་པར་སངས་མ་རྒྱས་པས། དེ་དག་ངེས་པའི་ཐེ་ཚོམ་བཅད་དེ། ཐ་མའི་ལུང་སྟོན་པས་དེ་དག་གི་ལྟས་ཡིན་ནོ། །ཞེས་སྟོན་པར་གྱུར་ཏོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ལྟར་ན་སྐྱེས་བུ་དམ་པ་དེ་དག་ནི་དེ་ཁོ་ན་ཉིད་ཀྱི་ཉམས་རྙེད་མ་ཐག་ཏུ་རྒྱལ་ཚབ་གཉིས་ལས་འདིར་ཐ་མའི་དབུགས་ཕྱིན་པ་དེ་དག་གསང་སྔགས་སྟོན་པའི་དབང་ཕྱུག་ཆེན་པོ་ངེས་པའི་གདེང་རྙེད། རིག་པའི་དོན་རྟོགས། གསང་བའི་ཆོས་ལ་ལོངས་སྤྱོད་པས་མངའ་ཐང་ཡོངས་སུ་རྫོགས་པའི་ཆོས་ཀྱི་རྒྱལ་པོའི་སྟོན་མཆོག་རིགས་ལྔའམ་སྐུ་ལྔའི་རྒྱལ་ཚབ་ཆེན་པོ་སྐྱེས་བུ་དམ་པ་ཞེས་བྱ་བར་ངེས་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། རྩོལ་བ་དང་བྲལ་བའི་དོན་རྟོགས་པས་སྐྱེས་བུ་དམ་པ་ལྔ་དབུགས་ཆེན་པོ་ཡོངས་སུ་ཕྱིན་ཏེ་མངོན་པར་རྫོགས་པར་སངས་རྒྱས་པའི་དོན་དང་། རྗེས་སུ་འཇུག་པའང་དེ་བཞིན་དུ་ངེས་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པ་གསལ་བར་བཤད་པའོ།། །།ལྔ་པ་ལམ་གྱི་ཆ་རྐྱེན་དབང་བསྐུར་བ་ལ་གཉིས་ཏེ། དྲིས་པ་དང་། ལན་ནོ། །དང་པོ་ནི། དེ་ནས། ཞེས་པ་ནས། གྲགས་པ་ལགས། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ནོ། །དེ་ནས་ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་དེས། འདི་སྐད་ཅེས་དྲི་བ་ཡོངས་སུ་དྲིས་པ། གསང་བ་པའི་བདག་པོ། སྐྱེས་བུ་དམ་པ་དེ་དག་དམ་པ་རྣམས་ཀྱི་ཞིང་དུ་ཇི་ལྟར་གྲགས་པ་ལགས་ཞེས་རྒྱུ་མཚན་དྲིས་པའོ། །གཉིས་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། གསང་བ་པའི། ཞེས་པ་ནས། གྲགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ། སྐྱེས་བུ་དམ་པ་དེ་དག་ནི་དམ་པ་སངས་རྒྱས་རྣམས་ཀྱི་ཞིང་དུ་གང་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་གྱུར་པའི་ཕྱིར། རྒྱལ་ཚབ་སྐྱེས་བུ་ཞེས་བྱ་བར་ཡོངས་སུ་གྲགས་པར་གྱུར་ཏོ། །དེའང་གཏན་ཚིགས་ཀྱིས་ཡིད་ཆེས་པར་བྱ་བ་དང་། རྗེས་སུ་འཇུག་པ་པོ་རིམ་པས་རྫོགས་པར་བྱ་བའི་དོན་བསྟན་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ། འདི་ལྟ་སྟེ། དཔེར་ན་གང་དྲྭ་མ་ཆེན་པོོ་ཀུན་གྱི་སྤྱི་བོར་གྱུར་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དག་གི་ཕྲུག་གུ་ཆོས་ལྔ་དང་ལྡན་པ་ནི། རྒྱལ་པོ་རྒྱལ་རིགས་ཆེན་པོའི་རིགས་ཀྱི་གདུང་འཛིན་པའི་རྒྱུད་དུ་གྱུར་པ་དང་། ཐུན་མོང་གི་མཚན་དཔེ་དང་ལྡན་ལ་རྒྱལ་ཡར་ཤིས་པ་དང་། རྒྱལ་པོའི་ཆོས་ལུགས་ཤེས་པས་མཁས་པ་དང་། ཕྱི་ནང་གི་འཁོར་འབངས་དང་ལྡན་པ་དང་། རིན་ཆེན་སྣ་བདུན་ལ་སོགས་པ་རྒྱལ་པོའི་མངའ་དབང་ཐོབ་པའི་སྐལ་བ་དང་ལྡན་ན། གླིང་བཞིའི་མི་ལ་སོགས་པ་མགོ་ནག་མང་པོས་སྤྱི་བོས་ལེན་ཅིང་བཀུར་བ་ཐོབ་ནས་ངེས་པར་འཛིན་པ་ནི་རྒྱལ་བུ་དམ་པར་མཚོན་པ་དེ་བཞིན་དུ། དོན་གྱི་དབང་དུ། སྐྱེས་བུ་དམ་པ་ལྔ་པོ་དེ་དག་ཀྱང་། རྒྱལ་བ་ཀུན་གྱི་རིགས་སམ་གདུང་རྒྱུད་དུ་བྱུང་བ་དང་། ཐུན་མོང་དང་ཐུན་མོང་མིན་པའི་ཡོན་ཏན་མཚན་དང་དཔེ་བྱད་ཀྱི་རྟགས་བརྒྱ་དང་བཅུ་གཉིས་ལྡན་པ་དང་། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཇི་བཞིན་པ་བཞིན་པ་ཤེས་ཤིང་རྟོགས་པ་མཐར་ཕྱིན་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པར་བསྡུ་བའི་འཁོར་དང་ལྡན་པ་དང་། ཚེ་དང་ཡོ་བྱད་ལ་སོགས་པ་དབང་བཅུ་པོ་ཐོབ་པར་གྱུར་པ་སྟེ། ཆོས་ལྔ་པོ་དེ་དག་དང་ལྡན་པས་ན། དེའི་ཕྱིར་རྒྱལ་ཚབ་སྐྱེས་བུ་ཞེས་བྱ་བར་ཞིང་ཁམས་ཐམས་ཅད་དུ་རབ་ཏུ་གྲགས་སོ། །ཞེས་དཔེ་དོན་གཉིས་ཀྱི་སྒོ་ནས་བསྡུས་ཏེ་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། སྡོམ་ཚིག་དང་། རྒྱས་པ་དངོས་སོ། །དང་པོ་ནི། ལེའུའི་གཤམ་དུ། ལང་ཀའི། ཞེས་པ་ནས། རྫོགས་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དེའང་འགྲེལ་པ་ལུང་བསྟན་མ་ལས། ཇི་ལྟར་རྒྱལ་སྲས་བཅས་པ་ལ། །མཛེས་པའི་ཡོན་ཏན་རྫོགས་པ་ཡིས། །དབང་བསྐུར་ཁོངས་སུ་ཡིད་ཆེས་ནས། །དམ་པ་བརྒྱུད་པའི་མན་ངག་གིས། །རྗེས་འཇུག་ཏུ་ཡང་ཤེས་པར་བྱ། །ཞེས་པས་དོན་གཉིས་ཏེ། སྔོན་བྱུང་རྒྱལ་བའི་མཛད་སྤྱོད་ཀྱི་སྒོ་ནས་གདུལ་བྱ་སྤྲོ་བ་བསྐྱེད་པའི་དབང་དང་། རྗེས་འཇུག་གི་གང་ཟག་ཉམས་སུ་ལེན་ཐབས་ཀྱི་སྒོ་ནས་གདུལ་བྱ་ཆུད་མི་ཟ་བར་བསྐུར་ཐབས་ཀྱི་དོན་རྣམ་གྲངས་ཀྱིས་སྟོན་ཏེ། ལང་ཀའི་བདག་པོ་དབང་གི་དོན་གྱི་ལུས་འདི་ལྟར་ཡང་ཡིད་གཅིག་ཏུ་བསྡུས་ཏེ་མ་ཡེངས་པར་ཤེས་པར་གྱིས་ཤིག །གང་ཞེ་ན། དབང་བསྐུར་བའི་ཁུངས་དང་། རྒྱལ་ཚབ་ཏུ་གྲགས་པ་དང་། རྒྱུན་མ་ཆད་པས་ཆུ་བོ་བཞི་དང་། བསྐུར་བྱའི་ཡུལ་དང་། བསྐུར་བའི་དབང་པོ་དང་། བསྐུར་བའི་དགོས་པ་དང་། རྫས་ལ་བརྟེན་ཏེ་བསྐུར་ཐབས་དང་། གང་དུ་བསྐུར་བའི་གནས་དང་། ཐོབ་པའི་རྟགས་དང་། དབང་གི་དོན་ཏེ། སྡོམ་དུ་བསྡུས་པ་འདི་ཡིས་ཡོངས་སུ་རྫོགས་པ་ཡིན་ནོ། །ཞེས་དོན་བཅུའི་སྒོ་ནས་བསྟན་པ་འདི་ཉིད་སོ་སོར་རྒྱས་པར་བཤད་པས་སྔོན་བྱུང་གི་དབང་དང་ཐ་མས་ཐུན་མོང་དུ་ཚིག་ཟིན་གྱི་དངོས་སུ་བསྟན་ཅིང་དེས་རྗེས་འཇུགགི་དབང་ཀྱང་ཤུགས་ཀྱིས་འཕངས་ཏེ། ལུང་བསྟན་མ་ལས། ཇི་ལྟར་སྔོན་དུ་དེ་བཞིན་གཤེགས་པ་དེ་ཉིད་ཇི་ལྟ་བའི་ཐབས་མེད་ན་གདུལ་བྱ་ལ་ཕན་འདོགས་པ་མ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ལ་བཅུ་སྟེ། ཁུངས་རྒྱལ་བས་དབང་བསྐུར་བ། རྒྱལ་ཚབ་ཏུ་གྲགས་པ། རྒྱུན་མ་ཆད་པ་ཆུ་བོ། ཐོབ་བྱའི་ཡུལ། བསྐུར་བའི་དབང་པོ། བསྐུར་བའི་དགོས་ཆེད། རྫས་ལ་བརྟེན་ཏེ་བསྐུར་ཐབས། དབང་བསྐུར་བའི་གནས། དོན་གྱི་རྟགས། དབང་གི་དོན་ནོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། གསུངས་པ་གཅིག་ཏུ། ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ཡང་ཁུངས་ངེས་པར་བསྟན་པ་འདི་ལྟར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སྲས་དུ་མ་མངའ་ཡང་། རིགས་ཀྱི་རྒྱུད་དུ་གང་ངེས་པར་བྱུང་ནས་དབང་ཐོབ་པར་གྱུར་ན། དེ་ལ་རྒྱལ་སྲིད་ཐམས་ཅད་འབངས་རྣམས་ཀྱིས་གང་དེར་བསྟབས་ཤིང་ཕུལ་བས། རྒྱལ་པོའི་བཀའ་ལུང་གི་ཚིག་བཙན་ཞིང་གླིང་བཞི་སོགས་རང་ཡུལ་ལ་དབང་བསྒྱུར་བའི་བདག་པོར་གྱུར་ཏེ་མགོ་ནག་ཀུན་གྱིས་བཀུར་གནས་ཀྱི་སྤྱི་བོར་གྱུར་ནས་རྒྱལ་པོ་ཆེན་པོར་འགྱུར་བའི་དཔེ་ཇི་ལྟ་བ་དེ་བཞིན་དུ། རྒྱལ་ཚབ་སྐྱེས་བུ་རྣམས་ཀྱིས་ཆོས་ལྔ་དང་བྱ་བ་གཞན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཏེ་མཐར་ལམ་དུ་ངེས་པ་ན། གདུལ་བར་བྱ་བ་ལྷ་དང་མིར་བཅས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་རྣམས་ཀྱིས་གུས་པར་འདུད་པས་སྟོན་པ་ཆོས་ཀྱི་རྒྱལ་པོར་མངའ་ཐང་བསྟབས་ཏེ་ཕུལ་བར་བྱས་པས་རྒྱལ་ཚབ་ཏུ་གྲགས་པ་དེ་ནས་མཛད་པ་མཐར་ཕྱུངས་ཏེ། བྱང་ཆུབ་མཆོག་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །དེ་ལྟར་ལོ་རྒྱུས་བསྙད་པས་ཡིད་ཆེས་པར་བྱས་ཏེ་ལང་ཀའི་བདག་པོ། གང་ལ་བསྐུར་ན་ད་ལྟར་ཆོས་ལྔ་དང་ལྡན་པའི་སྐྱེས་བུ་དམ་པ་རྒྱལ་བའི་རིགས་རྒྱུད་དུ་ངེས་པ་ལྔ་པོ་དེ་དག་ནི་བསྐུར་བའི་དུས་ཀྱི་རྒྱུའོ། །གང་དུ་བསྐུར་བའི་གནས་ནི། རྩལ་ཆེན་རྫོགས་པས་དབུགས་ཆེན་པོ་ཡོངས་སུ་ཕྱིན་པའི་གནས་འོག་མིན་ཆེན་པོ་ག་ན་བ་དེར། གང་གིས་བསྐུར་བའི་སློབ་དཔོན་ནི་དམ་པ་སངས་རྒྱས་རྣམས་ཀྱི་ཞིང་ཁམས་མཐའ་ཐུག་པ་མེད་པ་ནས་དབང་གི་དགོངས་པ་མཛད་པའི་གཟུགས་སྐུའི་རྒྱལ་བ་དཔག་ཏུ་མེད་པ་ཀུན་གྱི་བཤེས་གཉེན་དམ་པ་དག །དཔེ་ཇི་ལྟར་ན་ནམ་མཁའ་ལ་དབྱར་གྱི་སྤྲིན་དཔུང་བཞིན་དུ་ཡོངས་སུ་འདུ་བར་འདུས་ནས། ཇི་ལྟར་བསྐུར་བའི་ཐབས་ནི། གོང་དུ་བཤད་པའི་མཚུངས་པ་བཞི་མངའ་བའི་ཕྱིར་དེ་དག་ཀུན་ཀྱང་སྐུ་གསུམ་དབྱེར་མེད་རང་སྣང་ཆོས་ཀྱི་སྐུ་ལས་མ་གཡོས་པར་གསུངས་པ་མགྲིན་གཅིག་ཏུ་བསྐུར་བར་མཛད་དོ། །ཞེས་རྒྱལ་བས་ཇི་ལྟར་བསྐུར་བའི་ཁུངས་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། རྒྱལ་ཚབ། ཅེས་པ་ནས། དབང་བསྐུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། སྤྱིར་ཏིང་ངེ་འཛིན་ལ་བརྟན་པ་ཅི་རིགས་ཐོབ་པའི་སློབ་དཔོན་གྱིས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སྐལ་ལྡན་གྱི་སློབ་མ་ལ་དབང་བསྐུར་བས་མོས་སློབ་ཙམ་གྱི་ནུས་པ་སྐྱེ་རུང་དུ་སྨིན་པ་དང་། ལམ་ལྔ་གོང་མ་གོང་མ་ཐོབ་པའི་སློབ་དཔོན་གྱིས། སྤྲུལ་པའི་དཀྱིལ་འཁོར་དུ་འོག་མ་འོག་མར་གནས་པའི་སློབ་བུ་ལ་བསྐུར་བས། རང་ལམ་གོང་མར་སྨིན་པ་སོགས་དཀྱིལ་འཁོར་གསུམ་དུ་སློབ་དཔོན་གསུམ་གྱིས་རྒྱལ་སྲས་གསུམ་ལ་དབང་བསྐུར་བ་ནི་ཕྱི་ནང་གི་བཀའ་དུ་མ་ལས་གསུངས་ཏེ། དེས་ན་དེ་དག་ལས་འདིར་ནི་རང་བཞིན་གྱི་དཀྱིལ་འཁོར་དུ་རང་སྣང་ཆོས་ཀྱི་སྐུས་རིམ་པ་ཐ་མས་བྱ་བ་བཞི་རྫོགས་པར་འབྱུང་བ་ལ་དབང་བསྐུར་བས་བྱང་ཆུབ་རྡོ་རྗེ་བརྙེས་ཏེ་ཞིང་ཀུན་ཏུ་གྲགས་པར་འགྱུར་བའི་དབང་དུ་སྟེ། རྗེས་སུ་འཇུག་པའི་ཡང་དོན་གྱིས་གསལ་ལོ། །དེ་ལ་རྒྱལ་ཚབ་ལྔའི་མཚན་གྱི་གྲགས་པ་རང་གི་ངོ་བོ་མདོར་བསྟན་ཏེ། རྒྱལ་ཚབ་སྐྱེས་བུ་དམ་པ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བའི་མིང་དུ་གྲགས་པའི་དབང་གིས་རྒྱལ་ཚབ་སྐྱེས་བུ་ལྔ་ལ་དབང་བསྐུར་རོ། །གཉིས་པ་ལ་གཉིས་ཏེ། རྒྱལ་ཚབ་སྐྱེས་བུ་ཆོས་ལྔ་དང་ལྡན་པར་གྲགས་པ་ལ་བསྐུར་བ། རྒྱལ་ཚབ་སྐྱེས་བ་ཉིད་དུ་གྲགས་པ་ལ་བསྐུར་བའོ། །དང་པོ་ལ་ལྔ་སྟེ། རིགས་ལྔའི་རྒྱུད་དུ་འབྱུང་བ། མཚན་དཔེ་དང་ལྡན་པ། ཐུགས་མཁྱེན་པའི་ཆོས་དང་ལྡན་པ། བསྡུ་བའི་འཁོར་དང་ལྡན་པ། དབང་བཅུ་ཐོབ་པར་གྲགས་པའོ། །དང་པོ་ནི། དེ་ལྟར། ཞེས་པ་ནས། བྱིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་རྣམས་སོ་སོར་གྲགས་པ་གང་ཞེ་ན། རྒྱལ་ཚབ་རྒྱུད་ཀྱི་སྟོན་པ་རྒྱལ་བ་རིགས་ལྔར་གྲགས་པའི་དབང་སྟེ། འདས་པ་ལ་སྙེགས་པ་དེ་ལྟར་ངོ་བོ་བསྟན་པ་འདི་ལྟ་སྟེ། ཕྱོགས་བཅུའི་རྒྱལ་བ་ཇི་སྙེད་པ་ཐམས་ཅད་དེ་བཞིན་གཤེགས་པ་རིགས་ལྔའི་སྐུར་མ་འདྲེས་པར་སོ་སོར་སྣང་བར་གྱུར་པའི་སྟོན་པ་རྡོ་རྗེའི་རིགས་མཆོག་ལ་ལས་རྡོ་རྗེའི་རིགས་འཚོབ་ཅིང་རྒྱུད་དུ་འབྱུང་བ་དེའི་ལུང་བསྟན་ཐོབ་པ་ནི། བཀར་བའི་སྒྲས་དམ་པ་ལྔ་ལས་རྡོ་རྗེ་སེམས་དཔའ་སྟེ་སྐལ་བ་དེ་བཞིན་དུ་ལྡན་པས་ཐུགས་རྡོ་རྗེའི་རིགས་ཀྱི་གཙོ་བོ་གདུང་དང་། དེའི་རིགས་ཀྱི་འཁོར་རྣམས་སྡེའི་རྒྱུད་དུ་ངེས་པར་གྱུར་པའི་མིང་དང་རིགས་ཀྱི་དབང་གིས་དབང་བྱིན་ཅིང་བསྐུར་བས་རིགས་དེའི་བྱང་ཆུབ་རྡོ་རྗེའི་དེ་བཞིན་གཤེགས་པར་སངས་རྒྱས་ཏེ་ཐོབ་པའི་རྟགས་སུ་ཞིང་ཁམས་ཀུན་ཏུའང་དེ་ལྟར་ཡོངས་སུ་གྲགས་པ་ཡིན་ནོ། །རིགས་གཞན་བཞིའང་དེ་དང་རྗེས་སུ་མཐུན་པར། རཏྣའི་རིགས་མཆོག་ལ་ལས། རིན་པོ་ཆེའི་རིགས་འཚོབ་ཅིང་རྒྱུད་དུ་འབྱུང་བ་དེའི་ལུང་བསྟན་ཐོབ་པ་ནི་རིན་ཆེན་རྡོ་རྗེ་སྟེ་སྐལ་པ་དེ་བཞིན་དུ་ལྡན་པས་ཡོན་ཏན་རིན་པོ་ཆེའི་རིགས་ཀྱི་གདུང་དང་སྡེའི་རྒྱུད་དུ་ངེས་པའི་མིང་དང་རིགས་ཀྱི་དབང་གི་དབང་བྱིན་པས་བྱང་ཆུབ་རྡོ་རྗེར་སངས་རྒྱས་ཏེ་དེ་ལྟར་གྲགས་པའང་ཡིན་ནོ། །པདྨའི་རིགས་མཆོག་ལ་ལས། པདྨའི་རིགས་འཚོབ་ཅིང་རྒྱུད་དུ་འབྱུང་བ་དེའི་ལུང་བསྟན་ཐོབ་པ་ནི་རྡོ་རྗེ་ཆོས་ཏེ་སྐལ་པ་དེ་བཞིན་དུ་ལྡན་པས་གསུང་པདྨོའི་རིགས་ཀྱི་གདུང་དང་སྡེའི་རྒྱུད་དུ་ངེས་པའི་མིང་དང་རིགས་ཀྱི་དབང་གིས་དབང་བྱིན་པས་བྱང་ཆུབ་རྡོ་རྗེར་སངས་རྒྱས་ཏེ་ཡོངས་སུ་གྲགས་པའང་ཡིན་ནོ། །ཕྲིན་ལས་ཀྱི་རིགས་མཆོག་ལ་ལས་ལས་ཀྱི་རིགས་འཚོབ་ཅིང་རྒྱུད་དུ་འབྱུང་བ་དེའི་ལུང་བསྟན་ཐོབ་པ་ནི་ལས་ཀྱི་རྡོ་རྗེ་སྟེ་སྐལ་པ་དེ་བཞིན་དུ་ལྡན་པས་ཕྲིན་ལས་ལས་ཀྱི་རིགས་ཀྱི་གཞོན་ནུའི་གདུང་དང་སྡེའི་རྒྱུད་དུ་ངེས་པའི་མིང་དང་རིགས་ཀྱི་དབང་གིས་དབང་བྱིན་པས་བྱང་ཆུབ་རྡོ་རྗེར་སངས་རྒྱས་ཏེ་དེ་ལྟར་གྲགས་པའང་ཡིན་ནོ། །དེ་བཞིན་གཤེགས་པའི་རིགས་མཆོག་ལ་ལས་དེ་བཞིན་གཤེགས་པའི་རིགས་འཚོབ་ཅིང་རྒྱུད་དུ་འབྱུང་བ་དེའི་ལུང་བསྟན་ཐོབ་པ་ནི་རྡོ་རྗེ་དབྱིངས་ཏེ་སྐལ་བ་དེ་བཞིན་དུ་ལྡན་པས་སྐུ་དེ་བཞིན་གཤེགས་པ་གླང་པོའི་གདུང་དང་སྡེའི་རྒྱུད་དུ་ངེས་པའི་མིང་དང་རིགས་ཀྱི་དབང་གིས་དབང་བྱིན་པས་བྱང་ཆུབ་རྡོ་རྗེར་སངས་རྒྱས་ཏེ་ཞིང་ཀུན་ཏུ་དེ་ལྟར་གྲགས་པའང་ཡིན་ནོ། །སྤྱིར་རིགས་དེ་དག་ལ་ཐབས་གསུམ་གསུམ་སྟེ། དང་པོ་རྒྱལ་ཚབ་ལྔ་པོ་རང་རང་གི་རིགས་དང་མཐུན་པའི་སྟོན་པས་དབང་བསྐུར་བ་དང་། དེ་ནས་ཕྱོགས་བཅུའི་རྒྱལ་བས་དབང་བསྐུར་བ་དང་། དེ་ནས་ཕྱོགས་བཅུའི་རྒྱལ་བ་རིགས་དེ་དང་དེར་བསྟན་ནས་དབང་བསྐུར་བ་དང་གསུམ་མོ། །དེ་བཞིན་དུ་ལམ་པ་རྗེས་འཇུག་གི་མིང་གི་དབང་དུའང་སྦྱར་རོ། །གཉིས་པ་ནི། ལ་ལས་ནི་མཚན། ཞེས་པ་ནས། བྱིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། འདི་དག་དམ་པ་ལྔ་དང་འཆད་པའི་བཞི་ཐུན་མོང་དུ་ཡིན་ལ། གསུང་གིས་བསྐུར་བའི་རྗེས་སུ་སྐུ་ཡིས་བསྐུར་ཏེ་སྐུའི་རྒྱན་དང་ལྡན་པར་གྲགས་པ་སྟེ་ལ་ལས་ཞེས་བཀར་བ་ནི་རྒྱལ་བ་ཇི་སྙེད་པའི་ཕྱིར་སོ་སོར་དབང་བསྐུར་བ་མ་འདྲེས་པའོ། །དེའང་སྟོན་པའི་མཚན་སུམ་ཅུ་རྩ་གཉིས་ཀྱི་གཙུག་ཏོར་ལྟ་བུ་ལ་སོགས་པ་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ནས་གདུལ་བྱའི་རྒྱུད་སྦྱངས། ཚུར་འདུས་པས་རྒྱལ་ཚབ་ཀྱི་གནས་དེ་དང་དེར་ཐིམ་པས་བྱིན་གྱིས་བརླབས་ཀྱི་དབང་གིས་དབང་བྱིན་ཏེ་བསྐུར་པས་མཚན་གྱི་ཡོན་ཏན་རྣམས་ཡོངས་སུ་རྫོགས་པ་ཡིན་ནོ། །སྟོན་པ་ལ་ལས་ནི་དཔེ་བྱད་བཟང་པོ་བརྒྱད་ཅུའི་གནས་རྣམས་ཀྱི་འོད་ཟེར་བཀྱེ་ནས་སླར་འདུས་པ་རྒྱལ་ཚབ་ཀྱི་གནས་དེ་དང་དེར་ཐིམ་པས་བྱིན་རླབས་ཀྱི་དབང་གིས་དབང་བྱིན་པས་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པ་དང་ལྡན་ནོ། །ལ་ལས་ནི་དབུ་རྒྱན་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་པའི་ལམ་ཡན་ལག་བརྒྱད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྟགས་དང་ལྡན་པའི་རྒྱན་གྱི་གནས་ལས་བྱུང་བའི་འོད་ཟེར་གྱི་བྱིན་གྱིས་བརླབས་པས་དབང་གིས་དབང་བྱིན་ནོ། །ལ་ལས་ནི་ཡེ་ཤེས་དྲུག་གི་རྟགས་སྔོན་པོ་རྡོ་རྗེའི་རིགས་དང་སེར་པོར་རཏྣའི་རིགས་སོགས་ཁ་དོག་དྲུག་གི་གནས་ལས་བྱུང་བའི་འོད་ཟེར་གྱི་དབང་གིས་རིགས་ལྔའི་སྐུ་མདོག་དང་འོད་སྣ་ཚོགས་ཀྱི་དབང་བྱིན་པས་མཐུན་པ་དང་མི་མཐུན་པ་གཉིས་ཀའི་ཡོན་ཏན་ཡོངས་སུ་རྫོགས་པ་དང་ལྡན་ནོ། །གསུམ་པ་ནི། ལ་ལས་ནི་ཆོས། ཞེས་པ་ནས། བྱིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། གསུང་དང་ཐུགས་ཀྱིས་བསྐུར་པ་ཐུན་མོང་དུ་བསྟན་ཏེ། མཁྱེན་པའི་ཐུགས་དང་ལྡན་པར་གྲགས་པའི་དབང་སྟེ། ལ་ལས་ནི་རྫོགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པའི་དབང་གིས་དབང་དམ་པ་བྱིན་ནོ། །ལ་ལས་ནི་མཁྱེན་པ་ཆགས་ཐོགས་མེད་པས་སྟོབས་བཅུའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་མི་འཇིགས་པ་བཞིའི་དབང་གིས་མཆོག་བྱིན་ནོ། །ལ་ལས་ནི་ཐུན་མོང་མིན་པས་སོ་སོ་ཡང་དག་པར་རིག་པ་བཞིའི་དབང་གིས་དབང་བྱིན་ཏེ་དེ་དག་གི་དོན་བརྡ་འཇལ་ཞིང་ཐོབ་པར་བྱས་པ་ཡིན་ནོ། །འདི་དག་ཐུགས་ཀའི་འོད་ཀྱིས་ཀྱང་བསྐུར་ཞིང་ཐོབ་པ་ཡིན་ལ། ཕྱི་མ་གསུམ་གླང་པོ་ཆེ་དང་། སེང་གེ་དང་། ཤང་ཤང་ཏེའུའི་ཁྲི་ཡི་རྟགས་དང་ཡང་སྦྱར་ཏེ་གཞན་གཉིས་ཀྱང་མཚོན་ནོ། །བཞི་པ་ནི། ལ་ལས་ནི་མཐུན་པས། ཞེས་པ་ནས། བྱིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། སྤྱོད་པ་དང་ཕྲིན་ལས་འདྲེན་མར་གྲགས་པའི་བསྡུ་བའི་དངོས་པོ་བཞིས་དབང་བསྐུར་བ་སྟེ། ལ་ལས་ནི་གདུལ་བྱ་དང་ཆོས་ལུགས་དོན་མཐུན་པར་གྱུར་པས་འཁོར་རྣམས་བསྡུ་བའི་དབང་གིས་དབང་བྱིན་ནོ། ། ལ་ལས་ནི་སྙན་པར་སྨྲ་བས་ཕྱོགས་མེད་ཅིང་རིས་མི་འབྱེད་པར་བསྡུ་བའི་དབང་གིས་དབང་བྱིན་ནོ། ། ལ་ལས་ནི་ཕྱིི་ནང་གི་དངོས་པོ་གང་ལའང་མ་ཆགས་པར་གཏོང་བའི་སྦྱིན་པས་བསྡུ་བའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་བདག་ཉིད་དོན་དང་མཐུན་པར་སྤྱོད་པས་འཁོར་བསྡུ་བའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་ལུས་ངག་གི་མཛད་སྤྱོད་གདུལ་བྱའི་བསམ་པ་དང་ཆ་མཐུན་པས་དད་ཅིང་འཁོར་དང་ལོངས་སྤྱོད་སྐྱོན་མེད་པར་དབང་དུ་སྡུད་པའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་སྙན་པར་སྨྲ་བ་དང་གདམས་ངག་ནན་ཏན་གྱི་ལུང་ལྟ་བུ་ཐབས་ཀྱིས་འདྲེན་པར་མཛད་པས་བསྡུ་བའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་ཕྲིན་ལས་བཞིའི་དབང་གིས་མངའ་དབང་དུ་རང་དབང་མེད་པར་བསྡུ་བར་བྱེད་པའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་བླང་དོར་རིས་མི་འབྱེད་པར་མཉམ་པའི་ངང་ལ་བཟང་ངན་དུ་མི་འཛིན་པས་བསྡུ་བའི་དབང་གིས་དབང་བྱིན་ནོ། །དེ་ཡང་དོན་སྤྱོད་པ་དང་མཐུན་པའི་རིམ་པའོ། །ལ་ལས་ནི་འབྲས་བུ་དང་ཡོན་ཏན་གྱི་བདག་ཉིད་ཆེན་པོས་ཆེ་བ་ཀུན་དང་ལྡན་ཀྱང་གཞན་གྱི་ཐུགས་རྗེ་དང་རྟོགས་པ་ལ་རག་ལས་པར་གྱུར་པས་བསྡུ་བའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་མཚན་ཉིད་ཀྱི་ཐེག་པའི་དོན་བསྟན་ཏེ་རྒྱུས་བསྡུ་བའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་གསང་སྔགས་རྡོ་རྗེའི་ཐེག་པའི་དོན་བསྟན་ཏེ་འབྲས་བུས་བསྡུ་བའི་དབང་གིས་དབང་བྱིན་ནོ། །དེ་གཉིས་ནི་སྦྱིན་དང་སྙན་པར་སྨྲ་བ་དང་དོན་སྤྱོད་པའོ། །འོ་ན་བསྡུ་བ་བཞི་ལ་བཅུ་གཅིག་ཏུ་བརྗོད་པ་ཅི་ཞེ་ན། སྤྱིར་རྒྱལ་བ་ཐ་དད་རེ་རེས་བསྐུར་བའི་ཕྱིར་དང་རྩ་བ་བཞིའང་བསྡུ་བའི་ཡོན་ཏན་གྱི་སྒོ་ནས་སྤྱོད་པ་དང་ཕྲིན་ལས་ཐ་དད་ཀྱིས་འཁོར་དང་གདུལ་བྱ་སྡུད་པའི་བྱེ་བྲག་ཐ་དད་པའི་ཕྱིར་ཏེ་ཕྱོགས་གཅིག་ཏུ་འགྲུལ་བར་བསྟན་དཀའོ། །ལྔ་པ་ནི། ལ་ལས་ནི་གང་དུ། ཞེས་པ་ནས། བྱིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། རྒྱལ་བ་དེ་སྙེད་པས་དབང་བཅུའི་དབང་བསྐུར་བས་དབང་བཅུ་ཐོབ་པར་གྲགས་པའི་དབང་སྟེ། ལ་ལས་ནི་བདག་ཉིད་གནས་གང་དུ་ཅི་ཙམ་གནས་པར་འདོད་པའི་བར་དུ་བཞུགས་ཀྱང་སྐྱོན་གྱིས་མི་གོས་པར་གནས་པས་ཚེ་ལ་དབང་བའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་ཤེས་བྱ་རྣམ་པར་ཤེས་ཤིང་འགྲོ་བ་ཀུན་གྱི་སེམས་རྒྱུད་རིག་པས་བློ་གྲོས་དང་ཉོན་མོངས་ཆེ་ཆུང་མཁྱེན་པ་སེམས་ལ་དབང་བའི་དབང་གིས་དབང་བྱིན་ནོ། ། ལ་ལས་ནི་རང་ཉིད་གང་དུ་སྐྱེ་བ་ལ་དགའ་བ་དེར་སྐྱེ་བ་བཞིར་བསྟན་ཏེ་གདུལ་བྱ་རྣམས་བསྒྲལ་བ་དང་། སྐྱེ་བས་མ་གོས་པས་སྐྱེ་བ་ལ་རང་དབང་དུ་གྱུར་པའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་འདོད་ཡོན་ལྔ་ལ་ཇི་ལྟར་འདོད་པར་སྤྱོད་པ་ཡོངས་སུ་བཀོད་དེ་བདག་གཞན་གྱི་དོན་རྫོགས་པར་སྦྱོར་ཞིང་འབྱིན་ནུས་པས་རྒྱུ་རྫོགས་པ་ཡོ་བྱད་ལ་དབང་བའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་ཐེག་པའི་སྒོ་ཀུན་ལ་རབ་ཏུ་འཇུག་པ་གསུང་རབ་རྒྱ་མཚོ་དང་ཆོས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ལ་མངའ་བརྙེས་པས་ཆོས་ལ་དབང་བའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་སྐུ་གསུང་ཐུགས་ཀྱི་སྤྲུལ་པས་སྐད་ཅིག་གིས་བྱ་བ་བྱེད་ནུས་པས་ཀུན་ཏུ་མྱུར་བ་རྫུ་འཕྲུལ་ལ་དབང་བའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་གདུལ་བྱའི་བསམ་པ་ཇི་ལྟར་གནས་པའི་མོས་པ་དང་མཐུན་པར་སྐུ་གསུང་ཐུགས་ཀྱི་སྣང་བ་སྣ་ཚོགས་སྟོན་པ་ལ་མངའ་བསྒྱུར་བས་མོས་པ་ལ་དབང་བའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་བདག་གཞན་གྱི་དོན་ཇི་ལྟ་བ་བཞིན་དུ་དགའ་མགུར་སྤྱོད་པའི་ཕྲིན་ལས་བཞི་ལ་མངའ་བརྙེས་པས་ལས་ལ་དབང་བའི་དབང་གིས་དབང་བྱིན་ནོ། །ཁྱེའུ་ལྔ་ནི་རེ་རེ་ལའང་བཞི་ཀ་དང་ལྡན་པར་དབང་བསྐུར་རོ། །ལ་ལས་ནི་སངས་རྒྱས་ཀུན་གྱི་ཐུགས་ཆོས་ཉིད་སྐྱེ་འགག་མེད་པ་ཇི་བཞིན་པར་མཐོང་ནས་ཇི་སྙེད་པའི་ཆོས་མ་འདྲེས་པར་མཁྱེན་པས་ཡེ་ཤེས་ལ་དབང་བའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་ཐུགས་རྗེའི་དབང་གིས་ཅིར་ཡང་སྣང་བ་འདོད་པ་ཐ་དད་གྲུབ་པས་སྨོན་ལམ་ལ་དབང་བའི་དབང་གིས་དབང་བྱིན་ནོ། །དེའང་དགར་བའི་སྒྲས་དེ་རྣམས་ཀྱི་ཡོན་ཏན་མངའ་བའི་རྒྱལ་བ་རེ་རེས་བསྐུར་ཏེ་དབྱར་གྱི་སྤྲིན་ཕུང་ཇི་སྙེད་ལ་ངོས་གཟུང་བར་དཀའོ། །འདི་དག་སྐྱེས་བུ་ལྔ་ལ་ནི་ཐུན་མོང་བར་ཤེས་པར་བྱའོ། །དམ་པ་ཏོག་དཀར་པོ་དང་། དོན་གྲུབ་དང་། ཤཱཀྱ་ཐུབ་པ་དང་། ཕྱག་ན་རྡོ་རྗེ་བཞི་ལ་ནི་ཕལ་ཆེ་བའི་དབང་ནས་སོ་སོར་མང་ཉུང་བསྟན་པར་ཡངས་པའི་རིམ་པས་ཕྱེ་བའི་སྐལ་བས་བསྟན་དུའང་རུང་ན་དེ་དག་ཀྱང་ཐུན་མོང་དུ་སྨྲའོ། །གཉིས་པ་ནི། ལ་ལས་ནི་རྒྱལ་ཚབ། ཅེས་པ་ནས། བྱིན་ནོ། །ཞེས་པར་བར་གྱིས་བསྟན་ཏེ། དེའང་རྒྱལ་ཚབ་ཉིད་དུ་གྲགས་པ་བཞིའི་དབང་འདི་ཉིད་སྐྱེས་བུ་ལྔའི་དབང་དུ་ཐུན་མོང་དུ་ཤེས་པར་བྱ་ལ། བཀའ་སྤྱི་གཞུང་གི་སྐྱེས་བུ་བཞི་པོ་དག་གི་དབང་དུ་ཚིག་དོན་གྱི་གྲངས་ཀྱང་རྗེས་སུ་མཐུན་པར་འབྱུང་བས་སོ་སོར་ཤེས་པར་བྱ་སྟེ། ལ་ལས་ནི་དམ་པ་ལྔ་ལ་སྤྲུལ་པའི་རྒྱལ་ཚབ་ཀྱི་སྐྱེས་བུའི་དབང་གིས་དབང་བྱིན་པས་ཞིང་ཀུན་ཏུ་སྤྲུལ་སྐུའི་རྒྱལ་ཚབ་ཏུ་གྲགས་པ་ཡིན་ནོ། །ཚུལ་བསྟན་གྱི་དབང་དུ་དང་པོར་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་ཞེས་བྱ་བ་དེ་ནི་ཆོས་ཀྱི་རྒྱལ་སར་འབྱུང་བའི་དུས་ལ་བབ་པའི་ཕྱིར་དགའ་ལྡན་གྱི་གནས་སུ་ཕྱོགས་བཅུའི་རྒྱལ་བས་ཆོས་ཀྱི་རྒྱལ་པོ་ལྟ་བུར་བསྟན་ནས་རིན་པོ་ཆེ་འོད་སྟོང་འབར་བའི་རྫས་ལ་བརྟེན་ཏེ་ཆོས་ཀྱི་རྒྱལ་པོའི་དབང་དང་། སྟོན་པའི་རིགས་འཚོབ་པས་རྒྱུད་ཀྱི་ཆུ་བོའི་དབང་དང་། རྒྱལ་ཚབ་སྐྱེས་བུའི་དབང་བྱིན་ཏེ་ཐོབ་པས་ཆོས་ཀྱི་རྒྱལ་ཚབ་ཉིད་དུ་གྱུར་པའི་རྟགས་མངོན་དུ་སྣང་བར་གྱུར་ཏོ། །དེ་ནི་རྒྱལ་ཚབ་ཀྱི་དབང་སྟེ་དོན་བདུན་ནི་འཆད་པ་རྣམས་ལའང་སྦྱར་རོ། །ལ་ལས་ནི་མངོན་པར་བྱང་ཆུབ་པ་ལྔས་བྱིན་གྱི་རླབས་ཀྱིས་ལོངས་སྤྱོད་རྫོགས་སྐུ་རིགས་ལྔར་སངས་རྒྱས་པའི་དབང་གིས་དབང་བྱིན་པས་ལོངས་སྐུའི་རྒྱལ་ཚབ་ཏུ་གྲགས་པ་ཡིན་ནོ། །ཚུལ་བསྟན་གྱི་དབང་དུ་མི་ཡུལ་དུ་རྒྱལ་བུ་དོན་གྲུབ་ཏུ་མཚན་གྲགས་པ་དེ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་གཉིས་པར་འཚང་རྒྱ་བའི་དུས་ལ་བབ་པའི་ཕྱིར་འོག་མིན་ཁང་བུ་བརྩེགས་པའི་གཞལ་ཡས་སུ། རྒྱལ་བ་རིལ་རིགས་ལྔའི་སྐུར་སྣང་བས་ནཻ་རཉྫ་ནར་དཀའ་ཐུབ་བྱེད་པ་ལ་བསྐུལ་ཏེ་ཡེ་ཤེས་ཀྱི་ལུས་འོག་མིན་དུ་གཤེགས་པ་ལས་ཉི་ཟླ་རྡོ་རྗེ་འབར་བའི་རྫས་ལ་བརྟེན་ནས་མངོན་པར་བྱང་ཆུབ་པ་ལྔས་བསྟབས་ཏེ། ལོངས་སྤྱོད་རྫོགས་པར་བྱིན་གྱིས་བརླབས་ནས་ལོངས་སྤྱོད་རྫོགས་པའི་དབང་ཉིད་དང་། ལོངས་སྤྱོད་རྫོགས་པར་འབྱུང་བའི་ཆུ་བོ་དང་། ཐབས་ལྔས་སྣང་མཛད་དུ་བྱིན་གྱིས་བརླབས་པས་རྟགས་ནི་ལོངས་སྤྱོད་རྫོགས་པ་ཉིད་དུ་གྱུར་ཏོ། །དེས་སྒྲོན་མའི་རྒྱལ་ཚབ་ཤཱཀྱ་ཐུབ་པ་ཉིད་སྤྲུལ་ནུས་པའོ། །ལ་ལས་ནི་རིགས་ལྔའི་རྒྱལ་བར་ལུང་བསྟན་པའི་དབང་གིས་དབང་བྱིན་པས་ཞིང་རྣམས་ཀྱི་སྒྲོན་མའི་རྒྱལ་ཚབ་ཏུ་གྲགས་པ་ཡིན་ནོ། །ཚུལ་བསྟན་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་མཚན་གྲགས་པ་དེ་ཆོས་ཀྱི་སྒྲོན་མར་ལུང་མངོན་དུ་ཐོབ་པའི་ཕྱིར་སྙིང་པོ་བྱང་ཆུབ་འོག་མིན་ཆེན་པོར་ཕྱོགས་བཅུའི་རྒྱལ་བ་མང་པོས་འཁོར་ལོ་ལ་སོགས་པའི་རིགས་ཀྱི་ཕྱག་རྒྱ་མང་པོའི་རྫས་ལ་བརྟེན་ནས་ཆོས་ཀྱི་སྒྲོན་མའི་བྱ་བ་བྱེད་པའི་དབང་དང་། ཞིང་ཁམས་ཀུན་ཏུ་ཐུབ་པའི་དབང་པོར་གྲགས་པའི་ཆུ་བོ་དང་། ཆོས་ཀྱི་སྒྲོན་མར་ལུང་སྟོན་པའི་དབང་བྱིན་པས་རྟགས་ཆོས་ཀྱི་མངའ་དབང་ཉིད་དུ་གྱུར་ནས་འཁོར་ལོ་བསྐོར་རོ། །ལ་ལས་ནི་གསང་བ་དམ་པ་འཆད་ཅིང་འཛིན་པའི་རྩལ་ཆེན་ནུས་པའི་དབང་གིས་དབང་བྱིན་པས་གསང་བ་དམ་པའི་བདག་པོར་ཞིང་རྣམས་སུ་གྲགས་པ་ཡིན་ནོ། །ཚུལ་བསྟན་ལྟར་ན། གསང་བདག་ཕྱག་ན་རྡོ་རྗེ་དེ་གསང་སྔགས་རྡོ་རྗེ་ཐེག་པའི་མཛོད་ཟབ་མོ་མཐའ་དག་འཛིན་པའི་དུས་ལ་བབ་པའི་ཕྱིར་དབང་བསྒྱུར་གྱི་ཁང་བཟང་དང་། གྱད་ཡུལ་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུས་རྡོ་རྗེ་ཕ་ལམ་ལྟ་བུའི་རྫས་ལ་བརྟེན་ནས་གསང་བའི་མཛོད་ཀྱི་བདག་པོ་བྱེད་པ་དང་། དོན་ཟབ་མོ་མཐར་རྫོགས་པའི་ཆུ་བོ་དང་། མཐུ་སྟོབས་ཁྱད་པར་ཅན་དུ་གྱུར་པས་གསང་བ་འཛིན་ཅིང་སྟོན་པས་ལོག་སྡེ་ཚར་གཅོད་པའི་དབང་བྱིན་པས་གསང་བདག་ཉིད་དུ་མངོན་དུ་གྱུར་པའི་རྟགས་དང་ལྡན་ནོ། །འོ་ན་དམ་པ་ཏོག་དཀར་སྤྲུལ་པའི་རྒྱལ་ཚབ་ཏུ་དབང་བསྐུར་བ་དང་ཤཱཀ་ཐུབ་སྒྲོན་མའི་རྒྱལ་ཚབ་ཏུ་དབང་བསྐུར་བ་ལ་ཁྱད་པར་ཅི་ཡོད་ཞེ་ན། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཚུལ་གྱིས་སྐྱེ་བ་སྤྲུལ་པའི་སྐུར་དབང་བསྐུར་བ་དང་བྱང་ཆུབ་ཆེན་པོ་སངས་རྒྱས་ཉིད་དུ་དབང་བསྐུར་བའི་ཁྱད་པར་རོ། །རྗེས་འཇུག་གི་དབང་གི་ཆུ་བོ་བཞི་ནི། ཕྱིའི་ཕན་དབང་དང་། བྱང་ཆུབ་སེམས་ཀྱི་དབང་དང་། ཤེས་རབ་ཡེ་ཤེས་དང་། བདེ་བ་ཆེན་པོར་བསྙད་དོ། །འདི་དག་ཨ་ནུའི་རང་ལམ་དུ་བླ་མ་དམ་པས་སློབ་མ་སྐྱེས་བུ་བཞི་བྱིན་གྱིས་བརླབས་པ་དང་ཡང་སྦྱར་རོ། །གསུམ་པ་ནི། ལ་ལས་ནི་རྒྱུད་ཀྱི། ཞེས་པ་ནས། བྱིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། དེའང་རྒྱལ་ཚབ་སྐྱེས་བུ་ལྔ་ལ་ཐུན་མོང་དུ་བསྐུར་བ་ཡིན་ལ། ཚུལ་བསྟན་གྱི་དབང་དུ་དམ་པ་བཞི་ལ་ཕལ་ཆེར་སྐལ་བ་ཆེ་ཆུང་གིས་བསྐུར་བས་ཐུན་མོང་མ་ཡིན་པ་སྟེ། དེ་རྣམས་བཤད་པས་སྔ་མ་རྣམས་ཀྱང་མཐར་ལམ་གསུམ་རྫོགས་པའི་ཚུལ་གྱིས་ཆོས་ཀྱི་རྒྱལ་པོ་དམ་པར་ཞིང་ཀུན་ཏུ་ཡོངས་སུ་གྲགས་པར་རྟོགས་ནུས་པར་བྱའོ། །ལ་ལས་ནི་དམ་པ་ཏོག་དཀར་པོ་ཉིད་སྤྲུལ་པའི་རྒྱལ་བ་མཐར་ཐུག་པ་མེད་པར་རྒྱུན་དུ་འབྱུང་བས་རྣམ་འདྲེན་སྟོང་གི་རྒྱུད་དུ་བྱུང་བ་དཔེ་ཆུ་བོ་དང་འདྲ་བར་རྒྱུད་ཀྱི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་དོན་ཀུན་གྲུབ་པ་ཉིད་ཆོས་ཀྱི་རྒྱལ་པོ་ལོངས་སྤྱོད་རྫོགས་པ་ཆེན་པོ་ཞིང་དག་པ་དང་འཁོར་སྨིན་པ་རྒྱ་མཚོ་བར་མ་ཆད་པར་འབྱུང་བའི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་ཤཱཀྱ་ཐུབ་པ་ཉིད་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་སྤྲུལ་པ་རེ་རེས་ཞིང་ཁམས་ཀྱི་སྒྲོན་མར་རྒྱུན་དུ་གྲགས་པས་ཞིང་ཁམས་ཐ་དད་དུ་སྒྲོན་མར་གྱུར་པའམ་གྲགས་པའི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་ཕྱག་ན་རྡོ་རྗེ་ཉིད་རྒྱལ་བ་ཀུན་གྱི་གསང་བ་གསུམ་གྱི་རྩལ་རྫོགས་པས་གསང་བའི་མཛོད་ཀྱི་བདག་པོར་བྱིན་གྱིས་བརླབས་ཏེ་གསང་བ་མཆོག་གི་དོན་ཀུན་རྫོགས་པའིི་ཆུ་བོོའི་དབང་གིས་དབང་བྱིན་ནོ། །དེའང་ཀུན་འདུས་ལས། འདུས་པ་ཆེན་པོའི་རྣལ་འབྱོར་པ། །སྲིད་པ་གསུམ་གྱིས་ཕྱག་བྱས་པའི། །བླ་མའི་ས་ལ་གནས་པ་ཡི། །དབང་མཆོག་སུམ་ཅུ་རྩ་དྲུག་ཡིན། །ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་དང་། བཤད་རྒྱུད་རྔམ་གློག་ལས་ཀྱང་། དང་པོ་ཕྱི་ཡི་དབང་བཅུ་བསྐུར། །དེ་ནས་ནང་དབང་བཅུ་དང་གཅིག །དེ་ནས་སྒྲུབ་དབང་བཅུ་དང་གསུམ། །ཐ་མར་གསང་བ་རྣམ་པ་གཉིས། །བཅུ་ཕྲག་གསུམ་དང་དྲུག་དག་གིས། །དབང་མཆོག་དམ་པ་བསྐུར་བ་ཡིན། །ཞེས་གསུངས་པ་ལྟར་དཔལ་ལྡན་འདུས་པ་མདོའི་ཆུ་བོ་ཆེན་པོ་བཞིའི་དབང་སྟེ་སྤྱིར་དབང་ལ་རྒྱུ་ལམ་འབྲས་བུའི་དབང་གསུམ་ལས་འདིར་འབྲས་དུས་ཀྱི་དབང་གི་རིགས་སུ་འདུ་བ་ཡིན་ནོ། །བཞི་པ་ནི། ལང་ཀའི། ཞེས་པ་ནས། བྱིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། དེའང་དབང་གང་ལ་བསྐུར་ཞིང་ཐོབ་པར་བྱ་བའི་ཡུལ་རྣམས་ཏེ། ལང་ཀའི་བདག་པོ། སྐྱེས་བུ་དམ་པ་དེ་དག་ཀྱང་། ལ་ལ་ཞེས་དགར་བའི་སྒྲས་དམ་པ་ཏོག་དཀར་པོ་ལ་ནི་སྤྲུལ་པའི་རྒྱལ་ཚབ་དགའ་ལྡན་ལྷ་ཡི་ཆོས་ཀྱི་རྒྱལ་པོར་དབང་བྱིན་ནོ། །ལ་ལ་ཞེས་དོན་གྲུབ་ལ་ནི་རྒྱལ་བ་ཀུན་གྱི་མངོན་པར་བྱང་ཆུབ་པ་ལྔས་བྱིན་གྱིས་བརླབས་ཀྱི་ལོངས་སྐུའི་དབང་ཕྱུག་ཏུ་དབང་བྱིན་ནོ། །ལ་ལ་ཞེས་ཤཱཀ་ཐུབ་ལ་ནི་ཞིང་ཐ་དད་དུ་འཛམ་གླིང་ཀུན་གྱི་སྒྲོན་མ་བྱེད་པའི་བྱ་བའི་དབང་བྱིན་ནོ། །ལ་ལ་ཞེས་ཕྱག་ན་རྡོ་རྗེ་ལ་ནི་གསང་བ་ཀུན་གྱི་མཛོད་གསུམ་ལ་དབང་རྫོགས་ཤིང་དེས་གཞན་ལ་ཕན་འདོགས་པས་གསང་བ་དམ་པ་འཛིན་པར་དབང་བྱིན་ནོ། །ལྔ་པ་ནི། ལ་ལ་ནི་ཆོས་ཀྱི། ཞེས་པ་ནས། བསྐུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། གང་གིས་བསྐུར་བའི་དབང་པོ་རྣམས་ཏེ། ཕྱོགས་བཅུའི་རྒྱལ་བ་ལ་ལ་ནི་འོད་སྲུང་དང་མར་མེ་མཛད་སོགས་ཆོས་ཀྱི་རྒྱལ་པོ་ཉིད་ལྟ་བུར་བསྟན་ནས་དམ་པ་ཏོག་ལ་སྤྲུལ་པའི་རྒྱལ་ཚབ་ཀྱི་དབང་བསྐུར་རོ། །དེ་ཡིས་ཤཱཀ་ཐུབ་ཀྱིས་མི་ཕམ་མགོན་ལ་བསྐུར་བའང་མཚོན་ནོ། །རྒྱལ་བ་ལ་ལ་ནི་རིགས་ཀྱི་སངས་རྒྱས་ལྔ་ལྟ་བུར་བསྟན་ནས་དོན་གྲུབ་ལ་ལོངས་སྐུའི་རྒྱལ་ཚབ་ཏུ་དབང་བསྐུར་རོ། །སངས་རྒྱས་ལ་ལ་ནི་གཟུགས་སྐུའི་རྒྱལ་བ་དཔག་ཏུ་མེད་པ་ཉིད་དུ་བསྟན་ནས་ཤཱཀྱ་ཐུབ་པ་ལ་སྒྲོན་མའི་རྒྱལ་ཚབ་ཏུ་དབང་བསྐུར་རོ། །རྒྱལ་བ་ལ་ལ་ནི་འོག་མིན་དུ་རྣམ་པར་སྣང་མཛད་དང་འདིར་ཤཱཀ་ཐུབ་ལ་སོགས་པ་གཟུགས་སྐུ་གཉིས་ལྟ་བུར་བསྟན་ནས་གསང་བའི་བདག་པོ་ལ་སྔགས་ཕྱི་ནང་གི་སྟོན་པ་དང་སྡུད་པ་པོར་དབང་བསྐུར་རོ། །དྲུག་པ་ནི། ལ་ལ་ནི་རྒྱལ་སར། ཞེས་པ་ནས། བསྐུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། ལ་ལ་ཞེས་དམ་པ་ཏོག་ལ་ནི་སྤྲུལ་པའི་རྒྱལ་ཚབ་ཀྱི་རྒྱལ་སར་བྱུང་བའི་དུས་ལ་བབ་པའི་ཕྱིར་སྤྲུལ་སྐུའི་རྒྱུད་དུ་དབང་བསྐུར། ལ་ལ་ཞེས་དོན་གྲུབ་ལ་ནི་ལོངས་སྤྱོད་རྫོགས་པའི་གཟུགས་སུ་སངས་རྒྱས་པའི་དུས་ལ་བབ་པའི་ཕྱིར་ས་ཐ་མའི་འགྲོ་བ་སྒྲོལ་བར་བྱ་བའི་དབང་བསྐུར། །ལ་ལ་ཞེས་ཤཱཀྱ་ཐུབ་པ་ལ་ནི་ཞིང་ཁམས་ཀྱི་སྒྲོན་མ་གྱིས་ཤིག་པར་ལུང་ངེས་པར་ཐོབ་པའི་དུས་ལ་བབ་པའི་ཕྱིར་སྙིང་པོ་བྱང་ཆུབ་ཀྱི་སྒྲོན་མར་དབང་བསྐུར། ལ་ལ་ཞེས་ཕྱག་ན་རྡོ་རྗེ་ལ་ནི་གསང་བས་འདུལ་བ་ལ་ཕན་གདགས་པ་དང་། རྒྱལ་བས་གསུངས་པའི་གསང་བ་མི་ནུབ་པར་བྱ་བས་གསང་བའི་སྙིང་པོར་ངེས་པའི་དུས་ལ་བབ་པའི་ཕྱིར་གསང་བ་ཆེན་པོའི་མཛོད་འཛིན་པར་དབང་བསྐུར་རོ། །བདུན་པ་ནི། ལ་ལ་ནི་རིན། ཞེས་པ་ནས། དབང་བྱིན། ཞེས་པའི་བར་གྱིས་བསྟན་ཏེ། ལ་ལ་ཞེས་དམ་པ་ཏོག་ལ་ནི་ཐབས་ཀྱི་རྫས་རིན་པོ་ཆེ་ཡི་དབུ་རྒྱན་ཏོག་དང་བཅས་པ་ལྟ་བུའི་ཆོས་ཀྱི་ཅོད་པན་གྱི་དབང་གིས་དབང་བྱིན་ནོ། །ལ་ལ་ཞེས་དོན་གྲུབ་ལ་ནི་ཐབས་ཤེས་རྡོར་དྲིལ་དང་གསང་བ་ཉི་ཟླའི་རྟགས་ཀྱིས་ཉི་ཟླ་རྡོ་རྗེ་འབར་བ་གསང་སྔགས་ནང་པའི་དབང་གིས་དབང་བྱིན་ནོ། །འདི་ཉིད་དོན་གྲུབ་བཙུན་མོའི་ནང་ན་བཞུགས་པའི་ཚེ་ཐབས་ཤེས་ཉི་ཟླའི་དབང་ངམ་ཡང་ན་ཕྱོགས་བཅུའི་རྒྱལ་བས་ཉི་མ་སྤྱི་བོར་བསྟིམ། ཟླ་བ་ཞབས་ལ་བསྟིམ། རྡོ་རྗེ་ཕྱག་ཏུའོ། །ལ་ལ་ཞེས་ཤཱཀ་ཐུབ་ལ་ནི་རིགས་ཀྱི་ཕྱག་རྒྱ་ལྔ་ལྟ་བུའི་རྫས་ཀྱིས་རྡོ་རྗེ་གདན་གྱི་བྱང་ཆུབ་སྙིང་པོར་དབང་གིས་མཛད་པས་བདུད་བཞི་བཏུལ་བའི་དབང་གིས་དབང་བྱིན་ནོ། །ལ་ལ་ཞེས་ཕྱག་རྡོར་ལ་ནི་རྡོ་རྗེ་ཕ་ལམ་ལྟ་བུའི་རྫས་གསང་བདག་ཆེན་པོའི་རྡོ་རྗེ་རྒྱ་གྲམ་མུ་ཁྱུད་ཅན་དེ་ཉིད། གྱད་ཡུལ་དུ་ཕྱོགས་བཅུའི་སྤྲུལ་སྐུས་རྡོ་རྗེ་ཕྱག་ལ་གྲིམ་བྱས་ཏེ་གསང་མཛོད་འཛིན་པའི་དབང་གིས་དབང་བྱིན་ནོ། །བརྒྱད་པ་ནི། ལ་ལ་ནི་དགའ་ལྡན། ཞེས་པ་ནས། དབང་བྱིན། ཞེས་པའི་བར་གྱིས་བསྟན་ཏེ། ལ་ལ་ཞེས་དམ་པ་ཏོག་ལ་ནི་སྒྲོན་མའི་ཞིང་ཁམས་ན་གྲངས་མང་བ་ལ་ལྟོས་ཏེ་དགའ་ལྡན་ལྟ་བུ་ཤ་སྟག་ཏུ་དབང་བྱིན་ནོ། །ལ་ལ་ཞེས་དོན་གྲུབ་ལ་ནི་བཀོད་པ་སྣ་ཚོགས་དང་བསྟུན་པའི་འོག་མིན་ཆེན་པོ་ལྟ་བུ་ཤ་སྟག་ཏུ་དབང་བྱིན་ནོ། །ལ་ལ་ཞེས་ཤཱཀྱ་ཐུབ་པ་ལ་ནི་སྙིང་པོ་བྱང་ཆུབ་ཀྱི་གནས་དམ་པ། ཇི་སྐད་དུ། ཤཱཀྱ་ཐུབ་པ་རྡོ་རྗེ་གདན། །འདིར་ནི་དེ་བཞིན་ཉིད་བདེར་གཤེགས། །གདལ་ཁྱབ་ཆེན་པོའི་ཞིང་ན་བཞུགས། །སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། །དེ་བཞིན་ཉིད་དུ་རྣམ་པར་སྣང་། །ཞེས་གསུངས་པ་ལྟར། འོག་མིན་བླ་ན་མེད་པ་བྱང་ཆུབ་ཀྱི་ཤིང་དྲུང་ག་ན་བར་དབང་བྱིན་ནོ། །ལུང་འདི་ཉིད་སྔར་དང་མཐུན་པར་འབྲོམ་སྟོན་གྱིས་ཕྱག་མཆན་ན་བཞུགས་པས་རྡོ་རྗེ་སེམས་དཔའི་སྤྲུལ་པའི་བཀོད་པ་བྱེ་བྲག་པ་སྟོང་ཆེན་པོའི་སྒྲོན་མར་ཇི་ལྟར་སྤྲོས་པའི་ཚུལ་གྱིས་མདོ་ཆེན་པོའི་གླེང་གཞི་དང་འབྲེལ་བར་དབང་དོན་གྱི་ཟབ་གནད་སློང་ནུས་པས་ངེས་པ་སྟེར་བ་འདི་འདྲ་པཎ་གྲུབ་སྔ་མ་ལ་མ་གྲགས་ཤིང་ཀུན་མཁྱེན་རོང་ཟོམ་ཆེན་པོའི་གསུང་སྒྲོས་ཡིན་པར་གོར་མ་ཆག་སྙམ་མོ། །ལ་ལ་ཞེས་ཕྱག་ན་རྡོ་རྗེ་ལ་ནི་འོག་མིན་དེ་ཉིད་རྣམ་མཛེས་སམ་དབང་བསྒྱུར་གྱི་ཁང་བཟང་དང་། ལ་སོགས་པ་ཞེས་ལྷོ་ཕྱོགས་ཐེག་པ་གྱད་ཀྱི་ཡུལ་ལྟ་བུར་དབང་བྱིན་ནོ། །དགུ་པ་ནི། ལ་ལ་ནི་ཆོས་ཀྱི། ཞེས་པ་ནས། ལྟ་བུ་བྱིན། ཞེས་པའི་བར་གྱིས་བསྟན་ཏེ། ལ་ལ་ཞེས་དམ་པ་ཏོག་དཀར་ནི་སྤྲུལ་པའི་ཆོས་ཀྱི་རྒྱལ་ཚབ་ཏུ་གྱུར་པ་ལྟ་བུ་རྟགས་མངོན་དུ་སྣང་བའི་དབང་བྱིན། ལ་ལ་ཞེས་དོན་གྲུབ་ནི་རྫོགས་པའི་ལོངས་སྤྱོད་ལྟ་བུ་ལོངས་སྤྱོད་རྫོགས་སྐུའི་རྟགས་མངོན་དུ་སྣང་བའི་དབང་བྱིན། ལ་ལ་ཞེས་ཤཱཀྱ་ཐུབ་པ་ནི་སྒྲོན་མའི་བྱ་བ་མཛད་པས་ཆོས་ཀྱི་མངའ་བདག་ཉིད་དུ་གྱུར་པ་ལྟ་བུ་ཐོབ་པའི་རྟགས་མངོན་དུ་སྣང་བའི་དབང་བྱིན། ལ་ལ་ཞེས་ཕྱག་ན་རྡོ་རྗེ་ནི་གསང་བ་འཆད་པའི་སྟོན་པ་མཛོད་གསུམ་འཛིན་པའི་བདག་པོ་ཉིད་དུ་གྱུར་པ་ལྟ་བུ་ཐོབ་པའི་རྟགས་མངོན་པར་སྣང་བའི་དབང་བྱིན་ནོ། །བཅུ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། བསྡུས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཐ་མའི་དོན་ལ་རྗེས་སུ་འཇུག་པ་དང་ཐུན་མོང་པའི་དབང་དུ་ཕྱེ་བ་གང་ཞེ་ན། ལང་ཀའི་བདག་པོ་དེ་ཡང་འདི་ལྟར་དབང་གི་དོན་ལ། རྒྱུ་ནི་ལམ་དང་། འཐོབ་པའི་ཚད་དང་། མི་ཐོབ་པའི་གེགས་དང་སྔོན་བྱུང་དུ་རྒྱལ་བ་ལྟ་བུ་ཐོབ་པའི་ཡུལ་དང་། སྣོད་དུ་གྱུར་པ་སློབ་མ་དང་། ཐོབ་པའི་ཁྱད་པར་དང་། མངོན་དུ་གྱུར་པ་རྟགས་ཏེ་བདུན་གྱིས་དབང་འདིའི་དོན་བསྡུས་པའོ། །ཞེས་གྲངས་ཀྱི་ངོ་བོ་བསྟན་པའོ། །གཉིས་པ་ལ་བདུན་ཏེ། གང་ལ་བསྐུར་བའི་རྒྱུ། ཐོབ་པའི་ཚད། མི་ཐོབ་པའི་གེགས། ཐོབ་བྱའི་ཡུལ། བསྐུར་དུ་རུང་བའི་སྣོད། ཐོབ་པའི་ཁྱད་པར། མངོན་དུ་སྣང་བའི་རྟགས་སོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ་དེ་ལ་རྒྱུ་ནི་རྣལ་འབྱོར་ཆེན་པོ་ལྔ་སྟེ། གསང་བའི་དོན་ཟབ་མོ་ལ་སེམས་སྐྱེས་ཏེ་ཞུགས་པས་མོས་པའི་སྒོ་ནས་ཡིད་ལ་བྱེད་པ་འདུན་པ་སེམས་པའི་རྣལ་འབྱོར་ཚོགས་ལམ་དང་། ཐེག་པ་ཆེན་པོའི་སྒོར་འཇུག་ལྡོག་དང་ལྟུང་མི་ལྟུང་རིགས་འབྱེད་པས་རིགས་ཆེན་འབྱེད་པའི་རྣལ་འབྱོར་སྦྱོར་ལམ་དང་། གཉིས་མེད་ཀྱི་དོན་དང་པོར་མཐོང་བས་དབུགས་ཆེན་འབྱིན་པའི་རྣལ་འབྱོར་མཐོང་ལམ་དང་། མངོན་སུམ་དུ་ལུང་ཐོབ་པས་ལུང་ཆེན་ཐོབ་པའི་རྣལ་འབྱོར་སྒོམ་ལས་དང་། རིག་པའི་རྩལ་རྫོགས་པས་རྩལ་ཆེན་རྫོགས་པའི་རྣལ་འབྱོར་མཐར་ལམ་པ་ཆེན་པོ་པ་སྟེ་འདི་དག་ཀྱང་སྔོན་གོམས་པའི་ཚད་མ་བཅོས་པའི་དོན་སྣང་ཞིང་བསམ་པར་བྱེད་པ་དང་། རིག་པ་དུས་ཀྱི་ཚད་ཆོས་ཉིད་རིག་པ། ཤེས་རབ་ལ་ཟློ་བའི་ཚད་གྲུབ་པ་ཐོབ་པས་གཟུངས་མང་པོ་ཐོབ་པ། མན་ངག་ལུང་གི་ཚད་བླ་མ་དམ་པའི་ལུང་སྣོད་དུ་ལོན་པ། ཡོན་ཏན་རྫོགས་པའི་ཚད་ཡོན་ཏན་གྱི་ཆོས་མཐར་ཕྱིན་པ་ལྔ་དང་ལྡན་པ་རྣམས་སུ་རིག་པར་བྱའོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། བྲལ་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ་ཆུ་བོ་བཞིའི་དབང་བསྐུར་བས་ཐོབ་པའི་ཚད་དང་ལྡན་པ་ནི་འདི་ལྟ་ལྟེ། ལམ་རྣལ་འབྱོར་ལྔ་དང་རིམ་པར་སྦྱར་ན། གང་ཟག་བཅས་ཀྱི་བསླབ་པ་ཡོངས་སུ་ཆུབ་པ་དང་པོ་གཉིས་མཐར་ཕྱིན་པའི་ཚད་དང་། དེ་ཁོ་ན་ཉིད་བདེན་པ་མཐོང་བའི་ཚད་དང་ལྡན་པ་དང་། ཤེས་བྱ་གང་ཅི་ལའང་ཉམ་མི་ང་བར་ཤེས་པའི་ཚད་མངའ་བ་དང་། གང་གི་ཐེ་ཚོམ་ལ་སོགས་པའི་འཇིགས་པ་དང་བྲལ་བའི་ཚད་དུ་ཕྱིན་ན། ལས་ཀྱི་དབང་དང་བསྙེན་བསྒྲུབ་སྒོམ་པའི་དབང་དང་། རྡོ་རྗེ་རྒྱལ་པོ་རབ་འབྱམས་ཀྱི་དབང་དང་། འཆད་པའི་དབང་བསྐུར་དུ་རུང་ངོ་། །ཡང་ན་གླེགས་བམ་བཅུ་གཉིས་དང་། ཉི་ཟླ་གཉིས་སྦྱིན་པ་ལ་སོགས་པའི་འཆད་པ་དག་གོ། །འདི་དག་ཚད་དུ་ཕྱིན་པས་བསྐུར་བའི་དུས་ལ་བབ་པར་འགྱུར་གྱི། འཆད་པའི་མི་འཐོབ་པའི་ཟླ་ལ་ལྟོས་པས་ཀྱང་ཐོབ་ཟིན་པའི་ཚད་ནི་མ་ཡིན་ནོ། །རྣལ་འབྱོར་གྱི་དབང་དུ་དང་པོ་གཉིས་གཅིག་ཏུ་བརྩིས་ཏེ་དབང་བཞི་དང་རིམ་པ་བཞིན་ནོ། །རང་བཞིན་གྱི་དབང་དུ་འབྲས་བུ་དང་སྦྱར་ན་དམ་པ་ཏོག་དཀར་པོ་བསླབ་པ་བཅུ་མཐར་ཕྱིན་པར་ཡོངས་སུ་ཆུབ་སྟེ་ཉམ་ང་མེད་པ་དང་། དོན་གྲུབ་གསང་བ་ཇི་ལྟ་བའི་དེ་ཁོ་ན་ཉིད་མཐོང་སྟེ་མངའ་དབང་ཆེན་པོ་ཐོབ་པ་དང་། ཤཱཀྱ་ཐུབ་པ་ཤེས་བྱ་གང་ཡང་མི་མཁྱེན་པ་མེད་ལ་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་དུ་མ་རྫོགས་ཏེ་ཉམ་མི་ང་བའི་ཡེ་ཤེས་ཐོབ་པ་དང་། ཕྱག་ན་རྡོ་རྗེ་འཁོར་བ་ཡེ་ཤེས་སུ་རྟོགས་ནས་གང་གི་འཇིགས་པ་དང་བྲལ་ཏེ་གསང་བའི་རྩལ་ཆེན་པོ་རྫོགས་པའོ། །གསུམ་པ་ནི། གང་མི་འཐོབ། ཅེས་པ་ནས། མི་འབྱུང་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། གང་མི་འཐོབ་པ་ནི་ཆུ་བོ་བཞིའི་དབང་གི་རིམ་པ་དང་སྦྱར་ཏེ། གང་བསླབ་པའི་དོན་ཆུད་པར་གྲགས་པའི་ཚུལ་གྱིས་རང་གི་ཡོན་ཏན་ལ་ང་རྒྱལ་རློམ་སེམས་སུ་བྱེད་པ་དང་། གང་དག་དོན་ངེས་པར་མ་རྟོགས་ཏེ་བསམ་སྦྱོར་དང་ཐེག་པའི་རིགས་མ་ངེས་བ་དང་། གང་བསྒོམ་པའི་དོན་དང་ཤེས་བྱ་ལ་དམ་པར་དམིགས་ཏེ་ལྟ་བས་མཉམ་པར་མ་རྟོགས་པས་ཆེད་བྱས་ལ་འཛིན་པ་དང་། སྒྲིབ་པས་ཆོད་དེ་སྐྱོན་ཚང་བ་གང་དུ་ཡེ་ཤེས་དང་ཡོན་ཏན་གྱི་རྩལ་གང་ཡང་མི་འབྱུང་སྟེ་མི་སྣང་བའོ། །འཆད་པའི་དོན་བཞི་བཞིར་སྣང་བའང་རྗེས་སུ་མཐུན་ནོ། །བཞི་པ་ནི། ལང་ཀའི། ཞེས་པ་ནས། ངེས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ་དབང་གང་ལས་ལེན་པའི་ཡུལ་ནི། ལམ་གྱི་དབང་དུ་བླ་མ་སྟེ་ངོ་མཚར་གྱི་རྫས་རྙེད་ཅིང་ཀུན་གྱིས་མཆོད་པའི་རྟེན་གནས་སུ་གྱུར་པའི་བྱིན་སྟོབས་ཅན་བདེན་པའི་དོན་མཐོང་བ་དང་། དངོས་སུ་སྒྲ་སྙན་གྱིས་ལུང་བསྟན་པ་ཐོབ་པ་དང་། རྩལ་ཆེན་རྫོགས་པས་བློ་གྲོས་ངེས་པའི་ཚད་མ་ཅན་བདེ་གཤེགས་ཀྱི་ཞལ་མཐོང་བ་དང་། ཡང་དག་པའི་ཆེད་དུ་ངེས་པ་རྙེད་ཟིན་པའི་རྒྱལ་བ་ཉིད་དོ། །ས་ལྔ་པོ་གང་སྔ་རོལ་པའི་སློབ་མ་ལ་ཕྱི་རོལ་པས་བསྐུར་བའི་ཕྱིར་ས་དེ་ཉིད་ཀྱིས་དེ་ཉིད་ལ་བསྐུར་བ་ནི་བྱིན་རླབས་སྣང་བར་ནུས་པ་ཆུང་ངོ་། །རང་བཞིན་གྱི་དབང་དུ། དམ་པ་ཏོག་དཀར་གྱིས་བླང་བའི་ཡུལ་ཆོས་ཀྱི་རྒྱལ་པོ་ཉིད་དང་། དོན་གྲུབ་ཀྱིས་རིགས་ལྔ་དང་། ཤཱཀྱ་ཐུབ་པས་ཕྱོགས་བཅུའི་རྒྱལ་བ་དང་། ཕྱག་ན་རྡོ་རྗེས་གཟུགས་སྐུ་གཉིས་ཏེ། རིལ་གྱི་བདག་པོ་ཆེན་པོ་མཆོད་པའི་རྟེན་དུ་ངེས་པའི་ཕྱིར་དང་། མངོན་པར་བྱང་ཆུབ་པ་ལྔའི་སྒྲ་སྙན་པར་འབྱུང་བའི་ཕྱིར་དང་། སྐུ་གསུང་ཐུགས་མི་བསླུ་བར་བདེན་པས་ཚད་མ་མཐར་ཕྱིན་པའི་ཕྱིར་དང་། གསང་སྔགས་ངེས་པ་དོན་གྱི་མཛོད་དམ་པ་སྟེར་བའི་ཕྱིར་རིམ་པར་བསྟན་པའོ། །ལྔ་པ་ནི། ལང་ཀའི། ཞེས་པ་ནས། འགྱུར་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་ཆུ་བོ་བཞིའི་སྣོད་དུ་གྱུར་པ་ནི། གང་ཡིད་ལ་བྱེད་པ་དང་འཕྲོ་འདུ་གཅིག་པ་ལ་སྦྱངས་ནས་རྒྱལ་བའི་གདུང་འཛིན་པའི་རྒྱུད་དུ་བྱུང་བ་དང་། གང་དོན་རྟོགས་ཏེ་རྩལ་རྫོགས་པའི་ཕྱིར་འཇིགས་པ་ལྔ་དང་བྲལ་བ་དང་། གང་ལུང་ཐོབ་ཅིང་གདེང་དང་ལྡན་པས་ཐུགས་རྗེ་ཆེན་པོས་གཞན་དོན་དུ་ཕྱིས་འབྱུང་བ་དང་། གང་རྩལ་ཆེན་རྫོགས་པས་གཞན་རིལ་དབང་དུ་གྱུར་པ་ལ་སྦྱིན་པར་བྱའོ། །རང་བཞིན་སྔོན་བྱུང་གི་དབང་དུ་ནི། གང་དམ་པ་ཏོག་དཀར་པོ་ནི་ཆོས་ཀྱི་རྒྱལ་ཚབ་བྱེད་པའི་ཕྱིར་སྤྲུལ་པའི་རྒྱུད་དུ་བྱུང་བ་དང་། དོན་ཀུན་གྲུབ་པ་ནི་འོག་མིན་དུ་རྩལ་རྫོགས་པའི་སྐལ་བ་དང་ལྡན་པ་དང་། ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུས་འགྲོ་བ་གཞན་སྒྲོལ་བའི་ཕྱིར་ཐུགས་རྗེ་འབྱུང་བ་དང་། ཕྱག་ན་རྡོ་རྗེ་ལོག་སྡེ་འདུལ་སྟོབས་ཅན་གྱི་ཕྱིར་དྲག་ཤུལ་གྱི་ཐབས་ཀྱིས་ཀུན་ཏུ་བསྒྱུར་ནས་གཞན་ཀུན་དབང་དུ་བསྡུས་ཀྱང་དུལ་བ་དང་ལྡན་པར་གྱུར་པའོ། །དྲུག་པ་ནི། ལང་ཀའི། ཞེས་པ་ནས། ཤེས་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དབང་གི་ཁྱད་པར་གྱི་གྲངས་ནི་འདི་ལྟར་གཉིས་ཏེ། ཅིག་ཆར་བའི་དབང་དུ། རིག་པ་རྩལ་གྱིས་ཐོབ་པ་དང་། རིམ་གྱིས་པའི་དབང་དུ་བསྐུར་བས་ཐོབ་པའོ། །ལང་ཀའི་བདག་པོ། ལམ་པ་ཅིག་ཆར་བས་རྩལ་གྱིས་ཐོབ་པ་ནི། འདི་ལྟ་སྟེ། རྒྱལ་བ་རྣམས་ཀྱི་གསང་བའི་ཐུགས་དཀྱིལ་འཁོར་གསུམ་དབྱེར་མེད་པའི་གསང་སྔགས་ཇི་ལྟ་བའི་དོན་ཕུལ་དུ་བྱུང་བ་ཉིད། ཚིག་ཙམ་མིན་པར་ཤེས་རབ་ཀྱི་རྩལ་གྱིས་ཐོབ་སྟེ་ཡང་དག་པར་རྟོགས་ཤིང་མཐོང་བས་རང་དོན་རྫོགས་ནས་གཞན་གང་ལ་དོན་དང་མཐུན་པར་ཇི་ལྟ་བ་བཞིན་དུ་གསལ་བར་སྟོན་པའི་རྩལ་དང་ནུས་པ་རྫོགས་པས་ཀུན་ཏུ་སྒྲོལ་བར་བྱེད་པ་ནི་དབང་རྣམས་ཀུན་གྱི་མཆོག་ཏུ་གྱུར་པ་ཐོབ་པ་ཡིན་ཏེ། སློབ་དཔོན་ཆེན་པོ་འཇལ་དཔལ་བཤེས་གཉེན་གྱིས། ཟབ་པ་དོན་གྱི་དབང་མཆོག་ནི། །རིག་པའི་རྩལ་དབང་ཐོབ་པ་སྟེ། །ཆོས་ཉིད་རྟོགས་པས་དབང་ཞེས་བྱ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་སོ། །དེས་ན་ཆོས་ཀྱི་རྒྱལ་པོའི་རིགས་འཚོབ་པའི་ཕྱིར་སྡེ་བརྒྱད་དང་། སྲིད་པ་གསུམ་དང་། ལམ་པ་རིལ་གྱིས་དམ་པ་དེ་ཉིད་ལ་བདག་པོ་ཆེན་པོར་དབང་བསྐུར་ཞིང་འདྲེན་པའི་དབང་པོར་བསྟབ་སྟེ་བཀའ་ལ་གུས་པས་ཉན་པའོ། །ལང་ཀའི་བདག་པོ། གང་ལམ་པ་རིམ་གྱིས་པར་བསྐུར་བས་ཐོབ་པ་ནི། བསོད་ནམས་ཀྱི་ས་བོན་དུ་གྱུར་པས། ས་བོན་ངན་པ་སྤོང་བས་གང་ཕྱི་མ་ལ་ཕན་པ་ཙམ་དང་། གང་གིས་སྒོ་གསུམ་གྱི་རྩལ་གྱིས་བདག་གཞན་གྱི་དོན་ནུས་པ་ཙམ་དུ་ཤེས་པར་བྱ་སྟེ། དེའང་བུམ་པའི་དབང་ལ་སོགས་པ་དང་། རབ་འབྱམས་འཆད་པ་ལ་སོགས་པའོ། །བདུན་པ་ནི། ལང་ཀའི། ཞེས་པ་ནས། རྒྱས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། མངོན་དུ་གྱུར་པའི་་རྟགས་ནི་འདི་ལྟ་སྟེ། རང་བཞིན་སྔོན་བྱུང་གི་དབང་དུ་དམ་པ་ཏོག་དཀར་པོ་ཀུན་གྱིས་བསྐུར་བས་དབུ་ལ་གཙུག་ཏོར་ལྟར་མི་མངོན་པས་དམ་པ་འབྱུང་བ་དང་། དོན་ཀུན་གྲུབ་པ་མཉམ་པ་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ལ་མཉམ་པར་མ་བཞག་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷན་ནེ་བ་ལས་མི་གཡོ་བ་ཐོབ་པ་དང་། ཤཱཀྱ་ཐུབ་པ་འབད་རྩོལ་མེད་པར་འབྲས་བུའི་ཆོས་ཀྱི་ཡོན་ཏན་ཇི་སྙེད་པ་ལྷུན་གྱིས་ཡོངས་སུ་གྲུབ་པར་གྱུར་པ་དང་། ཕྱག་ན་རྡོ་རྗེ་ཐེག་པ་ཆེན་པོ་གསང་བའི་ཐུགས་རྗེ་ཀུན་ལ་ཁྱབ་པ་ཐོབ་པས་འོད་ཟེར་དང་རྫུ་འཕྲུལ་མཐའ་ཡས་པ་ཀུན་ནས་རྒྱས་པར་གྱུར་པའོ། །ཞེས་སྐྱེས་བུ་དམ་པ་བཞི་རིམ་པ་བཞིན་ནོ། །རྗེས་འཇུག་གི་དབང་དུ་ན་རྣལ་འབྱོར་དང་པོ་གཉིས་སམ་ངེས་པ་ལས་གྱེན་དུ་འཕགས་ཏེ་མཐོང་ལམ་ཕྱིར་མི་ལྡོག་པ་ཐོབ་ཅིང་ཕལ་པའི་སྐྱེ་བོ་ཀུན་གྱིས་སྤྱི་བོར་བཀུར་བའི་ཕྱིར་གཙུག་ཏོར་དམ་པ་འབྱུང་བ་དང་། དབུགས་ཆེན་པས་མཐོང་བའི་དོན་ལས་བསྒོམ་པའི་ལམ་གྱི་ཏིང་ངེ་འཛིན་གང་ལ་མ་བཞག་ལྷན་ནེ་བའི་ཡེ་ཤེས་མི་རྟོག་པ་ལས་མི་གཡོ་བ་ཐོབ་པ་དང་། ལུང་ཆེན་པས་ལུང་དམ་པ་ཐོབ་ནས་རྩལ་ཆེན་རྫོགས་པའི་ས་མཆོག་ལྷུན་གྱིས་ཡོངས་སུ་གྲུབ་པར་གྱུར་པ་དང་། རྩལ་ཆེན་པས་ཡང་དག་པར་རྫོགས་པའི་ས་ཆེན་པོ་ཐོབ་སྟེ་རང་ལུས་ལ་འོད་ཟེར་དང་རྫུ་འཕྲུལ་མཐའ་ཡས་པར་རྒྱས་པ་མངོན་པར་གྲུབ་པའོ། །སློབ་དཔོན་ཧཱུྃ་མཛད་ཀྱིས། ཀུན་འདུས་བཀའ་འགྲེལ་དུ། ཚོགས་སྦྱོར་གཉིས་སོ་སོར་ཕྱི་ནས་ཆུ་བོ་བཞི་དང་སྦྱར་ཞིང་མཐར་ལམ་པ་དབང་གི་འབྲས་བུར་བཤད་དེ། དེ་སྐད་དུའང་། དབང་འདི་དག་ཀྱང་རྣལ་འབྱོར་པའི་དབང་དུ་སྟེ། འདུན་པའི་རྣལ་འབྱོར་པ་ལ་ནི་ཕྱིའི་དབང་ངོ་། །རིགས་ཆེན་འབྱེད་པ་ལ་ནི་ནང་གི་དབང་ངོ་། །དབུགས་ཆེན་འབྱིན་པ་ལ་ནི་སྒྲུབ་པའི་དབང་ངོ་། །ལུང་ཆེན་ཐོབ་པ་ལ་ནི་གསང་བའི་དབང་ངོ་། །རྩལ་ཆེན་རྫོགས་པ་ནི་དབང་གི་འབྲས་བུའོ། །ཞེས་གསུངས་ཏེ། རྒྱུའི་དབང་སྔོན་དུ་སོང་ནས་གོང་དུ་བཤད་པའི་ལམ་དབང་དང་སྦྱར་ཏེ་མཐར་ལམ་པ་འབྲས་བུར་བཞག་པ་ལ་སྔོན་བྱུང་གི་དབང་བསྐུར་བའི་ངེས་པ་དང་བསྟུན་ན་མདོ་ཆེན་པོའི་རང་ལུགས་ཀྱི་ཆུ་བོ་བཞིའི་དབང་གི་སྤྱི་འགྲོས་ཀྱི་དཀའ་གནད་མང་པོ་ཁྲོལ་བར་མཐོང་ངོ་། །དེ་ལྟར་སྔོན་བྱུང་གི་མཛད་སྤྱོད་ཀྱིས་གདུལ་བྱ་སྤྲོ་བ་བསྐྱེད་དེ། དེས་ནི་རྗེས་འཇུག་ཉམས་ལེན་གྱི་སྒོ་ནས་གདུལ་བྱ་ཆུད་མི་གསན་པར་བསྐུར་ཐབས་ཤུགས་ལ་འཕང་བས་དོན་གྱི་གནད་ཟིན་པར་བྱའོ། །འདི་ལ་ཀུན་མཁྱེན་དམ་པ་རིན་པོ་ཆེས། དབང་འདི་རྣམས་ཁུངས་དང་གྲགས་པ་ལ་སོགས་པ་དོན་དགུ་པོ་ནི། སྔོན་བྱུང་དུ་དམ་པ་ཏོག་དཀར་པོ་དང་། རྒྱལ་བུ་དོན་གྲུབ་དང་། ཤཱཀྱ་ཐུབ་པ་དང་། ཕྱག་ན་རྡོ་རྗེ་དང་བཞི་ལ་དབང་བསྐུར་ཞིང་། དེ་བཞིན་དུ་རྒྱལ་ཚབ་སྐྱེས་བུ་ཁྱེའུ་ལྔ་ལ་དབང་བསྐུར་བ་ཡིན་ནོ། །ཁུངས་དང་གྲགས་པ་ལ་སོགས་པའི་དོན་བཅུའི་ཐ་མ་དབང་གི་དོན་ལ་བདུན་དུ་བསྟན་པ་དེ་སྔོན་བྱུང་རྗེས་འཇུག་གཉིས་ཆར་དུ་གསུངས་ན། ཁོ་བོ་ནི་ཁུངས་དང་གྲགས་པ་ལ་སོགས་པ་དོན་དགུ་པོ་ནི་སྔོན་བྱུང་གི་དབང་ཡིན་ལ་དོན་བཅུའི་ཐ་མ་དབང་གི་དོན་ནི་རྗེས་འཇུག་གི་དབང་ཡིན་པར་འཐད་དོ། །དེ་ཅིས་འཐད་ཅེ་ན། རྣལ་འབྱོར་ལྔ་ལ་དབང་བསྐུར་བའི་ཕྱིར་རོ། །ཞེས་གསུངས་པ་ནི། རྒྱུ་རྣལ་འབྱོར་ལྔས་མཚོན་ཏེ་དོན་བདུན་པོ་རྗེས་འཇུག་ལམ་པའི་དབང་དངོས་བསྟན་དུ་གྱུར་པ་ལ་དགོངས་པས་གཞུང་དོན་ཇི་ལྟ་བའོ། །ཐོབ་པའི་ཚད་ལ་སོགས་པ་སྔོན་བྱུང་དང་ཡང་སྦྱར་བ་རྣམས་ལམ་མཐར་ཕྱིན་པ་ན་བྱེ་བྲག་དོན་མཐུན་དུ་འགྱུར་བའི་ཕྱིར་གནད་གཅིག་སྟེ་སྤྲོས་པས་ཆོག་གོ། །དེ་ལྟ་ནའང་སློབ་དཔོན་བདེ་བ་གསལ་མཛད་ཀྱིས། ཁུངས་སོགས་དང་པོ་གསུམ་བཏང་སྙོམས་སུ་མཛད་ནས། དེ་ཕྱིན་ཡུལ་སོགས་དྲུག་གིས་སྔོན་བྱུང་དང་། བཅུ་པ་དོན་ལ་ནང་གསེས་ཀྱི་བདུན་དུ་ཕྱེ་བས་རྗེས་འཇུག་ལམ་པའི་དབང་བསྟན་པ་ཤས་ཆེ་བའི་དབང་དུ་མཛད་ནས། སྔོན་བྱུང་དང་རྗེས་འཇུག་ལམ་པའི་དབང་གཉིས་སྔོམ་གྱི་དོན་བཅུས་དངོས་སུ་བསྡུས་པར་བཀྲལ་ཞིང་། དེས་དཔགས་ཏེ་རྗེས་འཇུག་ལས་དང་པོ་པ་མ་སྨིན་པ་སྨིན་པར་བྱེད་པའི་དབང་གི་རིམ་པ་གཙོ་བོར་བསྟན་པ་ཆུ་བོ་བཞིས་བསྡུས་པའང་ཤུགས་ལས་བསྟན་པར་བཞེད་དེ། དབང་དོན་བསྡུས་པ་ལས། སེམས་ཅན་རྣམས་ཀྱི་དོན་ཆེན་དུ། །དབང་གི་དོན་རྣམས་བསྡུ་བར་བྱ། །ཆུ་བོ་ཆེན་པོ་བཞི་རྣམས་ལ། །སྔོན་བྱུང་དང་ནི་རྗེས་སུ་འཇུག །སྔོན་བྱུང་ཆུ་བོ་རྣམ་བཞི་ལ། །ཡུལ་དང་དབང་པོ་དགོས་ཆེད་དང་། །ཐབས་དང་རྟགས་དང་གནས་དང་དྲུག །རྗེས་འཇུག་ལམ་པ་དང་པོ་གཉིས། །ལམ་པ་ཆུ་བོ་རྣམ་བཞི་ལ། །རྒྱུད་དང་ཐོབ་དང་མི་ཐོབ་དང་། །ཡུལ་དང་སྣོད་དང་ཁྱད་པར་བརྟགས། །བདུན་གྱིས་འདི་ཡི་དོན་བསྡུས་པའོ། །རྗེས་འཇུག་ལས་ཀྱི་དང་པོ་ལ། །ཆུ་བོ་བཞི་ཡི་དབང་བསྐུར་བ། །ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་བའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་དབང་རྫོགས་པའི་ཆུ་བོས་བྱ། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པའོ། །སུམ་ཅུ་རྩ་དྲུག་ལེགས་དབང་བསྐུར། །ཞེས་སྡོམས་སུ་བསྟན་པ་དེ་ཉིད་དབང་དོན་རྣམ་པར་འབྱེད་པ་ལས་སོ་སོར་བཀྲལ་ཏེ་གསུངས་པ་ལྟར་ཤེས་དགོས་ཀྱང་འདིར་སྔོན་བྱུང་དང་རྗེས་འཇུག་ལམ་པའི་དབང་སྔར་བཤད་པ་རྣམས་དང་སྦྱར་ལ། རྗེས་འཇུག་ལས་དང་པོ་པའི་དབང་ལ། དང་པོ་རྒྱལ་པོ་བཀའ་རྟགས་དབང་། །ཞེས་སོགས་ཀྱིས་བསྟན་པར་བྱ་བ་རྩ་རྒྱུད་ཀུན་འདུས་རིག་པ་ལས་དངོས་སུ་གསུངས་པའི་དབང་ཆོག་སོ་དྲུག་གི་གྲངས་ཙམ་འཆད་དེ། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དེས་ཡོངས་སུ་རྫོགས་པ་དབང་གི་ལེའུ་འདི་གསུངས་སོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཞེས་པ་ནས། རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་པའི་བར་གྱིས་མདོར་བསྟན་ནས། །དེའི་དོན་རྒྱས་པར་བཤད་པ་ལ། །ཆུ་བོ་བཞི་ལས། དང་པོ་ཕྱི་དབང་རྒྱུད་ཀྱི་ཆུ་བོ་ནི། །རྒྱུད་ལས། དེ་ལ་དང་པོར་སྦྱིན་པའི་དབང་ནི་འདི་ཡིན་ཏེ། ༀ་ཧཱུྃ་སྭཱ་ཧྲཱིཿཧཱ། ཀུན་གྱིས་འདའ་བར་དཀའ་བ་ཡི། །ཚིག་བཙན་ཡུལ་ལ་དབང་བསྒྱུར་བ། །རྒྱལ་པོ་བཀའ་རྟགས་ཕྱག་རྒྱའི་དབང་། །སྐུ་ལྔ་ཡོངས་སུ་རྫོགས་པར་འགྱུར། །ཞེས་པ་ནས། འཇིག་རྟེན་ཀུན་ལ་ཁ་ལོ་བསྒྱུར་བ་ཡི། །དབང་མཆོག་རྒྱལ་པོ་འདི་ཡང་སྦྱིན་པར་བྱ། །ཞེས་པའི་བར་གྱིས་བཀའ་རྟགས་ཕྱག་རྒྱའི་དབང་དང་། རྟགས་ཀྱི་མཚན་མའི་དབང་དང་། ཤེས་རབ་གཟུངས་ཀྱི་དབང་དང་། བཀྲ་ཤིས་བུམ་པའི་དབང་དང་། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་དང་། རིན་ཆེན་སྣ་བདུན་གྱི་དབང་དང་། ཁྱད་པར་གདན་ཁྲིའི་དབང་དང་། རྒྱན་ཆ་རྟགས་ཀྱི་དབང་དང་། རྡོ་རྗེ་མིང་གི་དབང་དང་། རིན་ཆེན་འཁོར་ལོའི་དབང་སྟེ་ཕན་དབང་ངམ་ཕྱི་དབང་བཅུ་བསྐུར་ཚུལ་བཤད་དོ། །གཉིས་པ་ནང་དབང་འབྱུང་བའི་ཆུ་བོ་ནི། ཕྱི་འཁོར་སྐྱོང་བའི་རྒྱལ་པོར་གྱུར་ཕན་ཆད། །བླ་མེད་མཆོག་གི་རྟོགས་དང་ལྡན་འགྱུར་པས། །གསང་སྒོ་ཕྱེ་ནས་ནང་དུ་གཞུག་པར་བྱ། །ཤིན་ཏུ་གསང་བའི་རྫས་དང་ལྡན་གྱུར་ནས། །གསང་སྒོ་གང་ལས་འདོད་པའི་དོན་རྣམས་ཞུ། །གནང་བ་ཆེན་པོའི་རྟགས་སུ་བྱིན་གྱིས་བརླབས། །ཞེས་པས་ཕྱི་དབང་ཐོབ་ནས་སྣོད་རུང་དུ་བྱས་པ་དེ་ནང་གི་དཀྱིལ་འཁོར་དུ་གཞུག་ཅིང་རང་བློ་དང་ཐེག་ཚད་ཀྱི་དབང་བསྐུར་ཚུལ་མདོར་བསྟན་པས་མཚམས་སྦྱར་ནས། བསྐུར་ཐབས་རྒྱས་པར་བཤད་པ་ནི། གསང་བའི་དོན་ལ་ཉན་ཅིང་སློབ་པའི་དབང་། །དབང་ཐོབ་སྐལ་ཅན་དེ་ལ་སྦྱིན་པར་བྱ། །ཞེས་པ་ནས། རྩལ་གྱི་ཐིག་ལེ་རྡོ་རྗེ་བྱིན། །ཞེས་པའི་བར་གྱིས་གསང་བ་ཉན་ཅིང་ཀློག་པའི་དབང་དང་། རྣམ་བཞི་ལས་ཀྱི་དབང་དང་། རྒྱལ་ཐེབས་འཆད་པའི་དབང་དང་། རྡོ་རྗེ་རྒྱལ་པོའི་དབང་དང་། ཟིལ་གནོན་གདན་གྱི་དབང་དང་། ཁྱད་པར་རིན་ཆེན་སྣ་བདུན་གྱི་དབང་དང་། ཕྱག་རྒྱ་གཟུགས་བརྙན་གྱི་དབང་དང་། ཡེ་ཤེས་ཐུགས་ཀྱི་དབང་དང་། སྐུ་གསུང་ཐུགས་ཀྱི་དབང་དང་། བདུད་འདུལ་བཀྲ་ཤིས་རྫས་ཀྱི་དབང་དང་། གསང་བ་མིང་གི་དབང་སྟེ་ནང་ནུས་པའི་དབང་བཅུ་གཅིག་བསྐུར་ཚུལ་བཤད་དོ། །གསུམ་པ་སྒྲུབ་དབང་གྲགས་པའི་ཆུ་བོ་ནི། ནང་དུ་འཇུག་པའི་དབང་ཐོབ་ནས། །དེ་དག་ཀུན་ལ་སྤྱོད་སྒྲུབ་པའི། །དབང་མཆོག་དམ་པ་སྤྱིན་པར་བྱ། །ཞེས་ནང་དབང་ཐོབ་ནས། དེ་དག་གི་དོན་ཁྱད་པར་ཅན་སྒྲུབ་པའི་ཐབས་སྤྱོད་པའི་དབང་སྦྱིན་ཚུལ་མདོར་བསྟན་པས་མཚམས་སྦྱར་ནས་བསྐུར་ཐབས་རྒྱས་པར་བཤད་པ་ནི། སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལ། །སེམས་ཀྱིས་དབང་བསྐུར་ཐོབ་པ་ཡི། །ཤེས་རབ་ཆེན་པོ་རིག་པའི་དབང་། །སེམས་ལོན་དོན་གྱི་གཏན་ཚིགས་སྦྱིན། །ཞེས་པ་ནས། རྡོ་རྗེ་མིང་ནི་སྦྱིན་པར་བྱ། །ཞེས་པའི་བར་གྱིས་ཤེས་རབ་རིག་པའི་དབང་དང་། སྙིང་རྗེ་རྟགས་ཀྱི་དབང་དང་། འགྲོ་དོན་རྫོགས་པའི་དབང་དང་། དུག་གསུམ་གཏིང་ནས་སྤྲུགས་པའི་དབང་དང་། སྲིད་གསུམ་སྒྲོལ་བའི་དབང་དང་། སྐྱོན་གྱིས་མ་གོས་པའི་དབང་དང་། ལས་རྣམས་རྫོགས་པའི་དབང་དང་། གཉིས་མེད་འཁྲིལ་བའི་དབང་དང་། གསང་བ་སྦྱོར་བའི་དབང་དང་། འདོད་ཡོན་ལོངས་སྤྱོད་ཀྱི་དབང་དང་། སྒྲུབ་པའི་རྒྱལ་པོའི་དབང་དང་། སྒྲུབ་རྫས་ཐམས་ཅད་ཀྱི་དབང་དང་། གཉིས་མེད་མིང་གི་དབང་སྟེ་སྒྲུབ་དབང་བཅུ་གསུམ་བསྐུར་ཚུལ་བཤད་དེ། ཆུ་བོ་བཞི་པོ་ཕན་ནུས་ཟབ་མོའི་དབང་གསུམ་དུ་བསྡུ་བའི་ཚེ་འདི་ནི་ནུས་དབང་གི་ནང་ཚན་ནོ། །བཞི་པ་གསང་དབང་རྫོགས་པའི་ཆུ་བོ་ནི། སྒྲུབ་པའི་དབང་མཆོག་ཐོབ་པ་དང་། །གསང་བའི་བདག་པོ་ཡིན་པས་ན། །གསང་བའི་དབང་མཆོག་སྦྱིན་པར་བྱ། །ཞེས་པས་མཚམས་སྦྱར་ཏེ། དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པ་ཡི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དབང་ཐོབ་དེ་ཡི་ལྕེ་ལ་བཞག །བརྩལ་མེད་བྱང་ཆུབ་སེམས་ཆེན་པོ། །ཤེས་རབ་ཆེན་པོའི་རྩལ་གྱིས་ནི། །ཆོས་ཀུན་སྒྱུ་མར་དབང་བསྒྱུར་ནས། །རྩལ་ཆེན་རྫོགས་པའི་དབང་ཡིན་པས། །རྫས་དང་ཚིག་དང་གང་ཟག་དང་། །ཀུན་རྫོབ་དབང་དེ་མ་ཐོབ་ཀྱང་། །ཆོས་ལ་སེམས་ཀྱི་དབང་ཐོབ་ན། །རྒྱལ་བ་རིག་འཛིན་ཐམས་ཅད་དང་། །སྲིད་གསུམ་དབང་ཅན་ཐམས་ཅད་ཀུན། །དེ་ལ་དབང་མཆོག་བསྐུར་བར་འགྱུར། །ཞེས་གསུངས་པ་ལྟར་ཀུན་རྫོབ་བྱང་སེམས་ཀྱི་དབང་ལུས་དང་། དོན་དམ་བྱང་སེམས་ཀྱི་དབང་སེམས་ལ་བསྐུར་ཚུལ་བཤད་དོ། །དེ་བཞིན་དུ་བཤད་རྒྱུད་རྔམ་གློག་ལས་ཀྱང་དབང་སོ་དྲུག་གི་རྐང་གྲངས་གསལ་བར་བསྟན་ནོ། །དེ་ལས་ཡན་ལག་གི་དབྱེ་བ་དབང་དོན་རྒྱ་ཆེར་འབྱེད་པ་ལས། ཆུ་བོ་བཞི་ཡི་དབང་གི་རིམ་པ་ལས། །དང་པོ་རྒྱུད་ཀྱི་ཆུ་བོ་རྣམ་གྲངས་བཅུ། །དང་པོ་རྒྱལ་པོ་བཀའ་རྟགས་ཉི་ཤུ་དང་། །ཞེས་སོགས་ཀྱིས་མདོར་བསྟན། དང་པོ་རྒྱལ་པོ་བཀའ་རྟགས་ཉི་ཤུ་ནི། །ཅོད་པཎ་ལྷ་མོ་སེང་གེ་གླང་པོ་ཆེ། །ཞེས་སོགས་ཀྱིས་རྒྱས་པར་བཤད་དེ་མདོ་དབང་རྩ་བ་སོ་དྲུག་ལས་ཡན་ལག་རགས་པ་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་ནས་བསྐུར་ཚུལ་ནི་སློབ་དཔོན་ཆེན་པོ་བདེ་བ་གསལ་མཛད་ཀྱིས་ལས་ཐོའི་དགོངས་པ་ཡིན་པས་མན་ངག་གི་ལུགས་ཞེས་བྱ་སྟེ། འདིར་ཆོས་རྗེ་དམ་པ་རིན་པོ་ཆེས་ཕྱག་མཆན་ལས་ཟག་བཅས་ལས་དང་པོ་པར་ཆུ་བོ་བཞིར་བསྐུར་ལུགས་འདིར་བསྡེབས་ཞེས་གསུངས་པས་རྒྱུད་དང་མན་ངག་གི་ལུགས་ཀྱི་རྐང་གྲངས་མདོ་ཙམ་བཤད་པར་ཟད་ཀྱི་རྒྱས་པར་དབང་ཆོག་རྣམས་ལས་ཤེས་པར་བྱའོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། གྲགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ་ཞེས་སྡུད་པ་པོ་ལ་བོས་ནས་དེ་ལྟར་ན་དེའི་ཕྱིར་ཞེས་དབང་བསྐུར་བའི་དོན་རྒྱས་པ་ལ་སྙེགས་པའི་ཚུལ་ནི། སྐྱེས་བུ་དགུ་པོ་ལས་སྐྱེས་བུ་དམ་པ་ལྔ་གཙོར་བྱས་ཏེ་དེ་དག་ནི་དབང་ཐོབ་པས་ཆོས་ཀྱི་རྒྱལ་པོ་དམ་པ་ཞེས་བྱ་བར། རྒྱལ་བ་དམ་པ་རྣམས་ཀྱི་ཞིང་དུ་ཡོངས་སུ་གྲགས་སོ། །འོ་ན་སྐྱེས་བུ་དམ་པ་དག་ཐ་མའི་དབུགས་ཕྱིན་ནས་གཟོད་དབང་ཐོབ་པས་གྲགས་སམ་ཞེ་ན། མཚོན་པའི་ཚིག་གིས་གྲལ་ཙམ་དུ་དབང་ཐོབ་པས་ཐ་མའི་དབུགས་ཕྱིན་པ་སྟེ། དབང་སྔ་རོལ་དུ་སྦྱར་རོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། སྐྱེས་བུ་དམ་པ་ལྔ་བཞི་གཙོ་བོར་བསྟན་པ་འབྲས་བུ་ལ་གནས་པ་དང་། རྒྱུའི་སྐྱེས་བུ་ལྔས་དབང་ཐོབ་པའི་དོན་བསྟན་པའི་ལེའུ་སྟེ་བཅུ་གསུམ་པ་གསལ་བར་བཤད་པའོ།། །།དྲུག་པ་ངེས་པ་རྙེད་པའི་ཡོན་ཏན་སངས་རྒྱས་སུ་ལུང་བསྟན་པ་ལྔ་སྟེ། སྐྱེས་བུ་དམ་པ་དེ་རྣམས་ཞིང་ཁམས་ལྔར་སངས་རྒྱས་པར་ལུང་བསྟན་པ། ཞིང་ཁམས་དེའི་ཡོན་ཏན། རིག་འཛིན་ཀུན་གཏན་ཚིགས་ཀྱིས་རིགས་ལྔར་བསྟན་པ། དོན་གསང་བར་ངེས་པས་ངེས་པ་རྙེད་པར་དཀོན་པ། དོན་ལ་བརྩད་པའི་སྐྱོན་སྤང་བའོ། །དང་པོ་ནི། དེ་ནས། ཞེས་པ་ནས། འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ནོ། །རིམ་པ་ཡོངས་སུ་རྫོགས་པ་ན། འབྲས་བུ་མཐར་ཕྱིན་པར་ལུང་སྟོན་པ་དང་། སྐབས་ཀྱི་འབྲེལ་བས་དེ་ནས་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་དེས། སྐྱེས་བུ་དམ་པ་ལྔ་པོ་དེ་དག །ཞིང་ཁམས་དང་། མཛད་པ་དང་། དབང་གི་ཆུ་བོ་ཡོངས་སུ་རྫོགས་པར་གྱུར་པ་ན་ཞིང་ཁམས་ལྔར་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་ལྔའི་བྱང་ཆུབ་ཆེན་པོའི་འབྲས་བུར་མངོན་དུ་ལུང་བསྟན་བ་ནི་འདི་ལྟ་སྟེ། སྐྱེས་བུ་དམ་པ་དེ་དག་དང་འཁོར་འདུས་པ་ཕལ་མོ་ཆེ་ཁྱེད་ནི་ཞེས་པའི་ཚིག་འདིས་ཁྱེའུ་ལྔ་ལམ་པ་འདྲ་བའི་སྤྲུལ་པར་གསུངས་པར་ལྟར་འཁོར་དེ་རྣམས་ཀྱང་མཚུངས་པས་དམ་པའི་རིགས་ཅན་རྣམས་ཀྱང་མཚོན་པ་ཡིན་ལ། ཡང་ན་རང་བཞིན་མཉམ་པ་ཉིད་ལ་དགོངས་པའོ། །ཞེས་འབྱུང་ཀྱང་གཞུང་དོན་སྔ་མའོ། །སྤྱིར་ལུང་བསྟན་པ་ལ། མངོན་སུམ་དུ་ལུང་བསྟན་པ་སྒོམ་ལམ་ལུང་ཆེན་ཐོབ་པ་ལྟ་བུ། ཤུགས་ལས་ལུང་བསྟན་པ་འོད་གསལ་བདེ་བ་ཆེན་པོའི་ལུང་ཐོབ་པ་མཐོང་ལམ་ཡིན་པ་ལྟ་བུ། ཞར་ལ་ལུང་བསྟན་པ་ཟབ་དོན་རྟོགས་ཤིང་སྨྲ་བ་དེ་སྲས་དམ་པ་ཡིན་པར་ལུང་ཐོབ་པ་གསང་སྙིང་ལེའུ་ཐ་མ་ནས་བསྟན་པ་ལྟ་བུ། དུས་ཀྱི་ཐ་མར་སྐད་ཅིག་གིས་ལུང་བསྟན་པ་རྒྱལ་ཚབ་ཆོས་ཀྱི་རྒྱལ་པོར་ལོངས་སྐུ་རིགས་ལྔའི་སངས་རྒྱས་སུ་ལུང་ཐོབ་པ་ལྟ་བུ་ལས་འདིར་ཐ་མའོ། །དེའང་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་ཡེ་ཇི་བཞིན་པའི་རྡོ་རྗེ་སེམས་དཔའ་ཐོག་མ་དང་ཐ་མ་མེད་པའི་དུས་ནས་ཡེ་སངས་རྒྱས་པ་དེ་ཉིད་ཇི་བཞིན་པར་རྟོགས་པ་མཐར་ཕྱིན་ནས་མངོན་པར་རྫོགས་པར་སངས་རྒྱས་པས་རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་དག་པ་གཉིས་དང་ལྡན་པ་འབའ་ཞིག་ཏུ་གྱུར་ཏེ། སྐྱེས་བུ་དམ་པ་སེམས་དཔའ་རྡོ་རྗེ་ཞེས་བྱ་བ་དེ་ནི། འཇིག་རྟེན་གྱི་ཁམས་ཤར་ཕྱོགས་མངོན་པར་དགའ་བ་ཞེས་བྱ་བར། སངས་རྒྱས་མི་འཁྲུགས་པ་ཞེས་བྱ་བར་འབྱུང་བར་འགྱུར་རོ། །སྐྱེས་བུ་དམ་པ་རྡོ་རྗེ་རིན་ཆེན་ཞེས་བྱ་བ་དེ་ནི། འཇིག་རྟེན་གྱི་ཁམས་ལྷོ་ཕྱོགས་དཔལ་དང་ལྡན་པ་ཞེས་བྱ་བར། སངས་རྒྱས་རིན་ཆེན་འབྱུང་བ་ཞེས་བྱ་བར་འབྱུང་བར་འགྱུར་རོ། །སྐྱེས་བུ་དམ་པ་རྡོ་རྗེ་ཆོས་ཞེས་བྱ་བ་དེ་ནི། འཇིག་རྟེན་གྱི་ཁམས་ནུབ་ཕྱོགས་བདེ་བ་ཅན་ཞེས་བྱ་བར། སངས་རྒྱས་འོད་སྣང་མཐའ་ཡས་ཞེས་བྱ་བར་འབྱུང་བར་འགྱུར་རོ། །སྐྱེས་བུ་དམ་པ་རྡོ་རྗེ་དབྱིངས་ཞེས་བྱ་བ་དེ་ནི། འཇིག་རྟེན་གྱི་ཁམས་དབུས་ཕྱོགས་བྱང་ཆུབ་ཀྱིས་བརྒྱན་པ་ཞེས་བྱ་བར། སངས་རྒྱས་རྣམ་པར་སྣང་མཛད་ཅེས་བྱ་བར་འབྱུང་བར་འགྱུར་རོ། །སྐྱེས་བུ་དམ་པ་རྡོ་རྗེ་སྣ་ཚོགས་ཞེས་བྱ་བ་དེ་ནི། འཇིག་རྟེན་གྱི་ཁམས་བྱང་ཕྱོགས་རྣམ་པར་དག་པ་ཞེས་བྱ་བར། སངས་རྒྱས་གདོན་མི་ཟ་བར་དོན་ཡོད་གྲུབ་པ་ཞེས་བྱ་བར་འབྱུང་བར་འགྱུར་རོ་ཞེས་ལུང་བསྟན་ཏེ་ལེའུ་དང་པོ་དང་སྦྱར་རོ། །གཉིས་པ་ནི། ཞིང་ཁམས། ཞེས་པ་ནས། སྤྱོད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། ཞིང་ཁམས་དེ་དག་ཀུན་གྱི་ཡོན་ཏན་ནི། ཟག་པ་མེད་པའི་ཡེ་ཤེས་རང་སྣང་བའི་ཕྱིར་ཡོངས་སུ་བརྗོད་པར་བྱ་བའི་དཔེ་ལས་འདས་ཏེ། ཐུབ་པའི་ཞིང་གིས་བསྐྲུན་མི་ནུས་པས་དཔེ་མེད་པའི་ཕྱིར་ཚད་དང་བྲལ་བས་ལོངས་སྐུའི་ཞིང་གི་བཀོད་པ་ཐམས་ཅད་བརྗོད་ཀྱིས་མི་ལང་ངོ་། །སྟོན་པ་རིགས་ལྔའི་སྐུ་ཚེའི་ཚད་ནི་མྱ་ངན་ལས་འདས་པ་མི་མངའ་བས་དཔག་ཏུ་མེད་པ་འབའ་ཞིག་གོ། །འདུལ་བའི་ཞིང་ནི་བཞུགས་པའི་ཞིང་ན་གནས་ཏེ་ཞིང་ཁམས་དེར་འཁོད་པའི་སེམས་ཅན་རྣམས་ནི་ས་ནོན་པས་རྒྱལ་སར་བསྙེན་པ་རིག་འཛིན་ཆེན་པོ་འབའ་ཞིག་གོ། །འདིར་ཆོས་རྗེའི་ཕྱག་མཆན་ན། ཕྱག་རྒྱ་ཆེན་པོ་ཡང་གསུང་ལ་ལྷུན་གྲུབ་ཀྱང་ཞེས་བཞུགས་པས། དངོས་སུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ། སྒྱུ་འཕྲུལ་མན་ཆད་ཀྱི་ལྷུན་གྲུབ་རིག་འཛིན་ཀྱང་ཡིན་ཏེ་ཟུར་གྱི་བཀའ་སྲོལ་ལྟར་གཟུང་ངོ་། །འཁོར་དེ་རྣམས་ཀྱི་ཚེའི་ཚད་ཀྱང་ཚེ་ལ་དབང་ཐོབ་པས་སྟོན་པ་དེ་ཉིད་ཀྱི་རིགས་འཛིན་པའི་ཚེ་ཚད་དང་ལྡན་ཏེ་རང་དོན་དུ་དཔག་ཏུ་མེད་ལ་གཞན་དོན་དུ་ཅིར་ཡང་སྣང་བས་མ་ངེས་པ་ཉིད་དོ། །སྤྲུལ་པའི་ཞིང་གི་འཇིག་རྟེན་གྱི་ཁམས་གཞན་དག་ནས་སྨིན་པའི་རིགས་འཛིན་མཐའ་ཐུག་པ་མེད་པ་རྣམས་ཀྱང་ཞིང་ཁམས་དེ་དག་ཏུ་རྣམ་པར་སྣང་ཞིང་ཀུན་ཏུ་འབྱུང་ངོ་། །ཞིང་དེ་དག་ན་ཆོས་ཉན་པ་དང་། སྟོན་ཅིང་སྨྲ་བ་དང་། རྣམ་པར་བགྲོ་བ་ནི་ཏིང་ངེ་འཛིན་གྱི་དགོངས་པ་འབའ་ཞིག་གིས་སྟོན་ཅིང་རྟོགས་པ་ཤ་སྟག་གོ། །བསྟན་པ་དམ་པའི་ཆོས་ཀྱང་གསང་སྔགས་ཇི་བཞིན་པ་བྱ་བ་མེད་པའི་ཆོས་དེ་ཁོ་ན་ཉིད་གསང་བ་དམ་པ་འབའ་ཞིག་ལས་གཞན་གྱིས་སེལ་མེད་པས་སྒྲས་རྒྱུའི་ཐེག་པ་བཀག་གོ། །སྟོན་པ་དང་འཁོར་ཀུན་གྱི་ལོངས་སྤྱོད་ཀྱང་ཐུན་མོང་དུ་ཆོས་ཉིད་ཟབ་མོ་འབའ་ཞིག་ལ་སྤྱོད་དོ། །ཚིག་འདི་དག་གིས་ལོངས་སྤྱོད་རྫོགས་པའི་ཞིང་དུ་གསལ་བས་ལེའུ་དང་པོའི་རྒྱལ་བ་རིགས་ལྔ་ལོངས་སྤྱོད་རྫོགས་སྐུར་ངེས་སོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། གཏན་ཚིགས་ཀྱིས་རྒྱས་པར་བཤད་པའོ། །དང་པོ་ནི། རིགས་འཛིན། ཞེས་པ་ནས། འདི་ལྟ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། རིགས་དང་ཞིང་ཁམས་ཀྱི་བྱེ་བྲག་གི་རིགས་འཛིན་པ་དེ་དག་ཀུན་ཀྱང་རྒྱུ་དང་འབྲས་བུ་གཉིས་ཀའི་སྒོ་ནས་སེམས་ཅན་དང་རྒྱལ་བ་རིལ་ཡང་རིགས་ལྔ་པ་འབའ་ཞིག་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ཀྱང་རྒྱུ་ཉོན་མོངས་པ་རིགས་ལྔ་ལས་བྱུང་ཞིང། འགྲོ་བ་ལྔར་སྣང་ལ། དེ་ལས་བསྐལ་པ་བོགས་སུ་གྱུར་པའི་མི་བུ་རིགས་ལྔར་སྨིན་པ་སྟེ། ལམ་ལྔའམ་ཡེ་ཤེས་ལྔ་ལས་གྱུར་པས་རིགས་ཀྱི་སངས་རྒྱས་ལྔར་ངེས་པ་ནི། འདི་ལྟ་སྟེ། ཞེས་གཏན་ཚིགས་ཀྱི་མདོ་བསྟན་པའོ། །གཉིས་པ་ནི། གང་ཞེ་སྡང་། ཞེས་པ་ནས། འབའ་ཞིག་གོ། །ཞེས་པའི་པར་གྱིས་བསྟན་ཏེ། ལོག་པ་དང་མ་ལོག་པའི་ཉོན་མོངས་ལྔ་ཐུན་མོང་དུ་སྦྱར་ཏེ། གང་ཞེ་སྡང་གི་རིགས་དང་། ང་རྒྱལ་གྱི་རིགས་དང་། འདོད་ཆགས་ཀྱི་དང་། ཕྲག་དོག་གི་རིགས་དང། གཏི་མུག་གི་རིགས་དང་། མི་བཟད་པའི་སྡུག་བསྔལ་ཅན་བཟོད་ལྡན་གྱི་རིགས་དམྱལ་བ་དང་། ཤིན་ཏུ་ཡིད་གདུང་བས་ཀུན་གདུང་གི་རིགས་ཡི་དྭགས་དང་། རྐང་གཅིག་རྐང་གཉིས་རྐང་བཞི། རྐང་དྲུག་རྐང་མང་རྐང་མེད་དེ་ནང་རིགས་གཅིག་ལ་དྲུག་ཏུ་འབྱུང་བའམ། རིགས་དྲུག་ཀའི་གནས་སུ་འབྱུང་བས་དྲུག་འབྱུང་གི་རིགས་བྱོལ་སོང་དང་། བྱང་ཆུབ་ཀྱི་བསམ་རྒྱུད་ཅན་མང་བས་རྒྱུད་ལྡན་གྱི་རིགས་མི་དང་། གནས་ཁྱད་པར་མཐོ་བའི་བདེ་བ་ཅན་གནས་ལྡན་གྱི་རིགས་ལྷ་དང་འགྲོ་བ་ལྔ་སྟེ། ལྷ་མིན་ནི་ཤིང་རྟ་ཆེན་པོ་ཐོགས་མེད་ཀྱིས་སྟོད་རིགས་ལྷ་དང་སྨད་རིགས་དུད་འགྲོར་བསྡུས་ལ། ཀུན་ཏུ་བཟང་པོ་ཀློང་དྲུག་པའི་འགྲེལ་པ་དང་ཡིད་བཞིན་རིན་པོ་ཆེའི་མཛོད་དུ་རིགས་བཞིའམ་ལྔར་གསུངས་ཀྱང་ལྷ་དང་དུད་འགྲོ་ཡི་དྭགས་གསུམ་གྱི་འགྲོ་བར་གཏོགས་ཤིང་། འདིར་འགྲེལ་ཆེན་དུ་སྟོད་རིགས་ལྷ་དང་སྨད་རིགས་ཡི་དྭགས་སུ་བསྡུས་པའི་ཕྱིར་རོ། །འཚོ་ཐབས་ཀྱི་མི་བུ་ལྔ་ནི། དམངས་རིགས་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། བྲམ་ཟེའི་རིགས་དང་། གདོལ་པའི་རིགས་དང་ལྔའོ། །སྐབས་འདིར་འགྲེལ་ཆེན་ལས། ལམ་པ་འདི་དག་ནི་ཐེག་པ་སོ་སོ་བར་གྱུར་ན་ཏིང་ངེ་འཛིན་གྱིས་ཆོས་ཉན་པའི་སྐལ་བ་ཅན་དུ་མི་རིགས་པའི་ཕྱིར་མི་སྦྱར་ཏེ། འདིར་ཐུན་མོང་མ་ཡིན་པའི་ལས་དང་པོ་པ་དང་། རིགས་འབྱེད་པ་དང་། བདེན་པ་མཐོང་བ་དང་། བསྒོམ་ལམ་པ་དང་། མཐར་ཕྱིན་པའོ། །རིགས་ཀྱི་དབང་དུ་དེ་བཞིན་གཤེགས་པའི་རིགས་སུ་འབྱུང་བ་ལ་མ་རག་པ་དང་། དེ་བཞིན་དུ་རྡོ་རྗེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། རིན་པོ་ཆེའི་རིགས་ཀྱི་རིགས་འཛིན་དུ་གྱུར་པ་དངོས་སོ་ཞེས་གཞན་དག་འདོད་ན་ཁྲོ་བོ་ནི་ཡེ་ཤེས་ལྔར་སྨྲ་སྟེ་ཡེ་ཤེས་ལྔ་ལས་རིགས་ལྔར་གྱུར་པའི་ཕྱིར་རོ། །ཞེས་གསུངས་ཤིང་། ཆོས་རྗེ་དམ་པ་རིན་པོ་ཆེའི་ཕྱག་མཆན་སོགས་ཀྱང་དེ་ལྟར་བཞུགས་པས། ཀུན་སྣང་གི་རིགས་མེ་ལོང་ལྟ་བུའི་ཡེ་ཤེས་དང་། རིགས་གཅིག་པའི་རིགས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཐ་དད་པའི་རིགས་སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་བྱེད་པའིི་རིགས་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། ཐམས་ཅད་འབྱུང་བའི་རིགས་ཆོས་དབྱིངས་ཡེ་ཤེས་སམ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམས་ཏེ། སྦྱོར་བ་དོན་གྱི་ཀུན་གཞི་དང་། ཉོན་ཡིད་དང་། ཡིད་ཤེས་དང་། སྒོ་ལྔའི་རྣམ་ཤེས་དང་། ཡེ་དོན་གྱི་ཀུན་གཞི་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་རང་བཞིན་ནོ། །རིགས་ལྔའི་རྒྱུད་འཛིན་ཅིང་འཚོབ་པའི་ཕྱིར་རིགས་ལྔ་དངོས་ཐོབ་པའི་ངེས་པ་སྟེ། རྡོ་རྗེའི་རིགས་ཀྱི་གཙོ་བོ་གདུང་དང་འཁོར་རྡོ་རྗེ་སེམས་དཔའ། རྒྱལ་པོ། ཆགས་པ། ལེགས་པ་རྣམས་སྡེའི་རིགས་དང་། རིན་པོ་ཆེའམ་ནོར་བུའི་རིགས་ཀྱི་གཙོ་བོ་གདུང་དང་། འཁོར་རྡོ་རྗེ་རིན་ཆེན། ཉི་མ། རྒྱལ་མཚན། བཞད་པ་རྣམས་སྡེའི་རིགས་དང་། པདྨོའི་རིགས་ཀྱི་གཙོ་བོ་གདུང་དང་། འཁོར་རྡོ་རྗེ་ཆོས། རྣོན་པོ། འཁོར་ལོ། སྨྲ་བ་རྣམས་སྡེའི་རིགས་དང་། ལས་ཀྱིའམ་གཞོན་ནུའི་རིགས་ཀྱི་གཙོ་བོ་གདུང་དང་། རྡོ་རྗེ་ལས། གནོད་སྦྱིན། གོ་ཆ། ཁུ་ཚུར་ཏེ་འཁོར་རྣམས་སྡེའི་རིགས་དང་། དེ་བཞིན་གཤེགས་པའམ་གླང་པོའི་རིགས་ཀྱི་གཙོ་བོ་གདུང་དང་། སེམས་དཔའ་རྡོ་རྗེ། རཏྣ་རྡོ་རྗེ། ཆོས་རྡོ་རྗེ། ལས་རྡོ་རྗེ་རྣམས་ནི་སྡེའི་རིགས་ཏེ་འབའ་ཞིག་གོ། །ཞེས་སེལ་མེད་པ་ནི་དེར་མ་འདུས་པ་མེད་པའི་དོན་ཏོ། །ལྔར་ངེས་པ་ཅིའི་ཕྱིར་ཞེ་ན། དེ་བཞིན་དུ་དུས་ཐམས་ཅད་ནས་གནས་སྐབས་ཐམས་ཅད་དུ་སྣང་བའི་ཐོག་མཐའ་མེད་པའི་སངས་རྒྱས་རིལ་དང་། བྱང་ཆུབ་སེམས་དཔའ་མཐའ་ཐུག་པ་མེད་པ་རྣམས་ཀྱང་། རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཛད་པའི་ལས་དང་། སེམས་དཔའ་རྣམས་ཀྱི་འཇུག་པའི་སྒོ་ངེས་པའི་དབང་གིས་རིགས་ལྔ་འབའ་ཞིག་གོ་ཞེས་སོ་སོའི་སྐལ་བའི་ཁྱད་པར་གྱིས་གྲངས་ལྔར་ངེས་པ་ཁོ་ན་སྟེ། གཞི་ལ་དེ་ལྟར་རིལ་ལྔར་ཡོད་པའི་ཕྱིར་དང་། བཤད་པའི་བྱུང་སྣང་སྨིན་པ་ལྟར་གྱི་རྒྱུ་ནས་མཐར་ཐུག་རིགས་སོ་སོར་འབྱུང་ཞིང་འཚང་རྒྱ་བའི་སྐལ་བ་ཅན་པས་སོ། །དེ་ནི་རྒྱལ་བ་གཅིག་ལ་འཁོར་ལྔ་ནི་མ་ཡིན་ཏེ། རིགས་བཙན་པོས་སོ་སོར་ངེས་པའི་ཕྱིར་སྒྲ་དེ་དག་ཀྱང་ཞིང་སོ་སོར་གྲགས་པའོ། །འོན་ཀྱང་མཐར་ཕྱིན་ནས་ཐ་དད་དུ་ལྟ་བ་ནི་མ་ཡིན་ནོ། །བཞི་པ་ལ་གཉིས་ཏེ། དོན་གསང་བར་ངེས་པ། གཏན་ཚིགས་ཀྱིས་རྙེད་པར་དཀའ་བར་བསྟན་པའོ། །དང་པོ་ནི། ཇི་བཞིན་པའི། ཞེས་པ་ནས། བསྟན་པ་དང་། ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ལྔར་ངེས་པར་བསྟན་པའང་ལམ་པའི་ངོ་བཙན་ཙམ་ལས། ཡེ་ཇི་བཞིན་པའི་ཕྱི་མོའི་ཆོས་ཉིད་མ་བཅོས་པ་ནི་མཐའ་ལས་གྲོལ་བའི་དབང་གིས་ན། སྔར་གྱི་དུས་སུ་ཐམས་ཅད་ནས་ཕྱིས་ཀྱི་གནས་སྐབས་ཐམས་ཅད་ཀྱི་ཐོག་མཐའ་རིལ་དུ་རིགས་ལྔ་ཐ་དད་ཀྱི་མཚན་མ་མེད་པས་གཟུང་ཆ་གཉིས་སུ་མ་འདྲེས་པར་རང་རྒྱུད་དུ་གཟུང་བ་དང་བྲལ་བ་ཉིད་དོ། །གང་གི་ཉོན་མོངས་ལྔ་ནས་རིགས་ལྔའི་བར་གྱི་མཚན་མ་མེད་ཚུལ་རྒྱས་པར་གསུང་ངོ་། །དེ་བཞིན་དུ་བཏགས་པའི་མིང་གི་ཐ་སྙད་མེད་དོ། །གདགས་གཞི་ངོ་བོ་མ་འདྲེས་པའི་རྣམ་པ་ཅན་དུ་མེད་དོ། །འཇུག་པའི་ཡུལ་ལམ་ཡང་མེད་དོ། །ལམ་པས་འཇུག་པ་མེད་དོ། །གྲུབ་པ་མཐར་ཕྱིན་མ་ཕྱིན་མ་དམིགས་པས་སངས་རྒྱས་པ་མེད་དོ། །བཤད་པའི་འབྱུང་མཐའ་ལྔ་གྲོལ་ཏེ། དེའི་ཕྱིར་ཕྱིས་གང་དུ་འགྱུར་བར་ལུང་བསྟན་པ་མེད་དོ། །དོན་ལ་ངེས་པ་རྙེད་དེ་གྲུབ་པ་མི་འགྱུར་བའི་ཐ་སྙད་ཀྱང་མེད་དོ། །དེ་ལྟར་མེད་དོ་ཞེས་བཀོལ་བའང་མེད་དོ། །འོ་ན་ཇི་བཞིན་པ་དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། བཅུ་བཞི་དང་ལྡན་པའི་ཕྱིར་ཏེ། སྔ་ཕྱིའི་ཆོས་སོ་ཅོག་གི་མཐའ་མ་སྤངས་བྲལ་ཞིང་ལྷུན་གྱིས་གྲུབ་པའི་ཕྱིར་ཐམས་ཅད་ནས་ཐམས་ཅད་དུ་དབྱེར་མེད་པས་བྱང་ཆུབ་པ་ཉིད་དོ། །འབྲས་བུའི་རྩི་བཅུད་ཡིན་པའི་ཕྱིར་སྙིང་པོ་ཉིད་དོ། །དོན་མ་ནོར་ངེས་པར་གཟུང་བ་ཉིད་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་དོ། །ཕྱིན་ཅི་མ་ལོག་པ་ལམ་དུ་ཤར་བ་ཉིད་ཀྱི་ཕྱིར་ཡང་དག་པ་ཉིད་དོ། །དོན་མཐར་ཐུག་པ་ཉིད་ཡིན་པའི་ཕྱིར་ངེས་པ་དམ་པ་ཉིད་དོ། །བྱ་རྩོལ་གྱིས་མི་རྙེད་པའི་ཕྱིར་གཞན་མ་ཡིན་པ་ཉིད་དོ། །རྟེན་དང་གྲོགས་མེད་པས་དངོས་གཞི་མི་ཟིན་པའི་ཕྱིར་སྐྱེ་བ་མེད་པ་ཉིད་དོ། །མཚན་ཉིད་མ་ངེས་པས་ཅིར་ཡང་སྣང་བའི་ཕྱིར་འགག་པ་མེད་པ་ཉིད་དོ། །ཡེ་ཇི་བཞིན་པ་བཅོས་བསླད་མེད་པའི་ཕྱིར་དེ་བཞིན་ཉིད་དོ། །འཁྲུལ་གཞི་ཀ་ནས་དག་པའི་ཕྱིར་མ་ནོར་བ་ཉིད་དོ། །མཐའ་མེད་ཅིང་མི་གཡོ་བའི་ཕྱིར་སྤྲོས་པ་དང་བྲལ་བའི་ཆོས་ཉིད་དོ། །མུ་མཐའ་ལས་འདས་པའི་ཕྱིར་ཆོས་ཀྱི་དབྱིངས་ཉིད་དོ། །རྟོག་གེ་བས་བརྟག་དཔྱད་ལས་གྲོལ་བའི་ཕྱིར་བསམ་གྱིས་མི་ཁྱབ་པས་རྒྱ་ཆེ་ཞིང་ཟབ་པས་བསམ་དུ་མེད་པ་ཉིད་དོ། །དགོངས་པ་དོན་གྱི་ཞེ་ཕུགས་སུ་གྱུར་པའི་ཕྱིར་ཡང་དག་པའི་མཐའ་ཉིད་དོ། །ཞེས་གསུངས་ཏེ་ལུང་བསྟན་པ་དང་། གཉིས་པ་ནི། དེ་ཁོ་ན། ཞེས་པ་ནས། དེ་ལྟ་བུའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་དེ་ཁོ་ན་ཉིད་གསང་བ་དམ་པའི་སྒྲ་སྟོན་པ་དཔལ་རྡོ་རྗེ་སེམས་དཔའི་ངོ་བོ་དེ་ཁོ་ན་ཉིད་སྟོང་པ་ཆེན་པོར་ཡེ་ནས་མཉམ་པ་ཉིད་དུ་བཞུགས་པ་ལས་གྲགས་པས་འཁོར་སྐྱེས་བུ་དམ་པ་དེ་རྣམས་ཐམས་ཅད་ནས་ཐམས་ཅད་དུ་རིགས་ཆེན་པོ་ལྔར་དུས་རིལ་དུ་བྱང་ཆུབ་ཀྱི་སྙིང་པོ་ཉིད་དུ་ལྷུན་གྱིས་གྲུབ་པར་མངོན་དུ་གྱུར་ཏེ་ངེས་པ་དམ་པ་རྙེད་དོ། །ཀྱེ་ལང་ཀའི་བདག་པོ་ཞེས་གསང་བདག་གིས་སྡུད་པ་པོ་ལ་བོས་ཏེ། བྱང་ཆུབ་ཀྱི་སེམས་དེ་ཁོ་ཉིད་གསང་སྔགས་གསང་བ་དམ་པ་ཇི་བཞིན་པ་དེ་ནི། འདི་ལྟར་འཇིག་རྟེན་པས་མ་ཤེས་པས་ཤིང་བརྟགས་པར་དཀའ་བ། འདི་ལྟར་འདས་པས་མ་ཤེས་པས་གཏིང་དཔག་དཀའ་ལ་ཟབ་པ། འདི་ལྟར་ངོ་བོ་མུ་མཐའ་མེད་ཅིང་ཁྱབ་པས་རྒྱ་ཆེ་བ། འདི་ལྟར་ངོས་གཟུང་མེད་ཅིང་སྤྱོད་ཡུལ་དང་བྲལ་བས་བསམ་དུ་མེད་པ། ཡུལ་དུ་ཡིད་ལ་དམིགས་པས་མ་ཁྱབ་པས་བསམ་གྱིས་མི་ཁྱབ་པའི་ཕྱིར། གང་གིས་རྟོགས་ཤིང་གྲུབ་ནས་ངེས་པ་རྙེད་པར་དཀའ་བ་ནི་དེ་ལྟ་བུའོ། །ཞེས་བཀའ་སྩལ་ཏོ། །ལྔ་པ་ལ་གསུམ་སྟེ། རྩོད་པའི་དྲིས་ལན་དངོས། དེ་ལས་འཕྲོས་ཏེ་རྒྱས་པའི་དྲིས་ལན། དེ་ལས་འཕྲོས་ཏེ་ཤིན་ཏུ་རྒྱས་པའི་དྲིས་ལན་ནོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། བཅས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་དྲུག་གིས་གཏན་ལ་དབབ་པའི་གསང་བ་མཆོག་གི་ངོ་བོ་ལ་གཏར་ཀ་གེགས་སེལ་གྱི་ཚུལ་དུ། དེ་ནས་ཡང་ལང་ཀའི་བདག་པོོས་དྲིས་པ། ཀྱེ་གསང་བ་པའི་བདག་པོ། བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་གསང་སྔགས་ཀྱི་ངོ་བོ་གསང་བ་དམ་པ་འདི་ཉིད། སྐད་ཅིག་མའི་རྒྱུན་དང་བཅས་པ་ཞིག་གམ། འོན་ཏེ་རྒྱུན་ཆད་དེ་མེད་པ་ཞིག་ཡིན། གལ་ཏེ་སྐད་ཅིག་གི་རྒྱུན་དང་བཅས་པ་ཞིག་ཡིན་ན་ནི། ཡེ་ཤེས་ཆེན་པོ་སྐྱེ་འགག་དང་བཅས་པའི་སྐྱོན་དུ་འགྱུར་བ་ཡིན་ནོ། །འོན་ཏེ་རྒྱུན་ཆད་པ་ཞིག་ན་ནི། ལམ་པའི་ཡེ་ཤེས་དང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་དང་། ལམ་གོང་མ་གོང་མའི་དགོངས་པ་དང་། རྒྱལ་བའི་དགོངས་པའི་གོ་འཕང་གི་ཁྱད་པར་མེད་པར་འགྱུར་རོ། །ཞེས་དེ་སྐད་ཅེས་དྲིས་པ་དང་། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ། བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་གསང་བ་དམ་པ་དེ་ནི་རྒྱུ་རྐྱེན་བཞི་དང་བྲལ་བས་ངོ་བོ་མ་གྲུབ་པའི་ཕྱིར་དང་། ཡེ་ཤེས་ཆེན་པོ་གང་ཡང་སྣང་བ་མི་འགོག་པའི་ཕྱིར་ཡོངས་རྫོགས་ལ་སྐྱེ་འགག་གི་མཐའ་གཉིས་དག་པས་སྐད་ཅིག་མ་མེད་པར་མ་འདྲེས་པ་ལ་རང་བཞིན་རྒྱུན་དང་བཅས་པའོ། །གཉིས་པ་ནི། དྲིས་པ། ཞེས་པ་ནས། འབྱུང་བའི་ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ། གང་གི་རྒྱུན་དང་བཅས་པ་ལགས། གསང་བའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ། འགྲོ་བ་དང་འོང་བ་མེད་པར་ཡེ་ཤེས་རྒྱུན་དང་བཅས་པའོ། །སྙིང་རྗེ་རྒྱུན་དང་བཅས་པའོ། །ཕྲིན་ལས་རྒྱུན་དང་བཅས་པའོ། །ཡོན་ཏན་རྒྱུན་དང་བཅས་པའོ། །བྱིན་རླབས་རྒྱུན་དང་བཅས་པའོ། །སྨོན་ལམ་རྒྱུན་དང་བཅས་པའི་ཕྱིར་དྲུག་པོ་གདུལ་བྱ་ལ་འབྱུང་བས་རྒྱུན་མ་ཆད་པའོ། །དེ་ལྟར་སྐད་ཅིག་མའི་མི་རྟག་པ་དག་པས་རྒྱུའི་ཐེག་པ་ལས་འཕགས་པར་གསལ་ལོ། །དེ་ནས་ངེས་ཚིག་དྲིས་པ། གསང་བ་པའི་བདག་པོ། དེ་དག་ལ་ཅིིའི་ཕྱིར་རྒྱུན་ཞེས་བྱ། ལན་སྨྲས་པ། ལང་ཀའི་བདག་པོ། དུས་དང་སྐད་ཅིག་མ་གཉིས་ལས། འདིར་སེམས་ཀྱི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ་དུས་གསུམ་དུ་རྒྱ་མ་ཆད་པར་རྒྱུན་གྱི་རང་བཞིན་དྲུག་ཏུ་འབྱུང་བའི་ཕྱིར་རོ། །ཞེས་རྒྱུན་གྱི་མིང་གི་ངེས་ཚིག་གྲུབ་པའོ། །འདི་རྣམས་རྒྱས་པར་ཡོངས་རྫོགས་ལ་དཀྱིལ་འཁོར་གསུམ་དུ་དབྱེར་མེད་ཀྱང་། མ་འདྲེས་པའི་སྐབས་དོན་ལེའུ་དགུ་པ་ནས་བཅུ་བཞི་པའི་བར་གྱི་སོ་སོའི་ངེས་གསང་ལ་བརྟེན་ནས་རྟོགས་པར་བྱའོ། །གསུམ་པ་ནི། དྲིས་པ། ཞེས་པ་ནས། འདས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་དྲིས་པ། རྒྱུན་གྱི་རང་བཞིན་གང་ལགས། ལན་སྨྲས་པ། ལང་ཀའི་བདག་པོ། གང་ངོ་བོ་འདི་ལྟར་མི་ཟིན་པས་དངོས་པོ་མེད་པ་ཉིད་རྒྱུན་གྱི་རང་བཞིན་ཡིན་ཏེ། རིག་འཛིན་ཆེན་པོ་ཤྲཱི་སིངྷས། རིན་པོ་ཆེ་འོད་ལས། སྣང་གསལ་འཁོར་ལོ་རིག་པ་འདི། །ངོ་བོ་མ་གྲུབ་མེ་ཤེལ་འདྲ། །དངོས་མེད་ཡེ་ཤེས་མཐོང་བས་གྲོལ། །གཟུགས་སོགས་སྣང་བ་བཏགས་པ་ཡིན། །ཞེས་སོ། །དེའང་དངོས་གང་ཞེ་ན། འདི་ལྟ་སྟེ། དུས་གསུམ་དུ་རྒྱ་ཆད་ཕྱོགས་ལྷུང་མེད་པར་དྲུག་ཉིད་བར་མ་ཆད་པ་དང་ལྡན་པས་རྒྱུན་དང་བཅས་པའིི་ཆོས་ཉིད་ཀྱི་དབྱིངས་བྱང་ཆུབ་ཀྱི་སེམས་ནི། རང་བཞིན་ཐམས་ཅད་པའི་ཕྱིར་ངོ་བོ་མེད་པ་ཉིད་ཐམས་ཅད་འབྱུང་བའི་རྒྱུ་ཡིན་པས་དེ་ཉིད་ལས་རྣམ་པར་རྟོགས་པས་གང་ལྟར་བཏགས་པ་ལྟར་ཆགས་ཤིང་རིག་པ་ལ་ཕྱོགས་མེད་པས་གང་དུ་བལྟས་ཏེ་བསམ་པར་བྱས་པ་ལྟར་སྣང་བ་ཡིན་ཀྱང་། སྐྱེ་བོ་དང་ལམ་པ་དག་གིས་སྣང་བ་དེ་ཉིད་ཡང་དག་པར་འདོད་ཅིང་ཡུལ་གྱི་དངོས་པོར་འཛིན་ཞེན་བྱེད་ན་དོན་གྱི་གནས་ལུགས་མཐོང་དུ་མི་སྟེར་བས་གཅོང་རྙིང་སྡུག་བསྔལ་ཆེན་པོའི་ནད་ཀྱིས་གདུང་བར་འགྱུར་ལ། དེ་ཉིད་རོལ་པ་རང་སྣང་དུ་རྟོགས་ན་ཆེ་བའི་ཡོན་ཏན་རྒྱུན་མི་འཆད་པའི་སྣང་བ་ཡིན་ཏེ། ཟག་པ་མེད་པའི་ཡེ་ཤེས་རང་སྣང་བའི་ཕྱིར་རོ། །དེ་འཁོར་ལ་བསྟན་པའི་ཚུལ་ནི། མ་རྟོགས་ནའང་དགོས་པ་སྐོང་བས་ཆོས་ཉིད་ཀུན་ཏུ་རྒྱུན་དང་བཅས་པ་ཡི་གསང་སྔགས་དོན་གྱི་གནས་ལུགས་ཐུན་མོང་གི་ས་པ་དང་རྒྱུད་དག་པས་ཀྱང་ཇི་བཞིན་དུ་མ་རྟོགས་པས་གསང་བ་དམ་པ་ཡིན་དོན་མ་ནོར་བའི་དེ་ཁོ་ན་ཉིད་གང་དེ། རྡོ་རྗེ་སེམས་དཔའི་སྒྲོན་མ་བཀོད་པའི་རྒྱལ་བ་དམ་པ་གང་དག་གིས་གསང་བའི་བདག་པོ་སོགས་སྐྱེས་བུ་དམ་པ་གང་དག་ལ་གསང་མཆོག་དེ་ཁོ་ན་ཉིད་ཆེན་པོར་རྟོགས་པ་མཐར་ཕྱིན་ཏེ་དེ་བཞིན་ཉིད་དུ་བརྒྱུད་པ་ནི་ཆུ་དྭངས་པ་དང་ཉི་ཟླའི་ཚུལ་དུ་སྟོན་པའི་དགོངས་པ་ཟབ་མོ་བློ་ཆེ་བ་ལ་རང་གསལ་དུ་སྣང་བ་མ་གཏོགས་པ། ཚིག་ཏུ་བརྗོད་པས་ཇི་ལྟ་བར་བསྟན་དུ་ཡོད་པ་མ་ཡིན་ཏེ། དངོས་པོ་མེད་པ་ཉིད་ཆོས་ཐམས་ཅད་ཀྱི་རྒྱུ་རུ་གྱུར་ཀྱང་ངོ་བོ་ཕྱོགས་གཅིག་པའི་སྣང་བ་གང་ཡང་མེད་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་དབྱིངས་དང་འདུ་འབྲལ་མེད་པའི་ཡེ་ཤེས་མ་བཅོས་པ་དེ་ཉིད་སྐལ་ལྡན་གང་གིས་མ་ནོར་བར་རྟོགས་པ་ནི་མདོར་ན་ཐུན་མོང་མིན་པའི་བདེན་པ་མཐོང་བ་ཉིད་དོ། །འདི་ལ་ཞིབ་མོར་དབྱེ་ན་རྒྱལ་བ་ལ་དགོངས་བརྒྱུད། རིགས་འཛིན་ལ་རིག་བརྒྱུད། གང་ཟག་ལ་རྣ་བར་བརྒྱུད་པའི་ཚུལ་གྱིས་དོན་དང་སྦྱོར་ཤེས་པར་བྱའོ། །ཇི་སྐད་དུ། གསང་བདག་དགའ་རབ་དཔའ་བོས་དམ་ཚིག་གི་ཀློང་ལས། བྱང་ཆུབ་སེམས་ཉིད་རྣམ་པར་དག །ཡེ་ནས་ལྷུན་གྱིས་རྫོགས་པས་ན། །ངང་ལ་གནས་པའང་རྣམ་པར་དག །དེ་ལྟ་མིན་ན་དྲི་མར་བཅས། །ཞེས་གསུངས་པ་ལྟར། བྱང་ཆུབ་ཀྱི་སེམས་དཀྱིལ་འཁོར་གསུམ་དབྱེར་མེད་པའི་ངོ་བོར་ཡེ་ནས་སངས་རྒྱས་པའི་དོན་ལ་བློ་བྱ་རྩོལ་ཀྱི་འདུ་ཤེས་བཏང་ལ་མ་བཅོས་ཇི་བཞིན་པའི་ངང་དུ་གནས་ཏེ་བརྟན་པ་ཐོབ་ན་སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་རྙེད་ནས་དགོངས་པ་དེ་ཁོ་ན་ཉིད་དུ་རྣམ་པར་དག་པ་ཡིན་ཏེ། དེ་ལྟར་མིན་ན་གཞི་དབྱིངས་རང་བཞིན་རྣམ་དག་མིན་པར་འགྱུར་ལ། དེ་ལྟ་བུའི་གནས་ལུགས་དེ་བཞིན་ཉིད་ལ་ཡུལ་དང་ངོ་བོ་མེད་པས་མཐའ་གང་ཅིར་ཡང་མི་སྣང་བར་རྟོག་དཔྱོད་ཐམས་ཅད་དང་བྲལ་ཏེ་བློས་ཅིར་ཡང་བསམ་དུ་མེད་ཅིང་དམིགས་པའི་ཡུལ་ལས་འདས་པས་འདུ་ཤེས་གང་ཡང་མ་གཡོས་ན་སྒོམ་དུ་མེད་པ་བསྒོམ་པའི་མཆོག་དམ་པའོ། །གསུམ་པ་མཇུག་བསྡུ་བ་ནི། ཀྱེ་ལང་ཀའི། ཞེས་པ་ནས། གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ཀྱེ་ལང་ཀའི་བདག་པོ། སངས་རྒྱས་ཀུན་གྱི་དགོངས་པ་དམ་པ་གསང་བའི་སྙིང་པོ་འདི་ལ། ཞེས་ལེའུ་དགུ་པ་སྡུད་ལ། མི་གནས་པས་ཐེག་པ་འོག་མ་ལྟར་མིན་པར་གསང་སྔགས་པ་ལྟར་ཐམས་ཅད་ནས་ཐམས་ཅད་དུ་གནས་པར་བྱའོ། །ཞེས་ལེའུ་བཅུ་པ་སྡུད་དེ་དེ་ལྟར་བསྒོམ་པར་གདམས་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལས་ཀྱི་ཆོས་ཀྱིས་བསྒྱངས་པ་རྩོལ་བས་རིང་དུ་སོང་བ་རྒྱུའི་ཐེག་པ་བ་རྣམས་ཀྱིས། རྙེད་དང་མ་རྙེད་ཀྱི་རིམ་པས་བྱེ་བ་སྙེད་ཀྱི་བསྐལ་པར་ལས་དཀའ་བ་དཔག་ཏུ་མེད་པས་འབད་ཅིང་བརྩལ་བར་བྱས་ཀྱང་དམ་པ་མ་ཐོབ་པ་གང་དག་གིས། ཞེས་ལེའུ་བཅུ་གཅིག་པ་སྡུད་ཅིང་། གསང་སྔགས་བྱ་བ་མེད་པའི་དོན་གྱིས་ཐང་ཅིག་ཡུད་ཙམ་དུའང་དམ་པ་གསང་བ་འདི་ལ་གཉིས་སུ་མེད་པར་མོས་པ་ཙམ་གྱིས་དབུགས་ཕྱིན་ཏེ་ཞེས་ལེའུ་བཅུ་གཉིས་པ་སྡུད་ལ། གདོན་མི་ཟ་བར་དབང་དམ་པ་ཐོབ་སྟེ་ཞེས་ལེའུ་བཅུ་གསུམ་པ་སྡུད་དེ་ལུང་སྟོན་པར་འགྱུར་རོ། །ཞེས་ལེའུ་བཅུ་བཞི་པ་བསྡུས་པའོ། །དེའི་ཕྱིར་ལང་ཀའི་བདག་པོ། མ་བརྩལ་ན་དེ་ཉིད་མཐོང་མ་ཐག་ཏུ་གྲུབ་པས་གསང་བ་འདི་ལ་གནས་པར་བྱའོ། །དུས་ཀུན་ཏུ་འདི་ལས་མི་འདའ་བར་བྱའོ། །ཞེས་གདམས་སོ། །དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་རྣམས། ལན་གྱི་སྒོ་ནས་བློ་གྲོས་དམ་པའི་ངེས་པ་རྙེད་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། རྒྱལ་ཚབ་སྐྱེས་བུ་དམ་པ་ལྔ་རིགས་ལྔའི་རྒྱལ་བར་ལུང་བསྟན་པའིི་ལེའུ་སྟེ་བཅུ་བཞི་པ་རྣམ་པར་བཤད་པའོ། །དེ་དག་གིས་ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས། གང་གིས་ངེས་པ་རྙེད་པའི་གཏམ་རྒྱུད་བརྗོད་པ། ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རྣམ་པར་བགྲོས་བ་སྟེ་བྱུང་ཚུལ་བསྟན་པ་གསུམ་པའི་དོན་གསལ་བར་བཤད་དེ་རྒྱས་པར་བཀྲོལ་བའོ།། །།བཞི་པ་སྙིང་པོ་བྱང་ཆུབ་ཏུ་ངེས་པའི་བྱུང་ཚུལ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས། ཞེས་པ་ནས། སྣང་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། སྤྱིར་ལེའུ་འདིས་ངེས་དོན་སྟོན་ལ། ནམ་མཁའ་རྡོ་རྗེ་བགྲོ་བར་མཛོད་ཀྱི་ལན་ཏེ། ཁྱད་པར་རྩལ་འཕངས་ལས་སྟོད་མཐོང་ལམ་སྨད་སྒོམ་ལམ་བདག་དོན། རྒྱུད་གནས་ལུགས་ལས་སྙིང་པོ་བྱང་ཆུབ་ཀྱི་བྱུང་ཚུལ་དེ་ཁོ་ན་ཉིད་ཀྱི་ལྟ་བ་ནམ་མཁའ་ལྟ་བུ་ཉིད་རྒྱས་པར་སྟོན་ནོ། །དེ་ནས་ཡང་སྡུད་པ་པོ་ལང་ཀའི་བདག་པོས། སྟོན་པ་གསང་བ་པའི་བདག་པོ་ལ། སྔོན་དུ་བྱུང་བའིི་ཚིག་བཅུ་གཉིས་པའི་བཞི་པ། སྙིང་པོ་བྱང་ཆུབ་ཏུ་ངེས་པ་ན་ཡང་འབྱུང་ཞེས་ལུང་བསྟན་པ་ཡོངས་སུ་དྲི་བ་དྲིས་པ། ཀྱེ་གསང་བ་པའི་བདག་པོ་ཉིད་ཀྱི་ཐེག་པ་ཆེན་པོ་གསང་བ་དམ་པ་བྱུང་བའི་ཚུལ་གཏམ་དུ་བརྗོད་པའི་སྐབས་སུ། སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་ན་ཡང་འབྱུང་ཞེས་བཀོད་པ་དེ། ཇི་ལྟ་བུ་ཞིག་ཏུ་ངེས་ཏེ་བྱུང་བ་ལགས། ལན་མདོར་སྨྲས་ཏེ་བཀའ་སྩལ་པ། ལང་ཀའི་བདག་པོ། གང་མཐར་ཐུག་གི་རྒྱལ་བ་དམ་པ་དག་ལ་འཇིག་རྟེན་པའི་དུས་ཐམས་ཅད་ནས་འཇིག་རྟེན་ལས་འདས་པའི་དུས་ཐམས་ཅད་དུ་སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་འབྱུང་འཇུག་མེད་པ་ཉིད་མི་སྣང་བར་ཐམས་ཅད་དུ་རང་སྣང་བར་ངེས་པས་མཉམ་པར་བཞག་མ་བཞག་མི་མངའ་བའོ། །གཉིས་པ་ལ་བདུན་ཏེ། སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་བསྟན་པ། གནས་ཚད་དང་མཚན་ཉིད་དང་རང་བཞིན་བཤད་པ། དྲིས་ལན་མང་པོའི་སྒོ་ནས་བསྟན་པ། མཚོན་པའི་དཔེ་བཤད་པ། མིང་གི་རྣམ་གྲངས་བཤད་པ། ཆོས་ཐམས་ཅད་ཀྱི་གཞིར་བསྟན་པ། སྙིང་པོ་བྱང་ཆུབ་ཏུ་ངེས་པ་ན་གདུལ་བྱ་སྐབས་ལ་བབ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། སྨྲས་པ། ཞེས་པ་ནས། མ་དམིགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་ལང་ཀའི་བདག་པོས་སྨྲས་པ། གསང་བ་པའི་བདག་པོ། སྐྱེས་བུ་དམ་པ་རིགས་ལྔ་ལ་སོགས་པ་གང་དག་ཡོངས་སུ་ངེས་པ་རྙེད་དེ་སྙིང་པོ་བྱང་ཆུབ་ཏུ་གནས་པ་ན། སྔ་མའི་དུས་ཐམས་ཅད་ནས་ཕྱི་མའི་དུས་ཐམས་ཅད་དུ་དགོངས་པ་དམ་པ་དེ་ཉིད་ཇི་ལྟར་སྣང་སྟེ། གང་ཡུལ་དུ་སྣང་བ་ཞིག་ཡིན་ན་ནི། མ་བྱུང་མ་སྐྱེས་པར་མི་རུང་བ་ཞིག་ལ། འོན་ཏེ་མི་སྣང་བ་ཞིག་ན་ནི། རྒྱུན་གྱི་ཡེ་ཤེས་དང་། རྒྱུན་གྱི་སྙིང་རྗེ་འབྱུང་བར་མི་རུང་བ་ཞིག་ན། འདི་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་དྲིས་པ་ལས། གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ། དེ་ནི་འདི་ལྟ་སྟེ། སྙིང་པོ་བྱང་ཆུབ་ནི་ཆོས་ཉིད་ཇི་ལྟ་བ་ཉིད་ལ། སྐྱེས་བུ་དམ་པ་ནི་སེམས་ཉིད་དེ་བཞིན་དུ་རྟོགས་པ་དེ་ཉིད་དེ། དེས་ན་ཆོས་ཉིད་དང་སེམས་ཉིད་ཐ་མི་དད་པས་སྙིང་པོ་བྱང་ཆུབ་གང་ཡིན་པ་དེ་ནི་སྐྱེས་བུ་དམ་པ་དེ་ཉིད་ལ། སྐྱེས་བུ་དམ་པ་གང་ཡིན་པ་དེ་ནི་སྙིང་པོ་བྱང་ཆུབ་ཉིད་དེ་ངོ་བོ་དབྱེར་མེད་དུ་བཞུགས་པས་སྤྱོད་ཡུལ་དང་བྲལ་བར་ངེས་ཏེ་སྐྱེས་བུ་དམ་པ་ཞེས་ནི་དམིགས་བྱེད་དུ་མ་མཐོང་ལ། སྙིང་པོ་བྱང་ཆུབ་ཞེས་ནི་ཡུལ་དུ་མ་དམིགས་པར་སྣང་མི་སྣང་ལས་གྲོལ་བས་སོ། །ཞེས་བསྟན་ཏོ། །གཉིས་པ་ནི། དྲིས་པ། ཞེས་པ་ནས། ལྷན་ནེ་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་དྲིས་པ། གང་སྤྱོད་ཡུལ་དང་བྲལ་ཏེ་འཛིན་ཆ་གང་ཡང་མ་མཐོང་ལ་གཟུང་ཡུལ་ཅིར་ཡང་མ་དམིགས་ན་ནི། ལེའུ་དགུ་པ་དང་བཅུ་གཅིག་པ་སོགས་ལས་དམ་པ་རྣམས་ཀྱིས་གསུངས་པ་ལྟར་ན། གང་སེམས་ཀྱི་དེ་ཉིད་མཐོང་བ་དེས་ཆོས་ཐམས་ཅད་མཐོང་ངོ་། །ཆོས་ཐམས་ཅད་མཐོང་བ་དེས་སྙིང་པོ་བྱང་ཆུབ་མཐོང་ངོ་། །ཞེས་གསུངས་པ་དང་། གང་དེ་ཁོ་ན་ཉིད་ལ་ངེས་པ་རྙེད་པ་དེས་སེམས་ཀྱི་ཆོས་ཉིད་རྟོགས་ནས་ངེས་པ་རྙེད་དོ། །ཞེས་གསུངས་པ་རྣམས་ལས་དངོས་སུ་འགལ་བར་གྱུར་ན། འདི་ཉིད་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་དྲིས་པ་ལས། ལན་སྨྲས་པ། ཀྱེ་ལང་ཀའི་བདག་པོ་འདི་ལྟ་སྟེ། མིག་གིས་གཟུགས་ཀྱི་ཡུལ་སྣང་གཅོད་པ་ལྟར་གང་ཡང་དག་པའི་བདེན་དོན་མཐོང་བ་ནི་རྫས་ཀྱི་རྣམ་པར་ལོགས་ནས་རྙེད་དེ་རྟོགས་ཤིང་ཐོབ་པ་མིན་ཏེ། དེ་ནི་ཅིར་ཡང་མ་ངེས་པས་གང་དུའང་མཐོང་བྱར་མེད་པའི་མ་མཐོང་བའི་དོན་དེ་ཉིད་རང་གསལ་དུ་མཐོང་བ་ན་དེ་ཁོ་ན་ཉིད་ངེས་པ་ཡིན་ལ། དེ་བས་ན་བརྗོད་དུ་མེད་པའི་དོན་དང་མཐུན་པར་རང་རིག་ལྷུན་གྲུབ་ཆེན་པོའི་དགོངས་ཉམས་རྙེད་པ་ལ། བདེན་དོན་མཐོང་བ་དང་ངེས་པ་རྙེད་དོ་ཞེས་བླ་དྭགས་ཀྱི་ཐ་སྙད་ཙམ་དུ་བརྗོད་པ་ལས་ངོ་བོ་ཉིད་ཀྱིས་ཡུལ་དང་ཡུལ་ཅན་དུ་མཐོང་བ་མེད་པར་ལ་བཟླ་སྟེ། ཇི་སྐད་དུ། ཆོས་ཅན་མི་མཐོང་ཆོས་ཉིད་ཀྱང་། །མི་མཐོང་སེམས་ཅན་སེམས་མི་མཐོང་། །སངས་རྒྱས་མི་མཐོང་གང་མཐོང་བ། །དེས་ནི་ཡང་དག་བདེན་པ་མཐོང་། །ཞེས་འབྱུང་ངོ་། །དེའི་ཚུལ་ཇི་ལྟ་བུ་ཞེ་ན། མཐའ་ཀུན་མ་སྤངས་པར་སེལ་བས་རྣམ་པར་དག་པའི་ཉེ་ལམ་ཆེན་པོ་དེ་ཁོ་ན་ཉིད་དམ་པ་ཐེག་པའི་རྒྱལ་པོའི་གསང་སྒོ་རྨད་དུ་བྱུང་བ་གང་དེ་ངེས་པར་སྣང་བའི་སྐྱེས་བུ་དམ་པ་རིགས་ལྔ་ལ་སོགས་པ་དེ་དག་གསང་སྔགས་བྱ་བ་མེད་པའི་དོན་ཆེན་པོ་རབ་ཏུ་ངེས་པའི་གདེང་རྙེད་དེ་མཐའ་གང་དུའང་མི་དམིགས་པ་ཡི་རིག་པ་གཉིས་སུ་མེད་པའི་ངང་ཉིད་དུ་གསལ་བ་ལ་ཡུལ་གྱིས་མི་གཡོ་ཞིང་བློ་ཡིས་ཀུན་ཏུ་མི་རྟོག་པ་ཡི་ཚེ་ན་མཐའ་ལ་མི་གནས་པའི་རིག་པ་དེ་ཉིད་འོད་གསལ་ཆོས་ཀྱི་སྐུ་རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་ཡིན་ནོ། །དེར་མ་ཟད་སྐད་ཅིག་མའི་མི་རྟག་པ་བྲལ་ལ་རྒྱུ་རྐྱེན་མེད་པས་རང་བྱུང་རང་གསལ་བས་ཡེ་ཤེས་ངོས་བཟུང་མེད་པས་ནམ་མཁའ་ལྟ་བུ་ལ་ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་པས་རྣམ་པ་མ་འདྲེས་ལ་ཆོས་ཉིད་དུ་ཡོངས་སུ་རྫོགས་པའི་ངང་ཉིད་རྒྱུ་ལས་མི་སྐྱེ་རྐྱེན་གྱིས་མི་འགག་པར་གཉིས་སུ་མེད་པའི་དེ་བཞིན་ཉིད་ངོ་བོ་བསྟན་དུ་མེད་པས་སྨྲ་བསམ་ལས་གྲོལ་ཏེ་ངག་གིས་བརྗོད་དུ་མེད་ཅིང་ཡིད་ཀྱི་རྟོག་པ་ལས་འདས་པས་མ་བཅོས་ཡོངས་གྲོལ་ཆེན་པོའི་དགོངས་པ་སྟེ། ཀུན་འདུས་ལས། རང་བྱུང་ཞི་བ་མ་བཀག་ཆོས། །ཡེ་ནས་མ་བཅོས་དོན་གྱིས་གསལ། །མ་སྐྱེས་རྣམ་དག་བྱང་ཆུབ་སེམས། །མི་གནས་ཡེ་ཤེས་ཐུགས་དང་མཉམ། །ཞེས་སོ། །དེ་ལྟར་དེ་ཁོ་ན་ཉིད་ཡུལ་མེད་པའི་ཡུལ་ཆེན་པོ་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་རྒྱལ་བའི་དགོངས་པ་དམ་པ་ཡིན་ཏེ། དེ་ལ་བཤད་པ་བཞིན་བདེན་པའི་དབུས་དང་མི་བདེན་པའི་མཐའ་ཡི་ཐ་སྙད་ཙམ་ཡང་མི་དམིགས་ཤིང་མཚན་ཉིད་གཟའ་གཏད་མེད་པས་ཇི་བཞིན་པ་ཉིད་དེ་ཐམས་ཅད་ཀྱི་གཞི་རྩར་གྱུར་པས་སྙིང་པོ་བྱང་ཆུབ་དམ་པ་འདུས་མ་བྱས་པ་ནི། རྒྱལ་བ་ཀུན་གྱི་འབྱུང་གནས་དང་བསྐྱེད་པའི་ཡུམ་དུ་གནས་ལ་དེ་ཉིད་གང་དུའང་མ་འགག་པར་གསལ་བས་མ་སྤྲོས་ཀུན་ལ་ཁྱབ་པའི་ཐིག་ལེ་ཆེན་པོ་དེ་བཞིན་ཉིད་ལས་མ་གཡོས་པར་དགོངས་པ་ལྷན་ནེ་བར་བཞུགས་པ་ལ་སྤྱོད་ཡུལ་གྱི་ཐ་སྙད་ཙམ་ཡང་མེད་པའོ། །གཉིས་པ་ལ་གཉིས་ཏེ། དྲིས་པ་དང་། ལན་ནོ། །དང་པོ་ནི། ཡང་ལང་ཀའི། ཞེས་པ་ནས། ཅི་ལགས། ཞེས་པའི་བར་གྱིས་བསྟན་ཏེ། ཡང་ལང་ཀའི་བདག་པོས་དྲིས་པ། གསང་བ་པའི་བདག་པོ། བྱང་ཆུབ་ཀྱི་སྙིང་པོ་དེ་ཁོ་ན་ཉིད་དེ་རང་སྣང་ལ་དུས་དང་ཐ་དད་མེད་པ་ཉིད་ན་ཡུན་ཇི་ཙམ་གྱི་ཚད་ཀྱིས་ན་གདུལ་བྱའི་ངོར་སྣང་ཞིང་གནས་པར་འགྱུར། དེའི་མཚན་ཉིད་དང་རང་བཞིན་ཅི་ལྟ་བུ་ལགས། གཉིས་པ་ལ་གཉིས་ཏེ། གནས་པའི་ཚད་བསྟན་པ། མཚན་ཉིད་དང་རང་བཞིན་བཤད་པའོ། །དང་པོ་ནི། སྨྲས་པ། ཞེས་པ་ནས། ཚད་མེད་པས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ལན་སྨྲས་པ། ལང་ཀའི་བདག་པོ། གནས་པའི་ཡུན་གྱི་དུས་ནི་ཀུན་ཏུ་མ་ངེས་ཏེ། ལུང་ཆེན་པའམ་དབུགས་ཆེན་པས། དུས་ཚིགས་བཞི་ལོ་དང་། ཟླ་བ་དང་། ཟླ་བ་ཕྱེད་ཀྱི་བར་དུ་གནས་པ་དང་། དབུགས་ཆེན་པས། ཡུད་ཙམ་སུམ་ཅུ་ཞག་གཅིག་དང་། ཡུད་ཙམ་བཅོ་ལྔ་ལྟ་བུ་ཉི་མ་གཅིག་ཏུ་གནས་པ་དང་། རིགས་ཆེན་པས། ཆུ་ཚོད་བཅུ་ལྟ་བུ་ཐུན་དང་། དེའི་ཕྱེད་དམ་ཡུད་ཙམ་ཕྱེད་གསུམ་ལྟ་བུ་ཐུན་ཕྱེད་དུ་གནས་པ་དང་། འདུན་པ་སེམས་པས། སེ་གོལ་ལམ་ཡུངས་ཀར་བསྐོར་བ་ལྟ་བུ་སྐད་ཅིག་དང་། སེ་གོལ་གཅིག་གི་ཡུན་ལ་དྲུག་ཅུ་འདའ་བས་དུས་མཐའི་སྐད་ཅིག་མ་བརྒྱ་དང་ཉི་ཤུ་དེའི་སྐད་ཅིག །དེ་དྲུག་ཅུ་ཐང་ཅིག་གཅིག་དང་། དེ་སུམ་ཅུ་ཡུད་ཙམ་གཅིག་དང་། སྔ་མ་གང་རུང་གི་རྗེས་ཐོག་དེ་མ་ཐག་པའི་ཡུན་དུ་གནས་པ་དང་། སངས་རྒྱས་རྣམས་དུས་བཞི་མཉམ་པ་ཉིད་དུས་གསུམ་དུ་འགྱུར་བ་མེད་པས་དེ་ཁོ་ན་ཉིད་དུ་བཞུགས་པ་དང་། ལུང་ཆེན་པའམ་མཐར་ལམ་དང་པོ་པས། བསྐལ་ཕྲན་བརྒྱད་ཅུ་གཅིག་ཏུ་བརྩིས་པས་བསྐལ་པ་ཆེན་པོར་གནས་པ་དང་། རྩལ་ཆེན་པར། བསྐལ་པ་འབུམ་དང་དྲུག་ཁྲི་སོགས་ཀྱིས་ཚད་མེད་དེ་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པས་སོ། །ཞེས་ཆོས་རྗེ་དམ་པ་རིན་པོ་ཆེའི་ཕྱག་མཆན་འདི་དང་བསྟུན་ན། མཐར་ལམ་བར་པ་ནས་འོག་མ་ལྟ་བུའི་མཉམ་རྗེས་མེད་ཅིང་། ཐ་མ་ནས་མཉམ་པར་བཞག་པ་དང་མ་བཞག་པ་མེད་པའི་དགོངས་པ་ཐོབ་ནས། དེ་ཉིད་ཀྱིས་བྱང་ཆུབ་ཆེན་པོ་ལ་སྦྱོར་བས་བསྐལ་པའི་ཚད་ཀྱིས་གཞལ་བ་ལས་འདས་པར་བསྟན་པ་ཡིན་ནོ་སྙམ་མོ། །དེ་དག་ཏུ་སྣང་བ་གནས་པ་ནི་གཞི་དང་ལམ་དང་འབྲས་བུ་ཐུན་མོང་བའོ། །གཉིས་པ་ལ་གཉིས་ཏེ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། མཚན་ཉིད་དང་། ཞེས་པ་ནས། མ་སྐྱེས་པ་ཡིན་ན། ཞེས་པའི་བར་གྱིས་བསྟན་ཏེ། མ་འགག་པའི་ཆ་ཡི་མཚན་ཉིད་དང་། མ་སྐྱེས་པའི་ཆ་ཡི་རང་བཞིན་གཉིས་ཡེ་ནས་དབྱེར་མེད་པས་འདི་འདྲར་གཟུང་དུ་མེད་པའོ། །ཡུལ་དང་བྲལ་བས་མི་དམིགས་པའོ། །ཡེ་བདག་དང་མི་ཕྱེད་པའི་ངང་ལ་མཉམ་པས་གོམས་པར་བྱས་པའོ། །ངོ་བོ་ཉིད་གྲུབ་ཟིན་ཏེ་སྒྲོ་སྐུར་མེད་པར་གསལ་བས་ངེས་པར་བརྟགས་པའོ། །ཅི་སྤྱད་དེའི་ངང་ཡིན་པས་ཡོངས་སུ་སྤྱད་པའོ། །འགྲོ་འོང་མེད་ཀྱང་རང་བཞིན་ས་མ་ཟིན་པས་ཅིར་ཡང་སྣང་བའོ། །འཁྲུལ་པ་མེད་ཅིང་མི་འགྱུར་བས་ཡིན་དོན་མ་ནོར་བར་ངེས་པའོ། །ངོ་བོ་ཅིར་ཡང་ཤར་བས་བྱིན་རླབས་ཀུན་ནས་འབྱུང་བའོ། །རིལ་དེ་ཉིད་ལས་མ་འདས་པས་འཁོར་འདས་ཐམས་ཅད་འདུས་པའོ། །ཆོས་ཐམས་ཅད་བསྣུམས་པས་ཡོངས་ལ་ཁྱབ་པའོ། །སྒོ་གང་ཡང་མི་འགོག་པར་རང་བཞིན་ཀུན་ཏུ་སྣང་བས་ཡོངས་ཀྱིས་སྐྱེ་བའོ། །དྲི་མའི་ས་བོན་ངང་གིས་མེད་པར་མཐའ་ཡིས་མ་གོས་པས་རྣམ་པར་དག་པའོ། །མཚན་ཉིད་དང་ངོ་བོ་ཐམས་ཅད་པའི་ཕྱིར་དང་། ཕན་ཚུན་ཡངས་པས་སྣུམ་པར་བྱེད་པས་རང་བཞིན་གར་ཡང་མ་གྲུབ་པའོ། །བྱ་བ་མེད་པས་བགོས་པ་ཅན་དུ་ཁྱབ་པ་མེད་པ། ཐམས་ཅད་དེ་ཉིད་ཡིན་པས་མ་ཁྱབ་པ་མེད་པ། མཐོ་དམན་ནམ་སྤངས་བྲལ་བའི་ངོ་བོ་ལ་གྲངས་ཀྱི་རིམ་པ་མ་དམིགས་པས་མཐོ་དམན་མེད་པ། སྙིང་པོ་བྱང་ཆུབ་དེ་ཁོ་ན་ཉིད་ལ་ཟླ་མེད་ཅིང་ཀུན་གྱི་བྲན་དུ་གྱུར་པས་ཆེ་ཆུང་མེད་པ། ཡེ་ཇི་བཞིན་པ་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་མ་སྤངས་བྲལ་བས་བཟང་ངན་མེད་པ། རང་བྱུང་རྒྱ་མཚོའི་ཀློང་ལ་གང་ཡང་མ་སྤངས་ཤིང་ལོག་རྟོག་གི་མིང་ཡང་མ་གྲུབ་པས་ཡངས་དོག་མེད་པ། ཡེ་ཉིད་འབྲས་བུར་ལྷུན་གྱིས་གྲུབ་པ་ལ་རྩོལ་བའི་དུས་སྔ་ཕྱི་བྲལ་བས་རྒྱུ་འབྲས་མེད་པ། གཉིས་ཀར་སྣང་ལ་མ་གྲུབ་པས་ཕོ་མོ་མེད་པ། འགྲོ་བའི་རྣམ་པའི་རྒྱུད་དུ་མ་ངེས་པས་རིགས་རྒྱུད་མེད་པ། དབྱིབས་དང་ཁ་དོག་ཐམས་ཅད་པ་ལ་རྣམ་པ་མ་དམིགས་པས་གཟུགས་མེད་པ། ཅི་སྤྱད་ཅི་མཛད་ལ་འཛིན་ཆགས་མ་དམིགས་པས་ལས་དང་རྣམ་སྨིན་མེད་པ། རིལ་ཡེ་ཤེས་ཆེན་པོའི་ཁོབ་འོག་ཏུ་ཆུབ་པས་ཡེ་ནས་ཡུལ་གྱི་རྣམ་པ་ངང་གིས་བྲལ་ཏེ་ཐ་སྙད་མ་གྲུབ་པས་ཕྱི་ནང་གི་སྤྱོད་ཡུལ་མེད་པ། རྐྱེན་བཞི་དང་བྲལ་བས་སྐྱེ་བ་མེད་པ། བདག་གཞན་མ་དམིགས་པས་རང་རིག་མ་སྐྱེས་པ་ལ་འཕོ་འགྱུར་མེད་པ། རིག་མ་རིག་དབྱེར་མེད་ཆེན་པོའི་ཡེ་ཤེས་ཀྱི་ཉི་མ་ཡེ་ཤར་ལ་ནུབ་པ་བྲལ་བས་མུན་སྣང་མེད་པ། རྒྱུན་དུ་མ་སྐྱེས་ཏེ་རིལ་རང་རིག་པར་གསལ་བས་སྔ་ཕྱི་མེད་པ། སྣང་སྟོང་དབྱེར་མེད་གསུམ་གྱི་ཐ་སྙད་ཡེ་ནས་བྲལ་བས་མཐའ་དབུས་མེད་པ། རྣམ་པ་མེད་ཅིང་གཅིག་དང་དུ་མ་ལས་གྲོལ་བས་བདག་གཞན་མེད་པ། ཡེ་གྲུབ་ཟིན་པ་ལ་བཙལ་བས་མི་རྙེད་པར་འབྲས་བུར་ལྷུན་གྱིས་གྲུབ་པས་རྩོལ་སྒྲུབ་མེད་པ། སྐྱོན་ཡོན་དབྱེར་མེད་ལ་བཟང་ངན་མེད་པས་བླང་དོར་མེད་པ། རང་བཞིན་གྱི་གཏན་ཚིགས་ཀྱིས་དབྱེར་མེད་ཀྱི་ངོ་བོ་ཉིད་ལ་བྱེད་པ་པོ་དང་བྲལ་བས་ངང་གིས་མ་བཅོས་པ། སྒྲིབ་བྱེད་མེད་པར་འཆར་ནུབ་བྲལ་བས་ཡོང་གིས་འོད་གསལ་བ། སེལ་མེད་པས་མ་བསླད་པ། རྒྱུ་ལས་མ་བྱུང་བ། རྐྱེན་ལས་མ་སྐྱེས་ཏེ་ཐ་སྙད་དུ་གྲངས་ཀྱི་རྣམ་པ་སུམ་ཅུ་རྩ་བརྒྱད་དང་ལྡན་པ་ཡིན་ན། ཡེ་ནས་རྣམ་དབྱེ་མེད་པའི་མཐའ་བྲལ་འོད་གསལ་ཆེན་པོའོ་ཞེས་དྲི་བ་ཐ་མ་གཉིས་ཐུན་མོང་གི་ལན་ནོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། མ་དམིགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ལྟ་བུ་ལ་ཅི་ལྟ་བུའི་མཚན་ཉིད་ཅན་དང་། རང་བཞིན་ཅི་ལྟར་ཡིན་ཞེས་འདྲི་བར་བྱ་བ་ཅི་ཡོད་དེ། བྱང་ཆུབ་སྙིང་པོ་ནི་མ་གྲུབ་ལ་མི་འགོག་པའི་ཕྱིར་སྣང་བ་དང་མི་སྣང་བའོ་ཞེས་པའི་ཐ་སྙད་ལས་འདས་ཏེ་མཚན་ཉིད་དང་རང་བཞིན་འདི་འདྲར་མེད་པར་མཐའ་གང་དུའང་མ་དམིགས་པས་སོ། །གསུམ་པ་ལ་གཉིས་ཏེ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ན། ཞེས་པ་ནས། སྙིང་པོར་མཐོང་ལགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ན་ལང་ཀའི་བདག་པོ། གང་སྐྱེས་བུ་དམ་པ་དག་སྙིང་པོ་བྱང་ཆུབ་ཏུ་གནས་ཏེ་མི་དམིགས་པར་ལྷུན་གྱིས་གྲུབ་ཟིན་པ་དེ་དག་ལ་རྡོ་རྗེ་སེམས་དཔའ་སྟོང་པ་ཉིད་དེ་ཁོ་ན་ཉིད་དམ་པ་དེ་ལས་དེ་དག་གིས་བྱང་ཆུབ་སྙིང་པོའི་དོན་ཅི་འདྲ་བའི་ལན་ཐེབས་སམ་མི་ཐེབས་ལྟ་ཞིང་བགམ་པའི་ཕྱིར། རྟོགས་པ་ཉུག་པའི་དགོས་ཆེད་ཀྱིས་དྲི་བ་འདི་སྐད་ཅེས་བཀའ་སྩལ་པ་འབྱུང་ངོ་། །ཀྱེ་སྐྱེས་བུ་དམ་པ་རིགས་ལྔ་ལ་སོགས་དག །ཅེས་བོས་ནས། གང་སྙིང་པོ་བྱང་ཆུབ་ཇི་ལྟ་བ་དེ་མཐོང་ངམ། ཞེས་དྲིས་པས། སྐྱེས་བུ་དམ་པ་རྣམས། སྙིང་པོ་བྱང་ཆུབ་དེ་ཁོ་ན་ཉིད་དུ་ལྷུན་གྱིས་གྲུབ་པ་དེ་ལས་འདི་སྐད་ཅེས་ལན་བཏབ་པ་འབྱུང་ངོ་། །ཀྱེ་རྡོ་རྗེ་སེམས་དཔའ་བཤེས་གཉེན་དམ་པ་ལགས། བྱང་ཆུབ་ཀྱི་སྙིང་པོ་ནི་ཡུལ་དུ་བྱར་མེད་པ་ལ་དགོངས་ནས་བདག་ཅག་གིས་ངོ་བོ་ཅི་ཡང་མ་ཡིན་པར་བསམ་པ་ཅིར་ཡང་མི་རྟོག་པའི་ཤེས་རབ་ཀྱི་སྤྱན་དམ་པས་དངོས་མཐའ་གང་དུའང་མ་མཐོང་བར་དཀྱིལ་འཁོར་གསུམ་དབྱེར་མེད་པའི་སྙིང་པོར་མཐོང་ལགས་སོ། །ཡང་བཀའ་སྩལ་པ། ཇི་ལྟར་མ་མཐོང་བར་མཐོང་ཞེས་དེ་ཉིད་ཀྱི་ཚུལ་དྲིས་པས། ལན་དུ་གསོལ་པ། དངོས་པོར་གྲགས་སོ་ཅོག་དེར་སྐྱས་ཡེ་ཐེབས་པས་བྱང་ཆུབ་ཀྱི་སྙིང་པོ་གུད་དུ་མ་མཐོང་བར་ཆོས་ཐམས་ཅད་འདི་འདྲར་མེད་པའི་ངོ་བོ་བྱང་ཆུབ་ཀྱི་སྙིང་པོར་མ་འདྲེས་ཡོངས་རྫོགས་སུ་མཐོང་ལགས་སོ། །གཉིས་པ་ནི། བཀའ་སྩལ་པ། ཞེས་པ་ནས། ཕྱིར་ལགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པས་བཀའ་སྩལ་པ། བྱང་ཆུབ་ཀྱི་སྙིང་པོ་ཞེས་ངོ་བོ་གང་ལ་བྱ། གསོལ་པ། བཤེས་གཉེན་དམ་པ་བྱང་ཆུབ་ཀྱི་སྙིང་པོ་ནི། སངས་རྒྱས་ཀུན་གྱི་གསང་བ་དགོངས་པ་དམ་པ་ལ་བགྱིའོ། །ཞེས་ངོ་བོ་སྨྲས་པའོ། །སླར་ཡང་བཀའ་སྩལ་པ། སྐྱེས་བུ་དམ་པ། དགོངས་པ་དམ་པ་ཞེས་གང་ལ་བགྱི། ལན་གསོལ་པ། ཆོས་ཐམས་ཅད་ཀྱི་རང་བཞིན་གང་ལགས་པ་ཡེ་ཇི་བཞིན་པ་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །ཞེས་ལན་བཏབ་བོ། །བཀའ་སྩལ་བ། ཅིའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་གསང་སྔགས་ཞེས་བྱ་ཞེས་གསང་སྔགས་ཀྱི་ངེས་ཚིག་དྲིས་པ་ལ། གསོལ་པ། ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པའི་ཆོས་ཉིད་གང་ལགས་པ་དེ་ནི། གཏན་ཚིགས་ཀྱི་ཆོས་དགུ་དང་ལྡན་པའི་ཕྱིར་གསང་སྔགས་ཞེས་བྱ་སྟེ། གང་གིས་ཀྱང་མ་མཐོང་། འདི་འདྲར་མི་རྟོགས། བློའི་སྤྱོད་ཡུལ་དུ་མ་གྱུར། སྨྲར་མེད་པ། དོན་བརྗོད་པ་ལས་འདས་པ། ཡིད་ཀྱིས་བསམ་དུ་མེད་པ། ཀུན་ལ་ཁྱབ་པས་བསམ་གྱིས་མི་ཁྱབ་པ། བློ་ཡིས་བརྟག་པར་དཀའ་ཞིང་། ཚིག་གིས་བསྟན་པར་དཀའ་བའི་ཕྱིར་ལགས་སོ་ཞེས་བཤད་ཟིན་པ་རྣམས་ལས་ཤེས་པར་བྱའོ། །གཉིས་པ་ལ་གསུམ་སྟེ། གཞི་དང་། ལམ་དང་། འབྲས་བུའོ། །དང་པོ་ལ་གསུམ་སྟེ། ཡེ་ཇི་བཞིན་པའི་དཀྱིལ་འཁོར་གྱི་ཞུས་ལན། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ཞུས་ལན། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་ཞུས་ལན་ནོ། །དང་པོ་ནི། བཀའ་སྩལ་པ། ཞེས་པ་ནས། དཀྱིལ་འཁོར་དུ་མཐོང་ལགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པས་བཀའ་སྩལ་པ། སྐྱེས་བུ་དམ་པ་ཐམས་ཅད་ཀྱི་རང་བཞིན་ཡེ་ཇི་བཞིན་པའི་དཀྱིལ་འཁོར་མཐོང་ངམ། སྐྱེས་བུ་དག་གིས་གསོལ་པ། བཤེས་གཉེན་དམ་པ་ཐམས་ཅད་ཀྱི་རང་བཞིན་ནི་བདག་ཅག་གིས་མ་མཐོང་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ། ངོ་བོ་གང་དུའང་མི་དམིགས་པའི་སླད་དུའོ། །བཀའ་སྩལ་པ། སྐྱེས་བུ་དམ་པ། ཁྱེད་རྣམས་ཀྱིས་ཐམས་ཅད་ཀྱི་རང་བཞིན་མ་མཐོང་ངམ། གསོལ་པ། བཤེས་གཉེན་དམ་པ་བདག་ཅག་གིས་མཐོང་ལགས་སོ། །བཀའ་སྩལ་པ། སྐྱེས་བུ་དམ་པ་ཅི་ལྟ་བུར་མཐོང་། གསོལ་པ། ཐམས་ཅད་ཀྱི་རང་བཞིན་གང་ལགས་པ་དེ་ནི། བྱེད་པ་པོས་མ་བཅོས། རྣམ་རྟོག་གིས་མ་བསླད། རྒྱུ་ལས་མ་བྱུང་། རྐྱེན་ལས་མ་སྐྱེས། རྣལ་མ་ལ་དབྲི་བསླད་མེད་པས་ཇི་བཞིན་པ། མ་ནོར་བས་དེ་ཁོ་ན་ཉིད་ཡེ་ཇིི་བཞིན་པའི་དཀྱིལ་འཁོར་སྤྲོས་པ་དང་བྲལ་བའི་ངང་དུ་ཡོངས་སུ་རྫོགས་པར་མཐོང་ལགས་སོ། །གཉིས་པ་ནི། བཀའ་སྩལ་པ། སངས་རྒྱས། ཞེས་པ་ནས། དཀྱིལ་འཁོར་དུ་མཐོང་ལགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སླར་ཡང་བཀའ་སྩལ་པ། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡེ་སངས་རྒྱས་པ་མཐོང་ངམ། གསོལ་པ། མ་མཐོང་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མ་མཐོང་། གསོལ་པ། ལྡོག་ས་ལས་གྲོལ་ཏེ། མི་དམིགས་པའི་སླད་དུའོ། །བཀའ་སྩལ་པ། མ་མཐོང་ངམ། གསོལ་པ། མཐོང་ལགས་སོ། །བཀའ་སྩལ་པ། ཅི་ལྟ་བུར་མཐོང་། གསོལ་པ། ཐམས་ཅད་མ་བཅོས་པར་དེ་བཞིན་ཉིད་དུ་སངས་རྒྱས་ཏེ་ཀུན་ལ་ཁྱབ་པའི་སླད་དུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡེ་ཤེས་འོད་གསལ་གྱི་ངང་དུ་མ་འདྲེས་ལ་མཐའ་དང་བྲལ་བར་མཐོང་ལགས་སོ། །གསུམ་པ་ནི། བཀའ་སྩལ་པ། སེམས་ཅན། ཞེས་པ་ནས། དཀྱིལ་འཁོར་དུ་མཐོང་ལགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཀའ་སྩལ་པ། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཁྲུལ་པའི་སེམས་ཅན་མཐོང་ངམ། གསོལ་པ། མ་མཐོང་ལགས་སོ། །བཀའ་སྩལ་པ། ཅིའིི་ཕྱིར་མ་མཐོང་གསོལ་པ། ཡེ་ནས་གཉིས་སུ་མི་དམིགས་པའི་སླད་དུའོ། །བཀའ་སྩལ་པ། མ་མཐོང་ངམ། གསོལ་པ། མཐོང་ལགས་སོ། བཀའ་སྩལ་པ། ཇི་ལྟ་བུར་མཐོང་། གསོལ་པ། ཐམས་ཅད་ཡེ་ནས་གཉིས་སུ་མེད་པའི་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ངང་དུ་རང་སྣང་མཉམ་པ་ཉིད་དུ་མཐོང་ལགས་སོ། །འདི་ཉིད་ཨ་ནུ་ཡོ་གའི་ལྟ་བ་མཐར་ཐུག་པའོ། །གཉིས་པ་ལ་གཉིས་ཏེ། ལྟ་བ་བཙལ་ཐབས་ཀྱི་དྲིས་ལན། ཏིང་ངེ་འཛིན་གསུམ་གྱི་དྲིས་ལན་ནོ། །དང་པོ་ནི། ཞུས་ལན་ཚན་གཅིག་གི་འོག་ནས། བཀའ་སྩལ་པ། སྐྱེས་བུ། ཞེས་པ་ནས། མི་གནས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། བཀའ་སྩལ་པ། སྐྱེས་བུ་དམ་པ་ལྟ་བས་གཏན་ལ་དབབ་པའི་བྱང་ཆུབ་ཀྱི་སྙིང་པོ་གང་ནས་བཙལ། གསོལ་པ། གང་ནས་ཀྱང་མི་ཚོལ་ལོ། །བཀའ་སྩལ་པ། ཅིའི་ཕྱིར་མི་ཚོལ། གསོལ་པ། ཆོས་ཐམས་ཅད་ཡེ་ནས་བྱང་ཆུབ་ཀྱི་སྙིང་པོ་དེ་ཁོ་ན་ཉིད་དེ། དེ་ལས་ལོགས་སུ་གང་ན་ཡང་མི་གནས་ཏེ་བཙལ་དུ་མེད་པ་ལ་འདི་ན་གནས་བྱ་བའི་ངེས་པ་མེད་པས་སོ། །གཉིས་པ་ལ་གསུམ་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་རྩོལ་བ་མེད་པའི་དྲིས་ལན། སྙིང་རྗེ་ཆེན་པོ་བསྒོམ་པའི་རྩོལ་བ་མེད་པའི་དྲིས་ལན། རྒྱུའི་ཏིང་ངེ་འཛིན་རྩོལ་བ་མེད་པའི་དྲིས་ལན་ནོ། །དང་པོ་ནི། ཞུས་ལན་གཅིག་གི་འོག་ནས། བཀའ་སྩལ་པ། སྐྱེས་བུ་དམ་པ། མི་གཡོ། ཞེས་པ་ནས། མི་རྟོག་པའི་སླད་དུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཀའ་སྩལ་པ། སྐྱེས་བུ་དམ་པ་ཆོས་ཉིད་མི་གཡོ་བ་ལ་བློ་མི་རྟོག་པ་ཉིད་དུ་གནས་སམ། གསོལ་པ། མི་རྟོག་པ་ལ་མི་འཇུག་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མི་འཇུག །གསོལ་པ། བདག་ཉིད་ཀྱི་སེམས་ཀྱི་རང་བཞིན་ཡེ་ནས་མི་རྟོག་པ་ཉིད་པས། ད་གདོད་མི་རྟོག་པ་ལ་འཇུག་ཏུ་མི་འཚལ་ཏེ་ཡུལ་དང་ཡུལ་ཅན་མེད་པའི་སླད་དུའོ། །གལ་ཏེ་བདག་གི་སེམས་ཉིད་ཡེ་ནས་རྣམ་པར་མི་རྟོག་པ་མ་ལགས་ན་ནི། གདོད་རྣམ་པར་མི་རྟོག་པ་ལ་བདག་འཇུག་པ་ཞིག་ན། ཐམས་ཅད་ཡེ་ནས་རྣམ་པར་མི་རྟོག་པར་གནས་པས་འཇུག་མི་འཇུག་ལས་འདས་པའི་སླད་དུའོ། །གཉིས་པ་ནི། བཀའ་སྩལ་པ། སྐྱེས་བུ་དམ་པ། སྙིང་རྗེ། ཞེས་པ་ནས། བྱེར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། བཀའ་སྩལ་པ། སྐྱེས་བུ་དམ་པ། རྣམ་གསུམ་དབྱེར་མེད་པས་སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང་སྟེ་འབྱུང་བར་འདོད་དམ། གསོལ་པ། འབྱུང་བར་མི་འདོད་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མིི་འདོད། གསོལ་པ། མཉམ་པ་ཉིད་ལས་འོག་མ་ལྟར་ཡུལ་ལ་ཀུན་ཏུ་མི་གཡོ་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མི་གཡོ། གསོལ་པ། ཐམས་ཅད་ཡེ་ནས་སངས་རྒྱས་པ་ཉིད་ཁོ་ན་བས་སྙིང་རྗེའི་ཡུལ་མི་དམིགས་པའི་ཕྱིར་རོ། །གསུམ་པ་ནི། བཀའ་སྩལ་པ། སྐྱེས་བུ་དམ་པ། སེམས་ཅན། ཞེས་པ་ནས། ཁོ་ནའི་སླད་དུའོ། །ཞེས་པའི་བར་གྱིས་བསྟན་ཏེ། བཀའ་སྩལ་པ། སྐྱེས་བུ་དམ་པ་རྒྱུའི་ཏིང་ངེ་འཛིན་གྱིས་ལྷ་བསྐྱེད་ནས་ཕྲིན་ལས་བཞིས་སེམས་ཅན་རྣམས་ཀྱི་དོན་ཆེད་དུ་སྤྱོད་དམ། གསོལ་པ། མི་སྤྱོད་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མི་སྤྱོད། གསོལ་པ། དོན་བྱ་བའི་ཡུལ་མེད་པར་ཐམས་ཅད་ཡེ་ནས་དེ་བཞིན་ཉིད་ཁོ་ནའི་བསླད་དུའོ། །གསུམ་པ་ལ། གཉིས་ཏེ། ལྟོས་པའི་ཆོས་སྐུ་མི་འདོད་པའི་དྲིས་ལན། ངོ་བོ་ལྷུན་གྱིས་གྲུབ་པའི་དྲིས་ལན་ནོ། །དང་པོ་ནི། བཀལ་སྩལ་པ། ཞེས་པ་ནས། བྱུང་བའི་སླད་དུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཀའ་སྩལ་པ། སྐྱེས་བུ་དམ་པ། སྒྱུ་འཕྲུལ་མན་ཆད་ཀྱི་ལུགས་ལྟར་འབྲས་བུ་ཀུན་ཏུ་འོད་ཆོས་ཀྱི་སྐུ་རུ་ལྷུན་གྱིས་གྲུབ་པར་འདོད་དམ། གསོལ་པ། གྲུབ་པར་མི་འཚལ་ལོ། །བཀའ་སྩལ་པ། ཅིའི་ཕྱིར་གྲུབ་པར་མི་འདོད། གསོལ་པ། ལྟོས་པའི་ཆོས་ཀྱི་སྐུ་དེ་ཉིད་ལམ་པའི་དབང་དུ་ཚོགས་གཉིས་ལས་གྲུབ་པའམ་དབྱིངས་དང་ཡེ་ཤེས་འདུས་པ་ལས་བྱུང་བའི་སླད་དུའོ། །དེའི་ཕྱིར་འདིར་དང་དུ་མི་ལེན་ཏེ། འཆད་པར་ཡང་འགྱུར་ལ། རྒྱས་པར་ངེས་པ་དོན་གྱི་བཀའ་དང་དགོངས་འགྲེལ་ལྟར་ཤེས་པར་བྱའོ། །གཉིས་པ་ལ་གསུམ་སྟེ། བྱང་ཆུབ་སྙིང་པོར་ལྷུན་གྱིས་གྲུབ་པའི་དྲིས་ལན། ཞིང་ཁམས་ལྷུན་གྱིས་གྲུབ་པའི་དྲིས་ལན། སངས་རྒྱས་ཀྱི་ས་ལྷུན་གྱིས་གྲུབ་པའི་དྲིས་ལན་ནོ། །དང་པོ་ནི། སྔར་གྱི་འཕྲོ་ལས། བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱེད། ཅེས་པ་ནས། མ་གཡོས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱེད་རྣམས་བྱང་ཆུབ་ཀྱི་སྙིང་པོར་གྲུབ་པར་འདོད་དམ། གསོལ་པ། བཤེས་གཉེན་དམ་པ་ཡོངས་སུ་མི་འདོད་དེ་སྨིན་ཟིན་ཏོ། །བཀའ་སྩལ་པ། ཅིའི་ཕྱིར་མི་འདོད། གསོལ་པ། གང་སྐྱེས་བུ་དམ་པ་ཞེས་བགྱི་བ་མྱ་ངན་ལས་འདས་པ་ཉིད་དང་། གང་སེམས་ཅན་སེམས་ཅན་ཞེས་བགྱི་བ་འཁོར་བའི་སྲིད་པ་ཉིད་ཡེ་ནས་དབྱེར་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་ལས་མ་གཡོས་པའོ། །དེའི་ཕྱིར་ཆོས་ཐམས་ཅད་ཀྱང་ཆོས་ཉིད་དེ་བཞིན་ཉིད་མ་བཅོས་པའི་ངང་ལས་མ་གཡོས་པར་ཡང་དག་པར་རྫོགས་པའོ། །གཉིས་པ་ནི། ལྟ་བའི་ཞུས་ལན་གྱི་འོག་ནས། བཀའ་སྩལ་པ། ཞེས་པ་ནས། ཉིད་ཀྱི་སླད་དུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཀའ་སྩལ་པ། སྐྱེས་བུ་དམ་པ་རྣམས་སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་བགྲོད་པར་འདོད་དམ། གསོལ་པ། ཡོངས་སུ་བགྲོད་པར་མི་བགྱིད་དོ། །བཀའ་སྩལ་པ། ཅིའི་ཕྱིར་བགྲོད་པར་མི་བྱེད། གསོལ་པ། གནས་ལུགས་ཇི་བཞིན་པར་རྟོགས་ནས་སེམས་ཅན་གྱི་རིས་མཐའ་དག་ཡེ་ནས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ཉིད་ཀྱི་སླད་དུའོ། །གསུམ་པ་ནི། འོག་ནས། བཀའ་སྩལ་པ། ཞེས་པ་ནས། ཕྱིན་པའི་ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཀའ་སྩལ་པ། སྐྱེས་བུ་དམ་པ་ས་བཅུ་པོ་རྣམས་ཡོངས་སུ་བགྲོད་པར་འདོད་དམ། གསོལ་པ། ཡོངས་སུ་བགྲོད་པར་མི་བགྱིད་ལགས་སོ། །བཀའ་སྩལ་པ། ཅིའི་ཕྱིར་མི་བགྲོད། གསོལ་པ། ཐམས་ཅད་སངས་རྒྱས་ཀྱི་ས་ལ་མ་བགྲོད་པར་ཡེ་ནས་ཕྱིན་པའི་ཕྱིར། ཡེ་ཤེས་གསང་བ་ལས། དེས་ན་མ་བཅོས་རྫོགས་པའི་ས། །རང་བྱུང་ལྷུན་རྫོགས་ཁྱད་པར་སྣང་། །ས་ཡི་ཁྱད་པར་ཅི་བསྟན་ཀྱང་། །མ་བཅོས་རྫོགས་པའི་ས་ལ་འདུས། །ཞེས་གསུངས་པ་ལྟར་རོ། །བཞི་པ་ནི། བཀའ་སྩལ་པ། ཞེས་པ་ནས། ལྟ་བུ་ལགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཀའ་སྩལ་པ། སྐྱེས་བུ་དམ་པ། སྙིང་པོ་བྱང་ཆུབ་དེ་དཔེ་གང་གིས་བསྟན། གསོལ་པ། བཤེས་གཉེན་དམ་པ། ཕྱོགས་ཐམས་ཅད་ནས་མཐུན་པའི་དཔེ་ནི་གང་ཡང་མ་མཆིས་ཏེ། དཔེ་རྣམས་ནི་ཕྱོགས་རེ་བ་ཡིན་ལ་དོན་ནི་ཕྱོགས་མེད་ཡིན་པས། དཔེ་གང་གིས་ཀྱང་བསྐྲུན་དུ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། དཔེས་མཚོན་དུ་ཡེ་མེད་དམ། གསོལ་པ། འོན་ཀྱང་ཅུང་ཟད་ཙམ་དུ་ཕྱོགས་རེ་ནས་མཐུན་པའི་དཔེ་བཟུང་ན་དཔེའི་རྩ་བ་བཅུ་བཞི་འདི་ལྟ་སྟེ། མཐའ་དབུས་མེད་པར་ཁྱབ་ལ་མ་འགག་པས་དུས་ཐམས་ཅད་པར་གྱུར་པ་ནམ་མཁའ་ལྟ་བུ་དང་། ཕྱོགས་རིས་མེད་པར་ཀུན་ལ་གསལ་ཞིང་བླང་དོར་མེད་པས་ཉི་མ་ལྟ་བུ་དང་། རྟོག་པ་མེད་པར་དགོས་འདོད་འབྱུང་ལ་ཟད་འཕེལ་མེད་ཅིང་མུན་པ་སེལ་ཏེ་ཆུ་དྭངས་པས་ཡིད་བཞིན་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ཀླུའི་གོ་ཆ་ལྟ་བུ་དང་། ཐོག་མཐར་མི་འགྱུར་ཞིང་གཡའ་འམ་དྲི་མ་མེད་པས་རིན་པོ་ཆེ་གསེར་ལྟ་བུ་དང་། མུན་པ་བསལ་ནས་དངོས་པོ་སྟོན་ཞིང་གསལ་བར་མཐོང་བས་སྒྲོན་མ་ལྟ་བུ་དང་། ཉོན་མོངས་པ་ཡེ་ཤེས་སུ་བསྒྱུར་ཞིང་སྡུག་བསྔལ་བདེ་བ་ཆེན་པོར་བསྒྱུར་བས་དུག་འགྱུར་རྩི་ལྟ་བུ་དང་། འདི་ལ་དུག་ཤེས་ནས་འབྲོས་པ་དང་འདྲ་བའི་ཉན་ཐོས། མི་རེག་པ་དང་འདྲ་བའི་རང་རྒྱལ། བསྲུང་བ་འཆང་བས་མི་གནོད་པ་དང་འདྲ་བའི་བྱང་སེམས། སྔགས་ཀྱིས་བཅོམ་པ་དང་འདྲ་བར་སྐུ་གསུང་ཐུགས་ལྷའི་ཆ་ལུགས་ཅན་ཕྱི་པ། སྨན་སྔགས་ཀྱིས་བདུད་རྩིར་བསྒྱུར་བ་དང་འདྲ་བའི་ནང་པའོ། །ཞེས་པའི་སྟོང་ཐུན་ཀྱང་ཆོས་རྗེའི་ཕྱག་མཆན་ན་བཞུགས་སོ། །རྟོག་པ་ཡེ་ཤེས་ཀྱི་ཀློང་དུ་བསྒྱུར་བས་གསེར་འགྱུར་གྱི་རྩི་ལྟ་བུ་དང་། རང་བཞིན་གྱིས་དྲི་མ་མེད་ཅིང་མི་འགྱུར་བས་བཻ་ཌཱུརྱ་ལྟ་བུ་དང་། གཏིང་ཟབ་ཅིང་ཡོན་ཏན་གྱི་རླབས་ལ་ཟད་འཕེལ་མེད་པས་རྒྱ་མཚོ་ཆེན་པོ་ལྟ་བུ་དང་། ངོ་བོ་མི་འགྱུར་ལ་སེལ་མེད་ཅིང་གཉེན་པ་དང་བྲལ་ཏེ་མི་འཇིག་པས་རྡོ་རྗེའི་སྙིང་པོ་ལྟ་བུ་དང་། འདི་ལ་ཕྱག་དཔེ་ལ་ལར། སེལ་མེད་པའམ་མི་འགྱུར་བས་རྡོའི་སྙིང་པོ་ཞེས་ཀྱང་བཞུགས། རྣམ་རྟོག་ཟིལ་གྱིས་གནོན་པས་རྩལ་གྱིས་གནོན་པ་སེང་གེ་ལྟ་བུ་དང་། ཤེས་རབ་ཀྱིས་འཇུག་ཏུ་མེད་པའི་ཚུལ་གྱིས་འཇུག་སྟེ་རིག་ཅིང་གསལ་ལ་བར་ཆད་མེད་པས་ཡུལ་ལ་འཇུག་པ་རྣམ་ཤེས་ལྟ་བུ་དང་། སེལ་དང་བྲལ་ཏེ་ཐམས་ཅད་ཆོས་ཉིད་གཅིག་ཏུ་འཁྱིལ་བས་གསེར་རྡོ་རིན་པོ་ཆེ་ལྟ་བུ་དང་། མ་འདྲེས་པར་གསལ་ལ་སྟོང་པས་མངོན་པར་སྤྲོ་བ་སྐྱེད་པ་ངོ་མཚར་གྱི་རྫས་འཇའ་ཚོན་ནམ་རི་མོའི་རྣམ་པ་ལྟ་བུ་ལགས་སོ། །དེ་དག་ཆོས་ངུ་དང་ལྡན་པའི་དཔེར་གྱུར་པས་ཕལ་ཆེར་འཆད་པར་འགྱུར་ཡང་ཀུན་གྱི་དོན་ལའང་སྦྱར་རོ། །ལྔ་པ་ནི། བཀའ་སྩལ་པ། ཞེས་པ་ནས། གྲགས་པ་ལགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཀའ་སྩལ་པ། སྐྱེས་བུ་དམ་པ་སྙིང་པོ་བྱང་ཆུབ་དེ་མཚོན་པའི་མིང་ཇི་ལྟར་གྲགས། གསོལ་པ། བཤེས་གཉེན་དམ་པ་མིང་ནི་ཚིག་གི་བླ་དྭགས་ཏེ། མིང་ལ་ངེས་པ་གང་ཡང་མ་མཆིས་པས། མིང་ཚིག་རྣམས་ནི་མཐའ་ཅན་ཡིན་ཕྱིར། དོན་ནི་མཐའ་དབུས་མེད་པ་ལ་སྨྲ་བརྗོད་དང་བྲལ་བ་ལགས་སོ། །བཀའ་སྩལ་པ། ཡེ་མིང་གིས་མཚོན་དུ་མེད་དམ། གསོལ་པ། གང་ཡོངས་སུ་མི་དམིགས་པ་ལས། བློ་ཆུང་བ་ལ་ཕྱོགས་རེ་ནས་བརྗོད་པའི་དབང་དུ་མཚོན་ན། མིང་གི་རྣམ་གྲངས་སུ་བཏགས་པ་ནི། ཐ་དད་པ་ཇི་ལྟར་བཏགས་པ་དེ་ལྟར་ཆགས་པ་ལགས་པས་མཚན་གྱི་ཁྱད་པར་བཅུ་དྲུག་ཏུའང་གྲགས་ཏེ། མཐའ་དབུས་མེད་པས་སྙིང་པོ་བྱང་ཆུབ་ཉིད་དང་། གཞན་དུ་མེད་པས་དེ་ཉིད་དང་། མ་ནོར་བས་དེ་ཁོ་ན་ཉིད་དང་། མ་བཅོས་པས་དེ་བཞིན་ཉིད་དང་། རྣལ་མར་ངེས་པས་ཇི་བཞིན་པ་དང་། མ་འཁྲུལ་བས་མ་ནོར་བ་དང་། ཡེ་ནས་གནས་པས་མ་བཅོས་པ་དང་། བྱ་རྩོལ་གྱིས་མི་རྙེད་པས་གཞན་མ་ཡིན་པ་དང་། སྤྲོས་པ་བྲལ་བས་ཆོས་ཉིད་དང་། མུ་མཐའ་མེད་པས་ཆོས་ཀྱི་དབྱིངས་དང་། རྟོག་གེ་བས་མི་རྟོགས་པས་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་རྣམས་ཀྱི་དགོངས་པའི་ཞེ་ཕུགས་ཡིན་པས་ཡང་དག་པའི་མཐའ་དང་། ཟབ་ཅིང་རྟོགས་པར་དཀའ་བའི་ཡོན་ཏན་དང་ལྡན་པས་གསང་སྔགས་དང་། དོན་དང་མི་འབྲལ་བའི་ཡོན་ཏན་དང་ལྡན་པས་གཟུངས་སྔགས་དང་། དོན་རིག་པའི་ཡོན་ཏན་དང་ལྡན་པས་རིག་སྔགས་དང་། མ་ཤོང་བ་མེད་པས་ཐེག་པ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་ལགས་སོ། །འོ་ན་བཤད་པ་དང་འཆད་པའི་དྲི་ལན་བཞི་བཅུ་རྩ་བཞི་པོ་འདི་དག་སྟོན་པ་དང་འཁོར་གང་གིས་གང་ལ་གསུངས་ཞེ་ན། ཕྱག་ན་རྡོ་རྗེ་སྐྱེས་བུས་ནི་འཁོར་ལ་སྔར་སྟོན་པ་ལས་ཐོས་པའི་དོན་བརྗོད་ལ། འདི་ཉིད་རྡོ་རྗེ་སེམས་དཔའ་ཆེན་པོ་དང་། རིགས་ལྔ་ལྟ་བུར་སྣང་བའང་སྟོང་པ་ཉིད་ལས་སྒྲ་དུས་གཅིག་ཏུ་སྣང་བའི་ཕྱིར་རྡོ་རྗེ་འཛིན་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་ངོ་བོས་གཉི་ག་བཀའ་སྩལ་པའོ། །དེ་ལ་སྐྱེས་བུ་དང་སྟོན་པ་ཡང་སྙིང་པོ་བྱང་ཆུབ་ཉིད་ཀྱིས་ཕྱིར་གསང་བ་པོས་ཀྱང་སྟོན་པ་རྡོ་རྗེ་འཆང་གཅིག་ལས་ཐོས་པར་ཡང་བསྙད་དོ། །དྲུག་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། བཀའ་སྩལ་པ། ཞེས་པ་ནས། སྣང་ལགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཀའ་སྩལ་པ། སྐྱེས་བུ་དམ་པ་སྙིང་པོ་བྱང་ཆུབ་དེ་ཇི་ལྟར་སྣང་། གསོལ་པ། སྙིང་པོ་བྱང་ཆུབ་ནི་མ་སྐྱེས་པ་ཉིད་དེ་སྐད་ཅིག་ཀྱང་དངོས་པོ་དང་མཐའ་གང་དུའང་སྣང་མི་སྲིད་པ་ལགས་སོ། །བཀའ་སྩལ་པ། ཅི་གང་དུའང་མི་སྣང་ངམ། གསོལ་པ། འོན་ཀྱང་ཆད་པ་ལྟ་བུ་མིན་ཏེ་ཐམས་ཅད་ཀྱི་དངོས་གཞི་བས་ཇི་ལྟར་བལྟས་པ་དེ་ལྟར་སྣང་ལགས་སོ། །གཉིས་པ་ལ་གཉིས་ཏེ། ཅིར་ཆར་འཇུག་པ་ལམ་གྱི་གཞིར་བསྟན་པ། ལམ་ཀློང་དུ་གྱུར་པ་ཡོན་ཏན་གྱི་གཞིར་བསྟན་པའོ། །དང་པོ་ནི། བཀའ་སྩལ་པ། ཞེས་པ་ནས། སྣང་བ་ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། བྱང་ཆུབ་སེམས་ཀྱི་མཚན་ཉིད་བདུན་ཅུ་རྩ་གསུམ་གྱིས་སེམས་སྣང་བའི་ཆོས་གྲུབ་པར་བྱེད་དེ། སྙིང་པོ་བྱང་ཆུབ་ནི་རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་དང་བྲལ་ཏེ་མ་འདྲེས་ཡོངས་རྫོགས་ཀྱི་ངོ་བོ་སྟེ། བཀའ་སྩལ་པ། སྙིང་པོ་བྱང་ཆུབ་དེ་ཇི་ལྟར་ཡོངས་སུ་སྣང་། གསོལ་པ། འདི་ལྟ་སྟེ། སྙིང་པོ་བྱང་ཆུབ་ཀྱི་སེམས་ནི་བཤད་པ་ལྟར་རིལ་བསྣུམས་ཏེ་ཀུན་ལ་ཁྱབ་པས་རྣམ་པ་ཐམས་ཅད་པའི་ཕྱིར་ཕྱོགས་གཅིག་པའི་རྣམ་པ་ཀུན་དང་བྲལ་བས་སྣང་བ་མེད་པ་ཉིད་དོ། །དེ་ནི་མི་མཐུན་པ་དང་མཐུན་པའི་གཏན་ཚིགས་གཉིས་ལས། མི་མཐུན་པའི་གཏན་ཚིགས་ཀྱིས་བསྟན་པ་སྟེ་རྗེས་སུ་མཐུན་པ་དག་ཀྱང་སྦྱར་རོ། །ཡེ་ནས་བདག་ཉིད་ཆེན་པོ་མ་བསྐུངས་པར་ལྐོག་ཏུ་མ་གྱུར་པས་གང་དུ་ཡང་མ་སྦས་ལ། མིག་གིས་མིག་མི་མཐོང་བ་ལྟར། དེ་ཉིད་ལྷན་སྐྱེས་དང་ཀུན་བརྟགས་གཉིས་ཀྱིས་བསྒྲིབས་ཏེ་ཇི་བཞིན་དུ་མཐོང་བ་མེད་པ་ཉིད་དོ། །དུས་གསུམ་དུ་རང་རིག་དང་མི་ཕྱེད་པས་ཡེ་ནས་མ་བྲལ་ལ་རྒྱལ་བུ་དྭའུ་ལྟར་བདག་ཞལ་མ་མཐོང་བས་ངོ་མ་ཤེས་པ་ཉིད་དོ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་ངོ་བོ་མི་ཟིན་པས་བརྟགས་ན་མ་མཐོང་ལ་ཇི་ལྟར་བསམ་པ་ལྟར་འབྱུང་བས་ཅིར་ཡང་སྣང་བ་ཉིད་དོ། །ངོ་བོ་མི་མཐུན་པ་ཐ་དད་དུ་སྣང་བས་སྣ་ཚོགས་སུ་སྣང་ཡང་དེ་ཉིད་རང་རིག་པ་ཉིད་དུ་རྫོགས་ཏེ་མཐའ་གྲོལ་བས་དངོས་པོ་མེད་པ་ཉིད་དོ། །ཇི་སྙེད་འཁོར་བའི་ཁ་བརྒྱུད་དེ་བསྐལ་པར་འཁྱམས་ཀྱང་གཞན་མ་ཡིན་པའི་ཕྱིར་མ་བརླག་མ་ཕྱེ་བས་སྟོར་བྲལ་མེད་པ་ཉིད་དོ། །མཚན་རྟོག་ཇི་སྙེད་པ་ལས་མ་བཀོལ་བར་སྣ་ཚོགས་བསྒོ་ཡང་བྱང་ཆུབ་སེམས་ཀྱི་ངོ་བོ་རྣམ་པའི་ཕྱོགས་སུ་མ་གཡོས་པས་འགྱུར་བ་མེད་པ་ཉིད་དོ། །དངོས་གཞི་བཙལ་ན་ཆ་ཙམ་མི་རྙེད་པས་རྡུལ་ཆ་མེད་པར་སྣོད་བཅུད་ལ་སོན་བས་སྣང་སྲིད་ཁྱབ་པ་ཉིད་དོ། །ངོ་བོ་མཐའ་གསུམ་དང་བྲལ་བས་སྟོང་པ་ཉིད་ལས་ཇི་སྙེད་དུ་སྣང་བས་སྣ་ཚོགས་འབྱུང་བ་ཉིད་དོ། །ངོ་བོའི་རྣམ་པ་མི་རྙེད་པས་དངོས་གཞི་མེད་པར་ཐང་སྙད་ཇི་སྙེད་ཀྱི་མིང་དུ་གྲགས་པས་ཅིར་བཏགས་ཆགས་པ་ཉིད་དོ། །གྲུབ་མཐའི་ཕྱོགས་ཀྱིས་བརྩལ་གནས་མེད་པར་ཐེག་པ་སོ་སོའི་ཇི་ལྟར་གཉེར་བའི་འབྲས་བུར་སྣང་བས་ཅིར་བསྒྲུབ་འགྲུབ་པ་ཉིད་དོ། །དབྱིབས་དང་ཁ་དོག་གི་རྣམ་པ་བྲལ་བས་གཟུགས་མཚན་མེད་པར་དངོས་པོ་བཟང་ངན་ཇི་ལྟར་མནོས་པ་ལྟར་སྣང་བས་ཅིར་བལྟས་སྣང་བ་ཉིད་དོ། །ངོ་བོ་མེད་ལ་ཡུལ་དང་བྲལ་བས་ཅི་ཡང་མེད་པར་རིལ་མ་འདྲེས་རྫོགས་པར་གསལ་བས་ཅིར་ཡང་རིག་པ་ཉིད་དོ། །མཐའ་མ་དམིགས་ལ་མ་འགགས་པས་ཁྱབ་གདལ་འུབ་ཆུབ་ཆེན་པོར་གཅིག་དང་དུ་མས་གྲོལ་བས་གཅིག་མཐའ་ཡས་པ་ཉིད་དོ། མཐའ་གང་གིས་ཀྱང་མ་རེག་ལ་ཆ་མེད་ཉིད་པས་ཀུན་བྲལ་ཉག་གཅིག་ལ། རིལ་མ་བཀོལ་བར་ལྷུན་གྱིས་གྲུབ་པས་ཅི་མ་སྤངས་པ་ཉིད་དོ། །རིལ་རང་བྱུང་ཡེ་ཤེས་ཀྱི་ཀློང་དུ་གསལ་བས་ཕྱི་དང་ནང་མེད་པར་དེ་ཉིད་མ་སྤངས་བྲལ་བས་ཀུན་ཏུ་ནང་ཉིད་དོ། །མཛད་པ་དང་ཡོན་ཏན་གྲངས་ལས་འདས་པར་ཤར་བས་མཐའ་ཡས་བྱུང་ཡང་རྒྱུན་ཆད་པ་དང་འཕེལ་འགྲིབ་བྲལ་བས་ཟད་པ་མེད་པ་ཉིད་དོ། །ངོ་བོ་བློ་དང་མིང་གིས་མ་བརྟགས་མ་བསྙད་དེ་བསམ་བརྗོད་མེད་པས་མ་བཟུང་མ་བཏགས་ཀྱང་བློ་དང་སྒྲ་བརྗོད་མ་བཀོལ་བས་གང་དུ་ཆགས་པ་ཉིད་དོ། །དངོས་པོ་དང་ཐེར་ཟུག་ལས་གྲོལ་བས་གདོས་པ་མེད་པར་ངོ་བོ་ཉིད་མི་འགྱུར་བས་རྟག་པར་ལྷུང་བ་ཉིད་དོ། །འདི་ནི་ཐེར་ཟུག་དང་རྒྱུན་གྱི་རྟག་པ་གཉིས་ལས་འདས་པས་ཇི་བཞིན་པ་འདུས་མ་བྱས་པའི་ངོ་བོ་ཉིད་དེ། ལ་ཤན་ལྟ་བའི་མེ་ལོང་ལས། གང་གིས་དོན་འདི་མཐོང་གྱུར་ན། །དེ་བཞིན་གཤེགས་པ་ཁོ་ནའི་ཕྱིར། །ཇི་བཞིན་པ་ཡི་དངོས་དེ་བཞིན། །རྟག་གཉིས་གྲོལ་བའི་ཡེ་ཤེས་སྐུ། །ངོ་བོ་ཉིད་རྟག་བརྗོད་ལས་འདས། །ཞེས་སོ། །སུས་ཀྱང་མ་བཏེགས་པས་འདེགས་པ་མེད་པར་རང་བཞིན་གསལ་ལ་མ་བསྒྲིབས་པས་མཁའ་ལ་འགྲོ་བ་ཉིད་དོ། །བགྲོད་པའི་ཐབས་ལ་མ་བརྟེན་པས་ཡན་ལག་མེད་པར་དབྱེ་བ་མེད་པའི་ས་ཉིད་ནོན་པས་ས་རྣམས་བགྲོད་པ་ཉིད་དོ། །ཆོས་ཉིད་ལ་འགྲོ་འོང་མེད་པས་གར་ཡང་མ་གཡོས་ལ་ཐམས་ཅད་དུ་སོན་ཏེ་རིལ་གྱི་བདག་ཉིད་དུ་གྱུར་པས་ཀུན་ཏུ་ཕྱིན་པ་ཉིད་དོ། །གཡོ་བ་བྲལ་བས་བསྐྱོད་མེད་པར་ཅིར་ཡང་སྣང་བས་ཐོགས་མེད་མྱུར་བ་ཉིད་དོ། །ཇི་སྙེད་དུ་སྣང་བས་ཐ་དད་སྤྲོས་ཀྱང་རང་བྱུང་རྒྱ་མཚོར་གཅིག་པའི་ཕྱིར་ཏེ་འགྲེ་ལྡོག་སྤྱི་ཚུགས་གར་འགྲོས་ཀྱང་སྙིང་པོའི་དོན་ལས་མི་འདའ་བས་གཅིག་ལས་མ་གཡོས་པ་ཉིད་དོ། །ངོ་བོ་ཐིག་ལེ་ཆེན་པོར་འགྲོ་འོང་ཡེ་བྲལ་བས་གཅིག་ལས་མ་གཡོས་པར་དེ་ཉིད་རིལ་གྱི་དངོས་གཞིར་གྱུར་ཏེ་ཅི་ལྟར་ཤར་བས་སྣ་ཚོགས་སུ་སྣང་བ་ཉིད་དོ། །གཉིས་པ་ལ་བཞི་སྟེ། ཆོས་ཐམས་ཅད་ཀྱི་གཞིར་བསྟན་པ། མྱ་ངན་ལས་འདས་པའི་གཞིར་བསྟན་པ། དེ་དང་འདྲ་བའི་གཞིར་བསྟན་པ། བསྙེན་བསྒྲུབ་ཀྱི་གཞིར་བསྟན་པའོ། །དང་པོ་ནི། ཐམས་ཅད། ཅེས་པ་ནས། རྩ་བ་ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། ཚིག་གཅིག་ཀྱང་གཏན་ཚིགས་དང་དོན་ཕྱེད་མར་འགྲེལ་ཏེ། ཀུན་འདུས་ལས། འཇུག་པའི་ཕྱིར་ནི་ལམ་མོ། །འཁྲུལ་པའི་ཕྱིར་ནི་འཁོར་བའོ། །ཞེས་སོགས་གསུངས་པ་ལྟར། སྙིང་པོ་བྱང་ཆུབ་ཀྱི་དོན་ལ་ལམ་པ་ཐམས་ཅད་གནས་ཏེ་ཕྱིན་པ་མེད་པར་ཕྱིན་པའི་ཚུལ་གྱིས་འཇུག་པས་དུས་གསུམ་གྱི་ཤུལ་ལམ་མ་ནོར་བ་ཉིད་དོ། །དངོས་པོ་ངན་པ་གང་ཡང་མ་བཀོལ་བའམ་མ་སྤངས་པར་དེའི་ངོ་བོར་སྣང་བས་འཁོར་བ་ཉིད་དོ། །ཆོས་ཉིད་ཡེ་ནས་མ་བྲལ་ཡང་ངོ་མ་ཤེས་པར་འཁྲུལ་ཏེ་ནོར་བར་སྣང་བའང་དེ་ཉིད་ཡིན་པས་སེམས་ཉིད་དོ། །ནང་གི་ཆུ་བོ་སྐྱེ་རྒ་ན་འཆི་བཞི་ལས་སྒྲོལ་བ་པོ་ཡང་དེ་ཉིད་མཐོང་བ་ཡིན་པས་གྲུ་ཆེན་ཉིད་དོ། །ས་དང་ཐེག་པའི་ངོ་བོར་ཤར་ཏེ་མྱང་འདས་ལ་རྣམ་པར་བསྐྱོད་པས་བགྲོད་པ་ཉིད་དོ། །ངོ་བོ་བདེ་ཆེན་ཉིད་ལ་གཉིས་སུ་དམིགས་པ་མེད་པས་ཆོས་སྐུ་ཆེན་པོར་བྱང་ཆུབ་བོ། །དྲན་རིག་ཇི་སྙེད་པར་རང་ཤར་ཏེ་རྣམ་པ་སྣ་ཚོགས་སུ་ངེས་པས་སེམས་ཉིད་དོ། །རིལ་མ་འདྲེས་པར་གསལ་ཏེ་ཤེས་བྱ་ཀུན་ལ་མཁས་པས་ཤེས་རབ་བོ། །ཐམས་ཅད་ཀྱི་ངོ་བོ་གསལ་ལ་ངང་ལས་མི་གཡོ་བས་ཏིང་ངེ་འཛིན་ནོ། །རིལ་མ་བགྲོད་པར་འགྲོ་འོང་བྲལ་ཏེ་ཇི་བཞིན་པར་ཕྱིན་པས་གནས་ཉིད་དོ། །འགྲན་གྱི་དོ་ཟླ་མེད་པས་རབ་ཉིད་དོ། །ཡ་མཚན་ལྔའི་བདག་ཉིད་ངོ་མཚར་བའི་གནས་སུ་གྱུར་པས་མཆོག་ཉིད་དོ། །ཆེ་བཙན་གཅིག་པུར་བྱུང་སྟེ་རྣམ་པར་འཕགས་པས་ཕུལ་ཉིད་དོ། །སྙིང་པོ་བྱང་ཆུབ་ལ་དབང་དུ་བྱེད་པའི་རྗེ་བོ་དང་ཟིལ་གྱིས་གནོན་པའི་གཉེན་པོ་མེད་པས་བླ་ན་མེད་པ་ཉིད་དོ། །མུ་མཐའ་བྲལ་ཏེ་གཏིང་མི་རྙེད་པས་ཟབ་པ་ཉིད་དོ། །བསལ་བློས་ངོ་བོར་མི་རེག་སྟེ་དཔག་ཏུ་མེད་པས་ན་གབ་པའི་ཕྱིར་གསང་བ་ཉིད་དོ། །ངོ་བོ་གཟུང་དཀའ་ཞིང་ཕྲ་སྟེ་ལྟ་བ་པོ་ལ་ཕྱོགས་སུ་མི་མངོན་པས་མི་གསལ་བ་ཉིད་དོ། །དངོས་པོ་གཉིས་པ་རིལ་མི་འགོག་པར་ཐམས་ཅད་འབྱུང་བས་ཆོས་སོ། །གཞི་ལམ་མཐར་ཐུག་པས་ངོ་བོ་མ་བརྗེས་ཏེ་མི་འགྱུར་བས་དེ་ཁོ་ན་ཉིད་དོ། །བསྒྲུབ་བྱའི་མཆོག་ཏུ་གྱུར་པའི་གོ་འཕང་གི་ས་ཉིད་ནོན་པས་བྱང་ཆུབ་སེམས་དཔའ་འོ། །ཞེན་པ་གཉིས་ཀྱི་སྐད་ཅིག་མ་མ་སྤངས་བྲལ་ཏེ་རྒྱུན་སངས་ཤིང་རྣམ་ཀུན་མཁྱེན་པའི་ཡེ་ཤེས་ཤེས་བྱའི་ཆོས་སོ་ཅོག་ལ་ཁྱབ་པས་སངས་རྒྱས་ཉིད་དོ། །ཐམས་ཅད་གནས་པའི་རྟེན་གཞིར་གྱུར་པས་རྩ་བ་ཉིད་དོ། །གཉིས་པ་ནི། ཐམས་ཅད་བསྐྱེད། ཅེས་པ་ནས། ཕྲིན་ལས་ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། ཇི་བཞིན་པའི་དེ་ཁོ་ན་ཉིད་ཤེས་རབ་ཆེན་པོའི་དབྱིངས་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཤར་ཞིང་སྐྱེད་པས་མའམ་ཡུམ་ཉིད་དོ། །གཞི་དེ་ལས་ཐབས་ཆེན་པོའི་ཡེ་ཤེས་རང་བྱུང་ཞིང་སྣང་བས་ཕའམ་ཡབ་ཉིད་དོ། །རྒྱལ་བའི་གདུང་རྒྱུད་ཡིན་ལ་བྱང་ཆུབ་ཆེན་པོ་འཛིན་པས་སྲས་ཉིད་དོ། །གཞན་ལ་རག་མ་ལས་པར་ཡེ་ནས་རང་བྱུང་བ་ཉིད་པས་དབང་རིལ་གྱི་སྡོང་པོའི་བདག་ཉིད་དོ། །དུས་གསུམ་དུ་མི་འགྱུར་ཞིང་མ་ཆད་པར་དེ་བཞིན་ཉིད་པས་གདུང་ཆེན་པོ་ཉིད་དོ། །དལ་པོས་མཆོངས་ཀྱང་ཁང་ཐོག་སྟེ་མགྱོགས་པས་བྲོས་ཀྱང་དེ་ལས་གཞན་དུ་མི་ཕྱིན་པར་འདའ་བར་དཀའ་བས་ཐུགས་དམ་ཆེན་པོ་ཉིད་དོ། །རྒྱལ་བ་དང་ལམ་ལ་གནས་པ་རིལ་ཞེའམ་དངོས་པོ་རིལ་དེས་བཟུང་སྟེ་རྣམ་པར་འཚོ་བས་སྲོག་ཉིད་དོ། །རྒྱལ་བའི་ཡོན་ཏན་དང་འཁོར་བའི་ལོངས་སྤྱོད་རིལ་ཟད་པ་མེད་པར་ཤར་ཏེ་ཟད་མི་ཤེས་པས་གཏེར་ཆེན་པོ་ཉིད་དོ། །རིལ་གྱི་རེ་བ་སྐོངས་ཏེ་འདོད་པ་སྒྲུབས་པས་ནོར་ཉིད་དོ། །དུས་གསུམ་དུ་རྒྱུན་གྱིས་འབྱུང་བའི་སྙིང་རྗེས་ཀུན་གྱི་དོན་མཛད་ཅིང་བྱ་བ་བྱེད་པས་བྲན་ཉིད་དོ། །དེ་ཁོ་ན་ཉིད་ཀྱི་རྟེན་གཞི་མི་འགྱུར་བར་རྣམ་པར་བརྗིད་པའི་ལྷུན་པོར་བཞུགས་པས་སྐུ་ཉིད་དོ། །བརྗོད་མེད་ཀྱི་ངང་ལས་སྨྲ་བརྗོད་ཀུན་འབྱུང་སྟེ་དོན་འཇལ་བར་བྱེད་པས་གསུང་ཉིད་དོ། །རིལ་མ་འདྲེས་རྫོགས་པར་གསལ་ལ་མི་རྟོག་པར་ཐམས་ཅད་མཁྱེན་པས་ཐུགས་ཉིད་དོ། །དངོས་གྲུབ་དང་འབྲས་བུའི་གཞིར་གྱུར་ཏེ་འདོད་རྒུ་འབྱུང་བས་ཡོན་ཏན་ཉིད་དོ། །ཐམས་ཅད་ཀྱི་དོན་རྒྱུན་ཆད་མེད་པར་མཛད་པ་ཆེན་པོའི་བྱ་བ་བྱེད་ཅིང་དོན་མཛད་པས་ཕྲིན་ལས་ཉིད་དོ། །གསུམ་པ་ནི། ཡུལ་ལ། ཞེས་པ་ནས། ཕྱག་རྒྱ་ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། འདོད་པ་སྣ་ཚོགས་པའི་ཡུལ་རིལ་ལ་ཀུན་ཏུ་འགྲོ་བས་འདོད་པ་ཉིད་དོ། །འཁོར་འདས་གཉིས་ལ་ཡུལ་དང་བྲལ་བར་རོལ་ཏེ་དེ་ཉིད་ལ་སྤྱོད་པས་ལོངས་སྤྱོད་ཆེན་པོ་ཉིད་དོ། །རིལ་གྱི་རྒྱུར་གྱུར་པ་སྤྱད་བྱ་ཉིད་དུ་སྣང་བས་ཡོ་བྱད་ཆེན་པོའོ། །འདོད་པའི་རྐྱེན་རིལ་དབྱིངས་ལ་རྫོགས་ཏེ་དགོས་པ་ཚང་བས་ཚོགས་ཆེན་པོའོ། །བྱ་བ་མ་སྤངས་ལ་བྱ་བ་བརྩལ་མེད་པའི་སྙིང་པོར་གནས་པས་དོན་ཐམས་ཅད་གྲུབ་པའོ། །དངོས་ལ་ཅིར་ཡང་ཤར་ཏེ་སྣ་ཚོགས་སུ་འཕྲུལ་ཡང་མཚན་ཉིད་མ་ངེས་པས་ཆོ་འཕྲུལ་ཉིད་དོ། །སྐུ་ཕྱག་རྒྱ་ལ་སོགས་པར་རྐྱེན་ལ་རག་མ་ལས་པར་ཤར་ཏེ་མཚན་མར་བྱུང་བས་ཕྱག་རྒྱ་ཉིད་དོ། །བཞི་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། གཞན་ནས། ཞེས་པ་ནས། བསྒྲུབ་པ་ཆེན་པོའོ། །ཞེས་པའི་བར་གྱིས་བསྟན་ཏེ། གོ་འཕང་ལོགས་ནས་མི་གཉེར་བས་གཞིའི་ཕྱིར་གཞན་ནས་མི་ཚོལ་བས་བསྙེན་པ་ཉིད་དོ། །དེ་ལས་ཐོབ་བྱ་རང་རིག་པ་ཉིད་ཡིན་པས་དོན་གཞན་ནས་མ་བྱུང་བའི་ཕྱིར་རང་ལས་བྱུང་བས་ཉེ་བའི་བསྙེན་པ་ཉིད་དོ། །རྒྱུ་འབྲས་གཉིས་སུ་མེད་པར་འབྲས་བུ་ཉིད་ལམ་ཡིན་པའི་ཕྱིར་སྙིང་པོ་ཉིད་པས་བསྒྲུབ་པའོ། །གྲུབ་མཐའ་ཆེན་པོར་རང་ཉིད་ཡེ་གྲུབ་ཟིན་པའི་ཕྱིར་འབྲས་བུ་ཉིད་པས་བསྒྲུབ་པ་ཆེན་པོའོ། །གཉིས་པ་ནི། བཀའ་སྩལ། ཞེས་པ་ནས། གང་དུ་ཡང་མེད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བས་ན་གཞི་ལམ་མཐའ་རིལ་དུ་སྙིང་པོ་བྱང་ཆུབ་འགྲོ་འོང་མེད་པར་སྣང་བར་ལ་གཅད་དེ། བཀའ་སྩལ་པ། སྐྱེས་བུ་དམ་པ་དག །བྱང་ཆུབ་ཀྱི་སྙིང་པོ་དེ་ཇི་ལྟར་བསྒྲུབ། གསོལ་པ། བསྒྲུབ་ཏུ་མ་མཆིས་ལགས་སོ། །བཀའ་སྩལ་པ། ཇི་ལྟར་བསྒྲུབ་ཏུ་མེད། གསོལ་པ། གནས་ལུགས་ཡེ་ནས་འབྲས་བུ་ཡེ་སངས་རྒྱས་པར་གྲུབ་པ་གང་དེ་བྱང་ཆུབ་སྙིང་པོ་ཉིད་ཀྱི་སླད་དུའོ། །བཀའ་སྩལ་པ། ཡེ་ནས་ཇི་ལྟར་གྲུབ། གསོལ་པ། ཡེ་གྲུབ་ཟིན་པའི་གཏན་ཚིགས་བཞི་སྟེ་འབྲས་བུ་གཞན་ནས་མི་འབྱུང་བ་དང་། རང་རིག་པ་ལས་འབྱུང་བ་དང་། རྩོལ་བའི་བྱ་བརྩལ་མེད་པ་དང་། རྒྱུ་རྐྱེན་མེད་པར་རང་བྱུང་བའི་ཕྱིར། ཡེ་ནས་ཉམས་སུ་ལོན་པ་ཉིད་དུ་ངེས་པའོ། །ཞེས་དོན་དེ་ལྟ་དཔེ་དེ་ལྟར་སྟོང་པ་ཉིད་ཆེན་པོ་སྙིང་པོ་བྱང་ཆུབ་ཀྱི་བྱིན་རླབས་ལས་སྒྲ་བྱུང་བས། དེ་ཁོ་ན་ཉིད་དེ་ཁོ་ན་ཉིད་དུ་ངེས་པར་དོན་གྱི་ངོ་བོ་ལས་གཞན་པ་མེད་པས་ཐམས་ཅད་ནས་ཐམས་ཅད་དུ་སྙིང་པོ་བྱང་ཆུབ་ཉིད་ལས་མ་གཏོགས་པ་གང་དུ་ཡང་མེད་དོ། །བདུན་པ་ལ་གསུམ་སྟེ། སྙིང་པོ་བྱང་ཆུབ་ཏུ་ངེས་པ་དངོས། རུ་ཏྲ་བཏུལ་བའི་ཚེ་སྐུ་ལྔར་བཞེངས་པར་བསྐུལ་བ། སྐུ་ལྔར་བཞེངས་པའི་ཚུལ་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། འགྲེལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ལྟར་སྐྱེས་བུ་དམ་པ་དངོས་པོའི་གནས་ལུགས་སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་དེ་དག་ཆོས་ཉིད་བདེ་བ་ཆེན་པོ་ཀུན་ཏུ་མི་གཡོ་བའི་ངང་ལས་རྣམ་པར་མི་རྟོག་པ་ཉིད་དུ་ཞི་བ་ལྷན་ནེ་བར་གནས་པ་དེའི་ཚེ་དེའིི་དུས་ན་དགོངས་པ་ཆོས་ཉིད་ཀྱི་ནམ་མཁའ་ལ་འགྲེལ་པ་ཡེ་ཤེས་ཀྱི་ཉི་མ་གདལ་ཏེ་ཐམས་ཅད་དེ་ཁོ་ན་ཉིད་དུ་ངེེས་པར་གདེངས་སུ་གྱུར་ཏེ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཉིད་དུ་ཡང་དག་པར་འགྲེལ་ཏོ། །གཉིས་པ་ནི། དེའི་ཚེ། ཞེས་པ་ནས། རིག་པས་བསྐུལ་ཏེ། ཞེས་པའི་བར་གྱིས་བསྟན་ཏེ། སྙིང་པོ་བྱང་ཆུབ་ཏུ་ངེས་པ་དང་གདུལ་བྱའི་སྐབས་ལ་བབ་པ་དུས་གཅིག་པའི་ཁུངས་ཏེ། ཐུབ་དཀའ་གཞོན་ནུ་དང་སྐྱེས་བུ་ལྔ་དག་ཇི་བཞིན་པར་སོན་ཞིང་ངེས་པ་རྙེད་པ་དེའི་ཚེ་དེའི་དུས་ནི་དངོས་སུ་ན་རུ་ཏྲ་སྣང་བའི་བསྐལ་པའི་དུས་ཉིད་དེ་སྙིང་པོ་བྱང་ཆུབ་ནི་དུས་གསུམ་མ་འགགས་བྲལ་བ་ལ་ཚེ་སྐབས་མེད་ཀྱང་གདུལ་བྱའི་ངོ་བཙན་ནོ། །གདུལ་བྱ་ལ་སྔོན་གྱི་གླེང་གཞི་སྨོས་པའང་འདིའི་ཕྱིར་ཏེ། གསང་སྔགས་འབྱུང་བའི་རྒྱུ་ཁྱད་པར་དུ་གྱུར་པ་ཐར་པ་ནག་པོ། རྐྱེན་ཁྱད་པར་དུ་གྱུར་པ་གསང་སྔགས་ཀྱི་སྤྱོད་པ། རྟེན་སྟོབས་ཁྱད་པར་དུ་གྱུར་པ་ཐུབ་དཀའ་གཞོན་ནུ། ལས་ཁྱད་པར་དུ་གྱུར་པ་སྦྱོར་སྒྲོལ་རང་ཀ་མ། འབྲས་བུ་ཁྱད་པར་དུ་གྱུར་པ་རུ་ཏྲ་ཉིད་གདུལ་བར་བྱ་བའི་ཞིང་ཁྱད་པར་དུ་བྱུང་བ། འཇིག་རྟེན་གྱི་ཁམས་གསུམ་པོ་སྲེག་པར་བྱེད་པ། ཁྲོ་བོའི་ཚུལ་ཅན་གདུལ་བྱའི་དུས་ལ་ངེས་པར་བབ་པའི་ཚེ། འདི་བྱུང་བས་འདི་འབྱུང་པའི་ཕྱོགས་དུས་ཀུན་གྱི་སངས་རྒྱས་ཐམས་ཅད་སྙིང་པོ་བྱང་ཆུབ་གང་ན་བར་འདུས་ནས་ཞེས་པ་གདུལ་བྱའི་ངོ་སྟེ་ངོ་བོ་ཉིད་དེར་མ་འདྲེས་རྫོགས་པའོ། །དེས་ན་གདུལ་བྱའི་ངོར་འོག་མིན་ན་བཞུགས་པ་དེ་དག་གིས། རུ་ཏྲ་འདུལ་བའི་ཕྱིར་ཐུབ་དཀའ་གཞོན་ནུ་བྱང་ཆུབ་སྙིང་པོ་ན་བཞུགས་པ་སྐུ་ལྔའི་སྒོ་ནས་བསྐུལ་བ་དང་། སྐྱེས་བུ་ཐ་དད་ལ་སོ་སོ་ནས་བསྐུལ་བ་ནི་སྤྱི་དང་ཁྱད་པར་གྱི་དབང་སྟེ་གཉིས་ཀ་དང་ཐུན་མོང་དུ་འགྱུར་བས་སྐྱེས་བུ་དམ་པ་དེ་དག །ལ་ལ་ཞེས་བཀར་བ་ནི་སྐྱེས་བུ་དང་བསྐུལ་བྱེད་ཐུན་མོང་དུ་སྦྱར་ཏེ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ངོ་བོ་ཉིད་ཀྱི་སྐུར་འཚང་རྒྱ་བ་ལས་བཞེངས་པར་རྣམ་པར་བསྐུལ་བ་དང་། ལ་ལ་ནི་གསང་བའི་སྐུ་རོལ་པ་ཉི་ཤུ་རྩ་ལྔ་བུ་ལ་སོགས་པའི་ཆོ་འཕྲུལ་ཆེན་པོར་མཛོད་ཅིག་པར་རྣམ་པར་བསྐུལ་བ་དང་། ལ་ལ་ནི་སྤྲུལ་པའི་སྐུ་རྫུ་འཕྲུལ་གྱི་བྱ་བའམ་ཆོ་ག་རྫོགས་པར་གྱིས་ཤིག་པར་རྣམ་པར་བསྐུལ་བ་དང་། ལ་ལ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་སྒོ་ནས་ཏིང་ངེ་འཛིན་གྱི་དགོངས་པ་དང་སྐུའི་མཛད་པ་ཉིད་ཀྱིས་དོན་མཛོད་ཅིག་པར་རྣམ་པར་བསྐུལ་བ་དང་། ལ་ལ་ནི་ཆོས་སྐུ་མཐའ་དང་བྲལ་བའི་ཡེ་ཤེས་ཆེན་པོའི་སྒོ་ནས་རྣམ་གྲོལ་རིག་པས་ཆོས་ཉིད་ཀྱི་སྐུར་བཞེངས་པར་རྣམ་པར་བསྐུལ་བར་གྱུར་ཏེ། གསུམ་པ་ནི། དེས་གང་སྟོང་པ། ཞེས་པ་ནས། འབའ་ཞིག་གོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བསྐུལ་བ་དེས་གདུལ་བྱའི་སྣང་ངོར་གང་སྙིང་པོ་བྱང་ཆུབ་སྟོང་པ་ཉིད་ཆེན་པོ་གང་ན་བ་རང་དོན་གྱི་དགོངས་པ་མི་གཡོ་བ་ལས་ལངས་ཏེ་གཞན་དོན་དུ་གཟུགས་ཀྱི་སྐུ་རྫོགས་ལོངས་སྤྱོད་པ་དང་། རྣམ་པར་སྤྲུལ་པ་གཉིས་སུ་རྣམ་པར་བཀོད་པ་ནི། ཇི་ལྟ་ཇི་ལྟར་རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་ངེས་པའི་རྣམ་པར་འཕྲུལ་པ་གདུལ་བྱ་སོ་སོའི་གནས་སུ་སྒྲོན་མ་ཡོངས་སུ་བཀོད་དེ་ཆོས་སྟོན་པས་བྱུང་ཚུལ་ལས་བཤད་པ་ལྟར་ཀུན་ཏུ་སྣང་བས་དེའི་དོན་དུའང་འགྱུར་ཏེ་ཞི་ཁྲོ་གཉིས་ཀར་གཟུང་ངོ་། །དེ་དག་གི་དོན་མཛད་ལུགས་ཅི་ཞེ་ན། འདི་ལྟར་ཡོངས་སུ་དག་པ་ངོ་བོ་ཉིད་ཆོས་ཀྱི་སྐུར་བཞུགས་པས་གདུལ་བྱ་མེད་ན་ཡང་། ལྷུན་གྱིས་གྲུབ་པ་དེ་ཉིད་གདུལ་བྱ་ལ་མཚན་ཐ་དད་པར་བཏགས་པའི་སངས་རྒྱས་བརྗོད་པ་ལས་འདས་པར་གྲགས་ཤིང་སྐུ་སྣང་བ་ཐ་དད་པ་མཐའ་དག །རྒྱལ་བའི་ཞིང་ཁམས་བཤད་པ་བཞིན་མཚན་ཐ་དད་པར་བཀོད་པས་འཇིག་རྟེན་གྱི་འཛམ་བུ་གླིང་རྣམས་ན། སྤྲུལ་པ་འཁོར་ལོངས་སྒྱུར་བའི་རྒྱལ་པོ་ལྟ་བུ་ཆ་བྱད་ཐ་དད་པ་དག་གིས་ཐེག་པ་དེ་ཉིད་དོན་བཅུ་སྟོན་པ་དང་། ལྷ་གནས་གསུམ་ཐ་དད་པར། གཙང་མའི་རིགས་ཀྱི་འོག་མིན་ཆེན་པོ་རྫོགས་ལོངས་སྤྱོད་པ་རིགས་ལྔའི་རྒྱལ་བ་དང་། དགའ་ལྡན་དུ། སྤྲུལ་པའི་རྒྱལ་ཚབ་ཆོས་ཀྱི་རྒྱལ་པོ་དམ་པ་ཏོག་དཀར་པོ་དང་། སུམ་ཅུ་རྩ་གསུམ་དུ་སྤྲུལ་པའི་བརྒྱ་བྱིན་ལྷའི་བླ་མ་ལྟ་བུ་ཐ་དད་པ་དག་གིས་ཆོས་སོ་སོར་སྟོན་པ་དང་། སྲིད་པ་ཐ་མའི་དུས་ཐ་དད་པར་མི་ཡུལ་ལ་སོགས་པ་ལ་རྒྱལ་བའི་ཆོ་འཕྲུལ་ལས་རྒྱུན་གཅོད་པའི་མཛད་པ་ལྔ་ཐ་དད་པར་སྣང་བ་དང་། ཡུམ་གྱི་བྷ་ག་དང་གསང་བའི་རྡོ་རྗེ་གཉིས་འཕྲད་པའི་དབུ་ཞབས་བདེ་བ་ཆེན་པོའི་རོས་གང་བ་ཡན་མན་དུ་དབང་བསྒྱུར་ནས་སྣང་བའི་གནས་ཡུམ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ལྷུམས་ཐ་དད་པ་ན། གསང་བའི་སྐུ་ཐིག་ལེ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་འདུས་པའི་སྐུ་ལས་མཛད་པ་ཅིར་ཡང་མཛད་དེ་ཐ་དད་པར་སྣང་བ་དང་། མིའི་གནས་ཞིང་ཁམས་ཐ་དད་པ་ན། སྤྲུལ་པའི་མཚན་སྒྲོན་མ་བཀོད་པ་ལྟ་བུར་ཐ་དད་པར་སྣང་བས་དོན་མཛད་པ་དང་། དོན་ཐམས་ཅད་གྲུབ་པ་ལྟ་བུའི་ཐུགས་འོག་མིན་དུ་སངས་རྒྱས་པས་དགོངས་པ་སྙིང་པོ་བྱང་ཆུབ་ཆེན་པོ་ན་བཞུགས་ཏེ་མི་གཡོ་བ་དང་། དེའི་སྐུ་ཐ་དད་པ་འཛམ་བུའི་གླིང་གི་འཇིག་རྟེན་ཐ་དད་པ་ན་ནེ་རཉྫ་ནར་དཀའ་ཐུབ་ཀྱི་ཁོག་པར་བཞུགས་ནས་བསམ་གཏན་ལ་སྙོམས་པར་ཞུགས་ཏེ་གནས་པ་དང་། ཧེ་རུ་ཀ་གལ་པོ་ལས། སངས་རྒྱས་སྤྲུལ་པའི་སྐུ་རྣམས་ལ། །མི་ཡི་ཡུལ་དུ་འདུལ་མཛད་པ། །བཅོམ་ལྡན་ཤཱཀྱ་སེང་གེ་ཡིས། །མཛད་པ་ཉི་ཤུས་བྱང་ཆུབ་བོ། །ཞེས་གསུངས་པ་ལྟར་རྒྱ་ཆེར་རོལ་པར་གསུངས་པ་ལ་ཁ་བསྐང་སྟེ། དང་པོར་དགའ་ལྡན་གནས་ནས་གཤེགས། །དེ་ནས་འཆི་འཕོའི་ཚུལ་བསྟན་པ། །ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། །དེ་བཞིན་ལྷུམས་ན་གནས་པ་དང་། །ལྷུམས་ནས་བལྟམས་པར་གྱུར་པ་དང་། །ཚངས་དང་བརྒྱ་བྱིན་གྱིས་བླངས་དང་། །ཀ་ཤིའི་རས་ཀྱིས་དཀྲིས་པ་དང་། །ཀླུ་ཡིས་སྐུ་ཁྲུས་གསོལ་བ་དང་། །མཚན་མཁན་རྣམས་ཀྱིས་མཚན་བརྟགས་དང་། །ཕྱོགས་བཞིར་གོམ་པ་བདུན་བོར་དང་། །གྱད་ཟླ་རྣམས་དང་གྱད་བཀྱེ་དང་། །ཡི་གེ་འཕོང་དང་བཟོ་བསླབ་དང་། །ཁབ་དང་རྒྱལ་སྲིད་བཞེས་པ་དང་། །རབ་བྱུང་འཁོར་རྣམས་མི་དགའ་དང་། །འཁོར་རྣམས་ཀུན་གྱིས་བསྲུངས་པ་དང་། །ནཻ་རཉྫ་ནར་དཀའ་ཐུབ་དང་། །སྤྲེ་འུས་སྦྲང་རྩི་ཕུལ་བ་དང་། །ཤིང་དྲུང་རྡོ་རྗེའི་གདན་སྟེངས་སུ། །མངོན་པར་བྱང་ནི་ཆུབ་པ་སྟེ། །ཆོས་འཁོར་བསྐོར་དང་མྱང་འདས་སོ། །རྣམ་པ་ཉི་ཤུ་ཐམ་པར་འདོད། །ཅེས་ལོ་ཙཱ་བས་གལྤོའི་མཚན་ལས་འབྱུང་བ་སོགས་མཛད་པ་ཉི་ཤུ་དང་ཡོངས་གྲགས་ལྟར་བཅུ་གཉིས་མཐར་ཕྱིན་ཏེ་རྫོགས་པ་ལྟ་བུ་དང་། སོ་སོའི་རྡོ་རྗེ་གདན་ཐ་དད་པ་ལ་གཤེགས་ཏེ་འཚང་རྒྱ་བ་དང་། གྲོང་ཁྱེར་རྩྭ་མཆོག་ལ་སོགས་པར་ཐ་དད་པའིི་བདུད་བཏུལ་ཏེ། ཝཱ་རཱ་ཎ་སཱི་ལ་སོགས་པར་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བར་མཛད་ནས། གདན་ཉིད་ལ་མངོན་པར་རྫོགས་པར་བྱང་ཆུབ་སྟེ་སངས་རྒྱས་པ་ལྟ་བུ་ལ་སོགས་པར་སྣ་ཚོགས་སུ་སྣང་སྟེ། མདོར་ན་ཆོས་ངེས་པའི་བྱིན་རླབས་ཀྱིས་ཞིང་ཁམས་ཐ་དད་པར་སྐུ་ཐ་དད་པས་མཛད་པ་ཐ་དད་པ་མཛད་ནས་ཐ་དད་པའི་བདུད་བཏུལ་ཏེ་གསང་སྔགས་ཀྱི་ཆོས་འཁོར་ལོ་ཐ་དད་པར་བསྐོར་བས་སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་ན་ཡང་གསང་སྔགས་ངེས་པར་འབྱུང་བ་འབའ་ཞིག་གོ། །གསུམ་པ་ནི། དེ་སྐད། ཅེས་པ་ནས། གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་སྐད་ཅེས་སྨྲས་ཏེ་བཀའ་སྩལ་པས། ལང་ཀའི་བདག་པོ་ལ་སོགས་པ། འགྲོ་བ་དམན་པའི་ལུས་ཅན་གྱི་སེམས་དཔའ་ཆེན་པོ་རྣམས་ཀྱིས། སྙིང་པོ་བྱང་ཆུབ་གསང་བ་དམ་པ་དེ་ཁོ་ན་ཉིད་མངོན་དུ་གྱུར་ཏེ། དེ་ལྟར་ངེས་པའི་བྱིན་རླབས་ལས་དེ་ཉིད་ཀྱི་དུས་སུ་མི་ཡུལ་དུ་གསང་བ་སྣང་བར་ཡོངས་སུ་ཤེས་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། ལྔ་དང་བཞི་དང་ཐུབ་དཀའ་གཞོན་ནུ་དང་། སྐྱེས་བུ་བཅུ་ལ་སོགས་པ་གསང་བ་དམ་པ་དེ་ཁོ་ན་ཉིད་དུ་ངོ་བོ་ངེས་པར་གྱུར་པའི་དོན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པ་རྣམ་པར་བཤད་པའོ། །དེ་དག་གི་སྒོ་ནས་ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས། སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པའི་གཏམ་རྒྱུད་བརྗོད་པའི་གསུང་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་རྣམ་པར་བགྲོས་པ་སྟེ་བྱུང་ཚུལ་བསྟན་པ་བཞི་པ་ཉིད་ལེགས་པར་བཤད་དེ་རྒྱས་པར་བཀྲོལ་བའོ།། །།བམ་པོ་གསུམ་པར་ཟུག་པ། ལྔ་པ་དགོངས་པ་ངེས་པར་འགྲེལ་བའི་བྱུང་ཚུལ་ལ་གསུམ་སྟེ། སྤྱིར་བསྟན་པ། བྱེ་བྲག་ཏུ་རྒྱས་པར་བཤད་པ། ཞབས་བསྡུ་བས་འཁོར་གྱིས་གོ་བའི་ཡོན་ཏན་ནོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུས་ཏེ་དགོངས་པ་ངོས་གཟུང་བའོ། །དང་པོ་ནི། དེ་ནས། ཞེས་པ་ནས། ཉིད་ལ་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། སྤྱིར་བྱུང་ཚུལ་འདིའང་དམ་པའི་སྒྲོན་མ་ཇི་ལྟར་བཀོད་ཀྱི་ལན་ཏེ། ཁྱད་པར་རྩལ་འཕངས་ལས་སྒོམ་ལམ་གཞན་དོན། རྒྱུད་གནས་ལུགས་ལས་དགོངས་པ་ངེས་པར་འགྲེལ་བའི་བྱུང་ཚུལ་མ་འདྲེས་ཡོངས་རྫོགས་ཀྱི་ལྟ་བ་རྒྱ་མཚོའི་གཟུགས་བརྙན་ལྟ་བུ་ཉིད་རྒྱས་པར་སྟོན་ཏོ། །དེ་ནས་ཡང་ལང་ཀའི་བདག་པོས། གསང་བ་པའི་བདག་པོ་ལ། སྔོན་དུ་བྱུང་བའི་ཚིག་བཅུ་གཉིས་པའི་ལྔ་པ་དགོངས་པ་ངེས་པར་འགྲེལ་པ་ན་ཡང་བྱུང་ཞེས་འབྱུང་བ་དེ་ཉིད་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ། ཉིད་ཀྱིས་ཐེག་པ་ཆེན་པོ་གསང་བ་དམ་པ་བྱུང་བའི་ཚུལ་སྟོན་པས་ལུང་བསྟན་པ་གཏམ་དུ་བརྗོད་པའི་སྐབས་སུ། དགོངས་པ་ངེས་པར་འགྲེལ་པ་ན་ཡང་འབྱུང་ཞེས་བཀོད་པ་དེ། ཇི་ལྟ་བ་ཞིག་ཏུ་དགོངས་པ་ངེས་པར་འགྲེལ་བ་ཞིག་གྲགས་པ་ལགས། ལན་སྨྲས་ཏེ་བཀའ་སྩལ་པ། ལང་ཀའི་བདག་པོ། དེའི་དུས་ངེས་པ་ནི་བྱུང་ཚུལ་བཞི་པ་དང་གཅིག་པས། གང་སྐྱེས་བུ་དམ་པ་ཉིད་དུ་ངེས་པ་དེ་དག་སྙིང་པོ་བྱང་ཆུབ་ལ་དགོངས་པ་མཉམ་བཞག་དང་རྗེས་ཐོབ་མེད་པར་གྱུར་བ་དེའི་ཚེ་དེའི་དུས་ཉིད་ལ་བྱའོ། །གཉིས་པ་ནི། སྨྲས་པ། ཞེས་པ་ནས། རྫོགས་པར་འགྲེལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་ནའང་ངོ་བོ་ནི་སོ་སོར་མ་འདྲེས་པའི་ཕྱིར། ལང་ཀའི་བདག་པོས་སྨྲས་པ། གསང་བ་བའི་བདག་པོ། གང་སྐྱེས་བུ་དམ་པ་ཐ་མའི་དབུགས་ཕྱིན་ཏེ་དམ་པ་ཉིད་དུ་ངེས་པ་དེ་དག་སྙིང་པོ་བྱང་ཆུབ་ལ་ཇི་ལྟར་དགོངས། སྙིང་པོ་བྱང་ཆུབ་ལ་དགོངས་པ་ངེས་པར་འགྲེལ་ཞེས་པའི་ངོ་བོ་དེ་ཉིད་གང་གི་ཚིག་བླ་དྭགས་ལགས། ཞེས་མཚན་ཅི་ལས་བཏགས་པ་དྲིས་པ་དང་། ལན་སྨྲས་པ། ལང་ཀའི་བདག་པོ། སྙིང་པོ་ནི་དངོས་པོ་གཉིས་ཀྱི་གཞིར་གྱུར་པས་རྩ་བ་ལ་བྱའོ། །བྱང་ཆུབ་ནི་གཉིས་མེད་ཇི་བཞིན་པས་རང་བཞིན་ལ་བྱའོ། །དགོངས་པ་ནི་རང་གི་རིག་པའི་ངོ་བོ་ངང་གིས་མ་གཡོས་པས་ཆོས་ཉིད་ལ་བྱའོ། །དེ་གསུམ་ནི་ཞི་གནས་སུ་འདུའོ། །ངེས་པ་ནི་འཁྲུལ་པ་མེད་པའི་ཐོག་ཏུ་ཕེབས་པས་མ་ནོར་བ་ཉིད་ལ་བྱའོ། །དེ་ནི་ཞི་གནས་དང་ལྷག་མཐོང་དབྱེར་མེད་པའོ། །འགྲེལ་པ་ནི་ཇི་ལྟ་བར་མངོན་དུ་བྱས་པའི་དོན་རང་གསལ་བས་ཡེ་ཤེས་ལ་བྱའོ། །དེ་ནི་ལྷག་མཐོང་ཉིད་དོ། །དེ་དག་གི་ངོ་བོ་མ་བཅོས་པས་ཇི་བཞིན་པ་དང་། མ་བསླད་པས་དེ་བཞིན་པའི་དོན་ཏེ་དེ་ཉིད་ངེས་པར་མཚོན་པས་གློ་བུར་གྱི་ཐ་སྙད་ནི་ཚིག་གི་བླ་དྭགས་སོ། །ཡང་གསོལ་པ། གསང་བ་པའི་བདག་པོ། ལྔ་པོ་དེས་དགོངས་པ་དེ་ཇི་ལྟར་འགྲེལ་བ་ལགས། ལན་སྨྲས་པ། ལང་ཀའི་བདག་པོ། དཔེར་ན། རྒྱ་མཚོ་ཆེན་པོའི་གཟུགས་བརྙན་ལྟར་མ་འདྲེས་པ་དང་། མཚོ་ཆེན་པོ་དེའི་ཀློང་ལྟར་ཡོངས་སུ་རྫོགས་པར་འགྲེལ་ཏོ། །གསུམ་པ་ནི། དྲིས་པ། ཞེས་པ་ནས། དགོངས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། སླར་ཡང་དྲིས་པ། གསང་བ་པའི་བདག་པོ། དེ་ཉིད་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། ལན་སྨྲས་པ། ལང་ཀའི་བདག་པོ། དེ་ཡི་ངོ་བོ་བསྟན་པ་ནི་གཉིས་ཏེ། མི་གཡོ་བ་ཞི་གནས་དང་། གསལ་བ་ལྷག་མཐོང་ཉིད་དེ། གཞི་མ་འདྲེས་ཡོངས་རྫོགས་ཀྱི་གནས་ལུགས་དང་། ལམ་མི་གཡོ་ཞིང་གསལ་བ་དང་། འབྲས་བུ་རྣམ་པར་མི་རྟོག་ཅིང་དག་གསལ་དུ་མཁྱེན་པའི་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་རྣམས་ལས་འདིར་ལམ་གྱི་དང་མཐར་ཐུག་པ་ཐུན་མོང་དུ་སྦྱར་རོ། །སློབ་དཔོན་བདེ་བ་གསལ་མཛད་ཀྱིས། ཆོ་འཕྲུལ་རྩ་བ་བཞིའི་གཞི་དང་། ངོ་བོ་སྣང་བ་གཉིས་ལ་སྦྱར་བའང་མི་འཐད་པ་མ་ཡིན་ནོ། །གང་སྐྱེས་བུ་ལྔའི་དགོངས་པ་ལྟ་བུའི་གཞི་རྩ་ལས་འགྲེལ་བའི་ངོ་བོ་སྣང་བའི་ཕྱིར་སྐྱེ་བ་སྟེ་ཐམས་ཅད་ངོ་བོ་སྐྱེ་བ་བཞིར་ཡོངས་རྫོགས་སུ་འདུས་ཤིང་། སྐྱེ་བ་བཞིར་ཤར་བ་མ་འདྲེས་པར་འགྲེལ་པ་ནི། འདི་ལྟ་སྟེ། སྐྱེ་བ་བཞི་མ་འདྲེས་ཡོངས་རྫོགས་ཀྱི་དོན་དུ་འགྲེལ་ཏོ། །འོ་ན་སྐྱེ་བ་བཞི་སངས་རྒྱས་ཀྱི་དགོངས་པ་ཡིན་ནམ་སྙམ་པ་ལ། དེ་བཞིན་གཤེགས་པ་རྣམས་ནི་གདུལ་བྱའི་དོན་མཛད་ཚུལ་གང་ཅི་ཡང་རུང་། ཐུགས་ལ་དགོངས་པ་དང་། བསྟན་པ་གསུང་པ་དང་། སྐུའི་མཛད་པ་ཐམས་ཅད་གང་ལའང་དགོངས་པ་ཅན་ཏེ། དེ་ནི་འདི་ལྟར་འཁོར་འདས་ཀྱི་ཆོས་དངོས་པོ་གཉིས་པ་ཐམས་ཅད་ཆོ་འཕྲུལ་གྱི་སྣང་བ་བཞིར་འདུས་ལ། དེ་ཉིད་སྙིང་པོ་བྱང་ཆུབ་ལ་མ་འདྲེས་ཡོངས་སུ་རྫོགས་པར་གསལ་བ་ལ་དགོངས་པའི་ཕྱིར་དེ་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། ཆོ་འཕྲུལ་ལོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་གང་ཡོངས་སུ་རྫོགས་པ་སྐྱེ་བ་མེད་པ་ལས། སྐྱེ་བའི་ཆོ་འཕྲུལ་མ་འདྲེས་པའི་སྣང་བ་འབྱུང་བ་ནི། སེམས་ཅན་གྱི་ལས་ཀྱི་རྫུ་འཕྲུལ་ལས་འཁྲུལ་པའི་སྣང་བ་སྐྱེ་བའི་ཆོ་འཕྲུལ་དང་། ལམ་བསམ་གཏན་གྱི་རྫུ་འཕྲུལ་ལས་གདུལ་བྱའི་སྣང་བ་སྐྱེ་བའི་ཆོ་འཕྲུལ་དང་། གཞི་ཆོས་ཉིད་ཀྱི་རྫུ་འཕྲུལ་ལས་རང་བཞིན་གྱི་སྣང་བ་སྐྱེ་བའི་ཆོ་འཕྲུལ་དང་། འབྲས་བུ་ཐུགས་རྗེའི་རྫུ་འཕྲུལ་ལས་དེ་བཞིན་གཤེགས་པའི་སྣང་བ་སྐྱེ་བའི་ཆོ་འཕྲུལ་ལོ། །གཉིས་པ་བཞི་སྟེ། ལས་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ། བསམ་གཏན་གྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ། ཆོས་ཉིད་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ། ཐུགས་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་ལོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། ཐམས་ཅད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ལ་གང་ལས་གསུམ་གྱི་བྱ་བ་བྱེད་ནུས་པའི་རྫུ་འཕྲུལ་ལས་ནི། ཁམས་གསུམ་གྱི་འགྲོ་བ་ཐ་དད་ཅིར་ཡང་སྣང་བས་དངོས་པོ་གཉིས་མ་འདྲེས་པར་སྲིད་པར་སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་བཀོད་པ་ནི་འདི་ལྟ་སྟེ། དེ་ཉིད་དངོས་སུ་ན་མི་ལ་སོགས་པ་མངལ་ནས་སྐྱེ་བ་དང་། གྲོག་སྦུར་ལ་སོགས་པ་དྲོད་གཤེར་དང་། སྦྲུལ་དང་འདབ་ཆགས་ལ་སོགས་པ་སྒོ་ང་དང་། ལྷ་དང་བར་མ་དོ་དང་དམྱལ་བ་ལ་སོགས་པ་བརྫུས་ནས་སྐྱེ་བ་སྟེ་གང་སྐྱེ་བ་རྣམ་བཞིར་སྣང་བ་ཐམས་ཅད་དེ་བཞིའི་ཆ་འཛིན་པར་སྨོས་པ་ནི་ཐ་མ་འདོད་པའི་ཁམས་ཉིད་དོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། སྐྱེ་བ་ཐམས་ཅད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་ཡང་དག་པའི་ཏིང་ངེ་འཛིན་བསམ་གཏན་གྱི་ནུས་པའི་རྩལ་ཅིར་ཡང་འབྱུང་བའི་རྫུ་འཕྲུལ་གྱི་རྒྱུ་ལས་ལམ་སྣང་གི་སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་སུ་བཀོད་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། གང་གསལ་ལ་མི་གཡོ་བའི་བསམ་གཏན་གྱི་མུ་བཞི་གཡོ་ཐོབ་གོམས་བརྟན་ལས་དྲོད་དང་རྟགས་དང་ཆོ་འཕྲུལ་དང་མངོན་པར་ཤེས་པ་སྐྱེ་བ་ཐམས་ཅད་དོ། །གཞན་དུ་ན། སྣང་བ་མ་ངེས་པ་བཞི་ནི། བརྟགས་པས་ཤེས་རབ་སྐྱེ་བ་དང་། །བརྩལ་བས་གོམས་པ་སྐྱེ་བ་དང་། །བསྒྲུབས་པས་འབྲས་བུ་སྐྱེ་བ་དང་། །བསྒོམས་པས་དྲོད་དང་རྟགས་རྣམས་སྐྱེ་བའོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། ཐམས་ཅད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་ཆོས་ཉིད་ཇི་བཞིན་པ་ཐམས་ཅད་ཀྱི་བདག་ཉིད་པའི་ཕྱིར་དེ་ཉིད་ཅིར་ཡང་སྣང་དུ་བཏུབ་པའི་བཞིའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་གང་ཞེ་ན། འདི་ལྟ་སྟེ། གང་གཞི་མ་ངེས་པའི་རང་བཞིན་གྱི་སྣང་བ་ཆོ་འཕྲུལ་བཞིར་ཐ་དད་པར་སྣང་ཞིང་བཀོད་པ་ཐམས་ཅད་དེ། ནམ་མཁའི་ངང་ལས་འབྱུང་བའི་ཆོ་འཕྲུལ་ཐ་དད་སྣང་བ་དང་། སེམས་ཀྱི་ངང་ལས་སེམས་ལས་བྱུང་བའི་ཆོ་འཕྲུལ་སྐྱེ་བ་དང་། ཆོས་ཉིད་ཀྱི་ངང་ལས་ཆོས་ཅན་གྱི་ཆོ་འཕྲུལ་སྐྱེ་བ་དང་། ཞི་གནས་ཇི་བཞིན་པའི་ངང་ལས་ལྷག་མཐོང་གི་ཆོ་འཕྲུལ་ཤེས་རབ་རང་འཆར་བ་དང་བཞི་པོ་ཉིད་དོ། །བཞི་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། སྣང་བ་ཐམས་ཅད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་རང་བྱུང་གི་ཡེ་ཤེས་ཐུགས་རྗེའམ་སྙིང་རྗེ་ཆེན་པོའི་ཐབས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པའི་རྫུ་འཕྲུལ་གྱི་གཞི་ལས་སྐྱེ་བའི་ཆོ་འཕྲུལ་གདུལ་བྱ་ལ་གང་གིས་འདུལ་བ་བཞིན་ཅིར་ཡང་སྣང་བ་གང་ཞེ་ན། འདི་ལྟ་སྟེ། གང་རྒྱལ་བ་རྣམས་ཀྱི་གཞན་དོན་གྱི་མཛད་པ་ཆོ་འཕྲུལ་བཞིར་སྣང་བ་སྟེ། ཞི་བ་དང་ཁྲོ་བོའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཡི་གེའི་སྒོ་ཆོས་སྣང་བའི་ཆོ་འཕྲུལ་དང་། མ་འདྲེས་ཡོངས་རྫོགས་ཀུན་བརྗོད་པའི་ཆོ་འཕྲུལ་དང་། དགོངས་པ་འགྲེལ་པ་རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་བཞིར་སྣང་བ་ཐམས་ཅད་དོ། །དེ་རེ་རེའང་རྟག་པ་རྒྱུན་གྱིས་སྐྱེ་བ་དང་། རང་བཞིན་ཤུགས་ཀྱིས་སྐྱེ་བ་དང་། བསྐུལ་ཞིང་གསོལ་བ་བཏབ་པས་སྐྱེ་བ་དང་། ཡུལ་དང་འཕྲད་པས་སྐྱེ་བ་སྟེ་སྐྱེ་བའི་དུས་དང་ངོ་བོའི་རྒྱུར་སྦྱར་རོ། །འདི་དག་ཀུན་འདུས་ལེའུ་གསུམ་པ་ལས་གསུངས་པ་འདིར་ལེའུ་རེ་རེས་རྒྱས་པར་སྟོན་པའི་ཕྱིར་བཤད་པའི་རྒྱུད་དུ་ཡང་ཁས་ལེན་ཏེ། དེ་དང་རྗེས་དུ་མཐུན་པར་སྐུ་བཞིའི་བསྟན་པ་གསང་ཆེན་ལུང་གི་སྐབས་དོན་འཆད་པ་དག་ལའང་སྦྱར་ཏེ་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པས་ཆོས་ཐམས་ཅད་ཀྱི་མེ་ལོང་དུ་གྱུར་པའི་མདོ་ཆེན་པོའི་གཞུང་དོན་མ་འདྲེས་ཡོངས་སུ་རྫོགས་པའི་གནད་ཟིན་པར་བྱའོ། །བྱིན་རླབས་སྐུ་བཞིའི་བསྟན་པ་རིན་པོ་ཆེ། །ཀུན་གྱི་དགོངས་པ་འདུས་པའི་སྤྱི་མདོ་འདི། །རྣམ་འདྲེན་བཞི་པས་ལུང་བསྟན་བརྒྱུད་པ་ཡི། །བསྟན་པའི་གསང་ལུང་ཆེན་པོར་བདག་གིས་འཚལ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ལ་བཞི་སྟེ། རྫུ་འཕྲུལ་གྱི་ཆོ་འཕྲུལ། ཆོས་སྣང་བའི་ཆོ་འཕྲུལ། ཀུན་བརྗོད་པའི་ཆོ་འཕྲུལ། རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། ཆོ་འཕྲུལ་ལོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ནོ། །ལང་ཀའི་བདག་པོ། དེ་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི། འདི་ལྟ་སྟེ། གང་སྐུ་མ་འགག་པའི་ངང་ལས་ཞི་བ་སྣང་བར་མཛད་པའི་ཆོ་འཕྲུལ་ཅི་བཞིན་པས་འདུལ་བ་དང་། གཞི་དེ་ལས་གང་དུ་རྣམ་པར་བསྒྱུར་བའི་ཆོ་འཕྲུལ་གདུལ་བྱ་ལ་མི་མཐུན་པར་སྣང་བས་འདུལ་བ་ཁྲོ་བའི་ཚུལ་ལོ། །གཉིས་པ་ལ་གཉིས་ཏེ། ཞི་བ་དང་། ཁྲོ་བོའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། ལང་ཀའི་བདག་པོ། ཞེས་པ་ནས། ཆོ་འཕྲུལ་ལོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་སྣང་བར་མཛད་པའི་ཆོ་འཕྲུལ་ནི། འདི་ལྟ་སྟེ། དེ་ལ་ལྔར་སྣང་བ་ནི་ལྷ་རྒྱུད་ཀྱི་རྟོག་པ་ཆེན་པོ་ལས། རྟོག་འཇོམས་སྤྱོད་པ་མཐུན་པས་འགྲོ་འདུལ་ཞིང་། །བརྡའ་ཅན་ཡང་དག་ལེན་པས་དོན་གོ་ལ། །ལྷ་རྒྱུད་བརྗོད་པས་དངོས་གྲུབ་ཀུན་དང་འབྲེལ། །བཀའ་དོན་གཏན་ཚིགས་རིགས་པས་བརྗོད་པར་འོས། །ཞེས་གསུངས་པ་ལྟར། དངོས་པོ་གང་ཡང་རུང་བ་འབྱུང་བ་དག་ནི་བརྡའི་དོན་དུ་འཆད་དེ། གང་ལ་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི་སྐུ་མདོག་སྟེ་གཞིའི་དོན་དང་། གང་གིས་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི་ཕྱག་དང་ཕྱག་མཚན་ཏེ་ཡན་ལག་མཚོན་པའི་དོན་དང་། གང་གིར་གྱུར་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི་བཞུགས་ཐབས་ཏེ། གཉིས་ཀྱིས་འདུལ་བས་གདུལ་བྱ་ལ་དགོངས་པ་དང་། ཐབས་ཚུལ་ཐ་དད་པས་འདུལ་བའི་དོན་དང་། གང་ཐེག་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི་གདན་ཁྲི་སྟེ་དེ་ཉིད་ཀྱི་ལས་དང་ཡོན་ཏན་གྱིས་འདུལ་བའི་དོན་དང་། གང་ལྟར་མཛེས་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི་རྒྱན་ཆས་སུ་འཇལ་ཏེ། ཡིད་ཚིམ་ཞིང་དགའ་བར་བྱེད་པས་འདུལ་བ་ལ་དགོངས་པའི་ཕྱིར་ལྔ་པོ་སོ་སོའི་མིང་གི་གཏན་ཚིགས་སུ་ཡང་འགྱུར་བའི་ཚུལ་ལོ། །གཉིས་པ་ལ་ལྔ་སྟེ། སྐུ་མདོག་གི་དོན། ཕྱག་གི་དོན། བཞུགས་ཐབས་ཀྱི་དོན། གདན་ཁྲིའི་དོན། རྒྱན་ཆས་ཀྱི་དོན་ནོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། དགོངས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ལ་གང་ལ་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི། འདི་ལྟ་སྟེ། གང་ཞི་བ་སྤྱིའི་རང་བཞིན་གྱི་སྐུ་མདོག་མ་བཅོས་པས་འདུལ་བ་ལ་དགོངས་པ་དང་། གདུལ་བྱ་ལ་སྣང་བའི་རིགས་ཐ་དད་ཀྱི་སྐུ་མདོག་གང་ལ་མོས་པ་ལྟར་བསྒྱུར་བས་འདུལ་བ་ལ་དགོངས་པའོ། །གཉིས་པ་ལ་གཉིས་ཏེ། རང་བཞིན་གྱི་སྐུ་མདོག །རིགས་ཀྱི་སྐུ་མདོག་གོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། ཉི་མ་ལྟ་བུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ལ་མ་བཅོས་པས་འདུལ་བ་ལ་དགོངས་པ་བཞི་ནི་ལྷ་གཅིག་ལའང་ལྡན་ཏེ། ཉོན་མོངས་པ་མེད་པའི་རྟགས་སུ་ཡེ་ནས་རང་བཞིན་གྱིས་དག་ཅིང་དྲི་མ་མེད་པས་དུང་ལྟ་བུ་དང་། གཟི་མདངས་དང་ལྡན་པའི་རྟགས་སུ་སྣུམ་ལ་འབྲེལ་བ་ཀུ་མུ་ཏ་ལྟ་བུ་དང་། ཀུན་ལ་སྣང་བའི་རྟགས་སུ་དྭངས་ཤིང་རྙོགས་པ་མེད་པ་ཟླ་བ་ལྟ་བུ་དང་། རང་བཞིན་གྱིས་འོད་གསལ་བའི་རྟགས་སུ་ཤིན་ཏུ་གསལ་ཞིང་འཚེར་བ་ཉི་མ་ལྟ་བུའོ། །བཞི་པོ་དེས་ཡེ་ནས་ལྷ་ཀུན་གྱི་སྐུ་མདོག་ལ་ཁྱབ་པའི་ཕྱིར་མ་བཅོས་པས་འདུལ་བ་ཞེས་པའི་མིང་འགྲུབ་བོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། ལྟ་བུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། རིགས་གང་ལ་མོས་པ་ལྟར་སྣང་བས་སོ་སོར་བསྒྱུར་བས་འདུལ་བ་ལ་དགོངས་པ་ནི། འདི་ལྟ་སྟེ། རྡོ་རྗེའི་རིགས་བཻ་ཌཱུརྱ་ལྟ་བུ་རྐྱེན་གྱིས་མི་འགྱུར་བས་མཐིང་ག་དང་། དེ་བཞིན་གཤེགས་པའི་རིགས་ཀང་ཀ་རི་ལྟ་བུ་དྲི་མས་མ་བསླད་པས་དཀར་པོ་དང་། པདྨའི་རིགས་ལེ་བརྒན་ལྟ་བུ་ཆགས་པ་མེད་པས་དམར་བ་དང་། རིན་པོ་ཆེའི་རིགས་གསེར་སྦྱངས་པ་ལྟ་བུ་ཡེ་ཤེས་རྒྱས་པས་སེར་པོ་དང་། ལས་ཀྱི་རིགས་སྣ་ཚོགས་པ་ལྟ་བུ་ཕྲིན་ལས་ཅིར་ཡང་མཛད་པས་ལྗང་གུའོ། །དེའང་རིགས་ལྔ་དང་ཡེ་ཤེས་ལྔ་དང་ཁ་དོག་ལྔ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་སྦྱར་བའི་ཚུལ་ནི་རྒྱུད་ཀུན་ན་གསལ་ལ། དེ་ལྟར་སྐུ་མདོག་ལ་རང་བཞིན་བཞི་དང་རིགས་ལྔ་སྟེ་ཡན་ལག་དགུ་བཤད་པའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། འགྱུར་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་གིས་མཚོན་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི། འདི་ལྟ་སྟེ། གང་བྱུང་བ་ཕྱག་དང་། གང་སྣང་བ་ཕྱག་མཚན་དང་། གང་ལྟར་འགྱུར་བ་ཕྱག་རྒྱ་སྟེ་རང་རང་གི་ངོ་བོས་མིང་ཡང་འགྲུབ་པའོ། །གཉིས་པ་ལ་གསུམ་སྟེ། ཕྱག་གི་དོན། ཕྱག་མཚན་ནི་དོན། ཕྱག་རྒྱའི་དོན་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། དྲུག་ལ་དགོངས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ལ་གང་བྱུང་བ་ནི། ཞལ་ཕྱག་གི་དོན་ཏེ། ཞི་བ་ལྷ་རྒྱུད་ཆེན་པོ་ལས། ཞལ་ཕྱག་འདུལ་བར་དགོངས་པ་ལ། །ཆོས་སྐུ་སྤྲོས་པ་མེད་པའི་ཕྱིར། །ཞལ་ནི་གཅིག་ཏུ་བསྟན་པ་ཡིན། །དབྱིངས་དང་ཡེ་ཤེས་འབྲེལ་བའི་ཕྱིར། །ཕྱག་ནི་གཉིས་སུ་བསྟན་པ་ཡིན། །ཐབས་དང་ཤེས་རབ་མཉམ་པས་ན། །ཞབས་ཀྱང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཞེས་གསུངས་པ་ལྟར། དབྱིངས་དང་ཡེ་ཤེས་སམ། ཐབས་དང་ཤེས་རབ་གཉིས་མཚོན་པས་ཕྱག་གི་གྲངས་གཉིས་སམ། ཡང་དེ་ཉིད་ལས། བཀྲི་དྲང་འབྲས་བུ་རྣམ་ཐར་གསུམ། །ངེས་དོན་འབྲས་བུ་སྐུ་གསུམ་སྣང་། །དེ་ཕྱིར་ཞལ་ཡང་གསུམ་དུ་བསྟན། །ངེས་པར་ཆོས་ཉིད་ཞལ་ལས་འདས། །ཕ་རོལ་ཕྱིན་དྲུག་སྣང་བ་ཡང་། །སྦྱིན་པ་བཏང་ཞིང་ཚུལ་ཁྲིམས་སྲུངས། །བརྩོན་འགྲུས་བརྩམས་ཤིང་བསམ་གཏན་བསྒོམས། །བཟོད་པ་བསྒོམས་ནས་ཤེས་རབ་རྟོགས། །རྒྱུ་ཡི་ལམ་ནས་བགྲོད་འདུལ་བ། །རྡོ་རྗེའི་ཕྱག་ཀྱང་དྲུག་ཏུ་བྱུང་། །ཞེས་གསུངས་པ་ལྟར། ཕ་རོལ་དུ་ཕྱིན་པ་དྲུག་གམ། ཡེ་ཤེས་དྲུག་མཚོན་པ་ལ་དགོངས་ཏེ་ཕྱག་གི་གྲངས་ཀྱང་དྲུག་ཏུ་བྱུང་བ་ལ་དགོངས་པའོ། །གཉིས་པ་ནི། དེ་བཞིན་དུ། ཞེས་པ་ནས། དགོངས་པའོ། །ཞེས་པར་གྱིས་བསྟན་ཏེ། དེ་བཞིན་དུ་གང་སྣང་བ་ཕྱག་མཚན་ཡང་། སྔ་མ་ལས། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། །ཆོས་དབྱིངས་མེ་ལོང་ལྟ་བུ་དང་། །སོ་སོར་རྟོག་དང་མཉམ་པ་ཉིད། །བྱ་བ་གྲུབ་པར་མཐར་ཕྱིན་ཏེ། །འབྲས་བུའི་སྒོ་ནས་མཐར་ཕྱིན་པས། །རྡོ་རྗེའི་ཕྱག་མཚན་དྲུག་པོ་རྣམས། །ཞེས་གསུངས་པ་ལྟར་ཡེ་ཤེས་དྲུག་གི་དོན་མཚོན་པ་དེ་ལ་དགོངས་པས་ཕྱག་དང་རྗེས་སུ་མཐུན་ཏེ་ཡེ་ཤེས་དྲུག་གི་རོལ་པས་འགྲོ་བ་སྒྲོལ་བའི་ཕྱིར་རྡོ་རྗེ་ལ་སོགས་པ་དྲུག་བསྣམས་པའོ། །འོ་ན་ཡེ་ཤེས་དྲུག་གི་དོན་མཚོན་པ་ལ་འདྲ་བས་ཕྱག་དང་ཕྱག་མཚན་ལ་ཁྱད་པར་ཅི་ཡོད་ཅེ་ན། རྒྱལ་བ་ཡེ་ཤེས་ཀྱི་སྐུ་ཅན་ལ། ཕྱག་ལྷན་སྐྱེས་སུ་ཡོད་ཅིང་ཕྱག་མཚན་དེའི་བྱིན་རླབས་གཞན་ལ་སྣང་ནས་དོན་བྱེད་པའི་ཆ་ནས་དབྱེ་བའོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། དག་གོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་ལྟར་འགྱུར་བ་ནི། འདི་ལྟ་སྟེ། མ་བཅོས་པ་ནི་སྐུ་ཕྱག་རྒྱ་ཆེན་པོ་སྟེ་གཞི་ཇི་བཞིན་པ་ལས་མ་གཡོས་པར་བཞུགས་པའི་ཕྱིར་དང་། མི་འདའ་བ་ནི། དམ་ཚིག་གི་ཕྱག་རྒྱ་སྟེ། གང་དོན་ལས་མི་འདའ་བའི་ཕྱིར་དང་། མ་ངེས་པ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། འདུལ་དབང་གིས་ཐ་དད་དུ་སྟོན་པའི་ཕྱིར་དང་། འབྲེལ་བ་ནི་ལས་ཀྱི་ཕྱག་རྒྱ་སྟེ་བྱ་བ་གང་འབྲེལ་བ་ཡོད་པའི་ཕྱིར་ཕྱག་རྒྱ་བཞི་པོ་དག་གོ། །གཉིས་པ་ལ་བཞི་སྟེ། སྐུ་ཕྱག་རྒྱ་ཆེན་པོ། དམ་ཚིག་གི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ལས་ཀྱི་ཕྱག་རྒྱའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། བརྟགས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་མ་བཅོས་པ་ཕྱག་རྒྱ་ཆེན་པོ་ནི་འདི་ལྟ་སྟེ། རྒྱུ་རྐྱེན་དང་བྲལ་བས་མ་སྐྱེས་པ་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་དང་། དེའི་ཚུལ་གདུལ་བྱ་ལ་མ་འགགས་པར་སྣང་བ་གཟུགས་ཀྱི་སྐུ་ཕྱག་རྒྱ་ཆེན་པོའི་རྣམ་པ་སྟེ། རང་གི་མཚན་ཉིད་ཀྱིས་མིང་ཡང་གྲུབ་པའོ། །དེ་ལ་མ་འགགས་པ་གང་ཞེ་ན། འདི་ལྟ་སྟེ། ཞེས་གཟུགས་སྐུ་ལ་ཕྱེ་བ་བཞི་སྟེ། རང་བཞིན་གཟུགས་ཀྱི་སྐུ་འོག་མིན་ན་བཞུགས་པ་མཚོན་བྱའི་ཡུལ་མ་འགགས་པ་འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཉིད་དེ། ཡོན་ཏན་རྫོགས་པའི་གཞིར་གྱུར་པའི་ཕྱིར་དང་། དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་གཟུགས་བརྙན་ལྡེར་སོ་ལ་སོགས་པ་མཚོན་པ་མ་འགགས་པའི་རྣམ་པ་ཉིད་དེ། དེ་རྨོངས་པ་ལ་བསྟན་པའི་དོན་དུ་བྱས་པའི་ཕྱིར་དང་། རིང་བསྲེལ་གྱི་སྐུ་ལ་སོགས་པ་མཚན་མ་མ་འགགས་པའི་གཟུགས་བརྙན་གྱི་བཀོད་པ་རྣམས་ཏེ། གྲུབ་པའི་རྟགས་སུ་གྱུར་པའི་ཕྱིར་དང་། ཡི་དམ་གྱི་ལྷ་སྒོམ་པའི་ཏིང་ངེ་འཛིན་ལས་ཉེ་བར་བརྟགས་པ་མ་འགགས་པ་ཕྱག་རྒྱའི་སྐུར་གསལ་བ་ཉིད་དེ། རང་གི་བསམ་པས་བྱས་པའི་ཕྱིར་དེ་ལྟར་ཕྱག་རྒྱ་ཆེན་པོའི་རྣམ་པ་བཞིའོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། མི་བསྐྱོད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་དོན་ལས་མི་འདའ་བ་ནི་འདི་ལྟ་སྟེ། ཞེས་དམ་ཚིག་གི་ཕྱག་རྒྱའི་རྣམ་གྲངས་སྟོན་ཏེ། རང་རྟགས་ཀྱིས་ཟིན་པ་འཛིན་པ་དམ་ཚིག་གི་ཕྱག་རྒྱ་ཐུགས་ཀྱི་རྟགས་རྡོ་རྗེ་རྩེ་ལྔ་ལ་སོགས་པ་རྣམས་པ་དང་། ཐུགས་རྗེ་ལས་མི་འདའ་བར་འགྲོ་དོན་མཛད་པའི་རྟགས་བཅའ་བ་དམ་ཚིག་གི་ཕྱག་རྒྱ་ཕྱག་གིས་བྱེད་པ་དང་། དགོངས་པ་རྩེ་གཅིག་ལས་མི་བསྐྱོད་པ་བསམ་པ་དམ་ཚིག་གི་ཕྱག་རྒྱ་གང་བསམ་པ་ལས་གཞན་དུ་མི་འགྱུར་བའི་ཕྱིར་སོ་སོའི་མིང་ཡང་འགྲུབ་པའོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། སྣང་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། མ་ངེས་པ་གང་ཞེ་ན། འདི་ལྟ་སྟེ། གསུང་ཆོས་ཀྱི་ཕྱག་རྒྱ་འགྲོ་བ་འདུལ་བའི་དབང་གི་ཕྱིར་གདུལ་བྱའི་བསམ་པ་མཐའ་ཡས་བསམ་གྱིས་མི་ཁྱབ་པ་དང་མཐུན་པའི་སྒོ་ཆོས་ཀྱི་ཕྱག་རྒྱ་ཡི་གེ་ཐ་དད་པ་བསམ་གྱིས་མི་ཁྱབ་པར་སྣང་ཞིང་སྟོན་པའི་ཕྱིར་ཏེ། དེ་ལའང་རང་བཞིན་དང་། བསམ་པ་དང་། བཟླས་པའི་འཕྲོ་འདུ་གསུམ་ལས་འདིར་ཐ་མའི་དབང་དུ་བྱས་པའོ། །བཞི་པ་ནི། ལང་ཀའི། ཞེས་པ་ནས། དགོངས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། འབྲེལ་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཟག་པ་མེད་པ་ཆོས་ཀྱི་དབྱིངས་སུ་འབྲེལ་བས་དགའ་བ་ཁྱད་པར་ཅན་དུ་གྱུར་པ་ལས་ཀྱི་ཕྱག་རྒྱ་སྟེ། དེའང་དམ་པར་འབྲེལ་བར་དགོངས་པ་བཅའ་བ་ལས་དང་དམ་ཚིག་ཐུན་མོང་དུ་བསྟན་པ་དང་། ཡབ་ཀྱི་ཕྱག་གཡོན་ཡུམ་དམ་ཚིག་མ་ལ་བརྟན་པའི་ཚུལ་དང་ཡང་སྦྱོར་བར་བྱ་ལ། ལས་སུ་འབྲེལ་བར་དགོངས་པ་ཆོས་དང་ལས་འབྲེལ་བ་ཉིད་དུ་བསྟན་པའི་ཕྱིར་བདེ་བ་སྐྱེད་པར་བྱེད་པའི་ཐབས་ཁྱད་པར་ཅན་ཏེ་ཐབས་དང་ཤེས་རབ་ཕྱག་རྒྱ་བཞིས་རོལ་པའི་ཕྲིན་ལས་ཆོས་ཀྱི་ཕྱག་རྒྱ་དང་། ཡུམ་གྱི་ཕྱག་གཡས་ཡབ་ལ་ལས་སུ་འཁྲིལ་བའི་ཚུལ་དང་ཡང་སྦྱར་བར་བྱའོ། །དེ་ལྟར་གཉིས་པ་ལ་ཉིང་ལག་བཅུ་བཞིར་བསྟན་པའོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་གིར་གྱུར་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི། གང་ཞེ་ན། འདི་ལྟ་སྟེ། བཞུགས་ཐབས་དང་། བཞུགས་གནས་གཞལ་ཡས་ཁང་དང་། བཞུགས་ཚུལ་ཉིད་དོ། །གཉིས་པ་ལ་གསུམ་སྟེ། བཞུགས་ཐབས། བཞུགས་པའི་གནས། སྐུའི་ཚུལ་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། དགོངས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཐབས་གང་ཞེ་ན། འདི་ལྟ་སྟེ། གྲལ་དང་སྐུའི་ཐབས་གཉིས་ལས་ཕྱི་མ་སྟེ། འགྲེལ་ཆེན་མུན་པའི་གོ་ཆ་ལས། འདིར་སྐུའི་ཐབས་དགོངས་པ་མི་གཡོ་བ་གཞི་དང་མཐུན་པའི་ཕྱིར་འགྲེང་བུ་དང་། ཁྱད་པར་གང་དག་པར་སྣང་བས་སྐྱིལ་ཀྲུང་དང་། ཕྱེད་སྐྱིལ་དང་། འབབ་ཚུལ་ལ་སོགས་པའོ། །ཞེས་གསུངས་ལ། ཆོས་རྗེ་དམ་པ་རིན་པོ་ཆེའི་ཕྱག་མཆན་སོགས་ལས། རང་བཞིན་མཉམ་པ་ཉིད་ལ་དགོངས་པ་གཙོ་བོ་རྫོགས་པའི་སྐྱིལ་མོ་ཀྲུང་དང་། གཙོ་འཁོར་གྱི་ཁྱད་པར་ལ་དགོངས་པ་འཁོར་ཕྱེད་སྐྱིལ་ལ་སོགས་པའོ། །ཞེས་གསུངས་པས། ལྷ་རྒྱུད་ལས། བཞུགས་ཐབས་འདུལ་བར་དགོངས་པ་ལ། །སངས་རྒྱས་རྣམས་ནི་ཡབ་ཡིན་པས། །རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས། །རིག་མ་གཟུངས་མ་ཡུམ་རྣམས་ནི། །པདྨའི་སྐྱིལ་མོ་ཀྲུང་དུ་བཞུགས། །བྱང་ཆུབ་སེམས་དཔའ་ཡབ་ཡུམ་རྣམས། །སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས། །ཐུབ་པ་འགྲོ་བའི་དོན་མཛད་པས། །བཞེངས་ནས་གདུལ་བྱར་མཐུན་པར་བཞུགས། །སྒོ་བ་གདུག་པ་འདུལ་བས་ན། །ཡབ་ཡུམ་བརྐྱངས་བསྐུམ་དོར་ཐབས་བཞུགས། །ཞེས་པ་ལྟར་རོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། གྱུར་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གནས་གང་ཞེ་ན། འདི་ལྟ་སྟེ། གཟུང་རྟོག་མེད་པས་ཕྱི་དང་འཛིན་པ་བྲལ་བས་ནང་མེད་པར་ཡེ་ཤེས་ཡུལ་དང་ཡུལ་ཅན་ལས་གྲོལ་བས་ཀུན་ཏུའང་ནང་དུ་གྱུར་པ་སྟེ། ཇི་སྐད་དུ། དེ་བཞིན་ཉིད་དུ་ཀུན་ཆུབ་ཕྱིར། །ཕྱི་དང་ནང་དང་དབྱེ་བ་མེད། །རིག་པའི་ཡེ་ཤེས་བརྡལ་བའི་ཕྱིར། །ཀུན་ཏུ་ནང་དུ་གྱུར་པ་ཡིན། །ཞེས་སོ། །གདུལ་བྱ་ལ་སྣང་བའི་གནས་ཀྱང་སྒྲ་བཞིན་ཏེ། ལྷ་རྒྱུད་ལས། གདོས་པ་ཅན་ལས་རབ་གྲོལ་བས། །ཕྱི་ནང་མེད་པར་གསལ་བ་ནི། །ཤེལ་གྱི་ཕོར་པར་བཅུད་བཞག་འདྲ། །ཁྱད་པར་ཞིང་ཁམས་ལྔར་ཡང་སྣང་། །ཞེས་པ་ལྟ་བུའོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། ཚུལ་ལོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། བཞུགས་ཚུལ་གང་ཞེ་ན། འདི་ལྟ་སྟེ། སོ་སོའི་གཏན་ཚིགས་ཀྱིས། རིགས་ལྔ་ཆོས་སྐུའི་ངང་ལ་བཞུགས་པའི་ཕྱིར་བླ་ཕབ་ནས་མི་གཡོ་བར་བཞུགས་པའི་ཚུལ་དང་། སེམས་དཔའ་ཡབ་ཡུམ་དེ་ལྟར་བཞུགས་པའི་ཚུལ་ལམ། ཡང་ན་སྐུ་བཏེགས་ཏེ་སྨོན་ལམ་དང་ཐུགས་རྗེའི་གཟུགས་སྐུར་བཞེངས་པའི་ཚུལ་དང་། འདི་ཉིད་འགྲེལ་ཆེན་གྱི་གོང་གི་བཞུགས་ཐབས་ལྟར་ན་རིགས་ལྔར་ཡང་རུང་ངོ་། །ཐུབ་པ་དང་སྒོ་བ་ཡབ་ཡུམ་བཞུད་ལ་མ་རག་པ་ཐུགས་རྗེའི་དབང་གིས་འགྲོ་དོན་ལ་གཤེགས་པའི་ཚུལ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཕྱིར་སྤྱན་འགྱུར་བས་གཟིགས་པའི་ཚུལ་དང་། སྐུའི་ཚུལ་དགུ་དང་ལྡན་ཏེ། ཞེ་སྡང་དག་པས་སྐུ་ལ་གྱོར་བ་དང་བྲལ་བ་ལྟ་བུ་མཉེན་པའི་ཚུལ་དང་། ང་རྒྱལ་དག་པས་སྐུ་ཅིར་ཡང་དྲང་དུ་རུང་བ་ལྟ་བུའམ་ཕྱག་ཞབས་ཀྱི་སོར་མོ་སོགས་ལྕུག་པའི་ཚུལ་དང་། འདོད་ཆགས་དག་པས་ཐབས་དང་ཤེས་རབ་འབྲེལ་བའི་ཕྱིར་ཡབ་ཡུམ་འཁྲིལ་བའི་ཚུལ་དང་། ཕྲག་དོག་དག་པས་རྐེད་སྐབས་ཕྱེད་པར་ཕྲབ་ལྟ་བུ་ལྡེམ་པའི་ཚུལ་དང་། གཏི་མུག་དག་པས་སྐུ་ཤ་རྒྱས་ལ་འཇམ་པ་ལྟ་བུ་གཞོན་ནུའི་ཚུལ་དང་། ཐུགས་ལ་མ་རིག་པ་མེད་པས་གཟི་མདངས་ལྡན་པ་གསལ་བའི་ཚུལ་དང་། ཡེ་ཤེས་ཤིན་ཏུ་གསལ་བས་རིགས་ལྔ་དང་ཐབས་ཤེས་སོགས་སྐུ་མདོག་སོ་སོ་ན་འཚེར་བའི་ཚུལ་དང་། དགོངས་པ་མི་གཡོ་བས་བརྗིད་དང་ལྡན་པ་ལྷུན་སྡུག་པའི་ཚུལ་དང་། ལྷུན་གྱིས་རྫོགས་པའི་ཡོན་ཏན་མངའ་ཞིང་གཞན་ཟིལ་གྱིས་གནོན་པས་ཤིན་ཏུ་བྱིན་ཆེ་བ་གཟི་བྱིན་འབར་བའི་ཚུལ་དང་། དགུ་པོ་ཡབ་ལ་བཞི་དང་ཡུམ་ལ་ལྔར་ཡང་གསུངས་ཏེ། ལྷ་རྒྱུད་ལས། ཞི་བའི་མཛད་པས་འདུལ་དོན་དུ། །ཡབ་ཀྱི་སྐུ་ཡི་ཚུལ་བཞི་ནི། །གསལ་འཚེར་ལྷུན་སྟུག་གཟི་བྱིན་ལྡན། །ཡུམ་གྱི་ཚུལ་ལྔ་ལྡན་པས་ན། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །ཞེས་སོ། །ཤེས་རབ་ཆེན་པོ་མངའ་བས་ཕྱག་ཞབས་གང་དུའང་ཐོགས་པ་མེད་པ་ལྟ་བུའམ་སྨིན་མ་འཁྱུགས་པའི་ཚུལ་དང་། ཐུགས་མཉམ་པའི་ངང་ལས་མི་གཡོ་བས་གཙོ་བོ་དང་སེམས་དཔའ་སྤྱན་ཕྱེ་ཙམ་དུ་ཤངས་རྩེར་དབབ་སྟེ་བཞུགས་པ་དགོངས་པའི་ཚུལ་དང་། ཆོས་སྐུའི་དགོངས་པ་མཐའ་ཡིས་མི་གཡོས་བས་སྐུ་མི་འགྱུར་བར་བརྟན་པའི་ཚུལ་དང་། བྱང་སེམས་ལ་རྟེན་པས་ཕན་ཚུན་རྒྱབ་ཡོལ་དང་གདན་ལ་རྟེན་པའི་ཚུལ་དང་། ཐབས་དང་ཤེས་རབ་འབྲེལ་བའི་ཕྱིར་ཡབ་ཡུམ་གྱི་དབུ་གཡས་གཡོན་དུ་འཕྱོ་བའམ། ཡབ་ཀྱི་དབུ་འབྱོ་བའི་ཚུལ་དང་། མོས་ཤིང་གདུང་བའི་ཕྱིར་གཅིག་ལ་གཅིག་དབུ་བཏུད་པ་ལྟ་བུའམ་ཡུམ་གྱི་དབུ་འདུད་པའི་ཚུལ་དང་། ལོངས་སྤྱོད་དང་ལྡན་པའི་ཕྱིར་ཡབ་ཡུམ་དང་མངའ་ཐང་རྐྱེན་ལོངས་སྤྱོད་ཐམས་ཅད་རྫོགས་པ་ལྟ་བུ་ཙམ་མེ་པའི་ཚུལ་དང་། ཉོན་མོངས་པ་དག་པས་ཐུགས་ཞི་བ་མ་ལེ་བའི་ཚུལ་དང་། ཡེངས་པ་མེད་པས་དགོངས་པ་ལས་མི་གཡོ་བས་ལྷན་ནེ་བའི་ཚུལ་དང་། སྒྲིབ་པ་མེད་པར་ཐམས་ཅད་མཁྱེན་པས་མ་འགགས་པར་གསལ་བའི་མངོན་ཤེས་མངའ་བས་ལེ་བའི་ཚུལ་ལོ། །དེ་ལྟར་རྩ་གསུམ་དང་ཐབས་ཀྱི་གཉིས་དང་གནས་ཀྱི་གཅིག་སྟེ་གསུམ་པའི་ཉིང་ལག་རྩ་དྲུག་བཤད་པའོ། །བཞི་པ་ནི། ལང་ཀའི། ཞེས་པ་ནས། སྤྱོམ་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་ཐེག་པས་འདུལ་བ་དགོངས་པའི་ཆོ་འཕྲུལ་ནི་འདི་ལྟ་སྟེ། ཞེས་གདན་ཁྲིའི་དོན་ཏེ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་འོག་གཞི་འཁོར་ལོ་རྩིབས་བཞི་དང་ལྡན་པ་སྟེ། ལྷ་རྒྱུད་ལས། གདན་ཁྲིས་འདུལ་བར་དགོངས་པ་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན། །འོག་གཞི་འཁོར་ལོ་རྩིབས་བཞི་འབར། །ཞེས་གསུངས་པ་ལྟར་དང་། སའི་ཁྱད་པར་བཞིན་བགྲོད་ཟིན་པའི་ཕྱིར་ཐེམ་སྐས་དང་ཉི་ཟླ་པདྨའི་གདན་ཏེ། སྔ་མ་ལས། དགོས་འདོད་རེ་བ་སྐོང་བས་ན། །ཡིད་བཞིན་རིན་ཆེན་ཁྲི་རྐང་བརྩེགས། །ཞེས་དང་། ས་ཡི་ཁྱད་པར་བགྲོད་པས་ན། །ཉི་མ་ཟླ་བ་པདྨའི་གདན། །འབྲས་བུའི་ས་གསུམ་གནོན་པའོ། །ཞེས་གསུངས་པ་ལྟར་དང་། ཡོན་ཏན་ཐམས་ཅད་ཀྱི་ཆེ་བ་དུས་གཅིག་ལ་རྫོགས་ཏེ་སྤྱོམ་པའི་ཕྱིར་སེམས་ཅན་གྱི་གདན་དུ་སྣང་བ་སྟེ། དེ་ཉིད་ལས། ཡོན་ཏན་ཆེ་བས་སྤྱོམ་པས་ན། །སྟོབས་བཅུ་ཚང་བ་གླང་པོའི་གདན། །མི་འཇིགས་བཞིས་བཅོམ་སེང་གེ་ཉིད། །རྫུ་འཕྲུལ་རྐང་བཞི་རྟ་ཡི་གདན། །དབང་བཅུ་མཚོན་པས་རྨ་བྱ་ལ། །ཕྲིན་ལས་ཐོགས་མེད་ནམ་མཁའ་ལྡིང་། །ཞེས་གསུངས་པ་ལྟར་གདན་ཁྲི་རྣམས་སྣང་བའོ། །ལྔ་པ་ལ་བཞི། བྱང་ཆུབ་ཀྱི་ཡན་ལག་གི་རྒྱན་ཆ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱན་ཆ། མཚན་དང་དཔེ་བྱད་ཀྱི་རྒྱན་ཆ། ལམ་གྱི་ཡན་ལག་བཀྲ་ཤིས་རྫས་བརྒྱད་ཀྱི་རྒྱན་ཆའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། བཀོད་པར་དགོངས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་ལྟར་མཛེས་པས་འདུལ་བ་ལ་དགོངས་པའི་ཆོ་འཕྲུལ་ནི། འདི་ལྟ་སྟེ། ཞེས་རྒྱན་ཆས་ཀྱི་དོན་ཏེ། ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་རྫོགས་པའི་རྟགས་སུ། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་དང་ཆོས་མཐུན་པའི་དབུ་རྒྱན་ལྔ་པོ་མ་འདྲེས་པའི་རྒྱན་དང་། དེ་བཞིན་དུ་ཆོས་ཉན་པ་ལ་དགའ་བ་སྙན་ཆ་དང་། བསམ་པ་ཤིན་ཏུ་སྦྱངས་པ་དོ་ཤལ་དང་། ཟག་མེད་ཀྱིས་སྟེ་ཏིང་ངེ་འཛིན་མགུར་ཆུ་དང་། དེ་ཉིད་མི་བརྗེད་པའི་དྲན་པ་ཕྲེང་བ་དང་། འདིར་སེ་མོ་དོ་ནི་དོ་ཤལ་ལ་བཏགས་པའི་རིན་པོ་ཆེའི་རྒྱན་ཡིན་པས་དེ་མེད་ཀྱང་དོ་ཤལ་མི་མཛེས་པར་མི་འགྲོ་བས་བཏང་སྙོམས་སུ་འཇུག་པ་ལྟར། གང་ཡང་དང་དུ་མི་ལེན་པའི་བཏང་སྙོམས་སེ་མོ་དོ་དང་། བར་མི་ཆད་པའི་བརྩོན་འགྲུས་ཕྱག་ཞབས་ཀྱི་གདུ་བུ་སྟེ་དེ་རྣམས་ཀྱིས་མཛེས་པས་སོ་སོའི་རྒྱན་གྱི་ལས་དང་། དབྱིབས་ཀྱི་དོན་དང་ཆོས་མཐུན་ཞིང་མཚོན་དུ་བཏུབ་པའི་ཕྱིར། ཐུགས་ཡེ་ཤེས་རང་སྣང་བའི་རྒྱན་ཆེན་པོས་རྣམ་པར་བཀོད་པར་དགོངས་པའོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། བརྗིད་པར་དགོངས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གཞན་ཡང་སྐུ་གསལ་ལ་བརྗིད་པ་ཆོས་གོས་དང་། གསུང་ཐུགས་རྗེ་ཆགས་པས་སྨད་དཀྲིས་སམ་ཤམ་ཐབས་དང་། ཐུགས་ཤེས་བྱ་གསལ་བས་ཅོད་པན་ནམ་ཟི་ལྡིར་དང་། ཡོན་ཏན་གཟི་འབར་གྱི་སྟོད་གཡོགས་དང་། ཕྲིན་ལས་གར་གྱི་གསང་གོས་སྐུ་རེག་དང་ཕུ་དུང་རྣམས་ཀྱིས་བསྒྱིངས་པའི་ཕྱིར་ཆ་ལུགས་ཆེན་པོས་བརྗིད་པར་དགོངས་པའོ། །འོ་ན་དེར་ངེས་པ་ཅིའི་ཕྱིར་ཞེ་ན། གདུལ་བྱ་ཕྱོགས་གཅིག་གི་དབང་ལས་མཐའ་གྲོལ་བས་ཐེར་ཟུག་པ་ནི་མ་ཡིན་ཏེ། ལྷ་རྒྱུད་ལས། ཆ་ལུགས་ཆེན་པོས་བརྗིད་པས་ན། །སྐུ་ཡི་སྟོད་གཡོགས་རབ་མཛེས་ཤིང་། །གསུང་གི་སྨད་དཀྲིས་ལྷུབ་དང་ལྡན། །ཐུགས་ཀྱི་ཟེའུ་ལྡིར་རྣམ་པར་བགོས། །ཡོན་ཏན་ཆོས་གོས་བསྣམས་ནས་ནི། །མཛད་པ་ལས་ཀྱི་ཕུ་དུང་ལྡན། །ཞེས་སོགས་མང་དུ་བཞུགས་ཀྱང་། འདིར་སྐུ་གཞིར་གྱུར་པའི་ཕྱིར་དང་། གསུང་མཛེས་པའི་ཕྱིར་དང་། ཐུགས་ཤིན་ཏུ་བརྗིད་པའི་ཕྱིར་དང་། ཡོན་ཏན་མངོན་པར་མཐོ་བའི་ཕྱིར་དང་། ཕྲིན་ལས་བྱ་བ་དང་བཅས་པའི་ཕྱིར་རོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། བརྒྱན་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གཞན་ཡང་། སེམས་དཔའ་ཡབ་ཡུམ་བཅུ་ཚན་གསུམ་དང་གཉིས་ཏེ་ཐུན་མོང་མ་ཡིན་པའི་མཚན་གྱི་མེ་ཏོག་གིས་རྒྱས་པར་མཛེས་ཤིང་། སེམས་དཔའ་རེ་རེ་ལའང་དབུ་རྒྱན་རིགས་ལྔ་ལྔ་སྟེ་བཅུ་དྲུག་པ་ལྔ་ཡིས་དཔེ་བྱད་ཀྱི་ཟེའུ་འབྲུས་སྤྲས་པའི་ཕྱིར་སྲས་ཀྱི་ཚོགས་ཀྱིས་ཀུན་ནས་བརྒྱན་པའོ། །སེམས་མ་ནི་གྲངས་ལས་འདས་པའི་དོན་ཏེ་མ་བརྗོད་དོ། །བཞི་པ་ནི། ལང་ཀའི། ཞེས་པ་ནས། འབར་བར་དགོངས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གཞན་ཡང་ཐུན་མོང་མ་ཡིན་པའི་འཕགས་པའི་ལམ་ཡན་ལག་བརྒྱད་རྫོགས་པའི་ཕྱིར། ཡང་དག་པའི་ཏིང་ངེ་འཛིན་ལ་གོམས་པ་ཐུགས་ཀའི་དཔལ་བེའུ་སྟེ་རྒྱུའི་ཐེག་པས་བྲང་རུས་ལ་ཡོད་པར་འདོད་ཀྱང་འདི་བས་ཐུགས་ལ་རྡོ་རྗེ་དང་གཉིས་ཀ་ཡོད་པར་བཞེད་པ་དང་། བསླབ་པའི་མཐའ་བཅུའི་དོན་ལ་རྩོལ་བ་མཐར་ཕྱིན་པས་ཕྱག་ཞབས་ཀྱི་འཁོར་ལོ་དང་། བདེན་པ་དང་ཆོས་དང་བཟླས་པའི་གསུང་གི་ཡང་དག་པའི་ངག་མངའ་བས་ལྗགས་ཀྱི་པདྨ་དང་། དམ་པ་རྣམས་ཀྱི་དེ་ཁོ་ན་ཉིད་ལ་རྟོག་ཅིང་དཔྱོད་པས་སྐུའི་རྒྱལ་མཚན་བརྗིད་པ་དང་། སྒོ་གསུམ་གྱི་སྤྱོད་པ་ལས་ཀྱི་མཐའ་ལས་ངེས་པར་འབྱུང་ཞིང་ཉི་མས་ཚད་པ་སེལ་བ་ལྟར་ཉོན་མོངས་ཀྱིས་གདུང་བ་བསིལ་བས་དབུ་སྐྲ་གདུགས་དང་། མ་ནོར་བའི་ལྟ་བ་རྟོགས་པས་མགུར་གྱི་བུམ་པ་ཟླུམ་པ་དང་། དམ་པའི་ཡོ་བྱད་ལྔས་ཡུན་རིང་དུ་འཚོ་བ་ཕྱག་ཞབས་བཞི་ཉ་དང་། དམ་པའི་ཆོས་སྒྲ་དྲན་ཞིང་འཆང་བས་སྙན་གཉིས་དུང་ངམ་མགྲིན་པའམ་སྤྱི་གཙུག་གཡས་སུ་འཁྱིལ་བ་རྣམས་དང་ལྡན་པའི་ཕྱིར། ལྷ་རྒྱུད་ལས། འཕགས་ལམ་ཡན་ལག་བརྒྱད་ལྡན་པས། །བཀྲ་ཤིས་རྟགས་བརྒྱད་ལུས་ལ་རྫོགས། །ཞེས་པ་ལྟར་ལས་དང་དབྱིབས་ཀྱི་ཆོས་མཐུན་སྦྱར་ཏེ་བཀྲ་ཤིས་འཁྱིལ་བས་འབར་བར་དགོངས་པའོ། །དེ་ལྟར་བཞི་པའི་གསུམ་དང་ལྔ་པའི་རྒྱན་ཉི་ཤུ་སྟེ་ཉིང་ལག་རྩ་གསུམ་དུ་ཕྱེ་བས་བཤད་པའོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། མཐོང་བར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། སྤྱིར་ཉིང་ལག་བདུན་ཅུ་རྩ་གཉིས་ཀྱིས་ཞི་བའི་རྟོག་པ་བཤད་པ་དེ་དག་ནི། དངོས་པོ་གང་གདུལ་བྱ་ལ་སྣང་ན་དེ་དག་སྣང་བས་ཞི་བའི་སྐུ་ཡིས་གདུལ་བའི་དོན་སྣང་བར་མཛད་པའི་ཆོ་འཕྲུལ་ཞེས་བྱ་སྟེ། དེ་དག་གི་དེ་ཁོ་ན་ཉིད་སྙིང་པོ་བྱང་ཆུབ་ཀྱི་ངང་དུ་མཚན་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཕྱིར། སྐུ་གཅིག་ལའང་སྣང་སྟེ། གཅིག་དང་དུ་མ་ལས་གྲོལ་བར་བསྟན་པས་སྣང་ཆ་སོ་སོར་མ་འདྲེས་པར་དབྱིངས་གཅིག་ཏུ་ཡོངས་སུ་འགྲེལ་ཏོ། །ཚུལ་དེ་ནི་ཁྲོ་བོ་ལའང་རྗེས་སུ་མཐུན་ནོ། །གསང་བ་པའི་བདག་པོས་དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ། དམན་པའི་ལུས་ཀྱི་སེམས་དཔའ་ཆེན་པོ་རྣམས། ཆོས་ཐམས་ཅད་ཐུགས་རྗེའི་ཆོ་འཕྲུལ་གྱི་རྣམ་པར་སྣང་བ་ཙམ་དུ་མཐོང་ནས་གཅིག་དང་དུ་མའི་མཐའ་ལས་གྲོལ་བར་གྱུར་ཏོ། །གཉིས་པ་ཁྲོ་བོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས། ཞེས་པ་ནས། བརྩོན་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཡང་གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ། གང་དུ་དེ་ཉིད་ཀྱིས་མི་འདུལ་བའི་གདུལ་བྱའི་ངོ་ལ་སྣང་བའི་ཕྲིན་ལས་སྔ་མ་ཞི་བ་ལས་ཕྱི་མ་ཁྲོ་བོའི་རྣམ་པར་བསྒྱུར་བའི་ཆོ་འཕྲུལ་ནི། འདི་ལྟ་སྟེ། ལམ་པའི་དབང་དུ་འཛིན་པ་གཞིལ་དཀའ་ལ་ཚན་ཏེ་ཞིང་འཐུག་པའི་ཕྱིར་རྣམ་པར་རྟོག་པའི་རི་བོ་བཅུའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ས་ལ་སྦྱོར་བའི་ཕྱིར་སྦྱོར་བའི་རྟོག་པ་དང་། ངོ་བོ་མི་ཕྱེད་པའི་ཕྱིར་ཞེན་པའི་རྟོག་པ་དང་། ཕྱི་མོའི་ངོ་བོ་ཐ་མི་དད་པར་ངེས་པར་ཟིན་པའི་ཕྱིར་དངོས་གཞིའི་རྟོག་པ་དང་། སྐུ་ཕྱག་རྒྱར་སྣང་བའི་ཕྱིར་སྐྱེད་པའི་རྟོག་པ་དང་། བར་དུ་གཅོད་པ་བདུད་འཇོམས་པའི་ཕྱིར་རྐྱེན་གྱི་རྟོག་པ་དང་། གང་རྐྱེན་དུ་འཚམས་པས་འདུལ་བའི་ཕྱིར་ལས་ཀྱི་རྟོག་པ་དང་། ཡོན་ཏན་མཚོན་པར་འབྱུང་བའི་ཕྱིར་མཚན་མའི་རྟོག་པ་དང་། གདུལ་བྱ་ལ་མངོན་པར་སྣང་བའི་ཕྱིར་མངོན་པའི་རྟོག་པ་དང་། མཛད་པ་མི་འགོག་པར་མཛད་པའི་ཕྱིར་སྤྱོད་པའི་རྟོག་པ་དང་། ནང་གི་དོན་ཕྱི་རུ་སྣང་བའི་ཕྱིར་རྟགས་ཀྱི་རྟོག་པ་སྟེ་གཏན་ཚིགས་རྣམས་ཀྱིས་ཕྱོགས་ཙམ་དུ་བསྟན་པའོ། །ལང་ཀའི་བདག་པོ། རྩ་བའི་རྟོག་པ་འདི་བཅུ་ལས། རེ་རེ་ལའང་འོག་གི་མིང་གི་རྟོག་པ་སོགས་དགུ་དགུར་ཕྱེ་བས་རྟོག་པའི་རི་བོ་དགུ་བཅུའམ། གསུམ་པ་ཡན་ཆད་ལ་གསུམ་གསུམ། བཞི་པ་ལ་བཅོ་ལྔ། ལྔ་པ་ལ་བཞི། དྲུག་པ་ལ་དྲུག །བདུན་པ་ལ་གསུམ། བརྒྱད་པ་ལ་བཅུ་དྲུག །དགུ་པ་ལ་ཉི་ཤུ། བཅུ་པ་ལ་བདུན་ཏེ་བརྟགས་པའི་རྟོག་པ་གཅིག་དང་ཉིང་ལག་བརྒྱད་ཅུ་རྩ་གཅིག་གིས་འགྱུར་བས་གྲངས་ཕྲག་གཉིས་པོ་ལ་ངེས་པར་འཛིན་པ་ནི། ལམ་ལྔ་ལ་གནས་པའི་རྣལ་འབྱོར་རྣམས་ཀྱི་གཉིས་པ་མན་ཆད་ལ་སྒྲིབ་སྟེ་ཤིན་ཏུ་ཆ་ཕྲ་བའི་རིམ་པས་ལམ་གོང་མའི་རྟོགས་པ་དམ་པ་རྣམ་པར་བཅད་པས་མཐར་ལམ་བགྲོད་པར་དཀའ་བའི་ཕྱིར། དེ་ངོ་ཤེས་ནས་བསལ་བའི་ཆེད་དུ་བསྟན་པས་ཡོངས་སུ་སྦྱར་བར་བྱ་བ་ལ་བརྩོན་པར་བྱའོ། །ཞེས་གདམས་པའང་མཛད་དོ། །གཉིས་པ་ལ་གཉིས་ཏེ། རྟོག་པའི་རི་བོ་དགུ་བཅུ་ངོས་གཟུང་བ། བརྒྱད་ཅུ་ཤིན་ཏུ་རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། བཅུ་དགུ་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ལ་གྲངས་དང་པོའི་དབང་དུ་དགུ་གང་ཞེ་ན། འདི་ལྟ་སྟེ། གོང་གི་སྦྱོར་བ་ལ་སོགས་པ་བཅུ་པོ་རེ་རེར་ཡང་སྦྱོར་བའི་མིང་གི་རྟོག་པ་དང་། དེ་བཞིན་དུ་མཚན་མའི་རྟོག་པ་དང་། བརྡའི་རྟོག་པ་དང་། ཐ་སྙད་ཀྱི་རྟོག་པ་དང་། ཡོད་པའི་རྟོག་པ་དང་། མེད་པའི་རྟོག་པ་དང་། ཐེ་ཚོམ་གྱི་རྟོག་པ་དང་། ངེས་པར་འཇོག་པའི་རྟོག་པ་དང་། དཔྱོད་པའི་རྟོག་པ་སྟེ་དགུ་ཡི་ངོ་བོ་ནི་སྦྱོར་བ་ལྟ་བུའི་མིང་ལ་སོགས་པའི་མཚན་མ་བསྡུས་པ་དགུ་ཡུལ་དུ་བྱེད་པའི་ཞེན་རྟོག་ངེས་པར་འཛིན་པ་དགུའོ། །དེས་ན་དགུ་པོ་འདི་དག་ནི་སྔ་མའི་རྣམ་པ་བཅུར་རེ་རེའང་དགུ་རེར་འགྱུར་བའི་ངེས་འཛིན་གྱི་རྟོག་པར་གྱུར་པས་རྟོག་པའི་རི་བོ་བཅུ་ཕྲག་དགུ་སྟེ་དགུ་བཅུ་ཐམ་པར་གྲངས་ངེས་པའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། གཅིག་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ལ་བཅུ་ཕྲག་བརྒྱད་པ་དང་། གཅིག་གི་གྲངས་སུ་ངེས་པ་གང་ཞེ་ན། འདི་ལྟ་སྟེ། བཤད་པ་ལྟར། རྟོག་པ་གསུམ་ཕྲག་དང་པོ་ལ་གསུམ་རེ་ཉིད་དུ་བརྩིས་པ་སྤྱི་གྲངས་གསུམ་སྟེ། སྦྱོར་ཞེན་དངོས་གཞི་ཡན་ལག་དགུ་དང་བཅས་པ། རྩ་བའི་དབང་དུ་བྱས་པའི་ཡན་ལག་མཚོན་པ་དང་། བསྐྱེད་པའི་རྟོག་པ་ལྔ་གསུམ་བཅོ་ལྔ་ལ་གཅིག་ཏུ་བརྩིས་པས་སྤྱི་གྲངས་བཞི་པ་སྟེ། ཡན་ལག་ཉི་ཤུ་རྩ་བཞིའོ། །རྐྱེན་གྱི་རྟོག་པ་བཞི་གཅིག་ཏུ་བརྩིས་པས་སྤྱི་གྲངས་ལྔ་པ་སྟེ་ཡན་ལག་ཉི་ཤུ་རྩ་བརྒྱད་དེ། ལས་ཀྱི་རྟོག་པ་དྲུག་གཅིག་ཏུ་བསྡོམ་པ་དང་སྤྱི་གྲངས་དྲུག་པ་སྟེ་ཡན་ལག་སུམ་ཅུ་རྩ་བཞིའོ། །མཚན་མའི་རྟོག་པ་གསུམ་གཅིག་ཏུ་བྱས་པས་བདུན་པ་སྟེ་ཡན་ལག་སུམ་ཅུ་རྩ་བདུན་ནོ། །མངོན་པའི་རྟོག་པ་ལྔ་གཉིས་དང་དྲུག་སྟེ་བཅུ་དྲུག་གཅིག་ཏུ་བསྡོམ་པས་སྤྱི་གྲངས་བརྒྱད་པ་སྟེ་ཡན་ལག་ལྔ་བཅུ་རྩ་གསུམ་མོ། །སྤྱོད་པའི་རྟོག་པ་བཅུ་ཕྲག་གཉིས་ཏེ་ཉི་ཤུ་གཅིག་ཏུ་བརྩིས་པ་དང་སྤྱི་གྲངས་དགུ་སྟེ་ཡན་ལག་བདུན་ཅུ་རྩ་གསུམ་མོ། །རྟགས་ཀྱི་རྟོག་པ་བདུན་གཅིག་ཏུ་བསྡོམ་པས་སྤྱི་གྲངས་རྩ་བ་བཅུ་པ་སྟེ་ཡན་ལག་བརྒྱད་ཅུ་ཐམ་པར་ངེས་པས་དེ་ལྟར་ན་སྤྱིར་བཅུ་ཕྲག་བརྒྱད་དོ། །དེ་རིལ་ལ་ཡང་བརྟགས་པའི་རྟོག་པ་ངེས་པར་ཞེན་པ་ཡོད་པས་དེ་ནི་གཅིག་ཏུ་བགྲངས་པས་བརྒྱད་ཅུ་རྩ་གཅིག་ཏུ་གྲངས་ངེས་པའོ། །འོ་ན་གྲངས་གཉིས་བསྟན་པ་ཅི་དགོས་ཞེ་ན། རྟོག་པ་རྩ་བ་ལས་ཕྱེ་བ་དང་། ཡན་ལག་ལས་ཕྱེ་བ་ངོ་ཤེས་པར་བྱ་བའི་ཕྱིར་བཀོད་དེ། སྤྱིར་བསྡོམ་པས་བརྒྱ་དང་བདུན་ཅུ་རྩ་གཅིག་གོ། །ཆོས་རྗེ་དམ་པ་རིན་པོ་ཆེས། རྟོག་པའི་རི་བོ་བརྒྱད་ཅུ་རྩ་གཅིག་དང་། དགུ་བཅུར་བཤད་པ་དེ། དོན་བསྡུས་ལས་ལམ་གྱི་གོལ་ས་དང་ངོ་བོ་གཉིས་ཀར་བཤད་པས་མཚོན་ཚུལ་འདྲེས་ཞེ་ན། རྟོག་པའི་རི་བོ་འདི་རྣམས་མཐར་ལམ་གྱི་གོལ་སྒྲིབ་ཡིན་ཀྱང་ཟག་བཅས་པའི་ལམ་གྱི་ངོ་བོར་འགྲོ་ལ་དེས་ན་ལམ་འོག་མའི་ངོ་བོ་ནི་གོང་མའི་གོལ་སྒྲིབ་ཏུ་མི་འགལ་ལོ། །ལམ་གཅིག་ལ་མཚོན་ཚུལ་འདྲེས་ན་སྐྱོན་ཡིན་ནོ། །ཞེས་གསུངས་ཏེ་འདིར་གཞན་དུ་ལྡན་ཆོས་བཤད་པ་སོགས་དང་མ་འདྲེས་པའི་ཨ་ནུའི་རང་ལམ་གྱི་ཁྱད་ཆོས་ངོས་ཟིན་པར་བྱའོ། །གཉིས་པ་ལ་བཅུ་སྟེ། སྦྱོར་བའི་རྟོག་པ། ཞེན་པའི་རྟོག་པ། དངོས་གཞིའི་རྟོག་པ། སྐྱེད་པའི་རྟོག་པ། རྐྱེན་གྱི་རྟོག་པ། ལས་ཀྱི་རྟོག་པ། མཚན་མའི་རྟོག་པ། མངོན་པའི་རྟོག་པ། སྤྱོད་པའི་རྟོག་པ། རྟགས་ཀྱི་རྟོག་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། མི་འགོག་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་བརྒྱད་ཅུ་ལས་ཉིང་ལག་གིས་བརྒྱ་དྲུག་ཅུ་རྩ་དྲུག་ངོ་ཤེས་པར་བྱ་བའི་ཕྱིར། ལང་ཀའི་བདག་པོ། དེ་ལ་སྦྱོར་བའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་མི་རྟོག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཡེ་ཤེས་མ་རྨོངས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། ཟུང་འཇུག་མི་འགོག་པ་རྒྱུའི་ཏིང་ངེ་འཛིན་གསུམ་གྱི་ལས་དང་མཚན་ཉིད་དེ་འབྲས་བུ་མཐར་ཕྱིན་ཏེ་ལྷུན་གྱིས་གྲུབ་པར་མངའ་བ་ལ་འཛིན་པའོ། །སྤྱིའི་དབང་དུ། ཞི་གནས་ཆེན་པོ་མི་རྟོག་པ་ནམ་མཁའ་ལྟ་བུ་དང་ལྷག་མཐོང་ཆེན་པོ་མ་རྨོངས་པ་དེ་ལ་གཟའ་སྐར་བཀྲམ་པ་ལྟ་བུ་དང་། ཟུང་དུ་འབྲེལ་བར་མི་འགོག་པ་མཁའ་དང་གཟའ་སྐར་གྱི་གཟུགས་བརྙན་རྒྱ་མཚོར་གསལ་བ་ལྟ་བུ་སྟེ། ཁྲོ་བོ་ལྷ་རྒྱུད་ཀྱི་རྟོག་པ་ཆེན་པོ་ལས། ཞི་གནས་མི་རྟོག་དངོས་པོ་མཁའ་ཁྱབ་འདྲ། །ལྷག་མཐོང་མ་རྨོངས་མཁའ་ལ་གཟའ་སྐར་བཀྲམ། །རྡོས་བཅས་དོན་དང་བསྟུན་ཞིང་འཚམས་པར་བཤད། །ཏིང་འཛིན་ཤེས་རབ་བཀའ་ལུང་གསུམ་དུ་འདུས། །ཞེས་གསུངས་པའི་ལུང་གསུམ་གྱི་དོན་ལ་རྟོག་པའོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། མ་སྐྱེས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཞེན་པའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། ཁྲོ་བོ་དག་གདུལ་བྱའི་ངོར་བཀོད་པ་ཙམ་ལས་ངོ་བོ་ཉིད་སྤྱོད་ཡུལ་དུ་མ་གྲུབ་པས་མི་དམིགས་པ་དང་། སེམས་ཀྱི་རྣམ་པར་ཤར་ཡང་ངོ་བོ་གང་དུའང་ས་མ་ཟིན་པས་མ་གྲུབ་པ་དང་། མཚན་མ་དང་བྲལ་ཏེ་དངོས་གཞི་མི་རྙེད་པས་མ་སྐྱེས་པའི་དོན་ཏེ། སྔ་མ་ལས། བདག་ཏུ་མི་རྟོག་སྤྲུལ་པ་མཛད་ནས་འཐོན། །ཡུལ་དུ་མ་གྲུབ་གཞན་མེད་མཛོད་དུ་གཤེགས། །ཡུལ་སེམས་གཉིས་མེད་མ་སྐྱེས་དབྱིངས་སུ་གཅིག །ཉན་ཐོས་རང་རྒྱལ་སེམས་ཙམ་སྤོང་མན་ངག །ཅེས་མན་ངག་གསུམ་ལ་ཞེན་པའི་རྟོག་པའོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། གཅིག་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དངོས་གཞིའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། ཁྲོ་བོ་ཀུན་སྙིང་པོ་བྱང་ཆུབ་ལྷུན་གྱིས་གྲུབ་པའི་ངང་ལས་ཐབས་དང་ཤེས་རབ་རང་སྣང་བའི་ཕྱིར་རྒྱུ་གཅིག་པ་དང་། ཀུན་གྱིས་མཛད་པ་དྲག་པོའི་ཕྲིན་ལས་མཛད་པའི་ཕྱིར་སྤྱོད་པ་གཅིག་པ་དང་། རིལ་ཤེས་རབ་དང་ཐུགས་རྗེས་ཤིན་ཏུ་ཁྲོས་པར་བཞུགས་པས། རང་བཞིན་གཅིག་པ་སྟེ། མེད་རྒྱུ་བཏགས་ཆགས་བསྒྲུབ་འགྲུབ་བལྟས་པར་སྣང་། །སྤྱོད་མཐུན་ཁྲོ་དྲག་གདུག་པ་དཔའ་བོས་འདུལ། །རྟོག་འཛོམས་སྨད་རྫས་དང་ལེན་དངོས་གྲུབ་རྒྱུ། །འདི་ནི་ཁྲོ་བོ་སྤྱི་ཡི་དོན་དུ་བཤད། །ཅེས་སྤྱི་དོན་གསུམ་ལ་རྟོག་པའོ། །བཞི་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། གང་གིས་གྱུར་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། སྐྱེད་པའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། བཞི་ནི་རྩ་བ་ཉིད། གང་ཞིག་ན་རང་རིག་པའི་ཡེ་ཤེས་ཉིད་ཁྲོ་བོར་གྱུར་པ་དང་། གནས་སམ་གདུལ་བྱ་གང་ལ་ན་དུར་ཁྲོད་ཀྱི་བདག་པོ་ལས་གྱུར་པ་དང་། དགོས་ཆེད་གང་གི་ཕྱིར་ན་གདུག་པ་འདུལ་བའི་ཕྱིར་གྱུར་པ་དང་། ཐབས་གང་གིས་ན་དྲག་པོའི་འདུལ་ཐབས་ཀྱིས་ཁྲོ་བོར་གྱུར་པའོ། །གཉིས་པ་ལ་བཞི་སྟེ། གང་གྱུར་པ། གང་ལ་གྱུར་པ། གང་གི་ཕྱིར་གྱུར་པ། གང་གིས་གྱུར་པ་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། བཅོས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་གྱུར་བ་ནི་འདི་ལྟ་སྟེ། ཡེ་ཉིད་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར་མཉམ་པ་ཉིད་རྟོོགས་པས་མཚན་རྟོག་ངང་གིས་འཇོམས་པའི་ཁྲོ་བོར་གྱུར་པ་དང་། ཐུགས་རྗེ་དང་སྨོན་ལམ་གྱིས་གདུལ་བྱ་འདུལ་བའི་ཤུགས་ཀྱིས་ཁྲོ་བོར་གྱུར་པ་དང་། ཐུགས་རྗེའི་འདུ་འཕྲོ་ཁྲོ་བོར་གྱུར་པ་དང་ལྡན་པ་ཁྲོ་བར་བཅས་པ་དང་། རུ་ཏྲ་ལྟ་བུའི་གཉེན་པོར་གྱུར་པ་གདུལ་བྱ་ལ་སྤྲུལ་པའི་ཁྲོ་བོ་ལྟར་སྣང་བར་བཅོས་པ་དང་བཞིའོ། །དེའང་དེ་བཞིན་ཉིད་ཀྱི་ཁྲོ་བོ་ཡེ་ལྡན་པ་དང་། ཕྱི་མ་གསུམ་ཐུགས་རྗེའི་དབང་གིས་གདུལ་བྱ་ལ་སྣང་བ་ཆེད་དུ་བྱས་པའི་ཕྱིར་ཡེ་ཤེས་ཀྱི་ཁྲོ་བོ་དང་། ཐུགས་རྗེའི་ཁྲོ་བོ་གཉིས་སུ་འདུ་སྟེ། ཁྲོ་བོ་ལྷ་རྒྱུད་ཆེན་པོ་ལས། ངང་ཁྲོ་ཤུགས་ཁྲོ་ཁྲོ་བར་བཅས་དང་བཅོས། །རྟོགས་པས་ཐུགས་རྗེའི་རང་བཞིན་འདུལ་བའི་དབང་། །ཞེས་སོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། འབྲས་བུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་ལ་གྱུར་པ་ནི། འདི་ལྟ་སྟེ། ཁྲོ་བོ་དེ་ཡང་ཡུལ་གདུལ་བྱ་རུ་ཏྲ་ལྟ་བུ་དུར་ཁྲོད་ཀྱི་དྲེགས་པ་ཅན་ལ་སྣང་བར་གྱུར་པ་དང་། དུར་ཁྲོད་ཀྱི་གནས་བམ་རིལ་ཐོད་ལ་མཁར་ལྟ་བུ་ལ་སྣང་བར་གྱུར་པ་དང་། སྙིང་རྗེ་ཆེན་པོས་དྲག་པོར་གྱུར་པའི་ཕྲིན་ལས་ཀྱིས་སྒྲོལ་བར་མཛད་པ་དང་། བསྒྲལ་བར་གྱུར་པའི་འབྲས་བུ་ཕུང་པོ་དུར་ཁྲོད་ཀྱི་གནས་སུ་བྱས་ཏེ་ཤེས་པ་བྱང་ཆུབ་ལ་བཀོད་དེ་མི་འཁོར་བ་དང་དམ་ལ་བཏགས་པའོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། ཕྱིར་གྱུར་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་གི་ཕྱིར་གྱུར་པ་ནི། འདི་ལྟ་སྟེ། གདུལ་བྱ་དྲག་པོ་དེ་ལྟ་ངན་སྤྱོད་ཅིང་ཉོན་མོངས་ལ་ཞེན་པས་མཚམས་མེད་པ་བྱེད་པའི་རྒྱུའི་གདུག་པ་འདུལ་བའི་དགོས་ཆེད་ཀྱི་ཕྱིར་ཁྲོ་བོར་གྱུར་པ་དང་། ཤིན་ཏུ་དྲག་པོར་སྐྱེས་པས། བདག་གཞན་གྱི་སྡུག་བསྔལ་གྱི་ས་བོན་འདེབས་པར་སྨིན་ཟིན་པ་འབྲས་བུའི་གདུག་པ་འདུལ་བའི་དགོས་ཆེད་ཀྱི་ཕྱིར་ཁྲོ་བོར་གྱུར་པའོ། །བཞི་པ་ནི། ལང་ཀའི། ཞེས་པ་ནས། གྱུར་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་གིས་གྱུར་པ་ནི། འདི་ལྟ་སྟེ། ཡེ་ཤེས་ཆེན་པོས་རྟོག་མཚན་རིལ་སྒྲོལ་བའི་ཐུགས་རྗེ་མངའ་བའི་ཕྱིར་བསྐྱེད་པའི་སྙིང་པོ་ཧཱུྃ་ཧ་ཧེ་ཕཊཿཅེས་སྔགས་ཀྱི་རྒྱུ་ཡིས་ཁྲོ་བོར་གྱུར་པ་དང་། བྷྲཱུྃ་ལས་དུར་ཁྲོད་ཀྱི་གཞལ་ཡས་ཁང་རྒྱན་དང་ལྡན་པའི་གནས་ཀྱིས་ཁྲོ་བོར་གྱུར་པ་དང་། ཆོ་ག་གསུམ་གྱི་ཐུགས་རྗེའི་ཐབས་ཀྱིས་བསྒྲལ་ལ་མ་ཐོགས་པ་ལས་ཁྲོ་བོར་གྱུར་པ་དང་། ཅིར་ཡང་སྣང་བ་མངའ་བས་དྲག་པོའི་ཕྲིན་ལས་ཀྱིས་མཛད་པས་ཁྲོ་བོར་གྱུར་པ་དང་། གནས་སྤར་བས་སྡུག་བསྔལ་ཚར་བཅད་ནས་བདེ་བའི་ཡེ་ཤེས་ཆེན་པོར་སྦྱོར་བའི་བྱེད་པ་འབྲས་བུས་དབང་ལས་ཁྲོ་བོར་གྱུར་པ་སྟེ། ཁྲོ་བོ་ལྷ་རྒྱུད་ལས། གང་གི་རྒྱུ་ནི་ཧཱུྃ་དང་ཧ་ཧེ་ཕཊཿ གནས་ནི་སྟེང་འོག་མཁའ་སྟེ་ཡེ་ཤེས་སྐུ། །བསྐྱེད་ཐབས་ཆོ་འཕྲུལ་གསུམ་པོ་ཁྲོ་བོའི་སྐུ། །འབྲས་བུ་དཔལ་ཆེན་ཕྲ་མེན་འཁོར་གྱིས་བསྐོར། །ཕྲིན་ལས་དྲག་པོས་འགྲོ་བ་ཅིས་འདུལ་མཛད། །ཅེས་གསུངས་པ་ལྟར་དེ་དག་གི་དོན་ལ་རྟོག་པར་ཤེས་པར་བྱའོ། །ལྔ་པ་ནི། ལང་ཀའི། ཞེས་པ་ནས། སྟོབས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ལ་རྐྱེན་གྱི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། ལྷའི་བུའི་བདུད་དྲག་པོ་དང་ལྷ་བརྒྱད་བཏུལ་ནས་གདན་དུ་མཛད་དེ་བརྫིས་པ་དང་། ཕུང་པོའི་བདུད་དེ་མ་དམིགས་པས་རྒས་རྒུད་མེད་པར་མཛད་པས་ཤེས་རབ་ཀྱི་མཚོན་གྱིས་གདུག་པ་ཅན་གྱི་གདོས་བཅས་ཀྱི་ལུས་བྲལ་ཏེ་བཤིགས་པ་དང་། ཉོན་མོངས་པའི་བདུད་མ་དམིགས་པར་བཅོམ་པས་ས་བོན་མེད་པའི་ཕྱིར་དུག་གསུམ་ཟད་ནས་ཤ་རུས་ཁྲག་གསུམ་ཟོས་འཆོས་འཐུང་སྟེ་ཟ་བ་དང་། སྐྱེ་ཤི་མི་མངའ་བས་ན་འཆི་བདག་གི་བདུད་བཅོམ་པས་ཤེས་པ་ཟག་མེད་ཀྱིས་ལ་བཀོད་དེ་གནས་སུ་སྟོབས་པ་རྣམས་ལ་རྟོག་པ་སྟེ། ཚམ་རྔམས་དྲག་པོས་ལྷ་ཆེན་འདར་བསྒྱེལ་བརྫིས། །བརྟུལ་ཞུགས་རོལ་པས་གདོས་བཅས་ཕུང་པོ་བཤིགས། །དུག་གསུམ་མི་སྤང་ཤ་རུས་ཁྲག་ལ་ཟ། །རྣམ་ཤེས་འཆི་མེད་རྒྱལ་བའི་གནས་སུ་སྟོབས། །ཅེས་པའོ། །དྲུག་པ་ནི། ལང་ཀའི། ཞེས་པ་ནས། ལས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ལས་ཀྱི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། དབང་ཕྱུག་ཆེན་པོའི་ཡོན་ཏན་བརྙེས་པའི་ཕྱིར་དུག་ལྔ་དབང་དུ་སྡུད་པར་མཛད་པའི་རྟགས་ལས་མཉེས་པས་ཐོད་ཁྲག་སྟོབས་པ་དང་། འཇིགས་ཚུལ་སྦྲུལ་གྱི་རྒྱན་ལ་སོགས་པས་བརྗིད་པ་དང་། བདག་གཞན་གྱི་དཔལ་མངའ་བའི་ཕྱིར་དཔའ་བས་འཇིགས་ཤིང་ཉམ་ང་མེད་པར་བདེ་བ་མཆོག་དང་ལྡན་པའི་རྟགས་ལས་ཁ་ཊྭཾ་བསྣམས་པ་སོགས་ཀྱིས་རྔམ་པ་དང་། མཚན་དང་དཔེ་བྱད་ཀྱི་སྐུ་མཆོག་མངའ་བའི་ཕྱིར་མི་ཐུང་བྱིས་པ། དྲང་སྲོང་ཁྲོས་པ། གནོད་སྦྱིན་རྔམ་བརྗིད། འདུལ་དབང་སྲིན་པོའི་ཚུལ་གྱི་སྐུ་མཐའ་ཡས་པ་སྣང་བའི་རྟགས་ལས་འཁོར་ལོ་བསྣམས་པ་སོགས་ཀྱིས་འཇིགས་པ་དང་། རིལ་དུ་གྲགས་པ་ཕུན་སུམ་ཚོགས་པ་མངའ་བའི་ཕྱིར་སྐུ་གསུང་ཐུགས་ཆོས་ཀྱི་ཕུང་པོ་གྲགས་པ་མཐའ་ཡས་པའི་རྟགས་ལས་རྔེའུ་ཆུང་བསྣམས་པ་ལ་སོགས་པས་མཛེས་པ་དང་། ཅིས་ཀྱང་མ་གོས་པའི་ཡེ་ཤེས་མངའ་བའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་ཅིང་ཉོན་མོངས་ཀྱི་དྲྭ་བ་གཅོད་པ་ལ་ཐོགས་པ་མེད་པའི་རྟགས་ལས་རལ་གྲི་བསྣམས་པ་སོགས་ཀྱིས་འཕགས་པ་དང་། དུས་གསུམ་དུ་རྒྱུན་མ་ཆད་པར་གདུལ་བྱ་ཆུད་མི་གསོན་པའི་བརྩོན་འགྲུས་ཆེན་པོའི་གོ་ཆ་མངའ་བའི་ཕྱིར་ཕྲིན་ལས་དུས་གཅིག་གྲུབ་པ་ལས་སླར་ཡང་མི་སྐྱོར་བའི་ནན་ཏན་མཆོག་གི་རྟགས་ལས་རྡོ་རྗེ་རྒྱ་གྲམ་བསྣམས་པ་སོགས་ཀྱིས་གནོན་པ་སྟེ། དབང་དང་རབ་ཏུ་ལྡན་པ་དང་། །དཔལ་དང་གཟུགས་དང་གྲགས་པ་དང་། །ཡེ་ཤེས་དང་ནི་ནན་ཏན་དང་། །དྲུག་དང་ཡང་དག་ལྡན་ཕྱིར་རོ། །ཞེས་དེ་རྣམས་ལ་རྟོག་པ་རྣམས་སོ། །བདུན་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། ཆེ་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། མཚན་མའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། རྩ་བ་གསུམ་ནི། ན་བཟའ་རྒྱན་གྱི་ལུང་རྒྱན་རྣམས་དོན་གྱི་ངོ་བོ་ལས་མི་འདའ་བ་དང་། ཡན་ལག་རྟགས་ཀྱི་ལུང་འགྲོ་བའི་དོན་དུ་རོལ་པ་མཛད་པ་དང་། ཆེ་མཆོག་ཡོན་ཏན་གྱི་ལུང་མཆོག་ཏུ་འཕགས་པའི་ཆེ་བ་དང་ལྡན་པའོ། །གཉིས་པ་ལ་གསུམ་སྟེ། མི་འདའ་བ་རྒྱན་གྱི་ལུང་། ཡན་ལག་རྟགས་ཀྱི་ལུང་། ཆེ་བ་ཡོན་ཏན་གྱི་ལུང་ངོ་། །དང་པོ་ནི། ལང་ཀའི། ཞེས་པ་ནས། མི་འདའ་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ལ་མི་འདའ་བ་གང་ཞེ་ན། འདི་ལྟ་སྟེ། ཐུགས་རྗེ་ཆེན་པོ་གདུལ་བྱ་འདུལ་བ་ལས་མི་འདའ་བ་ལྷུན་གྱིས་གྲུབ་པར་དོན་མཛད་དེ་དུས་གསུམ་དུ་གདུལ་བྱ་མི་དོར་བའི་ཕྱིར། གླང་པོའི་ཀོ་རློན་ཏེ། ལྷ་རྒྱུད་ལས། གླང་ཆེན་འདུལ་སྟོབས་ཐེག་པའི་རྒྱན། །ཞེས་པའི་དོན་དང་། དཔའ་བའི་རང་བཞིན་ལས་མི་འདའ་བ་ཁྲོ་བོའི་རང་བཞིན་དུ་དཔའ་བའི་ཕྱིར་སྟག་གི་ཤམ་ཐབས་ཏེ། སྟག་གི་དཔའ་བརྟུལ་ཟ་བྱེད་རྒྱན། །ཞེས་པའི་དོན་དང་། དབྱིངས་ཤེས་རབ་ལས་མི་འདའ་བ་ཐུགས་ཀྱིས་གཉིས་མེད་དུ་མཁྱེན་པས་མཐའ་རིལ་འཇོམས་པའི་ཕྱིར་སྦྲུལ་གྱི་ཆུན་པོའི་ཆས་བརྒྱད་དེ། སྦྲུལ་ཆུན་དཔའ་བརྗིད་མཉེན་ལྕུག་རྒྱན། །ཞེས་པའི་དོན་དང་། འགྲེལ་པ་ལུང་བསྟན་མ་ལས། ཟབ་མོ་ཡུམ་གྱི་རྟགས་སྦྲུལ་བཞི། །ཞེས་གསུངས། དུག་གསུམ་སྐུ་གསུམ་དུ་དབང་བསྒྱུར་བའི་ཐབས་ལས་མི་འདའ་བ་ཐབས་མཆོག་དཔག་གིས་མི་ལང་བས་འཁོར་བའི་དཔྱིས་ཕྱུང་བའི་ཕྱིར་ཐོད་ཕྲེང་ཚར་གསུམ་སྟེ། ཐོད་ཕྲེང་དབང་སྒྲོལ་འཆད་པའི་རྒྱན། །ཞེས་པའི་དོན་དང་། འདི་གཉིས་ནི་གདགས་པའི་རྒྱན་གཉིས་སོ། །ཐབས་ཀྱིས་གདུག་པ་སྒྲོལ་བའི་ཐུགས་དམ་ལས་མི་འདའ་བ་སྔོན་གྱི་གོ་ཆས་གདུལ་བྱ་མི་དོར་བའི་ཕྱིར་ཞིང་གི་གཡང་གཞི་མནབས་པ་སྟེ། གཡང་གཞི་ཚུལ་ཁྲིམས་གོས་ཀྱི་རྒྱན། །ཞེས་པའི་དོན་དང་། སྔ་མ་གཉིས་དང་འདི་གསུམ་ནི་བགོ་བའི་རྒྱན་གསུམ་མོ། །དམིགས་པ་དག་པའི་ཐུགས་རྗེ་ལས་མི་འདའ་བ་ཤེས་རབ་དང་ཐུགས་རྗེ་ཆེན་པོས་འཁོར་འདས་ལ་ཆགས་པ་མི་ཕྱེད་པའི་ཕྱིར་རཀྟའི་ཐིག་ལེ་སྟེ། རཀྟ་ཐུགས་རྗེ་ཆགས་པའི་རྒྱན། །ཞེས་པའི་དོན་དང་། དགོངས་བཅུད་དམ་པ་ལས་མི་འདའ་བ་ཆོས་མཉམ་པའི་དེ་ཁོ་ན་ཉིད་དྲི་མའི་ཟུག་རྔུ་དང་བྲལ་བར་མཁྱེན་པའི་ཕྱིར་ཞག་གི་ཟོ་རིས་ཀྱིས་བརྒྱན་ཏེ། གཟི་ཆེན་དོན་དམ་བཅུད་ཀྱི་རྒྱན། །ཞེས་པའི་དོན་དང་། སྐུ་གསུམ་གྱིས་དུག་གསུམ་འཇོམས་པའི་ཕྲིན་ལས་ལས་མི་འདའ་བ་མཛད་པས་འགྲོ་བ་སྒྲོལ་བའི་ཕྱིར་ཐལ་ཆེན་གྱི་མཚན་མ་སྟེ། ཐལ་ཆེན་འདུལ་བྱེད་ཕྲིན་ལས་རྒྱན། །ཞེས་པའི་དོན་དང་། གསུམ་ནི་བྱུགས་པའི་རྒྱན་གསུམ་མོ། །དེ་དག་ནི་ཐུན་མོང་ཡེ་ཤེས་རང་སྣང་གི་རྒྱན་བརྒྱད་དོ། །མཚན་མ་བསྲེགས་པའི་ཡེ་ཤེས་ལས་མི་འདའ་བས་མཐའ་དང་བྲལ་བའི་མེ་ཀློང་ན་བཞུགས་པའི་ཕྱིར་མེ་དཔུང་འབར་བ་སྟེ། ཆོས་སྐུས་ཁྱབ་དང་ཏིང་འཛིན་འཕྲོ། །ཞེས་པའི་དོན་དང་། དགོངས་པ་ཆོས་ཉིད་ཀུན་ཏུ་ཁྱབ་པ་ལས་མི་འདའ་བར་མ་འདྲེས་པའི་སྤྲུལ་པ་འཕྲོ་བའི་ཕྱིར་རལ་པ་གྱེན་དུ་གཏིབས་པ་སྟེ། ཆོས་ཉིད་དབང་དྲག་སྤྲུལ་པ་འཕྲོ། །ཞེན་པའི་དོན་དང་། དོན་ཤིན་ཏུ་གསལ་བའི་དགོངས་པ་ལས་མི་འདའ་བར་དེ་ཁོ་ན་ཉིད་ལ་འགྱུར་བ་མེད་པར་བཞུགས་པའི་ཕྱིར་སྐུ་མདོག་མཐིང་ནག་འབར་བ་སྟེ། སྐུ་མདོག་མཐིང་ནག་ནམ་མཁའི་རྒྱན། །ཞེས་པའི་དོན་ཏེ། ཇི་སྐད་དུ། གླིང་ལ་དགོངས་པ་འཛམ་གླིང་འདུལ། །དོན་ལ་དགོངས་པ་མཐའ་དབུས་མེད། །ཅེས་སོ། །དེ་ལྟར་བཅུ་གཅིག་ལ་རྟོག་པའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། མཛད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། རོལ་པ་གང་ཞེ་ན། འདི་ལྟ་སྟེ། རང་གི་དོན་གྱི་ངོ་བོ་ཡོངས་སུ་ལྷུན་གྱིས་གྲུབ་པ་དང་། དེ་ཡིས་གཞན་དོན་སོ་སོའི་ཕྲིན་ལས་མཛད་པར་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། གྲུབ་པ་རྟགས་ཀྱི་ཕྱག་རྒྱ། མཛད་པ་ལས་ཀྱི་ཕྱག་རྒྱའོ། །དང་པོ་ནི། གྲུབ་པ། ཞེས་པ་ནས། མི་བགྲོད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲུབ་པ་གང་ཞེ་ན། འདི་ལྟ་སྟེ། དངོས་གཞི་ཡོངས་སུ་མ་ཟིན་པར་དུག་གསུམ་མ་སྐྱེས་པར་གསལ་བའི་ཡེ་ཤེས་རིལ་གྱི་བླར་གྱུར་པས་དབུར་གྲུབ་པ་སྟེ། དབུ་གསུམ་དུག་གསུམ་སྐུ་གསུམ་ལྷུན་གྱིས་གྲུབ། །ཞེས་གསུངས་པའི་ཕྱིར། དེའང་གཏི་མུག་དག་པས་གཡས་དཀར་སྐུ། འདོད་ཆགས་དག་པས་གཡོན་དམར་གསུང་། ཞེ་སྡང་དག་པས་དབུས་མཐིང་ཐུགས་དང་། ཐེག་པའི་བྱེ་བྲག་དགུ་པོ་མ་འདྲེས་པར་གཟིགས་ཤིང་གཟུགས་སྣང་མཐོ་དམན་ཐམས་ཅད་ཡུལ་མེད་དུ་ཆུ་དང་གཟའ་སྐར་ལྟར་གསལ་བས་ཀུན་ནས་མ་རྨོངས་པས་སྤྱན་དུ་གྲུབ་པ་སྟེ། སྤྱན་དགུས་ས་གསུམ་སྐུ་གསུམ་ཡེ་ཤེས་གསུམ། །ཞེས་གསུངས་པའི་ཕྱིར། དེའང་གཡས་གསུམ་ས། དབུས་གསུམ་སྐུ། གཡོན་གསུམ་ཡེ་ཤེས་དང་། ཏིང་འཛིན་གསུམ་ལས་མི་ཡེངས་པར་ཐུགས་ལ་འགྲོ་འོང་འབྱུང་འཇུག་གི་ངེས་གསུམ་བྲལ་ཏེ་མི་གཡོ་བས་ཤངས་སུ་གྲུབ་པ་སྟེ། ཤངས་གསུམ་སྲོག་ལ་མངའ་མཛད་ཏིང་འཛིན་གསུམ། །དེ་བཞིན་ཉིད་རྒྱུ་ཀུན་སྣང་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་དང་། དེ་གསུམ་ནི་གྲལ་དང་ལས་དང་དབྱིབས་ཀྱི་སྒོ་ནས་བཞག་པའོ། །ཐམས་ཅད་མ་སྒྲིབས་པས་བརྗོད་པ་རིལ་མ་གསན་པར་གསལ་ཏེ་མ་འགགས་པའི་ངོ་བོར་བཞུགས་པས་སྙན་དུ་གྲུབ་པ་སྟེ། སྒྲ་ཆེན་ཐ་དད་སྒྲ་སྟེ་ཆོས་སྐུ་ཏིང་འཛིན་སྙན། །ཞེས་གསུངས་པའི་ཕྱིར་དང་། རྣམ་ཐར་གསུམ་གྱིས་ཅི་ལ་རོལ་ཡང་ཞེན་ཆགས་མི་མངའ་བར་མ་ཆགས་པ་དང་ལྡན་པས་ཞལ་དུ་གྲུབ་པ་སྟེ། ཞལ་གསུམ་རྣམ་ཐར་སྒོ་གསུམ་ལྷུན་གྱིས་གྲུབ། །ཅེས་གསུངས་པའི་ཕྱིར། དེའང་སྐུ་སྟོང་པ་ཉིད་གཡས། གསུང་མཚན་མ་མེད་པ་གཡོན། ཐུགས་སྨོན་པ་མེད་པ་དབུས་ཞལ་དང་། ཐེག་པ་ཀུན་མཁྱེན་པའི་ཡེ་ཤེས་ཉིད་མི་ཤེས་པའི་མདུད་པས་མ་བཅིངས་པའི་བརྗོད་པ་ལྗགས་སུ་གྲུབ་སྟེ། ལྗགས་གསུམ་ཐེག་གསུམ་མཐར་ཕྱིན་ཤེས་རབ་རྟགས། །ཞེས་གསུངས་པའི་ཕྱིར། དེའང་སྐུའི་ཐེག་པ་འཆད་པས་གཡས་དཀར། གསུང་གི་ཐེག་པ་འཆད་པས་གཡོན་དམར། ཐུགས་ཀྱི་ཐེག་པ་འཆད་པས་དབུས་མཐིང་བ་དང་། ལས་བཞི་དུས་ཚིགས་གཅིག་ལ་ཆེད་དུ་གྲུབ་པར་མཛད་དེ་མི་སྐྱོར་བའི་རྟགས་ལས་མཆེ་བ་བཞི་གྲུབ་པ་སྟེ། མཆེ་བཞི་ཕྲིན་ལས་མཐར་ཕྱིན་བཞི་ཡི་ཚུལ། །ཞེས་གསུངས་པའི་ཕྱིར་དང་། ཕྲིན་ལས་སྐད་ཅིག་ཙམ་ལ་མཛད་དེ་ཡེ་ཤེས་ཆེན་པོ་གང་ལའང་མི་ཐོགས་པས་ཕྱག་ཏུ་གྲུབ་པ་སྟེ། ཡེ་ཤེས་དྲུག་ནི་མཐར་ཕྱིན་ཕྱག་དྲུག་སྟེ། །ཞེས་གསུངས་པའི་ཕྱིར་དང་། རིགས་དྲུག་གི་དོན་མཛད་པའི་ཡོན་ཏན་མང་པོ་ཀུན་མ་ལུས་པར་རྫོགས་པས་ཕྱག་མཚན་དུ་གྲུབ་པ་སྟེ། ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ཕྱག་མཚན་དྲུག །ཅེས་གསུངས་པའི་ཕྱིར་དང་། ཐམས་ཅད་ཆོས་དབྱིངས་སུ་གསལ་བས་བགྲོད་པ་མེད་པར་ས་ནོན་ཏེ་མི་བགྲོད་པས་ཞབས་སུ་གྲུབ་པ་སྟེ། ཞབས་བཞིས་ལམ་བཞི་བགྲོད་པ་མེད་པར་ཐོབ། །ཞེས་གསུངས་པའི་ཕྱིར་དེ་རྣམས་ལ་རྟོག་པའོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། མཛད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། མཛད་པ་གང་ཞེ་ན། འདི་ལྟ་སྟེ། ལྷ་རྒྱུད་ལས། སྤྱན་དགུས་ས་དགུ་འདུལ་བའི་བྱེ་བྲག་གཟིགས། །སྤྱན་གསུམ་སྲིད་གསུམ་འགྲོ་རྒྱུད་སོ་སོར་མཁྱེན། །ཞེས་གསུངས་པ་ལྟར་སྤྱན་གྱི་ཕྲིན་ལས་གདུལ་བྱ་ཆེད་དུ་མ་བལྟས་པར་གཟིགས་པར་མཛད་པ་དང་། ཤངས་ནས་རླུང་བྱུང་སྤྲུལ་པས་སྟོང་གསུམ་འགེངས། །ཞེས་པ་ལྟར་ཤངས་ཀྱི་ཕྲིན་ལས་སྤྲུལ་པའི་འབྱུང་གནས་སུ་གྱུར་པས་སྤྲུལ་པ་འགྱེད་པར་མཛད་པ་དང་། སྙན་དྲུག་འགྲོ་དྲུག་གནས་ནས་ཅི་གསོལ་གསན། །ཞེས་པ་ལྟར་སྙན་གྱི་ཕྲིན་ལས་ཐུགས་དམ་བསྐུལ་ཞིང་ཅི་གསོལ་བ་རིལ་གསན་ནས་དངོས་གྲུབ་སྣང་བར་མཛད་པ་དང་། དབུ་གསུམ་སྲིད་གསུམ་མགོན་མཛད་སྐུ་གསུང་ཐུགས། །ཞེས་པ་ལྟར་དབུའི་ཕྲིན་ལས་གདུལ་བྱའི་འགྲོ་བ་རྣམས་ཀྱི་མགོན་སྐྱབས་དམ་པར་མཛད་པ་དང་། ཞལ་གསུམ་དབྱིངས་སུ་དུག་གསུམ་ཟད་པར་རྔུབ། །ཞེས་པ་ལྟར་ཞལ་གྱི་ཕྲིན་ལས་ཤ་རུས་ཁྲག་ལ་རོལ་ཏེ་དུག་ཆེན་གསུམ་པོ་ཟད་པར་མཛད་པ་དང་། ལྗགས་གསུམ་ཐེག་གསུམ་བསྟན་པའི་གདངས་ངར་སོགས། །ཞེས་པ་ལྟར་ལྗགས་ཀྱི་ཕྲིན་ལས་གསང་སྔགས་ཐེག་མཆོག་རྒྱལ་པོ་སྟོན་པར་མཛད་པ་དང་། མཆེ་བཞིས་སྐྱེ་བཞི་རྩད་ནས་གཅོད་པར་བྱེད། །ཞེས་པ་ལྟར་མཆེ་བ་བཞིའི་ཕྲིན་ལས་མངལ་དང་དྲོད་གཤེར་སྒོ་ང་བརྫུས་ནས་སྐྱེ་བའི་ས་བོན་འཇོམས་པས་སྐྱེ་བ་རྣམ་བཞི་གཅོད་པར་མཛད་པ་དང་། ཕྱག་དྲུག་རྒྱུད་དྲུག་འཁོར་བ་གནས་ནས་འདོན། །ཞེས་པ་ལྟར་ཕྱག་གི་ཕྲིན་ལས་འགྲོ་དྲུག་གནས་ནས་སྒྲོལ་བས་རྒྱུད་དྲུག་གདོན་པར་མཛད་པ་དང་། ཕྱག་མཚན་ཕ་རོལ་ཕྱིན་དྲུག་འགྲོ་དོན་མཛད། །ཞེས་པ་ལྟར་ཕྱག་མཚན་རྣམས་ཀྱི་ཕྲིན་ལས་ཡེ་ཤེས་དྲུག་དང་འབྲས་བུ་དྲུག་ལྷུན་གྱིས་གྲུབ་པར་རྟོགས་ཏེ་ཡང་དག་པའི་མཐའ་དྲུག་རྫོགས་པར་མཛད་པ་དང་། ཞབས་བཞིས་ཕྲིན་ལས་རྣམ་བཞིས་བགྲོད་མེད་སྒྲོལ། །ཞེས་པ་ལྟར་ཞབས་ཀྱི་ཕྲིན་ལས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞིས་འགྲོ་བ་སྒྲོལ་བར་མཛད་པ་དང་བཅུ་ལ་རྟོག་པའོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། ཆེ་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཆེ་བ་གང་ཞེ་ན། འདི་ལྟ་སྟེ། ཐུན་མོང་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་མངའ་བའི་ཕྱིར་ཏེ། རྡོ་རྗེ་ཡེ་ཤེས་ཕ་རོལ་ཕྱིན་པ་ནི། །རང་བཞིན་མི་འགྱུར་ལས་ནི་འབིགས་ཤིང་འཇོམས། །ཞེས་གཉིས་མེད་ཀྱི་ཡེ་ཤེས་ཆེན་པོ་མངའ་བའི་ཕྱིར་གཉེན་པོ་མེད་པའི་ཆེ་བ་དང་ལྡན་པས་བཛྲ་ཧེ་རུ་ཀའི་གཡས་དང་པོར་རང་རྟགས་ཀྱི་གཉེན་པོ་དང་བྲལ་བའི་རྡོ་རྗེ་བསྣམས་པའོ། །བྷནྡྷ་བཟོད་པའི་ཕ་རོལ་ཕྱིན་པ་ནི། །ཆོས་དབྱིངས་སྤྲོས་མེད་ཡེ་ཤེས་བཞི་དང་ལྡན། །ཞེས་མཉམ་པའི་ངང་ལ་སྡུག་བསྔལ་མ་སྤང་བྲལ་བའི་བཟོད་པ་ཆེན་པོ་མངའ་བས་དོན་བྱེད་པའི་ཕྱིར་འགྲན་ཟླ་མེད་པའི་ཆེ་བ་དང་ལྡན་པས་གཡོན་དང་པོར་ཐུགས་རྗེ་ཡེ་ཤེས་ཀྱིས་འཕགས་པའི་དུང་ཁྲག་བསྣམས་པའོ། །ཁ་ཊྭཱྃ་སྟོབས་ཀྱི་ཕ་རོལ་ཕྱིན་པ་ནི། །དུག་གསུམ་སྒྲོལ་བྱེད་དྲེགས་པའི་ལྷ་བདུད་འཇོམས། །ཞེས་སྟོང་གསུམ་ཡོངས་སྒྲོལ་གྱི་སྟོབས་མཆོག་མངའ་བའི་ཕྱིར། ཁྱད་པར་དུ་འཕགས་པའི་ཆེ་བ་དང་ལྡན་པས་གཡོན་བར་པར་དུག་གསུམ་ལྷ་བདུད་འཇོམས་པའི་ཁ་ཊྭཱྃ་ག་བསྣམས་པའོ། །ཞིང་ཆེན་སྨོན་ལམ་ཕ་རོལ་ཕྱིན་པ་ནི། །འབོད་པའི་གཡབ་མོས་འཁོར་རྣམས་དབང་དུ་སྡུད། །ཞེས་ཡོན་ཏན་བདག་ལ་རྫོགས་པས་སྨོན་གནས་མཐར་ཕྱིན་པའི་ཕྱིར་གང་ལའང་རག་མ་ལས་པར་ཆེ་བཙན་གཅིག་པུའི་ཆེ་བ་དང་ལྡན་པས་གཡས་བར་པར་དྲེགས་པ་ཅན་བྲན་དུ་འཁོལ་བའི་ཞིང་ཆེན་བསྣམས་པའོ། །ཐོང་གཤོལ་ཐབས་ཀྱི་ཕ་རོལ་ཕྱིན་པ་ནི། །ཉོན་མོངས་ཐུགས་རྗེས་ཐ་བ་སྐུ་གསུམ་འགྲུབ། །ཞེས་ཐབས་མཆོག་དཔག་གིས་མི་ལང་བའི་མཛད་པའི་བྱིན་རླབས་ཀྱིས་ཉོན་མོངས་པའི་ཐ་བ་འདུལ་བའི་ཕྱིར་ཚམ་ངམ་རླབས་ཀྱི་ཆེ་བ་དང་ལྡན་པས་གཡས་ཐ་མར་གདུག་པ་འདུལ་བའི་ཐོང་གཤོལ་བསྣམས་པའོ། །རྔ་ནི་ཤེས་རབ་ཕ་རོལ་ཕྱིན་བསྟན་པ། །ཡུལ་མེད་ཆོས་སྐུ་རྣམ་དག་རྔ་ལོགས་ལ། །འཛིན་པ་བདག་མེད་རིག་པའི་དབྱུག་གུས་བརྡུངས། །གསུང་རབ་རྔ་སྒྲས་འགྲོ་བ་ཤེས་རབ་སྐྱེད། །ཞེས་གསང་སྔགས་ཇི་བཞིན་པ་དེ་ཁོ་ན་ཉིད་དུ་འཛིན་པ་དང་ཡང་བྲལ་བས་མི་དམིགས་པའི་ཤེས་རབ་ཆེན་པོས་རྨད་དུ་བྱུང་བའི་ཐེག་པ་གཞན་ལའང་སྒྲོགས་པའི་ཕྱིར་རྨད་དུ་བྱུང་བའི་ཆེ་བ་དང་ལྡན་པས་གཡོན་ཐ་མར་ཕ་རོལ་ཤེས་རབ་སྐྱེད་པའི་རྔ་ཆུང་བསྣམས་པའོ། །པདྨ་འདམ་སྐྱེས་མ་ཆགས་ཐུགས་རྗེས་སྤྱོད། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་དབང་དུ་བསྟན། །ཞེས་དུས་གསུམ་དུ་འདའ་ཉམས་བྲལ་བས་ཕམ་ལྟུང་གིས་མི་གོས་པའི་ཚུལ་ཁྲིམས་ཆེན་པོ་མངའ་བའི་ཕྱིར་ཐམས་ཅད་དུ་མ་ཕམ་པའི་ཆེ་བ་དང་ལྡན་པས་པདྨ་ཧེ་རུ་ཀའི་གཡས་དང་པོར་འཁོར་བའི་དཔུང་གིས་མི་འཇིགས་པའི་པདྨ་བསྣམས་པའོ། །འཁོར་ལོ་བསམ་གཏན་ལྷག་པ་གསུམ་གྱི་མཚན། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་གསུམ་དང་ལྡན། །ཞེས་སྙིང་པོ་བྱང་ཆུབ་ལྷུན་གྱིས་རྫོགས་པའི་ངང་ལས་དུས་གསུམ་དུ་མི་གཡོ་བ་ཆེན་པོའི་བསམ་གཏན་མངའ་བའི་ཕྱིར་མངའ་དབང་རྫོགས་པའི་ཆེ་བ་དང་ལྡན་པས་བུདྡྷ་ཧེ་རུ་ཀའི་གཡས་དང་པོར་དབང་བཅུ་ཐོབ་པའི་འཁོར་ལོ་བསྣམས་པའོ། །རལ་གྲི་ཡེ་ཤེས་ཐུགས་རྗེས་མཐའ་གཉིས་གཅོད། །རྩེ་གཅིག་ཏིང་འཛིན་གཉིས་ལ་བརྩོན་འགྲུས་མཛད། །ཞེས་བྱ་བྱེད་བྲལ་བས་ཡེངས་པ་མེད་པའི་བརྩོན་འགྲུས་ཀྱི་གོ་མཚོན་ཆེན་པོས་ལེ་ལོའི་སྐྱོན་གྱི་དགྲ་དཔུང་གཏན་ནས་འཇོམས་པའི་ཕྱིར་ཀུན་ལས་རྒྱལ་བའི་ཆེ་བ་དང་ལྡན་པས་ཀརྨ་ཧེ་རུ་ཀའི་གཡས་དང་པོར་ཡེ་ཤེས་ཐུགས་རྗེས་མཐའ་གཉིས་གཅོད་པའི་རལ་གྲི་བསྣམས་པའོ། །བདག་མེད་སེམས་ལས་རིན་ཆེན་དགོས་འདོད་སྐོང་། །མི་ཟད་པར་ལྡན་སྦྱིན་པའི་ཕ་རོལ་ཕྱིན། །ཞེས་གང་ལའང་མ་ཆགས་པར་ཐམས་ཅད་ཁྱབ་པས་སྦྱིན་པའི་ཡོན་ཏན་ཆེན་པོ་འཕེལ་འགྲིབ་དང་བྲལ་བ་མངའ་བའི་ཕྱིར་ཡོངས་སུ་མི་ནུབ་པའི་ཆེ་བ་དང་ལྡན་པས་རཏྣ་ཧེ་རུ་ཀའི་གཡས་དང་པོར་མི་ཟད་པ་ལྡན་པའི་རིན་པོ་ཆེ་བསྣམས་པ་སྟེ་དེ་རྣམས་ཀྱི་མཚན་མར་རྟོག་པའོ། །བརྒྱད་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། མངོན་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། མངོན་པའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། སྐུའི་རྔམ་སྤྱོམ་བྱེ་བ་ས་ཡར་མངོན་པ་དང་། གསུང་གི་རྔམ་སྤྱོམ་བསྟན་པ་རྒྱ་མཚོར་མངོན་པ་དང་། ཐུགས་ཀྱི་རྔམ་སྤྱོམ་ཆོས་ཉིད་ནམ་མཁར་མངོན་པ་དང་། མཐུའི་རྔམ་སྤྱོམ་ནམ་མཁའི་དབྱིངས་ལྟར་མངོན་པ་སྟེ་རྩ་བ་བཞིའི་ངེས་ཚིག་ཡན་ལག་གིས་འགྲུབ་པའོ། །གཉིས་པ་བཞི་སྟེ། སྐུའི་རྔམ་པ། གསུང་གི་རྔམ་པ། ཐུགས་ཀྱི་རྔམ་པ། མཐུའི་རྔམ་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། འགྱིང་བའི་ཚུལ་དང་། ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་དག་ཀྱང་ཚུལ་བཅུ་དང་དྲུག་གིས་རྫོགས་པར་འགྱུར་ཏེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐུ་མདོག་གི་རྔམ་རྒྱལ་བའི་སྐུ་གདུལ་བྱའི་བསམ་པ་བཞིན་ཇི་ལྟར་ཡང་སྣང་བ་དཔེར་ན་རི་རབ་ལྷུན་པོ་ཕྱོགས་བཞི་ཁ་དོག་སོ་སོར་སྣང་བ་བཞིན་དུ་བསྟན་པའམ། ནམ་མཁའི་རི་མོ་ཕྱག་རྒྱ་སྐུའི་རྔམ་མཁའ་དབྱིངས་དྭངས་པའི་འཇའ་སྤྲིན་སྣ་ཚོགས་སུ་སྣང་ཡང་སླར་ཡང་དེ་རུ་ཞི་བ་ལྟ་བུའི་ཚུལ་དུ་མཚོན་པའི་མདོག་དང་། བཞུགས་ཐབས་ཀྱི་རྔམ་མཚན་ཉིད་མ་ངེས་པས་ཅིར་ཡང་འགྱུར་ཏེ་གཅིག་དང་དུ་མ་བྲལ་བར་སྣང་བ་དཔེ་གར་ཐབས་མཁན་ལྟ་བུའི་ཚུལ་དང་། གདན་གྱི་རྔམ་ཐམས་ཅད་ལས་ཆེ་བཙན་གཅིག་པུར་གྱུར་པས་སྲིད་པའི་འཁོར་ལོ་ཟིལ་གྱིས་གནོན་པ་ལྷ་ཆེན་གཙོ་བོ་དག་མནན་ཏེ་ཁྱད་དུ་བྱུང་བའི་ཚུལ་དང་། ཁྲོ་བོའི་སྟབས་ཀྱི་རྔམ་བདུད་དཔུང་གིས་མི་བརྫི་ཞིང་དེ་ཉིད་འཇོམས་པས་ཚམ་ངམ་ཆེན་པོའི་སྟབས་སུ་ཞབས་འགྱིང་བའི་ཚུལ་དང་བཞི་ནི་སྐུའི་རྔམ་དུ་འགྱུར་ཏེ། དེ་ལ་སྐུ་ཡི་རྔམ་བཞི་ནི། ནམ་མཁའི་རི་མོ་ཕྱག་རྒྱ་རྔམ། །ཅིར་ཡང་འགྱུར་བའི་བཞུགས་སྟབས་རྔམ། །ཟིལ་གྱིས་གནོན་པའི་གདན་ཡང་རྔམ། །ཚམ་ངམ་ཆེན་པོའི་སྟོབས་ལྡན་རྔམ། །ཞེས་སོ། །གཉིས་པ་ནི། གང་དུ། ཞེས་པ་ནས། སྒྲོགས་པའི་ཚུལ་དང་། ཞེས་པའི་བར་གྱིས་བསྟན་ཏེ། ཞལ་གྱི་རྔམ་ཧོམ་ལྔ་འབྲེལ་བའི་ཞལ་གང་དུ་རིལ་གསོལ་ཞིང་རྔུབ་པ་ཞལ་གྱི་ཚུལ་དང་། ལྗགས་ཀྱི་རྔམ་གསུང་སྒྲས་ཟུར་མ་འདྲེས་པའི་ཅིར་ཡང་འགྱུར་བ་ལྗགས་ཀྱི་ཚུལ་དང་། ཚེམས་ཀྱི་རྔམ་སྐྱེ་ཤི་རྩ་བ་ནས་ཡོངས་སུ་གཅོད་པ་ཚེམས་ཀྱི་ཚུལ་དང་། གསུང་དབྱངས་ཀྱི་རྔམ་གདུལ་བྱའི་བློ་ལ་དོན་གསལ་བར་སྟོན་པ་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པར་གོ་བར་སྒྲོགས་པ་འབྲུག་སྒྲ་སྒྲོགས་པའི་ཚུལ་དང་བཞི་ནི་གསུང་གི་རྔམ་སྟེ། དེ་ལ་གསུང་གི་རྔམ་བཞི་ལ། ཧོམ་ལྔར་འབྲེལ་འབྱུང་ཞལ་ཡང་རྔམ། །ཟླ་གམ་ཅིར་སྟོན་ལྗགས་ཀྱང་རྔམ། །སྐྱེ་ཤི་རྩད་གཅོད་མཆེ་བ་རྔམ། །འབྲུག་ལྟར་སྒྲོགས་པའི་གསུང་དབྱངས་རྔམ། །ཞེས་སོ། །གསུམ་པ་ནི། དགོངས་པ། ཞེས་པ་ནས། ལྟ་བའི་ཚུལ་དང་། ཞེས་པའི་བར་གྱིས་བསྟན་ཏེ། དོན་མཁྱེན་པའི་རྔམ་རིལ་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བས་དགོངས་པ་ནམ་མཁའི་སྐར་ཚོགས་ལྟ་བུའི་ལྷག་མཐོང་གི་རྒྱན་མ་གཡོས་པར་རང་སྣང་བའི་ཚུལ་དང་། དབྱིངས་མཁྱེན་པའི་རྔམ་དགོངས་པ་མི་གཡོ་བའི་ངང་ལས་འགྲོ་དོན་མཛད་པ་མི་འགོག་པས་ཕྲིན་ལས་རྒྱ་མཚོའི་རྦ་རླབས་ལྟ་བུའི་ཞི་གནས་ཀྱི་ཁྱབ་པར་འབྱུང་བའི་ཚུལ་དང་། ཡེ་ཤེས་མཁྱེན་པའི་རྔམ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་རིལ་གྱི་འབྱུང་གནས་སུ་སྣང་བས་ཡོན་ཏན་ཐམས་ཅད་རྫོགས་པ་དཔེ་ས་གཞིའི་ངོས་ལ་རྩི་ཤིང་འཁྲུངས་པ་ལྟ་བུའི་ལྷག་མཐོང་གི་རྒྱན་ཕན་འདོགས་པའི་ཚུལ་དང་། ཐབས་མཁྱེན་པའི་རྔམ་རིལ་ཟིན་པའི་ཐུགས་རྗེ་ཆེན་པོ་མངའ་བས་ཐུགས་རྗེ་ལ་རྒྱུན་ཆད་མེད་པ་གར་གྱི་ཕྲེང་བ་ལྟ་བུའི་ལྷག་མཐོང་གིས་ཅིར་ཡང་དགའ་བ་སྐྱེད་པའི་ཚུལ་དང་བཞི་ནི་ཐུགས་ཀྱི་རྔམ་སྟེ། ཐུགས་ཀྱི་རྔམ་ནི་རྣམ་བཞི་ལ། །ཏིང་འཛིན་ནམ་མཁའི་སྐར་ཚོགས་རྔམ། །ཕྲིན་ལས་རྒྱ་མཚོའི་རྦ་རླབས་རྔམ། །ཡོན་ཏན་མི་ཟད་རྩི་ཤིང་རྔམ། །མཛད་པའི་རོལ་མོ་གར་ཐབས་རྔམ། །ཞེས་སོ། །བཞི་པ་ནི། གནས་ཀྱི། ཞེས་པ་ནས། ཚུལ་ལོ། །ཞེས་པའི་བར་གྱིས་བསྟན་ཏེ། རུ་དྲ་བཅོམ་པའི་གནས་ཀྱི་རྔམ་དྲེགས་པ་རུ་དྲ་བཅོམ་པའི་སྤྲུལ་པའི་གནས་ཀྱི་ཁྱད་པར་དུ་བྱུང་ཞིང་ཡོན་ཏན་ཐམས་ཅད་འདུ་ཞིང་སྡུད་པ་དུར་ཁྲོད་ཀྱི་གནས་ལྟ་བུའི་ཚུལ་དང་། ལྷ་ཆེན་གནོན་པའི་གདན་གྱི་རྔམ་དྲེགས་པ་ལྷ་ཆེན་གདན་དུ་མཛད་དེ་གནོན་པའི་ཁྱད་པར་རྒྱལ་པོ་བཙོན་དུ་བཟུང་བ་ལྟ་བུར་གཞན་རྣམས་སྤ་བཀོང་བའི་ཚུལ་དང་། གདུལ་དཀའ་སྒྲོལ་བའི་ཕྲིན་ལས་ཀྱི་རྔམ་ཁམས་གསུམ་བསྒྲལ་བའི་ཞིང་དུ་གྱུར་པས་ཞིང་གི་ཁྱད་པར་སངས་རྒྱས་ཀྱི་ས་ལ་བཀོད་པས་བླ་ན་མེད་པའི་ཚུལ་དང་། ཅིག་ཆར་སྤྱོད་པའི་བརྟུལ་ཞུགས་ཀྱི་རྔམ་མཛད་སྤྱོད་ཅི་ལའང་ཆིག་ཆོད་དུ་གྲུབ་པས་སྤྱོད་པའི་ཁྱད་པར་ཅིག་ཆར་གྲུབ་པ་ལ་སླར་གནོན་བྱ་མི་དགོས་པས་ཕྱིས་མི་སྐྱོར་བའི་ཚུལ་དང་བཞི་ནི་མཐུའི་རྔམ་སྟེ། དེ་ལ་མཐུ་ཡི་རྔམ་བཞི་ནི། །རུ་དྲ་བཅོམ་པའི་གནས་ཀྱང་རྔམ། །ལྷ་ཆེན་གནོན་པའི་གདན་ཡང་རྔམ། །ཁམས་གསུམ་བསྒྲལ་བའི་ཞིང་རྔམ་ཞིང་། །རྟོག་འཇོམས་སྤྱོད་པའི་བརྟུལ་ཞུགས་རྔམ། །ཞེས་དེ་ལྟར་གདུལ་བྱ་ལ་མངོན་པར་སྣང་བའི་དོན་ལ་རྟོག་པ་སྟེ། ཞིབ་པར་རྔམ་ཚུལ་སོ་གཉིས་སུ་འགྱུར་བར་ལྷ་རྒྱུད་ན་གསལ་ལོ། །དགུ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། དཀྱིལ་འཁོར་ལྟ་བུ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། སྤྱོད་པའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། སྐུའི་གཟི་བརྗིད་ཟིལ་གྱིས་གནོན་པ་སེང་གེ་འབུམ་གཟུགས་ལྟ་བུ་དང་། གསུང་གི་གཟི་བརྗིད་ཀུན་ཏུ་གྲགས་པ་འབྲུག་སྟོང་ལྡིར་བ་ལྟ་བུ་དང་། ཐུགས་ཀྱི་གཟི་བརྗིད་ཁྱབ་གདལ་དུ་མཁྱེན་པ་ནམ་མཁའི་གཏོས་ཆེན་ལྟ་བུ་དང་། ཡོན་ཏན་གྱི་གཟི་བརྗིད་འདོད་རྒུར་འབྱུང་བ་ནོར་བུ་རིན་པོ་ཆེ་ལྟ་བུ་དང་། ཕྲིན་ལས་ཀྱི་གཟི་བརྗིད་གང་འདུལ་ལྟར་སྟོན་པ་ཆེན་པོའི་དཀྱིལ་འཁོར་འབྲས་བུ་མཐར་ཕྱིན་པའི་རྒྱལ་བས་བཀོད་པ་ལྟ་བུ་སྟེ། གཉིས་ལ་ལྔ་སྟེ། སྐུའི་གཟི་བརྗིད། གསུང་གི་གཟི་བརྗིད། ཐུགས་ཀྱི་གཟི་བརྗིད། ཡོན་ཏན་གྱི་གཟི་བརྗིད། ཕྲིན་ལས་ཀྱི་གཟི་བརྗིད་དོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། འཐད་པའི་གཟི་བརྗིད་དང་། ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་དག་ནི་གཟི་བརྗིད་བཅུ་ཕྲག་གཉིས་ཀྱིས་རྫོགས་པ་ཡིན་ཏེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐུའི་བརྗིད་སྐུ་ཡི་བཀོད་པ་ཆེ་ཆུང་ཚད་མེད་པར་སྤྲོ་ཡང་ཆོས་སྐུ་དང་མཉམ་པར་འབྱུང་བའི་སྒོ་ནས་ཆེ་ལ་ཐུགས་རྗེ་དང་མཉམ་པར་འབྱུང་བའི་སྒོ་ནས་ཡན་ལག་རགས་པའི་གཟི་བརྗིད་དང་། སེམས་ཅན་ཀུན་གྱི་འདུ་བྱེད་དང་མཐུན་པར་སྐུ་ཇི་སྙེད་དུ་སྣང་བས་གྲངས་མང་ལ་སྨོན་ལམ་གྱི་སྒོ་ནས་རིགས་མཐུན་དུ་སྟོན་པས་གདུལ་བྱ་འདུལ་བའི་རྐྱེན་དང་འཚམས་པའི་གཟི་བརྗིད་དང་། སྤྱོད་ལམ་གྱི་སྒོ་ནས་འཇིག་རྟེན་པས་བཀུར་བར་འོས་ལ། རིགས་བཙུན་པའི་སྒོ་ནས་ས་པ་རྣམས་ཀྱིས་གཙོ་མཆོག་ཚོགས་ཀྱི་བདག་པོར་མཐོང་བའི་གཟི་བརྗིད་དང་། ཡོན་ཏན་གྲུབ་པའི་སྒོ་ནས་འགྲན་ཟླ་མེད་པས་ཁྱད་ཞུགས་ལ། ཕྲིན་ལས་ཀྱི་སྒོ་ནས་གདུལ་བྱའི་བསམ་པ་དང་མཐུན་པས་ཡིད་དང་འཐད་པའི་གཟི་བརྗིད་དང་བཞི་སྟེ། དེ་ལ་སྐུ་ཡི་བརྗིད་བཞི་ལ། །སྐུ་ཆེ་ཡན་ལག་རགས་པས་བརྗིད། །གྲངས་མང་རྐྱེན་དང་འཚམས་པས་བརྗིད། །བཀུར་འོས་གཙོ་བོར་མཐོང་བས་བརྗིད། །ཁྱད་ཞུགས་ཡིད་དང་འཐད་པས་བརྗིད། །ཆོས་སྐུ་མཉམ་བྱུང་སྒོ་ནས་ཆེ། །ཐུགས་རྗེ་མཉམ་བྱུང་སྒོ་སྤྲུལ་རགས། །འདུ་བྱེད་མཉམ་བྱུང་སྒོ་སྤྲུལ་མང་། །སྨོན་ལམ་སྒོ་རིགས་མཐུན་རྐྱེན་འཚམས། །སྤྱོད་ལམ་སྒོ་ནས་བཀུར་བར་འོས། །རིགས་བཙུན་པ་ཡི་གཙོ་བོར་མཐོང་། །རང་བཞིན་གྲུབ་སྒོ་ནས་ཁྱད་ཞུགས། །ཕྲིན་ལས་སྒོ་ནས་ཡིད་དང་འཐད། །ཅེས་སོ། །གཉིས་པ་ནི། གདངས་ཆེན། ཞེས་པ་ནས། མཐོང་བའི་གཟི་བརྗིད་དང་། ཞེས་པའི་བར་གྱིས་བསྟན་ཏེ། གསུང་གི་བརྗིད་གདུལ་བྱའི་གནས་རིལ་དུ་ཆོས་སྐུས་ཁྱབ་པར་གསལ་བས་གདངས་ཆེན་པོ་ཉིད་ལ། སྐད་ཅིག་ཙམ་ལ་སྒྲ་ཐ་དད་པར་སྒྲོགས་པས་སྟོང་གསུམ་གང་བའི་གཟི་བརྗིད་དང་། འཁོར་གྱི་བསམ་པའི་གེགས་ཇི་སྙེད་པ་སྐད་ཀྱི་དབྱངས་ཀྱིས་ཚིག་མྱུར་བར་རེས་མོས་པ་མེད་པར་ཉེ་བར་སེལ་བས་ཐེ་ཚོམ་གཅོད་པར་མཛད་པའི་གཟི་བརྗིད་དང་། འཁོར་རྣམས་གཅིག་ཀྱང་བྱམས་པའི་སྒོ་ནས་བདག་ཁོ་ན་ལ་དགོངས་ཤིང་ཐུགས་རྗེའི་སྒོ་ནས་ཆོས་ཉི་ཚེར་སྟོན་ནོ་སྙམ་དུ་སྣང་བའི་གཟི་བརྗིད་དང་། ཤེས་པའི་བྱེ་བྲག་གི་རིགས་པས་ཁྱད་པར་འཕགས་ལ་ཚིག་གི་ཡོན་ཏན་གྱི་སྒོ་ནས་གསང་སྒོ་མཐོང་བའི་གཟི་བརྗིད་དང་བཞི་སྟེ། དེ་ཡང་གསུང་གི་བརྗིད་བཞི་ལ། །གདངས་ཆེ་སྟོང་གསུམ་གང་བས་བརྗིད། །ཚིག་མྱུར་ཐེ་ཚོམ་གཅོད་པས་བརྗིད། །བདག་ལ་ཉི་ཚེར་སྟོན་པས་བརྗིད། །ཁྱད་ཞུགས་ཡོན་ཏན་མཐོང་བས་བརྗིད། །ཆོས་སྐུས་ཁྱབ་སྒོ་ནས་གདངས་ཆེ། །ཐ་དད་སྒྲ་སྒྲོགས་སྟོང་གསུམ་འགེངས། །དབྱངས་ཀྱི་སྒོ་ནས་གོ་བར་གྱུར། །ཉེ་བར་གྱུར་པས་ཐེ་ཚོམ་གཅོད། །བྱམས་པའི་སྒོ་ནས་བདག་ལ་གཟིགས། །ཐུགས་རྗེའི་སྒོ་ནས་ཉི་ཚེར་སྟོན། །ཤེས་པའི་བྱེ་བྲག་སྒོ་ཁྱད་ཞུགས། །ཚིག་གི་ཡོན་ཏན་སྒོ་ཀུན་འདུལ། །ཞེས་སོ། །གསུམ་པ་ནི། ཡངས་པས། ཞེས་པ་ནས། འདུལ་བའི་གཟི་བརྗིད་དང་། ཞེས་པའི་བར་གྱིས་བསྟན་ཏེ། ཐུགས་ཀྱི་བརྗིད་འཁོར་འདས་གཉིས་ཀ་མ་སྤངས་པར་གཉིས་སུ་མེད་པའི་མཁྱེན་པ་ཡངས་པས་བླང་དོར་བྲལ་ཏེ་རེ་དོགས་མེད་པའི་གཟི་བརྗིད་དང་། གཉིས་མེད་ལ་གང་གིས་ཀྱང་མ་སྒྲིབ་པར་ལྷག་མཐོང་གསལ་བས་ཞི་གནས་མི་འགྱུར་བར་མཐའ་གཉིས་ངང་གིས་སྤངས་པའི་གཟི་བརྗིད་དང་། མི་གཡོ་མི་འགོག་པར་རྒྱུན་མི་འཆད་པའི་ཐུགས་རྗེས་འཁོར་བ་མ་སྟོངས་བར་དུ་འགྲོ་བ་སྒྲོལ་བའི་དོན་མཛད་པས་ཐུགས་དམ་རྫོགས་པའི་གཟི་བརྗིད་དང་། ཐབས་ཀུན་མ་འདྲེས་པར་མཁྱེན་པའི་ཤེས་རབ་ཆེན་པོས་མ་རྨོངས་པར་ཏིང་འཛིན་འབུམ་ཕྲག་མང་པོའི་ཐབས་ཀྱིས་འདུལ་བའི་གཟི་བརྗིད་དང་བཞི་སྟེ། དེ་ཡང་ཐུགས་ཀྱི་བརྗིད་བཞི་ལ། །ཡངས་ལ་རེ་དོགས་མེད་པས་བརྗིད། །གསལ་བ་མཐའ་གཉིས་སྤངས་པས་བརྗིད། །ཐུགས་རྗེ་ཐུགས་དམ་མཐར་ཕྱིན་བརྗིད། །མ་རྨོངས་ཐབས་ཀྱིས་འདུལ་བས་བརྗིད། །གཉིས་སུ་མེད་པའི་སྒོ་ནས་ཡངས། །སྤང་བླང་མེད་སྒོས་རེ་དོགས་མེད། །ལྷག་མཐོང་སྒོ་ནས་དབུ་མར་གསལ། །ཞི་གནས་མི་འགྱུར་མཐའ་རྣམས་སྤངས། །མཛད་རྒྱུན་མི་འཆད་ཐུགས་རྗེ་ཆེ། །ཐུགས་དམ་མཐར་ཕྱིན་ཇི་སྲིད་བཞུགས། །ཤེས་རབ་སྒོ་ནས་མ་རྨོངས་ཤིང་། །ཏིང་འཛིན་སྒོ་ནས་ཐབས་ཀྱིས་འདུལ། །ཞེས་སོ། །བཞི་པ་ནི། མེད་ལ། ཞེས་པ་ནས། མ་གོས་པའི་གཟི་བརྗིད་དང་། ཞེས་པའི་བར་གྱིས་བསྟན་ཏེ། ཡོན་ཏན་གྱི་བརྗིད་ངོ་བོ་འདི་འདྲར་མ་གྲུབ་པས་དག་མེད་ལ། ཀུན་རྫོབ་ཏུ་དངོས་གྲུབ་འགྲིབ་པ་མེད་པར་འབྱུང་བས་ཟད་མི་ཤེས་པའི་གཟི་བརྗིད་དང་། ངོ་བོ་ཡེ་ཤེས་སུ་གཅིག་ལ་ལྷུན་གྱིས་གྲུབ་པའི་བྱིན་རླབས་ནོར་བུ་རིན་པོ་ཆེ་ལྟར་སེམས་ཀྱིས་བསམ་དོན་འདོད་རྒུར་སྟོན་པའི་གཟི་བརྗིད་དང་། སེམས་ཅན་གྱི་ལས་ཀྱི་བསྒྲལ་གནས་ལ་སོགས་པས་གནོད་སྦྱོར་མཛད་པ་ཡང་གྲུབ་འབྲས་ཀྱི་སྒོ་ནས་སྨན་ཆེན་པོ་ཉིད་དུ་གྱུར་པས་ཕན་པར་མཛད་པའི་གཟི་བརྗིད་དང་། མཛད་སྤྱོད་གང་ལའང་ཤེས་བྱའི་སྒོ་ནས་ཐབས་ལ་མཁས་པས་ས་བོན་དུ་གྱུར་པ་མེད་པར་སྤྱོད་པའི་སྒོ་ནས་སྐྱོན་གྱིས་མ་གོས་པའི་པདྨ་ལྟ་བུའི་གཟི་བརྗིད་དང་བཞི་སྟེ། དེ་ཡང་ཡོན་ཏན་བརྗིད་བཞི་ལ། །མེད་ལ་ཟད་མི་ཤེས་པས་བརྗིད། །གཅིག་ལས་འདོད་རྒུར་འབྱུང་བས་བརྗིད། །གནོད་སྦྱོར་ཕན་པར་མཛད་པས་བརྗིད། །ཐབས་མཁས་སྐྱོན་གྱིས་མ་གོས་བརྗིད། །བདག་ཏུ་མི་འཛིན་སྒོ་ནས་མེད། །མེད་པའི་སྒོ་ནས་ཟད་མི་ཤེས། །ཡེ་ཤེས་དག་གི་སྒོ་ནས་གཅིག །སེམས་ཀྱི་བསམ་སྒོ་འདོད་རྒུར་སྟོན། །སེམས་ཅན་སྒོ་ནས་གནོད་པར་སྦྱོར། །གྲུབ་རྒྱུའི་སྒོ་ནས་ཕན་པར་མཛད། །ཤེས་བྱའི་སྒོ་ནས་ཐབས་ལ་མཁས། །སྤྱོད་པའི་སྒོ་ནས་སྐྱོན་མ་གོས། །ཞེས་སོ། །ལྔ་པ་ནི། མི་བསྙེངས། ཞེས་པ་ནས། གྲུབ་པའི་གཟི་བརྗིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། ཕྲིན་ལས་ཀྱི་བརྗིད་སྒྱུ་མར་མཁྱེན་པས་བདུད་དཔུང་གིས་བག་ཚ་བ་མེད་པས་མི་བསྙེངས་ལ་རང་བཞིན་མཉམ་པར་མཁྱེན་པའི་གདེངས་མངའ་བས་ཉམ་བག་རོལ་པའི་གཟི་བརྗིད་དང་། དོན་མཛད་པའི་སྒོ་ནས་འཁོར་བར་ཐོག་མཐའ་མེད་པར་བཞུགས་ལ་ངལ་དུབ་མི་མངའ་བར་བྱ་བ་མེད་པའི་སྒོ་ནས་ཡུན་རིང་མི་བསྙེལ་བའི་གཟི་བརྗིད་དང་། ཐུགས་རྗེའི་མཐུ་ཡིས་སྒོ་ནས་འགྲོ་བའི་མགོན་སྐྱབས་མཆོག་ཉིད་དམ་བཅའ་བའི་སྒོ་ནས་དུས་ཆད་པ་མེད་པར་རྒྱུན་དུ་མཛད་པའི་གཟི་བརྗིད་དང་། ཡེ་ཤེས་རྩེ་གཅིག་གི་སྒོ་ནས་འགྲོ་བ་བསྒྲལ་བའི་དགོངས་དོན་བྱ་བ་མཐར་ཕྱིན་པས་ལྷུན་གྱིས་གྲུབ་པའི་གཟི་བརྗིད་དང་བཞི་སྟེ། དེ་ལ་ཕྲིན་ལས་བརྗིད་བཞི་ལ། །མི་དངས་ཉམ་བག་ཆེ་བས་བརྗིད། །འཁོར་བར་ཡུན་རིང་མི་བསྙེལ་བརྗིད། །མགོན་སྐྱབས་རྒྱུན་དུ་མཛད་པས་བརྗིད། །དགོངས་པའི་དོན་རྣམས་བསྒྲུབས་པས་བརྗིད། །སྒྱུ་མར་སྟོན་སྒོ་ནས་མི་དངས། །རང་བཞིན་སྒོ་ནས་ཉམ་བག་རོལ། །དོན་མཛད་འཁོར་བར་ཡུན་རིང་བཞུགས། །བྱ་མེད་སྒོ་ནས་མི་བསྙེལ་ལ། །མཐུ་ཡི་སྒོ་ནས་མགོན་སྐྱབས་ཆེ། །དམ་བཅས་འགྲོ་དོན་མྱུར་དུ་མཛད། །རྩེ་གཅིག་མཐའ་གཉིས་དོན་ལ་དགོངས། །ནན་ཏན་སྒོ་ནས་བྱ་བ་གྲུབ། །དེ་དག་བརྗིད་ནི་ཉི་ཤུ་སྒོ། །བཞི་བཅུ་དང་ནི་སྤྱིར་དྲུག་ཅུ། །ཞེས་པའི་དོན་རྣམས་ལ་རྟོག་པ་སྟེ་དེས་ཀུན་འདུས་ཀྱི་ལེའུ་དང་པོ་བཤད་ཅིང་འགྲེལ་པ་ནི་རྟོག་པའི་རི་བོ་དང་མཚུངས་པ་ཉིད་དོ། །བཅུ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། མངའ་བའི་རྟགས་ཏེ། ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། རྟགས་ཀྱི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་མངའ་བདག་ཆེན་པོ་དབང་བཅུ་བརྙེས་པས་ཆོས་ཀྱི་འཁོར་ལོ་བཅུ་བསྐོར་བ་ལ་དབང་བསྒྱུར་བའི་ཆོས་ཀྱི་རྒྱལ་པོ་ཐེ་ཚོམ་གྱིས་བསྙེངས་པ་མི་མངའ་བའི་མངའ་དབང་ཆེན་པོ་བརྙེས་པའི་ཡོན་ཏན་སྣང་ཞིང་མཚོན་པའི་རྟགས་འཁོར་ལོ་རིན་པོ་ཆེ་ཞེས་པའི་མིང་ཡང་འགྲུབ་པ་དང་། ཡུམ་བཞིས་མཉེས་པ་ཕུལ་ཏེ་ཐབས་དང་ཤེས་རབ་ཀྱི་བདེ་བ་དམ་པའི་ཉམ་བག་ཆེན་པོ་ཕྱག་རྒྱ་བཞི་ལ་རོལ་པའི་ཡོན་ཏན་རྒྱུན་ཆད་མེད་པར་སྣང་ཞིང་མཚོན་པའི་རྟགས་བཙུན་མོ་རིན་པོ་ཆེ་དང་། གང་གར་དགུའམ་ཚུལ་དགུའི་ཡོན་ཏན་རྫོགས་པའི་མཐུ་དབང་མངའ་བས་བདུད་བཞིའི་སྡེ་ཚོགས་དག་གི་དཔུང་གིས་མི་བསྙེངས་ཞིང་མི་ཐུབ་པར་ཀུན་ནས་འཇོམས་པར་སྣང་བ་མཚོན་པའི་རྟགས་དམག་དཔོན་རིན་པོ་ཆེ་དང་། འཁོར་བའི་དུས་ཐོག་མཐའ་མེད་པར་ཐུན་མོང་མིན་པའི་ཚད་མེད་བཞིས་དོན་གཉིས་རྫོགས་པའི་ཆབ་སྲིད་འཛིན་པས་ཡུན་གྱི་དོན་སྲིད་ཆེན་པོ་བརྙེས་པའི་རྟགས་ཁྱིམ་བདག་རིན་པོ་ཆེ་དང་། ཐུན་མོང་མ་ཡིན་པའི་སྟོབས་མཆོག་བཅུ་མངའ་བས་གཞན་དོན་སྤྱོད་པའི་སྟོབས་ཀྱིས་གཞན་མི་མཐུན་པའི་ཕྱོགས་གང་ཡང་མི་ལྡང་བར་ཟིལ་གྱིས་གནོན་པར་མཛད་པའི་རྟགས་གླང་པོ་རིན་པོ་ཆེ་དང་། སྐད་ཅིག་མ་ལའང་ཐབས་ཁྱད་པར་ཅན་གྱི་རྐང་པ་བཞིས་བགྲོད་ནས་མཐར་ཐུག་གི་ས་ཆེན་པོར་སླེབ་ཅིང་ནོན་པར་བྱེད་པའི་རྫུ་འཕྲུལ་གྱིས་མི་གནས་པར་བསྐྱོད་པ་མཚོན་པའི་རྟགས་རྟ་མཆོག་རིན་པོ་ཆེ་དང་། རྣམ་པ་བཞིའི་སྒོ་ནས་རེ་འདོད་སྐོང་བས་མི་ཟད་པའི་མཛོད་དམ་པ་ཡོན་ཏན་འཕེལ་འགྲིབ་མི་མངའ་བར་སྣང་ཞིང་མཚོན་པའི་རྟགས་ནོར་བུ་རིན་པོ་ཆེ་མངའ་བ་རྣམས་ཏེ། ལྷ་རྒྱུད་ལས། རྒྱལ་རྟགས་ནང་ནས་ཕྱི་རོལ་ལ། །ཤར་མཚོན་རིན་ཆེན་སྣ་བདུན་ནི། །འཁོར་ལོ་དབང་བཅུས་སྐྱེ་བཞི་བསྒྱུར། །བཙུན་མོ་ཡུམ་བཞིས་རྒྱལ་མཉེས་འབུལ། །དམག་དཔོན་ཚུལ་དགུས་དཔུང་ཡང་འཇོམས། །ཁྱིམ་བདག་ཚད་མེད་ཆབ་སྲིད་འཛིན། །གླང་པོ་སྟོབས་བཅུས་བདག་གཞན་དོན། །རྟ་མཆོག་རྐང་བཞིས་བགྲོད་པར་སླེབ། །ཡིད་བཞིན་རྣམ་བཞིས་རེ་འདོད་སྐོང་། །ཞེས་སོ། །གཉིས་པ་ལ་བདུན་ཏེ། འཁོར་ལོ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། ཁྱིམ་བདག་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། ནོར་བུ་རིན་པོ་ཆེའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། སྨོན་ལམ་ལ་དབང་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་ཡན་ལག་གི་དབང་དུ་རྒྱས་པར་བསྟན་པ་ནི། གང་ཞེ་ན། ལང་ཀའི་བདག་པོ། དེ་ལ་མངའ་དབང་ཆེན་པོ་བརྙེས་པའི་རྟགས་ནི། འདི་ལྟ་སྟེ། གང་དབང་བཅུ་ཡོངས་སུ་རྫོགས་ཏེ་ལྷུན་གྱིས་གྲུབ་པའི་ཡོན་ཏན་སྣང་བའོ། །དེ་ལ་དབང་བཅུ་པོ་གང་ཞེ་ན། མན་ངག་གི་ཚིགས་སུ་ན་སྐྱེ་བ་ལ་དབང་བ་རིགས་ཀྱི་སྤྲུལ་སྐུར་སྟོན་པ་སྟེ། ཁྲོ་བོ་རྟོག་པ་ལྷ་རྒྱུད་ལས། སྐྱེ་བཞི་སྐུར་སྟོན་སྐྱེ་བཞི་སྒྲོལ་མཛད་པ། །ལྷ་མི་སྡིག་སྤྲུལ་སྐྱེ་བ་བཞི་རུ་བསྟན། །ཞེས་པ་ལྟར་དང་། ཡོ་བྱད་ལ་དབང་བ་འདོད་པ་ལྔ་ལ་རོལ་པ་སྟེ། ཡོ་བྱད་འདོད་པའི་ཡོན་ཏན་ལྔ་དང་ནི། །རྟོག་པ་གཞོམ་ཕྱིར་སྨན་ལྔ་དང་ལེན་རོལ། །ཞེས་པ་དང་། མོས་པ་ལ་དབང་བ་བདག་གཞན་གྱི་མོས་པ་བཞིན་སྣང་བ་སྟེ། ཇི་ལྟར་མོས་བཞིན་ཚུལ་དགུའི་གཟུགས་སྟོན་པ། །གར་དབང་ཐབས་ཀྱི་ཚུལ་དགུས་རོལ་པ་མཛད། །ཅེས་པ་དང་། རྫུ་འཕྲུལ་དབང་བ་འཕྲུལ་གྱི་ཆོ་འཕྲུལ་སྟོན་པ་སྟེ། རྫུ་འཕྲུལ་བ་སྤུའི་དབྱིངས་ནས་ཕྲ་མེན་འཕྲོ། །ལུས་ནི་ཅིར་རྫུ་སེམས་ནི་ཆོ་འཕྲུལ་སྟོན། །ཞེས་དང་། ཆོས་ལ་དབང་བ་གསུང་གཅིག་གིས་ཆོས་སྐད་སོ་སོར་སྒྲོགས་པ་སྟེ། གད་རྒྱངས་གདངས་ངར་སྣ་ཚོགས་ཕྱོགས་བཅུར་སྒྲོགས། །མཆེ་བས་ཟིལ་གནོན་ཆོས་རྣམས་ཐ་དད་སྟོན། །ཞེས་པ་དང་། ཡེ་ཤེས་ལ་དབང་བ་ཡེ་ཤེས་ཀུན་ལ་མ་རྨོངས་པ་སྟེ། ཤེས་རབ་ཐབས་ལྡན་སྤྱན་གྱིས་དབུ་མའི་ངང་། །དབྱིངས་ལས་མི་གཡོ་ཅིར་ཡང་ས་ལེར་མཁྱེན། །ཞེས་དང་། སེམས་ལ་དབང་བ་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ལ་རོལ་པ་སྟེ། སེམས་ཀྱི་བྱེ་བྲག་ཏིང་འཛིན་ས་ཡ་འཕྲོ། །བསམ་གྱིས་མི་ཁྱབ་བཞི་ལ་རོལ་པར་མཛད། །ཅེས་དང་། ཚེ་ལ་དབང་བ་འཁོར་བ་ཇི་སྲིད་དུ་བཞུགས་པ་སྟེ། རྡོ་རྗེ་སྡེར་མོ་པགས་པ་སྤུ་ཕྲེང་བརྒྱན། །འཁོར་བ་ཇི་སྲིད་བཞུགས་པའི་ཚེ་ལ་དབང་། །ཞེས་དང་། ལས་ལ་དབང་བ་སྦྱོར་སྒྲོལ་གྱི་ཕྲིན་ལས་མཛད་པ་སྟེ། ལྟ་བ་རྣམ་བཞིའི་སྤྱན་ཟུར་གྱིས་བསྐུལ་བས། །ཕྲ་མེན་བཞི་འཕྲོ་ཕྱོགས་བཞིར་ལས་བཞི་མཛད། །ཅེས་དང་། སྨོན་ལམ་ལ་དབང་བ་རང་དབང་མེད་པར་སྟོན་པ་སྟེ། སྨོན་ལམ་དབང་གིས་དྲག་པོའི་སྐུར་སྟོན་ཞིང་། །དུས་མཐའི་བསྐལ་པ་བཞིན་དུ་བཤོལ་དུ་མེད། །ཅེས་བྱའོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། རོལ་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཉམ་བག་ཆེན་པོར་རོལ་པའི་རྟགས་གང་ཞེ་ན། འདི་ལྟ་སྟེ། ཕྱག་རྒྱ་བཞི་ལ་རོལ་པ་སྟེ། སྐུའི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པས་མཉམ་པ་ཉིད་དེ། མ་ཆགས་རྡོ་རྗེའི་གཟུངས་ཀྱི་ཡུམ་གྱིས་འཁྱུད། །ཞེས་དང་། ཐུགས་དམ་ཚིག་གི་ཕྱག་རྒྱ་དོན་གྱི་དབྱིངས་ལས་མི་འདའ་བར་བརྟན་པའི་ཐིགས་པ་སྟེ། ཞི་གནས་ཏིང་འཛིན་མི་གཡོ་ཡུམ་གྱིས་སྦྱོར། །ཞེས་དང་། གསུང་ཆོས་ཀྱི་ཕྱག་རྒྱ་བདེ་མཆོག་ཟུང་འཇུག་གི་རོལ་པར་འགྲེལ་བ་སྟེ། ལྷག་མཐོང་ཡེ་ཤེས་ཡུམ་གྱིས་གཉིས་མེད་འབེབས། །ཞེས་དང་། ཕྲིན་ལས་ལས་ཀྱི་ཕྱག་རྒྱ་བྱང་ཆུབ་ཀྱི་སེམས་གསལ་བའི་རྦ་རླབས་ལ་རོལ་པ་སྟེ། ཐོགས་མེད་ཤུགས་འཆང་དངོས་གྲུབ་ཡུམ་གྱིས་བསྐྱོད། །ཅེས་བྱའོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། ཚུལ་ལོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་གི་དཔུང་གིས་མི་བསྙེངས་པའི་རྟགས་ནི། འདི་ལྟ་སྟེ། དུར་ཁྲོད་ཀྱི་རྒྱན་དང་ཆ་ལུགས་དང་ལྡན་པས་སྒེག་པའི་ཚུལ་ཏེ། སྒེག་པས་འགྲོ་བ་ཤེས་རབ་སྐྱེད་པའི་ཚུལ། །ཞེས་དང་། བདུད་བཞིའི་དཔུང་བཅོམ་སྟེ་བག་ཚ་མེད་པར་གདན་དུ་མཛད་པས་དཔའ་བོའི་ཚུལ་ཏེ། ཉམ་ང་མེད་པའི་མཛད་སྤྱོད་དཔའ་བོའི་ཚུལ། །ཞེས་དང་། ཞལ་དབུས་མཐིང་ལ་རྔམ་བརྗིད་དང་ལྡན་ཞིང་སྐུ་ཆེ་ཡན་ལག་རགས་པས་འཇིགས་པའི་ཚུལ་ཏེ། གདུག་རྩུབ་རྔམ་པས་བརྒྱན་པས་འཇིགས་པའི་ཚུལ། །ཞེས་དང་། ཞལ་གཡོན་དམར་གདངས་གདུག་པས་གཤེ་བའི་ཚུལ་ཏེ། ལོག་པར་ལྟ་བ་ཞེ་གཅོད་གཤེ་བའི་ཚུལ། །ཞེས་དང་། ཞལ་གཡས་དཀར་ལ་དགོད་པས་ཐེག་ཆེན་གསང་བ་སྒྲོགས་པས་བཞད་པའི་ཚུལ་ཏེ། རྨད་དུ་བྱུང་བའི་ཆོས་སྒྲོགས་བཞད་པའི་ཚུལ། །ཞེས་དང་། རྒྱུད་དྲུག་ཐུགས་རྗེས་འདོན་ཅིང་འདུལ་དཀའ་སྒྲོལ་བས་སྙིང་རྗེའི་ཚུལ་ཏེ། ཤིན་ཏུ་གདུལ་དཀའ་ཁྲོ་བོས་སྙིང་རྗེའི་ཚུལ། །ཞེས་དང་། དུག་གསུམ་ཞལ་དུ་གསོལ་བས་བདུད་ལ་རྔམ་པའི་ཚུལ་ཏེ། སྨོན་ལམ་དབང་གིས་མི་བཤོལ་རྔམ་པའི་ཚུལ། །ཞེས་དང་། སྐུ་དང་གསུང་གི་ལས་ལྔ་རྫོགས་པར་མཛད་པས་ཡ་མཚན་ཆེ་བའམ་ངོ་མཚར་བའི་ཚུལ་ཏེ། ཉོན་མོངས་གྲུབ་པའི་རྒྱུར་མཛད་ངོ་མཚར་ཚུལ། །ཞེས་དང་། དགོངས་པ་ཆོས་ཉིད་ཀྱི་ཀློང་ཆེན་པོ་ཆོས་སྐུ་མཚན་མ་མེད་པར་བཞུགས་པས་ཤིན་ཏུ་ཞི་བའི་ཚུལ་ཏེ། ཁྲོ་དྲག་དབྱིངས་ནས་མི་གཡོ་ཞི་བའི་ཚུལ། །ཞེས་བྱ་སྟེ། དེ་ལ་ཕྱི་ཚུལ་གར་དགུ་ནི། སྒེག་པ་དཔའ་བ་འཇིགས་པའི་སྐུ། །དགོད་དང་གཤེ་དང་རྔམ་པ་གསུང་། །ངོ་མཚར་སྙིང་རྗེ་ཞི་བའི་ཐུགས། །ཞེས་པའི་ཚུལ་ལོ། །བཞི་པ་ནི། ལང་ཀའི། ཞེས་པ་ནས། མདོའོོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཡུན་གྱི་དོན་སྲིད་པ་རྙེས་པའི་རྟགས་ནི། འདི་ལྟ་སྟེ། བྱམས་པའི་བློ་དྲག་པོས་རྗེས་སུ་འཛིན་པ་དང་། སྙིང་རྗེའི་གྲོས་ཕུང་པོ་རྡོ་རྗེས་གཏམས་པ་དང་། དགའ་བའི་ཐབས་རྣམ་ཤེས་གནས་སུ་སྟོབས་པ་དང་། བཏང་སྙོམས་ཀྱི་མདོ་མཉམ་ཆེན་དབྱིངས་ལ་སྦྱོར་བ་སྟེ། ཁྲོ་གཏུམ་ཚད་མེད་བྱམས་པར་སྣང་། །གསོད་ཆེན་སྙིང་རྗེའི་བདག་ཉིད་དེ། །བསྒྲལ་ཞིང་སྟོབས་པས་དགའ་བའི་མཆོག །ཡལ་བར་མི་འདོར་བཏང་སྙོམས་སོ། །ཞེས་བྱའོ། །ལྔ་པ་ནི། ལང་ཀའི། ཞེས་པ་ནས། སྟོབས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། སྟོབས་ཀྱིས་གཞན་གང་གནོན་པའི་རྟགས་ནི། འདི་ལྟ་སྟེ། དྲེགས་པ་ཅན་གྱི་དུག་ལྔ་སྒྲོལ་བས་སྙིང་རྗེའི་སྟོབས་དང་། དེ་ལ་མཚན་མར་མི་དམིགས་པས་མ་གོས་པ་ཆོས་ཉིད་ཀྱི་སྟོབས་དང་། དེ་ལྟར་མཁྱེན་ཏེ་སྤྱོད་པས་བླང་དོར་མི་འབྱེད་པའི་སྟོབས་དང་། དེ་བས་རྣམ་པ་བཞིས་དངོས་གྲུབ་ཀྱི་རྒྱུར་གྲུབ་པའི་སྟོབས་དང་། དེ་ཉིད་རིལ་སྐུ་ལ་བརྒྱན་ཅིང་ཞལ་དུ་གསོལ་བས་མ་སྤངས་པའི་སྟོབས་དང་། དེ་ཡིས་སྐྱོན་གྱིས་མི་གོས་པར་དོན་ལས་མ་གཡོས་པའི་སྟོབས་དང་། དེ་ཡིས་མཛད་པ་མཐར་ཕྱིན་པའི་སྨོན་ལམ་གྱི་སྟོབས་དང་། དེ་ལྟར་བཀོད་པ་དཔག་མེད་སྟོན་པས་སྤྲུལ་པའི་སྟོབས་དང་། དེ་རྣམས་སླར་ཡང་མི་འཁོར་བས་མི་གཏོང་བའི་སྟོབས་དང་། དེ་ལྟར་འཕྲལ་དང་ཡུན་དུ་དོན་མཛད་པས་ཆགས་པའི་སྟོབས་དང་བཅུ་སྟེ། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་དྲེགས་པ་སྒྲོལ། །ཆོས་ཉིད་སྟོབས་ནི་མི་དམིགས་ནམ་མཁའི་མདོག །མི་འབྱེད་སྟོབས་ཀྱིས་བརླང་པོའི་རྫས་ལ་རོལ། །གྲུབ་པའི་སྟོབས་ཀྱིས་བདུད་རྩི་དངོས་གྲུབ་རྒྱུ། །མ་སྤངས་སྟོབས་ཀྱིས་གདོས་བཅས་སྐུ་ལ་བརྒྱན། །མ་གཡོས་སྟོབས་ནི་དོན་མཐུན་གྲོལ་བའི་རྒྱུན། །སྨོན་ལམ་སྟོབས་ནི་བསྐལ་པ་ཡོངས་སྒྲོལ་མཛད། །སྤྲུལ་པའི་སྟོབས་ནི་མགོ་བརྙན་ཕྲ་མེན་འཕྲོ། །འཕྲང་དོག་འཁོར་བར་ལོག་ལྟ་གཅིག་མི་གཏོང་། །ཆགས་པའི་སྟོབས་ནི་ཡུན་ཆགས་སྤྱན་དམར་བཟློག །ཞེས་བྱ་བ་རྣམས་སོ། །དྲུག་པ་ནི། ལང་ཀའི། ཞེས་པ་ནས། རྫུ་འཕྲུལ་ལོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། རྫུ་འཕྲུལ་གྱིས་མི་གནས་པར་བསྐྱོད་པའི་རྟགས་གང་ཞེ་ན། འདི་ལྟ་སྟེ། མི་གཡོ་བའི་ངང་ལ་མ་འདྲེས་ཡོངས་སུ་རྫོགས་པས་ཆོས་ཉིད་ཀྱི་རྫུ་འཕྲུལ་ཏེ། ཆོས་ཉིད་རྫུ་འཕྲུལ་མེད་བཞིན་ཅིར་སྣང་བ། །མཁའ་ལ་འཇའ་ཚོན་བཞིན་ཏེ་རྣམ་པར་བཀྲ། །ཞེས་དང་། ཆོས་ཀྱི་དབྱིངས་རྟོགས་ནས་མཁྱེན་པའི་སྒྲིབ་མེད་དུ་གསལ་བས་ཡེ་ཤེས་ཀྱི་རྫུ་འཕྲུལ་ཏེ། ཡེ་ཤེས་མཚན་ཉིད་མ་སྒྲིབ་དག་པའི་ཕྱིར། །མཁའ་ལ་ཉི་ཤར་འདྲ་སྟེ་གསལ་ལ་སྟོང་། །ཞེས་དང་། དཔེར་ན་སྤྲིན་གྱིས་གར་ཁྱབ་ནམ་མཁས་ཁྱབ་པ་ལྟར་བསོད་ནམས་ཀྱིས་གར་ཁྱབ་ཡེ་ཤེས་ཀྱིས་ཁྱབ་ལ། ཡེ་ཤེས་ཀྱིས་གར་ཁྱབ་ཐུགས་རྗེ་མི་གཡོ་བས་ཁྱབ་པར་གདལ་བས་ཐུགས་རྗེའི་རྫུ་འཕྲུལ་ཏེ། ཚོགས་གཉིས་རྫོགས་པའི་རྫུ་འཕྲུལ་བྱེ་བྲག་ནི། །མཁའ་དང་མཉམ་པས་སྤྲིན་ཕུང་བཞིན་དུ་གདལ། །ཞེས་དང་། འགྲོ་འོང་མེད་པར་གང་ལ་གང་འཚམས་སུ་འདུལ་བས་སྦྲུལ་པའི་རྫུ་འཕྲུལ་ཏེ། སྤྲུལ་པའི་བྱེ་བྲག་འཕྲོ་བའི་རྫུ་འཕྲུལ་ནི། །རོ་གཅིག་ཆར་འབབ་སྣོད་ཀྱི་བྱེ་བྲག་ཕྱེ། །ཅིར་ཡང་སྣང་ཞིང་མ་ངེས་སྣང་ལ་མེད། །དེས་ན་མིང་གི་དོན་བཞི་རྫོགས་པར་བཤད། །ཞེས་པས་གསལ་ལོ། །བདུན་པ་ནི། ལང་ཀའི། ཞེས་པ་ནས། འཆད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། མི་ཟད་པའི་མཛོད་མངའ་བའི་རྟགས་གང་ཞེ་ན། འདི་ལྟ་སྟེ། ལྷུན་གྱིས་རྫོགས་པའི་ཁྲོ་བོའི་ཐུགས་ཡེ་ཤེས་ནི་རིན་པོ་ཆེ་ཉིད་དེ། དཔེ་ནོར་བུ་མཆོག་ལྟ་བུ་བས། རྣམ་པར་གྲོལ་བའི་སྒོ་གདུལ་བྱའི་མོས་པ་ལྟར་སྣང་ནས་འདོད་པ་སྐོང་བ་སྟེ། འགྲོ་རྣམས་ཇི་ལྟར་འདུལ་བཞིན་རེ་འདོད་སྐོང་། །ཞེས་དང་། འོ་ན་ཟད་པ་ཡོད་དམ་ཞེ་ན། དབྱིངས་དང་མཉམ་པས་མི་ཟད་པར་ཡོན་ཏན་འབྱུང་བ་སྟེ། མི་ཟད་བདག་མེད་གཏེར་ཆེན་ནམ་མཁའི་མཛོད། །ཅེས་དང་། འོ་ན་དགོས་ཆེད་ཡོད་དམ་ཞེ་ན། ཁམས་གསུམ་གྱི་རྨོངས་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པ་ཅན་ཏེ། སྲིད་གསུམ་མུན་ནག་སེལ་བའི་ཡེ་ཤེས་སྒྲོན། །ཞེས་དང་། འོ་ན་རྒྱུན་དུ་འབྱུང་ངམ་ཞེ་ན། དུས་ཀུན་ཏུ་རྩོལ་བ་དང་བྲལ་ཏེ་འགགས་པ་མེད་པས་རྒྱུན་མི་འཆད་པར་སྣང་སྟེ། དུས་གསུམ་རྒྱུན་མི་འཆད་པར་རིན་ཆེན་ཕྲེང་། །ཞེས་བྱ་བའོ། །དེ་ལྟ་བུའི་ཡོན་ཏན་རྩ་བ་དང་ཡན་ལག་བདུན་དང་ཉིང་ལག་ཞེ་ལྔའི་བདག་ཉིད་དུ་བཞུགས་པ་ནི་ཁྲོ་བོ་གཉིས་ཏེ། དེ་ལ་འཛིན་པ་ནི་ཆེད་དུ་བྱས་པའི་རྟོག་པ་སྟེ་སྤང་བྱ་ཉིད་དོ། །གསུམ་པ་མཇུག་བསྡུ་བ་ནི། ལང་ཀའི། ཞེས་པ་ནས། མཐོང་ངོ་། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་དག་གི་དོན་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཞེས་བྱ་སྟེ། ལང་ཀའི་བདག་པོ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་བསྡུས་པའི་རྟོག་པ་མཐའ་ཡས་ཇི་སྙེད་པ་ཀུན་སྣང་ཆ་ནས་སོ་སོར་མ་འདྲེས་པར་ངོ་བོ་ཐ་མི་དད་པ་གཅིག་ཏུ་ཡོངས་སུ་རྫོགས་པར་འགྲེལ་ཏོ། །དེ་སྐད་ཅེས་ཆོ་འཕྲུལ་དང་པོའི་དོན་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས། ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པར་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཙམ་དུ་རིག་པ་ལ་སྣང་བ་གསལ་བར་མཐོང་ངོ་། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པ་གསལ་བར་བཀྲོལ་བའོ།། །།གཉིས་པ་ཆོས་སྣང་བའི་ཆོ་འཕྲུལ་ལ་གསུམ་སྟེ། ཆོས་སྣང་བའི་ཆོ་འཕྲུལ་གྱི་ཡོན་ཏན། ཆོས་སྣང་བ་དངོས། ཞབས་བསྡུ་བའོ། །དང་པོ་ནི། དེ་ནས། ཞེས་པ་ནས། སྣང་བ་ནི། འདི་ལྟ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ནོ། །དེ་ནས་ཡང་གསང་བ་པའི་བདག་པོས། ཆོ་འཕྲུལ་གཉིས་པ་བསྟན་པར་དགོངས་ནས། ལང་ཀའི་བདག་པོ་ལ་བོས་ཏེ། སྨྲས་པ། ཀྱེ་ལང་ཀའི་བདག་པོ། ཆོས་སྣང་བའི་ཆོ་འཕྲུལ་གང་ཞེ་ན། འདི་ལྟ་སྟེ། སྟོན་པ་གང་གིས་གནས་ཐ་དད་པ་གང་དུ། གདུལ་བྱ་ལ་ཆོས་སྣང་བར་ངེས་པའི་ཆོ་འཕྲུལ་བསྟན་པས་འགྲོ་བའི་རྒྱུད་ལ་དེ་ལྟར་ཆོས་སྣང་བའི་ཆོ་འཕྲུལ་སྣང་སྟེ། སྣོད་བཅུད་ཀྱི་གནས་དེ་དང་དེར་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ཀུན་ཏུ་དེ་ཡི་བྱིན་རླབས་དང་མཐུ་ཡིས་ཕྱི་ལྟར་ན་སྒྲ་ཇི་བཞིན་དུ་དངོས་སུ་ཚབ་ཆེ་ཆུང་དང་ཁྱབ་པར་གཡོས་པ་ལ་སོགས་པའི་ལྟས་ཆེན་པོར་སྣང་བས། ཆུང་ངུར་གཡོས། འབྲིང་དུ་རབ་ཏུ་གཡོས། ཆེན་པོར་ཀུན་ཏུ་རབ་ཏུ་གཡོས་ལ། འདས་པ་དག་བརྡར་གྱུར་པས་ནང་ལྟར་ན་བྱང་ཆུབ་ཀྱི་སེམས་གཡོས་ཚབ་ཆེ་ཆུང་གསུམ་ཐར་ལམ་པ་མན་ཆད་ལ་འབྱུང་བས་འདུན་པ་སེམས་པའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་གཡོ་བ་དང་། ཐོབ་པ་དང་། བརྟན་པ་གསུམ་གྱིས་འཕར་ལ། དེ་བཞིན་དུ། ཕྱི་ལྟར་ན་ཆུང་ངུར་འགུལ། འབྲིང་དུ་རབ་ཏུ་འགུལ། ཆེན་པོར་ཀུན་ཏུ་རབ་ཏུ་འགུལ་ཏེ། ནང་ལྟར་ན། རིགས་ཆེན་འབྱེད་པའི་ཏིང་ངེ་འཛིན་གཡོ་ཐོབ་བརྟན་གསུམ་དུ་གྱུར་པ་དང་། ཕྱིར་ལྟར་ན། ཆུང་ངུར་ལྡེག །འབྲིང་རབ་ཏུ་ལྡེག ། ཆེན་པོར་ཀུན་ཏུ་རབ་ཏུ་ལྡེག་ཏེ། ནང་ལྟར་ན། དབུགས་ཆེན་འབྱིན་པའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་གཡོ་ཐོབ་བརྟན་གསུམ་དུ་གྱུར་པ་དང་། ཕྱིར་ལྟར་ན། ཆུང་ངུར་འུར། འབྲིང་རབ་ཏུ་འུར། ཆེན་པོར་ཀུན་ཏུ་རབ་ཏུ་འུར་ཏེ། ནང་ལྟར་ན། ལུང་ཆེན་ཐོབ་པའི་ཏིང་ངེ་འཛིན་གཡོ་ཐོབ་བརྟན་གསུམ་དུ་གྱུར་ཞིང་། ཕྱིར་ལྟར་ན། ཆུང་ངུར་ཆེམ། འབྲིང་དུ་རབ་ཏུ་ཆེམ། ཆེན་པོར་ཀུན་ཏུ་རབ་ཏུ་ཆེམ་སྟེ། ནང་ལྟར་ན། རྩལ་ཆེན་རྫོགས་པའི་ཏིང་ངེ་འཛིན་གཡོ་ཐོབ་བརྟན་གསུམ་དུ་རྟོགས་པའི་རྩལ་འཕར་བར་གྱུར་པ་དང་། ཕྱིར་ལྟར་ན། དངོས་སུ་མཐའ་མཐོ་ན་དབུས་དམའ། དབུས་མཐོ་ན་མཐའ་དམའ། ཤར་མཐོ་ན་ནུབ་དམའ་བ་སོགས་ཚབ་ཆེ་བ་དང་ཁྱབ་པར་གཡོས་ཏེ། ནང་ལྟར་ན། བྱང་ཆུབ་ཀྱི་སེམས་གཡོ་ཚབ་ཆེ་ཆུང་གསུམ་བྱུང་བ་དེས་རང་རང་གི་ས་ལ་མི་གནས་པར་དོན་གོང་མ་ལ་འཇུག་པ་དང་། ཞུགས་པས་རང་རང་གི་ཞེན་པ་མི་བརྟན་པར་གྱུར་ཏེ་ལས་བཞིའི་དོན་རྫོགས་པས་ཆོས་ཉིད་ཀྱི་མཐའ་མཐོ་ན་རྟོག་པའི་དབུས་དམའ་ལ། ལྷུན་གྱིས་གྲུབ་པའི་དོན་རྫོགས་ཏེ་ཡེ་ཤེས་ཀྱི་དབུས་མཐོ་ན་འཁོར་བའི་མཐའ་དམའ་བར་གྱུར་ཞིང་། ཞི་བའི་དོན་རྫོགས་ཏེ་ཡེ་ཤེས་ཤར་བའི་ཕྱོགས་མཐོ་ན་རྟོག་པའི་ནུབ་དམའ་བར་གྱུར་པ་དང་། དབང་གི་དོན་རྫོགས་ཏེ་རྟོག་པ་ནུབ་པའི་ཕྱོགས་མཐོ་ན་ཡེ་ཤེས་ལ་ཞེན་པའི་ཤར་དམའ་བར་གྱུར་ལ། རྒྱས་པའི་དོན་རྫོགས་ཏེ་ཡོན་ཏན་རྒྱས་པའི་ལྷོ་ཡི་ཕྱོགས་མཐོ་ན་སྒྲིབ་པའི་བྱང་དམའ་བར་གྱུར་ཞིང་། དྲག་པོའི་དོན་རྫོགས་ཏེ་སྒྲིབ་པ་བྱང་བའི་ཕྱོགས་མཐོ་ན་ཡོན་ཏན་ལ་ཞེན་པའི་ལྷོ་དམའ་བར་གྱུར་ཏེ་ཆོས་ཇི་བཞིན་པ་རིག་པ་ལ་འཇལ་བ་ནི་བརྗོད་པ་དང་འདྲ་བར་གྲགས་པའོ། །དེ་ལྟར་སའི་སྒྲིབ་པ་ཤིན་ཏུ་འཇོམས་པ་ཚབ་ཆེ་ཆུང་དང་། དེས་སྙིང་པོ་བྱང་ཆུབ་མཚན་ཉིད་ཅིར་ཡང་སྣང་ལ་མ་ངེས་པ་ཉིད་དུ་སོན་པར་མཛད་པ་སྟེ། དངོས་སུ་ཕྱི་ནང་གི་མུན་པ་གཟུང་འཛིན་རྣམ་གཉིས་རྒྱུད་དང་། ཆེད་དུ་བྱས་པ་ཕྲ་རགས་ཐམས་ཅད་སྦྱངས་ནས། རྒྱུད་དག་པའི་རིམ་པ་བཞིན་ཡིད་ཆེས་པ་ནི། འགྲོ་བ་མཐའ་ཐུག་པ་མེད་པ་དག་འཇིག་རྟེན་པའི་ས་ནས་སེམས་སྐྱེས་ཏེ་དགའ་ཞིང་སྤྲོ་བའི་ངོ་མཚར་བསྐྱེད། དེ་བཞིན་དུ་སེམས་དང་པོ་པ་རྣམས་སེམས་ཀྱི་དཀྱིལ་འཁོར་རིགས་པ་འོད་གསལ་བར་བྱས་ཏེ་རྨད་དུ་བྱུང་བ་ལ་འཇུག་ཅིང་ཞུགས། ཐེག་པ་ཆེན་པོའི་སྦྱོར་ལམ་ལ་བརྟེན་པས་བདེན་པ་མཐོང་ནས་ཆོས་ཉིད་ཀྱི་དགའ་བའི་རོ་ཚོར་ཏེ་ས་ནས་སར་འཕར་བས་རྩལ་ཆེན་རྫོགས་པ་སྙིང་པོ་བྱང་ཆུབ་ཏུ་གྱུར་ཏོ། །དེ་ལྟར་སྣང་བས་འགྲོ་བ་དང་ས་པ་ཐམས་ཅད་འབྲས་བུ་གོང་མ་ལ་འདོད་པ་སྐྱེ་ཞིང་དོན་སྣང་བ་ལ་རེ་ཞིང་ངམ་པའི་གནས་དམ་པ་ཆོས་ཉིད་ཇེ་གསལ་དུ་གྱུར་ཏེ་ཤིན་ཏུ་ཡ་མཚན་པར་སྣང་བར་བྱེད་པའི་ཆོས་དངོས་གཞི་བར་བསྟན་པ་ནི། འདི་ལྟ་སྟེ། གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། འཇིག་རྟེན། ཞེས་པ་ནས། གསལ་བར་སྣང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་རྡུལ་སྙེད་ཀྱི་གནས་དེ་དག་ཀུན་ཏུ་དོན་མཛད་པ་པོ་དེ་བཞིན་གཤེགས་པའི་སྤྲུལ་པ་ཡང་མཐའ་ཡས་རྡུལ་སྙེད་གྲངས་ལས་འདས་པར་སྤྲོས་ཏེ་སྣང་ནས་ཡི་གེའི་སྒྲའི་ཆོས་སྣང་བའི་ཆོ་འཕྲུལ་བསྟན་པས། ཡོན་ཏན་ནི་བཤད་པ་ལྟར། རྨོངས་པའི་མུན་པ་བསལ་ཞིང་གཟུང་དང་འཛིན་པའི་དངོས་པོ་སྒྲིབ་པའི་ཕུང་པོ་ཇི་སྙེད་ཀུན་ཆོས་ཉིད་དུ་སྦྱངས་ཏེ་འབྲས་བུ་ཆོས་ཐམས་ཅད་སྙིང་པོ་བྱང་ཆུབ་མ་བཅོས་པའི་དེ་བཞིན་ཉིད་རང་བཞིན་ཀུན་ཏུ་སྣང་བའི་དབྱིངས་ལ་རིམ་པར་བཀོད་དོ། །དེས་ན་མ་འགགས་པའི་ཆོས་སྣང་བའི་སྤྲུལ་པ་ཀུན་གྱིས་གདུལ་བར་བྱ་བའི་དོན་མཛད་པའི་ཐབས་ནི་རྡུལ་སྙེད་དང་མཉམ་པ་རྣམས་ལས་ཆོ་འཕྲུལ་གྱི་ངོ་བོ་ཆོས་ཉིད་ངེས་པར་སྣང་བའི་སྒོ་ཡི་ངོ་བོ་ནི་རྩ་བ་ཨ་ཧཱུྃ་གཉིས་སམ་དབྱིངས་དང་ཡེ་ཤེས་གཉིས་ཀྱི་རྒྱུ་ལས་ཡི་གེ་བཅུ་ཚན་བཞིར་སྣང་བ་ནི་སྔགས་ཀྱི་ཡི་གེའི་འབྲུ་ཚོགས་རྣམས་ཏེ། དེས་མཚོན་པའི་ལྷ་དང་དོན་ཐམས་ཅད་གསལ་བར་སྣང་བའོ། །སྤྱིར་ཕོ་བྲང་ལྷ་ཡི་ཡི་གེ། ལུས་གནས་རྩ་ཡི་ཡི་གེ། ཞིང་ཁམས་ཆོ་འཕྲུལ་གྱི་ཡེ་གེ་ཐམས་ཅད་དོ། །གཉིས་པ་ལ་གཉིས་ཏེ། མ་འགག་པའི་ཆོས་སྣང་བ། མ་བཅོས་པའི་ཆོས་སྣང་བའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ལ་བདུན་ཏེ། ལྷ་བཞི་བཅུ་རྩ་གཉིས་མཚོན་པ། གཞལ་ཡས་ཁང་མཚོན་པ། ལས་བཞི་མཚོན་པ། ཆོ་གའི་རིམ་པ་མཚོན་པ། མཚན་ཉིད་གསུམ་མཚོན་པ། འཁོར་འདས་མཚོན་པ། དཀྱིལ་འཁོར་གསུམ་མཚོན་པའི་ཡི་གེ་མ་འགག་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། དྲན་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཕོ་བྲང་ལྷ་ཡི་གེ་ནི་འདི་ལྟ་སྟེ། མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་དང་། ཀུན་འདུས་རིག་པ་ལས། དབྱིངས་ལས་ཨ་བྱུང་ཨ་ལས་ནི། །ཡི་གེའི་ཚོགས་བྱུང་སྣ་ཚོགས་འཕྲོས། །ཨ་ནི་རང་བཞིན་ཡི་གེ་སྟེ། །རྟེན་དང་བྲལ་བས་རྒྱུ་རྐྱེན་མེད། །ཀུན་ལ་ཁྱབ་པས་ནམ་མཁའ་འདྲ། །ཨ་ནི་ཆོས་ཉིད་ཆོ་འཕྲུལ་ཏེ། །ཆོས་ཉིད་ཟབ་མོའི་ངང་ལས་ནི། །ཆོ་འཕྲུལ་ཡི་གེ་ཨ་བྱུང་བས། །ཨས་ནི་ཆོས་ཉིད་མཚོན་པར་བྱེད། །ཨ་ལས་ཡིག་འབྲུའི་ཚོགས་འཕྲོས་ཏེ། །ཚིག་ཚོགས་བསྟན་པ་རྒྱ་མཚོར་གྲགས། །ཡི་གེའི་སྒྲ་སྐད་ཀུན་བཟུང་སྟེ། །སྣ་ཚོགས་ཡི་གེའི་སྐད་དུ་བསྒྱུར། །ཡིག་འབྲུ་ཡན་ལག་མང་པོ་རྣམས། །རང་བཞིན་ཨ་ཡི་ངང་དུ་འདུས། །ཞེས་དང་། ཨ་ལས་ཆོ་འཕྲུལ་འོད་འཕྲོས་པས། །ཡི་གེའི་ཕྲེང་བ་ཚོགས་བྱུང་སྟེ། །ཡི་གེའི་ཡན་ལག་ཡེ་ཤེས་ལ། །སངས་རྒྱས་སྐུ་ཡི་ས་བོན་བྱུང་། །ཞེས་གསུངས་པ་ལྟར། ལྷ་བཞི་བཅུ་རྩ་གཉིས་ཀྱི་ངོ་བོ་ཉིད་ཀྱང་ཡི་གེ་སྔགས་ཀྱི་སྒྲ་ལས་སྣང་བའི་ཕྱིར་ཏེ། ཨ་ནི་ཨ་བྷ་དྲ་ས་མནྟ་ཞེས་པའི་སྔགས་སུ་གྱུར་པས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཆོས་ཉིད་ཀྱི་ངོ་བོ་རིལ་གྱི་འབྱུང་གནས་ཡུམ་ཀུན་ཏུ་བཟང་མོར་གསལ་བར་བྱུང་ཞིང་སྣང་བའི་སྒོའོ། །དེའང་སྒྲ་ལ་ཁྱབ་པ་ནི་ཡི་གེ་དང་སྒྲ་ཐམས་ཅད་ཀྱི་ཁོང་ན་ཨ་ཡོད་ཅིང་། དོན་ལ་ཁྱབ་པ་ནི་ཆོས་ཀྱི་དབྱིངས་ཀྱིས་ཆོས་ཐམས་ཅད་དང་ཡེ་ཤེས་ཐམས་ཅད་ལའང་ཁྱབ་ལ། ལྷ་ལ་ཁྱབ་པ་ནི་ཀུན་ཏུ་བཟང་མོས་ལྷ་ཐམས་ཅད་ལ་ཁྱབ་པའོ། །ཧཱུྃ་ནི་ཧཱུྃ་བཛྲ་ཙིཏྟའི་སྔགས་ཀྱིས་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་མ་བཅོས་པ་ཀུན་ཏུ་བཟང་པོའི་སྐུར་བྱུང་བ་རང་རིག་པའི་ཆོས་ཉིད་རྣམ་པར་སྣང་ཞིང་གསལ་བར་བྱེད་པའི་སྒོའོ། །དེའང་སྔ་མ་ལ་ཀུན་ཏུ་བཟང་མོ་ཆོས་ཀྱི་དབྱིངས་ཆོས་ཁམས་གསུམ་སྦྱར་ཞིང་། ཕྱི་མ་ལ་ཀུན་ཏུ་བཟང་པོ། རང་བྱུང་ཡེ་ཤེས། ཡིད་ཀྱི་ཤེས་པ་གསུམ་སྦྱར་རོ། །ཆོས་ཉིད་ཐམས་ཅད་ལ་མ་འགག་པའི་ཆོས་ཉིད་དང་རང་བཞིན་གྱི་ཆོས་ཉིད་གཉིས་ཀུན་ལ་སྦྱར་ཏེ་མ་འགག་པ་ནི་ལྷ་དང་ཡེ་ཤེས་གཉིས་དང་། རང་བཞིན་ནི་ཆོས་ཀྱི་དབྱིངས་སོ། །ཧཱུྃ་ནི་ཧཱུྃ་བཛྲ་དྷྲིཀ་གི་སྔགས་ལས་རྡོ་རྗེ་འཛིན་པ་མི་བསྐྱོད་པའམ་མི་གཡོ་བའི་སེམས་ཀྱི་ཆོས་ཉིད་ཡོངས་སུ་སྣང་བར་བྱེད་པའི་སྒོའོ། །དེའང་མི་བསྐྱོད་པ། ཆོས་དབྱིངས་ཡེ་ཤེས་སམ་མི་གཡོ་བའི་སེམས་ཀྱི་ཆོས་ཉིད། རྣམ་ཤེས་ཀྱི་ཕུང་པོ་གསུམ་སྦྱར་ཏེ་འོག་མ་རྣམས་ལའང་འགྲེ་ཤེས་པར་བྱའོ། །ༀ་ནི་ༀ་ཛི་ན་ཛི་ཀ་ཅེས་པའི་དོན་རང་རིག་ཅིར་ཡང་སྣང་ཞིང་ཤར་བའི་དོན་གྱི་ཆོས་ཉིད་གང་དེ་རྣམ་པར་སྣང་མཛད་དུ་སྣང་བར་བྱེད་པའི་སྒོའོ། །དེའང་རྣམ་པར་སྣང་བ་རྣམས་ནི་མ་འགག་པའམ། བརྡ་སྤྲོད་པའམ། གོ་བའོ། །སྒོ་ནི་འབྱུང་བའི་གཞིའོ། །དེ་ལྟར་ཀུན་ལ་འགྲེའོ། །སྭཱ་ནི་སྭཱ་རཏྣ་དྷྲིཀ་ཅེས་པས་ཡོན་ཏན་སྣ་ཚོགས་ཇི་སྙེད་པ་འབྱུང་བའི་རིན་ཆེན་འབྱུང་ལྡན་ཏེ་སེམས་ཉིད་ལ་ཡོན་ཏན་ལྷུན་གྱིས་རྫོགས་པའི་ཆོས་ཉིད་རྣམ་པར་སྣང་བར་བྱེད་པའི་སྒོའོ། །ཨཱ་ནི་ཨཱཾ་ཨ་རོ་ལིཀ་ཅེས་པའི་དོན་སྣང་བ་མཐའ་ཡས་ཀྱི་བཀོད་པ་སྟོན་པའིི་ཆོས་ཉིད་གསལ་ལ་མ་གཡོས་པ་སྟེ་འཁོར་བའི་འགྲོ་བ་དང་ས་པའི་རིག་པ་ལ་ཡེ་གྲུབ་པ་ཉིད་རྣམ་པར་སྣང་ཞིང་གསལ་བར་བྱེད་པའི་སྒོའོ། །ཧཱ་ནི་ཧཱ་པྲ་ཛྙཱ་དྷྲིཀ་གི་དོན་གྱིས་ཤེས་རབ་ཀྱི་དོན་དང་མ་བྲལ་བས་བདག་གཞན་གྱི་བྱ་བ་རྫོགས་པ་དོན་ཡོད་གྲུབ་པའི་ཆོས་ཉིད་གང་དེ་རྣམ་པར་སྣང་ཞིང་གསལ་བར་བྱེད་པའི་སྒོའོ། །དེ་ལ་སྔགས་ནི་ལམ་པས་བསྐྱེད་པ་དང་། སྒྲ་དོན་དང་ལྡན་པས་མཚོན་པའི་དབང་སྟེ་འཆད་པར་འགྱུར་བ་རྣམས་ལའང་སྦྱར་རོ། །ལྷ་ཡི་དབང་དུ་ཡབ་རྣམས་མ་འགག་པའང་ཡེ་ཤེས་ཀྱི་རྣམ་པ་དང་། ཡུམ་རྣམས་རང་བཞིན་ནམ་དབྱིངས་ཀྱི་རྣམ་པའོ། །མཱུཾ་ནི་མཱུཾ་དྷཱ་ཏྭཱེ་ཤྭཱ་རཱིའི་སྔགས་དོན་གྱིས་ཆོས་ཀྱི་དབྱིངས་མ་སྐྱེས་པ་ཚིག་གིས་བརྗོད་པ་ལས་འདས་ཤིང་གྲོལ་བས་གང་ཡང་མི་འགོག་པར་ཁྱབ་པའི་ཆོས་ཉིད་རྡོ་རྗེ་དབྱིངས་ཀྱི་དབྱིངས་ཕྱུག་མར་རྣམ་པར་སྣང་བའི་སྒོའོ། །དེའང་དབྱིངས་ཕྱུག་མ་ཆོས་དབྱིངས་ཡེ་ཤེས་ཀྱི་ཡུལ་དོན་གྱི་ཀུན་གཞིའི་དབྱིངས་ནམ་མཁའི་ཁམས་གསུམ་སྦྱར་ཏེ་འོག་མ་རྣམས་ལའང་འགྲེའོ། །ལཱཾ་ནི་ལཱཾ་ཏྭེ་ཥ་ར་ཏིའི་སྔགས་དོན་གྱིས་ས་ཉིད་རང་རིག་མ་བྱུང་མ་བརླག་ངོ་བོ་མི་འགྱུར་བར་སྐྱེ་འགག་མེད་པའི་ཆོས་ཉིད་རང་གསལ་བར་སངས་རྒྱས་སྤྱན་མར་རྣམ་པར་སྣང་བའི་སྒོའོ། །ཞེས་མེ་ལོང་ཡེ་ཤེས་ཀྱི་དབྱིངས་སོ། །མཱཾ་ནི་མཱཾ་མོ་ཧ་ར་ཏིའི་སྔགས་དོན་ལས་འབྱུང་བ་ཆུ་ཡི་ངོ་བོ་དེ་བཞིན་ཉིད་ཡོན་ཏན་འཕེལ་འགྲིབ་མེད་པར་འབྱུང་བ་མི་ཟད་པའི་ཆོས་ཉིད་མ་མཱ་ཀིར་རྣམ་པར་སྣང་བའི་སྒོའོ། །ཞེས་མཉམ་ཉིད་ཀྱི་དབྱིངས་སོ། །པཱྃ་ནི་པཱྃ་རཱ་ག་ར་ཏིའི་སྔགས་དོན་གྱིས་འབྱུང་བ་མེ་རང་རིག་པ་མཐའ་མ་སྒྲིབ་དག་པས་སྐྱོན་མེད་པའི་ཆོས་ཉིད་གོས་དཀར་མོར་རྣམ་པར་སྣང་བའི་སྒོའོ། །ཞེས་སོ་སོར་ཀུན་རྟོག་གི་དབྱིངས་སོ། །ཏཱྃ་ནི་ཏཱཾ་བཛྲ་ར་ཏིའི་སྔགས་དོན་གྱིས་འབྱུང་བ་རླུང་གི་དེ་བཞིན་ཉིད་ཀྱི་ངོ་བོ་མཚན་ཉིད་གང་དུའང་མི་ཟིན་པར་སྐད་ཅིག་ལའང་འགྲོ་དོན་མི་འགོག་པར་མཛད་པས་ཐོགས་པ་མེད་པའི་ཆོས་ཉིད་དམ་ཚིག་སྒྲོལ་མར་རྣམ་པར་སྣང་ཞིང་ལྷུན་གྱིས་གྲུབ་པར་བྱེད་པའི་སྒོའོ། །ཞེས་བྱ་གྲུབ་ཡེ་ཤེས་ཀྱི་དབྱིངས་སོ། །ཧྲིཿནི་ཧྲཱི་ཧ་ཧཱུྃ་པདྨ་པཱ་ད་མའི་སྔགས་ལས་སྤྱན་རས་གཟིགས་དབང་ཕྱུག་དེ་བཞིན་གཤེགས་པའི་གསུང་གི་རིག་འཛིན་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །རྟོག་པའི་དབང་དུ་རྣ་བས་གསུང་གི་བརྗོད་པ་འཛིན་པས་སོ། །ཏྲཱྃ་ནི་ཏྲཱཾ་ཨཱ་གརྦྷ་ཡའི་སྔགས་ལས་ནམ་མཁའི་སྙིང་པོ་ནམ་མཁས་དངོས་པོའི་གོ་འབྱེད་པ་ལྟར་ཡོན་ཏན་ཅིའང་མི་འགོག་པའི་ཆོས་ཉིད་རྣམ་པར་སྣང་པའི་སྒོའོ། །སྣས་དྲིའི་གོ་འབྱེད་པས་སོ། །ཀྵཱིཾ་ནི་ཀྵཱིཾ་ཧི་རཱ་ཛ་ཡའི་སྔགས་ལས་སའི་སྙིང་པོ་འགྲོ་བའི་མིག་དག་པ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཅིའང་མ་འདྲེས་ལ་མི་རྟོག་པར་མཐོང་བ་གསལ་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ས་མཐོང་བའི་ཡུལ་ཡིན་པའམ་མིག་གིས་གཟུགས་མཐོང་བས་སོ། །ཛཱིཾ་ནི་ཛཱིཾ་ཀུ་རུ་པཱ་ཎིའི་སྔགས་ལས་ཕྱག་ན་རྡོ་རྗེ་གསང་བའི་མཐུ་སྟོབས་ཀྱི་བདག་ཉིད་པས་གནོད་བྱེད་འདུལ་ཞིང་འཇོམས་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ལྕེས་རོ་དྲུག་འཇོམས་པས་སོ། །དེ་དག་ངོ་བོ་མི་མཐུན་པ་བཞིའི་ཆར་སྣང་བའི་ཆོས་ཉིད་ཡི་གེས་སྣང་བར་བྱེད་པའོ། །ཧཱུྃ་ནི་ཧཱུྃ་ལཱ་སྱེ་ས་མ་ཡའི་སྔགས་ལས་རང་རིག་པ་རིལ་ལྷུན་གྱིས་རྫོགས་ཏེ་མ་འགག་ལ་གསལ་བས་རྩ་བ་བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལཱ་སྱེ་སྟེ་སྒེག་མོ་མེ་ལོང་ཅན་དུ་རྣམ་པར་སྣང་བའི་སྒོའོ། །ཏྲཱྃ་ནི་ཏྲཱཾ་མཱ་ལེ་ས་མ་ཡའི་སྔགས་ལས་རྒྱལ་བའི་ཡོན་ཏན་སྣ་ཚོགས་རྒྱུན་ཆད་མེད་པར་སྣང་བས་ཅིར་ཡང་འབྱུང་བའི་ཆོས་ཉིད་མཱ་ལེ་ཕྲེང་བ་ཅན་དུ་རྣམ་པར་སྣང་བའི་སྒོའོ། །ཧྲཱིཿནི་ཧྲཱི་གཱི་ཏ་ར་གོའི་སྔགས་ལས་ཆོས་ཀྱི་སྒྲ་དབྱངས་ཇི་ལྟར་འདུལ་བ་ལྟར་སྟོན་ཅིང་སྒྲོག་པའི་ཆོས་ཉིད་གཱིརྟི་གླུ་དབྱངས་མར་རྣམ་པར་སྣང་བའི་སྒོའོ། །ཨྃ་ནི་ཨ་ནིརྟི་རཱ་ག་ཡཱ་མིའི་སྔགས་ལས་ཕྲིན་ལས་སྣ་ཚོགས་ཀྱིས་འགྲོ་དོན་མཛད་པས་ཅིར་ཡང་མ་ངེས་པའི་ཆོས་ཉིད་ནཱིརྟི་གར་བསྒྱུར་མར་རྣམ་པར་སྣང་བའི་སྒོའོ། །མཻ་ནི་མཻ་དྷ་ར་ཎིའི་སྔགས་ལས་ཐམས་ཅད་གཉིས་སུ་མེད་པར་མཁྱེན་པས་འབྱེད་པའི་ཕྱོགས་རིས་མེད་པར་ཕན་འདོགས་པ་བྱམས་པ་ཆེན་པོའི་ཆོས་ཉིད་བྱམས་པར་རྣམ་པར་སྣང་བའི་སྒོའོ། །ཐླྷིཾ་ནི་ཐླྷིཾ་ནི་སྶ་རཾ་པ་ཡའི་སྔགས་ལས་ཐུགས་རྗེ་ཆེན་པོས་ཟིན་པས་དངོས་སུ་སྐྱོབ་པའམ་དེས་སྒྲིབ་པ་སེལ་བས་སྙིང་རྗེ་ཆེན་པོའི་ཆོས་ཉིད་སྒྲིབ་པ་རྣམ་སེལ་དུ་རྣམ་པར་སྣང་བའི་སྒོའོ། །ཧཱུྃ་ནི་ཧཱུྃ་སྭ་རཱ་ཛ་ཡའི་སྔགས་ལས་ཐུགས་རྗེ་ཆེན་པོས་སྤྱོད་ཡུལ་དག་པས་ཀུན་ཏུ་བཟང་ཞིང་དོན་མཛད་པ་ལ་འགྱོད་པ་དང་བྲལ་བས་དགའ་བ་ཆེན་པོའི་ཆོས་ཉིད་ཀུན་ཏུ་བཟང་པོར་རྣམ་པར་སྣང་བའི་སྒོའོ། །མཱུྃ་ནི་མཱུཾ་ཤྲཱི་ཨ་རཱ་གཱ་ཡའི་སྔགས་ལས་ཡེ་ཤེས་ཆེན་པོ་ཟུག་རྔུ་དང་བྲལ་ཏེ་འཇམ་པའམ་མཉམ་པས་འདུལ་བ་བཏང་སྙོམས་ཆེན་པོའི་ཆོས་ཉིད་འཇམ་དཔལ་དུ་རྣམ་པར་སྣང་བའི་སྒོའོ། །དེ་ལྟར་སྔགས་ཀྱི་སྒྲ་དོན་གྱིས་ཚད་མེད་བཞི་དང་སྦྱར་རོ། །དྷཱུ་ནི་ཛཿདྷཱུ་པེ་པྲ་བེ་ཤའི་སྔགས་ལས་ཆེས་ཚིམ་པར་བྱེད་པའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་གྱི་ཆོས་ཉིད་དྷཱུ་པྤེ་མར་རྣམ་པར་སྣང་བའི་སྒོའོ། །པུ་ནི་ཧཱུྃ་པུཥྤེ་ཨ་བེ་ཤའི་སྔགས་ལས་གོ་བར་བྱེད་པས་དབང་བསྐུར་བའི་ཆོ་འཕྲུལ་གྱི་ཆོས་ཉིད་པུཥྤེ་མར་རྣམ་པར་སྣང་བའི་སྒོའོ། །བྃ་ནི་བྃ་དཱི་པ་སུ་གི་རཱིའི་སྔགས་ལས་གཞན་ལ་སྣང་བར་བྱེད་པས་བྱིན་གྱི་རླབས་ཀྱི་ཆོ་འཕྲུལ་གྱི་ཆོས་ཉིད་ཨཱ་ལོ་ཀེར་རྣམ་པར་སྣང་བའི་སྒོའོ། །ཧོ་ནི་ཧོ་གནྡྷེ་ཙིཏྟའི་སྔགས་ལས་མཉེས་པར་བྱེད་པས་མཆོད་པའི་ཆོ་འཕྲུལ་གྱི་ཆོས་ཉིད་གནྡྷེ་མར་རྣམ་པར་སྣང་བའི་སྒོའོ། །སྒོའི་དོན་ནི། འགྲོ་བ་ལམ་ལ་འཇུག་པ་ན་དང་པོ་རྣམ་ཐར་བཞིའི་སྒོ་ནས་ཐེ་ཚོམ་དང་སྒྲོ་འདོགས་ཐམས་ཅད་གཅོད་ཅིང་། བར་དུ་དེ་ལྟར་སྒོམས་ནས། མཐར་འབྲས་བུའི་ངོ་བོར་ལྷུན་གྱིས་གྲུབ་པ་ཡིན་ལ། སངས་རྒྱས་རྣམས་ཀྱིས་གཞན་དོན་ཡང་དེའི་སྒོ་ནས་མཛད་པས་ན་སྒོ་དང་སྦྱར་རོ། །ཡ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོ་སྟེ། ཁྲོ་བོ་ཡ་མནྟ་ཀྲི་ཏ་གཤིན་རྗེ་གཤེད་པོ་སྟེ། མཐའ་ཡི་གཤིན་རྗེ་འཇོམས་པས་སྟོང་ཉིད་སྒོ་ལ་གནས། །ཞེས་པའོ། །ཐཱ་ནི་སྣང་སྟོང་གི་མཚན་མ་མེད་པའི་རྣམ་པར་ཐར་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོ་སྟེ། ཁྲོ་བོ་སྟོབས་ཆེན་སྟོང་འཛིན་མཚན་མ་འཇོམས། །དེ་ཕྱིར་མཚན་མེད་རྣམ་ཐར་སྒོ་ལ་གནས། །ཞེས་པའོ། །ཧྲཱིཿནི་ཡེ་ནས་བྱང་ཆུབ་ཀྱི་སེམས་ལ་རྫོགས་པས་སྨོན་པ་མེད་པའི་རྣམ་པར་ཐར་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོ་སྟེ། རྟ་མགྲིན་རེ་སྨོན་རྟོག་པས་རྩོལ་བ་བཅོམ། དེ་ཕྱིར་བདག་རྫོགས་སྨོན་མེད་སྒོ་ལ་གནས། །ཞེས་པའོ། །ཧཱུཾ་ནི་བྱ་བ་མེད་པར་འོད་གསལ་བས་ཐབས་ལ་མཁས་པའི་རྣམ་པར་ཐར་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོ་སྟེ། བདུད་རྩི་འཁྱིལ་བ་ཡང་དག་ཞེན་བགེགས་འཇོམས། །དེ་ཕྱིར་བྱ་མེད་ཐབས་ཆེན་རང་བཞིན་འོད་གསལ་སྒོ། །ཡེ་ནས་བདག་ལ་ལྷུན་རྫོགས་ཁྲོ་བོའི་ཆོས། །ཡི་གེའི་ཆོས་ཉིད་མཛད་པས་རིག་ལ་སྣང་བར་བྱེད། །ཅེས་པའོ། །འབྲོམ་གྱི་ཕྱག་མཆན་ན། ཡ་ཡ་མནྟ་ཀྲིཏ། ཧ་བིགྷྣཱཾ་ཏ་ཀྲི་ཏ། ཧྲཱིཿཔདྨ་ཏ་ཀྲིཏ། ཧཱུྃ་པྲཛྙཱ་ཏ་ཀྲིཏ་ཞེས་པའི་སྔགས་དོན་དུ་གསུངས་སོ། །ཛཿནི་སྦྱིན་པའི་ཐབས་ཀྱིས་འགྲོ་བ་དོན་ལ་འདྲེན་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོ་སྟེ། ལྕགས་ཀྱུའི་ཆོས་ཉིད་སྦྱིན་པས་འགྲོ་བ་འདྲེན་པའི་སྒོ། །ཞེས་པའོ། །ཧཱུྃ་ནི་སྙན་པར་སྨྲ་བས་གསང་དོན་བརྗོད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོ་སྟེ། ཞགས་པའི་ཆོས་ཉིད་སྙན་པའི་དོན་བརྗོད་སྒོ་མས་ལས་ངན་འཆིང་། །ཞེས་པའོ། །བྃ་ནི་གདུལ་བྱའི་དོན་ཡང་དག་པར་སྤྱོད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོ་སྟེ། ལྕགས་སྒྲོག་ཆོས་ཉིད་འགྲོ་བའི་དོན་སྤྱོད་ལོག་སྡོམ་སྒོ། །ཞེས་པའོ། །ཧོཿནི་མ་འདྲེས་ཡོངས་རྫོགས་ཀྱི་དོན་དང་མཐུན་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོ་སྟེ། དྲིལ་བུའི་ཆོས་ཉིད་འགྲོ་དོན་མཐུན་པས་དགའ་བྱེད་སྒོ། །བསྡུ་པ་རྣམ་ཐར་སྒོ་བཞིར་ཡབ་ཡུམ་བརྒྱད་རྣམས་བཞུགས། །ལོག་སྐྱོན་ཚོགས་བརྒྱད་ཡེ་བཅོམ་བསྲུང་བའི་ངོ་བོར་གནས། །ཞེས་པའོ། །ཀྲེཾ་ནི་ཐུན་མོང་མ་ཡིན་པའི་བྱང་ཆུབ་ཡན་ལག་བདུན་གྱི་ངོ་བོས་རང་བཞིན་ཞི་བ་ཆེན་པོའི་ཕྱིར་ལྷའི་ཐུབ་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཆོས་རྗེ་དམ་པ་རིན་པོ་ཆེའི་ཕྱག་མཆན་ལས། ལྷའི་ཐུབ་པ་རྒྱུད་ཞི་བའམ། བརྒྱ་བྱིན་གྱིས་བྱང་ཆུབ་ཀྱི་ལམ་སྟོན་ལ། གསང་སྟེ་གསང་སྔགས་ཀྱང་སྟོན་པས་སོ་གསུངས། དྲུཾ་ནི་སྟོབས་ལྔའམ་བཅུའི་ངོ་བོས་རྩོད་པ་ལྟ་བུར་བྱེད་པ་འདུལ་བའི་ཕྱིར་ལྷ་མིན་གྱི་ཐུབ་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཆོས་རྗེས། ལྷ་མ་ཡིན་སྟོབས་ཆེ་བའམ་འཐབ་པ་ལ་དགའ་བས་སོ། །གསུངས། སྲུཾ་ནི་དབང་པོ་ལྔའི་ངོ་བོས་འདོད་པ་རང་དགའ་བ་དང་དབང་པོའི་སྒོ་སྡོམ་པས་འདུལ་བའི་ཕྱིར་མིའི་ཐུབ་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཆོས་རྗེས། མི་དབང་ཤཱཀྱ་ཐུབ་པའམ་ཡང་ན་མི་དབང་པོ་ལྔ་གསལ་ལ་རིག་པ་རྣོ་བས་སོ། །གསུངས། བྲཾ་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའི་ངོ་བོས་རྐང་བཞི་ལ་སོགས་པ་མ་རིག་པ་ལས་ཆོས་ཉིད་ཀྱིས་བསྐྱོད་པར་འདུལ་བའི་ཕྱིར་བྱོལ་སོང་གི་ཐུབ་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཀྵཾ་ནི་ཡང་དག་པར་སྤོང་བ་བཞིའི་ངོ་བོས་འདོད་པ་སྤོང་བས་འབྲས་བུ་མི་འབྱུང་བར་འདུལ་བའི་ཕྱིར་ཡི་དྭགས་ཀྱི་ཐུབ་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཡེ་ནི་དྲན་པ་ཉེ་བར་བཞག་པ་བཞིའི་ངོ་བོས་སྔ་མའི་ལས་དྲན་ཏེ་ལོག་ལྟ་འཐིབས་པོ་བསལ་ནས་སྡུག་བསྔལ་གྱིས་མྱོས་པ་སྒྲོལ་བར་འདུལ་བའི་ཕྱིར་དམྱལ་བའི་ཐུབ་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །གཉིས་པ་ནི། བྷྲཱུྃ་སྟོང་པ། ཞེས་པ་ནས། སྒོའོ། །ཞེས་པ་དང་། ཕྲིན་ལས་བཞིའི་འོག་ནས། ཤྭ་ཕྱི་ནང་། ཞེས་པ་ནས། ཆོས་འབྱུང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་གཤེགས་པ་དེ་དག་ཀུན་གང་ན་བཞུགས་ན་བྷྲཱུྃ་ནི་སྟོང་པ་ཉིད་བཅོ་བརྒྱད་དབྱིངས་ཀྱི་ངོ་བོར་ལྷུན་གྱིས་རྫོགས་པའི་གཞལ་ཡས་ཁང་གི་ཆོས་ཉིད་མཚོན་ཅིང་དེ་ཉིད་ལ་གནས་པར་རྣམ་པར་སྣང་བའི་སྒོའོ། །ཤྭ་ནི་ཤྭ་ས་ནིའི་སྒྲས་གནས་ཕྱི་ནང་སྣ་ཚོགས་དང་འབྱུང་བ་རིམ་པར་བརྩེགས་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །དྷ་ནི་དྷརྨ་དྷ་ཏུ་སྟེ་ཆོས་ཀྱི་འབྱུང་གནས་གསང་བའི་ནམ་མཁའ་དབྱིངས་ཀྱི་བྷ་གའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཕྱི་མ་འདི་གཉིས་མར་བཏགས་ནས་ཡེ་ཤེས་ལྔར་ལྕགས་འགྲེལ་གྱིས་བཤད་དེ། དེ་ལྟར་ན་མ་དང་ཧ་ནི་ཁྱད་པར་གྱི་ཚིག་ཏུ་སྦྱར་ལ། ལྔ་པོ། སྟོང་ཉིད་ཡེ་ཤེས་དང་མེ་ལོང་ལྟ་བུ་ལ་སོགས་པར་སྔགས་ཀྱི་འབྲུ་བསྡེབ་ནས་བཤད་དོ། །གསུམ་པ་ནི། གོང་གི། ཨེ་ཁྲོ་བོའི། ཞེས་པ་ནས། སྡུད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཨེ་ནི་དྲག་པོ་ཁྲོ་བོའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཝཾ་ནི་མཐའ་ཀུན་ཞི་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །མ་ནི་མཐའ་བཞི་རྒྱས་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཡ་ནི་དབང་དུ་སྡུད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །དེ་ལྟར་ཡང་། ཨེ་ནི་དྲག་པོའི་ལས་ཏེ་ཝཾ་ཞི་བ། །མ་ནི་རྒྱས་པའི་ཕྲིན་ལས་ཡ་དབང་སྡུད། །ཡི་གེ་བཞི་དབྱིབས་སོ་སོས་ལས་བཞི་བསྟན། །དེ་ཉིད་ཡེ་ནས་གནས་པའི་ཡི་གེར་སྣང་། །ཞེས་སོ། །བཞི་པ་ནི། མ་དྲན་པའི། ཞེས་པ་ནས། ཤེས་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཞེས་པའི་བར་གྱིས་བསྟན་ཏེ། མ་ནི་མ་ནུ་སྟེ་དྲན་ཞིང་རིག་པའི་ཏིང་ངེ་འཛིན་གྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཧཱ་ནི་ཧྱ་ཧི་ཀྱེ་སྟེ་སྤྱན་དྲངས་པའམ་བོད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །པྲ་ནི་པྲ་པ་སྟེ་འོད་ཟེར་སྤྲོ་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཀྵ་ནི་ཀྵ་ཡ་ཏ་ན་མཐའ་ཟད་པ་སྟེ་དཀྱིལ་འཁོར་བསྡུ་བའི་ལས་ཟིན་པའམ་མཐའ་ཡི་སྒྲིབ་པ་ཟད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཛྙཱ་ནི་ཛྙཱ་ན་སྟེ་ཤེས་པའི་ཚོགས་བརྒྱད་ཀྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ལྔ་པ་ནི། ཧེ་རྒྱུའི། ཞེས་པ་ནས། རྐྱེན་གྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཧེ་ནི་ཧེ་ཏུ་ན་རྒྱུའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །སྭཱྃ་ནི་སྭཱ་བྷཱ་བ་ན་འབྲས་བུའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཐཾ་ནི་ཐ་ཀ་ན་རྐྱེན་བཞི་པོ་རྣམས་ཀྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །དྲུག་པ་ནི། སྐ་ཕུང་པོའི། ཞེས་པ་ནས། དཀར་པོའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཞེས་པའི་བར་གྱིས་བསྟན་ཏེ། སྐ་ནི་སྐནྡྷ་པཉྩ་ན་ཕུང་པོ་ལྔའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །སྦས་པ་ལྟར་ན། ཤཱི་ལ་སྐནྡྷཿཚུལ་ཁྲིམས་ཀྱི་ཕུང་པོ། ས་མཱ་ཏི་སྐནྡྷ་ཏིང་ངེ་འཛིན་གྱི་ཕུང་པོ། པྲཛྙཱ་སྐནྡྷཿཤེས་རབ་ཀྱི་ཕུང་པོ། བི་མུཀྟི་སྐནྡྷཿརྣམ་པར་གྲོལ་བའི་ཕུང་པོ། བི་མུཀྟི་ཛྙཱ་ན་དྷཪྴ་སྐནྡྷཿརྣམ་གྲོལ་ཡེ་ཤེས་མཐོང་བའི་ཕུང་པོའོ། །ཀྲ་ནི་ཀརྨ་ན་ལས་ཀྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །བྃ་ནི་བཾ་ཀཱ་ལ་ན་ནག་པོའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཏྲ་ནི་ཏྲ་ཡེ་ན་དཀར་པོའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །དེ་དག་ནི་སྣ་ཚོགས་སྣང་བའི་ཆོས་ཉིད་ཀྱི་ཟུར་འདྲེན་པ་སྟེ་ཐ་མ་གཉིས་ཀྱིས་ལྷའི་སྐུ་མདོག་གི་ཆོས་ཉིད་ཀྱི་ཟུར་ཡང་འདྲེན་ནོ། །བདུན་པ་ནི། ༀ་རང་གྲུབ་པའི། ཞེས་པ་ནས། སྣང་བའི་སྒོའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཨཱོྂ་ནི་ཡོན་ཏན་རྫོགས་པའི་ཕྱིར་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ཧཱུྃ་ནི་ཆོས་རིལ་གྱི་འབྱུང་གནས་རང་གི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཆོས་ཉིད་རྣམ་པར་སྣང་བའི་ཡི་གེའི་སྒོའོ། །མཱུྃ་ནི་ཆོས་ཉིད་ཀྱི་ཕྱི་མོ་མ་བསླད་མ་བཅོས་ཏེ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་གྱི་ཆོས་ཉིད་རྣམ་པར་སྣང་བའི་ཡི་གེའི་སྒོའོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། རྣམ་པར་སྣང་ངོ་། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ལྟར་དོན་བཤད་པ་དག་ནི་ཡི་གེའི་ཆོ་འཕྲུལ་ལས་ཆོས་རྣམ་པར་སྣང་བར་བྱས་པའོ། །དེའི་གཏན་ཚིགས་དེ་ཅིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ། ཡི་གེའི་སྒོ་ལ་བརྟེན་པའི་སྒྲས་དྲངས་པ་དང་། སྦྱར་བ་དང་། བསྒྱུར་བས་མཚོན་ནས་ཆོས་ཉིད་ཇི་བཞིན་པའི་དོན་མཐོང་སྟེ་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་ཁོང་དུ་ཆུད་པར་འགྱུར་རོ། །དེ་བཞིན་དུ་མི་བརྗེད་པའི་གཟུངས་ཐོབ་པ་དང་། གཞན་ལ་བརྗོད་པའི་སྒྲ་ལ་མཁས་པ་དང་། དྲན་པ་ཐོབ་པས་ཤེས་བྱ་གསལ་བ་དང་། མཁས་པར་ཆུབ་པས་བློ་གྲོས་ཡངས་པ་དང་། དོན་ཐག་ཆོད་པས་རྟོགས་པ་གདེང་དང་ལྡན་པ་དང་། དགོངས་པའི་ཏིང་ངེ་འཛིན་གསལ་བ་དང་བདུན་ཐོབ་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་དེར་ཡང་མ་ཟད། དཔེས་མཚོན་ཚིག་གི་ལྡེ་མིག་གིས། །མཉམ་ཉིད་རིག་པའི་སྒོ་དབྱེར་འོས། །ཞེས་པ་ལྟར་ཡི་གེས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་དོན་གྱི་སྒོ་ཡང་འགྱེད་ཅིང་བརྡ་རིལ་ཡང་གསལ་བར་འགྱུར་རོ། །མིང་ཚིག་སྒྲོན་མས་དོན་གྱི་གསེར་མཚོན་ལྟར། །ཞེས་དང་། ཡི་གེའི་རྗེས་སུ་དོན་དཔགས་ན། །ཡི་གེས་དོན་རྣམས་སྟོན་པར་འགྱུར། །ཞེས་པ་ལྟར་དོན་ཡང་མཚོན་པར་བྱེད་དོ། །ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་དང་། ཨ་ནི་མ་སྐྱེས་ཡེ་ཤེས་ཡིན། །རང་བཞིན་ཐམས་ཅད་སྟོང་པར་སྟོན། །ཅེས་ཨའི་སྒྲས་སྐྱེ་བ་མེད་པའི་རང་བཞིན་ཡང་རྟོགས་པར་བྱེད་དོ། །དེས་གཞན་ལའང་འགྲེའོ། །དེ་ལྟར་ཡི་གེས་མཚོན་ནས་ཇི་ལྟ་བ་ཉིད་མཐོང་ཞིང་ཤེས་པར་བྱེད་དེ། དེ་དག་ནི་འཆད་པ་ལ་ལྟོས་ནས་བཅོས་པའི་ཆོ་འཕྲུལ་ལོ། །སྤྱིར་ལུས་གནས་རྩའི་ཡི་གེ་ནི། རང་བྱུང་གི་ཡི་གེ་བཞི་ལས་ཆོ་འཕྲུལ་ཡི་གེར་གནས་པ་སྟེ། ལྷ་རྒྱུད་ལས། རྩ་གནས་དཀྱིལ་འཁོར་གྲུབ་པའི་གཞན་ཡས་ནས། །ཁམས་ཀྱི་བདུད་རྩི་སངས་རྒྱས་སྐུར་བཞུགས་ཤིང་། །གྲུབ་པ་སྔགས་ཀྱི་ནུས་མཐུ་ངག་ལ་འཆར། །སྙིང་པོ་རླུང་གི་ཐུགས་ཀྱིས་ཡོངས་ལ་ཁྱབ། །ཞེས་སོགས་ལུང་རྣམས་དང་སྦྱོར་ལ། ཞིང་ཁམས་ཆོ་འཕྲུལ་གྱི་ཡི་གེ་ནི། སྤྲུལ་པའི་ཡི་གེ་འཇིག་རྟེན་ཐ་དད་དུ་འཚོལ་བར་སྤྲོས་པས་གདུལ་བྱ་སྤྲོ་བ་སྐྱེད་པ་སྟེ། ཀུན་འདུས་ལས། གསུང་གིས་འདུལ་བའི་དུས་བྱུང་ན། །དབྱངས་ཀྱི་ཡན་ལག་དྲུག་ཅུ་ལ། །སོགས་པའི་སྒྲ་སྐད་ཐམས་ཅད་དང་། །ཡི་གེའི་གཟུགས་སུ་བསྟན་ནས་ནི། །འཁོར་བའི་ཁམས་སུ་སྣང་བར་བྱེད། །ཅེས་སོ། །ལང་ཀའི་བདག་པོ། དེ་དག་ནི་ཡི་གེའི་ཆོ་འཕྲུལ་གྱི་སྒོ་ནས་ཆོས་ཉིད་དུ་རྣམ་པར་སྣང་བ་སྟེ་བཅོས་པའི་ཐབས་ལས་རྟོགས་པའོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། གྲགས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། གང་གཞི་ཇི་བཞིན་པ་ཆོས་ཉིད་མ་བཅོས་པ་ལས་ཅིར་སྣང་ཡང་ཅིར་སྲིད་ཀྱང་མཚན་ཉིད་མ་ངེས་པར་དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་སྣང་བའི་ཆོ་འཕྲུལ་བསྟན་པ་གང་ཞེེ་ན། འདི་ལྟ་སྟེ། རང་བཞིན་གྱི་ཆོས་སྣང་ལུགས་བཅུ་པོ་འདི་སྒྲ་ཇི་བཞིན་པར་མི་ལྟ་ཞིང་ཆོས་བཅུ་གཅིག་བསལ་ནས་དོན་བཅུ་གཅིག་ཏུ་སྣང་བའང་མ་ཡིན་པར་ཕྱོགས་རིས་མེད་ལ་ལྡོག་ས་མི་འཚོལ་པའི་དོན་དུ་ཤེས་པར་བྱ་སྟེ། ཆོས་དང་ལྡན་པས་ཆོས་ཅན་རྒྱ་ཆེ་བ་ཇི་སྙེད་པར་ཞེན་བློའི་ངོ་ལ་འཁྲུལ་པའི་མཚན་མར་སྣང་བའི་རང་བཞིན་རྣམས། དཔེར་ན་རྒྱལ་པོའི་ཕྲུག་གུ་རྒྱལ་པོ་ལས་ནོར་ཡང་ངོ་བོ་རྒྱལ་པོ་ལས་མ་གཡོས་པ་དང་འདྲ་བ་ཙམ་གྱི་ཕྱིར་ཆོས་ཉིད་ཟབ་མོ་མཚན་མ་མེད་པའི་ངང་ཉིད་དུ་གསལ་བར་སྣང་ངོ་། །འགྲོ་བ་སེམས་ཅན་ལུས་ངག་ཡིད་གསུམ་དང་ལྡན་པའི་དངོས་པོར་སྣང་བའི་རང་བཞིན་རྣམས་ཀྱང་། སྣང་བ་ཉིད་ན་ཉི་མའི་ཟེར་བཞིན་པས་རང་རིག་པ་མཐའ་དང་བྲལ་བ་ཉིད་བརྡ་དང་ཐ་སྙད་མང་པོར་བཏགས་པ་ལ་སྣང་བ་དེ་དག་ཅིར་སྣང་ཡང་སྣང་བ་མི་འགོག་ལ་སྣང་བ་མེད་དེ་སེམས་ཉིད་དངོས་པོ་མེད་པ་ཡེ་མ་བཅོས་པའི་ངང་དུ་སྣང་བ་ཉིད་དོ། །ཐ་སྙད་སྣ་ཚོགས་ཇི་སྙེད་པར་རྣམ་པར་སྣང་བའི་རང་བཞིན་རྣམས་ཀྱང་། དོན་ལ་དབྱེར་མེད་པས་ཆོས་ཉིད་ཇི་བཞིན་པ་དེ་བཞིན་ཉིད་ཀྱི་ངང་དུ་མཉམ་པར་སྣང་ངོ་། །འགྲོ་བ་ལྔའི་སྡུག་བསྔལ་གྱི་རྒྱུ་འདུ་བྱེད་ལྔ་འཁྲུལ་པ་ལ་ཉོན་མོངས་པ་དུག་ལྔར་སྣང་བའི་རང་བཞིན་རྣམས་ཀྱང་སྤུ་མ་བརྗེས་མདོག་མ་བསྒྱུར་བཟོས་མ་བྱས་པར་རྣམ་གྲོལ་ཡེ་ཤེས་ལྔ་ཡི་ངང་དུ་སྣང་སྟེ། གཏི་མུག་སྟོང་པའི་ཡེ་ཤེས། ཞེ་སྡང་མེ་ལོང་ཡེ་ཤེས། ང་རྒྱལ་མཉམ་ཉིད་ཡེ་ཤེས། འདོད་ཆགས་སོར་རྟོག་ཡེ་ཤེས། ཕྲག་དོག་བྱ་གྲུབ་ཡེ་ཤེས་སོ། །ཉོན་མོངས་པ་དུག་གསུམ་ཉིད་ཁམས་གསུམ་གྱི་གཞིའམ་རྩ་བར་སྣང་བའི་རང་བཞིན་རྣམས་ཀྱང་ཡེ་ནས་ངོ་བོ་སྣང་ལ་མེད་པས་སྐུ་གསུམ་ལྷུན་གྱིས་གྲུབ་པའིི་ངང་དུ་སྣང་སྟེ། གཏི་མུག་ཆོས་སྐུ། འདོད་ཆགས་ལོངས་སྐུ། ཞེ་སྡང་སྤྲུལ་སྐུའོ། །འགྲོ་བའི་ཡུལ་སེམས་ལ་གཟུང་འཛིན་གྱི་རྟོག་པ་གཉིས་སུ་འཁྲུལ་པར་སྣང་བའི་རང་བཞིན་རྣམས་ཀྱང་། ཡེ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་དུ་བརྡལ་བར་སྣང་ངོ་། །སྐྱེ་འགྲོའི་བྱ་བ་ཡུལ་དང་བྱེད་པ་ཤེས་པར་ཅིར་ཡང་སྣང་བའི་རང་བཞིན་རྣམས་ཀྱང་། ཐེར་ཟུག་དང་རྒྱུན་མེད་པར་ཐབས་དང་ཤེས་རབ་བདག་ཉིད་ཆེན་པོར་འབྲེལ་ཏེ་དབྱེར་མེད་པའི་ངང་དུ་རྣམ་པར་སྣང་ངོ་། །མཚན་ཉིད་མི་རྟག་པས་འཇིག་པའི་ཚོགས་ཅན་ཕུང་པོ་ལྔའི་དངོས་པོར་སྣང་བའི་རང་བཞིན་རྣམས་ཀྱང་མ་སྤངས་པར་འཁོར་བ་ལས་རྣམ་པར་གྲོལ་བའི་ཟག་པ་མེད་པ་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ། རྣམ་གྲོལ། རྣམ་གྲོལ་ཡེ་ཤེས་མཐོང་བའི་ཕུང་པོའི་ངང་དུ་སངས་རྒྱས་ཏེ་རིགས་ཀྱི་རྒྱལ་བ་ལྔར་སྣང་བ་ཉིད་དོ། །ཀུན་ནས་ཉོན་མོངས་པ་འཁོར་བའི་རང་བཞིན་དུ་སྣང་བ་རྣམས་ཀྱང་འཁོར་བ་རང་རྒྱུད་ཀ་ནས་བྲལ་བས་དེ་ཉིད་རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ངང་དུ་ཡང་དག་པར་སྣང་ངོ་། །འཇིག་པའི་རྟེན་དུ་གྱུར་པའི་ནང་བཅུད་གཡོ་བའི་རྡུལ་དང་ཕྱི་སྣོད་མི་གཡོ་བའི་རྡུལ་དུ་སྣང་བའི་རང་བཞིན་རྣམས་ཀྱང་རང་རིག་རང་སྣང་བས་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གཅིག་དང་དུ་མ་ལས་གྲོལ་བའི་ངང་ཉིད་དུ་རྣམ་པར་སྣང་ངོ་། །མྱ་ངན་ལས་འདས་པ་དང་འཁོར་བའི་རང་བཞིན་གྱི་དངོས་པོ་གཉིས་པ་རིལ་དུ་གྱུར་པ་རྣམས་ཡེ་ནས་ལྷུན་གྱིས་གྲུབ་པས་བརྩལ་བ་མེད་པར་མ་བསླད་པས་མ་བཅོས་ཤིང་ཇི་བཞིན་པ་དེ་བཞིན་ཉིད་ཀྱི་ངང་དུ་བསམ་གྱིས་མི་ཁྱབ་པའི་རྣམ་པར་སྣང་བ་ཉིད་དོ། །ཞེས་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་ཐུགས་རྗེའི་ཆོ་འཕྲུལ་གྱི་སྒྲར་སྔོན་བྱུང་དུ་ཡོངས་སུ་གྲགས་ཤིང་ད་ལྟར་ཡང་གྲགས་པར་གྱུར་ཏོ། །དེ་དག་ནི་བྱེད་པ་མེད་པར་རང་སྣང་ལ་མ་ངེས་པས་ཇི་བཞིན་པ་ཉིད་ཀྱི་ཕྱིར་མིང་ངེས་པར་འགྲུབ་བོ། །སྣང་བའང་སྣང་བ་ཡོད་པའི་ཕྱོགས་ལས་བཏགས་པའི་ཐ་སྙད་དེ་ངོ་བོ་ནི་སྣང་མི་སྣང་ལས་གྲོལ་བའོ། །དེ་འཁོར་གྱི་རིག་པ་ལ་བརྗོད་པ་དང་འདྲ་བར་གྲགས་ཤིང་འཇལ་བའང་ཞིང་རིལ་དུའོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། འགྲེལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ་དེ་དག་ནི་ཆོས་སྣང་བའི་ཆོ་འཕྲུལ་ཏེ། དེ་དག་ཀྱང་སོ་སོར་མ་འདྲེས་པར་དབྱིངས་ཀྱི་ཆོས་ཉིད་གཅིག་ཏུ་ཡོངས་སུ་རྫོགས་པར་འགྲེལ་ཏོ། །དེས་ཀྱང་བྱུང་ཚུལ་གྱི་དོན་གསལ་བར་བསྟན་པའོ། །དེ་ལྟར་ཆོས་སྣང་བའི་ཆོ་འཕྲུལ་གྱི་དོན་འདི་ཉིད་ཨ་ནུ་ཡོ་གའི་རང་ལུགས་ཇི་ལྟ་བ་བཞིན་དུ་མདོ་ཆེན་པོའི་དགོངས་དོན་ཐུན་མོང་མིན་པར་རྒྱུད་ལས་འབྱུང་བ་དང་མན་ངག་དང་འགྲེལ་པ་ཀུན་གྱིས་ཇི་ལྟར་བཀྲལ་བ་བཞིན་མ་འདྲེས་འདུས་གསལ་དུ་བཀོད་པར་བྱས་པས་སྤྱིར་ཁྲོ་བོ་ལྷ་རྒྱུད་ཆེན་པོ་ལས་གསུངས་པ་ལྟར་ཐེག་པ་རིམ་པ་དགུ་དང་བྱེ་བྲག་ཏུ། རྣལ་འབྱོར་ཆེན་པོ་ནང་པ་ནི། །རང་བྱུང་འོད་གསལ་ཆོས་ཀྱི་སྐུ། །རྒྱལ་དྲུག་ཡུམ་དང་འདུ་འབྲལ་མེད། །ཐུན་མོང་དྲུག་ཁྱད་ཁྲོ་ཕྱིར་སྤྲུལ། །རྫོགས་པ་རྗེས་སུ་རྣལ་འབྱོར་ནི། །དབྱིངས་ཤེས་འདུ་འབྲལ་མེད་སྲས་བདེ། །ཀུན་བཟང་ཡུམ་དང་འདུ་འབྲལ་མེད། །ཐུབ་ཁྱད་འཕྲོ་སྤྲུལ་ཡི་གེ་འཁོར། །རྫོགས་ཆེན་ཐེག་པའི་ཡང་རྩེ་ནི། །ཡེ་ཇི་བཞིན་སྨྲ་བསམ་འདས་ཆོས། །ཐུན་མོང་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཅིར་ཡང་སྣང་བ་དེ་ཁོ་ན། །སྐུ་གསུམ་ཁྱད་ཆེ་སེམས་བསྐྱེད་ཚུལ། །ཞེས་གསུངས་པ་ལྟར། མ་ཧཱ་ལས་འཕགས་ཤིང་ཨ་ཏི་ཡོ་གའི་ཁྱད་ཆོས་རྣམས་ཀྱི་གེགས་བསལ་བའི་ཚུལ་གྱིས་སྐུ་གསུམ་གྱི་ཆོས་སྣང་བ་དང་སྦྱོར་ཏེ་སྤྱི་རྒྱ་ལེགས་པར་གཅོད་ཅིང་སྐབས་ཀྱི་དགོངས་གནད་ནོར་འཁྲུལ་དང་བྲལ་བ་རྙེད་པར་བྱ་སྟེ་འདིར་ཡི་གེས་འཇིགས་སོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོོ་ཆེན་པོ་ལས། ཆོས་སྣང་བའི་ཆོ་འཕྲུལ་གྱི་དོན་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་བདུན་པ་རྣམ་པར་བཤད་པའོ།། །།གསུམ་པ་ཀུན་བརྗོད་པའི་ཆོ་འཕྲུལ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། དེ་ཉིད་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་ངེས་དོན་སྟོན་ནོ། །ལང་ཀའི་བདག་པོ། ཆོས་ཀུན་གྱི་དོན་བརྗོད་པའི་ཆོ་འཕྲུལ་ཞེས་ངེས་ཚིག་གིས་ཉེ་བར་བརྗོད་པ་དེ་ཉིད་གང་ཞེ་ན། འདི་ལྟ་སྟེ། རྟོགས་པ་དང་མ་རྟོགས་པའི་ཆོས་ཀུན་གྱི་སྤྱི་དང་རང་གི་མཚན་ཉིད་གཉིས་བྱང་ཆུབ་ཀྱི་སེམས་སུམ་འདྲེས་ལ་ཡོངས་སུ་རྫོགས་པ་ཉིད་དེ། ཆོས་ཉིད་དེ་ཁོ་ན་ཉིད་དུ་ངེས་པར་གནས་པའི་གཞིའི་བཞུགས་ཚུལ་ཇི་ལྟར་ཡིན་པའི་དོན་དེ་ཉིད་ཇི་ལྟ་བ་བཞིན་དུ་སྒྲོ་སྐུར་མེད་པར་ཕྱིན་ཅི་མ་ལོག་པ་ཉིད་དུ་ངེས་དོན་གྱི་ཚིག་ཏུ་ཕྱུང་ནས་བརྗོད་པ་དེས་ན་ངེས་པའི་ཚིག་ཀྱང་འགྲུབ་སྟེ་དེ་ཉིད་མཐའི་སྤྲོས་པ་མ་སྤངས་རྣམ་པར་དག་པའི་ལམ་ཆེན་པོ་མ་ནོར་བ་ཡང་དག་པ་ཉིད་ཡིན་པར་ངེས་པར་བཞག་གོ། །དེ་བས་ན་མྱ་ངན་ལས་འདས་པའི་འབྲས་བུ་མཐར་ཐུག་པ་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་དེ་ཡང་དོན་དེ་ལས་གཞན་གང་ནའང་མེད་དེ་མ་འདྲེས་ཡོངས་རྫོགས་ཀྱི་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ཡིན་ལ། དེས་ན་སྒྲོན་མ་བཀོད་པ་ལྟ་བུ་འཁོར་བའི་དཔུང་བཅོམ་པས་དཔག་ཏུ་མེད་པའི་རྒྱལ་བ་མཐའ་ཡས་པ་རྣམས་ཀྱང་གཞན་ན་མེད་དེ། རང་གི་སེམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ཡིན་པས་གཅིག་དང་དུ་མ་ལས་གྲོལ་བར་བསྟན་པའོ། །གཉིས་པ་ལ་གསུམ་སྟེ། ཀུན་བརྗོད་པ་དངོས། གང་གི་སྤྱོད་ཡུལ་ཡིན་པ། རྟོགས་མ་རྟོགས་ཀྱི་སྐྱོན་ཡོན་ནོ། །དང་པོ་ལ་གསུམ་སྟེ། འཁོར་བ་མ་འདྲེས་ལ་ཡོངས་སུ་རྫོགས་པ། མྱ་ངན་ལས་འདས་པ་མ་འདྲེས་ལ་ཡོངས་སུ་རྫོགས་པ། འཁོར་འདས་ཐམས་ཅད་མ་འདྲེས་ཡོངས་སུ་རྫོགས་པའོ། །དང་པོ་ལ་ལྔ་སྟེ། ཉོན་མོངས་པ་ལྔ་མ་འདྲེས་ཡོངས་རྫོགས། ཕུང་པོ་ལྔ་མ་འདྲེས་ཡོངས་རྫོགས། ཁམས་རྣམས་མ་འདྲེས་ཡོངས་རྫོགས། སྐྱེ་མཆེད་མ་འདྲེས་ཡོངས་རྫོགས། རྟེན་འབྲེལ་མ་འདྲེས་ཡོངས་རྫོགས་སོ། །དང་པོ་ནི། གཏི་མུག །ཅེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་ལྔས་བསྟན་ཏེ། དངོས་པོ་འཁྲུལ་པ་དང་ལམ་དང་འབྲས་བུ་ཇི་སྙེད་བརྗོད་པའི་དང་པོ་བསྟན་པ་གང་སྙམ་པ་ལ། གཞལ་བྱའི་ངོ་ཏི་མ་རིག་པའམ་གཏི་མུག་རང་གི་མཚན་ཉིད་ཆོས་གཞན་དང་མ་འདྲེས་པར་གསལ་བ་ནི། དུས་དང་སྐབས་རིལ་དུ་དོན་མི་ཤེས་ཏེ་ཀུན་ནས་རྨོངས་པས་འབྱེད་པ་མེད་པའོ། །དེ་ཉིད་ཡེ་ནས་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་དུ་ཡོངས་སུ་རྫོགས་པས་ཡེ་ཤེས་རང་གསལ་བའི་ངོ་བོ་ལ་མ་རིག་པ་མ་སྤངས་ལ་མ་གྲུབ་པས་སྟོང་སྟེ་བརྟགས་པའི་བདག་བྲལ་ཏེ་མེད་པ་ནི་སྤྱིའི་མཚན་ཉིད་དོ། །དེ་ལྟར་སྤྱི་དང་རང་གི་མཚན་ཉིད་གཉིས་པོ་དེ་ཉིད་སོ་སོར་སྣང་བ་མ་འགགས་བཞིན་དུ་ངོ་བོ་བསྟན་དུ་ཡང་མེད་པས་མཐའ་གཉིས་ལས་གྲོལ་བའི་ཕྱིར་མ་འདྲེས་ཡོངས་རྫོགས་ངོ་བོ་གཉིས་མེད་དུ་གྱུར་ན། དེ་ཉིད་གནས་ལུགས་མིན་པ་ལ་ཡིན་པར་མ་བྱས་པར་གཏི་མུག་ཉིད་ཆོས་ཐམས་ཅད་ཀྱི་ཇི་བཞིན་པ་ཡིན་པར་སངས་རྒྱས་པས་ན་ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་དེ་མ་ནོར་བ་དེ་ཁོ་ན་ཉིད་དུ་གསལ་བས་གཏི་མུག་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་བཞིན་དུ་ཞེ་སྡང་གི་རང་མཚན་གཞན་དང་མ་འདྲེས་པར་ཕ་རོལ་ལ་ཀུན་ནས་མནར་སེམས་པ་དེ་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་ཞེ་སྡང་མ་སྤངས་ལ་མ་གྲུབ་པས་སྟོང་ཞིང་བརྟགས་པའི་བདག་མེད་པ་ནི་སྤྱིའི་མཚན་ཉིད་དེ། དེ་ལྟར་རང་དང་སྤྱིའི་མཚན་ཉིད་གཉིས་པོ་དེ་ཉིད་མཐའ་གཉིས་ལས་གྲོལ་ཏེ་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་རང་གསལ་ལ་ཡུལ་དང་བྲལ་བ་ན། ཡེ་ནས་མ་བཅོས་པར་ཆོས་ཉིད་དེ་བཞིན་ཉིད་དེ་ཁོ་ན་ཉིད་དེ་ཞེ་སྡང་ཉིད་མེ་ལོང་ཡེ་ཤེས་སུ་གསལ་ལོ། །ང་རྒྱལ་གྱི་རང་མཚན་གཞན་དང་མ་འདྲེས་པར་མྱོང་ཞིང་ཁེངས་པས་རི་བོ་གཞན་ཟིལ་གྱིས་གནོན་པས་ཆེ་བར་རློམ་པ་དེ་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་ང་རྒྱལ་མ་སྤངས་ལ་མ་གྲུབ་པས་སྟོང་ཞིང་བརྟགས་པའི་བདག་མེད་པ་ནི་སྤྱིའི་མཚན་ཉིད་དེ། དེ་ལྟར་མཚན་ཉིད་གཉིས་པོ་དེ་ཉིད་མཐའ་དང་བྲལ་ཏེ་མ་འདྲེས་ཡོངས་རྫོགས་ངོ་བོ་གཉིས་མེད་དུ་མཉམ་པར་གྱུར་ན་ཡེ་ནས་མ་བཅོས་པར་ཆོས་ཉིད་དེ་བཞིན་ཉིད་མི་བསླུ་བས་དེ་ཁོ་ན་ཉིད་དེ་ང་རྒྱལ་ཉིད་མཉམ་ཉིད་ཡེ་ཤེས་སུ་རྒྱས་སོ། །ཉོན་མོངས་པ་འདོད་ཆགས་ཀྱི་རང་མཚན་གཞན་དང་མ་འདྲེས་པར་འདོད་པའི་ཡུལ་ལ་ཀུན་ཏུ་ཞེན་ཏེ་མི་གཏོང་བ་དེ་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་འདོད་ཆགས་མ་སྤངས་ལ་མ་གྲུབ་པས་སྟོང་ཞིང་བརྟགས་པའི་བདག་མེད་པ་ནི་སྤྱིའི་མཚན་ཉིད་དེ། དེ་ལྟར་མཚན་ཉིད་གཉིས་ཉིད་མཐའ་དང་བྲལ་ཏེ་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་གྱུར་ཏེ་ཀུན་མཁྱེན་པ་ན་ཡེ་ནས་མ་བཅོས་པར་ཆོས་ཉིད་དེ་བཞིན་ཉིད་དེ་ཁོ་ན་ཉིད་དེ་འདོད་ཆགས་ཉིད་ཀུན་རྟོག་ཡེ་ཤེས་སུ་འབར་རོ། །ཕྲག་དོག་གི་རང་མཚན་གཞན་དང་མ་འདྲེས་པར་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པར་ཀུན་ནས་འཁྲུག་སྟེ་མི་ཤོང་བ་དེ་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་ཕྲག་དོག་མ་སྤངས་ལ་མ་གྲུབ་པས་སྟོང་ཞིང་བརྟགས་པའི་བདག་མེད་པ་ནི་སྤྱི་མཚན་ཏེ། གཉིས་པོ་དེ་ཉིད་མཐའ་དང་བྲལ་ཏེ་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་བྱ་རྩོལ་བྲལ་བར་ལྷུན་གྱིས་གྲུབ་ན་ཡེ་ནས་མ་བཅོས་པར་ཆོས་ཉིད་དེ་བཞིན་ཉིད་དེ་ཁོ་ན་ཉིད་དེ་ཕྲག་དོག་ཉིད་བྱ་གྲུབ་ཡེ་ཤེས་སུ་ཤར་རོ། །གཉིས་པ་ནི། གཟུགས་ནི། ཞེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་དྲུག་གིས་བསྟན་ཏེ། གཟུགས་ཀྱི་ཕུང་པོའི་རང་མཚན་ནི་གཞན་དང་མ་འདྲེས་པར་རྐྱེན་གྱིས་འཇིག་ཅིང་གཞོམ་དུ་རུང་བ་དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་གཉིས་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་སྣང་ན། ཡེ་ནས་མ་བཅོས་པར་རང་སྣང་དེ་བཞིན་ཉིད་དེ་ཁོ་ན་ཉིད་དེ་གཟུགས་ཕུང་ཉིད་རྣམ་པར་སྣང་མཛད་དུ་ཕྱི་ནང་མེད་པ་སྣང་ངོ་། །དེ་བཞིན་དུ་ཚོར་བའི་ཕུང་པོའི་རང་མཚན་སྣང་བ་གཞན་དང་འདྲེས་པར་གཉིས་མེད་ཀྱི་རྣམ་པར་ཉམས་སུ་མྱོང་བ་ཉིད་དེ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་གཉིས་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་མཉམ་ན། ཡེ་ནས་མ་བཅོས་པར་རང་སྣང་དེ་བཞིན་ཉིད་དེ་ཁོ་ན་ཉིད་དེ་ཚོར་ཕུང་ཉིད་ཕྱོགས་རིས་མེད་པར་རིན་ཆེན་འབྱུང་ལྡན་དུ་གདལ་ལོ། །འདུ་ཤེས་ཀྱི་རང་མཚན་གཞན་དང་མ་འདྲེས་པར་མཚན་མར་འཛིན་པ་དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་གཉིས་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་གསལ་ན། ཡེ་ནས་མ་བཅོས་པར་རང་སྣང་དེ་བཞིན་ཉིད་དེ་ཁོ་ན་ཉིད་དེ་འདུ་ཤེས་ཀྱི་ཕུང་པོ་ཉིད་གཟུང་འཛིན་མེད་པར་སྣང་བ་མཐའ་ཡས་སུ་ཤར་རོ། །འདུ་བྱེད་ཀྱི་ཕུང་པོའི་རང་མཚན་གཞན་དང་མ་འདྲེས་པར་སེམས་པས་ཡུལ་མངོན་དུ་འདུ་བར་བྱེད་དེ་རང་དབང་མེད་པར་རྗེས་སུ་འབྲང་བ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་གཉིས་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་གྲོལ་ན། ཡེ་ནས་མ་བཅོས་པར་རང་སྣང་དེ་བཞིན་ཉིད་དེ་ཁོ་ན་ཉིད་དེ་འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་འགྲོ་འོང་མེད་པར་དག་གོ། །རྣམ་ཤེས་རིག་པའི་རང་མཚན་གཞན་དང་མ་འདྲེས་པར་ཡུལ་དུས་རྣམ་པ་ཐ་དད་དུ་ཤེས་པ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་གཉིས་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་རིག་ན། ཡེ་ནས་མ་བཅོས་པར་རང་སྣང་དེ་བཞིན་ཉིད་དེ་ཁོ་ན་ཉིད་དེ་རྣམ་ཤེས་ཀྱི་ཕུང་པོ་ཉིད་མཐའ་དབུས་མེད་པར་རྡོ་རྗེ་མི་བསྐྱོད་པར་གསལ་ལོ། །ཚོར་བའི་བྱེ་བྲག་སྡུག་བསྔལ་གྱི་རང་མཚན་གཞན་དང་མ་འདྲེས་པར་སྒོ་གསུམ་ཀུན་ནས་གདུང་བ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་གཉིས་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་མཉམ་ན། ཡེ་ནས་མ་བཅོས་པར་རང་སྣང་དེ་བཞིན་ཉིད་དེ་ཁོ་ན་ཉིད་དུ་བརྡལ་བའོ། །གསུམ་པ་ནི། ཁམས་ནི། ཞེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། ཁམས་བཅོ་བརྒྱད་ཀྱི་རང་གི་མཚན་ཉིད་ནི་གཞན་དང་མ་འདྲེས་པར་བྱེད་པ་མེད་པར་རང་གི་རིགས་འཛིན་པའམ་སྐྱེད་པར་བྱེད་པའི་ནུས་པ་ཅན་ས་བོན་ཉིད་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་ཆུབ་ན། ཡེ་ནས་མ་བཅོས་པར་ཆོས་དབྱིངས་དེ་བཞིན་ཉིད་དེ་ཁོ་ན་ཉིད་མུ་མཐའ་མེད་པར་ཁྱབ་པའོ། །བཞི་པ་ནི། སྐྱེ་མཆེད། ཅེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། སྐྱེ་མཆེད་བཅུ་གཉིས་ཀྱི་རང་མཚན་གཞན་དང་མ་འདྲེས་པར་ཤེས་པ་ཡུལ་ལ་སྐྱེ་ཞིང་མཆེད་པའི་སྒོ་ཉིད་དེ། དེ་ཉིད་རང་རིག་པ་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་གནས་ན། ཡེ་ནས་མ་བཅོས་པར་རང་གསལ་དེ་བཞིན་ཉིད་དེ་ཁོ་ན་ཉིད་ཀྱི་བདག་ཉིད་དོ། །ལྔ་པ་ནི། རྒྱུ་རྐྱེན། ཞེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། དང་པོ་བརྒྱད་པ་དགུ་པ་གསུམ་རྒྱུ་དང་། གཉིས་དང་བཅུ་པ་རྐྱེན་ཏེ། ལྷག་མ་བདུན་འབྲས་བུའི་ཚུལ་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་མཚན་ཀུན་ནས་མ་འདྲེས་པར་འདུ་ཞིང་འཕྲད་པས་རྟེན་ཅིང་འབྱུང་བ་ཉིད་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་འདུས་མ་བྱས་པའི་ངང་ཀློང་དུ་གྲོལ་ན། ཡེ་ནས་མ་བཅོས་པར་གནས་ལུགས་དེ་བཞིན་ཉིད་བསླུ་མེད་དེ་ཁོ་ན་ཉིད་དེ་འགྱུར་བ་མེད་པའོ། །ཇི་སྐད་བཤད་པའི་ཆོས་དེ་དག་གི་འཁོར་བ་ཉིད་མྱ་ངན་ལས་འདས་པར་གནས་ཀྱི། དེ་དག་སྤངས་པའི་ཕ་རོལ་ན་མྱ་ངན་ལས་འདས་པ་མེད་པར་སྟོན་ནོ། །གཉིས་པ་ལ་གཉིས་ཏེ། ལམ་དང་། འབྲས་བུའོ། །དང་པོ་ལ་བཞི་སྟེ། ཕ་རོལ་ཕྱིན་དྲུག་མ་འདྲེས་ཡོངས་རྫོགས། ཚད་མེད་སྙོམས་འཇུག་མ་འདྲེས་ཡོངས་རྫོགས། རྣམ་ཐར་གྱི་སྒོ་མ་འདྲེས་ཡོངས་རྫོགས། རྣམ་ཐར་བརྒྱད་མ་འདྲེས་ཡོངས་རྫོགས་སོ། །དང་པོ་ནི། མ་ཆགས། ཞེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་དྲུག་གིས་བསྟན་ཏེ། ཟས་ནོར་སོགས་ལ་མ་ཆགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་མཚན་གཞན་དང་མ་འདྲེས་པར་ཀུན་ནས་གཏོང་བ་ཉིད་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་རྟོགས་ན། ཡེ་མ་བཅོས་པར་དེ་བཞིན་ཉིད་དུ་མཐར་ཕྱིན་པའི་ལམ་གྱི་དེ་ཁོ་ན་ཉིད་དོ། །སྒོ་གསུམ་དག་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་མཚན་གཞན་དང་མ་འདྲེས་པར་འཆལ་བའམ་ཉོན་མོངས་པའི་གདུང་བ་མེད་པ་ཉིད་དེ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་རྟོགས་ན། ཡེ་མ་བཅོས་པར་དེ་བཞིན་ཉིད་དུ་མཐར་ཕྱིན་པའི་ལམ་གྱི་དེ་ཁོ་ན་ཉིད་དོ། །མི་མཐུན་པས་མི་གཡོ་བ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རང་མཚན་གཞན་དང་མ་འདྲེས་པར་སེམས་མི་འཁྲུག་པ་ཉིད་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་རྟོགས་ན། ཡེ་མ་བཅོས་པར་དེ་བཞིན་ཉིད་དུ་མཐར་ཕྱིན་པའི་ལམ་གྱི་དེ་ཁོ་ན་ཉིད་དོ། །དོན་དང་ལྡན་པའི་ཡོན་ཏན་སྒྲུབ་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་མཚན་གཞན་དང་མ་འདྲེས་པར་བར་ཆད་ཀྱིས་ཐུབ་པ་མེད་པའམ་དོན་དུ་འགྱུར་བའི་ལས་ལ་ངལ་ཞིང་དུབ་པ་མེད་པ་ཉིད་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་རྟོགས་ན། ཡེ་མ་བཅོས་པར་དེ་བཞིན་ཉིད་དུ་མཐར་ཕྱིན་པའི་ལམ་གྱི་དེ་ཁོ་ན་ཉིད་དོ། །བསམ་བྱ་དེ་ཁོ་ན་ཉིད་ཀྱི་དོན་ལ་བརྟན་པ་ཐོབ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རང་མཚན་གཞན་དང་མ་འདྲེས་པར་སེམས་ཡུལ་ལ་མི་འཕྲོ་བར་སྡུད་པ་ཉིད་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་རྟོགས་ན། ཡེ་མ་བཅོས་པར་དེ་བཞིན་ཉིད་དུ་མཐར་ཕྱིན་པའི་ལམ་གྱི་དེ་ཁོ་ན་ཉིད་དོ། །ཟབ་པ་དང་རྒྱ་ཆེ་བའི་ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་ཅིང་ལྷག་པར་གཅོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་མཚན་གཞན་དང་མ་འདྲེས་པར་ཆགས་པ་དང་ཐོགས་པ་མེད་པ་ཉིད་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་རྟོགས་ན། ཡེ་ནས་མ་བཅོས་པར་དེ་བཞིན་ཉིད་ཀྱི་ངང་དུ་མཐར་ཕྱིན་པའི་ལམ་གྱི་དེ་ཁོ་ན་ཉིད་དོ། །གཉིས་པ་ནི། བསམ་པ། ཞེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། གཟུགས་ཀྱི་ས་པ་བསམ་གཏན་རྣམ་པ་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་འཇུག་བཞི་སྟེ་བཅུ་གཉིས་ཀྱི་རང་མཚན་གཞན་དང་མ་འདྲེས་པར་དེ་དག་གཡོ་བ་མེད་པས་མི་འཁྲུག་པ་ཉིད་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་པ་དང་བདག་མེད་པ་ཉིད་དེ། དེ་ཉིད་མ་འདྲེས་ཡོངས་རྫོགས་ཀྱི་ཆོས་ཉིད་ངོ་བོ་དབྱེར་མེད་མཉམ་པ་ཉིད་དུ་གྱུར་པ་དེ་ངེས་པར་མཐོང་ན་ཡེ་ནས་མ་བཅོས་པར་དེ་བཞིན་ཉིད་ཀྱི་ངང་དེ་ཁོ་ན་ཉིད་ཀྱི་རང་བཞིན་དམ་པའོ། །གསུམ་པ་ལ་གཉིས་ཏེ། སྤྱིར་བསྟན་པ། སྒོ་གསུམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཀུན་ཀྱང་། ཞེས་པ་ནས། ཉིད་ཁོ་ན། ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། སྤྱིར་རྣམ་པར་ཐར་པའི་སྒོ་བཞི་པོ་ཀུན་ཀྱང་རང་མཚན་གཞན་དང་མ་འདྲེས་པར་འཁོར་འདས་དང་མཚན་ཉིད་ཀྱི་མཐའ་ཀུན་ལས་ངེས་པར་འབྱུང་བ་ཉིད་ལ། དེ་ཉིད་ཇི་བཞིན་པའི་བྱང་ཆུབ་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ལྟར་མཚན་ཉིད་གཉིས་པོ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་ཡེ་རྫོགས་ཀྱི་བདག་ཉིད་ཆེན་པོར་རྟོགས་ན། ཡེ་མ་བཅོས་པར་ཆོས་ཉིད་དེ་བཞིན་ཉིད་རང་བྱུང་གི་ཡེ་ཤེས་དེ་ཁོ་ན་ཉིད་དོ། །འདི་ཉིད་འགྲེལ་ཆེན་ལས་ཁམས་གཉིས་ཀྱི་ཉོན་མོངས་པ་ཀུན་ལས་འབྱུང་བའི་དོན་དུ་བཤད་ཅིང་། ཕྱག་མཆན་ལ་ལར་དོན་དང་ཚིག་དང་སྔགས་དང་ཡི་གེའི་སྒོ་བཞི་ཀུན་ཏུ་འབྱུང་བ་ལའང་གསུངས་སོ། །གཉིས་པ་ནི། སྟོང་ཉིད། ཅེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་ཡི་རང་མཚན་གཞན་དང་མ་འདྲེས་པར་ངོ་བོས་དབེན་པ་ཉིད་ཡིན་ཞིང་། མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོའི་རང་མཚན་གཞན་དང་མ་འདྲེས་པར་དམིགས་མཚན་ཞི་བ་ཉིད་ཡིན་ལ། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོའི་རང་མཚན་གཞན་དང་མ་འདྲེས་པར་སྡུག་བསྔལ་བྲལ་བའམ་སེལ་བའི་རང་རང་གི་རྣམ་ཆ་ཅན་ཉིད། རྩ་བ་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་དེ་དང་དེའི་མཐའི་རྣམ་པས་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་དག་ཉིད་ཀྱང་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་ཀུན་གྲོལ་ཆེན་པོར་གསལ་བར་རྟོགས་ན། ཡེ་ནས་མ་བཅོས་པར་གཉུག་མ་དོན་གྱི་དེ་བཞིན་ཉིད་སེམས་ཀྱི་རང་བཞིན་དེ་ཁོ་ན་ཉིད་དོ། །བཞི་པ་ནི། རྣམ་ཐར། ཞེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། རྣམ་པར་ཐར་པ་བརྒྱད་ཀྱི་རང་གི་མཚན་ཉིད་མ་འདྲེས་པར་རང་སའི་སྒྲིབ་པ་ལས་གྲོལ་ཏེ་ས་ལམ་གོང་ནས་གོང་དུ་འཕགས་པས་རྣམ་པར་འགྲེལ་པ་ཉིད་ཡིན་ལ། དེ་རྣམས་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་ཇི་བཞིན་པར་རྟོགས་ན་ཡེ་ནས་མ་བཅོས་པར་ཆོས་དབྱིངས་དེ་བཞིན་ཉིད་དེ་ཁོ་ན་ཉིད་དུ་གྲོལ་བའོ། །གཉིས་པ་ལ་བཅུ་སྟེ། སྟོབས་བཅུ་མ་འདྲེས་ཡོངས་རྫོགས། མི་འཇིགས་པ་མ་འདྲེས་ཡོངས་རྫོགས། འབྲས་བུའི་ཚད་མེད་བཞི་མ་འདྲེས་ཡོངས་རྫོགས། གཟུངས་ཀྱི་སྒོ་མ་འདྲེས་ཡོངས་རྫོགས། ཏིང་ངེ་འཛིན་གྱི་སྒོ་མ་འདྲེས་ཡོངས་རྫོགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མ་འདྲེས་ཡོངས་རྫོགས། མངོན་ཤེས་དྲུག་མ་འདྲེས་ཡོངས་རྫོགས། ཡེ་ཤེས་མ་འདྲེས་ཡོངས་རྫོགས། དབྱིངས་མ་འདྲེས་ཡོངས་རྫོགས། སྐུ་གསུམ་མ་འདྲེས་ཡོངས་རྫོགས་སོ། །དང་པོ་ནི། སྟོབས་ནི། ཞེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། རྒྱལ་བ་རྣམས་ཀྱི་སྟོབས་བཅུ་པོ་རྣམས་ཀྱི་རང་མཚན་ནི་ཀུན་ནས་མ་འདྲེས་པར་གདོན་མི་ཟ་བར་ཟིལ་གྱིས་གནོན་པ་ཉིད་དེ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་ལ། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་མཁྱེན་པ་མཐར་ཕྱིན་པས་ན། ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་གདལ་ཁྱབ་ཆེན་པོའི་དེ་ཁོ་ན་ཉིད་མངོན་དུ་གྱུར་པའོ། །གཉིས་པ་ནི། མི་འཇིགས། ཞེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། མི་འཇིགས་པ་བཞིའི་རང་མཚན་ཀུན་ནས་མ་འདྲེས་པར་ཡེ་ཤེས་ཤིན་ཏུ་བརྟན་པ་ཉིད་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་པས། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་གཟིགས་པ་དག་ཅིང་དོན་གཉིས་མཐར་ཕྱིན་པས་ན། ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་དེ་ཁོ་ན་ཉིད་མངོན་དུ་གྱུར་པའོ། །གསུམ་པ་ནི། སྙིང་རྗེ། ཞེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་བཞིས་བསྟན་ཏེ། སྙིང་རྗེ་ཆེན་པོའི་རང་མཚན་ཀུན་ནས་མ་འདྲེས་པར་འགྲོ་བ་ཀུན་སྡུག་བསྔལ་ལས་སྐྱོབ་པ་ཉིད་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་མཁྱེན་པ་མཐར་ཕྱིན་པས་ན། ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་དག་པ་གཉིས་ལྡན་གྱི་དེ་ཁོོ་ན་ཉིད་དོ། །བྱམས་པ་ཆེན་པོའི་རང་མཚན་ཀུན་ནས་མ་འདྲེས་པར་གཞན་ལ་དངོས་སུ་ཕན་འདོགས་པ་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་མཁྱེན་པ་མཐར་ཕྱིན་པས་ན། ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་དག་པ་གཉིས་ལྡན་གྱི་དེ་ཁོ་ན་ཉིད་དོ། །དགའ་བ་ཆེན་པོའི་རང་མཚན་ཀུན་ནས་མ་འདྲེས་པར་སྔར་གྱི་དོན་ལ་ཕྱིས་འགྱོད་པ་མེད་པར་གསལ་བ་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་མཁྱེན་པ་མཐར་ཕྱིན་པས་ན། ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་དག་པ་གཉིས་ལྡན་གྱི་དེ་ཁོ་ན་ཉིད་དོ། །བཏང་སྙོམས་ཆེན་པོའི་རང་མཚན་ཀུན་ནས་མ་འདྲེས་པར་དོག་པ་མེད་པར་ཡངས་པས་མཉམ་པ་ཉིད་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་གཉིས་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་མཁྱེན་པ་མཐར་ཕྱིན་པས་ན། ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་དག་པ་གཉིས་ལྡན་གྱི་དེ་ཁོ་ན་ཉིད་དོ། །བཞི་པ་ནི། གཟུངས་ནི། ཞེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། གཟུང ས་ཀྱི་སྒོ་ལྔ་བརྒྱ་རྣམས་ཀྱི་རང་མཚན་ནི་ཀུན་ནས་མ་འདྲེས་པར་དོན་དང་འབྲེལ་བ་ཉིད་ཡིན་ལ། དེ་རྣམས་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་པས་དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་མཁྱེན་པ་མཐར་ཕྱིན་ཏེ་བསྙེལ་བ་མི་མངའ་བས་ན། ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་ངེས་པ་དོན་གྱི་དེ་ཁོ་ན་ཉིད་དོ། །ལྔ་པ་ནི། ཏིང་འཛིན། ཞེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་རྣམས་ཀྱི་རང་མཚན་ཀུན་ནས་མ་འདྲེས་པར་དོན་ལས་གཞན་དུ་མི་གཡེང་བས་ཡུལ་གྱིས་མི་འཕྲོག་པ་ཡིན་ལ། དེ་རྣམས་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་པས། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་མཁྱེན་ཏེ་ངང་ལས་མི་གཡོ་བས་ན། ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་དགོངས་པ་ཚད་དུ་ཕྱིན་པའི་དེ་ཁོ་ན་ཉིད་དོ། །དྲུག་པ་ནི། མ་འདྲེས། ཞེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་རང་མཚན་ཉིད་གང་དང་ཡང་མ་འདྲེས་པར་གཞན་གྱིས་མི་འཕྲོག་པ་ཁྱད་པར་དང་ལྡན་པ་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་པས། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་མངའ་དབང་ཐོབ་པས་ན། ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་དགོངས་པའི་མཁྱེན་སྤྱོད་མཐར་ཕྱིན་པའི་དེ་ཁོ་ན་ཉིད་དོ། །བདུན་པ་ནི། ཀུན་གྲོལ། ཞེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། སྒྲིབ་པ་ཀུན་ནས་གྲོལ་བས་མངོན་པར་ཤེས་པ་ཆེན་པོ་དྲུག་གི་རང་མཚན་རྣམ་ཀུན་མ་འདྲེས་པར་མངོན་སུམ་དུ་གསལ་བ་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་པས། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་གསལ་བས་ན། ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་གསལ་ཞིང་དག་པའི་དེ་ཁོ་ན་ཉིད་དོ། །མངོན་པར་ཤེས་པ་རྣམས་ཀྱི་ཡུལ་ཆོས་ཅན་ཇི་སྙེད་པ་ཐམས་ཅད་ཀྱི་རང་མཚན་ཀུན་ནས་མ་འདྲེས་པར་རྣམ་པ་སྣ་ཚོགས་པ་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་པས། དེ་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་གསལ་འགྲིབ་མེད་པར་མཁྱེན་པ་མཐར་ཕྱིན་པས་ན། ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་རང་སྣང་བའི་དེ་ཁོ་ན་ཉིད་དོ། །འདི་གཉིས་མདོ་སྒྱུ་ལ་གྲགས་པ་ལྟར་ཀ་དག་ཆེན་པོ་དང་ལྷུན་གྲུབ་ཆེན་པོ་ལ་བཞེད་པའང་ཡོད་པར་མངོན་ནོ། །བརྒྱད་པ་ནི། ཡེ་ཤེས། ཞེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་མཚན་ཀུན་ནས་མ་འདྲེས་པར་ཇི་ལྟར་ཇི་སྙེད་ཀྱི་རྣམ་པ་ཀུན་སྐད་ཅིག་གིས་མཁྱེན་ལ་ངོ་བོ་ལ་སྐད་ཅིག་གི་སྐྱེ་འགག་མེད་པ་ཉིད་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་པས། དེ་ལྟར་རང་སྤྱི་གཉིས་པོ་ཉིད་མ་འདྲེས་ཡོངས་རྫོགས་རང་བཞིན་གཉིས་སུ་མེད་པར་མཁྱེན་པ་སྒྲིབ་མེད་དུ་གསལ་བས་ན། ཡེ་ནས་མ་བཅོས་པའི་ཆོས་ཉིད་དེ་བཞིན་ཉིད་རང་གསལ་རིག་པའི་དེ་ཁོ་ན་ཉིད་མཐར་ཕྱིན་པའོ། །སྔ་མའི་ཚིགས་བཅད་ཕྱི་མ་དང་འདི་གཉིས་ཆོས་ཅན་དེའི་ཆོས་ཉིད་གཟིགས་པས་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་ལ་སྦྱར་བའང་བཞུགས་སོ། །དགུ་པ་ནི། དབྱིངས་ཉིད། ཅེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། ཆོས་ཀྱི་དབྱིངས་ཉིད་ཀྱི་རང་མཚན་དངོས་པོ་མེད་ལ་ཇི་ལྟར་བལྟས་པ་ལྟར་མི་ཟད་པར་འབྱུང་བ་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་ཡིན་པས། དེ་ལྟར་མཚན་ཉིད་གཉིས་པོ་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་ཀློང་ཆེན་པོ་གཅིག་གི་དབྱིངས་སུ་མཉམ་པར་གྱུར་པས་ན། ཡེ་ནས་མ་བཅོས་པའི་ཆོས་ཉིད་དབྱིངས་ཀྱི་དེ་བཞིན་ཉིད་མི་བསླུ་བའི་དེ་ཁོ་ན་ཉིད་མངོན་དུ་གྱུར་པའོ། །བཅུ་པ་ནི། སྤྲུལ་པ། ཞེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གསུམ་གྱིས་བསྟན་ཏེ། འབྲས་བུ་མཐར་ཐུག་སྤྲུལ་པ་ཡི་སྐུའི་རང་མཚན་ཀུན་ནས་མ་འདྲེས་པར་དངོས་པོ་མེད་པར་འགྲོ་བའི་དོན་དུ་གང་འདུལ་ལྟར་འབྱུང་ཞིང་རྒྱུན་མི་འཆད་པ་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ལྟར་རང་སྤྱི་གཉིས་ཉིད་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་པའི་ཐུགས་རྗེ་ཆེན་པོར་གསལ་བས་ན། ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་རང་རིག་པ་དེ་ཁོ་ན་ཉིད་ཀྱི་རོལ་པ་འགག་པ་མེད་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་རང་མཚན་ཀུན་ནས་མ་འདྲེས་པར་ཞིང་དང་ལོངས་སྤྱོད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཉིད་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ལྟར་རང་སྤྱིའི་མཚན་ཉིད་གཉིས་པོ་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་དུ་མཐའ་བྲལ་གསལ་དག་ཏུ་རྫོགས་པས་ན། ཡེ་ནས་མ་བཅོས་པའི་རང་སྣང་དེ་བཞིན་ཉིད་རང་རིག་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་མཐར་ཕྱིན་པའོ། ། རྣམ་གྲོལ་ཆོས་ཀྱི་སྐུ་ཡི་རང་མཚན་ཀུན་ནས་མ་འདྲེས་པར་སྤྲོས་པ་ཐམས་ཅད་དང་བྲལ་ཏེ་དབྱིངས་དང་ཡེ་ཤེས་སུ་འཛིན་པ་ཙམ་ཡང་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་ཉིད་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་སྟོང་ཞིང་བདག་མེད་པ་ཉིད་དེ། དེ་ལྟར་མཚན་ཉིད་གཉིས་པོ་མཐའ་དང་བྲལ་ཏེ་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་ཐིག་ལེ་ཉག་གཅིག་ཏུ་གསལ་བས་ན། ཡེ་ནས་མ་བཅོས་པའི་དྲི་མེད་དག་པའི་དེ་བཞིན་ཉིད་རང་བྱུང་རིག་པའི་དེེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་པའོ། །གསུམ་པ་ནི། ཐམས་ཅད། ཅེས་པ་ནས། ཉིད་ཁོ་ན། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། མདོར་ན་ལམ་དང་རྒྱལ་བའི་ཡོན་ཏན་ཐམས་ཅད་དང་། འགྲོ་བ་རིགས་དྲུག་གིས་བསྡུས་པའི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རང་མཚན་གཞན་དང་མ་འདྲེས་པར་སོ་སོར་བྱ་བ་བྱེད་པས་ཐ་དད་པ་ཉིད་ཡིན་ལ། དེ་དག་ཀུན་ཀྱང་ཡེ་ནས་དཀྱིལ་འཁོར་གསུམ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པས་སྤྱི་མཚན་འཁོར་འདས་མ་སྤངས་ལ་མ་གྲུབ་པས་སྟོང་ཞིང་བརྟགས་པའི་བདག་མེད་པ་ཉིད་དུ་གནས་ཏེ། དེ་ལྟར་རང་དང་སྤྱིའི་མཚན་ཉིད་གཉིས་པོ་མ་འདྲེས་ཡོངས་རྫོགས་ངོ་བོ་དབྱེར་མེད་ཆེན་པོར་ལྷུན་གྱིས་གྲུབ་པར་གྱུར་པ་ན། ཡེ་ནས་མ་བཅོས་པར་ཆོས་ཉིད་གདོད་མའི་གཤིས་ལུགས་གཉུག་མ་དོན་གྱི་དེ་བཞིན་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཡེ་ཇི་བཞིན་པའི་གསང་བ་དམ་པའོ། །གཉིས་པ་ནི། ཆོས་ཀུན། ཞེས་པ་ནས། ཐ་དད་མིན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཆོས་ཀུན་གྱི་དོན་བརྗོད་པའི་ཆོ་འཕྲུལ་གྱི་ཐབས་ལས། སྐབས་འདིར་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་མ་བཅོས་པར་ཆོས་ཉིད་དེ་བཞིན་ཉིད་དུ་རང་སྣང་ཞིང་རང་རིག་དེ་ཁོ་ན་ཉིད་དུ་གསལ་བ་ནི། མ་འདྲེས་ཡོངས་རྫོགས་གཉིས་སུ་མེད་པའི་ཐབས་བྱུང་དོན་གྱི་གནས་ལུགས་སོ། །འོ་ན་གཉིས་སུ་མེད་པར་འདོད་དམ་ཞེ་ན། མཐའ་གཉིས་ལས་གྲོལ་བའི་དོན་ལ་དབུ་མར་ཡང་མི་དམིགས་པས་མུ་བཞི་མཐའ་དྲུག་གི་སྤྲོས་པ་ཀུན་དང་བྲལ་བའི་འོད་གསལ་བསམ་གྱིས་མི་ཁྱབ་པ་སྙིང་པོ་དོན་གྱི་གསང་བ་མཐར་ཐུག་པ་ཉིད་དེ། རྒྱལ་བ་རྫོགས་པའི་སངས་རྒྱས་དང་། རྒྱལ་ཚབ་སྐྱེས་བུ་དམ་པའི་ཡུལ་དུ་གྱུར་པ་དབང་པོ་ཡང་རབ་མཆོག་དང་ལྡན་པ་དག་གིས་སྤྱོད་ཡུལ་ཁོ་ན་ཡིན་ཏེ། སློབ་དཔོན་ཆེན་པོ་རྡོ་རྗེ་བཞད་པས། རྣལ་འབྱོར་རིག་པའི་ཉི་མ་ལས། འོ་ན་བྱང་ཆུབ་ཀྱི་སེམས་སྣང་བ་འབའ་ཞིག་ཏུ་ལྟའོ་ཞེ་ན། དེ་ནི་རྟོག་གེ་བ་རྣམས་ཚིག་གང་ལྟར་བརྗོད་པ་ལྟར་བློ་སྐྱེ་བ་སྟེ་མཐའ་དང་བྲལ་ཞེས་བརྗོད་ན་ཡང་མཐའ་དང་བྲལ་བ་ཞིག་ཏུ་བློ་ལ་སྐྱེ་བར་བྱེད་དེ་མཐའ་མ་སྤངས་པ་མ་མཐོང་། ཐམས་ཅད་མཁྱེན་པ་ཞེས་བརྗོད་ན་ཡང་སྣང་བ་གསལ་གསལ་པོ་ཞིག་ཏུ་ལྟ་བར་བྱེད་དེ། དེའི་ངོ་བོ་དམིགས་སུ་མེད་པ་མཐོང་། མ་འདྲེས་ལ་ཡོངས་སུ་རྫོགས་པ་ཞེས་བརྗོད་ན་ཡང་། མ་འདྲེས་པས་གཅིག་བསལ། ཡོངས་སུ་རྫོགས་པས་དུ་མ་བསལ་ཏེ། གཅིག་དང་དུ་མ་དང་བྲལ་བར་ལྟ་སྟེ། དེ་ཉིད་ནི་གཅིག་དུ་མ་ཀུན་དངོས་ཉག་གཅིག་ཇི་མ་སྤངས་པ་ཡན་ལག་མེད་པར་རྩིས་ལས་འདས་པས་སྨྲ་བསམ་ལས་འདས་པ་མ་མཐོང་ངོ་། །ཞེས་དང་། སྐྱེས་བུ་ཡང་རབ་རྣམས་ནི་གང་བརྗོད་པ་ཐམས་ཅད་དེ་དང་མི་མཐུན་པ་དགྲོལ་བའི་དགོས་ཆེད་རེ་ཡི་ཕྱིར་བརྗོད་པས། ཕྱོགས་རེའི་དོན་མཚོན་པར་ཆུད་པས། དེ་དག་ལྟར་ཕྱོགས་ལ་བློ་མི་གཏོད་དེ། དེ་བས་ན་ལྟ་བ་ལ་གཟའ་གཏད་མེད་དེ། གང་གཟའ་བ་ནི་རྩོལ་བ་བྱེད་པའོ། །གཏད་པ་ནི་དམིགས་པ་སྟེ་འདི་ལ་རྒྱུ་འབྲས་གཉིས་སུ་མེད་པའི་ཕྱིར་ཐོབ་པར་རྩོལ་བ་དང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཕྱིར་དམིགས་གཏད་དང་བྲལ་བའོ། །འོན་ཀྱང་གཟའ་གཏད་དམིགས་པའི་ལྟ་བ་གྲོལ་བར་བྱ་བའི་ཕྱིར་བརྗོད་ཀྱི། ངེས་པར་གཟའ་གཏད་དང་བྲལ་བར་འདོད་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟའ་གཏད་དང་བྲལ་བར་འདོད་པ་ཉིད་གཟའ་གཏད་ཡིན་པའི་ཕྱིར་རོ། །ཞེས་འབྱུང་བས། འདིའི་དོན་མཐར་ཐུག་པ་ཨ་ནུའི་ཨ་ཏིའི་དགོངས་པར་ཤེས་དགོས་ཏེ། དེ་ལྟར་ན་ཨ་ཏིའི་ཨ་ནུ་དང་གནད་གཅིག་པས། གསང་བདག་དགའ་རབ་དཔའ་བོས། ལྟ་བའི་ཀློང་ལས། བྱང་སེམས་ཀུན་མཁྱེན་ཡེ་ཤེས་དེས། །ཀུན་མཁྱེན་ཡུལ་མེད་རང་གསལ་བ། །དགོས་པ་ཅིར་བརྟགས་དེར་མི་རྟོག །མ་འདྲེས་ཡོངས་རྫོགས་རང་གྲོལ་བའོ། །ཞེས་གསུངས་པ་ལྟར་འོད་གསལ་རྫོགས་པ་ཆེན་པོར་ལ་བཟླ་བར་བྱའོ། །དེ་བས་ན་ཐེག་པའི་རྒྱལ་པོ་གསང་སྔགས་རྡོ་རྗེའི་ཐེག་པ་ལུང་ཆེན་པོ་འདི་ཡི་ལུགས་ཀྱིས། ཆོས་ཐམས་ཅད་ཡེ་ནས་དེ་བཞིན་གཤེགས་པ་ཉིད་དུ་མ་འདྲེས་ཡོངས་རྫོགས་སུ་མཐའ་དང་བྲལ་ཏེ་རང་གསལ་བར་བསྟན་ནོ། །དེའི་གཏན་ཚིགས་དེ་ཅི་ཡི་ཕྱིར་ཞེ་ན། རྡོ་རྗེ་ལྟར་མི་ཕྱེད་པས་གསང་སྔགས་དོན་གྱི་གནས་ལུགས་དང་། སེམས་ཅན་རྣམས་ཀྱི་སེམས་ཉིད་དང་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་དངོས་པོ་ལ་ཐ་དད་མིན་པར་དབྱེར་མེད་ཐིག་ལེ་ཉག་གཅིག་ཏུ་ངེས་པའི་ཕྱིར་རོ། །གསུམ་པ་ནི། གསང་སྔགས། ཞེས་པ་ནས། གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེས་ན་གསང་སྔགས་རྡོ་རྗེ་ཐེག་པའི་གསང་ལུང་ཆེན་པོ་འདིའི་དོན་ལ་སྤྱོད་པའི་རྣལ་འབྱོར་པ་བློ་དང་ལྡན་པ་དག་ཀྱང་མཐོང་ལམ་ཐོབ་ནས་བཟུང་ལྟ་བ་ཇི་བཞིན་དུ་རྟོགས་ནས་སྐྱེས་བུ་དམ་པ་བྱ་བ་མེད་པའི་ཐབས་ཀྱི་ཕ་རོལ་དུ་ཕྱིན་པས་ཆེད་དུ་མ་བགྲོད་པར་ཡང་ས་མཆོག་དབྱེ་བ་མེད་པ་ཉིད་ནོན་པར་འགྱུར་ཏེ། གལ་ཏེ་རྡོ་རྗེ་གསང་བའི་དོན་རྨད་དུ་བྱུང་བ་འདི་ཉིད་ཇི་བཞིན་དུ་མ་རིག་པས་རྟོགས་པའི་རྣལ་འབྱོར་དང་མི་ལྡན་པར་ཚིག་ཙམ་ལ་སྤྱོད་པར་གྱུར་ན། མ་འདྲེས་ཡོངས་རྫོགས་ཀྱི་དེ་ཉིད་མཐོང་བའི་ཐབས་ཀྱི་རྒྱལ་པོ་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྙིང་པོ་ལྟ་བའི་ངེས་གསང་དང་བྲལ་བས་འཁྲུལ་འཁོར་གྱི་དྲྭ་བ་ལ་གནས་ཤིང་ཀུན་ནས་འཆིང་བར་འགྱུར་ཏེ། ཀུན་མཁྱེན་དམ་པ་རིན་པོ་ཆེས། །ཇི་ལྟའི་དོན་ཉིད་མི་ཤེས་པར། །ཇི་སྙེད་སྣང་བའི་རྩད་བཅད་པས། །རྣལ་འབྱོར་འཁྲུལ་པའི་ལམ་དུ་ཞུགས། །རི་དྭགས་སྨིག་རྒྱུ་སྙོགས་པ་འདྲ། །མ་འདྲེས་ཆོས་རྣམས་མི་ཤེས་པར། །ཡོངས་སུ་རྫོགས་ལ་བློ་གཏོད་པ། །རྣལ་འབྱོར་སྟོང་པའི་ལམ་དུ་ཞུགས། །རྩལ་མེད་མཁའ་ལ་མཆོང་བ་འདྲ། །ཞེས་གསུངས་པ་སོགས་ཤིན་ཏུ་མང་བས་དོན་ལ་མཁས་པར་བྱའོ། །རྒྱུ་མཚན་དེ་བས་ན་སྐལ་བ་དང་ལྡན་ཞིང་བློ་གྲོས་ཡང་རབ་ཏུ་གྱུར་བས་རྣལ་འབྱོར་ཆེན་པོ་སྐྱེས་བུ་དམ་པར་ངེས་པ་ཡིས། རྡོ་རྗེ་ཐེག་པའི་གསང་སྔགས་གསང་བའི་ཡང་བཅུད་རྒྱུད་ལུང་མན་ངག་ཀུན་གྱི་དགོངས་པའི་མཐིལ་དམ་པ་འདི་ཡི་ལུགས་ལ་ཚུལ་བཞིན་དུ་སྤྱོད་པ་དག་གིས་བཤད་པ་དང་འཆད་པའི་ཆོ་འཕྲུལ་ཆེན་པོ་བཞི་ཡི་ཆོས་ཉིད་དོན་གྱི་རང་བཞིན་ལས་ནམ་ཡང་འདའ་བར་བྱ་བ་མིན་ནོ་ཞེས་བཀའ་སྩལ་པ་ནི་ལྟ་བ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ལས་གཞན་གོལ་བར་མི་ལྟ་བའོ། །ཞེས་སྨྲས་པས། མ་འདྲེས་པ་དང་ཡོངས་སུ་རྫོགས་པའི་ཆོས་ཉིད་ཇི་བཞིན་པར་རྟོགས་པ་ནི། ཆོས་ཐམས་ཅད་དགག་སྒྲུབ་མེད་པར་ཀུན་ཏུ་བཟང་པོ་ཉག་གཅིག་ཐིག་ལེའི་ཀློང་དུ་སྤྱོད་ཡུལ་ཡོངས་སུ་དག་སྟེ་དོན་གདེང་དུ་གྱུར་པ་ཉིད་དོ། །ཞེས་སྔར་བྱིན་རླབས་འབྱུང་བའི་བསྟན་པར་ཡོངས་སུ་གྲགས་ཤིང་ད་ལྟར་ལུང་བསྟན་བརྒྱུད་པའི་བསྟན་པར་ཡང་གྲགས་པར་གྱུར་ཏོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། འགྲེལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་དག་ནི་ཀུན་བརྗོད་པའི་ཆོ་འཕྲུལ་ཏེ། དེ་དག་ཀྱང་ཆོས་རྣམས་ཀྱི་གནས་ལུགས་སོ་སོར་མ་འདྲེས་པར་ཆོས་ཉིད་དེ་ཁོ་ན་ཉིད་གཅིག་ཏུ་ཡོངས་སུ་རྫོགས་པར་འགྲེལ་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཀུན་བརྗོད་པའི་ཆོ་འཕྲུལ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅོ་བརྒྱད་པ་གསལ་བར་བཤད་པའོ།། །།བཞི་པ་རྗེས་སུ་བསྟན་པའི་ཆོ་འཕྲུལ་ལ་གཉིས་ཏེ། ཉེ་བར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། འདི་སྐད་འགྲེལ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་ངེས་དོན་སྟོན་ནོ། །ལང་ཀའི་བདག་པོ། དེ་ལ་ཆོས་ཉིད་ཀྱི་རྗེས་སུ་ཐ་སྙད་ཐམས་ཅད་གསལ་བར་བསྟན་པའི་ཆོ་འཕྲུལ་གང་ཞེ་ན། དེ་ཁོ་ན་ཉིད་མི་གཡོ་བའི་ཞི་གནས་ཀྱི་རྗེས་སུ་ཐ་སྙད་རིལ་ཡོངས་སུ་རྫོགས་པར་གསལ་བར་འགྲེལ་བའི་ཕྱིར་དེ་ཉིད་ཉེ་བར་བསྟན་པ་ནི། འདི་ལྟ་སྟེ། འཁོར་འདས་ཀྱི་ཆོས་འཆད་པར་འགྱུར་བའི་ཐ་སྙད་ཇི་སྙེད་པ་ཐམས་ཅད་རང་རིག་པའི་ཆོས་ཉིད་ཇི་བཞིན་པ་ཡེ་མ་བཅོས་པའི་ངོ་བོ་ཉིད་དུ་མ་བརྩལ་བར་ཡོངས་སུ་རྫོགས་ཏེ་བྱུང་ཐེབས་པ་ལ་སེལ་མེད་པར་བསྟན་པ་འབའ་ཞིག་གོ། །དེའི་ཚུལ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། དབྱིངས་དེ་བཞིན་ཉིད་ཀྱི་ངོ་བོ་གང་དུའང་མི་གཡོ་བའི་རང་གི་སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ། གཡོ་བ་བཅུད་ཀྱི་འགྲོ་བ་དང་བརྟན་པ་རྡུལ་ལས་སྣོད་དུ་གྲུབ་པའི་དངོས་པོ་མི་འདྲ་ཞིང་ཐ་དད་པ་སྣ་ཚོགས་ཇི་སྙེད་དུ་སྣང་བ་རྣམས་ཀྱང་ངོ་བོ་མེད་པས་གཏོད་འཛིན་དང་བྲལ་བའི་རྣམ་པར་མི་རྟོག་པའི་རང་བྱུང་གི་ཡེ་ཤེས་གཡོ་བ་མེད་ལ་ཟབ་ཅིང་གཏིང་དཔགས་དཀའ་བ་དཔེར་ན་རྒྱ་མཚོ་ཆེན་པོ་ལ་གཟའ་སྐར་བཀྲ་བ་ལྟར་ངང་གི་ཐིག་ལེ་བཀྲག་པོ་ཆེ་བདག་ཉིད་ཆེན་པོ་གཅིག་ལ་རྣམ་པ་ཐམས་ཅད་རང་གསལ་དུ་རྫོགས་པ་ལས་ཐ་སྙད་གཞན་པ་ཡོངས་ཀྱིས་མེད་པར་རང་བཞིན་གྱི་གཏན་ཚིགས་ཀྱིས་འགྲུབ་པས་ཡེ་ཇི་བཞིན་པའི་ངང་ལས་རང་བཞིན་ལྷུན་གྱིས་གྲུབ་པའི་རྣམ་པ་མི་འགྱུར་བར་བསྟན་པ་ཉིད་ཀྱང་རྩ་བ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ལ་རྫོགས་ཏེ་དཀྱིལ་འཁོར་གསུམ་དབྱེར་མེད་པའི་གནས་ལུགས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ལ་ལྷུན་གྱིས་རྫོགས་པའོ། །དེས་ན་རང་བཞིན་གྱི་དཀྱིལ་འཁོར་ཡེ་ནས་གནས་པའི་གཞི་དེའི་ངང་རང་གསལ་བའི་ཉག་གཅིག་གི་རྒྱུ་ལ་ཐ་སྙད་སྣ་ཚོགས་པ་ངོ་བོ་ཉིད་དུ་དག་པས་རྒྱུད་ཐ་དད་པའི་གང་ཟག་སྐལ་བ་མེད་པས་མི་མཐོང་བས། མཉམ་པ་ཉིད་ཀྱི་ཀློང་ཆེན་པོ་དེ་ན་དམན་པ་ཉན་རང་སོགས་དང་དབུ་སེམས་ཀྱི་སེམས་དཔའ་རྣམས་དང་། སྤྱོད་པའི་རྣལ་འབྱོར་ཀྲི་ཡོག་གསུམ་གྱི་མིང་ཡང་མེད་དེ། སྤྱོད་ཡུལ་དེ་དག་ལ་གནས་པ་རྣམས་གསང་སྔགས་ཇི་བཞིན་པ་འདིའི་ཡུལ་དུ་མ་གྱུར་བའི་ཕྱིར་རོ། །དེ་བས་ན་གསང་སྔགས་ལ་སངས་རྒྱས་དང་སེམས་ཅན་ལམ་གྱི་ཐ་སྙད་སོ་སོ་བ་མེད་པར་ཡེ་ནས་ལྷུན་གྱིས་གནས་པར་མཉམ་པའི་འབྲས་བུ་བྱང་ཆུབ་ཀྱི་སྙིང་པོ་དང་རང་བཞིན་བདག་ཉིད་ཆེན་པོ་གསུམ་དབྱེར་མེད་པའི་ཀློང་ལས་སྣ་ཚོགས་སུ་སྣང་ཡང་བྱང་ཆུབ་ཀྱི་སེམས་ལས་གཡོས་པ་མེད་དེ། ཡེ་ཤེས་གསང་བ་ལས། ངང་ནི་རིག་པ་གསལ་བ་སྟེ། །རང་བཞིན་རིག་པ་ཅིར་ཡང་སྣང་། །བདག་ཉིད་སྣང་སྟོང་ཐ་དད་མེད། །བསྒྲུབ་བྱ་དག་གི་རང་བཞིན་ནི། །འཁྲུལ་པ་བྱང་ཆུབ་སེམས་སུ་ཤེས། །ཞེས་སོ། །དེ་ལྟར་གསང་སྔགས་མ་ནོར་བ་ངེས་པའི་དོན་གྱི་དགོངས་པ་དམ་པ་དེ་ཉིད་ཡུལ་དུ་མ་གྲུབ་པས་རྟོགས་པར་བྱར་ཡང་མེད་པའི་དོན་མཆོག་ཕུལ་དུ་བྱུང་བ་ཇི་བཞིན་པའི་ངང་དུ་ཅིར་ཡང་མ་རྙེད་པར་རིག་པས་ཉམས་ཀྱི་གདེང་ཆེན་པོ་རྙེད་ནས་གཞན་དོན་དུ་གསང་སྔགས་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་ཡེ་མ་བསླད་པས་ཇི་བཞིན་པ་རྒྱུ་རྐྱེན་གྱིས་མ་བྱས་པས་མ་བཅོས་པ་མི་བསླུ་ཞིང་མ་ནོར་བས་དེ་ཁོ་ན་ཉིད་རྟོགས་པར་དཀའ་ལ་གཏིང་དཔགས་དཀའ་བས་ཟབ་མོ་དམ་པ་མཐའ་དང་བྲལ་བས་ངེས་པའི་དོན་སྐུ་ལྔ་དང་ཡེ་ཤེས་ལྔ་ལ་སོགས་པ་ངོ་མཚར་ཆེ་ཞིང་ཡ་མཚན་རྨད་དུ་བྱུང་བས་གནས་དམ་པ་རྣམས་མ་འདྲེས་ཡོངས་སུ་རྫོགས་པའི་ངང་ངམ་བྱིན་རླབས་ཀྱི་ཤུགས་ཆེན་པོ་ཡིས་བྱང་ཆུབ་སྙིང་པོར་ལྷུན་གྱིས་མཉམ་པའི་ཕྱིར་སྟོན་པ་དང་འཁོར་སྣང་ལ་མི་ཕྱེད་པས་རྡོ་རྗེ་སྙིང་པོ་སྟོན་འཁོར་གཉིས་སུ་མེད་པར་ཉིད་ལ་ཉིད་ཀྱིས་བཀའ་སྩལ་ཏེ་དགོངས་པའི་དོན་ལ་འདི་སྐད་འགྲེལ་ཏེ་ཉེ་བར་གསལ་བར་སྟོན་ནོ། །ཞེས་པའི་ཚིག་གསང་བ་པས་བཀའ་སྩལ་ཏོ། །གཉིས་པ་ལ་བདུན་ཏེ། ཡེ་ཤེས་ལྔར་བསྟན་པ། ཐིག་ལེ་དྲུག་ཏུ་བསྟན་པ། ཆེ་བ་ལྔར་བསྟན་པ། བསྙེན་བསྒྲུབ་བཞིར་བསྟན་པ། གསང་བའི་རྒྱུད་དྲུག་ཏུ་བསྟན་པ། ཐེག་པ་རིམ་དགུར་བསྟན་པ། བཀའ་རྟགས་ཀྱི་ཕྱག་རྒྱ་བཞིར་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། འོག་ནས། དེ་དག་དེ་ཉིད་ངང་གྲོལ་ན། །ཞེས་པ་ནས། སྙིང་པོར་ཤར། །ཅེས་པའི་བར་གྱིས་བསྟན་ཏེ། ཐ་སྙད་ཇི་སྙེད་པར་སྣང་བའི་དངོས་པོ་དེ་དག་ཀུན་ཀྱང་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་ངང་དུ་བྱས་པ་མེད་པར་རང་གྲོལ་བས་ན། ངོ་བོ་མ་དམིགས་པ་ཉིད་དངོས་པོ་ཀུན་གྱི་དེ་ཁོ་ན་ཉིད་དུ་རྟོག་པར་མེད་པར་རང་གསལ་བའི་གསང་སྔགས་ཀྱི་ཟབ་དོན་ཇི་ལྟ་བ་དེ་ལྟར་མེ་ལོང་གི་གཟུགས་བརྙན་ལྟར་རིག་ཅིང་མཐོང་བ་དེ་ནི་སངས་རྒྱས་ཉིད་ཡིན་ཏེ། དེ་ལ་སྤྱོད་ཡུལ་ཀུན་ཀྱང་ཕྱོགས་རིས་དང་རྩོལ་བ་མེད་པར་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་སུ་མཉམ་པར་གྱུར་པས། ཀློང་དེ་ལ་སྙིང་པོ་དེ་ཁོ་ན་ཉིད་དུ་འཛིན་པའམ་ཆེད་དུ་བྱས་པའི་རྟོག་པ་ཉིད་ཀྱང་བྲལ་ཏེ་མཐའ་ཡི་དྲི་མ་མེད་ཅིང་སོ་སོར་མ་འདྲེས་པར་གསལ་ལ་གཟུང་འཛིན་རྣམ་པར་དག་སྟེ་རང་རིག་པ་བདེ་བ་ཆེན་པོ་ཉིད་ལ་རང་བཞིན་བདེ་བ་ཆེན་པོ་མ་བསྡུས་པར་རྫོགས་ཏེ་རང་བཞིན་གྱི་བྱ་བ་ཀུན་ལྷུན་གྱིས་གྲུབ་པས་རང་བྱུང་གི་རིག་པ་ཡེ་ཤེས་ལྔར་ཉི་མའི་སྙིང་པོ་ལྟར་དུས་ཕྱེད་པར་གསལ་འགྲིབ་མེད་པར་ཤར་རོ། །གཉིས་པ་ནི། སྔར་གྱི་འཕྲོ་ནས། ཨེ་མ་ངོ་མཚར། ཞེས་པ་ནས། འགྲོ་འོང་ཉིད་ནའང་འགྲོ་འོང་མེད། །ཅེས་པའི་བར་གྱིས་བསྟན་ཏེ། འགྲེལ་ལུགས་ཁས་བླངས་པ་གང་སྙམ་པ་ལ། གསང་སྔགས་ཀྱི་དགོངས་འགྲེལ་སུམ་ཅུ་རྩ་བདུན་གྱིས་སྟོན་ཏེ། འདི་དག་ཐམས་ཅད་གཉིས་སུ་མེད་པ་མཐའ་རྣམས་མ་སྤངས་བྲལ་བས་མཚན་ཉིད་གཟུང་བར་དཀའ་ཞིང་སྨྲ་བསམ་ལས་འདས་པར་འགྲེལ་ལ། ཚིགས་བཅད་རེ་རེ་ཞིང་གོང་མ་གཉིས་ཀྱིས་གསང་བ་དང་། འོག་མ་གཉིས་ཀྱིས་སྔགས་ཀྱི་དོན་སྟོན་ཏེ། དེའང་གསང་བ་ལ་དགོངས་པ་དང་སྔགས་ལ་འགྲེལ་པ་ཞེས་བྱ་བས་དོན་དུ་དགོངས་འགྲེལ་ཞེས་བྱའོ། །དེ་ལ་དང་པོ་སྟོང་པ་ཉིད་ཀྱི་ཡེ་ཤེས་སྟོན་ཏེ། སྐྱེས་པ་དང་མ་སྐྱེས་པ་གཉིས་སུ་མེད་པའི་ངོ་བོ་ནི། ཨེ་མའོ་ཞེས་ཤིན་ཏུ་ངམ་ཞིང་ཡ་མཚན་ཆེ་ལ་ངོ་མཚར་མཆོག་གི་གནས་དམ་པ་སྟེ། དེ་ལྟར་གཉིས་མེད་ཀྱི་དོན་དེ་ནི་ལྷུན་གྱིས་རྫོགས་པ་ཉིད་ཡིན་པས་རྨད་དུ་བྱུང་བ་གནས་ལུགས་དོན་གྱི་ཆོས་ཉིད་ཇི་བཞིན་པ་ཉིད་དེ། དེ་ཉིད་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་ཤིང་། ཀུན་གྱི་སྤྱོད་ཡུལ་མ་ཡིན་པར་རྒྱལ་བ་རྫོགས་པའི་སངས་རྒྱས་མ་ལུས་པ་ཚོགས་གཉིས་ཀྱི་མངའ་བདག་ཀུན་གྱི་ཡང་ཐུགས་ཀྱི་བརྣག་པར་བྱ་བ་མཐར་ཐུག་པ་ཤིན་ཏུ་གསང་བའི་དགོངས་པ་བློས་རེག་ཅིང་ངོ་བོ་གཟུང་བར་བཀའ་བ་སྟེ། འཆད་པ་རིལ་ཡང་རང་རང་གི་སྐབས་ཀྱི་དོན་དང་སྦྱར་ཞིང་རྗེས་སུ་མཐུན་པར་འགྲེལ་ཏོ། །ངོ་བོ་གང་ཞེ་ན། ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་ཏི་ནི། ཡེ་གང་དུའང་སྣང་བ་མེད་པས་སྐྱེ་བ་མེད་ལ་དེ་ཉིད་རིལ་གྱི་འབྱུང་གནས་སུ་གྱུར་པ་ལས་ཆོས་ཐམས་ཅད་ཅིར་ཡང་སྣང་ཞིང་འབྱུང་པས་སྐྱེས་པ་སྟེ་འགོག་རྒྱུ་ཡང་མེད་ལ། དེ་ལྟར་སྐྱེས་པ་ཉིད་ཙམ་ན་ངོ་བོ་རྣམ་པ་ཐམས་ཅད་པའི་ཕྱིར་འདི་འདྲར་མི་ཟིན་པས་སྐྱེ་བ་མེད་དེ་མཐའ་གྲོལ་བ་ནི་གསང་སྔགས་དོན་གྱི་གཤིས་ལུགས་སོ། །དེ་བས་ན་འཆད་པར་འགྱུར་བའི་ཤྭ་ལོ་ཀ་སུམ་ཅུ་རྩ་བདུན་ཡང་གསང་སྔགས་ཀྱི་དོན་ལ་སྐབས་སྐབས་སུ་ཕྱེད་མར་འགྲེལ་ཏེ། གཅིག་ནི་དགོངས་པ་གསང་བ་ལས་བརྒྱུད་པའི་ཐབས་སུ་ཤར་བ་སྟེ་དེ་ཡང་དོན་ལ་བཀོལ་བ་མེད་དོ། །དེས་ན་དགོངས་འགྲེལ་ཀུན་ལ་རྗོད་བྱེད་ཀྱི་ཚིག་དང་། བརྗོད་བྱ་དོན་དང་། ཇི་བཞིན་པ་སེམས་ཀྱི་ཆོས་ཉིད་དང་གསུམ་གསུམ་དུ་སྦྱར་ལ། ངམ་ཞིང་ངོ་མཚར་བ་ཐམས་ཅད་སོ་སོའི་དོན་མཚོན་པས་ཚིག་དང་དོན་གྱི་ཡིན་ཚུལ་གཉིས་ལའོ། །ཡང་ན། ཨེ་མའོ་ཞེས་ཤིན་ཏུ་ངམ་པས་དབུ་དྲང་སྟེ་སོ་སོའི་ཚིག་ལ་ངོ་མཚར་ཞིང་དོན་ལ་རྨད་ཀྱི་ཆོས་སུ་ཤེས་པར་བྱའོ། །གཉིས་པ་མེ་ལོང་ཡེ་ཤེས་ནི། འགག་པ་དང་མ་འགག་པ་གཉིས་སུ་མེད་པའི་ངོ་བོ་ལ། ཨེ་མའོ་ཞེས་ཤིན་ཏུ་ངམ་ཞིང་ངོ་མཚར་ཆེ་བ་སྟེ། དོན་དེ་ནི་ལྷུན་གྱིས་རྫོགས་པས་རྨད་དུ་བྱུང་བ་མ་བཅོས་ཡུལ་མེད་དུ་གསལ་བའི་དོན་གྱི་ཆོས་ཉིད་ཇི་བཞིན་པ་ཉིད་དེ། འགལ་བ་ཐམས་ཅད་མི་འགལ་བར་སྟོན་པས་ཀུན་གྱི་སྤྱོད་ཡུལ་མ་ཡིན་པར་རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཀུན་གྱི་ཐུགས་ཀྱི་གསང་བ་དམ་པའོ། །དེའི་ངོ་བོ་གང་ཞེ་ན། ཡེ་ཇི་བཞིན་པ་ནི་སྐད་ཅིག་མ་མིན་པས་རང་བཞིན་འགག་པ་མེད་ལ་སྐྱེ་ཤིའི་རྒྱུན་ལས་གྲོལ་བའི་བདག་ཉིད་དེ་ལྷུན་གྱིས་རྫོགས་ཤིང་ཆོས་ཐམས་ཅད་ཀྱི་གཞི་ཡིན་པས་འབྱུང་ཁུངས་ལྟ་བུ་སྟེ་ཞེན་བློ་ལ་འགག་པའི་ཆོས་སུ་ཡང་སྣང་ལ། དེ་ལྟར་འགག་པ་ལྟར་སྣང་བ་ཉིད་ནའང་ངོ་བོ་ཅིར་ཡང་མི་ཟིན་པས་འགག་བདོ་བ་ལ་འགག་པ་མ་གྲུབ་པས་དབྱེར་མེད་པ་ནི་ནམ་མཁའི་རི་བོང་ཅན་ལྟ་བུའོ། །གསུམ་པ་མཉམ་ཉིད་ཡེ་ཤེས་ནི། དམིགས་པ་དང་མི་དམིགས་པ་གཉིས་སུ་མེད་པའི་ངོ་བོ་ལ། ཨེ་མའོ་ཞེས་ངམ་ཞིང་ངོ་མཚར་ཆེ་བ་སྟེ། དོན་དེ་ནི་ཡེ་ནས་ལྷུན་གྱིས་རྫོགས་པ་རྨད་དུ་བྱུང་བའི་དབྱིངས་མཉམ་པ་ཉིད་ཀྱི་ཆོས་ཉིད་དེ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པར་རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཀུན་གྱི་ཐུགས་ཀྱི་གསང་བ་དམ་པའོ། །དེའི་ངོ་ཏི་གང་ཞེ་ན། སྙིང་པོ་བྱང་ཆུབ་ཡུལ་དང་བྲལ་ཏེ་དམིགས་པ་མེད་པ་ལས་ཞེན་པ་གཉིས་ལ་གནས་པའི་ས་པ་དང་འགྲོ་བ་ཐམས་ཅད་ནི་རོལ་པར་སྣང་བ་ལ་ཡུལ་དུ་དམིགས་ཤིང་འཛིན་པའི་རྣམ་པར་སྣང་ལ། དེ་ལྟར་སྣ་ཚོགས་སུ་དམིགས་བདོ་བ་ཙམ་ཉིད་ནའང་ངོ་བོ་སྤྱོད་པ་དང་ཡུལ་སྣང་དབྱེར་མེད་པས་གཏོད་འཛིན་དང་ངང་གིས་བྲལ་ཏེ་དམིགས་པ་མེད་པར་ངང་དུ་གཅིག་པའོ། །བཞི་པ་སོར་རྟོག་ཡེ་ཤེས་ནི། གནས་པ་དང་མི་གནས་པ་གཉིས་སུ་མེད་པའི་ངོ་བོ་ལ། ཨེ་མའོ་ཞེས་ཤིན་ཏུ་ངམ་ཞིང་ངོ་མཚར་ཆེ་བ་སྟེ་དོན་དེ་ནི་ཡེ་ནས་ལྷུན་གྱིས་རྫོགས་ཏེ་རྨད་དུ་བྱུང་བར་མ་འདྲེས་ལ་སྤྲོས་མེད་དུ་གསལ་བའི་དོན་གྱི་ཆོས་ཉིད་དེ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པར་རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཀུན་གྱི་ཐུགས་ཀྱི་གསང་བ་དམ་པའོ། །དེའི་ངོ་བོ་ཇི་ལྟ་བུ་ཞེ་ན། དེ་ཁོ་ན་ཉིད་སྣང་བ་དམ་པ་ནི། རྟེན་དང་རྟེན་ཅན་གྱི་ངོ་བོ་མ་གྲུབ་པས་ཕྱོགས་དང་རིས་སུ་མི་གནས་པ་ཉིད་དེ། དེ་ཉིད་འབྱུང་ཁུངས་ལྟ་བུ་ལས་ཞེན་པ་དག་ལ་ཐམས་ཅད་ཕྱོགས་རིས་སུ་གནས་ཏེ་ཡོད་པ་ལྟར་སྣང་ལ། དེ་ལྟར་གནས་པ་ལྟར་སྣང་བ་ཉིད་ཀྱི་དུས་ན། ངོ་བོ་འདི་འདྲ་བར་མེད་པས་གནས་པ་མེད་པར་ཀུན་གསལ་རང་གྲོལ་དུ་མཁྱེན་པ་ནི་རྨ་བྱའི་མདོངས་རྩེ་ལྟ་བུའོ། །ལྔ་པ་བྱ་གྲུབ་ཡེ་ཤེས་ནི། འགྲོ་འོང་དང་འགྲོ་འོང་བྲལ་བ་གཉིས་སུ་མེད་པའི་ངོ་བོ་ལ། ཨེ་མའོ་ཞེས་ཤིན་ཏུ་ངམ་ཞིང་ངོ་མཚར་བ་སྟེ། དོན་དེ་ནི་ཡེ་ནས་ལྷུན་གྱིས་རྫོགས་པ་རྨད་དུ་བྱུང་བའི་ཀུན་གྲོལ་གྱི་ཆོས་ཉིད་དེ། ཀུན་གྱི་སྤྱོད་ཡུལ་མ་ཡིན་པར་རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཀུན་གྱི་ཐུགས་ཀྱི་གསང་བ་དམ་པའོ། །དེའི་ངོ་བོ་གང་ཞེ་ན། གསང་སྔགས་འོད་གསལ་གྱི་རང་བཞིན་བྱང་ཆུབ་སེམས་ཀྱི་རྣམ་པ་ནི་རིལ་ལ་བསྣུམས་པས་ཕན་ཚུན་ཡན་མན་བྲལ་བས་འགྲོ་བ་དང་འོང་བ་མེད་པའི་ངང་འབྱུང་ཁུངས་ལྟ་བུ་ལས་བརྟགས་པའི་རྟོག་པ་ཅན་དག་ལ་སེམས་ཀྱི་ཆོ་འཕྲུལ་འགྲོ་བ་དང་འོང་བ་ལྟར་སྣང་ལ། དེ་ལྟར་འགྲོ་འོང་ལྟར་མ་འགགས་པར་སྣང་བཞིན་པ་ཉིད་ནའང་དོན་ལ་འགྲོ་འོང་དང་བྲལ་ཏེ་དབྱེར་མེད་པར་ཐུགས་རྗེ་བྱ་རྩོལ་དང་བྲལ་བར་གྲུབ་པའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། འོག་ནས། མ་ལུས་མཐའ་དག །ཅེས་པ་ནས། གོལ་ས་མེད། །ཅེས་པའི་བར་གྱིས་བསྟན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་མ་ལུས་པ་ཀུན་ལ་མུ་མཐའ་རྣམ་པར་དག་པའི་དབྱིངས་བྱང་ཆུབ་ཀྱི་སེམས་ཉག་གཅིག་སྤྲོས་པ་དང་བྲལ་བའི་ཐིག་ལེའི་རྒྱ་ཡིས་ཡེ་ནས་ཐེབས་ཏེ་ལྷུན་གྱིས་གྲུབ་པའི་ཕྱིར་སྔར་མ་གྲུབ་པ་སླར་ཡང་གྲུབ་པར་བྱ་ཞིང་གཞན་ནས་བཙལ་དུ་མེད་ལ། བརྩལ་ཡང་མི་དགོས་ཏེ་རྒྱུ་དང་འབྲས་བུ་ལ་སྔ་ཕྱི་དང་བྲལ་བར་དབྱེར་མེད་པ་དེ་ནི་ཆོས་ཉིད་དེ་ཁོ་ན་ཉིད་དོ། །དེ་བས་རང་གི་བློ་ཇི་བཞིན་པའི་རྗེས་སུའང་མི་འབྲང་སྟེ་མི་གཡོ་ངེས་པར་མི་འཛིན་ཏེ་མི་རྟོག་པ་ནི་ཡུལ་ལས་འདས་པའི་དབྱིངས་ཏེ་བདག་གི་དེ་ཁོ་ན་ཉིད་ལ་གཞན་དུ་དམིགས་བྱར་མེད་པའི་ཕྱིར་རོ། །དེ་ལྟར་ཀུན་ཏུ་བཟང་པོ་ཇི་བཞིན་པའི་ངང་ལས་གོལ་ཏེ་རྒྱུ་དང་འབྲས་བུར་སྔ་ཕྱིར་བཟུང་ནས་རྒྱུ་ཡིས་གྲུབ་པར་རྟོག་ཅིང་འབྲས་བུ་ལ་ངེས་པར་འཛིན་པས་མུན་སྤྲུལ་གྱི་བློ་ཅན་རྣམས་ཀྱིས་ཆོས་ཐམས་ཅད་རང་གི་རྟོག་པ་མེད་བཞིན་དུ་སྣང་བའི་སྒྱུ་མ་ལྟ་བུ། རྒྱུ་འབྲས་དབྱེར་མེད་པའི་དོན་ལ་སོ་སོར་མཐོང་ནས་ལམ་པ་དེ་དག་ནོར་ཞིང་འཁྲུལ་པའི་རྟོག་པས་རང་བཅིངས་ཏེ་གྲོལ་བར་མ་གྱུར་ཏོ། །དེ་བས་ན་གང་ལའང་རག་མ་ལས་པའི་རང་བྱུང་གི་ཡེ་ཤེས་ཉི་མ་ལྟ་བུར་ཡེ་ནས་གསལ་བ་ཉིད་དུས་གསུམ་དུ་གདལ་ཁྱབ་ཆེན་པོར་རང་ཤར་བ་ཁོ་ན་བས་ཡེ་མ་བྱས་པས་མ་བཅོས་ལ་མ་བསླད་པས་ཇི་བཞིན་པ་ཉིད་ཀྱི་ངོ་བོ་དགག་ཏུ་མེད་པར་རང་སྣང་བ་ན་ཐམས་ཅད་ཐིག་ལེ་ལས་མི་འདའ་བར་སྙིང་པོ་ཉིད་དུ་ངེས་པས་དེ་ལ་གོལ་ས་མེད་པར་ལ་བཟླ་བར་བྱའོ། །གཉིས་པ་ནི། སྔར་གྱི་འཕྲོ་ནས། ཨེ་མའོ་ངོ་མཚར། ཞེས་པ་ནས། བྱང་ཆུབ་ཉིད་དེ་ལོག་རྒྱུན་ཆད། །ཅེས་པའི་བར་གྱིས་བསྟན་ཏེ། འདི་ཉིད་ཀུན་མཁྱེན་དམ་པ་རིན་པོ་ཆེས། རེས་གཅིག་ལ་འཁྲུགས་མཛད་དེ་གསུངས། གཞན་དུ་འཁྲུགས་མི་མཛད་པར་བཀའ་སྩལ་པའང་ཡོད་པར་གསུངས་པ་ལས། སྔ་མ་ལྟར་ཏེ། ཕྱག་མཆན་གཞན་ཀུན་དང་ཡང་མཐུན་པར། དང་པོ་དབྱིངས་རྣམ་པར་དག་པའི་ཐིག་ལེ་སྟོན་ཏེ། ཡེ་ཇི་བཞིན་པའི་ངོ་བོ་ཕྱོགས་རིས་མཐའ་དག་ལས་གྲོལ་བ་ལ་ཤིན་ཏུ་ངམ་པས་ཨེ་མའོ་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས་དབྱིངས་ཀྱི་བཞུགས་ཚུལ་དམ་པ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཉིད་དེ། ཡེ་ཇི་བཞིན་པས་མ་བཅོས་ལ་སེམས་ཉིད་གདོད་ནས་དག་པས་མ་བསླད་ཅིང་བྱས་པ་མེད་པར་ཡེ་སངས་རྒྱས་པ་ཉིད་གང་དུའང་མ་གཡོས་པར་ཇི་བཞིན་པའི་ངང་ལས་ཅིར་སྣང་ཅིར་སྲིད་ཀྱང་མཐའ་མ་སྤངས་བྲལ་བའི་ཕྱིར་དྲི་མ་དང་རྡུལ་ཡེ་ནས་མེད་པར་རང་བཞིན་རྣམ་པར་དག་པའི་གཤིས་ཀྱི་ཡིན་ལུགས་སོ། །གཉིས་པ་ལྷུན་གྱིས་གྲུབ་པའི་ཐིག་ལེ་ནི། ཡེ་ནས་རྒྱན་དང་རྣམ་པ་མ་བརྩལ་བར་ལྷུན་གྱིས་རྫོགས་པ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས་ལྷུན་མཉམ་གདལ་ཁྱབ་ཆེན་པོ། རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཉིད་དེ། བརྟགས་པའི་རང་བཞིན་ཡེ་ནས་ངང་གིས་བྲལ་ཏེ་མེད་པའི་ངོ་བོ་ཉིད་ཀྱི་རང་བཞིན་ལས་སྡུག་བསྔལ་ཀ་ནས་དག་པས་རྩོལ་བ་མེད་པར་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ངོ་བོར་ལྷུན་གྱིས་གྲུབ་པར་བཞུགས་པའི་གཤིས་ཀྱི་གནས་ལུགས་ཡོན་ཏན་འགག་པ་མེད་པའོ། །གསུམ་པ་དབྱིངས་ཀྱི་ཐིག་ལེ་ནི། གཉིས་སུ་མེད་པའི་ངང་ལས་རོལ་པ་འགག་མེད་དུ་འཆར་བའི་ངོ་བོ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས་དབྱིངས་ཀྱི་རང་སྣང་ཟད་པ་མེད་པ། རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཉིད་དེ། རང་རིག་པ་སྐྱེད་པའི་གཞི་དང་རྟེན་གནས་ཀྱི་རྩ་བ་མེད་པའི་སེམས་ཉིད་འགག་པ་མེད་པ་ནི། རིལ་མི་འགོག་པར་ཇི་ལྟར་བསམ་པ་ལྟར་འཆར་བའི་ཕྱིར་ཆོས་རྣམས་ཀུན་གྱི་རྩ་བ་འཁོར་འདས་འབྱུང་བའི་གནས་གཞི་ཡིན་པས་དབྱིངས་ཀྱི་རྣམ་པ་ཚད་དང་བྲལ་བའོ། །བཞི་པ་ཡེ་ཤེས་ཆེན་པོའི་ཐིག་ལེ་ནི། རང་བྱུང་འོད་གསལ་གྱི་ངོ་བོ་གསལ་རྐྱེན་དང་བྲལ་བ་ལ་ཤིན་ཏུ་ངམ་ཞིང་། ཨེ་མའོ་ཞེས་ངོ་མཚར་རྨད་ཀྱི་ཆོས་ཇི་བཞིན་པར་ཡེ་ནས་གསལ་བའི་མཁྱེན་པ། རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཉིད་དེ། དེ་ཁོ་ན་ཉིད་ནི་ངོ་བོ་གསལ་བས་ཉི་ཚེ་བའི་སྟོང་པ་མ་ཡིན་ལ་འབྲས་བུར་བཞག་ཀྱང་མཚན་ཉིད་མི་རྙེད་པས་མི་སྟོང་པའང་མིན་པར་མཐའ་ཐམས་ཅད་གྲོལ་བ་ལ་དབུས་ཀྱི་ཐ་སྙད་གདགས་པའི་གཞི་ཡང་བྲལ་བས་དབུ་མ་ཙམ་དུ་འང་དམིགས་སུ་ཡོད་པ་མ་ཡིན་ཏེ་སེམས་ཉིད་དོན་གྱི་མེ་ལོང་འོད་གསལ་འདུས་མ་བྱས་པའོ། །ལྔ་པ་ཆོས་ཉིད་ཀྱི་ཐིག་ལེ་ནི། མ་བཅོས་བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་གནས་པ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས་གཡོ་མེད་དབྱིངས་ཀྱི་ངང་ངོ་། །རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཉིད་དེ། ཡེ་ཤེས་ཆེན་པོ་རྒྱུད་དུ་མི་སྐྱེ་བས་དོན་དེ་ལ་ངེས་པར་བརྟག་སྟེ་དཔྱད་པས་དཔྱད་ན་ངོ་བོ་མི་འགྱུར་བས་རྟག་པ་ཉིད་དེ། ཐེར་ཟུག་དང་རྒྱུན་ལས་གྲོལ་བས་སྟོང་པའི་རང་བཞིན་རྟག་པ་ཆེན་པོ་དེ་ཉིད་ཟིལ་གྱིས་གནོན་ཅིང་འཇོམས་པར་བྱེད་པའི་གཉེན་པོ་གང་ཡང་མེད་པའི་ཕྱིར་གཤིས་ཀྱི་ངོ་ཏི་འཕོ་འགྱུར་དང་བྲལ་བའོ། །དྲུག་པ་ཀུན་ཏུ་བཟང་པོའི་ཐིག་ལེ་ནི། རྣམ་གྲོལ་ཀུན་ནས་དག་པའི་དགོངས་པ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས་སྤྱོད་ཡུལ་ཡོངས་སུ་དག་པའི་གཟིགས་པ། རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཉིད་དེ། དོན་མི་འགྱུར་བའི་ངོ་བོ་གང་དུའང་མ་གྲུབ་པ་ལ་ངེས་པར་ཆད་ན་ཡེ་ནས་ཆད་པ་ཉིད་དེ་བཀོལ་བའང་མེད་པས་བྱང་ཆུབ་ཆེན་པོ་ཀུན་ནས་དག་པའི་ངང་ཉིད་དེ། ཡོད་པ་ལས་མེད་པར་གྱུར་ན་ཆད་པའི་མཐའ་ཡིན་ཀྱང་ཀུན་བཟང་བདེ་བ་ཆེན་པོ་ལ་ལོག་རྟོག་ཡེ་ནས་མི་གནས་པས་རྒྱུན་ལས་གྲོལ་ཏེ་ལོག་ལྟའི་ཆད་པ་ངང་གིས་དག་པ་ངོ་བོའི་ཡོན་ཏན་སྒྲིབ་པ་ཀུན་དང་བྲལ་བའོ། །དེ་ལྟར་ཡང་། ཡེ་ཤེས་གསང་བ་ལས། རིག་པའི་ཡེ་ཤེས་ཐིག་ལེ་དྲུག །ལྟ་སྤྱོད་དགོངས་པའི་རང་བཞིན་ནོ། །མ་འཕྲོས་ཟླ་བའི་དཀྱིལ་འཁོར་ལྟར། །མི་གཡོ་སེམས་ཉིད་མ་འཕྲོས་པ། །ཆོས་ཉིད་སྤྲོས་བྲལ་ཡེ་སངས་རྒྱས། །བྱང་ཆུབ་སེམས་ཀྱི་ཁྱད་པར་ཆེ། །ཞེས་གསུངས་པ་ལྟར་ལ་བཟླ་བར་བྱའོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། འོག་ནས། ཐམས་ཅད་བྱང་ཆུབ། ཅེས་པ་ནས། དེ་ལ་འགྲིབ་པ་མེད། །ཅེས་པའི་བར་གྱིས་བསྟན་ཏེ། ཆོས་ཐམས་ཅད་རིལ་ཆོས་ཉིད་ལ་བྱ་རྒྱུ་མེད་པས་བྱང་ཆུབ་སྙིང་པོ་དེ་ཉིད་མངོན་དུ་བྱེད་པའི་འདུ་ཤེས་ཀྱང་བྲལ་ཏེ་མངོན་སུམ་དུ་གསལ་བས་ཉན་རང་ལ་འཕགས་ལ། དེ་ལྟར་ཡུལ་མེད་པས་ན་ཀུན་ཀྱང་སེམས་ལས་གཞན་དུ་མ་བརྩལ་བར་ཡེ་གནས་པའི་བདག་ཉིད་ཆེན་པོ་ལ་བདེ་བར་མནོས་ཤིག་ཅེས་གདམས་ཏེ་ཀྲི་ཡོག་ལས་འཕགས་ཤིང་། དེ་ཅིའི་ཕྱིར་ཞེ་ན། ཇི་ག་སྣང་སྲིད་འཁོར་བའི་ཁ་བརྒྱུད་དེ་ཇི་སྙེད་དུ་བཙལ་ཀྱང་དོན་སྙིང་པོ་བྱང་ཆུབ་སེམས་ཀྱི་དབྱིངས་དེ་ཉིད་ལས་གཞན་དུ་འདས་ཏེ་གར་ཡང་མ་ཕྱིན་པའི་ཕྱིར་དང་། མཐའ་ལ་ཐུག་པ་མེད་པའི་རྒྱལ་བའི་ཞིང་ཁམས་རྣམས་བགྲོད་ཀྱང་དོན་གྱི་སྙིང་པོ་དེ་ལས་མ་འཕགས་པས་གཞན་དུ་གཡོས་པ་མེད་པར་དེ་ཉིད་ཡིན་པས་སེམས་ཙམ་དང་དབུ་མ་ལས་འཕགས་ལ། དཔག་ཏུ་མེད་པའི་རྒྱལ་བ་རིལ་གྱི་སྐུ་གསུང་ཐུགས་ཀུན་བསྐྲུན་ཏེ་གྲུབ་པར་གྱུར་ཅིང་མཐོང་ན་ཡང་། སྙིང་པོ་དེ་ཁོ་ན་ཉིད་ལས་ཡོངས་སུ་འཕེལ་ཏེ་མང་ཞིང་རགས་པར་གྱུར་པ་མེད་དེ་ཆོས་ཀྱི་དབྱིངས་དང་མཉམ་པས་སྐྱེ་བོ་དང་མུ་སྟེགས་ལས་འཕགས་ཏེ། སྡུག་བསྔལ་ཅན་གྱི་སེམས་ཅན་མཐའ་ལ་ཐུག་པ་མེད་པའི་འགྲོ་བ་ཇི་སྙེད་དུ་བྱུང་ཞིང་ཤར་ཡང་། སེམས་ཀྱི་དེ་ཁོ་ན་ཉིད་དེ་ལས་འགྲིབ་སྟེ་ཉུང་བ་དང་ཕྲ་བར་གྱུར་པ་མེད་དེ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལས་གཞན་དུ་སངས་རྒྱས་ཞེས་བརྩལ་དུ་མེད་པའི་ཆེ་བ་དང་ལྡན་པས་མ་ཧཱ་དང་ཨ་ནུའི་རྒྱུད་ལུང་ལས་འཕགས་པའོ། །གཉིས་པ་ནི། སྔར་གྱི་འཕྲོར། ཨེ་མའོ་ངོ་མཚར། ཞེས་པ་ནས། མ་གཏོགས་གང་ཡང་ཡོད་མ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་དང་པོ་སྤངས་གར་ཡང་མ་སྤངས་པར་མངོན་སུམ་པར་སངས་རྒྱས་པའི་ཆེ་བ་ནི། སྣང་གྲགས་སྲིད་པའི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངོ་བོར་ཡེ་སངས་རྒྱས་པར་རྫོགས་པ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས་བདེ་བ་ཆེན་པོའི་ཀློང་ལ་གཞན་གྱིས་སེལ་མེད་པ། རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་གསང་བ་ཟབ་མོ་སྟེ། ཕྱི་ནང་དུ་སྣང་ཞིང་གྲགས་པའི་ཆོས་སོ་ཅོག་གི་རང་བཞིན་ནི་ཡེ་ཉིད་ནས་སེམས་ཉིད་འོད་གསལ་བའི་ངོ་བོ་ཡིན་པའི་ཕྱིར་སངས་རྒྱས་ཉིད་ལས་གཞན་མ་ཡིན་པར་རྒྱལ་བའི་གོ་འཕང་དམ་པ་ཉིད་དོ། །འོ་ན་དེ་ཉིད་ཡིན་པ་ཅིའི་ཕྱིར་ཏེ་སུ་ཡི་སྤྱོད་ཡུལ་དུ་ངེས་པ་ཡིན་ཞེ་ན། རྒྱལ་བའི་སྤྱོད་ཡུལ་གསང་བ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་རྨད་ཀྱི་ཆོས་རིན་པོ་ཆེ་གསེར་གླིང་དང་འདྲ་བའི་དགོངས་པ། རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་གསང་བ་ཟབ་མོ་སྟེ། སངས་རྒྱས་ཉིད་ལས་དངོས་པོ་གཞན་དུ་གྱུར་བའི་ཆོས་གཞན་པ་ཞིག་རྒྱལ་བ་སངས་རྒྱས་ཉིད་ཀྱིས་ཀྱང་མི་བརྙེས་ཏེ་སྤྱོད་ཡུལ་ཡོངས་སུ་དག་པར་མངོན་དུ་གསལ་བས་སོ། །དེ་བས་ན་ངོ་བོ་བཙལ་དུ་མེད་པར་ལ་གཅད་དོ། །གཉིས་པ་རག་གང་དུའང་མ་ལས་པར་བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ་ནི། གཞན་ལས་མི་འབྱུང་བར་རང་བྱུང་བྱ་རྩོལ་བྲལ་བ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས་ཡེ་རྫོགས་ཐོག་མཐའ་མེད་པའི་ཀློང་། རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་གསང་བ་ཟབ་མོ་སྟེ། འཇིག་རྟེན་གྱི་ཁམས་རབ་འབྱམས་མཐར་ཐུག་པ་མེད་ཅིང་མཐའ་ཡས་པ་གང་ནས་ཀྱང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དམ་པ་དེ་ཉིད་ཡོང་ཡེ་མི་ཚོལ་ཞིང་དོན་དུ་མི་གཉེར་བར་བྱ་བ་དང་བྲལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཉིད་ཡེ་ནས་བྱང་ཆུབ་སྙིང་པོར་རྫོགས་པ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས་རང་རིག་ཕྱོགས་མེད་དུ་གསལ་བའི་དགོངས་པ། རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་གསང་བ་ཟབ་མོ་སྟེ། སེམས་ཀྱི་ཆོས་ཉིད་བཤད་པ་ལྟ་བུའི་མཚན་ཉིད་གསང་བ་ཆེན་པོ་དེ་ཉིད་ཇི་བཞིན་དུ་གོ་ཞིང་རྟོགས་པ་ཉིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མཆོག་ཏུ་ངེས་ཏེ། དེ་ལས་གཞན་དུ་བླ་ན་མེད་པའི་བྱང་ཆུབ་དམ་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ལྟོས་གང་ལ་ཡང་མི་ལྟོས་པར་དེ་ཉིད་ཡིན་པར་སངས་རྒྱས་པའི་ཆེ་བ་ནི། ཡེ་ནས་བླང་དོར་དང་ཕྱོགས་ཆ་བྲལ་ཏེ་ཇི་བཞིན་པར་གསལ་བ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། ཐམས་ཅད་བྱང་ཆུབ་སེམས་སུ་གསལ་པའི་དགོངས་པ། རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་གསང་བ་ཟབ་མོ་སྟེ། འདི་ཕྱི་བར་དོ་གསུམ་དང་། འདོད་པ་དང་། གཟུགས་དང་། གཟུགས་མེད་དེ་སྲིད་པ་ཁམས་གསུམ་གྱི་ངོ་བོ་ཡེ་ཕྱི་མོ་ནས་བྱང་ཆུབ་སྙིང་པོ་རང་སྣང་བ་ཉིད་ཡིན་པ་ལ་འཁྲུལ་པའི་ལོག་སྐྱོན་ངང་གིས་མ་དམིགས་ཏེ་ཤེས་བྱ་དང་བསྒྲུབ་བྱའི་དེ་ཁོ་ན་ཉིད་མ་ནོར་བ་གདོད་ནས་མ་བཅོས་པར་ལྷུན་གྱི་གྲུབ་པས་རྫོགས་པ་ཆེན་པོ་ཉིད་དོ། །བཞི་པ་གནས་གང་ལའང་མི་གནས་པར་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ་ནི། ཆོས་ཉིད་ཀུན་མཉམ་གྱི་དབྱིངས་རང་བཞིན་རྣམ་དག་ཆེན་པོ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། ཡེ་མཉམ་ཀུན་གྲོལ་གྱི་ཀློང་ཆེན། རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་གསང་བ་ཟབ་མོ་སྟེ། སེམས་ཀྱི་རང་བཞིན་མཉམ་ཆེན་ཡངས་པ་ལ་འབྲས་བུ་ཡེ་རྫོགས་སུ་ལྷུན་གྱིས་གྲུབ་པའི་དབྱིངས་ཀྱི་ཡོན་ཏན་ཟད་པ་མེད་པའི་ཆ་ནས་བཞག་པ་ལས་འཕྲལ་དུ་འབད་ཅིང་བརྩལ་བ་མེད་པར་ཚོགས་གཉིས་རྫོགས་པའི་སངས་རྒྱས་སྤངས་རྟོགས་མཐར་ཕྱིན་པའི་ངོ་བོར་ཡེ་ནས་བཞུགས་པའོ། །ལྔ་པ་གཞི་ལམ་འབྲས་བུའི་ཐ་སྙད་ལས་འདས་པས་སངས་རྒྱས་མེད་པའི་ཆེ་བ་ནི། བྱ་བྱེད་དང་བྲལ་བས་མཐའ་བྲལ་འོད་གསལ་ཆེན་པོ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། སངས་རྒྱས་པ་དང་མ་རྒྱས་པའི་ཐ་སྙད་ལས་གྲོལ་བའི་དགོངས་པ། རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་གསང་བ་ཟབ་མོ་སྟེ། སྔ་མའི་དུས་ཀུན་ནས་ཕྱིས་ཀྱི་དུས་ཀུན་ཏུ་རིག་པའི་ཀློང་ཉིད་ཀྱིས་མ་ཁྱབ་པ་མེད་པས་ངང་བཟང་པོ་ཉིད་ལ་བཟང་ངན་དང་བླང་དོར་གྱི་ཆོས་དང་བྲལ་ཏེ། ངོ་བོ་མེད་པ་ལ་སྐྱོན་གྱི་རྣམ་པ་རང་གྲོལ་བས་ཐམས་ཅད་ཡེ་ཐོག་མ་ནས་གསང་སྔགས་ཇི་བཞིན་པར་རབ་ཏུ་འབྱམས་ཤིང་རྨད་དུ་བྱུང་བར་གྲགས་པའི་ཆོས་མ་ཡིན་པ་གཞན་མེད་པས་སེམས་ཅན་སྤོང་ལ་སངས་རྒྱས་ལེན་པའི་ཐ་སྙད་དང་བྲལ་བའོ། །འོ་ན་བླང་དོར་མེད་ན་གཉིས་འཛིན་ཇི་ལྟར་དག་སྙམ་ན། གང་ཅིར་སྣང་ཡང་གདོད་ནས་སྙིང་པོ་བྱང་ཆུབ་ཏུ་རང་བྱུང་བ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། ཀུན་བྲལ་ཉག་གཅིག་ཅི་མ་སྤངས་པའི་ངོ་བོ། རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་གསང་བ་ཟབ་མོ། ཆོས་ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་ངང་དུ་ཡེ་ནས་སངས་རྒྱས་པ་དེ་ཉིད་ཁོ་ན་ལས། དེ་ལ་མ་གཏོགས་པའི་མཐའི་སྐྱོན་གང་ཡང་ཡོད་པར་མ་ཡིན་པར་གསེར་ས་ལེ་སྦྲམ་ལྟ་བུ་སྟེ། ལ་ཤན་ལྟ་བའི་སྒྲོན་མ་ལས། རང་བྱུང་ཡེ་ཤེས་མངོན་བྱས་པའི། །ཉི་མ་བྱེ་བའི་འོད་བརྡལ་ཡང་། །དུས་དང་རྣམ་པ་ཐམས་ཅད་དུ། །སངས་མ་རྒྱས་པར་བྱ་བྱེད་པའི། །ཆོས་ནི་རྡུལ་ཙམ་ཡོད་མིན་པས། །སངས་རྒྱས་མེད་པའི་ཆེ་བར་གསུངས། །ཞེས་སོ། །དེ་ལྟར་ཆེ་བ་ལྔ་པོ་འདིའི་རང་ངོ་ནི། བྱང་ཆུབ་ཀྱི་སེམས་ཡིད་སྐྱོབ་ལས། མ་སྤངས་མི་གནས་མི་ལྟོས་རག་མ་ལས། །ཐ་སྙད་ཀུན་དང་བྲལ་བའི་འབྲས་བུ་སྟེ། །རང་བྱུང་ལྷུན་གྲུབ་འདུས་མ་བྱས་པས་ན། །འབྲས་བུའི་རྒྱལ་པོ་ཁྱད་པར་འཕགས་ཏེ་ཆེ། །ཞེས་གསུངས་པ་ལྟར་ལ་བཟླ་བར་བྱའོ། །འདི་ལྟར་ཐིག་ལེ་དྲུག་དང་ཆེ་བ་ལྔ་ཉིད་མདོ་ཆེན་པོ་འདིའི་རང་ལུགས་ཇི་ལྟ་བ་བཞིན་དུ་རྒྱུད་ལུང་མན་ངག་དགོངས་འགྲེལ་དང་བཅས་པ་ཀུན་གྱི་དགོངས་པ་མཐར་ཐུག་དང་མཐུན་པར་ཉུང་གསལ་གནད་དྲིལ་དུ་བཤད་པས། ཇི་བཞིན་དུ་མཐོང་བའི་བློ་གྲོས་དང་ལྡན་ན། སེམས་ཕྱོགས་རྒྱ་མཚོའི་སྐབས་དོན་ཐུན་མོང་མ་ཡིན་པ་ལའང་གཞན་དྲིང་མི་འཇོག་པའི་ངེས་པ་རྙེད་པར་འགྱུར་རོ། །བཞི་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། འོག་ནས། སྐྱེ་བཞི་རྒྱུད་ལྔར། ཞེས་པ་ནས། བསྒྲུབས་ཟིན་ལྷུན་གྱིས་གྲུབ། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ཡང་སྐྱེ་བ་བཞི་དང་ལམ་རྒྱུད་ལྔར་གང་སྣང་བ་དེ་ཉིད་ཡེ་ནས་སངས་རྒྱས་པ་ཉིད་ལས་གཞན་དུ་མི་ཚོལ་བས་བསྙེན་པ་ཡིན་ལ། དེ་ཉིད་རང་རིག་པའི་ཡེ་ཤེས་ཆོས་སྐུ་ཆེན་པོར་གྲུབ་པ་ནི་ཉེ་བར་བསྙེན་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་འབྲས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱི་ངོ་བོ་དེར་རོ་གཅིག་ཏུ་གནས་པས་དངོས་པོ་གཉིས་པའི་རྣམ་པ་མེད་པར་ཡེ་ནས་སངས་རྒྱས་པའི་བདེ་བ་ཆེན་པོ་ཉིད་ཀྱི་ལྷུན་ལ་བཞུགས་ཏེ་སྐྱེ་འགག་དང་འཕོ་འགྱུར་མེད་པའི་སྙིང་པོ་ཡིན་པས་འཕེལ་འགྲིབ་དང་བྲལ་བ་ནི་སྒྲུབ་པ་ཉིད་ཡིན་ལ། ཡི་གེ་ཧཱུྃ་མཱུྃ་ཨཱོཾ་གསུམ་གྱི་དོན་བྱ་བ་མེད་པའི་དཀྱིལ་འཁོར་གསུམ་དུ་ཤར་བ་དེ། འཕྲལ་དུ་ལམ་པས་མ་བྱས་པར་ཡེ་ནས་འབྲས་བུར་ཐོབ་སྟེ་བསྒྲུབས་ཟིན་པའི་ཕྱིར་ལྷུན་གྱིས་གྲུབ་པ་ནི་བསྒྲུབ་པ་ཆེན་པོའོ། །གཉིས་པ་ནི། སྔར་གྱི་འཕྲོར། ཨེ་མའོ་ངོ་མཚར། ཞེས་པ་ནས། ཐོབ་པར་བྱ་བ་ག་ལ་ཡོད། །ཅེས་པའི་བར་གྱིས་བསྟན་ཏེ། འོ་ན་འཁྲུལ་པའི་སེམས་ཅན་འབྱུང་བའི་སྙད་ཅི་ཡོད་ཅེ་ན། དང་པོ་བསྙེན་པ་ཉིད་སྟོན་ཏེ། ཀུན་ནས་སྒྲིབ་མེད་དུ་གསལ་ཡང་རང་གསང་ཐབས་ཀྱིས་ཆོད་པ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། འཁྲུལ་པར་བརྟགས་ཀྱང་ངོ་བོ་ཡེ་ནས་དག་པ། རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་བཞིའི་བདག་ཉིད་ཀུན་གྱི་གསང་བ་དམ་པ་ཉིད་དེ། སྐྱེ་བཞི་རྒྱུད་ལྔར་སྣང་བ་ཐམས་ཅད་ཡེ་ནས་གར་ཡང་མ་སྦས་པར་སངས་རྒྱས་པ་ཉིད་ཡིན་པ་ལ་ཐག་པ་ལ་སྦྲུལ་དུ་མཐོང་བ་ལྟར་རྟོག་པས་བསྒྲིབས་པས་རང་གི་དེ་ཁོ་ན་ཉིད་ངོ་མ་ཤེས་པའམ་མ་མཐོང་བའི་དོན་གྱིས་ཡུལ་དུ་མ་གྱུར་པས་བརྟག་ཏུ་མི་བཏུབ་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ། དཔེར་མཚོན་རྣོན་པོ་རང་གིས་རང་མི་ཆོད་པ་ལྟ་བུའི་ཕྱིར་རོ། །འོ་ན་དེ་དག་སྙིང་པོ་བྱང་ཆུབ་ལས་འདས་སམ་ཞེ་ན། གཉིས་པ་ཉེ་བའི་བསྙེན་པ་སྟོན་ཏེ། དེ་ཉིད་སྤང་དུ་མེད་པར་རང་སྣང་བ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། སངས་རྒྱས་གཞན་ནས་མི་འབྱུང་བར་རང་དུ་ཤེས་པ། རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་བཞིའི་བདག་ཉིད་ཀུན་གྱི་གསང་བ་དམ་པ་ཉིད་དེ། དེ་ལྟར་རྟོག་པ་ཉིད་འཁྲུལ་ཞིང་འཛིན་པའི་ངོ་བོ་ཉིད་དུ་སྣང་བ་ན་ཡང་བཤད་པ་བཞིན་གློ་བུར་གྱི་མཚན་ཉིད་པས་རྟོག་པ་ཐེར་ཟུག་དང་བྲལ་ཏེ་སྣང་ལ་མེད་པའི་ཕྱིར་དཔེ་གསེར་ལས་བྱས་པའི་རྫས་བཞིན་བདེ་བར་གཤེགས་པའི་སྙིང་པོ་བྱང་ཆུབ་མཆོག་ཉིད་ཡིན་གྱི་གཞན་གང་ནས་ཀྱང་རྙེད་པ་མིན་ནོ། །དེས་ན་བླ་མའི་གདམས་ངག་གིས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་ན་རྟོག་པ་ཉིད་ཆོས་ཉིད་ཡིན་པས་ན། གསུམ་པ་བསྒྲུབ་པ་སྟོན་ཏེ། བྱང་ཆུབ་ཡེ་རྫོགས་ཆེན་པོ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། ཆོས་སྐུ་རང་བབ་ཀྱི་ངོ་བོ། རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་བཞིའི་བདག་ཉིད་ཀུན་གྱི་གསང་བ་དམ་པ་ཉིད་དེ། དངོས་པོ་གྲགས་སོ་ཅོག་ཀུན་གྱི་རྩ་བ་སྙིང་པོ་བྱང་ཆུབ་ཆོས་ཀྱི་སྐུ་ཆེན་པོ་ལ། ཡེ་གདོད་མ་ནས་རྒྱལ་བའི་དགོངས་པ་འབྲས་བུའི་བདག་ཉིད་རང་རྫོགས་སུ་ལྷུན་གྱིས་གྲུབ་པས་རྒྱུ་འབྲས་གཉིས་སུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱ་བྱེད་ལས་འདས་པའི་དོན་གྱིས་བཞི་པ་བསྒྲུབ་པ་ཆེན་པོ་སྟོན་ཏེ། དཀྱིལ་འཁོར་གསུམ་དབྱེར་མེད་པའི་ངོ་བོ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། གདལ་ཁྱབ་གཉིས་མེད་ཀྱི་དགོངས་པ། རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་བཞིའི་བདག་ཉིད་ཀུན་གྱི་གསང་བ་དམ་པ་ཉིད་དེ། བརྩལ་བ་མེད་པ་དང་། འདུས་མ་བྱས་པ་དང་། སྐྱེ་འཇིག་མེད་པ་དང་། མི་ཕྱེད་པ་དང་། འཇོམས་པར་བྱེད་པའི་ངོ་བོའི་ཕྱིར་རྡོ་རྗེ་ནི་ཡེ་ཤེས་ཆེན་པོ་ཕྲ་ཞིང་ཟབ་པ་རིལ་གྱི་འབྲས་བུ་གསང་བའི་སྙིང་པོ་ཉིད་དེ། དེ་ལ་ནི་སྔར་མ་གྲུབ་པ་ཞིག་དོན་དུ་གཉེར་ཏེ་སྒྲུབ་པར་བྱེད་པ་དང་ཐོབ་ཅིང་བསྒྲུབ་པར་བྱ་བ་གཉིས་ཀྱི་མིང་ཡང་ཡེ་ནས་མེད་པ་ལ་དེ་ཉིད་ཀྱི་ཐ་སྙད་དང་ཡང་བྲལ་བའོ། །འོ་ན་དེ་ཅིའི་ཕྱིར་ཏེ་བསྒྲུབ་ཏུ་མེད་ན་འབྲས་བུ་ཇི་ལྟར་འབྱུང་ཞེ་ན། དེ་ཉིད་ཀྱི་འཐད་པ་སྟོན་ཏེ། ཡེ་གྲོལ་དོན་གྱི་གནས་ལུགས་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། ཡེ་གསལ་ཕྱོགས་གྲོལ་གྱི་དགོངས་ཀློང་། རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་བཞིའི་བདག་ཉིད་ཀུན་གྱི་གསང་བ་དམ་པ་ཉིད་དེ། གནས་ལུགས་སྙིང་པོ་བྱང་ཆུབ་ནི་ཚོགས་ལས་བྱས་པ་མ་ཡིན་པར་ཡེ་ཐོག་མ་ཉིད་ནས་འབྲས་བུ་དམ་པ་དེ་ཉིད་ཀྱི་ངོ་བོར་བཞུགས་པ་ལ་ལྟོས་པའི་རྒྱུ་འབྲས་ཀྱི་མིང་གི་བླ་དྭགས་ཙམ་ཡང་བྲལ་བས་རྒྱུ་རྐྱེན་གྱིས་གསར་དུ་ཐོབ་ཅིང་རྙེད་པར་བྱ་བ་ག་ལ་ཡོད་དེ་འདུས་བྱས་ཀྱི་ཆོས་གང་ཡང་མ་དམིགས་པར་རང་གསལ་འདུས་མ་བྱས་པས་སོ། །ལྔ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། འོག་ནས། བསྒྲུབ་པའི་འདི་ལ། ཞེས་པ་ནས། སྐལ་པ་བཟང་། །ཞེས་པའི་བར་གྱིས་བསྟན་ཏེ། ཐུན་མོང་མ་ཡིན་པའི་རྒྱུད་རྡོ་རྗེ་གསང་བའི་སྙིང་པོ་རྒྱུད་ལྔ་པོ་ཀུན་གྱི་དངོས་གཞིར་ངེས་པ་གང་གིས་ལོགས་ནས་བསྒྲུབ་ཏུ་མེད་པར་ཤེས་པའི་ངོ་བོ་ཉིད་དམ་པ་འདི་ཉིད་ལ་གང་ཡང་དོན་དུ་མི་གཉེར་བར་བསྒྲུབ་པ་ཆེན་པོ་ལ་གནས་པ་ཡི་རྣལ་འབྱོར་དབང་ཕྱུག་དེ་ཉིད་ནི་སྐལ་བ་ཤིན་ཏུ་བཟང་པོ་སྟེ། སྙིང་པོའི་ངོ་བོ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཡོན་ཏན་རྫོགས་ཏེ་ཐབས་ཆེན་ལམ་གྱི་མཆོག་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། གཞི་གསང་བའི་སྙིང་པོར་བསྟན་པ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྒྱུད་ལྔར་བསྟན་པའོ། །དང་པོ་ནི། སྔར་གྱི་འཕྲོར། ཨེ་མའོ་ངོ་མཚར། ཞེས་པ་ནས། སངས་རྒྱས་སེམས་ཅན་ཀུན་གྱི་གསང་། །ཞེས་པའི་བར་དང་། ཚིགས་བཅད་གཅིག་གི་འོག་ནས། ཨེ་མའོ་ངོ་མཚར། ཞེས་པ་ནས། སངས་རྒྱས་ཀུན་གྱི་ངེས་པའོ། །ཞེས་པའི་བར་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དང་པོ་དག་མཉམ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་དབྱིངས་ཡེ་ལྷུན་རྫོགས་ཆེན་པོ་འཁོར་འདས་ཀུན་གྱི་གཞིའི་གནས་ལུགས་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། རྒྱུད་སྡེ་ཆེན་པོ་དྲུག་གི་ཡང་གཞི་དང་རྩ་བ། རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་དགོངས་པ་དོན་གྱི་གསང་པ་མཐར་ཐུག་པ། བྱང་ཆུབ་ཀྱི་སེམས་གསང་སྔགས་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ཤིན་ཏུ་མཐོང་དཀའ་བ་འབྲས་བུའི་ངོ་བོ་འདི་ཉིད་ནི། རྒྱལ་བ་རྫོགས་པའི་སངས་རྒྱས་དང་འགྲོ་བ་སེམས་ཅན་ཀུན་གྱི་ངོ་བོ་དེར་གཅིག་པའི་གཞི་དབྱིངས་གཉུག་མའི་ཆོས་ཉིད་ཀུན་གྱི་སྤྱོད་ཡུལ་མ་ཡིན་པས་གསང་བ་དམ་པའོ། །འདི་ལ་གཞི་དབྱིངས་དོན་གྱི་སྙིང་པོ་འདི་ཉིད་འཁོར་འདས་ཀུན་གྱི་གསང་བ་རྟོགས་པར་བྱ་བའི་དམ་པ་ཡིན་ཀྱང་ལོག་པའི་སྲད་བུ་བཅུ་ཡིས་བླ་མའི་ཞབས་ལ་རེག་པའི་ཡུལ་མིན་པས་གསང་བ་ཞེས་ཀྱང་གསུངས་སོ། །དེའི་ཕྱིར་ལམ་གྱི་བསྟན་པ་རིལ་གྱི་ངོ་བོ་ཡང་། འདིའི་མཚན་གྱི་རྣམ་གྲངས་སྣང་བས་ཡོན་ཏན་ཆ་རེ་མཚོན་པ་ལས་བཏགས་ཏེ། གང་ཞེ་ན། རྒྱུད་སྡེ་ཆེན་པོ་དྲུག་ཏུ་བསྟན་པ་ལས། གཉིས་པ་གཞི་དབྱིངས་དེ་ཉིད་ཇི་བཞིན་དུ་སྟོན་པའི་གཞིའི་རྒྱུད་དམ་སྤྱིའི་རྒྱུད་ཀྱི་ངོ་བོ་ཡིན་པར་སྟོན་ཏེ། བསྟན་པ་ཀུན་གྱི་ཡང་བཅུད་གསང་ཆེན་དོན་གྱི་ངོ་བོ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། ཡེ་ནས་ལྷུན་གྱིས་རྫོགས་པའི་སྤྱོད་ཡུལ་སྟོན་པའི། རྒྱལ་བ་རྫོགས་པའི་སངས་རྒྱས་འབྲས་ཆོས་ལྔའི་མངའ་བདག་ཀུན་གྱི་དགོངས་པ་གསང་བ་དམ་པ། ཤིན་ཏུ་དཔགས་པར་དཀའ་བ་བསྟན་པ་ཐམས་ཅད་ཀྱི་གསང་བ་དམ་པའི་སྙིང་པོ་འདི་ཉིད་ནི། མི་བསྟན་པར་བྱའོ་ཅོག་གི་མཆོག་ཏུ་གྱུར་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་སྲོག་སྙིང་ཤིན་ཏུ་མ་ནོར་བའི་དོན་གྱི་གནས་ལུགས་རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་དགོངས་པའི་ཞེ་ཕུགས་མཐར་ཐུག་ཏུ་ངེས་པ་ཡིན་པས་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་ཀྱང་བྱའོ། །གཉིས་པ་ནི། གོང་གི། ཨེ་མའོ་ངོ་མཚར། ཞེས་པ་ནས། རྡོ་རྗེ་སྙིང་པོ་འདུས་པ་ཉིད། །ཅེས་པའི་བར་དང་། ཚིགས་བཅད་གཅིག་གི་འོག་ནས། ཨེ་མའོ་ངོ་མཚར། ཞེས་པ་ནས། མཐའ་གཉིས་འཛིན་པའི་ཞགས་པ་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། དང་པོ་རྒྱལ་བ་ཀུན་གྱི་དགོངས་པ་འདུས་པའི་ཐུགས་ཀྱི་གསང་བ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། མཐའ་བྲལ་ཀུན་གསལ་གྱི་དགོངས་པ། རྒྱལ་བ་རྫོགས་པའི་སངས་རྒྱས་ཐུགས་ལྔའི་མངའ་བདག་ཀུན་གྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་བཤད་པ་ལྟར་རིལ་མ་འདྲེས་ལ་ཡོངས་སུ་རྫོགས་པར་འདུས་པ་ངོ་བོ་ཟབ་ཅིང་ཕྲ་བའི་དོན་མཆོག་གསང་བ་རྨད་དུ་བྱུང་བ། དེ་ཁོ་ན་ཉིད་རྡོ་རྗེ་རྣམ་པ་གསུམ་གྱི་སྙིང་པོ་སེམས་ཉིད་གཉིས་མེད་ལ་འདུས་པས་གྲུབ་མཐའི་བཅུད་དུ་གྱུར་པ་ཉིད་དུ་ངེས་པས། གསང་བ་འདུས་པ་ཡང་ཡིན་ཏེ། རྒྱུད་ཕྱི་མ་ལས། གསང་བ་ཞེས་སུ་བསྟན་པ་ནི། །སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །འདུས་པ་ཞེས་བྱ་འདུས་པར་གསུངས། །ཞེས་འབྱུང་བའོ། །གཉིས་པ་རྒྱལ་བ་ཀུན་གྱི་བསྟན་པ་འབྱུང་བའི་གསུང་གི་གསང་བ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། ཉེ་རིང་མེད་པར་རང་སྐད་དང་འཚམས་པར་གྲགས་ཀྱང་ངོས་བཟུང་མི་གནས་པ། རྒྱལ་བ་རྫོགས་པའི་སངས་རྒྱས་གསུང་ལྔའི་མངའ་བདག་ཀུན་གྱི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ། རང་རིག་པ་ནི་མཐའི་དྲི་མ་དྭངས་པས་ཟླ་བ་ལྟར་ངོ་བོ་མ་བསྒྲིབ་པར་གསལ་ཡང་བསམ་དཀའ་བས་གསང་བ་དམ་པ་དེ་ཉིད་ལས་བྱུང་བའི་མ་འགགས་ལ་མ་འདྲེས་པར་རང་ཤར་བའི་གསུང་གི་ཐིག་ལེ་སྤྲོས་ཀུན་བྲལ་ཞིང་མུ་མཐའ་མི་རྙེད་པས་ཟབ་མོ་ཚངས་དབྱངས་ཀྱི་རྣམ་པར་འབྱུང་བས་ན། ཟླ་གསང་ཐིག་ལེའང་ཡིན་ནོ། །གསུམ་པ་རྒྱལ་བ་ཀུན་གྱི་བཀོད་པ་སྟོན་པའི་སྐུའི་གསང་བ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། གང་ལ་གང་འདུལ་དུ་སྣང་ཡང་ངོ་བོ་མི་རྙེད་པ། རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་ལྔའི་མངའ་བདག་ཀུན་གྱི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ། ཡེ་ཇི་བཞིན་པ་དང་། རྒྱུད་དག་པའི་རྒྱལ་བ་རྫོགས་པའི་སངས་རྒྱས་མ་ལུས་པ་ཀུན་དང་ངོ་བོ་མི་ཕྱེད་པར་མཉམ་པར་སྦྱོར་བས། རྒྱལ་བའི་གཟུགས་སྐུར་སྣང་བ་ཇི་སྙེད་པ་དཔེར་ན་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སྣང་ལ་རང་བཞིན་མེད་དེ་མ་འདྲེས་ལ་ཡོངས་སུ་རྫོགས་པར་གཅིག་དང་དུ་མ་བྲལ་བར་གསལ་བའི་ཕྱིར་སངས་རྒྱས་མཉམ་སྦྱོར་ཡང་ཡིན་ནོ། །བཞི་པ་རྒྱལ་བ་ཀུན་གྱི་ཆེ་བའི་ཁྱད་པར་ཡོན་ཏན་གྱི་གསང་བ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། འབྲས་བུའི་ཆོས་ཀྱི་མངའ་ཐང་ཀུན་ལ་རང་དབང་བསྒྱུར་ཏེ་ཟད་པ་མེད་པ། རྒྱལ་བ་རྫོགས་པའི་སངས་རྒྱས་ཡོན་ཏན་ལྔའི་མངའ་བདག་ཀུན་གྱི་ཡོན་ཏན་གྱི་གསང་བ་བསམ་གྱིས་མི་ཁྱབ་པ། སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་ལྟར་སྣང་ཡང་གྲུབ་པ་མེད་པ་ཡེ་ཤེས་ཆེན་པོའི་ངོ་བོར་ལྷུན་གྱིས་གྲུབ་པ་ལས་འགྲོ་འོང་མེད་པར་ཇི་སྙེད་པའི་ཆོས་སུ་རྣམ་པར་འཕྲུལ་ཏེ་གཉིས་སུ་མེད་པའི་དྲྭ་བ་ཚད་དང་བྲལ་བས་སྤྲིན་གྱི་ཕུང་པོོར་བྱུང་ཡང་། དོན་ལ་དབྱེར་མེད་པའི་ཕྱིར་སྒྱུ་འཕྲུལ་དྲྭ་བའང་ཡིན་ནོ། །འདི་ཉིད་ཡོན་ཏན་གྱི་ཆ་ནས་བཞག་པས་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ཡིན་པར་གསུངས་སོ། །ལྔ་པ་རྒྱལ་བ་ཀུན་གྱི་མཛད་པའི་རྣམ་རོལ་ཕྲིན་ལས་ཀྱི་གསང་བ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། མཛད་པ་དུས་ལས་མི་ཡོལ་བར་གང་ཡང་ཐབས་ཀྱི་རོལ་མོར་འཆར་བ། རྒྱལ་བ་རྫོགས་པའི་སངས་རྒྱས་ཕྲིན་ལས་ལྔའི་མངའ་བདག་ཀུན་གྱི་ཕྲིན་ལས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ། རང་རིག་པ་ཅིར་ཡང་སྣང་བའི་སྤྲུལ་པའི་མཛད་པ་ཐབས་ཀྱི་དྲྭ་བ་ཆེན་པོའི་རོལ་པ་ལས་འཁོར་འདས་དང་ཡོད་མེད་ལ་སོགས་པའི་མཐའ་གཉིས་སུ་སྣང་བ་རིལ་མ་སྤང་པར་དེ་ཉིད་དུ་འཛིན་པར་མཛད་པའི་ཞགས་པ་དང་འདྲ་བར་བྱུང་བའི་ཕྱིར་ཐབས་ཀྱི་ཞགས་པ་ཡང་ཡིན་ནོ། །དེ་ཡན་ཆད་ནི་ཐོབ་པར་བྱ་བའི་དོན་གྱི་རང་བཞིན་ནོ། །དྲུག་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། འོག་ནས། ཇི་ལྟར་སྒོམ་སྒྲུབ། ཅེས་པ་ནས། དོན་གྱི་མཆོག །ཅེས་པའི་བར་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་གཞན་ནས་བསྒྲུབ་ཏུ་མེད་པར་ཤེས་པ་དེ་ནི་ཐབས་དང་ལས་ཁྱད་པར་ཅན་ཡིན་པས། དེ་ཉིད་ཇི་ལྟ་བ་བཞིན་དུ་ཐག་ཆོད་པ་ལྟར་གནས་ཏེ་ཐེག་པའི་རིམ་པ་དགུའི་རྩོལ་བའི་མཐའ་ཡི་སྒོམ་པ་དང་སྒྲུབ་པའི་ལས་ཀྱི་རིམ་པ་གང་ཅིར་ཡང་མི་འགོག་པར་སྤྱད་ཀྱང་། བྱས་པ་ལ་བྱས་འཛིན་མེད་པས་སེམས་ཀྱི་དེ་ཁོ་ན་ཉིད་དེར་མཐར་ཐུག་པ་ཡིན་ཏེ། དོན་ཆེན་པོ་གཏན་ལ་ཕེབས་པའི་ལམ་གྱི་མཆོག་དམ་པ་ལས་མ་ཉམས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཐེག་པ་དགུའི་ངོ་བོ་བསྟན་པ། དེས་ན་བསྟན་པའི་འབྱུང་གནས་དང་ལུང་གི་སྤྱི་འགྲེལ་དུ་བསྟན་པའོ། །དང་པོ་ནི། སྔར་གྱི་འཕྲོར། ཨེ་མའོ་ངོ་མཚར། ཞེས་པ་ནས། དག་པའི་མཐའ་གཉིས་ངེས་པར་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། དམ་པའི་མཛོད་གསུམ་དང་ཐབས་ཀྱི་གསང་བ་ཆེན་པོར་ཤར་བ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། ངེས་པ་དོན་གྱི་དགོངས་པའི་ཐབས་ཀྱི་གསང་མཛོད། རྒྱལ་བ་རྫོགས་པའི་སངས་རྒྱས་ལྷུན་རྫོགས་ཆོས་སྐུའི་ངོ་བོར་བཞུགས་ཤིང་མཚན་དཔེ་གསལ་རྫོགས་ཀྱི་ལོངས་སྐུར་བཀོད་པ་ཀུན་གྱི་དགོངས་པ་གསང་བ་དམ་པ། ཡེ་ནས་ལྷུན་གྱིས་གྲུབ་པས་བྱ་རྩོལ་དང་བྲལ་བའི་ཕྱིར་བྱ་བྲལ་རྫོགས་པའི་རྒྱུད་ཨ་ཏི་ཡོ་ག་དང་། དབྱིངས་དང་ཡེ་ཤེས་ཀྱི་ངོ་བོ་འཆིང་བ་དང་བྲལ་བའི་ཕྱིར་རྣམ་གྲོལ་རིག་པའི་རྒྱུད་ཨ་ནུ་ཡོ་ག་དང་། ཆགས་སྡང་ཅན་ལ་སྤྱོད་པ་མཐུན་མཇུག་ཏུ་སྣང་བའི་ཕྱིར་མཐུན་འཇུག་སྤྱོད་པའི་རྒྱུད་མ་ཧཱ་ཡོ་ག་སྟེ་བསྐྱེད་རྫོགས་གསུམ་དུ་ཡང་ཤར་རོ། །དཀའ་ཐུབ་རིག་བྱེད་ཀྱི་གསང་བ་གསུམ་དུ་ཤར་བ་ཡང་། ངང་གིས་མི་གཡོ་ཞིང་ཞི་བའི་ཏིང་ངེ་འཛིན་དུ་ཞུགས་པའི་ཕྱིར་ཞི་གནས་སྦྱོར་བའི་རྒྱུད་དང་། ལྟ་སྤྱོད་གོང་འོག་གི་ཐབས་ལ་བརྟེན་པའི་ཕྱིར་མཐར་ཕྱིན་ཐབས་ཀྱི་རྒྱུད་དང་། སྒོ་གསུམ་ས་ལ་འགོང་པའི་ཐབས་ཀྱི་བྱ་བའི་ལས་གཙོ་བོར་བྱེད་པའི་ཕྱིར་བྱ་བ་ལས་ཀྱི་རྒྱུད་དེ། ཡོ་ག་དང་། ཨུ་པ་ཡ་དང་། ཀྲི་ཡ་གསུམ་དུ་འབྱུང་བའོ། །དེ་བས་ན་རྒྱུད་ཀྱི་ཡན་ལག་དྲུག་ཀྱང་ཡིན་ནོ། །དེར་ཡང་མ་ཟད་ངེས་པར་འབྱུང་བའི་གདུལ་བྱ་ལ་བློ་དང་འཚམས་པར་བརྒྱུད་པའི་ཐབས་སུ་ཤར་བ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། ཐུགས་རྗེ་དང་ཐབས་ལ་མཁས་པའི་གདུལ་ཐབས། རྒྱལ་བ་རྫོགས་པའི་སངས་རྒྱས་ཐུབ་པ་སྤྲུལ་པའི་སྐུ་མཆོག་ཀུན་གྱིས་བརྒྱུད་ནས་འདྲེན་པའི་ཐབས་ཀྱི་གསང་བ་མཐར་ཐུག་ངེས་པའི་དོན་ལ་གཞོལ་པ། ཀུན་རྫོབ་སྒྱུ་མ་དང་། དོན་དམ་པའི་ངོ་བོ་གཉིས་མ་འགགས་པར་ཤར་བས། སྐྱེ་བོ་དང་མུ་སྟེགས་ལས་འཕགས་ཏེ་བདེན་བཞིའི་ཆོས་ཉིད་ལྷག་པར་མཐོང་བ་ཉན་ཐོས་དང་། དེ་ཉིད་ཇི་ལྟ་བ་ལ་གཟུང་རྟོག་དང་བྲལ་བས་བྱིང་རྒོད་ལ་སོགས་པ་མེད་དེ་མི་བསྒུལ་བས་ཞི་བར་གནས་པ་རང་རྒྱལ་དང་། མཐའ་བཞི་དང་སྤྲོས་པའི་མཐའ་བརྒྱད་སྟོང་གཞི་ཡོད་པའམ་མེད་པའི་ཚུལ་གྱིས་ཡེ་དག་པས། དོན་དམ་པར་མ་སྐྱེས་པར་རྟོགས་པའི་དབུ་མའི་ལམ་གྱིས་མཐའ་གཉིས་ལས་ངེས་པར་འབྱུང་བའི་ཐེག་པ་སེམས་ཙམ་དང་དབུ་མ་སྟེ། དེ་བས་ན་སྡེ་སྣོད་གསུམ་དུའང་ཤར་རོ། །གཉིས་པ་ནི། ཨེ་མའོ་ངོ་མཚར། ཞེས་པ་ནས། འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། དེ་ལྟར་ཡོངས་རྫོགས་ཀྱི་ངོ་བོ་ལས་ཐེག་པ་ཀུན་ཏུ་མ་འདྲེས་པར་ཤར་བ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། གདུལ་བྱའི་བློ་རིམ་ལྟར་སྣང་བའི་ཐབས་ཀྱི་གསང་སྒོ། རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཀུན་གྱི་དགོངས་པ་གསང་བ་དམ་པ། སྤྲུལ་སྐུའི་ཆོས་མཛོད་སྡེ་སྣོད་རིན་པོ་ཆེ་གསུམ་དང་། ལོངས་སྐུའི་གསང་མཛོད་སྔགས་རྒྱུད་ཕྱི་པ་གསུམ་དང་། ཆོས་སྐུའི་དགོངས་པ་དམ་པའི་མཛོད་ཆེན་གསུམ་སྟེ། མདོ་སྔགས་ཀྱི་བཀའ་ལུང་ཇི་སྙེད་པའི་ངོ་བོར་བཞུགས་པས། དེ་རྣམས་ཀྱི་དོན་རྫོགས་པ་དང་། ཕྱོགས་ཆ་མཚོན་པའི་བཀའི་ཚིག་དང་། ཡི་གེར་ཡང་བྱིན་རླབས་ཀྱིས་ཤར་བས་ཀུན་གྱི་འབྱུང་གནས་ཀྱི་གཞི་ཡང་ཡིན་ལ། དེ་དག་གིས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དང་རྗེས་དཔགས། རིམ་གྱིས་དང་གཅིག་ཆར། དངོས་སུ་དང་། བརྡ་ཐབས་ཀྱི་བརྒྱུད་པས་ཡང་དག་པར་གཏན་ལ་ངེས་པར་འབེབས་ཏེ། མདོར་བསྟན་པ་ཀུན་འདིས་ནོར་དུ་རུང་བར་བྱེད་པའོ། །དེ་བས་ན་བཀའ་ཐམས་ཅད་སྙིང་པོ་བྱང་ཆུབ་འདི་ཉིད་དོ། །བདུན་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། འོག་ནས། རྒྱལ་བ་ཀུན་གྱི། ཞེས་པ་ནས། རྣམས་ཀྱི་ཡུམ། །ཞེས་པའི་བར་གྱིས་བསྟན་ཏེ། གང་བདུད་ཀྱི་དཔུང་ལས་རྒྱལ་ཏེ་ཆེ་བར་གྱུར་པ་ཀུན་གྱི་སྙིང་པོ་འབྲས་བུ་དམ་པ་ཉིད་ཡེ་ནས་ལྷུན་གྱིས་གྲུབ་པར་མངའ་བའི་བྱིན་རླབས་རང་སྣང་བ་ནི། མདོ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སྟེ། ཡ་མཚན་ཆེ་ཞིང་ངོ་མཚར་རྒྱ་ཆེར་འབྱུང་བ་དེ་དག་ཇི་བཞིན་པ་ལས་བྱུང་བ་མེད་པར་འཆར་རོ། །དེའི་ཕྱིར་རྒྱལ་བ་རྒྱ་མཚོ་མ་ལུས་པ་རྣམས་ཀྱི་སྐྱེད་པར་བྱེད་པའི་ཡུམ་དུ་གྱུར་པ་ཉིད་དོ། །གཉིས་པ་ནི། སྔར་གྱི་འཕྲོར། ཨེ་མའོ་ངོ་མཚར། ཞེས་པ་ནས། སངས་རྒྱས་འབྱུང་བའི་སྙིང་པོ་ཡུམ། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་ཇི་ལྟར་ལྡན་སྙམ་ན། དང་པོ་དོན་དང་མི་འགལ་བར་སྟོན་ཏེ། རྒྱལ་བ་སྐུ་གསུམ་གྱི་བཀའ་ཇི་སྙེད་དུ་ཤར་ཡང་དོན་གྱི་ངོ་བོར་རྒྱ་ཆད་ཕྱོགས་ལྷུང་མེད་པར་གྱུར་པ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས་མ་འདྲེས་ཡོངས་རྫོགས་ཀྱི་དེ་ཉིད། རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་མངའ་བདག་ཀུན་གྱི་དགོངས་པ་གསང་བ་དམ་པ་ཕུལ་དུ་བྱུང་བ་ཉིད་དེ། གདུལ་བྱའི་ཡུལ་གྱི་ཁམས་དབང་བསམ་པའི་ཁྱད་པར་སྣ་ཚོགས་པ་ནི་རབ་འབྲིང་ཐ་མ་བྱེ་བྲག་དང་བཅས་པར་འབྱུང་བ་ཇི་སྙེད་པ་ཀུན་གྱི་དོན་དུ་རང་རང་གི་རྒྱུད་དང་འཚམས་པའི་གདུལ་བའི་ཐབས་ཀྱི་གསུང་གི་འཇུག་སྒོ་བསྟན་པ་རིན་པོ་ཆེ་ཡང་དེ་སྙེད་དུ་སྣང་ཞིང་གྲགས་པར་འབྱུང་སྟེ། དེ་ལྟར་ལྷུན་གྱིས་གྲུབ་པའི་ཕྱིར་དོན་དང་མི་འགལ་བར་སྣང་དུ་བཏུབ་པའོ། །དེ་བས་ན་རྒྱུད་འདི་ལྟ་བུ་ཉིད་ཀྱང་ཇི་ལྟར་སྣང་ཡང་། ངོ་བོའི་དབང་དུ་སྟོན་པ་ཉག་གཅིག་གི་བྱིན་རླབས་སྣང་བ་ཡིན་ནོ། །གཉིས་པ་བཀའ་ལུང་ལ་སྣང་བར་སྟོན་ཏེ། བཀའ་ཡི་དམ་པ་དོན་གྱི་སྙིང་པོ་ཉིད། ཇི་བཞིན་དུ་མ་ནོར་བར་འགྲེལ་བའི་གསང་བ་མཆོག་གི་སྒོར་ཤར་བ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། བསྟན་པའི་ཡང་རྩེ་ངེས་པ་དོན་གྱི་དགོངས་པ། རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་མངའ་བདག་ཀུན་གྱི་བཀའ་ལུང་གསང་བ་དམ་པ་རྒྱུད་ཀྱི་རྒྱལ་པོ་ཉིད་དེ། ཆེ་བ་བདུན་དང་ལྡན་པའི་རྒྱུད་ལུང་མན་ངག་གི་སྤྱི་མཛོད་རབ་འབྱམས་རྨད་དུ་བྱུང་བར་གྲགས་པ་དོན་དང་ཚིག་ཁྱད་པར་ཅན་དུ་གདུལ་བྱ་ལ་སྣང་བའི་དགོངས་པ་འདུས་པ་ཆོས་ཀྱི་མེ་ལོང་དུ་ཉེ་བར་གཟུང་བ་འདི་ཉིད་མདོ་སྔགས་ཀྱི་བཀའ་ལུང་ཐེག་པའི་སྒོ་ཡི་རིམ་པ་དེ་སྙེད་དུ་བསྒྲང་བའི་རབ་རྒྱུད་དམ་པ་མཆོག་ཏུ་གསང་བ་ཉིད་དེ། སྙིང་པོ་བྱང་ཆུབ་ཉིད་ཇི་ལྟ་བར་མཚོན་པའི་སྒྲོ་སྐུར་མེད་པར་ཚིག་ཏུ་སྣང་བ་འདི་ཉིད་ཁོ་ནའོ། །འོ་ན་དམ་པར་བརྗོད་པའི་གཏན་ཚིགས་གང་ཞེ་ན། གསུམ་པ་རིགས་པས་འཐད་པར་སྟོན་ཏེ། བསྟན་པ་རྒྱ་མཚོ་འབྱུང་བའི་གཞི་རྩ་ཡེ་རྫོགས་སྙིང་པོའི་ཚད་མལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། ཐེག་པ་ཀུན་གྱི་དགོངས་བཅུད། རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་མངའ་བདག་ཀུན་གྱི་དགོངས་པ་གསང་བ་འཁྲུལ་མེད་དུ་སྟོན་པ། སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་ཆོས་ཉིད་ཇི་བཞིན་པ་ཡི་དེ་ཁོ་ན་ཉིད་དུ་ངེས་པའི་ཕྱིར་རྒྱུད་ཀྱི་རྒྱལ་པོ་འདི་ལས་བཀའ་དེ་སྙེད་ཀྱི་བསྟན་པ་འབྱུང་བའི་རྒྱུ་ཡི་སྙིང་པོ་མཆོག་ཏུ་འཕགས་པ་ཉིད་དེ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཆེ་བ་དང་ལྡན་པའི་ཕྱིར་རོ། །དེའི་ཚུལ་དང་མཐུན་པར། བཞི་པ་གཏན་ཚིགས་ཀྱིས་རྒྱས་པར་སྟོན་ཏེ། རྒྱུད་ལུང་མན་ངག་གི་དོན་གནས་ཐམས་ཅད་འདུས་པའི་ཚད་མ་ལ་ཤིན་ཏུ་ངམ་པས། ཨེ་མའོ་ཞེས་ངོ་མཚར་ཆེ་ཞིང་རྨད་ཀྱི་ཆོས། ཤེས་སྒྲུབ་ཀུན་གྱི་ཡང་བཅུད། རྒྱལ་བ་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་མངའ་བདག་ཀུན་གྱི་རྟོགས་བྱ་དོན་གྱི་གསང་བ་མཐར་ཐུག་པ། དོན་ཚིག་གཏིང་དཔགས་དཀའ་བ་ཟབ་མོ་མཐའ་དག་ཀུན་འདུས་པའི་ངང་དང་། རང་བཞིན་ལ་སོགས་པའི་གཏན་ཚིགས་ཐམས་ཅད་ཀྱི་གསང་བཅུད་སྟོན་པའི་རྒྱུད་ལུང་ཆེན་པོ་འདི་ཉིད་རྟོགས་པ་ཁོ་ན་ལས། རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་འབྱུང་བའི་སྙིང་པོ་དོན་གྱི་ཕྱི་མོར་ངེས་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །དེ་རྣམས་ཀྱིས་ཐོབ་བྱེད་ཐབས་ཀྱི་ཁྱད་པར་བསྟན་པའོ། །གསུམ་པ་ཐུགས་རྗེའི་ཆོ་འཕྲུལ་གྱི་ཞབས་བསྡུ་བ་ལ་གཉིས་ཏེ། མཇུག་བསྡུ་བ། ཤིན་ཏུ་བསྡུས་པའོ། །དང་པོ་ལ་བཞི་སྟེ། ལེའུ་བཅུ་དྲུག་པའི་བསྡུ་བ། བཅུ་བདུན་པའི་བསྡུ་བ། བཅོ་བརྒྱད་པའི་བསྡུ་བ། བཅུ་དགུ་པའི་བསྡུ་བའོ། །དང་པོ་ནི། རྣམ་པ་སྣ་ཚོགས། ཞེས་པ་ནས། ཐུགས་ཀྱི་དཀྱིལ་འཁོར་ཤར། །ཞེས་པའི་བར་གྱིས་བསྟན་ཏེ། རྒྱལ་བའི་སྐུ་ཡི་བཀོད་པ་ཡོན་ཏན་རྣམ་པ་སྣ་ཚོགས་ཇི་སྙེད་པ་ཐམས་ཅད་མི་འགོག་པར་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དེ། ཀུན་འདུས་ལས། སྐུ་ཡི་སྤྲུལ་པ་ཐམས་ཅད་ནི། །དེ་བཞིན་རིགས་ཀྱི་གདུང་རྒྱུད་འཛིན། །ཞེས་སོ། །ངོ་བོ་མི་འགྱུར་ཞིང་གཉེན་པོ་དང་བྲལ་བས་མི་ཤིགས་པའི་ཐུགས་ལ་གཡོ་བ་མེད་པས་རྡོ་རྗེ་སེམས་དཔའ་སྟེ། སྔ་མ་ལས། ཐུགས་ལས་སྤྲུལ་པའི་སངས་རྒྱས་ནི། །རྡོ་རྗེ་རིགས་ཀྱི་གདུང་རྒྱུད་འཛིན། །ཞེས་སོ། །གྲགས་མཐའ་དཔག་ཏུ་མེད་པ་ཇི་སྙེད་པར་གསལ་བས་རྒྱལ་བའི་གསུང་དུ་ཤར་བར་སྣང་བ་མཐའ་ཡས་ཏེ། གསུང་ལས་སྤྲུལ་པའི་སངས་རྒྱས་རྣམས། །པདྨ་རིགས་ཀྱི་གདུང་རྒྱུད་འཛིན། །ཞེས་སོ། །མཚན་དང་དཔེ་བྱད་དང་དངོས་གྲུབ་ཇི་སྙེད་པའི་ཡོན་ཏན་ཀུན་གྱི་འབྱུང་གནས་སུ་གྱུར་པས་དཔེ་ནོར་བུ་རིན་ཆེན་དབང་གི་རྒྱལ་པོ་ལྟར་སངས་རྒྱས་རྣམས་ཀྱི་ཆེ་བའི་ཡོན་ཏན་སྣ་ཚོགས་པ་ཀུན་འབྱུང་བས་རིན་ཆེན་འབྱུང་ལྡན་ཏེ། ཡོན་ཏན་ཡུལ་གྱི་སངས་རྒྱས་རྣམས། །རིན་ཆེན་རིགས་ཀྱི་གདུང་རྒྱུད་འཛིན། །ཞེས་སོ། །གདུལ་བྱ་མཐའ་དག་གི་དོན་ཐམས་ཅད་མ་བརྩལ་བར་ལྷུན་གྱིས་གྲུབ་པའི་ངང་ནས་རྫོགས་པར་མཛད་པས་གདོན་མི་ཟ་བའམ་དོན་ཡོད་གྲུབ་པ་སྟེ། མཛད་པ་སྤྲུལ་པའི་སངས་རྒྱས་རྣམས། །ཕྲིན་ལས་རིགས་ཀྱི་གདུང་རྒྱུད་འཛིན། །ཞེས་དང་། དེས་ན་ལྔ་ཞེས་ངེས་པར་བཤད། །ཅི་ཕྱིར་ཞེ་ན་སངས་རྒྱས་ཀུན། །ལྔ་པོ་དེ་ལས་མ་གཏོགས་པ། གཞན་ལས་བྱུང་ཞིང་གཞན་ན་མེད། །ཅེས་སོ། །འོ་ན་སངས་རྒྱས་ལྔར་སྣང་བས་གཅིག་པར་མི་འགྱུར་ཏེ་ཐ་དད་དོ་ཅེ་ན། ཆོས་ཉིད་ཀྱི་ངང་ལ་སྟོན་འཁོར་ཐ་མི་དད་པར་རྡོ་རྗེ་སྙིང་པོ་ཉིད་ལ་ཉིད་འཆར་ཞིང་སྣང་བའི་ཚུལ་གྱིས་དཔེར་ན་ཉི་མ་འོད་དུ་ཤར་བ་བཞིན་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་རིག་པ་རང་གསལ་དུ་ཤར་བ་ཁོ་ནའོ། །དེས་ན་རང་བྱུང་གི་ཡེ་ཤེས་ལས་དང་ངོ་བོས་རྡོ་རྗེ་སྟེ་ཡེ་ཤེས་རིལ་གྱི་རྩ་བ་ཉིད་དེ། དེ་ཉིད་ཀྱི་བྱིན་རླབས་ཡེ་ཤེས་ལྔའི་ངོ་བོ་རིགས་ལྔར་ཤར་བས་རང་བྱུང་ཡེ་ཤེས་ཉིད་དང་དྲུག་གི་ཕྱིར་རིགས་ཀྱང་རྗེས་སུ་མཐུན་ཏེ། ལྷ་རྒྱུད་ཆེན་པོ་ལས། སྐུ་ལྔའང་ཀུན་བཟང་དབྱེར་མེད་པས། རྒྱལ་བ་དྲུག་པ་ཞེས་བྱའོ། །རིགས་ལྔ་ཀུན་བཟང་དབྱེར་མེད་པས། །རིགས་དྲུག་པ་ཞེས་བྱ་བ་ཡིན། །ཞེས་སོ། །དེ་བས་ན་རྒྱལ་བ་མ་ལུས་པའི་ཡུམ་དུའང་མངོན་ནོ། །གཉིས་པ་ནི། བསམ་མེད་བསམ་གྱིས། ཞེས་པ་ནས། སྒོ་ཡང་དེ་ལས་མེད། །ཅེས་པའི་བར་གྱིས་བསྟན་ཏེ། ལེའུའི་སྟོད་མ་འགགས་པར་སྣང་བའི་སྒོ་བསྡུ་སྟེ། སྙིང་པོ་བྱང་ཆུབ་ངོ་བོ་བསམ་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་ངང་ལས། ཆོས་ཀྱི་སྒོ་མོ་དཔག་ཏུ་མེད་ལ་གྲངས་ལས་འདས་པར་སྣང་བའང་། མདོར་ཉོན་མོངས་པ་འདུལ་དབང་གིས་སྟོང་ཕྲག་བརྒྱད་ཅུའམ་བརྒྱད་ཁྲི་དང་བཞི་སྟོང་དུ་གདུལ་བྱ་རྣམས་འཇུག་པའི་སྒོ་རུ་བསྟན་ཞིང་གྲགས་པར་གྱུར་པའི་རྣམ་གྲངས་བསམ་ཡས་པར་བཞུགས་ཀྱང་། ལེའུའི་སྨད་མ་སྐྱེས་པར་སྣང་བ་སྡུད་དེ། སེམས་ཀྱི་དེ་ཁོ་ན་ཉིད་ཇི་བཞིན་པར་མ་ནོར་བར་ངེས་པའི་གསང་བ་མཆོག་གི་ཐེག་པ་གཅིག་ལས་མེད་དེ། དངོས་སུ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བར་སྟོན་པའི་རྒྱུད་ཆེན་པོ་ཆོས་ཀྱི་མེ་ལོང་འདི་ཉིད་དོ། །འོ་ན་དོན་གཅིག་ལ་ཐ་དད་དུ་བསྟན་པ་ཇི་ལྟར་འབྱུང་ཞེ་ན། གསང་བ་མཆོག་གི་ཐེག་པ་འདི་ཉིད་དུ་རིགས་མ་ངེས་ཏེ་དོན་མ་རྟོགས་པར་ཤ་ཐང་བས་རྩོལ་བ་དང་བཅས་ཏེ་འཇུག་པའི་བར་དུ་ལམ་སྟེགས་ཀྱི་ཐེག་པའི་སྒོ་ཡང་བློ་རིམ་ལྟར་བསམ་གྱིས་མི་ཁྱབ་པར་ཤིན་ཏུ་མང་ལ། འདི་ཉིད་དང་འཕྲད་དེ། གསང་དོན་ཟབ་མོ་ཉིད་ངེས་པར་སྣང་ནས་རྟོགས་མ་ཐག་ཏུ། ཐེག་པའི་འཇུག་སྒོ་ཡང་མདོ་གཅིག་པོ་དེ་ལས་ལྷག་པ་མེད་པའི་ཕྱིར་སྒོ་ཀུན་ནས་བསྡུར་བའི་བསླབ་པའང་ཤིན་ཏུ་གཅེས་སོ། །དེ་བས་ན་ཐེག་པ་ཐམས་ཅད་ཀྱི་ཡུམ་དུའང་མངོན་ནོ། །གསུམ་པ་ནི། བརྗོད་དང་བསྟན་པའི། ཞེས་པ་ནས། དོན་ཏེ་དེ་ཉིད་མིན། །ཞེས་པའི་བར་གྱིས་བསྟན་ཏེ། དེས་ན་ཀུན་བརྗོད་པ་དང་བསྟན་པའི་རྣམ་གྲངས་ཇི་སྙེད་དུ་གྲགས་པ་ཀུན་ཀྱང་འགྲོ་བ་བརྒྱུད་ནས་དྲང་ཞིང་བཀྲི་བའི་དོན་དུ་བརྡས་མཚོན་པ་ཁོ་ན་ཡིན་ཏེ། ཚིག་ཉིད་ངེས་པ་དོན་གྱི་དེ་ཁོ་ན་ཉིད་མིན་པས་སོ། །བཞི་པ་ནི། ཚིག་བརྡའ་བརྗོད་པས། ཞེས་པ་ནས། ལུང་ཆེན་ངེས་པར་བསྟན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་མཚོན་བྱེད་ཚིག་གི་བརྡའ་ཐབས་བརྗོད་པ་ལ་བརྟེན་པས་ཡུན་གྱི་དོན་སྲིད་ཆེན་པོ་དེ་ཁོ་ན་ཉིད་རྙེད་ཅིང་རྟོགས་པར་བྱེད་པ་ནི། དཔེར་ན་གསལ་བྱེད་སྒྲོན་མས་མུན་པ་བསལ་ནས་ཁང་པའི་ནང་གི་གསེར་ཚོལ་ན་རྙེད་པ་ལྟར་དུ། ཇི་བཞིན་དུ་མཚོན་པའི་ཐབས་ཀྱི་སྒོ་ལ་བརྟེན་ནས། དོན་དབྱིངས་རིག་བདེ་བ་ཆེན་པོ་གསང་བའི་སྙིང་པོའི་ཀློང་མཛོད་བརྡོལ་བར་བྱས་ཏེ། དམ་པ་རྣམས་ཀྱི་སྤྱོད་ཡུལ་བྱང་ཆུབ་སེམས་ཀྱི་གཏེེར་ཆེན་པོ་ཡུལ་མེད་རང་གསལ་དུ་འབྱིན་པ་ཁོ་ནའོ། །དེས་ན། རང་རིག་པ་ངང་གི་ཐིག་ལེ་ཆོས་ཉིད་བྱང་ཆུབ་ཀྱི་སེམས། བདག་ཉིད་ཆེན་པོ་གཅིག་གིས་དངོས་པོ་ཀུན་ལ་ཁྱབ་པའི་ཕྱིར། ཆོས་ཐམས་ཅད་གསང་སྔགས་དོན་གྱི་གནས་ལུགས་ཡེ་ཇི་བཞིན་པ་ཉིད་དུ་ལུང་ཆེན་པོ་ངེས་པར་བསྟན་པ་ཡིན་པས་ན། ཤེས་བྱ་ཀུན་གྱི་དེ་ཁོ་ན་ཉིད་མཐར་ཐུག་ཏུ་ངེས་པ་ཡིན་ནོ། །དེ་བས་ན། ལུང་ཆེན་པོར་བསྟན་པ་ཀུན་གྱི་ཡུམ་དུའང་མངོན་ནོ། །གཉིས་པ་ནི། འོག་ནས། སངས་རྒྱས་བདེ་ཆེན། ཞེས་པ་ནས། ཀུན་ཏུ་བཟང་པོ་ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། བཅུ་དྲུག་པའི་བསྡུ་བ་རྣམ་པ་སྣ་ཚོགས་ཞེས་པ་སྡུད་དེ། དེ་བས་སངས་རྒྱས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་རིལ་ངང་གི་ཐིག་ལེ་བདེ་བ་ཆེན་པོ་དེ་ལས་འབྱུང་སྟེ་སྣང་བའི་ཕྱིར། བཅུ་བདུན་པའི་བསྡུ་བ་བསམ་མེད་ཅེས་པ་སྡུད་དེ། རྩ་བ་ཆེན་པོ་འཁོར་འདས་མ་ལུས་པ་ཀུན་གྱི་སྙིང་པོ་དེ་བཞིན་ཉིད་ཀྱི་ཡེ་ཤེས་འདི་ཉིད་ཡེ་ནས་མཐའ་ཐམས་ཅད་དང་བྲལ་བའི་ངོ་བོ་སྤྲོས་པ་མེད་པའི་ཐིག་ལེར་གནས་ཤིང་བཞུགས་པ་ལས། བཅོ་བརྒྱད་པའི་བསྡུ་བ་བརྗོད་དང་ཞེས་པ་སྡུད་དེ། རྒྱལ་བའི་གདུང་འཚོབ་པའི་རྒྱལ་སྲས་སེམས་ཅན་ཆེན་པོ་ཀུན་གྱི་དོན་རྟོགས་པར་བྱ་བའི་ཕྱིར་དུ་སྟོན་པ་ཉིད་ལ་འཆད་ཅིང་ཉིད་ལ་ངེས་པར་འགྲེལ་ཏེ་གསལ་བར་བྱེད་དོ། །བཅུ་དགུ་པའི་བསྡུ་བ་ཚིག་བརྡའ་ཞེས་པ་སྡུད་དེ། རང་བཞིན་གྱི་ཞི་གནས་གང་དུའང་གཡོ་བ་དང་འཛིན་པ་མེད་པར་མི་རྟོག་པའི་ངང་དམ་པ་ཇི་བཞིན་པའི་ནམ་མཁའ་ཁྱབ་པའི་དབྱིངས་ལ་ངོ་བོ་ཉིད་ཀྱི་ལྷག་མཐོང་རང་རིག་པའི་མངོན་སུམ་ཀུན་ནས་མ་རྨོངས་པར་འཇའ་ཚོན་ལྟར་ཡེ་གསལ་བ་ཆེན་པོ་བཤད་པ་བཞིན་མ་འདྲེས་ལ་ཡོངས་སུ་རྫོགས་ཏེ་ངོ་བོ་གཅིག་དང་དུ་མ་ཡོད་མེད་རྟག་ཆད་ལ་སོགས་པ་མ་སྤངས་པར་གྲོལ་བའི་དོན་གྱི་གསང་བ་མཐར་ཐུག་པ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་རང་བཞིན་མ་ནོར་བ་ལ་དགོངས་པ་ངེས་པར་འགྲེལ་ཏེ་ལེགས་པར་བཤད་དོ་ཞེས་ཐ་སྙད་དུ་བསྙད་པར་མཛད་དོ། །ལང་ཀའི་བདག་པོ། སྟོང་པ་ཉིད་ལས་དེ་སྐད་དུ་ཚིག་གི་སྒྲ་བརྙན་བྱུང་བས། དོན་གྲུབ་པའི་ངོ་བོ་ཐམས་ཅད་མ་འདྲེས་པ་དང་ཡོངས་སུ་རྫོགས་པར་འགྲེལ་བར་བསྟན་པ་ནི། སྤྱོད་ཡུལ་ཡོངས་སུ་དག་པས་ཀུན་ཏུ་བཟང་པོ་ཉིད་དོ། །གསུམ་པ་ཞབས་བསྡུ་བས་འཁོར་གྱི་གོ་བའི་ཡོན་ཏན་ནི། ལང་ཀའི། ཞེས་པ་ནས། དབུགས་ཕྱིན་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ལྟར་ན་བཤད་པ་ལ་སྙེགས་པའི་དོན་གྱིས་རྗེས་སུ་མཐུན་པར་གང་གིས་དགོངས་པ་ངེས་པར་འགྲེལ་པ་རྒྱས་པར་བསྟན་པ་དེ་དག་ཀྱང་། ལས་ཀྱི་རྫུ་འཕྲུལ་གཞི་རང་བཞིན་ཇི་བཞིན་པ་དང་། བསམ་གཏན་གྱི་རྫུ་འཕྲུལ་ལམ་པའི་འཇུག་པ་དང་། ཆོས་ཉིད་ཀྱི་རྫུ་འཕྲུལ་འབྲས་བུ་ལ་སྦྱོར་བ་དང་། ཐུགས་རྗེའི་རྫུ་འཕྲུལ་ངེས་དོན་སེལ་མེད་པའི་རྩ་བ་དང་ཆོ་འཕྲུལ་བཞིའི་དོན་འཁྲུལ་པ་དང་ལམ་དང་རང་བཞིན་དང་འབྲས་བུའི་སྣང་བ་བཞིར་བསྟན་པ་ལས། ཕྱི་མ་ལ་གཞི་ལྷུན་གྱིས་གྲུབ་པ་ལས། ཇི་བཞིན་པར་ངེས་པ་ཞི་བའི་བཀོད་པ་དང་། དེ་འབའ་ཞིག་ལས་གྱུར་བ་ཁྲོ་བོར་སྣང་བ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། གདུལ་བྱ་དོན་ལ་འཇུག་པའི་ཕྱིར་ཆོས་སྣང་བ་དང་། དོན་དང་སྦྱོར་བས་ཀུན་བརྗོད་པ་་དང་། ཇི་བཞིན་ལ་རྩ་བའི་རྗེས་སུ་བསྟན་པ་དང་བཞིར་ངེས་པར་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །དེ་སྐད་ཅེས་གདམས་ངག་གི་མདོ་སྨྲས་ཏེ་བཀའ་སྩལ་པས། འཁོར་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཀྱིས་དེའི་དོན་རྟོགས་པས་ཡི་རངས་ཏེ། ཐམས་ཅད་མ་འདྲེས་པ་དང་། ཡོངས་སུ་རྫོགས་པར་ཐུགས་སུ་ཆུད་ནས། མཐའ་དབུས་མེད་པར་གྲོལ་ཏེ་དབུགས་ཆེན་པོ་ཕྱིན་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། གང་འཁོར་འདས་ཀྱི་ཆོས་ཀུན་བྱང་ཆུབ་ཀྱི་སེམས་ལ་ཡོངས་སུ་རྫོགས་པར་འགྲེལ་པའི་ལེའུ་སྟེ་བཅུ་དགུ་པ་གསལ་བར་བཤད་པའོ། །དེ་དག་གི་སྒོ་ནས་ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས། སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་ཀུན་ཏུ་བཟང་པོས། སངས་རྒྱས་ཀུན་གྱི་དགོངས་པ་དམ་པ་ཉིད་ལ་ཉིད་ཀྱིས་ངེས་པར་འགྲེལ་བའི་ཚུལ་ཟབ་མོ་རྣམས་དུས་འདིར་གསང་བ་པས་གཏམ་རྒྱུད་དུ་ཐོས་པ་བརྗོད་པའི་ཕྱིར་གསུང་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་སྒྲིབ་པ་མེད་པར་རྣམ་པར་བགྲོས་པ་སྟེ། བྱུང་ཚུལ་བསྟན་པ་ལྔ་པ་ཉིད་ཤིན་ཏུ་གསལ་བར་བཀྲོལ་བའོ།། །།དྲུག་པ་གདུལ་བྱ་སྐབས་ལ་བབ་པའི་བྱུང་ཚུལ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། བྱུང་ཞིང་གྲགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སྤྱིར་བྱུང་ཚུལ་འདི་ཉིད་དམ་པའི་གསང་ལུང་ཇི་ལྟར་བྱུང་གི་ལན་ཏེ། ཁྱད་པར་རྩལ་འཕངས་ལས་མཐར་ལམ། རྒྱུད་གནས་ལུགས་ལས་གདུལ་བྱ་སྐབས་ལ་བབ་པའི་བྱུང་ཚུལ་མཚན་མ་རང་ཞིའི་ལྟ་བ་དཔའ་བོས་དགྲ་ཐུལ་བ་ལྟ་བུ་ཉིད་རྒྱས་པར་སྟོན་ནོ། །དེ་ནས་ཡང་སྡུད་པ་པོ། ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། སྟོན་པ་གསང་བ་པའི་བདག་པོ་ལ་སྔོན་དུ་བྱུང་བའི་ཚིག་བཅུ་གཉིས་པའི་དྲུག་པ། གདུལ་བྱ་སྐབས་ལ་བབ་པའི་ཆེད་ནའང་འབྱུང་། ཞེས་འབྱུང་བའི་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ། ཉིད་ཀྱི་ཐེག་པ་ཆེན་པོ་གསང་བ་དམ་པ་འབྱུང་བའི་ཚུལ་སྟོན་པས་ལུང་བསྟན་པ་གཏན་དུ་བརྗོད་པའི་སྐབས་སུ། གདུལ་བྱའི་སྐབས་ལ་བབ་པའི་ཚེ་ན་ཡང་འབྱུང་། ཞེས་བཀོད་པ་དེ། འཇིག་རྟེན་པ་གང་ཞིག་གདུལ་བྱའི་སྐབས་ལ་བབ་པ་ནས། ཡོངས་སུ་བཏུལ་བར་གྲགས་པ་ལགས། ཞེས་དྲིས་པ་ལ། ལན་སྨྲས་པ། ལང་ཀའི་བདག་པོ། གསང་སྔགས་འབྱུང་བའི་རྒྱུ་ཕྱི་པས་མི་འདུལ་བའི་གདུལ་བྱ་ལས་དང་རྩལ་ཤིན་ཏུ་དྲག་པས་ཁྱད་པར་ཅན་ཁམས་གསུམ་གྱི་བྱང་ཆུབ་སེམས་ཀྱི་ས་བོན་རླག་པར་བྱེད་པས་འཇིག་རྟེན་གསུམ་སྲེག་པར་བྱེད་པ། ཁྲོ་བོ་ཆེན་པོ་དང་ཆ་ལུགས་ཚུལ་མཐུན་པར། ལས་ཀྱི་ཁྲོ་བོའི་ངོ་བོ་དང་ལས་དང་ཆ་ལུགས་ཀྱི་ཚུལ་གཏུམ་ཞིང་རྔམ་པ་དེ་ཉིད་འདུལ་བའི་གདུལ་བྱའི་དུས་ལ་ངེས་པར་བབ་ནས་ཐུགས་རྗེ་འབྱུང་བའི་དུས་སུ་ཕྱིན་ཏེ་སྨིན་པའི་ཚེ་ཡོངས་སུ་བཏུལ་བར་མཛད་པ་ན། དེའི་ཕྱིར་ཕྱོགས་དུས་ཀུན་གྱི་སངས་རྒྱས་བདུད་བཞིའི་གཡུལ་ལས་རྒྱལ་བ་ཐམས་ཅད་གནས་ཆེན་པོ་སྙིང་པོ་བྱང་ཆུབ་ཉིད་ག་ལ་བ་དེར་འདུས་ནས། སྐྱེས་བུ་དམ་པ་ཐུ་བ་དཀའ་དང་དན་ཕག་དག་འཆད་པ་བཞིན་དུ་གྱུར་པ་ལ་རྣམ་པར་བསྐུལ་བར་མཛད་དེ། སྤྱིར་ཆ་འདྲ་བས་གཅིག་དང་དུ་མ་ལས་གྲོལ་གྱིས་ཀྱང་། དང་པོ་འདུལ་བའི་དཔོན་དུ་གྱུར་པ་དང་གཡོག་ཡིན་པས་ཁྱད་པར་གྱི་ཐུགས་རྗེ་འབྱུང་བའི་ཡུལ་དང་གཉེན་པོར་གྱུར་པས་སོ། །དེ་ཡང་དཔེ་ཇི་ལྟར་ཇི་ལྟར་རྡོ་རྗེ་སེམས་དཔའི་སྤྲུལ་པའི་སྒྲོན་མ་ཞི་བའི་ཞིང་ཁམས་ཡོངས་སུ་བཀོད་པ་ལྟ་བུའི་གྲངས་དང་མཉམ་པ་ཤིན་ཏུ་ཕྲ་བ་རྐང་དང་སྲི་ལ་གནས་པའི་བདུད་བཞི་པོ་ཀུན་འཇོམས་པས་ཁྲོ་བོའི་སྤྲིན་རྣམ་པར་འཇིགས་པ་རྣམས་ཀྱི་ཕྲིན་ལས་ཀྱི་མཛད་པ་གཉེན་པོ་རྡུལ་སྙེད་ཀྱིས་བཏུལ་བར་གྱུར་པ་དེ་ཁོ་ནའི་ཚེ། དེ་ཁོ་ནའི་དུས་ཉིད་དུ་ཐེག་པ་ཆེན་པོ་འདི་ཡང་བྱུང་ཞིང་གྲགས་སོ། །གཉིས་པ་ལ་གཉིས་ཏེ། གདུལ་བྱ་རུ་ཏྲ་བཤད་པ། གཉེན་པོས་བདུད་བཏུལ་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། དྲིས་པ་དང་། ལན་ནོ། །དང་པོ་ནི། སྨྲས་པ། ཞེས་པ་ནས། གསོལ་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། ཡང་ལང་ཀའི་བདག་པོས་སྨྲས་པ། གསང་བ་པའི་བདག་པོ། གདུལ་བྱ་དེ་གོལ་གཞིའི་རྒྱུ་གང་ལས་བྱུང་། དེའི་རྐྱེན་ལས་ཇི་ཞིག་སྤྱད་པ་དང་། སྐྱེ་བ་བརྒྱུད་དེ་ཇི་ལྟར་བླངས་པ་ལགས་ཞེས་ངོ་བོ་དང་། དེ་ཉིད་གསང་སྔགས་འབྱུང་བའི་རྒྱུར་ཇི་ལྟར་གྱུར་ཞེས་རུ་ཏྲའི་རྒྱུ་རྐྱེན་དང་། སྐྱེ་རྒྱུད་དང་། གསང་བའི་རྒྱུ་རུ་ཇི་ལྟར་བྱུང་བ་དང་དྲི་བ་གསུམ་པོ་དེ་སྐད་ཅེས་གསོལ་པ་ལས། གཉིས་པ་ལ་བཞི་སྟེ། གོལ་གཞི་གང་ལས་བྱུང་བ། ལས་ཅི་སྤྱད་པ། སྐྱེ་བ་ཇི་ལྟར་བླང་བ། སྔགས་ཀྱི་རྒྱུར་ཇི་ལྟར་འགྱུར་བའོ། །དང་པོ་ནི། གསང་བའི་བདག་པོས། ཞེས་པ་ནས། ཞེས་གསོལ་ཏེ། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ནོ། །དེ་ནས་གསང་བ་པའི་བདག་པོས་ལན་སྨྲས་པ། དེ་ལ་ལྷན་ཅིག་བྱེད་པའི་རྒྱུ་དྲག་པོ་ཉིད་གསོགས་པའི་དུས་གང་ཞེ་ན། ཀྱེ་ལང་ཀའི་དག་པོ། དེ་དག་ནི་འདི་ལྟ་སྟེ། དེ་ཡང་རྒྱུ་གསོགས་པའི་དུས་དང་ངོ་བོ་གཉིས་ཏེ། དྲན་པ་བསྐལ་པ་དཔག་ཏུ་མེད་པ་འདས་པའི་དུས་ན་སྔོན་བྱུང་བ་ནི། བསྐལ་པ་དང་བསྟན་པའི་སྒོ་ནས་སློབ་དཔོན་གྱི་ཡོན་ཏན་བསྟན་པ་སྟེ། སྟོན་པ་སངས་རྒྱས་མི་བསྐྱོད་པ་ཞེས་བྱ་བ། བསྐལ་པ་ཀུན་དགའ་ཞེས་བྱ་བ་ལ། ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བར་བྱུང་བའི་བསྟན་པ་ལ། ཆ་ལུགས་རབ་ཏུ་བྱུང་བའི་དགེ་སློང་ཐུགས་གསང་སྔགས་ཀྱི་དོན་དང་ལྡན་པ་ཐུབ་དཀའ་གཞོན་ནུ་ཞེས་བྱ་བ། གང་གདུལ་བྱའི་བློའི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་ཉིད་ཇི་བཞིན་པ་མ་ནོར་བར་གསང་སྔགས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བ། དུས་ཐམས་ཅད་ནས་གནས་སྐབས་ཐམས་ཅད་དུ། སེམས་ཀྱི་ཆོས་ཉིད་མ་བཅོས་མ་བསླད་པར་ལྟ་སྒོམ་སྤྱོད་པའི་རྣལ་འབྱོར་དུ་གནས་པ། སྐྱེས་བུ་དམ་པར་ངེས་ཏེ་དགོངས་པ་སངས་རྒྱས་ཀྱི་སར་ཆུད་པ་ཞིག་བྱུང་བ་དེས། སེམས་ཅན་ཐམས་ཅད་རྒྱལ་བའི་སྲས་སུ་མཐོང་ཞིང་། དེ་དག་ཐར་པ་ལ་ཡོངས་སུ་བསྐུལ་ཏེ་སྨིན་པ་ལ་བརྩོན་པ་འབའ་ཞིག་བྱེད་དོ། །དེའི་ཚེ་དེའི་དུས་ན། འཁོར་བ་ཐོག་མ་དང་ཐ་མ་མེད་པར་སྐྱེ་བ་ཐོག་མ་དང་ཐ་མ་མེད་པའི་ལས་དང་སྐྱེ་བ་དཔག་ཏུ་མེད་པ་ནི་བརྗོད་ཀྱི་མི་ལང་ཞིང་ངོ་བོ་མི་རྫོགས་ཏེ། འདིར་ལས་དང་པོའི་དུས་ན་བླ་མ་གང་ལ་སེམས་ཇི་ལྟར་བསྐྱེད་ཅིང་བསྟན་པ་ལ་ལོག་པར་ཞུགས་པས་ལས་སྐབས་གཅིག་གིས་དྲག་པོའི་ལས་གསོགས་པའི་སྐྱེ་བ་ཆ་གཅིག་ལ་བཟུང་ན། འདི་ལྟ་སྟེ། ཐུབ་དཀའི་ཉེ་འཁོར་དུ་བློན་པོའི་རིགས་ཀྱི་ཁྱིམ་བདག་ཀེའུ་ཀ་ཡ་ཞེས་བྱ་བ་ཞིག་ལ། བུ་ཐར་པ་ནག་པོ་ཞེས་བྱ་བ་ཞིག་ཡོད་དེ། བུ་དེ་ལ་གཡོག་དན་ཕག་ཞེས་བྱ་བ་ཞིག་ཡོད་དོ། །དེའི་ཚེ་དེའི་དུས་ན། མི་གང་དག་དགེ་སློང་ཐུབ་དཀའ་གཞོན་ནུ་ལ་རྣལ་འབྱོར་དམ་པ་སྔགས་ཀྱི་ལམ་བསླབས་ཏེ། ཀུན་ཀྱང་རྣལ་མ་ལ་བློ་འབྱོར་བའི་དོན་གྱི་ལམ་ལ་གནས་ཤིང་རྣལ་འབྱོར་ལ་སྤྱོད་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན། ཐར་པ་ནག་པོ་དེ་འདི་ལྟར་རྟོག་གོ། །དགེ་སློང་ཐུབ་དཀའ་གཞོན་ནུ་འདིས། གདུལ་བྱ་ཐམས་ཅད་རང་རང་གང་ལ་མོས་པ་ཇི་ལྟ་བ་བཞིན་སྟོན་པར་ཐོས་ནས། ཐར་པ་ནག་པོ་ལྟ་བ་གོལ་བའི་གཞིའི་དང་པོར། ཐམས་ཅད་ཅི་དགའ་བར་སྤྱོད་པ་བཞིན་དུ་ལམ་ཡོད་པའི་ཆོས་དག་འབྱུང་ངམ་ཞེས་རྟོག་ལ། གཞན་གང་དག་ལ་ཡང་དྲིས་པ་ལས། ཐམས་ཅད་ཀྱིས་ལྟ་བ་རྟོགས་པ་ལ་བསམ་ནས་དེ་ལྟར་འབྱུང་བར་སྨྲས་སོ། །དེ་ནས་གཡོག་དང་བཅས་པ་དགེ་སློང་ག་ལ་བ་དེར་ཞུགས་ཏེ། གནས་སུ་ཕྱིན་ཏེ་འདུན་པ་ལེགས་པར་འདུན་ནས་གསོལ་པ། དགེ་སློང་ཆེན་པོ་ཐམས་ཅད་ཇི་ལྟ་བར་སྤྱོད་པ་དེ་བཞིན་དུ་ལམ་སྟོན་པའི་ཐབས་ལ་མཁས་པར་ཐོས་ན། དེ་དེ་ལྟ་ཉིད་དུ་ངེས་སམ། དེ་སྐད་ཅེས་གསོལ་པ་ལས། སྨྲས་པ། རིགས་ཀྱི་བུ་ལྟ་བ་རྟོགས་ནས་སྤྱོད་པ་ཡངས་པ་ལ་དགོངས་ནས་དེ་དེ་ལྟ་ཉིད་དུ་ངེས་པར་འབྱུང་བ དག་ཡོང་བར་རུང་ངོ་། །དེ་སྐད་ཅེས་སྨྲས་པས། ཐར་པ་ནག་པོ་གཡོག་དང་བཅས་པ་དགའ་མགུ་ཡི་རངས་ཏེ། བདག་གཡོག་དང་བཅས་པ་འདི་ཁྱོད་ཉིད་ཀྱི་བཀའ་ལ་གནས་པར་གཟུང་དུ་གསོལ། བདག་ཀྱང་ཁྱེད་ལ་ཐམས་ཅད་མི་འགོག་པའི་ལམ་བླངས་ཏེ་རྣལ་འབྱོར་དུ་གནས་པར་འཚལ་བས། དམ་པ་ཉིད་དུ་ངེས་པར་གཟུང་དུ་གསོལ་ཞེས་ཞུས་ཏེ་འདུན་པ་ལས། དགེ་སློང་དེས་གནང་སྟེ་སྨྲས་པ། ཁྱོད་ཉིད་བཀའ་པ་ཡིན་ནོ། །རྣལ་འབྱོར་དུ་གནས་པ་ལེགས་སོ། །དེ་བས་ན་དེ་ལྟར་བྱའོ། །ཞེས་ལེགས་པ་བྱིན་ནས། ཐར་པ་ནག་པོ་རབ་ཏུ་བྱུང་ནས་དགེ་སློང་དམ་པར་བྱས་ཏེ་སློབ་དཔོན་དུ་བཟུང་། དན་ཕག་ནི་དེའི་དུས་འཛིན་དུ་དགེ་བསྙེན་གྱི་ཁྲིམས་ལ་བཅུག་སྟེ་དགེ་སློང་ཐར་པའི་གཡོག་ཏུ་བྱས་སོ། །དེ་ནས་ཐར་པ་ནག་པོ་དགེ་སློང་གིས་གསོལ་པ། དགེ་སློང་ཐུབ་དཀའ་ཆེན་པོ། ཐམས་ཅད་ཇི་ལྟ་བའི་ལམ་དམ་པ་དེ་གང་ལགས། ལན་སྨྲས་པ། གཞི་ཆོས་ཉིད་ཇི་བཞིན་པའི་དཀྱིལ་འཁོར་རང་གི་སེམས་ཉིད་འོད་གསལ་བ་དེ་ཉིད་རྟོགས་ཏེ་མ་བཅོས་པར་གནས་ན། འཁོར་བའི་དངོས་པོ། སྤྱད་པ་ལྔ ། དང་དུ་བླང་བ་ལྔ། མི་སྤང་བ་ལྔ། འདོད་ཡོན་ལྔ་སྟེ་བཞི་པོ་རྣམས་ལ་གནས་ཏེ་སྤྱོད་ཀྱང་དོན་ཆོས་ཉིད་ཇི་བཞིན་པ་ཡིན་པས་དཔེར་ན་ནམ་མཁའ་ལ་ནི་སྤྲིན་གྱི་ཚོགས་རང་བྱུང་ཞིང་ཞི་བ་བཞིན་ཏེ། འདི་ལྟར་གོམས་པ་ནི་རྣལ་འབྱོར་དམ་པའི་ལམ་མཆོག་གསང་བ་ཆེན་པོའོ། །དེ་སྐད་ཅེས་སྨྲས་པས། ཐར་པས་ལོག་པའི་སྤྱོད་པ་རང་གར་གོ། །དན་ཕག་གིས་དོན་གྱི་གཞི་ལ་གོ་ནས། ཐར་པ་གཡོག་དང་བཅས་པ་གཉིས་ཀ་ཡིད་རངས་ཏེ། ཨེ་མའོ། །འཁོར་བའི་ཆོས་ལ་སྤྱད་ཀྱང་འབྲས་བུ་ཐོབ་པས་ཐབས་ལ་མཁས་སོ། །ངེས་སོ། །ཡིན་ནོ། །བསྟོད་དོ། །བདག་ཅག་གཉིས་ཐམས་ཅད་དུ་དེ་ལ་ཡོངས་སུ་གནས་སོ། །ཞེས་གསོལ་ཏེ། གཉིས་པ་ནི། སྒྲ་ཇི་ལྟ་བ་དེ་བཞིན། ཞེས་པ་ནས། ཡོངས་སུ་འདས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དཔོན་གཡོག་གཉིས་སྒྲ་ཇི་ལྟ་བ་དེ་བཞིན་དུ་ལྟ་བ་གོལ་མ་གོལ་གྱིས་ཕྱིན་ཅི་ལོག་པ་དང་མ་ལོག་པའི་ཚུལ་དུ་སྤྱད་པ་ལས། ཐར་པ་དགེ་སློང་ནི་བློ་གྲོས་ཀྱི་ངེས་པ་མ་རྙེད་དེ་བླ་མེད་མི་སྤངས་པའི་དམ་ལས་ཉམས་ནས་སྒྲ་འབའ་ཞིག་ལ་ཕྱོགས་པས། རྒྱུ་ཉེ་བར་བཟུང་བ་འདིར་ལྷན་ཅིག་བྱེད་པའི་རྒྱུ་དང་། རྐྱེན་ཐུན་མོང་དུ་གྱུར་པ་སྟེ་སྦྱོར་སྒྲོལ་དང་། ངག་བརླང་པོ་དང་། རྫུན་དང་། ཚིག་རྩུབ་མོ་སྟེ་སྤྱད་པར་བྱ་བ་ལྔ་དང་། ཤ་ལྔ་དང་། དམ་རྫས་ལྔ་སྟེ་དང་དུ་བླང་བ་ལྔ་དང་། ཉོན་མོངས་པ་ལྔ་དང་། འདོད་ཡོན་ལྔ་སྟེ་ལྔ་ཕྲག་གི་དངོས་པོ་བཞི་ཁོ་ན་ལ་སྤྱོད་དེ་ཞེན་ནས་དོན་མ་གོ་བར་ཚིག་གི་རྗེས་སུ་འབྲངས་ཏེ་ལུས་དགེ་སློང་དམ་པའི་ཆ་བྱད་དུ་བཅུག་ནས། སེམས་ལོག་པ་ངན་འགྲོའི་ལམ་དུ་ཞུགས་སོ། །གཡོག་དན་ཕག་ནི་སྒྲའི་གཞི་དོན་གྱི་ངེས་པ་རྙེད་ནས་སྤྱོད་ཀྱང་མི་འཛིན་པས་བློ་གྲོས་དམ་པར་འབྲེལ་ཏེ། ལྟ་བ་གཉིས་སུ་མེད་པ་རྟོགས་པའི་དོན་འབའ་ཞིག་ལ་ཕྱོགས་པས་ཇི་བཞིན་པ་སྣང་ལ་ཞེན་པ་མེད་པ་ཁོ་ནར་སྤྱད་དེ། གོམས་པ་ལ་ཞེན་ནས་ཡོངས་སུ་གནས་པས་ལྟ་སྤྱོད་འདྲེས་ཏེ་རྣལ་མ་ལ་བློ་འབྱོར་པས་ལུས་དགེ་བསྙེན་གྱི་ཚུལ་མ་རབས་ཀྱི་ཆ་བྱད་དུ་བཅུག་ནས། སེམས་དམ་པར་ངེས་པའི་ལམ་དུ་ཞུགས་སོ། །དེ་ནས་ཐར་པ་གཡོག་དང་ལྟ་བ་མ་མཐུན་ཏེ། སྨྲས་པ། བདག་ཅག་གཉིས་ནི་དཔོན་གཅིག་ལ། སྒྲ་གཅིག་ཏུ་བྱུང་བ་འདི་ལ། སོ་སོར་མ་མཐུན་པ་འདི་ཇི་ལྟ་བུ་ཞིག །དན་ཕག་གིས་སྨྲས་པ། བདག་གིས་ནི། ད་ལྟར་ལྟ་བའི་ངང་ལ་ངེས་པར་འཇོག་པ་འདི་ཁོ་ན་ལས་གཞན་མ་ཐོས་ལགས་སོ། །སྨྲས་པ། དོན་རྟོགས་པ་མེད་པའི་ཚིག་ཏུ་སོང་ནས་བདག་གིས་ཀྱང་དེ་ལྟར་ངེས་པ་རྙེད་དེ་སྤྱོད་པ་འདི་ཁོ་ན་ལས་གཞན་མ་ཐོས་སོ། །ཞེས་སྨྲས་པས། དེ་ལས་རྩོད་པ་ཆེན་པོར་གྱུར་ཏོ། །དེ་ལྟར་ལྟ་བ་མ་མཐུན་པས་རྩོད་པ་ནི་མཚམས་མེད་གསོག་པའི་རྒྱུ་སྟེ་གཡོག་དང་སོ་སོར་བསྐལ་ཏེ་མ་མཐོང་མ་ཕྲད་པར་དམ་བཅས་ནས་གཡོག་ཉིད་ཁམས་རིང་པོར་སྤྱུགས་ཏེ་སྤངས་པས་ཡང་དག་ལམ་དུ་ཞུགས་པ་ལ་བྱམས་པའི་དམ་ཉམས་སོ། །དེ་ནས་ཐར་པ་དགེ་སློང་དེ། མངོན་པའི་ང་རྒྱལ་ལོག་པའི་རི་བོ་སྐྱེས་ཏེ། དཔོན་ལ་རང་དང་གཡོག་པོའི་ལྟ་བས་མཐུན་ཏེ་སོ་སོའི་ངེས་པ་རྙེད་པ་གསོལ་བ་ལས། དགེ་སློང་ཐུབ་དཀའ་གཞོན་ནུ་མ་བཅོས་མ་བསླད་པའི་རྣལ་མར་སྤྱོད་པས་ཁ་གསག་མེད་དེ་རང་བཞིན་གསོང་པོར་སྨྲ་བས་ན། དན་ཕག་ལྟར་ངེས་སོ་ཞེས་བསྒོ་སྟེ་ལྟངས་བཅད་པས། ཐར་པ་ཀུན་ནས་འཁྲུགས་པས། སློབ་དཔོན་ལ་ཁྲོས་ཏེ་སྤོང་ནས་སྨྲས་པ། དཔོན་ཡིན་པར་འདྲ་ན། གཉིས་ཀ་ལྟར་རོ་ཞེས་ཀྱང་མ་བསྙམས་པས། ངེས་པར་བདག་བཀར་བ་བཅག་པ་དང་། སུན་དབྱུང་བ་འདིས་བྱས་པས། དཔོན་འདི་ཡང་ཁམས་འདིར་མ་ཆགས་པར་བྱས་ལ། འདི་དག་བདག་གི་ཁམས་སུ་བྱའོ་ཞེས་དམ་བཅས་ནས། ཆེ་བའི་ང་རྒྱལ་སྐྱེས་ཏེ། དཔོན་ཡང་ཁམས་རིང་པོར་སྤྱུགས་ཏེ་ཡོངས་སུ་སྤངས་པས་བླ་མ་བཀུར་བའི་དམ་ཉམས་སོ། །དེ་ལྟར་མཚམས་མེད་པའི་རྒྱུ་དང་རྩ་བ་ཉམས་པ་དེ་ཡང་ལྷན་ཅིག་བྱེད་པའི་རྒྱུ་དང་རྐྱེན་ནོ། །དེ་ནས་ཐར་པ་ནག་པོ་མཚུངས་པར་ལྡན་པའི་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་པས་དེ་བཞིན་གཤེགས་པའི་གསུང་གི་སྒོ་གྲངས་མང་ཞིང་རྒྱ་ཆེ་བར་གྱུར་པས། ཐམས་ཅད་དུ་སྟོན་པ་དཔགས་པར་དཀའ་བའི་ཕྱིར་གསང་བའི་དོན་མ་གོ་བ་སྟེ་ཡོངས་སུ་མ་ཆུད་དེ་གབ་པའི་གསང་བ་མ་རྟོགས་པར། གཏན་ཚིགས་ཀྱིས་གཞལ་བར་བྱ་བ་ལུང་དང་མན་ངག་གི་ཚད་མ་ཟབ་མོ་གཉིས་ཀྱིས་གཞལ་ཏེ་གཏན་ལ་དབབ་པ་མ་བྱས་པར། ཐར་པ་རང་གི་ལོག་ཞེན་གྱིས་འཐད་པར་ངེས་པའི་ཚད་མ་ཡིན་པར་གཟུང་བ་ལ་ཞེན་ཕྱོགས་སུ་དྲངས་ནས་རས་ཆོད་དང་གཟུ་ལུམ་བྱས་ཏེ་སྦས་པའི་གསང་བ་ལ་འཆེལ་བས་གསང་དོན་མི་སྨྲ་བའི་དམ་ཉམས་ཏེ་གསང་བ་གཞན་ལ་སྤེལ་ནས་གདུལ་ཞིང་ཐམས་ཅད་ཀྱང་ལོག་པར་བསྒྱུར་ཞིང་། རང་ཉིད་ཀྱང་ལོག་པའི་རྒྱ་མཚོར་ཞུགས་ཏེ། ཕྱིན་ཅི་ལོག་གི་ལམ་ལ་མ་ནོར་བ་ཡིན་པར་རྫུན་དུ་སྨྲས་པས་བྱང་སྡོམ་ལས་ཉམས་ལ། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་ལས་ཉམས་ཏེ་ལོག་པའི་དཀའ་ཐུབ་དྲག་པོ་དང་། ལོག་པའི་བརྟུལ་ཞུགས་ཆེན་པོ་ལ་ཞུགས་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཏེ་དུར་ཁྲོད་ཀྱི་མི་རོ་དག་བླངས་ཏེ་ཁ་ཟས་སུ་བྱེད་ཅིང་། པགས་པ་དག་བཤུས་ཏེ་གཡང་གཞིར་གྱོན་ཏེ་ལོངས་སྤྱོད་པ་དང་། གཞན་སྲོག་གཅོད་པའི་ཅེ་སྤྱང་ནག་པོ་དང་། འཕར་བ་རྐང་རྡེབས་དང་། དྲེད་མོ་ལག་རྡེབས་དང་། བྱ་གཅན་གསོད་བྱེད་དང་། དུར་བྱ་ཀང་ཀ་དང་། ཟ་བྱེད་དུར་ཕག་ལ་སོགས་པའི་གསོན་མ་མང་པོ་བསྟེན་ཏེ། ཐམས་ཅད་ཀྱི་སྲོག་གཅོད་ཅིང་། ཤ་ཁྲག་ལ་ལོངས་སྤྱོད་པར་བྱེད་པ། སྨད་འཚོང་མའི་ཚོགས་མང་པོ་བསྡུས་ཏེ་ཆགས་པ་ཆེན་པོར་སྤྱོད་པ་དང་། ཐུན་མོང་གི་དངོས་པོ་བཞི་རྫུན། མ་བྱིན་ལེན། འདོད་ལོག །སྲོག་གཅོད་པ་རྣམས་ལས་མི་འདའ་བར་དངོས་པོ་བཞིའི་རང་བཞིན་ཆོས་ཉིད་ཇི་བཞིན་པ་དེ་ཁོ་ན་ཉིད་རྟོགས་པ་ལས་ཡོངས་སུ་འདས་པར་གྱུར་ཏོ། །གསུམ་པ་ལ་བཞི་སྟེ། དུད་འགྲོའི་སྐྱེ་བ་བླང་བ། དམྱལ་བའི་སྐྱེ་བ་བླང་བ། དེ་ལས་ཐར་ནས་སྐྱེ་བ་བླངས་པ། ཐ་མ་སྲིན་པོའི་སྐྱེ་བ་བླངས་པའོ། །དང་པོ་ནི། དེ་ནས་སྐྱེ་བ། ཞེས་པ་ནས། དེ་ལ་བྱེད་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཐར་པ་ནག་པོའི་སྐྱེ་བ་དེ་འཕོས་པར་གྱུར་ཏེ། དེ་སྐྱེ་བ་དེའི་ཕྱི་མ་ཐར་པ་འཕོས་མ་ཐག་པའི་སྐྱེ་བ་དང་པོ་ལ་སྤྱོད་པ་རྒྱུ་མཐུན་ལས་ཅེ་སྤྱང་ནག་པོའི་ལུས་སུ་སྐྱེ་བ་ལྔ་བརྒྱ་བླངས་ཏེ། སྲོག་ཆགས་འབའ་ཞིག་གསོད་པའི་ལས་སྤྱོད་ཅིང་། ཤ་དང་ཁྲག་དྲོན་མོ་ཟ་བར་གྱུར་ཏོ། །སྐྱེ་བ་དེའི་ཕྱི་མ་གཉིས་པ་ལ་དམྱལ་བའི་ཁྱི་ལུ་འདེ་ལ་སོགས་པ་གདུག་པས་གསོད་པའི་ལས་ཅན་ཤ་ཁྲག་ཟས་སུ་བྱེད་པ། ཐ་དད་པའི་ལུས་སུ་སྐྱེ་བ་ལྔ་བརྒྱ་བླངས་ཤིང་། མྱོང་བ་རྒྱུ་མཐུན་གཞན་གྱིས་བསད་ཅིང་སྐྱེ་བ་འཕོས་པ་ཤ་སྟག་ཏུ་གྱུར་ཏོ། །སྐྱེ་བ་དེའི་ཕྱི་མ་གསུམ་པ་ལ་བྱ་ནེ་ལེ་ཤ་ཟན་དང་། ཁྲག་འཐུང་མཆུ་དམར་དང་། དུར་བྱ་ཀང་ཀ་དང་། རུ་རྩེ་རྐང་ལྡག་ཞེས་ཕྱི་མ་འདི་གཉིས་བོད་ན་མེད་གསུངས། དེ་ལ་སོགས་པ་ཐ་དད་པའི་ལུས་བླངས་ཤིང་། གཞན་གྱིས་བསད་ཅིང་སྐྱེ་བ་འཕོ་བ་ཤ་སྟག་ཏུ་གྱུར་ཏོ། །སྐྱེ་བ་དེ་དག་གི་ཕྱི་མ་བཞི་པ་དག་ལ་སྦྲང་བུ་ཏྲེ་མ་དང་། སྲིན་བུ་པུ་ཀ་དང་། རོ་ཟ་རྐང་འཇིབས་ལ་སོགས་པ་འབུ་དང་། སྦྲུལ་ལྟ་བུ་འབུ་ཤིན་ཏུ་ཆེན་པོ་ཐ་དད་པའི་ལུས་སུ་སྐྱེ་བ་བླངས་ཤིང་། དེ་དག་ཀྱང་གཉེན་པོས་བསད་ཅིང་སྐྱེ་བ་འཕོ་བ་ཤ་སྟག་ཏུ་གྱུར་ཏོ། །སྐྱེ་བ་དེའི་ཕྱི་མ་ལྔ་པ་དག་ལ། ངན་སྐྱུགས་ཀྱི་འདམ་ན་གནས་པའི་སྐྱེ་བོར་སྐྱེས་པ་སྐྱེ་བ་ལྔ་བརྒྱ་བླངས་ཏེ། མྱོང་བ་རྒྱུ་མཐུན་གཉེན་པོས་བསད་ཅིང་སྐྱེ་བ་འཕོ་བ་ཤ་སྟག་ཏུ་གྱུར་ཏོ། །སྐྱེ་བ་དེ་དག་གི་ཕྱི་མ་དྲུག་པ་ལ། སྲོག་ཆགས་དག་གི་ལུས་ལ་གནས་ཤིང་། ཟས་ཀྱང་དེ་དག་ལ་བྱེད་པའི་སྐྱེ་བོར་སྐྱེ་བ་ལྔ་བརྒྱ་བླངས་ཏེ། གཉེན་པོས་བསད་ཅིང་སྐྱེ་བ་འཕོ་བ་ཤ་སྟག་ཏུ་གྱུར་ཏོ། །ཡང་སྐྱེ་བ་དེའི་ཕྱི་མ་བདུན་པ་དག་ལ། བསད་པའི་ཤ་དང་། ཤི་བའི་རོ་དང་། རྣམ་པར་རུལ་བ་དང་། ལུང་པ་ཐ་དད་པ་དང་། རྡོ་དང་། ཀམ་བྲག་དང་། ཤིང་འབུ་ལྟ་བུ་སྡོང་ཆེན་ལ་སོགས་པའི་ནང་དུ་གནས་པའི་སྐྱེ་བོར་གྱུར་ཏེ། དེ་དག་ལ་གནས་ཤིང་ཟས་ཀྱང་དེས་འཚོ་བ། གཉེན་པོས་བསད་ཅིང་སྐྱེ་བ་འཕོ་བ་འབའ་ཞིག་ཏུ་གྱུར་ཏོ། །སྐྱེ་བ་དེའི་ཕྱི་མ་བརྒྱད་པ་དག་ལ། མངལ་གྱི་གྲོང་ཁྱེར་ན་གནས་པའི་སྐྱེ་བོར་སྐྱེ་བ་ལྔ་བརྒྱར་གནས་ཏེ། གནས་དང་འཚོ་བ་ཡང་དེ་ལ་བྱེད་པར་གྱུར་ཏོ། །དེ་ཡན་ཆད་དུ་སྤྱོད་པ་རྒྱུ་མཐུན་པའི་འབྲས་བུ་སྟེ། རྣམ་གྲངས་ནི་སྐྱེ་བ་བརྒྱད་པ་ཡན་ཆད་ལ་སྐྱེ་བ་བཞི་སྟོང་དུ་དོན་གྱིས་བརྩིས་པའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་གསུམ་པ་དང་། བཞི་པ་དང་། བདུན་པ་ལ་གྲངས་ངེས་པ་མ་སྨོས་ཀྱང་། ཐ་དད་པའི་ལུས་བླངས་ཞེས་པ་དང་། གོང་འོག་གི་སྒྲ་ངེས་པས་བརྩིའོ། །གཉིས་པ་ནི། ཡང་སྐྱེ་བ་དེའི། ཞེས་པ་ནས། དམྱལ་བ་རྣམས་སུ་དེ་ལྟར་འཕེན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སྐྱེ་བ་དེའི་ཕྱི་མ་དགུ་པ་ལ། མནར་མེད་པའི་གནས་རྡོ་རྗེ་དམྱལ་བ་ཞེས་བྱ་བར། དེ་ཉིད་ཀྱི་ཚེའི་ཚད་བརྒྱད་ཁྲིའི་བར་དུ་གནས་ཏེ། དམྱལ་བ་དེའི་སྡུག་བསྔལ་གྱི་ཚད་ནི་བརྗོད་དུ་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གང་གི་མདུན་དུ་སྡུག་བསྔལ་གྱི་ཚད་དེ་བརྗོད་ན་གང་གིས་ཐོས་པ་དེ་བརྒྱལ་བར་འགྱུར་རོ། །དེའི་ཚེ་དེའི་དུས་ན། དམྱལ་བ་བ་དེས། ཨེ་མའོ་འདི་ཅི་ཉེས་ཞེས་སྨྲས་པའི་ལན་གསུངས་པའི་རྡོ་རྗེ་སེམས་དཔའ་འབྱོན་པ་དང་། དམྱལ་བ་པ་དེ་ཚེ་འཕོ་བའི་ཡུན་གཉིས་སྐད་ཅིག་གཅིག་གིས་ཕྱིན་པར་གྱུར་ཏོ། །དེའང་དགེ་སློང་ཐུབ་དཀའ་གནས་གྱུར་ཏེ་རྡོ་རྗེ་སེམས་དཔའ་ཐུབ་པའི་དབང་པོ་ཉིད་དུ་སངས་རྒྱས་ནས་དམྱལ་བ་པ་དེའི་ངོ་ལ་ཆོས་ཀྱི་རྒྱལ་པོ་གཤིན་རྗེར་སྣང་བས་དེ་འདུལ་བར་མཛད་པ་དེས། ཁོ་ན་ཉིད་ཀྱི་ལས་ཡིན་ནོ་ཞེས་ཆོས་བསྟན་པས། ལས་དེ་ཡིད་ལ་བྱས་པས་ཡོངས་སུ་ཤེས་ཏེ། སྔར་བྱས་ལ་འགྱོད་པར་གྱུར་ཏོ། །འགྱོད་པ་ཙམ་གྱིས་གནས་དེ་ནས་ཤི་འཕོས་ནས། བཅུ་པ་རབ་ཏུ་ཚ་བའི་དམྱལ་བའི་གནས་སུ་ཡང་དེ་ཉིད་ཀྱི་ཚེའི་ཚད་བསྐལ་པ་བརྒྱད་ཁྲིར་གནས་ཏེ། མནར་མེད་པ་ཇི་ལྟ་བ་བཞིན་ནོ། །དེར་ཡང་སྡུག་བསྔལ་དྲིས་པས་ཐུབ་པས་ལན་བཏབ་སྟེ་དེ་ནས་ཡང་འཕོས་ནས། བཅུ་གཅིག་པ་ཚ་བ་ཆུང་ངུ་དང་། བཅུ་གཉིས་པ་ངུ་འབོད་ཆེན་པོ་དང་། བཅུ་གསུམ་པ་ངུ་འབོད་དང་། བཅུ་བཞི་པ་སྡུད་འཇོམས་དང་། བཅོ་ལྔ་པ་ཐིག་ནག་དང་། བཅུ་དྲུག་པ་འབར་བ་དང་། བཅུ་བདུན་པ་ཡང་སོས་དང་ལ་སོགས་པ་ཞེས་པས་གྲང་དམྱལ་བརྒྱད་ཀྱང་གསང་སྙིང་ལྟར་ཏེ། ཐུབ་པས་ལུང་བསྟན་ནས་འགྱོད་པའི་རྒྱུས་གྱེན་དུ་འབྱུང་སྟེ་དམྱལ་བའི་གནས་རྣམས་སུ་ཡང་དེ་དག་གི་ཚེ་ཚད་བརྒྱད་ཁྲིར་གནས་ཏེ། མནར་མེད་པ་དང་རབ་ཏུ་ཚ་བ་ཇི་ལྟ་བ་བཞིན་ནོ། །དམྱལ་བ་ཚེ་རིང་བས་འཇིག་རྟེན་ཞིག་པར་འགྱུར་ཞེ་ན། དེ་ནམ་ཞིག་པ་ན་ཡང་། འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་རྣམས་སུ་དེ་ལྟར་འཕེན་ནོ། །འདི་དག་གི་ལས་ནི་མ་རྫོགས་པ་རྫོགས་པར་བྱེད་པའི་ཕྱིར་སྐྱེ་བ་བརྒྱད་ཡན་ཆད་ཀྱི་ལས་ལས་གྱུར་ཏེ་ཡོངས་སུ་རྫོགས་པར་བྱེད་པའི་རྐྱེན་དང་འཕེན་པའི་ལས་ཞེས་བྱ་སྟེ་རྒྱུ་དང་ཐུན་མོང་ངོ་། །དམྱལ་བ་རྣམས་ནི་འབྲས་བུ་གསུམ་ལས་རྣམ་པར་སྨིན་པའི་འབྲས་བུའོ། །དེ་ལྟར་སྐྱེ་བ་ཕྲག་བརྒྱད་དང་དགུར་འབུམ་ཕྲག་བརྒྱད་དུ་བརྒྱུད་པའོ། །གསུམ་པ་ནི། དེ་དག་ལས་འཕོས་ནས། ཞེས་པ་ནས། གཏོགས་འདོད་ཅན་ཞེས་བྱ་བར་སྐྱེ་བ་བླངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་ལས་འཕོས་ནས་ཀྱང་ཐར་པ་ནག་པོ་ལས་བརྩིས་པས་སྐྱེ་བ་བཅུ་དགུ་པ་དག་ལ་བསྐལ་པའི་སྙིགས་མ་གསུམ་དུ་སྡུག་བསྔལ་མྱོང་བ་ནི། གང་འཇིག་པའི་བསྐལ་པ་མུ་གེ་དང་ནད་དང་མཚོན་གང་དང་གང་དུ་འབྱུང་བ་དེ་དང་དེར་སྐྱེ་བར་བྱེད་དོ། །འདིའང་གོང་འོག་གིས་འགྲེ་བས་བརྒྱད་ཁྲིའོ། །འཇིག་པ་དེ་དག་གིས་དེ་དག་གང་སྟོངས་ན་ཡང་། གཞན་དག་གང་འཇིག་པའི་དུས་སུ་ཡང་ལས་ཀྱི་དབང་གིས་དེར་སྐྱེ་བ་ལེན་པར་འགྱུར་རོ། །དེ་དག་ནི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུའོ། །དེ་དག་ལས་ཐར་ནས་ཀྱང་ཉི་ཤུ་པ་ཤ་དང་རུས་པ་ཟ་བའི་ཆེད་དུ་འདོད་པས་གསོད་པའི་སྐྱེ་བའི་རིགས་སུ་བསྐལ་པ་བརྒྱད་ཁྲིར་སྐྱེ་བ་ལེན་ཅིང་འཕོ་བར་གྱུར་ཏོ། །དེ་དག་ནི་སྤྱོད་པ་རྒྱུ་མཐུན་དུ་རྟོགས་ཏེ་ལས་ངན་དེར་ཡང་གསོག་གོ། །དེ་ལས་ཐར་ནས་ཉེར་གཅིག་པ་གཤིན་རྗེའི་འཇིག་རྟེན་གྱི་ཁམས་ཡི་དྭགས་བཞིའི་རིགས་སུ་སྐྱེ་བ་ལྔ་བརྒྱར་གདུང་བར་གྱུར་ཏོ། །འདི་ནི་དབང་གི་འབྲས་བུར་ཡང་འགྱུར་རོ། །དེ་ལས་འཕོས་ནས་ཉེར་གཉིས་པ་ལུས་སྲུལ་པོའི་རིགས་སུ་སྐྱེ་བ་བླངས་སོ། །སྐྱེ་བ་དེའི་ཕྱི་མ་ཉེར་གསུམ་པ་ལ་དྲི་དང་ཤ་རྗེན་ཟ་བས་ཤ་ཟའི་རིགས་སུ་སྐྱེ་བ་བླངས་སོ། །སྐྱེ་བ་དེའི་ཕྱི་མ་ཉེར་བཞི་པ་ལ་ལུས་སྲུལ་པོའི་རིགས་སུ་སྐྱེ་བ་བླངས་ཏེ། སྲུལ་པོ་གཉའ་དྲག་ཅན་ཞེས་བྱ་བའི་བུ། སྲུལ་པོ་གཏོགས་འདོད་ཅན་ཞེས་བྱ་བར་སྐྱེ་བ་བླངས་སོ། །སྐྱེ་བ་འདི་གསུམ་ལ་ཚེ་ཚད་བསྟན་པ་མེད་ལ་དབང་གི་འབྲས་བུར་ཡང་འགྱུར་རོ། །མདོར་ན་གོང་འོག་གི་སྐྱེ་བ་བཞི་སྟོང་ལྔ་བརྒྱ་དང་གསུམ་སྟེ་དམྱལ་བར་བརྒྱུད་པའི་སྐྱེ་བ་བཅུ་གཅིག་བརྒྱད་ཁྲིར་མཚུངས་པ་ལ། ཚེ་ཚད་བསྐལ་པ་འབུམ་ཕྲག་དགུ་དང་དྲུག་ཁྲི་སྙེད་དུ་བརྒྱུད་ནས་ལང་ཀའི་ཡུལ་དུ་སྐྱེས་སོ། །བཞི་པ་ལ་གཉིས་ཏེ། མ་ཟན་མ་ཏང་ཀར་གྲགས་པ། ལུས་དང་མཐུའི་མཚན་ཉིད་དོ། །དང་པོ་ནི། སྐྱེ་བ་དེའི་ཕྱི་མ་ལ་ཡུལ་ལང་ཀ །ཞེས་པ་ནས། ཡོངས་སུ་གྲགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སྐྱེ་བ་དེའི་ཕྱི་མ་ཉེར་ལྔ་པ་ལ་རྒྱུ་མཐུན་གྱི་སྤྱོད་པ་རྫོགས་པའི་འབྲས་བུ་རུ་ཏྲ་ཉིད་དུ་སྐྱེས་ཏེ། ཡུལ་ལང་ཀ་པུ་ར་ཞེས་བྱ་བའི་སྨད་འཚོང་མ་ཞིག་གི་མངལ་དུ་ཆགས་ཏེ་སྐྱེ་བ་སྨིན་ཏོ། །དེ་དེར་སྐྱེ་བ་བླངས་ཏེ་སྐྱེས་ནས་ཟླ་བ་དགུ་ན་མ་ཤི་བར་གྱུར་པ་དང་། མི་གང་དེ་དག་གིས་དྭ་བུ་རྐོག་བུ་འདི་གསོ་བར་བྱར་མི་རུང་སྟེ་ཡུལ་གང་སྨེ་བར་འགྱུར་བས་མའི་མཆན་དུ་བཞག་པར་རིགས་སོ། །ཞེས་གླེང་ནས། དུག་ཤིང་ནལ་བྱི་ཞེས་བྱ་བའི་རྩ་ན། དུར་ཕག་གཏི་མུག་གི་ཚང་ཆགས་པའི་བར་ན་དུག་སྦྲུལ་ཞེ་སྡང་གི་འཁྲ་སར་བྱེད་པ། ཁ་ལ་འདོད་ཆགས་དུར་བྱའི་ཚང་བཅས་པའི་རྩར། འདི་ཉིད་མི་མ་ཡིན་གྱི་གནས་ཏེ་ཆགས་སྡང་སྐྱེ་བའི་ས་ཡིན་ལ། ཤིང་འདི་ཝཱ་རཱ་ཎ་སཱིའི་ཡུལ་གྲ་གཅིག་ནའང་ཡོད་གསུང་སྟེ་རླངས་པ་དང་དྲི་མས་མི་ལ་དུག་བྱེད་ནུས་སྐད། ནང་ལྟར་ན་བདག་འཛིན་གྱི་རུ་ཏྲར་སྨིན་པ་སྟེ། བདེ་གཤེགས་སྙིང་པོ་ལས་གོལ་ནས་བདག་གི་ལུས་ཀྱི་ཕུང་པོའི་དུག་ཤིང་ལ་དུག་གསུམ་ཆགས་པའོ། །མ་རོ་དུར་ཁང་དང་བཅས་པ་ཀུན་གཞི་ལ། བུ་རོ་མཆན་དུ་བཞག་པ་ཉོན་ཡིད་དེ། ཀུན་གཞི་ལ་བདག་ཏུ་བཟུང་བའོ། །དེ་ནས་སྲིན་པོ་ཀུན་གྱིས་མའི་རོ་ཁང་བརྩིགས་ཏེ། རོ་ཁྱོགས་ལ་བླངས་ཏེ་དེར་བཅུག་ནས་བུ་ཡང་མའི་རོ་མཆན་དུ་བཞག་གོ། །དྭ་བུ་དེས་མའི་རོ་ལ་འཇུས་ནས་འཚོ་བའི་ཚུལ་ནུ་མ་ལ་འཇིབས་ནས་ཆུ་སེར་དྲངས་ཏེ་ཞགས་བདུན་གྱི་འཚོ་བ་བྱས་སོ། །དེ་ནས་ཁྲག་ཏུ་གཞིབས་པས་ཞག་བདུན་གྱི་འཚོ་བས་འཚོའོ། །དེ་ནས་ནུ་མ་གཉིས་ཟོས་པས་ཞག་བཅུའི་འཚོ་བས་འཚོའོ། །དེ་ནས་མའི་ནང་ཁྲོལ་ཟད་པར་ཟོས་པས་འཚོ་བའི་བྱ་བར་གྱུར་ཏོ། །དེ་ནས་ཤ་ཟད་པར་ཟོས་པས་ཟླ་བ་བདུན་གྱི་འཚོ་བའི་བྱ་བ་བྱས་སོ། །དེེ་ནས་གཞོན་ནུ་དེ་རྟས་པར་གྱུར་ནས། དུར་ཁྲོད་ཀྱི་རོ་རྣམས་ཀྱིས་འཚོ་བའི་བྱ་བ་བྱས་སོ། །སྤྱིར་སྔོན་གྱི་ལས་ཕལ་ཆེར་ཟད་ཀྱང་ལྷག་མ་ཡོད་ལ། སྔོན་ལྷ་སྒོམ་ཞིང་སྔགས་བཟླས་ཏེ་སྤྱོད་པ་རླབས་ཆེ་བ་བརྟེན་སྟོབས་ཀྱིས་འདིར་ནུས་པ་ཆེ་བར་གྱུར་ཏེ། དེ་ནས་ཤིན་ཏུ་བརྟས་པར་གྱུར་པ་དང་། རོ་རྣམས་ཟས་སུ་ཟ་ཞིང་། རོ་གོས་དང་། པགས་པ་རྣམས་གྱོན་ཏེ། དུར་ཁྲོད་ཀྱི་མ་མོ་དང་། ཤ་ཟ་བ་དང་། ཡི་དྭགས་ཀྱི་ཚོགས་དང་། མི་དང་མི་མ་ལགས་པའི་མ་ཡམ་གྱི་ཚོགས་མང་པོ་ཡང་། མི་རོ་རྣམས་ཀྱི་ཤ་རྗེན་ཟོས་པའི་རང་བཞིན་གྱི་མཐུས་དབང་དུ་འདུས་ཏེ། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་གཞན་ལ་གནོད་པས། དུར་ཁྲོད་ཀྱི་གདུག་པ་ཅན་ཀུན་གྱི་བདག་པོར་གྱུར་ཏེ། གཞན་གྱི་གཟི་བྱིན་འཕྲོག་པའི་ནུས་པ་ཅན་མི་གང་དང་གང་དག་གསོན་པོར་ཟ་ཞིང་མདངས་འཕྲོག་པར་བྱེད་པ། ཤིན་ཏུ་འཇིགས་པའི་གཟུགས་ཅན་མ་རུངས་པར་གྱུར་ཏོ། །མའི་ཤ་རྗེན་ཟོས་པས་ན། མ་ཟན་མ་ཏང་ཀ་ཞེས། མི་གང་དག་གིས་རུ་ཏྲའི་མིང་དུ་འབོད་དེ་ཡོངས་སུ་གྲགས་སོ། །གཉིས་པ་ནི། ཡི་དྭགས་ཆེན་པོ། ཞེས་པ་ནས། གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལས་ཀྱི་སྤྱོད་ཚུལ་དང་མཐུའི་ཁྱད་པར་སྔོན་དྲག་སྔགས་བཟླས་པའི་རྒྱུ་མཐུན་གྱི་ཡི་དྭགས་ཆེན་པོ་དེའི་ཁ་རླངས་ལས་ནི་ཚ་བའི་ནད་བྱུང་བས་གང་ལ་ཕོག་པ་ནད་ཀྱི་འབྱུང་བས་ཁྱབ་སྟེ། འགྲོ་བ་གང་ལུས་ཅན་རྣམས་ཟུག་རྔུ་དྲག་པོས་གཟིར་བ། སྣ་ནས་ནི་གྲང་བའི་ནད་དབྱུང་བས་གང་ལ་ཕོག་པར་དེའི་འབྱུང་བས་ཁྱབ་སྟེ་ཀུན་ཏུ་གདུང་བར་བྱེད་དོ། །མིག་འབྲི་ཚུགས་སུ་གཏད་ན་མིག་བུག་གིས་ཕོག་པས་ནད་དུ་སོང་ནས་འཆི་བར་ངེས་པ། གང་ལ་དམིགས་ཏེ་དྲག་པོའི་སྔགས་ཟེར་བཟླས་པར་བྱས་པས། ཐམས་ཅད་རང་དབང་མེད་པར་དབང་དུ་འདུས་པར་གྱུར་པ། ལུས་ཆེན་པོ་ལ་མདོག་ཐལ་ཀ་སྔོ་སྐྱར་འདུག་པ། ཁྲག་དང་ཞག་གིས་ཐིག་ལེས་བརྒྱན་པ། ཐོད་པའི་ཕྲེང་བ་སེ་རལ་དུ་ཐོགས་པ། དམར་པོ་ཁྲག་གིས་བསྐུས་པའི་པགས་པ་བགོས་པ། ཐོད་པ་མ་དྲངས་པར་བཅག་པའི་འཕྲོ་ཅན་ཐོད་སྐྱོགས་ཁྲག་གིས་བཀང་བ་རྟག་པར་འཐུང་བ། སྐྲ་རལ་པ་ཁམ་ནག་བུངས་ཆེ་བར་འབན་ཅིང་མང་ལ་འཛིང་བར་གཉིགས་པ། ཁྲག་དང་དབང་པོ་ལྔ་བསྲེས་པ་དང་ཀླད་པ་དང་ཚིལ་དང་རྐང་སྟེ་འབྲུ་མར་ཐོད་རུས་ཟས་སུ་ཟ་བ། ཐལ་བ་དང་མི་ཚིལ་ནང་དུ་དྲི་ཆེན་བླུགས་པ་སྲོ་ཙ་ཨན་འཛའ་ནས་ལུས་བརྒྱན་པ། ལ་ལར་སྦྲུལ་དང་བ་སུ་ཏ་ཡང་གསུངས། བྱའི་གཤོག་པ་ལུས་ལས་བྱུང་བས་ནམ་མཁའ་ལ་བྱ་བཞིན་བྱ་བ་བྱེད་པ། གཅེར་བུ་པ་ཐགས་མེད་ཐོགས་པ་མེད་པས་ཆུ་ལ་ཉ་བཞིན་བྱ་བ་བྱེད་པ། གང་གིས་མཐོང་བ་མིག་རྩ་རིག་རིག་སྔངས་ཞིང་བརྒྱལ་བར་བྱེད་བ། ལུས་ཕག་གི་སྤུ་ཅན་རྩུབ་ལ་ཡན་ལག་སྦྲུལ་དུ་བྱུང་ཞིང་སྦྲུལ་གྱིས་བརྒྱན་པ། སེན་མོ་ཀང་ཀའི་མཆུ་སྡེར་དུ་བྱུང་བས་གང་ཟིན་པའི་ལུས་ཅན་ཤ་རུས་མྱོགས་པར་བྱེད་པ། སྔོན་སྐྱེ་བ་སྔ་མ་རྣམས་ལ་ཐར་པའི་དུས་ཀྱི་སྒྲོལ་བ་སོགས་གོམས་པའི་མཐུས་ལུས་ཅན་ཐ་དད་གསད་པར་དམིགས་པ། གང་མཐོང་བས་ཐར་པའི་དུས་སྦྱོར་བ་ལ་སོགས་པས་མོའི་དབང་པོ་སྡུད་པར་ཆགས་པ། ལུས་ཅན་མཐའ་དག་ཧག་སྔངས་ཏེ་ཟིལ་གྱིས་མནན་ནས་འདར་ཡེད་ཡེད་འཇོག་པ། འཇིག་རྟེན་གྱི་མ་མོ་དང་། འབྱུང་པོ་དང་། གནོད་སྦྱིན་མཐུ་ཅན་རྣམས་ཀྱིས་ཕྱག་བྱས་ཏེ་གཙོ་བོར་མཐོང་བ། དབང་ཆེ་བའི་ཚད། གདུག་པ་ཅན་མཐའ་དག་མངག་པ་དང་། ཕོ་ཉ་དང་། གཡོག་དང་། ཡང་གཡོག་དང་། བྲན་དང་། ཡང་བྲན་དུ་འཁོལ་ཞིང་། དང་པོར་ཁྲོ་བོར་བསྒོམ་པ་ཤེས་རབ་ཀྱིས་མ་ཟིན་པ་དང་། བཀའ་བསྒོ་ལོག་པའི་རྒྱུ་དངོས་སུ་སྣང་བའི་ཕྱིར་ཏེ། འཇིག་རྟེན་གྱི་བདག་པོ་དབང་ཅན་གདུལ་དཀའ་བར་བྱུང་སྟེ་ཁམས་གསུམ་ཀུན་ལ་དབང་བསྒྱུར་བའི་དབང་ཕྱུག་ཆེན་པོར་གྱུར་ཏོ། །ནང་ལྟར་ན་ཉོན་ཡིད་ཀྱིས་ཀུན་གཞི་ལ་བདག་ཏུ་བཟུང་བས་ཟག་པ་རྒྱས་ཏེ་ཉོན་མོངས་དུག་ལྔ་སྟོབས་འཕེལ་བས་རེག་པ་ལ་སོགས་པ་སེམས་ལས་བྱུང་བ་ཀུན་ཀྱང་དེ་དང་མཚུངས་པར་ལྡན་པའོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་ལ་འདུས་པའི་མདོ་ཆེན་པོ་ལས། གང་ཐར་པ་ནག་པོ་ནས་རུ་ཏྲའི་བར་ཡོངས་སུ་མ་དག་པའི་སྐྱེ་བརྒྱུད་བསྟན་པའི་ལེའུ་སྟེ་ཉི་ཤུ་པ་རྣམ་པར་བཤད་པའོ།། །།བཞི་པ་སྔགས་འབྱུང་བའི་རྒྱུར་ཇི་ལྟར་འགྱུར་བ་ལ་གཉིས་ཏེ། འཁོར་དང་སྤྱོད་ཡུལ་ལོག་པར་བསྒྱུར་བས་སྔགས་འབྱུང་བའི་རྒྱུར་གྱུར་པ། སྲིད་གསུམ་དབང་དུ་བསྡུ་ལུགས་ཀྱིས་སྔགས་འབྱུང་བའི་རྒྱུར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ང་རྒྱལ་གྱི་ཚིག་སྒྲོག་པ། ཇི་ལྟར་ལོག་པར་བསྒྱུར་བའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། སྒྲོགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ནོ། །དེར་སྐྱེས་པའི་ངོ་བོ་དང་རང་སྐལ་གྱི་ལས་ཀྱི་ནུས་མཐུ་གང་ཞེ་ན། དེ་ནས་ཡང་ངོ་བོ་སྲིན་པོར་གྱུར་པའི་ཡི་དྭགས་ཀྱི་སྡེ་དཔོན་དྲག་པོ་དེ་ཡིས། ང་རྒྱལ་ཅན་གྱི་རང་གི་མཐུ་ཡི་ཆེ་བ་རྙེད་པས་གཏུམ་སྐད་འབྱིན་ཏེ། ཨེ་མའོ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོ་ནི་བདག་ཡིན་ན། བདག་ལས་གཞན་པའི་དབང་ཕྱུག་དང་། མངའ་འབངས་ཀྱི་ཕྲུ་མ་ཡོད་ན་དེ་ཡང་བདག་གིར་འགྱུར་ཏེ་དབང་དུ་སྡུད་ན། བདག་ནི་འགྲན་གྱི་ཟླ་མེད་ཆེ་བཙན་གཅིག་པུར་བྱུང་ངོ་ཞེས་ང་རྒྱལ་གྱི་གདངས་ངར་སྒྲོགས་སོ། །དོན་དང་སྦྱར་ན། རུ་ཏྲ་ནི་ནང་གི་མུ་སྟེགས་ཏེ། དེའི་བསྟན་པ་ལོག་པ་ལ་ཁམས་གསུམ་བཀོད་ལའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེའི་ཚེ། ཞེས་པ་ནས། གྲགས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེའི་ལས་དང་ནུས་མཐུ་ལོག་ལྟ་ཅན་དུ་གྱུར་པ་ནི། རུ་ཏྲ་འཇིག་རྟེན་དུ་བྱུང་བ་དེའི་ཚེ་འགྲོ་བ་རྣམས་ཀྱི་ཚུལ་འདི་ལྟར་བྱུང་སྟེ། རུ་ཏྲས་བསླད་པས་ཤེས་བློ་ཐམས་ཅད་རྨུགས་ཤིང་བདུད་ཀྱིས་བྱིན་གྱིས་བརླབས་པས་རྟགས་སུ་འགྲོ་བའི་སྤྱོད་པ་དང་བློ་ཐམས་ཅད་ཀྱང་ལོག་པར་ལྟ་བ་དགུ་ལ་གནས་ཤིང་། དེས་དབང་བྱས་པས་ལྟུང་བའི་འབྲས་བུ་དང་བཅས་པར་གྱུར་ཏེ། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་ཤིན་ཏུ་སྟོང་པར་ལྟ་བས་བྱང་ཆུབ་ཀྱི་བསམ་པ་རྒྱུན་ཆད་པ་ཅན་དུ་གྱུར་ཏེ། མཐའ་ཟད་པ་སྟོང་པ་ཉི་ཚེ་བར་གོལ་བ་ཤ་སྟག་གོ། །གང་ཟག་གི་བདག་ཏུ་ཞེན་པར་གྱུར་ཏེ། ཐེར་ཟུག་པ་རྟག་ལྟ་ལ་གོལ་བ་ཤ་སྟག་གོ། །ཡང་དག་པའི་བསམ་པ་དང་ཚོགས་དྲུག་འགོག་པར་འཇུག་པར་གྱུར་ཏེ་ཚོགས་དྲུག་གི་ཤེས་རྒྱུན་འགགས་ཤིང་དོན་ལས་འདས་ཏེ་མུན་པར་ཞུགས་པ་ཤ་སྟག་གོ། །ཞེ་སྡང་གིས་སེམས་གདུག་ཅིང་ལུས་གཏུམ་པར་གྱུར་ཏེ། འོ་དོད་འབོད་པ་དམྱལ་བར་ལྟུང་བ་ཤ་སྟག་གོ། །མཆོག་གསུམ་མེད་ཅེས་ལོག་པར་ལྟ་བར་གྱུར་ཏེ་འབྲས་བུ་མནར་མེད་པར་ལྷུང་བ་ཤ་སྟག་གོ། །སེར་སྣའི་དབང་གིས་འདོད་པ་ལ་བརྐམ་ཞིང་འཇུངས་པར་གྱུར་ཏེ། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བ་ཤ་སྟག་གོ། །ལེ་ལོའི་དབང་གིས་ཤིན་ཏུ་གཡེང་བ་ཆེན་པོར་གྱུར་ཏེ། མི་ཁོམ་པའི་རིས་བརྒྱད་ཀྱི་གནས་སུ་ལྟུང་བ་ཤ་སྟག་གོ། །ཤིན་ཏུ་གཏི་མུག་གི་རྨོངས་པར་གྱུར་ཏེ། བྱོལ་སོང་གི་གནས་སུ་ལྟུང་བ་ཤ་སྟག་གོ། །འཁྲིག་པ་ལ་ཤིན་ཏུ་ཆགས་པས་མྱོས་པར་གྱུར་ཏེ། མངལ་གྱི་ཁམས་སུ་འགྲོ་བ་ཤ་སྟག་གོ། །དེ་ལྟར་ལོག་པར་ལྟ་བ་རྣམས་ཀྱིས་བྱང་ཆུབ་ཀྱི་ཤིང་སྐམས་པས་སེམས་ཀྱི་རྩ་བ་ཚིག་པ་ཤ་སྟག་གོ། །ལང་ཀའི་བདག་པོ་དེ་ཡང་རུ་ཏྲ་རྗེས་འབྲང་དང་བཅས་པ་འདི་ལྟར་ལོག་པར་གྲགས་ཤིང་གྲགས་ཏེ། ད་ལྟར་ཡང་གྲགས་པར་གྱུར་ཏོ། །གཉིས་པ་ལ་དགུ་སྟེ། སྟོང་པ་རྒྱུན་ཆད་དུ་བསྒྱུར་བ། བདག་ཏུ་ཞེན་པར་བསྒྱུར་བ། འགོག་པར་འཇུག་པར་བསྒྱུར་བ། གདུག་ཅིང་གཏུམ་པར་བསྒྱུར་བ། ལོག་པར་ལྟ་བར་བསྒྱུར་བ། བརྐམ་ཞིང་འཇུངས་པར་བསྒྱུར་བ། ཤིན་ཏུ་གཡེངས་པར་བསྒྱུར་བ། གཏི་མུག་རྨོངས་པར་བསྒྱུར་བ། ཆགས་པས་མྱོས་པར་བསྒྱུར་བའོ། །དང་པོ་ནི། འདས་པའི་དུས་ན། ཞེས་པ་ནས། ལམ་ནི་ཆད་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། གོལ་བའི་དུས་བསྐལ་པ་གྲངས་མེད་མང་པོ་འདས་པའི་དུས་ན་སྔོན་དུ་བྱུང་བའི་བསྐལ་པ་མངོན་དགའ་ཞེས་བྱ་བར། ཞིང་ཁམས་ཀུན་དགའ་ཞེས་བྱ་བ་ལ། སངས་རྒྱས་མི་བསྐྱོད་པའི་བསྟན་པ་ལ་ཐར་པ་ནག་པོ་ཞེས་བྱ་བར་བྱུང་བ་དེས། གོལ་བའི་གཞི་རིགས་ཀྱི་བདག་པོ་ཆེན་པོ་ངོ་བོ་མི་འགྱུར་བའི་བཀའ་གསང་རང་བྱུང་འདུས་མ་བྱས་པའི་བདག་ཉིད་ཟག་པ་མེད་པའི་ཡེ་ཤེས་ཆེན་པོ་ནི་སངས་རྒྱས་ཀུན་གྱི་ངོ་བོ་ཉིད་དེ། དེ་ལས་སྤྲུལ་པ་རྒྱུན་དུ་འབྱུང་བ་དང་། ལོངས་སྤྱོད་ཆེན་པོར་བར་མ་ཆད་པ་དང་། ཆོས་ཀྱི་སྐུ་ལ་སྐྱེ་འགག་མེད་པའི་ཕྱིར། ཇི་སྐད་དུ། བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་དང་། བདེ་བ་ཆེན་པོ་དག་ལ་རྟག་བཞུགས་པ། །ཞེས་གསུངས་པ་ལྟར་ཆོས་ཉིད་འཕོ་འགྱུར་དང་བྲལ་བས་རྟག་པ་དམ་པ་ཡི་གནས་ལུགས་ཇི་བཞིན་པ་མ་བཅོས་མ་བསླད་པར་སྟོན་པའི་དེ་བཞིན་གཤེགས་པས་བསྟན་པའི་གསུང་རབ་གསང་སྔགས་ཐེག་པ་ཆེན་པོ་ཇི་ལྟ་བའི་དོན་མགོ་བ་ལས་གོལ་བའི་དངོས་པོར་སྨིན་ཏེ། འགྲོ་བའི་སྡེ་དཔོན་སྲིན་པོའི་ཚུལ་དུ་མ་ཏྲཾ་ཀ་དྲེགས་པ་ཆེན་པོར་སྔོན་བྱུང་བ་ནི། སྤྱིར་འཁོར་བ་ཐོག་མ་དང་ཐ་མ་མེད་པར་འབྱུང་བས་ན། སྐབས་ཀྱི་ཆ་གཅིག་ཏུ་བརྩི་ན་གསང་བའི་ཐེག་པ་མ་བྱུང་གི་གོང་དུ་བསྐལ་པ་འདི་ཉིད་ལའང་འཆད་པ་བཞིན་འབྱུང་ངོ་། །འོན་ཀྱང་ལེའུ་རྩ་བཞི་པ་ལས། འདས་པའི་དུས་ན་སྔོན་བྱུང་ལྟར། །ད་ལྟ་དུས་འདི་ཉིད་དུ་བྱུང་། །ཞེས་འབྱུང་བས་འདི་ནི་སྔོན་གྱི་ལོ་རྒྱུས་བརྗོད་པའི་དབང་དུའོ། །དེའི་རྩལ་གྱིས་ལོག་པར་དྲངས་ཏེ་རུ་ཏྲ་བྱུང་བ་དེ་ཡི་ཚེ་འགྲོ་བ་སེམས་ཅན་ཐམས་ཅད་ནི་བློ་དྲེགས་པས་བརླབས་ནས་ཚེ་སྔ་ཕྱི་དང་ལས་དང་འབྲས་བུས་ཤིན་ཏུ་སྟོང་པ་ཉི་ཚེ་བ་ཆད་པའི་ལྟ་བ་ཉིད་ལ་བརྩོན་ཏེ་ལོག་པར་གནས་སོ། །འདི་ནི་ཞིང་ཁམས་མངོན་དགའི་དུས་ཐར་པས་གདུལ་བྱ་རྣམས་དེ་ལྟར་བཙུད་པ་དང་། རུ་ཏྲའི་དུས་སུ་སེམས་ཅན་རྣམས་དེ་ལྟར་གྱུར་པ་གཉིས་ཀ་ལ་གོ་བར་བྱ་སྟེ་འོག་མ་རྣམས་ལའང་འགྲེའོ། །དེའི་ཉེས་པ་དེ་ལྟར་ཉི་ཚེའི་སྟོང་པ་ཆད་པ་ཉིད་དུ་མུ་བཅད་པས། ལྟ་ངན་གྱི་རྒྱུ་དེས་འབྲས་བུ་རིགས་ཆད་པའི་ཁམས་ཆེན་རྡོ་རྗེ་དམྱལ་བ་ཉིད་དུ་སྐྱེ་བར་གྱུར་ཏོ། །གལ་ཏེ་གནས་ངན་དེ་ནས་སླར་ཡང་འཕོས་ཏེ་མིར་སྐྱེས་པ་ནའང་ལྟ་ངན་དེ་ལ་དགའ་སྟེ་ལོང་འདོགས་པ་ཡིས་རྒྱུ་མཐུན་ལས་གྲོལ་བ་དང་ཐར་པའི་ལམ་ནི་ཆད་པར་འགྱུར་ཞིང་སྐབས་མེད་པའོ། །མདོར་ན་དང་པོ་གོལ་བའི་དུས་དང་། གཞི་འམ་རྒྱུ་དང་། གོལ་བ་དངོས་པོར་བྱུང་བའི་དུས་དང་། དེའི་རྩལ་གྱིས་དགེ་བའི་མྱུ་གུ་ཆད་པ་དང་། རིལ་ལོག་པའི་ལམ་དུ་དྲངས་པས་གནས་ངན་དུ་ལྟུང་བ་དང་། དེ་ལས་ཐར་ཀྱང་ལྟ་བ་ངན་པའི་ལོང་འདོགས་པ་དང་དྲུག་པོ་འདི་འཆད་པ་རྣམས་ལའང་སྦྱར་བར་བྱའོ། །གཉིས་པ་ནི། འདས་པའི། ཞེས་པ་ནས། དག་ལ་རྨོངས་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། དེའང་ཆོས་དྲུག་པོ་ཀུན་ལ་སྦྱར་ཏེ་གོལ་བའི་དུས་འདས་པའི་དུས་ན་སྔོན་དུ་བྱུང་བ་བསྐལ་པ་ཀུན་དགའ་ལ། ཐར་པ་ནག་པོ་ཞེས་བྱ་བ། གོལ་བའི་གཞི་རིག་པ་བདག་ཉིད་ཆེན་པོ་ཀུན་བྲལ་ཉག་གཅིག་ཅི་མ་སྤང་བ་ངོ་བོ་མི་འགྱུར་བས་རྟག་པ་འདུས་མ་བྱས་པ་ཡི་རང་བཞིན་གསང་བ་དམ་པ་ཉིད་སྟོན་པའི་དེ་བཞིན་གཤེགས་པའི་གསུང་རབ་གསང་ཆེན་ནང་གི་རྒྱུད་ཀྱི་དོན་ཟབ་མོ་མ་གོ་བ་ལས་གོལ་བའི་དངོས་པོ་འགྲོ་བའི་སྡེ་དཔོན་སྲིན་པོའི་ཚུལ་དུ་སྔོན་རུ་ཏྲ་ཉིད་དུ་བྱུང་བ། དེའི་ཚེ་ན་སེམས་ཅན་ཐམས་ཅད་ཀྱང་ལོག་པའི་རྩལ་གྱི་བསྒྱུར་བ་ནི་ལྷན་སྐྱེས་ཀྱི་ལྕགས་སྒྲོག་ལ་ཀུན་བཏགས་ཀྱི་གཟེར་བཏབ་ནས་ཤིན་ཏུ་གང་ཟག་ལ་བདག་ཏུ་ལྟ་ཞིང་སྒྲོ་འདོགས་པ་ལ་བརྩོན་ནོ། །དེའི་ཉེས་པས་བརྟགས་པ་ལྟར་ཐེར་ཟུག་རྟག་པའི་བདག་ཆེན་གྱིས་ཞེན་པས་རྒྱུད་འཆིང་སྟེ་ཐམས་ཅད་ཀྱང་འཁོར་བའི་དངོས་པོ་གནས་ངན་ལས་ཐར་པ་མེད་པར་རྟག་པ་ཉིད་དུ་འཁོར་བར་གྱུར་ཏོ། །དེ་ནས་སྐྱེ་བ་འཕོས་ཀྱང་བདག་རྟོག་དེ་ཉིད་སླར་བྱུང་ནས་ལོང་བཏགས་པས་ཡང་དག་པའི་ལམ་དམ་པ་བདག་མེད་ཀྱི་དོན་སྟོན་པ་དག་ལ་རྨོངས་ཏེ་ལྷག་མཐོང་གི་སྣང་བ་དང་བྲལ་བར་འགྱུར་རོ། །གསུམ་པ་ནི། འདས་པའི། ཞེས་པ་ནས། ཡོངས་སུ་འདས་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། གོལ་བའི་དུས་འདས་པའི་དུས་ན་སྔོན་གྱི་བསྐལ་པ་ཀུན་དགའ་ལ་དགེ་སློང་ཐར་པར་བྱུང་བ་ཉིད། གོལ་གཞི་རང་རིག་བདག་ཉིད་ཆེན་པོ་སྣང་མེད་རྣམ་པ་ཐམས་ཅད་པ་ངོ་བོ་འདུས་མ་བྱས་པས་རྟག་པ་དམ་པ་ཡི་རང་བཞིན་གསང་བ་ཆེན་པོ་ཉིད་གསལ་བར་སྟོན་པའི་དེ་བཞིན་གཤེགས་པའི་གསུང་རབ་གསང་སྔགས་ནང་གི་རྒྱུད་ཀྱི་དོན་མཆོག་གསང་བ་ཇི་བཞིན་དུ་མ་གོ་བ་ལས་གོལ་བའི་དངོས་པོ་འགྲོ་བའི་དབང་ཕྱུག་སྲིན་པོའི་ཚུལ་དུ་རུ་ཏྲར་སྨིན་ཏེ་སྔོན་གྱི་དུས་སུ་བྱུང་བ་ན། དེའི་ཚེ་ལོག་པའི་རྩལ་རྒྱས་པས་སེམས་ཅན་ཐམས་ཅད་ནི་བྱང་ཆུབ་ཀྱི་བསམ་པ་དང་བྲལ་ཏེ་ཚོགས་དྲུག་ཤིན་ཏུ་འགོག་པའི་འདུ་ཤེས་མེད་པ་ལ་བརྩོན་པར་གྱུར་ཏོ། །དེ་ལྟར་ཤིན་ཏུ་འགོག་པའི་སྦྱོར་བ་ལ་གོམས་པ་ཡིས་འབྲས་བུ་ཚོགས་དྲུག་འགག་པའི་གནས་ངན་དུ་འཁྱམས་ཤིང་བྱང་ཆུབ་མཆོག་གི་ལམ་འབྲས་ཀྱི་དོན་ལས་ཡོངས་སུ་འདས་པར་འགྱུར་ཞིང་སླར་ཡང་ལྟ་བ་དེ་ཉིད་ལ་དགའ་སྟེ་ལོང་འདོགས་པས་ཐར་པ་མེད་དོ། །བཞི་པ་ནི། འདས་པའི། ཞེས་པ་ནས། འཇིག་རྟེན་འཕོ་བར་བྱེད། །ཅེས་པའི་བར་གྱིས་བསྟན་ཏེ། འདས་པའི་དུས་ན་སྔོན་གྱི་བསྐལ་པ་ཀུན་དགའ་ལ་བྱུང་བའི་ཐར་པ་ནག་པོ་དེས། རང་རིག་པ་བདག་ཉིད་ཆེན་པོ་ཕྱོགས་མེད་ཇི་བཞིན་པའི་གནས་ལུགས་ངོ་བོ་འཕོ་འགྱུར་བྲལ་བས་རྟག་པ་དམ་པ་ཡི་བཀའ་གསང་དེ་བཞིན་གཤེགས་པའི་གསུང་རབ་ནང་རྒྱུད་རིན་པོ་ཆེའི་ངེས་པ་ལས་གོལ་ཏེ་འགྲོ་བའི་སྡེ་དཔོན་དྲེགས་པ་ཆེན་པོའི་ཚུལ་དུ་སྔོན་ཚེ་མ་ཏྲཾ་ཀར་བྱུང་བ་དེ་ཡི་ཚེ་ན་སེམས་ཅན་ཐམས་ཅད་ནི། ཤིན་ཏུ་མ་རུངས་པ་ལུས་ཁྲོ་ཞིང་ངག་གཏུམ་ལ་སེམས་གདུག་པར་གྱུར་ཏོ། །དེ་ལྟར་ཤིན་ཏུ་ཁྲོ་གཏུམ་གདུག་པ་ལ་གོམས་པའི་ལས་དེ་ཡིས་རུ་ཏྲའི་སྐྱེ་རྒྱུད་ལྟ་བུ་ངན་སོང་གསུམ་དུ་བརྒྱུད་ཅིང་ལྷག་པར་ཡང་དམྱལ་བའི་གནས་སུ་འོ་དོད་འབོད་པར་ལྟུང་བར་འགྱུར་རོ། །བརྒྱ་ལམ་ན་དེ་ནས་འཕོས་ཏེ་མིར་སྐྱེས་པའི་སེམས་ཅན་དེས་ཀྱང་སྔོན་གྱི་བག་ཆགས་ངན་པའི་ལས་ཀྱིས་འཚམས་སྦྱར་བས་རུ་ཏྲ་ལྟ་བུ་ཤིན་ཏུ་གདུག་པ་ཆེན་པོར་འགྱུར་ལ། བློ་ཡང་ནག་ཕྱོགས་བདུད་རིགས་ཀྱིས་བྱིན་གྱིས་བརླབས་ནས་དུག་ནད་དང་རིམས་དང་ཕྲ་མེན་མ་སོགས་གཞན་ལ་གནོད་པའི་ཟུག་རྔུ་སྣ་ཚོགས་ཀྱི་ཟེར་མདའ་འཕྲོ་ཞིང་ཀུན་ལ་བདུད་དང་ལོག་འདྲེན་གྱི་ཚུལ་དུ་རྣམ་པར་འཚེ་སྟེ་ཤིན་ཏུ་གཏུམ་རྔམ་མ་རུངས་པར་གྱུར་པས་ས་བླ་མན་ཆད་ཀྱི་འཇིག་རྟེན་གསུམ་དག་འཇིག་པར་བྱེད་ཅིང་། དམ་ལྡན་ལ་སྡང་ཞིང་དམ་ལ་མི་གནས་པར་བྱེད་པས་དམ་ཚིག་དག་ལ་ཟ་བ་དང་། དགེ་བའི་ལམ་གྱི་དམ་པའི་ཆུ་བོ་རྐ་ནས་བཟློག་སྟེ། ལྷ་མིའི་འཇིག་རྟེན་འཕོ་ཞིང་ཉམས་པར་བྱེད་དོ། །ཡང་ན་རུ་ཏྲ་ལྟ་བུ་ཐམས་ཅད་བསད་ཅིང་སྡུད་པར་སེམས་པའོ། །འདི་ཉིད་རུ་ཏྲ་ཡིན་ན་སེམས་ཅན་ཐམས་ཅད་ཅེས་པ་དང་འགལ་ལ། སེམས་ཅན་ཡིན་ན་ལྷ་མིའི་འཇིག་རྟེན་འཕོ་བར་བྱེད་པ་དང་འགལ་ལོ་ཞེས་བཀོད་ཀྱང་སེམས་ཅན་གྱི་རིས་ལ་རུ་ཏྲ་ལྟ་བུ་གཞན་ཡང་འབྱུང་བར་ངེས་པས་ཤིན་ཏུ་འཐད་པར་མངོན་ནོ། །ལྔ་པ་ནི། འདས་པའི། ཞེས་པ་ནས། ལམ་ཉིད་ཆད་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། འདས་པའི་དུས་ན་སྔོན་གྱི་བསྐལ་པ་ཀུན་དགའ་ལ་བྱུང་བ་དགེ་སློང་ཐར་པས། རིག་པ་བདག་ཉིད་ཆེན་པོ་ཀུན་མཉམ་ཡངས་པ་ངོ་བོ་འགྱུར་མེད་རྟག་པ་དམ་པ་ཡི་བཀའ་གསང་དེ་བཞིན་གཤེགས་པའི་གསུང་རབ་ནང་རྒྱུད་རིན་པོ་ཆེའི་ངེས་པ་ལས་གོལ་ཏེ་འགྲོ་བའི་ཆེ་བཙན་སྲིན་པོའི་ཚུལ་དུ་སྔོན་ཚེ་བྱུང་ནས་རུ་ཏྲར་སྨིན་པ་དེ་ཡི་ཚེ་ན་སེམས་ཅན་ཐམས་ཅད་ནི། སྤྱིར་ན་ཀུན་ལོག་འབའ་ཞིག་ལ་འདིར་ཁྱད་པར་དུ་བརྗོད་དེ་མ་ལོག་པའི་བསྟན་པ་ལ་ཞུགས་པའང་ལོག་པར་ལྟ་བ་ལ་གནས་པར་གྱུར་ཏོ། །དེ་ལྟར་ལྟ་བ་ཤིན་ཏུ་ལོག་པ་ལ་གོམས་པ་ཡིས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ངོ་། །དེ་ནས་གལ་ཏེ་བརྒྱ་ལམ་ན་སླར་བྱུང་སྟེ་མིར་སྐྱེས་ན་ཡང་། ཐར་པ་བྱང་ཆུབ་དམ་པའི་ལམ་གྱི་སྣང་བ་ཉིད་ཆད་པར་འགྱུར་རོ། །དྲུག་པ་ནི། འདས་པའི། ཞེས་པ་ནས། གསོད་ཅིང་འཇོམས་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། འདས་པའི་དུས་ན་སྔོན་གྱི་ཞིང་ཁམས་མངོན་དགའ་ལ་བྱུང་བ་ཐར་པ་ནག་པོས། རང་རིག་བདག་ཉིད་ཆེན་པོ་རང་བཞིན་ཀུན་ཏུ་སྣང་བའི་དབྱིངས་ངོ་བོ་འགྱུར་མེད་རྟག་ཆེན་འདུས་མ་བྱས་པ་ཡི་བཀའ་གསང་དེ་བཞིན་གཤེགས་པའི་གསུང་རབ་ནང་རྒྱུད་རིན་པོ་ཆེའི་ངེས་པ་ལས་གོལ་ཏེ་འགྲོ་བའི་དབང་ཕྱུག་སྲིན་པོའི་ཚུལ་དུ་སྔོན་ཚེ་རུ་ཏྲར་བྱུང་བ་དེ་ཡི་ཚེ་ན་སེམས་ཅན་ཐམས་ཅད་ནི་འདོད་པ་ལ་ཤིན་ཏུ་གདུང་བའི་སེར་སྣས་རང་གི་ཡོ་བྱད་ལ་བརྐམས་ཤིང་གཞན་ནོར་ལ་འཇུངས་པར་གྱུར་ཏོ། །དེ་ལྟར་ཤིན་ཏུ་འདོད་པ་གདུངས་ནས་རང་བཞིན་གྱི་ཡོ་བྱད་ལ་འཇུངས་ཤིང་བརྐམས་པ་ཡིས། ཡི་དྭགས་ཀྱི་འཇིག་རྟེན་གཤིན་རྗེའིི་ཁམས་སུ་ལྟུང་ངོ་། །དེ་ནས་དེ་ཉིད་སླར་བྱུང་བས་མི་རུ་གྱུར་ཀྱང་ཤིན་ཏུ་སྐེམ་པ་ཕོངས་ཤིང་དབུལ་པོར་འགྱུར་ཞིང་། བཀྲེས་དང་སྐོམ་པས་ཤིན་ཏུ་གདུང་བ་ཡིས་ཟས་ནོར་གྱི་ཕྱིར་ཕན་ཚུན་གསོད་ཅིང་འཇོམས་པར་འགྱུར་བས་ཐར་པ་དང་བྲལ་ལོ། །བདུན་པ་ནི། འདས་པའི། ཞེས་པ་ནས། གསུམ་གྱིས་བསྐལ་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། འདས་པའི་དུས་ན་སྔོན་གྱི་ཞིང་ཁམས་མངོན་དགའ་ལ་བྱུང་བ་དགེ་སློང་ཐར་པས། རིག་པ་བདག་ཉིད་ཆེན་པོ་བརྩལ་མེད་ལྷུན་གྱིས་གྲུབ་པས་རྟག་ཆེན་འཕོ་འགྱུར་བྲལ་བ་ཡི་བཀའ་གསང་དེ་བཞིན་གཤེགས་པའི་གསུང་རབ་ནང་རྒྱུད་རིན་པོ་ཆེའི་ངེས་པ་ལས་གོལ་ཏེ་འགྲོ་བའི་དྲེགས་པ་སྲིན་པོའི་ཚུལ་དུ་སྔོན་ཆད་རུ་ཏྲར་བྱུང་བ་དེ་ཡི་ཚེ་ན་སེམས་ཅན་ཐམས་ཅད་ནི། རྒྱུ་དམན་པ་ལ་སྦྱོར་བ་དང་སྙོམས་ལས་འཛིན་པ་གཉིས་ཀྱིས་ཤིན་ཏུ་ལེ་ལོས་གཡེངས་པར་གྱུར་ཏོ། །དེ་ལྟར་ཤིན་ཏུ་གཡེང་བའི་ལེ་ལོ་ཡིས་རྣམ་སྨིན་མི་ཁོམས་པའི་གནས་བརྒྱད་རྣམས་སུ་ལྟུང་བར་གྱུར་ལ། དེ་ནས་དེ་ཉིད་ལས་ཐོན་ནས་སླར་བྱུང་བས་མི་རུ་སྐྱེས་ཀྱང་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པའི་ལམ་ལས་བསྐལ་ཏེ་འགྱང་བར་འགྱུར་རོ། །ཡང་ན་ཡུལ་དུས་རང་བཞིན་གསུམ་གྱིས་གསང་བའི་དོན་ལས་བསྐལ་པ་ལའང་གསུངས་སོ། །བརྒྱད་པ་ནི། འདས་པའི། ཞེས་པ་ནས། ལམ་ཡང་ཆད་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། འདས་པའི་དུས་ན་སྔོན་གྱི་ཞིང་ཁམས་མངོན་དགའ་ལ་བྱུང་བ་དགེ་སློང་ཐར་པས། རང་རིག་བདག་ཉིད་ཆེན་པོ་མཉམ་ཉིད་བསལ་བཞག་མེད་པའི་རང་བྱུང་རྟག་པའི་ཆོས་ཉིད་འདུས་མ་བྱས་པ་ཡི་བཀའ་གསང་དེ་བཞིན་གཤེགས་པའི་གསུང་རབ་ནང་རྒྱུད་རིན་པོ་ཆེའི་ངེས་པ་ལས་གོལ་ཏེ་འགྲོ་བའི་སྡེ་དཔོན་དྲག་པོའི་ཚུལ་དུ་སྔོན་ཚེ་མ་ཟན་མ་ཏང་ཀར་བྱུང་བ་དེ་ཡི་ཚེ་ན་སེམས་ཅན་ཐམས་ཅད་ནི་ལམ་ལེགས་ཉེས་འབྲས་བུ་དང་བཅས་པ་ལ་ཤིན་ཏུ་གཏི་མུག་ཅིང་རྨོངས་པར་གྱུར་ཏོ། །དེ་ལྟར་ཤིན་ཏུ་གཏི་མུག་དང་རྨོངས་པ་དེ་ཡིས། གཏི་མུག་མུན་པའི་སྐྱེ་མཆེད་བྱོལ་སོང་ཉིད་དུ་ལྷུང་བར་གྱུར་ལ། དེ་ནས་དེ་ཉིད་སླར་བྱུང་བས་མཐོ་རིས་སུ་སྐྱེ་ཡང་། དཀོན་མཆོག་གསུམ་གྱི་མཐོང་སྣང་དང་ཡང་དག་པའི་ལམ་ཡང་ཆད་པར་འགྱུར་བའོ། །དགུ་པ་ནི། འདས་པའི། ཞེས་པ་ནས། ཞེས་ཐམས་ཅད་ཏུ་གྲགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཆོས་དྲུག་གི་གོལ་བའི་སྐབས་འདས་པའི་དུས་ན་སྔོན་གྱི་བསྐལ་པ་ཀུན་དགའ་ཞེས་བྱ་བར་བྱུང་བ་དགེ་སློང་ཐར་པར་གྱུར་པའི་དུས་སུ། གོལ་བའི་གཞི་རིག་པ་རང་བྱུང་གི་ཡེ་ཤེས་བདག་ཉིད་ཆེན་པོ་བདེ་ཆེན་དོན་གྱི་འོད་གསལ་ཟག་མེད་འདུས་མ་བྱས་པས་ངོ་བོ་མི་འགྱུར་པའི་རྟག་པ་དམ་པ་ཡི་བཀའ་གསང་རྨད་དུ་བྱུང་བ་དེ་བཞིན་གཤེགས་པའི་གསུང་རབ་ནང་རྒྱུད་རིན་པོ་ཆེའི་ངེས་དོན་གསང་བ་ཟབ་མོ་ཇི་ལྟ་བ་བཞིན་མ་གོ་བ་ལས། གོལ་བའི་དངོས་པོ་འགྲོ་བའི་རྗེ་དཔོན་ཡི་དྭགས་སྲིན་པོ་ཆེན་པོའི་ཚུལ་དུ་རུ་ཏྲར་སྨིན་ཏེ་སྔོན་གྱི་དུས་སུ་བྱུང་བ་ན། གོལ་བའི་རྩལ་གྱིས་དེ་ཚེ་འབྱུང་བའི་སེམས་ཅན་ཐམས་ཅད་ནི། གཉིས་ཀྱིས་གཉིས་སྤྲོད་པའི་འཁྲིག་པ་ལ་ཤིན་ཏུ་ཆགས་པས་མྱོས་པར་གྱུར་ཏོ། །དེ་ལྟར་གོལ་བའི་རྩལ་གྱི་ཉེས་པ་ཤིན་ཏུ་ཆགས་པས་མྱོས་པ་ཡིས་རྣམ་པར་སྨིན་པ་མངལ་གྱི་གྲོང་ཁྱེར་ཉིད་དུ་ལྟུང་བར་གྱུར་ལ། ལོག་པར་གོལ་བའི་རྒྱུ་མཐུན་ལོང་འདོགས་པ་དེ་ནས་དེ་ཉིད་ལས་སླར་བྱུང་བས་རྗེས་སུ་ཡང་སྔར་གོམས་པའི་བྱེད་པས་འདོད་པའི་མེ་ཡིས་ཀུན་ཏུ་གདུང་བར་འགྱུར་བས་གྲོལ་བའི་སྐབས་དང་བྲལ་བའོ། །ཞེས་ཞིང་ཁམས་ཐམས་ཅད་ཀུན་ཏུ་དེ་ལྟར་གྱུར་པར་ཡོངས་སུ་གྲགས་སོ། །བསྡུས་པའི་སྐབས་སུ་བསྟན་པའི་སེམས་ཀྱི་རྩ་བ་ཚིག་ཅེས་པ། རྒྱས་པའི་སྐབས་སུ་སྤྱི་ལ་ཁྱབ་པས་ལོགས་སུ་སྨྲས་ན་ཐ་དད་དུ་འགྱུར་བས་མ་སྨྲས་སོ། །མདོར་ན་རུ་ཏྲ་ནི་རང་བཞིན་དང་བཅས་པའི་ལྟུང་བ་གཉིས་ཀར་གྱུར་ལ། འགྲོ་བ་རྣམས་ནི་རང་བཞིན་གྱི་ལྟུང་བར་གྱུར་པའོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། རུ་ཏྲའི་དུས་ཀྱི་ལོ་རྒྱུས་བསྟན་པས་འདས་པ་སྔོན་བྱུང་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཅིག་པ་རྣམ་པར་བཤད་པའོ། །སྤྱིར་རང་རྒྱུད་པའི་གོལ་ས་དགག་ཅིང་བདུད་བཞི་འདུལ་བའི་ཆེད་དུ་དགོས་དགོངས་ཀྱིས་རྒྱལ་བ་ཉིད་བདུད་དུ་སྤྲུལ་པའང་འབྱུང་བས། ལེའུ་འདིས་རྒྱས་བཤད་ཀྱི་གནས་ལས་དེ་ལྟར་ཡང་འཆད་དུ་རུང་ངོ་།། །།གཉིས་པ་སྲིད་པ་གསུམ་དབང་དུ་བསྡུ་ལུགས་ཀྱིས་སྔགས་འབྱུང་བའི་རྒྱུར་བསྟན་པ་ལ་ལྔ་སྟེ། སྲིན་པོ་དབང་དུ་བསྡུས་པས་སྔགས་འབྱུང་བའི་རྒྱུར་བསྟན་པ། ལྷ་ཡི་ཚོགས་དབང་དུ་བསྡུས་པས་སྔགས་འབྱུང་བའི་རྒྱུར་བསྟན་པ། ལྷ་མི་གཡོ་འགུལ་ཐམས་ཅད་དབང་དུ་བསྡུས་པས་སྔགས་འབྱུང་བའི་རྒྱུར་བསྟན་པ། ཉན་ཐོས་ཀྱི་མཆོག་དང་རྟ་མགྲིན་གྱིས་མ་ཐུལ་བར་བསྟན་པ། དགོས་དགོངས་ཀྱི་ཐར་པ་དཔོན་གཡོག་སྨིན་པའི་དུས་མཚུངས་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། སྲིན་པོའི་གནས་སུ་བབ་པ། སྲིན་པོས་གཞོམ་པར་སད་པས་སླར་ཟིལ་གྱིས་གནོན་པ། སྲིན་པོའི་གཙོ་བོས་འཁོར་ལ་འདུན་པར་གྱིས་ཤིག་པར་བསྒོས་པས་དབང་དུ་བྱས་པའོ། །དང་པོ་ནི། དེ་ནས། ཞེས་པ་ནས། ཐོས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ནོ། །དེ་ནས་གསང་བ་པའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ། དེ་ལྟར་ཡི་དྭགས་དྲག་པོ་དེས། མི་ཡི་འཇིག་རྟེན་གང་ཇི་སྙེད་པ་དབང་དུ་གྱུར་པའི་ཆེ་བ་ལ་ང་རྒྱལ་གྱིས་སྤྱོམ་ཞིང་རློམ་སེམས་སུ་བྱེད་དེ། ཨེ་མའོ། །འཇིག་རྟེན་ན་དབང་ཕྱུག་བདག་ལས་སུ་དག་ཆེ། སུ་དག་ཡོད་ཅེས་རང་ཉིད་ལ་ངམ་པ་དང་། ཆེ་བ་གཞན་འཇིག་རྟེན་ན་སུ་ཡོད་པ་ཉན་ཅིང་ཕྲག་དོག་གང་ཆེ་བ་དབང་དུ་བསྡུས་ལ་བདག་གིར་བྱའོ་སྙམ་པས་སྐབས་སུ་འདི་ཉིད་འཛམ་གླིང་ལ་གླིང་ཕྲན་སུམ་བརྒྱ་ཡོད་ཟེར་བའི་གཅིག་ཡིན་གསུང་སྟེ། ལང་ཀ་ཡུལ་གྱི་གྲོང་རྡལ་མཚོ་ཀོ་ཀ་ཐང་དམར་གྱི་གླིང་། བྱན་ལག་གནམ་དུ་མཆོངས་པའི་དབྱིབས་ཀྱི་རི་བོ་མ་ལ་ཡ་རྩ་བ་གསེར་རྩེ་མོ་གནམ་ལྕགས་འཕངས་སུ་དཔག་ཚད་བརྒྱད་ཅུ་ཡོད་པའི་རྩེ་ཞེས་བྱ་བ་ནས། ལང་ཀའི་མངའ་བདག་སྲིན་པོའི་རྒྱལ་པོ་བློ་གྲོས་ཐབས་ལྡན་ཞེས་བྱ་བ། སངས་རྒྱས་སྤྲུལ་སྐུ་ཐུབ་པའི་དབང་པོ་ཞེས་བྱ་བའི་སློབ་མར་གྱུར་པ། མཐུ་དང་རྩལ་རྨད་དུ་བྱུང་ཞིང་ངོ་མཚར་དུ་ཆེ་བ། བློ་གྲོས་ཡོངས་སུ་ཆུབ་པ། སྤྱིར་ས་བརྒྱད་པ་ཡན་ཆད་ཡིན་ལ་ད་རེས་ཀྱི་འདི་ནི་འཇམ་དཔལ་ཡིན་གསུང་། དགེ་བ་བཅུའི་ཐབས་རྒྱ་མཚོའི་དྲྭ་བ་སྤྲིན་དཔུང་ལྟ་བུ་འབྱུང་བ་ཞིག་འཇིག་རྟེན་ན་ཆེའོ་ཞེས་གྲགས་པ་ལས། ཡི་དྭགས་བྱའི་གཤོག་པ་ཅན་དེས་ཞེ་སྡང་དང་ང་རྒྱལ་གྱིས་རབ་ཏུ་འཁྲུགས་ཤིང་ཁམས་ནས་ཉོན་མོངས་པ་དྲག་པོའི་རུ་ཏྲའི་མེ་དཔུང་དུ་འབར་བ་དང་དངོས་སུའང་ལུས་ལ་མེ་འབར་ནས། རང་གི་རྫུ་འཕྲུལ་དང་འཕུར་རྩལ་གྱིས། བྱན་ལག་མཆོངས་པའི་རིིའི་རྩེ་མོ་ལ་བབས་ནས། ང་རྒྱལ་གྱི་གཏུམ་སྐད་དུ། རུ་ཏྲ་མ་ཏྲ་མ་ར་ཏྲ་ཞེས་བསྒྲགས་པས་སྲིན་པོའི་ལྗོངས་ལང་ཀ་ཡུལ་གྱི་གྲོང་རྡལ་ཤིག་ཤིག །རབ་ཏུ་ཤིག་ཤིག །ཡམ་ཡོམ་དུ་གྱུར་པས། ལང་ཀའི་སྲིན་པོ་ཀུན་དང་སྲིན་མོ་ཀུན་ཀྱང་སྐྲག་ཅིང་སྔངས་ནས། ཨེ་མའོ་འདི་ནི་ཇི་ལྟ་བ་ཞིག་ཅེས་མིག་རྩ་རིག་རིག་སྔངས་ཡེད་ཡེད་གནས་པ་དང་། གནོད་སྦྱིན་བྱའི་གཤོག་པ་གཏུམ་རྔམ་འཁྲུགས་པ་ཞིག་སྲིན་པོ་བདག་ཅག་གི་འཁྲ་ས་ན་གནས་པ་ལ་ལས་མཐོང་ཞིང་མ་མཐོང་བས་ཀྱང་སྒྲ་སྒྲོགས་པ་ཐོས་པ་སྐྲག་ཅིང་འཇིགས་པར་གྱུར་ཏོ། །གཉིས་པ་ནི། དེ་ནས། ཞེས་པ་ནས། ཚོགས་བདག་གོ་ཞེས་སྒྲོགས། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ལང་ཀའི་མངའ་བདག་ཆེན་པོ་ལ་སོགས་པ་སྲིན་པོོའི་ཚོགས་རྣམས་ཀྱིས། དམག་གི་ཚོགས་ཀྱིས་བསྡུ་བ་བྱས་ཏེ་གཞོམ་པར་སད་ཅིང་འབད་པ་ལས། ཡང་སྲིན་པོ་བྱའི་གཤོག་པ་ཅན་དེས། སྲིན་པོོའི་ཚོགས་བག་འཁུམས་པ་ཞེས་བྱ་བའི་རྫུ་འཕྲུལ་གྱི་བྱ་བ་འགྱིང་གར་དང་གཏུམ་པོའི་སྔགས་མངོན་དུ་བྱས་ནས། སྨྲས་པ། ང་ནི་དབང་ཕྱུག་ཆེན་པོ་སྟེ། རྒྱལ་ཆེན་རིགས་བཞི་ང་ཡི་གཡོག །མིའམ་ཅི་སོགས་ལྷ་སྲིན་སྡེ་བརྒྱད་ང་ཡི་བྲན། ཚིག་ལོ་མ་ཅན་གྱི་ངན་སྔགས་དང་། ལོག་སྡེའི་གསང་སྔགས་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་གསང་བ་མཆོག་གི་བདག་པོ་ཆེན་པོ་ཡིན་པས་སུ་ཞིག་ང་ལ་འགྲན་ཟླ་ཡོད། རུ་ཏྲ་མ་ཏྲ་མ་ར་ཏྲ། ཞེས་ང་རྒྱལ་གྱི་གཏུམ་སྐད་བསྒྲགས་པ་ལས། སྲིན་པོ་ཐམས་ཅད་ཟིལ་གྱིས་གནོན་ཅིང་བག་འཁུམས་ནས། ལ་ལ་ནི་འདི་ནི་སྲིན་པོའི་ཁམས་རྒྱལ་བར་བྱེད་པ་ཞིག་སྟེ། བདག་ཅག་གི་གཙོ་བོའི་འོས་སོ། །ཞེས་སྒྲོགས། ལ་ལ་ནི་འདི་ནི་འཇིག་རྟེན་འཇིག་པར་བྱེད་པ་ཞིག་སྟེ། བདག་ཅག་གི་གཉེན་པོར་གྱུར་པ་ཞིག་གོ་ཞེས་སྒྲོགས། ལ་ལ་དག་འདི་ནི་འཇིག་རྟེན་པའི་དབང་ཕྱུག་ཆེན་པོ་ཞིག་གོ། །ཞེས་སྒྲོགས། ལ་ལ་དག་འདི་ནི་མཁའ་འགྲོའི་ཚོགས་ཀྱི་ཚོགས་བདག་ཞིག་གོ། །ཞེས་སྒྲོགས་པར་བྱེད་དོ། །གསུམ་པ་ནི། སྲིན་པོའི་རྒྱལ་པོ། ཞེས་པ་ནས། འཛིན་པར་བྱས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སྲིན་པོའི་རྒྱལ་པོ་ལང་ཀའི་མངའ་བདག་བློ་གྲོས་ཐབས་ལྡན་ནི། རུ་ཏྲའི་ལོ་རྒྱུས་དང་དགོས་པ་གསུམ་གྱི་ཕྱིར་འདུན་ན་ལེགས་པར་ལུང་སྟོན་ཏེ། འདི་ནི་འབྱུང་པོའི་བུ་གཏོགས་འདོད་ཅན་ཞེས་བྱ་བ་ཡིན་ཏེ། འཇིག་རྟེན་གསུམ་སྒྲག་པ་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་སམ། ཆོས་ཉིད་དམ། སངས་རྒྱས་མ་གཏོགས་པ་ཐམས་ཅད་བརླག་ཅིང་དབང་དུ་བྱེད་པ། ལོག་པའི་ཚོགས་བདག་སྟེ། གདུལ་བྱ་ཁྱད་པར་ཅན་འདི་ཉིད་གཞན་གྱིས་མི་ཐུལ་ཏེ། འདིའི་གཉེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཛད་དེ། སྤྲུལ་པ་གསང་བདག་རྡོ་རྗེ་ཅན་གྱིས་བཏུལ་ནས། ངེས་པ་དམ་པར་བཀོད་དེ། ཡང་དག་པར་ལུང་སྟོན་པ་ཞིག་པས། འདིའི་རྒྱུས་གསང་སྔགས་དམ་པའི་ངེས་པ་ཐེག་པ་ཆེན་པོ་རྨད་དུ་བྱུང་བའི་ཆོས་འཇིག་རྟེན་དུ་འབྱུང་བར་འགྱུར་ངེས་ཏེ། བདག་ཅག་ཀྱང་འདིའི་གཡོག་ཏུ་བྱས་ན། སངས་རྒྱས་རྡོ་རྗེ་སྙིང་པོའི་ཞལ་མཐོང་ཞིང་། གསང་སྔགས་དམ་པའི་ངེས་པ་རྙེད་པར་འགྱུར་བས། འདི་ལ་ངེས་པར་འདུན་པ་འདུན་ཞིག །ཅེས་བསྒོ་ནས། སྲིན་པོའི་ཚོགས་རྣམས་ཡིད་རངས་ཏེ་རང་གི་སྡེ་དཔོན་ཅི་སྨྲ་བ་མི་འདོར་བར་དེ་ལྟར་འདུན་པས་ན། སྲིན་པོ་ཀུན་སྲིན་པོ་བྱའི་གཤོག་པ་ཅན་དེའི་གཡོག་ཏུ་དོང་སྟེ། ཀུན་གྱིས་སྨྲས་པ། བདག་ཅག་ཀྱང་དབང་ཕྱུག་ཆེན་པོ་ཁོ་ན་ཉིད་ལྟར་འདུན་ནོ། །ཞེས་གླེང་སྟེ། གཙོ་བོ་དམ་པར་འཛིན་ཏོ། །དེ་དག་འཁོར་དུ་འཛིན་པར་བྱས་སོ། །ནང་ལྟར་ན། རུ་ཏྲ་ནི་བདག་འཛིན་ཏེ། དེས་ཚོགས་ལམ་ཡང་དབང་དུ་བྱས་པས། ཚོགས་ལམ་གྱི་ཤེས་རབ་འཁོར་དང་བཅས་པས་དེ་ལས་འདའ་མ་ནུས་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དམིགས་ཀྱང་མོས་པ་དང་ཡིད་ལ་བྱེད་པ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ལ་སོགས་པ་ཀུན་བདག་འཛིན་གྱིས་འཁོར་དུ་སོང་བའོ། །གཉིས་པ་གསུམ་སྟེ། གཙོ་བོ་དབང་དུ་བསྡུས་པ། འཁོར་དབང་དུ་བསྡུས་པ། གཙོ་འཁོར་གཉིས་ཀ་དབང་དུ་བསྡུས་པའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། བརྒྱད་དུ་སྣང་ངོ་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཡང་སྲིན་པོ་བྱའི་གཤོག་པ་ཅན་དེ་ལ། དུས་དེར་སྲིན་པོ་དེའི་དེད་དཔོན་མ་ཏང་ཀ་རུ་ཏྲ་ཞེས་བྱ་བར་གྲགས་པ་དེ་ཉིད། ང་རྒྱལ་གྱི་ཆེ་བ་སྤྱོམ་སྟེ། བདག་ལས་ཆེ་བ་གང་ཞིག་ཡོད། སུ་ཞིག་ཡིན། རུ་ཏྲ་མ་ཏྲ་མ་ར་ཏྲ། ཞེས་སྒྲ་སྒྲོགས་པ་ལས། ལྷ་ཡི་དེད་དཔོན་མ་ཏང་ཀ་རུ་ན་ཞེས་བྱ་བ་མཐུ་དང་རྫུ་འཕྲུལ་ཐབས་དང་ཆེ་བ་ཁྱད་པར་དུ་བྱུང་བ་དེ་ཉིད་འཕགས་སོ། །ཞེས་གྲགས་པ་ལས། བདུན་རུ་ཏྲ་ནག་པོ་དེ་ཤིན་ཏུ་ཁམས་འཁྲུགས་ནས། ང་རྒྱལ་གྱི་གཏུམ་སྐད་བསྒྲགས་ཏེ་རང་གི་རྫུ་འཕྲུལ་དང་འཕུར་རྩལ་གྱིས་གཞན་འཕྲུལ་དབང་བྱེད་མ་ཏང་ཀ་རུ་ནའི་གནས་སུ་བབས་ཏེ་ཡོངས་སུ་སད་པར་ཛམས་ན། ཞེས་པ་བྲུ་ཤའི་སྐད་དེ། དབང་དུ་བྱ་བར་བརྩམས་པ་ན། ཇ་ཞ་མར་ཞེས་པའང་བྲུ་ཤའི་སྐད་དེ་བོད་སྐད་དུ་རྣལ་མར་འགྱུར་བས་རྣལ་མར་སོད་པ་མི་འདྲ་ནས་ཞེས་དོན་ལ། རུ་ཏྲས་ལྷ་ཡི་དེད་དཔོན་དབང་དུ་བསྡུ་བར་ཉམས་སད་པས་རྣལ་མར་ཐུབ་པ་མི་འདྲ་ནས། ཁོ་ལུས་ཅན་ཡིན་པས་རུ་ཏྲའི་སྣ་འུང་ནས་བྱུང་བའི་དབུགས་དང་ཁ་རླངས་ཀྱི་དབུགས་གཉིས་ཚ་གྲང་དང་འཐབས་ཐབས་སུ་བྱུང་བའི་ངད་ལ་ཚ་གྲང་གི་དབུགས་ཧམ་པའམ་གཏོར་ནས་ནད་ཀྱི་མཚོན་ཆ་བཞི་བཞིར་སྤྲོས་པས་ལྷའི་རྒྱལ་པོ་ཁོ་ན་དེའི་ལུས་ལ་ཁྱབ་སྟེ་ལུས་མེ་དབལ་ནག་པོའི་འབྲུམ་པས་གང་ནས་མི་བཟོད་པའི་ཟུག་རྔུས་གདུངས་ཏེ། ལྷའི་དེད་དཔོན་ཁོ་ན་ངོ་བོ་དེ་འུང་ཐབས་སམ་འུར་ཐབས་སུ་གློ་བུར་དུ་བཙན་ཐབས་སུ་བསད་དོ། །ཁོ་ན་དེའི་བམ་རོ་འཛམ་བུའི་གླིང་དུ་ཧན་ཞེས་བོར་བའང་བཞག་པ་ལས། དགེ་གནས་ཀྱི་ཡུལ་ཨོ་རྒྱན། སིང་ང་། བལ་པོའི་ཡུལ་ལ་སོགས་པར་མཆོད་རྟེན་བརྒྱད་དངོས་གྲུབ་བརྒྱད་དང་ལྡན་པར་མ་མོ་བརྒྱད་ཀྱིས་སྲུང་བ་ཉིད་དུ་རྣམ་པར་སྣང་ངོ་། །གཉིས་པ་ནི། འོག་ནས། གདུག་པའི་ཟུག་རྔུ། ཞེས་པ་ནས། གྲགས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་རུ་ཏྲའི་གདུག་པའི་ཟུག་རྔུ་མེ་དང་འདྲ་བར་འབར་བས། འཁོར་ཀུན་ཀྱང་རི་རབ་ཀྱི་ཕྱོགས་བཞིའི་སྡེ་དཔོན་རྒྱལ་པོ་ཆེན་པོ་བཞི་ལ་སྐྱབས་སུ་དོང་ལ། དེ་དག་ཀྱང་སྤུ་ཟིངས་བཅས་རབ་ཏུ་འཇིགས་པར། ལྷའི་དབང་པོ་བརྒྱ་བྱིན་དག་ལ་སྐྱབས་སུ་དོང་ཞིང་། དེ་ནས་དབང་པོར་བཅས་པའི་ལྷ་ཡང་། ཚངས་པའི་སྐྱབས་སུ་ཉེ་བར་དོང་ལ། དེ་ནས་ཚངས་པ་ལྷ་དང་དབང་པོར་དབང་པོ་བཅས་པ་ཡང་ལྷ་གཏོགས་འདོད་ཞེས་ཁྱབ་འཇུག་ནག་པོ་ལ་ནི་སྐྱབས་སུ་དོང་ཞིང་། ཚངས་པ་དང་གཏོགས་འདོད་དང་དབང་པོར་བཅས་པ་ཡང་། ལྷ་མ་ཧཱ་དེ་བ་དྲག་པོའི་སྐྱབས་སུ་ཉེ་བར་དོང་ལ། ཚངས་པ་དང་གཏོགས་འདོད་དང་དབང་པོོ་དང་དྲག་པོ་ཀུན་ཀྱང་ཤིན་ཏུ་སྐྲག་ཅིང་འཇིགས་པར་གྱུར་ཏེ། གནོད་སྦྱིན་ལག་ན་རྡོ་རྗེ་ཅན་ལ་སྐྱབས་སུ་དོང་ངོ་། །དེ་བཞིན་དུ་གང་ན་སྐྱབས་ཡོད་པར་ཉེ་བར་བརྒྱུག་ཀྱང་མ་ཐར་བར་འབྲས་བུ་ཆེ་བ་མན་ཆད་འཇིགས་བྱེད་དེ་ཡི་བྲན་དུ་ཇེན་ནས་དབང་དུ་བསྡུས་སོ། །ཞེས་ཐམས་ཅད་དུ་གྲགས་པར་གྱུར་ཏོ། །གསུམ་པ་ནི། གོང་ནས། འུང་ནས་ཁོ་ན། ཞེས་པ་ནས། རང་གི་ཕྲུ་མར་བྱས། །ཞེས་པའི་བར་གྱིས་བསྟན་ཏེ། འུང་ཞེས་པ་བྲུ་ཤའི་སྐད་དེ་བོད་སྐད་དུ་བྱས་ཞེས་པར་འགྱུར་བས་དེ་ལྟར་བྱས་ནས་ཁོ་ན་ཉིད་བསད་པའི་ཁྱོ་མོ་ཆུང་མ་དང་། བུ་འཁོར་རྣམས་ནི་གནོད་སྦྱིན་བྱའི་གཤོག་པ་ཅན་དེའི་འཁོར་དུ་ཇེན་ཞེས་པའང་བྲུ་ཤའི་སྐད་དེ་བྱས་སོ། །ལྷ་མ་ཡིན་དང་། ཤ་ཟ་དང་། རོ་ལངས་རིལ་ཡང་བདུད་དེའི་སར་ཇེན་ཞེས་འདུས་སོ། །རྒྱལ་པོ་བཞི་ཡང་གང་གི་སྐྱབས་སུ་བརྒྱུགས་ཀྱང་ཡོངས་སུ་མ་ཐར་བར་དེའི་བྲན་དུ་ཇེན་ཞེས་འདུས་སོ། །བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དྲག་པོ་ལ་སོགས་པ་ཀུན་ཀྱང་གང་གི་སྐྱབས་སུ་བརྒྱུགས་ཀྱང་མ་ཐར་བར་དེའི་བྲན་དུ་ཇེན་ཞེས་སོང་ངོ་། །དེ་དག་གི་ཁྱོ་མོ་རིལ་ཡང་ཕྲོགས་ནས། ལ་ལ་ནི་ཁྱོ་མོ་བྱས། ལ་ལ་ནི་སླས་སུ་བྱས། ལ་ལ་ནི་བྱི་མོར་བྱས། ལ་ལ་ནི་མཛའ་མོར་བྱས། ལ་ལ་ནི་བྲན་མོར་བྱས། ལ་ལ་ནི་ཕོ་ཉ་དང་མངག་པར་བྱས། ལྷ་མི་ཡོངས་ཀྱི་དགེ་བ་དང་ཐར་པ་བསྒྲུབ་པའི་སྲིད་བརླག་ནས་ཐམས་ཅད་ནག་པོ་བཀྲག་མེད་ཀྱི་ཁམས་སུ་གྱུར་ཏོ། །དེ་ཡང་འདི་ལྟར་དུས་གསུམ་མམ་ཡང་ན་ཁམས་གསུམ་ལ་གྲགས་ཤིང་གྲགས་ཏེ་གྲགས་པར་གྱུར་ཏོ། །ཁ་དོག་དང་ལས་གཉིས་ཀ་ནག་པས་ནག་པོ་ཁྱུང་གཤོག་འཕུར་རྩལ་ཅན་ལ་ལུས་གཏུམ་ཞིང་ངག་རྔམ་ལ་ཡིད་ཤིན་ཏུ་མ་རུང་པར་གྱུར་པ་ལུས་ཀྱི་བཞིན་མི་སྡུག་པའི་གདོང་ལ་མི་སྡུག་པའི་གཟུགས་སྣ་ཚོགས་དང་མི་སྙན་པའི་སྒྲ་ཡི་ཚམ་ངམ་སྒྲོགས་པ་ཅན་ཤ་སྣ་ཚོགས་སྤུངས་ཤིང་རུས་པ་ཕྱོགས་སུ་སྤུངས་ནས་འབུ་དང་རྣག་དང་ཁྲག་དང་གཤང་གཅི་དང་ཁུ་བ་རྣམས་ལ་ལོངས་སྤྱོད་པར་བྱེད་ཅིང་རྟག་ཏུ་འཚོ་བར་གནས་སོ། །དེ་ལྟར་ལོག་པའི་སྡེ་དཔོན་དྲག་པོ་དེས། འཇིག་རྟེན་འདི་ན་ལྷ་དང་མིའིི་དགེ་བའི་སྲིད་བརླག་ནས་ལྷ་ཡི་དེད་དཔོན་ཆེན་པོ་ཀ་རུ་ན་ཞེས་བྱ་བ་ཁོ་ན་ངོ་བོ་ཉིད་བསད་ཅིང་བསྒྲལ་ནས་འཁོར་མ་ལུས་པ་ཡང་རང་གི་ཕྲུ་མར་ཞེས་པ་བྲུ་ཤའི་སྐད་དེ་འཁོར་དུ་བྱས་ནས་དབང་དུ་བསྡུས་སོ། །ནང་ལྟར་ན་བདག་འཛིན་དེས་སྦྱོར་ལམ་གྱི་དབང་པོ་ལྔ་དང་སྟོབས་ལྔ་ཡང་དབང་དུ་བྱས་ཏེ་ཚོགས་ལམ་ལས་འཕགས་ཀྱང་དྲོད་རྩེ་བཟོད་མཆོག་བཞི་པོ་འཇིག་རྟེན་པའི་ལམ་ལས་མ་འདས་པས་བདག་འཛིན་བགས་ཀྱིས་བཤམས་ཏེ་ཆགས་སྡང་རགས་པའི་ཡུལ་ལས་གྲོལ་ཡང་ཟག་བཅས་ཀྱི་དགེ་རྩ་ཚད་མེད་བཞི། མི་གཡོ་བའི་བསམ་གཏན་བཞི། སྙོམས་འཇུག་བཞི་པོ་ཐམས་ཅད་བདག་ཏུ་འཛིན་པས་དབང་དུ་བྱས་པའོ། །གསུམ་པ་ནི། འོག་ནས། འུང་ནས་བདུད་རུ་ཏྲ། ཞེས་པ་ནས། གང་ཞིག་ཡོད། ཅེས་པའི་བར་གྱིས་བསྟན་ཏེ། ཡང་འུང་ཞེས་སོང་ནས་བདུད་རུ་ཏྲ་ནག་པོ་ལྟ་ཞིག་གིས་ལྷ་མི་གཡོ་འགུལ་ཐམས་ཅད་དབང་དུ་མཛད་དེ། ལང་ཀ་ཡུལ་གྱི་གྲོང་རྡལ། མཚོ་ཀོ་ཀ་ཐང་དམར་བྱན་ལག་མཆོངས་ཀྱི་རི་བོར་བམ་རི་ཐོད་པ་མཁར་ཞེས་བྱ་བར་འཁྲས་ཏེ་བདུད་ཀྱི་རྒྱལ་མཚན་ཁ་ཊྭཱཾ་རྩེ་གསུམ་ལ་མི་རོ་བཏགས་པ་ནི་ཕུགས་སུ་བཙུགས། བདུད་ཀྱི་རུ་མཚོན་ནི་སྒོར་ཕྱར་ཏེ། རང་གི་འཁོར་རམ་ཕྲུ་མས་ཡོངས་སུ་བསྐོར་ནས་གནས་ལ། ལོག་པའི་སྡེ་དཔོན་དྲག་པོ་རང་གི་རྫུ་འཕྲུལ་བསྐྱེད་ནས། རྫུ་འཕྲུལ་གྱིས་རི་རབ་མཛུབ་མོའི་རྩེ་ལ་བཞག་སྟེ། སྤྱི་བོ་ལ་འགྱིང་བག་ཏུ་བསྐོར་ནས། ང་རྒྱལ་གྱི་གཏུམ་སྐད་སྒྲོགས་པ་ནི། འདི་ལྟ་ལྟེ། རུ་ཏྲ་མ་ཏྲ་མ་ར་ཏྲ། ས་ཁམས་ན་བདག་ལས་སུ་ཞིག་ཆེ། གང་ཞིག་ཡོད། ཅེས་ང་རོ་སྒྲོགས་སོ། །བཞི་པ་ནི། ཨེ་མའོ། །ཞེས་པ་ནས། ཉིད་དུ་ལྟའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཨེ་མའོ་སྔོན་དཔལ་ཤཱཀྱ་ཐུབ་པ་ཞེས་བྱ་བས། འཆི་བདག་གི་བདུད་བཏུལ་བའི་ཚེ། དེའི་བསྟན་པ་ལ་རབ་ཏུ་བྱུང་བའི་མཆོག་ཆེན་པོ་ཉན་ཐོས་རྣམས་ཀྱིས་ཐམས་ཅད་ཞི་བ་ལྷམ་མེ་བའམ་ཞི་བར་ལྷན་པའི་སྨྲ་བས་སྨྲས་ཏེ། ངའི་བཀའ་ཉོན་ཅིག་ཅེས་ཟེར་བ་ལས་ཀྱང་། སྔོན་བསྐལ་པ་ཀུན་དགའི་དུས་སུ་བདག་ཐར་པ་ནག་པོར་གྱུར་པས། བུ་ཆུང་གོ་ཟུ་ཕྲག་པ་ལ་ཁོལ་ལ། རང་གི་དཀའ་ཐུབ་ལ་བདེ་བར་མནོས་ཤིག །ཅེས་བྱས་ནས། མ་ཉན་ནས་དེས་ཀྱང་བདག་དབང་དུ་བྱེད་མ་ནུས་སོ། །ཞེས་སྨྲས་པ་འདི་ནི་རུ་ཏྲའི་ཁ་ཕོ་ཡིན་ཏེ་སྤྲུལ་སྐུ་རིས་ལ་ཤཱཀྱ་ཐུབ་པ་ཟེར་བ་ཡིན་སྐད། དེས་ན་ཐར་པ་ནག་པོའི་དུས་ཀྱི་ལོ་རྒྱུས་བརྗོད་པ་ཡིན་གསུངས། ལར་ད་ལྟར་གྱི་དུས་སུ་སྟོན་པ་ཤཱཀ་ཐུབ་བྱོན་པས་དེ་ཉིད་ཡིན་མིན་དཔྱད་ན། རུ་ཏྲ་སྤྲུལ་པ་པ་དང་། བྱུང་ཚུལ་གྱི་སྐབས་དོན་ལས་གཞལ་ན་འཆད་པའི་སྒོ་ཤིན་ཏུ་ཡངས་པར་མངོན་ཡང་། དཀྱུས་འདིར་རང་རྒྱུད་པ་ལྟར་བཤད་པའི་དབང་དུ་ན། སྔོན་ཐར་པའི་དུས་ཀྱི་སྤྲུལ་སྐུ་ལ་བརྗོད་པ་ཡིན་ནོ། །ལ་ལར་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ཡིན་པར་ཡང་གསུངས་སོ། །ཡང་ན་རུ་ཏྲ་རང་གི་དུས་སུ་བྱས་ཀྱང་གཞུང་དང་མཐུན་ནོ། །སྟོན་པ་ཤཱཀྱ་ཐུབ་པ་དེའི་དྲུང་ན་དཔལ་རྡོ་རྗེ་སྙིང་པོ་བྱང་ཆུབ་ངག་གི་དབང་ཕྱུག་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལྟ་ཞིག་མིའི་ལུས་ལ་རྟའི་མགོ་ཅན་དུ་སྣ་ཚོགས་ཀྱི་གཟུགས་སུ་སྤྲུལ་ནས་དབང་གི་སྙིང་པོ་ཧྲཱིཿཞེས་སྒྲོགས་ཏེ་དབང་གི་རྒྱུན་དུ་ཉན་ན་ཉོན་ཅིག །ཅེས་ཟེར་བ་ལ། སླར་རུ་ཏྲ་ཁོ་ན་ཉིད་ཀྱིས་ཐའི་ཁ་བརྡབས་པ་ཞེས་ཐལ་མོ་རྡེབ་ཅིང་སྐན་སྒྲ་གཏོགས་པར་བྱས་ནས་མགྲིན་བུ་ཁྱོད་ཀྱང་བདེ་བར་མནོས་ཤིག་ཅེས་བསྒོ་བས་རྟ་མགྲིན་དེ་ཡང་ཐག་ཁོས་ཞེས་པ་བྲུ་ཤའི་སྐད་དེ། བོད་སྐད་དུ་ཡིད་ཆེས་པར་འགྱུར་བས་དབང་གིས་མི་ཐུལ་བར་ཡིད་ཆེས་ཏེ་སླར་ཇེན་ནོ། །ཞེས་པའང་བྲུ་ཤའི་སྐད་དེ་སླར་སོང་ངོ་། །ཞེས་པ་སྟེ། དོན་ལ་སྔོན་རྟ་མགྲིན་ཧྲཱིཿའི་སྒྲ་སྒྲོགས་ཤིང་དབང་གིས་འདུལ་དུ་འོང་བ་ལ་ང་ཡིས་ཁྱོད་ཀྱིས་མི་ཐུལ་བའི་ངག་སྨྲས་པས་རང་གི་གནས་སུ་ལོག་གོ། །ཞེས་པའོ། །གནམ་རིམ་པ་བཅུ་བཞི་ཞེས་པ་ལུང་གིས་ཉི་ཤུ་རྩ་གཅིག་གམ་ཉེར་གཉིས་ལས། འཇིག་རྟེན་པའི་ས་དགུ་ལ་གཅིག་ཏུ་བྱས་ནས། འདས་པའི་ས་བཅུ་དང་སྐུ་གསུམ་གྱི་ས་གསུམ་སྟེ་བཅུ་བཞི་པ་ན་བཞུགས་པའི་དཔལ་རྡོ་རྗེ་སྙིང་པོའམ་རྡོ་རྗེ་སེམས་དཔའ་ལྟ་ཞིག་འགྲན་གྱི་ཟླ་མེད་པར་ཐོས་ན། དེ་མན་ཆད་ཡང་བདག་གི་དབང་དུ་བྱས་ལ་ཐམས་ཅད་འུབ་ལ་ཞེས་པ་དབང་དུ་བསྡུས་ལ་ཇེན་རྦན། ཞེས་པ་འཁོར་དུ་བྱའོ། །གསོད་དོ། །ཞེས་པའི་སྒྲའོ། །དེ་ལྟར་སྒྲོགས་ཤིང་འགྲན་གྱི་ཟླ་མེད་ཆེ་བཙན་གཅིག་པུ་ཉིད་དུ་ལྟའོ། །ལྔ་པ་ནི། ཇི་ལྟ་ཇི་ལྟར། ཞེས་པ་ནས། གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ཇི་ལྟ་ཇི་ལྟར་ཐར་པ་ནག་པོ་གང་ཡིན་པ། རུ་ཏྲ་ནག་པོར་སྨིན་པར་གྱུར་པ་དེའི་ཚེ་དེའི་དུས་ན། གང་དང་པོ་བསྐལ་པ་ཀུན་དགའི་དུས་ཀྱི་སློབ་དཔོན་ཐུབ་དཀའ་གཞོན་ནུ་དེ་ནི་ས་མཆོག་བཅུ་བཞི་པ་བརྙེས་ཏེ་བྱང་ཆུབ་སྙིང་པོ་གང་ན་བར་དཔལ་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དུ་གྱུར་ཏོ། །གང་བསྐལ་པ་ཀུན་དགའི་དུས་ཀྱི་གཡོག་དན་ཕག་དེ་ནི་དེའི་ཚེ་དེའི་དུས་ན། རྩལ་ཆེན་རྫོགས་པའི་རྒྱལ་ཚབ་སྐྱེས་བུ་དམ་པ་རྡོ་རྗེ་འཛིན་པ་ཞེས་བྱ་བ་ཉིད་དུ་གྱུར་ཏོ། །རུ་ཏྲ་དཔོན་གཡོག་སྨིན་པའི་དུས་གཅིག་པར་བཤད་པ་འདི་ཉིད་ལས་དང་ཐུགས་རྗེའི་འབྲེལ་བ་བརྩི་བའི་དགོས་པ་ལས་སྤྱིར་སྨིན་པའི་དུས་མི་གཅིག་གོ། །འོན་ཀྱང་རྒྱུ་ལ་གནས་པའི་དུས་སུ་སྔ་ཕྱིའི་ཐ་སྙད་ཡོད་ཀྱང་འབྲས་བུ་ཐོབ་ནས་དེ་འདྲའི་ཐ་སྙད་མེད་དོ། །འོག་ནས། བཤད་པའི་བསྐུལ་བ་དག་ཁྱད་པར་འདི་གཉིས་སུ་བརྗོད་པའང་དོན་འདིའི་དབང་ངོ་། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། གདུལ་ཞིང་རུ་ཏྲ་ནག་པོོའི་སྤྱོད་ཡུལ་ལ་ཆེ་བ་སྤྱོམ་པའི་ཚུལ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ་ལེགས་པར་བཤད་པའོ།། །བམ་པོ་བཞི་པར་ཟུག་པ། གཉིས་པ་གཉེན་པོས་བདུད་བཏུལ་བ་ལ་གསུམ་སྟེ། བདུད་བཏུལ་བའི་སྔོན་དུ་བྱ་བའི་སྦྱོར་བ། བདུད་བཏུལ་བ་དངོས། སྔགས་ཀྱི་སྒོར་ཞུགས་ནས་དབང་ཐོབ་པའོ། །དང་པོ་ལ་བཞི་སྟེ། ཆོ་འཕྲུལ་བསྐུལ་བ། བཀའ་བགྲོས་མཛད་པ། བཀའ་བགྲོས་བཅད་པ། ལས་ཀྱི་སྐོས་གདབ་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས། ཞེས་པ་ནས། དེ་སྐད་དུ་གྲགས་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ནོ། །དེ་ལ་གདུལ་བྱ་རུ་ཏྲ་དེ་ལས་དང་ཐུགས་རྗེར་འབྲེལ་བའི་རྒྱལ་བ་རྣམས་ཀྱིས་གཟིགས་ནས་འདུལ་བར་རྩོམ་པའི་ཚུལ་སྟོན་ཏེ། འདུལ་བའི་གཉེན་པོ་འབྱུང་བའི་རྒྱུ་རྐྱེན་གྱིས་སྣང་བར་བྱེད་པའི་ཕྱིར། དེ་ནས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་དེ་བཞིན་གཤེགས་པ་ཐམས་ཅད་ངོ་བོ་དེ་ཉིད་དུ་གཅིག་པའི་ཕྱིར་གནས་སྙིང་པོ་བྱང་ཆུབ་གང་ན་བར་རོ་གཅིག་གི་དགོངས་པས་འདུས་ནས། ཐུབ་དཀའ་གཞོན་ནུ་སྙིང་པོ་བྱང་ཆུབ་ན་བཞུགས་པ་དང་དན་ཕག་རྡོ་རྗེ་འཛིན་པ་ཆེན་པོར་རྩལ་རྫོགས་པ་ལ་ཆ་མཐུན་གྱིས་བསྐུལ་བའི་ཕྱིར། སོ་སོའི་སྐུ་མི་སྣང་བར་སྟོང་པ་ཉིད་དུ་བཤིགས་ནས་དེ་བཞིན་ཉིད་ལས་མ་གཡོས་པར། དེ་ཉིད་སྐྱེས་བུ་དམ་པ་ཐུབ་དཀའ་གཞོན་ནུ་སྙིང་པོ་བྱང་ཆུབ་དང་དན་ཕག་རྩལ་ཆེན་རྫོགས་པའི་སྙིང་པོར་སྟོང་པ་ཉིད་དུ་བཞུགས་པ་ལ་སྣང་བར་མཛད་དེ། དོན་གྱི་གསུང་གིས་སྟོང་པ་དེ་ཉིད་ཀྱི་སྒྲ་སྟོང་པ་དེ་ཉིད་ལ་གྲགས་པ་ཞེས་རྒྱལ་བ་རིལ་དང་ཐུབ་དཀའ་གཞོན་ནུ་དང་རྡོ་རྗེ་འཛིན་པ་ངོ་བོ་ཐ་མི་དད་པས་ཉིད་ལ་ཉིད་བསྐུལ་བའོ། །ཇི་ལྟར་བསྐུལ་བ་དངོས་ནི་སྐྱེས་བུ་དམ་པ་དགེ་སློང་ཐུབ་དཀའ་རྡོ་རྗེ་སྙིང་པོའམ་དན་ཕག་རྡོ་རྗེ་འཛིན་པ་ཁྱེད་ཀྱིས་གདུལ་བྱར་འབྲེལ་བའི་མཐའ་རུ་ཏྲར་གྱུར་པ་མ་བཏུལ་བའམ་འགྲོ་བའི་རྒྱུད་དག་པར་མ་བྱས་ཏེ་ཞིང་ཁམས་ཀྱི་བྱ་བ་ཡོངས་སུ་མ་རྫོགས་པར། ཅིའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་སྙམ་སྟེ་ཆོས་སྐུ་ལས་གཟུགས་སྐུར་མ་བཞེངས་པས་སོ། །རྒྱལ་བའི་ཕྲིན་ལས་དྲག་པོའི་ལས་ཀྱི་ཡན་ལག་ཀུན་གྱིས་སངས་རྒྱས་ཀྱི་མཛད་པ་མ་རྫོགས་པར་ཅིའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་སྙམ་སྟེ་གཟུགས་སྐུ་ལས་རིགས་ལྔར་མ་བཞེངས་པས་སོ། །ཁྲོ་བོའི་སྐུ་ལ་སོགས་པ་སྤྲུལ་པ་མང་པོ་ཐ་དད་དུ་ད་དུང་རྣམ་པར་སྣང་བར་མ་མཛད་པར། ཅིའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་སྙམ་སྟེ་རིགས་ལྔས་སེམས་ཅན་གྱི་དོན་མ་མཛད་པས་སོ། །དེས་ན་མངོན་པར་སངས་རྒྱ་བའི་དུས་མ་ཡིན་པས་དེ་གསུམ་གྱིས་ཤིག་པའི་ཕྱིར་བསྐུལ་བར་མཛད་པ་དེེ་སྐད་ཅེས་གྲགས་པ་ལས། བསྐུལ་བ་གསན་ནས་སྙིང་པོ་བྱང་ཆུབ་དང་རྩལ་ཆེན་རྫོགས་པའི་སྟོང་པ་ཉིད་དེ་ལས་འདི་སྐད་དུ་གྲག་གོ། །ཀྱེ་དེ་བཞིན་གཤེགས་པ་ཐམས་ཅད་དོན་གྱི་དགོངས་པ་དང་དགོས་པ་གང་གི་དབང་གིས་ཞིང་ཁམས་ཀྱི་བྱ་བ་ཡོངས་རྫོགས་པར་འགྱུར། དེ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་གང་གིས་དང་། ཐ་དད་དུ་རྣམ་པར་སྣང་བར་མཛད་པར་ཇི་ལྟར་འགྱུར་ཞེས་དེ་སྐད་དུ་གྲགས་ཏེ་བསྐུལ་བ་དེ་གསུམ་ཇི་ལྟར་བྱ་བར་ཞུས་པ་ལས། གཉིས་པ་ལ་གསུམ་སྟེ། ཆོས་སྐུ་ལས་གཟུགས་བཞེངས་པར་བསྐུལ་བས་བཞེངས་པ། གཟུགས་སྐུ་ལས་རིགས་ལྔར་བཞེངས་པར་བསྐུལ་བས་བཞེངས་པ། རིགས་ལྔས་སེམས་ཅན་གྱི་དོན་མཛད་ཅིག་པར་བསྐུལ་བས་དོན་མཛད་པའོ། །དང་པོ་ལ་གཉིས་ཏེ། བསྐུལ་བས་དེ་བཞིན་དུ་མཛད་པ། དེའི་ཡོན་ཏན་བསྟན་པའོ། །དང་པོ་ལ་གསུམ་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེས་སྣང་བའི་གཞིར་བསྐུལ་བས་དེ་ལྟར་མཛད་པ་ལན་དང་བཅས་པ། སྙིང་རྗེའི་ཏིང་ངེས་རྒྱལ་བའི་ཡུམ་མཛོད་ཅིག་པར་བསྐུལ་བས་མཛད་པ་ལན་དང་བཅས་པ། རྒྱུའི་ཏིང་ངེས་སྐུ་བསྐྱེད་ཅིག་པར་བསྐུལ་བས་མཛད་པ་ལན་དང་བཅས་པའོ། །དང་པོ་ནི། ཡང་ཐམས་ཅད་ཀྱི། ཞེས་པ་ནས། རྟོག་པའི་རྒྱུ། །ཞེས་གྲག་གོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྒྱལ་བ་ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་དེ་ཁོ་ན་ཉིད་ལ་བཞུགས་པ་ལས་བསྐུལ་བ་མཆོག་གི་ཐབས་ཚུལ་གསུམ་གྱིས་བསྐུལ་བར་བརྗོད་པའི་ཐོག་མ་ལའང་དེ་བཞིན་ཉིད་ཀྱི་སྒོ་ནས་བསྐུལ་བ་ལ་སོགས་པ་ལྔ་བརྗོད་པའི་ཡང་དང་པོ་དེ་བཞིན་ཉིད་དུ་བཞུགས་པ་ལས་བཞེངས་པར་བསྐུལ་ཏེ། རྡོ་རྗེ་སྙིང་པོ་ལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྒོ་ནས་བསྐུལ་བ་འདི་སྐད་དུ་གྲག་གོ། །ལེའུ་འདིའི་བསྐུལ་བའི་མཁན་པོ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡིན་ལ། ལན་འདེབས་པ་པོ་ནི་ཐུབ་དཀའ་གཞོན་ནུ་རྡོ་རྗེ་སེམས་དཔར་གྱུར་པ་དང་། དན་ཕག་ཕྱག་ན་རྡོ་རྗེར་གྱུར་པ་ཡིན་ཏེ་ཀུན་ལ་ཤེས་པར་བྱའོ། །དེ་ཡང་སྟོང་པ་ཉིད་ཆེན་པོ་འབྱུང་འཇུག་དང་བྲལ་ཏེ་མི་གཡོ་བར་རང་གསལ་བའི་ངོ་བོ་ནམ་མཁའ་ལྟ་བུ་ལ་རྟོག་པས་ཡོངས་སུ་མི་བསྐྱོད་པར་བདེ་བ་ཆེན་པོའི་ངང་དུ་ཆོས་ཀྱི་སྐུར་ཡང་དག་པར་གཤེགས་པའི་རང་དོན་གྱི་མཛད་པ་མཐར་ཕྱིན་པར་བརྙེས་པས་སྐྱེས་བུ་ཆེན་པོ་དོན་གྲུབ་པ་ཁྱེད་ཉིད་གཞན་དོན་གྱི་མཛད་པ་ཡུལ་དུ་མི་དམིགས་ཤིང་ངོ་བོ་སེམས་སུ་མི་རྟོག་པའི་ཆོས་དབྱིངས་དེ་བཞིན་ཉིད་ཅིར་ཡང་གཏོད་འཛིན་མེད་དེ་མ་བཅོས་པ་ཆེན་པོའི་ངང་ལས་ཐུགས་རྗེའི་དབང་གིས་ཡང་དག་པའི་རྟོག་པ་བརྒྱད་ཅུ་རྩ་གཅིག་ལ་སོགས་པར་སྣ་ཚོགས་སུ་སྣང་ནས་གདུལ་བྱ་འདུལ་བའི་ཐབས་ཀྱི་རྒྱུར་བསྐྱེད་པར་མཛོད་ཅིག །ཅེས་བཞེངས་པར་བསྐུལ་བའི་སྒྲ་གྲག་གོ། །དེ་ལ་ལན་ཡང་སྐྱེས་བུ་དམ་པ་སྙིང་པོ་བྱང་ཆུབ་ཀྱི་ཆོས་ཉིད་ལ་བཞུགས་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །བསྒོམ་པ་དམིགས་སུ་མེད་པའི་མི་རྟོག་པ་ཆེན་པོའི་ངང་ལས་དུས་རྟག་པར་ཐམས་ཅད་དུ་འདའ་བ་མེད་པ་ཉིད་དུ་གསལ་བ་ལ། ཞེན་པས་བཟུང་བས་བརྟགས་པས་རྟོག་པའམ་སྟོང་པ་ཉིད་དུ་གང་བྱུང་བ་དེ་ཉིད་ཐེར་ཟུག་གི་རྟོག་པ་ཆེན་པོ་གཞིལ་བར་དཀའ་བ་སྟེ། དེས་ན་གང་བླ་དྭགས་དང་བྲལ་བའི་དེ་བཞིན་ཉིད་རྣམ་པར་མི་རྟོག་པ་ཆེན་པོ་དམིགས་པ་ཀུན་དང་བྲལ་བར་ལྷུན་གྱིས་གྲུབ་པའི་ངང་ནི་ཡང་དག་པའི་རྟོག་པ་བརྒྱད་ཅུ་རྩ་གཅིག་ལ་སོགས་པའི་རྒྱུ་ཡི་ངོ་བོ་རིལ་མ་འདྲེས་ཡོངས་སུ་རྫོགས་པ་ཉིད་པས་རྟོག་པ་བསྐྱེད་ཅི་དགོས་པར་ལན་བཏབ་བོ། །ཞེས་དེ་བཞིན་ཉིད་ལས་བཞེངས་པའི་ཞལ་བཞེས་ཉིད་གྲག་གོ། །དེ་ལྟར་བསྐུལ་བའང་རྒྱལ་བ་རིལ་གྱི་ཆོས་ཉིད་ལས་བྱུང་བ་དང་། ལན་ཡང་སྐྱེས་བུའི་ཆོས་ཉིད་ལས་བྱུང་ནས་ཞལ་གྱིས་བཞེས་པར་འཆད་པ་རིལ་ཡང་རྗེས་སུ་སྦྱར་རོ། །གཉིས་པ་ནི། ཡང་ཐམས་ཅད། ཞེས་པ་ནས། བསྐྱེད་པའི་ཡུམ། ཞེས་གྲག་གོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྒྱལ་བ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལས་འདི་སྐད་དུ་གྲག་གོ། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལས་ཐུགས་རྗེར་བསྐྱེད་ཅིག་པར་བསྐུལ་ཏེ། ཡེ་ཤེས་མ་སྒྲིབ་པར་འོད་གསལ་བས་ནམ་མཁའི་དབྱིངས་ཀྱི་སྙིང་པོ་མུ་མཐའ་མེད་པ་ལས་ཡེ་གསལ་གྱི་ངོ་བོར་བརྡལ་བ་ནི་ཆོས་ཀུན་གྱི་རྩ་བ་ཡིན་པའི་ཕྱིར། སེམས་ཀྱི་རང་བཞིན་གྱིས་རིལ་ཟིན་པའི་ཀུན་ཏུ་སྣང་བའི་རང་འོད་ཐུགས་རྗེ་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང་ཡོངས་ལ་ཁྱབ་པ་འབྱུང་བའི་སྙིང་རྗེའི་ཡུམ་ཡིན་པས་འགྲོ་བ་མཐའ་ཡས་ཇི་སྙེད་པ་ལས་རྒྱལ་བའི་རིགས་འཛིན་པ་དག་རྒྱལ་སྲས་སུ་སྐྱེད་དེ་ཐུགས་རྗེས་སྨིན་པར་མཛོད་ཅིག་ཅེས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་གྱིས་བསྐུལ་བར་གྲག་གོ། །ཡང་དེའི་ལན་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །རྡོ་རྗེ་སྙིང་པོ་ལ་ཆེད་དུ་མ་བྱས་པར་ཀུན་སྣང་གི་སྙིང་རྗེ་ཆེན་པོ་རྫོགས་པ་ལས་བཞེངས་པར་ཞལ་གྱིས་བཞེས་ཏེ། དངོས་པོ་བཟང་ངན་འཁོར་འདས་ཀྱི་ཆོས་ཀུན་འབྱུང་ཞིང་སྣང་ལ་ཀུན་གྱི་རྟེན་གཞི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མ་བཅོས་པའི་ཆོས་ཉིད་མཉམ་པ་ཆེན་པོའི་དབྱིངས་ངོ་བོ་མ་སྐྱེས་ཤིང་མི་འགག་པས་འདུས་བྱས་ཀྱི་མཚན་ཉིད་དང་བྲལ་ཏེ་ལྡན་པ་མེད་པ་ནི་ཡེ་ཤེས་ཆེན་པོ་ཉིད་དེ་ཐམས་ཅད་ཀུན་ཏུ་སྣང་སྟེ་སྣུམས་ཤིང་གསལ་བ་ལ། ཚིག་དང་བློས་འདི་འདྲར་སྨྲ་བསམ་བརྗོད་པ་དང་བྲལ་ཏེ་དམིགས་པ་མེད་ཅིང་ཡུལ་ལས་འདས་པ་ཡིན་ཀྱང་རྒྱལ་བ་རྫོགས་པའི་སངས་རྒྱས་མཐའ་ཡས་པ་ཀུན་དང་སེམས་ཅན་མཐའ་ཡས་པ་རིལ་ཐུགས་ཆེན་པོ་དེ་ལས་འཆར་ཞིང་བསྐྱེད་པའི་ཡུམ་ཆེན་པོར་ཡེ་ནས་བཞུགས་པ་ལ་ཆེད་དུ་བསྐྱེད་ཅི་དགོས་ཞེས་ལན་བཏབ་པར་གྲག་གོ། །གསུམ་པ་ལ་གསུམ་སྟེ། གསུང་ཡིག་འབྲུར་བཞེངས་པར་བསྐུལ་བས་བཞེངས་པ་ལན་དང་བཅས་པ། ཐུགས་ཕྱག་རྒྱར་བཞེངས་པར་བསྐུལ་བས་བཞེངས་པ་ལན་དང་བཅས་པ། སྐུ་རྫོགས་པར་བཞེངས་པར་བསྐུལ་བས་བཞེངས་པ་ལན་དང་བཅས་པའོ། །དང་པོ་ནི། ཡང་ཐམས་ཅད་ཀྱི། ཞེས་པ་ནས། ཡི་གེ་ཨ། །ཞེས་གྲག་གོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྒྱལ་བ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལས་འདི་སྐད་དུ་གྲག་གོ། །རྒྱུའི་ཡི་གེ་ལས་བཞེངས་ཤིག་པར་བསྐུལ་ཏེ། རྒྱལ་བའི་སྐུ་མི་མཐུན་པ་ཐ་དད་མང་པོ་འགྲོ་བ་ལ་རྣམ་པར་སྣང་བར་མཛད་པ་ན། དེའི་གཞི་ཡི་གེ་ཡིན་པའི་ཕྱིར་རང་སྣང་གསུང་གི་ཕྱག་རྒྱའི་རྣམ་གྲོལ་ཡི་གེའི་ཡེ་ཤེས་སུ་གསལ་བ་ལས། རྒྱལ་བ་རྣམས་ནི་གསུང་ཡི་གེར་ངོ་བོ་ཐ་མི་དད་པར་སྣང་བས་རྒྱུའི་ཏིང་ངེ་འཛིན་ཡི་གེའི་ཡེ་ཤེས་དང་གསུང་གི་ཆོ་གའི་ངོ་བོར་གསལ་ཞིང་བསྐྱེད་པར་མཛོད་ཅིག་ཅེས་རྒྱུ་དང་གསུང་གི་ཆོ་ག་ཐུན་མོང་གིས་བསྐུལ་བར་གྲག་གོ། །ལན་དུ་ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །ཡི་གེའང་རང་རིག་ལ་ཡིན་པས་ཐམས་ཅད་ཀྱི་རྒྱུ་ཡིན་པར་བསྟན་ཏེ། ཆོས་རྣམས་ཀྱི་དེ་བཞིན་ཉིད་རང་རིག་པ་ནི་ཡི་གེའི་རང་བཞིན་དུ་ལྷུན་གྱིས་གྲུབ་པར་རང་གསལ་བའི་ངོ་བོ་ཉིད་དེ། དེས་ན་ཆོས་རྣམས་ཀྱི་རང་བཞིན་མ་སྐྱེས་པ་ཉིད་རང་བྱུང་ཡི་གེ་མཱུྃ་གྱི་ངོ་བོ་ཉིད་དུ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསལ་བར་ཤར་ལ། སེམས་ཉིད་རང་རིག་པ་ཉིད་བཤད་པ་བཞིན་དུ་ཡི་གེའི་རང་བཞིན་དང་ཐ་མི་དད་པ་ཉིད་དུ་ངེས་ཏེ་གཉིས་སུ་མེད་པས་ཡེ་ཤེས་སྣ་ཚོགས་ཇི་སྙེད་པ་ཀུན་གྱི་ངོ་བོ་ཡི་གེ་ཧཱུྃ་ཉིད་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསལ་ཞིང་སྣང་ལ། རྒྱལ་བ་བདེ་བར་གཤེགས་པ་ཀུན་གྱི་ངོ་བོ་ཉིད་ཡོན་ཏན་རིལ་གྱི་བདག་ཉིད་ཀྱང་ཡི་གེའི་རང་བཞིན་ཡིན་ཏེ། དེའི་ཕྱིར་ཕྱག་རྒྱ་གསུང་གི་ཡི་གེེའི་ཨཱོཾ་ལ་སོགས་པ་བཞི་བཅུ་རྩ་གཉིས་སུ་ཡེ་ནས་གསལ་བར་རྫོགས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །དེར་མ་ཟད་ཆོས་སོ་ཅོག་ཐམས་ཅད་ཀུན་ཀྱང་ཡི་གེའི་རང་བཞིན་དང་ངོ་བོ་ཐ་མི་དད་པ་འཕྲལ་ལ་ཐ་དད་དུ་སྐྱེས་པ་མིན་ཏེ། རིལ་མ་སྐྱེས་པའི་ཕྱིར་གསང་བའི་ཡི་གེ་ཨ་ཡི་ངོ་བོར་ཤར་བ་ལ་འཕྲལ་དུ་རྒྱུའི་ཡི་གེ་བསྐྱེད་མི་དགོས་པར་ལན་བཏབ་བོ། །ཞེས་ཞལ་བཞེས་གྲག་གོ། །གཉིས་པ་ནི། ཡང་ཐམས་ཅད་ཀྱི། ཞེས་པ་ནས། མཚན་མར་སྣང་། །ཞེས་གྲག་གོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྒྱལ་བ་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་འདི་སྐད་དུ་གྲག་གོ། །སྙིང་པོ་བྱང་ཆུབ་ལས་ཐུགས་ཀྱི་ཆོ་གས་ཡི་གེ་ལས་ཕྱག་མཚན་གྱིི་ཕྱག་རྒྱར་བཞེངས་ཤིག་པར་བསྐུལ་ཏེ། རྒྱལ་བའི་ཐུགས་སྙིང་པོ་བྱང་ཆུབ་ལ་ཡེ་ཤེས་རིལ་མ་འདྲེས་ལ་ཕ་རོལ་ཏུ་ཕྱིན་པར་ཡོངས་སུ་རྫོགས་ཤིང་འདུས་པས། དེའི་དོན་རྣལ་འབྱོར་པ་ལམ་པ་རྣམས་ཀྱིས་རྣམ་གྲོལ་གྱི་ངོ་བོར་རིག་ཅིང་རྟོགས་པར་བྱ་བའི་སྒོ་མཚོན་པའི་ཐབས་དམ་པ་ཐུགས་ཡེ་ཤེས་ལྔ་ལ་སོགས་ཀྱི་རང་རྟགས་རྡོ་རྗེ་དང་འཁོར་ལོ་ལ་སོགས་པ་རྣམས་སུ་གསལ་བར་རྒྱལ་བ་རྣམས་ཀྱིས་སྣང་བར་མཛད་པ་ལྟར་དུ། སྐྱེས་བུས་ཀྱང་ཐུགས་རྣམ་གྲོལ་ཡེ་ཤེས་མཚོན་པའི་ཐུགས་མཚན་དམ་ཚིག་གི་ཕྱག་རྒྱ་བསྐྱེད་པར་མཛོད་ཅིག་ཅེས་ཐུགས་ཀྱི་ཆོ་གས་བསྐུལ་བར་གྲག་གོ། །ལན་ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །རྡོ་རྗེ་སྙིང་པོ་ཐུགས་མི་གཡོ་བར་སྣང་བའི་ཕྱག་རྒྱ་འབྱུང་བར་ཞལ་གྱིས་བཞེས་ཏེ། ཞེན་པ་གཉིས་མཐར་སྤངས་པས་ཐམས་ཅད་མ་བཀོལ་བའི་ངོ་བོར་བཞུགས་པའི་སངས་རྒྱས་ཀུན་གྱི་ཐུགས་མཁྱེན་པའི་ཡེ་ཤེས་ནི། དུས་གསུམ་ཀུན་ཏུ་མི་འགྱུར་བར་རྟག་ཏུ་མཚན་མའི་རྣམ་པར་རྟོག་པ་གཞི་མེད་དུ་གྲོལ་བའི་གོ་འཕང་དམ་པ་བརྙེས་པ་ལས་འབྱུང་བའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་གཟུང་འཛིན་རྣམ་རྟོག་གི་མདུད་པ་རང་སར་ཞིག་ཅིང་རྣམ་པར་གྲོལ་བའི་ཡེ་ཤེས་ཆེན་པོ་རང་བྱུང་གི་ཐུགས་སོ། །དེ་བས་ན་འདུལ་བྱ་རྟོག་པ་ཅན་ལ་ཕྱག་མཚན་སྣ་ཚོགས་ཀྱི་ཕྱག་རྒྱའི་མཚན་མར་སྣང་ཡང་ཐུགས་ཡེ་གྲོལ་བ་ལ་མཚོན་པའི་ཕྱག་རྒྱ་བསྐྱེད་མི་དགོས་པར་ལན་བཏབ་བོ། །ཞེས་རྟོག་པ་ཅན་ལ་ཡི་གེ་ལས་ཕྱག་མཚན་འབྱུང་བར་སྟོན་པའི་ཞལ་བཞེས་གྲག་གོ། །གསུམ་པ་ནི། ཡང་ཐམས་ཅད་ཀྱི། ཞེས་པ་ནས། རྣམ་པར་སྣང་། །ཞེས་གྲག་གོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྒྱལ་བ་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་འདི་སྐད་དུ་གྲག་གོ། །སྐུ་ཡོངས་སུ་རྫོགས་པར་བཞེངས་ཤིག་པར་བསྐུལ་ཏེ། ཡེ་ཇི་བཞིན་པའི་སྟོང་པ་ཆེན་པོ་དེ་བཞིན་ཉིད་ངོ་བོ་མི་རྟོག་པར་མེ་ལོང་ལྟ་བུར་རང་གསལ་ལས་རང་བཞིན་མ་སྐྱེས་ཀྱང་རྣམ་པ་མི་འགག་པར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་གཟུགས་སུ་འཆར་ཞིང་སྣང་བར་མཛད་པ་ཡང་དཔེ་ནམ་མཁའ་ལ་འཇའ་ཚོན་སྣང་བ་ཇི་ལྟ་བ་བཞིན་དུ་མི་གཡོ་བའི་ཆོས་སྐུ་ཆེན་པོའི་དབྱིངས་ལས་ཕྱག་མཚན་འོད་དུ་ཞུ་ནས་ཁྲོ་བོའི་ཕྱག་རྒྱར་བཞེངས་སུ་གསོལ་ཞེས་སྐུ་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱིས་བསྐུལ་བ་ཉིད་གྲག་གོ། །དེའི་ལན་ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །ཐུགས་མི་གཡོ་བ་ལས་སྐུར་བཞེངས་པར་ཞལ་གྱིས་བཞེས་ཏེ། ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་ཀྱི་ངང་དུ་གཟུགས་སྐུའི་རྣམ་པ་མི་དམིགས་པར་ཆོས་ཀྱི་སྐུར་རྣམ་པར་གྲོལ་བ་ཡིན་ཀྱང་རོལ་བའི་རང་བཞིན་ཀུན་ཏུ་སྣང་བ་ལ་གཟུགས་ཀྱི་སྐུ་མི་མཐུན་པ་སྣ་ཚོགས་སུ་འཆར་བའང་མི་འགོག་པར་མུ་མཐའ་མེད་པའི་དབྱིངས་ལས་མི་གཡོ་བར་བཞུགས་སོ། །དེ་བས་ན་མ་འདྲེས་ལ་ཡོངས་སུ་རྫོགས་པས་ངང་ཆེན་པོ་ལ་གཅིག་དང་དུ་མ་བྲལ་བའི་ཚུལ་གྱིས་ལྷུན་གྱིས་གྲུབ་པའི་གཏན་ཚིགས་དེའི་ཕྱིར་ན་ཞི་བ་དང་ཁྲོ་བོའི་སྐུར་མ་འདྲེས་པར་ཕྱག་རྒྱའི་གཟུགས་མཆོག་རྣམ་པར་སྣང་ཞིང་གསལ་བ་ལ་སྐུར་བཞེངས་ཅི་དགོས་ཞེས་ལན་བཏབ་བོ། །ཞེས་གྲག་གོ། །གཉིས་པ་ནི། དེ་ལྟར། ཞེས་པ་ནས། གནས་པ་ལ། ཞེས་པའི་བར་གྱི་བསྟན་ཏེ། དེ་ལྟར་བསྐུལ་བ་དང་པོ་ལྔ་པོ་དེས་སྐུ་ཡོངས་སུ་རྫོགས་པར་གྱིས་ཤིག་པར་བསྐུལ་བས་སྐྱེས་བུ་དམ་པ་དེ་ཁོ་ན་ཉིད་དེ་ཡིས་དོན་གྱིས་ཞལ་གྱིས་བཞེས་ནས་བསྐུལ་བ་གསན་པའི་ཕྱིར་སྟོང་པ་ཉིད་ཀྱི་དབྱིངས་དེ་ལས་འབྱུང་འཇུག་མེད་པར་སྟོང་པ་ཉིད་ཀྱི་སྐུ་རྣམ་པར་སྣང་བ་ནི་དོན་ཇི་ལྟར་དཔེ་ཇི་ལྟར་ཆུ་ཟླའི་དཀྱིལ་འཁོར་སྣང་བའམ། ནམ་མཁའ་ལ་འཇའ་ཚོན་སྣང་བའི་ཚུལ་དུ་བྱུང་ནས་སྐུ་དེ་སྣང་ཡང་བསྐུལ་བའི་ས་ལ་གཞེས་པའི་ཕྱིར་རིགས་དང་ལོངས་སྤྱོད་རྫོགས་པའམ་སྤྲུལ་སྐུ་དང་། ཞི་བ་དང་ཁྲོ་བོ་གང་དུ་ཡང་མ་ངེས་པར་ཅིར་ཡང་འགྱུར་དུ་རུང་བའི་ཡེ་ཤེས་ཀྱི་སྐུར་གསལ་བར་ཤར་ཏེ་དབྱིངས་ལས་བཞེངས་པར་གནས་པས་གཟུགས་ཀྱི་སྐུར་གནས་ཤིང་བཞུགས་པ་ལ་ཞེས་དེ་ལྟར་སྐུ་སྣང་བས་ཞིང་ཁམས་ཀྱི་གདུལ་བྱ་སྦྱོང་བའི་ཕྱིར་ལན་དང་པོ་བསྟན་ཏོ། །གཉིས་པ་ལ་གཉིས་ཏེ། བསྐུལ་བ་དང་། བཞེངས་པའོ། །དང་པོ་ལ་གཉིས་ཏེ། ཡབ་ཡུམ་གྱི་སྐུར་བཞེངས་པར་བསྐུལ་བ། རིགས་ལྔའི་སྐུར་བཞེངས་པར་བསྐུལ་བའོ། །དང་པོ་ནི། དེ་བཞིན་གཤེགས་པ། ཞེས་པ་ནས། ཡབ་ཡུམ་མཛོད། །ཅེས་པའི་བར་གྱིས་བསྟན་ཏེ། ལན་གཉིས་པ་བསྟན་པའི་ཕྱིར། དེ་ནས་རྒྱལ་བ་རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐྱེས་བུ་དམ་པ་དབྱིངས་དང་ཡེ་ཤེས་ཀྱི་སྐུར་བཞེངས་པ་ལ་བསྐུལ་བ་གཉིས་པ་འདིས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུར་བཞེངས་ལ་སྒྲོལ་བའི་དོན་མཛོད་ཅིག་པར་ངེས་པར་བསྐུལ་བ་ནི། འདི་ལྟ་སྟེ། ཡེ་ཇི་བཞིན་པའི་དཀྱིལ་འཁོར་གྱི་སྒོ་ནས་བསྐུལ་ཏེ། ཆོས་རྣམས་ཀྱི་རང་བཞིན་རྒྱུ་རྐྱེན་མེད་པར་རང་བྱུང་བའི་ཆོས་ཉིད་མ་བཅོས་པའི་དེ་བཞིན་ཉིད་ཡེ་ཇི་བཞིན་པ་དེ་ཉིད་ཇི་ལྟ་བར་མངོན་དུ་གྱུར་ནས་མཐའ་གང་དུའང་སྣང་བ་མེད་པས་མི་གཡོ་བ་ངོ་བོ་ཉིད་ཀྱི་སྐུ་བདེ་བ་ཆེན་པོའི་ངང་ཉིད་ཆེད་དུ་བརྩལ་ཞིང་འགྲོ་འོང་གིས་གཡོ་བ་གང་ཡང་དག་པ་གཉིས་ལྡན་འདི་ལ་ཅི་ཡང་མེད་དེ་མ་དམིགས་པའོ། །དེས་བས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ལ་དེ་ཉིད་དུ་བཏགས་པའང་ཚིག་གི་ཐ་སྙད་ཙམ་ལས་དོན་ལ་མེད་པར་མ་བཅོས་པར་མཐར་ཕྱིན་པའི་དེ་ཁོ་ན་ཉིད་རང་གསལ་ཆོས་ཉིད་ཀྱི་སྐུར་བཞུགས་ཀྱང་། དེ་ཉིད་ཡུལ་ལམ་འཁོར་བ་དངོས་པོ་དང་སེམས་སམ་མྱ་ངན་ལས་འདས་པ་དངོས་པོ་མིན་པ་རིལ་གྱི་འབྱུང་གནས་ཉིད་ཡིན་པས་ཇི་ལྟར་བསམ་པ་བཞིན་དུ་སྣང་བའོ། །དེ་ཉིད་ལ་སྐྱེ་འཇིག་མེད་པས་ཅིས་ཀྱང་མི་ཚུགས་ཤིང་གཉེན་པོ་དང་བྲལ་བས་མི་ཆོད་མི་ཤིགས་པའི་ངོ་བོ་མི་འགྱུར་རྡོ་རྗེའི་སྐུ་སྟེ་རྟག་པ་ཆེན་པོ་བཞུགས་པའོ། །དེ་ཁོ་ན་ཉིད་ཡེ་གདོད་མ་ཉིད་ནས་མ་བསླད་པས་ལྷན་སྐྱེས་ཇི་བཞིན་པར་རོལ་པས་བདེ་བ་མཆོག་གི་དགྱེས་པ་ཆེན་པོའི་ཐུགས་ཀྱི་ངོ་བོ་དུས་གསུམ་དུ་མི་གཡོ་ཞིང་མ་འགགས་པའི་བཅུད་ཆེན་པོར་བཞུགས་པ་ནི་གསང་བའི་སྐུ་ཡང་ཡིན་ནོ། །རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་སྒོ་ནས་བསྐུལ་ཏེ། དེ་ལྟར་སྐུ་བཞི་དབྱེར་མེད་ཀྱི་ངང་ཉིད་རྡོ་རྗེ་སེམས་མཆོག་ནམ་མཁའི་སྙིང་པོ་དབྱིངས་ཉིད་འོད་གསལ་བ་ལ་ཆེ་བའི་ཡོན་ཏན་ཡོངས་སུ་རྫོགས་པའི་ཆོས་ཀྱི་རྒྱལ་པོ་དུས་གསུམ་གྱི་བདེ་བར་གཤེགས་པའི་རྒྱལ་བ་མ་ལུས་པ་ཀུན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་མངའ་དབང་རྫོགས་པའི་སྟོན་པ་དམ་པར་བྱུང་བ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །རྒྱལ་བ་རིལ་གྱི་བཙན་པོ་ཉིད་ཐུགས་རྗེ་ཆེན་པོའི་ངང་ལས་ཐམས་ཅད་དུ་འདུལ་བ་བཞིན་འཕགས་པའི་ཚོགས་ཀྱི་རྗེ་བཙུན་སྤྲུལ་པ་མང་པོ་འབྱུང་ཞིང་སྣང་བའི་གནས་ནི་སྤྲུལ་པའི་སྐུ་ཡང་ཡིན་ནོ། །དེ་ལྟ་བུ་སྐུ་ལྔ་པོ་མ་ལུས་པ་ཀུན་གྱི་རང་བཞིན་གསལ་རྫོགས་ཀྱི་ངོ་བོར་བཞུགས་ལ་མི་རྟོག་མ་འགགས་པ་ཆེན་པོའི་མེ་ལོང་འོད་པོ་ཆེ་ཁྱོད་ཉིད་ཁྲོ་བའི་སྤྲིན་གྱི་རྒྱལ་བ་མཐའ་ཡས་པ་ཇི་སྙེད་དུ་རོལ་པའི་བཀོད་པ་འབྱུང་ཞིང་བསྐྱེད་པའི་ཁྲོ་བོ་ཆེན་པོ་ཡབ་ཡུམ་དུ་བཞེངས་པར་མཛོད་ཅིག་ཅེས་གོང་དུ་བཞེངས་ནས་སྐུ་མ་ངེས་པ་ལ་ངེས་པར་བསྐུལ་བའོ། །གཉིས་པ་ལ་གཉིས་ཏེ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གང་དག་བྱང་ཆུབ། ཅེས་པ་ནས། ཉོན་མོངས་སྦྱང་དུ་གསོལ། ཞེས་པའི་བར་གྱིས་བསྟན་ཏེ། རིགས་དྲུག་ལ་སོ་སོར་བསྐུལ་བ་དང་། སྐྱེས་བུ་ཉིད་ལ་རིགས་དྲུག་གི་དོན་མཛད་པའི་ཚུལ་གྱིས་བསྐུལ་བ་ནི་སྤྱི་དང་ཁྱད་པར་གྱི་དབང་སྟེ། དེ་ཐུན་མོང་དུ་བསྟན་པའི་ཕྱིར། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྐུལ་ཏེ། དེ་ཡང་ཐོག་མར་རིགས་ཀྱི་བདག་པོ་ལ་བསྐུལ་བ་དང་དེའི་ཚུལ་ནས་སྐྱེས་བུ་ལ་བསྐུལ་བ་སྟེ། དེ་བཞིན་གཤེགས་པ་གང་དག་ཇི་སྙེད་པ་རྣམས་བྱང་ཆུབ་སྙིང་པོར་ཐ་མི་དད་པར་མཚུངས་པ་ཡི་རང་བཞིན་རྣམ་པར་དག་པའི་དབྱིངས་ལས་མ་གཡོས་པར་བསྐྱེད་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཉིད་དུ་བཞུགས་ཀྱང་གནས་ཐ་དད་པ་གང་དུ་དུས་ཐོག་མའི་དང་པོར་རྒྱལ་བ་རིལ་གྱི་གྲོང་ཁྱེར་གསུམ་མ་སྤངས་བྲལ་ནས་རྒྱུད་རྣམ་པར་དག་པའི་འབྲས་བུ་ཆེན་པོ་བརྙེས་པས་སངས་རྒྱས་ཀུན་གྱི་མཛད་པ་ལྟར་སྐྱེས་བུ་དམ་པ་ཁམས་གསུམ་གྱི་ཞེན་པ་ལས་གྲོལ་ནས་འདུས་མ་བྱས་པར་རང་བྱུང་བའི་སྐྱེ་འཇིག་མི་མངའ་བའི་རྡོ་རྗེ་སྙིང་པོའི་ལུས་སམ་སྐུ་མཆོག་གི་ངང་ལས་གདུལ་བྱའི་འགྲོ་བ་མང་པོ་མཐའ་ཡས་པ་རྟོག་པ་ཅན་དག་གི་ངོ་ལ་གསུང་ཡི་གེ་ཐ་དད་པ་སྣ་ཚོགས་སུ་རྣམ་པར་སྤྲུལ་ཞིང་སྣང་བར་མཛད་དེ་དོན་མཛད་ཅིང་ཡི་གེ་དེ་ལས་ཀྱང་སྐུའི་དཀྱིལ་འཁོར་བྱུང་སྟེ་ཐུགས་ཡེ་ཤེས་རང་སྣང་བའི་སྲས་ཀྱི་ཚོགས་ཀྱིས་འཁོར་མང་པོས་མཛེས་པར་བསྐོར་བའི་དཀྱིལ་ལམ་སྤྲུལ་པ་ཇི་སྙེད་པའི་དབུས་ན་གཙོ་བོའི་གཟུགས་ཀྱི་སྐུར་ཁྲོ་བོའི་ཕྱག་རྒྱར་བསྟན་ནས་དཔྱངས་ཐག་ཆད་པའི་གདུལ་བྱ་དྲག་པོའི་གདུང་བའི་ས་བོན་ཉོན་མོངས་པའི་རྟོག་པ་ཐམས་ཅད་སྦྱང་ཞིང་དག་པར་མཛད་དུ་གསོལ། ཞེས་བསྐུལ་ཏེ། སྤྱི་དབང་དུ་རྒྱལ་བ་རིལ་ལ་བསྐུལ་བར་ཡང་འཆད་དོ། །ཁྱད་པར་གྱི་དབང་དུ་ལན་འདེབས་པའི་ཚུལ་གྱིས་རིགས་ཀྱི་བདག་པོ་དང་རྒྱལ་བ་ཇི་སྙེད་པས་དེ་ལྟར་མཛད་པ་ལྟར་སྐྱེས་བུ་ཁྱོད་ཁྲོ་བོའི་སྤྲུལ་པའི་འཁོར་ཚོགས་དང་བཅས་པར་བྱུང་ནས་གདུག་པ་ཅན་གྱི་ལས་སྦྱང་དུ་གསོལ། ཞེས་བསྐུལ་བར་སྦྱར་ཏེ་འཆད་པ་དག་ཀྱང་རྗེས་སུ་བསྙད་དོ། །གཉིས་པ་ལ་ལྔ་སྟེ། རྡོ་རྗེའི་རིགས་སུ་བཞེངས་པར་བསྐུལ་བ། དེ་བཞིན་གཤེགས་པའི་རིགས་སུ་བཞེངས་པར་བསྐུལ་བ། རིན་པོ་ཆེའི་རིགས་སུ་བཞེངས་པར་བསྐུལ་བ། པདྨའི་རིགས་སུ་བཞེངས་པར་བསྐུལ་བ། ལས་ཀྱི་རིགས་སུ་བཞེངས་པར་བསྐུལ་བའོ། །དང་པོ་ནི། གང་དུ་དང་པོར་རྡོ་རྗེ། ཞེས་པ་ནས། གཟུགས་སྐུར་བསྟན་དུ་གསོལ། །ཞེས་པའི་བར་གྱིས་བསྟན་ཏེ། རིགས་ལྔའི་ཚུལ་དུ་བཞེངས་ལ་རུ་ཏྲ་ཐུལ་ཞིག་པར་བསྐུལ་བ་ལས་རྡོ་རྗེ་སེམས་དཔར་བསྐུལ་ཏེ། གནས་གང་དུ་དུས་དང་པོར་རྡོ་རྗེ་སྙིང་པོའམ་རྡོ་རྗེ་སེམས་དཔའ་ནི་ཁམས་གསུམ་གྱི་ས་བོན་ཟད་པར་བཏོན་ནས་རང་བྱུང་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་སྟེ་མངོན་པར་རྫོགས་པར་སངས་རྒྱས་པའི་འབྲས་བུ་རྡོ་རྗེའི་རིགས་ཀྱི་གོ་འཕང་དམ་པ་བརྙེས་ནས་གདུལ་བྱ་ལུས་གཏུམ་ཞིང་ངག་དྲག་ལ་ཐུང་བ་སེམས་ཤིན་ཏུ་གདུག་པར་གྱུར་པ་ཞེ་སྡང་ཅན་གང་དེ་རང་མཐུན་འདུལ་ཐབས་ཀྱིས་གྲོལ་བར་མཛད་པའི་ཕྱིར་དགོངས་པ་རྟོག་པའི་དྲི་མ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཡུལ་མེད་པར་སྣ་ཚོགས་སུ་གསལ་བའི་བློས་ནི་ཡི་གེ་ཧཱུྃ་དུ་སྤྲུལ་ནས་དེ་ལས་རྡོ་རྗེའི་རིགས་ཀྱི་གཙོ་འཁོར་འོད་ཟེར་གྱི་ཚུལ་གྱི་ཕྲེང་བས་མཛེས་པར་ཐུགས་རིགས་ཀྱི་འཁོར་གྱིས་བསྐོར་བའི་དཀྱིལ་ན་སྤྲུལ་པའི་གཙོ་བོར་མཛད་ནས་བཞུགས་པ་ཁྱོད་ཉིད་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་སྔོན་གྱི་ཐུགས་དམ་དང་སྨོན་ལམ་གྱི་དབང་གིས་ན་ད་ལྟའི་ཐུགས་དམ་ཅིས་ཀྱང་མི་བསྐྱོད་པའི་རྡོ་རྗེའི་རིགས་ཀྱི་བཛྲ་ཧེ་རུ་ཀའི་གཟུགས་སྐུར་བཞེངས་ནས་མཛད་པ་བསྟན་དུ་གསོལ། ཞེས་བསྐུལ་བའོ། །གཉིས་པ་ནི། གང་དུ་དང་པོར་རྣམ་པར། ཞེས་པ་ནས། བསྟན་དུ་གསོལ། །ཞེས་པའི་བར་གྱིས་བསྟན་ཏེ། རྣམ་པར་སྣང་མཛད་ལ་བསྐུལ་ཏེ། ཡུལ་གང་དུ་དུས་དང་པོར་རྣམ་པར་སྣང་མཛད་ནི་ཁམས་གསུམ་གྱི་ས་བོན་ཟད་པར་བཏོན་ནས་རང་བྱུང་འགག་མེད་ཅིར་ཡང་སྣང་བའི་འབྲས་བུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་དེ་བཞིན་གཤེགས་པའི་རིགས་ཀྱི་གོ་འཕང་དམ་པ་བརྙེས་པར་མཛད་ནས་གདུལ་བྱ་འཇིག་རྟེན་གསུམ་རྨོངས་པར་བྱེད་པའི་མུན་པ་གཏི་མུག་ཅན་གང་དེ་རང་མཐུན་གྱི་ཐབས་ཀྱིས་གྲོལ་བར་མཛད་པའི་ཕྱིར་དགོངས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་དག་བྱང་ཆུབ་ཀྱི་བློས་ནི་ཡི་གེ་ༀ་དུ་སྤྲུལ་ནས་དེ་ལས་བདེ་གཤེགས་རིགས་ཀྱི་གཙོ་འཁོར་གཟུགས་མང་པོའི་ཚུལ་གྱིས་ཕྲེང་བས་མཛེས་པར་སྐུའི་རིགས་ཀྱི་འཁོར་གྱིས་བསྐོར་བའི་དཀྱིལ་ན་སྤྲུལ་པའི་གཙོ་བོར་མཛད་ནས་བཞུགས་པ་ཁྱོད་ཉིད་སྔོན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཐུགས་དམ་དང་སྨོན་ལམ་གྱི་དབང་གིས་ན་ད་ལྟའི་ཐུགས་དམ་ཅིར་ཡང་སྣང་བའི་བུདྡྷ་ཧེ་རུ་ཀའི་གཟུགས་སྐུར་བཞེངས་ནས་མཛད་པ་བསྟན་དུ་གསོལ། ཞེས་བསྐུལ་བའོ། །གསུམ་པ་ནི། གང་དུ་དང་པོར་ཡོན་ཏན། ཞེས་པ་ནས། བསྟན་དུ་གསོལ། །ཞེས་པའི་བར་གྱིས་བསྟན་ཏེ། རིན་ཆེན་འབྱུང་ལྡན་ལ་བསྐུལ་ཏེ། ཡུལ་གང་དུ་དུས་དང་པོར་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ནི་ཁམས་གསུམ་གྱི་ས་བོན་ཟད་པར་བཏོན་ནས་རང་བྱུང་ཡིད་བཞིན་རིན་པོ་ཆེ་ཡོན་ཏན་ཀུན་རྫོགས་ཀྱི་འབྲས་བུར་མངོན་པར་རྫོགས་པར་སངས་རྒྱས་ཏེ་རིན་ཆེན་རིགས་ཀྱི་གོ་འཕང་དམ་པ་བརྙེས་ནས་གདུལ་བྱ་འདོད་པ་ལ་ཞེན་ཏེ་ང་རྒྱལ་གྱིས་རྨོངས་པ་རྣམས་རང་མཐུན་གྱི་ཐབས་ཀྱིས་གྲོལ་བར་མཛད་པའི་ཕྱིར་དགོངས་པ་མཉམ་ཉིད་ཡེ་ཤེས་རྣམ་དག་འབྱུང་གནས་ཀྱི་བློས་ནི་ཡི་གེ་སྭཱ་རུ་སྤྲུལ་ནས་དེ་ལས་ཡོན་ཏན་རིགས་ཀྱི་གཙོ་འཁོར་རིན་ཆེན་ཕྲེང་བས་མཛེས་པར་རང་རིགས་ཀྱི་འཁོར་གྱིས་བསྐོར་བའི་དཀྱིལ་ན་སྤྲུལ་པའི་གཙོ་བོ་མཛད་ནས་བཞུགས་པ་ཁྱོད་ཉིད་སྔོན་གྱི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་ཐུགས་དམ་དང་སྨོན་ལམ་གྱི་དབང་གིས་ན་ད་ལྟའི་ཐུགས་དམ་འདོད་པ་ཀུན་འབྱུང་རཏྣ་ཧེ་རུ་ཀའི་གཟུགས་སྐུར་བཞེངས་ནས་མཛད་པ་བསྟན་དུ་གསོལ། ཞེས་བསྐུལ་བའོ། །བཞི་པ་ནི། གང་དུ་དང་པོར་འོད་དཔག །ཅེས་པ་ནས། བསྟན་དུ་གསོལ། །ཞེས་པའི་བར་གྱིས་བསྟན་ཏེ། འོད་དཔག་མེད་ལ་བསྐུལ་ཏེ། ཡུལ་གང་དུ་དུས་དང་པོར་འོད་དཔག་ཏུ་མེད་པ་ནི་ཁམས་གསུམ་གྱི་ས་བོན་ཟད་པར་བཏོན་ནས་རང་བྱུང་གསུང་རབ་ཀུན་བདག་སྣང་བ་མཐའ་ཡས་སུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་འབྲས་བུ་བྱང་ཆུབ་ཆེན་པོ་པདྨ་རིགས་ཀྱི་གོ་འཕང་དམ་པ་བརྙེས་ན་གདུལ་བྱ་འདོད་པ་ལ་ཆགས་པས་རྨོངས་པ་རྣམས་རང་མཐུན་གྱི་ཐབས་ཀྱིས་གྲོལ་བར་མཛད་པའི་ཕྱིར་དུ་དགོངས་པ་སོར་རྟོག་ཡེ་ཤེས་རྣམ་དག་དྲི་མེད་ཀྱི་བློས་ནི་ཡི་གེ་ཨྃ་དུ་སྤྲུལ་ནས་དེ་ལས་པདྨའི་རིགས་ཀྱི་གཙོ་འཁོར་གསུང་སྙན་ཡི་གེའི་ཕྲེང་བས་མཛེས་པར་གསུང་གི་རིགས་ཀྱི་འཁོར་གྱིས་བསྐོར་བའི་དཀྱིལ་ན་སྤྲུལ་པའི་གཙོ་བོ་མཛད་ནས་བཞུགས་པ་ཁྱོད་ཉིད་སྔོན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྨོན་ལམ་དང་ཐུགས་དམ་གྱི་དབང་གིས་ན་ད་ལྟར་ཐུགས་དམ་སྣ་ཚོགས་སྟོན་པའི་པདྨ་ཧེ་རུ་ཀའི་གཟུགས་སྐུར་བཞེངས་ནས་མཛད་པ་བསྟན་དུ་གསོལ། ཞེས་བསྐུལ་བའོ། །ལྔ་པ་ནི། གང་དུ་དང་པོར་གདོན་མི། ཞེས་པ་ནས། བསྟན་དུ་གསོལ། །ཞེས་པའི་བར་གྱིས་བསྟན་ཏེ། གདོན་མི་ཟ་བ་ལ་བསྐུལ་ཏེ། ཡུལ་གང་དུ་དུས་དང་པོར་གདོན་མི་ཟ་བའམ་དོན་ཡོད་གྲུབ་པ་ནི་ཁམས་གསུམ་གྱི་ས་བོན་ཟད་པར་བཏོན་ནས་རང་བྱུང་ཕྲིན་ལས་སྣ་ཚོགས་ཅིར་ཡང་མཛད་པའི་འབྲས་བུར་མངོན་པར་རྫོགས་པར་སངས་རྒྱས་ཏེ་ལས་ཀྱི་རིགས་ཀྱི་གོ་འཕང་དམ་པ་བརྙེས་ནས་གདུལ་བྱ་བདག་གཞན་གྱི་བྱ་བ་ལ་རྨོངས་པ་ཕྲག་དོག་ཅན་རང་མཐུན་གྱི་ཐབས་ཀྱིས་གྲོལ་བར་མཛད་པའི་ཕྱིར་དགོངས་པ་བྱ་གྲུབ་ཡེ་ཤེས་རྣམ་དག་ནན་ཏན་གྱི་བློས་ནི་ཡི་གེ་ཧྃ་དུ་སྤྲུལ་ནས་དེ་ལས་ལས་ཀྱི་རིགས་ཀྱི་གཙོ་འཁོར་མཛད་པ་གར་གྱི་ཕྲེང་བས་མཛེས་པར་ཕྲིན་ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར་བའི་དཀྱིལ་ན་སྤྲུལ་པའི་གཙོ་བོ་མཛད་ནས་བཞུགས་པ་ཁྱོད་ཉིད་སྔོན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྨོན་ལམ་དང་ཐུགས་དམ་གྱི་དབང་གིས་ན། ད་ལྟའི་ཐུགས་དམ་ཐམས་ཅད་མཛད་པའི་ཀརྨ་ཧེ་རུ་ཀའི་གཟུགས་སྐུར་བཞེངས་ནས་མཛད་པ་བསྟན་དུ་གསོལ། ཞེས་བསྐུལ་བའོ། །འདི་རྣམས་ཀྱི་གང་དུ་དང་པོའི་ཚིག་ནི་སྐྱེས་བུ་ལ་བསྐུལ་བའི་གཏན་ཚིགས་སུ་འགྱུར་རོ། །སྔོན་གྱི་ཐུགས་དམ་དང་སྨོན་ལམ་ནི་རང་རང་ལ་བསྐུལ་བའི་གཉེར་ཏེ། དེའི་ཕྱིར་ཐུན་མོང་དུ་བསྟན་ཏོ། །གཉིས་པ་བཞེངས་པ་ནི། ཞེས་བསྐུལ་བ། ཞེས་པ་ནས། སྣང་བར་གནས་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། ཞེས་བསྐུལ་བ་གཉིས་པ་དེས་ཡོངས་སུ་རྫོགས་པར་བསྐུལ་བས་དེའི་ཡོན་ཏན་གྱིས་དེ་ལྟར་གསན་ནས་ཅིར་ཡང་འབྱུང་དུ་རུང་བའི་རིགས་མ་ངེས་པ་ཆོས་ཉིད་སྒྱུ་མ་ལྟ་བུའི་སྐུ་ལས་རིགས་ངེས་པ་ཡེ་ཤེས་ལྔའི་ངང་ལས་སོ་སོའི་རིགས་ཀྱི་སྒྱུ་མའི་སྐུ་སྣང་བ་ནི་དཔེ་ཇི་ལྟ་དོན་ཇི་ལྟར་མེ་ལོང་གི་དབྱིངས་སུ་བཞིན་གྱི་དཀྱིལ་འཁོར་སྣང་ཞིང་གསལ་བ་བཞིན་དུ་རེས་འཇོག་མེད་པར་ཡེ་ཤེས་སྒྱུ་མའི་སྐུར་རང་སྣང་བར་གནས་པ་ལས་ཞེས་དེ་ལྟར་ཡེ་ཤེས་ཀྱི་སྐུ་སྣང་བས་རྒྱལ་བ་ཀུན་གྱི་མཛད་པའི་ཕྲིན་ལས་སྐྱེས་བུས་ཀྱང་མཛད་པར་འགྱུར་བས་ན་ལན་གཉིས་པར་འགྱུར་རོ། །གསུམ་པ་ལ་གཉིས་ཏེ། བསྐུལ་བ་དང་། ཡོན་ཏན་ནོ། །དང་པོ་ལ་ལྔ་སྟེ། སྐུ་སྣང་བར་མཛོད་ཅིག་པར་བསྐུལ་བ། ཁམས་གསུམ་གྱི་ནད་སོལ་ཅིག་པར་བསྐུལ་བ། མུན་པ་བསལ་བར་མཛོད་ཅིག་པར་བསྐུལ་བ། འདུལ་བའི་དུས་ལ་བབ་པར་བསྐུལ་བ། རྒྱལ་བ་ཀུན་གྱི་ཐུགས་དམ་བསྐུལ་བའོ། །དང་པོ་ནི། དེ་བཞིན་གཤེགས་པ། ཞེས་པ་ནས། དོན་དུ་རྣམ་སྣང་མཛད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བ་གསུམ་པ་འདིས། གསང་བ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པའམ། འོན་ཏེ་ཡེ་ཤེས་ཀྱི་སྐུར་མངོན་དུ་རྫོགས་པར་བཀོད་དེ་ཁྲོ་བོའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་རིགས་ངེས་པའི་ལོངས་སྤྱོད་རྫོགས་པར་བཞེངས་པར་བསྐུལ་བ་ནི། འདི་ལྟ་སྟེ། སྙིང་པོ་བྱང་ཆུབ་དེ་བཞིན་ཉིད་དུ་གཤེགས་ཏེ་མཐར་སོན་པའི་སྐྱེས་བུ་དམ་པ་ཁྱོད་ཅེས་ངེས་པར་གཟུང་བའི་ཕྱིར་ཐུབ་དཀའ་རྡོ་རྗེ་སྙིང་པོར་བསྐུལ་བ་ལ་འཐད་དོ། །དེ་ཅིའི་ཕྱིར་ཞེ་ན། འཆད་པའི་ཀྱེ་མ་ལ་སོགས་པ་དང་། རྩ་ལྔ་པ་ལས་ཐུབ་དཀའ་རྡོ་རྗེ་སྙིང་པོ་ལས་སྤྲུལ་པ་འབྱུང་བའི་ཕྱིར་རོ། །འོན་ཀྱང་སྐབས་མཐུན་པ་ངེས་པར་གཟུང་བ་ལས་རྒྱལ་བ་གཞན་དང་ཐ་དད་པར་མི་ལྟ་སྟེ་གདུལ་བྱའི་སྣང་བ་ཙམ་མོ། །དེ་ལྟ་བུ་ཁྱོད་ནི་འཇིག་རྟེན་གྱི་འོག་མིན་ཆེན་པོའི་ཞིང་ཁམས་སུ་མངའ་དབང་རྫོགས་པའི་བདག་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་བྱ་བ་མཛོད་ལ། སྙིང་པོ་བྱང་ཆུབ་ཇི་བཞིན་པ་དེ་ཉིད་ལས། འགྲོ་བ་སེམས་ཅན་ཀུན་གྱི་དོན་དུ་སྐུ་གསུང་ཐུགས་ཀྱི་བཀོད་པ་སྣང་ཞིང་ཤར་བར་མཛོད་ཅིག །སྔོན་བྱུང་དུ་ཡང་འཇིག་རྟེན་གྱི་ཁམས་ཀྱི་ཞིང་ཁམས་ནི་དཔག་ཏུ་མེད་པ་མང་པོ་ཉིད་དུ། ཇི་སྙེད་ཅིག་བདེ་བར་གཤེགས་པ་ཡི་རྒྱལ་བ་མ་ལུས་པ་སྤྲུལ་པ་མང་པོས་འགྲོ་དོན་མཛད་པའི་སངས་རྒྱས་ཀུན་གྱིས་ཀྱང་གདུལ་བྱ་མཐའ་དག་གི་དོན་དུ་སྐུ་གསུང་ཐུགས་རྣམ་པར་སྣང་སྟེ་བཀོད་པ་མཛད་པ་ལྟར་སྐྱེས་བུས་ཀྱང་དོན་གྱིས་ཤིག་ཅེས་བསྐུལ་ལོ། །གཉིས་པ་ནི། ཁམས་གསུམ། ཞེས་པ་ནས། བསླང་བར་མཛོད། །ཅེས་པའི་བར་གྱིས་བསྟན་ཏེ། ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་དུག་དྲག་པོ་ལྔས་ནད་ཀྱིས་གདུང་བར་གྱུར་པ་ལ་གཞན་གྱིས་སོས་ཤིང་ཕན་པར་འགྱུར་བའི་སྨན་མ་མཆིས་པས་མ་ནོར་མི་བསླུ་བའི་དོན་གྱིས་ཡང་དག་བདུད་རྩིའི་སྨན་དམ་པ་སྦྱར་བས་འཁོར་བའི་གཅོང་རྙིང་མ་རིག་པའི་མུན་པ་གཞི་རྩ་དང་བཅས་པ་སྦྱང་བར་མཛད་པ་དང་སྡུག་བསྔལ་ཟུག་རྔུའི་ནད་ཐམས་ཅད་སེལ་བར་མཛད་པའི་སྨན་པ་ཆེ་མཆོག་གི་གཙོ་བོར་སྐྱེས་བུ་ཁྱེད་ཉིད་གཤེགས་པར་མཛད་ནས་འཁྲུལ་པའི་ནད་དོ་ཅོག་གི་དགྲར་གྱུར་པ་འཚོ་བྱེད་དམ་པ་བདུད་རྩི་སྨན་གྱི་རྒྱ་མཚོ་བྱང་ཆུབ་སེམས་ཀྱི་ཆུ་ཡིས་དུག་ལྔ་ལ་སོགས་པ་ལོག་པའིི་ནད་ཀྱི་དགྲས་གཟིར་བ་ཡི་རུ་ཏྲ་ལ་སོགས་པ་གྲོང་ཁྱེར་གསུམ་གྱི་ནད་པའི་ཚོགས་ཀུན་བསླང་བར་མཛོད་ཅིག་ཅེས་བསྐུལ་ལོ། །གསུམ་པ་ནི། རྩལ་ཆེན། ཞེས་པ་ནས། དགོངས་པ་མཛོད། །ཅེས་པའི་བར་གྱིས་བསྟན་ཏེ། དན་ཕག་རྡོ་རྗེ་འཛིན་པར་གནས་གྱུར་པ་ལ་བསྐུལ་ཏེ། རྩལ་ཆེན་རྫོགས་པའི་སྐྱེས་བུ་འབྲས་བུ་ལྷུན་གྱིས་གྲུབ་པ་ཁྱོད་ཉིད་ཐུགས་སྙིང་པོ་བྱང་ཆུབ་ཀྱི་ངང་ལ་དགོངས་པ་མི་གཡོ་བར་གནས་པ་ལས་འགྲོ་བའི་དོན་ལ་སྤྲུལ་པའི་འོད་ཟེར་གྱི་སྣང་བ་རྒྱས་པར་བཀྱེ་སྟེ་མ་རིག་པའི་མུན་པ་བསལ་བའི་དགོངས་པ་མཛོད་ཅིག་ཅེས་བསྐུལ་བའོ། །བཞི་པ་ནི། ཀྱེ་མ། ཞེས་པ་ནས། དུས་ལ་བབ། །ཅེས་པའི་བར་གྱིས་བསྟན་ཏེ། འབྲས་བུ་ཆེན་པོ་བརྙེས་པ་ལ་ངོ་མཚར་བ་དང་ལྡན་པས། ཀྱེ་མ་སྐྱེས་བུ་ཞེས་བོས་ནས་རྡོ་རྗེ་སྙིང་པོ་མངོན་དུ་བྱས་པས་བསྒྲུབ་བྱ་རིལ་ཆུབ་སྟེ་མཐར་ཐུག་གི་དོན་གྲུབ་པ་བདག་དོན་གྱི་བྱ་བ་བྱས་ཤིང་གཞན་དོན་གྱི་བྱེད་པ་བྱས་པ་སྲིད་ལམ་གྱི་རྩོལ་བས་ཁུར་བོར་ཏེ་གདུང་བ་དང་བྲལ་བ་སྔོན་གྱི་རྒྱལ་བ་བཞིན་དུ་བདག་གི་དོན་སྲིད་ཆེན་པོ་རྗེས་སུ་ཐོབ་ཅིང་བརྙེས་པ་ཁྱེད་ཀྱིས་གང་འདིར་དྲེགས་པ་འདུལ་བའི་དུས་ལ་ངེས་པར་བབ་པས་དགོངས་པར་མཛོད་ཅིག་ཅེས་བསྐུལ་བའོ། །ལྔ་པ་ནི། གཙང་མའི། ཞེས་པ་ནས། བྱ་བ་མཛོད། །ཅེས་པའི་བར་གྱིས་བསྟན་ཏེ། གཙང་མའི་གནས་ཀྱི་འོག་མིན་ལས་མཆོག་ཏུ་འཕགས་པའི་ཁྱད་པར་གྱི་སྒྲས་འཇིག་རྟེན་གྱི་འོག་མིན་ལས་ཁྱད་པར་དུ་གྱུར་པས་འོག་མིན་གྱི་ཞིང་ཁམས་དེ་ཉིད་རྣམ་པར་མཛེས་པ་ཆེན་པོར་འབྲས་བུས་ཆོས་ཀྱིས་མཐོ་བའི་གཞལ་ཡས་སུ་རིགས་ཀྱི་བདག་པོ་རྫོགས་ལོངས་སྤྱོད་པའི་སྐུར་གཤེགས་པར་མཛད་དེ་སྙིང་པོ་བྱང་ཆུབ་ན་བཞུགས་པའི་རྒྱལ་བ་རིལ་ལ་བསྐུལ་བའི་བྱ་བ་ཡང་ཁྱོད་ཀྱིས་མཛོད་ཅིག་ཅེས་བསྐུལ་ཏེ། དཔེར་ན་འོ་མ་མར་གྱི་རང་བཞིན་ཡང་དེར་མ་བཞག་པར་བསྐུལ་བའི་བྱ་བས་མར་དུ་འགྲོ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་སྙིང་པོ་ཅན་ཡིན་ཀྱང་དེར་མ་བཞག་པར་སྙིང་པོ་བསྐུལ་བའི་བྱ་བ་མཛོད་ཅིག་ཅེས་བསྐུལ་བའང་ཤུགས་ལ་གསལ་ལོ། །གཉིས་པ་ནི། ཅེས་རྣམ་པར་བསྐུལ་བས། ཞེས་པ་ནས། གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ཅེས་དེ་སྐད་ཅེས་རྣམ་པར་བསྐུལ་བས། དཔེ་ཇི་ལྟ་དོན་ཇི་ལྟར་སྤྲིན་གྱི་མཐོངས་ནས་ཉི་མའི་དཀྱིལ་འཁོར་ཤར་བ་ལྟར་མི་གཡོ་བ་ཡིད་དབྱིངས་ཀྱི་ངང་ཉིད་ལས་གཟུགས་སྐུའི་ཉི་མ་ཤར་བ་སྟེ་ཆོས་ཀྱིས་མཐོ་བ་ཞེས་བྱ་བའི་གཞལ་ཡས་སུ་འགྲོ་འོང་དང་འཆར་ནུབ་མེད་པར་སྨོན་ལམ་དང་ཐུགས་རྗེའི་དབང་གིས་རྡོ་རྗེ་སྙིང་པོ་སྐྱེས་བུ་དེ་ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོར་རྣམ་པར་སྣང་བར་གྱུར་ཏོ། །ཞེས་བསྐུལ་བའི་རྐྱེན་གྱིས་ཐུགས་དམ་གྱི་དབང་གིས་དངོས་སུ་བཞེངས་པའོ། །འདིས་སྐུ་ཐ་དད་འདུལ་བ་བཞིན་སྣང་བར་བྱས་ནས་ལམ་ཞིང་ཁམས་སྦྱོང་བ་རྫོགས་པར་འགྱུར་བས་ལན་ཐ་མའོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། སྐྱེས་བུ་རྡོ་རྗེ་སྙིང་པོ་གང་གི་ཐུགས་རྗེའི་ཆོ་འཕྲུལ་གྱིས་ཤིག་པར་བསྐུལ་བའི་ལེེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གསུམ་པ་གསལ་བར་བཀྲོལ་བའོ།། །།གཉིས་པ་བཀའ་བགྲོས་མཛད་པ་ལ་གཉིས་ཏེ། རྡོ་རྗེ་གོ་འབྱེད་ཀྱིས་མཚན་མས་སངས་རྒྱས་ཐམས་ཅད་བསྡུས་པ། འདུས་པ་དེ་རྣམས་ཀྱིས་བཀའ་བགྲོས་མཛད་པའོ། །དང་པོ་ནི། དེ་ནས། ཞེས་པ་ནས། འདུས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ནོ། །དེ་ནས་རྨད་དུ་བྱུང་བས་སྟོན་པ་མཆོག་རིལ་གྱི་བདག་པོ་ཆོས་ཀྱི་རྒྱལ་པོ་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་དངོས་པོ་གཉིས་ལ་དམིགས་པ་མེད་པར་ལོངས་སྤྱོད་པ་ཆེན་པོ་དེ་ཡིས། ཉིད་ཀྱི་སློབ་མ་རུ་ཏྲ་དེ་ཐབས་གང་གིས་འདུལ་བར་བགྲོ་བའི་ཕྱིར། རྡོ་རྗེ་གོ་འབྱེད་ཡོངས་སུ་བསྡུ་བའི་བརྡ་མཛད་པ་ནི། བཀའ་བགྲོས་ལ་སྤྱན་དྲངས་པའི་ཕྱིར་ཏེ། ས་མ་ཛཿའི་སྒྲས་ཐུགས་དམ་བསྐུལ་ཞིང་ཕྱག་གཡས་གཡོན་བཀྱེད་པ་དང་བསྣོལ་བའི་སེ་གོལ་ནི་འབྱེད་སྡུད་ཀྱི་མཚན་མ་སྟེ་ཕྱག་རྒྱ་དེ་མཛད་པས་མཐའ་ཐུག་པ་མེད་པའི་ཞིང་ཁམས་རྣམ་དག་སྟུག་པོ་བཀོད་པ་ནས་དཔག་ཏུ་མེད་པའི་རྒྱལ་བ་ཐམས་ཅད་བྱོན་ཏེ་གདུལ་བའི་བཀའ་བགྲོས་མཛད་པའི་ཕྱིར་ཀུན་ནས་ཡོངས་སུ་འདུས་པར་གྱུར་ཏོ། །དེ་ལྟར་མཛད་པའང་། གོང་དུ། སྙིང་པོ་བསྐུལ་བའི་བྱ་བ་མཛོད། །ཅེས་བསྐུལ་བའི་ཕྱིར་རོ། །གཉིས་པ་ལ་ལྔ་སྟེ། བདེར་གཤེགས་རིགས་ཀྱི་བཀའ་བགྲོ་བ། རྡོ་རྗེའི་རིགས་ཀྱི་བཀའ་བགྲོ་བ། རིན་ཆེན་རིགས་ཀྱི་བཀའ་བགྲོ་བ། པདྨའི་རིགས་ཀྱི་བཀའ་བགྲོ་བ། ལས་ཀྱི་རིགས་ཀྱི་བཀའ་བགྲོ་བའོ། །དང་པོ་ནི། དེའི་ཚེ། ཞེས་པ་ནས། གཞག་པར་རིགས། །ཞེས་བགྲོས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སྤྱན་དྲངས་ནས་བྱོན་པ་དེའི་ཚེ་བཀའ་བགྲོས་པ་དེའི་དུས་ན། ཞིང་ཁམས་སོ་སོའི་རྒྱལ་བས་བཀའ་བགྲོས་གསུངས་པ་སོ་སོར་བསྟན་པའི་ཕྱིར་འཇིག་རྟེན་གྱི་ཁམས་གདུང་བ་སེལ་བ་ཞེས་བྱ་བ་ན་བཞུགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་སངས་རྒྱས་སྙིང་རྗེ་ཡོངས་སུ་རོལ་པའི་ཚོགས་ཀྱི་རྒྱལ་བ་རྣམས་ཀྱིས་གཏི་མུག་ཅན་ཚར་གཅོད་པའི་དོན་དུ་དགོངས་པ་གཅིག་ཏུ་མཐུན་པར་བཀའ་བགྲོས་པ། ཀྱེ་ཀྱེ་ཞེས་རྒྱལ་བ་རྣམས་ལ་བོད་ནས་བཀའ་བགྲོས་ལ་འདུས་པའི་སངས་རྒྱས་རྣམ་པ་མང་པོའི་ཚོགས་རྣམས་གདུལ་བྱར་སྣང་བའི་ངོ་བོ་ཀུན་ཏུ་རྨོངས་ཤིང་རབ་ཏུ་གཏུམ་པ་དུས་འདིར་བྱུང་བ་སྲིད་པ་གསུམ་པོ་ལོག་པར་བསྒྱུར་བའི་གདུག་པ་ཅན་མཚན་ཉིད་ཅི་འདྲ་བའི་རྒྱུ་འབྲས་འཁོར་བའི་ས་བོན་བདག་འཛིན་རྩུབ་མོས་འཕངས་ཏེ་ཀུན་ནས་འཁྲུགས་པའི་སྡུག་བསྔལ་ཆེན་པོའི་མནར་བས་ཡི་དྭགས་ཀྱི་སྡེ་དཔོན་སྲིད་པ་རྣམས་དབང་དུ་སྡུད་པ་ཉིད་ལས་ཀྱིས་དབང་གིས་འཇིག་རྟེན་གྱི་ཁམས་འདིར་བྱུང་བ་གང་གསང་སྔགས་ཀྱི་བརྟུལ་ཞུགས་དྲག་པོ་ལོག་པར་སྤྱད་པའི་དཀའ་ཐུབ་ཀྱིས་མཐུས་སྲིད་པ་གསུམ་གྱི་བདག་པོར་སྨིན་པའོ། །དེའི་སྤྱོད་ཡུལ་གཞན་ལ་གནོད་པས་དྲེགས་པ་རུ་ཏྲའི་གདུག་པའི་དབལ་གྱིས་འགྲོ་བ་རྣམས་རྟག་ཆད་ལ་སོགས་པའི་མཐར་ལྷུང་ནས་རྒྱུད་རློག་ཅིང་འཇོམས་པར་བྱེད་པ་འདི་ཉིད་བཏུལ་བའི་དགོས་པ་ཐབས་ཀྱིས་གདུལ་བའི་ཞིང་མཆོག་རྨད་དུ་བྱུང་སྟེ། དེས་ན་སྙིང་རྗེའི་བདག་པོ་རྒྱལ་བ་ཀུན་འདུས་ནས་བཀའ་བགྲོས་ཀྱིས་བཏུལ་ཏེ། ལས་ངན་ལས་ཀྱི་རྒྱུན་བཅད་དེ། བདེ་བ་ཆེན་པོའི་ས་ལ་བཞག་པར་རིགས་སོ། །ཞེས་བགྲོས་སོ། །གཉིས་པ་ནི། སངས་རྒྱས། ཞེས་པ་ནས། ཕན་པར་འགྱུར། །ཞེས་བགྲོས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་རྡོ་རྗེའི་རིགས་ཀྱི་གཙོ་བོ་གདུང་དང་འཁོར་སྡེའི་ཚོགས་ཀྱི་རྒྱལ་བ་རྣམས་ཀྱིས་ཞེ་སྡང་ཅན་ཚར་གཅོད་པའི་དོན་དུ་དགོངས་པ་གཅིག་ཏུ་མཐུན་པར་བཀའ་བགྲོས་པ། ཀྱེ་མའོ་ཞེས་བོས་ནས་བཀའ་བགྲོས་ལ་འདུས་པའི་སངས་རྒྱས་རྣམས་གདུལ་བྱའི་ངོ་བོ་འདས་པའི་དུས་ན་སྔོན་བྱུང་བ་ལྟར་ད་ལྟ་དུས་འདི་ཉིད་དུ་ཡང་བྱུང་ལ་མཚན་ཉིད་ཅི་འདྲ་བའི་རྒྱུ་འབྲས་གསང་སྔགས་ཇི་བཞིན་པའི་ལུང་དོན་ལོག་པར་གོ་བའི་བརྟུལ་ཞུགས་དང་མངོན་པའི་ང་རྒྱལ་གྱི་རི་བོར་བརྩེགས་པའི་དབང་གིས་ཞེ་སྡང་གིས་རང་རྒྱུད་བསྲེགས་ཅིང་གཞན་ལ་གནོད་པའི་བློ་ཡིས་བསླད་པ་ཅན་དེའི་སྤྱོད་ཡུལ་བདུད་ཀྱིས་བྱིན་གྱིས་བརླབ་པ་ཡི་མཐུས་གླང་ཆེན་མྱོས་པ་དང་འདྲ་བའི་དྲག་པོ་གཏུམ་རྔམ་ཆེ་བ་ཉིད་འདུལ་བའི་དགོས་པ་གལ་ཏེ་མ་བསྒྲལ་ན་ཤིན་ཏུ་མི་བཟད་པའི་དུག་ཆེན་གྱིས་ཀུན་ནས་བསླང་བའི་ལས་ངན་གྱིས་འོ་དོད་འབོད་པའི་དམྱལ་བར་སེམས་ཅན་མང་པོ་བསད་ཅིང་བརླག་པར་བྱེད་པས་ན་བཀའ་བགྲོས་ཀྱིས་གདུལ་བར་བསྐུལ་བ་རོ་གླིང་གི་དུར་ཁྲོད་ཀྱི་མཐར་ཞེན་ཅིང་གནས་པ་ལ་ཇི་ལྟའི་མཐུན་འཇུག་གི་ཐབས་ཀྱིས་བསྒྲལ་བས་ཕན་བདེའི་གནས་བླ་ན་མེད་པར་འགྱུར་རོ། །ཞེས་བགྲོས་སོ། །གསུམ་པ་ནི། སངས་རྒྱས། ཞེས་པ་ནས། སྨག་ཏུ་འཁྱམས། །ཞེས་བགྲོས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་ནོར་བུའི་རིགས་སམ་རིན་ཆེན་རིགས་ཀྱི་གཙོ་བོ་གདུང་དང་འཁོར་སྡེའི་ཚོགས་ཀྱི་རྒྱལ་བ་རྣམས་ཀྱིས་ང་རྒྱལ་ཅན་ཚར་གཅོད་པའི་ཆེད་དུ་དགོངས་པ་གཅིག་ཏུ་མཐུན་པར་བགྲོས་པ། དོན་གྱི་དྲུག་ཀ་ཚང་ཡང་ངོ་གསལ་བ་གསུམ་སྟེ། གདུལ་བྱའི་ངོ་བོ་ལུས་ནག་པོ་སེམས་གདུག་པ་སྨྱོན་པའི་སྤྱོད་པ་ཅན་འདི། སྤྱོད་ཡུལ་གཞན་ལ་གནོད་པ་ཇི་ལྟར་ཁོ་རང་དེ་གར་བཞག་པར་གྱུར་ན་མི་བཟད་པའི་དུག་གི་རྒྱ་མཚོའི་ཆུ་རླབས་ཀྱིས་སྲིད་གསུམ་ནག་པོའི་ཁམས་སུ་རྒྱས་པར་འགྱུར་བས་རྣམ་འདྲེན་དམ་པ་རྣམས་ཀྱི་རྒྱུན་གཅོད་ཅིང་ཡེ་ཤེས་སྣང་བར་བྱེད་པའི་དམ་པའི་ཆོས་ཀྱི་ཉི་མའི་སྒྲོན་མ་འཇིག་པར་འགྱུར་རོ། །དེ་འདུལ་བའི་དགོས་པ་མ་བཏུལ་བ་དེ་ཡི་ཚེ་སྡིག་པའི་ལས་ཀྱི་མུན་པ་ཡིས་ཐམས་ཅད་མུན་ནག་གི་སྨག་རུམ་དུ་འཁྱམས་པར་འགྱུར་བས་བཀའ་བགྲོས་ཀྱིས་གདུལ་བར་རིགས་སོ། །ཞེས་བགྲོས་སོ། །བཞི་པ་ནི། སངས་རྒྱས་པདྨའི། ཞེས་པ་ནས། དུས་ལ་བབ། །ཅེས་བགྲོས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་པདྨོའི་རིགས་ཀྱི་གཙོ་བོ་གདུང་དང་འཁོར་སྡེའི་ཚོགས་ཀྱི་རྒྱལ་བ་རྣམས་ཀྱིས་འདོད་ཆགས་ཅན་ཚར་གཅོད་པའི་ཆེད་དུ་དགོངས་པ་དང་མགྲིན་གཅིག་ཏུ་མཐུན་པར་བཀའ་བགྲོས་པ། འདིར་ཡང་ངོ་གསལ་བཞི་སྟེ། མཚན་ཉིད་ཅི་འདྲ་བའི་རྒྱུ་འབྲས་གང་འདས་པའི་དུས་ན་སྔོན་བྱུང་བ་ཡི་ལས་ཀྱི་འཁོར་ལོས་འཕངས་པ་ཡི་བློ་གྲོས་ཕྱིན་ཅི་ལོག་པའི་རུ་ཏྲ་དེ་ཉིད་དཔེ་ལྟར་བྱུང་བའི་གདུལ་བྱའི་ངོ་བོ་སྔོན་བྱུང་དུ་སྙིང་པོ་བྱང་ཆུབ་ཀྱི་གནས་ལུགས་མངོན་དུ་བྱས་ཏེ། སངས་རྒྱས་པའི་དབྱིངས་ནས་བྱུང་བའི་རྒྱལ་བ་གང་དག་ནི་སྐྱེས་བུ་དམ་པས་བདུད་བཏུལ་བའི་སྦྱོར་བ་ཡིས། བདུད་ཆེན་པོའི་ཚུལ་གྱིས་བདུད་ཀྱི་སྡེ་ཚོགས་བཏུལ་ནས་རིག་འཛིན་གྱི་ས་ལ་ཉེར་ཞེས་ཉེ་བར་བཀོད་པ་ལྟར་ད་ལྟར་དུས་འདི་ཡི་ཚེར་ཡང་བྱུང་བ་ཡི་རྩ་བ་དང་ཉེ་བའི་ཉོན་མོངས་པའམ་དུག་གསུམ་དུག་ལྔས་འགྱུར་བག་བརྩེགས་པའི་རི་བོ་འདི་ཉིད་བཀའ་བགྲོས་ཀྱིས་འདུལ་བར་བསྐུལ་ཏེ་རྡོ་རྗེ་ཁྲོས་པའི་ཐོ་བ་ཆེན་པོ་ཉིད་ཀྱིས་བརླག་ཅིང་གཞོམ་པའི་དུས་ལ་ངེས་པར་བབ་བོ། །ཞེས་བགྲོས་སོ། །ལྔ་པ་ནི། སངས་རྒྱས་ཞེས་པ་ནས། བསྟན་པ་མཛོད། །ཅེས་བགྲོས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་ལས་ཀྱི་རིགས་སམ་གཞོན་ནུའི་རིགས་ཀྱི་གཙོ་བོ་གདུང་དང་འཁོར་སྡེའི་ཚོགས་ཀྱི་རྒྱལ་བ་རྣམས་ཀྱིས་ཕྲག་དོག་ཅན་ཚར་གཅོད་པའི་ཆེད་དུ་དགོངས་པ་གཅིག་ཏུ་མཐུན་པར་བཀའ་བགྲོས་པ། འདིར་ཡང་ངོ་གསལ་བ་ལྔ་སྟེ། མཚན་ཉིད་ཅི་འདྲ་བའི་རྒྱུ་འབྲས་བདག་རྟོག་གི་ཁོང་སྲན་ནང་ནས་འཁྱིལ་བའི་དུག་ཆེན་པོ་འཕེལ་བས་ཐར་པ་མེད་པའི་མི་བཟད་པའི་ནད་ཀྱིས་ཟིན་པས་རྟག་པ་དང་ཆད་པའི་ཁམས་སུ་ཤི་ནས་མཐའི་གཡང་སར་ལྷུང་བའི་རོ་རུ་གྱུར་པ། གདུལ་བྱའི་ངོ་བོ་ལམ་ཕྱིན་ཅི་ལོག་ཏུ་འཕྱན་ནས་ཡང་དག་པའི་ལམ་སྟོར་བའི་དམུས་ལོང་འདི་ཉིད། འདུལ་བའི་དགོས་པ་ཡེ་ཤེས་ཁྲོས་པའི་ཆོ་འཕྲུལ་ལས་བྱུང་བའི་འབར་འཕྲོ་འཁྲུག་པའི་འོད་ཟེར་ཆེན་པོའི་རྩལ་གྱིས་འཁོར་བའི་སྨག་ཆེན་གྱི་མུན་ནག་དྲག་པོ་གཏིབས་པ་གཞོམ་པར་མཛད་པའི་ཕྱིར་བཀའ་བགྲོས་ཀྱིས་གདུལ་བར་བསྐུལ་ཏེ། ཀུན་མཁྱེན་ཡེ་ཤེས་ཅན་གྱི་སྤྱོད་ཡུལ་འོག་མིན་ཆོས་ཀྱི་དབྱིངས་ནས་རྒྱལ་བ་རྒྱ་མཚོ་ཀུན་འདུས་ཏེ་ཡེ་ཤེས་ཆེན་པོའི་རྡོ་རྗེ་ཁྲོས་པ་ཡི་ངང་ལས་ཁྲོ་བོའི་ཆོ་འཕྲུལ་སྤྲིན་ཕུང་ལྟར་འཐིབས་པ་ཡིས་རུ་ཏྲ་རང་དང་མཐུན་འཇུག་གི་རོལ་པ་བྱིས་པའི་ཆ་བྱད་དང་འདྲ་བའི་ཚུལ་གྱིས་དྲག་པོ་རྣམ་པར་རོལ་པའི་མངོན་སྤྱོད་ཀྱིས་ཐབས་ལས་དུག་ཆེན་ཉོན་མོངས་འཁྱིལ་བའི་རྒྱ་མཚོ་མ་བསྐམས་ན། འདིར་ནི་སྙིང་རྗེ་བྱེད་པ་རྐྱེན་དང་འཚམ་མམ་སྟེ་མི་འཚམས་པས་ན་ཆོས་ཉིད་ཐུགས་རྗེར་བཞེངས་པའི་སྙིང་རྗེ་ཆེན་པོ་ཡི་གང་གི་དུས་འདིར་རྐྱེན་དང་འཚམས་པའི་སྙིང་རྗེའི་དམ་ཚིག་དམ་པ་མཛད་པའི་ཕྱིར་འཁོར་བའི་དངོས་པོ་བཞི་པོ་བཤད་པ་དག་འདིར་སྤང་དུ་མེད་དེ་སྤྱད་པ་ལས་རང་གྲོལ་དུ་བཟློག་པ་ཡི་བསྟན་པ་མཆོག་གི་འོད་སྣང་གསང་བ་དམ་པ་སྤྲོ་བར་མཛོད་ཅིག་ཅེས་བགྲོས་སོ། །དེ་ལྟར་བཀའ་བགྲོས་འདི་རྣམས་ལ་བོད་ནས་གདུལ་བྱའི་ངོ་བོ་དང་མཚན་ཉིད་ཅི་འདྲ་བའི་རྒྱུ་འབྲས་བསྟན་པ། དེའི་སྤྱོད་ཡུལ་གཞན་ལ་གནོད་པ། དེ་འདུལ་བའི་དགོས་པ། བཀའ་བགྲོས་ཀྱིས་གདུལ་བ་དྲུག་ཏུ་དོན་གྱིས་འགྲེལ་ཞིང་ངོ་གསལ་ཅི་རིགས་སུ་བཤད་པ་ལྟར་ཤེས་པར་བྱའོ། །དེ་བཞིན་དུ་ཉོན་མོངས་པ་ལྔར་འཆད་པ་རྣམས་ཀྱང་བཤད་པ་ལྟར་རྗེས་སུ་མཐུན་ནོ། །དེ་ལྟར་ཚུལ་ལྔའི་བགྲོ་བར་མཛད་པའི་རྒྱུ་མཚན་ཡང་། ཇི་སྐད་དུ། མཐའ་ཐུག་མེད་པའི་རྒྱལ་བ་རྣམས། །རེ་རེའང་ལྔ་ལྔར་སྣང་བའི་ཕྱིར། །རིགས་དང་ཡེ་ཤེས་སྐུ་ལ་སོགས། །ལྔ་ལྔས་འགྲོ་བ་དགྲོལ་མཛད་དེ། །གཅིག་དང་དུ་མར་མི་དམིགས་ཀྱང་། །མོས་དང་ཐུགས་རྗེ་སྨོན་ལམ་མཐུས། །དཔག་ཏུ་མེད་པའི་སྐྱེ་བོ་ལ། །བུ་གཅིག་པ་ལྟར་རྟག་དགོངས་པ། །སྐྱོ་དུབ་བསྙེལ་བ་མི་མངའ་བར། །ནམ་མཁའི་མཐའ་ལྟར་རྟག་བཞུགས་པ། །འཕོ་འགྱུར་མེད་པའི་སྐུ་གསུང་ཐུགས། །ཞེས་གསུངས་པ་ལ་སོགས་པའི་ཕྱིར་རོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། ཆོས་ཀྱིས་མཐོ་བའི་འོག་མིན་གྱི་གནས་སུ་བྱོན་པའི་རྒྱལ་བ་རིལ་འདུས་པ་ཆེན་པོས་རུ་ཏྲ་གདུལ་བར་རྣམ་པར་བཀའ་བགྲོས་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པ་རྣམ་པར་བཤད་པའོ།། །།གསུམ་པ་བཀའ་བགྲོས་བཅད་པ་ལ་གསུམ་སྟེ། ཞི་རྒྱས་ཀྱིས་མི་འདུལ་བར་བསྟན་པ། དབང་དྲག་གིས་འདུལ་བར་རིག་པ། རིག་ནས་བཀའ་བགྲོས་བཅད་པ་དངོས་པོ། དང་པོ་ནི། དེ་ལྟར་འདུས་པ། ཞེས་པ་ནས། ཕྱིར་ལོག་གོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ནོ། །དེ་ལྟར་འདུས་པ་ཆེན་པོའི་བཀའ་བགྲོས་པ་ཡོངས་སུ་ཆད་དེ་གྲོས་ཐག་ཆོད་ནས་གདུལ་བའི་ཕྲིན་ལས་ལ་འཇུག་པའི་ཕྱིར་ལས་རྣམ་པ་བཞི་གང་གིས་འདུལ་བའི་སྐབས་ལ་བབ་པར་དགོངས་པ་ཡིས་གང་དེ་རྣམ་པར་བརྟགས་པའི་དགོས་ཆེད་ཀྱི་ཕྱིར་དགེ་སློང་ཐུབ་དཀའ་གཞོན་ནུ་དེས་སྙིང་པོ་བྱང་ཆུབ་ཏུ་སོན་ཏེ་མཚན་རྡོ་རྗེ་སེམས་དཔའ་འམ་རྡོ་རྗེ་སྙིང་པོར་གནས་གྱུར་པ་ཉིད་འདིར་ཐུགས་དམ་གྱི་དབང་གིས་ཁྱད་པར་གྱི་གཉེན་པོར་གྱུར་པའི་ཕྱིར་དེའི་འོད་ཟེར་གྱི་བྱིན་རླབས་ལས་སྤྲུལ་པ་ཐུབ་པའི་དབང་པོའམ་ཤཱཀྱ་ཐུབ་པ་སྣང་བར་གྱུར་ནས་དེ་བཞིན་གཤེགས་པ་ཀུན་གྱིས་སྤྲུལ་པ་དེ་ལ་ཡོངས་སུ་བསྒོ་བ། ཐུབ་པའི་དབང་པོ་རུ་ཏྲ་འདུལ་བའི་ཕྲིན་ལས་ལ་བརྟགས་པའི་དུས་འདི་ལགས་ཏེ། ཞི་བའི་ལས་ཀྱིས་ཆོས་ཉིད་ཇི་བཞིན་དུ་བདེན་པའི་བྱིན་རླབས་ཀྱིས་རུ་ཏྲའི་འཁོར་བའི་དངོས་པོ་ལྔ་ཚན་བཞི་མེ་དཔུང་གིས་རྒྱུད་བསྲེགས་པ་དེ་བདེན་ཚིག་གིས་བཟློག་ལ་བྱང་ཆུབ་སྙིང་པོ་ཡང་དག་ལ་བསྐུལ་བར་མཛོད་ཅིག་ཅེས་བཀའ་སྩལ་ཏེ་ཡོངས་སུ་བསྐུལ་ནས་སྤྲུལ་པ་ཐུབ་པའི་དབང་པོ་དེས་དུར་ཁྲོད་ཀྱི་བདག་པོ་དྲེགས་པ་དེ་ཡི་ཕྲུ་མར་ཞེས་གནས་ཀྱི་འཁོར་དུ་སྣང་བར་མཛད་ནས་ལས་རྒྱུ་འབྲས་ཀྱི་ཆོས་མི་དགེ་བའི་ལས་མ་བྱེད་ཅིག་པར་བདེན་ཚིག་འཇམ་པས་ཐམས་ཅད་ཞི་བའི་སྨྲ་བར་སྨྲས་པ་ལས་དུར་ཁྲོད་ཀྱི་བདག་པོ་དེས་ཐའི་ཁ་བརྡབས་པ་ཞེས་ཐལ་མོ་རྡེབ་ཅིང་སྐན་སྒྲ་གཏོགས་ནས་མི་ཐུལ་བའི་གཏམ་འདི་སྐད་དུ་སྨྲས་སོ། །བུ་ཆུང་ཁྱོད་ཀྱིས་བདག་ཐུལ་བ་མ་ཡིན་ཏེ། སྔོན་ང་གནོད་སྦྱིན་གྱི་སྡེ་དཔོན་གཞན་ལ་གནོད་པ་སྦྱིན་པར་བྱེད་པ་དངོས་སུ་རུ་ཏྲ་རང་གི་ལུས་ཏེ་མ་ཏང་ཀ་རུ་ཏྲ་དྲག་པོ་ཞེས་བྱ་བར་གྲགས་པར་གྱུར་པ་ན་ཁྱོད་ཁོ་ན་ཉིད་ལྟ་བུ་མང་པོ་བྱུང་ནས་ངའི་བསྟན་པ་ལ་ཞུགས་ཤིག །ངའི་བཀའ་ཉོན་ཅིག་ཟེར་བ་ལས་ཀྱང་མ་ཉན་ན། ད་ཁྱོད་ཀྱི་དབང་དུ་བདག་ག་ལ་ཇེན་ནམ་འགྱུར་ཏེ། གོ་ཟུ་སེ་མོ་དེར་གཟོད་ལ་རང་གི་དཀའ་ཐུབ་ལ་བདེ་བར་མནོས་ཤིག་ཅེས་བསྒོ་ནས་བདུད་ཀྱི་དངོས་པོ་སྤྱིའི་དབང་དུ་འདམ་གྱི་འོབས། མདའ་མཚོན། ངག་རྩུབ་མོ། བསླུ་བྱེད་ཀྱི་བུ་མོ་བཞིས་ཡོངས་སུ་ཞམས་ཞེས་པ་བྲུ་ཤའི་སྐད་དེ་བོད་སྐད་དུ་བཏང་ཞེས་པའམ་བསྟབ་ཞེས་པར་འགྱུར་ཏེ། འདིར་དངོས་པོ་བཞི་ཀུན་གྱིས་སྤང་བྱ་ཉིད་ཡིན་པས་དེ་དག་གི་སྤྱོད་པ་ཤཱཀྱ་ཐུབ་པ་ལ་བཏང་བས་རྒྱལ་བ་དྲི་མ་མེད་པ་གཙང་མ་རིགས་ཀྱི་འཕགས་པ་ཉིད་དངོས་པོ་ངན་པར་ཐུགས་རྟོག་པ་ལ་ཞུགས་པ་ལྟ་བུར་མཛད་ནས་ཕྱིར་ལོག་གོ་ཞེས་སླར་བཞུད་པ་ལྟར་རུ་ཏྲའི་ངོ་ལ་སྣང་ངོ་། །དེས་ཀྱང་ཞི་རྒྱས་ཀྱིས་མི་འདུལ་བར་མཁྱེན་ཏེ་འཆད་དོ། །གཉིས་པ་ནི། དེ་ནས། ཞེས་པ་ནས། མི་དམིགས་པར་གཤེགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས་ཡང་སངས་རྒྱས་ཀུན་གྱི་པདྨའི་གདུང་དང་སྡེའི་སྤྲུལ་པ་ཀུན་ཏུ་ཐུགས་རྗེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡོངས་སུ་བསྐུལ་ཏེ་བསྒོ་བ། རྒྱལ་བ་དབང་གི་བདག་པོ་ཀུན་གྱི་ཆོས་ཉིད་དོན་གྱི་སྐུ་གསུང་པདྨའི་རིགས་ཀྱི་གདུང་འཚོབ་ཅིང་འཛིན་པ་ཆོས་ཀྱི་རྒྱལ་པོའམ་རྗེ་བོ་གསུང་གི་དོན་ཇི་སྙེད་པ་མངའ་བས་འོད་དཔག་མེད་པ་རྡོ་རྗེ་ཆོས་གདུལ་བྱ་ཐམས་ཅད་ལ་ཐུགས་རྗེའི་སྤྱན་རས་ཀྱིས་སོ་དང་བྱ་ར་མཛད་ཅིང་གཟིགས་པ་ཁྱོད་ཀྱིས་དབང་གི་ས་བོན་ཧྲཱིཿཡིག་ལས་ཤིན་ཏུ་རྔམ་པར་བྱུང་བའི་ཁྲོ་བོ་ཆེན་པོའི་ཚུལ་སྟོན་པས་ངག་གི་དབང་ཕྱུག་རྟ་ཡི་གདོང་ངམ་མགྲིན་པའི་ཞལ་གྱིས་དྲེགས་པ་རུ་ཏྲ་ནོན་ཞིང་ཐུལ་ཅིག་ཅེས་པའམ་ཡང་ན་རྟ་གདོང་ཞལ་གྱིས་ནོན་ཞེས་དབུའི་སྟེང་ན་རྟ་མགོ་ཡོད་པས་རྟ་གདོང་གི་ཞལ་གྱིས་ནོན་པ་ཁྱོད་ཀྱིས་རུ་ཏྲ་གནོན་ཅིག་ཅེས་ཡོངས་སུ་བསྐུལ་བས། དོན་གྱིས་གསན་ཏེ་སྤྲུལ་པ་རྡོ་རྗེ་རྟ་ཡི་གདོང་ཅན་སྐུ་མི་བཟད་པ་ཆེན་པོོས་དུར་ཁྲོད་ཀྱི་བདག་པོའི་གནས་སུ་སྣང་བར་མཛད་ནས་རྔམ་པའི་གད་མོ་ཧ་ཧ་དགྱེས་པའི་གད་མོ་ཧི་ཧི་དབང་གི་ས་ནོན་ཧྲཱིཿསྐུ་གསུང་ཐུགས་ཀྱིས་དབང་དུ་སྡུད་པ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧཱུྃ་ཞེས་ལྷང་ལྷང་ཙེར་ཙེར་རྟ་སྐད་དྲག་པོའི་སྒྲ་དབྱངས་ཕྱུང་བ་ལས། སྲིན་པོའི་འཁོར་ཚོགས་ཕྲུ་མ་རྣམས་ཡོངས་སུ་སྤ་ཞུམ་ཞིང་བག་འཁུམས་པ་ཙམ་དུ་གྱུར་ན་ཡང་། དུར་ཁྲོད་ཀྱི་བདག་པོ་རུ་ཏྲ་ཁོ་ན་ངོ་བོ་དེ་རང་གི་ཆེ་བའི་ང་རྒྱལ་གྱི་གཏུམ་སྐད་དུ། རུ་ཏྲ་མ་ཏྲ་མ་ར་ཏྲ། ཞེས་བསྒྲགས་ནས། ལུས་རྣམ་པར་བརྗིད་ཕྱུང་སྟེ་འགྱིངས་པ་ལས་ཟིལ་གྱིས་མ་ནོན་ཏེ། སླར་ཡང་རུ་ཏྲ་ཁོ་ན་ངོ་བོ་དེས་རྟ་མགྲིན་ལ་བསྒོ་བ། མགྲིན་བུ་སྔོན་ཡང་ཁྱོད་ལྟ་བུས་བདག་མ་ནོན་པས། ཁྱོད་ཀྱིས་བདག་ཇེན་ཞེས་ཐུལ་བ་མ་ཡིན་ཏེ་རང་ཉིད་ཀྱི་གནས་གང་ཡིན་པར་བདེ་བར་མནོས་ཤིག་ཅེས་བརྗོད་ནས་ཐའི་ཁ་བརྡབ་པ་བྱས་ཏེ་ཡང་བདུད་ཀྱི་དངོས་པོ་བཞིས་ཡོངས་སུ་ཞམས་པས་རུ་ཏྲས་སྔམ་བཞིན་མི་གཙང་བས་གཙང་མ་རིགས་ཀྱི་འཕགས་པ་རྟ་མགྲིན་ཡང་། རྟོག་པ་སྐྱེས་ནས་ཕྱིར་ལོག་པར་འགྱུར་སྙམ་པ་ལས། དེ་བཞིན་གཤེགས་པ་དབང་གིས་དབང་དུ་སྡུད་པའི་ཚུལ་སྟོན་པ་ནམ་མཁའ་ལྟ་བུ་ལ་གཙང་སྨེ་མི་མངའ་ནས་ཁྲོ་བོས་འདུལ་ཕྱིར་ཕྱིར་མ་ལོག་པར་སླར་ཧེན་ཞེས་པ་བྲུ་ཤའི་སྐད་དེ་གམ་དུ་འདུག་པ་ལས། རུ་ཏྲ་ཁོ་ན་ངོ་བོ་དེས་ཐིམ་པར་ཛམས་ཞེས་པའང་བྲུ་ཤའི་སྐད་དེ་ཁོང་དུ་མིད་ནས་ཁ་ཟས་སུ་མཛད་པ་ན་དེ་བཞིན་གཤེགས་པ་དག་གི་དབང་ཕྱུག་དེས་དེ་དང་མཐུན་འཇུག་ཏུ་ཁོ་དགའ་བ་ལྟར་ཐིམ་དུ་ཧན་ནོ་ཞེས་ཁོང་དུ་གཤེགས་པའམ་བྱོན་ནོ། །དེ་ནས་དེ་བཞིན་གཤེགས་པ་རྟ་མགྲིན་དེས་དབུ་ཡི་རྟ་མགོ་རུ་ཏྲ་ཁོ་ནའི་སྤྱི་གཙུག་ཏུ་ཕྱུང་ཞབས་ཁོ་ནའི་རྐང་མཐིལ་དུ་ཕྱུང་ནས་རྡོ་རྗེ་ཧཱུྃ་ཞེས་བརྒྱངས་པས་རྟ་མགྲིན་གྱི་སྐུ་ལུས་ཀུན་ཏུ་རྒྱས་པས་རུ་ཏྲའི་ལུས་ཀྱང་ཀུན་ཏུ་རྒྱས་ཏེ། ཁོ་ན་དེས་མ་བཟོད་པའི་ང་རོ་འོ་དོད་ཀྱིས་སྒྲ་མཐར་བཏོན་པ་ནི། ཨ་ཙ་མའོ། །ཅི་མཛད་མྱུར་བར་མཛོད་ལ་སྒྲོལ་ཞིག་ཅེས་གདུང་བ་བཏོན་ནོ། །དེ་ནས་དེ་བཞིན་གཤེགས་པ་དེས་ཁོ་ན་དེ་ཡི་ལས་ཀྱི་སྒྲིབ་པ་སྦྱང་བས་ཚོགས་ལམ་དང་སྐལ་བ་མཉམ་པར་མཛད་ནས། སྡུག་བསྔལ་མེད་པར་བདེ་བ་ཁོ་ནར་རུ་ཏྲ་ཁོ་ནའི་སྤྱི་གཙུག་ཏུ་ཕྱུངས་ཏེ་ནམ་མཁའ་ལ་རྟའི་དབྱངས་ཕྱུང་བས། རུ་ཏྲ་དང་སྲིན་པོའི་ཚོགས་རྣམས་འུར་མེར་ཐོར་ཤིག་ཏུ་གྱུར་ཏེ་ཟིལ་གྱིས་གནོན་ཅིང་བག་འཁུམས་ནས། གསོལ་པ། དཔའ་བོ་ཆེན་པོ་ཁྱེད་ཀྱི་འབངས་སུ་མཆི་ཡིས་ཇི་ལྟར་བགྱི་བ་བཀའ་སྩོལ་ཞིག །ཅེས་ཞུས་ཏེ་བཏུད་པས་དེ་བཞིན་གཤེགས་པ་དེས་གཉེན་པོ་ཕྱིས་འབྱུང་ཞིང་དྲག་པོས་འདུལ་བའི་ལུང་བསྟན་གསུངས་པ། ངས་ནི་ཁྱོད་མ་བཏུལ་གྱིས་ཁྱོད་ཀྱི་གཉེན་པོ་རྡོ་རྗེ་ཧཱུྃ་ངམ་གནོད་སྦྱིན་ཞེས་བྱ་བ། དེ་བཞིིན་གཤེགས་པ་ཐམས་ཅད་ཀྱི་དབང་གིས་དབང་བསྐུར་བ། ཤིན་ཏུ་སྐུ་གཏུམ་ལ་གསུང་རྔམ་ཞིང་ཐུགས་འཁྲུགས་པ་མ་རུངས་ཤིང་མི་བཟད་པ། བདུད་ཐམས་ཅད་ཀྱི་ཡང་བདུད་ཆེན་པོ། འཇིགས་བྱེད་འབར་བ་ཞིག་འབྱུང་གིས། དེ་ལ་སྐྱབས་སུ་དོང་ཞིག །ཅེས་གསུངས་ཏེ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་མི་དམིགས་པར་གཤེགས་སོ། །དེ་ལྟར་ལས་གང་གིས་འདུལ་བརྟགས་པ་ལས་དངོས་སུ་བཏུལ་བ་མ་ཡིན་ལ། དེ་ལ་མ་བཟོད་པས་ཞི་རྒྱས་ཀྱིས་མི་ཐུལ་བར་དབང་དྲག་གིས་འདུལ་བར་མཁྱེན་ནོ། །གསུམ་པ་ལ་གཉིས་ཏེ། ཉེ་བར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་གསང་བ། ཞེས་པ་ནས། འདི་ལྟ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་གསང་བ་འདུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། དེ་ལྟར་འདུས་པ་ཆེན་པོ་རྣམ་པར་བགྲོས་ནས་ཕྲིན་ལས་བཞིའི་སྒོ་གང་གིས་འདུལ་བའི་སྐབས་ལ་བབ་པ་བརྟགས་པ་ན། གང་ཞི་རྒྱས་ཀྱིས་འདུལ་བ་མི་འདྲ་བར་མཁྱེན་ནས། དབང་དྲག་གིས་འདུལ་བར་བཀའ་བགྲོས་དམ་པར་མཛད་དེ་མཐུན་པའམ་གཉེན་པོས་འདུལ་བར་གྲོས་ཀྱིས་ངེས་པར་བཅད་པའི་མདོ། ཡོངས་སུ་གསུངས་པ་ནིི་འདི་ལྟ་སྟེ། ཞེས་ལེའུ་གོང་མ་དང་འདི་གཉིས་བཀའ་བགྲོས་ལྡབ་པ་ནི། གོང་མ་སྤྱིར་འདུལ་བ་ཙམ་དང་། འདི་ནི་ཁྱད་པར་གྱི་ལས་གང་གིས་འདུལ་བའི་ཕྱིར་མི་འགལ་ལོ། །གཉིས་པ་ལ་བཞི་སྟེ། ཆོས་སྐུས་འདུལ་བར་བཅད་པ། ངོ་བོ་ཉིད་ཀྱི་སྐུས་འདུལ་བར་བཅད་པ། ལོངས་སྐུས་འདུལ་བར་བཅད་པ། སྤྲུལ་པ་དང་གསང་བའི་སྐུས་འདུལ་བར་བཅད་པའོ། །དང་པོ་ནི། དེ་བཞིན་གཤེགས་པ། ཞེས་པ་ནས། ཇི་བཞིན་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱིས་སྐུ་རྣམ་གྲོལ་སྤྱོད་པའི་ཚོགས་ཀྱི་མཚན་དེ་ཉིད་དུ་ངེས་པ་ཇི་སྙེད་པ་རྣམས་ཀྱིས་བཀའ་བཅད་མཛད་དེ་རུ་ཏྲ་གདུལ་ཐབས་དང་རྗེས་འཇུག་གིས་གཞན་དོན་སྤྱོད་ཚུལ་སྟོན་པའི་མདོ་གསུངས་པ། ལེའུ་ཉེར་གཅིག་པ་ལྟར་ཞིང་ཁམས་འདིར་དྲེགས་པ་དང་འགྲོ་བའི་ཚུལ་འདི་ལྟར་དུ་གྱུར་ཏེ། གང་ཞེ་ན། ཤིན་ཏུ་ཡང་དག་པའི་སེམས་འགོག་པས་རེ་ཞིག་གསལ་ཆ་བྲལ་ཏེ་མུན་པའི་ཞི་བར་གདུལ་བྱ་ཆུད་པ་ལ། གདུལ་ཐབས་མི་མཐུན་པའི་ཚུལ་གྱིས་ཁྲོས་པས་བཏུལ་ཡང་ཆད་ལྟ་དེ་ལས་གཏན་དུ་མི་ལྡོག་པས་ན་ཕན་པར་མི་འགྱུར་ཏེ། དེས་ན་རྒྱལ་བ་རྣམས་ཀྱི་ཆ་མཐུན་གྱི་མཛད་པ། རྣལ་འབྱོར་མ་བཅོས་པའི་མཉམ་པ་ཆེན་པོའི་ངང་དེ་ཉིད་ལས་མཐུན་པས་འདུལ་བས་ཞི་བ་ཆེན་པོའི་རྣམ་པར་དེ་བཞིན་གཤེགས་པ་ཀུན་གྱིས་མཛོད་ཅིག །དེ་ཅིའི་ཕྱིར་ཞེ་ན། གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ཚུལ་ཅན་ཉན་ཐོས་རྣམས་ཀྱིས་ཆོས་ཀྱི་བདག་མེད་མ་རྟོགས་པར་འགོག་པ་ཞི་བ་ཕྱོགས་གཅིག་པས་ཀྱང་སྲིད་པའི་རྩེ་མོ་མན་ཆད་ཀྱི་ས་བོན་སྤངས་ཏེ་འཁོར་བའི་མྱུ་གུ་འགོག་པར་ནུས་ན་གསང་བའི་རྣལ་འབྱོར་ཡོད་མེད་ཀྱི་མཐའ་གཉིས་པོ་ཞི་བས་སྟོང་པའི་ཆོས་ཉིད་ཆེན་པོ་རྟོགས་པའི་མཐུས་ཡང་དག་པའི་སེམས་འགོག་སྟེ་མུན་པར་ཞི་བ་དེ་ལས་བསླང་བར་མཛད་པས་དོན་གྲུབ་པ་སྨོས་ཅི་དགོས་པས་སོ། །དེ་བས་རུ་ཏྲ་ལྟ་བུ་གདུལ་བྱ་ཤིན་ཏུ་མ་རུངས་པ་བྱང་ཆུབ་སེམས་ཀྱི་མྱུ་གུ་སྔོ་སྐམས་སུ་གྱུར་པ་དེ་ཐུགས་རྗེའི་ཆུ་བོས་རླན་པར་མཛད་པ་ལ་མུན་པའི་ཁམས་གང་དུ་རེ་ཞིག་ཚོགས་དྲུག་འགོག་པ་རྣམས་བསླང་བར་བྱེད་པའི་དགོས་ཆེད་ཀྱི་ཕྱིར་གཉེན་པོས་འདུལ་བ་གང་ཡང་འགོག་པ་མེད་པར་སྟོང་པའི་ཆོས་ཉིད་མ་འདྲེས་ཡོངས་རྫོགས་ཀྱི་ངང་ལས་མཛད་པ་སྣ་ཚོགས་ཅིར་ཡང་མི་འགོག་པར་སྣང་བས་མཐུན་པའི་ཡོན་ཏན་གྱིས་གདུལ་བྱའི་དོན་ཇི་ལྟ་བ་བཞིན་དུ་མཛོད་ཅིག་ཅེས་རྒྱལ་བ་རྣམས་ལ་བཀའ་བགྲོས་ཏེ་ངེས་པ་དམ་པར་བཅད་དོ། །འདི་དག་གདུལ་བྱ་དང་། མི་འདུལ་བའི་ལས་དང་། ཆ་མཐུན་དུ་མཛོད་ཅིག་པར་བསྐུལ་བ་དང་། མཛད་པས་དོན་གྲུབ་པར་ཐེ་ཚོམ་མི་ཟ་བ་དང་། དགོས་ཆེད་དང་མཐུན་པའི་ཡོན་ཏན་སྣང་བས་དོན་མཛོད་ཅིག་པར་བསྐུར་བར་འཆད་པ་དག་ཀྱང་རྗེས་སུ་འགྲེལ་ཏོ། །གཉིས་པ་ལ་གཉིས་ཏེ། ངོ་བོ་ཉིད་མེད་པས་འདུལ་བར་བཅད་པ། ངོ་བོ་ཉིད་མི་འགྱུར་བས་གདུལ་བར་བཅད་པའོ། །དང་པོ་ནི། དེ་ནས་དེ་བཞིན། ཞེས་པ་ནས། ཆད་པ་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་ངོ་བོ་ཉིད་ཀྱི་སྐུ་སྤྲོས་པ་མེད་པའི་ཚོགས་ཀྱིས་ཆད་ལྟ་བཟློག་ཅིག་པར་བཀའ་བཅད་མཛད་པའི་མདོ་གསུངས་པ། གདུལ་བྱ་ལས་དང་འབྲས་བུས་ཤིན་ཏུ་སྟོང་པར་ལྟ་བ་བྱང་ཆུབ་ཀྱི་བསམ་པ་རྒྱུན་ཆད་པ་ཅན་ལ་གདུལ་ཐབས་མི་མཐུན་པའི་ཚུལ་གྱིས་དངོས་པོས་བཏུལ་ཡང་ལྟ་ངན་དེ་ལས་གཏན་དུ་མི་ལྡོག་པས་ན་ཕན་པར་མི་འགྱུར་ཏེ་སྔར་བཤད་པ་ལྟར་རྒྱུན་གྱི་བྱང་ཆུབ་ཆེན་པོ་མཐའ་བྲལ་སྟོང་པ་ཉིད་ལས་མཐུན་པས་འདུལ་བ་མེད་རྒྱུར་བཏགས་ཆགས་ཀྱི་རྣམ་པར་དེ་བཞིན་གཤེགས་པ་ཀུན་གྱིས་མཛོད་ཅིག །འདུལ་བའི་ཚད་བྱང་ཆུབ་སེམས་དཔའི་མདོ་སྡེ་དོན་དམ་པར་སྤྲོས་པ་ཀུན་དང་བྲལ་བའི་སྟོང་པ་ཉིད་ཀྱི་ཚུལ་ཅན་དེ་ཡིས་སྔགས་ཀྱི་སྟོང་པ་ཆེན་པོ་མ་མཐོང་ཡང་ཆ་འདྲ་བར་མཐོང་བའི་སྟོང་པ་གང་གི་ནུས་པས་ཀྱང་དངོས་སྣང་ཅི་ཡང་མེད་པར་གནས་པར་འགྱུར་ན། སྐྱེ་བ་མེད་པ་རང་བཞིན་ཀུན་ཏུ་སྣང་བའི་དབྱིངས་ལས་རང་བྱུང་བའི་རྣལ་འབྱོར་མཐར་ཐུག་སྟོང་པ་ཆེན་པོའི་མཐུས་མཐར་ཟད་ཆད་པར་ལྟ་བའི་མུ་ལ་གནས་པ་ལས་བཟློག་པར་ནུས་པ་སྨོས་ཅི་དགོས་ཏེ། དེ་བས་ན་དགོས་པ་ཤིན་ཏུ་སྟོང་པ་རྒྱུན་ཆད་དུ་ལྟ་བ་བཟློག་པ་དང་གང་དུ་མེད་པའི་རྒྱུ་ལས་བཏགས་པར་ཆགས་ཤིང་སྒྲུབས་པ་གྲུབ་པར་བསྐྱེད་པའི་ཕྱིར་གཉེན་པོས་འདུལ་བ་མཐུན་པའི་ཡོན་ཏན་རྒྱུན་དང་བཅས་པའི་སྟོང་པ་ཉིད་ཆེན་པོ་ལས་ཆེ་བའི་ཡོན་ཏན་རྒྱུན་མི་ཆད་པར་འགྱུར་བས་གདུལ་བྱའི་དོན་མཛོད་ཅིག །ཅེས་ངེས་པ་དམ་པར་བཅད་དོ། །གཉིས་པ་ནི། དེ་ནས། ཞེས་པ་ནས། ཉིད་དུ་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་ངོ་བོ་ཉིད་སྐུ་རང་བཞིན་མི་འགྱུར་བའི་ཚོགས་ཀྱི་མཚན་དང་རིགས་དེ་ཉིད་དུ་ངེས་པའི་རྒྱལ་བ་རྣམས་ཀྱིས་བཀའ་བཅད་མཛད་དེ་རྟག་ལྟ་ལས་བཟློག་པའི་མདོ་གསུངས་པ། གདུལ་བྱ་གང་ཟག་གི་བདག་ཤིན་ཏུ་ཐེར་ཟུག་ཏུ་ཞེན་ཅིང་རྟག་པར་ལྟ་བ་ལ། གདུལ་ཐབས་མི་མཐུན་པའི་ཚུལ་གྱིས་མེད་པའི་སྟོང་པ་བསྟན་པས་ལྟ་ངན་གཏན་དུ་མི་ལྡོག་པས་ན་ཕན་པར་མི་འགྱུར་ཏེ། ཆ་མཐུན་གྱི་ཚུལ་དུ་སྙིང་པོ་བྱང་ཆུབ་དེ་ཉིད་ཀྱི་ངང་ལས་གཉིས་མེད་བདག་ཉིད་ཆེན་པོར་ཐམས་ཅད་དུ་མཐུན་པས་འདུལ་བར་མཛོད་ཅིག །འདུལ་བའི་ཚད་འགྲོ་བ་རྣམས་ཀྱིས་ཞེན་པ་རྫས་ཅན་དུ་ལྟ་བ་མཐུ་བརྟས་པས་མི་འགྱུར་བའི་ཚུལ་ཅན་རྟག་པས་ཀྱང་དངོས་པོ་བརྟན་གཡོར་སྣང་བར་བྱེད་པར་ནུས་ན། ཡེ་ནས་འཕོ་འགྱུར་མེད་པར་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པ་མངོན་དུ་བྱས་པའི་མཐུས་རྟག་པ་ཐེར་ཟུག་ཏུ་ལོག་པར་ལྟ་བ་དེ་ལས་བཟློག་པར་ནུས་པ་སྨོས་ཅི་དགོས་ཏེ། དེ་བས་བདག་ཏུ་ཞེན་པ་བཟློག་པ་དང་། དངོས་པོར་འཛིན་པའི་རྐ་མགོ་བསྒྱུར་བའི་དགོས་པའི་ཕྱིར། གཉེན་པོས་འདུལ་བ་མཐུན་པའི་ཡོན་ཏན་ལྷུན་གྲུབ་བདག་མེད་ཆེན་པོ་འགྱུར་མེད་རྟག་པའི་ཆོས་ཉིད་ལས་བྱ་བ་དང་བྱེད་པ་མེད་པར་རང་བཞིན་ངང་དུ་ཕེབས་པས་སྙིང་པོ་བྱང་ཆུབ་ཉིད་དུ་མཐར་ཕྱིན་པའི་དོན་མཛོད་ཅིག །ཅེས་གདུལ་བའི་ཐབས་མཆོག་ཏུ་ངེས་པ་དམ་པར་བཅད་དོ། །གསུམ་པ་ལ་དྲུག་སྟེ། རྡོ་རྗེའི་རིགས་ཀྱིས་བཀའ་འགྲོས་བཅད་པ། རིགས་ཀྱི་བདག་པོས་བཀའ་བགྲོས་བཅད་པ། རིན་ཆེན་རིགས་ཀྱིས་བཀའ་བགྲོས་བཅད་པ། ལས་ཀྱི་རིགས་ཀྱིས་བཀའ་བགྲོས་བཅད་པ། དེ་བཞིན་རིགས་ཀྱིས་བཀའ་བགྲོས་བཅད་པ། པདྨའི་རིགས་ཀྱིས་བཀའ་བགྲོས་བཅད་པའོ། །དང་པོ་ནི། དེ་ནས། ཞེས་པ་ནས། ཕྱག་རྒྱར་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེའི་རིགས་ཀྱི་གདུང་དང་སྡེའི་ཚོགས་ཀྱིས་གནས་ངན་གྱི་རྒྱུ་ཞེ་སྡང་ལས་བཟློག་ཅིག་པར་བཀའ་བཅད་པའི་མདོ་གསུངས་པ། གདུལ་བྱ་ཤིན་ཏུ་གདུག་ཅིང་གཏུམ་པའི་ལས་ཀྱི་ངུ་འབོད་ཀྱི་ན་རག་ཏུ་ལྟུང་བ་ལ་གདུལ་ཐབས་མི་མཐུན་པའི་ཚུལ་གྱིས་ཞི་བས་བཏུལ་ཡང་ཕན་པར་མི་འགྱུར་ཏེ། ཆ་དང་མཐུན་པ་སྟོང་པ་ཤེས་རབ་དང་སྣང་བ་ཐབས་ཀྱི་ངོ་བོ་ཁྲོ་བོ་འཇིགས་པའི་རྣམ་པར་དེ་བཞིན་གཤེགས་པ་ཀུན་གྱིས་མཛོད་ཅིག །དེ་ཅིའི་ཕྱིར་ཞེ་ན། ལས་ཀྱི་དབང་གིས་ཁྲོ་བོའི་ཚུལ་ཅན་ཡེ་ཤེས་ཆེན་པོས་སྣང་བ་དང་། ཐུགས་རྗེ་ཆེན་པོར་བཞེངས་པ་དང་ཆ་འདྲ་བ་རུ་ཏྲ་ལྟ་བུ་ཁྲོས་པས་མཐུས་ཀྱང་། འཇིག་རྟེན་སྲིད་པ་གསུམ་གྱི་འགྲོ་བ་མཐའ་དག་སྒྲག་པར་བྱེད་ནུས་ན། ཡང་དག་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་དང་ཐུགས་རྗེ་ཆེན་པོ་ཁྲོས་པ་ཡིས། ཁམས་གསུམ་མ་ལུས་པ་བསྒྲལ་བར་མཛད་པས་དོན་གྲུབ་པ་སྨོས་ཅི་དགོས་པས་སོ། །དེ་བས་ན་དགོས་ཆེད་གདུལ་དཀའ་མ་ལུས་པ་འདུལ་བ་དང་དམ་ཚིག་ཅན་ལ་སྡང་བ་རྣམས་སྒྲིབ་པ་རྣམ་པར་སྦྱང་བའི་ཕྱིར་མཐུན་པ་དང་གཉེན་པོ་གཉིས་ཀས་འབར་བ་ཆེན་པོ་ཁྲོ་བོའི་གར་དགུ་ལས། དུར་ཁྲོད་གར་གྱི་ཕྱག་རྒྱར་བཞེངས་པར་མཛོད་ཅིག །ཅེས་ངེས་པ་དམ་པར་བཅད་དོ། །གཉིས་པ་ནི། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོ། ཞེས་པ་ནས། དམ་པར་བཅད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་རིགས་ཀྱི་བདག་པོ་རྡོ་རྗེ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བའི་ཚོགས་ཀྱི་མཚན་དང་རིགས་དེ་ཉིད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་ཉིད་དེ། དེ་རྣམས་ཀྱིས་ལམ་ལོག་པར་འཕྱན་པ་མཐུན་འཇུག་གི་ཐབས་ཀྱིས་འདུལ་བར་བཀའ་བཅད་པའི་མདོ་གསུངས་པ། གདུལ་བྱ་མ་ལོག་པའི་བསྟན་པ་ལ་ཞུགས་ཀྱང་ཤིན་ཏུ་ལོག་པར་ཞེན་ནས་རང་འཐད་ལ་སྤྱད་པས་མནར་མེད་པའི་དམྱལ་བར་ལྷུང་ངེས་པ་ལ་གཉེན་པོ་མི་མཐུན་པ་བདེན་ཚིག་འཇམ་པོས་བཀྲོལ་བས་ཕན་པར་མི་འགྱུར་ཏེ། ཆ་མཐུན་གྱི་མཛད་པ་དེ་ཁོ་ན་ཉིད་ཀྱི་ཐེག་པ་གསང་བ་ཆེན་པོ་བསྟན་ཞིང་བརྟགས་པར་དཀའ་བ་དེ་ལ་སྦྱོར་བའི་བརྡ་སྣ་ཚོགས་དང་ལྡེམ་པོ་བཞི་དང་དགོངས་པ་བཞི་ཡི་ཐབས་མང་པོ་ལས་འདིར་ནི་ཐམས་ཅད་མཐུན་འཇུག་གིས་འདུལ་ཐབས་ཀྱིས་ཡང་དག་པ་ཉིད་དུ་ངེས་པར་མཛོད་ཅིག །འདུལ་བའི་ཚད་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཕྲིན་ལས་དང་མཚུངས་པའི་མཛད་སྤྱོད་ཀྱི་ཚུལ་ཅན་དངོས་པོ་བཞི་ལ་རང་འཐད་དུ་སྤྱད་པས་ཀྱང་འགྲོ་བ་ཐམས་ཅད་བཀའ་ཡི་དོན་ཇི་བཞིན་པ་ལས་བཟློག་ནས་ལོག་པར་བསྐྱུར་བར་བྱེད་ནུས་པ་རུ་ཏྲའི་སྤྱོད་པ་ལྟ་བུར་ཡང་སྲིད་ན། རྒྱལ་བ་རྣམས་ཀྱི་ཡང་དག་པའི་ཐུགས་རྗེ་དང་ཐབས་ལ་མཁས་པས་མཐུན་འཇུག་གི་མཛད་སྤྱོད་ཀྱིས་ལམ་ལོག་པ་རྣམས་དྲང་པོར་སྲོང་ནུས་པ་སྨོས་ཅི་དགོས་ཏེ། དེ་བས་ན་དཔེར་ཆང་གིས་ཆང་ནད་བསལ་བ་ལྟ་བུར་དངོས་པོས་དངོས་པོ་གྲོལ་བར་མཛད་པ་དང་། དེ་ཉིད་ཀྱིས་དེ་ཉིད་འཇོམས་པ་ལྟ་བུར་དུག་གིས་དུག་ནད་ལྔ་པོ་བསལ་བའི་དགོས་ཆེད་ཀྱི་ཕྱིར་མཐུན་པ་དང་གཉེན་པོ་གཉིས་ཀས་རྨད་དུ་བྱུང་བའི་ཐབས་མཆོག་དཔག་གིས་མི་ལང་བའི་སྒོ་ནས་མཛད་པ་གར་གྱི་ཕྱག་རྒྱར་བཞེངས་ལ་གདུལ་བར་མཛོད་ཅིག །ཅེས་ངེས་པ་དམ་པར་བཅད་དོ། །གསུམ་པ་ནི། དེ་ནས་དེ་བཞིན་གཤེགས་པ་ནོར་བུའི། ཞེས་པ་ནས། དམ་པར་བཅད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་ནོར་བུའི་རིགས་ཀྱི་གདུང་དང་སྡེའི་ཚོགས་ཀྱིས་བརྐམ་ཆགས་ཅན་གཤིན་རྗེའི་འཇིག་རྟེན་ལས་དགྲོལ་བར་བཀའ་བཅད་པའི་མདོ་གསུངས་པ། གདུལ་བྱ་ཟས་ནོར་ལ་ཤིན་ཏུ་འཇུངས་ཤིང་བརྐམ་པའི་ལས་ཀྱིས་ཡི་དྭགས་གཤིན་རྗེར་ལྟུང་བར་ངེས་པ་ལ་སྦྱིན་པ་བཏང་བས་ཕན་པར་མི་འགྱུར་ཏེ། མཐུན་པས་དོན་ལ་སྦྱོར་བ་དངོས་པོ་མེད་ལ་ཡོན་ཏན་མི་ཟད་པར་ཕྱོགས་ཀུན་ནས་འབྱུང་བ་ལས་ཆོས་ཐམས་ཅད་ལ་དབང་བསྒྱུར་ཏེ་མི་ཟད་པ་ནོར་བུ་ལྟ་བུར་མཛོད་ཅིག །དེ་ཅིའི་ཕྱིར་ན། དཀའ་ཐུབ་ཅན་གྱི་སྡོམ་པའི་ཆ་དང་མཚུངས་པའི་ཚུལ་ཅན་སེར་སྣ་མཆོག་ཏུ་ཆེ་བས་ནོར་རྫས་སྡོམ་སྟེ་གཞན་ལ་གཏོང་བའི་སྒོ་འགགས་པས་ཀྱང་། ནོར་མ་བཏང་བ་དེའི་སྟོབས་ཀྱིས་རང་ཉིད་ཚེ་གཅིག་གི་བར་དུ་འཚོ་ཞིང་གནས་པར་བྱེད་ནུས་ན། རྒྱལ་བ་ནམ་མཁའི་མཛོད་མངའ་མེད་ལ་འདོད་རྒུར་འབྱུང་བ་ལ་དབང་བསྒྱུར་བ་ཡིས་ཁམས་གསུམ་གྱི་གདུང་བ་བསལ་ནུས་པ་སྨོས་ཅི་དགོས་པས་སོ། །དེ་བས་ན་མཐུན་པས་འདུལ་བ་སེར་སྣས་འཇུངས་པ་ཚིམ་པར་བྱ་བ་དང་། གཉེན་པོས་འདུལ་བ་འདོད་པས་ཡོངས་སུ་གདུང་བ་བསལ་བའི་ཕྱིར་འདུལ་ཐབས་གཉིས་ཀས་ཐེག་ཆེན་གསང་བ་དམ་པའི་ཐབས་ལ་མཁས་པའི་ལོངས་སྤྱོད་ལས། མི་ཟད་ནམ་མཁའ་མཛོད་ཀྱི་ཕྱག་རྒྱར་བཞེངས་ལ་འདུལ་བར་མཛོད་ཅིག །ཅེས་རྐམ་ཆགས་ཅན་ཐུལ་ཞིག་པར་ངེས་པ་དམ་པར་བཅད་དོ། །བཞི་པ་ནི། དེ་ནས་དེ་བཞིན་གཤེགས་པ་གཞོན་ནུའི། ཞེས་པ་ནས། དམ་པར་བཅད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་གཞོན་ནུའི་རིགས་ཀྱི་གདུང་དང་སྡེའི་ཚོགས་ཀྱིས་སྙོམས་ལས་ཅན་ཐུལ་ཞིག་པར་བཀའ་བཅད་པའི་མདོ་གསུངས་པ། གདུལ་བྱ་ཤིན་ཏུ་ལེ་ལོ་དང་རྣམ་གཡེང་ཆེ་བས་མི་ཁོམ་པ་བརྒྱད་དུ་འཁྱམས་པར་འགྱུར་བ་ལ། ཐར་པ་ལ་བསྐུལ་བས་བརྩོན་པར་མི་འགྱུར་ཏེ། མཐུན་པས་འདུལ་བ་བྱ་བརྩལ་མེད་པའི་ཆོས་ཉིད་ཀྱི་ངང་ལས་ཐམས་ཅད་དུ་བྱ་བ་མེད་པ་ངང་གི་ཐབས་ཀྱིས་གདུལ་བར་མཛོད་ཅིག །འདུལ་བའི་ཚད་མི་གཡོ་བའི་བསམ་གཏན་བྱ་རྩོལ་དང་བྲལ་བའི་ཚུལ་དང་མཚུངས་པ་ཅན་སྙོམས་ལས་འཛིན་པའི་ལེ་ལོ་ལ་གནས་ཏེ་ལམ་ལ་བྱ་རྩོལ་མེད་པས་ཀྱང་། ཐར་པ་དམ་པའི་ལས་ལམ་གཅོད་དེ་བརླག་པར་བྱེད་ནུས་ན། བྱ་བ་དང་བྲལ་བར་ཡང་དག་པའི་དོན་ལས་མི་གཡོ་བའི་འཕོ་མེད་བདེ་བ་ཆེན་པོས་འཇིག་རྟེན་གྱི་ལེ་ལོས་གཡེང་བ་བཟློག་ནུས་པ་སྨོས་ཅི་དགོས་ཏེ། དེ་བས་ན་དགོས་ཆེད་འབྲས་བུ་བཅོམ་པ་མཐུན་པའི་ཆ་མི་ཁོམ་པའི་ལས་ཀྱི་རྒྱུན་གཅོད་པ་དང་། རྒྱུ་གཞོམ་པ་གཉེན་པོའི་ཆ་ལེ་ལོ་གཡེང་བའི་དགྲ་དཔུང་གཞོམ་པའི་ཕྱིར། གཉེན་པོས་འདུལ་བ་མཐུན་པའི་ཡོན་ཏན། ཕྱོགས་རིས་མེད་པའི་བཏང་སྙོམས་ཀྱི་རྣལ་འབྱོར་ཆེན་པོ་ལས། རྒྱལ་བའི་དགོངས་པ་བྱ་བ་མེད་པའི་ཆོས་ཉིད་ལ་གནས་པར་ངེས་པའི་ཕྱག་རྒྱར་བཞེངས་ཏེ་མཛད་པ་དམ་པ་མཛོད་ཅིག །ཅེས་ངེས་པ་དམ་པར་བཅད་དོ། །ལྔ་པ་ནི། དེ་ནས་དེ་བཞིན་གཤེགས་པ་གླང་པོའི། ཞེས་པ་ནས། དམ་པར་བཅད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་གླང་པོའི་རིགས་ཀྱི་གདུང་དང་སྡེའི་ཚོགས་ཀྱིས་གཏི་མུག་ཅན་འདུལ་བར་བཀའ་བཅད་པའི་མདོ་གསུངས་པ། གདུལ་བྱ་ཤིན་ཏུ་གཏི་མུག་ཆེ་ཞིང་རྨོངས་པར་གྱུར་པ་བྱོལ་སོང་དུ་ལྟུང་བའི་རིགས་ལ། གཉེན་པོའི་ཆོས་བསྟན་པས་ཤེས་ཤིང་གོ་བར་མི་འགྱུར་ཏེ། མཐུན་པས་འདུལ་བ་ཁྱད་པར་ཅིར་ཡང་འབྱེད་པ་མེད་པར་མཚུངས་པ་ལས་ཐམས་ཅད་ཆོས་ཉིད་ལ་དབྱེ་བསལ་མེད་པའི་གཏི་མུག་ཆེན་པོར་མཛོད་ཅིག །འདུལ་བའི་ཚད་ཡང་དག་པའི་གཏི་མུག་དང་མཚུངས་པའི་ཚུལ་ཅན་རྨོངས་པ་མ་རིག་པ་ཆེན་པོས་ནོན་པས་ཀྱང་། དུས་གསུམ་ཐམས་ཅད་དུ་ཡང་དག་པའི་དོན་མི་མཐོང་བའི་མུན་པར་འཕྱན་པར་བྱེད་ནུས་ན། མི་དམིགས་འབྱེད་པ་མེད་པ་མཉམ་ཉིད་ཆེན་པོ་བླང་དོར་མེད་པ་ཡིས་དགོངས་པ་དམ་པས་ཁམས་གསུམ་གྱི་རྨོངས་པ་ཐམས་ཅད་བསལ་བར་ནུས་པ་སྨོས་ཅི་དགོས་ཏེ། དེ་བས་ན་གཉེན་པོའི་ཆས་མུན་པའི་སྐྱེ་མཆེད་གཞོམ་པ་དང་། མཐུན་པས་འདུལ་བ་རྨོངས་པ་རང་དག་ནམ་མཁར་བྱ་བའི་དགོས་པའི་ཕྱིར་ཐབས་ཀྱི་གཉེན་པོ་གཏི་མུག་རྣམ་པར་དག་པའི་ཡེ་ཤེས་ལས། མ་འདྲེས་ཡོངས་རྫོགས་ཀྱི་ཕྱག་རྒྱར་བཞེངས་ཏེ་གདུལ་བར་མཛོད་ཅིག །ཅེས་ངེས་པ་དམ་པར་བཅད་དོ། །དྲུག་པ་ནི། དེ་ནས་དེ་བཞིན་གཤེགས་པ་པདྨོའི། ཞེས་པ་ནས། དམ་པར་བཅད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་པདྨོའི་རིགས་ཀྱི་གདུང་དང་སྡེའི་ཚོགས་ཀྱིས་འདོད་ཆགས་ཅན་ཐུལ་ཞིག་པར་བཀའ་བཅད་པའི་མདོ་གསུངས་པ། གདུལ་བྱ་ཤིན་ཏུ་ཆགས་ཤིང་ཞེན་པ་མངལ་གྱི་སྲིན་བུར་ལྟུང་བར་འགྱུར་བའི་རིགས་ལ། ཆགས་པ་སྤོང་བའི་ཐབས་ཀྱི་གཉེན་པོས་ཕན་བར་མི་འགྱུར་ཏེ། མཐུན་པས་འདུལ་བ་ཆགས་མེད་ཆགས་པའི་ཤེས་རབ་ཆེན་པོའི་ཡེ་ཤེས་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཡབ་ཡུམ་རོལ་པའི་ཆགས་པ་ཆེན་པོར་སྣང་བར་མཛོད་ཅིག །དེ་ཅིའི་ཕྱིར་ན། ཆགས་མེད་ཆགས་པའི་ཚུལ་ཅན་ཡང་དག་པའི་སྦྱོར་བ་དང་ཆ་འདྲ་བ་ལོག་པའི་འདོད་ཆགས་སུ་ལ་ཡོད་པ་དེས་ཆགས་པ་སྤྱོད་པས་སྟོབས་ཀྱིས་ཀྱང་ཁམས་གསུམ་གྱི་གྲོང་ཁྱེར་ཐམས་ཅད་ཤིན་ཏུ་ཞེན་པས་མི་འབྲལ་བར་འདོད་ཆགས་ཁྲག་ཏུ་འཁྱིལ་བའི་རྒྱ་མཚོར་བྱེད་ནུས་ན། རྒྱལ་བ་རྣམས་ཀྱིས་འདོད་ཆགས་རྣམ་པར་དག་པའི་ངང་ལས་ཆགས་པའི་ཚུལ་དུ་སྤྱད་པས། ཁམས་གསུམ་གྱི་ཞེན་ཆགས་ཐམས་ཅད་བསལ་བར་ནུས་པ་སྨོས་ཅི་དགོས་པས་སོ། །དེ་བས་ན་དགོས་ཆེད་གཉེན་པོའི་ཆ་འདོད་ཆགས་ཁྲག་མཚོ་བསྐམ་པ་དང་། མཐུན་པའི་ཆས་ཆགས་པས་ཆགས་པ་གཅོད་པའི་ཕྱིར། མཐུན་པ་དང་གཉེན་པོ་གཉིས་ཀས་འདུལ་བ་འདོད་ཆགས་རྣམ་པར་དག་པའི་ཡེ་ཤེས་ཆེན་པོའི་ངང་ལས། འདོད་ཆགས་གར་གྱི་ཕྱག་རྒྱར་བཞེངས་ཏེ་མཛད་པའི་རོལ་མོ་མཛོད་ཅིག །ཅེས་ངེས་པ་དམ་པར་བཅད་དོ། །དེ་ལྟར་བཀའ་བགྲོས་བཅད་པ་དགུ་པོ་ལེའུ་ཉེར་གཅིག་པ་དང་བསྡེབ་ལ་བཤད་དོ། །བཞི་པ་ལ་གསུམ་སྟེ། མཐུན་འཇུག་སྤྱིའི་སྤྱོད་པས་འདུལ་བ། མཛད་པ་ཐབས་ཀྱི་སྤྱོད་པ་མཐའ་ཡས་པས་འདུལ་བ། སྐབས་འདིར་ནི་གཉེན་པོས་བཏུལ་བའོ། །དང་པོ་ནི། དེ་ནས། ཞེས་པ་ནས། བློ་ལོག་སྨོས་ཅི་དགོས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་སྤྲུལ་པའི་སྐུ་དང་གསང་བའི་སྐུ་ཐམས་ཅད་ཀྱིས་མཐུན་འཇུག་གི་མཛད་པ་མཐའ་ཡས་པའི་ཚུལ་གྱིས་སྐབས་ཀྱི་གདུལ་བྱ་དྲག་པོས་འདུལ་བར་བཀའ་བཅད་པའི་མདོ་གསུངས་པ། གདུལ་བྱ་ཤིན་ཏུ་གཟུང་བ་དང་འཛིན་པའི་དངོས་པོར་ཞེན་ཅིང་འཐས་པ་ལ། འདུལ་ཐབས་དེ་དང་མི་མཐུན་པར་གཉེན་པོས་བཀག་པས་གཏན་དུ་ལྡོག་མི་ནུས་པས་ཕན་པར་མི་འགྱུར་ཏེ། ཇི་ལྟ་བས་འདུལ་ན་སྤྱོད་པ་རྗེས་འཇུག་དང་མཐུན་པར་དབྱིངས་ཤེས་རབ་དང་ཡེ་ཤེས་ཐབས་ཀྱི་ངོ་བོ་ལས་སྣང་བར་མཛད་ནས། ཕྲིན་ལས་ཐམས་ཅད་གདུལ་བྱ་དང་མཐུན་འཇུག་ཏུ་སྦྱོར་བའི་སྤྱོད་པར་མཛོད་ཅིག །འདུལ་བའི་ཚད་དྲེགས་པའི་སྤྱོད་པ་རང་ཁ་མ་ལོག་པར་འཚོ་བས་གང་དགའ་དགའ་ལ་སྤྱོད་པ་ལྟ་བུ་ནི། ཡང་དག་པའི་མཐུན་འཇུག་གི་ཐབས་ཀྱི་སྤྱོད་པ་དང་ཚུལ་འདྲ་བ་ཅན་དུ་ཆ་མཐུན་པར་ལོག་ལྟ་རང་རྒྱུད་ཅན་ལ་ཞེན་ཏེ་རང་འཐད་དུ་སྤྱད་པས་ཀྱང་ཁམས་གསུམ་གྱི་གྲོང་ཁྱེར་ན་གནས་པའི་འགྲོ་བ་ཐམས་ཅད་ལམ་ལོག་པར་བྱེད་ནུས་ན། ཡང་དག་རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྗེ་སྤྲུལ་པའི་གར་གྱི་མཛད་སྤྱོད་ཀྱིས་འཇིག་རྟེན་པ་བློ་ལོག་པ་རྣམས་དྲང་བར་མཛད་པས་དོན་གྲུབ་པ་སྨོས་ཅི་དགོས་ཏེ་ཐེ་ཚོམ་གྱི་གནས་མ་མཆིས་པས། དགོས་ཆེད་དང་མཐུན་པར་ཡོན་ཏན་སྣང་བར་མཛོད་ཅིག་ཅེས་བསྐུལ་བའོ། །གཉིས་པ་ལ་གསུམ་སྟེ། ཐབས་སྣ་ཚོགས་ཀྱིས་དོན་ལ་དྲང་བར་བསྐུལ་བ། དེ་འགྲོ་བའི་རིག་པ་ལ་ལྷུན་གྱིས་གྲུབ་པ། ཇི་ལྟར་མོས་པ་ལྟར་དོན་མཛོད་ཅིག་པའོ། །དང་པོ་ནི། དེ་ལ་སོགས་པ། ཞེས་པ་ནས། མཐའ་ཡས་སྙེད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ལ་སོགས་པ་ཞེས་སྔ་མ་རྣམས་ལ་སྙེགས་པས་དངོས་པོ་གཞན་བསྡུ་བ་ནི། ཐབས་ཀྱི་སྤྱོད་པ་སྔ་མ་དང་ཕྱི་མར་བསྟན་པའི་འདུལ་བྱེད་མཐའ་ཡས་པ་སྙེད་ཀྱིས་གདུལ་བྱའི་འཇིག་རྟེན་ཇི་སྙེད་པ་ཁམས་དབང་བསམ་པ་མཐའ་ཡས་པའི་རིགས་ཅན་ཀུན་འདུལ་བའི་ཐབས་ནི་མངལ་ཡངས་པ་སྣ་ཚོགས་ཀྱིས་གདུལ་ཞིང་ལམ་དུ་དྲངས་ཏེ་ཡང་དག་པའི་གནས་ལུགས་གསང་སྔགས་ཇི་བཞིན་པའི་དོན་ལ་སྦྱོར་བར་བྱོས་ཤིག །ཅེས་མདོར་བསྟན་ནས། དེའི་ཚུལ་རྒྱས་པར་གསུངས་པ། དེའང་གདུལ་བྱ་ཁྲོ་བ་ཅན་ལ་ཤས་ཆུང་ན་གཉེན་པོ་བྱམས་པས་འདུལ་བ་དང་། དྲག་པོར་གྱུར་ནས་མཐུན་པས་གདུལ་བ་ཁྲོ་བོའི་ཚུལ་དུ་མཛོད་ཅིག །དེ་བཞིན་དུ་ཞི་བའི་རིགས་ལ་ཞི་བའི་གདམས་པས་བཀྲོལ་ཏེ་ལྷག་མཐོང་གི་རྩལ་སློང་ནས་དོན་ལ་སྦྱོར་བ་ཉིད་ཀྱིས་འདུལ་ལ། གདུལ་བྱ་དྲག་ཤུལ་ཅན་ལ་བྱམས་པའམ་ཡང་ན་དྲག་པོ་འབའ་ཞིག་ཉིད་ཀྱིས་གདུལ་ལོ། །གཡེམ་པ་ཅན་ལ་ཤས་ཆུང་ན་མཐུན་པར་གཡེམ་པ་ཉིད་དང་ཤས་ཆེ་ན་མི་ཚངས་སྤྱོད་ཀྱི་གཉེན་པོར་གྱུར་པའི་ཐབས་ཀྱིས་གདུལ་བར་མཛོད་ཅིག །སྲིད་པའི་དངོས་པོར་ཆགས་པ་ཅན་ལ་མཐུན་པ་ཆགས་པ་རང་དང་མི་མཐུན་པ་གཉེན་པོས་རྣམ་པར་སྤོང་བ་ཉིད་ཀྱིས་འདུལ་ལ། གདུལ་བྱ་རྣམ་གཡེང་ཅན་ལ་གཉེན་པོ་སེམས་སྡུད་པ་དང་མཐུན་པ་གཡེང་བ་ཉིད་ཀྱིས་འདུལ་བར་འགྱུར་རོ། །གཏི་མུག་གིས་རྨོངས་པ་ལ་གཉེན་པོའི་ཁྱད་པར་གྱིས་འདུལ་བ་རྣམ་པར་འབྱེད་པའི་ཤེས་རབ་སྐྱེད་པ་དང་མཐུན་པ་མཉམ་པ་ཉིད་ཀྱི་ངང་གིས་ཐུལ་ཞིག །ང་རྒྱལ་གྱི་རི་བོ་ཅན་ལ་གཉེན་པོས་ཞི་བ་ཏིང་ངེ་འཛིན་དང་མཐུན་པས་འདུལ་བ་རི་བོ་ཉིད་ཀྱི་ཚུལ་གྱིས་དགྲོལ་ལོ། །གདུལ་བྱ་ཕྲག་དོག་ཅན་ལ་མཐུན་པ་ཕྲག་དོག་གི་ཚུལ་གྱིས་མཉམ་པའི་དབྱིངས་ལ་སྦྱོར་ཏེ་གདུལ་བར་བྱའོ། །དེ་ལྟར་རྒྱུད་ལས། ཇི་ལྟར་རྣ་བར་ཆུ་སོང་བ། །སླར་ཡང་ཆུ་གཞན་དག་གིས་དབྱུང་། །ཞེས་པ་ལ་སོགས་པ་ལྟར་ཐབས་མུ་མཐའ་ཡས་པར་འདྲེན་པ་ཇི་སྙེད་ཀྱིས་ཐུལ་ཞིག་པའོ། །གཉིས་པ་ནི། ཀུན་གཞི། ཞེས་པ་ནས། རབ་ཏུ་གནས། །ཞེས་པའི་བར་གྱིས་བསྟན་ཏེ། ཡེ་དོན་གྱི་ཀུན་གཞི་སྙིང་པོ་བྱང་ཆུབ་ཀྱི་དབྱིངས་མཉམ་པ་བདེ་བར་གཤེགས་པ་དང་མི་མཉམ་པ་འཁོར་བའི་དངོས་པོ་རིལ་ལ་ཁྱབ་པས་བདག་ཉིད་མུ་མཐའ་མེད་པའི་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པར་ངང་གིས་རང་ཤར་བའི་ཚུལ་གྱིས་གང་ནས་གང་དུ་བསྣུམས་པར་རང་རང་གི་ཁྱད་པར་གྱི་སྣང་བ་ཞེན་པ་དང་མ་བྲལ་བའི་ཏིང་ངེ་འཛིན་དང་ཁམས་གསུམ་གྱི་འདོད་པ་དང་བཅས་པའི་ཡིད་དང་འབྱུང་བའི་ཕུང་པོ་དང་ལྡན་པས་ལུས་ཅན་གྱི་འགྲོ་བ་རྣམས་ཀྱིས་སྣང་སེམས་ཀུན་གྱི་གཞི་ཐ་སྙད་གཉིས་ཀྱི་ཆོས་ཀུན་གྱི་ངོ་བོ་རང་བཞིན་གྱི་དབྱིངས་ན་རང་རིག་པར་གསལ་ཏེ། གནས་ལུགས་ངོ་བོ་ཉིད་ཀྱི་དཔལ། རྟོགས་པ་བདག་གི་དཔལ། ཐུགས་རྗེ་གཞན་གྱི་དཔལ་གསུམ་གྱི་བདག་ཉིད་ཆེན་པོར་རྡོ་རྗེ་སྙིང་པོ་བྱང་ཆུབ་ཀྱི་སེམས་ཐབས་དང་མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ་པར་ཡེ་ནས་རབ་ཏུ་གནས་པའོ། །འདི་ཡིས་ངོ་བོ་ཉིད་ཀྱིས་དོན་བྱེད་པར་གསལ་ཏེ། རྒྱས་པར་ཡེ་ཤེས་གསང་བ་ལས། ཆོས་སྐུ་འབྲས་བུ་རང་གསལ་ལ། །རིན་ཆེན་འབར་བ་ལྷུན་གྲུབ་ལྟར། །ཐུགས་རྗེའི་བྱིན་རླབས་འདོད་རྒུར་འཆར། །སྐལ་ལྡན་རང་རྐྱེན་ཉི་མ་བཞིན། །སེམས་ཅན་དུས་ན་སྐབས་ཀྱིས་མཐུན། །ལྷུན་གྲུབ་དུས་ན་ཕྱོགས་རིས་མེད། །ཅེས་གསུངས་པ་སོགས་སེམས་ཕྱོགས་ཀྱི་རྒྱུད་དང་མན་ངག་རྣམས་ལས་ཤེས་པར་བྱའོ། །གསུམ་པ་ནི། སེམས་ཅན། ཞེས་པ་ནས། ངེས་པར་མཛོད། །ཅེས་པའི་བར་གྱིས་བསྟན་ཏེ། གོང་དུ་བསྟན་མ་ཐག་པ་དེའི་ཕྱིར་སེམས་ཅན་རྣམས་ཀྱི་སེམས་ཉིད་སངས་རྒྱས་ཀྱི་རང་བཞིན་དང་གཉིས་སུ་མེད་པས་ཆོས་ཀུན་གྱི་དབྱིངས་རྡོ་རྗེ་སེམས་དཔའ་སྙིང་པོ་བྱང་ཆུབ་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་དུ་ཡེ་ནས་མ་བཅོས་པར་གནས་པའི་དེ་ཁོ་ན་ཉིད་ཡིན་པར་ངེས་པ་དེ་བས་ན་བསྒྲང་བ་ལས་འདས་པས་མཐའ་ཐུག་པ་མེད་པའི་སེམས་ཅན་རྣམས་བསམ་པ་རང་རང་གི་མོས་པ་ལྟར་ཇི་ལྟར་དགའ་བ་དང་འདོད་པ་བཞིན་དུ་ཐབས་ཀྱི་མཛད་པ་གང་ཡང་མ་བཀག་པར་ཇི་ལྟར་སྣང་བ་དང་མཐུན་པར་སྤྱད་དེ་དོན་ལ་དྲངས་པས་ཡེ་ནས་མ་བཅོས་པས་ཆོས་ཉིད་ཇི་བཞིན་པ་ཡང་དག་པར་ངེས་པ་དེ་ཁོ་ན་ཉིད་དུ་སོན་པར་འགྱུར་བ་ཡིན་ནོ། །གཏན་ཚིགས་དེའི་ཕྱིར་ན་རྒྱལ་བ་རྣམས་ཀྱིས་གདུལ་བྱ་གདུལ་བའི་ཐབས་མཆོག་ཁྱད་པར་ཅན་གདུལ་བྱ་སོ་སོའི་སྣང་ཚུལ་གྱིས་ཕྱེ་བས་དཔག་གིས་མི་ལང་ཞིང་གྲངས་ལས་འདས་པའི་མཛད་སྤྱོད་ཀྱི་གར་ཐབས་གཅིག་ལས་མ་གཡོས་པར་ཅིར་ཡང་སྣང་བ་སྤྲིན་གྱི་ཕུང་པོ་མང་ཞིང་རྒྱ་ཆེ་བ་ཇི་སྙེད་པ་དག་གིས་གདུལ་བྱའི་བསམ་པ་དང་མཐུན་པར་ཇི་ལྟར་སྤྱད་ཀྱང་མཉམ་པའི་དབྱིངས་དེ་ཁོ་ན་ཉིད་ལས་མ་གཡོས་ཤིང་བསྐྱོད་པ་མེད་པས་ཇི་ལྟར་སྤྱད་ཀྱང་མི་གོས་ཏེ་འཁྲུལ་ནོར་མེད་པས་ལེགས་པར་གྱུར་ཏེ་ཆོས་ཀྱི་དབྱིངས་ན་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་དུ་རྫོགས་པའི་མཛད་པ་ཡང་དག་པ་ཉིད་དུ་ངེས་པའི་ངོ་བོ་ཉིད་ཀྱི་རང་བཞིན་ལས་མཛད་སྤྱོད་མུ་མཐའ་ཡས་ཤིང་དཔག་ཏུ་མེད་པ་ཡི་ཚུལ་དམ་པ་བློས་མི་འཁྱུད་པའི་སྒོ་གང་ནས་ངེས་པར་དྲངས་ཀྱང་གདུལ་ཐབས་ཐམས་ཅད་གང་ཡང་མ་བཀག་ཅིང་བསྡམ་པ་མེད་པར་ཕྱེ་བས་རང་ཉིད་ཅི་ལ་དགའ་བ་དེ་ཉིད་དང་མཐུན་པའི་ཚུལ་དུ་ཇི་ལྟར་འཚམས་པས་བཏུལ་ནས་བདེ་བར་དྲངས་ཏེ་མཛད་པ་ཐམས་ཅད་དམ་པ་རྣམས་ཀྱི་ཡང་དག་པའི་སྤྱོད་པར་གྱུར་ཏེ་གདུལ་བྱ་རྣམས་སངས་རྒྱས་ཀྱི་ས་ལ་ངེས་པར་འགོད་པའི་ཐབས་ཀྱི་གར་ཐབས་དམ་པ་མཛོད་ལ་ཡལ་བར་མ་བཞག་ཅིག་ཅེས་བསྐུལ་ལོ། །གསུམ་པ་ནི། འདིར་ནི། ཞེས་པ་ནས། དམ་པར་བཅད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དུས་དང་གནས་སྐབས་ཉེ་བར་བཟུང་བ་འདིར་ནི་གདུལ་བྱ་རུ་ཏྲ་ཉིད་ཤིན་ཏུ་དྲག་པས་བཤད་པ་ལྟར་ཞི་རྒྱས་ཀྱིས་མི་འདུལ་བའི་ཕྱིར། དབང་དྲག་གི་མཛད་པ་རྡོ་རྗེ་འཛིན་པ་ཉིད་ཀྱིས་ཤིན་ཏུ་ནན་ཏན་ངེས་པའི་དྲག་ཤུལ་གྱིས་དེ་དག་གི་ངོ་བོ་ཡེ་ཉིད་ནས་རང་བཞིན་གྱི་ཁྲོས་པའི་རོལ་པའི་དཀྱིལ་འཁོར་འཇིགས་བྱེད་ཆེན་པོ་ཁྲོ་བའི་སྐུ་མི་བཟད་པའི་མེ་དཔུང་འབར་བའི་རང་བྱུང་ཡེ་ཤེས་ཀྱི་ངང་ལས། ལས་ཀྱི་ཁྲོ་བོ་འཇིག་རྟེན་གྱི་སྡེ་དཔོན་དུར་ཁྲོད་ཀྱི་བདག་པོ་རུ་ཏྲ་འཁོར་བཅས་འདུལ་བའི་གཉེན་པོར་རབ་ཏུ་འཇིགས་ཤིང་རྔམ་པའི་ཆེ་མཆོག་ཧེ་རུ་ཀའི་རྣམ་པར་འབར་བའི་ཕྱག་རྒྱ་ཆེན་པོའི་སྐུར་སྣང་བར་མཛོད་ཅིག་ཅེས་བསྐུལ་བས་ངེས་པ་དམ་པར་བཀའ་གྲོས་ཐག་བཅད་དོ། །འོ་ན་རྒྱལ་བའི་ཚོགས་རེལ་ཐེར་ཟུག་རྟག་པར་ལྟ་བ་དང་ཤིན་ཏུ་སྟོང་པར་ལྟ་བ་སོགས་གདུལ་བྱ་མི་མཐུན་པར་སྣང་བ་དང་། ཁྲོ་ལ་བྱམས་དང་སོགས་རྒྱལ་བ་རིལ་གྱི་བགྲོས་པ་ལ་ཐབས་མཐའ་ཡས་པར་བསྟན་པ་ཇི་ལྟ་བུ་ཞེ་ན། བདེ་བར་གཤེགས་པ་ལ་ངོ་བོ་ཐ་དད་པར་མི་བཞུགས་ཏེ་ཆོས་ཉིད་ཀྱི་ནམ་མཁའ་ལ་ཡེ་ཤེས་ཀྱི་ཉི་མ་བརྡལ་བས་དགོངས་པ་དཀྱིལ་འཁོར་གསུམ་དབྱེར་མེད་པའི་ཀློང་དུ་མཉམ་པར་གྱུར་མོད་ཀྱིས་ཀྱང་རིགས་དང་མཐུན་པའི་ཐབས་ནི་གདུལ་བྱའི་སྣང་བའོ། །དེ་དག་གི་ལོངས་སྐུ་ལ་སོགས་པ་ཚོགས་རེ་རེའི་ཕྱིར་ཐབས་ཀྱི་གྲངས་ཀྱང་རྗེས་སུ་མཐུན་ལ། རྒྱལ་བ་ཇི་སྙེད་པའི་ཐབས་ཀྱང་དེ་སྙེད་ཀྱི་ཕྱིར་སྨོས་སོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། དྲག་པོས་འདུལ་བར་བཀའ་བགྲོས་དམ་པ་ངེས་པར་བཅད་པའི་ལེའུ་སྟེ་ཉི་ཤུ་ལྔ་པ་གསལ་བར་བཀྲོལ་བའོ།། །།བཞི་པ་ལས་ཀྱི་སྐོས་གདབ་པ་ལ་གཉིས་ཏེ། ཉེ་བར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི་བདག་པོ། ཞེས་པ་ནས། ཞེས་ཉེ་བར་བསྐུལ་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ནོ། །ལང་ཀའི་བདག་པོ། རུ་ཏྲ་འབྱུང་བའི་དུས་དང་བཀའ་བགྲོས་བཅད་པའི་དུས་གཉིས་ངོ་བོ་གཅིག་པར་གྱུར་པ་དེའི་ཚེ་དེའི་དུས་ན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཁྲོ་བོ་རྒྱལ་བ་དེ་དག་གི་འཁོར་དེ་ཉིད་དུ་འདུས་བར་གྱུར་ཏེ་གསང་བ་འཛིན་པའི་སྡུད་པ་པོ་བྱེད་པ་ཞིག་གིས། རུ་ཏྲའི་མཚན་ཉིད་ཐུགས་ལ་མངའ་ཞིང་ཤེས་བཞིན་དུ་གང་ཡོངས་སུ་སད་ཅིང་ཤེས་པ་ཉུག་པའི་ཕྱིར། ཡང་དུས་དེ་ཙམ་ན་འཁོར་དེར་འདུས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་དུ་འཇམ་དཔལ་དང་གཉིས་སུ་མེད་པར་བསྐུལ་བའི་གོ་ཆ་ལྡན་པ་ལང་ཀ་མགྲིན་བཅུ་བློ་གྲོས་ཐབས་ལྡན་ཞེས་བྱ་བ་ཞིག་ལ། དེ་ཡིས་ཤེས་སམ་མི་ཤེས་ཉམས་སུ་བླང་སྟེ་བརྟགས་པའི་དགོས་ཆེད་ཀྱི་ཕྱིར་ཡོངས་སུ་དྲིས་པ། ཀྱེ་སེམས་དཔའ་ཆེན་པོ། ཡི་དྭགས་ཆེན་པོ་འདི། རྒྱུ་ནི་གང་ལས་བྱུང་། རྐྱེན་ནི་ཅི་ལས་གྱུར། འབྲས་བུ་ནི་ཅིར་སྨིན། རིགས་ནི་གར་གཏོགས། ལས་སྐལ་གྱི་སྤྱོད་པ་ནི་ཅི་བྱེད། མ་བཏུལ་ན་ཅི་གནོད། བཏུལ་ན་ཅི་ཞིག་གི་དགོས་པ་ཡོད། དེ་སྐད་ཅེས་དྲི་བ་བདུན་དྲིས་པ་ལས། གསང་བདག་གིས་བསྐུལ་བའི་བརྩོན་འགྲུས་ཀྱིས་གོ་ཆ་ཆེན་པོ་ཅན་དེས་སྨྲས་པ། སེམས་དཔའ་ཆེན་པོ་གསང་བའི་བདག་པོ་ཞེས་གསང་བའི་བཀའི་སྡུད་པ་པོ་ལ་བོས་ཏེ། ཡི་དྭགས་ཆེན་པོ་འདི་ནི། གང་ལེགས་པའི་རྒྱུ་རྐྱེན་ལས་ནི་མ་བྱུང་བར། ཉེས་པ་འབའ་ཞིག་གི་རྒྱུ་རྐྱེན་ལས་བྱུང་སྟེ། རྒྱུ་ནི་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པའི་དབང་གིས་དེ་ཁོ་ན་ཉིད་དང་ལས་རྒྱུ་འབྲས་ལ་རྨོངས་པས་མུན་པའི་རི་བོ་ལས་བྱུང་ངོ་། །རྐྱེན་ནི་གསང་སྔགས་ཀྱི་བཀའ་བསྒོ་ལ་གོ་བ་ལོག་པར་གྱུར་པའི་སྔགས་ཀྱི་དཀའ་ཐུབ་དྲག་པོ་དང་མི་དགེ་བ་སྤྱོད་པའི་བརྟུལ་ཞུགས་ལས་བྱུང་ངོ་། །འབྲས་བུ་ནི་དང་པོར་ངན་སོང་ཁ་བརྒྱུད་དེ་མཐར་རུ་ཏྲར་སྨིན་པས་སྡུག་བསྔལ་གྱི་རི་བོར་སྨིན་ནོ། །རིགས་ནི་མཐོ་རིས་དང་ཐར་ལམ་ཆད་པས་དམན་རིགས་འཁོར་བ་པ་ལས་ངན་བྱེད་པས་གདོལ་པ་གཞན་ལ་གནོད་པས་འབྱུང་པོ་འདོད་པ་ཡིད་ལ་བཏགས་པས་ཡི་དྭགས་སུ་གཏོགས་སོ། །ལས་སྐལ་གྱི་སྤྱོད་པ་ནི་འཁོར་བའི་དངོས་པོ་ལྔ་ཚན་བཞིའམ་རྩ་བ་བཞི་ལ་ཉིན་མཚན་འཇོལ་ཉོག་ཏུ་སྤྱོད་པའོ། །འདི་མ་བཏུལ་ན། ཁོས་ལོག་ལམ་སྤེལ་བས་ལས་ཅན་རྣམས་ཀྱི་བྱང་ཆུབ་ཀྱི་སྙིང་པོ་ཡུན་རིང་དུ་ནུབ་པའི་སྐྱོན་དུ་འགྱུར་རོ། །ནང་ལྟར་ན་བདག་འཛིན་གྱིས་ཐར་པ་དང་བྱང་ཆུབ་ལ་བར་དུ་གཅོད་པར་ཡང་སྦྱར་རོ། །བཏུལ་ན་ནི་གསང་སྔགས་དར་བས་ཀུན་གྱི་སྙིང་པོ་ཡེ་ཤེས་འོད་གསལ་གྱི་དཀྱིལ་འཁོར་མངོན་དུ་གྱུར་ཏེ་དུས་ཉེ་བར་འཆར་བར་འགྱུར་རོ། །ཞེས་སྨྲས་པ་དང་། ཁོ་བོས་དེ་ལ་འདི་སྐད་ཅེས་སྨྲས་སོ། །རུ་ཏྲའི་རྒྱུ་འབྲས་སོགས་ལ་ངམ་ནས། ཨེ་མའོ་ཞེས་པས་དྲངས་ཏེ་སེམས་དཔའ་ཆེན་པོ་ཞེས་ལང་ཀ་ལ་བོས་ནས། འོ་ན་དེ་ལྟར་ཡིན་ན་དྲེགས་པ་ཅན་འདུལ་བའི་དུས་ལ་ཚད་མར་ཕྱིན་པས་ད་ལྟའི་དུས་འདི་ནི་བཏུལ་བའི་དུས་ལ་བབ་པའོ། །དེ་ལ་དྲག་པོའི་ལས་མཛད་པ་འདི་ནི་རྨད་དུ་བྱུང་བའི་ཕྲིན་ལས་ཀྱི་མཆོག་གོ། །དེའི་དུས་སུ་འབྱུང་བའི་གསང་བ་སྔགས་ཀྱི་དོན་འདི་ནི་ཕྱི་པ་ལས་ཤིན་ཏུ་གསང་བའི་བསྟན་པ་རྒྱལ་བའི་དགོངས་པའི་ཡང་ཞེ་ཕུགས་སུ་གྱུར་པའི་གསང་བ་དམ་པའོ། །དེ་བས་ན་གཙོ་བོ་ཐུལ་ལ་འཁོར་རྣམས་ཀུན་ཏུ་རབ་ཏུ་ཐུལ་ཞིག་ཅེས་བསྐུལ་ཏེ། ད་ལྟར་དུས་ལ་བབ་པའི་སྐབས་ཆེན་པོ་འདིར། དྲག་པོའི་ལས་ཀྱིས་གདུལ་སྐལ་ལ་བབ་པའི་སེམས་ཅན་རུ་ཏྲ་འདི་ཉིད། ཁྲོ་ལ་ཕན་ཆེན་མཛད་པའི་སྟོངས་ལ་བབ་པས་འཕགས་མཆོག་རྒྱལ་བའི་ཐུགས་རྗེ་ཆེན་པོ་ཡིས་སྒྲོལ་བའི་ཐབས་ཀྱིས་ཕྱིན་ཅི་ལོག་གི་འདུ་ཤེས་བསྒྱུར་ཏེ་ཟག་མེད་ལ་བཀོད་པ་ནི་ཐུགས་རྗེའི་མཆོག་ཏུ་ངེས་པས་སྟོང་གསུམ་གྱི་འགྲོ་བ་མ་ལུས་པས་སྲོག་བཏོན་པ་བས་ཀྱང་བསོད་ནམས་འདི་ཉིད་འབུམ་གྱི་ཆར་ཡང་མི་ཕོད་དོ། །ཞེས་ཉེ་བར་བསྐུལ་ཏོ། །དེ་ལྟར་སེམས་དཔའ་ཆེན་པོ་བློ་གྲོས་ཐབས་ལྡན་དང་ཆོས་ཀྱིས་མཐོ་བའི་གནས་ན་འདུས་པའི་རྒྱལ་བ་མ་ལུས་པ་ལ་བསྐུལ་ཞིང་། དྲག་པོའི་ལས་ཀྱི་བསོད་ནམས་ཀྱི་ཚད་དང་བཅས་པས་བསྐུལ་བ་ནི་དོན་གྱིས་དེར་འདུས་པའི་འཁོར་གྱིས་ཤེས་པར་བྱ་བ་དང་། གསང་བ་འབྱུང་བའི་སྒོ་དབྱེ་བ་དང་། གདུལ་བྱ་དཔྱང་ཐག་ཆད་པའི་རུ་ཏྲ་ཉིད་ཡལ་བར་མི་འདོར་བའི་ཕྱིར་རོ། །དོན་འདིས་ན་འཁོར་བ་ཐོག་མ་ཐ་མ་མེད་པར་གསང་བ་འབྱུང་བའི་སྐབས་སུ་གསང་བདག་ཉིད་དང་། བསྐུལ་བའི་གོ་ཆ་བློ་གྲོས་ཐབས་ལྡན་ཞེས་པའི་མཚན་འབའ་ཞིག་ཏུ་གྲགས་པ་ལ་འགལ་བ་མེད་པར་འགྱུར་རོ། །འདིར་ནི་གསང་བདག་གིས་འདས་པའི་དུས་ཀྱི་ལོ་རྒྱུས་བརྗོད་པར་ཟད་དོ། །དེ་བས་ན་ཕྱིས་ཀྱང་གསང་བདག་དང་ལང་ཀས་གསང་སྔགས་འབྱུང་བ་ལ་ཐེ་ཚོམ་མེད་དོ། །དེ་ལྟར་ཡིན་ན་གསང་བདག་གིས་གསང་སྔགས་ཀྱི་བསྟན་པ་མ་ལ་ཡའི་རྩེར་འདུས་པའི་འཁོར་ལ་བཤད་པ་དང་སྲིན་པོ་མ་ལ་ཡར་བབ་པ་གཉིས་གལ་ཏེ་དུས་གཅིག་ན་ནི་བྱུང་ཚུལ་ཡང་བཅུ་གཅིག་ཏུ་འགྱུར་ལ། བསྟན་པ་གཅིག་ལ་དུས་གཉིས་སྨོས་པ་ལའང་དགོས་པ་མེད་པར་འགྱུར་རོ། །དེ་སྟེ་མིན་ཏེ་ཐ་དད་ཡིན་ན་དུས་གཅིག་ལ་གསང་སྔགས་ལན་གཉིས་འབྱུང་བར་འགྱུར་རོ། །དེ་མ་ཡིན་ན་གཉིས་ཀ་བསྐལ་པ་འདི་ལ་མ་ལ་ཡར་འབྱུང་བའང་འགལ་ལོ་ཞེ་ན། དེ་དག་ནི་ཐོག་མ་དང་ཐ་མ་མེད་པར་སྨོས་པ་ལས་འདིར་འདས་པའི་དུས་རུ་ཏྲ་བཏུལ་བ་དང་། གསང་བ་འབྱུང་བ་དང་། ཇི་ལྟར་གསུངས་པའི་ཚུལ་རྣམས་ལོ་རྒྱུས་སུ་སྨོས་པས་དུས་འདིར་ཡང་འབྱུང་སྟེ། གོང་དུ་བཤད་པ་དེ་དག་དུས་གཅིག་པར་འོག་ནས་འཆད་པར་འགྱུར་ཏེ། དགོས་པ་རེ་རེའི་ཕྱིར་བྱུང་ཚུལ་བཅུ་གཉིས་ཐ་དད་དུ་བསྟན་ཀྱང་གསང་བ་མཆོག་གི་བསྟན་པ་ནི་བསྐྱར་ཞིང་མ་གསུངས་ཏེ་འགལ་བ་མེད་པར་ཤིན་ཏུ་གསལ་བས། ལེའུ་ཉེར་བདུན་པ་ལས། སྤྲུལ་པ་རྡོ་རྗེ་འཛིན་རྒྱལ་པོ། །སྔར་བྱུང་རྒྱལ་ཚབ་སྐྱེས་བུ་ཡིས། །ལྷ་གནས་གསུམ་དུ་གྲགས་པ་ཡི། །གསང་མཛོད་ཆེན་པོ་དམ་པའི་ལུང་། །གསང་བ་འཛིན་པའི་བདག་པོ་མཛད། །ཅེས་པ་ལ་སོགས་པས་ཐེ་ཚོམ་གྱི་ཁོ་ཐག་ཆོད་དེ་ལུང་ཆེན་ཆེ་བ་བདུན་ལྡན་ལ་གཞན་དྲིང་མི་འཇོག་པས་ངེས་ཤེས་རྙེད་དོ། །གཉིས་པ་ལ་གཉིས་ཏེ། ལས་ཀྱི་སྐོས་རྒྱལ་བ་རྣམས་ལ་བསྐུལ་བ། བསྐུལ་བ་བཞིན་དུ་མཛད་པའོ། །དང་པོ་ལ་ལྔ་སྟེ། རྒྱལ་བ་རྣམས་ཀྱིས་རྡོ་རྗེ་འཛིན་པ་ལ་ཐུལ་ཞིག་པར་བསྐུལ་བ། ཐུགས་རྗེ་སྐྱེས་ནས་ཞལ་གྱིས་བཞེས་པ། རྡོ་རྗེ་འཛིན་པས་སོ་པ་ལ་བསྐུལ་པ། རྡོ་རྗེ་སེམས་དཔའ་རྟ་མགྲིན་བསྐུལ་ཞིག་པར་ཞུས་པ། རྒྱལ་བ་ཀུན་ལ་ཁམས་གསུམ་ཡོངས་སྒྲོལ་གྱི་དགོངས་བ་མཛོད་ཅིག་པར་བསྐུལ་བའོ། །དང་པོ་ནི། དེ་ནས། ཞེས་པ་ནས། ཞེས་ཡོངས་སུ་བསྐུལ་བས། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐར་པའི་གཡོག་དན་ཕག་དུས་འཛིན་དུ་བཅུག་པ་དེ་ཉིད་ཀྱིས་ངེས་པ་རྙེད་དེ་གནས་གྱུར་པ་རྒྱལ་ཚབ་སྐྱེས་བུ་དམ་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འམ་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དུ་སྣང་བར་གྱུར་པ་དེ་ཉིད་ལ་རུ་ཏྲ་ཐུལ་ཞིག་པར་བཀའི་ལས་གཉེར་གཏད་དེ་ཡོངས་སུ་བསྒོ་བར་མཛད་པ། རྒྱལ་བ་ཀུན་གྱི་གསང་བའི་མཛོད་གསུམ་མཐའ་དག་ལ་དབང་བསྒྱུར་ཏེ་འཛིན་པར་མཛད་པ་སྤྱིར་གདུལ་བྱ་ཡོངས་ལ་ཐུགས་རྗེ་མཆོག་གི་བདག་པོ་ཁྱད་པར་དུ་གཉིས་མེད་དོན་གྱི་ཡེ་ཤེས་མི་ཕྱེད་པར་འཆང་ཞིང་གསང་བའི་མཛོད་ཀུན་འཛིན་པ་དང་ཐུགས་རྗེ་འཆར་བའི་རྟགས་སུ་ཕྱག་ན་རྡོ་རྗེ་འཛིན་པ་དྲག་པོ་རྔམ་པའི་ཆ་བྱད་ཀྱིས་གདུག་པ་ཐམས་ཅད་འདུལ་བའི་བརྟུལ་ཞུགས་ཆེན་པོ་ཅན་ཕྱི་ནང་གི་འཛིན་པ་མཐའ་དག་འཇོམས་པའི་དཔའ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་བླར་གྱུར་པ་ཁྱོད་ཀྱིས་སྔོན་གྱིི་སྨོན་ལམ་དང་ཐུགས་རྗེའི་སྟོབས་ཀྱི་གོ་ཆ་ཆེན་པོའི་མཐུས། འདས་པའི་སངས་རྒྱས་ཀུན་དང་ད་ལྟར་གྱི་སངས་རྒྱས་ཐམས་ཅད་ཀྱི་རྔམ་བརྗིད་འབར་བའི་ཕྲིན་ལས་ཀྱི་མངའ་བདག་གདུལ་དཀའ་དྲག་པོ་ཐམས་ཅད་འདུལ་བར་མཛད་པ་བདུད་ཀྱི་ཚོགས་རྣམས་འཇིགས་པར་བྱེད་པས་བདུད་ཀྱི་རྗེ་བོ་སྟེ་བདུད་རྣམས་འཇོམས་པར་མཛད་པའི་སེམས་དཔའ་ཆེན་པོ་དགོངས་པ་དབྱིངས་ལས་མི་འགྱུར་བའི་རྟགས་སུ་ཁ་དོག་སྔོན་པོ་བཻ་ཌཱུརྱའི་རི་བོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟར་གཟི་བྱིན་ཆེ་ཞིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཐུགས་རྗེ་ཆེན་པོའི་ངང་ལས་ཁྲོ་བོར་བཞེངས་པའི་སྐུ་ཆེ་ལ་ཡན་ལག་རགས་པས་འཇིགས་སུ་རུང་བའི་དཔའ་བྱད་ཅན་སྐུ་གཏུམ་ཞིང་གསུང་རྔམ་ལ་ཐུགས་འཁྲུག་པའི་རྣམ་པ་ངོ་བོ་ཆོས་ཉིད་དབྱིངས་ཀྱི་སྣང་བ་ཡིས་དུར་ཁྲོད་ཀྱི་བདག་པོ་འཁོར་བཅས་རབ་ཏུ་ཆོམས་ཤིག །ཅེས་ཡོངས་སུ་བསྐུལ་བས་ན་དོན་འདི་ཉིད་ཀྱིས་གསང་བདག་ཏུ་མངོན་ནོ། །གཉིས་པ་ལ་གཉིས་ཏེ། ཐུགས་རྗེ་སྐྱེས་པ། གདུལ་བར་ཞལ་གྱིས་བཞེས་པའོ། །དང་པོ་ནི། སྐྱེས་བུ་རྡོ་རྗེ། ཞེས་པ་ནས། ཐུགས་རྗེས་གདུང་བ་ནི། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བསྐུལ་བ་གསན་ནས་སྔོན་གྱི་གོ་ཆའི་དབང་གིས། སྐྱེས་བུ་རྡོ་རྗེ་འཛིན་པ་དེ་ཡིས་ཞལ་གྱིས་བཞེས་ཏེ་གཟིགས་པར་མཛད་པ་ན། ལྷ་དང་བཅས་པའི་འཇིག་རྟེན་འདི་རྣམས་འབྱུང་པོའི་རྒྱལ་པོས་དབང་དུ་བྱས་ནས་སྒོ་གསུམ་ཤིན་ཏུ་ཡང་གཏུམ་རྔམ་འཁྲུག་པ་དེས་ལྷ་མིའི་འཇིག་རྟེན་གྱི་དགེ་བའི་སྲིད་བརླག་ལ་ཁྱད་དུ་གྱུར་ཏེ། ལུས་ཀྱི་བཞིན་གྱི་མདངས་ཀྱང་མི་གསལ་བར་སེམས་ཀུན་ཏུ་མོག་མོག་པོར་གྱུར་ནས། སྤྲིན་སོགས་ཀྱི་དབང་གིས་དུས་མ་ཡིན་པའི་མུན་པར་ཡང་མུན་ནག་སྨག་ཏུ་གྱུར་པས་འཐིབས་ཤིང་ཚ་བ་དང་གྲང་བའི་ནད་དང་རིམས་དྲག་པོ་སོགས་ངེས་པར་སྲོག་འཕྲོགས་པའི་མི་ངས་པའི་ནད་རིགས་སྣ་ཚོགས་ཀུན་ཏུ་རྒྱས་པ་དང་། རླུང་དམར་དང་འབྲུག་གི་སྒྲ་དང་ཆར་དང་སེར་བ་དྲག་པོ་འབབ་པ་དང་། རྣག་ཁྲག་རྡོལ་བའི་སྡུག་བསྔལ་སྐྱེད་པས་རྡོ་དང་མཚོན་ཆའི་ཆར་ལ་སོགས་པ་དུས་མ་ཡིན་པར་ཀུན་ཏུ་བྱུང་ལ། དྲེགས་པའི་མཐུས་ཕྱི་ནང་གི་སྐྱེ་བ་ལོག་ཅིང་ལོ་ཉེས་པ་ལ་སོགས་པ་འབྱུང་བས་འབྲས་བུ་དུས་སུ་སྐྱེ་བའམ་དང་པོར་སྐྱེ་བ་དང་སྨིན་པ་ལོགས་པས་དེའི་དབང་གིས་འཚོ་བའང་ལོག་པར་འགྱུར་བ་གཟིགས་ཏེ། དེ་ལྟར་གདུག་པ་སྣ་ཚོགས་ཀྱིས་མནར་བའི་སེམས་ཅན་རྣམས་དྲེགས་པའི་སྟོབས་ཀྱིས་ཤིན་ཏུ་ཉམ་ཐག་ཅིང་གདུང་བར་འགྱུར་བས་སྤྱིར་ཁམས་གསུམ་པོ་རུ་ཏྲའི་དབང་དུ་སོང་བ་དང་། སྒོས་སུ་རུ་ཏྲ་རང་ལམ་ལོག་པར་འཕྱན་པའི་མགོན་མེད་པ་ཡི་འཇིག་རྟེན་དེ་ཉིད་སྡུག་བསྔལ་གྱིས་ཉམ་ཐག་པར་མཁྱེན་ཏེ་ཐུགས་སུ་ཆུད་པས་མི་གཡོ་བའི་ངང་ལས་མི་འགོག་པའི་ཐུགས་རྗེས་གདུང་བར་མཛད་པའི་ཁྱད་པར་ཤིན་ཏུ་འབྲེལ་བའི་བརྩེ་བ་སྟེ་དྲག་པོའི་གནས་སྐབས་སུ་ངེས་པས་ཤིན་ཏུ་ཁྲོས་པའི་ཚུལ་གྱིས་དགོངས་པ་ནི། ཞེས་པའོ། །ནང་ལྟར་ན། ཤེས་རབ་ཀྱིས་གཟིགས་པ་ན་ལྷར་བཅས་འཇིག་རྟེན་ཐམས་ཅད་རྟོག་བདག་ཏུ་འཛིན་པས་དབང་དུ་བྱས་ཏེ། སྒོ་གསུམ་པོ་ཟག་བཅས་སུ་གྱུར་ནས་རང་གི་སྙིང་པོ་མ་བྲལ་བཞིན་དུ་མི་མངོན་པར་བརླག་ལ་ཁད་དུ་སོང་བས་སེམས་ཀྱི་ཆོས་ཉིད་མི་གསལ་ཞིང་ལྷན་སྐྱེས་ཀྱིས་མ་རིག་པས་རྨོངས་ནས། དད་བརྩོན་དང་ཤེས་རབ་ཆེན་པོས་ལེགས་པར་བརྟགས་ན་གཟུང་འཛིན་དོན་ལ་མེད་པས་དུས་མ་ཡིན་པར་ཀུན་བརྟགས་ཀྱི་མུན་པ་སྣ་ཚོགས་པར་འཐིབས་ནས་ཞེ་སྡང་དང་འདོད་ཆགས་ཀྱི་ཚ་གྲང་གི་ནད་དང་རྩ་བ་དང་ཉེ་བའི་ཉོན་མོངས་ཀྱི་རིམས་དྲག་པོ་འཚིག་པ་དང་འཁོན་འཛིན་སོགས་གོང་དུ་འཕེལ་བས་རྒྱས་ཤིང་གཡོ་སྒྱུ་དང་འཆབ་པ་སོགས་ཀྱིས་ངག་གི་བཞི་སོགས་ལས་སྣ་ཚོགས་བསླང་སྟེ་ཆར་ལྟར་བབ་པས་རྣམ་པར་སྨིན་པ་སྐྱེ་བ་དང་གནས་པ་དང་། ཚེ་ཚད་ལོག་པར་གྱུར་ཏེ་སྲིད་པར་ཉམ་ཐག་པ་དེ་ཡང་དག་པར་མཁྱེན་ནས་ཐབས་ཀྱིས་བསྒྲལ་ཏེ་བྱང་ཆུབ་དོན་དུ་གཉེར་བའོ། །གཉིས་པ་ནི། ཚིགས་བཅད་ལྔའི་འོག་ནས། མེད་ལ་ཀུན་འབྱུང་། ཞེས་པ་ནས། ཉིད་ལ་དགོད་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དངོས་པོར་མེད་ལ་ཀུན་འབྱུང་བའི་སྟོང་ཉིད་ཆེན་པོ་ངོ་བོ་ཉིད་སྐུའི་ངང་ལས་ཡེ་ཇི་བཞིན་པའི་རང་སྣང་མངོན་དུ་བྱས་པ་ཡི་རྒྱལ་བ་ཆོས་ཀྱི་སྐུ་དང་། ལྷུན་རྫོགས་སྟུག་པོ་བཀོད་པའི་ཞིང་ཁམས་ན་རྒྱུད་རྣམ་པར་དག་པའི་ལམ་དུ་གཤེགས་པས་ལོངས་སྐུ་ལས་སྲིད་པ་གསུམ་གྱི་ཁམས་སྦྱོང་བར་མཛད་པས་རྒྱལ་བ་སྤྲུལ་པའི་སྐུའི་སངས་རྒྱས་རྣམས་ཞེས་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་དང་སྟུག་པོ་བཀོད་པའི་རྒྱུད་དག་པའི་རྒྱལ་བ་རྣམས་ལ་བོས་ནས། གསང་བའི་བདག་པོ་རྡོ་རྗེ་འཛིན་པ་བདག་ནི་གདུག་པ་འདུལ་བ་དང་གསང་བ་སྟོན་པ་ལ་སོགས་པ་རྒྱལ་བའི་ཕྲིན་ལས་རིལ་གྱི་བྱེད་པ་པོ་ཡིན་པས་བཀའ་ཡི་ལས་མཁན་མཆོག་ཏུ་ངེས་ཏེ། དེས་ན་བཀའ་ཡི་ལས་ཀྱི་དུས་སྐབས་ལ་སྐབས་ལ་བབ་པ་ད་ལྟར་བྱུང་བས་ན། བདག་གིས་དེང་འདིར་བགྱིའོ་ཞེས་ཞལ་གྱིས་འཆེས་པའི་དོན་གྱིས་ཆོས་སྐུ་དང་གཟུགས་སྐུའི་སངས་རྒྱས་རྣམ་གཉིས་ལ་ཡོངས་སུ་རྫོགས་པར་བསྐུལ་ཏེ། སངས་རྒྱས་ཀུན་གྱི་གདུལ་བྱ་གདུལ་བར་དཀའ་བ་དེ་དག་ལ་དྲག་པོའི་སྟོབས་ཀྱིས་དོན་མཛད་པར་བསྐུལ་བ་ལྟར་གདུལ་བྱ་མ་ལུས་ཐམས་ཅད་བདག་གིས་གདུལ་ལ། སྲིད་པ་ལས་མ་གྲོལ་བ་ཡང་བདག་གིས་དགྲོལ་ཞིང་གང་བག་ཆགས་ཀྱིས་ལས་མ་བསྒྲལ་བ་ཡང་བདག་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོས་བསྒྲལ་ནས་ངན་འགྲོའི་གནས་ལས་དབུགས་མ་ཕྱུང་བ་ཡང་དབུགས་ཕྱུང་སྟེ་ཡང་དག་པའི་འབྲས་བུ་ཉིད་ལ་དགོད་པར་བྱའོ། །གསུམ་པ་ནི། སྔར་གྱི་འཕྲོར། རབ་ཏུ་རྔམ་པའི། ཞེས་པ་ནས། བྱ་སྦྲོན་ཐོང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཕྱག་ན་རྡོ་རྗེ་རབ་ཏུ་རྔམ་པའི་བརྟུལ་ཞུགས་ཅན་གྱིས། གསུང་རྡོ་རྗེ་ཆོས་ཀྱི་སྤྲུལ་པ་དཔལ་ལྡན་རྟ་ཡི་གདོང་ངམ་རྟ་མགྲིན་ལ་གདུག་པ་ཅན་གཞོམ་པའི་བཀའ་ལུང་དབང་དང་དྲག་པོ་གཉིས་ལས་དབང་གིས་འདུལ་བའི་ཕྱིར་དུས་ཚོད་གཟུང་བར་གྱིས་ཤིག་པར་རྡོ་རྗེའི་ཚིག་ཏུ་འདི་སྐད་དུ་བསྐུལ་ལོ། །ཁྲོ་བོ་རྟ་མགྲིན་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་བདག་ཉིད་ངག་གི་དབང་ཕྱུག་ཡིན་པས་རྟའི་འདུར་གླུ་དང་བཅས་པས་དྲེགས་པ་འཇོམས་པའི་ཞལ་ལམ་རྡོ་རྗེའི་གདོང་ཅན་ཁྱོད་ཀྱིས་ལང་ཀའི་ཡུལ་གྱི་གྲོང་རྡལ་གྱི་དབུས་ཀྱི་རི་བོ་མ་ལ་ཡ་ཞེས་བྱ་བ་ཀོ་ཀ་ཐང་དམར་རྒྱ་མཚོའི་ངོ་ཡི་དོ་ལ་ཆེན་པོ་དྲག་ཤུལ་ཡོད་པའི་རྩེ་མོ་ལ་དོང་ནས། ཆོས་ཉིད་མ་འགག་པའི་རྡོ་རྗེ་ཐབས་ཀྱིས་བྱ་ར་མཛད་ཅིང་ལྟ་བའི་ཡུལ་ནི་དུར་ཁྲོད་ཀྱི་བདག་པོ་དྲེགས་པ་འཁོར་ཚོགས་དང་བཅས་པ་མི་ལ་ཤ་ཁྲག་ཡོད་པས་གསོད་ཅིང་དུད་འགྲོ་དང་ལྷ་མིན་ཡང་དེ་དང་འདྲ་བས་སྲོག་ཆགས་མང་པོའི་སྲོག་འཕྲོགས་པས་མི་ངས་སྐྱམ་ལིང་ཆེན་པོ་རྔོན་བྱེད་པ་ལ་སོང་ནས་སྐབས་ལ་བབ་པའི་དུས་སུ་རྒྱལ་བ་ཐུགས་རྗེ་ཆེན་པོ་ཁམས་གསུམ་གྱི་གྲོང་ཁྱེར་གྱི་མགོན་པོ་གདུག་པ་འཇོམས་པའི་རྡོ་རྗེའི་དགོངས་པ་མངའ་བ་རྣམས་ལ་བྱ་བཏང་བ་དང་སྦྲོན་པ་ཐོང་ལ་དུས་ལ་བབ་པའི་བསྐུལ་བ་གྱིས་ཤིག་པའོ། །བཞི་པ་ནི། ཅིས་ཀྱང་མི་བསྐྱོད། ཅེས་པ་ནས། སྤྱོད་པ་མཛོད། །ཅེས་པའི་བར་གྱིས་བསྟན་ཏེ། མཐའ་ཡི་རྟོག་པ་ཅིས་ཀྱང་མི་བསྐྱོད་པས་མི་འཁྲུགས་པ་ཞེས་བྱ་བའི་རྡོ་རྗེ་སེམས་དཔའ་ཡེ་ཇི་བཞིན་པ་དང་རྒྱུད་དག་པའི་སངས་རྒྱས་ཀུན་གྱི་རང་བཞིན་དངོས་སུ་ན་རྡོ་རྗེ་སེམས་དཔའ་དེ་བཞིན་ཉིད་རྡོ་རྗེ་སྙིང་པོ་ཞེས་བྱ་བ་སྲིད་པ་གསུམ་གྱི་མགོན་པོ་ཁྱེད་ཀྱིས་ཆོས་ཀྱི་སྐུ་སྟོང་པ་ཆེན་པོའི་ནམ་མཁའ་ལ་ལོངས་སྤྱོད་རྫོགས་སྐུ་ཞི་བ་ལས་ཁྲོ་བོར་བཞེངས་ཏེ་འབར་བ་ཆེན་པོའི་གར་དགུར་མཛོད་ལ་མཐུ་ཡིས་བསྟངས་ནས་རྟ་མགྲིན་སོ་ལ་བསྐུལ་ཞིག་ཐུགས་རྗེ་སྤྲུལ་སྐུ་མ་ལ་ཡའམ་གདུལ་བྱའི་ཞིང་གི་ས་ལ་གཤེགས་པར་མཛད་ནས་ཀྱང་། གདུལ་བྱ་དང་མཐུན་འཇུག་གི་མཛད་པ་དཔལ་རྡོ་རྗེ་གཞོན་ནུའི་རོལ་གར་བྱིས་པའི་སྤྱོད་པ་དང་འདྲ་བར་སྟོན་པ་ལ་གཉིས་སུ་མེད་པའི་དགོངས་པ་མཛོད་ཅིག །ལྔ་པ་ནི། འོག་ནས། དགོངས་པ་གསང་བ། ཞེས་པ་ནས། དྲག་ཏུ་བསྐུལ་བ་ལས། ཅེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་མ་ལུས་པ་རིལ་གྱི་དགོངས་པ་གསང་བ་ཀུན་ཡོངས་སུ་འདུས་པ་གསང་སྔགས་ལུང་གི་རྒྱུད་ཆེན་པོ་འདི་ཉིད་སྟོན་པའི་རྨད་དུ་བྱུང་བ་གསང་བའི་དཀྱིལ་འཁོར་གྱི་རྒྱལ་བ་ཐུན་མོང་མ་ཡིན་པ་ཐམས་ཅད་ཀྱིས་མཐའ་ཐུག་པ་མེད་པའི་སེམས་ཅན་རྣམས་ཡང་གསང་ངེས་དོན་དམ་པའི་དོན་གྱི་གཏེར་ཤེས་རབ་ཆེན་པོས་རྟོགས་སུ་ཆུག་ལ་སྙིང་པོ་བྱང་ཆུབ་ལ་བསྐུལ་ཏེ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་ས་ལ་འགོད་པའི་ཐབས་ཀྱི་བྱིན་རླབས་སྣང་བར་ངེས་པའི་གསང་བ་ཟབ་མོ་སྟོན་པའི་དགོངས་པ་མཛོད་ཅིག་ཅེས་རྡོ་རྗེ་འཛིན་པ་དེས་དྲག་ཏུ་བསྐུལ་བ་ལས། གཉིས་པ་ལ་བཞི་སྟེ། རྡོ་རྗེ་སེམས་དཔས་རྟའི་ཚོགས་ལ་བསྐུལ་བ། རྟ་མགྲིན་སོ་ལ་གཤེགས་པ། རྒྱལ་བ་རྣམས་ཀྱིས་ཁམས་གསུམ་ཡོངས་སྒྲོལ་གྱི་དགོངས་པ་མཛད་པ། བདུད་བཏུལ་བའི་སྦྱོར་བ་མཛད་པའོ། །དང་པོ་ནི། ཆོས་ཀྱི་དབྱིངས་ཀྱི། ཞེས་པ་ནས། ཞེས་དྲག་ཏུ་བསྒོ་བས། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་བསྙུལ་བར་མཁྱེན་ནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔས་འགྲོ་འོང་མེད་པར་རང་བྱུང་གི་ཡེ་ཤེས་ཆེན་པོའི་མེ་དཔུང་མཐའ་དང་གདུག་པ་སྲེག་པས་དུས་མཐའི་བསྐལ་པའི་མེ་ཀློང་ལྟར་འབར་བའི་ཐུགས་རྗེའི་སྤྲིན་དཔུང་ནམ་མཁའི་མཐའ་ཀླས་པར་གཏིབས་ནས། ཞེས་པའི་ཚིག་འདིས་ཧེ་རུ་ཀའི་སྐུ་ཐམས་ཅད་སྐབས་འདིར་སྣང་བར་བྱས་པ་ཡིན་ནོ། །དེ་ལྟར་འབར་བ་ཆེན་པོའི་གར་དགུའི་མངོན་སྤྱོད་དུ་སྣང་བར་མཛད་ནས། རྡོ་རྗེ་རྟའི་ཚོགས་ལ་བཀས་བསྒོ་བ། སོ་མཐའ་ལ་སོང་ཞིག་འཇིག་རྟེན་ཀུན་ཏུ་རབ་ཏུ་ངེས་པར་སོང་ཞིག །དེའི་ཚུལ་ནི་སྒེག་པོ་དཔའ་བོ་ལ་སོགས་པ་ལེའུ་ཉེར་བདུན་པ་ལས་འཆད་པ་ལྟར་ཁམས་གསུམ་ས་དགུ་ལས་བསྒྲལ་བའི་ཕྱིར་རྟ་ཡི་རྡོ་རྗེའི་སྟབས་དགུ་ཡིས་གདུལ་བྱའི་འཇིག་རྟེན་ཤེས་རབ་ཀྱི་བློ་གྲོས་རབ་འབྲིང་ཐ་མ་དགུའི་རང་རང་གི་འདོད་པ་ལྟར་ཐེག་པ་དགུའི་ཆོས་སྟོན་ཅིག །འཇིག་རྟེན་གྱི་རུ་ཏྲ་ནག་པོོ་གཏུམ་པའི་ཚོགས་རྣམས་དུར་ཁྲོད་དུ་སྲོག་ཆགས་གསོད་པའི་སྐྱམ་ལིང་གི་རྔོན་པའི་སྤྱོད་པ་ལ་སོང་བའི་ཚེ་ན་རྡོ་རྗེ་རྟོག་པའི་བྱ་ར་གྱིས་ལ་དུས་སུ་སྒྲོན་པར་གྱིས་ཤིག །ཐུགས་དམ་གནད་ནས་བསྐུལ་ཏེ། སྤྱན་རས་ཀྱིས་འཁོར་བ་མཐའ་དག་མ་བསྒྲལ་བའི་བར་དུ་འདི་ལྟར་གཟིགས་ནས་དོན་བྱ་བར་དམ་བཅས་པའི་གོ་ཆ་ཆེན་པོ་གྱོན་པ་ཡི་ཐུགས་རྗེའམ་སྙིང་རྗེ་ཆེན་པོའི་རྒྱུས་རྟོག་ཅིང་འཇུག་པའི་ཚུལ་དག་གིས་སྤྱིར་འཁོར་བའི་འགྲོ་བ་རྣམས་ལ་བྱ་ར་མཛད་དེ་རྒྱུ་འབྲས་ཀྱི་ཐེག་པ་གང་ལྟར་སྤྱོད་པའི་སྐལ་བ་ལྟར་སྟོན་ཅིང་འགྲོ་བ་བདེ་བར་གྱིས་ཤིག །ཁྱད་པར་དུ་སྐབས་ཀྱི་དྲེགས་པ་ཅི་བྱེད་པའི་སོ་མཐའ་ཐག་ཆོད་པར་གྱིས་ཤིག །ཅེས་དྲག་ཏུ་བསྒོ་བས། གཉིས་པ་ནི། རྡོ་རྗེ་ཆོས་རབ། ཅེས་པ་ནས། སྤྱན་རས་གཟིགས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བསྐུལ་བས་སྤྱན་རས་གཟིགས་རྡོ་རྗེ་ཆོས་རྟའི་གདོང་ཅན་དེ་ཉིད་རབ་ཏུ་དགྱེས་ནས་རྒྱལ་བ་རྣམས་ཀྱི་བཀའ་བཞིན་ཆོས་ཀྱི་འཁོར་ལོ་བསྐོར་བར་དགོངས་ཤིང་གདུལ་བྱ་ལ་རྟག་ཏུ་སྤྱན་རས་གཟིགས་ཤིང་འཚོ་བ་ནི་དབང་གི་རིགས་ཏེ་རྡོ་རྗེ་ཐུགས་ཀྱི་སྤྱན་མཆོག་དེ་ཡིས་རབ་ཏུ་གཟིགས་ཏེ་རྡོ་རྗེ་གསུམ་གྱི་སྒོ་ནས་གསུང་གི་གསང་བ་ཆགས་མེད་སྐྱོན་བྲལ་པདྨོ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་རབ་ཏུ་དགའ་ཞིང་དགྱེས་པ་ཡིས་སྐུ་མངོན་དུ་སྣང་བར་མཛད་དེ་ངག་གི་དབང་ཕྱུག་སྤྲུལ་པའི་ཚོགས་དེ་ལྟ་བུ་མང་པོས་སྐབས་དང་མཐུན་པར་གང་ལ་གང་འདུལ་དུ་ཆོས་སྟོན་པའི་ཕྱིར་བྱང་ཆུབ་ཆེན་པོ་སྐད་ཅིག་གིས་ནོན་ཞིང་མྱུར་བར་བགྲོད་པའི་ཅང་ཤེས་ཀྱི་གཙོ་བོའི་རྫུ་འཕྲུལ་དང་ལྡན་པས་ཤེས་བྱ་གང་ལ་ཡང་མ་རྨོངས་པར་བྱོལ་སོང་གི་རྒྱལ་པོ་རྟ་ཡི་སྟབས་ཆེན་པོ་དགུ་ཡི་རྫུ་འཕྲུལ་གྱིས་སྐལ་བ་དང་འཚམས་པར་དོན་མཛད་ཅིང་། རུ་ཏྲ་དབང་དུ་སྡུད་པའི་ཕྱིར། རྡོ་རྗེ་རྟ་ཡི་གདོང་ཅན་དཔལ་རྟ་མགྲིན་གྱི་སྤྲུལ་པའི་ཚོགས་ཀྱིས་ནམ་མཁའི་ཁམས་ཀུན་ཡོངས་སུ་བཀང་བར་མཛད་པ་ནི་དྲེགས་པའི་སྣང་བ་སྟེ་དེ་ནས་སྤྲུལ་པ་དེ་རྣམས་ཀྱིས་སྲིན་པོའི་གནས་མ་ལ་ཡ་ཡི་རིའི་རྩེ་ལ་སོ་བྱ་བར་ལྷགས་ཏེ་སྐད་ཅིག་གིས་བྱོན་ནས་ཡུན་འཁོར་བ་མ་སྟོངས་ཀྱི་བར་དུ་ནི་ཐུགས་རྗེ་ཆེན་པོའི་དབང་གིས་མི་རྟོག་བཞིན་དུ་སྤྱན་རས་ཀྱིས་གཟིགས་ཤིང་བྱ་ར་མཛད་དེ་སྤྱི་དང་བྱེ་བྲག་ལ་དགོངས་པའོ། །གསུམ་པ་ནི། སྟུག་པོ་བཀོད་པའི། ཞེས་པ་ནས། ཆེན་པོར་དགོངས། །ཞེས་པའི་བར་གྱིས་བསྟན་ཏེ། དེའི་དུས་སུ་འོག་མིན་སྟུག་པོ་བཀོད་པའིི་ཞིང་གི་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་རྒྱལ་བ་ཇི་སྙེད་པ་ཡང་རྟའི་ཚོགས་དང་དགོངས་པ་མི་གཉིས་པར་ངོ་བོ་ཆོས་ཉིད་མི་འགག་པའི་གསང་བ་གཅིག་ཏུ་འདུས་པས་བདུད་བཏུལ་བ་དང་ཁམས་ཀྱི་གྲོང་ཁྱེར་གསུམ་པོ་ཀུན་གཉིས་མེད་ཀྱི་ངང་དུ་ཡེ་སྒྲོལ་ཏེ་ཡེ་ཤེས་ཆེན་པོ་གཟུང་འཛིན་ང་བདག་གི་རང་བཞིན་གཞི་མེད་ཡེ་དག་ཏུ་གྲོལ་བས་བྱང་ཆུབ་སྙིང་པོར་ཡང་དག་པར་དགོད་པའི་དགོངས་པ་མཛད་དེ། ཆགས་སྡང་གཏི་མུག་གི་དུག་གསུམ་པོ་ས་བོན་རྩ་བ་ནས་ཟད་ཅིང་གཏན་སྤྲུགས་སུ་གཅོད་པའི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པར་མཛད་ནས། གནས་གཅིག་ཏུ་ཡང་ཡང་འཁོར་བའི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཆོས་ཉིད་མཉམ་པ་ཆེན་པོའི་ངང་དུ་རྣམ་པར་མི་རྟོག་པའི་སྤྱན་རས་ཀྱིས་གཟིགས་སོ། །གང་སྒོ་གསུམ་གདུང་བའི་ངོ་བོ་ཉིད་ཀྱང་ནམ་མཁའི་འཇའ་རླན་དང་འདྲ་ཞིང་ལམ་གཞན་དུ་མ་དམིགས་པ་དེ་ཉིད་ཀྱི་དོན་ལ་རྟོགས་པ་གདེང་ཆུད་པས་མཐར་ཕྱིན་པའི་ཕྱིར་སྡུག་བསྔལ་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་རང་གྲོལ་བར་མཛད་ཅིང་། དགེ་སྡིག་གམ་སྨད་པར་བྱ་བའི་ལས་ཉིད་ཀྱང་རིལ་བྱང་ཆུབ་སེམས་ཀྱི་མཛད་པ་ལས་ཐལ་བ་མེད་པས་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཆེན་པོ་རང་གསལ་བར་འགྲེལ་བའི་ཕྱིར། དེས་བསྐྱེད་པའི་རྣམ་པར་སྨིན་པའི་འབྲས་བུ་ལོག་པའི་སྒོ་གསུམ་པོའང་ཡེ་མ་དམིགས་པས་སུན་ཕྱུང་སྟེ་རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་དུ་བྱ་བྱེད་མེད་པར་གསལ་བ་ནི། གློ་བུར་དུ་ལམ་པས་བྱས་པ་མིན་ཏེ། ཡེ་ནས་ཇི་བཞིན་པའི་གནས་ལུགས་མ་བཅོས་མ་བྱས་ཏེ་རྒྱུ་རྐྱེན་དང་བྲལ་བའི་ངོ་བོ་རང་བྱུང་དོན་གྱི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་རྫོགས་པའི་ངང་དུ་དགོངས་པ་དམ་པ་མཛད་དོ། །དེ་ལྟ་བུའི་དོན་ནི་ངོ་བོ་གཉིས་མེད་ལ་དགོངས་པས་གདུལ་བྱའི་སྣང་བ་ལ་རྟའི་ཚོགས་ལ་རྒྱལ་བ་རྣམས་ཀྱིས་མཐུ་བཏང་བ་དང་། དེ་ཉིད་ཀྱི་མཛད་པ་མི་དོར་བའོ། །བཞི་པ་ནི། གསང་བདག །ཅེས་པ་ནས། བྱིས་པར་བསྟན། །ཞེས་པའི་བར་གྱིས་བསྟན་ཏེ། རྟའི་ཚོགས་མ་ལ་ཡའི་རྩེར་སོ་མཛད་པའི་ཚེ་འོག་མིན་གྱི་ཞིང་དུ་དན་ཕག་ཕྱག་ན་རྡོ་རྗེར་གྱུར་པའི་གསང་བདག་རྡོ་རྗེ་འཛིན་པ་ཆེན་པོ་ཡང་ཐུགས་དམ་གྱི་དབང་གིས་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གསུམ་མི་ཕྱེད་པ་ལས་སྤྲུལ་པའི་སྲས་མཆོག་རྡོ་རྗེ་འཛིན་པའི་བཀོད་པ་ལ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་བྱིས་པའི་གཟུགས་ཅན་གྲངས་ལས་འདས་པ་བྱེ་བ་ས་ཡར་སྣང་བར་མཛད་པ་ཇི་སྙེད་པ་ཐམས་ཅད་ཀྱང་དབྱར་གྱི་སྤྲིན་དཔུང་གཏིབས་པ་བཞིན་དུ་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར་ཁྱབ་ཅིང་གང་བར་མཛད་པ་ཡང་། གནས་མ་ལ་ཡ་ཡི་རྩེ་དེ་ལ་ལྷགས་ཏེ་སྲིན་པོའི་སྤྱོད་པ་དང་མཐུན་འཇུག་གི་ཐབས་ཀྱི་ཆ་བྱད་ཅན་དུ་བསྟན་ཏེ་གང་འདིར་ཅིར་ཡང་མི་འགོག་པར་མཛད་པའི་ཕྱིར་བྱིས་པའི་སྤྱོད་པ་དང་མཐུན་པའི་གདུལ་ཐབས་ཀྱི་མཛད་པ་ཡིས་བདུད་ཀྱི་སྤྱོད་ཡུལ་ཀུན་ཀྱང་ཆ་མཐུན་དུ་མཛད་དེ་འཇིག་རྟེན་གྱི་ཁམས་སུ་བྱིས་པའི་སྤྱོད་པར་སྣང་བའི་འཕྲུལ་གྱི་བཀོད་པ་བསྟན་པར་མཛད་དོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། སྤྱིའི་དབང་དུ་ལས་བཞི་ལ་དགོངས་ཀྱང་འདིར་གཙོ་ཆེ་བའི་ངོས་ནས་དབང་དང་དྲག་པོའི་ལས་གཉིས་ཁོ་ན་མཛད་པའི་ཕྱིར་གཅིག་ལ་གཅིག་བསྒོ་བ་དང་། རྟའི་ཚོགས་བསྐུལ་ཏེ་སོ་མཛད་པ་དང་། སྟུག་པོ་བཀོད་པའི་སངས་རྒྱས་རྣམས་ཀྱིས་དགོངས་པ་མཛད་པ་དང་། རྡོ་རྗེ་འཛིན་པས་རྡོ་རྗེ་སྙིང་པོ་ཉིད་ལ་བསྐུལ་ཞིང་ཉིད་ཀྱི་ལས་སོ་སོར་བསྐོས་པའི་དོན་སྟོན་པས་གང་གིས་འདུལ་བའི་ལས་བཞི་རྡོ་རྗེ་སྐོས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པ་རྣམ་པར་བཤད་པའོ།། །།གཉིས་པ་ལ་བདུད་བཏུལ་བ་དངོས་ལ་བརྒྱད་དེ། རུ་ཏྲའི་འཁོར་དང་སྤྱོད་ཡུལ་བསྟན་པ། འཁོར་དང་སྤྱོད་ཡུལ་གཞན་དུ་བསྒྱུར་བ། དེ་ལས་མ་རངས་པའི་རྟོག་པ་སྲིན་མོས་བསལ་བ། ལས་ཀྱི་སྲིན་མོ་ལ་རྡོ་རྗེ་སྲིན་པོའི་སྐུ་འཁྲུངས་པ། དེ་ལ་རུ་ཏྲས་དམག་བསགས་པ། བདུད་བཏུལ་བ་རང་གི་ངོ་བོ། སྨྲེ་སྔགས་བཏོན་ཅིང་ལུས་དང་འཁོར་ཕུལ་པ། རང་རྟགས་སྲོག་གི་སྙིང་པོ་ཕུལ་བས་བྱིན་གྱིས་བརླབས་པའོ། །དང་པོ་ནི། དེ་ནས་མཐུན་འཇུག །ཅེས་པ་ནས། དབང་མོ་བརྐམ་མར་གྲགས། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ནོ། །དེ་ནས་ཞེས་མ་ལ་ཡའི་རྩེར་བྱོན་པ་ལ་སྙེགས་པ་དང་འོག་ནས་འབྱུང་བའི་དོན་འདྲེན་པའི་སྐབས་ཀྱི་འབྲེལ་བའི་ཚིག་སྟེ། རྡོ་རྗེ་འཛིན་པ་ཆེན་པོ་རུ་ཏྲ་དང་མཐུན་འཇུག་གི་ཚུལ་དུ་ཤིན་ཏུ་ཁྲོས་པས་ཧེ་རུ་ཀར་བྱུང་བའི་རྒྱལ་ཚབས་སྐྱེས་བུ་སྤྲུལ་པ་གཞོན་ནུའི་འབྱུང་གནས་དེས། མཐུན་འཇུག་བྱིས་པའི་སྤྱོད་པ་མཛད་པའི་སྤྱན་གྱིས་གང་དུར་ཁྲོད་བདག་པོའི་དངོས་པོ་རྣམས་ཚུལ་ཇི་ལྟར་གཟིགས་ན་འདི་བཞིན་ཏེ། ལས་ཀྱི་དབང་གིས་སྐྱེས་པའི་ཡི་དྭགས་དྲག་པོོ་དེ་ཉིད། འཁོར་བའི་དངོས་པོ་འདམ་མཚན་ལ་སོགས་པ་བཞིས་ནི་རྟག་པར་དབང་དུ་བྱས་པ་ཁོ་ནར་གྱུར་ལ། གདུག་པས་རྣམ་པར་སྨིན་པའི་དངོས་པོ་རུ་ཏྲ་གང་གི་གནས་ཚུལ་ནི། རོ་རུས་བརྩེགས་པས་བམ་རི་ཐོད་པ་མཁར་གྱི་རྩ་བར་འོབས་ཆེན་པོ་ཁྲག་དང་གཅིག་བཤང་བ་དང་གཉིས་གཅི་བ་དང་གསུམ་ཤ་ཆེན་དང་བཞི། རྐང་དང་ལྔ་ཀླད་པ་དང་དེའི་སྲི་ཀླད་རྒྱས་དང་དྲུག་རྣག་དང་བདུན་ཆུ་སེར་དང་བརྒྱད་དེ་ལ་སོགས་ཞེས་པས་དུག་དང་མེ་དང་མཚོན་དང་བཅས་པའི་འདམ་རྣམས་ཀྱིས་ཡོངས་སུ་གང་པའི་འོབས་ཀྱི་ཕྲུ་མས་གྲོང་རྡལ་གྱི་ཚུལ་དུ་ཡོངས་སུ་བསྐོར་ཞིང་། དེའི་ནང་ན་ས་ལ་གནས་པའི་འབུ་དང་སྦྲུལ་ལྟ་བུ་ཤིན་ཏུ་འབུ་ཆེན་པོ་དང་། མཁའ་ལ་གནས་པའི་སྦྲང་མ་དང་སྦྲང་རྒོད་དང་བུང་བ་སྣ་ཚོགས་དང་། གཞན་ཡང་སྦྲུལ་དང་སྡིག་པ་དང་སྡོམ་ལ་སོགས་པ་མང་པོ་དང་། འདབ་ཆགས་ཀྱི་རིགས་ཀང་ཀ་དང་ཁྭ་ངང་རི་སྐེགས་དང་འུག་པའི་ཚོགས་དང་། གཅན་གཟན་གྱི་རིགས། ཅེ་སྤྱང་དང་སྟག་དང་སེང་གེ་ལ་སོགས་པའི་གདུག་པ་ཅན་གྱི་ཚོགས་རྣམས་ཀྱིས་བསྐོར་བར་གྱུར་ལ། ལྷ་ཡི་སྡེ་དཔོན་ཀ་རུ་ནའི་བུ་མོ་དང་ཆུང་མ་དང་མ་དང་སྲིང་མོ་རྣམས་དང་། འཇིག་རྟེན་གྱི་དབང་ཕྱུག་ལྷ་ཆེན་པོ་རྣམས་ཀྱི་མ་དང་སྲིང་མོ་ཆུང་མ་དང་བུ་མོ་རྣམས་ཕྲོགས་ནས་དབང་དུ་བྱས་པ་ཡི་སླས་དང་བྱི་མོ་དང་བྲན་མོའི་ཚོགས་ཀྱི་དབང་ཕྱུག་མ་བཅུ་ཕྲག་གཉིས་དང་ནི་བརྒྱད་ལ་སོགས་པའི་མ་མོ་དང་ཕྲ་མེན་མ་གནོད་སྦྱིན་མོ་དང་སྲིན་མོ་ཤ་ཟ་མ་དང་ཁྲག་འཕྲོག་མ་རྣམས་དང་། གཞན་ཡང་བདུད་ཀྱི་མིང་འཛིན་པས་བརླ་རྐུན་མ་དང་། དེ་བཞིན་དུ་བློན་གྱི་ཚུལ་བྱེད་པས་བློན་མོོ་དང་དམག་དཔོན་བྱེད་མ་དང་ཕྱོགས་བཞི་ལྟ་བུའི་སྡེ་དཔོན་མ་དང་དམག་ཉུང་ངུའི་དཔོན་ལྟ་བུ་རུ་དཔོན་མ་དང་མངག་གཞུག་བྱེད་པ་མོ་དང་ཕོ་ཉར་འགྱེད་པའི་མ་ཚོགས་བཅས་རང་རང་གི་ཞིང་ལ་སོགས་པའི་སྟན་དང་མཚོན་ཆ་སོགས་ལག་ཆར་བཅས་ཏེ་རུ་ཏྲ་ལ་ཅི་བགྱི་ཞེས་བཀའ་ལ་ཉན་པ་དང་བཀའ་བཞིན་སྡོད་པའི་འཁོར་གྱི་ཚོགས་རྣམས་ཟ་ཟ་རྔམ་རྔམ་ལྟ་བུར་སྤོད་གཏོད་རྔམ་པའི་ཚུལ་དུ་འཁོད་ཅིང་གནས་སོ། །སྲིད་པའི་དབང་ཕྱུག་སྲིན་པོའི་བུ་མོ་དྲི་ཟ་ཆེན་མོ་ཤ་ཟ་ཞིང་ཁྲག་འཐུང་བའི་ཕྲ་མེན་མ་བརྒྱད་སེང་གེ་དང་སྟག་དང་ཝ་དང་སྤྱང་ཀི་དང་བཞད་གདོང་མའི་ཚོགས་དང་། དུར་བྱ་དང་བྱ་རོག་དང་འུག་པའི་གདོང་ཅན་གྱི་ཚོགས་འཁོར་དང་བཅས་པ་རྣམས་ལས་རྟོད་ཅིང་རྔམ་པའི་ཚུལ་དུ་འཁོད་དོ། །སྲིན་པོའི་ཉེ་གནས་མ་མོ་ཆེན་མོ་བརྒྱད་དེ་ཀ་རི་མ་དང་ཙ་རི་མ་དང་པྲ་མོ་ཧ་དང་བེ་ཏ་ལི་དང་པུཀྐ་སི་དང་གྷསྨ་རི་དང་སྨ་ཤ་ནི་དང་ཙཎྜ་ལི་ལ་སོགས་པ་ཡི་སོ་སོའི་འཁོར་དང་བཅས་ཏེ་མ་ཞིང་རྔམ་པའི་མ་ཚོགས་མ་རྣམས་ཆ་ལུགས་རྒྱན་དང་ཁ་དོག་བཅས་ཤིན་ཏུ་འཇིགས་པའི་གཟུགས་སུ་འཁོད་དོ། །དུར་ཁྲོད་ཀྱི་ས་ཡི་སྒོ་སྲུང་མ་བཞི་བཙོན་མོ་རྟ་གདོང་མ་དང་། གདོང་མོ་ཕག་གདོང་མ་དང་། གར་ལོག་མོ་དྲེད་གདོང་མ་དང་། འདི་པ་མཆན་ལ་ལར་སེང་གདོང་མར་ཡང་གསུངས། དེ་བཞིན་དུ་འཇུག་མོ་སྤྱང་གདོང་མ་ཆེན་པོ་བཞི་པོ་རྣམས་ལོག་སྡེའི་གསང་སྒོ་འཛིན་ཅིང་རུ་ཏྲའི་བཀའ་སྒོ་སྲུང་ནས་གནས་སོ། །དུར་ཁྲོད་ཀྱི་བདག་མོ་བཞི་ནི་རྒྱལ་པོ་བཞིའི་ཆུང་མ་སྟེ་རི་རབ་ཕྱོགས་ཀྱི་གྲུ་ནས་འདེགས་པའི་ཚུལ་ཅན་མ་གསང་བའི་ཡུམ་བཞི་ཤར་དུ་བརྐམ་མ། ལྷོར་ཤིན་ཏུ་བརྐམ་མ་དང་། ནུབ་ཏུ་ར་རོ་མ་དང་། བྱང་དུ་ཁྲག་འཐུང་མ་དང་བཞི་པོ་ཆགས་པས་མྱོས་པའི་མདངས་ཀྱིས་འཁོད་ནས་གནས་སོ། །ཆུང་མ་ཇི་ལྟར་གནས་ན་རོ་སྤུངས་པས་བམ་རི་ཐོད་པ་བརྩེགས་པའི་མཁར་གྱི་དབུས་ན་གནམ་ལྕགས་འབར་བའི་ཐོག་གིས་གཟེར་ཆེན་གྱིས་ཤིན་ཏུ་བརྟན་པར་བཏབ་པའི་ནང་ན། བདག་མོ་ཉེ་གནས་ཀྱི་གཙོ་མོ་ཀྲོ་ཏི་ཤྭ་རི་མ་ཞེས་བྱ་བ། ཐོད་སྐྱོགས་ཁྲག་གིས་བཀའ་བ་དང་ཀླད་པ་སོགས་འབྲུ་མར་རྫས་ལྔ་ཆང་དང་སྦྱར་བ་རྟག་པར་རང་གིས་ལོངས་སྤྱོད་ཅིང་འཛིན་ཏེ་གནས་ལ། དེ་ཉིད་ཆགས་པས་མྱོས་ཤིང་གྲོགས་ལ་བརྐམ་པས་ན། འདོད་པའི་དབང་མོ་བརྐམ་མར་ཡོངས་སུ་གྲགས་སོ། །ནང་ལྟར་ན་བམ་རི་ཐོད་མཁར་ནི་རང་གི་ལུས་ཡིན་ལ་ཁྲག་ལ་སོགས་པ་དེ་ལ་ཡོད་པའི་ཆོས་དང་ཀང་ཀ་སོགས་ནི་ནང་རོལ་དང་སླས་སོགས་བདག་འཛིན་དང་མཚུངས་པར་ལྡན་པའི་སེམས་དང་སེམས་བྱུང་ཡིན་ཞིང་ཕྲ་མེན་མ་བརྒྱད་ཡུལ་བརྒྱད་དང་། ཉེ་གནས་བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད། སྒོ་སྲུང་བཞི་ནི་ཕྱིན་ཅི་ལོག་བཞི། གྲུ་འདེགས་མ་བཞི་ནི་བདག་ཏུ་རྨོངས་པ་ཆགས་པ་ང་རྒྱལ་བ་བདག་ཏུ་ལྟ་བ་བཞི་སྟེ་དེ་རྣམས་ཐབས་ཀྱི་ཡེ་ཤེས་ཆེན་པོས་གྲོལ་བར་མཛད་པའོ། །གཉིས་པ་ལ་བཞི་སྟེ། སྨེ་བརྩེགས་བཏོན་ཏེ་འོབས་ལྔ་བསྒྱུར་བ། འཁོར་མོ་ལ་ཡེ་ཤེས་ཀྱི་སྤྲུལ་པ་བཞག་པ། སྲིན་མོའི་ལྷུམས་སུ་རྡོ་རྗེ་སྲིན་པོ་བཞག་པ། བསྒྱུར་ནས་སྙིང་པོ་བྱང་ཆུབ་ལ་བཞུགས་ཤིང་སྡུད་པ་པོ་མཛད་པའོ། །དང་པོ་ནི། རུ་ཏྲའི་ཕྲུ་མ། ཞེས་པ་ནས། སྟོང་ཉིད་རྡོ་རྗེར་སྦྱངས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་བཏུལ་བར་དགོངས་ཏེ། རུ་ཏྲའི་མངའ་འབང་གི་ཚོགས་ཀྱི་ཕྲུ་མ་གྲོང་རྡལ་དེ་ཉིད་འབར་བ་ཆེན་པོའི་གར་དགུ་ཡིས་བཅོམ་ནས་དབང་དུ་མཛད་པའི་ཕྱིར་དུ་ལྷའི་སྡེ་དཔོན་བཏུལ་བའི་འཁོར་རྣམས་རུ་ཏྲའི་འཁོར་དུ་འདུས་པ་ཡི་འཇིག་རྟེན་པའི་དབང་ཕྱུག་མཐུ་ཆེན་ལྡན་པ་རྣམས་དབང་དུ་བསྡུས་པས་དྲེགས་པ་འཁོར་བཅས་ཀྱི་ཕལ་ཆེར་རང་རང་གི་ལས་ལ་གྲམ་སྟེ་ཕོ་རྣམས་ཕྱོགས་གཅིག་ཏུ་སྐྱམ་ལིང་ལ་སོང་བ་སྐྱེས་བུས་གཟིགས་ཏེ་རང་གི་གནས་ནས་དོང་བའི་སྐབས་སུ་མོ་ལ་སྦྱོར་བས་སྲས་ཀྱིས་འདུལ་བའི་ཆེད་དུ་དཔལ་ཆེན་པོ་རྡོ་རྗེ་འཛིན་པ་ཧེ་རུ་ཀ་དེའི་གསང་བ་བདག་དེ་ཉིད་ཡང་དག་པའི་སྐུ་དངོས་མིན་པར་སྤྲུལ་པའི་རྣམ་རོལ་དུ་རྡོ་རྗེ་གཞོན་ནུ་དེ་ཉིད་ཡུམ་མེད་པའི་ཕྱིར་སྣམ་ནས་བཏོན་པའི་སྲས་ལྟ་བུར་ཆོས་ཉིད་ལས་སྣང་བར་མཛད་དོ། །ཁྲོ་ཆེན་རྡོ་རྗེ་གཞོན་ནུ་དེ་ལ་སྣམ་ནས་བཏོན་པ་དང་མི་གཙང་བའི་འོབས་རྣམས་ཞལ་དུ་གསོལ་བས། མཚན་སྨེ་བ་བརྩེགས་པ་ཞེས་བྱ་བ་སྐུ་མདོག་མཐིང་ནག་ཁྲོ་གཉེར་ཆེན་པོས་བརྗིད་ཅིང་རལ་པ་གྱེན་དུ་བརྫེས་པ་ཅན་སྐུ་འབར་བ་ཆེན་པོའི་གར་དགུར་མཛད་དེ་ཡང་དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཇི་འདྲ་བ་དེ་བཞིན་དུ་མཛད་པ་ནི་སྲིན་མོ་ལ་སྣང་བར་བྱེད་པའི་ཆེད་དུ་སྟེ་སྨེ་བ་བརྩེགས་པའི་དབུ་དང་ཕྱག་ཞབས་ཀྱང་དེར་མཐུན་དུ་མཛད་དེ། བདུད་རྩི་ལྔ་ཡི་སྔགས་ཀྱི་སྦྱོར་བ་ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། ཞེས་པའི་ཆོ་འཕྲུལ་དེ་ཡིས་རུ་ཏྲས་མི་གཙང་བའི་ཚོགས་ཀྱིས་འོབས་བཀང་བའི་བཤུང་བ་དམ་རྫས་ལྔ་ནི་ཡེ་ཤེས་རང་སྣང་གི་བདུད་རྩིར་བསྒྱུར་བར་མཛད་དེ་ཞལ་དུ་གསོལ་ནས་མི་གཙང་བའི་འོབས་ལ་སོགས་པ་ཐམས་ཅད་སྟོང་པའི་ཆོས་ཉིད་སྐྱེ་བ་མེད་པའི་རྡོ་རྗེར་སྦྱངས་ནས་མི་སྣང་བར་བྱས་སོ། །གཉིས་པ་ནི། ཉེ་གནས་ལ་སོགས། ཞེས་པ་ནས། ལ་སོགས་ཡུལ་དུ་སྣང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཉེ་གནས་ལས་ཀྱི་ཀ་རི་མ་བརྒྱད་དང་ལ་སོགས་པས་བསྡུས་པ་བུ་མོ་ཕྲ་མེན་བརྒྱད་དང་དུར་ཁྲོད་ཀྱི་སྒོ་སྲུང་བཞི་སོགས་འཁོར་མོ་བུད་མེད་ཀྱི་ཚོགས་རྣམས་ལ་འདོད་པ་སྤྱོད་པ་ལྟར་སྣང་ལ་མ་ཆགས་པའི་ཡེ་ཤེས་དང་། སྦྱོར་བ་བྱས་ལ་སྒྲིབ་པ་མི་གསོགས་པའི་ཕྲིན་ལས་ཀྱིས། འདོད་ཆགས་ཀྱི་མཐུན་འཇུག་གིས་དོན་ལ་ཁྲིད་པའི་སྦྱོར་བའི་ཐབས་ཀྱིས་ཆ་མཐུན་དུ་མཛད་ནས་འཁོར་མོ་རྣམས་དབང་དུ་བསྡུས་ཤིང་ཉོན་མོངས་པ་རྣམས་ངང་གིས་སྦྱངས་ཏེ་དེ་དག་གི་ལྷུམས་སུ་ཐུགས་ཡེ་ཤེས་རང་སྣང་བའི་སྤྲུལ་པ་བཞག་པ་ནི། ཞི་བའི་སྐབས་ཀྱི་སེམས་དཔའ་ཡབ་ཡུམ་སྒོ་མ་བཞི་སོགས་དཔལ་སྨེ་བ་བརྩེགས་པའི་ཡེ་ཤེས་ལས་ཁྲོ་བོའི་དཀྱིལ་འཁོར་དུ་སྤྲུལ་པའི་ཚོགས་རྣམས་དེ་དག་ལས་སྲས་སུ་ཐོན་པ་ན་ཡེ་ཤེས་ཀྱི་ཀེའུ་རི་ཙེའུ་རི་ལ་སོགས་པ་མ་ཚོགས་རྣམས་དང་། སེང་སྟག་གི་གདོང་ཅན་ལ་སོགས་ཡེ་ཤེས་ཀྱི་ཕྲ་མེན་རྣམས་དང་། ཡེ་ཤེས་ཀྱི་སྒོ་མ་བཞི་ལ་སོགས་པར་མཐོང་ཡུལ་དུ་སྣང་སྟེ་མཐུན་པས་མཐུན་པ་འདུལ་བའི་ཕྱིར་རོ། །དེ་བས་ན་ལམ་པས་ཞི་བ་ལས་ཁྲོ་བོར་བསྒོམ་པའང་ཚུལ་འདི་དག་གི་ཕྱིར་རོ། །སླས་ལ་སོགས་པ་རྣམས་ཀྱང་ཐབས་ཆེན་པོས་ཤེས་རབ་ལ་རོལ་ཏེ། ཉེར་བརྒྱད་ནི་ཡེ་ཤེས་ཀྱི་དབང་ཕྱུག་མར་བཀོད་ནས་རྡོ་རྗེ་རྩེ་གསུམ་གྱི་པྲོག་ཞུ་ཅན་དུ་བྱས་ཏེ་ཐམས་ཅད་ཆ་བྱད་བསྒྱུར་བར་མཛད་དོ། །གསུམ་པ་ནི། འདོད་པའི་དབང་མོ། ཞེས་པ་ནས། བྱིན་རླབས་བརྟན་པར་བྱས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་འདོད་པའི་དབང་མོ་བརྐམ་མ་དེས་སྤྲུལ་པ་རྡོ་རྗེ་སྲིན་པོའི་སྐུ་དེ་ལ་རང་གིས་ཆགས་པའི་དབང་གིས་གང་ལྟར་དུ་མཐོང་བ་ནི། སྤྱིར་ནི་རང་གི་ཁྱོ་བདག་རུ་ཏྲ་ལྟ་བུ་ལ་དེ་བས་ཀྱང་ལྷག་པར་གཟི་བརྗིད་ཆེན་པོ་འབར་བར་མཐོང་ངོ་སྙམ་སྟེ་རྟོག་པའི་དབང་གིས་ཐེ་ཚོམ་སྐྱེས་ཏེ། གཟི་བརྗིད་ལ་ངོ་མཚར་བས། ཨེ་མའོ་ཞེས་བདག་གི་བདག་པོ་བས་ཀྱང་། ཤིན་ཏུ་འོད་འབར་ཞིང་གཟི་བྱིན་ཆེ་བ་འདི་ནི་ཇི་ལྟ་བའི་སྤྲུལ་པ་ཞིག་ཡིན་ཨང་སྙམ་དུ་ཡིད་གཉིས་བྱུང་ནས་བརྟགས་པ་ལས། ཐབས་མཆོག་རྡོ་རྗེ་གཞོན་ནུ་དེས་མཁྱེན་ཏེ་རུ་ཏྲ་མ་ཏྲ་མ་ར་ཏྲ་ཞེས་སྲིན་སྐད་ཐང་གསུམ་ཕྱུང་བ་ལས་ཐེ་ཚོམ་གྱི་རྟོག་པ་ཆད་པར་གྱུར་ཏོ། །དེ་ནས་དབང་མོ་ཆགས་པའི་དབང་གིས་རྟོག་པ་མ་བྱུང་བར་སངས་རྒྱས་ཀྱི་སྐུ་ལ་ངེས་པར་འཁྲིལ་བ་ནི། དཔེར་ན་ཙན་དན་སྦྲུལ་གྱི་སྙིང་པོའི་སྡོང་པོ་ལ། ཚད་པས་བདས་པའི་སྦྲུལ་འཁྲིལ་བས་སྡོང་པོས་མི་རྟོག་བཞིན་དུ་སྦྲུལ་གྱི་ཚད་པའི་གདུང་བ་སེལ་བ་ལྟར་དུ། ཁྲོ་མཆོག་སངས་རྒྱས་གང་ལ་ཆགས་པ་མི་མངའ་བར་སྲིན་མོ་གང་གི་གདུང་བ་རྣམ་པར་སེལ་བར་གྱུར་ཏོ། །དེ་ནས་སྒྲོལ་བྱེད་ཀྱི་གཉེན་པོ་ཁྲོ་ཆེན་སྨེ་བ་བརྩེགས་པ་དེས་གདུལ་བྱ་ཐམས་ཅད་དང་འཚམས་པར་ཅི་དགར་འབྱུང་བ་ཡི། ཡོན་ཏན་གྱི་དཔེ་ཡིད་བཞིན་ནོར་བུ་ལྟ་བུའི་སྙིང་པོ་དེ་ཉིད་དུས་ཉེ་བར་འབྱུང་བའི་རིག་པ་སྔགས་འདི་བརྗོད་པར་མཛད་པས་གདུག་པ་འདུལ་བའི་ཕྲིན་ལས་ཀྱི་བྱ་བ་ཐམས་ཅད་བྱེད་ཅིང་སྒྲུབ་པའི་སྙིང་པོ་མཆོག་ཏུ་གསང་བ་སྟེ། ༀ་གྱིས་དབུ་དྲང་སྟེ་བྷུར་ཀུར་ཞེས་བསྙེན་པས། ཨི་ཙི་ཉེ་བསྙེན། ཀི་ཕྱི་བསྒྲུབ་པ། ཨུ་ཙཱུ་སྨ་ཀྲོ་ཏ་བསྒྲུབ་ཆེན། ཧཱུྃ་ཕཊཿམཐའ་བརྟེན་ཏེ། བསྙེན་བསྒྲུབ་བཞིས་བསྡུས་པའོ། །དེ་ལྟར་ཧེ་རུ་ཀ་ལ་ཆགས་པ་མི་མངའ་བས་སྲིན་མོའི་ཆགས་པ་ལ་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་པས་སེལ་བའི་དུས་སུ་རྡོ་རྗེ་འཛིན་པ་ཁྲོ་བོ་ཧེ་རུ་ཀ་ཉིད་ཡང་དག་དངོས་མིན་པར་སྤྲུལ་པའི་སྒྱུ་འཕྲུལ་སྨེ་བ་བརྩེགས་པའི་ཆོ་འཕྲུལ་འདིས་དེ་བཞིན་གཤེགས་པའི་རིགས་ཀྱི་སྐུའི་ཚོགས་རྣམ་པར་སྣང་མཛད་ཆེན་པོའི་གསུང་གི་ཆོ་འཕྲུལ་སྐུ་ལ་བསྡུས་ཏེ། གང་དུ་དང་པོོར་རྣམ་པར་སྣང་མཛད་ཉིད་ༀ་ལས་སྤྲུལ་པ་ལྟར། འདིར་ཡང་ས་བོན་ཐམས་ཅད་པའི་ཕྱིར་ལྷག་པའི་ཁུ་བ་དེ་ཡི་རྣམ་པ་ཉིད་སྐུ་ཇི་སྙེད་པ་མངོན་དུ་འབྱུང་བར་བྱེད་པའི་མཐུ་ཅན་ཡི་གེ་ༀ་གྱི་གཟུགས་ལྟར་འོད་ཟེར་ལས་མངོན་པར་ཕབ་ནས་འདོད་པའི་དབང་མོ་བརྐམ་མའི་ལྷུམས་སུ་བཞག་པར་མཛད་ལ། དེ་བས་གསང་སྔགས་ཀྱི་སྙིང་པོ་ཡི་གེ་ༀ་ནི་སྐུ་ཐམས་ཅད་མངོན་པར་སྣང་བའི་མཐུ་ཅན་ཡིན་པས་ༀ་ཁོ་ན་བཞག་པ་འདིས། སྲིན་པོའི་ཆ་ལུགས་ཅི་འདྲ་བར། ཡི་གེ་ༀ་དེ་ཡང་ཁྲོ་ཆེན་རྡོ་རྗེ་སྲིན་པོའི་སྐུ་དེར་བསྒྱུར་ཏེ། གང་དེ་ཉིད་མངོན་སུམ་དུ་སྲིན་མོ་ཀྲོ་ཏི་མའི་མངལ་གྱི་ལྷུམས་སུ་བཞག་པར་མཛད་དོ། །དེ་ནས་རྡོ་རྗེ་ལྗགས་ཀྱི་འོད་ཟེར་ལས་ས་བོན་དེ་བརྟན་པའི་སྔགས་བཀའ་སྩལ་ཏེ། བསྐྱེད་སྔགས་རཀྴཱ་ཤྲཱི་ཧེ་རུ་ཀ །འཇོམས་སྔགས་རུ་ཏྲ་མ་ཏྲ་ཧ་ཧ་ཧྃ། ཞེས་སྐུ་མངོན་དུ་བསྐྱེད་པས་རྫོགས་ཤིང་གདུག་པ་འཇོམས་པར་བྱེད་པའི་ཕྱིར་ཡི་གེ་ཕཊཿབརྗོད་པ་ཡི་མཐུ་ཡིས་བྱིན་གྱིས་བརླབ་པས་ཤིན་ཏུ་དྲག་པོ་མཐུ་དང་ལྡན་པར་རབ་ཏུ་ངེས་ཤིང་བརྟན་པར་བྱས་སོ། །བཞི་པ་ནི། དངོས་མིན་རིག་པའི། ཞེས་པ་ནས། འཛིན་པའི་བདག་པོ་མཛད། །ཅེས་པའི་བར་གྱིས་བསྟན་ཏེ། སྤྲུལ་པ་ཡིན་པས་རང་སྣང་གི་སྐུ་དངོས་མིན་པའམ་ཕྱག་དཔེ་ལ་ལར་དངོས་མེད་ཅེས་བཞུགས་པས། ངོ་བོ་མི་ཟིན་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོར་བཞུགས་པའི་རིག་པའིི་སྐྱེས་བུ་སྨེ་བ་བརྩེགས་པ་དེ་ཉིད་རྡོ་རྗེ་འཛིན་པ་ཆེན་པོ་ཧེ་རུ་ཀ་ཡབ་ཀྱི་སྐུ་ལ་བསྡུས་ཏེ་མི་དམིགས་སོ། །དེ་ལྟར་ཕྱག་ན་རྡོ་རྗེ་ཤིན་ཏུ་དྲག་ཤུལ་ཆེ་ཞིང་གཏུམ་རྔམ་འབར་བས་ལོག་སྡེ་འཇོམས་པའི་སྟོབས་དང་ལྡན་པའི་སྐྱེས་བུ་རྡོ་རྗེ་འཛིན་པ་ཧེ་རུ་ཀར་བྱུང་བའི་ངོ་བོ་རྡོ་རྗེ་གཞོན་ནུ་གཞོན་ནུ་རྣམས་ཀྱི་ཡབ་ཉིད་དེ། གང་དེ་ཡིས་དཔེ་སྒྱུ་མ་ལྟར་ཡེ་ཤེས་གསང་བ་མཆོག་གི་སྤྲུལ་པ་རྡོ་རྗེ་གཞོན་ནུ་བྱེ་བ་ས་ཡ་མང་པོར་འགྱེད་པའི་ཆོ་འཕྲུལ་གྱིས། སངས་རྒྱས་ཀུན་གྱི་གདུལ་བར་དཀའ་བ་རྣམས་བཏུལ་བའི་སྦྱོར་བ་མཛད་དེ་བྱ་བ་རྫོགས་ནས་བདུད་དང་སྲིན་པོ་འཇིག་རྟེན་ན་ལོག་པའི་སྡེ་ཡི་ཆ་བྱད་འཛིན་པ་ཐམས་ཅད་འདུལ་བའི་མཛད་སྤྱོད་མཐུན་འཇུག་བྱིས་པའི་སྤྱོད་པ་དེ་ཉིད་བོར་ནས། ཚ་བོ་སྲིན་མོའི་ལྷུམས་སུ་བཞག་ཅིང་ཕྱོགས་བཅུའི་གདུག་པ་བཏུལ་བས་ཐུགས་ཁྲལ་བསྐྱུངས་པའི་ཕྱིར་ཐུགས་ནི་སྙིང་པོ་བྱང་ཆུབ་ཀྱི་ངང་ལ་དགོངས་པ་མ་འདྲེས་ཡོངས་རྫོགས་ལྷུན་གྲུབ་རང་གསལ་ཉིད་དུ་ངེས་པར་འགྲེལ་ཏེ་བཞུགས་སོ། །དེ་ཉིད་གདུལ་བྱའི་སྣང་བ་ལ་སྤྲུལ་པ་གསང་བའི་བདག་པོ་རྡོ་རྗེ་འཛིན་རྒྱལ་ཆེན་པོ་ཕྱག་ན་རྡོ་རྗེ་སྔར་བྱུང་གི་སྟོན་པའི་རྒྱལ་ཚབས་མཛད་པའི་འཆད་པའི་སྐྱེས་བུ་དེ་ཡིས། སུམ་ཅུ་རྩ་གསུམ་དང་དགའ་ལྡན་དང་འོག་མིན་དབང་བསྒྱུར་གྱི་ཁང་བཟང་སྟེ། ལྷ་གནས་གསུམ་དུ་གྲགས་པ་ཡི་གསང་སྔགས་གསང་བའི་མཛོད་ཆེན་པོ་ཆེ་བ་བདུན་དང་ལྡན་པས་དམ་པའི་ལུང་གི་གསང་བ་ཆོས་ཀྱི་མེ་ལོང་འདི་ཉིད་འཛིན་ཅིང་སྟོན་པའི་མངའ་བདག་སྡུད་པ་པོ་མཛད་དེ། དེ་བས་ན་ཧེ་རུ་ཀ་ཉིད་གསང་བདག་དྲག་ཤུལ་ཅན་དན་ཕག་ཏུ་གྱུར་བ་ལ་ཐེ་ཚོམ་མེད་དོ། །འོན་ཀྱང་དེ་ནི་གཅིག་དང་དུ་མ་ལས་གྲོལ་བས་གསང་བདག་གཉིས་སུ་ཐལ་བའང་མེད་དེ་བསྐལ་པ་གཅིག་གི་ཆ་བཟུང་བའོ། །ཚུལ་འདིས་རྡོ་རྗེ་སེམས་དཔའི་སྒྲོན་མའི་ཞིང་གི་རྒྱལ་བ་རྣམས་ཀྱི་གསང་ཆེན་ལུང་གི་བསྟན་པ་རིན་པོ་ཆེ་ཐོག་མ་དང་ཐ་མ་མེད་པར་འབྱུང་བའི་ཚུལ་ལ་ངེས་པ་རྙེད་པར་བྱའོ། །གསུམ་པ་ནི། དེ་ནས་ཡི་དྭགས། ཞེས་པ་ནས། དགའ་བའི་ཐབས་སུ་བཟུང་། །ཞེས་པའི་བར་གྱིས་བསྟན་ཏེ། དེེ་ནས་སྲིན་པོའི་སྡེ་དཔོན་ཡི་དྭགས་དྲག་པོ་དེ་ཉིད་སྲོག་ཆགས་ཀྱི་སྐྱམས་ལིངས་ལས་སླར་ལོག་ནས་རང་གི་གནས་སུ་འུན་ཞེས་པ་བྲུ་ཤའི་སྐད་དེ་འོང་བ་དང་། རང་གི་ཡུལ་ཁམས་ཀྱི་ཐོད་མཁར་དང་འོབས་ལ་སོགས་པ་གནས་དང་ལོངས་སྤྱོད་དང་། འཁོར་རྣམས་ཕལ་ཆེར་མི་སྣང་ཞིང་སྣང་བ་ཀུན་ཀྱང་སྔ་མ་དང་མི་འདྲ་བ་དང་། སྔོན་མ་མཐོང་བ་ཡི་ཆོ་འཕྲུལ་ཅན་དུ་འཁོར་མོ་ཕལ་ཆེར་སྣང་ངོ་། །དེ་ལ་རུ་ཏྲ་ཁོ་ན་ཤིན་ཏུ་མ་རངས་ཤིང་ཡིད་མ་ཆེས་ཏེ་མ་དགའ་བར་འཁྲུགས་པས་ངམ་སྟེ། ཨེ་མའོ་བདག་གི་ཕྲུ་མ་མངའ་འབང་དུ་གནས་པ་འདི་རྣམས་ཇི་ལྟར་གྱུར་པ་ཡིན་ཞེས་རྣམ་པར་རྟོག་ཅིང་སྨྲའོ། །དེ་ཚེ་ཉེ་གནས་དབང་མོ་དེ་ཡིས་རང་གི་ཁྱོ་བདག་ལོན་འུན་ཞེས་པ་བྲུ་ཤའི་སྐད་དེ་བོད་སྐད་དུ་ཡང་འོང་ཞེས་པར་འགྱུར་བས་ཡང་འོང་ངོ་སྙམ་ནས་སྔོན་བསུས་ཏེ། རུ་ཏྲ་ལ་དགའ་བས་ངམ་ནས། ཨེ་མའོ་དུར་ཁྲོད་ཀྱི་རྒྱན་གྱིས་སྒེག་པ་ཆེན་པོ་ཁམས་གསུམ་དཔའ་བོ་གཅིག་པུ་ཁྱོད་གང་འདིར་ངན་དུ་རྟོག་པའི་ཚིག་འཁོར་གྱི་ནང་དུ་གསུང་ངམ་ཅི་སྟེ། དཔའ་བོ་ཁྱོད་ཀྱི་དགོངས་པ་གང་། དེང་ཧུན་ཧན་ཕན་ཉོ་བ་ཏི། །ཁོ་ནའམ་ཙ་སྨ་ར་ཙ། །དཔའ་བོ་སྒེག་པོ་ཞེའམ་ཉིད། །ཀུ་ལན་ཏྲ་ཙ་བུ་ཐྲ་ཐ། །ཞེས་པའི་རྐང་པ་བཞི་པོ་བྲུ་ཤའི་སྐད་དེ་བོད་སྐད་དུ། དེ་རིང་ཕན་ཆད་བདག་གིས་སྒྲུབས། །བདག་གི་ལྷུམས་ནི་མི་བདེ་སྟེ། །དཔའ་བོ་སྒེག་པོ་ཁྱོད་ཉིད་ཀྱི། །གདུང་རྒྱུད་འཚོབ་པ་བདག་ལགས་ན། །ཞེས་པར་འགྱུར་བས། སྲིན་པོ་མ་རངས་པའི་སེམས་རྟོག་སྐྱེས་པ་ལས་སྲིན་མོས་དཔའ་བོ་ཁྱོད་ཀྱི་ཐུགས་ཀྱི་དགོངས་པ་གང་ལགས་པ་དེ་ཉིད་དེ་རིང་ཕན་ཆད་བདག་གིས་སྒྲུབས་ཏེ་བདག་གི་མངལ་ནི་མི་བདེ་སྟེ། དེ་བས་ན་དཔའ་བོ་སྒེག་པོ་ཆེན་པོ་ཁྱོད་ཉིད་ཀྱི་གདུང་རྒྱུད་ལེགས་པར་འཚོབ་པ་ཡི་སྲས་གཞོན་ནུ་བདག་ལ་ངེས་པར་འབྱུང་ལགས་ན་གནས་གང་དུ་རྒྱུ་ཇི་ཞིག་གིས་ཐུགས་ཇི་ལྟར་འཁྲུལ་ཞེས་དེ་ལྟར་ཚིག་ཏུ་ཧོན་ཞེས་པ་བྲུ་ཤའི་སྐད་དེ་སྨྲས་པ་ལས་སྲིན་པོ་ཡིད་ཆེས་ཏེ་རྟོག་པ་ཆད་དོ། །དེ་ནས་རུ་ཏྲས་ཉེ་གནས་མོ་དཔལ་དང་སྦྱོར་བས་ལྷག་པར་གཟི་མདངས་ཆེ་བ་ལ་ཆགས་ཏེ་དགའ་བས་འདུན་པ་དང་སྲིན་རྗེ་ཁོ་ནའི་རིགས་ཉིད་ངེས་པར་འཛིན་པའི་སྲས་འབྱུང་ངོ་སྙམ་ནས་དགའ་བའི་ཐབས་སུ་བཟུང་བར་བྱས་སོ། །བཞི་པ་ནི། དེ་ནས་དབང་མོ། ཞེས་པ་ནས། བདུད་ལས་རྣམ་པར་གྲགས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དབང་མོ་བརྐམ་མ་ལས་པུ་ཏྲ་གཞོན་ནུ་མྱུ་གུར་ཐོན་ཏེ་རྡོ་རྗེ་སྲིན་པོ་སྐུ་འཁྲུངས་ནས་སྣང་བ་འབྱུང་བའི་ཚེ་ན། ཞལ་ནས་ཁྲོ་བོའི་གདངས་སྐད་ཐང་གསུམ་གྲགས་པའི་སྒྲ་བྱུང་བར་མཛད་པས་དཔལ་གྱི་རྔམ་སྐད་དྲག་པོ་ཧཱུྃ་གི་སྒྲ་ཡིས་དྲག་པོ་སྲིན་པོའི་ཚོགས་དང་དྲག་མོ་སྲིན་མོའི་ཚོགས་ལ་སོགས་པ་མ་ལུས་པ་ཐམས་ཅད་བརྒྱལ་བར་གྱུར་ཏོ། །དེ་ནས་སླར་བརྒྱལ་བ་ཉིད་ལོན་ཞེས་པའང་བྲུ་ཤའི་སྐད་དེ་སངས་ནས་བལྟས་པས་མཐོང་བའི་སྣང་བ་ལ། རྡོ་རྗེ་སྲིན་པོ་ཧེ་རུ་ཀ་འཇིགས་བྱེད་ཆེན་པོ་རྔམ་བརྗིད་རབ་ཏུ་འབར་བ་ལ་སྐུ་མདོག་སྔོ་ནག་ཤིན་ཏུ་རྔམ་པའི་ཚུལ་གྱིས་རལ་པ་གྱེན་དུ་བརྫེས་ཤིང་ཁྲོ་བོའི་ཆ་ལུགས་ཅན་དབུ་དགུ་དང་ཕྱག་ནི་བཅོ་བརྒྱད་པ་རྡོ་རྗེ་གཤོག་པས་བར་སྣང་ཁེབས་པ་སོགས་ཁྲོ་བོའི་ཆས་ཀྱིས་བརྒྱན་ཏེ། ཆོས་རྗེ་དམ་པ་རིན་པོ་ཆེའི་ཕྱག་མཆན་ན། ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོག་པའི་ཆས། །གནོད་གདུག་བཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས། །ཏིང་འཛིན་དཔའ་བོ་རབ་བརྗིད་སྟག་གི་ཆས། །དབང་གི་བསེ་ཁྲབ་གཟི་འབར་གད་མོའི་ཆས། །སྤ་བརྗིད་མཉེན་ལྕུགས་སྦྲུལ་ནག་འཁྲིལ་བའི་ཆས། །རྡོ་རྗེ་རྩེ་ལྔའི་སླག་པ་རིག་པ་ཏིང་འཛིན་ཆས། །མདངས་གསལ་ཀུ་ཤུན་ཆུ་སྲིན་སྤྲུལ་པའི་ཆས། །ཡེ་ཤེས་སྲེག་བྱེད་རྡོ་རྗེ་མེ་ཡི་ཆས། །ཞེས་པའི་ལུང་དྲངས་པར་མཛད་ལ། རྒྱས་པར་རྡོ་རྗེ་སྲིན་པོའི་ལྷ་རྒྱུད་སོགས་ལས་ཤེས་པར་བྱའོ། །དེ་བཞིན་དུ་སྐུའི་བ་སྤུ་ཐམས་ཅད་ལྕགས་ཀྱུ་བསྲེགས་པ་དང་འདྲ་བར་འབར་བའི་མེ་སྟག་འཕྲོ་བ། ཡེ་ཤེས་ཀྱི་སྤྲུལ་པ་སྡོམ་དང་སྡིག་པ་དང་སྨྱིགས་བུ་དང་སྦྲུལ་ལ་སོགས་པ་མི་བཟད་འཇིགས་པའི་གཟུགས་ཀྱིས་ས་གཞི་ཐམས་ཅད་ཁེབས་པར་གྱུར་ཏོ། །ཕྱག་བཅོ་བརྒྱད་ན། དང་པོ་གཉིས་ཀྱི་གཡས་རྡོ་རྗེ་དང་གཡོན་ཐོད་སྐྱོགས་བསྣམས་པ། གཉིས་པ་གཉིས་ན་སྟི་ར་དང་། གསུམ་པ་གཉིས་ན་རྒྱུ་ཞགས་བསྡོགས་པ་དང་། བཞི་པས་གཡས་ཉི་མ་གཡོན་ཟླ་བ་དང་། ལྔ་པས་གཡས་ན་ཁྱུང་དང་གཡོན་ན་འུག་པ་བསྣམས་པ་དྲུག་པ་གཉིས་ན་ཁྲ་དང་རྡོ་རྗེ། བདུན་པ་གཉིས་ན་མདུང་རྩེ་གསུམ་པ་དང་ཟ་མ་ཏོག་དང་། བརྒྱད་པ་གཉིས་ན་རྡུལ་ཡབ་དང་རྔ་བསྣམས་ཤིང་། དགུ་པ་གཉིས་ན་གཡས་རི་རབ་སྤྱི་ནས་བསྐོར་ཞིང་གཡོན་ནས་སྟོང་གསུམ་རྒྱངས་མར་འཕེན་པའོ། །ཡང་ན་ཕྱག་དང་པོ་གཉིས་ན་རྡོ་རྗེ་དང་དྲིལ་བུ། གཉིས་པ་གཉིས་ཀྱིས་ཐོད་སྐྱོགས་ཞལ་དུ་གསོལ་བ། གསུམ་པ་གཉིས་ན་སྟི་ར་དང་རྒྱུ་ཞགས། བཞི་པ་མན་ཆད་གོང་ལྟར་གསུངས་སོ། །སྐུ་ལ་ཀླུ་དབང་རྒྱལ་རིགས་དཀར་པོའི་སྦྲུལ་སོགས་འབུམ་གྱིས་བརྒྱན་ཅིང་ཀླུབས་པ་སྟེ་རུ་ཏྲ་འདུལ་བའི་ཕྱིར་དེའི་ངོ་ལ་སྣང་བས་ཀླུ་མང་པོ་ཚད་མེད་པའོ། །མེ་དཔུང་ཆེན་པོ་དུས་མཐའ་བསྐལ་པའི་མེ་ལྟར་འབར་ཞིང་ཁྲོ་གཉེར་འཇིགས་པས་བརྗིད་ལ། སྡང་མིག་འབར་བ་ཡི་ཉི་ཤུ་རྩ་བདུན་གྱི་སྤྱན་རས་ཟླུམ་པོས་གཟིགས་ཏེ། ཞབས་བརྒྱད་ཀྱིས་འབར་བའི་ལྷ་ཆེན་བརྒྱད་གདན་དུ་གནོན་པས་རྡོ་རྗེ་སྲིན་པོ་ཁྲོ་བོ་འཇིགས་བྱེད་ཆེན་པོར་གྱུར་ཏོ། །ཡང་ན། རྡོ་རྗེ་སྲིན་པོ་ཁྲོ་བོ་ཆེ། །དབུ་དགུ་སུམ་བརྩེགས་རལ་པ་འབར། །རྡོ་རྗེའི་གཤོག་གདེངས་བར་སྣང་ཁེབས། །ཉི་ཤུ་རྩ་བདུན་སྤྱན་རས་གཟིགས། །ཞབས་བརྒྱད་ལྷ་ཆེན་བརྒྱད་ལ་གནོན། །བཅོ་བརྒྱད་དང་པོ་གཡས་གཡོན་གྱིས། །རྡོ་རྗེ་ཐོད་ཁྲག་དཀྲུག་ཅིང་གསོལ། །དེ་འོག་སྟི་ར་རིལ་མིད་མཛད། །དེ་འོག་གཉིས་ནི་རྒྱུ་ཞགས་ལྡོག །བཞི་པ་གཡས་གཡོན་ཉི་ཟླ་འཛིན། །ལྔ་པ་གཉིས་ན་འུག་པ་ཁྲ། །དྲུག་པ་རྡོ་རྗེ་མདུང་རྩེ་གསུམ། །བདུན་པ་ཟ་མ་ཏོག་རྡུལ་ཡབ། །བརྒྱད་པ་རྔ་དང་རི་རབ་བསྐོར། །དགུ་པ་སྟོང་གསུམ་རྒྱངས་མར་འཕེན། །ཀླུ་དབང་འབུམ་གྱིས་སྐུ་ལ་བརྒྱན། །དུར་ཁྲོད་རྒྱན་རྟགས་བཅོ་བརྒྱད་འབར། །དུས་མཐའི་མེ་ལྟར་སྐུ་ལ་འབར། །སྡོམ་སྡིག་སྨྲིགས་སྦྲུལ་སྐུ་ལས་འཕྲོ། །ཞེས་གསུངས་ཏེ་རྡོ་རྗེ་སྲིན་པོའི་ཆ་ལུགས་བཤད་པ་ལྟར་རོ། །དེ་ལྟར་ལྷ་དང་བདུད་ལ་སོགས་པ་ཁམས་གསུམ་གྱི་དྲེགས་བྱེད་ཀུན་གྱིས་མཐོང་ཞིང་ཐོས་པ་ལས་ཁྱད་པར་གྱི་གཉེན་པོར་རྣམ་པར་གྲགས་ཤིང་འཁོར་བའི་གཡུལ་ལས་རྒྱལ་བར་མཛད་དོ། །སྐབས་འདིར་ཕྱག་མཚན་ལ་ཅུང་ཟད་འདྲ་མིན་དུ་བྱུང་བ་རྣམས་ལུང་ལས་འབྱུང་བས་གང་ལྟར་ཡང་ཁྱད་པར་མེད་དེ། ཁྲོ་བོ་ལྷ་རྒྱུད་ཆེན་པོ་ལས། སྤྱི་དང་བྱེ་བྲག་སྣང་བ་ཡང་། །སྤྱིར་ན་དཔལ་ཆེན་ཧེ་རུ་ཀའི། །སྐུ་མདོག་ཕྱག་མཚན་མ་ངེས་ཏེ། །གང་ལྟར་བསྒྲུབ་ཀྱང་འགྲུབ་པར་འགྱུར། །ཞེས་སོ། །ནང་ལྟར་ན་ཉོན་མོངས་དང་བདག་འཛིན་ཐབས་ཀྱིས་སྤངས་པ་ཡིན་ཀྱང་འདས་པ་འགགས་ཤིང་མ་འོངས་པ་མ་སྐྱེས་པས་སྤང་དུ་མེད་ལ། ད་ལྟར་ལྷན་ཅིག་སྐྱེས་པས་སྤང་དུ་མི་བཏུབ་བོ། །དེས་ན་མངོན་དུ་མི་སྤོང་ས་བོན་སྤངས་པ་སྟེ། མེ་དང་དུ་བ་ལྟ་བུའོ། །དེའི་ཕྱིར་འདིར་ཡང་རྡོ་རྗེ་གཞོན་ནུའི་བཀོད་པ་ནི། ཀུན་གཞི་ལ་ཆོས་ཉིད་ཀྱི་ཁམས་སམ་ས་བོན་ཡོད་པས་ན་ཐོས་བསམ་སྒོམ་གསུམ་གྱིས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པ་དང་། རྡོ་རྗེ་སྲིན་པོ་ནི། ཀུན་གཞི་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་བྱུང་དུ་སྐྱེས་ཏེ་ང་བདག་དང་སྒྲིབ་པ་བག་ཆགས་བདུད་བཞི་ཤིན་ཏུ་ཕྲ་བ་དང་བཅས་པ་རྩད་ནས་གཅོད་པ་མཐར་ལམ་རྩལ་ཆེན་རྫོགས་པ་སྐྱེད་པའོ། །ལྔ་པ་ལ་གསུམ་སྟེ། རུ་ཏྲས་འཁོར་གྱི་དབང་ཕྱུག་རྣམས་ལ་བསྐུལ་བ། དཔའ་བསྐྱེད་ཅིང་གནད་ནས་ཕབས་ཏེ་བསྐུལ་བ། དམག་བསགས་པ་དངོས་སོ། །དང་པོ་ནི། དེ་ནས་ཡི་དྭགས། ཞེས་པ་ནས། རབ་ཏུ་འདི་ལ་ཐུད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཡི་དྭགས་དྲག་པོ་དེ་ཉིད་ཁོ་ནའི་སེམས་ཀྱི་རྟོག་པ་ཅུང་ཞིག་བརྟས་ནས་ཀྱང་། ང་རྒྱལ་དྲག་པོའི་གཏུམ་སྐད་ཀྱིས་རང་གི་འཁོར་གྱི་དབང་ཕྱུག་མཐུ་ཆེ་བ་རྣམས་འདི་ལྟར་རྣམ་པར་བསྐུལ་ཏེ། རུ་ཏྲ་མ་ཏྲ་མ་ར་ཏྲ། ཞེས་དམག་ལ་བསྐུལ་བའི་གཏུམ་སྔགས་བརྗོད་ནས། འདུ་ཞིང་འདུ་བར་ལྷ་དང་སྲིན་པོ་དབང་ཕྱུག་ཆེན་པོའི་ཚོགས་རྣམས་བསྡུ་ཡིས་མྱུར་བར་ཀུན་ཏུ་ཤིན་ཏུ་མྱུར་བར་རབ་ཏུ་བདག་ཅག་གི་དམ་ལ་འདུ་བར་གྱིས་ཤིག །གྲམ་གྲམ་དུ་འགྱེད་པའི་ལས་ལ་དབང་ཕྱུག་ཆེན་པོའི་ཚོགས་རྣམས་གཏོང་གིས། ཀུན་ཏུ་རབ་ཏུ་ལས་ལ་གྲམ་པའམ་འགྱེད་པར་གྱིས་ཤིག །ཐུད་ཐུད་བཅོལ་བའི་ལས་ལ་དབང་ཕྱུག་ཆེན་པོའི་ཚོགས་རྣམས་འགྱེད་ཀྱིས། ཀུན་ཏུ་རབ་ཏུ་བཅོལ་བ་འདི་ལ་ངེས་པར་ཐུད་དེ་བསྐུལ་བ་བཞིན་མཛོད་ཅིག །གཉིས་པ་ནི། དབང་ཕྱུག་ང་ཡི། ཞེས་པ་ནས། ལས་རྣམས་དུས་ལ་བབ། །ཅེས་པའི་བར་གྱིས་བསྟན་ཏེ། དབང་ཕྱུག་ཆེན་པོའི་ཚོགས་རྣམས་རུ་ཏྲ་ང་ཡི་ཕྲུ་མ་ལ་གང་འདིར་གདུག་པ་ཆེན་པོ་རྡོ་རྗེ་སྲིན་པོ་འདི་འཇོམས་བྱེད་དུ་བྱུང་བས་འཁོར་ཁྱེད་རྣམས་ཀྱིས་ངེས་པར་བརླག་པའི་དུས་ལ་བབ་ཀྱིས། འདི་ལ་གང་འདིར་ཕྱིར་རྒོལ་བར་བྱ་འམ་མི་བྱ་ཞེས་རྟོག་པར་བྱེད་ན་ཁྱེད་རྣམས་ནི་འདིས་ཚུར་ལ་ཤིན་ཏུ་བརླག་མའམ་བརླག་ལ་ཁད་དུ་གྱུར་ལ། བཤེས་སམ་མཛའ་བོ་གང་ལ་གྲོགས་བྱ་བ་དང་མི་བྱ་བའི་ཁྱད་པར་ཡོངས་སུ་རྟོག་པ་ཅན་དེ་དག་མེད་ཀྱང་བླ་སྟེ། དེ་འདྲའི་མཛའ་བོ་སླུ་བྱེད་སྒྱུ་མ་ཡིན་པས་ན། དེ་ལ་མཛའ་བོ་ཡིན་ཞེས་སུ་ཞིག་གིས་ཟེར་ཏེ་མིང་ཙམ་ཡང་མེད་དོ། །རྒོལ་བ་གང་ལ་རྩོད་པར་བྱ་བའམ་མི་བྱ་བའི་ཁྱད་པར་ཡོངས་སུ་རྟོག་པ་དེ་འདྲའི་འཁོར་དེ་དག་མེད་ཀྱང་བླ་སྟེ། དེ་འདྲའི་ཕྱིར་རྒོལ་བ་དེ་བསླུ་བྱེད་སྒྱུ་མ་ཡིན་པས་ན་དེ་ལ་དཔའ་བོ་ཡིན་ཞེས་སུ་ཞིག་ཟེར་ཏེ་མིང་ཡང་མེད་དོ། །དམ་ཚིག་གང་ལ་བསྲུང་བ་དང་མི་བསྲུང་བའི་བྱེ་བྲག་ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་བླ་སྟེ། དེ་འདྲའི་དམ་ཚིག་སླུ་བྱེད་སྒྱུ་མ་ཡིན་པས་ན་དེ་ལ་དམ་ཚིག་ལྡན་པར་སུ་ཞིག་འདོགས་ཏེ་མིང་ཡང་མེད་དོ། །ལར་བྱ་བ་ཐམས་ཅད་གང་ལ་སྤྱོད་ཀྱང་བྱ་བའམ་མི་བྱ་བ་ཡི་ཁྱད་པར་ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་བླ་སྟེ། དེ་འདྲའི་སྤྱོད་པ་སླུ་བྱེད་སྒྱུ་མ་ཡིན་པས་ན། དེ་ལ་བྱ་བ་བྱེད་ཅེས་སུ་ཞིག་ཟེར་ཏེ་མིང་ཡང་མེད་པས་རྡོ་རྗེ་སྲིན་པོ་གང་ལ་དུས་གང་འདིར་བདག་ཅག་གང་གི་དྲག་པོའི་ལས་རྣམས་དུས་ལ་བབ་བོ། །ཞེས་གནད་ནས་བསྐུལ་ཏོ། །གསུམ་པ་ནི། ཞེས་དབང་ཕྱུག །ཅེས་པ་ནས། བསྒྲགས་ནས་སྤགས་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། ཞེས་རུ་ཏྲ་འཇིགས་པའི་གཏུམ་སྐད་ཀྱིས་དབང་ཕྱུག་ཆེན་པོ་རྣམས་ལ་བསྐུལ་བས། བདུད་ཀྱི་སྡེ་དཔོན་གང་གི་གཟི་བྱིན་མ་བཟོད་དེ། བདུད་ཀྱི་ཆ་འཛིན་པའི་ལྷའི་བུ་བྱེ་བ་དུང་ཕྱུར་གྱི་དམག་ཚོགས་དང་། དབང་ཕྱུག་ཆེན་པོ་རྣམས་དམག་ལ་དྲངས་པས་ཤིན་ཏུ་སྔངས་པ་དང་འཁྲུགས་ཏེ། དྲན་པ་སྟོར་བ་ཙམ་དུ་རྔམ་ནས་སྐྲག་པས་རོད་རོད་པོར་གྱུར་ཏེ། དཔེའི་དབང་དུ་ཤིང་མྱ་ངན་ཅན་གྱི་ལོ་མ་ཕྱོགས་གཅིག་ཏུ་འདུས་ནས་འཚུབ་པའམ་ཁོང་དུ་དུག་སོང་ན་ལོ་མ་གདོང་ལ་འཚུབ་པ་ལྟར། དོན་གྱི་དབང་དུའང་ངམ་གནག་ལ་སྡུག་བསྔལ་སྐྱེས་པས་མྱ་ངན་གྱི་དུག་ལོ་འཚུབ་པ་བཞིན་དུ་ལང་ཀའི་རྩེ་ལ་བདུད་ཀྱི་ཕྲུ་མར་འདུས་ཏེ། ཏྲི་ཤུལ་ལ་རོ་བཏགས་པས་བདུད་ཀྱི་རུ་མཚོན་ཕྱར། མཚོན་ཆའི་རིགས་སྣ་ཚོགས་ཀྱི་སྤྲིན་གཏིབས། བདུད་ཀྱི་སྒྱུ་འཕྲུལ་གྱི་དྲྭ་བ་ཆོ་འཕྲུལ་ཡོད་ཚད་བཀྲམ་སྟེ། བསོ་དང་ཆའི་སྒྲ་བསྒྲགས་ནས་གྲོང་རྡལ་ལས་མ་ལ་ཡའི་རྩེ་མོའི་འཁྲ་སར་རྒོལ་བ་ལ་སྤགས་པ་ལས། དྲུག་པ་ལ་གསུམ་སྟེ། རྟའི་འདུར་གླུས་ཁྲོ་བོ་རྣམས་ལ་ཐུལ་ཞིག་པར་བསྐུལ་བ། ཐུགས་རྗེས་ཐེ་ཚོམ་མེད་པར་བཏུལ་བ། ཇི་ལྟར་བཏུལ་བ་དངོས་སོ། །དང་པོ་ནི། རྡོ་རྗེ་རྟའི། ཞེས་པ་ནས། དབང་མོ་དྲོངས་ཤིག་རབ་དྲོངས་ཤིག །ཅེས་པའི་བར་གྱིས་བསྟན་ཏེ། དེ་ནས་སྲིན་པོ་རྣམས་སྤ་བཀོང་བའི་ཕྱིར་གོང་དུ་མ་ལ་ཡར་སོ་མཛད་པའི་རྡོ་རྗེ་རྟའི་ཚོགས་ཀྱིས་རྡོ་རྗེ་སྟམ་པ་ནའི་གོམ་སྟབས་ཀྱིས་རྫུ་འཕྲུལ་ཤིན་ཏུ་མྱུར་ཞིང་མགྱོགས་པའི་འདུར་ཤུགས་དྲག་པོས་ཁྲོ་བོ་གཞན་གྱི་བཞོན་པ་ཐེག་ཆེན་ལྡན་པས་རྟ་ལ་སོགས་པ་ཀུན་ཀྱང་རང་དབང་མེད་པར་བདུད་ཀྱི་ངོ་ལ་འདུར་ཐག་གཅོད་པའི་རྟའི་འདུར་གླུ་ཁས་བླངས་པ་འདིས་རྣམ་པར་བསྐུལ་བར་མཛད་པ་ནི། འདི་ལྟ་སྟེ། ཧྲཱིཿཞེས་དབང་དུ་སྡུད་པའི་སྙིང་པོས་དྲངས་ཏེ་འབར་བའི་གར་དགུ་ལྡན་པས་དཔལ་གྱི་རྒྱན་ཆས་ཀྱིས་སྒེག་པ་ཆེན་པོ། བདུད་བཅོམ་པས་དཔའ་བོ། སྐུ་ཆེ་ལ་ཡན་ལག་རགས་པས་འཇིགས་སུ་རུང་བ་དང་། ཞལ་གཡས་དཀར་བ་དགོད་པ་དང་། གཡོན་དམར་བ་གཤེ་བ་དང་། དབུས་མཐིང་ནག་འཇིགས་པར་བྱེད་པ་དང་། རྒྱུད་དྲུག་སྒྲོལ་བས་སྙིང་རྗེ་དང་། གདུག་པ་ཅན་ཞལ་དུ་གསོལ་བས་རྔམ་པ་དང་། ཆོས་སྐུ་མཚན་མ་མེད་པས་ཞི་བ་ལ་སོགས་པའི་སྐུ་ཡི་དངོས་པོ་ཤིན་ཏུ་ཁྲོ་ཞིང་རྔམ་པར་བསྒྱུར་བ་ཡི་གར་གྱི་ཕྱག་རྒྱ་དགུ་དང་ལྡན་པའི་སྐུ་ཆེན་པོ་ཅིར་ཡང་སྣང་ལ་མེ་དཔུང་འབར་བས་དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་ནོན་ཅིག་པའོ། །ཧྲཱིཿཞེས་རྩ་བའི་ཡི་གེ་ནི་སྙིང་པོ་སྟེ་དབང་དུ་བསྡུ་བའི་ཕྱིར་མི་གཏོང་བར་བརྗོད་པས་མགོ་འདྲེན་པ་ཀུན་ལ་སྦྱར་ཏེ། འདོད་ཆགས་ཀྱིས་དྲན་པ་མྱོས་པར་བྱེད་པ་མ་ཧཱ་དེ་བ་བརྒྱ་ཕྲག་བཅུ་སྟེ་སྟོང་བས་ཀྱང་ལྷག་པར་གྱུར་པའི་འདོད་ཅིང་ཆགས་པའི་སྐུ་གཟུགས་སུ་སྟོན་པར་མཛོད་ལ་མཐུན་པས་འདུལ་བར་གྱིས་ཤིག །འགྲོ་བ་དྲག་པོ་འདུལ་བའི་དབང་གིས་གཤིན་རྗེ་སྟོང་བས་ལྷག་པར་འཇིགས་པའི་ཁྲོ་བོའི་གཟུགས་སྐུར་སྟོན་ལ་གཉེན་པོས་འདུལ་བར་གྱིས་ཤིག་པའོ། །ཞི་བས་འདུལ་བ་ལ་དེ་དང་མཐུན་པར་མཚན་དཔེ་ལྡན་པ་ཞི་བའི་སྐུར་ཡང་ཚངས་པ་ཆེན་པོ་སྟོང་བས་ལྷག་པར་རབ་ཏུ་སྟོན་ལ་ཐུལ་ཞིག །གདུལ་བྱ་ཐམས་ཅད་སྔར་བཤད་པའི་དཀྱིལ་འཁོར་རྣམ་གསུམ་གྱི་ངོ་བོ་ཉིད་དུ་སངས་རྒྱས་པར་ཀུན་ཏུ་སྣང་བར་མཛོད་ཅིག །ཧྲཱིཿགདུལ་བྱ་རྣམ་པར་འདུལ་བའི་སྟོབས་ཀྱི་ངོ་མཐོན་དྲག་པོས་མངོན་སུམ་དུ་ལྷ་ཆེན་པོ་དང་དྲེགས་པ་ཅན་ཐབས་ཀྱིས་ཟིལ་གྱིས་གནོན་པར་ཞབས་འོག་ཏུ་ཆུག་ལ་གདན་དུ་ནོན་ཅིག་པའོ། །རྡོ་རྗེའི་གད་མོ་བཞི་ནི། མ་རུངས་ཁྲོས་པའི་གད་མོ་ཧོ་ཧོ་དང་། ཚམས་ངམ་རྔམ་པའི་གད་མོ་ཧ་ཧ་དང་། མི་བསྙེངས་རོལ་པའི་གད་མོ་ཧེ་ཧེ་དང་། དགྱེས་ཤིང་ཚིམ་པའི་གད་མོ་ཧི་ཧི་ཞེས་ཡི་གེ་ཟུང་བཞིའི་རིམ་པ་བཞིན་ནོ། །དེ་ལྟར་དགྱེས་པའི་བཞད་མོས་རྔམ་སྒྲས་ཁོང་ལ་དབང་ཕྱུག་འཁོར་བཅས་ཐམས་ཅད་རབ་ཏུ་ཤིག་པར་ཐུལ་ལ་ཀུན་ཏུ་རབ་ཏུ་ཤིག་པར་ཐུལ་ཞིག །རབ་ཀྱི་རྩལ་གྱི་སྟོབས་ཀྱིས་ངོ་མཐོན་དྲག་པོས་དབང་ཕྱུག་མ་ཧཱ་དེ་བའི་ཚོགས་ཆོམས་ལ་དཔུང་བཤིགས་ཏེ་ཞབས་ཀྱི་གདན་དུ་ནོན་ཞིག །ཧྲཱིཿརྩལ་ཆེན་མ་ཧཱ་དེ་བ་དེའི་ཆུང་མ་སྒྱུ་རྩལ་ཆེན་པོས་དབང་བྱེད་ཧུ་ལུ་ཧུ་ལུ་མིག་གསུམ་པ་ལས་གསུམ་གྲུབ་ཨུ་མ་དེ་བཱི་དེ་ཡང་སེམས་བསྒྱུར་བས་དྲོངས་ལ་དབང་དུ་གྱིས་ཤིག །ཧྲཱིཿཁྲོ་བོ་དྲག་པོའི་རབ་ཀྱི་རྩལ་གྱིས་སྟོབས་ཀྱིས་ངོ་མཐོན་དུ་འཇིག་རྟེན་ན་མཐུ་ཆེན་ལྡན་པ་ཁྱབ་འཇུག་ནག་པོ་གདན་དུ་གནོན་པར་གྱིས་ཤིག །རུ་ཏྲ་མ་ཏྲའི་བསམ་པ་སྙིང་ལས་ཡང་དག་པར་ཆགས་པས་ལྷ་མི་དགའ་བས་ཁྱབ་འཇུག་གི་ཆུང་མ་དཔལ་མོ་དེ་ཡང་དྲོངས་ཤིག་རབ་ཏུ་དྲོངས་ལ་དབང་དུ་གྱིས་ཤིག །ཧྲཱིཿརབ་ཏུ་རྩལ་གྱི་སྟོབས་ཀྱིས་ངོ་མཐོན་དྲག་པོས་ལྷ་ཆེན་ཚངས་པ་དེ་ཉིད་གདན་དུ་ནོན་ཞིག །ཚངས་པའི་ཆུང་མ་ཚངས་ལས་སྒྲོལ་མ་དྲོངས་ཤིག་སྨ་ར་ཐ་ཞེས་པ་བྲུ་ཤའི་སྐད་དེ་རབ་དྲོངས་ཤིག་ཅེས་རབ་ཏུ་དྲོངས་ལ་དབང་དུ་གྱིས་ཤིག །ཧྲཱིཿརབ་ཀྱི་རྩལ་གྱི་སྟོབས་ཀྱིས་ངོ་མཐོན་ཆེན་པོས་དགའ་བྱེད་དབང་ཕྱུག་གདན་དུ་ནོན། བདུད་དཔུང་འདུལ་བའི་སྦྱོར་ཆེན་ཀུན་གྱི་བདག་ཉིད་ལ་དགའ་བྱེད་ཆུང་མ་དེ་ཡང་དྲོངས་ལ་དབང་དུ་གྱིས་ཤིག །ཧྲཱིཿརབ་ཀྱི་རྩལ་གྱི་སྟོབས་ཀྱིས་ངོ་མཐོན་དུ་དུར་ཁྲོད་ཀྱི་བདག་པོ་རུ་ཏྲ་དཔུང་ཚོགས་ཆོམས་ལ་ཞབས་ཀྱི་གདན་དུ་ནོན་པར་གྱིས་ཤིག །དཔལ་གྱི་སྦྱོར་ཆེན་རུ་ཏྲའི་ཆུང་མ་ཀྲོ་ཏི་ཤྭ་རི་དབང་མོ་དེ་ཉིད་དྲོངས་ཤིག་རབ་ཏུ་དྲོངས་ལ་དཔྲོག་ནས་དབང་དུ་གྱིས་ཤིག །གཉིས་པ་ནི། སྙིང་རྗེ་གང་ལ། ཞེས་པ་ནས། གདུལ་བར་སུ་ཞིག་ཟེར། །ཞེས་པའི་བར་གྱིས་བསྟན་ཏེ། བཤད་པའི་དྲེགས་པའི་ངག་དང་མཐུན་པ་ཉིད་དུ་གཅིག་པའི་ཡང་ཕྱིར་ཏེ། གདུག་པ་འདུལ་བའི་ཐུགས་རྗེའམ་སྙིང་རྗེ་མཆོག་གིས་སྒྲོལ་བ་དེ་གདུལ་བྱ་གང་ལ་བྱ་བའམ་མི་བྱ་བ་ཡི་ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་སྙིང་རྗེ་ཆེན་པོ་བླ་ན་མེད་ཅིང་མཆོག་ཏུ་གྱུར་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་འདྲའི་སྙིང་རྗེ་དེ་ཉིད་སྣང་ལ་མ་གྲུབ་པས་སྒྱུ་མ་ལྟ་བུ་ཡིན་པས་ན་དེ་ལ་སུ་ཞིག་གིས་སྙིང་རྗེ་ཆེན་པོ་ཟེར་ཏེ་ཐ་སྙད་ཀྱིས་གདགས་པ་མེད་དོ། །དེ་བཞིན་དུ་གདུལ་བྱ་གང་ལ་གདུལ་བར་བྱ་བའམ་མི་བྱ་བ་ཡི་ཁྱད་པར་དབྱེ་ཞིང་འདུལ་མི་འདུལ་གྱི་ཐེ་ཚོམ་དང་ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་མཆོག་དང་བླ་ན་མེད་པ་ཡིན་ཏེ། ཅིའི་ཕྱིར་ན། དེ་འདྲའི་གདུལ་བྱ་དྲག་པོ་དེ་ཉིད་སྣང་བཞིན་དུ་མ་གྲུབ་པར་སྒྱུ་མ་ལྟ་བུ་ཡིན་པས་ན་དེ་ལ་ཆེད་དུ་དམིགས་ཏེ་གདུལ་བར་བྱ་ཞེས་སུ་ཞིག་ཟེར་ཏེ་ཐུལ་མི་ཐུལ་མེད་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། འཁོར་རྣམས་བཏུལ་བ། གཙོ་བོ་བཏུལ་བའོ། །དང་པོ་ལ་གཉིས་ཏེ། དུག་གསུམ་ལ་ཞེན་པ་ཀུན་བཏུལ་བ། ཐུལ་ནས་གསང་ཆེན་བསྟན་པའི་དབུ་ཟུག་པའོ། །དང་པོ་ནི། ཧྲཱིཿཧ་ཧ་ཧོ་ཧོ། ཞེས་པ་ནས། ཡོངས་རྫོགས་བཞེངས་ཤིག་དགོངས། ཞེས་པའི་བར་གྱིས་བསྟན་ཏེ། ཧྲཱིཿདབང་གི་སྙིང་པོ་དང་། ཧ་ཧ་ཚམས་ངམ་རྔམ་པའི་གད་མོ། ཧོ་ཧོ་མ་རུངས་ཁྲོས་པའི་གད་མོ་སྟེ་གོང་དང་རྗེས་སུ་མཐུན་ལ། ཁྲོ་བོའི་གཙོ་བོ་སྤྲུལ་ལ་འཁོར་རབ་ཏུ་སྤྲུལ་ཏེ་ཀུན་ཏུ་རབ་ཏུ་སྤྲུལ་པ་གདུལ་བྱ་ལ་སྣང་ཞིང་གསལ་བར་མཛོད་ལ། ཤིན་ཏུ་སྐུ་གཏུམ་ཞིང་གསུང་དྲག་ཅིང་ཐུང་ལ་ཐུགས་རྔམ་པས་འཁྲུགས་ཏེ་མེ་དཔུང་འབར་བའི་རྣམ་པར་ཀུན་ཏུ་སྣང་བར་མཛོད་ཅིག །གདུལ་བྱའི་བྱེ་བྲག་རྣམ་པ་མང་པོ་སོ་སོར་མ་འདྲེས་པར་སྣ་ཚོགས་ཇི་སྙེད་པ་ཡི་ལས་ཀྱི་ཁྲོ་བོ་སྲིན་པོར་སྣང་བའི་ལོག་པར་ལྟ་བ་ཅན་དེ་ཡི་རིགས་ཀྱི་ཞེ་སྡང་ཅན་གང་ཆ་བྱད་ཁྲོ་བོར་སྣང་བའི་འགྲོ་བ་རྣམ་པ་མང་པོ་བསམ་ཡས་པ་དེ་དག །ཤིན་ཏུ་ཞེ་སྡང་དྲག་པོའི་ཚུལ་གྱིས་ཁྲོ་བོ་ཆེན་པོར་བཞེངས་པའི་བཛྲ་ཧེ་རུ་ཀ་ཡི་རིགས་དང་རྒྱུད་ཀྱིས་གདུལ་བྱ་སྤྱི་དང་ཁྱད་པར་མ་ལུས་ཤིང་ལུས་པ་མེད་པར་འདུལ་བར་མཛད་པའི་ཐབས་ཚུལ་མང་ཞིང་ཆེ་བ་དང་ལྡན་པ་མཁྱེན་པས་ཐབས་ལ་མཁས་པ་མངའ་བའི་ཕྱིར། རྒྱལ་བ་ཀུན་གྱི་ཐབས་མཆོག་མ་གྲུབ་བཞིན་དུ་སྣང་བས་སྒྱུ་མ་ལྟ་བུར་མཐུན་པར་རབ་ཏུ་སྤྲུལ་ཞིང་གཉེན་པོར་རྣམ་པར་སྤྲུལ་ཏེ་ཅིར་སྣང་ལྟར་དུ་འདོད་པའི་ཕྲིན་ལས་མཆོག་མཛོད་ལ། གདུལ་ཐབས་ཁྲོ་བོར་སྣང་ལ་ངོ་བོ་འགྲོ་འོང་མེད་པའི་དབྱིངས་ལས་མ་གཡོས་པར་རང་བྱུང་གི་ཡེ་ཤེས་ཆེན་པོ་ལ་ཡེ་ཤེས་བཞི་ཡང་ལྷུན་གྱིས་རྫོགས་པར་སྣང་བའི་ཁྲོ་བོ་མཆོག་གིས་དུག་གསུམ་ཞལ་དུ་གསོལ་ཀུན་ཏུ་བཞེས་ཤིག་བསྒྲལ་བའི་པགས་པ་སྐུ་ལ་མནབས་པར་མཛོད་ཅིག་ཅེས་བསྐུལ་ལོ། །དེ་བཞིན་དུ་གདུལ་བྱ་རྣམ་པ་མང་པོ་སྣ་ཚོགས་ཀུན་ཏུ་འདོད་པར་སྣང་བའི་འགྲོ་བ་འདོད་ཆགས་ཅན་རྣམས། བཀོད་པ་རྣམ་པ་མང་པོའི་འདོད་ཆགས་འབར་བའི་ཚུལ་གྱིས་པདྨ་ཧེ་རུ་ཀའི་རིགས་དང་རྒྱུད་ཀྱིས་གདུལ་བྱ་མ་ལུས་ལུས་པ་མེད་པར་འདུལ་བའི་མང་ལ་ཆེ་བའི་ཐབས་ལ་མཁས་པ་མངའ་བའི་རྒྱལ་བ་ཀུན་གྱི་ཐབས་མཆོག་སྣང་ལ་གྲུབ་པ་མེད་པ་སྒྱུ་མ་ལྟ་བུར་རབ་ཏུ་སྤྲུལ་ཏེ་རྣམ་པར་སྤྲུལ་ཞིང་འདོད་པ་ལ་སྤྱོད་པ་ལྟར་སྣང་ལ་ངོ་བོ་མ་ཆགས་པའི་ཡེ་ཤེས་ཆེན་པོས་བདེ་མཆོག་སྒྱུ་མའི་རོ་ཉིད་ཀུན་ཏུ་མྱོང་བར་མཛད་ནས་བཞེས་ཤིང་རོལ་པའི་གར་ཐབས་མཛོད་ཅིག །དེ་དང་མཚུངས་པར་གདུལ་བྱ་རྣམ་པ་མང་པོ་སྣ་ཚོགས་པ་ཀུན་ཏུ་རྨོངས་པར་སྣང་བའི་འགྲོ་བ་གཏི་མུག་ཅན་རྣམས། མཁྱེན་རྩལ་རྣམ་པ་མང་པོ་མི་འབྱེད་གཏི་མུག་ཆེན་པོའི་ཚུལ་གྱིས་བུདྡྷ་ཧེ་རུ་ཀའི་རིགས་དང་རྒྱུད་ཀྱིས་གདུལ་བྱ་མ་ལུས་ཤིང་ལུས་པ་མེད་པར་འདུལ་བའི་མང་ལ་ཆེ་བའི་ཐབས་ལ་མཁས་པ་མངའ་བའི་རྒྱལ་བ་ཀུན་གྱི་ཐབས་མཆོག་སྣང་ལ་སྟོང་པས་སྒྱུ་མས་རབ་ཏུ་སྤྲུལ་ཞིང་རྣམ་པར་སྤྲུལ་ཏེ། ཆོས་ཀུན་འབྲས་བུར་མཉམ་པས་འབྱེད་པ་མེད་པར་རྣམ་པ་ཀུན་ལ་མ་རྨོངས་པར་རང་གསལ་བསལ་བཞག་བྲལ་བར་མཁྱེན་པའི་ཡེ་ཤེས་མ་འདྲེས་ཡོངས་རྫོགས་ཆེན་པོར་བཞེངས་ཤིང་དགོངས་པར་མཛོད་ཅིག་ཅེས་བསྐུལ་བར་མཛད་དོ། །གཉིས་པ་ནི། ཞེས་ཁྲོ་བོ་མ་རངས། ཞེས་པ་ནས། སྒྲོགས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ཞེས་ཡེ་ཤེས་ཀྱི་ཁྲོ་བོ་ཆེན་པོ་རུ་ཏྲ་ལ་སོགས་པའི་སྤྱོད་ལོག་ལ་མ་རངས་ཏེ་དགྱེས་པ་མེད་ཀྱང་དེས་མི་བསྙེངས་ཏེ་བག་ཚ་བ་མེད་པའི་ཕྱིར་དྲག་པོ་དགྱེས་པའི་གསུང་སྒྲ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་གདངས་སྐད་བྱུང་བ་བདུད་ཚོགས་ཀྱི་ངོ་ལ་སྣང་བས་བདུད་ཀྱི་ཆ་འཛིན་པའི་བདུད་དམག་བྱེ་བ་དུང་ཕྱུར་རྣམས། བག་བཞི་འཁུམས་ཏེ་ཟིལ་གྱིས་གནོན་པར་གྱུར་པས་རྒོལ་བར་མ་ནུས་ཏེ་རུ་མཚོན་ལ་སོགས་པའི་མཚོན་ཆའི་སྤྲིན་དཔུང་ནི་བྱེད་པ་མི་དམིགས་པས་སྟོང་པ་ཉིད་དུ་སངས་པར་གྱུར་ཅིང་། བདུད་ཀྱི་སྒྲ་དང་ཨག་ཚར་གྱི་མི་སྙན་པའི་ངག་རྣམས་ནི་ཆོས་ཀྱི་ཚིག་དོན་དུ་ཤར་ནས་ལས་དང་སྐྱེ་བ་དང་མཚན་ཉིད་ཐམས་ཅད་མངོན་དུ་གྱུར་ཏེ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒྲ་ནིི་དི་རི་རི་སྒྲོགས་པར་གྱུར་ཏོ། །དེ་བས་ན་གསང་བ་མཆོག་གི་བསྟན་པ་འབྱུང་བའི་འགོ་ཚུགས་སོ། །ནང་ལྟར་ན། ཀུན་གཞི་ལ་ཆོས་ཉིད་ཀྱི་གསལ་སྣང་འཕེལ་ཏེ་དུག་གསུམ་ས་བོན་གྱིི་ཆ་དང་བཅས་པའི་སྒྲིབ་པ་ཐམས་ཅད་དག་པའི་སྒོམ་ལམ་གྱི་ཡེ་ཤེས་བསྐྱེད་པའོ། །གཉིས་པ་ལ་གཉིས་ཏེ། མཐུ་དང་རྫུ་འཕྲུལ་ཚར་བཅད་པ། བསྒྲལ་ཏེ་དངོས་སུ་བཏུལ་བའོ། །དང་པོ་ནི། དུར་ཁྲོད་ཀྱི་བདག་པོ། ཞེས་པ་ནས། མྱོས་ཏེ་འགྱེལ་བར་གྱུར། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་དུར་ཁྲོད་ཀྱི་བདག་པོོ་རུ་ཏྲ་ནག་པོ་གཅིག་པུ་ལྟ་ཞིག་རང་གི་འཁོར་གྱིས་ཡོངས་སུ་བོར་ཏེ་འཁོར་ཐམས་ཅད་འཇིགས་བྱེད་ཆེན་པོ་རྗེ་བཙན་དམ་པ་དེ་ལ་སྐྱབས་སུ་དངོས་ནས་རུ་ཏྲ་གཅིག་པུ་ལས་མི་སྣང་སྟེ། བདུད་ཀྱི་བློ་དང་གྲོས་ཀུན་གྱི་ཡུལ་འཁོར་ཐམས་ཅད་དང་བྲལ་བར་མ་བྱས་པ་ནི་རྟའི་འདུར་གླུའི་མཐུའོ། །དེ་ནས་རུ་ཏྲ་ནག་པོ་རང་གི་འཁོར་ལ་ཡི་ཁོས་བསམ་པ་ཆད་པའམ་ཡི་ཆད་དེ་རེ་བ་མེད་ཅིང་བརྒལ་བའི་ཐབས་ཐམས་ཅད་བརླག་ཅིང་བྲལ་ནས། ཤིན་ཏུ་ཞེ་སྡང་དྲག་པོས་ཀུན་ནས་འཁྲུགས་ཏེ་དེའི་དབང་གིས་དྲན་པ་མེད་པར་རྣམ་པར་འཁུམས་ནས་རྩལ་ཡོད་ཚད་བཏོན་པ་ནི། རང་གི་རུ་ཏྲ་ལྔའི་ས་བོན་མངོན་དུ་ཕྱུངས། ཞེས་པའི་དོན་འགྲེལ་ཆེན་གྱི་ལུགས་ཀྱི་ཉོན་མོངས་པ་དུག་ལྔ་ལ་བཤད་ཅིང་། ལུང་བསྟན་དང་རུ་ཏྲ་ལམ་སྲོང་གི་ལུགས་ཀྱི་འདི་ལྟར་བཤད་དེ། བརྟགས་པ་རང་རྒྱུད་ཀྱི་རུ་ཏྲ་མོས་པ་རྗེས་སུ་བཞག་པའི་ཤེས་པ་སྐྱེས་བུ་ཡུལ་གྱི་འདོད་པས་གདུང་བ་ལྟ་བུ་དང་། སྤྲུལ་པ་འདོད་པ་སྐོངས་པའི་རུ་ཏྲ་བསམ་པ་ཡིད་དང་མཐུན་པའི་ཤེས་པ་སྣ་ཚོགས་མེ་ཏོག་གི་གླིང་ལ་ཕྱིན་པ་ལྟ་བུ་དང་། ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པའི་རུ་ཏྲ་སྣ་ཚོགས་ཉམས་དང་ལྡན་པའི་ཤེས་པ་རྒྱ་མཚོར་རིན་པོ་ཆེའི་གླིང་ལ་ཕྱིན་པ་ལྟ་བུ་དང་། རིག་པ་རྣལ་དུ་འཇོག་པའི་རུ་ཏྲ་རང་གསལ་ཕྱོགས་དང་བྲལ་བའི་ཤེས་པ་སྐྱེས་བུ་རང་གི་མཚན་དཔེ་ལ་ལྟ་བ་ལྟ་བུ་དང་། མ་བཅོས་ལྷུན་གྱིས་གྲུབ་པའི་རུ་ཏྲ་ཀློང་ཡངས་སྙིང་པོར་ཆུབ་པའི་ཤེས་པ་ཐམས་ཅད་ནམ་མཁའི་ངང་དུ་གནས་ཤིང་འབྱུང་འཇུག་མེད་པ་ལྟ་བུའོ། །དེ་ལ་དང་པོ་བརྟགས་པ་རང་རྒྱུད་ཀྱི་རུ་ཏྲ་ནི། རུ་ཏྲ་ལམ་སྲོང་ལས། ཉོན་མོངས་འདོད་དང་གཟུང་འཛིན་གྱིས། །བརྟགས་པས་ཅི་བཞིན་དོན་ལ་སྒྲིབས། །ཅེས་པས་འདིར་གསུམ་སྟེ། ལོག་པའི་དབང་གིས་ཉོན་མོངས་པ་ལྔར་བརྟགས་པ་དང་། རྟོག་པའི་དབང་གིས་གཟུང་འཛིན་དུ་བརྟགས་པ་དང་། ཞེན་པའི་དབང་གིས་འདོད་ཡོན་ལྔར་བརྟགས་པའོ། །དེ་ནི་གྲོལ་ཐར་བ་ལ་དད་ཅིང་མོས་པའི་ཤེས་པ་ཙམ་ཡོད་དེ། དཔེར་ན་སྐྱེས་བུ་སྙིང་དུ་སྡུག་པ་ལ་ཆགས་ཤིང་ཞེན་པ་ལྟ་བུའོ། །དེ་ཉིད་ལེའུ་ཉི་ཤུ་པ་ཉེར་གཉིས་པ་གསུམ་གྱིས་སྟོན་ནོ། །གཉིས་པ་སྤྲུལ་པ་འདོད་པ་སྐོངས་པའི་རུ་ཏྲ་ནི། སྔ་མ་ལས། བྱིན་རླབས་ཉམས་ལྡན་བླ་མ་ཡིས། །རིགས་ངེས་ངད་ལྡན་ཤེས་རབ་སྤྱོད། །ལས་དང་ཐུགས་རྗེར་འཕྲད་རུང་ལ། །རང་བཞིན་དཀའ་བའི་ལས་དབང་གིས། །དུག་གིས་དུག་ནད་བསལ་བ་ལྟར། །ཞེས་པས་འདིར་གསུམ་སྟེ། སྨོན་ལམ་གྱི་དབང་གིས་གང་སྤྲུལ་པ་དང་། གདུལ་བྱའི་དབང་གིས་གང་ལ་སྤྲུལ་པ་དང་། འདུལ་བྱེད་ལས་ཀྱི་དབང་གིས་ཇི་ལྟར་སྤྲུལ་པའོ། །དེ་ནི་གདུལ་བྱའི་བསམ་པ་ཡིད་དང་མཐུན་པའི་ཤེས་པ་སྟེ་མེ་ཏོག་སྣ་ཚོགས་ཀྱི་གླིང་ལ་ཕྱིན་ཙམ་ན། མཛེས་ཤིང་ཡིད་དང་མཐུན་པ་ལྟ་བུའོ། །དེ་ཉིད་ལེའུ་ཉེར་གསུམ་པ་ནས་ཉེར་དྲུག་པའི་བར་གྱིས་སྟོན་ནོ། །གསུམ་པ་ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པའི་རུ་ཏྲ་ནི། དེ་ཉིད་ལས། སྔོན་ནས་ཞེན་པའི་བག་ཆགས་དག །འདས་པའི་དུས་ན་སྔོན་བྱུང་ལྟར། །བླ་མས་གསལ་བྱས་སེལ་འགྱུར་བས། །ནོར་བས་ཡིད་ཆེས་འགྱོད་པ་ཉིད། །གདུལ་བྱའི་ཞེན་པ་སྔོན་བསལ་ནས། །རང་སེམས་སྙིང་པོ་མཐོང་བའི་རྒྱུ། །ད་ལྟ་ཉིད་དུ་མངོན་པར་སྣང་། །བླ་མ་དབང་པོ་ཐམས་ཅད་ལ། །མཉེས་ཤིང་ཚོགས་ཀྱིས་གུས་མཆོད་ཅིང་། །ཅེས་པས་འདིར་གསུམ་སྟེ། གདུལ་བྱེད་དྲག་པོའི་སྟོབས་ཀྱིས་སྔོན་གྱི་ལས་དྲན་ཏེ་ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པ་དང་། སྨྲེ་སྔགས་དྲག་པོའི་ཤུགས་ཀྱིས་གདུང་བ་ཆད་དེ་ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པ་དང་། དབང་དང་གདམས་ངག་དྲག་པོའི་བྱིན་རླབས་ཀྱིས་རིག་པའི་ཉམས་འཕེལ་ཏེ་ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པའོ། །དེ་ནི་ཏིང་ངེ་འཛིན་གྱི་ཉམས་འཕེལ་བས་རྒྱ་མཚོའི་གླིང་དུ་ཕྱིན་ཙམ་ན་གང་ལ་བལྟས་པ་ཐམས་ཅད་ནོར་བུ་རིན་པོ་ཆེར་འདུག་པ་ལྟ་བུའོ། །དེ་ཉིད་ཉེར་བདུན་པ་ནས་སུམ་ཅུ་པའི་བར་གྱིས་སྟོན་ནོ། །བཞི་པ་རིག་པ་རྣལ་དུ་འཇོག་པའི་རུ་ཏྲ་ནི། རྟོགས་ན་མ་བཅོས་རང་བཞིན་ཏེ། །ཆུ་ཡི་རླབས་ལྟར་ཐ་དད་མེད། །ཅིར་སྣང་རང་སེམས་སྐྱེ་མེད་ཅིང་། །ངོ་བོ་མི་འགྱུར་བཅོས་སུ་མེད། །མཐུན་དང་མི་མཐུན་བྱུང་ཚོར་ནི། །རྒྱུ་རྐྱེན་གཉིས་པོ་དང་བྲལ་བར། །ངོ་བོ་མཐོང་བ་ཡེ་ཤེས་གསལ། །སྔ་ཕྱི་མེད་དེ་དེ་བཞིན་ཉིད། །ཅེས་པས་འདིར་གསུམ་སྟེ། རང་བཞིན་མ་བཅོས་པར་རྣལ་དུ་འཇོག་པ་དང་། གནས་སྐབས་མི་འགྱུར་བར་རྣལ་དུ་འཇོག་པ་དང་། མཚན་ཉིད་མ་ལྟོས་པར་རྣལ་དུ་འཇོག་པའོ། །དེ་ནི་རིག་པ་ཡེ་ཤེས་གསལ་བའི་ཡེ་ཤེས་སུ་ཤར་བས་སྐྱེས་བུ་རང་གི་མཚན་དཔེ་རང་ལ་ཡོད་པ་ངོ་མ་ཤེས་པ་མེ་ལོང་དུ་ཤར་ནས་གསལ་བར་མཐོང་བ་ལྟ་བུའོ། །དེ་ཉིད་ཉེར་དགུ་པ་ནས་སོ་གཅིག་པའི་བར་གྱིས་འཐོར་བུར་སྟོན་ནོ། །ལྔ་པ་མ་བཅོས་ལྷུན་གྱིས་གྲུབ་པའི་རུ་ཏྲ་ནི། ལམ་སྲོང་ལས། རིག་པ་ཇི་ལྟར་གང་གསལ་ཀྱང་། །རང་བྱུང་རང་སྣང་དེ་བཞིན་ཉིད། །མཐོང་རྟོགས་གོམས་པའི་སྐྱེས་བུ་ལ། །སྒོ་གསུམ་མཛད་པ་ཕྱོགས་རིས་མེད། །དེས་ན་ལུང་ཐོབ་བྱིན་རླབས་ལྡན། །ཅེས་པས་འདིར་གསུམ་སྟེ། གནས་ཚུལ་མ་བཅོས་པར་ལྷུན་གྱིས་གྲུབ་པ་དང་། སྣང་ཚུལ་མ་བཅོས་པར་ལྷུན་གྱིས་གྲུབ་པ་དང་། འབྲས་བུ་མ་བཅོས་པར་ལྷུན་གྱིས་གྲུབ་པའོ། །དེ་ནི་སྙིང་པོ་བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་པས་ཆོས་ཐམས་ཅད་དབྱིངས་ཀྱི་ནམ་མཁའ་ལ་གསལ་བའོ། །དེ་ཉིད་ལེའུ་སོ་གཅིག་པས་སྟོན་ནོ། །འདིས་ནི་རུ་ཏྲ་དང་པོ་གོལ་བ་ནས་མཐར་འབྲས་བུ་མངོན་དུ་གྱུར་པའི་བར་གྱི་བྱུང་ཚུལ་འདི་ཡི་སྐབས་དོན་ཡོངས་རྫོགས་ལ་སྦྱར་ནས་འཆད་དོ། །དེ་ལྟར་འཆད་ཚུལ་གཉིས་པོ་གང་ལྟར་ཡང་རང་བཞིན་ཡེ་ཤེས་སུ་གནས་ཀྱང་སྣང་ཆ་བདག་ཏུ་རྟོག་པའི་མཐུས་ཉོན་མོངས་པ་དུག་ལྔར་ཤར་བ་ལ་གཉིས་ཀར་གཏོགས་པའི་ཁམས་ཀྱི་ཆས་ལས་ཀྱི་ཁྲོ་བོར་སྐྱེ་བའི་སྐུ་ཡི་ས་བོན་སྲོག་སྔགས་བརྗོད་ནས་སྟོབས་རྩལ་མངོན་དུ་ཕྱུང་བ་སྟེ། དང་པོ་རུ་ལུ་རུ་ལུ་བྷྱོཿ ཞེས་མངོན་དུ་བརྗོད་པས། རུ་ཏྲ་ཁོ་ཉིད་སྔར་ལས་མགོ་གསུམ་ལ་ལག་པ་དྲུག་ཅན་རྐང་པ་བཞི་པ། ཤིན་ཏུ་ཁྲོས་པའི་ཚུལ་དུ་གྱུར་ནས་ཆེ་བ་བཏོན་པ་ལས། དཔལ་ཆེན་པོ་རྗེ་བཙན་རྡོ་རྗེ་སྲིན་པོ་དེས་ཁོ་ན་ཉིད་ཅི་འདྲ་བ་བཞིན་དུ་དབུ་གསུམ་ཕྱག་དྲུག་ཞབས་བཞི་པ་དེར་མཛད་དེ། ལུས་ཀྱི་མཐུ་འཕྲོག་ཅིང་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་སྣང་བའི་རྣམ་པ་ཡི་གེ་ཧཱུྃ་ལ་ངོ་བོ་རྡོ་རྗེ་མི་ཕྱེད་པའི་ཡེ་ཤེས་ཆེན་པོའི་དབང་དུ་ཁོ་ཡི་ངག་བྱས་ཏེ་འཁོར་བའི་ས་བོན་ལྔ་པོ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿ ཞེས་སུ་བྱས་ནས་གསུངས་པས་ངག་གི་སྤྲུལ་པ་དེ་ཉིད་འཕྲོགས་ཏེ་རུ་ཏྲ་ཁོ་ན་དེ་ཡི་ངག་གི་དབང་པོ་ཉམས་པར་མཛད་དོ། །དེ་ནས་ཡང་དུར་ཁྲོད་ཀྱི་བདག་པོ་དེས། གཉིས་པ་ར་ལ་ར་ལ་བྷྱོཿ ཞེས་བརྗོད་པས། དེའི་སྟོབས་ཀྱིས་མགོ་དགུ་ལ་བཅོ་བརྒྱད་ལག་ཏུ་གྱུར་པ་ན། གང་དེར་ཡང་དཔའ་བོ་རྗེ་བཙན་དམ་པ་དེས། དབུ་དགུ་བཅོ་བརྒྱད་ཕྱག་ཏུ་མཛད་ནས། རུ་ཏྲ་གང་གི་སྤྲུལ་པ་དེ་ཉིད་ངེས་པར་བཅད་དོ། །ཡང་དེར་ཡང་དུར་ཁྲོད་བདག་པོ་དེས། གསུམ་པ་ཧུ་ལུ་ཧུ་ལུ་བྷྱོཿ ཞེས་བརྗོད་པས། མགོ་བོ་ལྔ་ལ་བཅུ་དྲུག་ལག་ཏུ་གྱུར་ཏེ། དཔལ་ཆེན་རྗེ་བཙན་སྲིན་པོ་དེས་ཀྱང་རུ་ཏྲ་ཁོ་ན་ཅི་འདྲ་བར་དབུ་ལྔ་བཅུ་དྲུག་ཕྱག་དེར་མཛད་དེ། དེར་ཡང་ཁོ་ཡི་ངག་གི་བརྗོད་པ་བཅད་དེ་ཉམས་པར་བྱས་སོ། །འདི་ལ་དཔེ་ལ་ལར་མགོ་བརྒྱད་ཀྱང་འབྱུང་ལ་དོན་ལ་འདི་དང་ལྔ་མགོ་རིམ་བརྗེ་བར་གསུངས་སོ། །གང་དེར་ཡང་དུར་ཁྲོད་བདག་པོ་དེས། བཞི་པ་ཧ་ལ་ཧ་ལ་བྷྱོཿ ཞེས་བརྗོད་པས། ཉི་ཤུ་རྩ་གཅིག་གི་མགོ་བོ་ལ། བཞི་བཅུ་རྩ་གཉིས་ཀྱི་ལག་པ་ཅན་དུ་གྱུར་ཏོ། །ཡང་དུ་རྡོ་རྗེ་སྲིན་པོ་དེས་ཀྱང་རུ་ཏྲ་དེ་ཅི་འདྲ་བ་ཁོ་ན་ལྟར་དབུ་ཉེར་གཅིག་ལ་ཕྱག་ཞེ་གཉིས་ཅན་དེར་མཛད་ནས། གང་འདིར་ས་བོན་དེ་སླར་སྨྲ་བའི་ངག་གི་དབང་པོ་བཅད་པར་མཛད་དོ། །ཡང་དེར་རུ་ཏྲ་ཁོ་ན་དེ་ཉིད་ཀྱིས། ལྔ་པ་ར་ལི་ར་ལི་བྷྱོཿ ཞེས་བརྗོད་པས། ལུས་ནི་ཚད་མེད་པའི་ཆེན་པོ་དབུ་ཕྱག་གྲངས་མེད་པ་ལ་ནད་ཀྱི་བསྐལ་པ་འཚུབ་མར་གཏོང་ཞིང་གདུག་པའི་མཚོན་ཆ་སྣ་ཚོགས་ལུས་ལས་འགྱེད་པར་བྱེད་དོ། །རྗེ་བཙན་རྡོ་རྗེ་སྲིན་པོ་དེས་ཀྱང་རུ་ཏྲ་ཁོ་ན་དེ་འདྲར་དབུ་ཕྱག་མཐའ་ཡས་པ་ཉིད་མཛད་དེ། ཁོ་ཡི་ངག་འཕྲོགས་པར་མཛད་པས་ངག་གི་སྤྲུལ་པ་ཆད་པར་གྱུར་ཏེ། དཔེར་ན་སྐྱེས་བུ་གང་ལ་ལ་ཞིག་ལྕེ་བཅད་དེ་ཁྲག་གིས་བོར་བ་བཞིན་དུ་ཤིན་ཏུ་མྱོས་ཏེ་འགྱེལ་བར་གྱུར་ཏོ། །དེ་དག་གིས་སྦྱོར་ལམ་དང་སྐལ་བ་མཉམ་པར་མཛད་པར་མངོན་ནོ། །གཉིས་པ་ནི། ཀུན་གྱི་མངའ་བདག །ཅེས་པ་ནས། རོལ་ཏེ་ཕྱལ་དུ་སྦྱངས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་འཁོར་འདས་ཀུན་གྱི་མངའ་བདག་འཇིགས་བྱེད་ཆེན་པོ་དཔལ་རྡོ་རྗེ་སྲིན་པོ་དེས་ས་མ་ཡ་ཧོ་ཞེས་དམ་ཚིག་བདར་བའི་སྔགས་གསུངས་ཏེ་དམ་བསྒྲགས་པར་མཛད་པས་རུ་ཏྲ་སྔོན་བྱུང་གི་དུས་བསྐལ་པ་ཀུན་དགའ་ལ་ཐར་པ་ནག་པོར་གྱུར་ཙམ་ན་གསང་སྒོར་ལྷན་དུ་ཞུགས་ནས་མོས་པས་དམ་ཚིག་མནོས་པའི་ལས་དང་ཐུགས་རྗེས་འབྲེལ་བ་ཡི་དབང་གིས་སྲོག་གི་དབང་པོས་མ་བཟོད་དེ་ལམ་ལོག་པར་ཕྱོགས་མ་ཕོད་པར་གང་དེར་ཁྲོ་བོ་ཆེན་པོ་ལ་མདུན་གྱི་ཕྱོགས་ཏེ་ཡིད་འདུན་ཞིང་མོས་པ་བྱས་པ་དང་། རྩེ་གསུམ་ཁ་ཊྭཱཾ་འབར་བ་ཡིས་དངོས་སུ་བརྒྱབས་ཏེ་བསྒྲལ་བར་བྱས་ནས་རུ་ཏྲའི་ངོ་བོ་བཅོམ་ཞིང་དབང་དུ་བསྡུ་བའི་ཐབས་མཆོག་གང་གིས་མཛད་པ་གར་གྱི་ཕྱག་རྒྱས་རོལ་སྟབས་མཛད་དེ། ཤ་ཟོས་ཁྲག་འཐུང་རུས་པ་འཆོས་ནས་དུག་གསུམ་མཆོད་པར་བཞེས། ཡན་ལག་བཅད་ཅིང་གཏུབ་སྟེ་སྙིང་དང་དབང་པོ་ཀུན་ཕྱུངས། ནང་ཁྲོལ་ཀུན་དྲངས་ཏེ་ཞལ་དུ་མིད་ནས་སྐུའི་ལྟོ་བའི་ཕྱལ་དུ་སྦྱངས་པར་མཛད་ལ། པགས་པ་ནི་སྐུ་ལ་མཁས་ཏེ་གསོལ། ཐོད་པས་སྐྱོགས་བྱས། ཁོའི་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱང་རྒྱལ་བྱེད་དཔའ་རྟགས་ཀྱི་རྒྱན་དུ་མཛད་དེ་ཉོན་མོངས་པ་རྣམས་དག་པར་བྱས་སོ། །འདིར་འདུད་བཞི་བཅོམ་པའང་སྦྱར་ཞིང་། ཤ་ཁྲག་རུས་གསུམ་ཟོས་པ་ནི་དུག་གསུམ་ཟད་པའི་བརྡ་དང་། ནང་ཁྲོལ་ཀུན་ཟོས་པ་གཟུང་འཛིན་ཟད་པའི་བརྡ་དང་། དབང་པོ་རྣམས་ཟོས་པ་ཆགས་པ་དང་བྲལ་བའི་བརྡ་དང་། པགས་པ་གྱོན་ཞིང་ཐོད་སྐྱོགས་དུང་ཁྲག་མཛད་དེ་རྒྱན་རྣམས་མནབས་ཤིང་བརྒྱན་ཏེ་ཕྱག་ཆ་ཀུན་འཕྲོགས་པ་ནི་ཉོན་མོངས་པ་ཐམས་ཅད་ཀུན་ནས་བསྒྲལ་ཏེ་གནས་གྱུར་བའི་བརྡའོ། །བར་སྐབས་དེར་རུ་ཏྲས་མཐོང་ལམ་དོན་གྱི་ཡེ་ཤེས་མངོན་དུ་བྱས་ཏེ་སྣང་བ་རྣམ་འབྱེད་ཀྱི་རྟོགས་པ་ཐོབ་ནས་ཞེན་པ་ཡོངས་སུ་དག་གོ། །བདུན་པ་ལ་བཞི་སྟེ། སྨྲེ་སྔགས་བཏོན་པ། ལུས་ཕུལ་བ། འཁོར་ཕུལ་བ། འཁོར་ལ་གདམས་པ་བྱས་པའོ། །དང་པོ་ནི། ཉེ་གནས། ཞེས་པ་ནས། བསྒྲལ་ན་ཡུན་དུ་བདེའོ། །ཞེས་པའི་བར་གྱིས་བསྟན་ཏེ། སྔོན་བསྐལ་པ་ཀུན་དགའ་ལ་གསང་སྔགས་ལ་མོས་པའི་ལས་ཀྱི་བག་ཆགས་ཀྱི་རྒྱུ་དང་ཉེ་གནས་དམ་པ་རྩལ་ཆེན་རྫོགས་པའི་སྐྱེས་བུར་གྱུར་ཏེ་ཐུགས་རྗེས་འབྲེལ་བའི་རྐྱེན་གྱི་དབང་གིས་མཚམས་སྦྱར་ཏེ་བསྒྲལ་བར་མཛད་པའི་བྱིན་རླབས་ཀྱིས་ཐུབ་དཀའ་རྡོ་རྗེ་སེམས་དཔར་གནས་གྱུར་པའི་རང་གི་བཤེས་གཉེན་དམ་པ་ལ་སོགས་པའི་མཐའ་ལ་ཐུག་མེད་པའི་སངས་རྒྱས་མང་པོ་དང་། བློ་བྲལ་དཔག་ཏུ་མེད་པའི་བྱང་ཆུབ་ཀྱི་སེམས་ཇི་བཞིན་པར་མངོན་དུ་བྱས་ཏེ་འཁོར་བའི་སེལ་མེད་པས་མི་ཕྱེད་སྟུག་པོ་བཀོད་པའི་ཞིང་ཁམས་དམ་པ་གསལ་བར་མཐོང་བའི་མཐུས། ཐོག་མ་མེད་པའི་དུས་ཀྱི་མཐའ་ནས་ལྷན་ཅིག་སྐྱེས་ཏེ་ཞེན་ཅིང་བག་ཆགས་པའི་མ་རིག་པའི་མུན་ནག་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སངས་པར་གྱུར་ཏེ་རྣམ་པར་དག་ནས་སྔོན་གྱི་གནས་རྗེས་སུ་དྲན་པ་ཐོབ་པས་སྐྱེ་བ་མང་པོ་ཐོག་མའི་དུས་མཐའ་མེད་པ་སྙེད་དུ་ལུས་བླངས་པ་དང་ལས་སྣ་ཚོགས་པ་ནི་གང་དང་ཅི་ལྟར་སྤྱད་པའི་ཉེས་པ་ཐམས་ཅད་དྲན་པར་གྱུར་ཏོ། །དེ་ནས་དཔལ་ཆེན་ཁྲོ་བོས་ཕྱི་སའི་ཚུལ་དུ་སྣམ་དུ་བཏོན་ཏེ་ཐ་མལ་པའི་ལུས་སུ་རྒྱུར་ནས་ཞབས་དྲུང་དུ་འཁོད་པ་ནས། དབུགས་ཆེན་པོ་ཕྱིན་པ་རབ་ཏུ་དགའ་བས་གུས་པར་བཏུད་ནས་སྔར་གྱི་ལས་དང་སྐྱེ་བ་ལ་ཤིན་ཏུ་གནོང་བའི་ཚུལ་དུག་ང་དེར་ཤིན་ཏུ་ངུས་ནས་སྨྲེ་ངས་པས་ངམ་པ་གསུམ་དུ་བཏོན་ཏེ། སྔ་མའི་ལས་ལོག་མང་པོ་དང་། རྒྱལ་བའི་ཞལ་མ་མཐོང་བ་དང་། འབྲས་བུ་བདེ་བ་མ་ཐོབ་བ་ལ་ངམ་ཞིང་འགྱོད་པའམ། ཡང་ན་མར་ལ་ངམ་པ་གཉིས་དང་ཡར་ལ་ངམ་པ་གཅིག་སྟེ། སྔོན་གྱི་ལས་ལ་ངམ་པས་ཨེ་མ་ཞེས་དང་། བར་དུ་བསྒྲལ་བ་ལ་ངམ་པས་ཨེ་མའོ་ཞེས་དང་། ཐ་མ་སྣམ་དུ་བཏོན་པ་ལ་ངམ་པས་ཨེ་མ་ཡང་། དཔའ་བོ་ལྷ་རྗེ་ཐུགས་རྗེ་ཆུང་། དཔལ་གྱི་ལྟོ་བ་ཤིན་ཏུ་བདེ་བའི་གནས་གཅིག་ནས་སྣམ་དུ་བཏོན་པ་ཐུགས་རྗེ་ཆུང་། ད་ཡང་མཛད་པ་ཅི་མཛད་མྱུར་དུ་མཛོད་ཅིག །མྱུར་དུ་བསྒྲལ་བར་མཛད་ན་སྒྲིབ་པ་སྲེགས་པས་ཡུན་དུ་བདེ་བ་མཆོག་གི་དབང་ཕྱུག་དང་ལྡན་པར་འགྱུར་བའོ། །ཞེས་སྨྲས་སོ། །གཉིས་པ་ནི། འབངས་སུ། ཞེས་པ་ནས། ཚིག་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་གུས་པས་ལུས་ཕུལ་ཏེ་འབངས་སུ་མཆི་འོ་བདག་གི་ལུས་དབུལ་གྱིས་འབངས་སུ་མཛད་པ་ལ་ནན་ཏན་མ་ཆུང་ཞིག །དུས་དེང་ནས་སླན་ཆད་ཀུན་ཏུ་དཔལ་རྡོ་རྗེ་སྲིན་པོས་བཀའ་བསྩལ་པ་བཞིན་དུ་གསང་རྒྱུད་ལས་ཇི་ལྟར་གྲགས་པའི་བཀའ་ཡི་ལུང་བཞིན་རྗེས་སུ་བསྒྲུབས་པར་བགྱིའོ། །གལ་ཏེ་དཔལ་ཆེན་དངོས་ཀྱི་བཀའ་བཞིན་དུ་མ་བགྱིས་སམ། སྒྲུབ་པ་པོ་དང་གསང་བ་དམ་པའི་ལུང་ལས་འགལ་བར་གྱུར་ན། བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་རྣམས་རིམ་པ་བཞིན་དུ་མགོ་རུལ་ནས་ལུས་མྱགས་ཤིང་སྙིང་སྐམ་ནས་ངེས་པར་ཚིག་པར་འགྱུར་རོ། །གསུམ་པ་ནི། མ་སྲིང་། ཞེས་པ་ནས། བྲོན་ལ་རྩོལ། །ཞེས་པའི་བར་གྱིས་བསྟན་ཏེ། འཁོར་གྱི་མ་དང་སྲིང་མོ་དང་བུ་མོ་དང་ཆུང་མ་རྣམས་ཀྱང་འབངས་སུ་འབུལ་ལོ་འབངས་ལ་ནན་ཏན་སོ་ཚིས་མ་ཆུང་ཞིག །ལས་ལས་བྱུང་བས་དབུས་སུ་མཆི་བའི་སྐལ་བ་མི་ལྡན་གྱིས། ཁྲོ་བོ་འབར་བའི་ཞལ་མཐོང་བ་དང་བསྒྲལ་ཞིང་དམ་ལ་བཏགས་པས་དཀྱིལ་འཁོར་གྱི་ཁྱམས་ཕྱི་མའི་མཐའ་ལ་ཞོག་ཅིག །དམན་མོ་ཡིན་པས་ཕུད་ལ་འཚལ་བའི་སྐལ་བ་མི་ལྡན་གྱིས། དཔལ་གྱི་ལྷག་མ་ལ་དམ་ཚིག་ཡིན་པས་ཞལ་ཆ བ་བྲོན་ལ་རྩོལ་བར་མཛོད་ཅིག །ནང་ལྟར་ན། བདག་མེད་མངོན་སུམ་དུ་རྟོགས་ཏེ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པ་ན་ལུས་ཀྱི་ཟག་པ་དང་བྲལ་ནས་རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་ཐམས་ཅད་ཡེ་ཤེས་སུ་གྲོལ་བར་གྱུར་པའོ། །བཞི་པ་ལ་གཉིས་ཏེ། རྒྱལ་བའི་བཀའ་ལས་མི་ཉམས་པར་གྱིས་ཤིག་པར་གདམས་པ། རྣལ་འབྱོར་པ་ལ་བརྩེ་གདུང་གྱིས་ཤིག་པར་གདམས་པའོ། །དང་པོ་ནི། ཉེ་གནས། ཞེས་པ་ནས། ཉམས་ས་རེ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་རུ་ཏྲས་འཁོར་རྣམས་ལ་གདམས་ངག་ཏུ་བསྟན་པ་སྲུངས་ཤིག་པ་དང་ལས་གྱིས་ཤིག་པར་གདམས་ཏེ། ཉེ་གནས་སུ་གྱུར་པའི་གདུང་ཞིང་འདུད་པའི་མ་སྲིང་ལ་སོགས་པ་རྣམས་དུས་དེང་ནས་རྒྱལ་བའི་འབངས་ཡིན་གྱིས། དེ་བས་ན་ཁྱེད་རྣམས་ནི་བཀའ་ལུང་ཅི་བཞིན་དུ་སྒྲུབས་པར་བགྱི་བའི་བཀའ་ཡི་ལས་མཁན་ཡིན་ཏེ། བཀའ་ཡི་ལས་གང་དང་གང་བྱུང་ཡང་རྟག་པར་མྱུར་དུ་སྒྲུབས་ཤིག །རུ་ཏྲ་བདག་ཀྱང་དེ་སྔོན་ཕན་ཆད་ལམ་ལོག་ཅིང་ལས་ཉེས་པར་སྤྱད་པས་དཔག་ཏུ་མེད་པའི་འཁོར་བའི་སྡུག་བསྔལ་ཁ་བརྒྱུད་ཀྱང་། ད་ནི་དེ་ཡིས་སུན་ཕྱུང་བས་ལམ་དམ་པ་ལ་ངེས་པར་འཇུག །དཔལ་གྱི་ཐུགས་རྗེ་དང་རང་གི་ལས་འཕྲོ་གཉིས་འཕྲད་པས། ལོངས་སྤྱོད་རྫོགས་སྐུ་བདེ་བ་ཅན་གྱི་ཞིང་དུ་མྱུར་བར་འགྲོ་ཡིས། རྒྱལ་བའི་རྗེས་སུ་བསྟན་པའི་བཀའ་ལུང་ནས་བྱུང་བ་རྣམས་ལས་ནམ་ཡང་ཉམས་ས་རེ། ཞེས་ཁས་བླངས་སོ། །གཉིས་པ་ནི། ཇི་ལྟར། ཞེས་པ་ནས། སྐྱབས་སུ་དོང་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། ཇི་ལྟར་མ་བྱམས་མས་བུ་ལ་གདུང་ལ་གདུང་བ་བཞིན་དུ། སྤྱི་དང་ཁྱད་པར་དུ་སྒྲུབ་པ་པོ་དམ་ཚིག་ཅན་ལ་དུང་དུང་དུ་གདུང་བར་གྱིས་ཤིག །གང་དུ་སྲིང་མོ་བྱམས་མས་མིང་པོ་ལ་བརྩེ་བ་བཞིན་དུ། སྤྱི་དང་ལྷག་པར་དུ་སྒྲུབ་པ་པོ་ཡལ་གམ་ཅན་ལ་ལྷང་ལྷང་བརྩེ་བར་གྱིས་ཤིག །མཛའ་མོ་དགའ་བའི་གྲོགས་ལ་ཇི་ལྟར་གདུང་ཞིང་ཆགས་པའི་ཚུལ་བཞིན་དུ། གསང་བའི་རྣལ་འབྱོར་ཅན་ལ་ཀྲིལ་ཀྲིལ་དུ་ཆགས་པའི་ཚུལ་གྱིས་བརྩེ་བར་གྱིས་ཤིག །ཇི་ལྟར་འཁོར་གཡོག་བྱམས་པས་རང་གི་དཔོན་ལ་སྙིང་བརྩེ་བ་བཞིན་དུ། རྣལ་འབྱོར་དམ་པ་རྣམས་ལ་ངེས་པར་ཉེ་བར་གྱིས་ཤིག །ཞེས་འཁོར་གྱི་ཉེ་གནས་རྣམས་ལ་གདམས་ངག་བོར་ནས་ཐམས་ཅད་འཇིགས་བྱེད་དཔའ་བོ་ཆེན་པོ་ལ་སྐྱབས་སུ་དོངས་ཏེ་གནས་སོ། །བརྒྱད་པ་ནི། བཀའི་ཆེ་བ། ཞེས་པ་ནས། བཞུགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། བཀའི་ལུང་གི་ཆེ་བ་དབྱུང་སྟེ་གསང་སྔགས་དང་སྒྲུབ་པ་པོ་ཡོངས་སུ་བསྲུང་ཞིང་བསྐྱང་བའི་ཕྱིར་རང་རྟགས་སྲོག་གི་སྙིང་པོ་ཕུལ་ཏེ་མནའ་བོར་རོ། །མནའ་དེའང་འཁོར་བའི་སྙིང་པོ་རུ་ལུ་རུ་ལུ་བྷྱོཿ ཞེས་རང་གི་སྲོག་ལ་ཚད་དུ་བཞག་གོ། །དེ་ནས་བཅོམ་ལྡན་འདས་དཔལ་ཆེན་པོ་ཉིད་ཀྱིས་རང་གི་སྲོག་ལ་ཚད་བཞག་པའི་སྲོག་སྙིང་འཁོར་བའི་ས་བོན་དེ་ཉིད་ཨཱོཾ་དང་ཧཱུྃ་གཉིས་ཏེ་གསང་སྔགས་རུ་ལུ་འབྲུ་བརྒྱད་དུ་བསྒྱུར་ཏེ་ཡོངས་སུ་གནང་བ་ནི་འདི་ལྟ་སྟེ། ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་ཡེ་ཤེས་ཀྱི་ས་བོན་དུ་བྱིན་གྱིས་བརླབས་ཏེ། འཇིག་རྟེན་འབྲུ་ལྔ་ལ་འདས་པའི་འབྲུ་གསུམ་བསྣན་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འདི་ཡིས་མི་འགྲུབ་པ་གང་ཡང་མེད་ལ། དྲེགས་པའི་སྒོ་གསུམ་གྱི་ས་བོན་དང་དངོས་པོ་ངན་པ་རྣམས་བསྲེགས་ཤིང་སྦྱངས་པས་བཏུལ་ནས་དག་པར་མཛད་དེ། སྒོམ་ལམ་དག་པའི་ས་ལ་བཀོད་ནས་རིགས་ངེས་པའི་སྲས་སུ་མཛད་པས། ཐུགས་ཀྱི་དགོངས་ཁྲལ་ཆུང་བར་བསྐྱུངས་ཏེ་ལྷུན་རྫོགས་བདེ་བ་ཆེན་པོར་བཞུགས་སོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་ཆེན་པོ་ལས། བདུད་ཡོངས་སུ་བཏུལ་བའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པ་གསལ་བར་བཀྲོལ་བའོ།། །།གསུམ་པ་སྔགས་ཀྱི་སྒོར་ཞུགས་ནས་དབང་ཐོབ་པ་ལ་གཉིས་ཏེ། རྒྱུད་སྦྱངས་ནས་དཀྱིལ་འཁོར་དུ་འཇུག་པ། ཞུགས་ནས་དབང་ཐོབ་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། རུ་ཏྲ་རྒྱུད་སྦྱངས་ཤིང་དཀྱིལ་འཁོར་དུ་འཇུག་པ། འཁོར་ཕལ་པ་རྒྱུད་སྦྱངས་ཤིང་དཀྱིལ་འཁོར་དུ་འཇུག་པའོ། །དང་པོ་ལ་གཉིས་ཏེ། རྒྱུད་སྦྱངས་པ་དང་། དཀྱིལ་འཁོར་དུ་འཇུག་པའོ། །དང་པོ་ལ་བཞི་སྟེ། འགྱོད་པས་སྦྱངས་པ། སྤྱོས་པས་སྦྱངས་པ། དོན་གྱིས་སྦྱངས་པ། ཐབས་ཀྱི་ཕྲིན་ལས་ཀྱིས་སྦྱངས་པའོ། །དང་པོ་ལ་གཉིས་ཏེ། འགྱོད་པའི་རྒྱུ་དང་། སྦྱང་བ་དངོས་སོ། །དང་པོ་ནི། དེ་ནས་དེའི་ཚེ། ཞེས་པ་ནས། འདྲིལ་བར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ནོ། །དེ་ནས་བདུད་བཏུལ་ཏེ་གདན་དུ་བྱས་པ་དེའི་ཚེ་དེའི་དུས་ན་རུ་ཏྲའི་འཁོར་གྱི་མ་ཧཱ་དེ་བ་ལ་སོགས་པའི་དབང་ཕྱུག་ཆེན་པོའི་དཔུང་ཚོགས་ཇི་སྙེད་པ་རྣམས་འདི་ལྟར་སེམས་རྟོག་སྐྱེས་ཏེ། ཨེ་མའོ་ཞེས་ངམ་ནས་བདག་ཅག་གི་གཙོ་མཆོག་རུ་ཏྲ་དྲག་པོ་ཆེན་པོ་འདི་ཉིད། འདི་ལྟར་ནུས་པའི་མཐུ་ཆེ་བ། འདི་ལྟར་ཕྲག་དོག་གིས་དྲེགས་པ། འདི་ལྟར་གཏི་མུག་གིས་ལྡོངས་པ། འདི་ལྟར་འདོད་ཆགས་ཀྱིས་མྱོས་པ། འདི་ལྟར་ང་རྒྱལ་གྱིས་ཁེངས་པ། འདི་ལྟར་ཞེ་སྡང་གིས་གདུག་ཅིང་གཏུམ་པ་འདི་ཡང་དཔའ་བོ་ཆེན་པོ་རྡོ་རྗེ་སྲིན་པོ་འཇིགས་བྱེད་རྔམ་པའི་ཧེ་རུ་ཀ་འདིས་དངོས་སུ་བསྒྲལ་ཏེ་ལུས་ནི་ཁྲོ་བོ་ཆེན་པོའི་ཞབས་འོག་ཏུ་རྣམ་པར་བརྫིས་ཏེ་གནོན་ཞིང་། ངེས་པར་ཚབས་ཆེ་བར་སེམས་ནི་ཡང་དག་པར་ཕྱིར་མི་ལྡོག་པར་ལེགས་པར་ནོན་ནས། དུས་དང་རྣམ་པ་ཀུན་ཏུ་འཁོར་དང་སྡེ་དཔུང་དུ་བཅས་པ་ཐམས་ཅད་ཟིལ་གྱིས་རབ་ཏུ་ནོན་ཏོ་སྙམ་དུ་རྣམ་པར་རྟོག་གོ། །དེའི་ཚེ་དེའི་དུས་ན། འཁོར་དེ་དག་གི་སེམས་ཀྱི་རྟོག་པ་བདེན་པ་མཐོང་བའི་མཐུས་དྲག་པོ་རུ་ཏྲ་དེའི་སེམས་ཀྱིས་ཡོངས་སུ་ཤེས་ནས། དེ་ཉིད་བསལ་བའི་ཕྱིར་སྨྲས་པ། ཀྱེ་ཉེ་གནས་དམ་པ་རྣམས། གང་དེ་ལྟར་མ་རྟོག་ཅིག །སྔོན་གསང་སྔགས་ལ་ཞུགས་ཏེ་ཧེ་རུ་ཀ་སྒོམས་པས་ཁོ་བོའི་ལས་ཀྱི་འཕྲོ་དང་འབྲེལ་བ་དེའི་དུས་ཀྱི་ཉེ་གནས་དམ་པ་ད་ལྟ་ཀུན་གྱི་བཤེས་གཉེན་དེ་དང་འཕྲད་པས། དྲེགས་པ་རང་གིས་དང་པོ་བཀའ་བསྒོ་ལོག་པའི་ལས་རྣམས་ཤེས་སོ། །དེའི་དབང་གིས་སྐྱེ་བ་དུ་བླངས་པ་ཤེས་སོ། །བར་གྱི་ལས་མཐོང་ངོ་། །སྐྱེ་བ་མཐོང་ངོ་། །ཐ་མ་ད་ལྟ་ཞེན་པ་དག་པས་དབང་པོའི་མངོན་སུམ་དུ་ལས་མངོན་དུ་གྱུར་ཏོ། །སྐྱེ་བ་མངོན་དུ་གྱུར་ནས་ཤེས་པས་རང་གི་ལས་ལ་རང་ཐག་ཁོས་པའམ་ཡི་ཆད་པར་གྱུར་ལ། སྒྲིབ་པ་དག་པས་སྐད་ཅིག་མར་རྡོ་རྗེ་སྲིན་པོའི་ལྟོ་བར་བདེ་བ་ཆེན་པོའི་གཡུང་དྲུང་གི་བཀོད་པ་རྒྱལ་བ་ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་མཐོང་བས། དཔེར་ན། གང་འདི་ལྟར་བུད་མེད་དག་སྦྲུམ་པའི་སྡུག་བསྔལ་གྱིས་ཉེན་པར་གྱུར་པ་ན། འདི་སྙམ་དུ། སྡུག་བསྔལ་འདི་ནི་སྔོན་དུ་སྐྱེས་པ་བསྟེན་ཅིང་མང་དུ་སྤྱད་པའི་ལས་འབའ་ཞིག་ཁོ་ན་འོ། །སྙམ་དུ་ཡིན་ལ་ཡིད་ལ་བྱེད་པ་བཞིན་དུ། ཁོ་བོ་ཡང་ལས་འབའ་ཞིག་ལ་ཁོ་ཐག་ཆད་ནས། ཇི་ལྟར་རི་གཟར་གྱི་རྩེ་ནས་རྦབ་འདྲིལ་བ་གང་གིས་ཀྱང་མི་བཟློག་པ་བཞིན། འགྱོད་པས་གདུང་བ་ཆེན་པོའི་ཤུགས་ཀྱིས་ལས་དང་དཔལ་ཆེན་པོ་དང་རྡོ་རྗེ་སེམས་དཔའ་མཐོང་བར་གྱུར་པས་ཤིན་ཏུ་གདུང་བ་ཡིན་ཏེ། ཉེ་གནས་ཁྱེད་རྣམས་ཀྱང་རང་གི་ལས་ཡིད་ལ་གྱིས་ཤིག་དང་། སྒྲིབ་པ་དག་པས་ལས་དྲན། དེ་ལས་སྡུག་བསྔལ་དྲན། དེའི་དབང་གིས་དཔལ་ཆེན་པོ་ལ་གདུང་བའི་ཤུགས་རྦབ་ལྟར་འདྲིལ་བར་འགྱུར་རོ། །ཞེས་སྨྲས་སོ། །གཉིས་པ་ལ་གཉིས་ཏེ། ཉེ་བར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ཞེས་སྨྲས་ནས། ཞེས་པ་ནས། འདི་ལྟ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། ཞེས་སྨྲས་ནས། དབང་པོ་འགགས་པ་ཙམ་དུ་རྨ་ག་ཆད་པར་ངུས་ནས། ཤིན་ཏུ་སྨེངས་ཏེ་ཡོངས་སུ་གདུང་བའི་དོན་སྨྲེ་སྔགས་སུ་བཏོན་པ་ནི། འདི་ལྟ་སྟེ། གཉིས་པ་ལ་བདུན་ཏེ། དཔང་པོ་ལ་དགོངས་སུ་གསོལ་བ། ལམ་ལོག་ཅིང་ལས་ངན་སྤྱད་པས་འཁོར་དེ་འགྱོད་པ། ཉོན་མོངས་པ་དང་སྡུག་བསྔལ་མྱོང་བས་འགྱོད་དེ་ཐུགས་རྗེ་བསྐུལ་བ། ལས་ངན་ལས་ཐར་པ་སྟོན་པའི་དྲིན་ཡིན་པས་སྔར་གང་ན་བཞུགས་དྲིས་པ། ལས་ངན་གྱི་འབྲས་བུས་འཇིགས་པས་མངོན་སྤྱོད་མཛོད་ཅིག་པར་བསྐུལ་བ། སྔར་གྱི་ལས་ལ་དོན་མེད་པས་ལས་ཀྱི་རླུང་བཟློག་ཅིག་པར་ཞུས་པ། རྒྱུ་རྐྱེན་ངན་པས་ཉམ་ཐག་པས་ཐུགས་རྗེ་བསྐུལ་ཏེ་ལུས་ཕུལ་བའོ། །དང་པོ་ནི། ཐུགས་རྗེ་ཆེན་པོ། ཞེས་པ་ནས། དགོངས་སུ་གསོལ། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པའི་མཚན་ཐུགས་རྗེ་ཆེན་པོ་མངའ་བའི་བཅོམ་ལྡན་འདས་ཐུབ་དཀའ་གཞོན་ནུ་རྒྱུད་དག་པའི་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། སྐུའི་ཆ་ལུགས་དྲི་མ་མེད་པའི་དུང་མདོག་ལྟ་བུ་མཚན་དཔེས་སྤྲས་པས་མཆོག་ཏུ་གཟུགས་བཟང་བ་རྣམ་པར་དག་པའི་འོད་མདངས་གསལ་བ་ནི་དཔེ་ཉི་ཟླ་འབུམ་ཕྲག་གདལ་བ་བཞིན་དུ་ཕྱི་ནང་གི་དགྲ་དཔུང་འཇོམས་པས་དཔའ་བོ་ཆེན་པོ་འོད་ཟེར་སྟོང་ཁམས་ཁྱབ་པར་རབ་ཏུ་འབར་བའི་བསྙེངས་པ་མི་མངའ་བར་མཆོག་ཏུ་ལྷམ་མེ་བར་འཕགས་པས་རང་དོན་རྫོགས་ཤིང་། གཞན་དོན་གྱི་མཛད་པ་འཇིག་རྟེན་གསུམ་ལ་རྣམ་གྲོལ་གྱི་ལམ་གསལ་བར་བྱེད་པས་ས་མཁན་མཆོག་གི་སྟོན་པར་གྲགས་ཤིང་ཁམས་གསུམ་གྱི་འགྲོ་བ་ཀུན་གྱི་མགོན་དང་དཔུང་གཉེན་གཅིག་པུར་གྱུར་པ་བྱམས་མགོན་ཐུགས་རྗེའི་མངའ་བདག་ལྷག་པའི་ལྷ་མཆོག་ཁྱོད་ཀྱིས་བདག་ལ་གསན་ཞིང་དགོངས་ཏེ་རྟེན་གྱི་སྟོབས་སུ་བཞུགས་པར་མཛད་དུ་གསོལ། གཉིས་པ་ནི། བདག་ནི། ཞེས་པ་ནས། རབ་གནོང་འགྱོད། །ཅེས་པའི་བར་གྱིས་བསྟན་ཏེ། བདག་ནི་སྔ་མའི་ལས་ལ་འགྱོད་དེ། སྲིད་པ་ཐོག་མ་མེད་པའི་དུས་ཀྱི་མཐའ་ནས་ལམ་ལོག་པར་འཕྱན་ཏེ། ཡང་དག་པའི་ལམ་སྟོར་པས་སྲིད་པའི་གྲོང་ཁྱེར་གསུམ་གྱི་འཁོར་བའི་འཁོར་ལོར་ཀུན་ཏུ་འཁྱམས་པས་སྤྱིར་ནོངས་ཤིང་། བྱེ་བྲག་ཏུ་སྔོན་ཚེ་ཐར་པ་ནག་པོར་གྱུར་ཙ་ན་ཐོག་མར་ལམ་གྱི་བཀའ་བསྒོ་ལོག་ནས་འཁོར་བའི་དངོས་པོ་བཞི་ལ་སོགས་པའི་སྡིག་པའི་ལས་སྣ་ཚོགས་པ་སྤྱད་པས་ཤིན་ཏུ་ནོངས་ཏེ། སྡིག་པའི་ལས་རྣམས་གང་ཅི་ལྟར་སྤྱད་པས་རྣམ་པར་སྨིན་པ་གསལ་བར་དྲན་པས་རབ་ཏུ་གནོང་ཞིང་འགྱོད་དེ་གདུང་བ་འདོན་བཞིན་རྣམ་པར་སུན་འབྱིན་པའི་སྟོབས་ལ་གནས་སོ། །གསུམ་པ་ནི། དར་ཞིང་དྲགས་པའི། ཞེས་པ་ནས། བཟོད་ལགས་སམ། །ཞེས་པའི་བར་གྱིས་བསྟན་ཏེ། ལས་དང་ཉོན་མོངས་པས་འཁོར་བར་ཇི་ལྟར་ལྟུང་བའི་སྒོ་ནས་སྨྲེངས་ཏེ། ཤིན་ཏུ་དྲག་ལ་བདོ་བས་དར་ཞིང་དྲགས་ཏེ་བཟློག་དཀའ་བའི་ལས་ཀྱི་དབང་དུ་སོང་བ་དེ་སྟོབས་བཙན་པར་གྱུར་ནས་གྲོང་ཁྱེར་གསུམ་གྱི་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་བྱིང་བར་གྱུར་ཏེ། ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས་ཤིང་། གཏི་མུག་མུན་ནག་ལྟར་རྨོངས་པར་འཐིབས་པས་ཤེས་རབ་ལྡོངས་ནས། སྲིད་པར་ནུབ་པ་དང་ཞེན་པས་རླན་པ་གཉིས་ཀྱིས་འདོད་ཆགས་ཀྱི་རྒྱ་མཚོའི་འདམ་དུ་རྣམ་ཤེས་བྱིང་སྟེ། ང་རྒྱལ་དྲག་པོའི་རི་བོས་ངན་འགྲོར་མནན་བཞིན། ཕྲག་དོག་གི་རླུང་དམར་འཚུབས་མས་འཁོར་བར་སྲིད་པའི་རྒྱ་མཚོའི་རྦ་རླབས་ལ་གཡེང་བར་གྱུར་པའི་བདག་ཏུ་ལྟ་བའི་མདུད་པ་དམ་པོས་རྟག་པར་བཅིངས་ཏེ། འདོད་པ་དུང་དུང་པས་གདུང་བ་མེ་མདག་གི་དོང་དང་འདྲའི་ཞེས་འདྲ་བའི་འོབས་སུ་ལྟུང་བས་རྩ་བ་དང་ཡན་ལག་གི་སྡུག་བསྔལ་མི་བཟད་པ་དྲག་པོ་ཆར་ལྟར་དུ་བབ་པར་གྱུར་ལ། འདི་འདྲའི་སྡུག་བསྔལ་སྣ་ཚོགས་ཤིན་ཏུ་བཟོད་པར་དཀའ་ཞིང་། སྡིག་པའི་ལས་དབང་དྲག་པོ་མེ་ལྟར་འབར་བས། རྣམ་པར་ཤེས་པ་དང་དབང་པོ་རྣམས་ཀྱི་མིང་གཟུགས་ཀྱི་མྱུ་གུ་གདུང་བར་གྱུར་ཏེ། འབྱུང་བཞིས་བསྡུས་པའི་ཕུང་པོོ་སྒྱུ་མའི་ལུས་ཀྱིས་མི་བཟོད་པར་གདུང་བས་འབོད་ན་བྱམས་མགོན་ཐུགས་རྗེ་ཅན་གྱིས་ཐུགས་ཀྱིས་བཟོད་ལགས་སམ། ཞེས་དྲེགས་པ་ཉིད་ཀྱིས་སྨྲེངས་ཏེ། དུག་ལྔའི་དབང་དུ་སོང་བས་ཉམ་ཐག་པ་ལ་མགོན་མཛོད་ཅིག་པར་བསྐུལ་བ་དང་། ལྷ་ཆེན་པོའི་ཚོགས་ཀྱིས་སྨྲེངས་པ་ཐུན་མོང་དུ་འགྱུར་རོ། །བཞི་པ་ནི། བདག་ནི་བླུན་རྨོངས། ཞེས་པ་ནས། གང་ན་བཞུགས། །ཞེས་པའི་བར་གྱིས་བསྟན་ཏེ། བདག་ནི་བླུན་ཞིང་རྨོངས་པའི་དབང་གིས་ལས་ངན་བསགས་པའི་སྡིག་པོ་ཆེ་སྟེ། ལས་ཀྱི་དབང་གིས་འདོད་པའི་ཁམས་འདིར་རུ་ཏྲར་སྐྱེས་ཤིང་། སྐྱེས་པས་རྣམ་སྨིན་ལ་གནོང་ཞིང་འགྱོད་དོ་དེའི་རྒྱུ་ལས་ལ་ཡི་རེ་ཆད་དེ་ཡི་ཆད་འགྱོད་ཀྱང་ལས་དབང་དྲག་པོ་བཅོས་སུ་མེད་པས་ལས་ཀྱི་ཤུགས་ནི་དཔེར་ན་ཆུ་བོ་ཆེན་པོའི་གཞུང་དང་འདྲ་ལ། ལས་དབང་ཆུ་ཀླུང་དྲག་པོ་དེ་ཉིད་འཕྲལ་དུ་ག་ལ་ཟློག་སྟེ་བཟློག་མི་ནུས་ཤིང་། འཁོར་བའི་རྣམ་པར་སྨིན་པ་ཐམས་ཅད་ནི་རང་གི་ལས་སྣ་ཚོགས་ལས་བྱུང་སྟེ། དེ་ལྟར་ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས་ན་བདག་ནི་དེང་སྔོན་ཕན་ཆད་བསྐལ་པ་གྲངས་མེད་ཉིད་དུ་འཁོར་བའི་བཙོན་ར་མུན་པའི་གནས་འདིར་རྣམ་པར་འཁྱམས་པ་ལ། སྔོན་གྱི་ཉེ་གནས་དམ་པ་ཁྱོད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས་ལས་དང་ཉོན་མོངས་པའི་སྒྲིབ་པ་ཀུན་གཏན་ནས་སྦྱངས་ཤིང་བཅད་པར་མཛད་ནས། ཐར་པ་ལ་བཀོད་པས་མ་ལྟར་བྱམས་པའིི་ཞབས་དྲུང་དུ་ད་ལྟར་འཁོད་དེ་ཞལ་མཐོང་ངོ་། །ཡེ་ཤེས་ཀྱི་སྐུ་ཉི་མ་ལྟར་འོད་འབར་ཞིང་ཟླ་བ་ལྟར་མདངས་གསལ་བའི་ཐུགས་རྗེ་ཆེན་པོའི་ཞལ་གྱི་དཀྱིལ་འཁོར་ཉིད་ལྟ་བས་ཆོག་མི་ཤེས་ཤིང་མི་ངོམས་པའི་ལྷུན་པོའི་རྒྱལ་པོ་ལྟ་བུ་གང་དེ། ཐོག་མ་མེད་པའི་དུས་ནས་མ་རིག་པའི་ལིང་ཏོག་གིས་ལྡོངས་པའི་ཆུ་བུར་གྱི་མིག་གིས་མ་མཐོང་བར་སྒྲིབ་པར་གྱུར་ན་འགྲོ་བའི་མགོན་པོ་དམ་པ་ཁྱེད་ཉིད་དེང་གི་དུས་ཀྱི་སྔོན་ནམ་དེ་སྔ་ཕན་ཆད་གང་ན་བཞུགས་ཞེས་ཡེ་ནས་མ་བྲལ་ཡང་ཕྱིན་ཅི་ལོག་གིས་སྒྲིབ་སྟེ་ངོ་མ་ཤེས་ཤིང་མ་མཐོང་བ་ལ་གདུང་ཞིང་འགྱོད་པའི་དོན་ནོ། །ངོ་བོ་རུ་ཏྲས་སྨྲས་པ་ཡིན་ཀྱང་། ཀླུ་ཆེན་པོ་རྣམས་དང་གཟི་བྱིན་རྒྱལ་པོའི་མངའ་བདག་གིས་གསོལ་བ་དང་ཡང་ཐུན་མོང་དུ་འགྱུར་རོ། །ལྔ་པ་ནི། ལས་དབང་དྲག་པོ། ཞེས་པ་ནས། མངོན་སྤྱོད་མཛོད། །ཅེས་པའི་བར་གྱིས་བསྟན་ཏེ། འདི་ལྟར་ལས་དབང་དྲག་པོ་ཤིན་ཏུ་མི་བཟད་པའི་ཚུལ་འདི་མཐོང་བས་ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་ལ་རབ་ཏུ་འཇིགས་པར་གྱུར་ནས་ཡིད་དུང་དུང་གདུང་བའི་ངང་གིས་སྨྲེ་སྔགས་འདི་ལྟར་འདོན་ཞིང་ཉམ་ཐག་ཅིང་ཕོངས་པའི་ང་རོ་འོ་དོད་འབོད་པའི་ཚིག་ཏུ་གདོན་ཞིང་བསྐུལ་ལགས་ན། བྱམས་མགོན་མཆོག་གི་ཐུགས་རྗེས་དུས་འདིར་མྱུར་བར་མ་དགོས་ན། ནམ་ཞིག་འཆི་ཞིང་འཕོ་བའི་དུས་ལ་བབ་ནས་ལུས་དང་སེམས་བྲལ་བའི་ཚེ་ན། དགེ་བའི་བཤེས་ཀྱི་གྲོགས་དང་བྲལ་ནས་གསོད་བྱེད་ལས་ཀྱི་གཤིན་རྗེས་ཞགས་པས་ཁྲིད་པ་དེ་ཡི་ཚེ་ན་འཇིག་རྟེན་གྱི་ཉེ་དུས་ཕན་པ་མེད་པས་མི་སྟོངས་ཤིང་སྐྱོབས་པར་མི་ནུས་ཏེ་ལས་ཀྱི་དབང་གི་བདག་འདྲ་གཅིག་པུ་ཁོ་ན་མར་ལས་སྤུ་ཉག་བཏོན་པ་ལྟར་ཁྲིད་པའི་དུས་དེར་བདག་ལ་མགོན་དང་སྐྱབས་གནས་ཡོང་ཡེ་མ་མཆིས་པར་ངན་འགྲོ་ལ་ལྟུང་བར་འགྱུར་གྱིས། དེ་བས་ན་དཔའ་བོ་ཐུགས་རྗེའི་མངའ་བདག་གང་གི་ཕྱི་བཤོལ་གྱི་དུས་ལ་མ་གཞེས་པར་ད་ལྟ་ཉིད་དུ་བསྟུན་ཏེ་དྲག་ཤུལ་མངོན་སྤྱོད་མཆོག་གི་ཕྲིན་ལས་ཀྱིས་སྒྲོལ་བར་མཛོད་ཅིག །དེ་ལྟར་དྲེགས་པས་སྨྲེངས་ཏེ་སྲིན་པོའི་ཚོགས་གཞན་དང་ཡང་ཐུན་མོང་དུ་འགྱུར་རོ། །དྲུག་པ་ནི། ལས་ཀྱིས་མནར་བའི། ཞེས་པ་ནས། བཟློག་ཏུ་གསོལ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་དུ་ལས་སྣ་ཚོགས་ཀྱིས་མནར་བའི་སྐྱེ་བོ་རྨོངས་པ་བདག་འདྲ་བ་ནི་ཐོག་མ་མེད་པའི་དུས་ནས་ཀུན་ཏུ་རྟོགས་པས་ཕྱིན་ཅི་ལོག་ཏུ་བརྟགས་ཏེ་བདག་ཏུ་བཟུང་བས་ཁམས་གསུམ་འཁོར་བའི་གནས་རིས་དྲུག་ནས་མཐར་བར་གཅིག་ནས་གཅིག་ཏུ་ཟོ་ཆུན་བརྒྱུད་པ་ལྟར་འཁོར་ཏེ་བསྐལ་པ་གྲངས་མེད་མང་པོ་བརྗོད་པ་ལས་འདས་པར་སྐྱེ་བ་ཅི་སྙེད་ཞིག་ཏུ་གདོས་བཅས་ཀྱི་ལུས་དེ་སྙེད་བླངས་ནས་གྲངས་མེད་མང་པོ་ཞིག་པར་གྱུར་ཏེ། ཤ་དང་རུས་པ་ཕྱོགས་གཅིག་ཏུ་བསགས་ན་འཇིག་རྟེན་ཁམས་ཀྱི་གཏོས་དང་མཉམ་ཞིང་། རྣག་ཁྲག་བསགས་ན་མཐའ་ཡས་རྒྱ་མཚོ་ཆེན་པོ་ཙམ་དུ་མང་ལ་ལས་འཕྲོ་བསགས་ན་བསམ་ལས་འདས་ཤིང་བརྗོད་དུ་མི་ལང་བ་སྙེད་དུ་ཁམས་གསུམ་འཁོར་བའི་གནས་སུ་ལན་མང་པོར་ཡང་ནས་ཡང་དུ་བགྲངས་ཤིང་སྐྱེ་བ་དང་ཤི་བ་ཁོ་ནར་ཁ་བརྒྱུད་པར་གྱུར་ཀྱང་བྱས་པའི་ལས་རྣམས་ནི་དོན་མེད་ཅིང་ཆུད་རེ་ཟོས་ཏེ་འབྲས་མེད་དུ་སོང་བ་ཁོ་ནར་ཟད་དོ། །དེས་ན་སྐྱེ་བ་གྲངས་མེད་མང་པོ་ཅི་སྙེད་པ་དེ་ཙམ་གྱི་ནང་ལ་སྐྱེ་བ་གཅིག་ཅིག་ཁོ་ན་ཙམ་གྱི་ལས་བསགས་པ་དེ་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་དོན་དུ་ཡང་དག་པར་རབ་ཏུ་སྤྱད་ན་དེ་ཙམ་བྱས་པའི་ལས་ལ་འབྲས་བུ་འབྱུང་བའི་དོན་བཟང་པོ་ཡོད་པར་ངེས་པས་དོན་གྱི་ཡོང་ཡེ་མྱ་ངན་ལས་འདས་ཏེ་རྣམ་པར་གྲོལ་བ་ཐོབ་ཟིན་པར་ངེས་ན་ཡང་དེ་ལྟ་བུ འི་དོན་ཡང་མེད་པར་ལས་ཀྱི་དབང་བཙན་ཞིང་ཉོན་མོངས་པ་སྟོབས་ཆེ་བ་གང་གི་མཐུས་ཤ་ཁྲག་གི་དྲྭ་བའི་ལུས་ཡང་ཡང་བླངས་ཤིང་མྱོང་རིག་སྡུག་བསྔལ་གྱི་ལུས་དང་འགྱུ་བྱེད་ཡིད་ཀྱི་ལུས་དང་སྟོང་པ་ལྟར་སྣང་གི་ལུས་སྣ་ཚོགས་སུ་བརྒྱུད་ནས་འཁོར་བར་འཁྱམས་པས་སྡུག་བསྔལ་བཟོད་པར་དཀའ་བའི་སྲིད་པའི་ཁྲི་མུན་གྱི་བཙོན་རར་ཆུད་དེ་མི་བཟད་པའི་སྡུག་བསྔལ་དྲག་པོ་མྱོང་བ་འདི་ལྟ་བུ་ཉེས་པར་བྱས་པ་ཐམས་ཅད་བྱེད་པོ་གཞན་མེད་པར་རང་གི་ལས་ཁོ་ན་ལས་བྱུང་བས་ན། འདྲེན་མཆོག་ཐུགས་རྗེ་ཆེན་པོས་ལས་ངན་ལས་རྒྱུན་བཅད་དེ་ཉོན་མོངས་རྣམས་དང་ལས་ཀྱི་རླུང་དམར་དྲག་པོ་འདི་ཉིད་བཟློག་པར་མཛད་དུ་གསོལ། འདི་ནི་ལོག་རྟོག་ཅན་རྣམས་ཀྱིས་གསོལ་བ་དང་ཐུན་མོང་དུ་འགྱུར་རོ། །བདུན་པ་ནི། མ་རིག་ལོག་པ། ཞེས་པ་ནས། གདན་ཁྲིར་ཕུལ་ལོ། །ཞེས་པའི་བར་གྱིས་བསྟན་ཏེ། ད་ལྟ་དོན་མི་མཛད་ན་ཐུགས་རྗེ་མི་མངའོ་ཞེས་གནད་ལ་བོར་བའི་ཚུལ་གྱིས་སྨྲེངས་ཏེ། མ་རིག་པ་དང་ཕྱིན་ཅི་ལོག་པ་ལས་ཀྱི་དབང་འདི་སྟོབས་བཙན་པས། རང་བྱུང་རིག་པའི་དོན་མི་ཤེས་པར་རྨོངས་པ་མ་རིག་པའི་མུན་པའི་ནང་དུ་གཏན་དུ་འཁྱམས་པ་ལགས་ན། ཡེ་ཤེས་གསལ་བའི་སྒྲོན་མའི་འོད་ཟེར་གྱིས་མུན་པ་བསལ་བའི་ཐབས་ཀྱིས་ཕན་གདགས་ཏེ་མི་སྟོངས་སམ་ཅི། ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་སྡུག་བསྔལ་དྲག་པོ་མི་བཟོད་པར་གྱུར་ན། ཐུགས་རྗེ་ཆེན་པོས་སྒྲོལ་བའི་གར་གྱི་ཕྲིན་ལས་མི་མཛད་དམ། མཐར་འཛིན་ལྟ་བས་ཕྱིན་ཅི་ལོག་གི་གཡང་སར་ལྟུང་བ་ལགས་ན། ཐུགས་རྗེ་མྱུར་མགྱོགས་ལྡན་པའི་ཡང་དག་ལྟ་བས་ཕྱག་གིས་མི་འཛིན་ནམ། དོན་དང་མི་མཐུན་པར་ཉོན་མོངས་པ་དུག་གསུམ་བཟོད་པར་དཀའ་བའི་ནད་ཀྱིས་གདུང་ལགས་ན། གཉེན་པོ་ཐབས་ལ་མཁས་པའི་ཐུགས་རྗེའི་བདུད་རྩིའི་སྨན་གྱིས་མི་གསོའམ། ལས་ཀྱི་རྣམ་པར་སྨིན་པ་བཟོད་པར་དཀའ་བའི་སྡུག་བསྔལ་གྱི་མེ་ཀློང་འབར་ན། ཐུགས་རྗེེ་བསིལ་བའི་ཆར་རྒྱུན་བཟང་པོ་མི་འབེབས་སམ། སྡུག་བསྔལ་འབྱུང་བའི་འཁོར་བའི་འདམ་དུ་བྱིང་ཞིང་ནུབ་པར་གྱུར་ན། ཐབས་ལ་མཁས་པས་ཐུགས་རྗེའི་ལྕགས་ཀྱུས་ཐར་པར་མི་འདྲེན་ནམ་ཅི། དེས་ན་ཁམས་གསུམ་འཁོར་བའི་གནས་སུ་སྡུག་བསྔལ་སྣ་ཚོགས་པས་གདུང་སྟེ་སྦྱངས་ཤིང་སྦྱངས་ནས་ནམ་ཞིག་གི་དུས་ན་རང་གིས་རིག་པའི་འབྲས་བུ་ཐོབ་པའི་ཚེ་འཕགས་པའི་ཐུགས་རྗེ་ཆེན་པོའི་དགོས་པ་ཅི་ཞིག་འཚལ་ཏེ་དོན་མ་མཆིས་པས། བདག་ཉིད་ལས་ཀྱི་འཕྲོ་གང་དབང་བཙན་པར་བཞག་ནས་སྐྱོབ་པར་མི་མཛད་ན་སྟོན་མཆོག་ཁྱོད་ལྟ་བུ་ལ་ཐུགས་རྗེ་མངའ་ཡང་དེ་ལ་སྐྱོབ་པའི་ཐུགས་རྗེ་ཞེས་ནི་འགྲོ་བ་སུ་ལ་ལྟས་ནས་རྒྱུ་མཚན་ཅི་ཞིག་གིས་གདགས་པར་བྱ་སྟེ། དེ་བས་དཔའ་བོ་ཁྱོད་ལ་ཐུགས་རྗེ་ཆེན་པོའི་སྟོབས་མངའ་ཞིང་སྔོན་བྱུང་གི་དུས་ནས་འབྲེལ་བའི་ལས་ཀྱི་འཕྲོ་ཡང་དབང་བཙན་པར་གྱུར་ན། ཡལ་ཡོལ་དང་བཏང་སྙོམས་ཀྱི་ལེ་ལོ་མ་མཛད་པར་དགོངས་པ་བྱང་ཆུབ་སྙིང་པོའི་ངང་ནས་ད་ལྟ་ཉིད་དུ་གཟིགས་ཤིག །ཐུགས་རྗེ་ཆེ་མངའ་རྒྱལ་བའི་ཕྲིན་ལས་ཀུན་རྫོགས་པའི་ལྷ་ཡི་ཡང་ལྷ་ཀྱེ། འདི་ལྟར་དྲེགས་པས་སྨྲེངས་ཏེ་གསོལ་བ་ལ་འཁོར་གྱི་མི་དང་མི་མ་ཡིན་པ་ཀུན་དང་ཡང་ཐུན་མོང་དུ་འགྱུར་རོ། །དེ་དག་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་སོར་ཆུད་པའང་དོན་གྱིས་ཚང་ངོ་། །ཞེས་རང་གི་ང་རྒྱལ་གྱི་རི་བོ་བཅག་ནས་ལུས་སེང་གེར་མངོན་པར་སྤྲུལ་ནས་སྐྱབས་དམ་པར་འགྲོ་བའི་རྟགས་དང་། ཤེས་བྱའི་སྒྲིབ་པ་སྦྱང་བའི་ཕྱིར་ཞབས་ཀྱི་གདན་ཁྲིར་ཕུལ་ལོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། བདུད་བཏུལ་བས་ཐ་མར་དམན་པའི་གདུང་བ་བཏོན་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པ་གསལ་བར་བཤད་པའོ།། །།