cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་གསུམ་པ།

གླེགས་བམ། གེ༽

མཁན་ནུས་ལྡན།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

དཔལ་སྤྱི་མདོ་དགོངས་པ་འདུས་པའི་འགྲེལ་པ་རྣལ་འབྱོར་ཉི་མ་གསལ་བར་བྱེད་པའི་ལེགས་བཤད་གཟི་ལྡན་འཆར་ཁའི་འོད་སྣང། མཁན་ནུས་ལྡན།

གསུང་པོད་གསུམ་པ་མ་རྟགས་ཅན།
དཔལ་སྤྱི་མདོ་དགོངས་པ་འདུས་པའི་འགྲེལ་པ་རྣལ་འབྱོར་ཉི་མ་གསལ་བར་བྱེད་པའི་ལེགས་བཤད་གཟི་ལྡན་འཆར་ཁའི་འོད་སྣང་གླེགས་བམ་གསུམ་པ་བཞུགས་སོ། །བཞི་པ་འདྲེན་པའི་ཡན་ལག་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། དེ་ནས། ཞེས་པ་ནས། རྣམ་པར་སྦྱར་བ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ནོ། །དགོས་འབྲེལ་བསྟན་མ་ཐག་པ་དེ་ནས་ཡན་ལག་བཞི་པ་བསྟན་པའི་ཕྱིར། སྟོན་པ་གསང་བ་པའི་བདག་པོ་དེས། ལང་ཀའི་བདག་པོ་ལ་བོས་ནས་བཀའ་སྩལ་ཏེ་སྨྲས་པ་ནི། སྡུད་པ་པོ་ལང་ཀའི་བདག་པོ། དེ་ལ་རྒྱུད་ཀྱི་འདྲེན་པའི་ཡན་ལག་གང་ཞེ་ན། དེ་ཉིད་ཉེ་བར་བསྟན་པ་དངོས་ནི། རྒྱུད་ཀྱི་ཚིག་གི་དངོས་པོ་གང་ལས་བཤད་པའི་ཐབས་ཀྱི་ཡན་ལག་གང་ཡིན་པ་ནང་རིས་མི་མཐུན་པར་སོ་སོ་ཉིད་དུ་ཡོངས་སུ་འདྲེན་པ་སྟེ། དེ་ཡང་འདི་ལྟར། རྒྱུད་དོན་འདྲེན་པའི་ཚིག་བཅུར་ཡོངས་སུ་འགྲོ་བ་གང་ཅི་ལྟར་ཡིན་པ་དེ་ལྟར་ཁྱེད་ལ་བཤད་དེ་རྣམ་པར་བགྲོ་བར་བྱའོ། །ཞེས་གནང་བའོ། །དེ་ཡང་ལང་ཀའི་བདག་པོ་འདི་ལྟ་སྟེ། ཞེས་རྒྱས་པར་བཤད་དེ་ཡོངས་སུ་འདྲེན་པའི་ཡན་ལག་ནི། རྣམ་གྲངས་བཅུ་ཕྲག་གཅིག་གིས་དོན་ལ་འདྲེན་པས་བཤད་ཐབས་སུ་རྣམ་པར་ཕྱེ་ནས་བསྟན་ན་ནི། ཇི་སྐད་བཤད་པའི་སྒྲ་བརྗོད་ཚིག་གི་ཡན་ལག་མཐར་ཕྱིན་པར་འགྱུར་ཏེ་ཡོངས་སུ་རྫོགས་པའོ། །རྣམ་གྲངས་བཅུ་པོ་གང་ཞེ་ན། གང་རང་བཞིན་ལ་ལྟ་བ་དང་། སྒོ་རྣམ་པར་འབྱེད་པ་དང་། སྤྱི་དོན་སྡུད་པ་དང་། འབྲེལ་པ་སྦྱོར་བར་འདྲེན་པ་དང་། རང་རྐྱེན་གཉེར་བ་དང་། གཞན་ལ་མི་འཚམས་པར་འཚམས་པ་ལྡེམ་དགོངས་དང་། དོན་གྱི་དམིགས་འཛིན་པའི་ཚིག་གཏར་ཀ་གེགས་སེལ་དང་། ཚད་མའི་བཀའ་མ་བཅོས་པ་དང་། མཚོན་པ་དཔེའི་མེ་ལོང་དང་། སྣོལ་མཚམས་སྣྲེལ་ཞི་གང་ཡིན་པའི་བཤད་ཐབས་བཅུ་པོ་རྣམས། འཆད་པའི་དཔེ་མེ་ལོང་བཅུ་ཡི་བྱེད་ལས་ཀྱིས་བརྟགས་པ་དང་མཐུན་པར་སྦྱར་བས། བཤད་ཐབས་ཀྱི་ཚིག་འདིས་རྒྱུད་ཀྱི་དོན་ལ་བཀབ་སྟེ་འདྲེན་པའི་ཚིག་དང་། དེས་དོན་མཚོན་ཚུལ་རྣམ་པར་སྦྱར་ཏེ་མ་འདྲེས་ཡོངས་རྫོགས་སུ་བཤད་པར་བྱ་བ་ཡིན་ནོ། །གཉིས་པ་ལ་བཅུ་སྟེ། རང་བཞིན་ལྟ་བའི་ཚིག་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་བཤད་པ། རྣམ་པར་དབྱེ་བའི་ཚིག་སྟག་གི་མཆོང་སྟབས་ལྟར་བཤད་པ། སྤྱི་དོན་སྡུད་པའི་ཚིག་སེང་གེའི་མཆོང་རྩལ་ལྟར་བཤད་པ། འབྲེལ་བར་སྦྱོར་བའི་ཚིག་ངང་མོའི་འགྲོས་ལྟར་བཤད་པ། རང་རྐྱེན་གཉེར་གྱི་ཚིག་རུས་སྦལ་གྱི་ནུར་འགྲོས་ལྟར་བཤད་པ། ལྡེམ་དགོངས་མན་ངག་གི་ཚིག་རྣ་ཕྲུག་བྲག་ལ་འཛེགས་པ་ལྟར་བཤད་པ། གཏར་ཀ་གེགས་སེལ་གྱི་ཚིག་གླག་ཁྲ་མོ་གཟན་ལ་འཇུམས་པ་ལྟར་བཤད་པ ། ཚད་མ་བཀའ་གཞུང་གི་ཚིག་དུས་ཀྱི་འབྲུག་ཆར་ལྟར་བཤད་པ། མཚོན་པ་དཔེའི་ཚིག་མེ་ལོང་དྭངས་པའི་ངོས་ལྟར་བཤད་པ། བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་ཐགས་དང་སེང་ཕྲུག་རྩལ་སྦྱོང་བ་ལྟར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། ལྟ་འཕང་རླབས་སུ་གཅོད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་དག་རེ་རེ་ནས་བསྟན་པའི་ཕྱིར། ལང་ཀའི་བདག་པོ། ཞེས་སྡུད་པ་པོ་ལ་བོས་ནས། གྲངས་བསྟན་པ་དེ་ཡང་འདི་ལྟ་སྟེ། ཐོག་མར་ལྟ་བ་ཉེ་བར་བསྟན་པ་ནི། རྒྱུད་ཀྱི་དངོས་པོ་གང་ལ་རང་བཞིན་གྱི་ལྟ་བར་བྱ་བའི་ཡུལ་དང་ལྟ་བར་བྱེད་པའི་ཤེས་པ་གཉིས་མེད་པར་ངང་གིས་གསལ་བའི་ལྟ་བ་མཆོག་གི་དོན་ནི། གང་གསང་བ་ཟབ་མོའི་ལྟ་བ་དེ་ཁོ་ན་ཉིད་ཀྱི་ཁྱུང་དབྱིངས་ཀྱི་ནམ་མཁའ་ལ་ལྡིང་བས་གཉིས་མེད་དུ་ངེས་པར་སྣང་བའི་སྐབས་འདིར། དཔེར་ན་བྱ་ཁྱུང་གི་ནམ་མཁའ་ལ་འཕུར་ཏེ་འགྲོ་བ་ནི། གཤོག་པའི་རྩལ་གྱིས་ནུས་པས་རི་བྲག་དང་གྱེན་ཐུར་ཐམས་ཅད་ཁོབ་འོག་ཏུ་ཆུད་པས་ནམ་འཕང་རླབས་སུ་གཅོད་དེ་ལྡིང་བ་ཡང་འཕང་མཐོ་ལ་ཉམ་ང་བ་དང་རྗེས་མེད་པ་ལྟར། དེ་བཞིན་དུ། རྣལ་འབྱོར་པ་ལམ་ཆེན་པོར་ངེས་པས། རྒྱུད་དོན་ཟབ་མོའི་ཆོས་ཉིད་དེ་བཞིན་ཉིད་ལྟ་བའི་དེ་ཁོ་ན་ཉིད་འདིར་བློ་ཤེས་རབ་ཀྱིས་རྟོགས་ནས་གཉིས་མེད་དུ་འགྲོ་བར་བྱེད་པ་ཉིད་ནི། འོག་མ་དང་མ་འདྲེས་པར་ལུང་དང་མན་ངག་གི་ཐབས་དང་ལྡན་པའི། ལྟ་བས་ཆོས་སོ་ཅོག་མ་འདྲེས་ཡོངས་རྫོགས་སུ་རྟོགས་ཏེ་སྤྱོད་ཡུལ་མེད་པར་ཡེ་ཤེས་ཆེན་པོར་རང་གསལ་བ་ལས། མུན་པ་དང་། ལོག་སྤྱོད་དང་བྱིས་པ་དང་ཕྱོོགས་སུ་རིག་པ་དང་མཐའ་དབུས་འབྱེད་པ་དང་། དམ་པ་ཆེན་པོའི་ཤེས་པ་དྲུག་གི་འཕང་བཅད་ནས་དོགས་ཐོགས་དང་། བླང་དོར་མེད་པར་སྤྱི་རྒྱ་རླབས་རྩལ་གྱིས་ཡོངས་སུ་གཅོད་པར་འགྱུར་རོ། །དེ་བས་ན་སྒྱུ་འཕྲུལ་ཐུགས་ཐིག་ལས་ཀྱང་། ག་རུ་ཊ་ཡི་ཆོས་བཞི་པོས། །རྣལ་འབྱོར་ཅན་གྱིས་ལྟ་འཕང་བཅད། །ཅེས་འབྱུང་བས། ཆོས་བཞི་སྟེ། ཇི་ལྟར་ཁྱུང་ནམ་མཁའ་ལ་ལྡིང་བའི་ཚེ། མིག་གྱེན་དུ་ལྟ་བ་དང་། གཤོག་པ་གཡོབ་པའི་རྩོལ་བ་མེད་པ་དང་། ངམ་གྲོག་དང་གཡང་སར་ཉམ་མི་ང་བ་དང་། བྱ་ལམ་ལ་རྗེས་མེད་པ་བཞིན་དུ། འདིའི་གོང་ན་རྟོགས་བྱ་གཞན་མེད་པས་རང་བཞིན་ལྟ་བའི་ཚིག་གིས་ཐེག་པ་ཐམས་ཅད་ཁོབ་འོག་ཏུ་འཇུག་པ་དང་། ལམ་བགྲོད་པའི་རྩོལ་བ་དང་བྲལ་བ་དང་། ལྟུང་གནས་སྲིད་པ་དང་ཞི་བའི་མཐའ་ལ་ཉམ་མི་ང་བ་དང་། བལྟ་བྱ་ལྟ་བྱེད་བློ་ཡུལ་དུ་བྱེད་པའི་རྟོག་པ་མེད་པའོ། །གཉིས་པ་ནི། བགྲོད་པར་བྱ་བའི། ཞེས་པ་ནས། ཚོམས་སུ་གཅོད། །ཅེས་པའི་བར་གྱིས་བསྟན་ཏེ། དཔེར་ན་ས་བཅད་པར་བྱ་བའི་ཕྱིར་ལམ་གྱི་རྒྱུད་ཀྱི་བགྲོད་པར་བྱ་བའི་ས་ཚིགས་དང་། སྟག་གིས་མཆོང་རྩལ་གྱི་ཚད་དག་གིས་སའི་ཚད་ཀྱང་ཚོམ་ཉིད་དུ་གཅོད་པ་ལྟར་དཔེ་དེ་བཞིན་དུ་འདིར་ཡང་དོན་གྱི་ཚོམས་གང་སྟོན་པ་དང་། དེའི་ཚིག་གི་དཀྱུས་ཀྱི་བར་མཚམས་དག་ས་གཅོད་ཀྱི་ལྡེའུ་མིག་གི་དབྱེ་བས་དོན་གྱི་ཚོམས་ཀྱི་དཀྱུས་ཚིགས་དང་དེའི་ཚིག་གི་མཚམས་ཀྱི་ཚོམས་སུ་གཞན་དང་མ་འདྲེས་པར་གཅོད་པར་བྱ་བའོ། །དེ་བས་ན་སྔ་མ་ལས་ཀྱང་། །བྱ་གྷྲྀ་མཆོང་བ་དེ་བཞིན་པས། །ཏནྟྲའི་ཚིག་དོན་དུམ་བུར་གཅོད། །ཅེས་པ་སྟེ། ཇི་ལྟར་སྟག་མཆོངས་པའི་ཚེ། བགྲོད་བྱའི་ས་ཚིགས་དུམ་བུར་དུམ་བུར་བཅད་ནས་མཆོངས་པ་བཞིན་དུ་རྣམ་པར་དབྱེ་བའི་ཚིག་གིས་ཚིག་དོན་གྱི་དམིགས་སོ་སོར་ཕྱེ་ནས་མིང་འདོགས་གསལ་བར་སྟོན་པའོ། །གསུམ་པ་ནི། ཇི་ལྟར་གང་གི། ཞེས་པ་ནས། གཅིག་ཏུ་སྡུད། །ཅེས་པའི་བར་གྱིས་བསྟན་ཏེ། དཔེ་ཇི་ལྟར་ན་སེང་གེའི་རྩལ་གྱིས་མཆོངས་པ་གང་གི་ཁོབས་འོག་ཏུ། ས་ཚིགས་རི་བྲག་ཡུལ་ཁམས་མང་པོ་འདུས་ཤིང་ཆུད་པ་ལྟར་དུ། རྐྱེན་ཡི་གེའི་རྒྱུད་ཀྱི་ཚིག་གི་ཁྱད་པར་གྱིས་དོན་ཇི་བཞིན་དུ་བརྗོད་པའི་བྱ་བ་བྱེད་པའི་རྒྱུད་དབུ་ཞབས་ཀྱི་རྣམ་གྲངས་མང་པོ་ཀུན་ཀྱང་དོན་གྱི་ཁོག་དབུབ་སྟེ་བརྗོད་བྱའི་ངོ་བོ་མ་ནོར་བར་དཀྱིལ་འཁོར་གསུམ་མམ་གཞི་ལམ་འབྲས་བུ་ལྟ་བུ་གང་གི་དོན་གྱི་ངོ་བོ་གཅིག་ཉིད་དུ་ཡོངས་སུ་སྡུད་དེ། དེ་ལས་སོ་སོའི་ཡན་ལག་རྣམས་འབྱུང་བར་ཤེས་པར་བྱ་བའོ། །དེ་བས་ན་དོན་ལྷུན་གྱིས་གྲུབ་པ་གཅིག་ལས་རྣལ་འབྱོར་གསུམ་དུ་ཕྱེ་ནས་འགྲེལ་པའང་ངོ་བོ་ཉིད་གཅིག་ཏུ་དབྱེར་མེད་པར་སྟོན་པའོ། །དེ་ལྟ་བས་ན་སྔ་མ་ལས། སེང་གེ་མཆོངས་པའི་ཆོས་གཅིག་ལྟར། །རྣམ་གྲངས་ཚིག་ལམ་དོན་གཅིག་སྡུད། །ཅེས་པ་སྟེ། ཇི་ལྟར་སེང་གེ་མཆོངས་པའི་ཚེ། ས་ཚིགས་དུ་མ་ཁོག་འོག་ཏུ་ཆུད་པ་བཞིན་དུ། ཚིག་དོན་གྱི་རྣམ་གྲངས་དུ་མ་རྣམས་སྤྱི་དོན་བསྡུ་བའི་ཚིག་གིས་དོན་གྱི་ངོ་བོ་གཅིག་ཏུ་སྡུད་པའོ། །བཞི་པ་ནི། གང་དག་གང་ལྟར། ཞེས་པ་ནས། འབྲེལ་བར་སྦྱོར། །ཞེས་པའི་བར་གྱིས་བསྟན་ཏེ། ཚིག་གི་མཚམས་སྦྲེལ་བ་ནི། དཔེར་ན་འདབ་ཆགས་ངང་པ་གང་དག་ཕྱོགས་གང་དང་གང་དུ་ཇི་ལྟར་འགྲོ་བ་ན་ཡང་དེ་དག་གི་གོམ་འགྲོས་དྲང་པོར་འབྲེལ་ཏེ་མི་འཁྱོག་པར་སྔ་རྗེས་ཉིད་ཕྱི་རྗེས་ཀྱིས་ནོན་པར་སྣང་བ་ལྟ་བུར་འབྲེལ་ཏེ་མཐར་ཆགས་སུ་གྱུར་པ་ལྟར། སྔར་བརྗོད་པའི་ཚིག་དང་ཕྱིས་བརྗོད་པའི་ཚིག་གི་གོང་འོག་གི་མཚམས་དག་འབྲེལ་བར་བྱས་ཏེ། གངས་བརྗོད་བྱ་རྒྱུད་ཀྱི་དོན་འདིར་ཡང་ངོ་བོ་མ་ནོར་བར་ས་གཅོད་པའི་ཚུལ་གྱིས་ཚིག་དོན་སྔ་ཕྱི་མི་འཁྲུགས་པར་གོང་འོག་གི་ཚིག་དོན་འབྲེལ་བ་དང་བཅས་ཏེ་ཞིབ་ཏུ་ངེས་པར་སྦྱོར་ནས་འདབ་འབྱོར་དུ་འཆད་པའོ། །དེ་བས་ན་སྔ་མ་ཉིད་ལས། ངང་མོའི་འགྲོས་ཆོས་རྣམ་གཉིས་ལྟར། །གཞུང་དོན་དབུ་ཞབས་ལེ་མཚམས་སྦྱོར། །ཞེས་པ་སྟེ། ཇི་ལྟར་ངང་མོ་འགྲོ་བའི་ཚེ། སྔ་ཕྱི་དྲང་པོར་འགྲོ་ཞིང་། སྔ་རྗེས་ཕྱི་རྗེས་ཀྱིས་ནོན་པར་འགྲོ་བ་བཞིན་དུ། འབྲེལ་མཚམས་སྦྱོར་བའི་ཚིག་གིས་ཚིག་འབྲེལ་དང་དོན་འབྲེལ་མ་ཆད་པ་སྦྱོར་བའོ། །ལྔ་པ་ནི། གང་འགྲོ་གནས་སུ། ཞེས་པ་ནས། དེ་བཞིན་སྦྱོར། །ཞེས་པའི་བར་གྱིས་བསྟན་ཏེ། རང་རྐྱེན་གཉེར་གྱི་ཚིག་ནི། དཔེར་ན་རུས་སྦལ་གྱི་དངོས་པོ་རྣམས་གང་དུ་འགྲོ་བར་འདོད་པའི་གནས་སུ་ནུར་འགྲོས་ཀྱིས་བགྲོད་པ་ནི། གཞན་གྱིས་གཡོ་འགུལ་དུ་འགྲོ་བར་མི་མཐོང་བས་ཆེར་མི་མངོན་ཀྱང་རང་གི་ནུར་བའི་ཤུགས་ཀྱིས་འགྲོ་བས་གནས་དེར་ཕྱིན་པ་ལྟར། དཀྱུས་ཀྱི་ཡི་གེ་དབུ་ཞབས་རྫོགས་པའི་ཚིག་ཏུ་བཤད་དེ་མཐར་ཆགས་སུ་བརྗོད་པ་དང་། མཐུན་པར་གནས་སྐབས་དོན་གྱི་གཏན་ཚིགས་ལུང་དང་མན་ངག་གི་གསང་བ་ཟབ་མོ་རྣམས་རང་རྐྱེན་གཉེར་གྱིས་ཚིག་གིས་གཞུང་གི་འབྲུ་གནོན་ལ་བརྟེན་ནས་དོན་གང་གི་དངོས་གཞིའི་ངོ་བོ་ཇི་ལྟར་ཡིན་པ་དེ་ཉིད། ཤུགས་ཀྱིས་གསལ་བར་བྱས་ནས་དེ་ཁོ་ན་བཞིན་དུ་སེལ་མེད་པར་ཞིབ་ཏུ་སྦྱོར་ཏེ་སྤྱིར་བཤད་ཚུལ་བཅུ་དང་གཞི་ལམ་འབྲས་བུ་གསུམ་སྦྱར་ཞིང་རྒྱུད་དྲུག་གམ་ཁྱད་པར་དུ་ཡང་ངེས་པའི་གསང་སྒོའི་རྒྱུད་གསུམ་པོ་རང་རང་གི་དཀྱུས་དོན་བརྡའ་འཕྲོད་ངེས་སུ་བཤད་དེ་བརྗོད་བྱའི་ཐོག་ཏུ་འབེབས་པར་བྱེད་པའོ། །དེ་བས་ན། སྔ་མ་ལས། རུས་སྦལ་འགྲོས་ཀྱི་ཆོས་གཉིས་པོས། །འབྲུ་སྟོང་མི་བཞག་གཟེར་བུ་གདབ། །ཅེས་པ་སྟེ། ཇི་ལྟར་རུས་སྦལ་འགྲོ་བ་ལ་ཆོས་གཉིས་ཏེ། གཡོ་འགུལ་མི་མངོན་པར་ཤུགས་ཀྱིས་འགྲོ་བ་དང་། ས་སྟོང་མི་ལུས་པར་རྗེས་ཀྱིས་ཁྱབ་པ་བཞིན་དུ། རང་རྐྱེན་གཉེར་གྱི་ཚིག་གིས་འབྲུ་སྟོང་མི་བཞག་པར་ཚིག་དོན་བརྡ་འཕྲོད་པར་བྱེད་པའོ། །དྲུག་པ་ནི། གང་ཞིག་གང་ལྟར། ཞེས་པ་ནས། དེར་འཚམ་སྦྱོར། །ཞེས་པའི་བར་གྱིས་བསྟན་ཏེ། ལྡེམ་དགོངས་མན་ངག་གི་ཚིག་གང་ཞེ་ན། དཔེར་ན་རྣ་ཕྲུག་ཆུང་ངུ་གང་ཞིག་གང་བྲག་གི་གཡང་སར་ཡང་བདེ་བླག་ལྟར་འཛེགས་ཏེ་གང་གི་ངོས་ལ་འགྲོ་བ་དེ་ནི། ཆུང་བས་རི་དྭགས་གཞན་པ་ལ་མི་འཚམས་ཤིང་མི་རིགས་པ་ཡིན་ན་ཡང་རྣ་ཕྲུག་ཁོ་ཉིད་ལ་བདེར་ཞེས་བདེ་བླག་ཏུ་འཚམས་པ་ལྟར་སྣང་བ་བཞིན་དུ། རི་དྭགས་གཞན་ལྟ་བུའི་སྔགས་ཕྱི་པ་གང་ལ་མི་འཚམས་པ། ལྔ་ཚོ་བཞི་སྤྱད་པ་ལྟ་བུ་སྤྱོད་པ་བརླང་པོ་དང་ཕ་རོལ་ལ་ཞེར་འདེབས་སུ་སྣང་བའི་སྒྲ་བརྗོད་འདོད་ཡོན་ལྔ་དང་མཚམས་མེད་ལྔ་སོགས་སྤྱོད་པར་གསུངས་པ་ལྟ་བུའི་སྐྱོན་ཚིག་བསྟན་པ་རྣམས་ཀྱང་། འདིར་བཤད་པ་ལྟར་དོན་གཞན་དུ་ལྡེམ་པོ་ལ་དགོངས་ནས་གསུངས་པས། དེ་ཡིས་དོན་འགྲུབ་པར་ཐེག་འོག་པ་གང་གི་རང་ཐད་དུ་མི་འཚམས་པ་ལྟར་སྣང་ཡང་། གསང་མཆོག་འདིར་ནི་ཐབས་དེ་ཉིད་ཀྱིས་འདུ་ཤེས་བསྒྱུར་ནས་འདུལ་བར་བྱེད་པས་གསང་ཆེན་ཐབས་ཀྱིས་ཟིན་པ་དེར་ཤིན་ཏུ་འཚམས་པར་ངེས་པས་ན་དེ་ལྟར་སྟོན་ཏེ་དོན་ལ་སྦྱོར་བའོ། །དེ་བས་ན་སྔ་མ་ལས། གནའ་ཕྲུག་འཛེགས་པའི་ཆོས་གཉིས་ལྟར། །ལྡེམ་དགོངས་གསང་བ་བརྒྱད་ཀྱིས་སྦྱར། །ཞེས་པ་སྟེ། ཇི་ལྟར་གནའ་ཕྲུག་བྲག་ལ་འཛེགས་པ་ལ་ཆོས་གཉིས་ཏེ། སྐྱེས་མ་ཐག་ཏུ་བྲག་མེ་ལོང་གི་ངོས་ལྟ་བུ་ལ་རྩེད་མོ་རྩེ་ཞིང་འགྲོ་བ་དང་། དེ་རི་དྭགས་གཞན་ལ་མི་འཚམས་ཀྱང་ཁོ་རང་ལ་འཚམས་པ་བཞིན་དུ། ལྡེམ་དགོངས་མན་ངག་གི་ཚིག་གིས་ཟབ་ལམ་སྦས་ཚུལ་དུ་བསྟན་པ་རྣམས་ཐབས་ཀྱིས་འབྱིན་པ་དང་། དེ་ཐེག་པ་འོག་མ་རྣམས་ལ་མི་འཚམས་ཀྱང་འདིར་འཚམས་པའོ། །བདུན་པ་ནི། གང་དག་ཡིད་ལ། ཞེས་པ་ནས། མངོན་པར་སྟོན། །ཞེས་པའི་བར་གྱིས་བསྟན་ཏེ། གཏར་ཀ་གེགས་སེལ་གྱི་ཚིག་ཇི་ལྟ་བུ་སྙམ་པ་ལ། དཔེར་ན་གླག་ཁྲ་མོ་གང་དག་གིས་རང་གི་བསམ་པས་ཡིད་ལ་བཏགས་པའི་འདོད་པ་ལྟར་ཁ་ཟས་ཀྱི་གཟན་ལ་འཇུམས་པའི་ཚེ། ཤ་གཡག་ལ་སོགས་པ་གང་གི་ཡང་ཐ་མལ་གྱི་ཤ་བོར་ཏེ་ཁོང་ནས་འདོད་པའི་སྙིང་ཕྱུང་སྟེ་བཅུད་འབྱིན་པར་བྱེད་པ་ལྟར་དུ། ཤེས་བྱའི་དངོས་པོ་གང་དང་གང་སྟོན་པའི་སྐབས་ཉིད་དུ་ཡང་གཏར་ཀ་དང་ཐེ་ཚོམ་གྱི་མདུད་པ་དེ་ཉིད་དམིགས་སུ་འཛིན་པ་ཡི་སྒོ་ནས་གང་མི་གསལ་ཞིང་མཐོང་དཀའ་བ་དེ་ཉིད་ལུང་དང་མན་ངག་གིས་བརྡ་འཇལ་བར་མངོན་དུ་བྱས་ཏེ་གསལ་བར་སྟོན་པས་ཐེ་ཚོམ་མེད་པར་བྱེད་པ་སྟེ། དེས་ན་རྒོལ་ཕྱི་རྒོལ་གང་གི་སྐབས་སུ་ཡང་ལན་ཐོགས་པ་མེད་པར་ཐེབས་ཏེ། དཀའ་བའི་གནད་ལ་མཁས་པར་འགྱུར་བའོ། །དེ་བས་ན། དེ་ཉིད་ལས། གླག་གི་གཟན་གྱི་ཆོས་གཉིས་ལྟར། །དོན་གྱི་དམིགས་བཟུང་གེགས་བསལ་ལོ། །ཞེས་པ་སྟེ། ཇི་ལྟར་གླག་ཁྲ་མོ་གཟན་ལ་བཅུམ་པའི་ཚེ། ཆོས་གཉིས་ཏེ། གང་ཡིད་ལ་བཏགས་པའི་ཟས་དང་། དེའི་ཁོང་གི་བཅུད་འབྱིན་པ་ལྟར། གཏར་ཀ་གེགས་སེལ་གྱི་ཚིག་གི་གཏན་ཚིགས་ཀྱིས་གཏན་ལ་ཕབ་ནས་གྲུབ་མཐའི་དོན་ལོངས་པར་བྱེད་པའོ། །བརྒྱད་པ་ནི། ཇི་ལྟར་སྒྲ་བརླན། ཞེས་པ་ནས། ཡིན་པར་ངེས། །ཞེས་པའི་བར་གྱིས་བསྟན་ཏེ། ཚད་མ་བཀའ་གཞུང་གི་ཚིག་ཇི་ལྟ་བུ་སྙམ་པ་ལ། དཔེ་ཇི་ལྟར་ན། དཔྱིད་དུས་སུ་འབྲུག་གི་སྒྲ་གྲགས་ཏེ་བརླན་པའི་ཆར་གྱི་རྒྱུན་བབ་ཅིང་དུས་ཀྱི་འབྲུག་ཆར་བྱུང་བ་ན། མི་རྣམས་ཀྱིས། གང་རྩི་ཐོག་དང་ལོ་འབྲས་ལ་སོགས་པ་སྐྱེའི་ཞེས་སྐྱེ་བར་འབྱུང་བའི་དབྱར་གྱི་དུས་སུ་སླེབ་ངེས་པར་ཡིད་ཆེས་སྐྱེས་ཏེ་ཐེ་ཚོམ་མེད་པར་འགྱུར་བ་ལྟར། དཔེ་དེ་བཞིན་དུ། སྒྲོ་སྐུར་དང་བྲལ་བས་རྫུན་ནོར་སྤངས་པའི་ལུང་ཟབ་མོ་ཚད་མའི་ཡུལ་དུ་ངེས་པའི་བཀའ་ལུང་གི་གསང་བ་དམ་པའི་གཞུང་གསུངས་ཏེ་བསྟན་པ་རིན་པོ་ཆེ་བྱུང་ན། ལུང་རིགས་མན་ངག་གསུམ་དང་། ཆོས་རྟགས་བཞི་དང་། ཐུན་མོང་མིན་པའི་ལུང་དང་མན་ངག་གིས་ལམ་པ་བློ་དང་ལྡན་པ་དག །དོན་མ་ནོར་བའི་ངོ་བོ་མ་བཅོས་པའི་ཆོས་ཉིད་ཇི་བཞིན་པ་དཀྱིལ་འཁོར་གསུམ་དབྱེར་མེད་པའི་དེ་ཁོ་ན་ཉིད་དེ་ཡིན་པར་བཀའི་གཏན་ཚིགས་ཀྱི་ཚད་མས་ངེས་ཏེ་ཕྱིར་མི་ལྡོག་པ་སྐྱེད་པར་བྱེད་པའོ། །དེ་བས་ན་སྔ་མ་ལས། དུས་ཀྱི་འབྲུག་ལྟར་ཆོས་གསུམ་པོས། །བཀའ་ཡི་ཚད་གསུམ་སྐབས་སྦྱར་ནས། །ཞེས་པ་སྟེ། ཇི་ལྟར་འབྲུག་གི་སྒྲ་ལའང་ཆོས་གསུམ་སྟེ། དུས་མིན་དུ་མི་འབྱུང་བ་དང་། དུས་སུ་འབྱུང་བ་དང་། དེས་དབྱར་དགུན་ལ་སོགས་པའི་དུས་ཀྱི་སྤྲོས་པ་ཆོད་པས་ཡིད་ཆེས་པ་བཞིན་དུ། བཀའ་ལུང་ཚད་མ་ཉིད་དྲང་ཡུལ་མ་ཡིན་པར་མི་དྲང་ཞིང་། སྐབས་དང་མཐུན་པར་དྲངས་པས་དོན་གྱི་སྒྲོ་འདོགས་ཆོད་པ་སྟེ། ཇི་སྐད་དུ། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པས་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དགུ་པ་ནི། གང་འདིར་དག་པའི། ཞེས་པ་ནས། གསལ་བར་བྱེད། །ཅེས་པའི་བར་གྱིས་བསྟན་ཏེ། མཚོན་པ་དཔེའི་ཚིག་གང་ཞེ་ན། དཔེས་དོན་མཚོན་པ་གང་གི་དུས་འདིར་དཔེར་ན་གཡའ་དག་པའི་མེ་ལོང་གིས། བྱད་བཞིན་དང་ལྐོག་ཏུ་གྱུར་པའི་དངོས་པོ་དེ་དག་གཟུགས་བརྙན་དུ་སྣང་ནས་གསལ་བར་སྟོན་པར་ལྟར། དོན་གྱི་སྐབས་གང་རུང་དུའང་དོན་དེ་ཉིད་ཉེ་བར་མཚོན་ནས་རྟོགས་པར་བྱེད་པའི་དཔེ་ཡི་མེ་ལོང་ཕ་རོལ་ལའང་གྲགས་པའི་ཆོས་དག་གིས། དོན་གྱི་ངོ་བོ་གང་ཞིག་བརྟག་པར་དཀའ་ཞིང་ཕལ་པས་མི་མཐོང་བ་ཡང་དག་ངེས་པའི་དགོངས་པ་དེ་ཉིད་གསལ་བར་བྱེད་པ་ནི། དོན་དཔེར་སྦྱོར་བ་དང་། ཐ་སྙད་མཐུན་མི་མཐུན་དཔེར་སྦྱོར་བ་སྟེ། ཆོས་ཉིད་མ་སྐྱེས་པ་འདུས་མ་བྱས་པ་ཡིན་ཏེ། ལོག་རྟོག་ལྟ་བུའོ། །ཞེས་པ་དང་། དེ་ལྟར་ཡིན་ཏེ། ནམ་མཁའ་ལྟ་བུའོ། །ཞེས་པ་ལ་སོགས་པའོ། །དེ་བས་ན་སྔ་མ་ལས། མེ་ལོང་ཆོས་ལྟར་མཚོན་པའི་དཔེ། །ཀུན་ལ་དཔེས་མཚོན་ཐོག་ཏུ་དབབ། །ཅེས་པ་སྟེ། ཇི་ལྟར་རང་གི་བཞིན་རས་ལྐོག་ཏུ་གྱུར་པ་མེ་ལོང་གིས་གསལ་བ་བཞིན་དུ། ཤིན་ཏུ་ལྐོག་གྱུར་གྱི་གཞུང་དོན་རྣམས་ཀྱང་དཔེས་མཚོན་ནས་ངེས་པར་བྱེད་པའོ། །བཅུ་པ་ནི། ཇི་ལྟར་སྣྲེལ་ཞི། ཞེས་པ་ནས། ཉིད་དུ་སྦྱོར། །ཞེས་པའི་བར་གྱིས་བསྟན་ཏེ། བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་གིས་གོང་འོག་གི་འཁྲུགས་པ་བསྡེབས་པ་གང་ཞེ་ན། དཔེ་ཇི་ལྟར་ན་ཐགས་ཀྱི་བཀད་གོང་འོག་ཏུ་དགོས་པ་འོག་དང་སྟེང་ནས་འཆོལ་བར་ལེན་པ་ལྟར། རྒྱུད་ཀྱི་ཚིག་ཚོམས་སྣྲེལ་ཞིར་གྱུར་ཏེ་གོང་འོག་གི་ཚིག་དོན་གྱི་རིམ་པ་འཆོལ་ཞིང་འཁྲུགས་པ་ཡི་བར་རྣམས་བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་གིས་གོ་རིམ་འཆོལ་ཞིང་འཁྲུགས་པ་རྣམས་མཚམས་སྦྱོར་ཏེ། འབྲུའི་འདུག་ས་བསྒྱུར། ཚིག་གི་གོང་འོག་བརྗེ། དོན་གྱི་འཁྲུགས་པ་བསྡེབས་ནས་ཉམས་སུ་བླང་ཞིང་གོ་བདེ་བར་བྱེད་པ་དང་། ཡང་སེང་གེའི་ཕྲུག་གུས་མཆོངས་པ་སློབ་ནས་རྩལ་སྦྱོང་བའི་ཚེ། བསྣོལ་མར་མཆོངས་ཤིང་དྲང་པོར་འགྲོ་བ་ལ་སྦྱང་བས་རྩལ་ཆེན་པོར་རྫོགས་ཏེ་འབྱོངས་པ་ན་རོལ་པའི་སྟབས་ཆེན་གཅིག་ཏུ་འགྱུར་པ་ལྟར་རྒྱུད་ཀྱི་ཚིག་ཚོམས་དང་དོན་འཁྲུགས་མ་ལ་བར་དག་བཞག་ཅིང་དེ་ཉིད་ཀྱི་ངོ་བོ་གོ་རིམས་དང་འདུག་ས་བསྒྱུར་ཏེ་གོང་འོག་མཐུན་པར་ཤེས་པས་བརྗོད་བྱ་དོན་གྱི་རིག་པ་གང་ཡིན་པ་ཉིད་དུ་སྦྱོར་ཏེ་ཚིག་དོན་གཅིག་ཏུ་བསྡེབས་ནས་གནད་ལོངས་པར་བྱེད་པའོ། །དེ་བས་ན། ཐུགས་ཐིག་ཉིད་ལས། མི་འཇིགས་ཕྲུག་གུ་སྩལ་སྦྱོང་ལྟར། །འབྲུ་ཚིག་དོན་གྱི་གོ་རིམས་སྡེབས། །ཞེས་པ་སྟེ། ཇི་ལྟར་སེང་གེའི་ཕྲུག་གུ་རྩལ་སྦྱོང་བའི་ཚེ་ན། བསྣོལ་མར་མཆོངས་ནས་དྲང་པོར་འགྲོ་བ་བཞིན་དུ་བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་གིས། དོན་གྱི་འཁྲུགས་སྡེབས། དཀྱུས་ཀྱི་གོ་རིམ་བརྗེ། འབྲུའི་འདུག་ས་བསྒྱུར་ནས་སྒྲ་ཇི་བཞིན་པ་མ་ཡིན། དོན་ཐུན་མོང་མ་ཡིན་པའི་རྒྱུད་དོན་ཕྱིན་ཅི་མ་ལོག་པར་སྟོན་པའོ། །དེ་ལྟར་བཤད་ཐབས་འདྲེན་པའི་ཚིག་བཅུ་འདི་ཉིད་རྒྱུད་གཞུང་སྤྱིའི་ཚིག་དོན་གྱི་འཆད་ཐབས་ཡིན་པས་ཐུགས་ཐིག་ལས་གསུངས་པ་འདི་ཡང་ལུང་གི་འཆད་ཐབས་ཀྱི་མ་ཧཱའི་རྒྱུད་བཤད་པ་ལྟར་ཤེས་དགོས་ལ། དེ་ལྟར་བྱས་ནས་དེ་དག་ཀྱང་རིགས་བསྡུས་ན། རྗེ་སྒྲོ་ཕུག་པའི་ཁོག་དབུབ་ལས། དེ་ལ་རྣམ་པར་དབྱེ་བ། འབྲེལ་སྦྱོར་བ། རང་རྐྱེན་གཉེར་གསུམ་དཀྱུས་སུ་སྦྱར། གཞན་ལེའུ་གང་བཤད་ཀྱི་དཀྱུས་ཀྱི་ཐད་ཀར་ངོ་སྤྲད་དོ། །ཞེས་གསུངས་པ་ལྟར། སྤྱི་འགྲོ་རྣམ་པ་གསུམ་མ་གཏོགས་གསང་སྙིང་གི་ལེའུ་སོ་སོ་དང་སྦྱར་ཚུལ་རགས་ཙམ་རྗེ་སྒྲོལ་གཡུང་གཉིས་ཀྱི་ཁོག་དབུབ་ཏུའང་འབྱུང་ངོ་། །ཉང་ཊཱིཀ྄་པ་ནི། གསུམ་དུ་འདུས་པར་བཞེད་དེ། དཀྱུས་དབུ་ཞབས་ཐམས་ཅད་དུ་ཁྱབ་བྱེད་དུ་འཇུག་པ་གསུམ་ཁྱད་པར་དུ་འཇུག་པ་གསུམ། འཇུག་ཏུ་རུང་བ་བཞིའོ། །དང་པོ་ནི། རྣམ་དབྱེ། འབྲེལ་སྦྱོར། རང་རྐྱེན་ནོ། །གཉིས་པ་ནི། རང་བཞིན། ལྡེམ་དགོངས། སྤྱི་དོན་གསུམ་མོ། །གསུམ་པ་ནི། གཏར་ཀ །ཚད་མ་བཀའ་གཞུང་། མཚོན་དཔེ། བསྣོལ་མཚམས་འཕེན་སྡུད་དང་བཞིའོ། །ཞེས་གསུངས། འོན་ཀྱང་འདུས་མདོའི་རང་གཞུང་དང་སྦྱར་ན་ལུང་གི་འཆད་ཐབས་ཀྱིས་ལུང་གི་རྒྱུད་བཤད་པ་ལྟར་ཤེས་དགོས་པས་སྤྱིར་ཐུན་མོང་དུ་འགྲོ་བ་རྣམས་སྔ་མ་ལྟར་ལས། ཐུན་མོང་མིན་པའི་ཚིག་དོན་ནི། གོང་དུ་རྩ་བའི་འབྲུ་གནོན་དུ་བྱུང་བ་ལྟར་མདོ་ཆེན་པོའི་གཞུང་དང་སྦྱར་ནས་བཤད་པ་སྟེ། རྒྱས་པར་རང་སྐབས་ཀུན་དང་སྦྱར་ཏེ་འཆད་དགོས་ཀྱང་། སྤྱིར་འགྲོ་བའི་གནད་འགག་བསྡུ་ཚུལ་ཙམ་ནི། ལ་ཤན་ལྟ་བའི་མེ་ལོང་གི་འགྲེལ་པ་འཇམ་དཔལ་བཤེས་གཉེན་ཕྱི་མས་མཛད་པ་ལས། སྤྱི་དོན་སྡུད་པའི་ཚིག་སེང་ཆེན་གྱིས་མཆོང་སྟབས་ལྟ་བུས་ཁོག་དོན་རྣལ་འབྱོར་གསུམ་དང་སྣང་བ་སྦྱར་ཏེ་བསྟན་པར་བསྡུ་བ་ནི། རང་བཞིན་གྱི་རྣལ་འབྱོར་རམ་སྣང་བ་སྟེ་འཁྲུལ་སྣང་ཞོར་དུ་བསྟན་པ་དང་། ཉམས་སུ་ལེན་པའི་རྣལ་འབྱོར་གདུལ་བྱའི་སྣང་བ་དང་། འབྲས་བུའི་རྣལ་འབྱོར་དེ་བཞིན་གཤེགས་པའི་སྣང་བར་བསྟན་པའོ། །རང་བཞིན་ལྟ་བུའི་ཚིག་ཁྱུང་ལྡིང་བ་ལྟར་ཆོས་ཇི་བཞིན་པར་བསྟན་པ་དང་། རྣམ་པར་འབྱེད་པའི་ཚིག་སྟག་གི་མཆོངས་པ་ལྟར་ཚིག་དོན་བསྡུས་པས་ས་བཅད་པ་དང་། རང་རྐྱེན་གཉེར་གྱི་ཚིག་རུས་སྦལ་གྱི་ནུར་འགྲོས་ལྟ་བུས་འབྲུ་གཞོམ་པ་དང་། འབྲེལ་བར་སྦྱོར་བའི་ཚིག་བྱ་ངང་མོའི་འགྲོས་ལྟ་བུས་གོང་འོག་འབྲེལ་བར་བཤད་པ་དང་། ཚད་མ་བཀའ་གཞུང་གི་ཚིག་དུས་ཀྱི་འབྲུག་ཆར་ལྟ་བུས་སྐད་གཞན་གྱིས་སེལ་མ་ཞུགས་པར་བཤད་པ་དང་། ལྡེམ་དགོངས་མན་ངག་གི་ཚིག་རྣ་ཕྲུག་བྲག་ལ་འཛེགས་པ་ལྟ་བུས་གསང་བའི་ལྡེམ་དགོངས་བརྒྱད་ཀྱིས་མི་འཚམས་པར་བཤད་པ་དང་། གཏར་ཀ་གེགས་སེལ་གྱི་ཚིག་གླག་ཁྲ་མོ་གཟན་ལ་འཇུམས་པ་ལྟ་བུས་གནད་དུ་གལ་བཙུག་ལ་བཅུད་ཕྱིན་པར་བཤད་པ་དང་། མཚོན་པ་དཔེའི་ཚིག་མེ་ལོང་ལྟ་བུས་དཔེས་མཚོན་ཏེ་བཤད་པ་དང་། བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་སེང་ཕྲུག་རྩལ་སྦྱོང་བ་ལྟ་བུས་ཚིག་དང་འབྲུའི་གོ་རིམས་བསྡེབས་ཏེ་བཤད་པའོ། །ཞེས་གསུངས་པས། རྒྱུད་ལས་འཕགས་པའི་ལུང་ཆེན་པོའི་ཁྱད་པར་གྱི་ཆོས་རྣམས་ཀྱང་ངེས་པར་འགྱུར་རོ། །དེ་བཞིན་དུ། རིན་པོ་ཆེའི་རྒྱན་ལས། ལུང་གིས་མན་ངག་རྒྱུད་བཤད་པ། །འདྲེན་པའི་ཚིག་བཅུད་དྲངས་ཏེ་དགྲོལ། །དཀྱུས་ཚིག་དགྲོལ་བར་འཐད་པ་ཡིན། །ཞེས་གསུངས་པ་ལྟར་ལུང་གི་འཆད་ཐབས་ཀྱིས་མན་ངག་གི་རྒྱུད་བཤད་པ་ལའང་སྦྱར་བར་བྱ་སྟེ། ཅི་རིགས་པ་ནི་གཞུང་འདི་ལས་ཀྱང་སྟོན་མོད་དེ། རྒྱས་པར་ཡོངས་སུ་རྫོགས་པ་ནི་རྫོགས་པ་ཆེན་པོའི་རྒྱུད་དངོས་དང་སྦྱར་ཏེ་འདྲ་མཐུན་ཁྱད་འཕགས་ཀྱི་ཚུལ་དང་ལྡན་པས་ཚིག་དོན་བཤད་པ་ལ་མཁས་པར་བྱའོ། །དེར་མ་ཟད་ལེའུ་ཞེ་དྲུག་པ་ལས་གསུངས་པ་ལྟར་གསང་སྔགས་ཕྱི་པ་དང་ཡང་ཐུན་མོང་ཡིན་པས་སོ་སོའི་རྒྱུད་ཀྱི་རང་སྐབས་དང་སྦྱར་ནས་ཡོ་ག་འབྲོག་འཆོལ་བའི་སྐྱོན་དུ་མ་སོང་བར་འདྲེན་པའི་ཚིག་དོན་ལ་མཁས་པའི་བློ་གྲོས་དང་ལྡན་ན་གསང་དོན་མཐའ་དག་ལ་མཁྱེན་རབ་ཐོགས་མེད་དུ་རྒྱས་ཏེ་རལ་གྲི་ནམ་མཁའ་ལ་བསྐོར་བ་ལྟར་འགྱུར་རོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། འབྱེད་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཞེས་སྡུད་པ་པོ་ལ་བོས་ནས། བཤད་པ་རྣམ་པ་བཅུ་པོ་དེ་དག་ནི། གང་སྨྲ་བ་དང་བརྗོད་པའི་ཚིག་གིས་དོན་གང་དུ་འདྲེན་པ་ཡི་འཆད་ཐབས་ཀྱི་ཡན་ལག་དབུ་ཞབས་སུ་སྦྱར་བར་བྱ་བ་ཁོ་ནར་ཡང་དག་པར་ཤེས་པར་གྱིས་ཤིག །ཅེས་གསང་བ་པའི་བདག་པོ་ཆེན་པོས་དེ་སྐད་ཅེས་སྨྲས་ཏེ་བཀའ་སྩལ་པས། ལང་ཀའི་བདག་པོ་ལ་སོགས་པ། དམན་པའི་ལུས་ཀྱི་སེམས་དཔའ་ཆེན་པོ་རྣམས། ཆོས་ཐམས་ཅད་ལ་གང་འདྲེན་པའི་ཚིག་གིས་ཇི་ལྟར་དུ་སྨྲ་བའི་སྒོ་ཡོངས་སུ་འབྱེད་དེ་མཁས་པར་གྱུར་ཏོ། །ཚུལ་དེ་ནི་བསྟན་པའི་ཡོན་ཏན་གྱིས་འཁོར་རྣམས་ཀྱིས་ངེས་པར་གོ་བའོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། ཡོངས་སུ་འདྲེན་པའི་ཡན་ལག་རྣམ་པར་བགྲོས་ཏེ་བསྟན་པའི་ལེའུ་སྟེ། ལྔ་བཅུ་པ་གསལ་བར་བཤད་པའོ།། །།ལྔ་པ་ངེས་པའི་ཡན་ལག་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། དག་པ་ལྷ་ངེ་བའི། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་ངེས་དོན་དང་དྲང་དོན་གཉིས་ཀ་སྟོན་ནོ། །རྗེས་སུ་མཐུན་པར་བཤད་པའི་ཡན་ལག་ལྔ་པ་ངེས་དོན་བྱེ་བྲག་གི་གཏན་ཚིགས་གང་སྙམ་པ་ལ། འདྲེན་པ་ཚིག་གི་ཡན་ལག་བཤད་མ་ཐག་པ་དེ་ནས་ཡང་ངེས་པའི་ཡན་ལག་བཅུ་གཉིས་སྟོན་པའི་ཕྱིར། སྟོན་པ་གསང་བ་པའི་བདག་པོ་དེས། བསྡུས་པའི་དོན་གལ་ཆེ་བའི་ངོས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ལང་ཀའི་བདག་པོ་དེ་ལ་ངེས་པར་བོས་ཏེ། གཏན་ཚིགས་མ་འདྲེས་པར་བྱ་བའི་ཕྱིར་རྣམ་པར་སྨྲས་ཏེ་བཤད་པར་མཛད་པ། སྡུད་པ་པོ་ལང་ཀའི་བདག་པོ་འདི་ལྟ་སྟེ། ཞེས་སྐབས་ཐམས་ཅད་དུ་ངེས་དོན་མ་འདྲེས་པར་ཉེ་བར་བསྟན་པ་ལ། རྒྱུད་དོན་གཏན་ལ་འབེབས་པའི་སྐབས་གང་དུ་རང་རང་དང་མཐུན་པར་དོན་ངེས་པར་བྱེད་པའི་ཡན་ལག་ཡང་དག་པར་ཤེས་པའི་མཚན་ཉིད་གང་ཡིན་པ་དེ་ནི། ཕྱག་མཆན་ཞིག་ན། ངོ་བོ་གང་ལ་དགོས་ཆེད་གང་གི་དབང་གིས་ངེས་པའི་ཚིག་དང་དོན་གྱི་དམིགས་བཟུང་ནས་གང་བརྗོད་དེ་བསྟན་པ་ཉིད། ཞེས་པར་འབྲེལ་ཚུལ་ཞིག་ཀྱང་བཞུགས་མོད། དེའི་འགྲེལ་ཚུལ་གཅིག་དང་འགྲེལ་མཆན་གཞན་ཀུན་མཚུངས་པར། སྡུད་པ་པོ་དང་འཁོར་གྱི་དངོས་པོའི་སྣོད་གང་ལ། སྟོན་པ་སྐུ་བཞིའི་ངོ་བོ་གང་གིས་བསྟན་པ་བཞིའི་དོན་གྱི་རྒྱུད་མཆོག་གང་འདི་བརྗོད་ཅིང་བཤད་པ་ལ། རྒྱུ་གླེང་གཞི་དང་རྩ་བ་གླེང་བསླང་བ་ནི་རྒྱུད་ཀྱི་རྒྱུ་རྐྱེན་དང་། དགོས་འབྲེལ་བཞི་སྤྱིའི་དོན་དང་། འདྲེན་པའི་ཡན་ལག་རྒྱུད་ཀྱི་བཤད་ཐབས་བཅུ་དང་ངེས་པར་སྦྱོར་བའི་ཡན་ལག་འཆད་པར་འགྱུར་བ་སྟེ། གླེང་གཞི་འཚོགས་ནས་གླེང་བསླང་བ་བརྗོད་པ་འབྱུང་བའི་རྩ་བ་དང་། དགོས་འབྲེལ་ཕུན་སུམ་ཚོགས་པ་དང་འཆད་ཐབས་ཀྱིས་འདྲེན་པའི་ཚུལ་དང་བདག་གཞན་དོན་ལ་སྦྱོར་བའི་ཐབས་ཆེན་གྱི་ཡན་ལག་ལྔས་སྣོད་བཞི་ལ་བསྟན་པ་བཞི་རུ་བརྗོད་པར་བྱ་བའི་ངེས་པའི་གསང་སྒོ་བླ་ན་མེད་པའི་རྒྱུད་ཀྱི་དོན་དྲི་མ་མེད་པར་ཡོངས་སུ་དག་པ་ཉིད་ལྷ་ངེ་བར་མ་འདྲེས་ཡོངས་རྫོགས་སྣང་ཞིང་གསལ་བར་བྱེད་པའི་ཕྱིར་འདི་ཉིད་ཀྱང་ཡན་ལག་སྟེ་དེ་ལྟར་དྲུག་གིས་འབྱེད་པའི་དོན་རྫོགས་པར་འགྱུར་རོ། །ཡང་ན། སྣོད་བཞི་ལ་སྟོན་པ་བཞིས་བསྟན་པ་བཞི་གསུངས་པ་དེ་ཡང་། ལས་དང་ཐུགས་རྗེར་འབྲེལ་བ་དང་། སྣོད་དང་བཅུད་དུ་འབྲེལ་བ་དང་། ཤེས་བྱ་དང་ཤེས་བྱེད་དུ་འབྲེལ་བ་དང་། ཐབས་དང་ཐབས་ལས་བྱུང་བའི་ཚུལ་དུ་འབྲེལ་བ་དང་བཞི་ཚང་བ་དེ་ཡང་། ངོ་བོ་ལ་སོགས་བ་གསང་སྔགས་ཀྱི་སྤྱི་ཐེམས་ཆེན་པོ་བཞིས་བཤད་པ་དང་སྦྱོར་ཏེ། དེ་ཡང་ཆོས་རྟགས་ཀྱི་ཕྱག་རྒྱ་བཞིར་ངེས་པའི་གཏན་ཚིགས་ཀྱིས་བརྗོད་ནས་རྒྱུད་ཀྱི་གསང་བའི་སྒོ་ཡོངས་སུ་དག་པ་ལྷ་ངེ་བར་གཏན་ལ་འབེབས་པའི་ཐབས་ཀྱི་ཡན་ལག་ཏུ། འདར་ཇོ་བཙུན་སོགས་ཀྱིས་བཞེད་པར་གསུངས་ཏེ་ཆོས་རྗེ་དམ་པ་རིན་པོ་ཆེའི་ཕྱག་མཆན་དུའང་ཟུར་ཙམ་འབྱུང་ངོ་། །དེས་ན་ངེས་དོན་གཏན་ཚིགས་ཀྱི་ཡན་ལག་འདི་ཉིད་གཏན་ཚིགས་བཞིས་ལེའུ་རྫོགས་པར་སྟོན་ཏེ། ཡོངས་སུ་འགྲེལ་པའི་གཏན་ཚིགས་བཤད་མ་ཐག་པ་རྣམས་དང་། དེ་ནས་སྣོད་བཞི་ལ་བསྟན་པ་བཞིར་བྱུང་བའི་གཏན་ཚིགས་དང་། དེ་ནས་གསང་སྔགས་ཀྱི་སྤྱི་ཐེམས་བཞིར་ངེས་པའི་གཏན་ཚིགས་དང་། དེ་ནས་ཆོས་རྟགས་ཀྱི་ཕྱག་རྒྱ་བཞིར་ངེས་པའི་གཏན་ཚིགས་རྣམས་སོ། །དེའང་དཔེས་མཚོན་ན། འདུལ་བྱེད་སྐུ་བཞི་སྨན་པ་ལྟ་བུ། གདུལ་བྱ་བཞི་ནད་པ་ལྟ་བུ། ཐེག་པ་བཞི་སྨན་ལྟ་བུ། ངོ་བོ་ངེས་ཚིག་སོགས་བཞི་སྨན་གྱི་དམིགས་བཟུང་བ་ལྟ་བུ་བཀའ་དོན་གཏན་ཚིགས་བཞི་སྨན་ལ་གཟུ་ལུམ་སྤང་བ་ལྟ་བུའོ། །གཉིས་པ་ལ་གསུམ་སྟེ། སྣོད་བཞི་ལ་བསྟན་པ་བཞིར་བཤད་པ། གཏན་ཚིགས་ཀྱི་ཡན་ལག་བཞིར་ངེས་པ། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་བཤད་པའོ། །དང་པོ་ནི། གང་ལ་སྤྱན་རས། ཞེས་པ་ནས། ངེས་པར་སྣང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཉིད་འབྱུང་བའི་རྒྱུ་ནི་གདུལ་བྱའི་དངོས་པོ་གང་ལ་གདུལ་བྱེད་ཐུགས་རྗེའི་མངའ་བདག་རྣམས་ཀྱིས་བྱ་ར་མཛད་དེ་མི་གཟིགས་པའི་དུས་མེད་པར་སྤྱན་རས་ཀྱིས་གཟིགས་ཏེ་མི་གཏོང་བར་རྟག་ཏུ་གསལ་བའི་དབང་གིས། འདིར་ཡང་གདུལ་བྱ་མང་པོ་མཐའ་ལ་ཐུག་པ་མེད་པའི་འགྲོ་བ་གང་དག་ཇི་སྙེད་པ་ཡང་། ཇི་ལྟར་གཟིགས་ན་ངེས་པའི་ཡན་ལག་འདི་ཉིད་ཀྱིས་ན་བསྟན་པའི་དོན་གྱི་སྣོད་རིགས་བཞི་ཁོ་ནར་ཡང་དག་པར་གཟིགས་ཤིང་མཁྱེན་ཏེ། བཞི་པོ་གང་ཞེ་ན། འདོད་པ་ལ་ཞེན་ཅིང་ཆགས་པའི་རིགས་ཅན་གྱི་སྣོད་ཀྱི་གདུལ་བྱ་དང་། ལོག་པའི་ལྟ་སྤྱོད་ལ་དགའ་ཞིང་སྲེད་པའི་སྣོད་མུ་སྟེགས་ཀྱི་རིགས་ཅན་ལྟ་བུ་བྱིས་པའི་གདུལ་བྱ་དང་། བྱང་ཆུབ་ཀྱི་སེམས་ངེས་པར་སྐྱེས་ཏེ་སྤྱོད་པ་བརྟུལ་ཕོད་པས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་རིགས་རྒྱུད་ཅན་གྱི་སྣོད་དུ་ངེས་པའི་གདུལ་བྱ་དང་། གསང་སྔགས་ལ་ཅིག་ཆར་དུ་འཇུག་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་བློ་གྲོས་ཅན་གྱི་སྣོད་མཆོག་དང་ལྡན་པའི་གདུལ་བྱ་དང་། གདུལ་བྱ་ཐམས་ཅད་དེ་ལྟར་སྣོད་ཀྱི་བྱེ་བྲག་གི་ཆ་བཞིར་ཡོངས་སུ་སྣང་ཞིང་གསལ་བ་སྟེ། བཞི་ཚོ་ཐོག་མའོ། །དེ་དག་ལ་ཐེག་པའང་རྣམ་གྲངས་བཞིར་བསྟན་ཏེ། ཆེད་དུ་སྔགས་ཀྱི་གདུལ་ཐབས་ནི། འདོད་པ་ཅན་ལ་གསང་བའི་སྐུའི་བསྟན་པ་ལྟར་འདོད་པ་རང་རྐྱེན་གྱི་ཚིག་གིས་ཇི་ལྟར་འདུལ་བ་བཞིན་དུ་སྟོན་པ་དང་། ལོག་སྲེད་ཅན་ལ་སྤྲུལ་སྐུའི་བསྟན་པ་ལྟར་ལྡེམ་དགོངས་སམ་བཀྲི་དྲང་བརྒྱུད་པའི་ཚིག་གིས་ཁྲིད་ཅིང་དྲང་བའི་ཐབས་སུ་ཇི་ལྟར་འདུལ་བ་བཞིན་སྟོན་པ་དང་། སེམས་སྐྱེས་པའི་རིགས་རྒྱུད་ཅན་ལ་ལོངས་སྐུའི་བསྟན་པ་ལྟར་ལྡེམ་དགོངས་སྦྱོར་བའི་ཚིག་གིས་གསང་བའི་དོན་ལ་ཇི་ལྟར་འདུལ་བ་བཞིན་གཞུག་པ་དང་། བློ་གྲོས་ཅན་ལ་ཆོས་སྐུའི་བསྟན་པ་ལྟར་དོན་དམ་ངེས་པར་སྣང་བའི་ཚིག་གིས་གསང་བ་ཟབ་མོའི་དོན་ལ་དུས་གཅིག་ཏུ་དགོད་པའོ། །དེ་དག་བཞི་ཕྲག་གཉིས་པའོ། །གཉིས་པ་ནི། དེ་དག་རེས་འགའ། ཞེས་པ་ནས། བཅས་པ་ལས། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་རྒྱུད་དབུ་ཞབས་སུ་བསྟན་པ་བཞིར་འགྲོའམ་ཞེ་ན། གདུལ་ཐབས་ཀྱི་བསྟན་པ་བཞི་པོ་དེ་དག་ཀྱང་། དུས་སྐབས་ཀྱི་ལན་གྲངས་རེས་འགའ་འདུལ་བའི་ཆོས་ཀྱི་ཆ་ཡིས་དབྱེ་བས་རེ་རེ་ལའང་བཞི་ཕྲག་ཏུ་རྣམ་གྲངས་མཐུན་ལ་དོན་གྱི་ངོ་བོ་མི་མཐུན་པ་བཞི་ཞེས་སྟོན་པར་འགྱུར་ཏེ། གདུལ་བྱ་འདུལ་བའི་སྐབས་ལ་བབ་པ་གང་གི་དུས་ཉིད་དུ། འདོད་པའི་ཆོས་ལྟ་བུ་གཅིག་ལའང་དེའི་དོན་གྱི་ཉིང་དགོས་མཐར་ཕྱིན་པར་ངེས་པའི་དགོས་ཆེད་ཡོད་པ་དང་། དེ་ལ་དེ་སྐད་ཅེས་ཅིའི་ཕྱིར་བྱ་བའི་གང་རུང་གི་ངེས་པའི་ཚིག་དང་ལྡན་པ་དང་། བསྟན་པའི་དོན་རང་གི་ངོ་བོ་ཅི་ཞིག་ཡིན་པ་དང་། དོན་དེ་ལ་གལ་པོའི་དམིགས་བཙལ་ཏེ་འཐད་པ་བཟུང་ནས་བརྒལ་བརྟག་གིས་མཐར་དབྱུང་ཚུལ་དང་བཅས་པའི་རྣམ་གྲངས་ཕྱེ་བ་ལས། བཅས་ཞེས་སྦྲགས་མའི་སྒྲས་འདུལ་ཐབས་གཅིག་ལའང་བཞི་བཞི་ལྡན་པར་སྟོན་པའོ། །དེའང་འདོད་པ་རང་རྐྱེན་གྱི་ཐེག་པའི་དགོས་ཆེད་ནི། གང་ཟག་ཆགས་ཅན་གྱི་དོན་དུའོ། །ངེས་ཚིག་ནི་འདོད་པ་མ་བཀག་པར་རང་སོར་བཞག་པ་ཉིད་ཀྱིས་འབྲས་བུ་ཐོབ་པའོ། །ངོ་བོ་ནི་འདོད་ཆགས་ལ་བརྟེན་ཏེ་བདེ་སྟོང་གི་དོན་ཉམས་སུ་མྱོང་བའོ། །དོན་གྱི་དམིགས་བཟུང་བ་ནི། ཐབས་ལམ་གྱི་ཆ་རྐྱེན་རྣམས་འཚོགས་པ་དང་། དེས་ཉམས་སུ་ལོངས་པ་དང་། མི་མཐུན་པའི་ཕྱོགས་སུ་མི་འཆོར་བ་དང་། རྟོགས་པའི་དོན་རྙེད་པའོ། །གཞན་གསུམ་པོའང་དེས་འགྲེའོ། །ཆོས་རྟགས་བཞི་ཡང་བསྟན་པ་བཞི་སོ་སོ་དང་མཐུན་པའོ། །དེ་དག་བཞི་ཕྲག་གསུམ་པའོ། །གསུམ་པ་ནི། བཀའ་དོན་གཏན་ཚིགས། ཞེས་པ་ནས། རྒྱས་འཐད་སྦྱར། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་གཏན་ཚིགས་གང་གིས་ཡིད་ཆེས་པར་བྱེད་ཅེ་ན། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ངེས་པ་དོན་གྱི་བཀའ་ལུང་ལས་སྣང་བར་ངེས་པ་དང་། ཤེས་བྱ་དང་རྟོགས་པར་བྱ་བའི་དོན་གྱི་ངོ་བོ་ཡིན་པ་དང་། རང་རང་ལ་བདེན་པར་གྲུབ་པའི་གཏན་ཚིགས་ཀྱིས་ཚད་མར་གྲུབ་པ་དང་། མངོན་སུམ་དང་འཐད་པ་སོགས་ཀྱི་རིགས་པ་ཡང་དག་པས་ཡིད་ཆེས་པར་བྱེད་པ་སྟེ། རྣམ་པ་བཞིས་ནོར་འཁྲུལ་དང་བྲལ་བར་ལུང་ཆེན་པོའི་གསང་དོན་དུ་ངེས་པའི་གདེངས་རྙེད་པའོ། །དེ་དག་ནི་བཞི་ཕྲག་བཞི་པའོ། །དེའང་གཏན་ཚིགས་ཀྱི་ཆོས་རྟགས་བཞིའི་སྒོ་ནས་ཚུལ་ཇི་ལྟར་སྦྱོར་བ་ནི། བཤད་པའི་བསྟན་པ་བཞིའི་ཆོས་གང་དང་གང་སྟོན་ན་ཡང་། རྒྱལ་བའི་བཀའ་ལུང་ལས་གསལ་བར་འབྱུང་ཞིང་ངེས་པ་སྣང་བ་ཞིག་དགོས་ཏེ། བཀའ་ལས་མི་སྣང་ན་ཡིད་ཆེས་མི་སྐྱེ་ཞིང་རྒྱབ་རྟེན་མེད་པར་འགྱུར་བ་དང་། དོན་གྱི་ངོ་བོ་ཆོས་ཉིད་དང་མི་འགལ་བ་ཞིག་དགོས་ཏེ། དོན་དང་འགལ་ན་སྙིང་པོ་མེད་པར་ཡ་ཆ་བར་འགྱུར་བ་དང་། ཚད་མའི་གཏན་ཚིགས་ཀྱིས་རྒྱས་པར་བསྟན་པ་ཞིག་དགོས་ཏེ། མ་རྒྱས་ན་ཇི་བཞིན་དུ་གཏན་ལ་མི་ཕེབས་པས་ཤེས་བྱའི་ལྷག་མ་ལུས་པར་འགྱུར་བ་དང་། དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་མཆོག་གིས་འཐད་པར་གྲུབ་པ་ཞིག་དགོས་ཏེ། མ་འཐད་ན་ཡང་དག་པའི་དོན་དུ་མི་འོས་པས་རྟོགས་ཀྱང་འབྲས་བུ་ཐོབ་པར་མི་གཤའ་བས་ན། དེ་བཞི་དང་སྦྱར་ནས་ཡིད་ཆེས་པའི་གནས་སུ་གྱུར་ན་ནམ་ཡང་བསླུ་བ་མེད་པར་སྙིང་ནོར་དུ་རུང་བར་ངེས་པའོ། །དེ་དག་ནི་བཞི་ཕྲག་ལྔ་པ་སྟེ་ཁས་བླང་བའི་རྣམ་གྲངས་ཉི་ཤུའོ། །གསུམ་པ་ནི། ཐམས་ཅད་མེད་རྒྱུ། ཞེས་པ་ནས། རྙེད་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་གཏན་ཚིགས་ཀྱིས་ངེས་པའི་དོན་གྱི་ཡིན་ལུགས་གང་སྙམ་པ་ལ། དངོས་པོར་སྣང་བའི་ཆོས་ཐམས་ཅད་རྐྱེན་ལས་བྱུང་བས་ཐེར་ཟུག་པ་མེད་པར་དེ་ཁོ་ན་ཉིད་མཐའི་དྲི་མ་རིལ་ཀ་ནས་དག་པ་ཉིད་ཐམས་ཅད་དུ་མ་བཀོལ་བར་སྣང་བ་ཡང་གཞི་རང་བཞིན་མེད་པ་ཇི་བཞིན་པའི་ངོ་བོ་ཉིད་རྒྱུ་ལྟར་གྱུར་པ་ཡིན་པས། དེ་ལ་རང་གི་བློས་མིང་གི་བླ་དྭགས་ཇི་ལྟར་བཏགས་པ་ལྟར་སྣང་ཞིང་ཆགས་པ་ཡིན་ལ། འབྲས་བུའི་དངོས་གཞིར་གྱུར་པའང་། ལམ་པས་ཇི་ལྟར་དོན་དུ་གཉེར་ནས་བསྒྲུབས་པ་ལྟར་འབྲས་བུ་ཐ་དད་དུ་འགྲུབ་ཅིང་། ལྟ་བས་ཇི་ལྟར་བལྟས་པའི་དོན་ཐ་དད་པར་ཡང་རང་བཞིན་གཅིག་ཏུ་མ་ངེས་པར་ཐེག་པ་སོ་སོའི་ངོ་བཞིན་དུ་ཡང་སྣང་ངོ་། །དེས་ན་གཏན་ཚིགས་ཀྱི་སྒོ་ནས་དོན་གྱི་ངོ་བོ་གང་དག་སྣོད་དུ་གྱུར་པའི་རྣལ་འབྱོར་པ་གང་སུ་ཞིག་གི་བློ་ལ་དོན་ཇི་ལྟ་བ་བཞིན་དུ་བརྡ་ལེགས་པར་སྤྲད་དེ་འཇལ་ངེས་སུ་བྱས་པས་དེ་ལྟར་གོ་བར་འགྱུར་བའི་ཕྱིར། ཤེས་བྱ་ཟབ་མོ་གང་གི་ངོ་བོ་མཐར་ཐུག་པའི་གསང་བ་ཉིད་དང་འཕྲད་ནས་དོན་དེ་བཞིན་དུ་ཉམས་སུ་ལེན་པ་ཉིད་དུ་ངེས་པ་ལ་བསླུ་ཞིང་རྫུན་པ་ནམ་ཡང་མེད་དོ། །དེ་བས་ན་བསྟན་པ་བཞིའི་དོན་མ་ནོར་བར་གོང་གི་བཞི་ཚོ་ཕྱི་མ་གཉིས་ཀྱིས་གཏན་ལ་འབེབས་པའི་ཕྱིར་གཏན་ཚིགས་བཀའ་དོན་ལ་སོགས་བཞི་སྨོས་ཏེ་ཡང་དག་པ་ཤེས་པར་བྱེད་པའི་མཚན་ཉིད་དོ། །ཞེས་བཤད་པ་བཞིན་ངེས་པ་དོན་གྱི་བྱེ་བྲག་གི་མཆོག་དམ་པ་ཉིད་མ་ནོར་བར་བགྲོས་ཏེ་བཤད་པས། འཁོར་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཀྱིས་ཀྱང་གཏན་ཚིགས་རྒྱས་པར་ཁོང་དུ་ཆུད་པའི་རྒྱུས། ཆོས་ཐམས་ཅད་ཀྱི་དོན་ཡང་དག་པར་མཚོན་པའི་ཚིག་གི་བརྡ་སྨོས་པ་ཙམ་གྱིས་གང་གསང་སྔགས་ལུང་གི་དོན་ལ་ཚད་མས་ངེས་པ་རྙེད་ཅིང་རྟོགས་པའི་ཉམས་དང་ལྡན་པར་གྱུར་ཏོ། །འོ་ན་འདིར་བཤད་པའི་སྣོད་བཞི་དང་། ལེའུ་ཞེ་བཞི་པར་བཤད་པའི་གདུལ་བྱ་གསུམ་པོ་དེ་གཉིས་རྒྱ་གང་གི་ཆེ་ཞེ་ན། གདུལ་བྱ་གསུམ་གྱི་ཁོངས་སུ་སྣོད་བཞི་འདུས་ལ། སྣོད་བཞིའི་ཁོང་དུ་གདུལ་བྱ་གསུམ་མ་འདུས་པས་གདུལ་བྱ་གསུམ་རྒྱ་ཆེ་སྟེ། སྣོད་བཞི་པོ་ངེས་པར་འབྱུང་བའི་གདུལ་བྱའི་བྱེ་བྲག་ཡིན་པས། འདོད་ལ་ཞེན་པ་དང་གདུལ་དཀའ་དྲག་པོ་གཉིས་མ་འདུས་པས་སོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། ངེས་པ་དམ་པའི་ཡན་ལག་བགྲོས་ཏེ་ཚད་མའི་གཏན་ཚིགས་བསྟན་པའི་ལེའུ་སྟེ། ལྔ་བཅུ་རྩ་གཅིག་པ་ཉིད་རྣམ་པར་འགྲེལ་པའོ།། །།དྲུག་པ་སྦྱོར་བའི་ཡན་ལག་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། རྟོགས་འཇུག་ཐབས་ཉིད་ནི། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ནོ། །ཡན་ལག་ལྔ་པ་བཤད་མ་ཐག་པ་དེ་ནས་ཡང་དྲུག་པ་རྗེས་མཐུན་དུ་བསྟན་པའི་ཕྱིར་སྟོན་པ་གསང་བ་པའི་བདག་པོ་དེས། དམན་པའི་ལུས་ཀྱི་སེམས་དཔའ་ཆེན་པོ་ལང་ཀའི་བདག་པོ་ལ། རྟོགས་པ་ལྟ་བ་དང་ཉམས་སུ་བླང་བ་ཏིང་ངེ་འཛིན་གྱི་ཡིད་ངེས་པར་ཡོངས་སུ་འཇུག་པའི་ཐབས་ཀྱིས་བོས་ཏེ། ལུང་ཆེན་པོའི་སྦྱོར་བའི་ཡན་ལག་སྨྲས་ཏེ་བཀའ་སྩལ་པ། སྡུད་པ་པོ་ལང་ཀའི་བདག་པོ། ཡན་ལག་དྲུག་གི་ཐ་མ་འདིས་རྫོགས་པས་མཐར་ཟད་ཀྱི་རྗེས་མ་བསྟན་པ་ཡང་། རང་གི་དོན་དུ་དེ་ཁོ་ན་ཉིད་རྟོགས་ཤིང་དོན་ལ་འཇུག་པ་དང་གཞན་གྱི་དོན་དུ་ཐུགས་རྗེས་ཐབས་ལ་མཁས་པའི་ཡན་ལག་ཉིད་ནི། གནས་སྐབས་ཀྱི་དོན་དང་མཐར་ཐུག་གི་འབྲས་བུ་ལ་ངེས་པར་སྦྱོར་བས་མིང་ཡང་འགྲུབ་ལ། དབྱེ་བས་དྲུག་ཅུ་རྩ་གཅིག་ཏུ་བཤད་པའོ། །གཉིས་པ་ལ་གཉིས་ཏེ། །བདག་དོན་དུ་སྦྱོར་བ་སུམ་ཅུ་རྩ་གཉིས་བཤད་པ། གཞན་དོན་དུ་སྦྱོར་བ་ཉི་ཤུ་རྩ་བརྒྱད་བཤད་པའོ། །དང་པོ་ལ། བཞི་ཚོ་བརྒྱད་དེ། རྟོགས་པ་བཞི། མཚན་ཉིད་བཞི། དགོས་འབྲེལ་བཞི། དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་བཞི། དལ་དུ་འཇུག་པའི་དཔེ་བཞི། ལམ་དུ་འཇུག་པའི་དཔེ་བཞི། བསྙེན་བསྒྲུབ་ཀྱི་ཡན་ལག་བཞི། མཚན་ཉིད་དང་སྦྱར་བ་བཞི་བཤད་པའོ། །དང་པོ་ནི། རང་བཞིན་འབྱུང་སྒོ། ཞེས་པ་ནས། ངེས་གཞག་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། རྒྱུ་གཅིག་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་བརྟགས་ན་ངོ་བོ་མ་སྐྱེས་པ་ཞིག་པས་དམིགས་སུ་མེད་ལ་བསམ་ན་ཐམས་ཅད་དུ་མ་འགགས་པ་ཞིག་པས་ཅིར་ཡང་སྣང་བ་ཉིད་དོན་ལ་བདེན་པ་དབྱེར་མེད་པར་གཅིག་པའི་ངོ་བོ་དེ་ཁོ་ན་ཉིད་བཤད་པ་ལྟར་མེད་རྒྱུ་བཏགས་ཆགས་བསྒྲུབ་འགྲུབ་ཏུ་སྣང་བའི་གཞིར་གྱུར་པས་རྟོགས་བྱའམ་བསྒྲུབ་བྱའི་རང་བཞིན་རྒྱུ་གཅིག་པར་རྟོགས་པའོ། །ཡིག་འབྲུའི་ཚུལ་ནི། ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་འབྲས་བུ་མཐར་ཐུག་པར་ངེས་པའི་རྟོགས་པ་འབྱུང་བའི་སྒོ་སྟེ། གསུང་སྐུ་ཐུགས་གསུམ། ཨ་ཨོ་ༀ་གསུམ་གྱིས་མཚོན་པའི་ཚུལ་གྱིས་ཨས་མཚོན་པའི་རང་བཞིན་ཆོས་སོ་ཅོག་རང་གི་སེམས་རྒྱུ་རྐྱེན་དང་བྲལ་བས་མཚན་ཉིད་གང་དུའང་མ་སྐྱེས་པར་གསལ་བའི་གསུང་དང་། དེ་ཉིད་ཉི་ཚེ་བའི་སྟོང་པ་མ་ཡིན་ཏེ་ཡེ་ཤེས་སུ་གསལ་བས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ཡི་གེ་ཆ་གཉིས་པ་ཨོ་ཡིས་མཚོན་པའི་ཚུལ་དང་། དེ་དག་ཀྱང་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡེ་ཤེས་ལྔ་མ་བཙལ་བར་རྫོགས་པའི་ཐུགས་ཀྱི་ངོ་བོ་ཨཱོཾ་གྱི་ཡི་གེས་རྫོགས་ཚུལ་དུ་མཚོན་ཏེ་སངས་རྒྱས་པར་རིག་པ་ལ་གསལ་བའོ། །བྱིན་གྱི་རླབས་ཀྱིས་རྟོགས་པ་ནི། རྟོགས་པའི་མཐུས་རང་དབང་མེད་པར་དོན་ལ་སྦྱོར་བ་སྟེ། དཔེར་ན་རྒྱུ་རས་སྣམ་དཀར་པོ་ལས་ཁ་དོག་དམར་བོར་སྒྱུར་བའི་མཐུ་བཙོད་ལ་ཡོད་པ་དང་། སྔོན་པོར་བསྒྱུར་ན་རམས་ལ་ཡོད་བྱ་བ་ལྟར་ཁམས་གསུམ་རང་རིག་པ་རྣམ་པར་དག་པའི་སྣམ་བུ་ཡེ་ནས་ཡིན་པ་ཉིད། བཤད་པའི་རྟོགས་པ་གཉིས་ཀྱི་ཚོན་གྱིས་རང་རིག་པ་ལ་སྐུ་དང་ཡེ་ཤེས་འབྲས་བུའི་ཁ་དོག་ཏུ་སྣང་བར་བྱེད་པའི་སྣུམས་པ་ནི་རློབ་པ་དང་། དེ་ལྟར་རིག་པ་རང་ལ་ཤར་བ་ནི་བརླབས་པའོ། །འོན་ཀྱང་མིན་པ་ལས་ཡིན་པར་བསྒྱུར་བ་ནི་མེད་དོ། །མངོན་སུམ་པར་རྟོགས་པ་ནི། དེ་ལྟར་གསུམ་གྱི་ཡང་འབྲས་བུ་སྟེ། ཆོས་རྣམས་གསང་སྔགས་དེ་ཁོ་ན་ཉིད་དུ་ལྷུན་གྱིས་གྲུབ་པའི་དོན་རང་གི་རིག་པའི་མངོན་སུམ་དུ་རྟོགས་པ་ཡང་ཚིག་སྒྲ་ལ་རྟེན་པ་དང་དོན་ཞེ་ལ་འཛིན་པ་ཙམ་མ་ཡིན་པར་ཆོས་ཉིད་ཇི་བཞིན་པའི་དོན་ངེས་པར་ཁོང་དུ་ཆུད་དེ་རྟོགས་པའི་གདེངས་ཆེན་པོ་རྙེད་པའོ། །དེ་ལྟར་རྟོགས་པ་བཞི་ཡིས་དེ་ཁོ་ན་ཉིད་ཡང་དག་པའི་དོན་ལ་བློ་འཇུག་རིམ་ལྟར་ངེས་པར་གཞག་སྟེ་གོམས་པར་བྱའོ། །འདི་དག་ལྟ་བ་ཁོ་ན་སྟེ་བཞི་ཕྲག་དང་པོའོ། །གཉིས་པ་ནི། ཤེས་དང་འཇུག་དང་། ཞེས་པ་ནས། མཚན་ཉིད་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། མཚན་ཉིད་རྣམ་པ་བཞི་སྤྱི་དང་བྱེ་བྲག་ཏུ་བསྟན་པའི་ཕྱིར། དེ་ལྟར་མངོན་སུམ་པར་རྟོགས་པའི་ངོ་བོ་རང་གསལ་ཤེས་པའི་མཚན་ཉིད་ལྟ་བའི་དོན་ཡང་དག་པར་མཐོང་བ་དང་། དེ་ལྟར་མཐོང་བའི་དོན་ལ་གོམས་པར་གནས་པའི་ཏིང་ངེ་འཛིན་ཀྱིས་འཇུག་པ་དང་། དེ་ཉིད་རྐྱེན་དང་བསྲེས་ཏེ་རྗེས་མཐུན་དུ་སྤྱོད་པས་བོགས་འདོན་ལ་བརྟེན་ནས། དེ་ལྟར་འབད་པས་དྲོད་རྟགས་དང་ལྡན་པར་ཟུང་དུ་འབྲེལ་བའི་འབྲས་བུ་མཐར་ལམ་མན་ཆད་ཀྱི་རིག་འཛིན་དུ་གྱུར་པ་དང་། མཇུག་མ་བཙལ་བར་ལྷུན་གྱིས་གྲུབ་པས་རྒྱལ་བའི་གོ་འཕང་སྐྱེད་དུ་བྱ་བ་མེད་པའི་འབྲས་བུ་ཆེན་པོ་དང་བཞི་ནི་མཚན་ཉིད་བཞི་ཡིན་ནོ། །དེས་ན་རྣལ་འབྱོར་ལྔ་འམ་བཅུའི་རྒྱུ་ལས་མཐོང་ལམ་ཐོབ་ནས་རྐྱེན་བསྒོམ་སྤྱོད་གཉིས་ལ་རྗེས་སུ་ཞུགས་པས་ལམ་གྱི་རིག་འཛིན་དང་མཐར་འབྲས་མངོན་དུ་བྱས་པའམ། དེ་དག་ནི་རྣལ་འབྱོར་གསུམ་སྟེ། ཤེས་པ་གཞི། འཇུག་པ་དང་གནས་སྐབས་ཀྱི་འབྲས་བུ་ལམ། སངས་རྒྱས་ཉིད་འབྲས་བུའི་རྣལ་འབྱོར་གྱི་དོན་དུའང་འགྱུར་རོ། །གསུམ་པ་ནི། དེ་འབྲེལ་དེ་དགོས། ཞེས་པ་ནས། བྱེད་དགོས་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དགོས་འབྲེལ་གང་ཞེ་ན། བསྙེགས་པའི་དོན་གྱིས་འདིར་རྣལ་འབྱོར་གསུམ་དང་ལམ་གྱི་དགོས་འབྲེལ་དུ་འགྱུར་ཏེ། སྟོན་པས་གསང་བ་ཟབ་མོའི་རྒྱུད་བཀའ་སྩལ་པས། དེའི་ཚིག་དོན་ངེས་པ་གང་གི་ཚེ་ན། རྒྱུ་ཤེས་པ་དང་། རྐྱེན་འཇུག་པ་དང་། ལམ་གྱུར་གྱི་གྲུབ་པ་དང་། མཐར་ཕྱིན་པའི་འབྲས་བུའི་མཚན་ཉིད་བཞི་ཡང་། དེ་དག་ངེས་པའི་འཇུག་རིམ་ལྟར་སྔ་མ་ནི་རྒྱུ་ལ་ཕྱི་མ་ནི་འབྲས་བུའི་ཚུལ་དུའང་འབྲེལ་ཏེ། སྔ་མ་ནི་ཐབས་སུ་གྱུར་ལ། ཕྱི་མ་ནི་ཐབས་ལས་བྱུང་བར་ཡང་འབྲེལ་བར་འགྱུར་རོ། །དེ་བས་ན་རྣལ་འབྱོར་ལྔ་དང་བཅུ་ཡང་རྗེས་སུ་མཐུན་པར་འགྱུར་རོ། །དེ་དག་གི་དགོས་པ་ནི་ལམ་སོ་སོའི་ཆ་རྐྱེན་ལྟར་ཡན་ལག་གིས་དང་དུ་བླང་དགོས་པའོ། །དེ་ལ་མཚོན་པ་ནི་བརྗོད་པ་སྟེ་དེ་ལ་བརྗོད་བྱ་རྗོད་བྱེད་དོ། །བརྗོད་བྱ་ནི་རྒྱུད་ཀྱི་དོན་ལམ་རིམ་དང་རྣལ་འབྱོར་གསུམ་གྱི་སྐབས་སྐབས་ཀྱིས་ཤེས་པར་བྱའོ། །རྗོད་བྱེད་ནི། རྐྱེན་ཚིག་དང་ཡི་གེ་རྣམས་ཀྱིས་མཚོན་ཞིང་ཐོབ་པར་བྱེད་པའོ། །འདིར་དགོས་པ་བརྗོད་པ་ནི་ཁྱད་པར་གྱི་དགོས་པ་སྟེ་བརྗོད་བྱ་མཚོན་དགོས་པས་སོ། །དེ་དག་ཀྱང་དོན་གྱི་ལམ་སྔ་མ་དེ་ཡི་རྗེས་སུ་བསྒྲུབ་པས་གོམས་པ་སྟོབས་སུ་གྱུར་ཏེ་ལས་སུ་རུང་ནས་མཐར་ཕྱིན་པ་ནི་འབྲས་བུ་མངོན་དུ་བྱེད་པ་ཡིན་པས་དགོས་པའི་ཡང་དགོས་པ་སྟེ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟར་བཞི་ཕྲག་གསུམ་པའོ། །བཞི་པ་ནི། ཐོས་ཆུང་གོམས་དང་ངེས་པར་གྱུར། །ཞེས་པས་བསྟན་ཏེ། འཇུག་པའི་ཡན་ལག་བཞི་ནི། སྤྱིར་བསླབ་པའི་མཐའ་བཅུ་ཡང་། རིམ་པ་བསྡུས་ན་ཐབས་ཀྱི་ཐེག་པའི་གཞུང་མ་ནོར་བར་ཐོས་པས་ཤེས་པ་ཡིན་པས་མཐའ་བཅུ་ཡང་དག་པར་ཤེས་པ་ཐོས་པ་ལ་རག་ལས་པས་ན་ཐོག་མར་ཐོས་པ་གཅེས་པ་དང་། དེ་ནས་ཐོས་པའི་སྒོ་ནས་དོན་གྱི་གདེངས་ཆུད་དེ་རྟོགས་པ་དང་། དེ་ལྟར་རྟོགས་པ་ལ་རྣལ་འབྱོར་དུ་བྱས་ཏེ་གོམས་པ་དང་། དེ་ལྟར་གོམས་པར་བྱས་པས་ལས་སུ་རུང་ནས་ངེས་པར་འབྲས་བུ་མཐར་ཕྱིན་ཏེ་མི་འགྱུར་བར་གྱུར་པའོ། །བཞི་ཕྲག་བཞི་པའོ། །ལྔ་པ་ནི། ཕྱེ་མཐོང་ཞུགས་དང་ཐོབ་པ་ཡིན། །ཞེས་པས་བསྟན་ཏེ། དེའི་དཔེ་དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་བཞི་ནི། ཐོས་པའི་ཤེས་རབ་ཀྱི་མིག་ཤིན་ཏུ་དྭངས་པ་ཕྱེ་ནས་རང་བཞིན་ཕྱིན་ཅི་མ་ལོག་པར་ངེས་པ་ནི་དཔེར་ན་མིག་བྱེ་བ་ལྟ་བུའོ། །ཐོས་བསམ་གྱིས་དོན་གྱི་གདེངས་རྙེད་དེ་གསང་སྔགས་ཀྱི་དཀྱིལ་འཁོར་རྣམ་གསུམ་མཐོང་བ་ནི། དཔེར་ན་ཕྱིའི་ཡུལ་ལམ་དཀྱིལ་འཁོར་མཐོང་བ་དང་འདྲའོ། །རྟོགས་པའི་དོན་ལ་རྣལ་འབྱོར་དུ་བྱེད་པ་ནི་དཀྱིལ་འཁོར་གསུམ་དུ་ཞུགས་པ་སྟེ། དཔེར་ན་དཀྱིལ་འཁོར་དུ་བཅུག་པ་དང་འདྲའོ། །དེ་ལྟར་ཞུགས་ཏེ་འབད་པས་ས་འོག་མ་ནོན་ཏེ་གོང་མ་ཐོབ་ནས་འབྲས་བུ་ལྷུན་གྱིས་གྲུབ་པ་ནི། དཔེར་ན་དཀྱིལ་འཁོར་དུ་དབང་ཐོབ་པ་དང་འདྲ་བ་ཡིན་ཏེ། དེ་ལྟར་བཞི་ཕྲག་ལྔ་པའོ། །དེ་དག་ནི་ལམ་ཟག་པ་ལྔ་དང་པོ་དང་། དེ་ནས་མཐོང་བསྒོམ་དང་མཐར་ལམ་དུ་སྦྱར་རོ། །འཆད་པའང་རྗེས་སུ་མཐུན་ནོ། །དྲུག་པ་ནི། དེ་ཚོལ་དེ་རྙེད་འཇུག་མངོན་གྱུར། །ཞེས་པས་བསྟན་ཏེ། སེམས་འཇུག་ཅིང་སྐྱེ་བའི་ཡན་ལག་བཞི་གང་ཞེ་ན། དང་པོ་ཁོ་ནར་དེ་ཞེས་སྙེགས་པའི་སྒྲས། གསང་སྔགས་ལ་མིག་ཕྱེ་བའི་ཐབས་ཀྱིས་དོན་ཚོལ་བ་དང་། དེ་ལྟར་བཙལ་བས་གསང་སྔགས་ཀྱི་གདེང་རྙེད་དེ་བདེན་པ་མཐོང་བ་དང་། དེ་ཡི་དོན་ལ་འདྲིས་པར་བྱ་བའི་ཕྱིར་འཇུག་པ་དང་། གོམས་པར་བྱས་པས་དོན་མངོན་དུ་གྱུར་པའོ། །དེ་ལྟར་བཞི་ཕྲག་དྲུག་པའོ། །བདུན་པ་ནི། བསྙེན་པ་ཉེ་བསྙེན་བསྒྲུབ་དང་འགྲུབ། །ཅེས་པས་བསྟན་ཏེ། བསྙེན་བསྒྲུབ་རྣམ་བཞི་ནི། དང་པོར་ལམ་ཚོལ་བ་བསྙེན་པའོ། །རྟོགས་པ་ནི་ཉེ་བའི་བསྙེན་པའོ། །བསྒོམ་པ་ནི་བསྒྲུབ་པ་དང་། མཐར་ཕྱིན་ཏེ་འགྲུབ་པ་ནི་བསྒྲུབ་པ་ཆེན་པོའོ། །ཡང་ན་སེམས་ཉིད་དུ་ཤེས་པ་ནི་བསྙེན་པ་དང་། ལྷར་ཤེས་པ་ནི་ཉེ་བསྙེན་དང་། ཆོས་ཉིད་དུ་ཤེས་པ་ནི་བསྒྲུབ་པ་དང་། བུདྡྷ་ཐོབ་པ་ནི་འགྲུབ་པའོ། །ཞེས་དང་། ཡང་ན་ཆོས་ཉིད་ཀྱི་དོན་ཤེས་པས་བསྙེན་པ། དེའི་དོན་ལ་གནས་པས་ཉེ་བསྙེན། དོན་ལ་ཆེད་དུ་གནས་པས་ན་བསྒྲུབ་པ་དང་། མཐར་ཕྱིན་ཅིང་ཉམ་ང་དང་བྲལ་བས་འགྲུབ་པའོ། །ཞེས་དང་། འོག་གི་བཞི་ཚོའི་དབང་དུ་ནི། མཉམ་པའི་དོན་ཤེས་པ་ནི་བསྙེན་པའོ། །བསྒོམ་པ་ནི་ཉེ་བསྙེན་ནོ། །ལྟ་སྒོམ་གཉིས་སུ་མེད་པར་གྲུབ་པར་བསྒྲུབ་པའོ། །དེ་དག་ལས་སུ་རུང་ནས་མངོན་དུ་གྱུར་བ་བསྒྲུབ་པ་ཆེན་པོ་སྟེ་བཞི་ཕྲག་བདུན་པའོ། །འདི་ལ་མ་ཧཱ་ཡོ་ག་དང་ཚུལ་མཐུན་པར་ཡང་འཆད་དུ་ཡོད་པར་མངོན་ནོ། །བརྒྱད་པ་ནི། དེ་བཞིན་མཉམ་འགྱུར། ཞེས་པ་ནས། འཇུག་རིམས་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། ལྟ་བ་མཚན་ཉིད་དང་སྦྱར་བའི་ཡང་གྲུབ་པ་བཞི་ནི། བཤད་པ་དེ་བཞིན་དུ་རིམ་པ་ལྟར་འཇུག་པའམ་ཐོས་བསམ་གྱིས་མཉམ་པ་ཉིད་རྟོགས་པར་འགྱུར་བ་དང་། རྟོགས་ཏེ་རྣལ་འབྱོར་དུ་འདྲིས་གོམས་བྱེད་པས་འགྲུབ་པ་དང་། བསྒོམས་པས་ལྟ་བ་དང་ཏིང་ངེ་འཛིན་ཟུང་དུ་ལྷུན་གྱིས་གྲུབ་པ་དང་། དེ་ལྟར་གྱུར་པས་མཐར་ཕྱིན་ཏེ་འབྲས་བུར་གྲུབ་པས་ལས་སུ་རུང་བའོ། །དེ་ལྟར་བཞི་ཚོ་བརྒྱད་ནི་ངེས་པར་ལམ་དུ་འཇུག་པའི་རིམས་པ་ཡིན་ཏེ་བདག་གི་དོན་ཏོ། །སྤྱིར་གསང་སྔགས་འབྱུང་འཇུག་གི་ཡན་ལག་ནི། ལམ་ལ་རིམ་པར་ཞུགས་ནས་གོང་དུ་རིམ་པར་སྐྱེད་དུ་འབྱུང་བའོ། །ཡང་། གསང་སྔགས་ཀྱི་དོན་གྱི་འབྱུང་འཇུག་གི་རིམས་པ་གཉིས་ལས། འཇུག་རིམ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་དོན་ལ་འཇུག་པ་སྟེ། དོན་གྱི་ངོ་བོ་ཚོལ་བ། དོན་གྱི་ངེས་པ་རྙེད་པ། དོན་གྱི་རྗེས་སུ་འཇུག་པ། དོན་མངོན་དུ་གྱུར་པ་ལྟ་བུར་སྦྱར་རོ། །འབྱུང་རིམས་ནི། འཕགས་པའི་ས་ལས་འཁོར་བའི་ཁམས་ལ་ཐུགས་རྗེ་འབྱུང་བ་སྟེ། ཐུགས་རྗེ་ཆེན་པོ་གཡོ་བ། ཐུགས་རྗེ་ཆེན་པོ་འབྱུང་བ། གཟུགས་སྐུར་སྣང་བ། འགྲོ་དོན་མཛད་པའོ། །ཞེས་ཕྱག་མཆན་ལས་འབྱུང་ངོ་། །འདི་དག་ལས་དོན་གྱི་རྣལ་འབྱོར་ལྔ་དང་བཅུར་གྱེས་པའང་ཡིན་ལ་རྣལ་འབྱོར་གྱི་ཆ་རྐྱེན་སོ་སོའི་ཡན་ལག་ཏུའང་འགྱུར་རོ། །གཉིས་པ་ལ་ལྔ་སྟེ། ཆོ་འཕྲུལ་བཞི། མངོན་ཤེས་ལྔ། རང་བཞིན་ལྔ། ཐབས་དང་ཐབས་སྦྱར་ལྔ་ལྔ། ཕྲིན་ལས་བཞི་བཤད་པའོ། །དང་པོ་ནི། གཞན་གྱི་དོན་དུ། ཞེས་པ་ནས། སྦྱར་བ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། གཞན་དོན་དུ་འབྱུང་འཇུག་གི་ཡན་ལག་ངེས་པར་གཟུང་བ་ནི་བདག་དོན་གྱི་འཇུག་པ་མཐར་ཕྱིན་ནས། གཞན་གྱི་དོན་དུ་ཐུགས་རྗེ་འབྱུང་བས་གཞན་ངེས་པར་དོན་ལ་སྦྱོར་བ་ཁོ་ན་ཉིད་དོ། །དེ་ལའང་རིམས་པ་བཞི་སྟེ། ཐུགས་རྗེ་ཆེན་པོ་ཀུན་ཏུ་གཡོ་ནས་ལྡང་ཞིང་སྐྱེ་བ་དང་། མཚན་ཉིད་མ་ངེས་པར་སྤྲུལ་པ་སྣ་ཚོགས་ཀྱི་ཆོ་འཕྲུལ་འབྱུང་བ་དང་། སྐུ་གསུང་ཐུགས་ཀྱི་མཛད་པའི་དངོས་པོ་གདུལ་བྱ་ལ་སྣང་བ་དང་དེས་ཇི་ལྟར་འཚམས་པར་དོན་མཛད་པ་དང་མཛད་སྤྱོད་བཞིའོ། །ཡང་ན། སྐུ་རྫུ་འཕུལ་གྱི་ཆོ་འཕྲུལ་གྱིས་སྣོད་བཅུད་ཀུན་བྱིན་རླབས་ཀྱིས་གཡོ་བར་མཛད་པ་དང་། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་ཐུགས་རྗེ་རྒྱུན་དུ་འབྱུང་བ་དང་། ཕྲིན་ལས་ཆོས་སྣང་བའི་ཆོ་འཕྲུལ་གྱིས་མཛད་པ་གདུལ་བྱ་ལ་སྣང་བ་དང་། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཇི་ལྟར་འཚམས་པར་དོན་མཛད་པའོ། །དེ་དག་ནི་ཇི་ལྟར་བདག་དོན་གྱི་ཚུལ་དང་མཐུན་པར་གདུལ་བྱའི་བློའི་རིམས་པ་བཞིན་དུ་འགྲོ་བ་རྣམས་དོན་ལ་སྦྱོར་བའི་མཛད་པ་འབྱུང་འཇུག་གི་ཡན་ལག་ཡིན་ནོ། །གཉིས་པ་ནི། དེ་ཤེས་དེ་མ་སྐྱེས། ཞེས་པ་ནས། རིམས་བཞིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། ཤེས་པ་ལྔ་གང་སྙམ་པ་ལ། དོན་བྱ་བའི་གདུལ་བྱའི་མཚན་ཉིད་ཇི་ལྟ་བ་དེ་བཞིན་དུ་མ་འདྲེས་པར་མཁྱེན་པའི་ཤེས་པ་དང་། ཡང་ན་ལྷའི་མིག་དང་རྣ་བའི་མངོན་ཤེས་དང་། དེ་ལྟ་བུའི་གདུལ་བྱའི་སེམས་ཀྱི་རང་བཞིན་མ་སྐྱེས་པར་སྟོང་བདག་མེད་དུ་ཡང་ཤེས་ནས་གདུལ་བའི་ཐབས་སྟོན་པའམ། ཡང་ན་ཟག་པ་ཟད་པའི་མངོན་ཤེས་དང་། དེ་ལྟར་མཁྱེན་ཅིང་དོན་བྱེད་པའི་དུས་ཤེས་པའམ། ཡང་ན་སྔོན་གནས་མཁྱེན་པའི་མངོན་ཤེས་དང་། བདག་གཞན་དང་ཐབས་ཀུན་སྣང་སྟོང་གི་དངོས་པོ་གཉིས་ཀའང་མེད་པར་མཁྱེན་པའི་ཤེས་པའམ། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་མངོན་ཤེས་དང་། དེ་ཡང་འཕྲལ་དུ་བཙལ་བ་ལས་བྱུང་བ་མ་ཡིན་ཏེ། ཡེ་ཕྱི་མོ་ཉིད་ནས་མ་བཅོས་མ་བསླད་པར་ཐམས་ཅད་དུ་རང་གསལ་བར་མཁྱེན་པའི་ཤེས་པ་ཉིད་དེ། དེ་ལྟར་མཁྱེན་ནས་འགྲོ་དོན་སྐལ་བའི་རིམས་པ་བཞིན་མཛད་པའམ། ཡང་ན་ཕ་རོལ་གྱི་སེམས་ཤེས་པའི་མངོན་ཤེས་ཡིན་ནོ། །སྐབས་ཁ་ཅིག་ཏུ་གྲངས་ཀྱི་སྤྱི་དབང་གིས་ཐམས་ཅད་འདུས་པ་ཤེས་པ་ཞེས་བྱ་བའི་གྲངས་ལྔ་ཚོགས་སུ་སྦྱར་བར་ཡང་འགྱུར་ཏེ་ཤེས་པ་ལྔ་ཡང་བཞིར་བསྡུའོ། །གསུམ་པ་ནི། ཐམས་ཅད་མཉམ་ཉིད། ཅེས་པ་ནས། ལྔར་སྣང་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། སྔགས་ཀྱི་སྤྱོད་པའི་རང་བཞིན་ལྔ་ཇི་ལྟ་བུ་ཞེ་ན། འཁོར་བའི་དངོས་པོ་བཞི་ལ་སོགས་པ་ཐམས་ཅད་བཟང་ངན་སྤོང་ལེན་མེད་པར་མཉམ་པ་ཉིད་དུ་གནས་པའི་གཞི་དང་། ཡེ་ནས་མ་བཅོས་པར་དེ་བཞིན་ཉིད་ཡིན་པའི་ལྟ་བའི་དོན་བརྗོད་པའི་ཕྱིར་དང་། ཡང་ན། མཚན་བཅས་དང་མཚན་མ་མེད་པའི་དེ་བཞིན་ཉིད་ལ་གནས་པའི་ཏིང་ངེ་འཛིན་དང་། ཞེས་ཀྱང་གསུང་ལ། གོང་གི་ཐབས་དེ་དག་གི་སྒོ་ནས་བདག་གཞན་གྱི་དོན་དུ་གཉེར་བའི་མཆོག་དང་ཐུན་མོང་གི་བསྒྲུབ་པའི་བྱེ་བྲག་རྣམས་དང་། སྤྱད་བྱ་དེ་དག་འགྲོ་དོན་དུ་སྤྱད་པར་བྱ་བ་ལས་མི་འདའ་བའི་དམ་ཚིག་མི་འགྱུར་བར་བྱིན་གྱིས་རློབས་པ་དང་། དབང་བསྒྱུར་བ་དང་ཐབས་ཀྱི་སྤྱོད་པ་ལ་སོགས་པ འི་སྤྱོད་པ་རྣམས་དང་། ལོག་སྲེད་ཅན་ལ་སོགས་པ་དང་ཐེག་པ་རྣམས་ཀྱི་སྤྱོད་པ་ཡོད་དོ་ཅོག་དང་མཐུན་པས་དོན་བྱ་བ་དམ་རྫས་ལྔ་ལ་སོགས་པའི་ཡོ་བྱད་དང་། གསང་སྔགས་ཀྱི་སྤྱོད་པའི་རང་བཞིན་རྣམ་པ་ལྔར་སྣང་བ་ཉིད་ནི་སྤྱིར་གསང་བ་ནང་པ། ཁྱད་པར་དུ་ཡང་རྒྱུད་འདི་ལས་བཤད་པའོ། །བཞི་པ་ནི། གང་མཁས་ཆེ་དང་། ཞེས་པ་ནས། བདེར་འཇུག་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཐབས་རྣམ་པ་ལྔ་བསྟན་པའི་ཕྱིར། ཐབས་ཀྱི་དངོས་པོ་རྣམས་ལ་གང་ཕྱིན་ཅི་ལོག་གི་སྤྱོད་པས་ཀྱང་གདུལ་བྱ་ཆུད་མི་ཟ་བར་དོན་ལ་གཞུག་པས་ཐབས་མཁས་པ་དང་། ཉོན་མོངས་པ་ལྔ་དང་འདོད་ཡོན་ལྔ་དང་མཚམས་མེད་པ་ལྔ་ཡང་བྱང་ཆུབ་ཀྱི་ལམ་དུ་སློང་བས་ཐབས་ཤིན་ཏུ་ཆེ་བ་དང་། གདུལ་བྱའི་གྲངས་དང་མཐུན་པར་གདུལ་ཐབས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པས་ཐབས་མང་བ་དང་། མཐས་གཏུག་པའི་ཆོས་ཐམས་ཅད་ཐབས་སུ་མ་གྱུར་པ་མེད་པས་གང་ཡང་མི་སྤང་བར་མཐའ་ལ་ཐུག་པ་མེད་པས་ཐབས་ཡས་པ་དང་། གསང་སྔགས་ཀྱི་སྒོར་མ་ཤོང་བ་དང་མི་སྤྱང་པ་མེད་པར་ཐབས་སུ་གྱུར་པས་ཐབས་ཡངས་པ་དང་ལྔའོ། །ཐབས་ཀྱི་བཤད་སྦྱར་ལྔ་ནི། གང་དུག་སྨན་དུ་བསྒྱུར་བ་ལྟར་འཁོར་བ་ཆོས་ཉིད་དང་ཉོན་མོངས་པ་ཉིད་ཡེ་ཤེས་སུ་བསྒྱུར་ནས་གྲོལ་བར་བྱེད་པས་ཐབས་ལ་མཁས་པར་ངེས་པ་དང་། གང་ལོག་སྲེད་ཅན་རྣམས་ཀྱང་ཡང་དག་པ་ལ་བཙུད་དེ་གདུལ་བྱའི་བློ་གང་ཡང་ཐུགས་རྗེས་མ་ཟིན་པ་མེད་པས་ཐབས་རླབས་ཆེན་པོ་ཡིན་པར་ངེས་པ་དང་། གདུལ་བྱའི་གྲངས་ལྟར་ཐབས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་མང་པོ་ཅིར་ཡང་སྟོན་ཏེ་འདུལ་བར་བྱེད་པས་ཐབས་མང་བར་ངེས་པ་དང་། ཐབས་མཐའ་མེད་པ་ཀུན་ཤོང་བས་ནམ་མཁའི་མཐས་གཏུག་པའི་ཐབས་གང་ཡང་མ་འདུས་པ་མེད་པས་ཐབས་ཡས་པར་ངེས་པ་དང་། འཇིག་རྟེན་པ་དང་ལོག་སྲེད་ཅན་དང་ཐེག་པ་ཀུན་གྱི་སྤྱོད་པ་གང་ཡང་མི་སྤོང་བར་ཀུན་དང་མཐུན་པར་དོན་སྤྱོད་དེ་ཡང་དག་པའི་ལམ་ལ་བདེར་ཞེས་བདེ་བར་འཇུག་པས་ན་ཐབས་ཡངས་པར་ངེས་པའོ། །དེ་ལྟར་ཐབས་དེ་དག་གིས་གཞན་དོན་ལ་བདེ་བླག་ཏུ་འཇུག་པར་བྱེད་པས་གདུལ་བྱ་སྣོད་དུ་གྱུར་པ་ལ་ཐབས་ཆེན་མཆོག་གི་ཐེག་པར་ཡང་ཤིན་ཏུ་ངེས་པར་འགྱུར་རོ། །ལྔ་པ་ནི། བཅོམ་དང་ཞི་དང་། ཞེས་པ་ནས། ལས་བཞིའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཕྲིན་ལས་རྣམ་བཞི་བསྟན་པ་ནི། དྲག་པོའི་ཕྲིན་ལས་ཀྱིས་གདུལ་དཀའ་གཞོམ་ཞིང་མཚན་མའི་རྟོག་པ་བཅོམ་པ་དང་། ཞི་བའི་ཕྲིན་ལས་ཀྱིས་གདུག་པ་ཅན་ལྷན་ནེར་འགྱུར་ཞིང་སྤྲོས་པའི་མཚན་མ་ཞི་བ་དང་། རྒྱས་པའི་ཕྲིན་ལས་ཀྱིས་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་མཐའ་ཡས་པར་འཕེལ་ཞིང་། ཤེས་བྱ་ལ་ཡེ་ཤེས་རྒྱས་པར་འགྱུར་བ་དང་། དབང་གི་ཕྲིན་ལས་ཀྱིས་རིལ་བདག་གི་བར་འགྱུར་ཞིང་དེ་ཁོ་ན་ཉིད་ཀྱི་ངང་དུ་འཁོར་འདས་ཐམས་ཅད་ཆུབ་པར་འདུས་པ་སྟེ། དེ་དག་ནི་ཐབས་དང་དོན་གྱི་ལས་རྣམ་པ་བཞིའོ། །དེ་ཡང་སྦྱིན་སྲེག་དང་རོ་སྲེག་ལྟ་བུར་ཡང་སྦྱར་བར་བྱའོ། །དེ་ལའང་ཆགས་གནས་འཇིག་སྟོངས་ལྟ་བུ་རང་བཞིན་གྱི་ལས་བཞི་དང་། སྤྱོད་པ་རྣལ་འབྱོར་པས་གང་དགོས་ཀྱི་ལས་བཞི་ལྟ་བུ་དང་། རང་སྣང་གི་མཛད་པ་འབྲས་བུའི་ལས་བཞི་རྣམས་ལས་འདིར་འབྲས་བུ་ཐུགས་རྗེའི་ལས་བཞིའོ། །གསུམ་པ་ནི། གང་དུ་སྦྱོར་བའི། ཞེས་པ་ནས། རྫོགས་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། སྐབས་གང་ཞིག་ཏུ་བདག་དང་གཞན་གྱི་དོན་ལ་སྦྱོར་བའི་ཡན་ལག་དྲུག་ཅུ་རྩ་གཅིག་འདིས། དོན་དང་འབྲས་བུ་ལ་སྦྱོར་བའི་ལམ་གྱི་ཡན་ལག་ཐམས་ཅད་ངེས་པར་ཚང་ཞིང་རྫོགས་ནས་ཡང་དག་པར་འདུས་པ་ཡིན་ཏེ། དེ་ལ་གཞན་དོན་དུ་བཞི་ཚོ་གསུམ་དང་། ལྔ་ཚོ་གསུམ་གྱི་དབང་དུ་ནི་བདག་དོན་དང་བསྡོམས་པས་ལྔ་བཅུ་རྩ་དགུ། བདག་གཞན་གྱི་དོན་གཉིས་དང་དྲུག་ཅུ་རྩ་གཅིག་གོ། །རིམས་སུ་འཇུག་པ་དང་། རྒྱུད་མ་ཧཱ་ཡོ་གའི་རྐྱེན་བཤད་པ་སྟེ། སྔར་བཤད་པའི་རྗེས་བསྙགས་ན་ཤེས་པའང་ལྔར་འགྱུར་ཏེ། བཞི་ཕྲག་བཅུ་དང་། ལྔ་ཕྲག་བཞི་དང་དྲུག་ཅུ། རྩ་བ་ངེས་པར་སྦྱོར་བ་ཉིད་དང་དྲུག་ཅུ་རྩ་གཅིག་གོ། །འདི་ནི་གཞུང་གི་དེ་ལྟར་སྣང་ངོ་། །གསུམ་པ་འབྱེད་པའི་ལྡེའུ་མིག་གིས་ཞབས་བསྡུ་བ་ནི། ལང་ཀའི། ཞེས་པ་ནས། ཆུད་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཞེས་བོས་ནས། དེ་དག་ནི་ཡན་ལག་ཡིན་ཏེ། ཡན་ལག་དྲུག་པོ་དེས་ངེས་པའི་གསང་སྒོའི་གང་ལྟར་བརྗོད་པ་ཐམས་ཅད་ལེགས་པར་ཁྲོལ་ནས་རྣམ་པར་དབྱེ་ཞིང་གསལ་བར་འབྱེད་པར་ཤེས་པར་བྱའོ། །དེ་སྐད་ཅེས་སྟོན་པ་གསང་བ་པའི་བདག་པོས་སྨྲས་པས། དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཀྱིས་ཆོས་ཐམས་ཅད་ཁོང་དུ་ཡོངས་སུ་ཆུད་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། བདག་དོན་དུ་འཇུག་པ་དང་གཞན་དོན་བྱེད་པའི་ཐབས་ཀྱི་ཡན་ལག་གི་སྦྱོར་བ་ལས། ཐབས་ཐམས་ཅད་འབྲེལ་བ་གཉིས་ཀྱིས་འབྲེལ་བར་བསྟན་ཏེ་རྣམ་པར་འགྲེལ་བའི་དོན་གྱི་ཚོམས་བསྟན་པའི་ལེའུ་སྟེ་ལྔ་བཅུ་རྩ་གཉིས་པ་ཉིད་གསལ་བར་བཀྲོལ་ཏེ་བཤད་པའོ།། །།གཉིས་པ་དགྲོལ་བའི་ལྡེའུ་མིག་མདོ་བཞི་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། འབྱུང་བ་མེད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་ངེས་དོན་སྟོན་ནོ། །ལྡེའུ་མིག་དང་པོའི་དོན་རྣལ་འབྱོར་ཐ་མའི་རྐྱེན་རྫོགས་པ་སྟེ་འཆད་པའི་ལྡེའུ་མིག་གཉིས་ཡན་ལག་དང་བཅས་པའང་རྣལ་འབྱོར་དབུ་མའམ་ལམ་གྱི་རྣལ་འབྱོར་རོ། །ལྡེའུ་མིག་གཉིས་པ་གཅིག་ཆར་བའི་ཡུལ་རང་བཞིན་ལྟ་བའི་ཚིག་བཤད་པ་ལ་འཇུག་པའི་ཕྱིར། དང་པོ་རྫོགས་པ་དེ་ནས་ཡང་ལྡེའུ་མིག་བར་པ་ཞུ་བའི་ཕྱིར་སྡུད་པ་པོ་ལང་ཀའི་བདག་པོ་དེས། སྟོན་པ་གསང་བ་པའི་བདག་པོ་ལ་ཞུ་བ་མི་མཐུན་པ་ལེའུ་བཞི་བཅུ་བདུན་པ་ལས་གསུངས་པའི་ལྡེའུ་མིག་གི་དོན་ལ་དྲི་བ་དྲིས་པ། ཀྱེ་གསང་བ་པའི་བདག་པོ། གང་ལེའུ་དེ་ཉིད་ལས་གང་གི་ཡན་ལག་དྲུག་གི་ཡང་རྩ་བ་གསང་སྔགས་ཐུན་མོང་མ་ཡིན་པའི་མདོ་བཞི་ཡིས་ཡོངས་སུ་དགྲོལ་བ་ཞེས་བགྱི་བར་དཀའ་སྩལ་པ་དེ་ཉིད་ཇི་ལྟར་ཤེས་པར་བྱ་བ་ལགས། ཞེས་དེ་སྐད་ཅེས་དགྲོལ་ཐབས་དྲིས་པ་ལས། སྟོན་པ་གསང་བ་པའི་བདག་པོས་ལན་དུ་བཀའ་སྩལ་ཏེ་སྨྲས་པ། ལང་ཀའི་བདག་པོ། ཞེས་བོས་ནས་ལེའུ་ཞེ་དྲུག་པ་དང་ཞེ་བདུན་པའི་སྐབས་སུ་ནི་ཚིག་ཐམས་ཅད་ཀྱི་དོན་མདོ་བཞིར་བསྡུས་པ་དེ་ཉིད་དགྲོལ་བའི་ཐབས་ནི་འདི་ལྟར། གནས་གང་དུ་བརྒྱུད་ཚུལ་གང་ལྟར་བརྗོད་པ་དང་བཀའ་སྩལ་བའི་གཏན་ཚིགས་དང་ཐབས་ཐམས་ཅད་མདོ་བཞི་པོ་འདི་དག་ཁོ་ནར་ཟད་ཅིང་འདུས་པས་དེ་ལས་གཞན་མེད་པ་ཉིད་དོ། །ལང་ཀའི་བདག་པོ། བཞི་གང་ཞེ་ན། གྲངས་ཉེ་བར་བསྟན་པ་འདི་ལྟ་སྟེ། ཟག་བཅས་ཀྱི་སྐབས་སུ་ཆོས་ཀྱི་དངོས་པོ་ཇི་ལྟ་བུ་གང་ཐོས་པར་གྱུར་པས་འཚངས་རྒྱ་ཞིང་ངེས་པར་འབྱུང་བ་ཡི་མདོ་དང་། ཟག་མེད་མཐོང་ལམ་ཡན་ཆད་ལམ་པ་གང་ཞིག་གིས་དོན་ཇི་ལྟ་བར་མཐོང་བའམ་རྟོགས་པས་འཚངས་རྒྱ་ཞིང་ངེས་པར་འབྱུང་བ་ཡི་མདོ་དང་། རྣལ་འབྱོར་གྱི་དབང་ཕྱུག་གམ་རྫོགས་པའི་སངས་རྒྱས་གང་སུ་ཞིག་གིས་དེ་དོན་མངོན་སུམ་དུ་གྱུར་ཏེ་ཡོངས་སུ་ཆུབ་པར་ངེས་པར་འབྱུང་བ་ཡི་མདོ་དང་། གཞི་དངོས་པོའི་གནས་ལུགས་ལ་གང་དུས་ཀྱི་དངོས་པོ་ཐམས་ཅད་ནས་གང་ཐམས་ཅད་དུ་ངེས་པར་འབྱུང་ཞིང་འབྲས་བུ་དམ་པ་ཐོབ་པར་བྱར་ཡང་མེད་པ་ཡི་མདོའོ། །གཉིས་པ་ལ་བཞི་སྟེ། ཐོས་པས་ངེས་པར་འབྱུང་བའི་མདོ་བཤད་པ། མཐོང་བས་ངེས་པར་འབྱུང་བའི་མདོ་བསྟན་པ། མངོན་སུམ་པར་ངེས་པར་འབྱུང་བའི་མདོ་བཤད་པ། ངེས་པར་འབྱུང་བ་མེད་པའི་མདོ་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། དེ་བཞིན་ཉིད་དུ་ཆུབ། །ཅེས་པའི་བར་གྱིས་བསྟན་ཏེ། དང་པོ་ཐོས་པའི་མདོ་བསྟན་པའི་ཕྱིར། ལང་ཀའི་བདག་པོ་ཞེས་བོས་ནས། དེ་ཡང་བཞི་ལ་སྙེགས་ཏེ་གང་ཐོས་པས་ངེས་པར་འབྱུང་བའི་མདོ་བཀར་ནས་སྟོན་པ་ནི། འཁོར་འདས་ཀྱི་ཆོས་སམ་དངོས་པོ་གཉིས་པ་ཀུན་གྱི་རང་བཞིན་ཡེ་ནས་མ་བཅོས་པར་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་བྱང་ཆུབ་ཀྱི་སྙིང་པོ་ཉིད་ལས་ཡོན་ཏན་གྱི་ཁྱད་པར་ཤེས་བྱའི་མདོ་བཞིར་བསྟན་པའི་དོན་གྱི་ངོ་བོ་གང་ཡིན་པ་དེ་ཉིད། རྣལ་འབྱོར་པ་གང་སུ་ཞིག་གིས་མ་ནོར་བར་ཐོས་ཏེ་བརྡ་འཇལ་བ་གང་གི་དུས་དེ་ཁོ་ནའི་སྐད་ཅིག་གི་ཚེ་ཉིད་དུ། ཆོས་སོ་ཅོག་ཐམས་ཅད་མ་སྤངས་བྲལ་ཏེ་སྐྱེ་བ་མེད་པར་རྟོགས་པས་དངོས་པོ་མེད་པར་སངས་ཤིང་ཡེ་ཤེས་ཆེན་པོ་ཀུན་ལ་སྣུམས་པས་ཁྱབ་གདལ་དུ་རྒྱས་པའི་དོན་དེ་ཤེས་ནས་དེ་བཞིན་ཉིད་ཁོང་དུ་ཆུབ་པས་འཁོར་བ་མ་སྤངས་པར་ངེས་པར་འབྱུང་བའི་ཕྱིར། གཅིག་ཤེས་ན་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་པའམ་ཐོས་པ་ཞེས་བྱའོ། །དེ་ཡང་ཅིག་ཆར་དུ་རིམ་གྱིས་པའི་དབང་གིས། སྐད་ཅིག་གམ། ཚེ་གཅིག་དང་། དེར་མ་ཟད། གྲངས་མེད་དམ། གསུམ་མམ་སོ་གསུམ་ལྟ་བུ་ཡང་ཡིན་ནོ། །དེ་ཉིད་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བའང་ཡིན་ནོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། ཉིད་དེར་ཀུན་སངས་རྒྱས། །ཞེས་པའི་བར་གྱིས་བསྟན་ཏེ། རྟོགས་པ་སྒོམ་པའི་མདོ་བསྟན་པའི་ཕྱིར། ལང་ཀའི་བདག་པོ། ཞེས་བོས་ནས། མཐོང་ལམ་ཡན་ཆད་ཟག་མེད་ཀྱི་ལམ་པ་གང་གིས་སྐྱེ་བ་མེད་པའི་དོན་མཐོང་ཞིང་རྟོགས་པས་ངེས་པར་འབྱུང་བ་ཡང་དག་པར་འགྲུབ་པའི་མདོ་ཉེ་བར་བསྟན་པ་ནི་འདི་ལྟ་སྟེ། རྣལ་འབྱོར་པ་གང་གིས་གསང་བའི་གཞུང་ལ་བརྟེན་ནས་སྐྱེ་བ་མེད་པའི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་དེ་ཉིད་ལྷག་པའི་ཤེས་རབ་ཀྱིས་མཐོང་བ་མེད་པར་རྟོགས་ནས། ཅིར་ཡང་མ་མཐོང་བར་མཐོང་བས་སྣང་སྲིད་སྣོད་བཅུད་དུ་ཞེན་ཅིང་སྣང་བའི་མཐར་འཛིན་ཐམས་ཅད་མ་བཀོལ་བར་དེ་བཞིན་ཉིད་དུ་ཡོངས་སུ་དག་སྟེ་དྲི་མ་མེད་པར་གསལ་བ་ལ། ལས་དང་སྤྱོད་པ་དང་མཚན་མ་གང་ལའང་འཇིགས་ཤིང་ཉམ་ང་བ་ཡོད་པ་མ་ཡིན་ཏེ། ཇི་ལྟར་སྤྱད་ཀྱང་འཛིན་པ་དང་བྲལ་བས་འཁོར་བར་ལྟུང་བའི་དོགས་པ་མེད་པ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་དེ་བཞིན་ཉིད་དེར་འཁོར་བའི་དངོས་པོ་ཀུན་བདེ་ལྡན་གྱི་ཞིང་དུ་སངས་རྒྱས་པའི་ཕྱིར་རོ། །དེ་ནི་དེ་ཉིད་ཡིན་པ་དང་བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བའང་ཡིན་ནོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། མངོན་སུམ་སངས་རྒྱས་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། བསྒོམས་པས་མངོན་དུ་གྱུར་པའི་མདོར་བསྟན་པ་ནི། ལང་ཀའི་བདག་པོ། དེ་བཞིན་གཤེགས་པ་གང་གིས་མངོན་སུམ་པར་སངས་རྒྱས་ཀྱི་སར་ངེས་པར་འབྱུང་བ་ཉིད་བཤད་པའི་རྗེས་སུ་བསྙད་པ་ནི་འདི་ལྟ་སྟེ། གང་སུ་ཞིག་གིས་མཐའ་གཉིས་དམིགས་སུ་མེད་པས་སྟོང་པ་ཉིད་ཆེན་པོའི་དོན་དེ་གོ་ཞིང་རང་རིག་བདེ་བ་ཆེན་པོར་གསལ་བར་ཤེས་པ་གང་གི་དུས་དེར་ནི་ཆོས་ཐམས་ཅད་ཀུན་དབང་པོའི་མངོན་སུམ་མམ་རང་རིག་པའི་མངོན་སུམ་དུ། ཇི་ལྟ་བ་དེ་ཁོ་ན་ཉིད་ཀྱི་སྟོང་པ་ཉིད་དུ་རང་ཤར་བར་ངེས་ཏེ་རང་གི་མཚན་ཉིད་རིག་པར་གསལ་བ་ལ་དམིགས་པའི་ཡུལ་དུ་བྱེད་པའི་ཕྲ་བའི་རྟོག་པའང་ཟད་ན་རགས་པ་དང་བྲལ་བ་ལྟ་ཅི་སྨོས་ཏེ། དེ་ལྟ་བུའི་སྐྱེས་ཆེན་ལ་རེ་དོགས་ཐམས་ཅད་དང་བྲལ་བའི་ཕྱིར་བག་ཚ་བ་གང་ཡང་མེད་དོ། །དེ་ལྟར་གསལ་བས་ཅིར་འགྱུར་ན། བདག་དང་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་རྣམ་པའི་མཆོག་ཀུན་ལྡན་པའི་དེ་ཁོ་ན་ཉིད་ཀྱི་ངོ་བོར་མ་འདྲེས་ཡོངས་རྫོགས་སུ་མངོན་སུམ་པར་སངས་རྒྱས་པ་ཡིན་པས་རང་གསལ་ཉི་མའི་སྙིང་པོ་བཞིན་དུ་རྟོག་སྒྲིབ་བཙལ་གྱིས་མི་རྙེད་པ་ཉིད་དོ། །དེ་ཉིད་ཁོ་ན་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་དེ། ཨ་ནུའི་རང་ལུགས་སུ་རང་རིག་པའི་མངོན་སུམ་དུ་བཞེད་ཀྱང་། རྫོགས་པ་ཆེན་པོ་ལྟར་ན་དབང་པོའི་མངོན་སུམ་དུ་ཡང་ངེས་པར་བཞེད་དོ། །དེས་ན་བསམ་གཏན་མིག་སྒྲོན་ལས། རྣམ་གཅིག་ཏུ་དོན་གྱི་ངོ་བོ་ལ་ཡང་ཁྱད་པར་ཡོད་དེ། སྔགས་ཀྱི་དེ་བཞིན་ཉིད་ནི་རང་རིག་གཉིས་མེད་ཀུན་ཏུ་འོད་གསལ་བ་ཡིན་ལ། རྫོགས་ཆེན་ནི་ལྷུན་རྫོགས་དེ་བཞིན་ཉིད་མཐར་ཐུག་ཉིད་པས། གཉིས་མེད་ཆེན་པོ་དབྱེ་བ་མེད་པས་ཡེ་ཤེས་བླ་མའི་ས་ཡིན་པས་ཁྱད་པར་ཤིན་ཏུ་ཆེའོ། །ཞེས་གསུངས་པས་ཀྱང་གནད་གསལ་བར་ངེས་སོ། །དེ་ཉིད་མངོན་སུམ་པར་སངས་རྒྱས་པའི་ཆེ་བའང་ཡིན་ནོ། །དེ་ལྟར་མདོ་གསུམ་ནི་རང་རང་གི་སྐབས་ན་ཡེ་མཉམ་པའི་དོན་ཡོད་ཀྱང་རིམ་པས་མཐར་ཕྱིན་པའོ། །བཞི་པ་ནི། ལང་ཀའི། ཞེས་པ་ནས། དེ་ཉིད་ཁོ་ནའོ། །ཞེས་པའི་བར་གྱིས་བསྟན་ཏེ། མདོ་ཐ་མ་གང་ཞེ་ན། ལང་ཀའི་བདག་པོ། ཞེས་བོས་ནས། གཞིའི་གནས་ལུགས་དེ་ཉིད་ཡེ་སངས་རྒྱས་པའི་ཡེ་ཤེས་སུ་བསྟན་པས་དུས་གང་ནས་སྐབས་གང་དུའང་ངེས་པར་འབྱུང་བ་སངས་རྒྱས་པ་མེད་པར་མ་ཧཱ་ཡོ་ག་ཉིད་ལ་བཟླ་བ་ནི་འདི་ལྟ་སྟེ། དངོས་པོ་དང་སྟོང་པ་ཉིད་ཀྱི་ཆོས་ཐམས་ཅད། མཉམ་པ་ཆེན་པོ་མུ་མཐའ་མེད་པར་རིལ་གྱི་འབྱུང་གནས་སུ་གྱུར་པས་དེ་བཞིན་ཉིད་ཀྱི་དབྱིངས་སུ། ལམ་པས་བརྟགས་དཔྱད་ལས་བྱུང་བ་མ་ཡིན་པར་ཡེ་ཐོག་མ་མེད་པ་ནས་དེ་ཉིད་དུ་གྱུར་ཐེབས་ཏེ་རྣམ་རྟོག་གི་སེལ་མེད་པར་འབྲས་བུར་རང་གསལ་བའི་སངས་རྒྱས་འབའ་ཞིག་ལ་ད་གདོད་འཕྲལ་ལམ་གློ་བུར་དུ་རིག་པས་མངོན་སུམ་དུ་བཤད་པ་ལྟར་སངས་རྒྱས་སུ་གྱུར་ཏེ་ཞེན་མཐའ་དང་འབྲལ་དུ་ག་ལ་ཡོད་དེ་མེད་དོ། །དེ་བས་ན་གྲོང་ཁྱེར་གསུམ་ནི་ཡེ་ནས་བྱ་བཙལ་མེད་པར་མ་བཅོས་མ་བསླད་པའི་དེ་བཞིན་ཉིད་དེ་ཆོས་ཉིད་མ་ནོར་བའི་དེ་ཁོ་ན་ཉིད་དུ་ངེས་པ་ལས་སངས་རྒྱས་ཀྱི་བླ་དྭགས་ཉིད་དང་ཡེ་བྲལ་བའོ། །དེ་དག་ནི་འཚངས་རྒྱ་བར་འདོད་པའི་ཞེ་འདོད་དགག་པ་དང་། ངོ་བོ་དེ་ཁོ་ན་ཉིད་ལ་དགོངས་ཤིང་ལ་བཟླ་བའི་དགོས་པས་བསྟན་པ་སྟེ། ཀློང་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དངོས་མེད་དེ་བཞིན་ཉིད་འདི་ལས། །ཆོས་རྣམས་མ་ལུས་འབྱུང་བའི་ཕྱིར། །འཁོར་འདས་གཉིས་ཀའི་གཞི་ཡིན་ཏེ། །དེ་ཡང་དབྱིངས་ཀྱི་རང་བཞིན་ཡིན། །རང་བཞིན་དེ་ལྟར་ཤེས་པས་ན། །ནམ་མཁའ་འོད་དུ་འབར་བ་བཞིན། །གཞི་ཤར་རང་གྲོལ་དོན་གྱི་གཏེར། །རང་བཞིན་གནས་པ་དགོངས་པའི་ཀློང་། །ཞེས་པ་ལ་སོགས་པ་ལྟར་ཤེས་པར་བྱའོ། །དེ་ཉིད་ནི་སངས་རྒྱས་མེད་པའི་ཆེ་བའང་ཡིན་ནོ། །དེ་དག་གིས་ནི་མདོ་བཞི་མངོན་དུ་བྱེད་པས་དགྲོལ་བར་འགྱུར་བའི་དོན་བསྟན་ཏོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། ཆུབ་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཞེས་བོས་ནས། བཤད་པ་དེ་དག་ནི་མདོ་སྟེ། སྟོན་པ་གང་གིས་འཁོར་གང་ལ་བརྒྱུད་ཚུལ་གང་ལྟར་བརྗོད་པའི་གཏན་ཚིགས་དང་ཐབས་བསྟན་པ་མཐའ་ཡས་པ་ཐམས་ཅད་མདོ་བཞི་པོ་དེ་དག་འབའ་ཞིག་ཁོ་ནར་ཟད་དེ། དེ་ལས་མེད་པས་ན་ཐམས་ཅད་འདུས་པས་མདོ་ཞེས་བརྗོད་པ་ཉིད་དོ། །དེ་དག་ནི་གདུལ་བྱ་གང་གི་ཞེན་འཛིན་གྱི་རྟོག་པས་མདུད་པ་རྣམ་པར་དགྲོལ་བ་སྟེ། ཆོས་ཐམས་ཅད་ཆོས་ཉིད་དུ་རྣམ་པར་འགྲོལ་ཞིང་དོན་ཟབ་པ་དང་རྒྱ་ཆེར་འགྲེལ་ཏེ་བསྟན་པ་ཉིད་དུ་ཤེས་པར་བྱའོ། །སྟོན་པ་གསང་བ་པའི་བདག་པོས་དེ་སྐད་ཅེས་སྨྲས་ཏེ་བཀའ་སྩལ་པས། དམན་པའི་ལུས་ཀྱི་སེམས་དཔའ་དམ་པའི་རིགས་ཅན་རྣམས། ཕྱོགས་ཐམས་ཅད་གསལ་བར་ཡོངས་སུ་ཆུབ་པར་གྱུར་ཏོ། །ལེའུའི་མཚན་ནི་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། མདོ་བཞིའི་དོན་རྒྱ་ཆེར་འགྲེལ་ཏེ་བསྟན་པའི་ལེའུ་སྟེ། ལྔ་བཅུ་རྩ་གསུམ་པ་ཉིད་རྣམ་པར་བཤད་པའོ།། །།གསུམ་པ་འབྱིན་པའི་ལྡེའུ་མིག་རྩ་བ་གསུམ་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། ངེས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་ཞེ་བདུན་པའི་ལྡེའུ་མིག་གསུམ་པ་བཤད་དེ་རྗེས་སུ་འགྲེལ་བའི་ཕྱིར། མདོ་བཞི་བསྟན་མ་ཐག་པ་དེ་ནས་ཡང་གཅིག་ཆར་བའི་ཡུལ་ཆེན་པོ་རྩ་བ་གསུམ་དྲི་བ་མི་མཐུན་པ་དེ་ཉིད། སྡུད་པ་པོ་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། སྟོན་པ་གསང་བ་པའི་བདག་པོ་དེ་ལ། ཞུས་ཏེ་རྩ་བའི་དྲི་བ་ཉིད་གཞན་དོན་དུ་ཡོངས་སུ་དྲིས་པ། ཀྱེ་སྟོན་པ་གསང་བ་པའི་བདག་པོ། ཞེས་བོས་ནས། ཆོས་ཐམས་ཅད་ཀྱི་སྙིང་པོ་གསང་སྔགས་ནང་པ་གང་གི་རྩ་བ་ནི་གང་། དེ་ཉིད་མཐར་ངེས་པར་ཕྱིན་པར་བྱེད་པའི་ངོ་བོ་མ་ནོར་བར་གསལ་བར་མངོན་དུ་འབྱིན་པ་ནི་གང་ཇི་ལྟ་བུ་ཞིག་ཡིན་པར། གསང་བ་པའི་བདག་པོ་རང་གི་དོན་དུ་བཤད་པའི་གོ་དབྱེ་བར་གསོལ། སྨྲ་བའི་སེང་གེ་གཞན་དོན་དུ་ཤིན་ཏུ་གོ་དབྱེ་བར་གསོལ། དེ་སྐད་ཅེས་སྨྲས་ཏེ་གསོལ་བ་བཏབ་པ་ལས། སྟོན་པ་གསང་བ་པའི་མངའ་བདག་ཆེན་པོས་ལན་སྨྲས་པ། ལང་ཀའི་བདག་པོ། ཞེས་བོས་ནས། གང་གི་རྩ་བ་དྲིས་པ་ལ་ལེགས་པར་གནང་བ་གཉིས་ཏེ། དྲི་བ་ཡང་གཉིས་ཀྱི་ཕྱིར། དེ་ལྟར་རྩ་བ་དྲི་བ་དེ་ནི་རང་དོན་དུའང་ལེགས་སོ། །ངེས་པར་འབྱིན་པ་དྲི་བ་དེ་ནི་གཞན་དོན་དུའང་ཤིན་ཏུ་རབ་ཏུ་ལེགས་སོ། །དེས་ན་དེ་ཉིད་ཉེ་བར་བསྟན་པ་འདི་ལྟ་སྟེ། རྩ་བ་ནི། མེ་ལོང་མཚོན་དཔེའི་རྩ་བ་དང་། མི་མཐུན་པ་སྐྱོན་གྱི་རྩ་བ་དང་། ངེས་པ་སེམས་ཉིད་དོན་གྱི་རྩ་བའོ། །ཞེས་ལེའུ་ཞེ་བདུན་པའི་རྩ་བ་གསུམ་གཏན་ལ་འབེབས་ཤིང་ཉམས་སུ་ལེན་པའི་རྩ་བ་གསུམ་གྱི་གྲངས་ཏེ། ང་བཞི་པ་དང་། ང་ལྔ་པ་དང་། ང་དྲུག་པའི་ལུས་བསྟན་པའོ། །གཉིས་པ་ལ་གསུམ་སྟེ། མཚོན་པ་དཔེའི་རྩ་བ་བཤད་པ། མི་མཐུན་པ་སྐྱོན་གྱི་རྩ་བ་བསྟན་པ། དོན་ངེས་པའི་རྩ་བ་བཤད་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། དེ་ལྟར་བལྟའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ནོ། །ལང་ཀའི་བདག་པོ། ཞེས་བོས་ནས། ལེའུ་འདིས་དཔེའི་རྩ་བ་ལ་བརྟེན་པའི་སྒོ་ནས་དོན་གསལ་བར་བྱེད་པའང་། མེ་ལོང་ནི་དཔེ་སྟེ། འདི་ལྟར་ནམ་མཁའི་ངོ་བོ་ཆོས་དུ་དང་ལྡན་པ་ལྟར་དེ་ཁོ་ན་ཉིད་དང་ཡང་མཐུན་པའི་དཔེ་ཉེ་བར་བཟུང་ནས་བསྟན་པ་སྟེ། ནམ་མཁའ་ལ་ཆོས་ཇི་ལྟ་བར་ཡོད་པ་དེ་ལྟར། དམ་པ་གང་གིས་གསང་བའི་དབྱིངས་དེ་ཁོ་ན་ཉིད་ངེས་པ་ལའང་དེ་ལྟར་ཡོད་པར་སྦྱར་ཏེ་བལྟ་ཞིང་རྟོགས་པར་བྱ་བའོ། །གཉིས་པ་ལ་བཞི་སྟེ། ནམ་མཁའ་མཐའ་དང་བྲལ་བ་བཞིན་ཆོས་ཉིད་བསྟན་པ། ནམ་མཁའ་མི་འགྱུར་ཞིང་མ་བཅོས་པ་བཞིན་ཆོས་ཉིད་བསྟན་པ། ནམ་མཁའ་མ་བྱས་ལ་གཉེན་པོ་མེད་པ་བཞིན་ཆོས་ཉིད་བསྟན་པ། དཔེའི་སྒོ་ནས་དོན་མཐོང་ཚུལ་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། མངོན་པར་འདུ་བྱེད་པ་མེད་པ་ཡིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། དཔེའི་ཆོས་བསྟན་པའི་ཕྱིར། ལང་ཀའི་བདག་པོ། ཞེས་བོས་ནས། དེ་ལ་དཔེའི་མེ་ལོང་ནམ་མཁའ་གང་ཞེ་ན། དེ་ཉིད་ཉེ་བར་བསྟན་པ་འདི་ལྟ་སྟེ། ཞེས་མཚོན་དཔེའི་རྣམ་གྲངས་སུམ་ཅུ་སོ་བཞི་བཤད་པ་འདི་རྣམས་དང་མཚོན་བྱའི་དོན་སྦྱར་ནས་ཤེས་པར་བྱ་སྟེ། ནམ་མཁའ་ཞེས་བརྗོད་པ་ཐམས་ཅད་རང་བཞིན་སྟོང་པར་གཅིག་པ་ལྟར་གསང་བའི་དབྱིངས་དེ་ཁོ་ན་ཉིད་ཇི་བཞིན་པ་དེ་ཡང་རྣམ་གྲངས་ཇི་སྙེད་དུ་བརྗོད་ཀྱང་། རང་བཞིན་མཐའ་ཐམས་ཅད་ལས་གྲོལ་བར་གཅིག་པ་དང་། ཆར་རྡུལ་ལ་སོགས་པས་མི་གོས་པ་ལྟར། ལས་ཀྱི་བག་ཆགས་དང་དངོས་མཐའ་རིལ་གྱིས་མ་རིག་པས་མི་གོས་པ་དང་། ཆོས་ཅན་སྣ་ཚོགས་སྣང་བའི་གོ་འབྱེད་པ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཇི་སྙེད་པའི་གསལ་བྱེད་ཀྱི་རྒྱུ་ཡིན་པས་གོ་འབྱེད་པ་དང་། རྒྱུ་རྐྱེན་འདུས་པ་ལས་བྱུང་བ་མེད་པས་སྐྱེ་བ་མེད་པ་ལྟར། རང་གི་ངོ་བོ་གང་དུའང་སྣང་བ་མེད་པས་སྐྱེ་མེད་ཡིན་པ་དང་། གཉེན་པོས་འཇིག་པ་མེད་པ་ལྟར། སྲིད་གསུམ་ཆུ་ལྟར་འཁྲུག་སྟེ་འཁྲུལ་ཡང་བརླགས་པ་མེད་པ་དང་། གཟུགས་མེད་པས་དབྱིབས་འདི་འདྲར་བསྟན་དུ་མེད་པ་དང་། ཁ་དོག་མ་ངེས་པས་གཟུང་དུ་མེད་པ་ལྟར། བསམ་གྱིས་མི་ཁྱབ་པའི་དབྱིབས་དང་ཁ་དོག་ཅན་པས་རྣམ་པའི་དབྱིངས་ཁ་དོག་དང་བྲལ་བ་དང་། རྒྱུ་རྐྱེན་ལས་བྱས་པ་མ་ཡིན་པས་འདུས་མ་བྱས་པ་ལྟར། འཕྲལ་དུ་རྒྱུ་རྐྱེན་ལས་བྱས་པ་མ་ཡིན་པ་དང་། ནམ་མཁའ་ལ་ཡུལ་རང་གི་ངོ་བོ་གཟུང་བ་མེད་པ་དང་། དེ་ལྟར་འཛིན་པ་པོ་མེད་པ་ལྟར་དེ་ཁོ་ན་ཉིད་ཀྱང་རིལ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སྤྱོད་ཡུལ་དང་བྲལ་ཏེ་ཐ་སྙད་ལས་འདས་པ་ལ། གཟུང་འཛིན་གྱི་མཐའ་མེད་པ་དང་། དེ་བཞིན་དུ་མཐའ་ལ་ཐུག་པ་མེད་པ་དང་། དབུས་སུ་གཟུང་བ་མེད་པར་ལྟར། ཐམས་ཅད་དུ་མཉམ་ཞིང་གདལ་བར་གསལ་བ་དབུས་མཐའི་ཚད་བྲལ་བ་དང་། སྔ་མ་ལས་རྒྱ་ཁྱོན་དང་གྲངས་ཀྱི་འཕེལ་བ་མེད་པ་དང་ཕྱིས་དེ་ལས་ཆུང་ངུར་འགྲིབ་པ་མེད་པ་ལྟར། ཡེ་ནས་རྒྱུ་འབྲས་ལྷུན་གྱིས་གྲུབ་པའི་བདག་ཉིད་ལ་དབྲི་བསྣན་མེད་པའི་ཕྱིར་དང་། གནས་གཞན་ནས་གཞན་ཞིག་ཏུ་འགྲོ་བ་མེད་པ་དང་། སླར་འདིར་འོང་བ་མེད་པ་ལྟར། ཐམས་ཅད་རང་བྱུང་ཆེན་པོའི་ངོ་བོ་ལ་རྟེན་དང་བརྟེན་ཅན་གྱི་གནས་དང་ཕྱོགས་བྲལ་བའི་ཕྱིར་དང་། དཔེ་ནམ་མཁའ་ལ་ཕན་ཚུན་དུ་འབྱུང་བ་མེད་པས་གཡོ་བ་མེད་པ་ལྟར། དེ་བཞིན་ཉིད་ཀྱང་དངོས་པོ་གཉིས་པ་ཅིར་ཡང་སྣང་ཡང་དེ་ཉིད་ལས་མ་འདས་པའི་ཕྱིར་དང་། གཞན་དུ་བསྐྱོད་པས་འགུལ་བ་མེད་པ་ལྟར། ཐམས་ཅད་ལ་སོན་ཟིན་པའི་ཕྱིར་དང་། གང་ལའང་མ་ཞེན་པས་ཆགས་པ་མེད་པ་ལྟར། ཡུལ་ཇི་སྙེད་པའང་སེམས་ཀྱི་དེ་ཉིད་དུ་རང་གསལ་བ་ལ་ཞེན་པ་མེད་པ་དང་། རྟེན་དང་བྲལ་བས་གནས་པ་མེད་པ་ལྟར། མཚན་ཉིད་གང་དུའང་མི་ཟིན་པས་རྟེན་གནས་བྲལ་བ་དང་། རྐྱེན་གྱི་དངོས་པོས་འཇིག་པ་མེད་པ་ལྟར། མི་འགྱུར་བའི་ངོ་བོ་རྟག་པ་ཆེན་པོར་བཞུགས་པ་དང་། ཡང་ན། རྐྱེན་གྱིས་ནམ་མཁའི་དངོས་པོ་འཇིག་པ་མེད་པ། ཞེས་སྦྱར། ཞིག་ནས་ནམ་མཁའ་སྟོངས་པ་མེད་པ་ལྟར། ཅིར་ཡང་སྣང་བ་མི་འགོག་པ་དང་། སྔ་ཕྱི་མི་འདྲ་བར་འགྱུར་བ་མེད་པ་ལྟར། མཉམ་པ་ཆེན་པོ་སྐྱེ་འཇིག་དང་བྲལ་བས་མི་འདྲ་བ་ལས་མི་འདྲ་བར་སོང་བ་མེད་པ་དང་། འབྱུང་བ་གང་ལའང་ནམ་མཁས་མ་ཁྱབ་པ་མེད་པ་ལྟར། ཐ་སྙད་ཀྱི་ཆོས་སྣང་ཞིང་གྲགས་སོ་ཅོག་དེ་ཉིད་ཡིན་པས་ཀུན་ལ་གདལ་བ་དང་། ནམ་མཁའི་ངང་ལས་མི་སྣང་བ་མེད་པར་ཆོ་འཕྲུལ་ཅིར་ཡང་སྣང་བས་མི་འབྱུང་བ་མེད་པ་ལྟར། གསང་སྔགས་ཇི་བཞིན་པ་དེ་ཡང་བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་དུ་ཤར་བའི་ཕྱིར་དང་། ནམ་མཁའི་ངང་དུ་མ་འདུས་པ་མེད་པས་མ་ཆུབ་པ་མེད་པ་ལྟར། དངོས་པོ་གཉིས་པ་རིལ་དེར་བྱུང་ཐེབས་པའི་ཕྱིར་དང་། དུས་མཐར་གནས་ཀྱང་སྐྱོ་བ་མེད་པ་ལྟར། དུས་གསུམ་དུ་ཟླ་མེད་པར་བཞུགས་ཀྱང་དུབ་པ་མེད་པའི་ཕྱིར་དང་། ངོ་བོ་ཕྱིས་མི་སྣང་བར་འགྱུར་བ་མེད་པས་ནུབ་པ་མེད་པ་ལྟར། དབྱིངས་གཏིང་མཐའ་བྲལ་བ་ལ་འཕོ་འགྱུར་མེད་པའི་ཕྱིར་དང་། རང་གི་མཚན་ཉིད་ངེས་པར་གཟུང་དུ་མེད་པ་ལྟར་མཚན་ཉིད་ཐམས་ཅད་པ་ལ་རྣམ་པའི་མཚན་ཉིད་ཀུན་དང་བྲལ་བའི་ཕྱིར་དང་། སྐྱེད་བྱེད་མེད་པས་རྒྱུ་མེད་པ་དང་། སྨིན་པར་བྱེད་པའི་གྲོགས་མེད་པས་རྐྱེན་མེད་པ་ལྟར། གདོད་གྲུབ་ཟིན་པ་ལ་སྐྱེད་སྨིན་བྱེད་པ་མེད་པ་དང་། དེ་གཉིས་འཛོམ་ནས་བསྐྱེད་པས་ནམ་མཁར་གྲུབ་པའི་འབྲས་བུ་མེད་པ་ལྟར། རྒྱུ་རྐྱེན་ཡེ་ནས་བྲལ་བ་ལ་འཕྲལ་དུ་ངོ་བོ་བསྒྲུབ་པ་མེད་པ་དང་། ལས་ཀྱིས་ཚི་ཆད་པའི་རྩོལ་བ་མེད་པ་ལྟར། ཅི་སྣང་ཅིར་བྱུང་ཡང་འཕྲལ་དུ་ལས་བརྩམས་ནས་ཆེད་དུ་བྱ་བ་མེད་པ་དང་། འཕྲལ་དུ་ལས་མངོན་པར་རྩོལ་བའི་འདུ་བྱེད་པ་མེད་པ་ལྟར། མཛད་པ་ཇི་སྙེད་པས་འགྲོ་དོན་རྒྱུན་མི་འཆད་ཀྱང་འཕྲལ་དུ་རྩོལ་བ་མེད་པ་ཡིན་ནོ། །དེ་ལྟར་ཆོས་སུམ་ཅུ་རྩ་བཞི་དང་ལྡན་པས་ཀྱང་དཔེ་དོན་ཉེ་བར་སྦྱར་བར་བྱའོ། །གཉིས་པ་ནི། ལང་ཀའི། ཞེས་པ་ནས། དེའི་ཕྱིར་མ་བཅོས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་ནམ་མཁའ་ལ་འཕོ་འགྱུར་དང་མཚན་མ་བྲལ་བས་ངོ་བོ་མ་བཅོས་པར་ངེས་པའི་དཔེ་དང་མཐུན་པར་དོན་བསྟན་ཏེ་མཐའ་གཉིས་པ་རིལ་བྲལ་བར་སྒྲུབ་པའི་ཕྱིར། ལང་ཀའི་བདག་པོ། ཞེས་སྡུད་པ་པོ་ལ་བོས་ནས། དཔེར་ན་ནམ་མཁའ་ནི་རྣམ་གྲངས་ཀྱི་ཆོས་ལྔ་བཅུ་དང་ལྡན་ཏེ། ཇི་ལྟར་ན། ནམ་མཁའི་ངོ་བོ་སྔར་ཡོད་པ་ལས་ཕྱིས་མེད་པར་གྱུར་པ་མ་ཡིན། སྔར་མེད་པ་ལས་ཕྱིས་ཡོད་པར་གྱུར་པ་ཡང་མ་ཡིན་ཏེ། དུས་སྔ་ཕྱིའི་ཆོས་འཆད་པ་ཀུན་རྗེས་སུ་འཐུན་པར་བསྙད་དོ། །དེ་དང་འདྲ་བར་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་ནི། དུས་གསུམ་དུ་མཉམ་པ་ཆེན་པོ་སྐད་ཅིག་མའི་རྒྱུན་ཡོད་མེད་ལས་ཀྱང་གྲོལ་བ་ལ། སྔར་ངོ་བོ་གྲུབ་པ་ཞིག་ཕྱིས་རླག་པ་དང་། སྔར་མ་གྲུབ་པ་ཞིག་ཕྱིས་ལམ་པའི་བློས་བྱས་ནས་ཡོད་པར་གྱུར་པ་མེད་དོ། །དེ་ལྟར་ན་དུས་གསུམ་ཉིད་མཉམ་པ་ཆེན་པོ་སྔ་ཕྱིའི་རྒྱུད་གྲོལ་བ་ལ་དུས་ཐོག་མཐའ་མེད་པར་རིལ་རྗེས་སུ་མཐུན་ཏེ་ཟུང་སྦྱར་བས་གཏན་ཚིགས་ཉེར་ལྔ་ཡིན་ནོ། །དེ་བས་ན་སྔ་མ་དེ་བཞིན་དུ། ནམ་མཁའ་ནི་སྔར་གསལ་བ་ལས་ཕྱིས་མི་གསལ་བར་གྱུར་པ་མེད་པ་དང་། སྔར་མི་གསལ་བ་ལས་ཕྱིས་གསལ་བར་གྱུར་པ་མེད་པ་ལྟར། གསང་བའི་དབྱིངས་ཀྱང་དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཆེན་པོའི་ཉི་མ་འཆར་ནུབ་དང་བྲལ་བའི་ཕྱིར་དང་། སྔར་ཐ་དད་པ་ལས་ཕྱིས་གཅིག་ཏུ་གྱུར་པ་དང་། སྔར་གཅིག་པ་ལས་ཕྱིས་ཐ་དད་པར་གྱུར་པ་ཡང་མེད་པ་ལྟར། དོན་ཆོས་ཉིད་ཀྱང་ཡིན་ཏེ། བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པར་སྣང་ལ་གནས་པ་མེད་པའི་ཕྱིར་དང་། སྔར་ཡིན་པ་ལས་ཕྱིས་མིན་པར་གྱུར་པ་དང་། སྔར་མིན་པ་ལས་ཕྱིས་ཡིན་པར་གྱུར་པ་ཡང་མེད་པ་ལྟར། གསང་སྔགས་ཇི་བཞིན་པའང་མཚུངས་ཏེ། དེ་བཞིན་ཉིད་ནི་དུས་གསུམ་དུ་མ་ནོར་ངེས་པར་སྒྲོ་སྐུར་དང་བྲལ་བ་ཆེན་པོར་བྱུང་བའི་ཕྱིར་དང་། སྔར་ཉེ་བ་ལས་ཕྱིས་རིང་བར་གྱུར་པ་དང་། སྔར་རིང་བ་ལས་ཕྱིས་ཉེ་བར་གྱུར་པ་མེད་པ་ལྟར། བྱང་ཆུབ་ཀྱི་སེམས་ཀྱང་ཡིན་ཏེ། ཆོས་སོ་ཅོག་ཉིད་དུས་གསུམ་དུ་དེ་བཞིན་ཉིད་ཀྱི་ངང་དུ་རང་ཤར་བ་ལས་བསྒྲུབ་ཏུ་མེད་པའི་ཕྱིར་དང་། དེ་བཞིན་དུ། ཆེ་བ་ཆུང་བར་གྱུར་པ་དང་། ཆུང་བ་ཆེ་བར་གྱུར་པ་མེད་པ་ལྟར། རང་རིག་པའང་ཡིན་ཏེ། དེ་བཞིན་ཉིད་ལ་རང་བཞིན་གྱིས་ཆེ་ཆུང་གཉིས་མེད་པར་མཆོག་དང་མཐའ་བྲལ་བའི་ཕྱིར་དང་། དེ་ལྟར་སྦྱར་ཏེ། ནམ་མཁའ་ལ་བཟང་བ་དང་ངན་པར་གྱུར་པ་མེད་པ་ལྟར། དེ་ཁོ་ན་ཉིད་ཀྱང་ཡིན་ཏེ། གསང་བ་ཇི་བཞིན་པའི་དབྱིངས་དུས་གསུམ་དུ་ཟླ་དང་གཉེན་པོ་བྲལ་བ་ལས་བཟང་ངན་མ་དམིགས་པའི་ཕྱིར་དང་། བདེ་བ་དང་སྡུག་བསྔལ་བར་གྱུར་པ་མེད་པ་ལྟར། མཉམ་པ་ཉིད་ཀྱང་ཡིན་ཏེ། ཡེ་ནས་སྡུག་བསྔལ་ཆོས་ཉིད་ཀྱི་ལོངས་སྤྱོད་དུ་ཤར་བའི་ཕྱིར་དང་། ཁྱབ་པ་དང་མ་ཁྱབ་པར་གྱུར་པ་མེད་པ་ལྟར། ངེས་པའི་གསང་བའང་མཚུངས་ཏེ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་མ་ཡིན་པ་མེད་པའི་ཕྱིར་དང་། འབྱུང་བ་དང་མི་འབྱུང་བར་གྱུར་བ་མེད་པ་ལྟར། དོན་གྱི་ངོ་བོའང་ཡིན་ཏེ། སྤྲུལ་པ་དང་དངོས་གྲུབ་བརྩལ་བ་མེད་པར་རང་འཆར་བ་ལ་རྒྱུན་མེད་པའི་ཕྱིར་དང་། དག་པ་དང་མ་དག་པར་གྱུར་པ་མེད་པ་ལྟར། དབྱིངས་མཐའ་དང་བྲལ་བའང་མཚུངས་ཏེ། མཐའི་དྲི་མ་རིལ་ཡེ་ནས་མ་སྤངས་བྲལ་བ་ཆེན་པོར་བཞུགས་པའི་ཕྱིར་དང་། གྲུབ་པ་དང་མ་གྲུབ་པར་གྱུར་པ་མེད་པ་ལྟར། གནས་ལུགས་ཀྱང་ཡིན་ཏེ། ཁམས་གསུམ་སངས་རྒྱས་ཀྱི་སར་ཡེ་གསལ་བ་ལ་བླ་དྭགས་གཉིས་མེད་པའི་ཕྱིར་དང་། མཐོ་བ་དང་དམའ་བར་གྱུར་པ་མེད་པ་ལྟར། དོན་གྱི་སྙིང་པོའང་ཡིན་ཏེ། ཡེ་མཉམ་པ་ལ་ཆེ་ཆུང་ངང་གིས་མ་དམིགས་པས་རིམ་པ་བྲལ་བའི་ཕྱིར་དང་། ཡངས་པ་དང་དོག་པར་གྱུར་པ་མེད་པ་ལྟར། ཐིག་ལེ་ཆེན་པོའང་ཡིན་ཏེ། ཕྱིན་ཅི་ལོག་གི་ཆོས་སོ་ཅོག་ཀྱང་མ་བཀོལ་བར་ཆོས་ཉིད་དུ་འདུས་པ་ཆེན་པོ་ལ་ཚུད་པ་དང་མི་ཚུད་པ་གཉིས་མེད་པའི་ཕྱིར་དང་། དབྱིབས་དང་དབྱིབས་མེད་པར་གྱུར་པ་མེད་པ་ལྟར། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱང་ཡིན་ཏེ། རིང་ཐུང་ལ་སོགས་པའི་དབྱིབས་ཐམས་ཅད་མ་སྤངས་པའི་ངང་ལས་རྣམ་པའི་དབྱིབས་ངེས་པར་གཟུང་བ་དང་བྲལ་བའི་ཕྱིར་དང་། ཁ་དོག་དང་ཁ་དོག་མེད་པར་གྱུར་པ་གཉིས་མེད་པ་ལྟར། རང་བཞིན་ཡང་ཡིན་ཏེ། ཁ་དོག་རྩ་ལྔ་ལ་སོགས་པ་རིལ་མ་བཀོལ་བ་ལ་ཕྱོགས་ཆའི་ཁ་དོག་ཡེ་བྲལ་བའི་ཕྱིར་དང་། ཕྱི་དང་ནང་དུ་གྱུར་པ་མེད་པ་ལྟར། ཆོས་ཀྱི་དབྱིངས་ཀྱང་ཡིན་ཏེ། སྣོད་བཅུད་དང་ཡུལ་སེམས་ཕྱི་ནང་ཐམས་ཅད་ཡེ་ཤེས་ཆེན་པོའི་ཀློང་དུ་ནུབ་པའི་ཕྱིར་དང་། སྐྱེ་བ་དང་འགག་པར་གྱུར་པ་མེད་པ་ལྟར། གཉུག་མའི་ངོ་བོའང་ཡིན་ཏེ། དེ་ཁོ་ན་ཉིད་ལ་སྐྱེ་ཤིའི་ཆོས་མ་སྤངས་བྲལ་བས་ངོ་བོ་གཟུང་ནུབ་ཡེ་མེད་པའི་ཕྱིར་དང་། འཕོ་བ་དང་མི་འཕོ་བར་གྱུར་པ་མེད་པ་ལྟར། རང་བྱུང་རིག་པའང་མཚུངས་ཏེ། གནས་རིས་ཐམས་ཅད་དེ་བཞིན་ཉིད་དུ་རང་གསལ་བ་ལ་འགྲོ་འོང་དུས་གསུམ་དུ་བྲལ་བའི་ཕྱིར་དང་། འགྱུར་བ་དང་མི་འགྱུར་པར་གྱུར་པ་མེད་པ་ལྟར། སྙིང་པོ་བྱང་ཆུབ་ཀྱང་ཡིན་ཏེ། བྱང་ཆུབ་ཀྱི་སེམས་མཚན་ཉིད་གང་དུའང་མ་ཟིན་པས་ཅིར་སྣང་དེ་ཉིད་ཡིན་པའི་ངོ་བོ་ལ་མི་འདྲ་བས་ཀྱང་མི་འདྲ་བར་གྱུར་པ་མེད་པའི་ཕྱིར་དང་། མུན་པ་དང་སྣང་བར་གྱུར་པ་མེད་པ་ལྟར། འོད་གསལ་བའི་ཡེ་ཤེས་ཀྱང་ཡིན་ཏེ། མཉམ་པ་ཆེན་པོ་ཡེ་ནས་མཐའི་སྒྲིབ་པ་མ་བསལ་བྲལ་བའི་ཕྱིར་དང་། སྔོན་དང་ཕྱི་མར་གྱུར་པ་མེད་པ་ལྟར། ངང་གི་ཐིག་ལེ་ཡང་ཡིན་ཏེ། དུས་གསུམ་མ་འགག་པའི་སེམས་ཉིད་མ་བཅོས་པའི་ངང་ལ་སྐད་ཅིག་མའི་རྒྱུན་མེད་པའི་ཕྱིར་དང་། མཐའ་དང་དབུས་སུ་གྱུར་བ་མེད་པ་ལྟར། རང་སྣང་རིས་མེད་ཀྱང་ཡིན་ཏེ། དེ་བཞིན་ཉིད་ནི་སྣང་བཞིན་མ་གྲུབ་ལ་མ་གྲུབ་བཞིན་མི་འགོག་པ་ལ་བར་གྱི་ཐ་སྙད་ཙམ་ཡང་མེད་པའི་ཕྱིར་དང་། བདག་དང་གཞན་དུ་གྱུར་པ་མེད་པ་ལྟར། སེམས་ཉིད་རང་གསལ་བའང་ཡིན་ཏེ། ཆོས་ཉིད་གསང་བའི་དབྱིངས་ལ་ཕྱོགས་རིས་དང་བྲལ་བའི་ཕྱིར་དང་། དེ་བཞིན་དུ་ནམ་མཁའ་ལ་བླངས་ནས་དོར་བར་གྱུར་པ་དང་། དོར་བ་ལས་བླངས་པར་གྱུར་པ་མེད་པ་ལྟར། གཤིས་ཀྱི་གནས་ལུགས་ཀྱང་ཡིན་ཏེ། ཐམས་ཅད་ཀྱང་དེ་ཉིད་དུ་རང་སྣང་བ་ལ་བཟང་ངན་བྲལ་བའི་ཕྱིར་ཏེ། དེས་ན་ནམ་མཁའ་རང་གི་ངོ་བོ་ནི་ཐམས་ཅད་ནས་ཐམས་ཅད་དུ་མ་བཅོས་པའོ། །དཔེ་དེ་བཞིན་དུ་དབྱིངས་རང་བཞིན་རྣམ་དག་དཀྱིལ་འཁོར་གསུམ་དབྱེར་མེད་པའི་ཆོས་ཉིད་རང་རིག་དོན་གྱི་ངོ་བོ་འདི་ཉིད་ཀྱང་སྦྱར་བར་བྱ་སྟེ། ཆོས་དབྱིངས་མཚོན་པའི་དཔེའི་རྣམ་གྲངས་དང་མཐུན་པར་ཐུན་མོང་མིན་པའི་གཏན་ཚིགས་དེ་དག་གིས་སྒྲུབ་པའི་དོན་གྱི་བླ་དྭགས་སུ་མ་བཅོས་པ་ཞེས་བསྙད་པས་ན། དེའི་ཕྱིར་གསང་བའི་དབྱིངས་ནི་རང་བཞིན་མ་བཅོས་པའོ། །ཞེས་གསུངས་ཏེ་བཀའ་སྩལ་བར་མཛད་དོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། མ་བྱས་པས་གཉེན་པོ་མེད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དོན་མ་བཅོས་པ་དེ་ཉིད་མི་འཇིག་པར་མཚོན་པའི་ཕྱིར། ལང་ཀའི་བདག་པོ། ཞེས་བོས་ནས། དཔེའི་ཆོས་རྣམ་གྲངས་བཅུ་གཉིས་ཉེ་བར་བསྟན་པ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་དེ་ནི་བྱེད་པ་པོ་སུས་ཀྱང་མ་བྱས། བྱེད་པ་པོ་དེ་ཉིད་ཀྱང་ཡེ་མེད། རྒྱུ་དྲུག་ལས་མ་བྱུང་། རྐྱེན་བཞི་ལས་མ་བསྐྱེད། དུས་ཐོག་མར་དང་པོ་མ་སྐྱེས། ཐ་མར་མི་འཇིག །ཐོག་མ་དང་ཐ་མར་ཡང་མི་དམིགས། དེ་བཞིན་དུ། ཐོབ་པ་དང་མ་ཐོབ་པ་ཡང་མེད་ལ། རེ་བ་དང་བརྩལ་བ་ཡང་མེད་དོ། །དེ་ལྟར་ཆོས་བཅུ་གཉིས་གཏན་ཚིགས་སུ་གྱུར་པ་དེའི་ཕྱིར་དཔེ་ནམ་མཁའ་ནི་སུས་ཀྱང་མ་བྱས་ལ་བྱས་པ་མེད་པས་གཉེན་པོ་མེད་པའི་དོན་གྱི་ངོ་བོར་གྲུབ་པ་ཉིད་དོ། །དཔེ་ཇི་ལྟ་བ་དེ་བཞིན་དུ་སེམས་ཀྱི་ཆོས་ཉིད་དེ་ཁོ་ཉིད་གསང་བའི་དབྱིངས་དེ་བཞིན་ཉིད་ཀྱི་ངོ་བོ་འདི་ཉིད་ཀྱང་། མཁན་པོས་མ་བསྒྲུབས་པས་སུས་ཀྱང་མ་བྱས། ཡེ་གྲུབ་ཟིན་པ་ལ་མཁན་པོ་ཉིད་ཀྱང་མ་དམིགས་པས་བྱེད་པ་པོ་ཡང་མེད། ཡེ་ནས་རྒྱུ་རྐྱེན་ཉིད་འབྲས་བུར་རྫོགས་ཏེ་གཉིས་མེད་ཆེན་པོར་གྲུབ་ཟིན་པས། རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་དེ་དེ་དག་གིས་འཕྲལ་དུ་མ་བསྒྲུབ། དེ་ལྟར་རྒྱུ་རྐྱེན་མེད་པར་དུས་གསུམ་གྱི་རྒྱུན་མ་འགགས་བྲལ་བའི་ངོ་བོ་ཉིད་རྒྱུ་རྐྱེན་དང་མི་མཐུན་པའི་ཕྱིར་དང་པོར་མ་སྐྱེས་ཤིང་། གཉེན་པོ་མེད་པས་ཐ་མར་མི་འཇིག །དུས་གསུམ་མཉམ་པ་ཉིད་ལ་ཡུལ་དང་བྲལ་ཞིང་ངོ་བོ་ལྷན་ཅིག་པ་མེད་པའི་ཕྱིར་ཐོག་མ་དང་ཐ་མར་མི་དམིགས། བདག་ཉིད་ཆེན་པོར་རྫོགས་པ་ལ་རེ་དོགས་དང་བྲལ་བའི་ཕྱིར་ཐོབ་པ་དང་མ་ཐོབ་པ་ཡང་མེད། དེ་བཞིན་ཉིད་བདག་ཉིད་ལས་གཞན་ནས་གཉེར་དུ་མེད་པས་བསྒྲུབ་ཏུ་མེད་པའི་ཕྱིར་རེ་པ་དང་བརྩལ་བ་མེད་དེ། དེ་ལྟར་གཏན་ཚིགས་བཅུ་གཉིས་ཀྱིས་གྲུབ་པས་ཆོས་ཉིད་འདུས་མ་བྱས་ནི་མ་བྱས་མ་བཏགས་ཏེ། དེ་ལ་འཇིག་པ་དང་བྲལ་བས་ཟིལ་གྱིས་གནོན་པའི་གཉེན་པོ་མེད་པའི་ཕྱིར། དེ་ཁོ་ན་ཉིད་རྩ་བ་ཆེན་པོ་གསང་བ་ཇི་བཞིན་པའི་དོན་མདོ་བཞིར་གྲགས་པའི་དབྱིངས་དམ་པ་ཉིད་དོ། །དེས་ལྟར་བྱེད་པ་པོ་དང་། འཇིག་པའི་གཉེན་པོ་བྲལ་ནས་དོན་ལ་སྦྱོར་བར་བྱའོ། །བཞི་པ་ལ་གཉིས་ཏེ། ལྟ་བ་བསྟན་པ། ཏིང་ངེ་འཛིན་བཤད་པའོ། །དང་པོ་ལ་གསུམ་སྟེ། དཔེས་དོན་མཐོང་ཚུལ། དོན་གྱི་རྣམ་གྲངས་ཆེ་བ་དང་བཅས་པ། དེའི་གོལ་སྒྲིབ་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། སེམས་ཉིད་རྙེད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། རྩ་བའི་དཔེས་དབུ་མའི་དོན་བཙལ་ཐབས་མི་མཐུན་པ་བསྟན་པའི་ཕྱིར། ལང་ཀའི་བདག་པོ། ཞེས་བོས་ནས། མི་མཐུན་པའི་དཔེ་དོན་ཉེ་བར་བསྟན་པ་འདི་ལྟ་སྟེ། དཔེར་ན་མུ་སྟེགས་པའམ་ཐེག་འོག་པ་ལྟ་བུ། མི་གང་ཞིག་གིས་ནམ་མཁའི་མཐའ་ཚོལ་བར་རྩོམ་ནས་བཙལ་བ་ལ་ཞུགས་པ་ན། དེའི་མཐའ་བཙལ་དུ་མེད་པའི་ཕྱིར། ཚོལ་བར་བྱས་པས་མཐའ་ནམ་ཡང་རྙེད་པར་མི་འགྱུར་ཏེ་མཐའ་དང་བྲལ་བ་ཡིན་པ་ལྟར། དེ་བས་ན་གང་སུ་ཞིག་གིས་ནམ་མཁའི་དོན་ནི་གོ་སྐབས་འབྱེད་པ་ཙམ་དུ་ཡོད་པ་ཡིན་པར་གང་ཤེས་པ་དེ་ནི་ནམ་མཁའ་རང་གི་མཚན་ཉིད་ཤེས་ཤིང་མཐའ་ཡང་རྙེད་པ་ཁོ་ནའོ། །དཔེ་དེ་བཞིན་དུ། འདིར་ཡང་དཔྱད་པས་བཙལ་ཡང་དོན་མི་མཐོང་བའི་ཕྱིར། རང་གི་སེམས་མཉམ་པའི་དོན་ཉིད་ཀྱིས་དོན་གྱི་ངོ་བོ་སེམས་ཀྱི་ཆོས་ཉིད་གང་དེ་ཇི་ལྟ་བུ་ཡིན་པར་རྩད་གཅོད་དེ་ཡོད་མེད་རྟག་ཆད་སོགས་སུ་དཔྱོད་ཅིང་ཚོལ་བ་ལ་འབད་པས་ནི། དོན་ཆེན་པོ་ནམ་ཡང་མི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། རང་རིག་པ་ནི་ཡེ་ནས་གཞི་དང་རྩ་བ་བྲལ་ཏེ་སྤྱོད་ཡུལ་དུ་བྱར་མེད་ཅིང་བསམ་དཔྱོད་ལས་འདས་པ་ལ་བསམ་དཔྱོད་བྱས་པས་རྙེད་པ་མ་ཡིན་པར་སླར་འཁྲུལ་པ་ཡིན་པའི་ཕྱིར་རོ། །འོ་ན་ཐབས་གང་གིས་ཤེས་པར་འགྱུར་ཞེ་ན། རང་རིག་པ་བྱང་ཆུབ་སེམས་བདེ་བ་ཆེན་པོ་རྟེན་པའི་གཞི་དང་སྐྱེད་པའི་རྩ་བ་མེད་པའི་ངོ་བོ་ཉིད་ལས་གང་ཅིར་ཡང་མ་ངེས་པར་འགག་པ་མེད་པར་ཀུན་འབྱུང་བའི་རང་བྱུང་གི་རིག་པ་མ་བསམ་མ་དཔྱད་པར་ཇི་བཞིན་པའི་ཆོས་ཉིད་དུ་དམ་པ་གང་གིས་ཤེས་པ་དེ་ནི། བྱ་བཙལ་གྱིས་བསླབ་པ་མེད་པའི་བསླབ་པ་ཆེན་པོ་ཉིད་པས་དོན་ཇི་བཞིན་པར་མ་བསམ་པས་ཕེབས་པ་དེ་ནི་སེམས་ཉིད་ཀྱི་དོན་རྙེད་པ་མེད་པའི་རྙེད་པ་ཡང་དག་པའོ། །དེ་བས་ན་ཅིར་ཡང་བསམ་དུ་མེད་པ་མ་བསམ་པ་ཉིད་འཆིང་བ་མ་དམིགས་པར་གྲོལ་བ་ཡིན་པའི་ཕྱིར། ནམ་མཁའ་ཆེ་ལས། ཆེ་བས་ཆེ་བ་ཟབ་མོ་ཡི། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །དོན་རྣམས་ཇི་བཞིན་མི་བསྐྱོད་དེ། །བྱ་བ་མེད་པས་གྲོལ་བའང་གྲོལ། །ཞེས་དང་། ཡེ་ཤེས་རྫོགས་པ་ལས། བསམ་མེད་རང་བཞག་ས་ལེ་བ། ཅི་ཡང་མ་ཡིན་གྱི་ན་བ། །རང་གསལ་ཡེ་ཤེས་ཉི་མའི་འོད། །ཀུན་བཟང་རྒྱལ་བའི་ཐུགས་དམ་མོ། །ཞེས་གསུངས་པའི་དོན་ནོ། །གཉིས་པ་ལ་གསུམ་སྟེ། སེམས་ཕྱོགས་བྲལ་དུ་རྟོགས་པ་ཉིད་རྙེད་པར་བསྟན་པ། རྙེད་པས་ཐམས་ཅད་གཉིས་སུ་མེད་པར་གསལ་བར་བསྟན་པ། རྙེད་པའི་ཡོན་ཏན་སྡུག་བསྔལ་མ་སྤང་བྲལ་བར་བསྟན་པའོ། །དང་པོ་ནི། སེམས་ཀྱིས་སེམས་བཙལ། ཞེས་པ་ནས། རྟོགས་ན་དེ་ཁོ་ན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བས་ན་རྩོལ་བས་བཙལ་བ་འཁྲུལ་པར་བསྟན་པའི་ཕྱིར། རང་གི་སེམས་ཉིད་མ་བཅོས་པ་ནི་དོན་གྱི་མཆོག་ཡིན་བཞིན་དུ་དེ་ཉིད་མི་ཤེས་པར་བློ་དམན་དག་སེམས་ཀྱི་རྟོག་དཔྱོད་དང་གཏན་ཚིགས་ཀྱིས་དངོས་པོར་དཔྱད་ནས་སེམས་ཀྱི་ངོ་བོའི་གྲུབ་པའི་མཐའ་ཉིད་གཞན་དུ་བཙལ་བས་ནི་གཉུག་མའི་སེམས་ནམ་ཡང་མི་རྙེད་པས་སེམས་ཀྱི་ངོ་བོ་དང་འཕྲད་པར་མི་འགྱུར་ཏེ་སླར་འཁྲུལ་པར་འཕྱན་པའོ། །དེས་ན་གང་ཟག་གང་སུ་ཞིག་གིས་རང་གི་སེམས་ཀྱི་མུ་དང་གཏིང་དང་གཞི་དང་རྩ་བ་ཚོལ་བའི་ཕྱིར་དཔྱོད་པ་སེམས་ཙམ་པ་ལྟ་བུ་དང་། བློ་ཆུང་གང་ཞིག་སེམས་ཀྱི་དབུས་དང་མཐའ་འབྱེད་ནས་མཐའ་སྤོང་བ་དབུ་མ་པ་ལྟ་བུ་དེ་དག་གིས་དོན་ཕྱོགས་མེད་ཀྱི་ངོ་བོ་ཉིད་རྩོལ་བས་བཙལ་བས་རྙེད་པ་ག་ལ་ཡིན་ཏེ་མ་ཡིན་པས་ན་ནམ་ཡང་རྙེད་པར་མི་འགྱུར་ཏེ། ཚོལ་བ་མེད་པ་ཉིད་བཙལ་བ་ཆེན་པོ་ཡིན་པ་ལས་གོལ་བའི་ཕྱིར་ཏེ། དཔྱད་པས་རྟོག་མཐའ་སྐྱེས་ཏེ་སྔ་མ་ལ་ཕྱི་མས་ལོངས་བཏགས་ནས་རྩོལ་སྒྲུབ་ཀྱིས་ཁ་འཁོར་བར་འགྱུར་རོ། །དེ་བས་ན་མན་ངག་ལས། མཚོན་ཅིང་རྟོགས་པར་བྱ་བ་དེ་ཉིད་ནི། །སྟོན་པའི་ལུང་བཞིན་ཚིག་གི་མཐའ་དཔྱོད་པ། །ཚད་མར་བཟུང་ཕྱིར་འཛིན་པ་དེ་སྐྱེས་ཏེ། །དེ་བས་མཚོན་བྱེད་སེམས་ཀྱི་རྒྱུད་ཁ་འཁོར། །ཞེས་དང་། གསང་བདག་དགའ་རབ་དཔའ་བོས་མཛད་པའི་ཐིག་ལེ་བཞི་པའི་བསམ་གཏན་ལས། དེ་དོན་རང་ལ་འཆར་བ་ལ། །རིང་ནས་འགྲུབ་ཏུ་རེ་བ་ནི། །ནམ་མཁའ་དག་ལ་མཐའ་ཚོལ་བཞིན། །གྲུབ་ཏུ་རེ་སྟེ་མི་འགྲུབ་བོ། །འཇུག་སྒོ་བཀག་པ་མ་ཡིན་ཏེ། །རང་བྱུང་ཡེ་ཤེས་འགྲུབ་མི་འགྱུར། །ཕྱི་ལམ་བཅད་པ་མ་ཡིན་ཏེ། །འཁྲུལ་པའི་ལོངས་བཏགས་འཆད་མི་འགྱུར། །ཞེས་གསུངས་པའི་དོན་ཏོ། །འོ་ན་ཐབས་མ་ནོར་བ་གང་ཡིན་ཞེ་ན། དཔེར་མཚོན་རྣོན་པོ་དང་འདྲ་སྟེ། རང་གི་སེམས་ཀྱིས་རང་སེམས་ཉིད་ལ་ཇི་ལྟར་མཚོན་ཏེ། མཐའ་གང་དུའང་མཚོན་དུ་མེད་དོ། །དེ་ཅིའི་ཕྱིར་ན། སེམས་ལ་བཙལ་བའི་དོན་གྱི་དངོས་པོ་ཞིག་ཡོད་དོ་ཅེའམ་དངོས་མེད་ཞིག་ཡིན་ནོ་ཞེས་སྨྲ་ན། ཡོད་ན་སེམས་ཀྱི་དངོས་པོ་གང་གིས་བྱ་ལ། མེད་ན་སེམས་ཀྱི་ཐ་སྙད་ཇི་ལྟར་གདགས་ཏེ། དེས་ན་འདི་འདྲར་བསྟན་དུ་མེད་དོ། ། འོ་ན་དེའི་ངོ་བོ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེ་ཉིད་ངོ་བོ་ཉིད་ཀྱིས་དངོས་པོ་དང་དངོས་མེད་གང་དུའང་མ་གྲུབ་པར་ཇི་སྙེད་པའི་ཆོས་སྣ་ཚོགས་ཀྱི་དངོས་པོ་ལྟར་སྤྲུལ་ཏེ་ཅིར་ཡང་འཆར་ཞིང་རང་སྣང་ལ་གཉིས་ལས་གྲོལ་བའི་ངོ་བོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཡིན་ལ། དེས་ན་བྱང་ཆུབ་ཀྱི་སེམས་ཕྱོགས་ཐམས་ཅད་མ་སྤངས་བྲལ་བའི་དོན་ཆེན་པོ་ཉིད་ཅིར་ཡང་མ་བསམས་མ་དམིགས་པ་ཉིད་ཀྱིས་རྟོགས་པའི་རྣལ་འབྱོར་པ་གང་སུ་ཞིག་གི་རིག་པ་ལ་བདག་ཏུ་འཛིན་པའི་ཕྱོགས་གཅིག་ཉིད་མ་སྤངས་པར་བྲལ་བས་མཐའི་ཕྱོགས་ཇི་སྙེད་དུ་འཛིན་པ་ཀུན་ཀྱང་དེ་ལྟར་མ་སྤངས་བྲལ་ཏེ་ངང་གིས་དག་པས་ན། ཡང་དག་པའི་དོན་ཉིད་ནི་ཡེ་ཉིད་ནས་བདག་ཉིད་ཡིན་པ་དང་། ཡུལ་དུ་མེད་པ་དང་། མཚན་ཉིད་གང་དུའང་མ་གཡོས་པར་བརྟགས་པའི་སྤྱོད་ཡུལ་ཐམས་ཅད་ལས་འདས་པ་ཡིན་པས། དེ་ལ་ཇི་ཙམ་དུ་དཔྱད་ན་རྟོག་པ་སྐྱེ། བསམ་ན་དམིགས་པ་འབྱུང་། དམིགས་ན་འཛིན་པ་སྐྱེ་བས་ཡང་དག་པར་མི་མཐོང་བའི་ཕྱིར་དེ་དག་དང་བྲལ་བའོ། །དེས་ན་དེ་ལྟ་བུའི་དོན་དེ་ཉིད་ཇི་བཞིན་དུ་རང་རིག་པར་རྟོགས་ན་མ་བཅོས་པའི་ཆོས་ཉིད་སྐྱེ་བ་མེད་པ་ཡིན་པས། བློ་ཡིས་མ་བརྟགས་མ་བསམས་མ་དམིགས་ན། ཕྱི་མོའི་དོན་རྣལ་དུ་ཕེབས་པའང་དེ་ཁོ་ན་ཉིད་དེ་གཞན་དུ་བཙལ་བ་མེད་དོ། །དེ་ལྟར་ཡང་སྐུ་གསུམ་བཀོད་པའི་བསམ་གཏན་ལས། བརྗོད་མེད་ཕྱོགས་བྲལ་ནམ་མཁའི་ཀློང་། །ནམ་མཁའི་ཀློང་ན་སྐྱེ་ཤི་མེད། །སྐྱེ་ཤི་མེད་པ་བྱང་ཆུབ་སེམས། །འདུ་འབྲལ་མེད་པར་རང་ལ་གནས། །ཡེ་ནས་གནས་པས་སྒྲུབ་ཏུ་མེད། །མ་བསྒྲུབ་ལྷུན་གྲུབ་སྐུ་གསུམ་ཀློང་། །རང་ཤར་རང་གྲོལ་འགྱུར་མེད་སྲོག །ཟབ་ཅིང་བརྟག་དཀའ་ཕྲ་བའི་ལམ། །གཞན་གྱིས་རྟོགས་དཀའ་ཆེ་བའི་ཡུལ། །ཟབ་མོ་གཡང་ཆེན་རྣལ་འབྱོར་དོན། །ཕྲ་རགས་མེད་པར་གནས་མོད་ཀྱང་། །གཞན་དུ་ལྟ་བ་གོལ་བའི་ས། །ཞེས་སོ། །གཉིས་པ་ནི། སེམས་ཀྱིས་སེམས་བཙལ། ཞེས་པ་ནས། མ་རིག་གཉིས་སུ་སྣང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་འདིར་འདུ་ཤེས་གང་དུའང་མ་ཞུགས་པའི་སེམས་ཀྱིས་ཅི་ཡང་ཚོལ་བ་མེད་པ་ཉིད་ཀྱིས་སེམས་ཉིད་ཀྱི་ངོ་བོ་བཙལ་བ་ནི་ཡང་དག་པའི་ཚོལ་བ་ཡིན་པས། དེ་ལྟར་བཙལ་བ་ན་གང་དུའང་མ་གཡོས་པའི་དོན་ཉིད་གར་ཡང་མ་གྲུབ་པའི་རིག་པ་མེད་པ་ཉིད་དུ་རང་རིག་པར་གྱུར་ནས་འཁོར་བ་ཆོས་ཉིད་དུ་སྣང་བའི་ལྟ་བས་དྲོད་མཆོག་ཅིག་རྙེད་ན་ཐ་སྙད་དུ་སེམས་ཀྱི་ཆོས་ཉིད་རྙེད་པ་སྟེ། དེ་ལྟར་ལྟ་བས་དྲོད་དམ་པ་དེ་རྙེད་ན་ངོ་བོ་ངེས་པ་མེད་པས་རང་བྱུང་གི་ཡེ་ཤེས་སྙིང་པོ་བྱང་ཆུབ་ཀྱི་སེམས་ཅིའང་མ་ཡིན་པར་བདག་ཉིད་ཆེན་པོ་ཡིན་པར་ཡང་དག་པར་རིག་པ་དེ་ཁོ་ན་དོན་ཡང་དག་པ་ཡིན་ནོ། །དེས་ན་ཕྱོགས་མེད་རང་གསལ་གྱི་ཀློང་ཆེན་པོ་དེ་ལ་ནི་ཡིན་མིན་དང་ཡོད་མེད་ཀྱི་རིས་དང་བྲལ་བས་རང་སྣང་གི་ཆོས་ཉིད་ཅི་ཡང་ཡིན་ནོ་གང་ཡང་རུང་བ་སྟེ་མཐའ་ཀུན་མ་སྤངས་ཡེ་ནས་བྲལ་བ་དེ་ཉིད་ནི་དངོས་པོའི་ཆོས་རྣམས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཆོས་ཐམས་ཅད་ཀྱི་དོན་གྱི་སྙིང་པོ་བྱང་ཆུབ་མཆོག་གི་གནས་ལུགས་སམ་གཙོ་བོ་དམ་པ་ཡིན་ནོ། །དེས་ན་དོན་གྱི་ངོ་བོ་མ་ནོར་བར་བསྟན་པའི་ཚུལ་གྱིས་འཁོར་བའི་སྣང་བ་དང་ངོ་བོའི་ཆོས་ཉིད་འདི་གཉིས་གཞི་དེ་བཞིན་ཉིད་ལ་གཉིས་སུ་ཡོད་པ་མ་ཡིན་ཏེ། ཐ་དད་མེད་པས་དུང་དང་དཀར་བ་བཞིན་ནོ། །འོ་ན་གཉིས་སུ་སྣང་བ་ཇི་ལྟར་ཡིན་ཞེ་ན། མ་རྟོགས་པ་རྣམས་ལ་འཁོར་བར་སྣང་བའི་དངོས་པོ་རྣམས་ཀྱི་རང་བཞིན་མ་བཅོས་པའི་དེ་བཞིན་ཉིད་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དེ་ནི། ཆོས་ཉིད་ཡིན་པར་རྣམ་འདྲེན་རྒྱལ་བ་རྣམས་ཀྱིས་ལུང་དུ་བསྟན་ཏེ་བཀའ་སྩལ་བར་མཛད་དོ། །དེ་ལྟ་བུའི་དོན་ནི་མ་མཐོང་བའི་དུས་དེང་སང་གི་སྔགས་པ་བློ་ཕད་ཧྲུལ་དུ་སྙུང་བླུགས་པ་ལྟར་དམིགས་པ་ལ་དགའ་བ་དག །དོན་ཆེན་པོ་མ་མཐོང་བའི་རང་ཉམས་ཀྱིས་བྱ་བ་མེད་པ་ནི་ཆོས་ཀྱི་གཞི་དང་ལས་སུ་རུང་བའི་སྤྱོད་ཡུལ་ཡིན་ནོ། །ཞེས་སྨྲ་ཞིང་། ལས་དང་པོ་པས་བསམ་དཔྱོད་དགོས་སོ་ཞེས་ཟེར་བ་ནི། ཐབས་ཆེན་པོ་དང་བྲལ་བས་ཅིག་ཆར་འཇུག་པའི་སྐལ་བ་མེད་པ་ཡིན་ཏེ། ཀྱེ་མ་ཐུགས་རྗེའི་གནས་སུ་གྱུར་པའོ། །དེས་ན་པཎ་ཆེན་འཇམ་དཔལ་བཤེས་གཉེན་གྱིས། སྐྱེ་བོ་སྐྱེ་བ་སྣ་ཚོགས་དག་ལས་སྐྱེས་ཤིང་སྐྱེ་དང་སྐྱེ་འགྱུར་སྐྱེ་བའི་རྒྱུན་གྱིས་དབང་སོང་བས། །རྟོག་མཐའ་མི་ཤེས་རྟོག་པས་བསླུས་ཤིང་རྟོག་པའི་རྒྱུན་འབྲངས་འཁྲུལ་རྟོག་ལས་ཕྱིར་ལྡོག་པ་མེད་གྱུར་པ། །སྒྱུ་མའི་སྒྱུ་ཤེས་དག་གིས་སྒྱུ་མའི་རྟ་གླང་འདྲ་བར་སྒྱུ་མ་རྨོངས་པའི་སྒྱུ་མ་རྣམས། །རྨི་ལམ་གྱིས་བསླད་བཞིན་དུ་རྨི་ཡིས་བདེན་པ་ཉམས་ཤིང་རྨི་ལམ་དབང་དུ་སོང་བའི་རྨི་ལམ་པ། །ལམ་འདི་སྤོང་ཞིང་མཐའ་དང་ལམ་གཞན་ལམ་དུ་བལྟས་ནས་མ་ནོར་ལམ་ཞེས་སྟོན་བྱེད་པ། །དེ་དག་རྡོ་ལ་གསེར་བཞིན་ཐུགས་རྗེར་རུང་ཞིང་ཐུགས་རྗེ་ཆེན་པོས་ཀྱེ་མའོ་ཕྲོགས་པ་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་འཁོར་བར་སྣང་ལ་ངོས་བཟུང་མེད་པ་ལོག་རྟོག་འཁྲུལ་པའི་སྒྱུ་མ་དང་། འཁྲུལ་པ་རྣམ་པར་དག་པའི་སྐུ་དང་ཡེ་ཤེས་སྒྲིབ་པ་རྣམ་པར་བྱང་བའི་སྒྱུ་མ་གཉིས་རྐྱེན་གྱི་དབང་གིས་སེམས་ཅན་དང་སངས་རྒྱས་ཞེས་བརྟགས་པ་དང་ལྡོག་པའི་ཐ་དད་ཡོད་ཀྱང་། མི་མཐུན་པ་སྟོན་པས་ངོ་བོ་དེ་བཞིན་ཉིད་ལ་ནི་གཅིག་ཁོ་ན་ལས་ཐ་དད་པའི་རང་བཞིན་ཡོང་ཡེ་མེད་དོ། །དེ་བས་ན་གློ་བུར་གྱི་རྟོག་པའི་རྒྱུ་རྐྱེན་འཛོམ་པའི་སྣང་བ་ལ་མིང་བཏགས་པ་སོ་སོ་བ་ཙམ་ཡང་ངོ་བོ་ལ་གཉིས་པ་གཞི་ནས་མེད་པའི་ཕྱིར། འཁྲུལ་པའི་ངོ་ལ་གཉིས་སུ་སྣང་དུ་བཏུབ་པ་ཡང་། དཔེར་ན་རས་དང་སྣམ་བུའི་རྒྱུ་གཅིག་ལས་ཚོན་སྣ་ཚོགས་ཀྱི་རྐྱེན་གྱིས་མདོག་བསྒྱུར་བར་བྱས་ན། དམར་སེར་ལ་སོགས་པའི་ཁ་དོག་སྣ་ཚོགས་པ་ཐ་དད་དུ་སྣང་ཀྱང་། རས་བལ་ཉིད་ལས་གུད་དུ་སོང་བ་ག་ལ་ཡོད་དེ་མེད་དོ། །དེ་བཞིན་དུ་ལོག་རྟོག་ཉིད་སྨིན་པ་དང་ཡང་དག་པའི་རྟོག་པ་སྨིན་པ་ལས། འགྲོ་བ་སེམས་ཅན་ཞེས་བྱ་བ་དང་། སངས་རྒྱས་ཡེ་ཤེས་ཅན་ཞེས་བྱ་བར་དབྱེ་བ་འདི་དག །རྒྱུ་བྱང་ཆུབ་ཀྱི་སེམས་སུ་གཅིག་པ་ལས་རྟོགས་མ་རྟོགས་ཀྱི་རྐྱེན་གྱིས་བསྒྱུར་བ་ལས། སངས་རྒྱས་རིག་པ་ཅན་དང་སེམས་ཅན་མ་རིག་པ་ཅན་གཉིས་སུ་སྣང་གིས་དོན་ལ་དབྱེར་མེད་ཡིན་ནོ། །གསུམ་པ་ནི། འཁོར་བའི་སྡུག་བསྔལ། ཞེས་པ་ནས། ཡེ་ཤེས་རང་བྱུང་ཆེ། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་གཏན་འབྲས་བུ་ཐོབ་ཏུའང་མེད་དམ་ཞེ་ན། འཁོར་བའི་འགྲོ་བ་གྲོང་ཁྱེར་གསུམ་གྱི་བདེ་བ་དང་སྡུག་བསྔལ་མྱོང་བ་ནི་མེད་བཞིན་དུ་སྣང་བ་རྨི་ལམ་དང་འདྲ་བ་ཡིན་ན། འཁོར་བ་ལས་དབུགས་ཆེན་པོ་ཕྱིན་ནས་གཉིད་སད་ཅིང་རྨི་ལམ་སངས་ན་སྡུག་བསྔལ་གྱི་སྤྱོད་ཡུལ་བྲལ་ཏེ་སད་པའི་བདེ་བ་ཉིད་དུ་སྣང་བ་ལྟར། དངོས་པོ་ཐམས་ཅད་ཡེ་ནས་ཆོས་ཉིད་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཇི་བཞིན་པའི་རང་བཞིན་དཔེར་ན་ནམ་མཁའ་ཀུན་ལ་ཁྱབ་པ་ལྟར་ཆོས་རིལ་ལ་བསྣུམས་ཚབས་ཆེ་ཆུང་མེད་པར་ལྷག་པའི་ཆོས་སྐུ་ཆེན་པོ་ཁྱབ་གདལ་ཉིད་དུ་སྣང་བའོ། །དེས་ན་རྨི་ལམ་ལྟ་བུར་གློ་བུར་རམ་འཕྲལ་དུ་རྟོག་པས་ནན་ཏན་བརྟགས་པས་འདུ་བྱེད་ཀྱི་ལས་སུ་གྱུར་པའི་ཐ་སྙད་ཀྱི་སྒྲིབ་པ་ཞེས་སུ་བཏགས་པའི་འཁྲུལ་པའི་སྣང་བ་ཡོད་དོ་ཅོག་ཀུན་རང་གི་རྟོག་པའི་རྒྱུ་རྐྱེན་འཛོམ་པ་ལས་སྣང་བས་འདུས་བྱས་ཁོ་ན་ཡིན་ཏེ། འདིར་ལས་ཉོན་དེ་གཉིས་ཀྱི་རང་བཞིན་ཡེ་ནས་མ་སྐྱེས་པའི་ཆོས་ཉིད་ལས་བཀོལ་བ་མེད་པར་ངོ་བོ་དེ་བཞིན་ཉིད་དེ་ཁྱབ་གདལ་ཆེན་པོའི་དབྱིངས་སུ་ཆུབ་པས་བཙལ་དུ་མེད་པར་སྒྲིབ་པ་ཉིད་ཡེ་ཤེས་ཕྱིན་ཅི་ལོག་ཉིད་བྱང་ཆུབ། ཉོན་མོངས་ཉིད་བདེ་བ་ཆེན་པོར་ཡེ་གྲོལ་བ་ཡིན་པས་མ་བསལ་དག་པ་ལ་དེའི་ཐ་སྙད་མེད་པའོ། །འོན་ཀྱང་སྒྲིབ་པ་ལ་སྦྱང་རྩོལ་མ་བྱས་པར་རང་བཞིན་གཉིས་མེད་དུ་ངེས་ནས་བཤད་པ་ལྟར་ཡེ་ཤེས་རང་བྱུང་ཆེན་པོ་རྟོགས་པས་སྤང་དུ་མེད་པར་ལྷུན་གྱིས་གྲུབ་པའི་ཁྱད་པར་གྱི་ཆེ་བ་དང་ལྡན་པ་ལ་འབྲས་བུ་རྒྱུ་རྐྱེན་ལ་རག་མ་ལས་པར་རང་གྲོལ་ཉིད་དུ་ཐོབ་པའི་སྒྲའོ། །དེ་དག་ནི་དོན་ནོར་མ་ནོར་ཤེས་པར་བྱ་བའི་ཕྱིར་བཀོད་པ་སྟེ་ལྟ་བའི་མི་མཐུན་པའོ། །དེ་ཡན་ཆད་ཀྱིས་བམ་པོ་བདུན་པ་སོང་ནས། བམ་པོ་བརྒྱད་པར་དབུ་ཟུག་པའོ། །གཉིས་པ་ལ་བདུན་ཏེ། ཡིན་པའི་ཆེ་བ་བདུན་དཔེས་བསྟན་པ། ངེས་པ་དྲུག་བཤད་པ། ཟིན་པ་དྲུག་བསྟན་པ། གཏན་ཚིགས་གསུམ་བཤད་པ། དྲོད་རྟགས་དྲུག་བཤད་པ། ཡིད་ཆེས་བཅུ་གཉིས་བཤད་པ། དེ་དག་གི་དོན་རང་ལས་འབྱུང་བར་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། རྣམ་པར་ངེས་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། རྩ་བའི་ཐ་མ་དཔེས་ཆེ་བའི་དོན་ངེས་པར་མན་ངག་ཡིན་པ་དང་རྒྱུད་ཀྱི་ཆེ་བ་ཐུན་མོང་དུ་བསྟན་པ་གང་སྙམ་པ་ལ། ལང་ཀའི་བདག་པོ། ཞེས་སྡུད་པ་པོ་ལ་བོས་ནས་རྩ་བའི་དཔེ་གསུམ་གྱིས་མཚོན་ནས་ཐ་མ་དོན་མཐོང་བའི་ཚུལ་གྱིས་ངོ་བོ་ངེས་པར་བསྟན་པ་འདི་ཉིད་ནི་འདི་ལྟར། རྒྱུད་ཀྱི་རྒྱལ་པོ་འདིའི་དོན་ཕུན་སུམ་ཚོགས་པ་ཉིད་ཡིན་པར་ངེས་པའི་རྩ་བ་བདུན་གྱི་ངོ་བོ་ཡིན་པས་ཁྱད་པར་དུ་འཕགས་པ་དང་། དེས་ན་མན་ངག་ཨ་ཏི་ཡོ་གའི་ཐེག་པ་ཡང་ཡིན་པར་མངོན་པས་ངེས་པའི་གཏན་ཚིགས་ཀྱི་རྩ་བ་བསྡུས་པ་འདི་དག་གིས་རྒྱུད་ཀྱི་དོན་མ་ནོར་བ་དེ་ལ་བརྟགས་ཤིང་དཔྱད་པས་དོན་དེ་ཉིད་ཇི་ལྟ་བ་དེ་བཞིན་དུ་མཐོང་ནས་ཡང་དག་པར་རྟོགས་པ་ན། མཐོང་བ་པོ་ཡི་སྐྱེས་བུ་དེ་ཉིད་དེ་ལྟ་བུའི་གསང་དོན་ཟབ་མོ་རྣམ་པར་ངེས་ཏེ་མི་འགྱུར་བར་གདེང་དུ་ཆུད་པ་ཡིན་པས་མིང་ཡང་འགྲུབ་བོ། །གཉིས་པ་ལ་བདུན་ཏེ། ཐེག་པའི་ཡང་རྩེ་ཡིན་པར་ངེས་པའི་ཆེ་བ། རྒྱུད་ཀྱི་རྒྱལ་པོ་ཡིན་པར་ངེས་པའི་ཆེ་བ། ལུང་གི་སྤྱི་འགྲེལ་ཡིན་པར་ངེས་པའི་ཆེ་བ། མན་ངག་གི་རྩ་བ་ཡིན་པར་ངེས་པའི་ཆེ་བ། བསྟན་པའི་འབྱུང་གནས་ཡིན་པར་ངེས་པའི་ཆེ་བ། དོན་གྱི་མཇུག་སྡུད་ཡིན་པར་ངེས་པའི་ཆེ་བ། ཆོས་ཐམས་ཅད་ཀྱི་མེ་ལོང་ཡིན་པས་ངེས་པའི་ཆེ་བ་བཤད་པའོ། །དང་པོ་ནི། གླིང་དང་རི་བོ། ཞེས་པ་ནས། ཆེན་པོ་ཉིད་མཐོང་གསལ། །ཞེས་པའི་བར་གྱིས་བསྟན་ཏེ། དཔེར་ན་ཡུལ་གླིང་དང་ས་ཁམས་རི་བོ་དང་མཐའི་མུ་ཁྱུད་དང་བཅས་པ་ཐམས་ཅད། རི་རབ་ལྷུན་པོའི་རྩེ་མོ་ཉིད་ནས་བལྟས་ན། ཐམས་ཅད་ཀུན་གསལ་བ་དང་། ཁོབས་འོག་ཏུ་ཆུད་པ་དང་། མར་ལྟ་བའི་ཡུལ་ཁོ་ནར་མཐོང་བ་ལྟར། གྲངས་ཀྱི་བཀོད་པ་ཇི་སྙེད་དུ་སྣང་བའི་ས་དང་། ཐེག་པའི་རྣམ་གྲངས་དེ་སྙེད་ཐམས་ཅད་ཀུན་ཀྱང་། གསང་སྔགས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཐེག་པ་ཆེན་པོ་ཇི་བཞིན་པ་རང་བྱུང་ལྷུན་གྱིས་གྲུབ་པའི་དོན་འདི་ཉིད་ཡང་དག་པར་མཐོང་ཞིང་རྟོགས་ན། དེ་དག་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བ་དང་། དམའ་བས་ཁོབས་འོག་ཏུ་ཆུད་པ་དང་། མར་ལ་ལྟ་བ་ཁོ་ནར་སྣང་བ། དེ་ལྟར་ངེས་པར་འདོགས་པའི་སྒོ་ནས་ཡི་གེ་འདི་ཡང་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པར་ངེས་པའོ། །གཉིས་པ་ནི། འཇིག་རྟེན་འོད་ཀྱི། ཞེས་པ་ནས། ཆེན་པོ་དེ་ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དཔེར་ན་འཇིག་རྟེན་འོད་ཐམས་ཅད་ཀྱི་རྒྱལ་པོ་ནི། གཟི་ལྡན་གསལ་བའི་ཉི་མ་ཡིན་པ་ལྟར། ལམ་དང་འབྲས་བུའི་ཆོས་རྣམས་ཀུན་སྒྲོ་སྐུར་མེད་པར་བྱང་ཆུབ་ཀྱི་སེམས་ལ་བྱེ་བྲག་མ་འདྲེས་པར་ངོ་བོ་ཡོངས་སུ་རྫོགས་པར་འདུས་ཤིང་གསལ་ལ་འོག་མ་རྣམས་ཟིལ་གྱིས་གནོན་པ་ཉིད་པས། བསྟན་པ་ཀུན་སྣང་ཞིང་རིལ་གྱི་བདག་ཉིད་ཆེན་པོ་དེ་ཉིད་ཡིན་པའི་ཕྱིར། དེ་ལྟར་འདོགས་པའི་ཡི་གེ་འདི་ཡང་། རྒྱུད་དམ་ལུང་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱ་བ་ཉིད་དོ། །གསུམ་པ་ནི། གོ་སྐབས་ཆེན་པོ། ཞེས་པ་ནས། བརྗོད་ཀུན་གསལ་བར་འགྲེལ། །ཞེས་པའི་བར་གྱིས་བསྟན་ཏེ། དཔེར་ན་གོ་སྐབས་ཆེན་པོ་འབྱེད་པའི་ནམ་མཁའ་ནི། ཕྱོགས་ལྷུང་བྲལ་བ་དང་། རང་བཞིན་སྟོང་བ་དང་། སྒོ་མི་འགག་པ་ཉིད་པས་འབྱུང་བ་ཆེན་པོ་བཞི་ཡི་དངོས་པོ་སོགས་ཀུན་གྱི་གོ་འབྱེད་ནས་ཐམས་ཅད་མ་སྒྲིབ་པ་སྣང་བ་ལྟར། བྱང་ཆུབ་ཀྱི་སེམས་བསྟན་ཅིང་བརྟགས་པར་དཀའ་བས་རང་བཞིན་གསང་བ་དེ་ཉིད་རིལ་གྱི་བཅུད་ཆེན་པོ་རྫོགས་ཤིང་དགོངས་པ་ཀུན་འདུས་པའི་དོན་དུ་གྱུར་བས་རང་རིག་པ་དེ་ཉིད་ཀྱང་ཕྱོགས་ལྷུང་དང་བྲལ་ཞིང་ངོ་བོ་རིས་སུ་མི་ཟིན་པར་བརྗོད་བྱ་དང་རྗོད་བྱེད་ཐམས་ཅད་ཀྱི་སྒོ་མི་འགག་པ་ཉེད་ཀྱིས་ཐེག་པ་སོ་སོས་བརྗོད་པའི་བསྟན་པ་ཐམས་ཅད་ཀྱི་བཀའ་ཡི་བརྗོད་པ་ཀུན་གྱི་དོན་ལྡེའུ་མིག་གསུམ་གྱིས་འབྱེད་ཅིང་གསལ་བར་འགྲེལ་བས་ན་ལུང་ཐམས་ཅད་ཀྱི་སྤྱི་འགྲེལ་ཡིན་ནོ། །བཞི་པ་ནི། གང་གིས་བཀའ་ཡི། ཞེས་པ་ནས། གང་ལའང་བརྩལ་མི་དགོས། །ཞེས་པའི་བར་གྱིས་བསྟན་ཏེ། དཔེར་ན་བློན་པོ་ལྟ་བུ་མི་གང་སུ་ཞིག་གིས་རྒྱལ་པོ་ཆེན་པོའི་བཀའ་ཡི་གསང་ལུང་ཚད་མ་དང་རྒྱ་རྟགས་ངེས་པར་ཐོབ་ན། མི་གང་གཞན་དམན་པ་སུ་ལ་ཡང་རག་མ་ལས་པར་རྒྱལ་པོའི་གྲོས་ལ་དབང་བསྒྱུར་བ་ལྟར་དུ། བསྟན་པའི་རྩ་བ་འདིའི་དོན་གསང་བའི་སྙིང་པོ་དབྱིངས་ལྷུན་གྲུབ་ཆེན་པོ་རྒྱལ་བའི་དགོངས་མཛོད་ཀུན་འདུས་པའི་ངོ་བོ་མ་ནོར་བར་ཁོང་དུ་ཆུབ་ན། གཞན་རྒྱུ་འབྲས་ཀྱི་ཐེག་པའི་ཚིག་གི་ཚོགས་ཇི་སྙེད་ཀྱི་སྨྲ་བ་དང་བརྗོད་པའི་ཐ་སྙད་གང་ཅི་ལའང་རྟེན་བཅའ་ཞིང་བྱ་བ་དང་འབད་པས་བརྩལ་མི་དགོས་པར་འདི་ཉིད་ཁོ་ནས་མཐར་ཐུག་གི་དོན་ལ་སྦྱོར་བས་མན་ངག་ཐམས་ཅད་ཀྱི་རྩ་བའང་ཡིན་ནོ། །ལྔ་པ་ནི། རྒྱུན་དང་བཅས་པའི། ཞེས་པ་ནས། ཟབ་མོའི་དབྱིངས་ནས་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། དཔེར་ན་རྒྱུན་དང་བཅས་པའི་འབྱུང་བ་ཆེན་པོ་བཞི་རྩི་ཤིང་དང་བཅས་པ་རྣམས་དུས་ཐམས་ཅད་དུ་བར་མ་ཆད་པར་རྒྱུའི་ངོས་ནས་འབྱུང་བ་ནམ་མཁས་གོ་ཕྱེ་ཞིང་ནམ་མཁའི་ངང་ལས་འབྱུང་ཞིང་སྣང་བ་ཡིན་ལ། དེ་བཞིན་དུ་རྒྱུ་དང་འབྲས་བུའི་བསྟན་པ་ཇི་སྙེད་པ་གདུལ་བྱ་ལ་སྨྲ་བརྗོད་འབྱུང་བའི་ཐེག་པར་སྣང་བ་མ་ལུས་པ་རྣམས་ཀྱང་དེ་ཉིད་ཇི་བཞིན་པར་ངེས་པའི་ལུང་ཟབ་མོའ་ི་བཀའ་གསང་གཏིང་དཔག་དཀའ་བ་འདིའི་དབྱིངས་ནས་བྱིན་རླབས་ཀྱིས་ཤར་ནས་ཁྱབ་གདལ་དུ་འབྱུང་བས་ན་བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཀྱང་ཡིན་ནོ། །དྲུག་པ་ནི། དོན་དུ་བྱ་བའི། ཞེས་པ་ནས། དེ་བཞིན་ཉིད་དུ་འདུས། །ཞེས་པའི་བར་གྱིས་བསྟན་ཏེ། དཔེར་ན། འཇིག་རྟེན་གྱི་བསྒྲུབ་བྱ་ཁེ་སྤོགས་ལ་སོགས་པ་དོན་དུ་བྱ་བའི་རྣམ་གྲངས་མང་པོ་ཇི་སྙེད་ཀུན་བྱེད་པ་ཡང་། མཐར་གྱིས་འབྲས་བུ་གང་གྲུབ་པར་གྱུར་པ་ཐམས་ཅད་རང་ཁྱིམ་དུ་སྡུད་པས་ཐ་མ་དེར་འདུས་པ་ལྟར། རྒྱལ་བའི་བཀའ་ཡི་ཚིག་གི་རྣམ་གྲངས་མང་པོ་ཐེག་པ་དགུ་ལ་སོགས་པ་གདུལ་བྱའི་བློ་རིམ་ཇི་ལྟ་བར་རྒྱ་ཆེར་སྤྲོས་ཏེ་རྒྱས་པར་བརྗོད་ཅིང་བཤད་པར་མཛད་མོད་ཀྱང་། དེ་རྣམས་ཐམས་ཅད་ཀུན་དོན་གྱི་ངོ་བོ་གསང་སྔགས་ཇི་བཞིན་པ་དེ་བཞིན་ཉིད་ཀྱི་ངང་དུ་ཇི་ལྟ་བ་བཞིན་རྟོགས་པ་ན། ཀུན་འདུས་ཤིང་རྫོགས་པས་དེར་མ་འདུས་པ་མེད་པས་ན། རྒྱུད་འདི་ཉིད་དོན་ཐམས་ཅད་ཀྱི་མཇུག་སྡུད་ཀྱང་ཡིན་ནོ། །བདུན་པ་ནི། མེ་ལོང་གསལ་བའི། ཞེས་པ་ནས། རང་བཞིན་གསལ་བར་བྱེད། །ཅེས་པའི་བར་གྱིས་བསྟན་ཏེ། དཔེར་ན་མེ་ལོང་གསལ་བའི་སྙིང་པོས་ནི། བྱད་བཞིན་གྱི་གཟུགས་བརྙན་པ་གསལ་བར་སྟོན་པ་ལྟར། དེ་ཁོ་ན་ཉིད་གསང་བའི་སྙིང་པོ་འདིའི་དོན་ཡེ་གསལ་ཆེན་པོའི་ངང་དུ་གདལ་བའི་ཆོས་ཀྱི་མེ་ལོང་གིས། དངོས་པོ་དང་དངོས་པོ་མེད་པའམ་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་ཀུན་གྱི་རང་བཞིན་མ་ནོར་བ་ཉིད་ཇི་ལྟ་བ་བཞིན་དུ་གསལ་བར་བྱེད་པས་ན། ཆོས་ཐམས་ཅད་ཀྱི་མེ་ལོང་ཡང་ཡིན་ནོ། །གཉིས་པ་ནི། ཀུན་གྱི་རྩ་བ། ཞེས་པ་ནས། བྱ་བ་ག་ལ་ཡོད། །ཅེས་པའི་བར་གྱིས་བསྟན་ཏེ། མན་ངག་ཡིན་པའི་རྗེས་སུ་ངེས་པའི་དོན་དྲུག་གིས་དེ་ཉིད་གསལ་བར་བསྟན་པའི་ཕྱིར། ཆོས་སོ་ཅོག་ཀུན་གྱི་གཞི་དང་རྩ་བ་སེམས་ཀྱི་ཆོས་ཉིད་འོད་གསལ་བ་ཉིད་རང་བྱུང་དུ་ཤར་བས་ན། ཐམས་ཅད་ཀྱི་ངོ་བོ་ལ་རང་བཞིན་གྱི་གཏན་ཚིགས་དང་ཆོས་ཉིད་ཀྱི་རིགས་པའི་དོན་གྱིས་བྱ་བ་ཐམས་ཅད་དང་བྲལ་བས། རང་བཞིན་ཅིས་ཀྱང་མ་བཅོས་པར་ངེས་ཏེ། མདོར་ན་ཆོས་ཐམས་ཅད་ཀྱི་རང་བཞིན་མ་བཅོས་པར་ངེས་པ་སྟེ། ངེས་པ་དང་པོའོ། །སྤྱོད་ཡུལ་ཀུན་མ་འདྲེས་ཡོངས་རྫོགས་སུ་ཤེས་པའི་རིག་པ་ཕྱོགས་ལྷུང་མེད་པ་ཉིད་གཉིས་མེད་ཡེ་ཤེས་ཆེན་པོའི་ཀློང་དུ་མི་འགག་པར་གསལ་བའི་ཉི་མ་འཆར་ནུབ་མེད་པར་གདལ་བས་ཆོས་སོ་ཅོག་ཀུན་རང་འོད་གསལ་བར་སྣང་བས་ཕྱོགས་ཀུན་ཡོང་གིས་འོད་གསལ་བར་མཐོང་བས་ན་ཡོང་གིས་འོད་གསལ་བར་ངེས་པ་སྟེ། གཉིས་པའོ། །དངོས་པོ་གཉིས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་དེར་འདུས་པས་ལྷག་མ་མེད་པར་སངས་རྒྱས་པ་ལ། མཐའ་གང་གིས་ཀྱང་མ་བསྒོས་ཏེ། དངོས་པོ་མེད་པའི་དེ་ཉིད་ཆེན་པོ་འབའ་ཞིག་ངོ་བོ་ཉིད་དུ་གསལ་བར་ཟད་པས། ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་ངང་དུ་ངེས་ཏེ། བདག་ཉིད་ཆེན་པོ་གཅིག་ཏུ་ལྷུན་གྱིས་གྲུབ་པར་ངེས་པ་སྟེ་གསུམ་པའོ། །ཆོས་ཉིད་མ་བཅོས་མ་བསླད་པའི་ངོ་བོ་དེ་བཞིན་ཉིད་དུ་ནི་ཡུལ་སེམས་སྣང་ཞེན་ཀུན་གྱི་རང་བཞིན་མཉམ་པར་གཅིག་པས། ལོག་ཞེན་ལ་གཉིས་སུ་སྣང་ཞིང་ཡུལ་དུ་བྱ་བའི་ཆོས་སོ་ཅོག་ཀུན། མ་སྤངས་པར་ཆོས་ཉིད་དུ་ནུབ་པ་ལ་ཐ་སྙད་ཅི་ཡང་མེད་པར་སྤྲོས་པ་ཀུན་དང་བྲལ་བའི་ཕྱིར་འཁོར་བ་ཆོས་ཉིད་དུ་ངེས་པ་སྟེ་བཞི་པའོ། །རྒྱུ་སེམས་ཅན་གྱི་སྒོ་གསུམ་ཉིད་སྣང་ལ་ངོ་བོ་མེད་པས་ཆོས་སྐུ་ཆེན་པོའི་འབྲས་བུར་ཡེ་རྫོགས་སུ་གསལ་བས། ཐོབ་ལྟུང་ལ་རེ་དོགས་གཉིས་དང་བྲལ་ཏེ། རྒྱུ་འབྲས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དུ་ངེས་ཏེ་རྒྱུ་ཉིད་འབྲས་བུར་རྫོགས་པར་ངེས་པ་སྟེ་ལྔ་པའོ། །བཟང་ངན་དང་སྐྱོན་ཡོན་སྣང་གྲགས་ཀྱི་ཆོས་ཐམས་ཅད་དོར་བར་བྱ་བའི་དངོས་པོ་མེད་པར་གསང་བ་ཆེན་པོ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། དཀྱིལ་འཁོར་རྣམ་གསུམ་གྱི་ངོ་བོ་ཉིད་པས་གཞན་ནས་བླང་བར་བྱ་བ་ག་ལ་ཡོད་དེ་སྤང་བླང་གི་ཐ་སྙད་མ་སྤངས་ཡེ་ནས་བྲལ་བས་ན། སྐྱོན་དང་ཡོན་ཏན་བླང་དོར་མེད་པ་ངེས་པ་སྟེ་དྲུག་པའོ། །གསུམ་པ་ནི། མཐོང་ཟིན་སྦྱངས་ཟིན། ཞེས་པ་ནས། རྙེད་པ་ཉིད་ལས་བྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། ཁས་བླངས་པའི་ཟིན་པ་དྲུག་གི་དོན་རྗེས་སུ་བསྟན་པ་གང་ཞེ་ན། ཡེ་ཤེས་ཆེན་པོ་རྒྱུན་ཆད་མེད་པར་རང་གསལ་བས་ཆོས་ཉིད་ཀྱིི་ནམ་མཁའ་མཐོང་ཟིན། ཐུགས་རྗེ་ཆེན་པོའི་རྒྱུན་དུ་འཆར་ཏེ། རྡོ་རྗེ་མཚོན་གྱིས་སྒྲིབ་པ་ཐམས་ཅད་ཡེ་ནས་བསྒྲལ་བས་འཁོར་བའི་སྡུག་བསྔལ་སྦྱངས་ཟིན། ཕྲིན་ལས་ལྷུན་གྱིས་གྲུབ་པས་སེམས་ཅན་རིལ་སངས་རྒྱས་ཀྱི་ས་ལ་མ་བཀོད་པར་རྫོགས་པའི་ཕྱིར་འགྲོ་བའི་དོན་བྱས་པ་ཟིན། སྐུ་དང་ཡེ་ཤེས་ཀྱི་འབྲས་བུ་རང་རིག་པ་ལ་ལྷུན་གྱིས་རྫོགས་ཏེ་དངོས་པོ་ཐམས་ཅད་ཆོས་ཉིད་དུ་ཤར་ནས་སྨོན་ལམ་རྒྱུན་དུ་གྲུབ་པས་འདོད་པ་གྲུབ་ཟིན། ཡེ་ཤེས་ཆེན་པོ་ལ་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་སྟེ་བདག་ཉིད་ཆེན་པོ་ཟླ་མེད་པར་བྱུང་བས་ཡོན་ཏན་གྱི་ཆེ་བ་སྤྱོམ་པ་ཟིན། དེ་བཞིན་དུ་ཁམས་གསུམ་སངས་རྒྱས་ཀྱི་ས་རུ་གྲོལ་ཏེ་ཆོས་ཅན་ཆོས་ཉིད་དང་། སེམས་ཅན་མྱང་འདས་སུ་ཤར་བ་ལ་འབྲས་བུ་གཞན་དུ་རག་མ་ལས་པས་དངོས་གྲུབ་ཆེན་པོ་གྲུབ་ཟིན་པས་དོན་བླ་ན་མེད་པ་ཡང་། ཡེ་ནས་དེ་ལྟ་བུའི་ངོ་བོ་ཉིད་དུ་གནས་པ་ཇི་ལྟ་བར་རྟོགས་ཏེ་གསང་བ་མཆོག་གི་དེ་ཁོ་ན་ཉིད་ཀྱི་ཉམས་རྙེད་ནས་གདེང་དུ་ཆུད་པ་ཉིད་ལས་སྐྱེས་ཆེན་དམ་པ་ལ་དེ་ལྟར་འབྲས་བུའི་དོན་རྣམས་རང་བྱུང་རང་ཤར་དུ་འཆར་བའོ། །དེ་ཉིད་ཅུང་ཟད་རྒྱས་པར་བཤད་ན། ཁྱུང་ཆེན་ལས། ཟིན་པས་ཆགས་དང་བྲལ་ཡང་ཞི། །དངོས་པོ་མེད་དང་རྣམ་པར་སྤངས། །བདུད་རྩི་ཆེན་པོའི་རང་བཞིན་ལ། །གཟའ་བའི་ཐབས་ལ་རག་པ་མེད། །ཅེས་དང་། རིན་པོ་ཆེ་ཀུན་འདུས་ལས། དེ་བཞིན་ཡེ་ནས་བདུད་རྩིས་ཟིན་པ་ལ། །བྱས་པས་ཟིན་པར་ཡོང་མི་འགྱུར། །མ་ལུས་ཟིན་པར་གྱུར་ཏེ་དབྱིངས་རྟོགས་ན། །རྣམ་པར་ཀུན་བྱས་བྱང་ཆུབ་མཆོག་གི་ངང་། །ཞེས་གསུངས་པ་ལྟར། རང་རིག་པ་ལྷུན་གྱིས་རྫོགས་པའི་དེ་བཞིན་ཉིད་མ་ནོར་བར་རྟོགས་ན། སེམས་ཅན་སངས་རྒྱས་བཀོད་པས་འགྲོ་དོན་ཡེ་ནས་བྱས་ཟིན། རང་བྱུང་དེ་བཞིན་ཉིད་ལ་རྒྱལ་བ་རིལ་མ་འདྲེས་ལ་ཡོངས་སུ་རྫོགས་པས་དཀྱིལ་འཁོར་ཡེ་ནས་བཀོད་ཟིན། སྟོང་གསུམ་ཡོངས་གྲོལ་གྱི་རང་བཞིན་པས། མཆོད་པ་ཡེ་ནས་ཕུལ་ཟིན། ཅི་བྱས་སངས་རྒྱས་ཀྱི་མཛད་པ་སྟེ་ཀུན་ཏུ་བཟང་པོའི་མཛད་པར་མ་གྱུར་པ་མེད་པས་སྤྱོད་པ་ཡེ་ནས་སྤྱད་ཟིན། ཐམས་ཅད་ཡེ་ཤེས་ཆེན་པོར་འཛིན་རྟོག་མེད་པར་རང་གསལ་བ་ལྟ་བས་རྟོགས་ཟིན། བདེ་བ་ཆེན་པོའི་ངང་ལ་དུས་གསུམ་དུ་འབྱུང་འཇུག་བྲལ་བས། བསྒོམ་པ་བྱས་ཟིན། ཇི་ལྟར་བྱས་ཀྱང་ཐེག་པ་ཆེན་པོ་ལས་འདའ་བ་མེད་པས་དམ་ཚིག་བསྲུངས་ཟིན། ལྷུན་གྱིས་རྫོགས་ཏེ་དོན་གཞན་དུ་མ་ལུས་པས་བསྒྲུབ་པ་བྱས་ཟིན། སྣང་སྲིད་སྐུ་དང་ཡེ་ཤེས་སུ་རང་ཤར་བས་དངོས་གྲུབ་ཐོབ་ཟིན། སྐུ་གསུམ་བྱང་ཆུབ་ཀྱི་སེམས་ཉིད་པས་ཚོགས་རྫོགས་ཟིན། དུས་གསུམ་མཉམ་པ་ཉིད་ཀྱི་ཀློང་ལས་མ་ཉམས་པས་དངོས་གྲུབ་བརྩམས་ཟིན། ཡེ་ཤེས་རང་བྱུང་རྒྱལ་པོ་བགྲོད་དུ་མེད་པས་ས་ནོན་ཟིན། ཐམས་ཅད་བདག་ཉིད་ཆེན་པོར་སྣུམས་པས་དབང་རྫོགས་ཟིན། དེ་ལྟར་མཐའ་མ་སྤངས་པའི་ཡེ་ཤེས་གང་དང་ཡང་ལྷན་མི་གཅིག་པས། སྒྲིབ་པ་སྦྱངས་ཟིན། ཅིར་སྣང་ཕྱག་རྒྱའི་ངོ་བོ་བས། ཕྱག་རྒྱ་བཅིངས་བསྒོམས་བྱས་ཟིན། སྒྲར་སྣང་བ་རྒྱལ་བའི་གསུང་ཡིན་པས་བཟླས་བརྗོད་བྱས་ཟིན། ཡེ་གཉིས་སུ་མེད་པའི་གཟུངས་ཀྱི་རྒྱལ་མོ་དང་འདུ་འབྲལ་མེད་པས་སྦྱོར་བ་བྱས་ཟིན། བྱུང་ཚོར་རྟོག་པ་ཡེ་ཤེས་སུ་གསལ་བ་ལ་རྣམ་རྟོག་མིང་མེད་པས་བསམ་སྐྱོན་བཅོས་ཟིན། རང་བྱུང་ཆེན་པོ་ཅིར་ཡང་མ་འགགས་པར་ཤར་བས་རྟགས་ཐོན་ཟིན། རང་རིག་མཉམ་པའི་ཀླུང་དུ་གཉིས་མེད་པས་དྲོད་རྙེད་ཟིན། དེ་ལྟར་ཟིན་པའི་དོན་ཉི་ཤུས་གཏན་ལ་ཕེབས་ཟིན་པ་ལ། སུ་ཞིག་གིས་གང་ཞིག་ལ་བརྩལ་ཏེ། རྩོལ་བ་པོ་དང་བཙལ་བ་ཀ་ནས་དག་གོ། །ཞེས་བསམ་གཏན་མིག་གི་སྒྲོན་མ་ལས་གསུངས་པ་སོགས་རྫོགས་པ་ཆེན་པོའི་གཞུང་ལས་ཤེས་པར་བྱ་སྟེ། བདེ་འབྱམས་ལས་ཀྱང་། བྱ་བ་མེད་པས་ཐིག་ལེ་བདེ། །དུས་གསུམ་མེད་པས་ཐིག་ལེ་བདེ། །བརྩལ་དུ་མེད་པས་ཐིག་ལེ་བདེ། །བརྩོལ་བར་འདོད་པས་དབྱིངས་མི་བསྐྱོད། །ཅེས་སོགས་ཚད་མེད་དོ། །བཞི་པ་ནི། ཀུན་བརྟགས་ཀུན་ཉིད། །ཅེས་པ་ནས། གཅིག་ལས་མེད་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། མན་ངག་གཏན་ལ་དབབ་པའི་གཏན་ཚིགས་ཀྱི་དོན་བསྟན་པའི་ཕྱིར། ཚིགས་བཅད་གཅིག་དང་རྐང་པ་གཉིས་འདི་གསུངས་ཏེ། འདི་དག་སྤྱིར་ཐུན་མོང་གི་ཀུན་རྫོབ་ཀྱི་བདེན་པ་བརྟགས་པས་དབེན། མཐུན་པར་སྣང་། དོན་བྱེད་ནུས་ཞེས་པ་གསུམ་དང་། ཡང་དག་ལོག་པའི་ཀུན་རྫོབ་གཉིས་དང་། མདོར་ཀུན་རྫོབ་སྒྱུ་མ་གཅིག་ལྟ་བུར་སྣང་ན་ཡང་། འདིར་མན་ངག་ཟབ་མོའི་དོན་གྱིས་ངང་རང་བཞིན་བདག་ཉིད་ཆེན་པོ་གསུམ་དུ་འགྱུར་ཏེ། དངོས་པོ་གཉིས་པ་རིལ་ལྷག་པའི་རྣལ་འབྱོར་གྱི་ལུགས་ཀྱིས། ཀུན་ཏུ་བརྟགས་ཏེ་ཡུལ་དུ་ཞེན་པའི་ཆོས་སྣ་ཚོགས་སུ་སྣང་བ་བཟང་ངན་གཉིས་ཀའི་ངོ་བོ་ཀུན་བརྡ་ཡིས་ཕྱི་རོལ་དུ་འཛིན་ཅིང་ཞེན་པ་རིལ་དང་བཅས་པ་ཉིད་སྣང་རྟོག་བདོ་ཙམ་ན་མཉམ་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལྷུན་གྱིས་གྲུབ་པའི་ངང་དུ་མཐའ་གང་གིས་ཀྱང་མ་རེག་པར་གསལ་བ་ནི་དབེན་པ་ཆེན་པོ་ཡིན་པས་ན་རང་བཞིན་ལྷུན་གྱིས་གྲུབ་པའི་སྣང་བའོ། །དེས་ན་ཀུན་ཏུ་བརྟགས་པའི་ཆོས་ཀུན་མི་རྟོག་པར་གསལ་བས་དབེན་ལ་དེས་ཀུན་ལ་ཁྱབ་པས་སྣང་བ་སྟེ། མ་གཡོས་པར་མཚོན་པ ས་ངང་གི་གཏན་ཚིགས་དང་། དེ་ལྟ་བུའི་ངང་ཆེན་པོ་དེ་ནི་ངོ་བོ་ཐམས་ཅད་པའི་ཕྱིར་གང་དང་ཡང་མི་ཕྱེད་པས་ཀུན་ལ་སྦྱོར་ཞིང་ཀུན་ཏུ་སྣང་བ། དེ་ཉིད་རང་བཞིན་སྣ་ཚོགས་སུ་ཤར་བས་ཆོས་བཟང་བ་དང་ངན་པ་འཁོར་བ་དང་མྱ་ངན་ལས་འདས་པ་ཇི་སྙེད་དུ་སྣང་ལ་མ་འགག་པར་ཤར་ཡང་། ངང་གིས་དོན་གྱིས་རང་རང་གི་བྱས་པ་སྣ་ཚོགས་པས་འགྲོ་བའི་དོན་གྱིས་བྱ་བ་བྱེད་ནུས་པ་རྣམས་ནི་རང་བཞིན་གྱི་ཆོས་སུ་གནས་པས་ཅིར་ཡང་སྣང་བར་མཚོན་པ་རང་བཞིན་གྱི་གཏན་ཚིགས་དང་། དེ་ལྟ་བུའི་ངང་དང་རང་བཞིན་གཉིས་སུ་མེད་པའི་དོན་འདིར་ཐེ་ཚོམ་ཆད་ནས་ཐབས་ཁྱད་པར་ཅན་གྱིས་རྟོགས་པའི་གདེངས་རྙེད་དེ་རང་བཞིན་ངང་དུ་ཕེབས་པས། དངོས་པོ་ཐ་དད་པ་ཐམས་ཅད་རང་བྱུང་ཡེ་ཤེས་བདག་ཉིད་ཆེན་པོའི་ངོ་བོར་གཅིག་ཏུ་མཐུན་པར་རང་སྣང་ཞིང་ལྷག་པའི་ཆོས་སྐུ་ཆེན་པོར་གསལ་བ་ལ་དབྱེར་མེད་མཚོན་པ་བདག་ཉིད་ཆེན་པོའི་གཏན་ཚིགས་ཞེས་བྱ་སྟེ། ཕྱོགས་ཐ་དད་པའི་ཡུལ་དུས་ཀྱི་སྣང་བའི་རིས་དང་བྲལ་བའོ། །དེ་ལྟར་ཡང་། ཡེ་ཤེས་གསང་བ་ལས། བྱང་ཆུབ་སེམས་ཀྱིི་ངོ་བོ་ནི། དམན་པའི་སེམས་ཀྱིས་མི་རྟོགས་ཏེ། །གཏན་ཚིགས་གསུམ་གྱིས་ཤེས་པར་བྱ། །ངང་ནི་རིག་པ་གསལ་བ་སྟེ། །རང་བཞིན་རིག་པ་ཅིར་ཡང་སྣང་། །བདག་ཉིད་སྣང་སྟོང་ཐ་དད་མེད། །བསྒྲུབ་བྱ་དག་གི་རང་བཞིན་ནི། །འཁྲུལ་པ་བྱང་ཆུབ་སེམས་སུ་ཤེས། །ཞེས་སོ། །མདོར་ན་ཨ་ཏི་ཡོ་གའི་ཆོས་རྣམ་གྲངས་ཇི་སྙེད་དུ་བཤད་པ་ཀུན་གྱི་མདོ་དེ་གསུམ་ཉིད་ཁོ་ན་ལ་འདུས་ཤིང་། ཡང་ན་དཔེ་དོན་རྟགས་གསུམ་གྱིས་མཚོན་པར་ཡང་རུང་ལ། ལར་ནི་རང་བཞིན་ངང་དུ་ཕེབས་པས་མ་དམིགས་པའི་ཕྱིར། ངང་དང་བདག་ཉིད་ཆེན་པོ་གཉིས་ཉིད་ཁོ་ནར་ཟད་པའམ། ཀུན་ཏུ་བཟང་པོ་དང་བཟང་མོའམ། དབྱིངས་དང་ཡེ་ཤེས་གཉིས་སུ་འདུས་པར་ཡང་རུང་ངོ་། །ངེས་པར་རང་བྱུང་གི་ཡེ་ཤེས་བདག་ཉིད་ཆེན་པོ་གཅིག་ལས་མེད་པ་ཡིན་པས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དེར་ལྷུན་གྱིས་རྫོགས་པ་ལས་གཞན་རྡུལ་ཙམ་གྱིས་ཐ་སྙད་གདགས་པར་བྱར་ཡང་མེད་དེ། སྔ་མ་ལས། བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས། །ཐམས་ཅད་བྱང་ཆུབ་སེམས་སུ་ཤེས། །གང་ལྟར་གནས་ཀྱང་ཆོས་ཉིད་དོ། །ཞེས་སོ། །ཡང་ན་གཏན་ཚིགས་དྲུག་སྟེ། ངང་གིས་དབེན་པའི། དོན་བྱེད་ནུས་པའི། མཐུན་པར་སྣང་བའི། ངང་རང་བཞིན་བདག་ཉིད་ཆེན་པོ་གསུམ་དུ་འདུས་པའི། དབྱིངས་དང་ཡེ་ཤེས་གཉིས་སུ་འདུས་པའི། བདག་ཆེན་པོ་གཅིག་ལས་མེད་པའི་གཏན་ཚིགས་རྣམས་སོ། །ལྔ་པ་ནི། ཐམས་ཅད་འདིར་འདུས། ཞེས་པ་ནས། ཉིད་དེ་ཀུན་གྱི་མདོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། དོན་གྱིས་གང་ཡང་མ་བཀོལ་བ་ཆེན་པོ་ནི་ཐམས་ཅད་ཀྱི་གཞིར་གྱུར་པས་སེམས་ཉིད་གསང་བའི་སྙིང་པོ་འདིར་ཆོས་ཀུན་འདུས་པའི་བདག་ཉིད་ཆེན་པོའི་ངོ་བོ་སྟེ། དེ་བས་ན་ཆོས་ཐམས་ཅད་ཀྱང་འདི་ལས་བྱུང་བས་ཀུན་གྱི་འབྱུང་གནས་སུ་གྱུར་པའི་མ་ནོར་ངེས་པའི་རྩ་བ་འདི་ཡི་དོན་ཇི་བཞིན་དུ་ཤེས་ཤིང་རྟོགས་ནས་གོམས་པར་བྱས་ན། དབུགས་དལ་བ་ལྟ་བུ་སྦྱོར་བ་ནང་གི་དྲོད་དང་། ལུང་སྟོན་པ་ལྟ་བུ་མཚན་མ་ཕྱིའི་དྲོད་དང་། ལྟ་བ་རྟོགས་པ་ལྟ་བུ་རིག་པ་རང་བཞིན་གྱི་དྲོད་དང་། ལམ་གོང་འོག་ཀུན་རིག་པ་ལྟ་བུ་རང་བཞིན་ལུང་གི་དྲོད་དང་། རྟོགས་པའི་ངང་ལས་མི་འགྱུར་བར་གནས་པ་ལྟ་བུ་གནས་འགྱུར་ཆོས་ཉིད་ཀྱི་དྲོད་དང་། བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་ལྟ་བུ་མངོན་སུམ་མཚན་མའི་དྲོད་ཀུན་ཀྱང་འབྱུང་ལ། ཇི་ལྟར་བྱུང་ཡང་མངོན་ཞེན་མེད་པར་དངོས་སྣང་རིལ་ཡང་འཕྲལ་དུ་བློས་མ་བྱས་པར་ཆོས་ཉིད་མ་བཅོས་པའི་ངོ་བོ་ཇི་བཞིན་པ་དེ་བཞིན་ཉིད་དུ་རང་གསལ་བ་ནི། རིལ་གྱི་བདག་ཉིད་ཆེན་པོ་ཡིན་པས་དེ་ཐམས་ཅད་ཀུན་གྱི་མདོ་ཆེན་པོ་ཤིན་ཏུ་རྣལ་འབྱོར་འདི་ཉིད་ཡིན་པ་བདུན་གྱིས་ཉམས་སུ་མྱོང་ན་དྲོད་རྟགས་དང་རྟོགས་པ་ཡོངས་ཀྱི་རྩ་བ་རྒྱལ་བའི་དགོངས་པ་ཀུན་འདུས་པའི་དོན་བླ་ན་མེད་པར་བསྟན་པ་ཡིན་ནོ། །དྲུག་པ་ནི། སྒྱུ་མར་ཀུན་སྣང་། ཞེས་པ་ནས། ཡུལ་ན་བགྲོད་པ་མེད། །ཅེས་པའི་བར་གྱིས་བསྟན་ཏེ། དེའི་དོན་ལ་ཡིད་ཆེས་པ་དག་རྣམ་གྲངས་བཅུ་གཉིས་ཀྱིས་གསལ་བར་བསྟན་པའི་ཕྱིར། ཚུལ་ཇི་ལྟ་བར་མཐོང་བ་དང་རྟོགས་པའི་རྟགས་ནི། བློ་དང་ལྡན་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་ན། ཡོན་ཏན་ཀྱང་སྒྱུ་མར་དུས་ཀུན་ཏུ་སྣང་བས་སྐྱོན་ལ་དངོས་གཞི་མེད་པར་ཡིད་ཆེས། བྱམས་པ་ལ་ཆགས་པ་མེད་པས་སྡང་བ་ལ་ཡིད་མི་འཁྲུག་པར་ཡིད་ཆེས། སྣང་སྲིད་ཆོས་ཉིད་ཀྱི་ནམ་མཁའི་ངང་ལ་རོ་གཅིག་ཏུ་གནས་པར་རྟོགས་པས་དངོས་པོ་ལ་རང་བཞིན་མེད་པར་ཡིད་ཆེས། རིག་པ་སྣང་བའི་སྤྱོད་ཡུལ་དང་བྲལ་ཏེ་མཚན་མར་བརྟག་ཏུ་མེད་པ་ཉིད་པས་ཡུལ་སེམས་ཀྱི་དངོས་པོ་དང་བྲལ་བར་ཡིད་ཆེས་པའམ། ཕུང་པོ་ལ་བརྟག་ཏུ་མེད་པས་ཀུན་གཞི་ལ་དངོས་པོ་མེད་པར་ཡིད་ཆེས། འབྲས་བུའི་རྩ་བར་ཆོས་ཉིད་ཀྱི་སྙིང་པོ་ཀུན་གཞིར་གྱུར་པས། སེམས་ཉིད་ལས་སངས་རྒྱས་གཞན་པ་ལོགས་ན་མེད་པར་ཡེ་སངས་རྒྱས་པར་ཡིད་ཆེས། དྲན་རིག་སྣ་ཚོགས་སུ་རྒྱུ་བ་ཡེ་ཤེས་ཇི་སྙེད་པར་ལྷུན་གྱིས་གྲུབ་སྟེ་དུས་གསུམ་དུ་གསལ་བ་དག་གིས། ཐུགས་རྗེ་རྒྱུན་དུ་འཆར་བར་ཡིད་ཆེས། ཡེ་ཤེས་གསལ་བའི་སྒྲོན་མར་ཡིད་ཀྱི་མེ་ལོང་ཉིད་རང་སྣང་བས་མ་རིག་པའི་མུན་པ་མིང་མེད་དུ་སེལ་བར་ཡིད་ཆེས། ཡོན་ཏན་གྱི་འབྱུང་གནས་ཡིད་བཞིན་ནོར་བུ་ལྟ་བུར་ཀུན་གཞི་ཉིད་གྱུར་པས། དངོས་གྲུབ་རང་གི་རྩལ་ཉིད་ལས་བྱུང་བར་ཡིད་ཆེས། སེམས་ཉིད་ལ་སྐྱེ་འགག་གི་འཕོ་འགྱུར་མེད་པས་སྐྱེ་ཤི་ལ་འཇིགས་པ་དང་བྲལ་བར་ཡིད་ཆེས། ངོ་བོ་ཅིར་ཡང་མ་ངེས་པར་རྟོགས་ནས་གནས་ལ་ངེས་པ་མེད་པས་འཕོ་འགྱུར་ལ་ཉམ་མི་ང་བར་ཡིད་ཆེས། མ་རྟོགས་པ་རྟོགས་པར་བྱར་མེད་པར་ཡེ་སངས་རྒྱས་པའི་དོན་དུ་ཆུབ་པས་ན་ཤེས་པ་བྱ་བརྩལ་ཀུན་དང་བྲལ་ཏེ་རྩོལ་སྒྲུབ་བྱ་མི་དགོས་པར་ཡིད་ཆེས། དོན་ངེས་ནས་གོ་བའི་ཡུལ་རྟོགས་ན་ཁམས་གསུམ་སངས་རྒྱས་ཀྱི་ཞིང་ཡིན་པས། སའི་རིམ་པ་ལ་བསྒྲོད་པ་མེད་པར་ཡིད་ཆེས་པ་རྣམས་ཀྱི་དོན་ཏོ། །བདུན་པ་ནི། དེ་ཉིད་ཆེན་པོའི་ཚིག །ཅེས་པ་ནས། དོན་ཉིད་ཉིད་ལས་བྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བུའི་མན་ངག་རིན་པོ་ཆེ་ཇི་ལྟར་སྣང་ནས་བརྒྱུད་ཚུལ་ནི། དེ་ཁོ་ན་ཉིད་ཀྱི་དོན་ཆེན་པོའི་ཡང་ཆེན་པོ་ཁྱད་པར་ཅན་གྱི་གསང་བ་ཟབ་མོ་འདིའི་ཚིག་རེ་རེར་ཡང་། རྒྱལ་བ་ཀུན་གྱི་དགོངས་པ་ལ་བརྒྱུད་དེ་དེ་ཁོ་ན་ཉིད་བྱིན་རླབས་ཀྱིས་རང་སྣང་བ་བཞིན་དང་མེ་ལོང་ལྟ་བུའོ། །རིག་འཛིན་རྣམས་ལ་རིག་པས་བརྒྱུད་པའང་ཚུལ་དེ་ཉིད་དེ་རང་གི་ངོ་བོ་རང་སྣང་བའོ། །དེ་དག་ནི་དོན་གཅིག་ལ་མཚོན་པའི་མིང་ཡང་གཅིག་གིས་ཕྱིར་ཚིག་རེ་རེར་བརྒྱུད་ཅེས་བསྙད་དེ་ཚིག་རྒྱས་པར་བསྙད་པ་མེད་དོ། །གང་ཟག་ལ་རྣ་བས་བརྒྱུད་པ་ནི། མན་ངག་གི་ཚིག་མ་ནོར་བ་དམ་པའི་མཛོད་གསུམ་དུ་བརྒྱུད་དེ་སྙན་ཁུངས་བརྒྱུད་པའི་མན་ངག་གོ། །དེ་ལྟ་བས་ན་སེམས་ཉིད་ལས་གཞན་དུ་བཙལ་ཏེ་ཐེག་པ་གཞན་གྱི་སྒོ་ནས་བློ་དང་གྲོས་དང་ཐབས་ཀྱི་རྩ་བ་གསུམ་གྱིས་རྩད་བཅད་པར་བྱས་ཀྱང་མི་རྙེད་དོ། །དེའི་ཕྱིར་མན་ངག་སྙན་ཁུངས་སུ་བརྒྱུད་པའི་གསང་བའི་དོན་ནི་གསང་སྔགས་ཀྱི་ཐེག་པ་འདི་ཉིད་ཁོ་ན་ལས་བྱུང་སྟེ། དེ་ཡང་མདོར་རང་རིག་པ་ཉིད་ལས་བྱུང་བའོ། །འདི་དག་ནི་རྫོགས་པ་ཆེན་པོའི་སྐབས་སུ་ཡང་མན་ངག་གི་སྙིང་པོ་དམ་པ་ཡིན་ཏེ། ལ་ཤན་ལྟ་བའི་སྒྲོན་མ་ལས། རྒྱས་པར་མདོ་བཞི་མེ་ལོང་དང་། །ངེས་བདུན་ངེས་ཟིན་གཏན་ཚིགས་དྲུག །ཚུལ་གྱིས་ངེས་པ་བཅུ་གཉིས་སོགས། །གཞུང་འདིར་ཚད་མས་བལྟ་བར་བྱ། །ཞེས་གསུངས་སོ། །གསུམ་པ་ལ་དྲུག་སྟེ། གོལ་སྒྲིབ་ཀྱི་ངོ་བོ་བཤད་པ། གོལ་སྒྲིབ་ཀྱི་རྒྱུ་བཤད་པ། རྟོགས་པ་མེད་པར་གླེགས་བམ་བཅངས་ཀྱང་གོལ་བར་བསྟན་པ། གོལ་བ་ཉིད་ལ་བཟླ་བའི་ཐབས་བཤད་པ། རྟོགས་པས་ཇི་ལྟར་སྤྱད་ཀྱང་མི་འཆིང་ཞིང་གྲོལ་བར་བསྟན་པ་གོལ་སྒྲིབ་སྤོང་བ་བྱ་བ་བྱེད་པའི་རྣལ་འབྱོར་དུ་གོལ་བར་བསྟན་པའོ། །དང་པོ་ནི། གང་ཞིག་གཞན་དུ། ཞེས་པ་ནས། རྟོག་པ་དེ་ཉིད་བགེགས། །ཞེས་པའི་བར་གྱིས་བསྟན་ཏེ། རྩ་བ་བར་མའི་དོན་གྱིས་རྗེས་སུ་གོལ་སྒྲིབ་བསྟན་པ་ནི། རྣལ་འབྱོར་པ་ཐ་ཤལ་གང་སུ་ཞིག་གིས་སེམས་ཉིད་རང་རིག་པ་ལས་གཞན་དུ་བསྙེགས་ཏེ་ལམ་དང་འབྲས་བུའི་དོན་ཟབ་མོ་གང་ཚོལ་བ་དེ་ཉིད་ནི། བདག་ཉིད་ཆེན་པོ་ལས་འཁྲུལ་པས་ཡུལ་འཛིན་གྱི་རྟོག་པར་གོལ་ནས་ནོར་བའི་ལམ་དུ་ཆུད་དེ་ལོག་པར་ཞུགས་པ་ཡིན་ནོ། །དེ་ཅི་སྟེ་ཞེ་ན། ཡུལ་གཞན་དུ་རྣམ་པར་རྟོག་པ་ནི་དོན་མཐོང་དུ་མི་སྟེར་བའི་མུན་པའི་སྒྲིབ་པར་གྱུར་པས་དེས་རྒྱུད་ནོན་ནས་རང་རིག་པའི་ཆོས་ཉིད་བསྒྲིབས་ཏེ་མ་མཐོང་བ་ནི་སྒྲིབ་པའི་ངོ་བོའོ། །དེས་ན་དོན་ལ་བསྒྲིབ་བྱ་སྒྲིབ་བྱེད་མེད་ཀྱང་། གང་ཆོས་ཉིད་རང་གསལ་དུ་མ་རིག་པར་ཡུལ་དུ་བྱེད་པ་དེ་ཉིད་ལྟ་བའི་སྒྲིབ་པ་ཡིན་ནོ། །དེ་བས་ན། ཆོས་ཉིད་མཚན་མར་བརྟག་ཏུ་མེད་པ་ལ་མཚན་མར་བརྟག་པའམ་དམིགས་པའི་ཡུལ་དུ་མེད་པ་ལ་ཡུལ་དུ་བྱེད་པའི་རྣམ་པར་རྟོག་པ་དེ་ཉིད་ལ་མིང་དུ་ཡང་ཡང་དག་པའི་བར་ཆད་བྱེད་པས་བགེགས་ཞེས་བྱ་བ་ཡིན་པས་གོལ་སྒྲིབ་ཏུ་འཕྱན་པ་ཉིད་དེ། ངེས་དོན་མདོ་བཅུ་ལས། སྤྲོས་པ་མེད་པའི་དོན་ཤོར་བས། །མཚན་མ་དག་གི་ལམ་ལ་བགྲོད། །སྒྲོ་སྐུར་བྲལ་བའི་ཆོས་ཉིད་ལ། །ཚིག་དང་ཡི་གེར་བརྗོད་པས་གོལ། །བརྗོད་ཡོད་རྟོག་པ་སྒྲིབ་པ་ཡིན། །ཞེས་སོ། །གཉིས་པ་ནི། བགེགས་ནི་དེ་ཉིད། །ཅེས་པ་ནས། སྐྱོན་དང་གོལ་སྒྲིབ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་གོལ་སྒྲིབ་ཀྱི་བགེགས་དེའི་རྒྱུ་ནི་དེ་ཁོ་ན་ཉིད་བརྟག་ཏུ་མེད་པ་ལ་རྣམ་པར་རྟོག་ཅིང་དོན་ཆེད་དུ་གཉེར་བ་ཉིད་ཡིན་པས་འཁྲུལ་རྟོག་དེ་ལས་བྱུང་བའོ། །དེས་ན་སྐྱེས་མཆོག་གང་སུ་ཞིག་ལ། བདག་ཉིད་མཉམ་པའི་དོན་ཉིད་ཡེ་ནས་ཡིན་པར་རྟོགས་ཏེ་དེ་ཉིད་དུའང་འཛིན་པ་མ་སྐྱེས་པར་རྣམ་པར་རྟོག་པ་གང་ཡང་མ་བྱུང་ན། གཉིས་སུ་རྟོག་པའི་བདུད་ཅེས་བྱ་བ་ག་ལ་ཡོད་དེ་མིང་ཡང་མེད་དོ། །དེའི་ཕྱིར་བདུད་ནི་གང་ལས་བྱུང་བ་ཡིན་ཞེ་ན། རྒྱུ་ཉེ་བར་བསྟན་པ་ནི། ཆོས་ཉིད་བཙལ་བའི་རྒྱུ་དང་བྲལ་བས་བསམ་དཔྱད་མེད་པར་རང་གསལ་བ་ལ། དེ་ལྟར་མ་ཤེས་པར་ཡང་དག་པའི་དོན་གཅིག་བཟུང་ནས་དེ་ལ་མངོན་དུ་འདྲིས་པར་རྩོལ་ཞིང་རྟག་ཏུ་བརྩོན་འགྲུས་བྱེད་པ་ལས་བྱུང་བ་ཡིན་ཏེ། དེ་ལ་བདག་ཉིད་ཆེན་པོར་མ་ཤེས་པའི་ཕྱིར་རོ། །དེས་ན་ཆོས་ཉིད་བདག་ཉིད་ཆེན་པོར་ཤེས་ནས་དེ་ཉིད་དུའང་འདུ་ཤེས་མ་ཞུགས་པས་དངོས་སུ་རྩོལ་བསྒྲུབ་ཀྱིས་བརྩོན་འགྲུས་མེད་པ་ཉིད་ལས་བདུད་གཞན་གང་ཡང་མི་འབྱུང་སྟེ་གཉིས་འཛིན་མེད་པའི་ཕྱིར་རོ། །འོ་ན་ཡལ་བ་ཁོ་ནར་འདུག་གོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། ཅི་ཡི་ཕྱིར་ན། མི་བསྒོམ་པའམ་བསྒོམ་པ་ཡལ་བར་འདུག་པའང་མེད་པའི་དོན་མ་མཐོང་བར་བརྩོན་པའི་ཐབས་ཀྱིས་མི་འགྲུས་པར་སྙོམས་ལས་ཀྱི་ལེ་ལོ་བྱེད་པ་དེ་ཉིད་ནི་དོན་མི་མཐོང་བའི་གཏན་ཚིགས་ཀྱིས་བདུད་ཅེས་བྱ་བར་བསྙད་དེ་ཡལ་བར་མི་འདུག་གོ། །འོ་ན་བསྒྲིམ་མོ་ཞེ་ན། ཇི་ལྟར་བཤད་པ་དེ་བཞིན་དུ་སྐྱོན་དང་གོལ་སྒྲིབ་དག་ནི་ཆོས་ཉིད་ལ་བཟང་ངན་གྱི་ཐ་སྙད་ཡེ་གྲོལ་བའི་ཕྱིར་དེ་ཉིད་དུ་བརྗོད་བསམ་བྱར་ཡང་མེད་པ་ལ་མཚན་མ་དང་བྲལ་བའི་ཆོས་ཉིད་མཉམ་པ་ཆེན་པོ་ཞེས་བྱ་བ་ཞིག་ཡོན་ཏན་དུ་བཟུང་བས་མཉམ་པ་ཉིད་ཡུལ་དུ་མཐོང་ནས་དང་དུ་ལེན་པ་ལས་བྱུང་བ་ཡིན་ནོ། །འོ་ན་ཐབས་མ་ནོར་བའི་དོན་གྱི་ངོ་བོ་ཉིད་གང་ཞེ་ན། གལ་ཏེ་སྐྱེས་བུ་དམ་པ་སུ་ཞིག་གིས་ལྟ་ངན་དེ་ལས་རྒྱལ་ནས། ཆོས་ཉིད་དོན་གྱི་གནས་ལུགས་དཀྱིལ་འཁོར་གསུམ་དབྱེར་མེད་ཀྱི་ངོ་བོར་ཡོན་ཏན་ལྷུན་གྱིས་གྲུབ་པར་རྫོགས་པ་དེ་ཉིད་ལ་ཡང་དེར་དམིགས་པའི་ཐ་སྙད་དང་ཡང་བྲལ་བར་གྱུར་ཏེ་མཉམ་ཉིད་ཆེན་པོ་ཡུལ་དུ་མཐོང་བ་མེད་པས་ན་དེ་ཉིད་དུ་ལྟ་ཞིང་སེམས་རྗེས་སུ་འབྲང་བའང་མེད་པར་མངོན་དུ་མི་བྱེད་དེ། འདུ་ཤེས་གང་དུའང་མ་ཞུགས་ཏེ་ཅིར་ཡང་མ་གཡོས་པའི་རྟོགས་པ་མཐའ་དབུས་དང་བྲལ་བའི་དགོངས་ཉམས་ཤར་སྲིད་པ་ལ་ནི། འཁྲུལ་བགེགས་ཀྱི་སྐྱོན་དང་གོལ་སྒྲིབ་ག་ལ་ཡོད་དེ། གཉིས་ལྟ་གཏན་ནས་དག་པའི་ཕྱིར། བཙལ་ཡང་མི་རྙེད་དོ། །དེ་བས་ན་ཆོས་ཟབ་མོ་ལ་སྤྱོད་པའི་སྐལ་ལྡན་དག་ནི་ཅི་ལའང་འཛིན་པ་མེད་དེ། དེ་ཉིད་ཆེད་དུ་བྱ་བ་དང་ཡང་བྲལ་བ་ཁོ་ནའོ། །དེའི་ཕྱིར་བྱ་བས་མ་བསླབ་པ་མེད་པ་དེ་ཉིད་ལ་ཆེད་དུ་བྱེད་ནའང་། རྩོལ་སྒྲུབ་ཀྱིས་ནོར་བས་སྐྱོན་དང་དོན་མི་མཐོང་བས་གོལ་སྒྲིབ་ཀྱི་བགེགས་ཆེན་པོ་ཡིན་ཏེ། གཉིས་སུ་འབྱེད་པའི་ཕྱིར། ངེས་དོན་མདོ་བཅུ་ལས། དེས་ན་སྒྲོ་སྐུར་གོལ་སྒྲིབ་འདི། །ཡོད་རྟོག་གང་ཟག་བློ་ལ་སྣང་། །རྟོག་འདས་ཏིང་འཛིན་བསམ་བྲལ་ལ། །གོལ་སྒྲིབ་ཡོད་པར་ངས་མ་གསུངས། །ཞེས་དང་། རང་གི་རང་བཞིན་མ་ཤེས་ན། །སྒྲིབ་པ་སྒྲིབ་པ་ཞེས་སུ་བཤད། །རང་གི་རང་བཞིན་མ་ཤེས་ནས། །འོག་མ་འོག་མ་ཡིན་སྨྲ་བ། །གོལ་ས་གོལ་ས་ཞེས་སུ་བཤད། །ཞེས་སོ། །དེ་བས་ན་ཅིར་ཡང་བསམ་ཞིང་དཔྱད་ཚོལ་མེད་པར་ཕྱི་མོའི་ཆོས་ཉིད་དུ་བློ་མ་ཕབ་པར་ཕེབས་ཟིན་ནས་ཀློང་ནས་གསལ་བར་འདུག་གོ། །གསུམ་པ་ནི། གང་ཉིད་མངོན་དུ། ཞེས་པ་ནས། ཐབས་མེད་གནས་ངན་འཁྱམས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བས་ན་རྟོགས་པས་ཐག་ཆོད་པ་གཅེས་ཏེ། ཇི་ལྟར་ཞེ་ན། གང་ཟག་གང་གིས་ཆོས་ཉིད་ཇི་བཞིན་པའི་ངོ་བོ་རང་རིག་པའི་མངོན་སུམ་དུ་མ་གྱུར་ཏེ་རྟོགས་པས་ཐག་མ་ཆོད་ན། གསང་བའི་དོན་རང་བྱུང་གི་ཡེ་ཤེས་མཚོན་པའི་ཟབ་མོའི་ལུང་གི་པོ་ཏི་དང་གླེགས་བམ་གང་ཇི་སྙེད་པ་འཆང་ཞིང་བསྲེལ་ན་ཡང་ཕན་པ་མེད་དེ། དཔེར་ན་ནད་པ་ཞིག་གིས་སྨན་མང་པོ་སྲེལ་ནས་ཡོད་ཀྱང་རང་གིས་ནད་ལ་བཏང་བའི་ཐབས་མི་ཤེས་ན་ནད་ཀྱིས་འཆི་བ་ལས་མེད་པ་བཞིན་དུ། ཚིག་ཙམ་ལ་བརྟེན་ཡང་དོན་ངེས་པར་རྟོགས་ནས་བྱང་ཆུབ་སྒྲུབ་པའི་གདམས་ངག་གི་ཐབས་མེད་ན་འཁོར་བའི་གནས་ངན་དུ་ལྟུང་ནས་འཁྱམས་པར་འགྱུར་བ་ལས་གྲོལ་བར་མི་ངེས་སོ། །དེ་ཡང་དོན་ཟབ་མོ་ལ་བསྐུལ་བའི་ཕྱིར་གསུངས་ཏེ་བཅངས་པའི་བསོད་ནམས་འགོག་པ་ནི་མ་ཡིན་ནོ། །བཞི་པ་ནི། ཡུལ་དང་མཚན་མ། ཞེས་པ་ནས། མུན་ཁུང་ཇི་བཞིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། མཐོང་ཐོས་ལ་སོགས་པའི་གཟུགས་སྒྲ་སོགས་ཇི་སྙེད་པའི་ཡུལ་རྣམས་དང་། ཡོད་སྟོང་སོགས་མཚན་མ་དང་། སྣང་བརྟགས་ཀྱི་དངོས་པོ་དང་། ཡིད་དང་མཚུངས་པའི་དྲན་རྟོག་དང་མིག་གི་རྣམ་ཤེས་དང་རྣ་བའི་རྣམ་ཤེས་ཀྱིས་མཐོང་ཐོས་ལ་སོགས་པའི་རྟོག་ཚོགས་ཇི་སྙེད་པ་ཀུན་ཡིད་ཀྱི་རྣམ་ཤེས་ལས་དྲན་པ་དང་མཚུངས་པར་ལྡན་པའི་རྟོག་པ་ཉིད་ཇི་ལྟར་འགྱུས་པ་བཞིན་དུ་སེམས་ཀྱི་ཀུན་རྟོག་དེ་ཉིད་སྐད་ཅིག་མའི་ངོ་བོར་ཤེས་པ་ཉིད་དེ་ལྟར་སྣང་བའི་ཕྱིར་རྟག་པ་མེད་པར་ཡུན་དུ་མི་གནས་བཞིན་སྐད་ཅིག་མ་ཉིད་རྒྱུན་རིང་པར་ཡིད་མྱུར་བའི་རྣམ་པར་མི་རྟག་པར་སྣང་བ་ཅན་ནོ། །དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། འཁྲུལ་པའི་དུས་སུ་སྐད་ཅིག་མའི་རྒྱུན་དེ་ཉིད་ཀྱི་དོན་རྟོགས་ན་ངོ་བོ་བྱང་ཆུབ་ཀྱི་སེམས་སྤྱོད་ཡུལ་ཀར་དག་པས་རྒྱུད་དུ་སྐྱེ་བ་མེད་པའི་ཕྱིར་མི་ནུབ་པ་དང་། དུས་གསུམ་དུ་རྟག་པ་ཆེན་པོ་ཟིན་ཆགས་མེད་པས་མ་ཆགས་པ་ལ། ཉོན་མོངས་པ་ཉིད་བདེ་བ་ཆེན་པོ་སེམས་ཉིད་མཉམ་པའི་ཀློང་དུ་གསལ་བ་ལ་གཡོ་ཞིང་མཐའ་ལ་ཐུག་པ་མེད་པའི་འཇིང་ཆེན་པོ་སེམས་ཀྱི་ཆོས་ཉིད་རང་གི་དབྱིངས་ལས་མ་གཏོགས་པ། དེར་མ་འདུས་པའི་ཆོས་གཞན་ནོར་འཁྲུལ་ཞེས་བྱ་བ་གང་ཡང་མེད་དེ་བཙལ་ཡང་མི་རྙེད་པས་ན། གོལ་སྒྲིབ་ཞེས་བྱ་བ་ག་ལ་ཡོད་དེ་ཀ་ནས་མ་གྲུབ་པས་དཔེར་ན་གསེར་ས་ལེ་སྦྲམ་བཞིན་ནོ། །དེ་བས་ན་དེ་ལྟ་བུའི་ངང་རྙེད་པའི་རྣལ་འབྱོར་པ་གང་སུ་ཞིག་གིས་གོལ་ས་དང་སྒྲིབ་པ་དོན་དུ་གཉེར་ཏེ་ཆེད་དུ་བཙལ་ཡང་ཚོལ་བ་པོ་གང་གིས་གོལ་སྒྲིབ་ཇི་ལྟར་རྙེད་དེ་མི་རྙེད་པས་གཉེན་པོས་བཅོས་ཤིང་དགག་ཏུའང་མེད་དོ། །ཅི་སྟེ་ཞེ་ན། གོལ་སྒྲིབ་ལས་བཀོལ་བའི་ཆོས་ཉིད་མེད་དེ། གོལ་སྒྲིབ་དེའི་རང་བཞིན་ཉིད་ཀྱང་དེ་ཁོ་ན་ཉིད་ཀྱི་དབྱིངས་ཡིན་ལ། དེ་ལྟར་གོལ་སྒྲིབ་རྩད་བཅད་དེ་བཙལ་བས་དེ་རང་ཡང་ཡེ་ཤེས་མཉམ་པའི་ངང་དེ་ལ་ཐུག་པས། གཞན་དུ་བཙལ་ཞིང་ལོགས་སུ་བཟུང་ཡང་གོལ་སྒྲིབ་ཉིད་སེམས་ཀྱི་ཀློང་དེ་ཉིད་ལས་ཤར་ནས་བྱུང་བ་ཡིན་པས། གོལ་སྒྲིབ་ཡུལ་དུ་སྣང་བ་ཉིད་ལ་རང་བཞིན་བརྟགས་ཤིང་བལྟས་པས་དེའི་དོན་གྱི་ངོ་བོ་མཐོང་བ་དང་རྟོགས་པའི་ལྟ་བས་མ་ཟིན་ཏེ་མཐའ་ལས་གྲོལ་བ་ཉིད་ལ་རང་བཞིན་བསྟན་དུ་མེད་པ་ནི། དཔེར་ན་ནམ་མཁའི་འཇའ་ཚོན་སྣང་བ་ལ་ངོ་བོ་མི་རྙེད་པ་དང་ཁང་སྟོང་གི་མུན་ཁུང་ལ་སྒྲོན་མེ་བཏེགས་ཏེ་བཙལ་ཡང་རྫས་མེད་པ་ཇི་ལྟ་བ་བཞིན་ནོ། །ལྔ་པ་ནི། དེ་ཉིད་མཐོང་བའི། ཞེས་པ་ནས། དེར་སྦྱངས་ལམ་གནས་མཆོག །ཅེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཆོས་ཉིད་མཉམ་པའི་དབྱིངས་དེ་ཉིད་ཇི་ལྟ་བར་མཐོང་ནས་ངང་ལ་གནས་པའི་ཁྱད་པར་གྱི་ཆོས་དང་ལྡན་པས་རིལ་མཉམ་པའི་ཀློང་ལས་གཡང་ས་མེད་པར་ཐག་ཆོད་པའི་རྣལ་འབྱོར་ཆེན་པོས། སྒོ་གསུམ་གྱི་སྤྱོད་ལམ་འཁོར་བའི་དངོས་གཞི་སྤྱད་པར་བྱ་བ་ལྔ། མི་སྤང་བ་ལྔ། དང་དུ་བླང་བ་ལྔ། འདོད་ཡོན་ལྔའམ། ཡང་ན་འགྲོ་ཉལ་འདུག་འཆག་སོགས་གང་ལྟར་སྤྱད་ཀྱང་ཟིན་ཆགས་མེད་པས་འཆིང་བར་མི་འགྱུར་ཞིང་བག་ཆགས་ཀྱིས་གོས་པ་མེད་པར་གྲོལ་བར་འགྱུར་བ་ནི། སྤྱོད་ལ་མི་འཆིང་པའི་ཐབས་ཆེན་པོ་རྨད་དུ་བྱུང་བའོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་ངོ་བོ་རིལ་ཆོས་ཉིད་དེར་སྦྱངས་ཏེ་ཀུན་ཏུ་བཟང་མོའི་སྤྱོད་པས་ཡོངས་སུ་དག་པ་ནི་ལམ་ལ་གནས་པ་རྣམས་ཀྱི་རྣལ་འབྱོར་མཆོག་གི་སྤྱོད་པ་སྟེ། རྣལ་འབྱོར་གྱི་ཡང་ཐོག་གསུམ་ལ་གནས་པའོ། །དྲུག་པ་ནི། གང་ཉིད་དོན་གྱི། ཞེས་པ་ནས། རྟོག་པ་ཡོངས་མ་ཆོམས། །ཞེས་པའི་བར་གྱིས་བསྟན་ཏེ། རྨད་དུ་བྱུང་བའི་དོན་མ་མཐོང་བའི་སྤྱོད་ཡུལ་བསྟན་པའི་ཕྱིར། དེ་ལྟ་བུའི་གནས་མ་ཆུད་པའི་ལམ་པ་གང་སུ་ཉིད་དོན་གྱི་ངོ་བོ་ཡུལ་དུ་བྱས་ནས་དེ་ལྟར་མཚོན་པའི་ཚིག་གི་རྗེས་སུ་དཔྱོད་པས་དོན་ཚོལ་ཞིང་གྲུབ་མཐའ་རྟོག་པས་གོལ་སྒྲིབ་སེལ་ཞིང་ཡོངས་སུ་གཅོད་པར་འདོད་པའི་རང་རང་གི་གྲུབ་མཐའ་འཛིན་པ་དག །གཅིག་ཏུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱིས་ཡོད་མེད་རྟག་ཆད་འགྲོ་འོང་གཅིག་དུ་མ་ལ་སོགས་པ་མཐའ་ཀུན་སེལ་བའམ་བསལ་ཞིང་སྤོང་ནས་དེ་དག་དང་བྲལ་བ་ལ་བློ་གནས་པར་བྱེད་པ་དབུ་མ་པ་དང་། ལྷན་ཅིག་དམིགས་ངེས་ལ་སོགས་པའི་གཏན་ཚིགས་ཀྱིས་ཆོས་ཀུན་སེམས་སུ་སྒྲུབས་ནས་གཟུང་འཛིན་གྱིས་སྟོང་པའི་རང་རིག་པའི་དོན་ལ་གནས་པར་འདོད་པ་རྣལ་འབྱོར་སྤྱོད་པའི་སེམས་དཔའ་སེམས་ཙམ་པ་ལ་སོགས་པ་རྣམས་ནི། རང་རང་གི་བསམ་པས་གཟུང་བའི་ལྟ་བ་གང་ལ་མོས་པ་ལྟར་སྣང་བ་དང་སྟོང་པ་དང་སྣང་སྟོང་གཉིས་དང་གཉིས་སུ་མེད་པ་ལྟ་བུ་གང་རུང་རེ་ལ་ཞེན་པའི་ཕྱོགས་བཟུང་སྟེ། དབུས་མཐར་ཕྱེ་ནས་མཐའ་དང་བྲལ་བའམ་མཐའ་དབུས་དང་བྲལ་བར་རྟོགས་པས་ལྟ་བ་ལ་དམིགས་ཏེ་དོན་དེ་མི་གཏོང་བར་བཟུང་བས་ཐབས་དེ་ཉིད་ཀྱིས་ཆོག་པར་བྱས་པའི་ཕྱོགས་གཅིག་གི་ལམ་ལ་ངེས་པའི་བློ་གྲོས་བརྟན་པ་ཅན་ཤིན་ཏུ་ལྷན་ཅིག་པའི་དོན་ལའང་ཀླན་དཀའ་བ་དང་ལྡན་པའི་ཨ་ནུ་ཡོ་ག་མན་ཆད་ཀྱང་རྫོགས་པ་ཆེན་པོ་ལ་ལྟོས་ན་ད་དུང་ངེས་པ་མ་རྙེད་པའི་ཕྱིར། རྒྱུའི་མི་རྟོག་པ་ལ་རྗེས་སུ་འཇུག་པའི་རྣལ་འབྱོར་དེ་ཀུན། རང་རང་གི་ལྟ་བའི་དོན་ལ་འདྲིས་པས་བསྒོམ་པའི་བྱ་བ་བྱེད་པའི་རྣལ་འབྱོར་ཡིན་མོད་ཀྱི་ཡང་གསང་སྔགས་ཆེན་པོ་ཇི་བཞིན་པ་བྱ་བསམ་མེད་པའི་ཀློང་དུ་མ་ཕེབས་པས་ཡང་དག་མཆོག་གི་དོན་ལ་རྣལ་དུ་མི་འབྱོར་ཏེ་ད་དུང་ཆེད་དུ་འདྲིས་གོམས་ཀྱི་ཡུལ་ཅན་ནོ། །དེ་བཞིན་དུ་རང་རང་གི་ཆོས་སྤྱོད་ཀྱི་སྤྱོད་ལམ་བཞིར་ཏིང་ངེ་འཛིན་དྲན་པ་ལ་བཏགས་ནས་རྣལ་དུ་འབྱོར་བས་བརྟན་པར་མངོན་དུ་བྱེད་མོད་ཀྱི། ཡེ་སྤྱོད་ཆེན་པོ་ཐུན་མཚམས་མ་སྤངས་བྲལ་བས་ཡེངས་སྒོམ་གཉིས་ཀའི་ཐ་སྙད་དང་བྲལ་བ་ཡང་དག་པའི་དོན་བླ་ན་མེད་པ་ཉིད་དུ་བློ་ངེས་པར་ཡོངས་སུ་མ་འབྱོར་ཏེ། མངོན་དུ་འདོད་པའི་འཇིག་རྟེན་གྱི་ནད་དང་མ་བྲལ་ལོ། །རང་རང་གི་བདེན་པ་གཉིས་ཕྱེ་ནས་དོན་དམ་པ་ཞིག་ཡུལ་དུ་བྱས་པའམ། རང་གཞུང་ལ་གྲགས་པའི་བདེན་གཉིས་ཀྱི་ལྟ་བའམ་གཉིས་མེད་ལ་སོགས་པ་ཕྱོགས་སུ་ལྟ་བ་དེ་ཉིད་ལ་བློ་གསལ་བར་འདོད་དེ་ཞེན་པས་མི་འབྲལ་བར་བརྟན་པ་ཐོབ་མོད་ཀྱི། གསང་སྔགས་མཆོག་གི་ལྟ་བ་མེད་པའི་ལྟ་བ་མཉམ་པ་ཆེན་པོ་དམ་པའི་དོན་དུ་ཡོངས་སུ་མ་ཞེན་པས་ཡང་དག་པར་མི་མཐོང་ངོ་། །འཕྲལ་སྣང་གློ་བུར་དུ་སྤྱད་པའི་དགེ་བའི་ལས་རྣམས་དང་། ཏིང་ངེ་འཛིན་ལ་ཆེད་དུ་བརྩལ་བའི་རོ་མྱང་ཞིང་ཚོར་མོད་ཀྱི། གསང་སྔགས་བླ་ན་མེད་པའི་ཆོས་ཉིད་མཉམ་པ་ཆེན་པོའི་དོན་གྱི་ངོ་བོ་ནི་ཉམས་དང་ཏིང་ངེ་འཛིན་གྱི་རོ་མྱོང་ཚོར་དང་བྲལ་བ་ཡིན་པས་དེ་ལྟར་ངེས་པའི་དོན་ཆེན་པོའི་རོ་མཆོག་ཉིད་མ་ཚོར་བས་མཐར་ཐུག་གི་བདེན་པ་མ་མཐོང་ངོ་། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྩད་བཅད་དེ་གྲུབ་མཐའ་རྙེད་པས། ཚིག་ཏུ་བདག་མེད་གཉིས་རྟོགས་ཀྱི་ལྟ་བ་ཕྱོགས་རིས་སུ་སྣང་བ་ཐམས་ཅད་དང་བྲལ་བ་ཉིད་དོ། །ཞེས་སྨྲ་ཞིང་ཟེར་མོད་ཀྱི། མདོ་སྡེ་བདེན་པ་རེས་འཇོག་དང་། ས་བཅུའམ་གསང་སྔགས་ཨ་ནུ་མན་ཆད་གཉིས་མེད་ལ་ད་དུང་སེམས་དམིགས་པ་དང་མ་བྲལ་བ་ཉིད་ལྟོས་པའི་ཕྱོགས་ལྟ་ཉིད་པས་ཆོས་ཉིད་ཀྱི་ཕྱོགས་སུ་ལྟ་བ་དང་ཡོངས་སུ་མ་བྲལ་བའོ། །ཁྱད་པར་དུ་ཡང་ས་བརྒྱད་པའི་སེམས་དཔའ་དང་། མ་ཧཱ་ཡོ་ག་ལ་སོགས་པ། གནས་འགྱུར་ཐོབ་པའམ། ཐབས་ཀྱི་བརྟུལ་ཞུགས་དང་ལྡན་པས་གཙང་སྨེ་དང་བཟང་ངན་དུ་འཛིན་པའི་རྟོག་པ་ཆོམས་ནས་མི་གནས་མོད་ཀྱི། ཆོས་ཉིད་ཡུལ་དུ་བྱེད་དེ་ཆེད་དུ་བྱས་པའི་གཟུང་འཛིན་གྱི་རྟོག་པ་ཡོངས་སུ་མ་ཆོམས་པས། ཞེན་པ་ལ་བལྟས་པའི་གཟུང་འཛིན་ལ་གནས་ཏེ། ཀུན་འདུས་ལས། བྱང་ཆུབ་དེ་ཡང་མི་དམིགས་ཏེ། །མི་གནས་ཞེས་ནི་གང་བརྗོད་ཀྱང་། །གནས་དང་དམིགས་པའི་དོན་འཛིན་པ། །གཟུང་འཛིན་ཞེས་ནི་དེ་ལ་བྱ། །ཞེས་སོ། །དེ་བས་ན་ཐེག་པ་ཀུན་ལ་མཁས་པར་བྱས་ཏེ། གསང་བ་ཟབ་མོའི་དགོངས་པའི་མཐིལ་ལོན་པ་ནི་ཤིན་ཏུ་གཅེས་ཏེ། དེ་ཉིད་ལས། གཞན་ཡང་འདུས་པའི་རྣལ་འབྱོར་རྣམས། །དོན་གྱིས་རྗེས་ནི་ཚོལ་འདོད་ན། །ཚིག་འགའ་ཐོས་པ་ཙམ་གྱིས་ནི། །ཆོག་པའི་འདུ་ཤེས་མ་སྐྱེད་ཅིག །ཅེས་གདམས་པར་མཛད་དོ། །གཉིས་པ་ལ་གཉིས་ཏེ། རིམ་གྱིས་པའི་ཏིང་ངེ་འཛིན་བསྟན་པ། གཅིག་ཆར་བའི་ཏིང་ངེ་འཛིན་བཤད་པའོ། །དང་པོ་ལ་ལྔ་སྟེ། བློ་བཞག་ཐབས་བསྟན་པ། སྐྱོན་ངོས་གཟུང་བ། དེའི་བཅོས་ཐབས་བཤད་པ། ཏིང་ངེ་འཛིན་གྱི་ངོ་བོ་བསྟན་པ། དེ་ལྟར་གོམས་པའི་དྲོད་རྟགས་བཤད་པའོ། །དང་པོ་ནི། དབུས་མཐར་རྟོག་པའི། ཞེས་པ་ནས། ལོངས་སྤྱོད་རྫོགས་བདག་པོ། །ཞེས་པའི་བར་གྱིས་བསྟན་ཏེ། རྒྱུའི་ཐེག་པའི་དམིགས་པའི་བསྒོམ་ལུགས་ལ་བརྟེན་ནས་གསང་སྔགས་རིམ་འཇུག་གི་ཚུལ་གྱིས་མཐར་དོན་གྱི་ངོ་བོ་ལ་སྦྱོར་བའི་བཞག་ཐབས་བསྟན་པའི་ཕྱིར། དོན་གཞན་ལ་དགོངས་པ་དང་བརྡ་ཡི་སྒོ་ནས་འཆད་དེ། དེ་ལྟར་དབུས་མཐར་འབྱེད་པ་ལ་རྟོག་ཅིང་དོན་གྱི་རྗེས་སུ་བློ་འབྲངས་ཏེ་རྩོལ་བར་བྱེད་པའི་རྣལ་འབྱོར་པ་དག་གིས། ཐོས་བསམ་གྱི་ཤེས་རབ་ཀྱི་སྒོ་ནས་རྒྱུད་དོན་བརྗོད་པའི་ཚིག་གི་ལམ་གྱི་སྒྲོན་མ་ལྟ་བུ་ལ་བརྟེན་པ་ཡིས་ཡང་དག་དབུ་མའི་དོན་མཆོག་གསང་བའི་དབྱིངས་ཀྱི་ངོ་བོ་གསེར་ས་ལེ་སྦྲམ་དང་འདྲ་བ་ཉིད་ཚོལ་བ་ན། ལྟ་བས་ཇི་བཞིན་དུ་རྙེད་པའི་དོན་ལ། བསྒོམ་པའི་གོམས་པར་བྱས་ནས་འབྲས་བུའི་གསེར་སྦྱང་བཙོ་མ་མངོན་པར་བྱེད་འདོད་པ་རྣམས་ཀྱིས། ཀུན་ཏུ་འཇུག་པའི་ཡིད་ཤེས་གཏོགས་འདོད་སྤྲེལ་དང་འདྲ་བ་འདི་ཉིད་དྲན་རིག་དང་དམིགས་པའི་ཀ་བ་ལ་བཏགས་ཏེ་བཟུང་བར་བྱས་ནས་བསྒོམ་སྟེ། དེའང་སྤྲེའུ་ལ་ཆོས་གསུམ་སྟེ། ཀུན་ལ་འཇུག་པ་དང་། གཅོལ་ཆུང་བ་དང་། སྤྲེའུ་གཅིག་གིས་སྐར་ཁུང་ཀུན་ཁྱེད་པ་ལྟར། ཡིད་ལའང་ཆོས་གསུམ་སྟེ། ཡུལ་ཀུན་ལ་འཇུག་པ་དང་། རིགས་པའི་དོན་ལ་གཏད་དུ་མི་འཇུག་པར་དོན་མ་ཡིན་པ་ལ་གཏད་པ་དང་། ཡིད་གཅིག་གིས་སྒོ་ལྔ་ཀུན་ཁྱེད་པའོ། །དེ་བཞིན་དུ་ཉོན་མོངས་པ་ཅན་གྱི་ཡིད་རྐུན་མོ་བྱི་ལ་དང་འདྲ་བ་འདི་ཉིད་སྔ་མ་ལྟར་རྟོག་པའི་རྒྱུ་འགྲུལ་བཟུང་སྟེ་བདག་མེད་དོན་གྱི་ངོ་བོ་རང་རིག་པའི་ཕུར་པ་ལ་གདགས་པར་བྱས་ཏེ་དོན་མཐོང་བར་བྱ་སྟེ། དཔེར་ན་བྱི་ལ་ལའང་ཆོས་གསུམ་སྟེ། སྦར་མོ་བསྒུམ་ནས་སུས་མི་ཚོར་བར་བྱེད་པ་དང་། མི་འགུལ་བར་བསྐུམ་ནས་སྡོད་པ་དང་། དོན་དུས་ལ་བབ་ན་འཛིན་པ་ལྟར། ཉོན་ཡིད་ལའང་ཆོས་གསུམ་སྟེ། བག་ལ་ཉལ་བར་གནས་པ་དང་། དུས་ལ་མ་བབ་བར་དུ་མི་འཛིན་པ་དང་། འཛིན་ནས་མི་གཏོང་བའོ། །དེ་ལྟར་སྒོ་ལྔ་ཕྱི་ནང་གསལ་བར་བྱེད་པས་གསེང་ཁུང་སྐར་ཁུང་ལྟ་བུ་ཀུན་ཚོགས་ལྔའི་རྣམ་ཤེས་སུ་ཤར་ཏེ་སྒོ་རྣམས་ནས་ཅུད་ཟད་ཀྱང་ཡུལ་ལ་འཕྲོར་མི་གཞུག་པར་བཀག་སྟེ་ངང་ལ་གནས་པ་དང་། ཕུང་ཁམས་སྐྱེ་མཆེད་སོ་སོའི་བག་ཆགས་རེའུ་ཆ་ཕང་ཕུང་ལྟ་བུ་ཀུན་གཟུང་འཛིན་གྱི་རྟོག་པའི་ཕུང་པོ་མི་དམིགས་པར་བདག་འཛིན་མེད་པའི་ངང་དུ་བཀོལ་ཏེ་བཤིག་ནས་ནི། ཀུན་གཞི་སེམས་ཀྱི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རྟོགས་ན་འདོད་རྒུ་མི་ཟད་པར་འབྱུང་བས་རྒྱལ་པོའི་དཀོར་མཛོད་ལྟ་བུ་ཁ་ཕྱེ་ནས་གནས་ལུགས་མཉམ་པ་ཆེན་པོ་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཆོས་ཉིད་གསལ་བར་བྱེད་ན། སོ་སོའི་གཞུང་དུ་བསྒོམ་པའི་རྣལ་འབྱོར་དེ་དག་གི་འབྲས་བུ་དཀྱིལ་འཁོར་གསུམ་དབྱེར་མེད་ཀྱི་དོན་ལ་མ་བཅོས་ངང་གིས་གདལ་བས་ཡང་དག་པར་ལོངས་སྤྱོད་ཀུན་རྫོགས་པའི་བདག་ཉིད་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་དམ་པ་ཉིད་མངོན་དུ་གྱུར་པ་ཡིན་ནོ། །དེའང་དང་པོ་དང་གསུམ་པ་ཞི་གནས་ཀྱི་རྣལ་འབྱོར་དང་། གཉིས་པ་དང་བཞི་པ་ལྷག་མཐོང་གི་རྣལ་འབྱོར་ཡིན་པར་ཀུན་གཟིགས་རོང་ཟོམ་པཎྜི་ཏས་གསུངས་སོ། །དེ་སྐད་དུ། རྩ་བའི་རྒྱུད་ལས་ཀྱང་། ཐོས་པ་ཚིག་གི་སྒྲོན་མ་ཡིས། །ཡང་དག་དོན་གྱི་གསེར་བཙལ་ན། །གཏོགས་འདོད་སྤྲེའུ་འདི་བཟུང་ནས་ཀྱང་། །རྐུན་མོ་བྱི་ལ་བཏགས་བྱས་ཏེ། །གསེང་ཁུང་སྐར་ཁུང་ཀུན་བཀག་ཅིང་། །ཁང་སྟོང་ཕང་ཕུང་བཤིག་ནས་ནི། །རྒྱལ་པོའི་དཀོར་མཛོད་ཁ་ཕྱེ་ན། །དེ་དག་རྟག་ཏུ་སངས་རྒྱས་ཡིན། །ཞེས་སོ། །གཉིས་པ་ལ་གཉིས་ཏེ་ངོ་བོ་བཤད་པ། ཉེས་དམིགས་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྟོག་པའི་སྐྱོན་བསྟན་པ། གཡེང་བའི་སྐྱོན་བཤད་པ། སྒྲིབ་པའི་སྐྱོན་བསྟན་པའོ། །དང་པོ་ནི། ཡང་དག་དབུ་མའི། ཞེས་པ་ནས། གཏམས་དང་བན་བུན་གཉིས། །ཞེས་པའི་བར་གྱིས་བསྟན་ཏེ། དེའི་དུས་སུ་སྒོམ་སྐྱོན་དངོས་ལས་སེམས་བཅོས་པའི་ཐབས་ནི། ཡང་དག་དབུ་མའི་ལམ་གྱིས་དོན་ཚོལ་བ་རྣམས་ཀྱིས་ཆོས་ཉིད་མཉམ་པའི་ངང་ལ་འདྲིས་པར་བྱེད་པའི་ཚེ། རྣམ་པར་རྟོག་པའི་སྐྱོན་འདི་ལྔ་སྤང་བར་བྱ་སྟེ། རྣམ་པའི་སྒོ་ནས་བཞག་པའི་རྟོག་པ་རགས་པའི་རི་བོ་དང་། འཛིན་པས་ཕྱེ་བའི་མཚན་མ་དང་། རྒྱུན་གྱིས་བཞག་པའི་རྒྱུ་བ་དང་། ཉམས་མྱོང་གི་བཞག་པའི་ཚོར་བ་དང་། སེམས་ཀྱི་བྱུང་ཚོར་འབྱུང་འཇུག་གིས་ཕྱེ་བ་དང་རྣམ་པ་ལྔ་ཡིན་ནོ། །དེ་ཡང་འདི་ལྟར་གཉིས་གཉིས་སུ་རྟོག་པར་བྱེད་དེ། རྣམ་པས་ཕྱེ་བའི་རྟོག་པ་གཞིག་དཀའ་བ་ལ་ཡང་གཉིས་ཡོད་དེ། རགས་པ་དང་ནི་ཕྲ་བའོ། །དེ་བཞིན་དུ་འཛིན་པས་ཕྱེ་བའི་མཚན་མ་ལ་ཡང་འདུ་ཤེས་ཀྱི་དབང་གིས་ཆེ་བ་དང་ཆུང་བ་གཉིས་དང་། དྲན་འཛིན་གྱི་ཡུན་གྱིས་ཕྱེ་བའི་རྒྱུ་བ་ལ་ཡང་རྒྱུན་རིང་པོ་དང་ཐུང་ངུ་གཉིས་དང་། ལུས་ཀྱི་མྱོང་བས་ཕྱེ་བའི་ཚོར་བ་ལའང་གསལ་བ་དང་མི་གསལ་བ་གཉིས་དང་། སེམས་ཀྱི་འབྱུང་འཇུག་གིས་ཕྱེ་བའི་བྱུང་ཚོར་ལའང་མྱུར་བ་དང་བུལ་བ་གཉིས་ཏེ་བཅུའོ། །འདི་དག་ནི་ཆོས་ཉིད་ཡང་དག་པའི་དོན་ལ་སྒྲིབ་སྟེ་མཐོང་དུ་མི་སྟེར་བ་ཡི་རྣམ་པར་རྟོག་པ་ཆེན་པོའི་བདུད་བགེགས་རྟོགས་པའི་གེགས་ཆེན་པོ་ཡིན་ནོ། །དེ་ཡང་དཔེ་ཡིས་གསལ་བར་བསྟན་པའི་ཕྱིར། དེ་ཁོ་ན་ཉིད་མཐོང་དུ་མི་སྟེར་བ་གཏན་ཚིགས་ཅི་ཡི་ཕྱིར་ཞེ་ན། ཆོས་ཉིད་དོན་གྱི་ངོ་བོའི་དབུས་ཉིད་མི་མཐོང་བར་བྱེད་པའི་ཕྱིར་ཏེ། རྟོག་པའི་དཔེ་མུན་པ་ལྟ་བུ་དང་ནི་མཚན་མའི་དཔེ་དཔྱིད་ཀྱི་དུས་རླུང་དམར་འཁྲིགས་པ་ལྟ་བུ་དང་། རྒྱུ་བའི་དཔེ་ཆར་སྤྲིན་ཀུན་ཏུ་འཐིབས་པ་ལྟ་བུ་དང་། ཚོར་བའི་དཔེ་སྤྲིན་ཕུང་འཁྱིལ་བ་ལྟ་བུ་དང་། བྱུང་ཚོར་གྱི་དཔེ་ན་བུན་དཀྲིགས་པ་ལྟ་བུས་སྒྲིབ་པ་ཡིས་ཆོས་ཉིད་དོན་གྱི་དབུས་ཉིད་མི་གསལ་བར་སྒྲིབ་པའི་སྐྱོན་གྱིས་ཡང་དག་པར་མཐོང་བར་མི་འགྱུར་བའི་ཚུལ་དེ་བས་ན་སྒྲིབ་པར་བྱེད་པའོ། །འདི་ལྔ་ལ་ཡང་རྣམ་པ་གཉིས་གཉིས་ཏེ། དོན་གྱི་ཤུགས་ཀྱིས་དཔེ་དང་གྲངས་རྗེས་སུ་མཐུན་པར་འགྱུར་བས། རྟོག་པ་མཚོན་པའི་མུན་པའི་རིགས་ལའང་། རྟོག་པ་ཕྲ་བ་དང་མཚུངས་པའི་མུན་པ་དང་། རགས་པ་དང་འདྲ་བའི་མུན་ནག་ཆེན་པོ་ལྟ་བུ་གཉིས་དང་། མཚན་མ་མཚོན་པས་འཁྲིགས་པ་ལའང་། མཚན་མ་ཆེན་པོ་དང་མཚུངས་པར་དཔྱིད་ཀྱི་དུས་སུ་ཤིན་ཏུ་རླུང་ཆེན་ཀུན་ཏུ་ལྡང་ནས་འཐིབས་པ་ལྟ་བུ་དང་། ཆུང་ངུ་དང་འདྲ་བར་ལུང་ཡོངས་སུ་འཁྲིགས་པ་དང་མཐུན་པར་བསྒྲིབས་པ་དང་། རྒྱུ་བ་མཚོན་པས་ཆར་སྤྲིན་ལའང་། རྒྱུ་བ་རིང་པོ་དང་མཚུངས་པར་ཆར་སྤྲིན་དྲག་པོ་ཤིན་ཏུ་འཐིབས་པས་སྒྲིབ་པ་ཆེན་པོ་དང་། ཐུང་ངུ་དང་འདྲ་བར་ཆར་སྤྲིན་ཆུང་ངུ་འཐིབས་པ་ལྟ་བུ་གཉིས་དང་། ཚོར་བ་མཚོན་པས་སྤྲིན་ལའང་། ཚོར་བ་གསལ་དང་མཚུངས་པར་ཆར་ཆད་དེ་སྤྲིན་གྱི་ཕུང་པོ་ཆེན་པོ་འཐིབས་པ་དང་། མི་གསལ་བ་དང་འདྲ་བར་འལ་འོལ་དུ་འཁྱིལ་བ་ལྟ་བུ་གཉིས་དང་། བྱུང་ཚོར་མཚོན་པས་ན་བུན་ལའང་། བྱུང་ཚོར་མྱུར་བ་དང་མཚུངས་པར་སྤྲིན་སངས་ཏེ་ན་བུན་གྱིས་ཀུན་ཏུ་གཏམས་པ་དང་། བུལ་བ་དང་འདྲ་བར་ན་བུན་བན་བུན་ཙམ་གྱིས་སྒྲིབ་པ་ལྟ་བུ་གཉིས་ཏེ། དེ་ལྟར་སྒྲིབ་ཚབས་ཆེ་ཆུང་གིས་རྣམ་པར་བཞག་པའོ། །ཕྱག་དཔེ་ལ་ལར། བན་བུན་གྱིས། །ཞེས་བཞུགས། གཉིས་པ་ནི། ཚིགས་བཅད་གཅིག་གི་འོག་ནས། སྒྲིབ་པར་གྱུར་བའི། ཞེས་པ་ནས། རབ་ཏུ་གསལ་བར་འདོད། །ཅེས་པའི་བར་གྱིས་བསྟན་ཏེ། དོན་མཐོང་དུ་མི་སྟེར་བའི་སྒྲིབ་པར་གྱུར་པའི་མུན་ནག་ལྟ་བུའི་གཡེང་བ་དྲུག་ནི། ཕྱི་ནང་གི་མཚན་མའི་ཡུལ་ལ་གཡེང་བ་རྣམ་པ་དྲུག་ཏུ་སྣང་བ་རྣམས་ཏེ། སྒོ་ལྔ་ལ་མཉམ་བཞག་གཏན་མེད་པས་སམ། ཆེད་བྱས་མེད་པར་ཡིད་ཕྱི་རོལ་གྱི་རྗེས་སུ་འཕྲོ་བ་རང་བཞིན་གྱི་གཡེང་བ་དང་། ཡིད་ཀྱི་རྣམ་ཤེས་འདོད་ཡོན་གྱི་ལོངས་སྤྱོད་ལ་འཕྲོ་ཞིང་ཡུལ་གྱི་རོ་མྱོང་བ་ཕྱི་ཡི་གཡེང་བ་དང་། བྱིང་རྒོད་དུ་གྱུར་པའམ་ཏིང་ངེ་འཛིན་གྱི་རོ་ལ་ཆགས་པ་ནང་གི་གཡེང་བ་དང་། གྲགས་པ་འདོད་པའི་ཕྱིར་དགེ་སྦྱོར་བྱེད་པ་དང་དམིགས་རྩོལ་གྱི་སྐབས་ལེན་པར་བྱེད་པ་མཚན་མ་ཉིད་ཀྱི་གཡེང་བ་དང་། དེ་ཁོ་ན་ཉིད་ལ་འདུ་ཤེས་ཀྱིས་གཟུང་བའམ། ཐེག་པ་གོང་མའི་དོན་བསྒོམ་པའི་ཚེ། འོག་མའི་དོན་ཡིད་ལ་བྱེད་པ་དང་། ཏིང་ངེ་འཛིན་སྔ་མ་བཏང་ནས་ཕྱི་མ་ཡིད་ལ་བྱེད་པ་རྣམས་ཡིད་ལ་བྱེད་པའི་གཡེང་བ་དང་། ང་དང་བདག་འཛིན་མ་བྲལ་བར་བདག་ཏུ་བཟུང་ནས་ངའོ་སྙམ་པ་ལ་བརྟེན་ཏེ་དགེ་བ་ལ་འཇུག་པ་ཡང་གནས་ངན་ལེན་གྱི་གཡེང་བ་སྟེ། འདི་དག་ཀྱང་ཅི་ཡང་ཡིད་ལ་མི་བྱེད་པའི་ཐབས་ཀྱིས་སྤོང་ཞིང་རབ་ཏུ་བསལ་ནས་རྟོགས་པའི་ཡེ་ཤེས་གསལ་བར་འདོད་དོ། །གསུམ་པ་ནི། གང་དུ་དབུ་མ། ཞེས་པ་ནས། སེམས་དཔའི་རྣལ་འབྱོར་འདོད། །ཅེས་པའི་བར་གྱིས་བསྟན་ཏེ། སྐབས་གང་ཞིག་ཏུ་དབུ་མ་ཉིད་ཀྱི་དོན་ལ་ལྟ་ཞིང་ཆོས་ཉིད་བསྒོམ་པའི་ཚེ་ན། དབུ་མའི་ལམ་ལ་བར་དུ་གཅོད་ཅིང་སྒྲིབ་པའི་སྐྱོན་གྱི་རྣམ་གྲངས་རྣམ་པ་ལྔ་བྱུང་ནས་དོན་གྱི་ངོ་བོ་གང་ཉིད་སྒྲིབ་པར་བྱེད་པ་ནི། ཡིད་ཀྱི་རྣམ་པའི་བྱུང་ཚོར་དང་། བྱིང་རྨུགས་སུ་གྱུར་པ་དང་། འཛིན་ཆགས་ཀྱི་ཞེན་པ་དང་། ཐེར་ཟུག་ཏུ་འཐས་པ་དང་། ངེས་པ་མེད་པར་ཕྱལ་བར་གྱུར་པའི་སྐྱོན་དང་ལྔའི་དབང་གིས་ན། བྱུང་ཚོར་གྱི་དབང་གིས་གཡེང་བར་འགྱུར་བ་མར་མེ་རླུང་གིས་བསྐྱོད་པ་ལྟ་བུ་དང་། བྱིང་རྨུགས་ཀྱི་དབང་གིས་འཐིབས་པར་འགྱུར་བ་འབེན་འཐིབས་པའི་མདའ་ལྟ་བུ་དང་། འཛིན་ཆགས་ཀྱི་དབང་གིས་འགོག་པ་ཁྱིམ་བདག་འཇུར་བུ་ཅན་ཞིག་མར་འདོད་ནས་བ་ཉོས་པས་ཞོ་ལ་ཆགས་པ་ལྟ་བུ་དང་། ཐེར་ཟུག་གི་དབང་གིས་ཀུན་ཏུ་རྟོག་པར་འགྱུར་བ་སྐྱེས་བུ་བྱ་རོག་གི་ཁུ་འཕྲིག་ཅན་ལྟ་བུ་དང་། ཕྱལ་བའི་དབང་གིས་དོན་མཐོང་བ་མེད་པ་ཁོ་ནར་གྱུར་པ་ཤེས་རྒྱ་ཆུང་བས་འཁོར་བར་ཆུད་པ་བྱ་མུན་ལ་ཐུག་པ་ལྟ་བུ་རྣམས་ཡིན་ནོ། །འདི་དག་དབུ་མའི་དོན་རྟོགས་པའི་ལྟ་བ་དང་བསམ་གཏན་གྱི་སྐྱོན་ཡིན་ནོ་ཞེས་དབུ་མར་གནས་ཏེ་དོན་བསྒོམ་པའི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་པ་དག་འདོད་དོ། །གསང་སྔགས་ཀྱང་མི་འདོད་པ་ནི་མ་ཡིན་ཏེ། རྫོགས་ཆེན་ལྟར་ནའང་རིམ་གྱིས་པའི་སྐབས་ཡིན་པས་སོ། །གཉིས་པ་ནི། གོང་གི། གནས་ངན་གསུམ་དང་། ཞེས་པ་ནས། རང་རྒྱལ་སེམས་དཔར་ལྟུང་། །ཞེས་པའི་བར་གྱིས་བསྟན་ཏེ། སྐྱོན་དེ་དག་གིས་གང་དང་གང་དུ་གོལ་བར་འགྱུར་ཞེ་ན། དེ་དག་གི་ཉེས་དམིགས་བསྟན་པ་ནི། རྟོག་པ་ཆེ་ཕྲས་ངན་སོང་གི་གནས་ངན་གསུམ་དུ་ལྟུང་བ་དང་། མཚན་མ་ཆེ་ཆུང་གིས་ཉིན་མཚན་ཕྱེད་དུ་སྣང་བ་མིའི་གནས་སུ་ལྟུང་བ་དང་། རྒྱུ་བ་དང་། ཚོར་བ་དང་། བྱུང་ཚོར་དང་། སེམས་ཀྱི་ཆོས་དང་བཞིས། འདོད་པའི་ལྷའི་རིགས་རྒྱལ་ཆེན་རིས་བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན་བཞིའམ། ས་ལ་བརྟེན་པ་གཉིས་ནས་མཁའ་ལ་བརྟེན་པ། མཚེ་མ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དང་བཞི་ཡི་བདེ་གནས་སུ་ལྟུང་ངོ་། །ཡང་ན། རྒྱུ་བས་རྒྱལ་ཆེན་དང་སུམ་ཅུ། ཚོར་བས་འཐབ་བྲལ། བྱུང་ཚོར་གྱིས་དགའ་ལྡན་དུ་ལྟུང་བ་དང་བཞིར་ཡང་གསུང་། གཞན་སེམས་ཡོད་མེད་ཀྱིས་མུ་སྟེགས་སུ་ལྟུང་བ་དང་། བྱིངས་རྨུགས་ཀྱིས་གཟུགས་ཁམས་བསམ་གཏན་བཞིའི་གནས་སུ་ལྟུང་བ་དང་། བྱུང་ཚོར་ལ་རྟེན་པའི་འདུ་ཤེས་ཀྱི་རྗེས་སུ་འབྲངས་པའི་རྒྱུན་གྱི་བྱེ་བྲག་ལས་གཟུགས་མེད་སྐྱེ་མཆེད་མུ་བཞིའི་གནས་སུ་ལྟུང་བ་ཡིན་ཞིང་། བདེན་བཞིའི་བླང་དོར་ལ་གནས་ཏེ་འཛིན་ཆ་དང་མ་བྲལ་ན་བདེན་པའི་དོན་མཐོང་བར་དཀའ་བས་ཉན་ཐོས་འགོག་པར་ལྟུང་བ་དང་། རྟེན་འབྲེལ་བཀག་པ་ལས་འབྲས་བུ་ཚོལ་བ་ལྟ་བུ་ཕྱལ་བར་གྱུར་ཏེ་ཞི་བ་ཕྱོགས་གཅིག་ལ་ལྟ་བས་རང་རྒྱལ་དུ་ལྟུང་བ་དང་། སྟོང་པ་ཉིད་ཡང་དག་པར་མ་མཐོང་སྟེ། བློ་ཐེར་ཟུག་ཏུ་འཐས་ནས། ཤེས་པ་འཁྲུལ་པར་སྣང་བ་ཙམ་དུ་ལྟ་བས་ན་རྣམ་རིག་གི་སེམས་དཔར་ལྟུང་བར་འགྱུར་བ་ཡིན་ནོ། །གསུམ་པ་ལ་གཉིས་ཏེ། རྟོག་པའི་སྐྱོན་བཅོས་ཐབས་བསྟན་པ། སྒྲིབ་པའི་སྐྱོན་བཅོས་ཐབས་བཤད་པའོ། །དང་པོ་ནི། འོག་ནས། དབུ་མར་ངེས་པའི་ཞེས་པ་ནས། ཅན་དུ་ལྟུང་མི་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་བསལ་བའི་ཐབས་གང་སྙམ་པ་ལ། རབ་ཏུ་འབྱེད་པ་མངོན་དུ་བྱེད་པས་བཅོས་ཐབས་བསྟན་ཏེ། སྐྱེས་བུ་གང་སུ་ཞིག་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་གསང་བའི་དབུ་མར་ངེས་པའི་ལམ་གྱི་དོན་གཉེར་ནས་ཡང་དག་པར་ཚོལ་བར་ཞུགས་ཏེ་ཕྱི་ནང་གི་དགོན་པ་འདུ་འཛི་དང་བྱ་བྱེད་གཉིས་དང་བྲལ་བའི་གནས་ཀྱི་རྒྱུད་དུ་རང་ཉིད་གཅིག་པུར་དབེན་པར་བཟུང་སྟེ་མངོན་སུམ་དང་རྗེས་དཔག་གམ་ལུང་དང་རིགས་པའི་ཚད་མ་གཉིས་ཀྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པར་གཞལ་ཏེ་ངེས་པའི་གདེང་ཡོད་པའི་ཤེས་རབ་ཀྱི་བློས་སྒོམ་སྐྱོན་དུ་གྱུར་པའི་རྣམ་པར་རྟོག་པའི་ཡིད་ལ་བྱེད་པ་དག་རྗེས་གཅོད་པའམ་རྩད་གཅད་པར་བྱས་ཏེ་བརྟགས་པ་ན། ཆོས་རྣམས་ལ་ཡོད་པ་དང་མེད་པ་དང་སྔོན་གྱི་རྟོག་པ་དང་ཕྱིས་ཀྱི་རྟོག་པ་ལ་སོགས་པ་རྣམ་པར་རྟོག་པ་རྣམས་གང་ལས་བྱུང་བའི་རྒྱུ་རྩད་བཅད་ན། ངོ་བོ་མ་གྲུབ་པར་ནན་གྱིས་བརྟགས་པས་སྐད་ཅིག་སྔ་མའི་རྟོག་པ་ཉིད་མཐུ་བརྟས་པ་ལས་བྱུང་བར་ཤེས་པའི་ཚེས་བཅོས་པའི་ཐབས་ཀྱང་དེ་ལྟ་བུར་རྒྱུ་འཁྲུལ་རྟོག་བརྟན་པའི་རྟོག་པ་ཉིད་སྣང་ལ་རང་བཞིན་མ་གྲུབ་པར་བདེན་མེད་སྒྱུ་མར་རབ་ཏུ་ཤེས་པར་གྱུར་ན། རྟོག་པའི་རི་བོ་ཕྲ་རགས་དག་རབ་ཏུ་ཞི་ནས་ཡོངས་སུ་དག་པར་འགྱུར་རོ། །དེ་ལྟར་ཞི་བ་དེས་ནི་འབྲས་བུ་ངན་འགྲོའི་གནས་ངན་གསུམ་དུ་ནམ་ཡང་ལྟུང་བ་མིན་ནོ། །དེ་བཞིན་དུ་མཚན་མ་བཅོས་པའི་ཐབས་ཀྱང་། རྟོག་པ་བརྟས་པའང་རྒྱུ་གང་ལས་བྱུང་བ་ཡིན་ཞེ་ན། དེ་ཡང་ལུང་དང་མན་ངག་ལ་བརྟེན་ནས་ངེས་པར་བརྟགས་ཤིང་དཔྱད་པས། ཡུལ་ལ་མཚན་མར་འཛིན་པའམ་ཆོས་ཉིད་ལ་བཟུང་བ་ཉིད་ལས་བྱུང་བ་ཡིན་པར་ཤེས་པས། ཡུལ་དུ་ཞེན་པའི་མཚན་མ་ཡང་བཤད་པ་ལྟར་སྣང་ལ་རང་བཞིན་མེད་པའི་སྒྱུ་མར་རབ་ཏུ་ཤེས་པ་ན་མཚན་མའི་ཆོས་རྣམས་མི་ལྡང་བར་རྣམ་པར་ཞི་བར་འགྱུར་ལ། དེས་ནི་འདོད་པའི་ཁམས་ཀྱི་མཐོ་རིས་ཀྱི་གནས་ཐ་མ་མིའི་འགྲོ་བར་ལྟུང་བ་མིན་ནོ། །མཚན་མ་དེ་ཡང་རྒྱུ་ཇི་ལྟར་ཡིན་དཔྱད་ན། དེ་ཡང་དྲན་པ་རྒྱུ་བ་ནི་གཏིང་ཐོག་ཏུ་བྱུང་བས་འབྱུང་བ་ཞེས་བྱ་བས་ན་འབྱུང་བ་དག་ལས་བྱུང་བར་ཤེས་ཏེ་དྲན་པའི་ཤེས་པ་ཕྱི་ནང་དུ་རྒྱུ་བ་ན་སྐྱོན་དང་། དེ་ལྟར་དྲན་པའི་རྒྱུ་བ་རིང་ཐུང་རྣམས་སྣང་ལ་རང་བཞིན་མེད་པར་སྒྱུ་མ་ལྟ་བུར་རབ་ཏུ་ཞིར་ཞེས་ཞི་བར་ཤེས་ན། ཐབས་དེས་རྒྱུ་བའི་སྐྱོན་ཀུན་སེལ་ཞིང་ཆང་པར་བྱེད་པས། འདོད་ཁམས་ལྷའི་གནས་རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་གཉིས་ལོངས་སྤྱོད་མཚུངས་པས་གཅིག་པར་བརྩིས་ཏེ་རྟོགས་པ་དེ་དང་ལྡན་པ་དག་ཞེས་པའམ་གནས་རིས་དེ་དག་ཏུ་ལྟུང་བ་མིན་ནོ། །གོང་མ་ལྟར་རྒྱུ་བ་དེ་ཡང་གང་ལས་བྱུང་ཞེ་ན། དེ་ལྟར་རྩད་བཅད་པས་སྔ་མ་དེ་བཞིན་དུ་དེ་ཡང་དེ་ལྟར་བདེ་སྡུག་མྱོང་བའི་ཚོར་བ་ལས་བྱུང་བ་ཡིན་པར་ཤེས་ཏེ། ཚོར་བ་དེ་ཉིད་སྔ་མ་དེ་ལྟར་སྣང་ལ་མེད་པ་སྒྱུ་མར་ལྟ་བུར་ཤེས་པར་གྱུར་ན། སྐྱོན་གྱི་ཚོར་བ་སེལ་བར་བྱེད་དེ་མི་འབྱུང་བས། འདོད་ཁམས་ཀྱི་ལྷ་གནས་གསུམ་པར་འཐབ་བྲལ་དེ་རུ་ཡོང་ཡེ་ལྟུང་བ་མིན་ནོ། །ཚོར་བ་དེ་ཉིད་ཀྱང་དེ་ལྟར་གང་ལས་བྱུང་བ་དེ་ཉིད་རྩད་བཅད་ནས་བརྟགས་པ་ན། གང་དེ་ཡང་བྱུང་ཚོར་ཕྱི་ནང་ཉིད་དུ་འབྱུང་འཇུག་བྱེད་པའི་རྒྱུ་ཁོ་ན་ལས་བྱུང་བར་ཤེས་ཏེ་བྱུང་ཚོར་ངོས་ཟིན་ནས། བྱུང་ཚོར་དེ་ཉིད་སྐྱོན་ཏུ་གྱུར་པའང་སྒྱུ་མ་ལྟ་བུར་རང་བྱུང་རང་ཞིར་རབ་ཏུ་ཤེས་པས་ན་དགག་པ་དང་སྐྱེ་བའམ་ལྡང་བ་ཡང་ག་ལ་ཡོད་དེ་མེད་པས་ན་དེ་ནི་འདོད་ཁམས་བཞི་པ་དགའ་བ་དང་ལྡན་པར་ལྟུང་བ་མིན་ནོ། །བྱུང་ཚོར་དེ་ཡང་གང་ལས་སྐྱེ་ཞིང་མཆེད་ན། དེའི་རྒྱུ་སེམས་ཀྱི་ཆོས་ཤེས་རིག་གིས་འཛིན་པ་ལས་བྱུང་བར་གྱུར་པ་སྟེ། དེ་བས་ན་སེམས་ཉིད་ཀྱང་སྣང་སྟོང་གི་མཐའ་དང་བྲལ་བར་སྒྱུ་མ་ལྟ་བུར་རབ་ཏུ་ཤེས་ཤིང་རྟོགས་ན། སེམས་ཀྱི་ཆོས་སུ་གྱུར་པའི་དྲན་རྟོག་གིས་འཛིན་པ་རྣམས་མི་ལྡང་བར་ཞི་བར་འགྱུར་རོ། །དེ་ལྟར་རྟོགས་ན་ལུས་སུ་སྣང་བའི་གཟུགས་ཀྱི་ཕུང་པོ་ནི་སྣང་ལ་རང་བཞིན་མ་གྲུབ་པས་གཟུགས་བརྙན་དང་འདྲ་བ་ལ། སེམས་དང་སེམས་བྱུང་ནི་སྐད་ཅིག་མའི་རྒྱུན་དུ་བྲང་བྲེང་སྣང་ཡང་དངོས་པོ་མེད་པ་སྨིག་རྒྱུ་ལྟ་བུར་འདོད་པ་ཉིད་དེ་ཡོད་པ་དང་མེད་པ་གཉིས་ཀྱི་མཐའ་ལས་མ་སྤངས་པར་གྲོལ་བའི་ངོ་བོར་གསལ་བས་ན་དེ་ལྟར་ཤེས་ཤིང་རྟོགས་པ་དེས། འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་གཉིས་ལོངས་སྤྱོད་འཕྲུལ་ཚུལ་སྤྱིར་མཚུངས་པས་གཅིག་ཏུ་བརྩིས་ཏེ། འདོད་ཁམས་ཀྱི་ལྷ་གནས་ལྔ་པར་ལྟུང་བ་མིན་ནོ། །དེ་དག་ནི་འབྲས་བུ་ནས་དཔྱད་པས་རྒྱུ་ངོས་ཟིན་ནས་དེ་ཉིད་ཀྱང་དགག་པ་མེད་པར་ཤེས་པས་མི་ལྡང་བར་གྲོལ་བ་ནི། ཉོན་མོངས་པ་རབ་ཏུ་འབྱེད་དེ་དོན་མངོན་དུ་བྱེད་པས་སྤོང་བའོ། །གཞན་གཉེན་པོས་སྤངས་པ་དང་། རབ་ཏུ་འབྱེད་པ་མེད་པར་མངོན་དུ་མི་བྱེད་པས་སྤོངས་བ་ནི་སྔ་མ་བློ་ཆུང་བ་དང་། ཕྱི་མ་གཅིག་ཆར་འཇུག་པའི་ཐབས་སོ། །གཞན་ཡང་སེམས་ཉིད་སྣང་སྟོང་གི་མཐའ་ལས་གྲོལ་བར་རྟོགས་པས་རྟག་པ་བདག་དང་བདག་གིར་ཡོད་པའི་དངོས་པོའམ་ཆད་པ་སྔ་ཕྱི་རྒྱུ་འབྲས་མེད་ཅེས་བྱ་བར་མི་ལྟ་བར་མཐའ་ལ་མི་འཛིན་པས། འདིར་རྟག་ཆད་དུ་ལྟ་བ་སྤྱི་ལ་བསྟིང་བའི་ཚིག་གིས་ཡ་མཚན་ཅན་མུ་སྟེགས་བྱེད་དུ་ལྟུང་བར་མི་འགྱུར་རོ། །གཉིས་པ་ནི། བྱིངས་རྨུགས་ཅན་དུ། ཞེས་པ་ནས། རིམ་པའང་སྦྱོར་མ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། བྱིངས་རྨུགས་ཀྱིས་འཐིབས་པ་ཅན་དུ་མ་གྱུར་ཏེ་རང་རིག་པ་ཡེ་ཤེས་སུ་གསལ་བས། འདུ་ཤེས་མེད་པ་དང་བསམ་གཏན་བཞིའི་སྐྱོན་དུ་དེ་ཉིད་ལྟུང་བར་མི་འགྱུར་རོ། །སེམས་ཅིར་ཡང་མི་རྟོག་པ་ཉིད་འདུ་ཤེས་ཀྱི་རྗེས་སུ་མ་འབྲངས་པས་ཐ་མལ་གྱི་འདུ་ཤེས་དང་སྐྱེ་མཆེད་མུ་བཞིའི་འདུ་ཤེས་སུ་མི་གོལ་བས་སེམས་ཅན་ཕལ་པ་དང་གཟུགས་མེད་རྒྱུན་བཞིའི་གནས་སུ་དེ་ཉིད་ལྟུང་བ་ཡོང་ཡེ་མིན་ནོ། །དེ་གཉིས་ཀྱི་སྔ་མ་ནི་བྱིངས་རྨུགས་ཀྱིས་འཐིབས་པ་བཅོས་ཐབས་དང་། ཕྱི་མ་ནི་ལུས་མེད་སེམས་ཀྱི་གཡོ་བ་བཅོས་པའི་ཐབས་སོ། །ཆོས་ཐམས་ཅད་པའི་རྩ་བ་ཀུན་འབྱུང་ཀུན་གཞི་ཉིད་རྟོགས་ཏེ་ཆོས་ཉིད་ཀྱི་བདེན་པ་མཐོང་བས། ཞི་བ་ཕྱོགས་གཅིག་པའི་མྱང་འདས་ཉན་ཐོས་འགོག་པའི་གནས་སུ་ཡོང་ཡེ་ལྟུང་བ་མ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་མེད་པར་རྟོགས་པ་ལ། རྟེན་འབྲེལ་ལུགས་འབྱུང་དུ་འཛིན་པ་ཞི་བས་འཁོར་བའི་སྐྱོན་ཆེད་དུ་ཞི་བར་མི་ལྟ་བས། རང་རྒྱལ་གྱི་གནས་སུའང་ག་ལ་ཡིན་ཏེ་མི་ལྟུང་ངོ་། །དེ་གཉིས་ཀྱི་སྔ་མ་ནི། འཛིན་ཆགས་ཀྱི་དབང་གིས་འགོག་པ་བཅོས་ཐབས་དང་། ཕྱི་མ་ནི་ཕྱལ་བས་མེད་པ་བཅོས་པའི་ཐབས་སོ། །རིལ་སེམས་ཀྱི་ཆོས་ཉིད་དུ་ཤེས་པ་ལ། ཉམས་མྱོང་གིས་འཐས་ཏེ་སེམས་སྣང་བའི་རྣམ་རིག་ཙམ་དུའང་མི་ལྟ་ཞིང་འཛིན་པ་མིན་པས་ན་སེམས་དཔའ་སེམས་ཙམ་པ་དེ་ལ་ཡང་སྐབས་དེར་གོལ་བ་མ་ཡིན་ནོ། །དེ་ཉིད་ཐེར་ཟུག་དབང་གིས་རྟོག་པ་བཅོས་ཐབས་སོ། །སྟོང་ཉིད་མཉམ་པའི་ངོ་བོ་མཐའ་གཉིས་བྲལ་བའི་དབུ་མ་ཆེན་པོའི་དོན་ལ་མཐའ་དབུས་འབྱེད་ཅིང་གོང་འོག་དང་མཉམ་རྗེས་སོ་སོར་ཐ་དད་ཀྱི་རིས་དང་བྲལ་ཏེ་བདེན་གཉིས་དབྱེར་མེད་མཉམ་པ་ཆེན་པོ་ཉིད་པས། དང་པོ་ནས་བཅུ་པའི་བར་གྱི་ས་ཡི་རིམ་པའང་སྦྱོང་སྟེ་ཀུན་ཏུ་འོད་ལ་བགྲོད་དུ་ཡོད་པ་མ་ཡིན་ནོ། །རྒྱུ་མཚན་འདིས་ན་ཚུལ་འདི་ཡང་སྔགས་ཀྱི་རྩོལ་བའི་རྣལ་འབྱོར་རིམ་གྱིས་འཇུག་པ་ལའང་སྦྱར་བར་གསལ་ལོ། །བཞི་པ་ནི། ཕྱོགས་ལྟ་མཐའ་འདས། ཞེས་པ་ནས། རྒྱུན་དུ་དྲན་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། བདེན་གཉིས་ཕྱོགས་རིས་སུ་ལྟ་བའི་མཐའ་ཐམས་ཅད་ལས་འདས་པའི་དབུ་མ་ཆེན་པོ་གསང་བའི་ཆོས་ཉིད་རང་བཞིན་འདི་འདྲར་མེད་པས་སྟོང་པ་ཉིད་གང་དུའང་མི་ཟིན་པ་ཡི་དེ་ཁོ་ན་ཉིད་ཀྱི་དོན་ལ། རང་རིག་པའི་སེམས་ཉིད་གྱི་ན་འདའ་བས་བསྒོམ་པའང་ལུས་སེམས་ཁོང་ཀློད་བག་བདལ་ཏེ་ཡང་བགས་སུ་བཞག་ལ་ཆེད་དུ་གྲིམས་ཕྱུང་བ་མེད་པར་བཏང་སྙོམས་ཀྱི་སྐད་ཅིག་མས་མ་བྲལ་མ་ཤོར་ཙམ་དུ་བློ་མི་གཡོ་བར་དལ་བའི་ངང་ལ་ཅིར་ཡང་མི་བསམ་པར་རྒྱུན་དུ་དྲན་པར་བྱས་ཏེ་བཞག་པར་བྱ་སྟེ་དེ་ལ་ཡུན་ཇེ་རིང་དུ་འབད་དོ། །ལྔ་པ་ལ་གཉིས་ཏེ། སྤྱིར་བསྟན་པ། ཡེ་ཤེས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་དེ་ལ། ཞེས་པ་ནས། དང་ནི་ཡེ་ཤེས་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བསྒོམ་པའི་ངོ་བོ་བཤད་པའི་ཚུལ་དེ་ཁོ་ན་ལ་བློ་ཡུན་རིང་དུ་མཉམ་པར་བཞག་ནས་གོམས་པར་བྱས་ན། དོན་ལ་ཉེ་བའི་རྟགས་ཀྱི་ཚོར་བ་རྣམ་པ་ལྔ་ཉིད་འདི་ལྟར་འབྱུང་སྟེ། གང་ཞེ་ན། དྲོད་དང་རྟགས་དང་ཆོ་འཕྲུལ་དང་མངོན་ཤེས་དང་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམས་འབྱུང་ངོ་། །གཉིས་པ་ནི། དྲོད་ནི་གསོ་དང་། ཞེས་པ་ནས། མཐོང་དང་ཐམས་ཅད་གསལ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་དྲོད་ལ་ནི་མགོ་གཡོ་བ་དང་ལེགས་པར་ཐོབ་པ་གཉིས་དང་། དང་སྒྲའི་ཟུར་གྱིས་བརྟན་པ་དང་གསུམ་དུ་འགྱུར་ལ། རྟགས་ནི་མགོ་བྱུང་བ་དང་མི་འགྱུར་བར་བརྟན་པ་དང་། དང་སྒྲའི་ཟུར་གྱིས་ཐོབ་པ་དང་གསུམ་དུ་འགྱུར་རོ། །ཆོ་འཕྲུལ་ནི་མགོ་འབྱུང་བ་དང་ཡོངས་སུ་རྫོགས་པར་ཐོབ་པ་དང་གཉིས་སོ། །དེ་ནས་མངོན་པར་ཤེས་པ་ཡུལ་དྲུག་པོ་གང་དུ་ཡང་རིག་པ་གསལ་ཏེ་སྔོན་གྱི་གནས་དང་། ཕ་རོལ་གྱི་སེམས་དང་། ལྐོག་གྱུར་གྱི་སྒྲ་ལ་སོགས་པ་ཀུན་གསལ་བར་མཐོང་སྟེ་ཡེ་ཤེས་ཆེན་པོ་ཉིད་ལ་ལྟོས་ནས་ཕྲ་བའོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་གསལ་བར་མཁྱེན་ཏོ། །ལྔ་པོ་དེས་ནི་དྲོད་རྟགས་ཀྱི་དོན་རྣམས་ཡོངས་སུ་རྫོགས་ཏེ་བསྒྲུབ་བྱ་མཐར་ཕྱིན་པ་ཡིན་པས་སྐྱེད་དུ་བྱ་བ་མེད་པར་གྱུར་པའོ། །དེ་དག་འབྱུང་བའི་ཚུལ་ཇི་ལྟ་བུ་ཞེ་ན། དེ་ཡང་གཟུང་བ་ལ་རགས་པ་དང་ཕྲ་བ་དང་འཛིན་པ་ལ་རགས་པ་དང་ཕྲ་བ་དང་བག་ལ་ཉལ་བའི་རིམ་པས་དག་པའི་སྣང་བ་ནི། དཔེར་བྱ་ན་མུན་པ་སངས་ནས་གསལ་བ་ལྟ་བུ་དྲོད་དང་། སྐྱ་རེངས་ཤར་ནས་སྣང་བ་བྱུང་བ་ལྟ་བུའི་རྟགས་དང་། ནམ་མཁའ་ཤིན་ཏུ་དྭངས་པ་ལ་ཉི་མ་ཤར་བ་ལྟ་བུའི་ཆོ་འཕྲུལ་དང་། ཡུལ་ཁམས་ཀུན་ཏུ་མཐོང་བ་ལྟ་བུའི་མངོན་ཤེས་དང་། རྫས་རིལ་ལ་མ་ཁྱབ་ཅིང་མི་གསལ་བ་མེད་པར་ཐམས་ཅད་གསལ་བར་སྣང་བའི་ཉི་མ་ཤར་བ་ལྟ་བུའོ། །ཡང་ན། རྟོག་པ་གྲོལ་ཏེ་མུན་པ་སངས་པ་སྐྱ་རེངས་དང་པོ་ལྟ་བུ་དང་། མཚན་མ་དང་བྲལ་བས་སྣང་བ་བྱུང་བ་སྐྱ་རེངས་ཐ་མ་ལྟ་བུ་དང་། རྒྱུ་བ་སངས་པས་ནམ་མཁའ་གསལ་བ་ནམ་ལངས་པ་ལྟ་བུ་དང་། ཚོར་བ་དག་པས་ཀུན་ཏུ་མཐོང་བ་ཉི་མ་མ་ཤར་གོང་ལྟ་བུ་དང་། བྱུང་ཚོར་ཞི་བས་ཐམས་ཅད་གསལ་བ་ཉི་མ་ཤར་བ་ལྟ་བུའོ། །ཞེས་འབྱུང་སྟེ་ལུགས་གཅིག་གོ། །གཉིས་པ་ལ་གསུམ་སྟེ། ཡེ་ཤེས་ཤར་བའི་ཡོན་ཏན། ཤེས་རབ་མེད་པའི་སྐྱོན། མ་རྟོགས་པར་གཞན་ལ་བསྟན་པའི་སྐྱོན་བཤད་པའོ། །དང་པོ་ནི། དེས་ན་དེ་ཡི། ཞེས་པ་ནས། ཡིན་པས་དེ་ལ་ལྟོས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་དྲོད་རྟགས་བྱུང་ནས་ཡེ་ཤེས་ཤར་བས་སྒྲིབ་པ་འདག་པའི་ཚུལ་ནི། ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པ་དེས་ན་ཡོན་ཏན་ལྔ་སྐྱེས་པ་དེ་ཡི་མཐུ་དང་རྩལ་གྱི་ཁྱད་པར་གྱིས། ཀུན་གཞིའི་ཁམས་གང་དུ་སེམས་ལ་ཡོད་པའི་མ་རིག་པའི་བག་ཆགས་དང་། དེའི་དབང་གི་འཁྲུལ་བར་སྣང་བའི་མུན་པས་སྒྲིབ་པའི་ཚོགས་ཀྱི་དྲི་མ་མཐའ་དག་བསལ་བར་བྱས་ཏེ་དག་པར་བྱེད་པ་ནི། དཔེར་ཇི་ལྟར་ན། དྲག་པོའི་འཐོར་རླུང་གིས་སྤྲིན་ཕྱགས་པ་ལྟར་དུ་བྱ་བ་རྫོགས་པའི་སྐད་ཅིག་མ་ཙམ་གྱི་བར་དུ་ཡང་དག་པའི་དོན་ལ་རྣལ་དུ་འབྱོར་བའི་ཏིང་ངེ་འཛིན་གྱིས། སྒྲིབ་པར་གྱུར་པའི་མུན་པའི་ཁམས་དེ་དག་ཐམས་ཅད་རང་བཞིན་མེད་པའི་དབྱིངས་ཀྱི་ངང་དུ་ཕྱགས་ཏེ་དག་པར་འགྱུར་རོ། །དེས་ན་དོན་དུ་གཉེར་བའི་དགོས་པ་ཡང་དཔེ་ཇི་ལྟར་ན་མར་མེས་མུན་པ་བསལ་བར་བྱས་ན། མུན་པ་དེ་ཉིད་སྣང་བར་འགྱུར་བ་བཞིན་དུ། སེམས་སྐད་ཅིག་མ་ཡི་རང་བཞིན་དེ་ཉིད་ཡེ་ནས་ཆོས་ཉིད་ཡིན་པའི་དོན་དུ་རྟོགས་པའི་རིག་པ་ཡེ་ཤེས་གསལ་བར་གྱུར་པ་ན། སྔོན་ཐོག་མ་མེད་པ་ནས་ཀྱི་ལོག་པར་ཞེན་པ་དང་། ལམ་ལ་བསླབ་ནས་ཡང་དག་པར་ཞེན་པའི་བག་ཆགས་ཀྱི་མུན་པའི་མཐར་སྣང་མ་ལུས་པ་ཀུན་སེལ་ཏེ་དག་པར་བྱེད་དོ། །དེ་སྐད་དུའང་། ཀུན་འདུས་ལས། དེ་ལྟར་སེམས་ཀྱིས་སེམས་མཐོང་ན། །ཡེ་ཤེས་ཀྱིས་ནི་ཆོས་ཉིད་མཐོང་། །དུས་ཀུན་ཏུ་ནི་སྐྱེ་འགག་མེད། །སྔོན་མ་མཐོང་བའི་དོན་མཐོང་འགྱུར། །དེ་ཡང་དངོས་པོ་ཅང་མི་མཐོང་། །ཐམས་ཅད་རང་བཞིན་མེད་པ་ཞིག །བློ་ལ་འགྱུས་པ་ཁོ་ནར་ཟད། །དེ་ལྟ་བུ་ཡི་དོན་མཐོང་ན། །མཚན་མར་མཐོང་བ་ཅི་ཡང་མེད། །སྒྱུ་མ་ཙམ་དུ་ཚུལ་ཤེས་ན། །ནམ་མཁར་མཉམ་པའི་དོན་སྣང་འགྱུར། །ཞེས་དང་། དེ་ནས་དེ་མ་ཐག་ཏུ་ཡང་། །ཡིད་ཀྱི་རྒྱུ་བ་རྒྱུན་ཆད་ནས། །སྔར་འཁྲུལ་མཚན་མའི་ཆོས་བྲལ་ཏེ། །དེས་ནི་བདེན་པ་མཐོང་བ་ཡིན། །ཞེས་སོ། །དེ་ཉིད་རྟོགས་པའི་རྟགས་ནི། དེ་ལྟ་བུའི་ཆོས་ཉིད་ཀྱི་དོན་གང་ཡིན་པ་དེ་ཉིད་ངེས་པར་རིག་ཅིང་རྟོགས་པའི་རྣལ་འབྱོར་པ་དེ་དག་ནི། དོན་དེ་ཁོ་ན་ཉིད་དེ་ཡི་སྒོ་རྟོགས་པའི་རིག་པ་དེ་ཡིས་ཕྱེ་ཞིང་དེ་བཞིན་ཉིད་མཐོང་བའི་ཤེས་རབ་ཀྱི་མིག་གམ་སྤྱན་དང་དམ་པ་དེ་ཉིད་ལྡན་པས། མཐོང་ཐོས་ཀྱི་ཆོས་ཇི་སྙེད་པ་ཐམས་ཅད་ཚིག་གི་ལམ་གྱི་ལེའུ་བཞིར་བསྡེབས་ནས་ཚིག་བཞི་པའི་ཚིགས་སུ་བཅད་པའི་སྒོ་ནས་ལྟ་སྒོམ་སྤྱོད་འབྲས་ཀུན་གྱི་གནད་དོན་གསལ་བར་བྱེད་པ་དང་སྦྱར་ཏེ་སྨྲ་ཞིང་སྟོན་པ་དང་། གཏན་ཚིགས་ཟབ་མོ་རྣམས་ཀྱང་ཚིག་ལ་མ་བསླབས་པར་རིགས་པའི་རྩལ་གྱིས་འབྱིན་པར་ནུས་ཏེ། དེ་ལྟ་བུའི་རྟོགས་པ་དང་ལྡན་པ་དེ་ནི། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོའམ་རིག་པ་འཛིན་པའི་སྐྱེས་བུ་དམ་པ་ཡིན་པས་ན། དེ་ལྟར་དོན་ཆེན་པོ་དེ་ལ་ཡང་དག་པར་ལྟོས་ལ་རྟོགས་པར་གྱིས་ཤིག་པའོ། །གཉིས་པ་ནི། དེ་ཡི་མིག་དང་། ཞེས་པ་ནས། ངེས་ཀྱི་དམིགས་མི་ཕྱེད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་དོན་མ་གོ་བའི་སྐྱོན་ནི། བཤད་མ་ཐག་པ་དེ་ལྟ་བུའི་ཆོས་ཉིད་རྟོགས་པའི་ཤེས་རབ་དེ་ཡི་སྤྱན་མིག་དང་མ་ལྡན་པར་རྟོགས་པའི་གདེང་དང་བྲལ་ན། དོན་གྱི་མཚོན་ཐབས་མུ་མཐའ་ཡས་པ་ཇི་སྙེད་པའི་ཚིག་གི་ལམ་གྱི་བརྗོད་པ་རྣམས་ཀྱིས། དོན་དེ་ལ་མཚོན་པའི་ཐ་སྙད་སྣ་ཚོགས་པ་ཇི་ལྟར་བརྗོད་དེ་བསྟན་ཀྱང་། ཇི་བཞིན་དུ་ངེས་སམ་མ་ངེས་པའི་ཁྱད་པར་དབྱེ་ནས་ནོར་མ་ནོར་གྱི་དམིགས་གནད་མི་ཕྱེད་པས་ཡང་དག་པར་དཔོགས་པར་མི་ནུས་སོ། །གསུམ་པ་ནི། ཚིག་ཕྱིར་བློ་འབྲངས། ཞེས་པ་ནས། ཆོས་སྨྲ་དེ་བས་ལྕི། །ཞེས་པའི་བར་གྱིས་བསྟན་ཏེ། དེའི་ཕྱིར་དོན་མ་ངེས་པར་ཚིག་གམ་སྒྲའི་ཕྱིར་བློ་འབྲངས་པས་བློ་གྲོས་རྩིང་ཞིང་རྣམ་པར་གཡེང་བའི་དམུ་རྒོད་དག །ངེས་པའི་དོན་ལ་གོམས་པར་བྱ་བའི་གསང་བ་མཆོག་གི་བསླབ་པའི་ས་དང་ལམ་ལ་གནས་པ་མ་ཡིན་ཏེ། ཚིག་ཙམ་ཤེས་ཀྱང་དོན་མ་ངེས་པས་སོ། །དེ་ལྟ་བུའི་གང་ཟག་དེས་གསང་དོན་མཚོན་པའི་ཚིག་གི་ལམ་གྱི་རྗོད་བྱེད་འབུམ་ཕྲག་ཏུ་གྱུར་པ་སྟོང་ཕྲག་བརྒྱ་ལྟ་བུ་ཇི་ལྟར་བརྗོད་ཀྱང་། དེ་དག་གཞན་ལ་སྟོན་ཞིང་སྨྲ་བར་བྱ་བ་མ་ཡིན་པས་གསང་བར་བྱ་སྟེ་སྨྲ་བར་མ་བྱེད་ཅིག །གལ་ཏེ་གང་ཟག་གང་ཞིག་རང་གིས་མ་རྟོགས་པར་གཞན་སྣོད་མ་ཡིན་པ་གང་ལ་གསང་དོན་སྨྲ་བ་དང་བཤད་པར་བྱེད་ན། ཆོས་མིན་ཆོས་སུ་སྨྲ་བས་ལོག་པར་སྨྲ་བ་རྡོ་རྗེ་གསང་བའི་ཐེག་པ་ཆེན་པོའི་བཀའ་རྐུན་བྱེད་པོ་དེ་ཉིད། ཐར་པའི་དུས་མེད་པར་རྡོ་རྗེ་དམྱལ་བའི་གནས་དེར་ལྟུང་ནས་སྡུག་བསྔལ་གྱིས་ཉམ་ཐག་པའི་ཉེས་པ་འབྱུང་ངོ་། །ཡང་ན། དཔེ་ལ་ལར། རྡོ་རྗེར་དེ་ལྟུང་འགྱུར། །ཞེས་འབྱུང་བས། རྡོ་རྗེར་གྲགས་པའི་དམྱལ་བ་དེར་ལོག་སྨྲ་དེ་ཉིད་ལྟུང་བར་འགྱུར་རོ། །ཞེས་སྦྱར། དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་ཐེག་པ་ཆེན་པོའི་དོན་ངེས་པར་མ་གོ་བར་དོར་རམ་གཡོ་སྒྱུ་དང་ཚུལ་འཆོས་མཁན་དག་གིས། དོན་ཇི་བཞིན་དུ་ངེས་པའི་བློ་ཤེད་མ་བྱེ་བར་ཁྱད་པར་མཚོན་པའི་ཚིག་ལམ་སྒྲ་ཕྱིར་འབྲངས་པའི་མིང་ཚིག་གཉིས་ཀྱི་རྟེན་ཡི་གེས་ཁྲིད་ནས་ནི། གང་དོན་མ་ངེས་ཏེ་མི་ཤེས་པར་ཐེ་ཚོམ་ཟ་བཞིན་དུ་གཞན་ལ་གསང་སྔགས་ཀྱི་ཚིག་ལམ་བརྗོད་དེ་བཤད་ན། ཁམས་གསུམ་གྱི་སེམས་ཅན་སྲོག་ཆགས་པ་ཀུན་གྱི་སྲོག་ཕྲོགས་ཏེ་བསད་པའི་སྡིག་པ་བས་ཀྱང་། རང་གིས་མ་རྟོགས་ཏེ་ངེས་པ་མ་རྙེད་པར་གཞན་ལ་ཆོས་སྨྲ་བ་ནི་དེ་བས་ཀྱང་སྡིག་པ་ལྕི་བའི་ཕྱིར་ཏེ། དེས་ནི་ལོག་ལམ་དུ་བཙུད་པས་བདག་གཞན་ལ་ཐར་པའི་སྐབས་མེད་པར་འཁོར་བའི་གཏིང་རྡོ་བྱས་པའི་ཕྱིར་རོ། །གཉིས་པ་ལ་ལྔ་སྟེ། བློ་བཞག་ཐབས་བསྟན་པ། ཏིང་ངེ་འཛིན་གྱི་ངོ་བོ་བསྟན་པ། དེའི་ཡོན་ཏན་བཤད་པ། གོལ་ས་ངོས་གཟུང་བ། ལ་བཟླ་བའི་ཐབས་བཤད་པའོ། །དང་པོ་ནི། ཚིགས་བཅད་བདུན་གྱི་འོག་ནས། བསམ་དུ་མེད་པའི་ཆོས་ཉིད། ཅེས་པ་ནས། དེ་བཞིན་ཉིད་ལས་མེད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་དག་གི་རྗེས་སུ་ཐེག་པ་ཆེན་པོ་གཅིག་ཆར་བའི་འཇུག་ཐབས་བསྟན་པའི་ཕྱིར། དེ་བས་ན་བློ་མཆོག་གཅིག་ཆར་བ་རྣམས་ཀྱིས་བློ་བཞག་ཐབས་ནི། གནས་ལུགས་རང་བཞིན་གྱི་སྣང་བ་བསམ་དུ་མེད་པའི་ཆོས་ཉིད་ཇི་བཞིན་པ་འདི་ནི། སེམས་ཀྱིས་གང་དུའང་བསམ་དཔྱད་མེད་པར་རིག་པའང་དེ་ཉིད་ཀྱི་ཕྱིར་རྟོག་པའི་བློས་ཅིར་ཡང་མི་བསམ་པ་ཁོ་ནར་ཆོས་ཉིད་མ་བཅོས་པའི་དེ་བཞིན་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་མ་གཡོས་པར་བཞག་ན་རྩོལ་བས་མ་བསླད་པའི་ཕྱིར་ཐབས་དམ་པ་ཉིད་དེ། ཀུན་འདུས་ལས། དེས་ན་ཏིང་འཛིན་ཁྱད་པར་འདི། །རྣལ་འབྱོར་ཅན་གྱིས་འདྲེས་པར་བསྒོམ། །ཐམས་ཅད་མི་རྟོག་སྐྱེ་མེད་ཅིང་། །རྟོག་པའི་མཐའ་སྤངས་ནམ་མཁའི་དབྱིངས། །ཞེས་སོ། །དེ་ལྟར་བཞག་ན་ཡིད་ཀྱི་བྱ་བས་མི་འཁྱུད་པས་བསམ་གྱིས་མི་ཁྱབ་པའི་འཁོར་འདས་ཀྱི་ཆོས་རྣམས་ཇི་སྙེད་པ་ཀུན་གྱི་དོན་ཡང་བསམ་དུ་མེད་པའི་ཆོས་ཉིད་གཟའ་གཏད་དང་བྲལ་བའི་དེ་བཞིན་ཉིད་ཀྱི་ངང་དུ་འདུས་པས། དེ་ལས་གཞན་དུ་གྱུར་པའི་ཆོས་གང་ཡང་མེད་པས་དེ་ལྟར་གཡོ་བ་མེད་པར་མི་གནས་པའི་གནས་པ་ཆེན་པོ་ནི་རང་སྣང་ལྷུན་གྲུབ་ཀྱི་ངང་དུ་རིག་པ་རང་གསལ་དུ་གདལ་བ་ཁོ་ནའོ། །གཉིས་པ་ནི། གོང་ནས་མཐའ་དང་དབུས་བྲལ། ཞེས་པ་ནས། སྣང་བའི་ཐ་སྙད་བྲལ། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་ལྟ་བའི་དོན་མ་ནོར་བ་གསང་སྔགས་གཅིག་ཆར་བ་གང་ལྟར་འདོད་ཅེ་ན། མཐའ་དང་དབུས་ཀྱི་ཐ་སྙད་དང་ཡེ་ནས་བྲལ་བའི་གསང་བའི་ཆོས་ཉིད་དེ་ཁོ་ན་ཉིད་ཇི་བཞིན་པའི་དེ་བཞིན་ཉིད་ཇི་ལྟ་བར་ཁོང་དུ་ཆུད་ནས་ཐག་ཆོད་ན། བློ་ཅི་ལ་ཡང་རྟེན་བཅས་ཏེ། མི་གནས་པར་དབུ་མའམ་ཆོས་ཉིད་ཀྱང་དང་དུ་མི་ལེན་ལ། བཟང་ངན་ལ་སོགས་པའི་རིས་སུ་མི་འབྱེད་ཅིང་། ངོ་བོའམ་མཚན་ཉིད་མེད་པའི་ཆོས་ཉིད་ཅི་ཡང་མ་ཡིན་པ་ལ་མཐོང་ཐོས་ལ་སོགས་པ་མ་འགགས་ལ་བྲལ་བས་མཚན་མའི་ཐ་སྙད་གང་ཡང་མེད་པར་དོན་གྱི་དངོས་པོ་གང་ཅི་ཡང་མངོན་དུ་མི་བྱེད་དེ། སེམས་མི་རྟོག་པ་ཉིད་ཆེད་དུ་བྱ་བའི་རྩོལ་བ་ཙམ་དང་ཡང་བྲལ་བ་ཉིད་དོ། །དེ་ལྟ་བུའི་དོན་ནི་མཐའ་གང་དུའང་འབྱུང་མ་མྱོང་བས་སྣང་བ་མེད་པའི་ཆོས་ཉིད་དབུས་སུ་སྣང་བའི་ཐ་སྙད་དང་ཡང་བྲལ་བས། མཐའ་མེད་དོ་ཞེས་པའི་བཏགས་པའང་མེད་པས་དམིགས་བསམ་བརྗོད་པ་ཀུན་ལས་འདས་པའི་རང་རིག་པའི་ངོ་བོ་རྗེན་པར་མཐོང་ནས་དགོངས་པ་མི་གཡོ་བར་གནས་པ་སྟེ། རྒྱུད་ཀྱི་རྒྱལ་པོ་སེམས་ལུང་ཆེན་པོའི་མདོ་ལས ། ཆོས་ཉིད་མཚན་མ་མེད་པ་སྟེ། །ཆོས་ཉིད་དམིགས་པའི་ཡུལ་མེད་པས། །དབང་པོས་མཐོང་བར་བྱ་བ་མིན། །ཡུལ་མེད་ཁྱབ་པས་དེ་བཞིན་ཉིད། །ཅེས་དང་། གླེང་བྲལ་འདི་ལ་གནས་པ་ཡིས། །རྣལ་འབྱོར་འདི་ནི་སྐལ་བ་བཟང་། །ཆོས་ཉིད་གཏེར་ལྡན་ནམ་མཁའི་ཚུལ། །རྣལ་འབྱོར་ཆོས་ཉིད་ཡིན་པའི་ཕྱིར། །ཞེས་པ་ལ་སོགས་པ་ལྟར་རོ། །གསུམ་པ་ལ་གཉིས་ཏེ། ལས་དང་དུས་ལ་རག་མ་ལས་པར་བསྟན་པ། ཡོན་ཏན་བཞི་དང་ལྡན་པར་བཤད་པའོ། །དང་པོ་ནི། གོང་གི། དེས་ན་མཐའ་དབུས། ཞེས་པ་ནས། སྙམ་པའི་ཁར་མ་ལུས། །ཞེས་པའི་བར་གྱིས་བསྟན་ཏེ། རིམ་གྱིས་པས་ཡུན་རིང་མོས་ཆོས་ལྔ་ཐོབ་པའི་ཚུལ་དེས་ན། མཐའ་དབུས་དང་བྲལ་བས་མཉམ་ཉིད་ཆེན་པོའི་དོན་ལ། རིམ་པ་མེད་པར་སྤྱི་བླུགས་སུ་བཏུད་དེ་གཅིག་ཆར་དུ་གང་འཇུག་པ་ཡི་རྣལ་འབྱོར་རབ་མཆོག་དེ་དག་གི་བཞག་ཐབས་ནི་བཤད་ཟིན་ཏེ་བསམ་དཔྱོད་དང་བྲལ་བའོ། །དེ་ལྟར་གསང་སྔགས་ཀྱི་དོན་གོ་ནས་བསྒོམ་པ་ནི། འབྲས་བུ་ཉིད་ལ་ཞུགས་པ་ཡིན་པས་བརྩོན་པ་ཆེ་ན་བསྒོམ་གནས་ཡུན་རིང་ཐུང་ལ་རག་མ་ལས་པ་དང་དེ་བཞིན་དུ་ཡང་གང་ལས་འཕྲོ་ཡོད་པ་དང་མེད་པ་དང་། དུས་ནམ་ཞིག་ན་འགྲུབ་པར་འགྱུར་སྙམ་པའི་ཁར་ཡང་རག་མ་ལུས་ཏེ་གོལ་སྒྲིབ་མེད་པའི་སྙིང་པོ་ལ་གནས་པས་ལས་འཕྲོ་ཆེ་ཆུང་དང་རེ་རྩོལ་ལ་ལྟོས་པ་མེད་དོ། །གཉིས་པ་ནི། དེ་ལ་དེ་བཞིན། ཞེས་པ་ནས། གནས་སུ་དེ་དག་མིན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ཡང་ཆོས་ཉིད་ཇི་བཞིན་པའི་ངང་ལ་རིག་པ་དེ་ཡང་ཇི་བཞིན་པར་སྤྱི་བླུགས་སུ་མ་བཞག་པར་བཞག་པ་ལྟར་མཉམ་པ་ཉིད་ཀྱི་ངང་དེར་བཞག་ན། དུས་སྐད་ཅིག་ཙམ་ལས་མི་ཐོགས་པར་དེ་མ་ཐག་ཏུ་རང་བྱུང་གི་ཡེ་ཤེས་དེ་ཉིད་རང་ལ་སྣང་སྟེ། རང་རིག་པ་མཉམ་པའི་ཀློང་དུ་གསལ་བར་འགྱུར་ཏེ། དེ་ལྟ་བུ་ལ་རེ་དོགས་མེད་པའི་ཕྱིར་རོ། །དེ་བས་ན་འདིར་གསང་སྔགས་ཉིད་ཀྱི་རིམ་གྱིས་པའང་། ཟབ་མོ་གཅིག་ཆར་བ་ལ་ལྟོས་པས་རིང་བ་ལྟ་བུར་སྣང་ཡང་། རྒྱུ་འབྲས་གཉིས་མེད་ལ་སྦྱོར་བས་རག་ལུས་པར་མི་བྱེད་དོ། །གོལ་ས་རྣམས་ཀྱང་གཞིག་དཔྱད་མེད་པར་ཁེགས་ཏེ། གང་ཞེ་ན། གཅིག་ཆར་བས་མཉམ་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་ཀློང་དེ་ལས་དོན་དེ་བཞིན་དུ་མ་གཡོས་ཏེ་འདུ་ཤེས་གང་དུའང་མ་ཞུགས་པས་ན་གཟུགས་ཁམས་ཀྱི་གྲོང་ཁྱེར་སྣང་བར་གོལ་བ་དེར་མི་འགྲོའོ། །ཆགས་ན་ལྷ་ལ་ཆགས་ཀྱང་འཆིང་བའི་རྒྱུ་དང་། རྟོག་ན་དོན་དུ་རྟོག་ཀྱང་བདུད་ཡིན་པས། མཉམ་པ་ཆེན་པོའི་ཏིང་ངེ་འཛིན་གྱི་རོ་དེ་ལ་དེ་ལྟར་མ་ཆགས་པས་ན་གཟུགས་མེད་ཀྱི་ཁམས་སྣང་བ་མེད་པར་ག་ལ་འགྲོ་སྟེ་མི་འགྲོ་བས་གོལ་ས་མེད་དོ། །སེམས་ཀྱི་དེ་ཉིད་མངོན་དུ་གྱུར་ཏེ་མཉམ་པའི་ཡེ་ཤེས་རང་གསལ་བས་ན་ཉན་ཐོས་ཞི་བ་ཕྱོགས་གཅིག་པའི་གནས་སུ་དེ་དག་གོལ་བ་མིན་པས་འགོག་པར་ལྟུང་བའང་མེད་དོ། །བཞི་པ་ལ་བདུན་ཏེ། ལྟ་བའི་གོལ་ས། ཐེག་པའི་གོལ་ས། དམ་ཚིག་གི་གོལ་ས། སའི་གོལ་ས། ཡེ་ཤེས་ཀྱི་གོལ་ས། བསྒོམ་པའི་གོལ་ས། སྤྱོད་པའི་གོལ་ས་བཤད་པའོ། །དང་པོ་ནི། ཡོད་དང་མེད་པའི། ཞེས་པ་ནས། འགྱེད་པ་དེ་ཉིད་ནད། །ཅེས་པའི་བར་གྱིས་བསྟན་ཏེ། ངེས་པར་བཟུང་བའི་སྐྱོན་གྱིས་དབུ་མར་གོལ་བའི་ཚུལ་འཆད་པ་ནི། སེམས་ཀྱི་ཆོས་ཉིད་ལ་ཡོད་པ་སྣང་བ་དང་མེད་པ་སྟོང་པའི་མཐའ་གཉིས་དང་བྲལ་བར་ཐག་ཆོད་དེ་ཆོས་ཐམས་ཅད་ཆོས་ཉིད་སྤྲོས་བྲལ་དུ་རྟོགས་ནས་ངང་ལས་མ་གཡོས་ན་མཐའ་ལས་འདས་པའི་རྣལ་འབྱོར་གྱི་དོན་ཟབ་མོ་མ་ནོར་བར་བསྒོམ་པ་ཉིད་དེ། སེམས་ལུང་ཆེན་པོའི་མདོ་ལས། ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཟབ་ཅིང་ཕྲ་ལ་རྟོགས་པར་དཀའ། །ཆོས་ཉིད་མི་རྙེད་སྒྱུ་མར་བསྟན། །ཇི་ལྟར་སྒྱུ་མ་སྣང་གྱུར་ཡང་། །དེ་ལ་དངོས་པོ་ག་ལ་ཡོད། །ཅེས་དང་། བཙལ་དུ་མེད་པའི་ཆོས་ཉིད་ནི། །མ་བཙལ་བཞག་པས་བསྒོམ་པ་ཡིན། །ཆོས་ཉིད་ཇི་བཞིན་མཉམ་པའི་ཚུལ། །དམིགས་པ་མེད་པས་ཀུན་ཏུ་བཟང་། །ཞེས་སོ། །དེས་ན་གསང་སྔགས་གཅིག་ཆར་བའི་ལྟ་བས་སྐབས་གང་འདིར། དོན་མ་ནོར་བའི་དངོས་པོ་ནི་འདི་ལྟར་ངེས་པ་དམ་པ་དེ་ཁོ་ན་འོ་ཞེས་ཞེ་བས་འདོད་དེ་ངེས་པར་གཟུང་བ་གང་དག་འདི་ལྟར་ངེས་སོ་ཞེས་དབུ་མ་པ་ལྟར་དམ་འཆའ་བ་ནི། གསང་བ་ཆེན་པོའི་ཏིང་ངེ་འཛིན་རང་གསལ་བ་གང་ལ་རྟགས་མཚན་དང་གོལ་བ་ལ་རེ་བ་དང་དོགས་པ་མེད་པ་ཡི་དོན་ལས་འཁྲུལ་པས་གོལ་སྒྲིབ་ཉིད་དུ་ངེས་པར་སྣང་སྟེ་དོན་མཐོང་དུ་མི་སྟེར་བ་ཁོ་ནའོ། །དེ་ལྟར་ཞེ་ལ་འཛིན་པ་ཉིད་སྐྱོན་ཡིན་པའི་གཏན་ཚིགས་ནི། ཅི་ཡི་ཕྱིར་མངོན་ན་དོན་ལ་དབུས་མཐའ་འབྱེད་ཅིང་མཐའ་བསལ་ཏེ་དབུས་སྒྲུབ་པས་ན། དབུ་མའི་ཆོས་ཉིད་དུ་ངེས་པའི་དབུས་ཡོད་ན་དེ་ལ་ལྟོས་པའི་མཐའ་ཡང་རང་བཞིན་གྱིས་འབྱུང་ལ། ཡེ་ཉིད་ནས་མཐའ་དང་བྲལ་བས་དབུས་མེད་པ་ལ་མཐའ་ཡི་སྣང་བ་ཡང་ངང་གིས་མེད་པས་མཐའ་དབུས་སུ་འཛིན་པའི་རྟོག་ཞེན་གྱིས་དོན་དང་མི་མཐུན་པའི་སེལ་བའི་འདུ་ཤེས་གང་ཡང་མི་གནས་པ་ལ། ཆོས་ཉིད་དོན་དུ་གཉེར་བའང་མེད་ན་མཐའ་ག་ལ་འབྱུང་སྟེ། རང་བཞིན་གྱི་གཏན་ཚིགས་ཀྱིས་གསལ་ལོ། །དེ་བས་ན་དབུས་མཐར་དབྱེ་བ་དེ་ཉིད་དེ་ལྟར་དོན་ལས་ཉམས་པའི་ཕྱིར་གསང་བ་ཆེན་པོའི་ནད་ཡིན་ནོ། །གཉིས་པ་ནི། འོག་ནས། ས་དང་རྣམ་ཐར། ཞེས་པ་ནས། ཆེན་པོར་གྱུར་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བས་ན་བསྒོམ་པ་གོལ་བའི་ཕྱིར་རྒྱུའི་སྤྱོད་པ་འདིར་འདུས་ཏེ། ཕ་རོལ་ཏུ་ཕྱིན་པའི་ས་ཡི་རིམ་པ་བཅུ་དང་། རྣམ་པར་ཐར་པ་བརྒྱད་དང་གསུམ་ལ་སོགས་པ་ཞེས་བསྡུ་བའི་དོན་གྱིས་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྟ་བུ་འབྲས་བུ་ཆོས་ཀྱི་སྐུ་ཡི་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་དཀར་པོའི་ཕྱོགས་སུ་བཞག་པའི་ལས་ཇི་སྙེད་པ་ཀུན་ཀྱང་ཡིད་ཀྱིས་བསམ་དུ་མེད་པ་ཡི་ཆོས་ཉིད་བྱ་རྩོལ་དང་བྲལ་བའི་དོན་གྱི་ངོ་བོ་མཐོང་དུ་མི་སྟེར་བའི་གོལ་སྒྲིབ་ཀྱི་གཡང་ས་དང་གེགས་ཆེན་པོར་གྱུར་པ་ཡིན་ནོ། །དེ་ཅི་སྟེ་ཞེ་ན། རིག་པ་ཅིར་ཡང་མ་བསམ་ན་མ་གཡོས་པ་ལ་བསམ་དཔྱད་བྱས་པས་རིག་པའི་རྒྱ་མཚོ་རྙོགས་ཏེ། རྟོག་དཔྱོད་ཀྱི་རྙོག་མ་མ་སངས་ན་མི་མཐོང་བའི་ཕྱིར་རོ། །གསུམ་པ་ནི། འདའ་དཀའ་ཆེན་པོའི། ཞེས་པ་ནས། མེད་ལས་གང་འཛིན་གོལ། །ཞེས་པའི་བར་གྱིས་བསྟན་ཏེ། ཤིན་ཏུ་རྣལ་འབྱོར་གྱི་དམ་ཚིག་འདའ་དཀའ་ཆེན་པོའི་དཀའ་ཐུབ་དམ་པ་ནི། སེམས་ཀྱི་ཆོས་ཉིད་ཐིག་ལེ་ཆེན་པོ་ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་ཇི་བཞིན་པའི་དེ་ཁོ་ན་ཉིད་ཀྱི་ངང་དེ་ལ་འདའ་ཉམས་དང་བསྲུང་བ་མེད་པ་ཉིད་དེ། དཔག་ཏུ་མེད་པའི་རྒྱལ་བ་དམ་པ་འདྲེན་མཆོག་བདེ་བར་གཤེགས་པ་ཇི་སྙེད་པ་ཀུན་ཀྱང་དེ་ལས་འདའ་བར་དཀའ་བས་ཐུགས་དམ་ཆེན་པོ་དེའི་ངང་ལས་མི་འདའ་བར་བཞུགས་པ་ཁོ་ནའོ། །དེ་ལྟ་བུའི་ངང་ལ་བསྲུང་མཚམས་གང་ཡང་གཟུང་དུ་མེད་པ་ལ་རྣལ་འབྱོར་པ་གང་གིས་ཕྱོགས་རིས་སུ་ཕྱེ་ནས་སྡོམ་པ་གང་གི་བསྲུང་མཚམས་འཛིན་པ་ནི་ཆོས་ཉིད་ཀྱི་དམ་ཚིག་བསྲུང་དུ་མེད་པ་ལས་གོལ་བ་ཡིན་པས་དོན་ལས་འཁྲུལ་པའོ། །བཞི་པ་ནི། གདལ་ཁྱབ་ཆེན་པོའི། ཞེས་པ་ནས། ས་བཀོད་གང་བགྲོད་ནོར། །ཞེས་པའི་བར་གྱིས་བསྟན་ཏེ། ཁམས་གསུམ་ཐམས་ཅད་གདལ་ཁྱབ་ཆེན་པོའི་ཆོས་ཀྱི་སྐུས་བསྣུམས་པའི་གཉིས་མེད་ཡེ་ཤེས་བླ་མའི་ས་མཆོག་འདི་ཉིད་ནི་ཡེ་ནས་རིམ་པས་མ་བགྲོད་པར་འགྲོ་བ་དྲུག་ཀུན་སངས་རྒྱས་ཀྱི་ས་ལ་རང་བཞིན་གྱིས་བཀོད་དེ་མ་བཅོས་རྫོགས་པའི་ས་ཆེན་པོ་ཉིད་ནོན་པས་སེམས་ཀྱི་ཆོས་ཉིད་ཀྱི་ཀློང་འདིར་མ་ཆུབ་པ་གང་ཡང་མེད་པས་སངས་རྒྱས་ཀྱི་ས་མ་ཡིན་པའི་ཆོས་གང་ཡང་མི་རྙེད་ལ། དེས་ན་ཀློང་ཆེན་པོ་གང་འདིར་སྟོང་གསུམ་ཐམས་ཅད་སངས་རྒྱས་ཀྱི་ས་ལ་མ་བཀོད་པར་ཡེ་ནོན་པ་ལགས་པས་གང་ས་བཅུའི་རིམ་པ་རྩོལ་བས་བགྲོད་པར་འདོད་པ་ནི་ཆེད་དུ་བྱས་པའི་གོལ་ས་སྟེ་ནོར་བའི་ལམ་ཡིན་ནོ། །ལྔ་པ་ནི། དེ་ཉིད་དེ་རིག །ཅེས་པ་ནས། དེ་ལས་ངེས་པར་གོལ། །ཞེས་པའི་བར་གྱིས་བསྟན་ཏེ། སེམས་ཀྱི་ཆོས་ཉིད་མཉམ་པ་ཆེན་པོ་དེ་བཞིན་ཉིད་དེ་ཉིད་རང་རིག་པ་དེ་ནི་རང་བྱུང་གི་ཡེ་ཤེས་འབྱུང་འཇུག་དང་བྲལ་བའི་ངོ་བོར་བགྲོད་དུ་མེད་པར་གདོད་ནས་གྲོལ་བ་ཡིན་པ་ལ། སུ་དག་ལམ་གྱི་ཡེ་ཤེས་བསྒོམ་ནས་རིག་པ་ལ་བོགས་དང་སྐྱེད་ཀྱི་ཁྱད་པར་རིམ་པར་སྐྱེས་ནས་མཐར་ཕྱིན་པའི་འབྲས་བུ་འབྱུང་བར་འདོད་པ་གང་དག་ནི། གཅིག་ཆར་བའི་དོན་ཆེན་པོ་གང་འདིར་རྨོངས་པས་གོལ་བ་ཁོ་ནའོ། །དེས་ན་སེམས་ཀྱི་ཆོས་ཉིད་རྒྱུ་རྐྱེན་མེད་པས་རང་བྱུང་གི་སྙིང་པོ་ཡེ་ནས་གནས་པའི་དོན་ཤེས་པའི་རང་རིག་པ་དེ་ལས་ངེས་པར་གོལ་བ་ལ་ཐེ་ཚོམ་ཡང་མེད་དོ། །དྲུག་པ་ནི། བསམ་ཡུལ་དམིགས་སུ། ཞེས་པ་ནས། སེམས་འཆོས་གོལ་སར་ཞུགས། །ཞེས་པའི་བར་གྱིས་བསྟན་ཏེ། སྒོ་གསུམ་བཅོས་པའི་སྐྱོན་འཆད་པ་ནི། འདིར་ཡེ་ཤེས་ཆེན་པོ་བསྒོམ་བསམ་སྤྱོད་ཡུལ་དམིགས་སུ་མེད་པའི་རང་གསལ་རིག་པ་གཉིས་མེད་ཆེན་པོ་ལ་དུས་གསུམ་དུ་དམིགས་པའི་འདུ་ཤེས་མེད་པར་བཏང་སྙོམས་ཆེན་པོའི་རྣལ་འབྱོར་པ་ཉིད་ནི་གང་དུའང་མ་གཡོས་པས་མ་བཅོས་རྣལ་མ་ཇི་བཞིན་པ་ཉིད་དང་བྲལ་བ་མེད་པར་ཡེ་ནས་ཡིན་བཞིན་དུ། དེ་ཉིད་ཡང་དག་པར་མ་རྙེད་པས་རྒྱུ་བ་དང་མ་བྲལ་བར་ལུས་དགོན་པར་འདུག་ནས་དབེན་པར་བྱས་ཏེ་སེམས་ཀྱི་བྱུང་ཚོར་འཆོས་བགེགས་ཀྱི་རྟོག་དཔྱོད་འཛིན་པ་དག་ནི་ཆོས་ཉིད་དང་མཚན་མ་རིས་སུ་བྱེད་པ་དང་མ་བྲལ་བས་གོལ་སར་ཞུགས་ཏེ་ལམ་འོག་མར་ཆུད་པའོ། །བདུན་པ་ནི། ཀུན་གྲོལ་ཆེན་པོ། ཞེས་པ་ནས། ཆེན་པོ་ཉིད་ལས་གོལ། །ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཀུན་སེམས་ཉིད་དུ་རང་གྲོལ་བས་གནས་ལུགས་ཆེན་པོ་དེ་ཉིད་ལ་ཡེ་ནས་བཅིངས་པ་མ་དམིགས་པས་མཐར་གྲོལ་བར་འདོད་པའི་འདུ་ཤེས་ཡང་མེད་པར་ལྷུན་མཉམ་རྫོགས་པའི་ངོ་བོར་ངེས་བཞིན་དུ། འོག་མ་པ་གང་འདིར་ལྡོང་པ་དག་དེ་ལྟར་བློར་མ་ཆུད་པས་རང་རང་གི་སྲུང་བར་བྱ་བ་རྩ་བ་དང་ཡན་ལག་གི་དཀའ་ཐུབ་ལ་རྟོག་པས་སྒོ་གསུམ་བཅིངས་ནས་བླང་དོར་བྱེད་པའི་ཀུན་སྤྱོད་ལ་གནས་པ་ནི། ཤིན་ཏུ་རྣམ་པར་གྲོལ་བའི་རྣལ་འབྱོར་ཆེན་པོ་ཉིད་ལས་གོལ་ཏེ་བཅིངས་གྲོལ་མེད་པའི་དོན་མ་མཐོང་བ་ཁོ་ནའོ། །ལྔ་པ་ནི། ཡེ་ནས་མ་བཅོས། ཞེས་པ་ནས། ཉིད་ཀྱང་དེ་ཁོ་ན། །ཞེས་པའི་བར་གྱིས་བསྟན་ཏེ། ཡེ་གདོད་མ་ནས་མ་བཅོས་མ་བསླད་པའི་ཆོས་ཉིད་དེ་ཁོ་ནར་དབྱིངས་དང་རིག་པ་གཉིས་སུ་མེད་པར་གང་གནས་ཏེ་སྒྲིབ་མེད་མཁྱེན་པའི་ཡེ་ཤེས་དེ་ཉིད་རང་ཤར་བ་ལ་བསམ་པའི་འདུ་ཤེས་གང་ཡང་མེད་པར་དེ་ཁོ་ན་ཉིད་དུ་གསལ་བ་ལ། ཐམས་ཅད་ཆོས་ཉིད་གདལ་བས་ན། གསང་སྔགས་གསང་བའི་སྙིང་པོ་དེ་ལ་སྐྱོན་གྱི་གོལ་ས་ག་ལ་ཡོད་དེ། གོལ་སྒྲིབ་ཉིད་ཀྱང་དེ་ཁོ་ན་ཉིད་དེའི་ངོ་བོ་ཡིན་པར་རྟོགས་པས་སྐྱོན་ཡོན་ཏན་དུ་ཤར་ཏེ་ཐིག་ལེ་ཉག་གཅིག་གི་ཀློང་ལ་སེལ་མེད་པས་གོལ་སྒྲིབ་ཀྱི་མིང་ཡང་མེད་དེ། ཀུན་འདུས་ལས། དེ་བས་འདུས་པ་ཆེན་པོའི་ཚོགས། །སེམས་ནི་ཡང་དག་ལམ་ཉིད་དེ། མཁའ་ལ་བྱ་ལམ་རྗེས་མེད་བཞིན། །གོལ་མེད་ལམ་ཞེས་འདྲེན་པས་བཤད། །ཅེས་སོ། །གསུམ་པ་ནི། དེ་སྐད་ཅེས། ཞེས་པ་ནས། ཆད་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་སྐད་ཅེས་བགྲོས་ཏེ་བཀའ་སྩལ་པས། འཁོར་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཀྱིས། འཁྲུལ་པའི་རྟོག་པ་གང་དང་གང་གིས་བཅིངས་པ་རྣམས་ལས་ཡོངས་སུ་གྲོལ་ཏེ། འབྲས་བུ་གཞན་ལ་རེ་རྩོལ་གྱི་ཐེ་ཚོམ་ཆད་ནས་ངེས་པའི་གདེངས་རྙེད་པར་གྱུར་ཏོ། །དེ་ལྟ་བུའི་རྟོགས་པ་ནི་བཤད་པ་ལྟར་རྣལ་འབྱོར་དབུ་མའི་དོན་ཏེ། དེ་ལ་རྣམ་གྲངས་བཅུ་ལས་ཡང་ཐོག་གི་ཡུལ་དུ་གྱུར་པའོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། དོན་གྱི་གཙོ་བོ་ལས་ཆོས་ཐམས་ཅད་ཀྱི་མེ་ལོང་ནམ་མཁའ་མཐའ་དང་བྲལ་བ་བཞིན་ཆོས་ཉིད་མཐའ་བྲལ་དུ་བསྟན་པའི་ལེའུ་སྟེ་ལྔ་བཅུ་རྩ་བཞི་པ་ཉིད་གསལ་བར་འགྲེལ་ཏེ་བསྟན་པའོ།། །།གཉིས་པ་མི་མཐུན་པ་སྐྱོན་གྱི་རྩ་བ་བཤད་པ་ལ་བཞི་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། རྒྱུད་ལུང་མན་ངག་གི་དཔེས་མུན་པའི་ཐེ་ཚོམ་བསལ་བ། ཞབས་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། མུན་སྣང་གཉིས་སུ་སྣང་བ་ཡིན་ཏེ། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་འབའ་ཞིག་སྟོན་ནོ། །མཚོན་པ་དཔེའི་རྩ་བ་བསྟན་པ་དེ་ནས་ཡང་སྡུད་པ་པོ་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། སྟོན་པ་གསང་བ་པའི་བདག་པོ་ལ་ལྡེའུ་མིག་ཐ་མ་རྩ་བ་གསུམ་གྱི་དོན་ལས་བར་མ་ཆོས་ཐམས་ཅད་ཀྱི་མུན་པ་གང་གི་རྩ་བའི་རྣམ་གྲངས་ཆེན་པོའི་དོན་གྱི་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ། ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་བགྱི་བ་དེ་ཡི་ངོ་བོ་གང་ལགས། དེ་ཉིད་ཐབས་གང་གིས་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་རྣམ་གྲངས་གཉིས་དྲིས་པ་ལས། སྟོན་པ་གསང་བ་པའི་བདག་པོས་ལན་སྨྲས་ཏེ་བཀའ་སྩལ་པ། ཀྱེ་ལང་ཀའི་བདག་པོ། ཞེས་བོས་ནས་དྲི་བ་གཉིས་དྲིས་པ་ལ་ལེགས་པ་གཉིས་གནང་སྟེ། གང་དུ་དྲི་བ་དམ་པ་འདི་ནི་རང་དོན་དུ་ཡང་ལེགས་སོ། །གཞན་དོན་དུའང་ཤིན་ཏུ་རབ་ཏུ་ལེགས་སོ། །གང་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་བགྱི་བ་དེ་ནི་རྟོགས་ན་འདས་པ་དང་མ་རྟོགས་ན་འཁོར་བ་འབྱུང་བའི་རྩ་བ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལ་བྱའོ། །ཞེས་ངོ་བོ་བསྟན་པའོ། །དེ་ཉིད་ཇི་ལྟར་ཤེས་པར་བྱ་བའི་ལན་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེ་ནི་འདི་ལྟར་ཉེ་བར་བསྟན་པའི་ཐབས་ཀྱི་སྒོ་ནས་ཡོངས་སུ་ཤེས་པར་བྱ་སྟེ། གང་སངས་རྒྱས་ཀུན་གྱི་ཐུགས་ཀྱི་ཆོས་ཉིད་དང་། སེམས་ཅན་ཀུན་གྱི་སེམས་ཀྱི་ཆོས་ཉིད་གཉིས་ཐ་སྙད་སོ་སོར་དབྱེ་ཡང་ངོ་བོས་དབྱེར་མེད་པའི་སྤྲོས་པ་དང་བྲལ་བའི་རང་བཞིན་དེ་ཉིད་དུ་ཤེས་པར་བྱའོ། །ཆོས་ཉིད་དེ་ནི་རྟོགས་མ་རྟོགས་ཀྱི་རྩ་བས་མུན་པ་འཁོར་བའི་སེམས་ཅན་དང་། སྣང་བ་མྱ་ངན་ལས་འདས་པའི་སངས་རྒྱས་གཉིས་སུ་སྣང་བ་ཡིན་ཏེ། ཚིག་ལྷག་མ་དང་བཅས་པ་ནི་དོན་དེ་ཉིད་རྒྱས་པར་སྟོན་པའི་ཁུངས་མཚོན་པའོ། །གཉིས་པ་ལ་གཉིས་ཏེ། མུན་པའི་གཞི་ཆོས་ཐམས་ཅད་ཀྱི་རྩ་བའི་དྲིས་ལན་བསྟན་པ། མུན་པའི་ཁམས་ཀྱི་ངོ་བོའི་དྲིས་ལན་བསྟན་པའོ། །དང་པོ་ལ་གཉིས་ཏེ། དྲིས་པ་དང་། ལན་བཤད་པའོ། །དང་པོ་ལ་གཉིས་ཏེ། སྟོན་པ་གསང་བའི་སྐུའི་ལོ་རྒྱུས་བཤད་པ། དྲིས་པ་དངོས་བསྟན་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། ཐེ་ཚོམ་ཆད་ནས་སླར་དོང་བ་དང་། ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཞེས་སྡུད་པ་པོ་ལ་བོས་ནས། གནས་ལུགས་དེ་ཡང་གསང་བའི་སྐུ་ལས་ཐོས་པའི་ཚུལ་འདི་ལྟར་རྟེན་འཛོམ་པའི་རིག་པ་སྐད་ཅིག་གིས་རྟོགས་པ་གསང་བའི་སྐུའི་ལོ་རྒྱུས་ཉིད་སྟོན་ཏེ། ཚུལ་འདི་ཉིད་ཇི་ལྟར་སྣང་ལུགས་ནི། གསང་བ་རྨད་དུ་བྱུང་བའི་ཐབས་ཆེན་པོས་སྐད་ཅིག་གིས་རྟོག་པ་བག་ཆགས་དང་བཅས་པ་བཅོམ་ཞིང་ཡོན་ཏན་རྫོགས་པར་ལྡན་ཀྱང་མཐའ་ཀུན་ལས་འདས་པའི་སྟོན་པ་གསང་བའི་སྐུ་གསང་སྔགས་ཀྱི་རྒྱལ་པོ་ཐམས་ཅད་ལ་ཁྱབ་ཀྱང་རྟོགས་པར་དཀའ་བས་གསང་བ་མཆོག་གི་བདག་པོ་འཁོར་འདས་དབྱེར་མེད་ཀྱི་ངོ་བོ་མཐའ་གང་ཡང་སྣང་བ་མེད་པ་དེ་ཉིད། རྒྱུ་ཡི་ཐེག་པས་མི་རྟོགས་པས་གསང་བའི་གནས་ཉེས་པས་མི་གོས་པས་པདྨོ་ཅན་ཞེས་བྱ་བ་ཐབས་ཀྱི་མཆོག་གི་རྡོ་རྗེའི་གཙུག་ཏོར་གྱི་རྟོག་པ་གཅོད་པའི་འཁོར་ལོས་བདེ་སྟོང་ལ་དབང་བསྒྱུར་བའི་ཆོ་འཕྲུལ་གྱིས་སྤྲུལ་པ་ཐམས་ཅད་གནས་པའི་ལྷུམས་ཡུམ་གྱི་མཁའ་གསང་བ་མཆོག་གི་ཕོ་བྲང་ན། ཡུན་དུས་མཐའི་སྐད་ཅིག་ལ་བཞུགས་ཏེ་ཆོས་སྟོན་པ་དེའི་ཚེ་དེའི་དུས་ན། གང་དེ་ཉིད་ཀྱི་འཁོར་རང་བཞིན་གྱི་སྐྱེས་བུ་དམ་པ་རྡོ་རྗེ་མྱུར་བ་ལ་སོགས་པ་དཔག་ཏུ་མེད་པ་མང་པོ་དག །རྡོ་རྗེའི་རྩེ་མོར་ལྷན་ཅིག་སྐྱེས་པའི་ངོ་བོ་དེ་ཁོ་ན་ཉིད་གསང་བ་དམ་པའི་དོན་ལ་སྔར་ངེས་པ་མ་རྙེད་པའི་ཐེ་ཚོམ་དག་དགའ་བ་བཞིའི་སྒོ་ནས་གཅོད་པ་དང་། སྦྱོར་བའི་བསྟན་བཅོས་ལྟར་ད་ལྟ་རྡོ་རྗེའི་ལམ་ནས་ཡོངས་སུ་ཞུ་བ་དང་། རྩ་གནས་རྣམས་ནས་གཡོ་ཞིང་ད་གདོད་ཞུ་བར་བསྡོག་པ་དང་། ཡེ་ཤེས་སྐྱེས་པས་ཐེ་ཚོམ་ཆད་ནས་སླར་རྩ་གནས་སུ་དོང་བ་དང་ལྡན་ཏེ་ལོངས་སྤྱོད་རྫོགས་པ་ཆེན་པོའི་གསང་བའི་ཐབས་མཆོག་གི་ཕུན་སུམ་ཚོགས་པར་ངེས་པ་ན། གཉིས་པ་ནི། གང་ཁོ་བོ་འཁོར་དེར། ཞེས་པ་ནས། ཞེས་ཞུས་པ་ལས། ཞེས་པའི་བར་གྱི་བསྟན་ཏེ། གང་དེའི་ཚེ་སྡུད་པ་པོ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཁོ་བོ་གསང་བའི་སྐུའི་འཁོར་དེར་འདུས་པར་གྱུར་པས། བཅོམ་ལྡན་འདས་གསང་བའི་སྐུ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་ཞུ་བ་བརྗོད་པ་ནི། སྤྱིར་དྲི་བ་ལྔ་ལས་འདིར་དགོས་པ་གཞན་དོན་དུ་ཐེ་ཚོམ་དང་མི་ཤེས་པ་དྲིས་པའོ། །འོ་ན་སྐབས་འདིར་གསང་བའི་སྐུ་ཁོ་ན་ལ་དྲི་བ་འབྱུང་བ་ཅིའི་ཕྱིར་ཞེ་ན། ཐབས་དང་ལྡན་མི་ལྡན་གྱིས་འཁོར་འདས་གཉིས་ཀའི་རྩ་བར་གྱུར་པའི་ཕྱིར་རོ། །དེ་ཡང་བཅོམ་ལྡན་འདས། ཞེས་སྟོན་པ་ལ་བོས་ནས། འཁོར་བདག་ཅག་གིས། དོན་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བགྱི་བ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པ་དེ་ཉིད། མ་རིག་པས་སྒྲིབ་པས་མ་རྟོགས་ཏེ་ངོ་བོ་མ་མཐོང་། འདི་འདྲར་མ་དམིགས་ལགས་སོ། །ཡུལ་དུ་བྱེད་པས་ཡང་དག་པར་མ་རྙེད། ཐེ་ཚོམ་མེད་པར་ངེས་པར་མ་འཚལ་ལགས་སོ། །ཟབ་ཅིང་དཔག་པར་དཀའ་བས་བློ་ཡིས་བསྙགས་པས་མ་སླེབས། བགྲོད་ཀྱང་ཡངས་པས་མ་ཁྱབ་ལགས་ན། འདི་ཉིད་གནས་གང་ན་མཆིས། ས་གང་དུ་བཙལ། རིགས་གང་ཞིག་ལགས། ངོ་བོ་གང་ལ་བགྱི། ཁུངས་གང་དུ་སྟོར། ཞེས་པའི་དྲི་བ་བཅུ་གཅིག་དྲིས་པ་ནི། བཅོམ་ལྡན་འདས་ཐབས་ཀྱི་སྒོ་ནས་ཡེ་ཤེས་སྐྱེ་བའི་དུས་ཀྱི་སྐད་ཅིག་མ་འདི་ཉིད་དུ་བསྟན་དུ་གསོལ། དུས་དེ་ལ་ནན་ཏན་བརྣན་ནས་བདེ་བར་གཤེགས་པ་འདི་ཉིད་བསྟན་དུ་གསོལ། ཞེས་བདག་དང་གཞན་དོན་གཉིས་ཀྱི་ཕྱིར་ཡང་གསུངས་ཏེ། དེ་ལྟར་ཚིག་ཏུ་ཞུ་བ་དང་། ཏིང་ངེ་འཛིན་གྱིས་ཞུ་བ་དང་། བརྡ་ཡིས་ཞུ་བ་དང་། ཐབས་ཀྱིས་ཞུ་བ་རྣམས་ལས་ཐ་མ་གཉིས་ཀྱིས་ཞུས་པ་ལས། ཞེས་སོ། །འོ་ན་འདི་རྒྱུ་མཚན་ཉིད་ཀྱང་ཡིན་པ་ལ་གསང་བའི་སྐུའི་གླེང་གཞིར་བྱུང་བ་འགལ་སྙམ་ན། སྤྱིར་ཐེག་པ་ཆེན་པོ་ཀུན་ལ་གྲགས་ཀྱང་། འདིར་གསང་བའི་ལམ་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ན་སངས་རྒྱ། ཐུན་མོང་འདོད་ཆགས་སུ་གོལ་ན་འཁོར་བར་སྣང་བའི་དོན་དཔེ་དེ་བཞིན་དུ་ཀུན་གཞི་ཉིད་ཀྱང་རྟོགས་ན་འཚང་རྒྱ་ལ་མ་རྟོགས་ན་འཁོར་བར་སྣང་བའི་ཕྱིར་ལུང་ཆེན་པོའི་ཐབས་ཆེན་གསང་བའི་སྒོ་དམ་པ་སྟེ་མ་ཧཱ་མན་ཆད་ཀུན་ལས་འཕགས་པར་ཡང་གསལ་ལོ། །གཉིས་པ་ནི། བཅོམ་ལྡན་འདས་དེས། ཞེས་པ་ནས། དེ་སྐད་ཅེས་བཀའ་སྩལ་བ་དང་། ཞེས་པའི་བར་གྱིས་བསྟན་ཏེ། སྤྱིར་མུན་པའི་སྤྱོད་ཡུལ་འདི་ལ་ས་བཅད་ལུགས་གཉིས་ཏེ། ལྷ་རྗེ་ཡང་ཁྱེད་ཀྱི་ལུགས་སུ་ས་བཅད་ན། མདོ་རྒྱས་འཇུག་སྡུད་གསུམ་ལས། རྒྱས་པ་ལ་གཉིས་ཏེ་མུན་པའི་གླེང་གཞི་ཆོས་ཐམས་ཅད་ཀྱི་རྩ་བའི་དྲིས་ལན་དང་། མུན་པའི་དྲིས་ལན་ནོ། །དང་པོ་ལ་གཉིས་ཏེ། དྲིས་པ་དང་ལན་ནོ། །དྲིས་པ་ནི། ལང་ཀའི་བདག་པོ་དེ་ཡང་འདི་ལྟར་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ། ཞེས་པ་ནས། བདེ་བར་གཤེགས་པ་འདི་བསྟན་དུ་གསོལ། ཞེས་ཞུས་པ་ལས། ཞེས་སོ། །ལན་ལ་གཉིས་ཏེ། ལན་མདོར་བསྟན་པ་ནི། བཅོམ་ལྡན་འདས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོ། ཞེས་པ་ནས། གང་མུན་པའི་ཁམས་པ་དང་ཆ་གཅིག་ཏུ་ཤེས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཞེས་སོ། །ལན་རྒྱས་པ་ནི། འཁྲུགས་སྡེབས་ཏེ། ཚན་གཉིས་ལྷག་ཙམ་གྱི་འོག་ན། བཅོམ་ལྡན་འདས་དེས་བཀའ་སྩལ་པ སེམས་དཔའ་ཆེན་པོ་མུན་པ་དང་སྣང་བས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་གཞི་དང་རྩ་བ་མེད་པར་འདུས་པར་ཤེས་པར་བྱའོ། །ཞེས་པ་ནས། བླུན་པོའི་ཆེད་དུ་ཤེས་པར་གྱིས། ཞེས་པ་ཡན་ཆད་དོ། །མུན་པའི་དྲིས་ལན་ལ། མདོ་དང་རྒྱས་པའོ། །མདོར་བསྟན་པ་ནི། འདི་ཡང་འདི་ལྟར་ཡོངས་སུ་སྣང་། །ཡན་ལག་མདོ་དང་རྩ་བ་སྟེ། །འབྱེད་དང་འགྲེལ་དང་འབྱིན་པ་ཡིན། །ཞེས་པའོ། །རྒྱས་པ་ལ་གསུམ་སྟེ། མུན་པ་འབྱེད་པའི་ཡན་ལག་དྲུག་དང་། འགྲེལ་པའི་མདོ་བཞི་དང་། འབྱིན་པའི་རྩ་བ་གསུམ་མོ། །དེ་ལ་གཞིའི་མདོ་ཀུན་གཞི་ལ། དྲིས་པ་དང་ལན་དང་མཇུག་བསྡུ་བའོ། །དྲིས་པ་ནི་གོང་དུ་བཞག་པའི་ཁོ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མུན་པ་འདི་ཅི་ལས་བྱུང་། ལ་སོགས་པ་དོན་བཅོ་ལྔ་དྲིས་པའོ། །ལན་ནི་འོག་ཏུ་འཁྲུགས་བྱས་ཏེ། ལང་ཀའི་བདག་པོ་དེ་ལ་གཞིའི་མདོ་ནི་འདི་ལྟ་སྟེ། ཞེས་པ་ནས་མར་ལན་འདེབས་སོ། །དེ་ལ་སྐྱོན་དུ་བྱ་བ་ཀུན་གཞི་ལ་དྲི་བའི་མཁན་པོ་ཡང་གསང་བདག་ཡིན་ལ། ལན་འདེབས་པ་ཡང་གསང་བདག་ཡིན་པས་མི་འཐད་དོ་ཞེ་ན། དེ་ནི་གསང་བདག་གིས་དྲིས་པ་ལས། སྔོན་བྱུང་དུ་སྟོན་པ་གསང་བ་མཆོག་གི་བདག་པོས་ལན་དོན་གྱིས་བཏབས་ཏེ། རྗེས་འཇུག་ཏུ་རིམ་ལ་ཡར་གསང་བདག་གིས་དམ་པའི་རིགས་ཅན་ལ་གསུངས་པའོ། །སྟོན་པས་ལན་བཏབས་པ་ཅིས་མངོན་ཞེ་ན། དེ་སྐད་གསང་བ་མཆོག་དེས་བཤད། །ཅེས་པས་མངོན་ནོ། །ས་བཅད་ལུགས་གཅིག་ལ། སྟོད་ཀྱི་འཁྲུགས་མེད་པར་བྱས་ལ། མུན་པའི་གཞི་ཆོས་ཐམས་ཅད་ཀྱི་རྩ་བའི་དྲིས་ལན་ལ། དྲིས་པ་དང་ལན་ནོ། །མུན་པའི་དྲིས་ལན་ལ། དྲིས་པ་དང་ལན་ནོ། །དེའང་དྲི་བ་བཅོ་ལྔ་ལ་ལན་བཅུ་གཉིས་སུ་བསྡུས་ནས་འདེབས་ཏེ། རྩ་བ་གང་། ཞེས་པ་དང་། རྩ་བ་གང་དུ་འདུས། ཞེས་པ་ལ་ལན་གཅིག་ཏུ་འདེབས། ཡན་ལག་དུ། ཞེས་པ་དང་། བྱེ་བྲག་ཏུ། ཞེས་པ་ལ་ལན་གཅིག་ཏུ་འདེབས། མུན་པ་ཞེས་ཅིའི་ཕྱིར་བགྱི། ཞེས་པ་དང་། འདི་ཅིའི་ཕྱིར་འཐིབས། །ཞེས་པ་ལ་ལན་གཅིག་ཏུ་འདེབས་སོ། །ཀུན་གཞིའི་མདོ་ལ། ཀུན་གཞིའི་མདོར་བསྟན། འོག་མ་ཀི་ནས། མུན་པའང་དེ་ཉིད་དེ་ལས་བྱུང་། །མུན་པའི་རང་བཞིན་ངོ་བོ་དང་། །མཚན་ཉིད་ཡན་ལག་རྩ་བ་དང་། །གནས་དང་སྒྲིབ་པ་བྱེ་བྲག་ཆོས། །གང་དུ་གང་གིས་གང་ཕྱིར་གང་། །དེ་དག་དེ་བས་དབྱེ་བར་བྱའོ། །ཞེས་པ་དེ་ཡར་བླང་ལ། མདོར་བསྟན་ནོ། །རྒྱས་པ་ནི། ལང་ཀའི་བདག་པོ་དེ་ལ་གཞིའི་མདོ་ནི་འདི་ལྟ་སྟེ། གཞི་ནི་བྱིས་པ་འདི་ལྟར་འདོད། །ཅེས་པ་ནས་མར་བཅོ་ལྔས་སྟོན་ཏོ། །འོན་ཀྱང་འདིར་ནི་ཀུན་མཁྱེན་དམ་པ་རིན་པོ་ཆེས་མཛད་པའི་བསྡུས་དོན་ལྟར་ཏེ། སྟོན་པ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ལན་དེའང་། བྱིན་གྱིས་བརླབས་ཀྱིས་ལན་སྩལ་བ་དང་། དགོངས་པ་བརྡ་ཡིས་ལན་འདེབས་པ་དང་། ཚིག་ཏུ་བརྗོད་པས་ལན་གདབ་པ་དང་། ཐབས་དང་བརྡ་ཡིས་ལན་འདེབས་པ་ཐུན་མོང་བ་རྣམས་ལས། འདིར་དྲིས་ལན་གྱིས་ཐེ་ཚོམ་བཅད་པ་སྤྱིར་བསྟན་པ་ནི། བཤད་པ་དང་འཆད་པའི་དྲིས་ལན་ལའང་ཉེ་བར་སྦྱར་རོ། །དེ་བས་ན་འདིར་ཐ་མ་བཀའ་སྩལ་བར་མཛད་དེ། སེམས་དཔའ་ཆེན་པོ་ཞེས་བོས་ནས། ཆོས་ཉིད་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་རྩ་བ་ཆེན་པོའི་དོན་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་དེ་ནི་འདི་ལྟར་དང་པོའི་ལན་རང་ངོ་མ་ཤེས་པའི་མ་རིག་པས་བསྒྲིབས་པས་མ་མཐོང་བ་ཡིན་ལ། དེ་ནས་རིམ་པ་བཞིན་སྦྱར་ཏེ། སྤྱོད་ཡུལ་དུ་བྱར་མེད་པས་མ་དམིགས་ཤིང་། གཏིང་ཟབ་པས་ཡང་དག་པའི་དོན་མ་རྙེད་པ་དང་། བློས་དཔག་པར་དཀའ་བས་ངེས་པར་མ་ཤེས། བྱང་ཆུབ་ཀྱི་སྙིང་པོ་རང་གི་ངང་ནི་ཤིན་ཏུ་མྱུར་བས་རྩོལ་བགྲོད་ཀྱིས་མ་སླེབས་ལ་དོན་དེ་ཉིད་མུ་མཐའ་མེད་དེ་ཡངས་པས་བློས་མ་ཁྱབ་པ་ཡིན་ཏེ། དེས་ན་འདི་ཉིད་འཇིག་རྟེན་འཁོར་བ་མུན་པའི་ཁམས་ན་ཡོད་པ་ཡིན་པས། རྟོགས་པར་བྱེད་ནས་དོན་ཚོལ་ན་གྲོང་ཁྱེར་གསུམ་དུ་བཙལ་ལ། འདི་ཡི་རིགས་ཀྱི་རང་བཞིན་གང་ཞིག་ཡིན་ན་ཡན་ལག་དྲུག་དང་། མདོ་བཞི་དང་། རྩ་བ་གསུམ་ཉིད་ཡིན་པས། དེའི་ངོ་བོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ལ་བྱ་ཞིང་། གར་སྟོར་ན་མ་རིག་བདག་ཏུ་རྟོག་པའི་མུན་པའི་ཁམས་སུ་སྟོར་བ་ཡིན་ནོ། །སེམས་དཔའ་ཆེན་པོ། ཞེས་བོས་ནས། གཏན་ཚིགས་དེ་ལྟ་བས་ན། ལན་གྱི་དོན་ཚུལ་གྱིས་རྩ་བ་མ་རིག་པའི་མུན་པ་འདི་ཉིད་བསལ་བའི་ཕྱིར། འདིའི་རང་བཞིན་ལ་མཁས་པར་བྱ་ཞིང་མཚན་ཉིད་ཇི་ལྟ་བར་རྟོགས་པར་གྱིས་ཤིག་པར་གདམས་པའོ། །རྟོགས་པར་བྱ་བའི་ཐབས་བསྟན་པའི་ཆེད་དུ། དེ་བཞིན་དུ། ཀུན་གཞི། ཉོན་ཡིད། ཡིད་ཤེས། སྒོ་ལྔ་དང་ཤེས་པ་བཞི་པོའི་རེ་རེ་ལའང་སྦྱར་ཏེ། མུན་པའི་ངོ་བོ་དང་། དེའི་མཚན་ཉིད་དང་། མུན་པའི་ཡན་ལག་དང་། ཇི་སྲིད་དུ་གནས་པའི་ཡུན་དང་། དེའི་བྱེད་ལས་དང་། མུན་པའི་རྣམ་གྲངས་དང་། མཚོན་བྱེད་ཀྱི་དཔེ་ལ་སོགས་པ་རྣམས་དང་། མུན་པ་འདི་ཉིད་བསལ་བའི་ཐབས་ལམ་གྱི་ཆོས་ཀྱི་མཚན་ཉིད་རིག་པ་རྣམས་ལ་ཡང་མཁས་པར་བྱའོ། །འདི་རྣམས་མ་ནོར་བར་ངེས་པ་ལ་ནན་ཏན་དུ་འབད་པར་བྱའོ། །དེའང་དོན་གཞན་དུ་ཚོལ་བའི་ཞེན་པ་དགག་པའི་ཕྱིར། གང་བློ་ཆུང་ངུའི་ཐེག་པ་འཛིན་པས་མུན་པའི་ཁམས་པ་དབུ་སེམས་དག་གིས་འདོད་པའི་མུན་པའི་ཁམས་དང་ཡང་བྱང་ཆུབ་སེམས་ཀྱི་ངོ་བོ་ནི་ཆ་གཅིག་ཏུ་བསྟུན་ཏེ་ཤེས་པར་བྱའོ། །ཞེས་ལྡོག་པའི་ཐ་དད་ཡོད་ཀྱང་ངོ་བོ་མུན་པའི་ཁམས་དང་བྱང་ཆུབ་སྙིང་པོ་དབྱེར་མེད་པའོ་ཞེས་གསུངས་ཏེ་དེ་སྐད་ཅེས་བཀའ་སྩལ་བར་མཛད་པ་དང་། གཉིས་པ་ལ་གཉིས་ཏེ། དྲིས་པ་དང་། ལན་བཤད་པའོ། །དང་པོ་ནི། ཁོ་བོས་འདི་སྐད། ཅེས་པ་ནས། དེ་སྐད་ཅེས་གསོལ་བ་དང་། ཞེས་པའི་བར་གྱིས་བསྟན་ཏེ། དེ་ཉིད་ཤེས་པར་བྱ་བའི་ཕྱིར་རྒྱས་པར་དྲིས་པ་ནི། གསང་བདག་ཆེན་པོ་ཕྱག་ན་རྡོ་རྗེ་ཁོ་བོས། སྟོན་པ་གསང་བའི་སྐུ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས། དེ་ལྟ་བུའི་མུན་པ་འདི་ཉིད་རྒྱུ་ཅི་ལས་བྱུང་བ་ལགས། མུན་པ་འདིའི་རང་བཞིན་ཅི་ལྟ་བུ། མུན་པ་འདིའི་ངོ་བོ་གང་ཞིག་ཡིན། མུན་པ་འདིའི་མཚན་ཉིད་ཅི་ལྟ་བུ། མུན་པ་འདིའི་ཡན་ལག་གི་དབྱེ་བ་དུ། མུན་པ་འདིའི་རྩ་བ་གང་ཞིག་ཡིན། མུན་པ་འདི་ཇི་སྲིད་ཅིག་ཏུ་གནས། མུན་པ་འདིས་དོན་ཅི་ཞིག་ལ་སྒྲིབ། མུན་པ་འདིའི་བྱེ་བྲག་གི་རྣམ་གྲངས་དུ། མུན་པ་འདི་དཔེ་གང་དང་མཐུན། མུན་པ་འདི་གཞི་གང་དུ་འཐིབས། མུན་པ་འདི་ཐབས་གང་གིས་སེལ། མུན་པ་ཞེས་ངེས་ཚིག་ཅིའི་ཕྱིར་བགྱི། འདི་ཅིའི་ཕྱིར་འཐིབས་པ་ཡིན། འདི་ཉིད་རྩ་བ་གང་དུ་འདུས་ཞེས། དྲི་བ་བཅོ་ལྔ་པོ་འདི་ཉིད་དུས་ཀྱི་སྐད་ཅིག་འདི་རུ་ཡང་དག་པར་བཤད་དུ་གསོལ། སླར་ཡང་བརྣན་ཏེ། བདེ་བར་གཤེགས་པ་འདི་ཉིད་ངེས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་ཏེ་ཞུས་པ་དང་། ཞེས་སོ། །དེའང་སྤྱི་དང་ཁྱད་པར་ལས། ཁྱད་པར་དུ་ཡང་མུན་པའི་ཡན་ལག་དྲུག་དང་། མདོ་བཞི་དང་། རྩ་བ་གསུམ་གྱི་ངོ་བོ་ལས། མདོ་བཞི་ཤེས་པ་རེ་རེ་ལ་ལྡན་པའི་བྱེ་བྲག་བཞིར་ཉུང་བསྡུས་ནས་དྲིས་པའོ། །དེའང་མུན་པ་ནི་མ་རིག་པ་དང་མཚུངས་པའི་ཤེས་པ་སྟེ། ཀུན་གཞི་ལ་འདི་དག་རྒྱས་པར་ལྡན་ཏེ་འཆད་པར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། མུན་པ་སྤྱིའི་དྲིས་ལན། བྱེ་བྲག་གི་ལན་བསྟན་པའོ། །དང་པོ་ལ་བཅུ་གཅིག་སྟེ། རྩ་བ་གང་དང་གང་དུ་འདུས་ཀྱི་ལན་བྱང་ཆུབ་སེམས་སུ་འདུས་པར་བསྟན་པ། ཅིའི་ཕྱིར་འཐིབས་ཀྱི་ལན་རྟོགས་པར་དཀའ་བས་མཐར་ལམ་པས་ཀྱང་མ་མཐོང་བར་བསྟན་པ། རང་བཞིན་གྱི་ལན་དངོས་པོ་མེད་པས་མི་དམིགས་པར་བསྟན་པ། མཚན་ཉིད་ཀྱི་ལན་བཙལ་བས་མི་རྙེད་པས་ཆོས་ཀྱི་དབྱིངས་ལས་མ་གཡོས་པར་བསྟན་པ། ཅི་སྲིད་གནས་པ་དང་ཅི་ལ་སྒྲིབ་ཀྱི་ལན་བྱང་ཆུབ་ཀྱི་ཤིང་ལ་བསྟན་པ། མུན་པ་གང་དུ་འཐིབས་ཀྱི་ལན་རྟོགས་པར་དཀའ་བས་ཁམས་གསུམ་དུ་འཐིབས་པར་བསྟན་པ། ངོ་བོའི་ལན་ཤེས་པ་ཡུལ་ལ་འཇུག་ཅིང་ཆོས་ཉིད་མ་རིག་པར་བསྟན་པ། གང་དང་མཐུན་གྱི་ལན་མུན་ཁུང་དུ་གསེར་སྟོར་བ་ལྟར་བཤད་པ། མུན་པ་ཞེས་ཅིའི་ཕྱིར་བགྱི་བའི་ལན་རྟག་ཏུ་མུན་པའི་འདུ་ཤེས་སུ་འབྱུང་བས་ངེས་ཚིག་གྲུབ་པར་བསྟན་པ། ཅི་ལས་བྱུང་གི་ལན་རྒྱུའི་ཐེག་པ་བློ་ཆུང་བས་ཀུན་ཏུ་བརྟགས་པ་ལས་བྱུང་བར་བསྟན་པ། ཡན་ལག་དང་བྱེ་བྲག་གི་ལན་ཐུན་མོང་དུ་བསྟན་ཏེ་རྣམ་གྲངས་ངོས་གཟུང་བའོ། །དང་པོ་ནི། བཅོམ་ལྡན་འདས་དེས། ཞེས་པ་ནས། འདི་དག་ཉིད་དུ་འདུས། ཞེས་པའི་བར་གྱིས་བསྟན་ཏེ། དྲི་བའི་ལན་སྤྱི་དང་ཁྱད་པར་ལས། སྤྱིའི་དབང་དུ་ལན་ཐ་མ་བསྟན་པའི་ཕྱིར་དང་། ཆ་གཅིག་ཏུ་ཤེས་པར་བྱ་བའི་དོན་བསྟན་པའི་ཕྱིར། སྟོན་པ་བཅོམ་ལྡན་འདས་དེས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ། ཞེས་བོས་ནས། མ་རིག་པའི་མུན་པ་དང་། ཡེ་ཤེས་ཀྱི་སྣང་བས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་གང་ཉིད་ནི། རང་གི་སེམས་ཀྱི་རང་བཞིན་རྟེན་པའི་གཞི་དང་སྐྱེད་པའི་རྩ་བ་མེད་པར་སྙིང་པོ་བྱང་ཆུབ་ཀྱི་སེམས་ཉིད་དུ་འདུས་པས་བྱང་ཆུབ་ཀྱི་སེམས་རྒྱུ་རྐྱེན་དང་བྲལ་བར་ངང་གཅིག་ཏུ་གྱུར་པར་ཤེས་པར་བྱའོ། །དེས་ན་མུན་པའི་རྩ་བ་མ་རིག་པའི་སེམས་ཀྱང་དེར་འདུས་སོ། །དྲུག་པའི་ལན་བསྟན་པའི་ཕྱིར། དེ་ལྟར་ངོ་བོ་གཉིིས་མེད་ཆེན་པོ་ཉིད་མ་མཐོང་བའི་དོན་ཤེས་པར་བྱ་བའི་ཐབས་དམ་པ་མ་ནོར་བར་སྟོན་པའི་མདོ་ནི་འཆད་པའི་ཚུལ་ཉེ་བར་བསྟན་པ་འདི་ལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོ་ཆོས་ཀྱི་སྐུའི་ཡོན་ཏན་ཐམས་ཅད་འབྱུང་བ་ཡི་གཞི་དང་སྐྱེད་པར་བྱེད་ཅིང་རྩ་བའི་བཅུད་དུ་གྱུར་པའི་སེམས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སྙིང་པོ་དེ་ཉིད་ནི། ཀུན་གཞི་མ་རིག་པ་དང་བཅས་པའི་ངོ་བོ་དེ་ཁོ་ན་ཉིད་ཡིན་པས། དཔེར་ན་མེ་ཏོག་པདྨོ་ཁ་འབུས་པའི་རྒྱུ་ཡི་རྩ་བའི་སྙིང་པོ་འདམ་ལ་ཟུག་ནས་ཡོད་པ་ལྟར། སྙིང་པོ་བྱང་ཆུབ་ཆེན་པོའི་རྩ་བ་ཡང་འཁོར་བའི་འདམ་ན་ཆོས་ཉིད་གཉིས་མེད་ཆེན་པོར་ཡོད་པ་ཁོ་ནའོ། །དེས་ན་ཀུན་གཞི་འཁྲུལ་པ་ཡང་ལྷན་ཅིག་སྐྱེས་པ་དང་ཀུན་ཏུ་བརྟགས་པའི་མ་རིག་པ་གཉིས་ལས་བྱུང་བ་སྟེ། ངེས་དོན་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དེ་ཡང་འདུས་པའི་སྙིང་པོ་ཉོན། །ལྷན་ཅིག་ཀུན་བརྟགས་གཉིས་འཛོམ་པས། །ཀུན་གཞིའི་རྣམ་པར་ཤེས་པ་ཡིན། །དེས་བསྐྱེད་ཚོགས་བརྒྱད་ཁ་ཚང་བས། །འཁོར་བར་འཁྱམས་ཞེས་དེ་ལ་བྱ། །ཞེས་སོ། །དེའི་ཕྱིར་ལོག་པ་དང་མ་རིག་པའི་ཡང་རྩ་བ་རྟོགས་མ་རྟོགས་ཀྱིས་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་འབྱུང་བ་ཡི་དངོས་གཞིའི་རྩ་བ་ངོ་བོ་འདི་འདྲར་མེད་པའི་སེམས་ཉིད་སྙིང་པོའི་རྩ་བ་ནི། དངོས་པོ་གཉིས་པའི་ཆོས་རྣམས་ཀུན་གྱི་རྩ་བ་ཡིན་པས། ཁམས་གསུམ་དུ་སྣང་བའི་མུན་པའི་ཆོས་འདི་དག་ཀུན་གྱི་རྩ་བ་ཡང་རང་གི་རིག་པའི་སེམས་ཉིད་དུ་འདུས་པར་ཤེས་པར་བྱའོ། །གཉིས་པ་ནི། ཆོས་འདི་ཟབ་སྟེ། ཞེས་པ་ནས། ཀྱང་ནི་མཐོང་མ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། འདི་ཡང་། འགྲེལ་ཆེན་ལྟར་ན། གཉིས་པའི་ལན་བསྟན་པའི་ཕྱིར། རྐང་པ་སྔ་མ་གཉིས་དང་། བརྒྱད་པ་དང་བཅུ་གཅིག་པའི་ལན་གང་ཞེ་ན། རྐང་པ་ཕྱི་མ་གཉིས་ཀྱིས་བསྟན་པར་བཞེད་ནས། དེ་དག་གི་གཏན་ཚིགས་ཚིགས་བཅད་འོག་མས་བསྟན་པར་མཛད་དོ། །དེ་ལྟར་ན། མུན་པའི་རང་བཞིན་དང་། དོན་ཅི་ལ་སྒྲིབ་པ་དང་། རྒྱུད་གང་དུ་འཐིབས་པར་བསྟན་པ་ཡིན་ཀྱང་། བསྡུས་དོན་ལྟར་ན། བཅུ་བཞི་པའི་ལན་བསྟན་པའི་ཕྱིར། མུན་པའི་རང་བཞིན་རང་རིག་པ་བྱང་ཆུབ་སེམས་ཀྱི་ཆོས་ཉིད་འདི་ནི་དཔེར་ན་ནམ་མཁའི་གཏིང་མ་རྙེད་པ་བཞིན་དུ་ཤིན་ཏུ་ཟབ་སྟེ་དམིགས་པ་དང་བཅས་པའི་བློས་མཐོང་བར་དཀའ་ཞིང་གཏིང་དཔག་པར་མི་ནུས་པས་ངོ་བོ་ཇི་བཞིན་དུ་རྟོགས་པར་དཀའ་བའི་ཕྱིར་འདིའི་རང་བཞིན་ཡང་འདི་འདྲར་ཞེས་ནི་མཐོང་བར་མི་ནུས་ཏེ་ཡུལ་དང་དངོས་པོར་མ་གྲུབ་པས་སོ། །དེས་ན་སློབ་པའི་ས་ཡི་རིམ་པ་མཐར་ཕྱིན་ཏེ་ས་བཅུ་པ་ལ་གནས་པ་ཡི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་འོད་ལ་འཇུག་པ་ལའང་ཀུན་ནས་ཉོན་མོངས་པ་མེད་པའི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡོད་པས་ན། དེ་ལྟ་བུའི་སྐྱེས་བུས་ཀྱང་ནི་རྩ་བ་ཆེན་པོ་མཐོང་བ་མ་ཡིན་ཏེ། བག་ལ་ཉལ་བའི་མུན་པས་བསྒྲིབས་པའི་ཕྱིར་ཏེ། ཚུལ་དེའི་དབང་གིས་འཐིབས་པ་ཡིན་པས་ཀུན་ཏུ་འོད་དང་ས་བཅུ་མན་ཆད་ལ་སྒྲིབ་ཅིང་ས་ལ་གནས་པའི་སྐབས་སེམས་སྐྱེས་པ་ཡན་ཆད་དུ་རང་རང་ལ་སྒྲིབ་ཚབ་ཆེ་ཆུང་དང་ཕྲ་རགས་ཡོད་པའོ། །དེའི་ཕྱིར་སྒྲིབ་པས་མ་མཐོང་བར་ཡང་གསལ་ལོ། །གསུམ་པ་ནི། མེད་པས་སྟོང་པའི། ཞེས་པ་ནས། མི་རྟོག་སྐྱེ་བ་མེད། །ཅེས་པའི་བར་གྱིས་བསྟན་ཏེ། གཉིས་པའི་ལན་བསྟན་ཏེ། དེ་ལྟར་རྟོགས་པར་དཀའ་བ་ཅིའི་ཕྱིར་ཞེ་ན། དོན་གྱི་ངོ་བོའི་རང་བཞིན་སྤྱོད་ཡུལ་དུ་མེད་པས་གནས་ལུགས་མཐའ་ཐམས་ཅད་ཀྱིས་སྟོང་པའི་ཆོས་ཉིད་འདི་ལ། བློས་དམིགས་པའི་ཡུལ་དང་ཡུལ་ཅན་གྱི་མཚན་ཉིད་གཞི་ནས་བྲལ་བས་ཡོད་པའི་དངོས་པོར་ཡོང་ཡེ་མི་དམིགས་པའི་གཉིས་མེད་ཆེན་པོ་ཉིད་དུ་ངེས་པ་ཡིན་པས། དེ་ལྟ་བུའི་ངང་ལ་ཡེ་ཤེས་ཆོས་ཀྱི་དབྱིངས་རྒྱུན་དུ་སྐྱེ་བའི་ཐ་སྙད་མེད་པར་མར་མེ་ལྟར་རང་གསལ་བ་ཉིད་ལ་དམིགས་པ་དང་མི་དམིགས་པའི་ཚིག་ལམ་ཆད་དེ་བརྗོད་གཞི་དང་བྲལ་བའི་ངོ་བོ་མཐའ་དང་དབུས་སམ་ཡོད་མེད་གཉིས་དང་གཉིས་མེད་ཙམ་དུའང་གཟུང་འཛིན་དུ་རྣམ་པར་མི་རྟོག་པས་རང་བྱུང་རིག་པའི་ཡེ་ཤེས་ཐ་སྙད་ཐམས་ཅད་བྲལ་བ་ཡིན་པའི་ཕྱིར། སྐྱེ་བ་མེད་པའི་ཆོས་ཉིད་ཟབ་མོ་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཉིད་དུ་ངེས་པས་སའི་ཞེན་མཐའ་མ་རྟོགས་པ་ཁོ་ནར་ཟད་དོ། །དེས་ན་མེད་པས་མ་དམིགས་པར་ཡང་ངེས་སོ། །བཞི་པ་ནི། གསལ་བས་དུས་མཐའ། ཞེས་པ་ནས། མ་ཕྱིན་ཕྱིན་པ་མེད། །ཅེས་པའི་བར་གྱིས་བསྟན་ཏེ། འགྲེལ་ཆེན་ལས། འདི་ནས་བཟུང་འོག་གི་ཚིགས་བཅད་གཅིག་ཡན་ཆད། བདུན་པའི་ལན་བསྟན་པའི་ཕྱིར་གསུངས་པས། དེ་ལྟར་མཚན་ཉིད་འདི་ལྟར་ངེས་ཏེ་ཡུལ་དུ་བྱེད་པས་དུས་གསུམ་དུ་མ་རྙེད་པས་མུན་ཁམས་འཁོར་བ་ཇི་སྙེད་པའི་ཡུལ་དུ་གནས་ཀྱང་བྱང་ཆུབ་སྙིང་པོའི་ཤིང་བུ་མངོན་དུ་གྱུར་པ་ན་ལྡོག་པར་བསྟན་པ་ཡིན་ལ། བསྡུས་དོན་ལྟར་ན། བཞི་པའི་ལན་བསྟན་ཏེ། བྱང་ཆུབ་ཀྱི་སྙིང་པོ་ནི་ཡེ་ནས་ཡུལ་མེད་རང་གསལ་གྱི་ངོ་བོ་ཉིད་ཡིན་པས། དྲན་རིག་སྒྲིབ་བྱེད་དང་བྲལ་བའི་སྒོ་ནས་དུས་ཐོག་མ་དང་ཐ་མ་བྲལ་བའི་མཐའ་ཡི་ཚད་གཟུང་མེད་པ་རུ་གནས་ཁམས་གསུམ་མ་ལུས་པར་ཁྱབ་པར་ཀུན་ཏུ་བཙལ་བར་བྱས་ན་ཡང་། སེམས་ཀྱི་ངོ་བོ་མཚན་ཉིད་འདི་ལྟར་ངེས་པ་ཞིག་གོ་ཞེས་བྱ་བའི་དངོས་པོ་ངེས་གཟུང་ཅན་ཞིག་སྔར་གྱི་སངས་རྒྱས་ཀུན་གྱིས་ཀྱང་མི་རྙེད་པའི་ངང་དེ་ལ་སེམས་ཅན་རྣམས་ཀྱིས་ད་ཡོང་བཙལ་ཡང་ཕྱིས་སུ་རྙེད་པར་མི་འགྱུར་རོ། །དེ་བཞིན་དུ་རྒྱལ་བ་ལྟ་བུའི་མཁས་པའམ་སྒྲ་དང་ཚད་མ་ལ་མཁས་ཤིང་གོམས་པར་བྱས་པས་ཀྱང་དུས་ཐོག་མཐའ་མེད་པ་རུ་བློ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཤིན་ཏུ་བསྒྲིམས་ཏེ་མཐའ་བགྲངས་ནས་ཅིར་ཞེས་ཅི་ལྟར་བརྟགས་ཤིང་དཔྱད་པར་བྱས་པས་ཀྱང་། གང་སྙིང་པོ་བྱང་ཆུབ་ཀྱི་མཚན་ཉིད་འདིར་ངོ་བོ་ངེས་པ་ཅིར་ཡང་མཐོང་བ་མེད་དེ། སླར་ཡང་ཆེད་དུ་བྱས་པའི་སྒྲིབ་པར་འགྱུར་བས་སོ། །དེ་བས་ན་ཡུལ་དུ་བྱེད་པས་དུས་གསུམ་དུ་མི་རྙེད་པས་འཁོར་བ་ཇི་སྙེད་པའི་ཡུལ་དུ་རང་སྣང་དུ་གནས་པའོ། །ཚུལ་དེ་ལྟ་བས་ན། མཉམ་པ་ཆེན་པོ་མ་ཡིན་པ་མེད་པའི་ཕྱིར། དཔེ་ལྟ་བུར་མགྱོགས་པས་དུས་མཐའ་མེད་པ་རུ། ཉམ་ཐག་ཆད་པར་བརྒྱུགས་ཏེ་ཀུན་ཏུ་ཕྱིན་ཀྱང་ནི། ད་དུང་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་འདི་ཉིད་ལས་གཞན་གར་ཡང་མ་ཕྱིན་པས་ལོགས་སུ་གྱུར་པར་སྔར་ཡང་མ་སླེབས་པས་ན་ད་ཡང་ཕྱིན་པ་མེད་པར་གཞི་འདི་ཉིད་ཀྱི་ངང་ཁོ་ནའོ། །དེས་ནས་བགྲོད་དུ་མེད་པར་མུན་པའི་རང་བཞིན་དང་ཆ་གཅིག་ཏུ་གྱུར་པའོ། །དེ་དག་གི་ཕྱིར། ཟབ་པས་མ་རྙེད། དཀའ་བས་མ་ཤེས། མྱུར་བས་མ་སླེབ་པར་ངེས་པའང་ཡིན་ནོ། །ལྔ་པ་ནི། སྐྱེ་མེད་ཆོས་ཀྱི། ཞེས་པ་ནས། ཀུན་འབྱུང་བྱང་ཆུབ་ཤིང་། །ཞེས་པའི་བར་གྱིས་བསྟན་ཏེ། བདུན་པ་དང་བརྒྱད་པ་གཉིས་ཀྱི་ལན་གང་ཞེ་ན། རྣལ་འབྱོར་གྱི་དབང་གིས་རྒྱུའི་ཐེག་པ་ལས་རྣམ་པར་ཐར་པ་གསུམ་དུ་བསྟན་ཀྱང་། འདིར་ཐུན་མོང་མིན་པའི་གནས་ལུགས་དངོས་གཞི་དང་བྲལ་བས་སྐྱེ་བ་མེད་པའི་ཆོས་ཉིད་ཀྱི་སྡོང་པོ་ཀུན་གྱི་རྩ་བར་གྱུར་པས་དངོས་པོའི་དེ་ཁོ་ན་ཉིད་ལ། མ་རྟོགས་པའི་དུས་སུ་འཁོར་བའི་ཆོས་ཀྱི་ཡན་ལག་སྣ་ཚོགས་སུ་སྣང་ཡང་། མཚན་ཉིད་རྟོགས་པས་ལམ་པའི་བློ་ལ་ལམ་གྱི་ཆོས་སུ་སྣང་བས་ན། རང་བཞིན་དང་མཐུན་པར་སྟོང་པ་ཉིད་དང་། སྨོན་པ་མེད་པ། མཚན་མ་མེད་པ། རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་ཅན་གྱི་རྣམ་པར་ཐར་བའི་སྒོ་བཞི་ཡི་ཡེ་ཤེས་མ་འགགས་པར་སྣང་བས་ཡལ་ག་འགེལ་བའམ་ཡན་ལག་གེལ་པ་ནི་ཀུན་ནས་རྒྱས་པ་དང་ཕྱོགས་སུ་གྱེས་པར་བྱུང་བའོ། །དེ་ཉིད་ལམ་པས་དོན་དུ་གཉེར་ནས་འབད་པ་བྱས་པས་ལམ་གྱི་རྣམ་ཐར་བཞིས་འབྲས་བུའི་མཚན་ཉིད་བྱང་ཆུབ་བླ་ན་མེད་པའི་སྙིང་པོར་སྨིན་ཏེ་ཆོས་སྐུ་ཆེན་པོ་ཉིད་དུ་མཐར་ཕྱིན་པའོ། །ཆེ་བའི་ཡོན་ཏན་དེ་ལྟར་རྒྱས་པའི་སྙིང་པོའི་ལྗོན་པ་བཟང་པོ་དེ་ནི་ཡོན་ཏན་ཀུན་གྱི་འབྱུང་གནས་བྱང་ཆུབ་ཀྱི་ཤིང་བུ་དམ་པ་ཡིན་ནོ། །དེ་བས་ན་བྱང་ཆུབ་སྙིང་པོའི་ངོ་བོ་ལ་སྒྲིབ་ཅིང་དེ་ཉིད་མངོན་དུ་གྱུར་པ་ན་ལྡོག་གོ། །ཚུལ་དེའི་ཕྱིར་ཡངས་པས་མ་ཁྱབ་པར་ཡང་གསལ་ལོ། །དྲུག་པ་ནི། འཇུག་པ་དོན་ལ། ཞེས་པ་ནས། ཆེད་ལས་བྱེད་ལས་གྱུར། །ཞེས་པའི་བར་གྱིས་བསྟན་ཏེ། བསྡུས་དོན་ལྟར་ན་ཚིགས་བཅད་འདི་ཉིད་བཅུ་གཅིག་པའི་ལན་ཏེ། ཤེས་པ་ཚོགས་དྲུག་ཡུལ་དྲུག་ལ་འཇུག་པ་དང་བཅས་ཏེ་གཟུགས་སྒྲ་ལ་སོགས་པའི་ཡུལ་དོན་གྱི་དངོས་པོ་ལ་མ་རིག་པའི་དབང་གིས་ཞེན་ཅིང་ཆགས་པ་ནི་འདོད་པའི་ཁམས་ཀྱི་མ་རིག་པ་ཡིན་ལ། བསམ་གཏན་བཞིའི་ཏིང་ངེ་འཛིན་མངོན་དུ་བྱེད་ཅིང་དེ་ལ་ཉོན་ཡིད་ཀྱིས་བདག་ཏུ་འཛིན་པའི་འདུ་ཤེས་དང་མ་བྲལ་བ་ཉིད་གཟུགས་ཀྱི་ཁམས་ཀྱི་མ་རིག་པར་ངེས་སོ། །གཟུགས་མངོན་དུ་སྣང་བ་མེད་པར་ཀུན་གཞིའི་ངང་ལ་བསམ་པའི་འདུ་ཤེས་བཞི་རྒྱུན་མ་ཆད་པར་སྙོམས་འཇུག་བཞི་ལ་གནས་ཏེ་དམིགས་པ་དང་རྣམ་པར་རྒྱུ་བས་ཡང་དག་པའི་དོན་མ་རྙེད་པ་གཟུགས་མེད་པའི་ཁམས་ཀྱི་མ་རིག་པ་ཉིད་དེ་བྱེ་བྲག་གསུམ་གྱིས་ཆོས་ཉིད་རྟོགས་པར་དཀའ་བས་ན་ཁམས་གསུམ་དུ་འཐིབས་པ་ཡིན་ནོ། །དེས་ན་གང་ཤེས་པ་གསུམ་དུ་སྣང་བ་དེ་ཡི་རྒྱུ་ནི། ཇི་བཞིན་པ་མ་རིག་པ་ལས་རང་གི་ཡུལ་དང་ཏིང་ངེ་འཛིན་གྱི་དམིགས་པ་ལ་ཆེད་དུ་འཛིན་པའི་ལས་ཀྱི་བྱེད་པ་ལས་མ་རིག་པའི་རྒྱུན་གྱིས་ཁམས་གསུམ་དུ་སྣང་བར་གྱུར་བ་ཡིན་ནོ། །འགྲེལ་ཆེན་ལྟར་ན། རྐང་པ་སྔ་མ་གསུམ་དགུ་པའི་ལན་ཏེ། མ་རིག་པའི་བྱེ་བྲག་གིས་ཁམས་གསུམ་དུ་སྣང་བའོ། །དང་པོའི་ལན་བསྟན་པའི་ཕྱིར། རྐང་པ་བཞི་པ་གསུངས་ཏེ། མ་རིག་པའི་དབང་གིས་རང་ཡུལ་ཆེད་དུ་བྱེད་པ་ལས་གྲོང་ཁྱེར་གསུམ་དུ་བྱུང་བས་སོ། །ཚུལ་འདི་དག་ལ་བརྟེན་ནས་བཙལ་བའི་གནས་གྲོང་ཁྱེར་གསུམ་ཡིན་པར་ཤེས་པར་བྱའོ། །བདུན་པ་ནི། ཡུལ་དུ་གང་གྱུར། ཞེས་པ་ནས། ཉིད་མེད་དེ་ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། གསུམ་པའི་ལན་ནི། དབང་པོའི་ཡུལ་དང་སེམས་ཀྱི་ཡུལ་ཏིང་ངེ་འཛིན་དུ་ཆགས་པས་ཁམས་གསུམ་གྱི་འགྲོ་བའི་ཡུལ་དུ་གང་གྱུར་པའི་དངོས་པོ་གང་ཡང་རུང་བ་ལ་ཤེས་པ་འཇུག་པ་ཉིད་ནི། ཡུལ་གང་ལ་འཇུག་ཀྱང་རུང་སྟེ་གཡོ་བ་དེ་ཉིད་ཁམས་གསུམ་གྱི་འཁྲུལ་པའི་རྣམ་པར་ཤེས་པ་དོན་ལ་མདོངས་པའི་ངོ་བོ་དེ་ཉིད་དོ། །དེས་ན་ཤེས་པས་ཟིན་པའི་ཡུལ་གང་དུ་སྣང་བར་གྱུར་པ་ན་ཡང་འགྲོ་བ་དེ་དག་གི་སྤྱོད་ཡུལ་དེ་ནི་མུན་པའི་ཁམས་སུ་གྱུར་པ་ཁོ་ན་ཡིན་ཀྱང་། མི་མཐུན་པ་ནི། མུན་པའི་ཁམས་ཉིད་ན་རང་རིག་པ་བྱང་ཆུབ་ཀྱི་སྙིང་པོའི་ངོ་བོ་དེ་ཉིད་སྣང་ཞིང་གཉིས་སུ་མེད་པར་གསལ་བར་ཡོད་པས་ནང་ཤེས་པའི་རྒྱུན་གསལ་བ་དེ་ནི་སྣང་བའི་ཁམས་ཡང་ཡིན་ནོ། །དེས་ན་བྱང་ཆུབ་ཀྱི་སེམས་འདི་ནི་མུན་པའི་ཁམས་ན་ཡོད་དོ། །དེ་ཡང་སེམས་དང་སེམས་བྱུང་དུ་སྣང་བ་དང་སེམས་སྣང་བའི་འོད་དུ་བྱུང་བའི་དངོས་པོ་གཉིས་པ་ཇི་སྙེད་པ་དེ་དག་སྐྱེ་བ་བཞི་དང་འབྱུང་བ་ལྔ་ལ་སོགས་པར་སྣང་བའི་ཡང་གཞི་དང་རྟེན་དུ་གྱུར་པས་རྩ་བའི་སྙིང་པོ་རང་རིག་པ་ཅིར་ཡང་སྣང་བ་ཉིད་ཡིན་པས་ཁམས་གསུམ་གྱི་འགྲོ་བ་ཀུན་གྱིས་དེ་ཉིད་ལ་ཀུན་གཞིའི་ཁམས་ཀྱི་དངོས་པོའི་ཕྱོགས་ཀྱི་ཁྱད་པར་ཙམ་དུ་རིག་ཅིང་མཐོང་ཡང་ངེས་པའི་དོན་ཇི་བཞིན་དུ་མ་རིག་པ་ཡི་ངོ་བོ་ཉིད་མེད་པས་ཕྱོགས་རིས་སུ་གཟུང་དུ་མི་བཏུབ་པའི་ཤེས་པ་མ་རིག་པ་དང་མཚུངས་པའི་རང་རིག་པ་དེ་ཉིད་ཡིན་པས་དོན་ལ་མུན་སྣང་དབྱེར་མེད་ཀྱི་ཆོས་ཉིད་བསམ་བརྗོད་ལས་འདས་པ་ཉིད་དོ། །དེས་ན་ངོ་བོ་དེ་ཁོ་ན་ཉིད་ལ་བྱ་བར་ཡང་གསལ་ལོ། །བརྒྱད་པ་ནི། མུན་ཁུང་གསེར་སྟོར། ཞེས་པ་ནས། སེམས་འདིི་སྟོར་བར་གྱུར། །ཞེས་པའི་བར་གྱིས་བསྟན་ཏེ། བསྡུས་དོན་ལྟར་ན། ཚིགས་བཅད་འདི་ཉིད་བཅུ་པའི་ལན་ཏེ། དེ་ལྟར་ཤེས་པ་མ་རིག་པ་དང་མཚུངས་པར་ལྡན་པས་རང་གི་ཆོས་ཉིད་མི་མཐོང་བ་ནི། དཔེར་ན་མུན་ཁུང་དུ་གསེར་སྟོར་བ་ཇི་ལྟ་བ་བཞིན་དུ། འཁོར་བའི་གནས་མུན་པ་མུན་ནག་གི་སྨག་རུམ་དང་འདྲ་བ་ཉིད་དུ། རིན་ཆེན་གསེར་དང་འདྲ་བ་ཡི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་འདི་ཉིད་སྟོར་བར་གྱུར་ཏེ། མ་རིག་པས་དོན་མཐོང་དུ་མི་སྟེར་བའི་ཕྱིར་དཔེ་དོན་མཐུན་པར་ངེས་པའོ། །འགྲེལ་ཆེན་ལྟར་ན། རྐང་པ་དང་པོ་ནི། བཅུ་པའི་ལན་ཏེ། དཔེར་མུན་པར་གསེར་སྟོར་བ་དང་འདྲ་བའོ། །དེ་ནས་རྐང་པ་གསུམ་ལན་བཅུ་གསུམ་པ་སྟེ། འཁོར་བའི་སྨག་རུམ་དུ་རིན་ཆེན་སེམས་ཉིད་ཀྱི་དོན་སྟོར་ཏེ། མ་རིག་པས་དོན་མཐོང་དུ་མི་སྟེར་བའི་ཕྱིར་མུན་པ་ཞེས་བགྱི་བའི་གཏན་ཚིགས་སོ། །དེས་ན་མུན་པའི་ཁམས་སུ་སྟོར་བའོ། །དགུ་པ་ནི། མུན་པའི་ཁམས་སུ། ཞེས་པ་ནས། འདུ་ཤེས་ཉིད་དུ་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། བསྡུས་དོན་ལྟར་ན། བཅུ་གསུམ་པའི་ལན་ཏེ། མ་རིག་པ་གཉིས་ཀྱི་མུན་པའི་ཁམས་སུ་གྱུར་པའི་འགྲོ་བ་སེམས་ཅན་གྱི་གནས་སྐབས་དག་ཏུ། དཔེར་ན་མིག་གིས་མིག་མི་མཐོང་བ་ལྟར་སྤྱོད་ཡུལ་དང་བྲལ་བས་རང་གིས་རང་མ་མཐོང་སྟེ། ཤེས་པ་མ་རིག་པའི་རྒྱུད་དུ་གྱུར་པའི་ཕྱིར་མུན་པའི་འདུ་ཤེས་ཉིད་དུ་འབྱུང་བས་ན། སྔགས་ལ་ལྟོས་པའི་རྒྱུ་མཚན་ཉིད་ཀྱི་ཐེག་པའང་འདུ་ཤེས་དེ་དང་མ་བྲལ་བ་ཉིད་དེ། དེའི་ཕྱིར་མུན་པ་ཞེས་བགྱིའོ། །འགྲེལ་ཆེན་ལྟར་ན། ལན་བཅུ་བཞི་པ་སྟེ། མ་རིག་པ་ཤ་སྟག་ཏུ་གྱུར་པའི་འགྲོ་བ་རྣམས། མ་རིག་པ་གཉིས་ཀྱིས་ནོན་པ་ནི། དཔེར་མིག་གིས་མིག་མ་མཐོང་བ་ལྟར་ཡུལ་བྲལ་བས་རང་གིས་རང་མ་མཐོང་སྟེ། ཤེས་པ་མ་རིག་པ་རྒྱུད་དུ་གྱུར་པའི་ཕྱིར་མུན་པ་ཉིད་དུ་འཐིབས་པའོ། །བཅུ་པ་ནི། མུན་པའི་ཁམས་པས། ཞེས་པ་ནས། ཆེད་དུ་ཤེས་པར་གྱིས། །ཞེས་པའི་བར་གྱིས་བསྟན་ཏེ། བསྡུས་དོན་ལྟར་ན། དང་པོའི་ལན་ཏེ། ཁམས་གསུམ་གྱི་འགྲོ་བའི་མུན་པའི་ཤེས་པ་མ་ཟད་གསང་སྔགས་བླ་ན་མེད་པ་ལ་ལྟོས་ནས་མུན་པའི་ཁམས་པས་གྲུབ་མཐའ་སྨྲ་བ་དག་གིས་གང་ལྟར་ཤེས་པ་རྟོག་པའི་མཚན་ཉིད་ཕྲ་མོའི་ཕྲ་མོ་ཆ་ཤས་ཙམ་གྱི་དངོས་པོ་ཡན་ཆད་ཐམས་ཅད་མུན་པ་ཡིན་པས་དེའི་དངོས་དོན་གང་འདིར་བློ་ཆུང་བྱིས་པ་རྒྱུའི་ཐེག་པ་ཆེན་པོ་རྣམས་ཀྱི་ཆེད་དུ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་གླེང་གཞི་གང་ཞིག་བརྗོད་པ་དེ་ཉིད། འདི་ན་དོན་དང་མཐུན་པར་གསལ་བའི་ཕྱིར་གསང་སྔགས་ཐེག་པ་ཆེན་པོའི་བློ་དང་ལྡན་པ་ཀུན་ལ་ཡང་འདི་ལྟར་བརྗོད་ཅིང་བཤད་ཀྱིས། སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་གཞན་གྱི་དོན་ཕྱིར་བླུན་པོའི་རིགས་ཅན་དྲང་བའི་ཆེད་དུ་ཤེས་པར་བྱོས་ལ་རྟོགས་པར་གྱིས་ཤིག་ཅེས་གདམས་པར་མཛད་པའོ། །ཚུལ་འདི་ལྟར་ན་མུན་པ་གང་གིས་སེལ་གྱི་ལན་འདིར་དངོས་སུ་མ་ཟིན་ཀྱང་འོག་ནས་འབྱུང་ངོ་། །འགྲེལ་ཆེན་ལྟར་ན། ལན་བཞི་པ་ནི། མུན་པའི་ཁམས་པར་གྱུར་པས་གྲོང་ཁྱེར་གསུམ་གྱི་འགྲོ་བ་རྣམས་ཀྱིས། གང་ཡུལ་གྱི་བྱེ་བྲག་ཤེས་པར་བྱེད་པའི་ཤེས་པ་དངོས་པོ་ལ་རིག་ཅིང་རྟོག་པའི་ངོ་བོ་ནི་མུན་པའི་མཚན་ཉིད་དེ། དེ་དག་གི་མཚན་ཉིད་ཕྲ་མོའི་ཆ་ཤས་ཙམ་ཡང་ཆད་ཕྲ་རགས་ཐམས་ཅད་ཇི་ལྟར་བསལ་བ་བཅུ་གཉིས་པའི་ལན་གྱིས་གསལ་བར་སྟོན་ཏེ། གང་འདིར་རྒྱུའི་ཐེག་པ་ཆེན་པོ་བློ་ཆུང་ཞིང་དོན་གྱི་བརྡ་ཤེད་མ་བྱེ་བ་རྣམས་ཀྱི་ཆེད་དུ་སྟོན་པས་གླེང་གཞི་གང་བརྗོད་ཅིང་བཀའ་སྩལ་པ་དེ་ཉིད། འདིར་གསལ་བའི་ཕྱིར་ཐེག་པ་ཆེན་པོའི་བློ་དང་ལྡན་པའི་རྣལ་འབྱོར་ཀུན་ལ་ཡང་འདི་ལྟར་བརྗོད་དེ་བཤད་ཀྱིས། ཁྱོད་ཀྱིས་ཀྱང་གཞན་བླུན་པོ་རྣམས་དྲང་བའི་ཆེད་དུ་ཤེས་པར་གྱིས་ཤིག་པར་གདམས་པའོ། །བཅུ་གཅིག་པ་ནི། འདིར་ཡང་འདི་ལྟར། ཞེས་པ་ནས། འགྲོ་ལ་དང་འབྱིན་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། བསྡུས་དོན་ལྟར་ན་ལྔ་པ་དང་དགུ་པའི་ལན་དང་། འགྲེལ་ཆེན་ལས་ལྔ་པའི་ལན་དང་ཁྱད་པར་གྱིས་དེ་དག་གིས་ལན་གདབ་པ་ཐུན་མོང་དུ་བསྟན་པའི་ཕྱིར། མ་རིག་པའི་མུན་པ་མཚན་ཉིད་པས་མཐོང་བའི་དོན་འདི་ཡང་ཡན་ལག་འབྱེད་ན་འདི་ལྟར་ལྡེ་མིག་གསུམ་དུ་ཡོངས་སུ་སྣང་བ་ཉིད་དེ། ཡན་ལག་ཚོགས་དྲུག་དང་མདོ་ཤེས་པ་བཞི་དང་རྩ་བ་ལུས་ངག་ཡིད་གསུམ་སྟེ། ལྡེ་མིག་དང་པོས་འཁོར་བ་རྣམ་པར་འབྱེད་པ་དང་། བར་མས་འགྲོལ་བ་དང་། ཐ་མས་ངེས་པར་འབྱིན་པ་ཡིན་ཏེ། ཤུགས་ཀྱིས་བཅུ་གཉིས་པའི་ལན་དུའང་འགྱུར་རོ། །དེས་ན་བཀའི་ལུང་གཅིག་ལ་ཞུས་ལན་ཕྲ་མེན་རྒྱས་ན་རྒྱུད་དུ་འགྲོ་བའི་དཔེ་ལྟར། རྣམ་པར་ཤེས་པའི་རྒྱུད་གཅིག་ལ་དབང་པོ་དྲུག་གི་རྐྱེན་གྱིས་རྣམ་པར་ཤེས་པ་ཚོགས་དྲུག་དང་དམིགས་པའི་རྣམ་ཤེས་དང་བདུན་རྩ་བའི་རྣམ་ཤེས་དང་བརྒྱད་དུ་བྱུང་ནས་སྒོ་གསུམ་དུ་རྒྱས་ཤིང་འཕེལ་ན་རྒྱུད་དུ་འགྲོ་བའོ། །གཉིས་པ་ལ་གསུམ་སྟེ། མུན་པའི་ཡན་ལག་དྲུག་བཤད་པ། མུན་མདོ་བཞི་བསྟན་པ། མུན་པའི་རྩ་བ་གསུམ་བཤད་པའོ། །དང་པོ་ནི། ཡན་ལག་དྲུག་ཏུ། ཞེས་པ་ནས། གཅོད་པའི་ཡན་ལག་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་ཡན་ལག་དང་པོ་གང་ཞེ་ན། རྣམ་པར་ཤེས་པའི་རྒྱུད་གཅིག་ལ་དབང་པོ་དྲུག་གི་རྐྱེན་གྱིས་ཡན་ལག་དྲུག་ཏུ་གང་གྲགས་པ་ནི། མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་དང་། སྣ་ཡིས་ཚོར་བ་དང་། ལྕེ་ཡིས་མྱོང་བ་དང་། ལུས་ཀྱིས་རེག་པ་དང་། ཡིད་ཀྱིས་ཀུན་ཤེས་པ་དང་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། དེ་ལའང་རྒྱུའི་ཡན་ལག་དྲུག་དང་། དམིགས་པའི་ཡན་ལག་དྲུག་དང་། གཅོད་པའི་ཡན་ལག་དྲུག་སྟེ། ཡུལ་ལ་ཕྱིར་འབྱུང་བ་ལྟ་བུ་དང་དངོས་སུ་ཡུལ་ལ་འཇུག་ཅིང་ཡུལ་གྱི་སྒྲོ་འདོགས་ཡོངས་སུ་གཅོད་པའི་ཡན་ལག་ཏུ་གྱུར་པ་རྣམས་ཡིན་ནོ། །དེ་དག་འདིར་མི་སྤྲོ་སྟེ། སྒོ་ལྔ་འཇུག་པའི་མདོ་དང་མཐུན། ཡིད་ཤེས་སྣང་བའི་མདོ་དང་མཐུན་པས་འཆད་པར་འགྱུར་རོ། །གཉིས་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། འཇུག་པ་ལུང་བཞིན་བཤད། །ཅེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ་ཞེས་བོས་ནས། མདོ་བཞི་བསྟན་པ་ནི་གང་ཞེ་ན། ལུང་གི་མདོ་བཞི་ནི་རྣམ་ཤེས་བཞི་སྟེ། ཆོས་ཐམས་ཅད་ཀྱི་མདོ་རྣམ་ཤེས་སུ་འདུས་པའི་ཚུལ་འདི་ལྟ་སྟེ། བག་ཆགས་བསགས་པའི་གཞིའི་མདོ་ཀུན་གཞི་དང་། དེ་ལ་བདག་ཏུ་ལྟ་བས་དམིགས་པའི་མདོ་ཉོན་ཡིད་དང་། ཕྱི་ནང་ཀུན་སྣང་བའི་མདོ་ཡིད་ཀྱི་ཤེས་པ་དང་། རང་ཡུལ་ཐུན་མིན་ལ་འཇུག་པའི་མདོ་སྒོ་ལྔའི་ཤེས་པའོ། །དེའང་འདི་ལྟར། མདོ་བཞི་པོ་གཞི་ཡི་མདོ་དང་དམིགས་པ་དང་སྣང་བ་དང་འཇུག་པ་ཡི་མདོ་བཞི་སྟོན་པ་མཆོག་གིས་དྲང་བའི་ལུང་བཞིན་དུ་གསལ་བར་བཤད་དེ་བཀའ་སྩལ་བའོ། །གཉིས་པ་ལ་བཞི་སྟེ། གཞིའི་མདོ་ཀུན་གཞི་བཤད་པ། དམིགས་པའི་མདོ་ཉོན་མོངས་པ་ཅན་གྱི་ཡིད་བཤད་པ། སྣང་བའི་མདོ་ཡིད་ཀྱིི་རྣམ་ཤེས་བཤད་པ། འཇུག་པའི་མདོ་སྒོ་ལྔའི་ཤེས་པ་བསྟན་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། བྱིས་པ་འདི་ལྟར་འདོད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ལ་མུན་པའི་དྲིས་ལན་སོ་སོའི་བྱེ་བྲག་ཏུ་ཕྱེ་ནས་མདོ་དང་པོ་བསྟན་པའི་ཕྱིར། ལང་ཀའི་བདག་པོ། ཞེས་བོས་ནས། དེ་ལ་གཞིའི་མདོ་ཉེ་བར་སྟོན་པ་ནི་འདི་ལྟ་སྟེ། ཆ་ཕྲ་བའི་གཞི་དེ་ནི་མཚན་ཉིད་ཐེག་པ་དོན་ལ་ཤེད་མ་བྱེ་བའི་བྱིས་པ་རྣམ་རིག་པ་ལ་སོགས་པ་རྣམས་ཀུན་གཞིའི་རང་བཞིན་འདི་ལྟར་འདོད་དེ་དེ་ཉིད་འཐད་པར་སྒྲུབ་པར་བྱེད་དོ། །གཉིས་པ་ལ་བཅུ་གཉིས་ཏེ། རང་བཞིན་དངོས་པོ་མེད་ཅིང་ཀུན་ལ་ཁྱབ་པས་མ་བཅོས་པར་བསྟན་པ། མཚན་ཉིད་ཤེས་ལ་མི་གསལ་བས་ཚོར་བ་བཏང་སྙོམས་དང་ལྡན་ཏེ་སྐད་ཅིག་མའི་རྒྱུན་དང་བཅས་པར་བསྟན་པ། ངོ་བོ་ཕྱོགས་གཅིག་ཏུ་རྒྱ་མ་ཆད་པས་བག་ཆགས་ཐམས་ཅད་ཀྱི་གཞིར་བསྟན་པ། ཡན་ལག་ཐུན་མོང་དང་ཁྱད་པར་གྱི་འཁོར་དང་ལྡན་པས་བག་ཆགས་ཀྱི་གོ་འབྱེད་པར་བསྟན་པ། གནས་པའི་ཡུན་དང་ཅི་ལ་སྒྲིབ་ཀུན་ཐུན་མོང་དུ་བསྟན་པ། བྱེ་བྲག་འཁོར་འདས་གཉིས་ཀྱི་གཞི་རྟེན་དུ་གྱུར་པར་བསྟན་པ། རྩ་བ་གང་དང་གང་དུ་འདུས་པ་ཐུན་མོང་དུ་བསྟན་པ། མུན་པའི་རྒྱུ་ཅི་ལས་བྱུང་དང་ཀུན་གཞི་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ། མུན་པའི་ཁམས་ཀྱི་ཀུན་གཞི་ཉིད་དཔེ་གང་དང་མཐུན་ཚུལ་བཤད་པ། མུན་པ་ཞེས་ཅིའི་ཕྱིར་བགྱི་བའི་ངེས་ཚིག་བཤད་པ། མུན་པ་ཉིད་ཅིའི་ཕྱིར་འཐིབས་པའི་རྒྱུ་མཚན་བཤད་པ། མུན་པ་གང་གིས་སེལ་བ་ཡེ་ཤེས་རང་སྣང་དུ་བསྟན་པའོ། །དང་པོ་ནི། གཟུགས་མེད་མིང་ལ། ཞེས་པ་ནས། མེད་པར་འདུས་མ་བྱས། །ཞེས་པའི་བར་གྱིས་བསྟན་ཏེ། སྤྱིར་ཀུན་གཞི་དང་མུན་པ་གཉིས་ངོ་བོ་གཅིག་ཡིན་ཀྱང་། ཐམས་ཅད་ཀྱི་གཞིར་གྱུར་པས་ཀུན་གཞི་དང་། དེ་མ་རྟོགས་པས་འཁོར་བར་སྣང་བས་མུན་པ་ཞེས་བསྟན་པ་ཡིན་ལ། དེ་བས་ན་གོང་གི་མུན་པའི་དྲིས་ལན་དང་ཀུན་གཞིའི་དྲིས་ལན་མཐུན་ནོ། །འོན་ཀྱང་གོང་གི་མུན་པ་གང་གི་ཆེད་དུ་ལན་མ་གསུངས་པ་རྣམས་འདིར་བསྟན་པར་མཛད་དོ། །དེ་ཡང་འཆད་པའི་དོན་གྱི་རྣམ་གྲངས་ཀྱིས་བཅུ་གསུམ་དུ་འགྱུར་བའི་ཕྱིར། ཁྱད་པར་དུ་མུན་པའི་རང་བཞིན་ཉིད་འཆད་དེ། དེ་ལ་སྦྱོར་བའི་ཀུན་གཞི་རང་བཞིན་ཆ་ཕྲ་བས་གཟུགས་ཀྱི་ཕུང་པོ་དངོས་སུ་སྣང་བ་མེད་པར་བརྟགས་པའི་མཚན་ཉིད་ཀྱི་མིང་བཞིའི་ཕུང་པོའི་མཚན་མའི་ཐ་སྙད་ཙམ་ལ་ཁ་བལྟས་ཏེ་མངོན་པར་ཞེན་ཅིང་རྟོག་པའི་ངོ་བོ་གསལ་བར་སྣང་བ་མེད་པ་དེ་ནི་གཟུགས་མེད་པའི་ཁམས་ལ་གནས་པ་ཉིད་ཡིན་པས་ཀུན་གཞི་དེ་ཡང་དེ་དང་ཆ་མཐུན་པ་ཁོ་ན་ཡིན་ཞིང་། ཀུན་གཞི་དེའི་བྱེད་པའི་ལས་ཀྱི་ཁྱད་པར་གྱིས་རྣམ་པར་ཤེས་པ་ཚོགས་བརྒྱད་དང་དྲུག་དང་སེམས་བྱུང་དང་བཅས་པ་ཀུན་གྱི་རྒྱུའི་ངོ་བོར་སྣང་བས་ཐམས་ཅད་འབྱུང་བའི་གཞིར་གྱུར་ལ། དེ་བས་ན་ཀུན་གཞི་དེ་ཉིད་རྒྱུའི་ཐེག་པ་སེམས་ཙམ་དང་དབུ་མའི་གྲུབ་མཐའ་འཛིན་པ་ཕལ་ཆེ་བས་སྣང་སེམས་ཀུན་གྱི་གཞི་ཤེས་པར་བྱ་བའི་ཆོས་སུ་བཞེད་པ་ཉིད་དེ། དེས་ན་འདིར་ཡང་དོན་གྱི་ཤེས་བྱར་མི་བཞེད་ཀྱང་། ཐ་སྙད་ཙམ་དུ། རྒྱན་སྟུག་པོ་བཀོད་པ་ལས། ཇི་ལྟར་ཁབ་ལེན་མཐོང་བ་དང་། །ལྕགས་ནི་མྱུར་བར་ཀུན་ཏུ་འཁོར། །འོན་ཀྱང་དེ་ལ་སེམས་པ་མེད། །སེམས་ལྡན་བཞིན་དུའང་རབ་ཏུ་སྣང་། །དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། །སེམས་མེད་སེམས་ཅན་ཇི་བཞིན་དུ། །འགྲོ་དང་འོང་བར་གཡོ་བ་སྟེ། །ས་རྣམས་འབྲི་བར་རབ་ཏུ་བྱེད། །ཅེས་དང་། འདི་ལྟར་སྣང་བ་གང་ཡང་རུང་། །མཚན་མ་གཟུགས་སུ་སྣང་བ་རྣམས། །བག་ཆགས་ལོག་པའི་ཀུན་གཞི་སྟེ། །ས་རྣམས་ཀུན་ན་གཟུགས་ལྟར་གནས། །ཇི་ལྟར་འོ་མ་གྱུར་པ་དང་། །ཡོན་ཏན་ཞོ་དང་དར་བར་སྣང་། །དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། །རྣམ་པར་གྱུར་ནས་གཟུགས་ལྟར་གནས། །ཞེས་དང་། གཟུགས་ཀྱི་ཡོན་ཏན་ལྡན་པའི་གཟུགས། །ཀུན་གཞི་གཟུགས་ལྟར་གནས་པ་སྟེ། །བྱིས་པ་ཇི་ལྟར་བརྟགས་པ་བཞིན། །གཟུགས་ནི་གུད་ན་ཡོད་པ་མིན། །ཞེས་གསུངས་པ་ལྟར། བརྟགས་པའི་སེམས་ཅན་དུ་སྣང་ཞིང་མཚན་མའི་དོན་དུ་སྣང་བའི་གཞིར་གྱུར་པས་ཕྱི་རོལ་གྱི་ཡུལ་སྣ་ཚོགས་པ་ཉིད་དུ་སྣང་བས་ན། དཔེར་ན་དགེ་སློང་མི་གཙང་བ་བསྒོམ་པས་སྤྱོད་ཡུལ་ཐམས་ཅད་རུས་པའི་ཕུང་པོར་སྣང་བ་ལྟ་བུར། ཡུལ་ཐམས་ཅད་ཀྱི་ཡང་རྩ་བ་ཀུན་གཞི་འཁྲུལ་པས་ཕྱི་རོལ་ཡུལ་གྱི་དངོས་པོ་སྣ་ཚོགས་སུ་སྣང་ཞིང་ས་བོན་ཐམས་ཅད་པ་ཡིན་པས་འཁོར་འདས་དང་དགེ་སྡིག་དང་ལམ་པའི་ལྟ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཐམས་ཅད་འབྱུང་བར་བྱེད་པའི་རྒྱུ་དང་རྣམ་པར་བྱང་བའི་རྟེན་དུ་གྱུར་པ་ནི་སྦྱོར་བ་དོན་གྱི་ཀུན་གཞིའོ། །གཞི་དོན་གྱི་ཀུན་གཞིའི་རང་བཞིན་ནི། སྦྱོར་བ་དོན་གྱི་ཀུན་གཞི་རྐྱེན་བཞིས་འཁྲུལ་བདོ་ཙམ་ན། སྤྱིལ་པོའམ་ཁང་པ་ལྟ་བུར་རང་རེ་རྣམ་པར་གཙེས་པས་སྤྱི་འདུས་བདོ་བ་ཙམ་མེད་དེ། ཡེ་ཐོག་མ་ནས་རྣལ་མ་དོན་གྱི་ངོ་བོ་རང་བཞིན་ངང་གིས་མ་སྐྱེས་ལ་བྱེད་པ་པོས་མ་བཅོས་པར་ཐམས་ཅད་ལ་ཁྱབ་ཅིང་ངོས་བཟུང་དང་བྲལ་ཏེ་སྒྲིབ་བྱེད་མེད་པར་ཡོང་གིས་འོད་གསལ་བ་རྒྱུ་རྐྱེན་མེད་པར་རང་སྣང་ཡང་ངོ་བོ་འདུས་མ་བྱས་པ་ཆོས་ཉིད་སྐྱེ་བ་མེད་པའི་ངང་དེའོ། །དེའང་དྲི་བྲལ་གྱི་ཆོས་ཉིད་མིན་པར་དྲི་མ་དང་བཅས་པའི་གནས་ལུགས་ཡིན་པས། ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། ཀུན་གཞི་ཀུན་གཞི་ཞེས་བྱ་བ། །ཐམས་ཅད་ཀུན་གྱི་གཞིར་གྱུར་པས། །དེ་ཕྱིར་ཀུན་གཞིའི་མིང་དུ་བཏགས། །དཔེར་ན་ས་ལ་རྙོག་མི་ཟེར། །དེ་བཞིན་ཆུ་ལ་རྙོག་མི་ཟེར། །ས་ཆུ་འདྲེས་ལ་རྙོག་མར་བཏགས། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །ཆོས་སྐུས་ཁྱབ་པར་གནས་པ་ལ། །དེ་ལ་ཀུན་གཞིར་མིང་མ་བཏགས། །རྣམ་རྟོག་མཚན་མར་གནས་པ་ལ། །དེ་ལ་ཀུན་གཞིར་མིང་མ་བཏགས། །ཆོས་སྐུ་ཆུ་དང་འདྲ་བ་ལ། །བག་ཆགས་ས་འདྲས་བསླད་པ་ལ། །ཀུན་གཞི་ཞེས་ནི་མིང་དུ་བཏགས། །ཞེས་གསུངས་པས་རང་བཞིན་གྱི་གསང་གནད་སྟོན་པའི་ངེས་ཚིག་འདི་ལ་བརྟེན་ནས་མཐར་ཐུག་གི་དོན་ལ་གསང་བ་སྙིང་ཏིག་གི་དགོངས་པ་ལྟར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་དགོངས་པའི་བབ་སོ་གཅིག་ཏུ་ཤེས་པར་བྱའོ། །གཉིས་པ་ནི། ཡོངས་སུ་མ་ཆད། ཅེས་པ་ནས། སྐྱེ་འགག་བཅས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཀུན་གཞིའི་དམིགས་པའི་ཡུལ་ཇི་ལྟ་བུ་སྙམ་པ་ལ། བག་ཆགས་ཀྱི་ཀུན་གཞི་ནི། མིག་གི་རྣམ་པར་ཤེས་པས་གཟུགས་ཁོ་ན་ལ་དམིགས་པའམ། རྣ་བའི་རྣམ་པར་ཤེས་པས་སྒྲ་ཁོ་ན་ལ་དམིགས་པ་ལྟ་བུ་མ་ཡིན་པར་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པར་དོན་དང་སེམས་ཅན་དང་ཀུན་བརྟགས་པའི་བག་ཆགས་ཐོག་མ་ནས་བསགས་པའི་དབང་གིས་གང་དུ་སྨིན་ཀྱང་དེའི་ཕྱི་སྣོད་དང་ནང་ཉེ་བར་ལེན་པའི་ཕུང་པོར་སྣང་བའི་ཡུལ་ཀུན་ལ་གཅོད་པ་ཡང་། ཡུལ་གྱི་རྣམ་པ་ཇི་ལྟ་བར་ཤེས་པ་ལ་ཚོགས་དྲུག་གི་རྟོག་པ་རགས་པས་སྒྲིབ་པས་གསལ་བར་མི་མངོན་པར་མི་གསལ་བའི་ཚུལ་དུ་བཤད་པ་བཞིན་དུ་ཚོགས་དྲུག་ལྟར་ཡུལ་རིགས་སུ་ཆད་པ་མ་ཡིན་པས་མ་སྒྲིབ་ལུང་མ་བསྟན་པའི་ངོ་བོས་ཡུལ་ལ་དམིགས་རྣམ་རྒྱུན་མ་ཆད་དེ་ལྔ་ཀུན་ཏུ་འགྲོ་བ་དང་བཅས་ཏེ་ཚོགས་དྲུག་སྐྱེ་བ་དང་ཡང་ལྷན་ཅིག་པར་འབྱུང་ངོ་། །ཆོས་ཐམས་ཅད་ལ་ཁྱབ་པར་འཇུག་ཅིང་ཡུལ་རིལ་ལ་གཅོད་པའང་སྒོ་ལྔ་ལྟར་རིས་མེད་པས་ཚོར་བ་བདེ་སྡུག་དང་མི་ལྡན་པར་བཏང་སྙོམས་ཀྱི་ཆོས་ཉིད་མ་ཆད་པ་དང་ལྡན་ཞིང་། རང་གི་ངོ་བོ་རགས་པའི་དངོས་པོ་མེད་པར་ཀུན་གཞིར་གྱུར་པའི་ས་བོན་ཐམས་ཅད་ལ་ཉིད་ཡིན་པས། ཡིད་ཀྱི་ཤེས་པ་ལ་སོགས་པ་ཚོགས་དྲུག་ལྟར་ཡུལ་ལ་གསལ་བའི་རྣམ་པར་མི་རྟོག་སྟེ། ཡུལ་ཅི་ལའང་འདི་དང་འདི་ཞེས་རགས་པའི་རྟོག་དཔྱོད་དང་བྲལ་བར་གནས་པའོ། །ཀུན་གཞིའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། དེ་ལྟར་ཀུན་གཞི་ཅི་ལ་ཡང་མི་རྟོག་ཅིང་རིས་སུ་མ་དམིགས་པ་དེ་ཡི་ངང་དེ་ཉིད་ལ་ཤེས་པ་སྐད་ཅིག་མ་སྔ་ཕྱིར་རྒྱུ་བའི་གྲངས་མང་པོ་ཇི་སྙེད་པ་ཐམས་ཅད་བར་མ་ཆད་པར་རྒྱུན་དང་བཅས་པར་འབྱུང་བས་ན་དཔེར་ན་ཆུ་བོ་རྒྱུན་དུ་འབབ་པ་བཞིན་དུ། དེ་ཡང་སྐད་ཅིག་སྔ་མས་ཕྱི་མའི་རྒྱུ་བྱས་ནས་རྒྱུན་དུ་འབྱུང་ཞིང་ཕྱི་མ་སྐྱེ་ཙམ་ན་སྔ་མ་འགག་པ་དང་བཅས་ཏེ་སྤྱིའི་མཚན་ཉིད་སྐད་ཅིག་མའི་མི་རྟག་པ་དང་རྒྱུན་གྱི་རྟག་པའི་མཚན་ཉིད་དེ་དོན་གྱི་ངོ་བོ་གསང་བའི་དབྱིངས་ནི་མི་འགག་པར་གཟུགས་བརྙན་ལྟ་བུ་ལས་ངོ་བོའི་རྒྱུན་སྐད་ཅིག་མ་ལས་གྲོལ་བའོ། །གསུམ་པ་ནི། གཅིག་ཏུ་ཆད་པ་ཞེས་པ་ནས། ཐམས་ཅད་པ་ཉིད་དེ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་ཀུན་གཞིའི་དམིགས་པའི་ཡུལ་དེ་ཡང་། གཏན་ལ་དབབ་པ་བསྡུ་བ་ལས། མདོར་བསྡུ་ན་ཀུན་གཞི་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པ་གཉིས་ཀྱི་འཇུག་སྟེ། ནང་གི་ལེན་པ་རྣམ་པར་རིག་པ་དང་། ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མ་ཆད་པ་རྣམ་པར་རིག་པས་སོ། །དེ་ལ་ནང་གི་ལེན་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང་རྟེན་དང་དབང་པོའི་གཟུགས་སོ། །དེ་ཡང་གཟུགས་ཅན་གྱི་ཁམས་ནའོ། །གཟུགས་ཅན་མ་ཡིན་པ་ན་ནི་བག་ཆགས་ལེན་པ་ཁོ་ནར་ཟད་དོ། །དེ་ལ་ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མ་བཅད་པ་རྣམ་པར་རིག་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ནང་གི་ལེན་པའི་དམིགས་པ་གང་ཡིན་པ་དེ་ཉིད་ལ་བརྟེན་ནས། རྟག་ཏུ་རྒྱུན་མི་འཆད་པར་འཇིག་དང་སྣོད་ཀྱི་རྒྱུན་རྣམ་པར་རིག་པ་སྟེ། འདི་ལྟ་སྟེ། དཔེར་ན་མར་མེ་འབར་བ་ནི་སྙིང་པོ་དང་སྣུམ་གྱི་རྒྱུས་ནི་ནང་དུ་འཇུག་པར་འགྱུར་ལ། ཕྱི་རོལ་དུ་ནི་འོད་འབྱུང་བར་བྱེད་པ་བཞིན་དུ་ནང་གི་ལེན་པའི་དམིགས་པ་དང་། ཕྱི་རོལ་གྱི་དམིགས་པ་འདི་ལ་ཡང་ཀུན་གཞི་རྣམ་པར་ཤེས་པའི་ཚུལ་དེ་དང་འདྲ་བར་བལྟ་བར་བྱའོ། །དམིགས་པ་དེ་ནི་འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ཀྱང་ཡོངས་སུ་གཅད་པར་དཀའ་བའི་ཕྱིར་ཕྲ་བ་ཡིན་ནོ། །ཞེས་དང་། རྒྱན་སྟུག་པོ་བཀོད་པ་ལས། ཀུན་གཞི་ཟབ་པ་ཉིད་དག་ཀྱང་། །བློ་ཆུང་རྣམས་ཀྱིས་མ་རིག་པས། །སྒྱུ་མའི་རི་དྭགས་བཞིན་དུ་འཁོར། །རང་བཞིན་གཅིག་མིན་ཤེས་པར་དཀའ། །ཞེས་གསུངས་པ་ལྟར་ཀུན་གཞིིའི་ཡུལ་མ་ཡིན་པར་མེད་པས། རང་གི་མཚན་ཉིད་ཕྱོགས་གཅིག་ཏུ་རྒྱ་ཡོངས་སུ་ཆད་པ་མེད་པ་ཡི་རྣམ་པར་ཤེས་པ་ཡིན་པས། དམིགས་རྣམ་སོ་སོ་ནས་གསལ་བའི་ཕྱོགས་རིས་ཅན་དུ་ཤར་བའི་ཚོགས་དྲུག་ལྟར་ཕྱོགས་གཅིག་པར་གྱུར་ཏེ་མི་སྣང་བ་ཉིད་དེ། དེས་ན་སུ་ཞིག་འདི་ནི་ཀུན་གཞིའི་ཡུལ་ལོ། །འདི་ནི་མ་ཡིན་ནོ། །ཞེས་ཀུན་གཞིའི་ཡུལ་ལ་བྱེ་བྲག་རྣམ་པར་འབྱེད་པ་ནི་འདི་དང་འདི་ཞེས་བློ་རྩིང་པོས་རྣམ་པར་དབྱེ་བ་ག་ལ་ཡོད་དེ་མེད་པས་ན་ཚོགས་དྲུག་དང་མི་མཚུངས་པའོ། །དེའི་ཕྱིར། དཔེར་ན་ཀུན་གཞི་རྒྱལ་པོ་ལྟ་བུ་དང་། ཡིད་བློན་པོ་ལྟ་བུ་དང་། སྒོ་ལྔ་དམངས་ལྟ་བུའོ། །དེ་ཅིའི་ཕྱིར་ཞེ་ན། ཡུལ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ཕྱོགས་རིས་སུ་འཛིན་པ་དང་བྲལ་བས་འཁོར་བ་དང་མྱང་འདས་ཕྱི་སྣོད་དང་ནང་ཉེར་ལེན་གྱི་ཕུང་པོར་གྱུར་པའི་དགེ་སྡིག་དང་སྣོད་བཅུད་ཀྱི་དངོས་པོ་ཐ་སྙད་གཉིས་ཀྱིས་བསྡུས་པའི་ཆོས་ཇི་སྙེད་པར་གྲགས་པ་རིལ་ཡིན་པས། སྣོད་ཐམས་ཅད་དང་བཅུད་ཐམས་ཅད་པ་ཉིད་དེ་ཀུན་གྱི་བག་ཆགས་ཀྱི་གཞི་ཡིན་པའི་ཕྱིར་དམིགས་པ་རྒྱ་ཆེ་ཞིང་རྣམ་པ་མི་གསལ་བར་ངེས་པའོ། །བཞི་པ་ནི། ཀུན་འགྲོ་ཀུན་འཇུག །ཅེས་པ་ནས། གསོག་དང་ལེན་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དེའང་འཆད་པའི་འཁོར་ཀུན་ཏུ་འགྲོ་བ་ལྔ་དང་ལྡན་ཏེ་རྣམ་པར་ཤེས་པའི་ཚོགས་བདུན་པོ་ཀུན་དང་འཇུག་པ་མཚུངས་པར་མཐོ་རིས་དང་ངན་སོང་གི་ཡུལ་ཀུན་ལ་སྦྱོར་བར་བྱེད་པས་ཡུལ་གྱི་དངོས་པོར་རིག་ནས་དམིགས་པ་མ་ཆད་པར་གཅོད་ཀྱང་ངོ་བོ་བླུན་པར་གྱུར་པས་འདི་ནི་འདིའོ་ཞེས་ཡུལ་ཐ་དད་པ་སྣ་ཚོགས་སུ་དབྱེར་ཞེས་དབྱེ་སྟེ་མི་རིག་པས་བྱེ་བྲག་སོ་སོར་གཅོད་པར་མི་ནུས་སོ། །འོ་ན་ཀུན་གཞི་ཉིད་འཁོར་དུ་དང་མཚུངས་པར་ལྡན་ཞེ་ན། ཐུན་མོང་གི་འཁོར་ནི་ལྔ་ཀུན་ཏུ་འགྲོ་བ་དང་ལྡན་ཏེ། སུམ་ཅུ་པ་ལས། དེ་ལ་ཀུན་གཞི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིག་པ། །རྟག་ཏུ་རེག་དང་ཡིད་བྱེད་དང་། །ཚོར་དང་འདུ་ཤེས་སེམས་པར་ལྡན། །ཞེས་གསུངས་པ་ལྟར། སེམས་ཡུལ་ལ་གཡོ་ཞིང་བསྐྱོད་པར་བྱེད་པ་འདུ་བྱེད་སེམས་པ་ཉིད་དང་། སེམས་ཡུལ་ལ་གཏོད་ཅིང་རྣམ་པར་བཀོད་པའམ་འགོད་པར་བྱེད་པ་ཡིད་ལ་བྱེད་པ་དང་། ཡུལ་གྱི་དངོས་པོ་བཟང་ངན་གྱི་ཁྱད་པར་ཕན་པ་དང་གནོད་པ་དང་གཉིས་ཀ་ལས་ཟློག་པའི་མཚན་ཉིད་གང་ཡིན་པ་ཁོ་ན་ཡོངས་སུ་མྱོང་བར་བྱེད་པ་ཚོར་བ་དང་། གསུམ་འདུས་ནས་དམིགས་རྣམ་མ་ཆད་པར་ཡུལ་ཀུན་ཡོངས་སུ་གཅོད་པས་རེག་པ་དང་། ཡུལ་དེ་ཉིད་ལ་མཚན་མར་འཛིན་པར་བྱེད་པའི་འདུ་ཤེས་ཏེ། ལྔ་རྣམས་དང་མཚུངས་པར་ལྡན་ནོ། །དེས་ན་ལུང་ལས་ཀྱང་གསུམ་འདུས་པ་གང་ཡིན་པ་དེ་ནི་རེག་པའོ། །རེག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བ་དང་སེམས་པ་དང་འདུ་ཤེས་ཡིན་པས་དབང་པོ་ཐ་མི་དད་པ་ཡིན་ལ། དེ་ལས་བྱུང་བ་ཡིད་ལ་བྱེད་པའང་ཉེ་བར་གནས་པར་འགྱུར་རོ། །ཞེས་གསུངས་པ་ཉིད་དོན་གསང་དུ་དྲངས་སོ། །དེ་བཞིན་དུ་ཁམས་གསུ མ་གྱི་སེམས་ཡོད་དོ་ཅོག་དང་ལྷན་ཅིག་འབྱུང་ཞིང་། རྣམ་ཤེས་བརྒྱད་ཆར་ལའང་རྫོགས་ཏེ་ལས་གསུམ་གྱི་སྐབས་སུ་འབྱུང་བའི་ཕྱིར། ཁྱད་པར་གྱི་འཁོར་ནི་ཀུན་གཞི་ཉིད་མ་ཡིན་པའི་སེམས་རྣམ་པར་ཤེས་པ་ཚོགས་བདུན་དང་ཡང་མེ་ལོང་དང་གཟུགས་བརྙན་ནམ་ཆུའི་རྒྱུན་དང་རྦ་རླབས་ལྟར་དུ་ལྡན་པ་ཉིད་ཡིན་ལ། དེ་ནི་འབྲས་བུའི་ཡན་ལག་ཀྱང་ཡིན་ནོ། །འོ་ན་ཚོར་བ་ལ་བདེ་སྡུག་བཏང་སྙོམས་གསུམ་ཡོད་པས་ཀུན་གཞི་གང་དང་མཚུངས་པར་ལྡན་ཞེ་ན། རྩ་བའི་རྣམ་ཤེས་དེ་ནི་ཡུལ་གྱི་ཆོས་ཀུན་ལ་བཏང་སྙོམས་དང་ལྡན་པ་ཡིན་པས། བདེ་བ་དང་སྡུག་བསྔལ་གཉིས་དང་མི་ལྡན་པར་ཚོར་བ་བཏང་སྙོམས་ཁོ་ན་དང་ལྡན་ཏེ། ཚུལ་དེས་ཀུན་འགྲོ་གཞན་ཀུན་ཡང་མཚོན་པར་ནུས་པས་ན། བསྡུ་བ་ལས། སེམས་ལས་བྱུང་བ་དེ་དག་ལས་ཀྱང་ཀུན་གཞི་རྣམ་པ་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་གང་ཡིན་པ་དེ་ནི་གཅིག་ཏུ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལུང་དུ་མ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱིས་དེ་ལས་གཞན་པའི་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་རྣམ་པར་བཤད་པ་ཡིན་ནོ། །ཞེས་སོ། །དེ་བཞིན་དུ་བསྒོ་བྱེད་ཚོགས་བདུན་གྱིས་བཞག་པས་འདྲིས་པའི་ལས་ཀྱི་བག་ཆགས་སྐྱེ་འགག་ལྷན་ཅིག་འབྱུང་བའི་ཚུལ་གྱིས་དགེ་སྡིག་ལུང་མ་བསྟན་གང་ཡང་རུང་བ་ཞེན་པ་དེ་ཉིད་འཛིན་ཅིང་དུས་ཀུན་ཏུ་མི་གཏོང་བ་ཉིད་དེ། བག་ཆགས་ཀྱི་ཡུལ་གནས་བཟང་ངན་ལྟ་བུ་རིས་སུ་འབྱེད་ནས་མི་ཤེས་སོ། །འོ་ཀུན་གཞིའི་ཆོས་ནི་གང་ཞེ་ན། ཀུན་གཞི་ལས་བག་ཆགས་ཀྱིས་འབྲས་བུ་སྐྱེད་པ་ནི། དཔེར་ན་ཀུན་འབྱུང་ཞིང་གོ་སྐབས་འབྱེད་པར་ཡོད་པས་མི་སྒྲིབ་པར་སྣང་བའི་ནམ་མཁའ་ལྟར་དུ། ཀུན་གཞི་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཀུན་གྱི་གནས་པ་དང་འབྱུང་བའི་གོ་སྐབས་འབྱེད་པ་ཡོད་པ་ཉིད་པས་འཁོར་འདས་གཉིས་ཀ་འབྱུང་ཞིང་སྣང་བར་བྱེད་པའོ། །འོ་ན་ཀུན་གཞིའི་ལས་ཇི་ལྟ་བུ་ཞེ་ན། ལས་ཀྱི་བག་ཆགས་ཀྱིས་རྣམ་པར་ཤེས་པ་ཚོགས་བདུན་གྱི་བྱེ་བྲག་སྔར་མ་སྐྱེས་པ་སྐྱེད་པའི་རྒྱུའི་བྱ་བ་ཀུན་གཞི་བག་ཆགས་དང་བཅས་པས་མཚུངས་པར་བྱེད་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཡང་གཞི་དང་རྟེན་གྱི་ཕྱིར་རྣམ་པར་སྨིན་པའི་བག་ཆགས་རྣམས་མཐུ་བརྟས་ཏེ་སྨིན་པར་ངེས་པའི་སྟོབས་ཅན་དུ་བྱེད་པ་དང་རྒྱུ་མཐུན་པ་དང་རྣམ་པར་སྨིན་པའི་བག་ཆགས་གསོག་པའི་ཉོན་མོངས་རྣམས་ཀྱི་སྣོད་ལྟ་བུར་གྱུར་པ་དང་། སྐྱེ་བ་སྔ་ཕྱི་མཚམས་སྦྱོར་བར་བྱེད་པས་སྔར་མ་བླངས་པའི་ལུས་ལེན་པར་བྱེད་པ་ཡིན་པས་བྱེད་པའི་ལས་ནི་བཞི་བྱེད་པའོ། །ལྔ་པ་ནི། རྐྱེན་ནི་གཉིས་དང་། ཞེས་པ་ནས། གང་ཕྲད་དེ་ཉིད་དུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཀུན་གཞི་ནི་ལུང་དུ་མ་བསྟན་པ་ཡིན་པས། དགེ་བ་དང་སྡིག་པའི་རྐྱེན་ནི་གཉིས་དང་མངོན་དུ་མི་ལྡན་ཏེ། གཏན་ཚིགས་ཅིའི་ཕྱིར་ན་མཐོ་རིས་དང་ངན་སོང་གཉིས་ཀར་འགྱུར་བས་རིགས་མ་ངེས་པ་དེ་ཉིད་འདི་ཁོ་ན་དང་ལྡན་ནོ་ཞེས་ཕྱོགས་གཅིག་པར་གཟུང་དུ་མེད་པའི་ཕྱིར། ཞེས་པའམ། ཡང་ན་དེ་མ་ཐག་པ་དང་དམིགས་པའི་རྐྱེན་ནི་གཉིས་དང་མི་ལྡན་ཏེ། དེ་མ་ཐག་རྐྱེན་མེད་དེ། དེ་ནི་རྣམ་པར་ཤེས་པ་གང་ཞིག་མངོན་དུ་གྱུར་ན་རྣམ་ཤེས་གཞན་སྐྱེ་བའི་གེགས་བྱེད་པ་ལ་འགགས་ན་སྐབས་འབྱེད་པས་སྐྱེ་བ་དང་མཐུན་པར་འགྱུར་བའི་ཕྱིར་བཞག་པའི་སྐད་ཅིག་སྔ་མ་ཡིན་ན། སྔ་མ་འགགས་པས་ཕྱི་མ་ལ་ཕན་འདོགས་ན། ཁྱིམ་བྱ་ཤི་བ་ཡང་སྐད་འདོན་པར་འགྱུར་བ་ལྟར་བཤད་པས་དོན་གསང་ལས་ཀུན་གཞིའི་རྣམ་ཤེས་མངོན་དུ་གྱུར་བཞིན་དུ་འཇུག་པའི་རྣམ་ཤེས་སྐྱེ་བ་ཡོད་པར་གསུངས་པ་དང་། དམིགས་རྐྱེན་ཀྱང་མེད་དེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་གང་ནས་འཆར་བའི་ཡུལ་ལོགས་སུ་མེད་པས་ན་མིག་ལ་སོགས་པའི་རྣམ་པར་ཤེས་པས་མངོན་སུམ་དུ་མི་དམིགས་པའི་ཕྱིར་རོ། །དེས་ན་དུས་དང་ཡུལ་རྒྱ་ཆད་ཅན་དུ་མ་ངེས་པར་ཀུན་གཞི་དེ་ཉིད་ལུང་མ་བསྟན་ཁོ་ན་ལ་ངེས་པ་ཡིན་ནོ། །ལམ་གྱི་དབང་དུ། དེ་མ་ཐག་པའི་རྐྱེན་རང་གི་ཤེས་རབ། དེའི་རྒྱུ་སྔ་མའི་བསགས་པ་དང་། དམིགས་པའི་རྐྱེན་གསང་བ་སྟོན་པའི་བླ་མ། དེའང་དབང་པོ་ཚང་བ་གཞན་ལ་ཕན་འདོགས་པའོ། །ཞེས་ཀྱང་གསུངས་པས་དེ་ལྟར་ཕྱོགས་གཅིག་གི་རྐྱེན་དུ་མ་ངེས་པའང་ཡིན་ནོ། །དེའི་ཕྱིར་ཆོས་མངོན་པའི་མདོ་ལས། ཆོས་ཀུན་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་ཀུན་གཞིའི་རྣམ་ཤེས་དེ། །དམ་པ་དག་ལ་ངས་བཤད་དོ། །ཞེས་གསུངས་པ་ལྟར། ས་བོན་དང་དུས་ཐམས་ཅད་པ་ཡིན་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མ་སྐྱེས་ཀྱི་བར་དུ་ནི་གནས་པ་ཡིན་པས་ཀུན་གཞིའི་ས་བོན་དེ་ཉིད་འཕྲལ་ལ་རྐྱེན་གྱིས་བསྒྱུར་ཏེ་ལས་དགེ་སྡིག་གི་རྐྱེན་ཉིད་གང་དང་ཕྲད་པ་དེ་ཉིད་ཀྱིས་བསྐུལ་བས་ས་བོན་བརྟས་པ་སད་པ་དེའི་དབང་དུ་འགྱུར་བས་བཟང་ངན་དུ་སྣང་བའི་གཞི་རྟེན་དུ་གནས་པའོ། །ཡང་ན་ལམ་གྱི་རྐྱེན་ཁྱད་པར་གང་དང་ཕྲད་པ་ལྟར་དེ་ཉིད་ཀྱི་རྟེན་དུའང་རུང་བའོ། །ས་བོན་གྱི་ཆ་དེ་ཉིད་ལྡོག་པའི་དུས་ནི་གཉིས་ཏེ་མཐོང་སྤང་གི་ས་བོན་གྱི་ཆ་ནི་མཐོང་ལམ་སྐྱེས་པ་ན་ལྡོག་ལ། སྒོམ་སྤང་གི་ས་བོན་གྱི་ཆ་ནི་སྒོམ་ལམ་སྐྱེས་པ་ན་ལྡོག་གོ། །དེས་ན་ས་བོན་དང་རྣམ་སྨིན་ཐམས་ཅད་ལྡོག་པའི་དུས་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནམ་མཐར་ལམ་ཐ་མ་སྐྱེས་པ་ནའོ། །དྲུག་པ་ལ་གཉིས་ཏེ། །མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་རྣམས་རྩ་བར། ཞེས་པ་ནས། ཤེས་པའི་ཁྱད་པར་སྣང་། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་དབྱེ་བ་དང་ཁྱད་པར་ཅི་ལྟ་བུ་ཞིག་ཞེ་ན། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་ཀུན་གྱི་རྩ་བར་ཀུན་གཞི་གྱུར་པར་དབྱེར་མེད་པར་གཅིག་པ་ལ། ཀུན་གཞི་དེ་ཡི་རྒྱུན་རིག་པ་དང་མ་རིག་པའམ་རྟོགས་མ་རྟོགས་ཀྱི་དབང་གིས་སྐད་ཅིག་མའི་རྒྱུན་གྱིས་བཟང་ངན་གྱི་ཁྱད་པར་དབྱེ་བའི་གྲངས་རྣམ་པ་གཉིས་སུ་སྣང་བ་ཉིད་དེ། གང་ཞེ་ན། འཁོར་བའི་གཞི་དང་མྱང་འདས་ཀྱི་རྟེན་ཞེས་པའི་དབྱེ་བ་གཉིས་སུ་གྲགས་པ་ཡིན་ལ། དེའང་ཀུན་ནས་ཉོན་མོངས་པའི་གཞིར་གྱུར་པས་རྨོངས་པ་དང་། རྣམ་པར་བྱང་་བའི་རྟེན་དུ་གྱུར་པས་ཡེ་ཤེས་དང་ལྡན་པའི་ཁྱད་པར་དུ་སྣང་བའོ། །དེ་ལྟར་ཀུན་གཞིས་དངོས་པོ་གཉིས་ཀྱི་ས་བོན་གཟུང་ནས་བསྐྱེད་པའི་ཚོགས་བདུན་ཉིད་ལས་ཀྱང་ཁྱད་པར་དུ་འཕགས་སོ། །དེར་མ་ཟད་ས་བོན་ཅན་གྱི་ཕྱིར་ཀུན་གཞི་ནི་རྒྱུ་དང་། དེ་ལས་ལས་དང་མཐུན་པའི་འབྲས་བུའི་རྒྱུད་དུ་སྣང་བའི་ཕྱིར་རྒྱུ་འབྲས་ཀྱི་དབྱེ་བར་ཡང་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། འཁོར་བའི་གཞི་བཤད་པ། རྣམ་བྱང་གི་རྟེན་བསྟན་པའོ། །དང་པོ་ནི། གཞི་ལ་ཀུན་འགྲོ། ཞེས་པ་ནས། བསྟི་གནས་མེད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་གཉིས་རེ་རེ་ནས་བསྟན་པའི་ཕྱིར། རྣམ་གྲངས་དང་པོ་ཀུན་ནས་ཉོན་མོངས་པའི་གཞི་རུ་གྱུར་པ་ལ་ནི། འགྲོ་བ་རིགས་དྲུག་གི་གནས་རིས་ཀུན་ཏུ་འགྲོ་ཞིང་སྐྱེ་བ་དང་། ཤེས་བྱ་ཀུན་ལ་རྨོངས་པར་སྣང་བས། ཀུན་ནས་ཉོན་མོངས་པའི་བག་ཆགས་འཁོར་བའི་ཆོས་ལ་རྣམ་པར་ཞེན་པ་དང་མི་འབྲལ་བའི་དབང་གིས། ས་བོན་ངན་པས་ནོན་ཞིང་བསྒོས་ཏེ། རྣམ་པར་ཐར་པའི་ལམ་རྣམས་དང་བྲལ་བའི་ཕྱིར། རྣམ་པར་བྱང་བའི་རྟེན་ཙམ་ལས་མེད་པའམ་འཁོར་བ་ལས་དབུགས་ཕྱིན་ནས་བསྟི་གནས་སུ་སྣང་བ་མེད་དེ། དཔེར་ན་དུག་གི་བུམ་པ་ལ་མ་གི་ཏའི་ཐིགས་པ་རྟེན་བཅས་པ་ལྟ་བུའོ། །གཉིས་པ་ནི། རྟེན་ནི་གཞི་སྦྱོར། ཞེས་པ་ནས། སྣང་བས་ལྔར་བཤད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། འདི་དག་སྤྱིར་རྒྱུའི་ཐེག་པ་དང་རིམ་གྱིས་པ་ལའང་སྦྱར་ཏེ་གྲོང་ཁྱེར་གསུམ་གྱི་ལམ་ཞུགས་ལྟ་བུའོ། །ཕལ་ཆེར་གསང་སྔགས་ཀྱི་ལམ་ཡིན་པས་ཚེ་གཅིག་ལ་ལམ་ལྔ་རྫོགས་པ་དང་སྦྱར་རོ། །དེ་ཡང་རྣམ་པར་བྱང་བའི་རྟེན་དུ་གྱུར་པའི་ཚུལ་ནི། གཞི་ཉིད་རྒྱུའི་ཀུན་གཞི་འདུན་པའི་རྣལ་འབྱོར་པའི་དུས་དང་། སྦྱོར་བ་འདུན་པའི་ཀུན་གཞི་རིགས་ཆེན་འབྱེད་པ་པ་དང་། སྣང་བ་དོན་གྱི་ཀུན་གཞི་དབུགས་ཆེན་འབྱིན་པ་པ་དང་། འགྱུར་མེད་རྣམ་པར་དག་པའི་ཀུན་གཞི་ལུང་ཆེན་ཐོབ་པ་པ་དང་། བརྩལ་མེད་གནས་པའི་ཀུན་གཞི་རྩལ་ཆེན་རྫོགས་པ་པ་དང་ལྔ་སྟེ་ཐུན་མོང་དུ་ཚོགས་སྦྱོར་མཐོང་སྒོམ་ཁྱད་པར་རམ་མཐར་ལམ་དུ་གྱུར་པའོ། །དེ་ལྟར་ཀུན་གཞི་ལྔ་པོ་དེ་དག་རེ་རེ་ཞིང་ཡང་རྒྱུ་དང་འབྲས་བུ་གཉིས་སུ་ཡོད་པ་ནི། ཕལ་པའི་སེམས་བརྒྱད་སྐྱེས་ནས་འགྱུར་དབང་མ་ངེས་པ་ཡན་ཆད་ལམ་སྔ་མ་སྔ་མ་གང་དང་གང་ཡིན་པ་དག་ནི་རྒྱུ་ཡིན་ལ་ལམ་ཕྱི་མ་ཕྱི་མ་དག་ནི་སྨིན་པར་གྱུར་པའི་འབྲས་བུ་ཡིན་པས་དེ་ལྟར་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་པའི་རིམ་པ་ལྟར་བསྟན་པ་ཡིན་ནོ། །དེ་བཞིན་དུ་སྐབས་གང་ལའང་རྒྱུ་འབྲས་གཉིས་སུ་འབྲེལ་ཏེ་ཀུན་ཏུ་འཁོར་བར་འབྱུང་བ་ཡིན་ནོ། །དེ་བས་ན་རྩ་བའི་རྒྱུད་ལས་ཀྱང་། ཆོས་རྣམས་ཀུན་གཞིར་གཅིག་པ་ལ། །ཀུན་གཞི་གནས་གྱུར་རྣམ་པ་ལྔས། །བྱེ་བྲག་ལམ་གྱི་ཆོས་སུ་སྣང་། །གཞི་ཉིད་རྒྱུ་ཡི་ཀུན་གཞི་དང་། །སྦྱོར་བ་འདུན་པའི་ཀུན་གཞི་དང་། །སྣང་བ་དོན་གྱི་ཀུན་གཞི་དང་། །འགྱུར་བ་མེད་པའི་ཀུན་གཞི་དང་། །བརྩལ་མེད་གནས་པའི་ཀུན་གཞི་ལྔ། །སྐབས་ལྔ་དག་ཏུ་གནས་གྱུར་པས། །ས་ཡི་ཁྱད་པར་བགྲོད་པ་ཡིན། །དེ་ཡང་གཉིས་ཀྱི་ཆོས་འདི་དག །ཀུན་ཀྱང་ཡོངས་ཀྱི་རྣལ་འབྱོར་དང་། །འགྲོ་དོན་གསུམ་གྱིས་འགྲོ་བ་སྟེ། །དགེ་དོན་དང་ནི་སྒྲུབ་པ་པོ། །རིགས་འཛིན་ཞེས་ནི་རྫོགས་པ་ཡིན། །ཞེས་གསུངས་སོ། །དེ་ཡང་ས་བོན་རྒྱུའི་གཞི་རྟེན་ནི་རྐྱེན་གྱིས་བསྒྱུར་བ་ལས་ཀྱི་བག་ཆགས་དང་། ཉོན་མོངས་མངོན་དུ་རྒྱུ་བའི་བག་ཆགས་དང་། ལྟ་བར་ཆེད་དུ་འཛིན་པ་ཀུན་ཏུ་རྒྱུ་བའི་བག་ཆགས་དང་། སྒོམ་པ་ཆེད་དུ་བྱེད་པ་ལྷན་ཅིག་སྐྱེས་པའི་བག་ཆགས་དང་། ཀུན་གཞི་ཆ་ཕྲ་བའི་རང་ངོ་བག་ལ་ཉལ་བའི་བག་ཆགས་དང་ལྡ་ནི་རྟེན་དུ་གྱུར་པས་བག་ཆགས་དེ་དག་ཀུན་གཞི་ལ་གནས་པའང་རིམ་པ་བཞིན་དེ། དེ་ཡི་རྒྱུན་མ་ཆད་པའི་མཐུ་དང་སྟོབས་ཀྱི་དབང་གིས་ན། ཀུན་གཞི་འོག་ནས་གོང་དུ་གནས་གྱུར་པ་ལས་རྣལ་འབྱོར་ལྔར་སྣང་བ་ནི་བཤད་པའི་ལས་དང་པོ་པའམ་འདུན་པ་སེམས་པའི་རྣལ་འབྱོར་དང་། སྤྱོད་པ་རྒྱུན་གྱིའམ་རིགས་ཆེན་འབྱེད་པའི་རྣལ་འབྱོར་དང་། དབུགས་ཆེན་འབྱིན་པའི་རྣལ་འབྱོར་དང་། ལུང་ཆེན་ཐོབ་པའི་རྣལ་འབྱོར་དང་། རྩལ་ཆེན་རྫོགས་པའི་རྣལ་འབྱོར་དང་ལྔའོ། །གཉེན་པོ་ལྔ་ནི་ཤེས་པ་ལྔ་སྟེ། གང་ཞེ་ན། རིམ་པ་བཞིན་བྱང་ཆུབ་འདོད་པ་ཤེས་པ་དང་། ཆོས་ཀྱི་རྣམ་པར་ཤེས་པ་དང་། ཐམས་ཅད་ཤེས་པ་དང་། ཡོངས་སུ་ཤེས་པ་དང་། ཤེས་པ་ཆེན་པོའོ། །ལྔ་པོ་དེས་བག་ཆགས་ལྔ་འཇོམས་པ་དང་སྤོང་བ་གཉིས་ཀར་འགྱུར་རོ། །སར་སྨིན་པའི་དཔེ་ལྔ་ནི། ས་བོན་དང་། མྱུ་གུ་དང་། ལོ་འདབ་དང་། མེ་ཏོག་དང་། འབྲས་བུ་ལྟ་བུའོ། །ས་ལ་སྦྱོར་པའི་དཔེ་ཡང་སྔ་མ་དང་གྲངས་འདྲ་བར་ལྔ་སྟེ། རས་བལ་དང་། སྣམ་བུ་དང་། བཀྲུ་བཅག་དང་། ཇེ་ན་ཚུར་དང་། ཚོས་ལྟ་བུ་སྟེ་དེ་བཅུའང་སྐབས་ལྔ་ལ་རིམ་པར་འབྱུང་བའི་ཕྱིར། སེམས་ཅན་གྱི་སྐབས་དང་། འཕགས་པའི་སྐབས་དང་། ས་ཐོབ་པའི་སྐབས་དང་། རིག་འཛིན་བྱང་ཆུབ་ཐོབ་པའི་སྐབས་དང་། འབྲས་བུ་ཐོབ་པའི་སྐབས་སོ། །ལམ་ལྔ་ནི། ཚོགས་ལམ་དང་། སྦྱོར་ལམ་དང་། མཐོང་ལམ་དང་། སྒོམ་ལམ་དང་། མཐར་ཕྱིན་པའི་ལམ་མོ། །དེ་བཞིན་དུ་ས་ལྔ་སྟེ། འགྱུར་དབང་མ་ངེས་པའི་ས་དང་། བསོད་ནམས་གཏེར་གྱི་ས་དང་། རྟེན་པས་ཁྱད་པར་དུ་འགྲོ་བའི་ས་དང་། དམིགས་པས་འབྲས་བུ་ཐོབ་པའི་ས་དང་། གནས་པ་མི་འགྱུར་བའི་ས་དང་ལྔའོ། །དེ་ནས་ལམ་ལ་གནས་པ་དང་མཐུན་པའི་ས་ལྔ་སྟེ། མོས་པ་སྤྱོད་པའི་ས་དང་། སེམས་དཔར་སྦྱོར་བའི་སའམ་གལ་ཆེན་སྤྱོད་པའི་ས་དང་། མི་ལྡོག་གནས་པའི་ས་དང་། དམིགས་པས་འབྲས་བུ་སྐྱེ་བའི་ས་དང་། རྩལ་ཆེན་རྫོགས་པའི་སའོ། །འདི་དག་རིམ་པར་ངེས་པས་མཚོན་པར་ཟད་ཀྱིས། དོན་ལ་ཨ་ནུའི་ས་བཅུ་དང་སྦྱར་ཏེ། དང་པོ་ལྔ་འཇིག་རྟེན་པའི་ས་དང་། ཕྱི་མ་ལྔ་འདས་པའི་སར་བྱས་ནས་ལྔ་ཕྲག་གཉིས་སུ་བགྲང་ཡང་ས་ལམ་རྫོགས་པ་ན་གནད་གཅིག་ཏུ་འབབ་པར་འགྱུར་ཞིང་རྒྱུ་འབྲས་ཀྱི་ངེས་པར་ཡང་འགྲིག་གོ། །ས་འདི་རྣམས་ལའང་། རྒྱུའི་ཐེག་པས་ཞི་ལྷག་ལ་སྤྱོད་ཀྱང་། གསང་སྔགས་པས་སྣང་སྟོང་དབྱེར་མེད་དུ་གསལ་བར་བྱེད་དོ། །བསྟི་གནས་ལྔ་ནི། ལས་སྤྱོད་པའི་བསྟི་གནས། བསླབ་པ་སྤྱོད་པའི་བསྟི་གནས། མཚན་མའི་རྒྱུད་སྦྱོང་བའི་བསྟི་གནས། སྒྱུ་མ་སྦྱོང་བའི་བསྟི་གནས། ཡེ་ཤེས་རྩལ་གྱི་བསྟི་གནས་སོ། །དུས་ངེས་པ་ལྔ་ནི། དྲན་པ་ཐོབ་པའི་དུས་དང་། སྤྱོད་པ་ཐོབ་པའི་དུས་དང་། རྟོགས་པ་ཐོབ་པའི་དུས་དང་། གོམས་པ་ཐོབ་པའི་དུས་དང་། ངེས་པ་ཐོབ་པའི་དུས་དང་ལྔའོ། །གནས་ལྔ་ནི། འདོད་པ་གྲུབ་པ་མཐར་ཕྱིན་པའི་གནས་དང་། བཟོད་པ་གྲུབ་པ་འཕགས་པའི་གནས་དང་། བདེན་པ་གྲུབ་པ་ཡང་དག་པའི་གནས་དང་། ལས་སུ་རུང་བ་སྦྱོར་བའི་གནས་དང་། ལྷུན་གྱིས་གྲུབ་པ་མཉམ་པའི་གནས་སོ། །མཐར་ཕྱིན་པ་རྣམ་པ་ལྔ་ཡང་། སྔགས་ལ་ཞུགས་པའི་ལས་མཐར་ཕྱིན་པ་དང་། བསླབ་པའི་སྦྱོར་བ་མཐར་ཕྱིན་པ་དང་། བདེན་པ་མཐོང་བ་མཐར་ཕྱིན་པ་དང་། ཏིང་ངེ་འཛིན་གོམས་པ་མཐར་ཕྱིན་པ་དང་། འབྲས་བུ་གྲུབ་པ་མཐར་ཕྱིན་པ་སྟེ། རྟེན་སྐབས་སུ་སྐྱེད་དུ་བྱ་བ་མེད་པའི་ཕྱིར་མིང་ངེས་པར་འགྲུབ་སྟེ་བཤད་པ་རྣམས་ལའང་སྦྱར་རོ། །དེ་ལྟར་རྟེན་གྱི་ཀུན་གཞིའི་སྐབས་འདིར་དབྱེ་བའི་གྲངས་ཀྱི་འཇུག་པ་བསྡུ་བ་ལས། རྣམ་གྲངས་ལྔ་དང་བཅུ་ཕྲག་དྲུག་ལ་ནི་དྲུག་ཅུ་རྩ་ལྔ་སྟེ། ལྔ་ཕྲག་བཅུ་གསུམ་གྱི་ས་ལམ་རྫོགས་ཏེ་ལྔ་ལྔས་མཐར་ཕྱིན་པར་སྣང་བས། རྩ་བ་ལྔར་བསྡུས་ནས་ལྔ་ལས་མ་གཡོས་པར་བཤད་དེ་རིམ་པར་སྦྱར་བ་ཉིད་དོ། །འདི་དག་ཀྱང་རྒྱུ་འབྲས་ཐུན་མོང་བའི་ལམ་དང་། འབྲས་བུ་ཐུན་མོང་མ་ཡིན་པ་ཉིད་ཀྱི་ལམ་ལྔ་ཅི་རིགས་པར་སྦྱར་རོ། །བཤད་པའི་ཏིང་ངེ་འཛིན་ལྔ་དང་། ལྟས་ལྔ་དང་། དབང་ལྔ་དང་། སེམས་ལྔ་དང་། ལྔ་ཕྲག་སྤྱིར་བཅུ་བདུན་དུ་འགྱུར་ལ། དུ་མའི་གྲངས་སུ་འདྲེན་པ་དེས་ཐུན་མོང་མ་ཡིན་པའི་ལམ་ཡིན་པར་ཡང་གསལ་ལོ། །བདུན་པ་ལ་གཉིས་ཏེ། སྤྱིར་བསྟན་པ། བྱེ་བྲག་མིང་གི་རྣམ་གྲངས་བཤད་པའོ། །དང་པོ་ནི། ཆོས་རྣམས་ཀུན་གྱི། ཞེས་པ་ནས། མཐོང་ན་མྱ་ངན་འདས། །ཞེས་པའི་བར་གྱིས་བསྟན་ཏེ། ཆོས་རྣམས་ཀུན་གྱི་གཞིར་གྱུར་ཏེ་དངོས་པོ་བཟང་ངན་གཉིས་ཀའི་རྩ་བ་ཀུན་གཞིར་གཅིག་པ་ཡིན་པས། མཚན་ཉིད་མ་རྟོགས་ཏེ་མ་རིག་པས་ནོན་ནས་ནོར་བའི་དབང་གིས་གཟུང་འཛིན་དུ་འཁྲུལ་པའི་རྐྱེན་གྱིས་འཁོར་བར་སྣང་བས་ཀུན་ནས་ཉོན་མོངས་པ་གཞི་ཡིན་ལ། ཀུན་གཞིའི་རང་བཞིན་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཇི་ལྟར་ཡིན་པའི་དོན་གྱི་གནས་ལུགས་མ་ནོར་བར་རྟོགས་ཏེ་ངེས་པར་མཐོང་ན། སྐྱེ་རྒ་ན་འཆི་ལས་ཐར་པའི་འབྲས་བུ་མྱ་ངན་ལས་འདས་པ་ཐོབ་པའི་རྟེན་དུ་གྱུར་པའོ། །གཉིས་པ་ལ་གཉིས་ཏེ། འཁོར་བར་གྲགས་པའི་མིང་གི་རྣམ་གྲངས། མྱ་ངན་ལས་འདས་པར་གྲགས་པའི་མིང་གི་རྣམ་གྲངས་སོ། །དང་པོ་ནི། ཀུན་གྱི་གཞི་དང་། ཞེས་པ་ནས། འབྱུང་གནས་རྒྱུ་ཞེས་གྲགས། །ཞེས་པའི་བར་གྱིས་བསྟན་ཏེ། ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་རྣམས་སུ་ཀུན་གཞི་ལ་མིང་གི་རྣམ་གྲངས་ཐ་དད་དུ་གྲགས་པ་ལའང་གཉིས་ལས། འཁོར་བར་གྲགས་པའི་མིང་གི་རྣམས་གྲངས་ཇི་ལྟ་བུ་སྙམ་པ་ལ། ཀུན་ནས་ཉོན་མོངས་པའི་བག་ཆགས་ཀྱི་ས་བོན་ཐམས་ཅད་གསོགས་པའི་གཞི་ཡིན་པས་ཀུན་གྱི་གཞི་ཞེས་བྱ་བ་དང་། ལུས་དང་གྲུབ་སྡེ་གཅིག་པས་ཡུལ་གྱི་དངོས་པོ་གང་དེ་ཤེས་ཤིང་ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། འཕགས་པ་རིན་པོ་ཆེ་བཀོད་པའི་མདོ་ལས། དེ་ལྟར་དེ་ནི་ལུས་འདི་ལ་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་འབྲེལ་བ་དང་རབ་ཏུ་འབྲེལ་བས་ཀུན་གཞི་རྣམ་པར་ཤེས་པ་ཞེས་ཀྱང་བྱའོ། །ཞེས་གསུངས། འཁོར་བ་མ་སྟོངས་བར་དུ་གནས་ཏེ་སྲིད་པའི་ཆོས་ཀྱི་སྣང་བ་སྟོན་པའི་གཞིར་གནས་པ་ལས་ཕུང་པོ་ཐ་དད་སྣ་ཚོགས་སུ་སྣང་བས་འཁོར་བ་ཇི་སྲིད་ཀྱི་ཕུང་པོའམ་ཆོས་ཀྱི་ཕུང་པོ་ཞེས་ཀྱང་བྱའོ། །རྟེན་འབྲེལ་བཅུ་གཉིས་ཀྱི་གཞིར་གྱུར་པས་སྲིད་གསུམ་འབྱུང་བའི་ཡན་ལག་ཞེས་ཀྱང་བྱའོ། །རྩ་བ་ལ་བརྟེན་པའི་ལྗོན་ཤིང་བཞིན་ཚོགས་བདུན་པོ་དེ་དག་ཀུན་འབྱུང་བའི་རྩ་བ་ཡིན་པས་རྩ་བའི་རྣམ་པར་ཤེས་པ་ཞེས་ཀྱང་བྱའོ། །འདོད་གཟུགས་གཉིས་སུ་མིང་གཟུགས་ཀྱི་ཕུང་པོ་དང་གཟུགས་མེད་དུ་མིང་བཞིའི་ཕུང་པོ་ལེན་ཏེ་ཁམས་གསུམ་ཀུན་ཏུ་སྐྱེ་བ་མང་པོ་སྣ་ཚོགས་ཀྱི་ལུས་ཐམས་ཅད་ལེན་པས་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། སྔ་མ་ལས། བློ་གྲོས་ཡངས་པ་རྣམ་པར་ཤེས་པ་དེས་དེ་ལྟར་ལུས་འདི་ཉེ་བར་བཟུང་ཞིང་བླངས་པས་ན་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ། །ཞེས་སོ། །མུ་མཐའ་མི་རྙེད་པར་ཀུན་འབྱུང་བས་ཐོག་མ་མེད་པའི་དབྱིངས་ཞེས་པའམ་ཀུན་གྱི་འབྱུང་བ་ཞེས་ཀྱང་བྱ་བ་དང་། དངོས་པོ་ཕྱི་ནང་དུ་སྣང་བ་ཀུན་འབྱུང་ཞིང་ཀུན་གྱི་རྟེན་པའི་གནས་ཡིན་པས་ཐམས་ཅད་ཀྱི་གནས་སམ་ས་བོན་ཐམས་ཅད་པ་ཞེས་ཀྱང་བྱ་སྟེ། རྒྱན་སྟུག་པོ་བཀོད་པ་ལས། སྔོན་མེད་བག་ཆགས་ལྡན་པས་ན། །ཀུན་གཞི་ས་བོན་ཐམས་ཅད་ཅན། །རྒྱ་མཚོའི་རྦ་རླབས་ཇི་བཞིན་དུ། །རླུང་གི་རྐྱེན་གྱིས་བསྐྱོད་པ་ལྟར། །གར་བྱེད་ཅིང་ནི་རབ་ཏུ་འབྱུང་། །རྣམ་པར་རྒྱུན་ཀྱང་མི་འཆད་དོ། །ཞེས་སོ། །ཚོགས་བདུན་གྱི་ཡང་སྐྱེད་བྱེད་ཀྱི་རྒྱུ་ཡིན་པའམ། མཚན་ཉིད་གསུམ་གྱི་གཞིར་གྱུར་པས་ཆོས་ཀྱི་བག་ཆགས་ཀྱི་ས་བོན་སྣ་ཚོགས་ཀུན་བསགས་པའི་ཕྱིར་བཤད་པའི་ཀུན་གཞི་ལ་སེམས་ཞེས་དང་ཐམས་ཅད་བསྐྱེད་པའི་རྒྱུ་ཞེས་སུ་འཇིག་རྟེན་པ་ལ་རབ་ཏུ་གྲགས་སོ། །དེའང་། དང་པོའི་ས་བོན་ཙམ་དང་། གསུམ་པ་བཞི་པ་ལྔ་པ་རྣམས་ཐེག་པ་ཆུང་ངུ་ལ་གྲགས་པ་དང་། དང་པོ་གསལ་བར་བསྟན་ཅིང་གཉིས་པ་དང་དྲུག་པ་མན་ཆད་ཐེག་པ་ཆེན་པོ་ལ་གྲགས་པའོ། །གཉིས་པ་ནི། སྟོང་པ་ཉིད་དང་། ཞེས་པ་ནས། ཡེ་ཤེས་ཡིན་ཞེས་གྲགས། །ཞེས་པའི་བར་གྱིས་བསྟན་ཏེ། རྣམ་པར་བྱང་བ་ལ་གྲགས་པའི་མཚན་གྱི་རང་བཞིན་གང་སྙམ་པ་ལ། ཀུན་གཞི་བྱང་ཆུབ་སེམས་ཀྱི་རང་བཞིན་མཐའ་གཉིས་སུ་མ་གྲུབ་པས་སྟོང་པ་ཉིད་ཅེས་བྱ་བ་དང་། ངོ་བོ་ཕྱོགས་གཅིག་ཏུ་འདི་འདྲར་མི་ཟིན་པས་མཚན་ཉིད་མེད་པ་ཞེས་བྱ་བ་དང་། བྱེད་པ་པོ་མེད་པས་མ་བཅོས་པའི་ངོ་བོ་དེ་བཞིན་ཉིད་ཅེས་བྱ་བ་དང་། དེ་ཡང་དེ་བཞིན་གཤེགས་པའི་དགོངས་པ་ཉིད་ཡིན་པས་བདེན་པའི་དོན་མ་ནོར་བ་ཞེས་བྱ་བ་དང་། ཡེ་ནས་གཉེན་པོས་མ་བསླད་པའི་དོན་ཡིན་པས་མ་བཅོས་པ་ཞེས་བྱ་བ་དང་། དོན་ལོགས་ན་མེད་པའི་ཕྱིར་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་དང་། རང་བཞིན་གསལ་ལ་མི་གཡོ་བས་ཏིང་ངེ་འཛིན་ཞེས་བྱ་བ་དང་། རྟོག་པ་རགས་པའི་བྱེ་བྲག་མེད་པས་སྟོང་པ་ཉིད་ཅེས་བྱ་བར་གྲགས་པ་དང་། ཡེ་ཉིད་ནས་ཀུན་གཞིའི་རང་བཞིན་མ་སྒྲིབ་པར་གསལ་བས་ལྷག་མཐོང་ཞེས་ཀྱང་བྱ་བ་དང་། སྤྲོས་པ་རྣམས་དང་བྲལ་བས་ཞི་གནས་ཞེས་བྱ་བ་དང་། ཡེ་ནས་གཟུང་འཛིན་དང་ལས་ཀྱིས་འཆིང་བ་མེད་པའི་ཕྱིར་རྣམ་པར་ཐར་པ་ཞེས་བྱ་བ་དང་། དེ་བཞིན་དུ་ཀུན་གཞིའི་རང་བཞིན་ལ་མི་གནས་པས་དབུ་མ་ཞེས་དང་། མཐའ་དང་བྲལ་བ་ཞེས་བྱ་བ་དང་། དངོས་པོར་གཟུང་བ་མེད་པ་ཞེས་ཀྱང་བྱའོ། །བདག་ཏུ་འཛིན་པ་མེད་པ་དང་། མ་འགག་པས་ཆད་པ་མེད་པ་དང་། མི་དམིགས་པས་རྟག་པ་མེད་པ་ཞེས་བྱ་བ་དང་། རང་བཞིན་སྐྱེ་འགག་དང་བྲལ་བས་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཞེས་དང་། གཅིག་ཏུ་སྤྱིའི་རྟོག་པ་མེད་པ་དང་བྱེ་བྲག་གི་རྣམ་པར་རྟོག་པ་མེད་པ་དང་། སྤྲོས་པའི་མཚན་མ་མེད་པ་དང་དེ་བཞིན་དུ་དོན་དམ་ལ་བདག་མེད་ཅིང་གཞན་མེད་པ་ཞེས་བྱ་བ་དང་། ཆོས་ཀྱི་དབྱིངས་ལ་འགྲོ་བ་མེད་ཅིང་འོང་བ་མེད་པ་ཞེས་བྱ་བ་དང་། ཆོས་ཉིད་ལ་དྲི་མ་མེད་ཅིང་འདུ་བ་དང་འབྲལ་བ་མེད་པ་ཞེས་བྱ་བ་དང་། ཅིར་ཡང་མ་གྲུབ་པ་ལ་བྱེ་བྲག་ཏུ་ཕུང་པོ་མེད་ཅིང་ཁམས་མེད་ལ་སྐྱེ་མཆེད་མེད་པ་ཞེས་བྱ་བ་དང་། ཡུལ་གུད་པ་མེད་པ་དང་། ལས་བྱར་མེད་པ་དང་། སྐྱེད་པའི་རྒྱུ་མེད་པ་དང་སྨིན་པའི་འབྲས་བུ་མེད་པ་ཞེས་བྱ་བ་དང་། ངོས་གཟུང་ལས་འདས་པས་མ་སྐྱེས་པའི་ངོ་བོ་སྙིང་པོ་བྱང་ཆུབ་པའང་དམིགས་སུ་མེད་པ་དང་། བཅུ་ཕྲག་གསུམ་དང་བཞི་ལ་སོགས་པར་གྲགས་སོ། །ཀུན་གཞི་བྱང་ཆུབ་ཀྱི་སེམས་ནི་ཡེ་ནས་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དོན་གྱི་དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་དབྱེར་མེད་པའི་ངོ་བོར་གནས་པས་ཆོས་ཉིད་དེ་ནི་རྒྱུ་ལས་མི་སྐྱེ་རྐྱེན་གྱིས་མི་འགག་ལ། དེ་ལྟར་འདུས་མ་བྱས་པ་དེ་ནི་ངོ་བོ་ཡེ་མ་གྲུབ་པ་ལ་འཇིག་པ་མེད་པས་ནམ་མཁའ་ལྟ་བུ་དང་འདྲའོ། །འོན་ཀྱང་ཀུན་གཞི་དེ་ལྟ་བུའི་དོན་དམ་པ་མི་འགྱུར་བར་ཡོངས་སུ་གྲགས་པ་དེ་ནི། རྟེན་གྱི་ཚུལ་ནས་ཆོས་ཀྱི་དབྱིངས་ཉིད་ལ་ཆོས་ཀྱི་སྐུར་ཤེད་མ་བྱེ་བ་དག་འདོད་དོ། །དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པར་འདོད་པ་རྒྱུའི་ཐེག་པ་ཆེན་པོ་འཁོར་ལོ་ཐ་མའི་གཞུང་ལས་གྲགས་སོ། །ཐེག་པ་ཆེན་པོ་གསང་སྔགས་བླ་ན་མེད་པ་ཉིད་ནི། ཀུན་གཞི་མུ་མཐའ་བྲལ་བའི་ཆོས་ཀྱི་དབྱིངས་ཉིད་ཆོས་ཀྱི་སྐུ་ཆེན་པོ་ཡེ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་དུ་གསལ་བ་ཡིན་ནོ་ཞེས་པར་རིག་འཛིན་མཆོག་ལ་གྲགས་སོ། །དེ་ལྟར་ཀུན་གཞིའི་བྱེ་བྲག་མིང་གི་རྣམ་གྲངས་འདི་དག་ལྷ་རྗེ་བ་རྣམ་གཉིས་ཐེག་པ་ཆེ་ཆུང་གཉིས་ཀ་ལ་གྲགས་བར་གསུངས་ཀྱང་། ཐེག་པ་ཆུང་ངུ་ལ་གྲགས་པ་རྣམས་ལ་རང་གི་སྒྲ་དང་རྣམ་གྲངས་ཀྱིས་ཅི་རིགས་སུ་བསྟན་པ་དག་གིས་ལམ་པོ་ཆེ་བཏོད་པ་ཙམ་ལས་ཀུན་གཞིའི་མཚན་ཉིད་དང་སྦྱར་ཏེ་བཀའ་སྩལ་བ་མེད་པས་འགྲེལ་ཆེན་ལས་ཐེག་ཆེན་ལ་གྲགས་པར་བཤད་དེ་འགྲེལ་ལུགས་འཐད་དེ། ཞེས་ཀུན་མཁྱེན་དམ་པ་རིན་པོ་ཆེས་གསུངས་སོ། །དེས་ན་བཤད་པའི་གཞི་ནི་བྱིས་པ་འདི་ལྟར་འདོད། ཅེས་པ་དང་། བློ་ལྡན་ཀུན་ལ་འདི་བརྗོད་ཀྱིས། །བླུན་པོའི་ཆེད་དུ་ཤེས་པར་གྱིས། །ཞེས་པའི་སྒྲས་འདི་དག་ཐེག་པ་དམན་པ་རྒྱུ་མཚན་ཉིད་ཀྱི་གཞུང་ཁོ་ནར་ངེས་པའོ། །སྐབས་སུ་རྣམ་པར་བྱང་བའི་རྟེན་བཤད་པའི་ལམ་རིམ་གྱིས་ངེས་པས་ཐེག་ཆེན་གསང་མཆོག་རྒྱལ་པོར་བཤད་དེ། ཐུན་མོང་དུ་བསྟན་ཏེ་མ་ངེས་པར་གྱུར་པས་གཉིས་ཀར་ཅི་རིགས་སུ་བཤད་པ་ཉིད་དོ། །དེ་ལྟར་གཞུང་གང་གི་རྟོགས་པ་མཐར་ཕྱིན་པ་ནི། ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་ཞེས་བྱ་སྟེ་གཏན་དུ་བར་གྱུར་བའོ། །བརྒྱད་པ་ལ་བཞི་སྟེ། མུན་པའི་རང་བཞིན་རྒྱུ་ལས་མ་བྱུང་རང་སྣང་དུ་བསྟན་པ། མུན་པའི་རྒྱུ་ཆེད་དུ་བྱས་པའི་ཀུན་བརྟགས་ལས་བྱུང་བར་བསྟན་པ། མུན་པ་ཇི་ལྟར་འགག་རིམ་བཞིན་ལམ་ལྔའི་སྐབས་ཀྱིས་ངེས་པར་འབྱུང་ཚུལ་བཤད་པ། བརྩད་པའི་དྲིས་ལན་གྱིས་མུན་པ་སྒྲུབ་བྱེད་ཀྱི་རིག་པ་བསྟན་པའོ། །དང་པོ་ནི། མ་བྱུང་ཡེ་ནས་རང་བཞིན་སྣང་། །ཞེས་རྐང་པ་གཅིག་གིས་བསྟན་ཏེ། གཞི་ཇི་ལྟ་བའི་ངོ་བོ་ནི་མཐའ་གང་དུ་ཡང་མི་སྣང་བས་རྒྱུ་རྐྱེན་ལས་མ་བྱུང་བར་ཡེ་ཐོག་མ་མེད་པ་ནས་རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད་དབྱིངས་ཀྱི་གནས་ལུགས་རང་སྣང་བའི་གསང་བ་དམ་པ་སྟེ་དོན་གྱི་ཆོས་བཞིའི་བདག་ཉིད་ཆེན་པོའོ། །གཉིས་པ་ནི། འོག་ནས། མུན་པའང་དེ་ཉིད་དེ་ལས་བྱུང་། །ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེའང་མུན་པ་ནི་མ་རིག་པ་དང་མཚུངས་པར་ལྡན་པའི་གཟུང་འཛིན་གྱི་ཀུན་རྟོག་ཡིན་པས་ཆེད་དུ་བརྟགས་པའང་། དེ་ཉིད་དུ་ཟད་པ་དེས་ན་དེ་བྱང་ནས་འཚང་རྒྱ་བར་འདོད་པ་ནི་རྒྱུ་དེ་ལས་བྱུང་བའི་སྒྲིབ་པ་ཉིད་དེ་མུན་པའི་སྤྱོད་ཡུལ་ཁོ་ནའོ། །གསུམ་པ་ནི། གོང་གི་སྔར་གྱི་འཕྲོར། ཇི་སྲིད་ལེན་པའི། ཞེས་པ་ནས། སྐབས་ལྔས་ངེས་པར་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། དུས་འཁོར་བ་ཇི་སྲིད་དུ་ཐོག་མ་དང་ཐ་མ་མེད་པར་སྐྱེ་བ་ཐ་དད་པ་སྣ་ཚོགས་ཀྱི་ལུས་མ་བླངས་པ་ལེན་པར་བྱེད་ཅིང་བླངས་ནས་གནས་པར་བྱེད་པའི་ཀུན་གཞི་རྣམ་པར་ཤེས་པ་དེ་ལ་ཁམས་གསུམ་གྱི་བག་ཆགས་ཀྱི་ས་བོན་ཡོད་པ་དེ་རྣམས་རྐྱེན་དང་ཕྲད་ན་ཡོངས་སུ་རྫོོགས་པར་བྱེད་པའི་འབྲས་བུ་ནས་མིང་བཏགས་པས་སྲིད་པ་ཀུན་ནས་རྫོགས་པའི་བག་ཆགས་སྔ་མ་རྣམས་འཕེན་པའི་ཡན་ལག་གིས་འབྲས་བུ་མཐོ་དམན་དུ་སྨིན་པར་བྱེད་པས་ས་བོན་ངན་པ་དག་བག་ཆགས་ཀྱི་དངོས་པོར་གང་གནས་པ་རིམ་པར་སངས་ནས་བག་ཆགས་ཕྱི་མའི་དངོས་པོ་གང་ཡིན་པ་རྣམས་དག་པར་འབྱུང་བས་རྒྱུ་ལས་དང་ཉོན་མོངས་པ་འགགས་པའི་རིམས་པས་སྐད་ཅིག་མ་རྒྱུན་དུ་འབྱུང་བའི་བག་ཆགས་མཐུ་བརྟས་པས། རྒྱུད་གར་ལ་འབྲས་བུ་སྡུག་བསྔལ་གྱི་གདུང་བར་སྨིན་པར་བྱེད་པའི་བག་ཆགས་མང་པོ་དེ་དག་ཀུན་གཞི་སྐད་ཅིག་མའི་རྒྱུན་ལ་ཡོད་པ་རྣམས་གཉེན་པོ་ལམ་གྱི་ཡེ་ཤེས་ཀྱིས་གཏན་ནས་སྦྱངས་ཏེ་ཟད་པར་བསྲེགས་པས་ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་པ་ཡང་། གནས་འགྱུར་པའི་དུས་གོང་དུ་བཤད་པ་ལྟར་ལམ་གྱི་རྣལ་འབྱོར་ལྔའི་རིམ་པ་ལྟར་སྐབས་ལྔས་བོགས་དེར་གྱུར་ཏེ་མཐར་ཕྱིན་ནས་ཀུན་ཉོན་ལས་ངེས་པར་འབྱུང་སྟེ། ཀུན་གཞི་གཏན་དུ་ལྡོག་པར་བྱེད་པའོ། །བཞི་པ་ལ་གཉིས་ཏེ། ངོ་བོ་ལ་བརྩད་པའི་དྲིས་པ་དང་། དེའི་ལན་བཤད་པའོ། །དང་པོ་ནི། གཟུགས་མེད་མཐོང་མེད། ཅེས་པ་ནས། བྱ་བར་ག་ལ་རིགས། །ཞེས་པའི་བར་གྱིས་བསྟན་ཏེ། ཀུན་གཞི་ཡོད་པར་བསྒྲུབ་པའི་གཏན་ཚིགས་བསྟན་པ་ལ། ཀུན་གཞི་ལ་དབྱིབས་དང་ཁ་དོག་བྲལ་བས་གཟུགས་མེད་ལ། བརྟག་ཏུ་མི་བཏུབ་པས་སུས་ཀྱང་མཐོང་བ་མེད་པའི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་ཀྱང་བྱ་ལ། ཀུན་གཞི་ཡོད་པས་ན་སྣང་བའི་དངོས་ཡུལ་ཐ་དད་པ་དེ་དག་མཐོང་བའི་ཡུལ་དུ་གྱུར་པའི་ཕྱིར་ཡོད་པ་ཞེས་ཀྱང་བྱ་སྟེ། ངོ་བོ་ཡོད་མེད་ལས་གྲོལ་བའོ། །གལ་ཏེ་དེ་བས་ན་མཐོང་བ་མེད་ཅིང་མ་གྲུབ་པ་ཞིག་ཡུལ་དུ་མ་གྱུར་པ་ཉིད་ཀྱི་ཕྱིར། དེ་ལ་ཡོད་པ་ཞེས་བྱ་བར་གདགས་པར་ག་ལ་རིགས་ཏེ་རིགས་པ་མ་ཡིན་པས་ཀུན་གཞི་མེད་དོ་ཞེ་ན། གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། མུ་མཐའ་མེད་པར། ཞེས་པ་ནས། མེད་ན་ཀུན་དང་འགལ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས། དངོས་པོ་རྣམས་ནི་ཡོད་མ་ཡིན། །མེད་པའང་མ་ཡིན་ཤེས་པར་བྱ། །དེ་ནི་ཆོས་ཀྱི་ཆོས་ཉིད་དེ། །ཡོད་པར་གྱུར་ཕྱིར་མེད་པ་ཡོད། །མེད་པར་གྱུར་ཕྱིར་ཡོད་པ་ཡོད། །མེད་པར་ཡང་ནི་འཛིན་མི་བྱ། །ཡོད་པར་ཡང་ནི་མི་བརྟག་གོ། །ཞེས་དང་། ཡོད་པ་མ་ཡིན་མེད་པའང་མིན། །དེ་བཞིན་ཡོད་མེད་གཉི་ག་མིན། །དེ་ལྟར་འཇིག་རྟེན་རབ་མཐོང་ན། །སེམས་གྱུར་བདག་མེད་པའང་འཐོབ། །ཅེས་གསུངས་པ་ལྟར་མེད་པ་མ་ཡིན་པར་ངོ་བོ་ཡོད་མེད་ལས་གྲོལ་བའི་ཀུན་གཞི་ཡོད་པས་ཀུན་གྱི་རྒྱུ་བྱེད་པ་ཉིད་དོ། །དེ་ཡང་འདི་ལྟར་ཀུན་གཞི་ངོ་བོ་མུ་མཐའ་མེད་ཅིང་བློས་དཔག་ཏུ་མེད་པར་འཁོར་བ་དང་མྱ་ངན་ལས་འདས་པའི་དངོས་པོ་གཉིས་པའི་ཆོས་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་རིལ་སྐྱེད་ཅིང་འབྱུང་བའི་རྒྱུའམ་གཞིར་གྱུར་པ་ཡིན་པས་ཀུན་གཞི་ཞེས་བྱ་ལ། དེ་ཡང་ངོ་བོ་བཟང་ངན་ཐ་དད་དུ་གྱུར་པའི་དངོས་པོ་དང་གཟུང་འཛིན་དུ་སྣང་བའི་མཐར་གནས་པ་མེད་པར་རང་བཞིན་གཅིག་ཏུ་མཉམ་ན་ཡང་རྐྱེན་དང་འཕྲད་པས་འགྱུར་ཏེ། རྐྱེན་ངན་པ་དང་འཕྲད་པས་ཀུན་ནས་ཉོན་མོངས་པའི་གཞིར་འགྱུར་ལ། རྐྱེན་བཟང་པོ་དང་འཕྲད་པས་རྣམ་པར་བྱང་བའི་རྟེན་དུ་འགྱུར་བས་གཉིས་ཀའི་ངོ་བོ་ཉིད་དམ་རང་བཞིན་དུ་གནས་པའི་གཏན་ཚིགས་དེ་བས་ན། ཅིར་ཡང་སྣང་སྟེ། འཁོར་འདས་ཀྱི་དངོས་པོ་གཉིས་པ་བཟང་ངན་ཐ་དད་དང་དེ་རང་ལའང་མི་འདྲ་བའམ་མི་མཐུན་པ་མང་པོ་སྣ་ཚོགས་བར་སྣང་བའི་ཕྱིར་ཀུན་གཞི་ཡོད་པར་མངོན་ནོ། །དེས་ན་ཐམས་ཅད་ཀྱི་རྒྱུ་ཀུན་གཞི་བག་ཆགས་དང་བཅས་པའི་དབྱིངས་འདི་ཉིད་མེད་ན་འཆད་པར་ཀུན་ལས་འདས་ཏེ་འཁོར་བ་འབྱུང་ལྡོག་དང་རྣམ་བྱང་གི་འབྲས་བུ་གང་ཡང་མི་འབྱུང་བར་རྒྱུ་མ་ངེས་པའི་འགལ་བ་ཁོ་ནར་འགྱུར་རོ། །དེ་བས་ན་ལུང་ལས་ཀྱང་། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་དང་། སྔ་མ་ལས། ཉེས་པ་ཀུན་ལས་རབ་གྲོལ་ཞིང་། །ང་ཡི་ཚུལ་ནི་རབ་རྟོག་ན། །དེ་ནི་ཡང་དག་རྟོགས་པ་སྟེ། །འདྲེན་པ་ཆེ་ལ་དེ་མི་སྨོད། །ཅེས་གསུངས་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། ཀུན་གཞི་མེད་ན་འཁོར་བ་ལས་ལྡོག་ཏུ་མི་རུང་བའི་ཚུལ་བསྟན་པ། ཀུན་གཞི་མེད་ན་འཁོར་བར་འཇུག་ཏུ་མི་རུང་བའི་ཚུལ་བཤད་པ། ཀུན་གཞིའི་མཚན་ཉིད་ལ་བརྩད་པའི་སྐྱོན་སྤང་བའོ། །དང་པོ་ལ་གཉིས་ཏེ། གཟུང་འཛིན་གྱིས་འཆིང་བ་ལས་མི་གྲོལ་བའི་ཚུལ། རྣམ་བྱང་གི་ས་བོན་བསགས་པ་མེད་ཚུལ་བཤད་པའོ། །དང་པོ་ནི། གལ་ཏེ་མེད་པ། ཞེས་པ་ནས། གྲོལ་འདོད་གྲོལ་མ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་འགལ་བར་འགྱུར་བ་གཏན་ཚིགས་ཅིའི་ཕྱིར་ན། གལ་ཏེ་ཀུན་གཞི་མེད་ལ་གཟུང་བར་སྣང་བའི་ཡུལ་དུ་གྱུར་པ་གཅིག་ཡོད་དོ་ཞེ་ན། གཟུང་ཡུལ་དོན་ལ་ཡོད་པ་དེའི་ཕྱིར་ལུས་དང་གྲིབ་མ་ལྟར་ཤེས་པ་འཛིན་པའི་ཕྱོགས་ཀྱང་དེ་ལྟ་བར་ཡོད་པར་ངེས་པས་གཟུང་འཛིན་རང་རྒྱུད་པར་ཞེན་པ་དེ་བས་དུས་ནམས་ཀྱང་གྲོལ་བར་མི་འགྱུར་ཏེ། འཁྲུལ་རྟོག་རང་རྒྱུད་དུ་གྲུབ་པའི་གཟུང་འཛིན་གྱིས་འཆིང་བས་བསྡམ་ནས་སྲིད་པ་ལས་ནམ་ཡང་མི་ཐར་བའི་མདུད་པ་དམ་བོར་གྱུར་པས་སྐྱོན་ཆེན་པོ་དེ་ན་ཡོད་དོ། །གལ་ཏེ་གཟུང་འཛིན་ཡོད་ཀྱང་གྲོལ་ལོ་ཞེ་ན། མུ་སྟེགས་པ་ལ་སོགས་པ་གང་སུ་ཞིག་གིས་ཀུན་གཞི་ལ་མུ་མཐའ་བཙལ་ཏེ། ཡུལ་ཤེས་སྐད་ཅིག་མ་ཙམ་དང་རྟག་པའམ་ཆད་པའི་མུར་འཛིན་ཞིག་གཟུང་འཛིན་གྱི་མཐར་ལྟ་ངན་པ་ལ་ཞེན་པ་དེས་ནི་ཀུན་གཞི་བྱང་ཆུབ་ཀྱི་སེམས་མུ་མཐའ་མེད་པའི་ཆོས་ཉིད་ཀྱི་དོན་ཡང་དག་པར་མ་མཐོང་བར་ངེས་ཏེ་རྟག་ཆད་དང་གཟུང་འཛིན་གྱི་མུར་ལྟ་ཞིང་བརྟགས་པའི་ཞེན་འཛིན་ལས་མ་གྲོལ་བའི་ཕྱིར་དཔེར་ན་ནམ་མཁའ་ལ་མཐོས་འཇལ་ཏེ་ཚད་བགྲངས་པ་དང་འདྲའོ། །དེས་ན་ཀུན་གཞི་མུ་མཐའ་མེད་པའི་ཆོས་ཉིད་མ་བཅོས་རང་སར་གྲོལ་བའི་མཐའ་བྲལ་གྱི་དོན་རྟོགས་ནས་མཐའ་མི་ཚོལ་བ་གང་ཞིག་ནི་མཐས་མ་བཅིངས་པས་ན་གྲོལ་བར་བཤད་པ་ཡིན་གྱི། དེ་ལས་བཟློག་སྟེ་རྟག་ཆད་གཟུང་འཛིན་གྱི་མུར་འཛིན་དང་བཅས་བཞིན་དུ་ཐར་པ་དང་གྲོལ་བར་འདོད་ཀྱང་ཆེད་དུ་བྱས་པས་ཞེན་མཐས་འཆིངས་པས་ནམ་ཡང་གྲོལ་བ་མ་ཡིན་ཏེ་འཁོར་བའི་མཐའ་ལ་གནས་པའོ། །དེའི་ཕྱིར་དགོངས་པ་ངེས་པར་འགྲེལ་པ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །དེ་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་སོ། །དེས་ན་ཀུན་གཞི་མེད་ན་གཟུང་འཛིན་ལས་མི་གྲོལ་བའི་སྐྱོན་དུ་འགྱུར་རོ། །གཉིས་པ་ནི། བྱེ་མ་བསྐྱེད་ཀྱང་། ཞེས་པ་ནས། དེ་བཞིན་ཉིད་ཅེས་བསྔགས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་བག་ཆགས་གསོག་ཏུ་མི་བཏུབ་སྟེ། དོན་གསང་བ་བསྡུས་པ་ལས། བརྟན་ལུང་མ་བསྟན་བསྒོ་བྱ་དང་། །བསྒོ་བར་བྱེད་དང་འབྲེལ་བ་དང་། །སྒོད་བྱེད་དེ་ལས་གཞན་ན་མེད། །འདི་ནི་བག་ཆགས་མཚན་ཉིད་དོ། །ཞེས་པས། བག་ཆགས་གང་དེ་རྒྱུན་བརྟན་པ་ལ་བསྒོད། མི་བརྟན་པ་ལ་མི་བསྒོད། ལུང་དུ་མ་བསྟན་པ་ལ་བསྒོད། ལུང་དུ་བསྟན་པ་ལ་མི་བསྒོད། བསྒོ་བར་བྱ་བའི་འོས་ལ་བསྒོད། འོས་མ་ཡིན་པ་ལ་མི་བསྒོད། བསྒོ་བར་བྱེད་པ་དང་འབྲེལ་བ་ལ་བསྒོད། མ་འབྲེལ་བ་ལ་མི་བསྒོད། སྒོད་བྱེད་དེ་ལས་གཞན་དུ་མེད་ན་བསྒོ་ཡིས། གཞན་དུ་གྱུར་ན་མི་སྒོད་དོ། །དེ་བས་ན་འདིར་ཡང་ཀུན་གཞི་མ་མཐོང་ན་མེད་པར་སྨྲ་ཞིང་ཐར་པ་འདོད་དེ་འཁོར་བ་སྤོང་བ་དེ་དག་གིས། ཀུན་ནས་ཉོན་མོངས་པའི་ས་བོན་རྣམ་བྱང་ལ་གསོག་ཏུ་མི་བཏུབ་སྟེ། གཉེན་པོ་ཡིན་པའི་ཕྱིར་དང་རྣམ་བྱང་གི་ས་བོན་ཀུན་ནས་ཉོན་མོངས་པ་ལ་གསོག་ཏུ་མི་བཏུབ་སྟེ་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །དེས་ན་ཀུན་གཞི་ལ་མ་བརྟེན་པར་དགེ་བའི་བག་ཆགས་བདག་ཅེས་བྱ་བརྟག་པ་དེ་ལ་བསྒོས་ནས་ཐར་བར་འདོད་ན་ནི་རྣམ་བྱང་གི་ས་བོན་གྱི་བག་ཆགས་མེད་པར་འཁོར་བ་ལྡོག་ཏུ་མི་རུང་སྟེ་དཔེར་ན་བྱེ་མ་ལ་ས་བོན་བྱས་ནས་འབྲས་བུ་བསྐྱེད་ཀྱང་དེའི་འབྲས་བུ་ནས་འབྲས་སོགས་ཀྱི་འབྲུར་མི་སྨིན་པ་དང་འདྲའོ། །འོ་ན་འདུས་མ་བྱས་པ་ལ་བག་ཆགས་ཀྱི་ས་བོན་བསྒོའམ་ཞེ་ན། གཏན་མི་འགྱུར་ཞིང་རྣམ་པར་དག་པའི་ངོ་བོ་བརྟན་པ་ལ་བསྒོ་བྱའི་འོས་མ་ཡིན་པས་མི་རུང་ངོ་། །དེའི་ཕྱིར་ཀུན་གཞིའི་རང་བཞིན་ལ་མུ་མཐའ་མེད་པ་ཉིད་མཐར་བཟུང་ཡང་མ་རིག་པ་དང་མཚུངས་པའི་ཕྱིར་བག་ཆགས་ཀྱི་རྐྱེན་སྣང་སྣ་ཚོགས་སུ་སྣང་བ་ཙམ་ལས་དོན་གྱི་ངོ་བོ་ལ་མཐར་མི་འགྱུར་བ་ནི། དཔེར་ན་ཤེལ་སྒོང་རྐྱེན་གྱིས་བསྒྱུར་ཡང་གཏིང་ནས་མི་འགྱུར་བ་དང་འདྲའོ། །དེས་ན་རང་བཞིན་མ་ཡིན་པ་དེ་ལ་བརྟེན་ནས་ཐར་བར་མི་འགྱུར་བའང་དེ་བཞིན་དུ་ངེས་པས་ཀུན་གཞི་ཡོད་པར་མངོན་ནོ། །འོན་ཏེ་རྣམ་བྱང་གི་བག་ཆགས་ཉོན་མོངས་པ་ཅན་གྱི་ཡིད་ལ་བསྒོའམ་ཞེ་ན། དྲི་མའི་ངོ་བོ་ཡིན་པས་བསྒོ་རུ་མི་བཏུབ་པ་དང་། དེར་མ་ཟད་ཀུན་གཞི་མེད་ན་ཉོན་མོངས་པ་སྤངས་པའང་གང་ལ་གནས་ཏེ་སྤང་བར་བྱ་སྟེ། སྒོ་ལྔ་ལ་གནས་ཏེ་སྤོང་ན་ནི་མཐོང་སྒོམ་གྱི་ལམ་གྱི་དུས་སུ་འགགས་པས་མི་རུང་ཞིང་། ཉོན་མོངས་པ་ཅན་གྱི་ཡིད་ལ་གནས་ཏེ་སྤོང་ངོ་ཞེ་ན། དྲི་མའི་ངོ་བོ་དེ་ཉིད་སྤང་བའི་གཞིར་མི་བཏུབ་པས་དཔེར་ན་འཆིང་བུ་བསྒྱུར་ཡང་དངོས་སུ་ནོར་བུ་རིན་ཆེན་དུ་འགྱུར་བ་མིན་པ་བཞིན་ནོ། །དེ་བཞིན་དུ་འཁོར་བ་ལུགས་སུ་འབྱུང་བ་ཡང་ཀུན་གཞི་མེད་ན་བག་ཆགས་ཀྱི་ས་བོན་གང་ལ་བསྒོ་སྟེ། སེམས་ལས་བྱུང་བའི་དགེ་བ་ལ་བསྒོ་ན་གླ་རྩི་དང་འདྲ་ལ། མི་དགེ་བ་ལ་བསྒོ་ན་སྒོག་སྐྱ་དང་འདྲ་ཞིང་། ཡིད་ལ་བསྒོ་ན་གློག་དང་འདྲ་སྟེ་མྱུར་ལ་དྲག་གོ། །འོ་ན་གཟུགས་ཀྱི་ཕུང་པོ་ལ་བསྒོའོ་ཞེ་ན། འབྲེལ་བ་མེད་པས་བག་ཆགས་དང་འདྲེས་སུ་མི་བཏུབ་སྟེ། དཔེར་ན་ས་དང་རྡོ་བསྲེས་ཀྱང་འདྲེས་སུ་མི་རུང་བ་དང་འདྲའོ། །འོན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ལ་བསྒོའམ་ཞེ་ན། གསལ་ལ་མི་བརྟན་པ་ཉིད་པས་མི་རུང་སྟེེ། དཔེར་ན་གློག་འགྱུ་བའི་གཞི་ལ་མུན་པ་མེད་པ་དང་འདྲ་བས་བག་ཆགས་ཀྱི་གཞིར་མི་རུང་ལ། དེར་མ་ཟད་འཁོར་བ་ལུགས་ནས་བཟློག་པར་ཡང་མི་བཏུབ་སྟེ། མཐོང་སྒོམ་གྱི་ཉོན་མོངས་པ་སྤངས་པའང་། ཉོན་ཡིད་དང་སྒོ་ལྔ་ལ་གནས་ཏེ་སྤོང་དུ་ནི་གོང་དུ་བཤད་པ་དང་འདྲ་ལ། ཡིད་ལ་གནས་ཏེ་སྤོང་ན་ནི། ལམ་གྱི་དུས་ན་ཡིད་གཉེན་པོ་ལམ་གྱི་ཡེ་ཤེས་སུ་གྱུར་བས་གཉེན་པོ་ལ་ཉོན་མོངས་པ་གནས་སུ་མི་རུང་སྟེ་དཔེར་ན་སྟྭར་ཚན་ལ་རྩི་སྦུར་མི་གནས་པ་དང་། གློག་ལ་མུན་པ་མེད་པ་དང་འདྲ་སྟེ། དེ་བས་ན་ཀུན་གཞི་ཡོད་དོ། །དེ་བཞིན་དུ་ཀུན་གཞི་མེད་ན། རྣམ་པར་བྱང་བ་ལ་འཇུག་པ་དང་འཁོར་བར་ལུགས་སུ་འབྱུང་བའི་བག་ཆགས་ཀྱང་མི་རུང་སྟེ། ཚོགས་དྲུག་གི་གཅིག་ལ་གཅིག་བསྒོའམ་ཞེ་ན། གནས་དང་དབང་པོ་དང་ཡུལ་ཐ་དད་པ་ལ་ཕན་ཚུན་སྤངས་ཏེ་གནས་པའི་འགལ་བ་ཡོད་པས་ཐ་དད་གསུམ་དང་འགལ་བའི་ཕྱིར་མི་བཏུབ་སྟེ། དཔེར་ན་མཚལ་བཞུ་བའི་ཟིལ་པ་དངུལ་ཆུ་དང་གསེར་ཞུན་མ་ཉིད་གཅིག་པ་མི་སྲིད་པ་དང་འདྲའོ། །འོ་ན་ཚོགས་དྲུག་རང་རེའི་བག་ཆགས་རང་རེ་ལ་བསྒོའོ་ཞེ་ན། མི་བརྟན་ལ་བསྒོ་གཞི་དང་འབྲེལ་བ་མེད་པར་བྱ་བྱེད་འགལ་བས་མི་བཏུབ་སྟེ། དཔེར་ན་སྐྱེས་བུ་ཇི་ལྟར་མཆོང་བ་ཆེ་ཡང་རང་གིས་རང་ཉིད་ལ་མཆོངས་པ་མི་སྲིད་པ་དང་འདྲའོ། །འོན་ཏེ་ཤེས་པ་སྔ་མས་ཕྱི་མ་ལ་བསྒོ་ཞིང་ཕྱི་མས་སྔ་མ་ལ་བསྒོའམ་ཞེ་ན། རྒྱུད་གཅིག་ལ་ལྷན་ཅིག་ཏུ་མི་གནས་པའི་འགལ་བ་ཡོད་པས་མི་བཏུབ་སྟེ། དཔེར་ན་ཆུ་བོ་སྔ་ཕྱི་གཉིས་རྒྱུན་མི་འཕྲད་པ་དང་འདྲའོ། །འོ་ན་ཤེས་པ་རིགས་མཐུན་པ་ཙམ་གང་དང་གང་ལའང་བསྒོའམ་ཞེ་ན། བསྒོ་བྱའི་འོས་མ་ཡིན་པས་མི་བཏུབ་སྟེ། ཤེས་པའི་རིགས་མང་པོ་གཞན་དང་གཞན་ཐམས་ཅད་ཆོས་མཐུན་པ་ཡིན་པས་ན་རིགས་མཐའ་ཡས་པ་ཀུན་གྱིས་ཀུན་ལ་བསྒོ་བར་ཐལ་ཏེ་དགྲ་བཅོམ་པའི་ཤེས་པ་ལའང་ཀུན་ནས་ཉོན་མོངས་པའི་བག་ཆགས་བསྒོད་པ་སོགས་སུ་འགྱུར་རོ། །དེ་བས་ན་ཀུན་གཞི་ཡོད་དགོས་སོ། །དེ་ཡང་དོན་གསང་ལས། ཐ་དད་གསུམ་དང་འགལ་བའི་ཕྱིར། །དྲུག་པོ་དག་ནི་འབྲེལ་མེད་དེ། །སྐད་ཅིག་ལྷན་ཅིག་མེད་པའི་ཕྱིར། །རིགས་ལ་བྱ་ན་གཞན་དུ་ཐལ། །ཞེས་ཐེག་བསྡུས་སུ་གསུངས་པར་བཤད་པའི་ཡང་དོན་ཏོ། །གཏན་ཚིགས་དེ་ལྟར་དུ་ངེས་པ་དེས་ན་འཁྲུལ་གྲོལ་གྱི་གཞིར་ཀུན་གཞིའི་དེ་བཞིན་ཉིད་ཡོད་པའི་གསང་དོན་ལ་བློ་གྲོས་གསལ་བ་དེ་ནི་དོན་ལ་མཁས་པ་ཉིད་ཅེས་བྱ་ཞིང་ཤིན་ཏུ་བསྔགས་པར་འོས་པ་སྟེ། རྩ་བའི་རྒྱུད་ལས། ཀུན་གཞི་ནམ་མཁའི་སྙིང་པོ་དེ། །ཉོན་མོངས་སྤྲིན་གྱིས་གཏིབས་སྦུངས་པ། །ཤེས་རབ་རླུང་གིས་མ་གཏོར་བར། །ག་ཞ་མཁན་གྱི་སྦྱོང་འདྲ་ཡིས། །སྒྲིབ་བསལ་ཆོས་ཉིད་གསལ་འདོད་པས། །ཇི་ལྟར་ཆུས་གཤེར་བྱིས་པ་དག །ཉི་མ་སྤྲིན་ལྡན་གྲིབ་མ་ཡིས། །ཤིན་ཏུ་སྒྲིབས་པར་གྱུར་པ་ན། །སྤྲིན་ཆེན་འདུས་པའི་ཕུང་པོ་ལ། །ཁ་ཡི་དབུགས་ཀྱིས་བུས་བྱས་ནས། །སྤྲིན་བསལ་ཉི་འོད་གསལ་འདོད་འདྲའོ། །དེ་ཕྱིར་རྣལ་འབྱོར་དབང་ཕྱུག་གིས། །སེམས་ཉིད་དོན་ལ་རྣམ་བརྟགས་ཏེ། །ཀུན་གཞི་རྩ་བར་ཤེས་པར་བྱ། །སེམས་ཉིད་དེ་ལ་བལྟས་གསལ་བ། །རྩ་བ་དང་ནི་གང་ལྡན་པ། །དུས་དང་ཚིགས་དང་ལོར་གྱུར་ཀྱང་། །ཡལ་ག་ལོ་འདབ་འབྲས་བུར་སྐྲུན། །རྩ་བའི་ས་བོན་མེད་མི་འགྱུར། །ཞེས་དང་། ཀུན་གཞི་ཀུན་ཏུ་ནམ་མཁའ་ལ། །ཡིད་ནི་མཁའ་ལ་ཉི་ཤར་འདྲ། །རྣམ་ཤེས་ཉོན་མོངས་སྤྲིན་གྱིས་ཁེབས། །འདུ་བྱེད་རླུང་གིས་ཀུན་བསྐྱེད་དེ། །གསལ་དང་འབྱུང་འཇུག་སངས་དང་འགག །རྣམ་ཤེས་མཚན་མའི་རྟོག་པ་ཡིས། །ཀུན་གཞི་ནམ་མཁའ་མཐོང་མི་སྟེར། །ཀུན་གཞི་མཐོང་ཉིད་ཆོས་སྐུ་སྟེ། །འདི་དོན་ནམ་མཁའ་མ་བརྗེད་པ། །ཏིང་འཛིན་ཆེན་པོ་རྒྱུན་མི་འཆད། །གང་ཞིག་འདི་དོན་ཡིད་འཆར་བ། །གཟུགས་ཀྱི་དངོས་པོ་ཅིར་སྣང་ཡང་། །སེམས་ནི་ཡེ་ནས་མྱ་ངན་འདས། །བདེ་ཆེན་སངས་རྒྱས་ཐམས་ཅད་ལ། །དགོངས་པ་འདི་ལས་ཡོང་མི་མངའ། །ཞེས་གསུངས་པ་དང་། ལང་ཀར་གཤེགས་པ་ལས་ཀྱང་། ཡིད་ཀྱི་ཤེས་ལས་བྱུང་བ་ཡི། །བག་ཆགས་དྲི་མ་བཞིན་དུ་ལྟོས། །སེམས་ནི་རས་ཡུག་དཀར་པོ་འདྲ། །བག་ཆགས་རྣམས་ཀྱིས་མི་མཛེས་སོ། །ཞེས་དང་། དེ་བཞིན་གཤེགས་པའི་སྙིང་པོ་ནི། །རྣམ་ཤེས་བདུན་དང་ལྡན་པ་ཡང་། །འཛིན་པ་གཉིས་ཀྱིས་རབ་འཇུག་སྟེ། །ཡོངས་སུ་ཤེས་པས་ལྡོག་པར་འགྱུར། །ཞེས་དང་། རྙོག་པ་སྤངས་པའི་སེམས་ཉིད་ནི། །ཡིད་ཀྱི་རྣམ་ཤེས་བཟློག་པ་སྟེ། །ཆོས་རྣམས་ཐམས་ཅད་ཤེས་པའི་ཕྱིར། །སེམས་ནི་སངས་རྒྱས་ཞེས་ང་འཆད། །ཞེས་སོགས་ཚད་མེད་དོ། །གཉིས་པ་ལ་གསུམ་སྟེ། སེམས་ཅན་གྱི་ལུས་བླང་དུ་མི་རུང་བར་བསྟན་པ། སྙོམ་འཇུག་གཉིས་ལས་ལྡང་དུ་མི་རུང་བར་བསྟན་པ། ཤེས་པ་ཆད་ནས་ལྡང་དུ་མི་རུང་བར་བསྟན་པའོ། །དང་པོ་ནི། དེ་ཉིད་མེད་ན། ཞེས་པ་ནས། ལེན་ཡོད་ག་ལ་སྲིད། །ཅེས་པའི་བར་གྱིས་བསྟན་ཏེ། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། བློ་གྲོས་ཡངས་པ་འགྲོ་བ་དྲུག་གི་འཁོར་བ་འདི་ན་སེམས་ཅན་གང་དང་གང་དག་སེམས་ཅན་གྱི་རིས་གང་དང་གང་དུ་ཡང་སྒོ་ང་ནས་སྐྱེ་བའི་སྐྱེ་གནས་སམ། ཡང་ན་མངལ་ནས་སྐྱེ་བའམ། ཡང་ན་དྲོད་གཤེར་ལས་སྐྱེ་བའམ། ཡང་ན་རྫུས་ཏེ་སྐྱེ་བའི་སྐྱེ་གནས་སུ་ལུས་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བ་དེར་དང་པོར་འདི་ལྟར་ལེན་པ་རྣམ་པ་གཉིས་པོ་རྟེན་དང་བཅས་པའི་དབང་པོ་གཟུགས་ཅན་ལེན་པ་དང་། མཚན་མ་དང་མིང་དང་རྣམ་པར་རྟོག་པ་ལ་ཐ་སྙད་འདོགས་པའི་སྤྲོས་པའི་བག་ཆགས་ལེན་པ་ལ་རྟེན་ནས་ས་བོན་ཐམས་ཅད་པའི་སེམས་རྣམ་པར་སྨིན་ཅིང་འཇུག་ལ་རྒྱས་ཤིང་འཕེལ་བ་དང་ཡངས་པར་འགྱུར་རོ། །དེ་ལ་གཟུགས་ཅན་གྱི་ཁམས་ན་ནི་ལེན་པ་གཉི་ག་ཡོད་ལ། གཟུགས་ཅན་མ་ཡིན་པའི་ཁམས་ན་ནི་ལེན་པ་གཉིས་སུ་མེད་དོ། །ཞེས་གསུངས་པ་ལྟར་གལ་ཏེ་ཀུན་གཞི་དེ་ཉིད་མེད་ན་ལུས་ཀྱི་རྒྱུ་བག་ཆགས་གསོག་ས་མེད་པས་དུས་གསུམ་ཐམས་ཅད་དུ་འཁོར་བ་ལུགས་ནས་འབྱུང་སྟེ་སྐྱེ་བ་བཞི་པོའི་ལུས་གང་ཡིན་པ་དེ་ཉིད་མ་བླང་བ་ལེན་པ་དང་བླངས་པ་གནས་པར་བྱེད་པ་གང་ཡང་ཡོད་པར་མི་རུང་བས་འཁོར་བ་སྣང་བར་ག་ལ་སྲིད་དེ་སྣང་དུ་མི་བཏུབ་བོ། །གལ་ཏེ་སྲིད་ན་ལུས་ལེན་པ་དེ་ཉིད་རྒྱུ་དང་འབྲེལ་བ་ཞིག་གམ། རྒྱུ་མེད་པ་ཞིག་ཡིན། ཕྱི་མ་ལྟར་ན་རྟག་ཏུ་ཡོད་པའམ་མེད་པར་ཐལ་ལོ། །དང་པོ་ལྟར་ན། རྒྱུ་རྟག་པ་ཞིག་གམ་མི་རྟག་པ་ཞིག་ཡིན། རྟག་ན་རིམས་དང་གཅིག་ཆར་གྱིས་དོན་བྱེད་པ་འགལ་ལོ། །མི་རྟག་པ་ཡིན་ན། གཟུགས་སམ་སེམས་གང་ཡིན། །དང་པོ་ལྟར་ན། རྩོམ་གཞི་གཟུགས་རྡུལ་ཕྲ་རབ་ཡིན་དགོས་པས། དེ་ལ་ཕྱོགས་ཆ་བརྟགས་ན་མ་གྲུབ་བས་འདུས་ནས་རྩོམ་པར་མི་རུང་ངོ་། །དེར་མ་ཟད་གཟུགས་མེད་དུ་མིང་བཞིའི་ཕུང་པོ་ལེན་པར་ཡང་འགལ་ལོ། །གཉིས་པ་ལྟར་ན་ཚོགས་བདུན་ནི་ས་བོན་ཐམས་ཅད་པ་མིན་པས་ལུས་ལེན་ཞིང་གནས་པའི་རྟེན་དུ་མི་རུང་ངོ་། །དེའི་ཕྱིར་ཀུན་གཞི་ལས་འོས་མེད་པའོ། །དེ་ལྟར་ཀུན་གཞི་མེད་ན་འཁོར་བ་ལས་ལྡོག་ཏུ་མི་བཏུབ་པ་བཞིན་དུ་འཁོར་བར་འཇུག་པའང་མི་རུང་ངོ་། །གཉིས་པ་ནི། དེ་ཉིད་མེད་ན། ཞེས་པ་ནས། ལྡང་སྟེ་གང་མི་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་དུ་གལ་ཏེ་ཀུན་གཞི་དེ་ཉིད་མེད་ན་ཉན་ཐོས་གང་གིས་ཚོགས་དྲུག་གི་རྒྱུ་བ་ཉོན་ཡིད་དང་བཅས་པ་རྒྱུན་བཀག་ནས་བསྒོམས་ཏེ་འགོག་པ་ལ་སྙོམས་པར་ཞུགས་པ་ལས། དུས་བྱམས་པའི་བསྟན་པ་ལྟ་བུ་ཇི་སྲིད་ཅིག་ན་གཎྜི་བརྡུང་བའི་སྒྲ་ལ་སོགས་པ་རྐྱེན་གྱིས་བསྐུལ་ཏེ་འགོག་པ་ལས་སླར་ལྡང་བ་དེ་ཡང་རྒྱུ་གང་ལས་བྱུང་སྟེ་ཀུན་གཞི་མ་ཡིན་པ་གཞན་གང་ལས་ཀྱང་བྱུང་བ་མིན་པས་ཀུན་གཞི་ཡོད་པར་མངོན་ནོ། །དེ་བཞིན་དུ་གང་བག་ཆགས་ཀྱི་རྟེན་ཀུན་གཞི་ཉིད་མེད་ན་དེ་ལ་རྟེན་མེད་པས་འདུ་ཤེས་མེད་པ་བ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གཉིས་ཀྱིས་ཚོགས་དྲུག་འགག་ནས་མེད་པར་གྱུར་བ་ན། ཕྱིས་དེ་ལས་ལྡང་བའང་རྒྱུ་གང་ལས་ལྡང་སྟེ་ཀུན་གཞི་མ་ཡིན་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་བས་ཀུན་གཞི་ཡོད་པར་གསལ་ལོ། །གསུམ་པ་ནི། དེ་བཞིན་གང་གིས། ཞེས་པ་ནས། དུག་སྨན་ཇི་བཞིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བས་ན་སྔ་མ་དེ་བཞིན་དུ་བརྒྱལ་འབོགས་སམ་གཉིད་ལ་སོགས་པ་རྐྱེན་གང་གིས་དབང་ལས་ཚོགས་དྲུག་མྱོས་ཉེ་འགགས་པར་འགྱུར་པ་ན་ཡུན་སྐད་ཅིག་གམ་ཇི་སྲིད་ཀྱི་རིང་ཐུང་གི་ཡུན་དེ་སྲིད་ལོན་ཏེ་དེ་ནས་སླར་ལྡང་བའང་ཀུན་གཞི་ཡོད་པས་ལྡང་བའོ། །དེ་ལྟར་གསུམ་གྱི་དུས་སུ་འགག་པ་ལྡང་བའི་གཏན་ཚིགས་དེས་ན་ཀུན་གཞི་དེ་ཉིད་ལུས་ལེན་པ་སོགས་འཁོར་བར་འཇུག་ལྡོག་གི་གཞི་ཡིན་པར་མ་ཟད་ཤེས་པ་ཉམས་པ་སླར་གསོ་བ་ལ་སོགས་པ་ཀུན་གྱི་གཞི་ཡང་ཡིན་ཏེ། དཔེར་ན་ལུས་ཀྱི་འབྱུང་ཁམས་དང་ལུས་དུག་གིས་མྱོས་པ་སྨན་གྱིས་གསོ་བ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་གཏན་ཚིགས་ཀྱི་རྩ་བ་བཞིས་ཀུན་གཞི་ཡོད་པར་མངོན་ནོ། །གསུམ་པ་ལ་གསུམ་སྟེ། གཅིག་དང་ཐ་དད་ལ་བརྩད་པའི་ལན་བསྟན་པ། བཙན་མི་བཙན་ལ་བརྩད་པའི་ལན་བསྟན་པ། ཀུན་གཞིའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པར་བསྟན་ནས་མཚན་ཉིད་ངེས་པར་བྱ་བའོ། །དང་པོ་ནི། འཇུག་པ་ལྔ་ནི། ཞེས་པ་ནས། འོ་མའི་ཆུ་བཞིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་འཇུག་པ་སྒོ་ལྔའི་རྣམ་པར་ཤེས་པའི་ཚོགས་ལྔ་ནི་དངོས་པོ་མེད་པར་དཔེ་སྒྱུ་མ་ལྟ་བུའམ་རྨི་ལམ་དང་འདྲ་བར་མི་བརྟན་ལ་མི་རྟག་པས་བསླུ་བར་བྱེད་པ་ཡིན་ལ། ཀུན་གཞི་ནི་དེ་ལྟར་མིན་པར་བརྟན་པ་ལྟ་བུར་མི་བསླུ་བ་ཡིན་པའི་ཚུལ་དེ་ལྟར་ཡིན་ན་ཀུན་གཞི་དང་སྒོ་ལྔ་འདི་གཉིས་ངོ་བོ་གཅིག་པའམ་འོན་ཏེ་ཐ་དད་པ་ཞིག་ཡིན་ཞེ་ན་རྩོད་པར་བྱེད་ན། ལན་ནི། གལ་ཏེ་ངོ་བོ་གཅིག་པར་གྱུར་ཏེ། སྒོ་ལྔར་ངོ་བོ་གཅིག་ན་ནི། ཀུན་གཞི་ལ་མི་བརྟེན་པའི་ཕྱིར་སེམས་ཅན་གྱིས་འཇུག་གཞི་མཐོང་བས་གྲོལ་བར་ཐལ་བའི་སྐྱོན་དུ་འགྱུར་ལ། འོན་ཏེ་ཀུན་གཞིར་ངོ་བོ་གཅིག་ན་ནི་གཟུང་འཛིན་རགས་པའི་འཁྲུལ་སྣང་མ་ཤར་བས་འདོད་གཟུགས་ཀྱི་སེམས་ཅན་ལྟ་བུའི་ཉེས་སྤྱོད་ཅན་དུ་མི་རུང་བའི་སྐྱོན་དུ་ཐལ་བར་འགྱུར་རོ། །གལ་ཏེ་ཐ་དད་པར་གྱུར་ན་ཡང་། ངོ་བོ་འབྲེལ་མེད་དུ་འགྱུར་བ་དང་། ཀུན་གཞི་མཐོང་བས་བག་ཆགས་མི་འཇིལ་བ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །དེས་ན་བསྒྲུབ་བྱའི་དོན་ནི། བྱེད་པའི་ལས་ཀྱིས་སོ་སོར་སྣང་ལ་ཤེས་པའི་རིགས་སུ་གཅིག་པ་ཡིན་པས་གཅིག་དང་ཐ་དད་ཀྱི་ངོ་བོ་ལས་གྲོལ་བ་ཡིན་ཏེ་དཔེར་ན་བག་ཆགས་སད་པའི་ཚེ། གཅིག་གྲུབ་ན་གཅིག་ཀྱང་འགྲུབ་པའམ། གཅིག་ཞིག་ན་གཅིག་ཀྱང་ཞིག་པར་འགྱུར་བ་དབྱིབས་སམ་ཁ་དོག་གམ། གཞི་དང་བཅས་པའི་དཔེ། བག་ཆགས་ངན་པར་སྣང་བ་རྙོག་མ་ཅན་ཡི་ཆུ་ལྟ་བུ་དང་། བག་ཆགས་བཟང་པོར་སྣང་བ་འོ་མའི་ཆུའམ་འོ་གའི་ཆུ་དྭངས་པ་ཇི་ལྟ་བ་བཞིན་ནོ། །གཉིས་པ་ནི། དེ་ན་དེ་ཉིད། ཅེས་པ་ནས། འབྱུང་བ་ཇི་བཞིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་གཅིག་ཐ་དད་ལས་གྲོལ་བའི་ཚུལ་དེ་བཞིན་ཡིན་ནའམ་ཚུལ་དེས་ན་གཅིག་དུ་མ་ལས་གྲོལ་བ་དེ་ཉིད་ལ་སྒོ་ལྔ་ཡིད་ཤེས་དང་བཅས་པས་ཡུལ་བཅད་པའི་བག་ཆགས་ཀྱི་ངོ་བོ་ནུས་པ་དང་བཅས་པ་དེ་ཉིད་དབང་བཙན་ནམ། གལ་ཏེ་བག་ཆགས་ཚོགས་དྲུག་དང་བཅས་པ་དེ་ཡི་གཞི་ཡི་རང་བཞིན་ཀུན་གཞི་འདི་ཉིད་དབང་བཙན་པ་ཡིན་ཞེས་རྒོལ་བར་བྱེད་ན། ལན་དུ་ཀུན་གཞི་ཉིད་བཙན་པས་ཆོས་ཉིད་ཀྱི་རང་བཞིན་གང་དུའང་མི་གཡོ་ལ་མཚན་ཉིད་མཐའི་སྤྲོས་པ་ཅིར་ཡང་མི་འགྱུར་བས་དབང་བཙན་པར་གནས་ལ་སྒོ་ལྔ་ཡིད་དང་བཅས་པའི་བག་ཆགས་ཀྱི་སྣང་བ་རྣམས་ནི་ཀུན་ནས་གཡོ་བ་དང་སྤྲོས་མཐའ་སྣ་ཚོགས་སུ་འགྱུར་བས་མི་བཙན་ལ་དེ་བཞིན་དུ་ཀུན་གཞིའི་ངོ་བོ་ནི་འཕྲལ་དུ་མ་བྱུང་བ་དང་ཚོགས་དྲུག་གི་བག་ཆགས་ནི་སྔ་མར་བཤད་པ་དེ་བཞིན་འཕྲལ་དུ་ཡུལ་ཐ་དད་ལས་འབྱུང་བ་ཡིན་པས། དཔེར་ན་ཀུན་གཞི་ནམ་མཁའ་ལྟ་བུ་དང་། ཚོགས་དྲུག་གི་བག་ཆག་དེའི་ངང་ལས་འབྱུང་བ་དང་འཇའ་རླན་སོགས་ཀྱི་ཆོ་འཕྲུལ་འཆར་བ་ཇི་ལྟ་བ་བཞིན་ནོ། །གསུམ་པ་ནི། ཐོག་མ་ཐ་མ། ཞེས་པ་ནས། འབྱུང་རྒྱུ་དེ་ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བས་ན་རང་བཞིན་དོན་གྱི་ཀུན་གཞིའི་གནས་ལུགས་ནི། ཐོག་མ་དང་ཐ་མ་མེད་དེ་སྔ་ཕྱིའི་དུས་དང་བྲལ་བས་འབྱུང་བ་དང་སངས་པའི་ཁྱད་པར་མི་དམིགས་ཤིང་ཡེ་ཉིད་ནས་ཡང་དག་པར་གནས་པས་མ་ནོར་བའི་ངོ་བོ་རྒྱུ་རྐྱེན་གྱིས་བྱས་པ་མེད་པར་མ་བཅོས་པའི་ཆོས་ཉིད་མ་བསླད་པས་དེ་བཞིན་ཉིད་ཀྱི་རང་བཞིན་དུས་བཞི་ཀུན་ཏུ་མ་བསྒྲིབས་ཏེ་གསལ་བར་སྣང་བའི་དབྱིངས་མུ་མཐའ་མེད་པའི་གསང་བ་དམ་པ་ཡིན་ལ། དེའི་ངོ་བོ་ནི་མཐའ་གང་དུའང་མ་བྱུང་བས་ཕྱོགས་ཆའི་སྤྲོས་པ་གང་ཅིར་ཡང་མི་སྣང་སྟེ་ཡེ་ཤེས་ཆེན་པོའི་རང་བཞིན་དུ་ཡེ་གདོད་མ་ནས་རང་བྱུང་གི་རིག་པར་འོད་གསལ་བའོ། །འོ་ན་འཁོར་བའི་ཆོས་ཇི་སྙེད་པར་སྣང་བ་འདི་ཉིད་ཅི་ཞིག་ཉེས་ཞེ་ན། རང་བཞིན་དེ་ལྟར་དུ་གནས་པ་ཡིན་ཀྱང་རང་ངོ་རང་གིས་མ་མཐོང་བའི་ཆ་ལས་སྦྱོར་བ་དོན་གྱི་ཀུན་གཞིའམ་འཁོར་བའི་རྒྱུའི་བག་ཆགས་དེ་ཉིད་སྐད་ཅིག་མའི་རྒྱུན་དུ་བྱུང་བས་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་བ་ཡིན་ཏེ། ལང་ཀར་གཤེགས་པ་ལས། སེམས་ཀྱི་ཆོས་ཉིད་དག་པ་སྟེ། །སེམས་ནི་ནོར་ལས་བྱུང་བ་ཡིན། །ནོར་བ་གནས་ངན་ལེན་པ་སྟེ། །དེ་ཡི་ཕྱིར་ན་སེམས་མི་མཐོང་། །ཞེས་དང་། སེམས་སླུ་བ་ཡི་སྨིག་རྒྱུ་བ། །ཇི་ལྟར་དཔྱིད་ཀ་གཡོ་བ་ན། །རི་དྭགས་རྣམས་ནི་ཆུར་འཛིན་ཏེ། །དེ་ལ་དངོས་པོ་ཡོད་པ་མིན། །དེ་བཞིན་རྣམ་ཤེས་ས་བོན་ཡང་། །ལྟ་བའི་ཡུལ་ལ་རབ་ཏུ་གཡོ། །བྱིས་པ་རྣམས་ནི་སྐྱེ་བར་འཛིན། །རབ་རིབ་ཅན་གྱིས་རབ་རིབ་བཞིན། །ཞེས་དང་། ཇི་ལྟར་རྒྱ་མཚོའི་རླབས་རྣམས་ནི། །རླུང་གི་རྐྱེན་གྱིས་བྱུང་བ་དག །གར་བྱེད་རབ་ཏུ་འཇུག་པར་འགྱུར། །རྒྱུན་ཀྱང་ཆད་པར་མི་འགྱུར་རོ། །དེ་བཞིན་ཀུན་གཞི་ཆུ་བོ་ཡང་། །རྟག་ཏུ་ཡུལ་གྱི་རྐྱེན་གྱིས་བྱུང་། །རྣམ་ཤེས་རྦ་རླབས་སྣ་ཚོགས་ཀྱིས། །གར་བྱེད་རབ་ཏུ་འདུད་པར་འགྱུར། །ཞེས་གསུངས་པ་ལྟར་དེ་ནི་རྣམ་ཤེས་ཚོགས་བདུན་གྱིའང་སྐྱེད་བྱེད་ཡིན་པས་ཀུན་ནས་ཉོན་མོངས་བའི་ཤེས་རྒྱུན་ཐམས་ཅད་སྐྱེ་ཞིང་འཁོར་བའི་ཆོས་རྣམས་འབྱུང་བའི་རྩ་བ་བག་ཆགས་སྣ་ཚོགས་ཀྱི་ནུས་པའི་མཐུ་ཡི་སྟོབས་ཅན་དང་བཅས་པས་འཁོར་བའི་གཞི་རྩར་གྱུར་པ་དེ་ཉིད་གཞིར་བཞག་པ་ལས་དངོས་པོ་གཟུང་འཛིན་སྣ་ཚོགས་སུ་འབྱུང་ཞིང་སྣང་བའི་རྒྱུ་དེ་ཉིད་ལ་བག་ཆགས་ཀྱི་ཀུན་གཞི་ཞེས་བརྗོད་པ་ཡིན་ཏེ། སྔ་མ་ལས། ཇི་ལྟར་མེ་ལོང་གཟུགས་བརྙན་དང་། །རབ་རིབ་ཅན་ལ་སྐྲ་འཛིངས་པ། །དེ་བཞིན་བག་ཆགས་ཀྱིས་གཡོགས་སེམས། །བྱིས་པ་རྣམས་ཀྱིས་མཐོང་བ་ཡིན། །ཞེས་དང་། ཀུན་གཞི་ལ་ནི་རྟེན་བཅས་ནས། །ཡིད་ཀྱང་ཤིན་ཏུ་འཇུག་པར་འགྱུར། །སེམས་དང་ཡིད་ལ་རྟེན་བཅས་ནས། །རྣམ་པར་ཤེས་པ་འཇུག་པར་འགྱུར། །ཞེས་དང་། འཇིག་རྟེན་དག་ན་སེམས་སླུ་བ། །ཅུང་ཟད་ཙམ་ནི་གང་ཡོད་པ། །རང་བཞིན་གཉིས་དང་འབྲེལ་བ་སྟེ། །ཀུན་གཞི་རྣམ་པར་ཤེས་པས་སྤྲུལ། །ཞེས་སོགས་གསུངས་པ་ཉིད་དོ། །འོན་ཀྱང་དེ་ཙམ་ཉིད་ནའང་རང་བཞིན་གང་དུའང་འབྱུང་ཞིང་སྣང་བར་གནས་པ་ནི་ངོ་བོ་ལ་མེད་པ་ཁོ་ནའོ། །དགུ་པ་ལ་བཅུ་གཅིག་སྟེ། བག་ཆགས་གློ་བུར་དུ་ལྡང་བའི་དཔེ་བཤད་པ། ཀུན་གཞིའི་རང་བཞིན་བག་ཆགས་དང་བྲལ་བའི་དཔེ་བསྟན་པ། རྩ་བའི་རྣམ་ཤེས་ལས་ཡན་ལག་འབྱུང་བས་འཁོར་བར་སྣང་བའི་དཔེ་བཤད་པ། བག་ཆགས་རྐྱེན་གྱིས་སློང་བའི་དཔེ་བསྟན་པ། རྨོངས་པའི་དབང་གིས་རང་བཞིན་གྱིའང་ལྡང་བའི་དཔེ་བསྟན་པ། ཀུན་གཞིས་བག་ཆགས་འཛིན་པའི་དཔེ་བཤད་པ། མ་རིག་པའི་མཐུན་རང་བཞིན་ལ་བག་ཆགས་བསྒོ་བའི་དཔེ་བསྟན་པ། བག་ཆགས་བསྣོན་མར་གསོགས་པའི་དཔེ་བཤད་པ། བག་ཆགས་བརྣན་ཏེ་བརྟས་པའི་དཔེ་བསྟན་པ། སྒྲིབ་པ་དག་ཅིང་འབྱངས་པའི་དཔེ་བསྟན་པ། བག་ཆགས་སྨིན་པའི་དུས་དང་དེའི་དཔེ་བཤད་པའོ། །དང་པོ་ནི། དྭངས་པའི་མཁའ་ལ། ཞེས་པ་ནས། སྤྲིན་ཕུང་འཐིབས་ཞེས་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། ཀུན་གཞིའི་དཔེ་རྣམས་ཇི་ལྟ་བུ་སྙམ་པ་ལ། དཔེར་ན་ཤིན་ཏུ་དྭངས་པའི་ནམ་མཁའ་དག་པའི་རང་བཞིན་ལ་རྒྱུ་བའི་སྤྲིན་གྱི་རིགས་ལས་ཆེན་པོ་རྣམས་སྤྲིན་ཕུང་ཡིན་པ་ལྟ་ཅི་སྨོས་ཏེ་ཐ་ན་གསེར་གྱི་རླངས་པ་ཙམ་གྱི་སྤྲིན་ཆུང་ངུ་འབྱུང་བ་ཚུན་ཆད་ཀྱང་སྤྲིན་དུ་གཏོགས་པ་ཡིན་པས་ནམ་མཁའ་སྒྲིབ་པའི་ཁུག་རླངས་དང་སྤྲིན་ཕུང་འཐིབས་པ་ཞེས་བྱ་ཞིང་དེའི་རྒྱུ་ཡང་ནམ་མཁའ་ཡིན་པ་ལྟར་ཀུན་གཞི་ཉིད་ལ་བག་ཆགས་ཀྱིས་སྒྲིབ་པའང་བྱུང་ཚོར་ཤིན་ཏུ་ཕྲ་བའི་གཡོ་བ་ཚུན་ཆད་ཀྱང་བག་ཆགས་སུ་གཏོགས་པ་ཡིན་པས་བག་ཆགས་ཀྱི་སྒྲིབ་པ་ཞེས་བྱ་ཞིང་དེ་དག་གི་རྒྱུ་ཡང་ཀུན་གཞི་ཡིན་ནོ་བར་བསྟན་པའོ། །གཉིས་པ་ནི། འབྱུང་བའི་སྐད་ཅིག །ཅེས་པ་ནས། བྱེ་བྲག་དེ་ཙམ་མོ། །ཞེས་པའི་བར་གྱིས་བསྟན་ཏེ། དཔེར་ན་དེ་ལྟར་ནམ་མཁའ་ལ་སྤྲིན་འབྱུང་བའི་སྐད་ཅིག་དེ་ཡི་སྔོན་ཕན་ཆད་སྤྲིན་ཕྲ་རགས་མ་བྱུང་བའི་དུས་སུ་ཤིན་ཏུ་དང་བའི་ནམ་མཁའ་ཉིད་སྣང་བ་ཡིན་ཀྱང་སྤྲིན་ཕུང་དེ་ཉིད་འབྱུང་བའི་སྐད་ཅིག་ཙམ་དུ་སྣང་བ་དེ་ཚུན་ཆད་ནས་ཡུན་ཐུང་ངུ་དང་རིང་པོར་བྱུང་བ་གཉིས་ཀ་དང་པོའི་ནམ་མཁའི་ཆོ་འཕྲུལ་སྣང་བ་ཞེས་བྱ་སྟེ། ནམ་མཁའ་མེད་པར་སྤྲིན་ཡོད་པར་མི་རུང་བས་ནམ་མཁའ་ཉིད་རྒྱུ་ཡིན་པ་དེ་བཞིན་དུ་ཀུན་གཞི་དེ་ཉིད་བག་ཆགས་དེ་དག་ཐམས་ཅད་ཀྱི་གཞིར་བཞག་པའང་། ཀུན་གཞི་དང་བག་ཆགས་གཉིས་ལམ་པའི་གང་ཟག་གིས་ལམ་ལྔའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་བག་ཆགས་བསལ་བའི་རིམ་པ་བཞིན་ཆོས་ཉིད་གསང་བའི་ནམ་མཁའ་སྣང་ཞིང་མཐར་བག་ཆགས་དག་པའི་ཆོས་སྐུའི་སྣང་བ་ཡོད་པས་སྤྲིན་དང་བྲལ་བའི་ནམ་མཁའ་ཡོད་པ་ལྟར་ལྡོག་པ་ཐ་དད་ཀྱི་དབྱེ་བ་ཡོད་ཀྱང་། ཀུན་ནས་ཉོན་མོངས་པའི་དུས་ན་སོ་སོར་མི་ཕྱེད་པས་ཀུན་གཞི་དང་བག་ཆགས་དུས་མཚུངས་ཤིང་གྲུབ་པ་དང་བདེ་བ་གཅིག་པར་གྱུར་པ་ཡིན་པའི་ཕྱིར་གྱི་གཏན་ཚིགས་དེས་ན་ཀུན་གཞི་དེ་ཉིད་བག་ཆགས་ཀྱི་ངོ་བོར་སྣང་བ་ཡིན་ཏེ་དེ་བས་ན་ཀུན་གཞི་དང་བག་ཆགས་ཀྱི་དབྱེ་བའི་ཆ་སོ་སོའི་བྱེ་བྲག་དེ་ཙམ་མོ། །ཞེས་རྣམ་དབྱེ་དེ་ལས་བཏགས་ཏེ་དོན་ལ་རྟེན་དང་བརྟེན་པའི་ཚུལ་ཡིན་པས་ཀུན་གཞི་མེད་པར་བག་ཆགས་ཡོད་པར་མི་རུང་བས་རྒྱུའི་དཔེ་དོན་ནམ་མཁའ་དང་ཀུན་གཞི་སྦྱར་ཏེ་གསལ་བར་བསྟན་པ་སྟེ། དོན་གྱི་ངོ་བོ་ནི་ནམ་མཁའི་རང་བཞིན་ལྟར་ཆོས་གང་ལའང་གནས་པ་མ་ཡིན་ནོ། །གསུམ་པ་ནི། དེ་ཉིད་དེ་ཡི། ཞེས་པ་ནས། སྔངས་འཇིགས་དངོས་པོ་ཉིད། །ཅེས་པའི་བར་གྱིས་བསྟན་ཏེ། ཀུན་གཞི་ལས་འཁོར་བའི་ཚོགས་དྲུག་སྣང་བའི་ཚུལ་ནི། ཀུན་གཞི་དེ་ཉིད་བག་ཆགས་དང་བཅས་པ་དེ་ཡི་སྐད་ཅིག་མའི་རྒྱུན་གྱི་རྒྱུ་བ་ལས་འཇུག་པའི་རྣམ་པར་ཤེས་པ་ཚོགས་དྲུག་པོ་རྣམས་རྩལ་དུ་འབྱུང་སྟེ་རྒྱ་མཚོའི་རླབས་ལྟ་བུར་སྣང་བ་ཉིད་དེ། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། བློ་གྲོས་ཡངས་པ་ལེན་པའི་རྣམ་པར་ཤེས་པ་དེ་ལ་རྟེན་ཅིང་གནས་ནས་རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་དག་འབྱུང་ངོ་། །དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་མིག་དང་གཟུགས་རྣམས་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་རྗེས་སུ་འཇུག་པ། དུས་མཚུངས་པ། སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་ངོ་། །ཞེས་སོགས་དང་། ལང་ཀར་གཤེགས་པ་ལས། ཀུན་གཞི་ལས་ནི་སེམས་ཀུན་ཀྱང་། །རྦ་རླབས་བཞིན་དུ་འབྱུང་བར་འགྱུར། །ཐམས་ཅད་བག་ཆགས་རྒྱུ་ལས་བྱུང་། །རྐྱེན་བཞིན་དུ་ནི་འབྱུང་བའོ། །ཞེས་བཀའ་སྩལ་བ་བཞིན་ཏེ། དེ་ཡང་དེ་ལྟར་ཚོགས་དྲུག་ཏུ་སྣང་བས་ཡུལ་བཅད་དེ་ཀུན་གཞི་ལ་བག་ཆགས་ཡིད་ཀྱི་བསྒོས་པས། འཁོར་བའི་རྩ་བའམ་ས་བོན་རྒྱས་ཤིང་ནུས་པའི་མཐུ་ཆེན་པོར་འཕེལ་བའི་བག་ཆགས་སྟོབས་ཅན་དུ་གྱུར་བས་གནས་ཀྱི་དངོས་པོ་གང་དང་སྤྱོད་ཡུལ་གང་ཡིན་པ་དག་ཀྱང་བཟང་ངན་དང་མཐོ་དམན་དུ་སྨིན་ཅིང་གང་སྣང་དེར་འཛིན་ཞེན་དང་བཅས་ཏེ་ཉོན་མོངས་ཤིང་ཉམ་ཐག་པ་དང་དེ་ལས་ཡུལ་ཐ་དད་པའི་བདེ་སྡུག་གི་མཚན་མར་སྣང་བ་སྣ་ཚོགས་པ་དེ་དག་ཀུན་ལ་ཚོགས་དྲུག་གི་འཛིན་ཞེན་གྱི་དབང་གིས་ལས་མང་པོ་གསོགས་ཏེ་འདུ་བྱེད་ཀྱི་རླུང་གིས་གཡོ་འགུལ་དུ་བསྐྱོད་པས་འགྲོ་བ་རིགས་དྲུག་ཏུ་ཟོ་ཆུན་བརྒྱུད་པའི་ཆུ་རྒྱུན་ལྟར་ཕྱི་ནང་གི་རྟེན་ཅིང་འབྲེལ་བའི་ཡན་ལག་དང་མཐུན་པར་འཁོར་ཞིང་སྡུག་བསྔལ་བ་ཡིན་ཏེ། རིན་པོ་ཆེ་རྒྱན་ལས། ཡིན་པར་གནས་དང་མ་ཤེས་པ། །སྔ་ཕྱི་མི་གནས་ཐོག་མ་མེད། །ཚད་ལས་འདས་པས་ཐ་མའང་བྲལ། །རྒྱུན་དུ་མི་སྟོངས་འཁོར་ལོ་བསྐོར། །ཟོ་ཆུ་བརྒྱུད་པའི་འཁོར་ལོ་ལྟར། །ཕྱི་ནང་བཅུ་གཉིས་ཤུགས་ཀྱིས་བསྐྱར། །ཡོད་པ་མིན་ཀྱང་དོན་ལྟར་སྣང་། །རྐྱེན་གྱིས་དཀྲུགས་པའི་དབང་པོ་བཞིན། །ཞེས་སོ། །དེས་ན་ཀུན་གཞི་རྒྱུའི་རྐྱེན་དུའང་འགྱུར་རོ། །དེའང་ཀུན་གཞི་དང་བག་ཆགས་ལས་འབྲས་བུ་འཁྲུལ་པ་དངོས་ཡུལ་དུ་རང་སྣང་བ་གང་ཡིན་པ་དེ་ལ་ཚོགས་དྲུག་གིས་བྱེ་བྲག་ཏུ་བཟུང་ཞིང་སྤྱོད་ཡུལ་དེ་ལྟར་ཤེས་ཤིང་གསལ་བར་རིག་པའི་སྒོ་ནས་སྒོ་ལྔས་ཡུལ་ལྔར་བཅད་ཅིང་ཡིད་ཐུན་མོང་གི་རྗེས་སུ་འབྲང་བ་དེའང་ཀུན་གཞིའི་བག་ཆགས་ཀྱི་རྒྱུད་གང་དུ་དམིགས་ཏེ་ཡུལ་དུས་དབྱེ་བ་མེད་པར་རྣམ་པར་སྨིན་པའི་ཆ་ལ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་བདག་ཏུ་ལྟ་བ་དང་གང་དེ་ལ་བདག་གིར་ཡང་འཛིན་པས་བརྟགས་པའི་རྟོག་པ་སྐད་ཅིག་མ་དེ་ཡི་རྒྱུན་ལས་ཐམས་ཅད་ཟག་བཅས་སུ་སོང་བ་དེ་ལས་ཀུན་གཞི་བག་ཆགས་དང་བཅས་པའི་འབྲས་བུ་དེ་ཡང་འཁོར་བའི་གཟུགས་དང་ཆོས་སྣ་ཚོགས་སུ་རེད་ཅིང་སྣང་བ་འདིར་སྨིན་པར་འབྱུང་སྟེ་འཁྲུལ་འཁོར་ཅན་དུ་འཕྱན་པའོ། །དེ་ལྟ་བུའི་གཟུང་འཛིན་གྱི་འཁོར་བར་སྣང་བའི་ཆོས་དེ་དག་ལའང་གང་གཟུགས་ཀྱི་ཕུང་པོའི་ཆ་ལ་བརྟེན་ནས་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་གང་གི་ཡུལ་ལ་འདུ་ཤེས་ཀྱིས་མཚན་མར་འཛིན་པའི་བྱེ་བྲག་ཏུ་ཤེས་པས་འདུ་བྱེད་ལངས་བ་གང་དེ་ཡིས་ལས་སྣ་ཚོགས་སྤྱད་པས་རྣམ་པར་ཤེས་པས་དེ་དང་མཐུན་པར་རིག་སྟེ་ཡུལ་གྱི་རྐྱེན་སྣང་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པས་སྐྲག་ཅིང་སྔངས་པ་དང་འཇིགས་པ་བརྒྱད་ལ་སོགས་པས་ཡང་བའི་དངོས་པོ་ཅན་ཉིད་དུ་གྱུར་ཏེ་ཡུལ་རྐྱེན་ངན་པས་ཉམ་ཐག་ཅིང་ཐར་མེད་དུ་འཁྱམས་པ་ཡིན་ཏེ། སྔ་མ་ལས། མ་རིག་འདམ་གྱི་ཕུང་པོ་ལ། །ཉོན་མོངས་དུག་གི་གཞི་བཏབ་པས། །སྡུག་བསྔལ་སྣ་ཚོགས་ཉེས་པས་ཉེན། །ཐར་པ་བདེ་ཆེན་སྲོག་བྲལ་བའོ། །ཞེས་དང་། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། དེ་ཡང་ཀུན་གཞི་ངར་འཛིན་དང་། །བག་ཆགས་ཡོངས་སུ་མ་ཟད་པས། །ཆེ་བའི་ཡོན་ཏན་མི་རྫོགས་ཤིང་། །འཁོར་བའི་གནས་ལས་དེ་མི་ཐར། །ཞེས་སོ། །བཞི་པ་ནི། མེ་ལོང་ཤེལ། ཞེས་པ་ནས། ཕྲད་ན་དེ་བཞིན་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། ཀུན་གཞི་ལ་བག་ཆགས་རྐྱེན་གྱིས་སློང་ངོ་ཞེས་པའི་ཚུལ་ཇི་ལྟ་བུ་ཞེ་ན། དཔེར་ན་མེ་ལོང་གཡའ་ཅན་དང་། མེ་ཤེལ་དང་། ཆུ་ཤེལ་ལམ་བཙའ་རྡོ་དང་གཙུབ་ཤིང་མེ་འབྱུང་བ་གསུམ་ལ། གཟུགས་བརྙན་དང་མེ་ཆུ་འབྱུང་རུང་རང་རྒྱུད་དུ་ཡོད་པ་དེ་ཉིད་རྐྱེན་དྲི་སྣུམས་ཀྱིས་ཕྱིས་ཏེ་དྭངས་པ་ན་གཟུགས་དང་། ཉི་མའི་འོད་ཟེར་དང་། ཟླ་བའི་འོད་ཟེར་རམ་སྐྱེས་བུའི་རྩོལ་བས་བརྡབས་པ་དང་བཙུབ་པ་ཡིན་རྐྱེན་གང་དང་ཕྲད་ན་ཡང་གཟུགས་བརྙན་དང་མེ་དང་ཆུའམ་མེ་འབྱུང་བ་དེ་བཞིན་དུ་ཀུན་གཞི་ལ་བག་ཆགས་ཀྱི་ས་བོན་གང་འབྱུང་བའང་གློ་བུར་གྱི་ལས་ཀྱི་རྐྱེན་གང་གིས་བསྒྱུར་བ་དེ་ཉིད་སློང་ཞིང་སད་པར་བྱེད་དོ། །འདིར་ཕྱག་དཔེ་ལ་ལར། མེ་ལོང་མེ་ཤེལ་ཆུ་ཤེལ་གསུམ། །ཞེས་ཀྱང་འབྱུང་ངོ་། །ལྔ་པ་ནི། མེ་ལོང་མཚོ་རླབས། ཞེས་པ་ནས། རྒྱུ་ཡིས་རང་བཞིན་ལྡང་། །ཞེས་པའི་བར་གྱིས་བསྟན་ཏེ། ཇི་ལྟར་བསླང་བས་བག་ཆགས་རང་བཞིན་གྱིའང་ལང་བའི་ཚུལ་དཔེ་གང་གིས་མཚོན་ཞེ་ན། དཔེར་ན་མེ་ལོང་ལས་གཡའ་ལྡང་བ་དང་། མཚོ་ལས་ཡར་རླབས་མོ་ལྡང་བ་དང་། ས་ལས་རླངས་པ་འབྱུང་བའི་དཔེ་གསུམ་པོ་ཇི་ལྟ་བ་དེ་བཞིན་དུ་མ་རིག་པས་ནོན་ཏེ་ཡུན་ཇི་སྲིད་ཐོག་མ་མེད་པའི་དུས་ནས་བག་ཆགས་བསགས་པ་དེ་ཡི་སྐད་ཅིག་མའི་རྒྱུན་གྱི་བག་ཆགས་ཀྱི་བྱུང་ཚོར་རྒྱུ་བ་རྣམས་རྐྱེན་གྱིས་མ་བསླང་ཡང་སྔོན་དེ་ཉིད་ལ་གོམས་ཤིང་བརྟས་པའི་རྒྱུ་ཡིས་རང་བཞིན་དུའང་ལྡང་བར་འགྱུར་བ་ཡིན་ནོ། །དཔེ་གསུམ་ནི་རྣམ་པར་སྨིན་པའི་བག་ཆགས་ཀྱི་དཔེ་གཉིས་དང་། རྒྱུ་མཐུན་པའི་བག་ཆགས་ཀྱི་དཔེ་གཅིག་སྟེ་མཚོན་ཚུལ་གསུམ་གྱི་ཕྱིར་དང་། ཤེས་པ་ཐ་དད་དཔེ་མོས་ཕྱོགས་ནས་ཤེས་པར་བྱ་བའི་ཕྱིར་ཏེ་བཤད་པ་དང་འཆད་པ་ལའང་སྦྱར་རོ། །དྲུག་པ་ནི། མེ་འཛིན་དེ་འཛིན། ཞེས་པ་ནས། དེ་འཛིན་བྱེད་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། ཀུན་གཞིས་བག་ཆགས་འཛིན་ཞིང་སྨིན་པར་བྱེད་པའི་ཐབས་སུ་གྱུར་པ་དེ་ཉིད་དཔེ་གང་གིས་མཚོན་ཞེ་ན། དཔེར་ན་རྩྭ་ཡིས་མེ་འཛིན་པ་དང་མངལ་གྱིས་ཕོའི་ས་བོན་དེ་ཉིད་འཛིན་པ་དང་སྦྲང་རྒྱས་འདབ་གཤོག་ཅན་གྱི་སྦྲང་མ་འཛིན་པ་དེ་ལྟར་བག་ཆགས་དེ་ཉིད་ཀྱང་ཀུན་གཞིའི་ཤེས་པ་དེ་ཡིས་སྔ་མའི་སྟོབས་ལས་ཕྱི་མ་འབྱུང་བ་དེ་ཡི་སྐད་ཅིག་མའི་རྒྱུན་ལ་ཡུལ་མང་དུ་བཅད་པས་བག་ཆགས་ཆེ་ཕྲ་གང་ཞེན་ཅིང་ཆགས་པ་དེ་ཉིད་མི་གཏོང་བར་འཛིན་ཅིང་དུས་སུ་སྨིན་པར་བྱེད་པ་ཡིན་ནོ། །བདུན་པ་ནི། རས་དཀར་ལ་སོགས། ཞེས་པ་ནས། བསྒོས་པ་དེ་ཉིད་དུའོ། །ཞེས་པའི་བར་གྱིས་བསྟན་ཏེ། དཔེར་ན་རས་དཀར་པོ་དང་། དར་དཀར་དང་སྣམ་བུ་དཀར་པོ་ལ་སོགས་པ་དེ་དག་རྣམས་ནི་ཚོན་དང་ཆོས་གང་གིས་བསྒོའི་ཞེས་བསྒོས་ཏེ་བསྒྱུར་བའི་དབང་དུ་རས་སྣམ་ལ་སོགས་པ་དེ་དག་ཉིད་འདུ་ཞིང་དངོས་པོའི་ཁ་དོག་དེར་འགྱུར་བའོ། །དཔེ་དེ་བཞིན་དུ་ཀུན་གཞི་ཉིད་ཀྱང་ཡེ་ནས་དྲི་མ་མེད་པའི་དར་དཀར་པོ་ལྟ་བུ་དེ་ལ་བག་ཆགས་དེ་ཡི་རྒྱུན་དག་ལས། ལས་གང་སྤྱད་ཅིང་གོམས་པ་ཉིད་ཀྱིས་བག་ཆགས་གང་ཇི་ལྟར་བསྒོས་པ་དེ་ཉིད་ཀྱི་དབང་དུ་ཀུན་གཞི་ཡང་འགྱུར་བས་ལས་སྣང་སྣ་ཚོགས་ལ་སྤྱོད་པའོ། །བརྒྱད་པ་ནི། གངས་དྲེག་ལ་སོགས། ཞེས་པ་ནས། དེ་དག་ཉིད་དུའོ། །ཞེས་པའི་བར་གྱིས་བསྟན་ཏེ། དཔེར་ན་གངས་རིའི་དྲེག་པ་དང་། ཐེར་སླང་གི་དྲེག་པ་དང་། ལ་སོགས་པ་ཞེས་དངོས་པོ་གཞན་བསྡུ་བ་ནི་ཕྲུ་ཟངས་ལ་སོགས་པ་སྟེ། དེ་དག་རྣམས་ནི་སྔ་མའི་སྟེང་དུ་ཕྱི་མ་སོགས་ཏེ་བསྣན་པས་དེ་དག་རྒྱུད་མཐུན་པར་འཕེལ་ཞིང་འཐུག་པར་གྱུར་པ་ཉིད་དུ་སྣང་བ་དེ་ལྟར་ཀུན་གཞི་སྐད་ཅིག་མ་དེ་ཡི་རྒྱུན་ལ་ཕྱི་མའི་འབྲས་བུ་འབྱུང་བའི་རྒྱུའི་བག་ཆགས་སྙིང་ཟུག་ཏུ་ཡོད་པ་གང་ཡིན་པ་དེ་དག་རྣམས་ལ་ནི་ཕྱིས་ཀྱི་དགེ་སྡིག་གི་ལས་ཀྱིས་བསྒོས་པས་ཀུན་གཞི་དེ་ཡང་བག་ཆགས་དེ་དག་དང་རྒྱུད་མཐུན་པར་གྱུར་པས་འཕེལ་ཞིང་འཐུག་པའི་བག་ཆགས་ཉིད་དུ་གྱུར་པའོ། །དགུ་པ་ནི། འོ་མ་ཆུ་དང་། ཞེས་པ་ནས། དེ་ལྟར་སྣང་བ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། བག་ཆགས་བརྟས་པའི་དཔེ་ཇི་ལྟ་བུ་ཞེ་ན། དཔེར་ན་འོ་མ་ལས་ཞོར་གྱུར་པ་དང་། ཆུ་ལས་ཆབ་རོམ་དང་། ས་བོན་གཉིས་ལས་ལུས་སུ་གྱུར་པའང་འོ་མ་དང་ཆུ་དང་ས་བོན་ཡང་བརྟས་པའི་དངོས་པོ་དེ་གསུམ་ཉིད་མ་ཡིན་པས་འབྲས་བུ་དང་དངོས་སུ་མི་འདྲ་བར་གྱུར་པ་ལས་རུ་མ་དང་གྲང་རེག་དང་འབྱུང་བ་བཞིའི་རྐྱེན་གྱིས་དེ་རྣམས་བརྟས་ཏེ་ཞོ་དང་ཆབ་རོམ་དང་ལུས་སུ་གྱུར་པ་ཡིན་པ་ལྟར། བག་ཆགས་དེ་ཉིད་ཀུན་གཞི་དེ་ཡི་སྐད་ཅིག་མའི་རྒྱུན་དེ་ལ་ཡོད་པ་ལས་བརྟན་པར་མ་གྱུར་པ་དེ་ཡང་གློ་བུར་གྱི་ལས་དགེ་སྡིག་མང་དུ་སྤྱད་པས་དེ་ལྟར་འདྲིས་གོམས་སུ་བརྣན་པ་བཞིན་དུ་བག་ཆགས་དེ་ཡང་བརྟན་པར་གྱུར་ཏེ་མཐུ་ཅན་དུ་སྣང་བ་ཡིན་ནོ། །བཅུ་པ་ནི། གནས་པ་དེ་དག །ཅེས་པ་ནས། བ་དེ་དེ་ཉིད་དུའོ། །ཞེས་པའི་བར་གྱིས་བསྟན་ཏེ། བག་ཆགས་འབྱང་བའི་དཔེ་ནི། དཔེར་ན་རྙོག་ཆུ་མ་བསྒུལ་ན་ཆུ་དེར་རང་བཞིན་གྱིས་དྭངས་པ་ལྟར། ཀུན་གཞི་ལ་བག་ཆགས་ངན་པ་གནས་པ་དེ་དག་གིས་དག་པའི་ངོ་བོ་བསྒྲིབས་པ་གང་ཡིན་པ་དེའང་། རྣལ་འབྱོར་པས་ལྟ་བ་རྟོགས་ཏེ་ཏིང་ངེ་འཛིན་སྒོམས་པའི་དུས་ན་བག་ཆགས་ངན་པ་བྱང་ནས་དག་པའི་རང་བཞིན་དེར་འབྱུང་བ་དེ་ཡང་སེམས་ཀྱི་དེ་ཁོ་ན་ཉིད་དུ་ཆོས་ཉིད་ཀྱིས་འབྱངས་པ་ཁོ་ནའོ། །བཅུ་གཅིག་པ་ནི། མྱུར་སྨིན་དུས་སྨིན། ཞེས་པ་ནས། ཆེ་ཆུང་འཕེལ་འགྲིབ་དེའོ། །ཞེས་པའི་བར་གྱིས་བསྟན་ཏེ། བག་ཆགས་སྨིན་པའི་དུས་ཉིད་ནི། ཀུན་གཞི་ལ་བག་ཆགས་སྨིན་པ་མྱུར་བུལ་ཡོད་དེ། དཔེར་ན་ཤིང་ཏོག་པ་ན་སེ་ལྟ་བུར་འབྲུ་དུས་གཅིག་ལ་སྨིན་པ་དང་། དུས་གཉིས་ལ་སྨིན་པ་དང་། འབྲུ་དུས་གཉིས་ཀྱི་རྗེས་སུ་སྨིན་པའི་ཁྱད་པར་ཡོད་པ་ལྟར། བག་ཆགས་ཀྱི་འབྲས་བུ་དུས་མྱུར་བར་ཚེ་འདི་ལ་སྨིན་པ་མཐོང་ཆོས་མྱོང་འགྱུར་གྱི་ལས་ཏེ་དཔེར་ན་འགོག་པའི་སྙོམས་འཇུག་ལས་ལངས་པ་ལ་ཕན་གནོད་བྱས་པ་ལྟ་བུའོ། །དུས་ཕྱི་མ་ལ་སྨིན་པ་སྐྱེས་ནས་མྱོང་འགྱུར་གྱི་ལས་ཏེ་དཔེར་ན་མཚམས་མེད་བྱས་པ་དང་དམྱལ་བར་སྐྱེ་བ་ལྟ་བུའོ། །དུས་གཉིས་ཕན་ཆད་དུ་སྨིན་པ་ལན་གྲངས་གཞན་ལ་མྱོང་བ་འགྱུར་གྱི་ལས་ཏེ་དཔེར་ན་ཉི་མ་འཆར་བ་ལྟ་བུའོ། །སྨིན་པར་ངེས་པ་མེད་པ་མྱོང་བར་མ་ངེས་པའི་ལས་ཏེ་དཔེར་ན་མེ་བཀག་པ་ལྟ་བུ་དང་བཞིའོ། །དེ་ལྟར་སྨིན་པ་དེ་ཉིད་ཅིའི་ཕྱིར་ཞེ་ན། དཔེར་ན་རྒྱུ་ས་བོན་སྐྱོན་མེད་པ་ཆེ་ཆུང་ངམ་མང་ཉུང་དུ་བཏབ་པ་ལས་འབྲས་བུ་ཡང་འཕེལ་འགྲིབ་བམ་མང་ཉུང་དུ་འགྱུར་བ་ལྟར་བག་ཆགས་སྔ་མའི་ས་བོན་ཆེ་ཆུང་ལ་ཕྱི་མའི་དགེ་སྡིག་གི་ལས་ཆེ་ཆུང་གི་རྐྱེན་གྱིས་འཕེལ་འགྲིབ་ཏུ་གྱུར་ཏེ་དེ་དང་མཐུན་པར་སྣང་བའོ། །ཡང་ན་ཚིག་རྐང་གཉིས་ཀྱི་གོང་མ་དཔེ་དང་འོག་མ་དོན་དུ་སྦྱར་བར་བྱའོ། །བཅུ་པ་ལ་གསུམ་སྟེ། ཆོས་ཉིད་སྒྲིབ་ཅིང་མ་མཐོང་བས་མུན་པར་བསྟན་པ། བག་ཆགས་སྐྱེ་འགག་དང་བཅས་པས་འབྲས་བུ་ཐ་དད་འབྱུང་བ། རང་གི་རྩལ་ལས་ཚོགས་དྲུག་གི་འབྱུང་འཇུག་རྒྱུན་མི་འཆད་པའོ། །དང་པོ་ནི། སྤྲིན་དང་ལིང་ཏོག །ཅེས་པ་ནས། དེ་ཉིད་མཐོང་མ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། བག་ཆགས་ཀྱིས་ཡང་དག་པའི་དོན་མཐོང་དུ་མི་སྟེར་བར་སྒྲིབ་པའི་དཔེ་ཇི་ལྟ་བུ་ཞེ་ན། དཔེར་ན་སྤྲིན་གྱིས་ནམ་མཁའ་དང་ཉི་མ་མི་མཐོང་བར་སྒྲིབ་པ་དང་ལིང་ཏོག་གིས་གཟུགས་སྣང་གི་ཡུལ་མི་མཐོང་བར་བྱེད་པ་དང་མུན་པ་ཡིས་གསེར་ལ་སོགས་པའི་རྫས་གང་ཡིན་པ་མི་མཐོང་བར་སྒྲིབ་པ་ལྟར་དུ། ཀུན་གཞི་དེ་ཡི་རྒྱུན་ལ་བག་ཆགས་ཀྱི་ཚོགས་སྟུག་པོ་དེ་ཉིད་འཁྲིགས་ཏེ་མུན་པ་ལྟ་བུ་དེ་ཡིས་ཤེས་པའི་རྒྱུད་སྒྲིབ་པས་བལྟ་བར་བྱ་བ་རྩ་བ་ཆེན་པོ་ཀུན་གཞིའི་དེ་ཁོ་ན་ཉིད་སྙིང་པོ་བྱང་ཆུབ་ཀྱི་དོན་ཉིད་མཐོང་དུ་སྟེར་བ་མ་ཡིན་པས་ཆོས་ཉིད་མཐོང་བར་མི་འགྱུར་རོ། །ཡང་ན། སྤྲིན་དང་ལིང་ཏོག་དང་མུན་པ་གསུམ་གྱིས་མཁའ་ཉི་དང་གཟུགས་དང་གསེར་ལ་སོགས་པའི་རྫས་གང་མི་མཐོང་ཞེས་སྦྱར་ཏེ་དོན་དུ་འདྲའོ། །གཉིས་པ་ནི། དང་པོ་གཉིས་དང་། ཞེས་པ་ནས། སྣ་ཚོགས་ཐ་དད་ལེན། ཞེས་པའི་བར་གྱི་བསྟན་ཏེ། ཚོགས་དྲུག་བར་མ་དོར་འགགས་པ་བག་ཆགས་ཀྱི་དབང་གིས་ཕྱིས་སྣང་དུ་འདོད་པའི་དཔེ་ནི། དཔེར་ན་ཏིལ་དང་མེ་ཏོག་སྣ་མ་ཡུན་རིང་དུ་ལྷན་ཅིག་བཞག་པས་ཏིལ་མར་ལ་སྣ་མའི་དྲི་འབྱུང་བ་བཞིན་སྔ་མའི་ལས་ཀྱི་བག་ཆགས་ཀྱིས་ཚོགས་དྲུག་དང་པོ་ཚེ་འདི་དང་གཉིས་པ་ཤི་ནས་བར་མ་དོ་དང་གསུམ་པ་སྐྱེ་བ་ཕྱི་མ་རྣམས་ལ་དང་པོ་ཚེ་འདིར་གསལ་བ་དང་བར་མ་དོར་འགགས་པ་དང་ཉམས་པར་གྱུར་ཀྱང་སླར་ཕྱི་མའི་སྐྱེ་བ་ལ་སྔ་མར་ཞེན་པའི་མཐུས་ཚོགས་དྲུག་མངོན་དུ་སྣང་སྟེ་ལས་གང་བྱེད་ཀྱི་འབྲས་བུ་སྤྱོད་ཡུལ་དང་ཚེ་ཚད་ལ་སོགས་པ་ཐ་དད་དུ་སྣང་བར་འགྱུར་བའོ། །འོ་ན་ཤེས་པ་ཐ་དད་ཡིན་ནམ་ཞེ་ན། ཤེས་པའི་རྒྱུན་ཐ་དད་མིན་ཡང་བག་ཆགས་ཀྱིས་འབྲས་བུ་ཐ་དད་ལེན་པའི་དཔེར་སྟོན་ཏེ། དཔེར་ན་ལག་པས་ཡེ་གེ་བྲིས་པའི་སྒྲ་ཐ་དད་པ་ལྟར། ཀུན་གཞི་བག་ཆགས་དང་བཅས་པ་དེ་ཉིད་ཆོས་ཀུན་གྱི་རྒྱུ་ཡིན་པས་དགེ་སྡིག་ལུང་དུ་མ་བསྟན་པའི་ཡུལ་ཀུན་ལ་ཚང་བར་འགྲོ་བའི་གཏན་ཚིགས་ཀྱི་ཕྱིར་ཀུན་གཞི་བག་ཆགས་དང་བཅས་པ་གཅིག་གིས་ལས་སྣ་ཚོགས་གསོགས་ཏེ་འབྲས་བུ་མཐོ་རིས་དང་ངན་སོང་ཐ་དད་པའི་སྐྱེ་གནས་མང་པོ་ལེན་པར་བྱེད་པའོ། །གསུམ་པ་ནི། དེ་ཉིད་རྩལ་ལས། ཞེན་པ་ནས། སྨིག་རྒྱུ་ཇི་བཞིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། བག་ཆགས་རྒྱུ་བའི་དཔེ་སྤྱིར་བསྟན་པ་ནི། ཀུན་གཞི་དེ་ཉིད་ཀྱི་རྩལ་ལས་ཡུལ་ལ་འཇུག་པ་རྣམ་པར་ཤེས་པའི་ཚོགས་དྲུག་ཏུ་བྱུང་ནས་ཡུལ་བཅད་དེ་མགོ་མཉམ་དུ་ཚོགས་དྲུག་གི་ཡུལ་དང་ཤེས་པ་གཉིས་ཀའི་བག་ཆགས་ཀུན་གཞི་ལ་བསྒོས་ཏེ་སླར་འཇུག་པ་ཡང་མཚོ་རླབས་མཚོ་ལ་སྡུད་པ་ལྟར་ཀུན་གཞི་དེ་ཉིད་ལ་འདུ་ཞིང་བག་ཆགས་གསོགས་ལ་དེ་ལས་སླར་ཡང་འབྱུང་བའང་དཔེར་ན་རྒྱུན་མི་ཆད་པར་དུམ་བུ་དུམ་བུར་འབྱུང་བ་ཆར་རྒྱུན་ལྟ་བུ་དང་ཚ་སྒོ་དང་སེར་བུ་ལ་སོགས་པའི་རྐྱེན་གྱིས་ནམ་མཁའ་ལ་སྨིག་རྒྱུ་མེད་བཞིན་དུ་གཡོ་ཞིང་ཐ་མར་ཡང་ནམ་མཁར་འཇུག་པ་ཇི་ལྟ་བ་བཞིན་ནོ། །དེ་སྐད་དུ་ཡང་། ཐེག་བསྡུས་ལས། ཆོས་ཀུན་རྣམ་པར་ཤེས་ལ་སྦྱོར། །དེ་དག་ལ་ཡང་དེ་དེ་བཞིན། །ཕན་ཚུན་འབྲས་བུའི་དངོས་པོ་དང་། །རྒྱུ་ཡི་དངོས་པོ་དག་ཏུ་སྦྱོར། །ཞེས་ཆོས་མངོན་པའི་མདོ་ལས་གསུངས་པར་བཤད་དོ། །བཅུ་གཅིག་པ་ལ་ལྔ་སྟེ། ཀུན་གཞི་ལ་ཡུལ་སྣང་ཡང་བྱེ་བྲག་མི་གསལ་བའི་དཔེ། ཀུན་གཞི་དང་བག་ཆགས་འདྲེས་པ་ལས་འབྲས་བུའི་ནུས་པ་སྣང་བའི་དཔེ། བག་ཆགས་རྒྱུའི་དུས་ན་མི་སྣང་བར་འབྲས་བུའི་ཚེ་ན་སྣང་བའི་དཔེ། ཀུན་གཞི་དང་བག་ཆགས་མི་འདྲ་ཡང་བསྒོ་རུ་བཏུབ་པའི་དཔེ། བག་ཆགས་ཐེར་ཟུག་མ་ཡིན་པས་གནས་སྐབས་འགྱུར་བར་བསྟན་པའོ། །དང་པོ་ནི། མིག་ནད་དབང་གིས། ཞེས་པ་ནས། མ་ཡིན་ངོ་བོ་ཙམ། །ཞེས་པའི་བར་གྱིས་བསྟན་ཏེ། བག་ཆགས་མི་གསལ་བར་རྒྱུ་བའི་དཔེ་ནི། དཔེར་ན་རབ་རིབ་ཅན་དང་མིག་ནད་ཡོད་པའི་དབང་གིས་གཟུགས་སྣང་གི་ཡུལ་དག་མཐོང་ཡང་མི་གསལ་བ་ལྟར་དུ། ཀུན་གཞིའི་བག་ཆགས་ཀྱི་རྒྱུ་བའང་ཤིན་ཏུ་ཆ་ཕྲ་བ་ལ་ཡུལ་ཡོར་པོར་སྣང་ཡང་ཚོགས་དྲུག་གིས་བསྒྲིབས་པས་བྱེ་བྲག་ཐ་དད་དུ་གསལ་བ་མ་ཡིན་པར་སྤྱིར་རགས་པའི་ངོ་བོ་ཙམ་མཐོང་བ་ཡིན་པས་རིས་སུ་བཅད་དེ་བརྟགས་པར་དཀའ་བའོ། །གཉིས་པ་ནི། གང་དང་འདི་གཅིག །ཞེས་པ་ནས། ལས་བྱུང་དེ་རྣམས་འབྱེད། །ཅེས་པའི་བར་གྱིས་བསྟན་ཏེ། ཀུན་གཞི་རྒྱུའི་དུས་ཀྱི་བག་ཆགས་ངན་པ་སྤངས་ནས་འབྲས་བུའི་བག་ཆགས་བཟང་པོ་ལེན་པའི་དཔེ་ཇི་ལྟ་བུ་ཞེ་ན། ཀུན་གཞི་གང་དང་དགེ་སྡིག་གི་བག་ཆགས་འདི་གཉིས་ཚེ་འདིར་བསགས་པ་མཐུ་བརྟས་པ་དེས་གཅིག་པ་ལྟ་བུར་གྱུར་ཏེ་ཆུ་དང་འོ་མ་འདྲེས་པ་ལྟར་སྣང་བ་དག་ལས་ཀུན་ནས་ཉོན་མོངས་པའི་བག་ཆགས་སྤོང་ལ་རྣམ་པར་བྱང་བའི་བག་ཆགས་དང་དུ་ལེན་པ་ནི་དཔེར་ན་ངང་པའི་རྒྱལ་པོ་རབ་དགའི་མཆུ་ལ་སྐྱུར་རྩི་ཡོད་པའི་སྒྱུ་རྩལ་གྱི་ནུས་པས་ཆུ་དང་འོ་མ་འདྲེས་པ་དེ་གཉིས་འབྱེད་ནས་ཆུ་བཞག་ནས་འོ་མ་དེ་དག་ལེན་པ་ལྟར། ཀུན་གཞི་དེ་ཉིད་ལ་བག་ཆགས་གཉིས་གནས་པས་གནས་མཐོ་དམན་ཉིད་དུ་སྣང་བར་བྱེད་པའང་ཀུན་གཞི་གནས་གྱུར་པའི་རིག་པ་ལས་བྱུང་བའི་རྩལ་གྱིས་དགེ་སྡིག་གི་བག་ཆགས་དེ་རྣམས་འབྱེད་ཅིང་སྤོང་ལེན་བྱེད་པ་སྟེ། རྒྱན་སྟུག་པོ་བཀོད་པ་ལས། ཉི་མ་ཟླ་བའི་ནོར་བུ་དག །ཡོངས་སུ་དག་པའི་མཚན་ཉིད་ཅན། །ཉི་ཟླའི་ཟེར་གྱིས་ཕོག་པ་དང་། །དེ་དག་རང་གི་ཡོན་ཏན་འབྱིན། །དེ་བཞིན་ཀུན་གཞི་རྣམ་ཤེས་པ། །དེ་བཞིན་གཤེགས་པའི་དགེ་སྙིང་པོ། །ཟག་མེད་ལེགས་དང་ལྡན་གྱུར་ཏེ། །གཞན་དུ་གྱུར་ན་རབ་ཏུ་འབྱིན། །ཞེས་དང་། གང་ཚེ་ཀུན་གཞི་འདི་འདྲ་བར། །རྣམ་པ་སྣ་ཚོགས་ཀུན་མཐོང་སྟེ། །འགྲོ་བ་རང་སེམས་མཐོང་བ་དང་། །དེ་ཚེ་སེམས་ནི་ཕྱིར་ལོག་གོ། །ཆོས་རྣམས་ཐམས་ཅད་ཀུན་གྱི་གཞི། །བག་ཆགས་སྙེམས་ལ་སོགས་པ་དང་། །རྟོག་པས་རྙོག་པ་ཅན་དུ་བྱས། །གཞན་དུ་གྱུར་ནས་ཟག་པ་མེད། །ཅེས་སོགས་མང་ངོ་། །གསུམ་པ་ནི། གང་འདིར་སྦྱོར་ཞིང་། ཞེས་པ་ནས། དེ་དག་འབྱུང་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཀུན་གཞིའི་བག་ཆགས་རྒྱུའི་དུས་ན་མི་མངོན་པ་ལས། འབྲས་བུའི་དུས་ན་མངོན་པའི་དཔེ་གང་ཞེ་ན། དཔེར་ན་དར་གྱི་བྱེ་བྲག་ཧཱ་རིས་ཅན་གྱི་ཚིག་གུའི་དངོས་པོ་གང་དེ་ཉིད་རྒྱུའི་དུས་འདིར་ནི་ཧཱ་རིས་ཀྱི་ཚོན་ལ་སྦྱོང་ཞིང་ཧཱ་དངོས་སུ་གསལ་བར་མི་སྣང་ཡང་། ཚོན་དང་རྐྱེན་མཚུར་གྱི་རྩི་གང་གི་དབང་གིས་ཚི་གུའི་རྣམ་པའི་རི་མོ་དང་ཕྲད་དེ་ཡང་ནས་ཡང་དུ་ཞེན་པའི་སྟོབས་ཀྱིས། ཧཱའི་ཚི་གུའི་རི་མོ་དང་བཅས་པ་འབྲས་བུའི་དུས་སུ་ཐ་དད་དུ་སྣང་ཞིང་ཤིན་ཏུ་གསལ་བར་མངོན་པ་ལྟར། ཀུན་གཞི་དེ་ཉིད་ལ་རྣམ་པར་སྨིན་པའི་བག་ཆགས་དགེ་མི་དགེ་མི་གཡོ་བའི་ལས་གསུམ་གྱི་སྒོ་ནས་ཇི་སྙེད་དུ་བསགས་པའང་རྒྱུའི་དུས་ན་མངོན་པར་གསལ་བ་མེད་ཀྱང་ལས་གསུམ་གང་ཡང་སྟོབས་ཅན་དུ་གྱུར་ཏེ་རྐྱེན་གྱི་སད་པར་བྱས་པ་ན་འབྲས་བུའི་ཁྱད་པར་དེ་ལྟར་བྱུང་ནས་སྔ་མའི་བག་ཆགས་དེ་ཉིད་ལས་རྣམ་སྨིན་མངོན་པར་སྣང་བ་ཡང་། དཔེ་ཇི་ལྟ་བ་དེ་བཞིན་དུ་རྒྱུ་དུས་ན་མི་གསལ་ཡང་འབྲས་དུས་ན་མཐོ་རིས་དང་ངན་སོང་དེ་དག་ཐ་དད་དུ་འབྱུང་བར་སྣང་བ་ལ་དཔགས་ནས་རྒྱུའི་ངོ་བོའང་ངོ་ཤེས་པར་འགྱུར་བའོ། །བཞི་པ་ནི། དྲི་ངའི་དྲི་འབྱུང་། ཞེས་པ་ནས། གཞན་ལ་དེ་རྒྱུན་གཞན། །ཞེས་པའི་བར་གྱིས་བསྟན་ཏེ། ཀུན་གཞི་ལ་བག་ཆགས་མེད་ཀྱང་བག་ཆགས་བསྒོ་རུ་བཏུབ་པའི་དཔེ་ནི། འོན་ཀྱང་གཞི་ལ་བག་ཆགས་བསྒོར་མི་བཏུབ་སྟེ། དེ་གཉིས་རང་ལྡོག་གི་མཚན་ཉིད་ཐ་དད་པའི་ཕྱིར་ཞེ་ན། ཐ་དད་ཡོད་ཀྱང་བསྒོར་བཏུབ་སྟེ། དཔེར་ན་སྒོག་པའི་དྲི་ངའི་ཞེས་དྲི་ང་བའི་དྲི་དེ་གཞན་ལ་བྱུང་བ་ཡང་སྒོག་པ་གང་གི་དྲི་ང་བ་དེ་ཉིད་ཕོར་བུ་གང་ལ་སྔོན་ཆད་མེད་ཀྱང་། སྒོག་པ་ཡུན་རིང་དུ་བརྡུངས་ན་སྒོག་པའི་དྲི་ཕོར་བུ་གང་ལ་ཞེན་ནས་འཇུག་ཏུ་སྒོག་པ་མེད་ཀྱང་ཕོར་བུ་ལ་བྲོ་ཞིང་མནམ་པ་དེ་ནི། སྒོག་པ་དང་ཕོར་པ་གཉིས་ངོ་བོ་མི་འདྲ་བས་མི་མཐུན་པར་ཐ་དད་ཡིན་ལ་རྒྱུ་ཡང་མི་གཅིག་པར་སོ་སོར་གྱུར་ཏེ་ཐ་དད་ཡིན་ཀྱང་ཡུན་རིང་ན་དེ་ཉིད་ལ་བསྒོར་བཏུབ་པས་ཕོར་པ་ལ་སྒོག་དྲི་འགོས་པ་ལྟར་ཀུན་གཞི་ལུང་མ་བསྟན་དེ་ཉིད་ཀྱང་གཞན་ལ་དགེ་སྡིག་གི་བག་ཆགས་ལུང་དུ་བསྟན་པ་དེ་དག་གི་རྒྱུན་ཡང་གཞན་དུ་གྱུར་མོད་ཀྱི། དེ་ལྟར་ན་ཡང་མ་རིག་པའི་དབང་གིས་ཚོགས་དྲུག་གི་ལས་མང་པོ་སྤྱད་པས་བག་ཆགས་བསྒོར་བཏུབ་སྟེ་ཀུན་གཞི་ཡང་བག་ཆགས་དང་མཐུན་པར་སྣང་བའོ། །ལྔ་པ་ནི། གང་གི་ངོ་བོ། ཞེས་པ་ནས། གནས་དང་སྐབས་ཀྱིས་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། ཀུན་གཞི་རྒྱུ་འབྲས་གཉིས་ཀ་ཡིན་པའི་དཔེ་ནི་གང་ཞེ་ན། དཔེར་ན་ཤིང་ཏོག་པ་ན་སེ་སྨིན་པ་ལྟ་བུ་གང་གི་ངོ་བོར་གཅིག་པ་ལ་དེ་ཡང་གནས་དང་སྐབས་ཀྱི་ཆོས་སྔ་མའི་འབྲས་བུ་ཕྱི་མའི་རྒྱུར་འགྱུར་བ་ལྟར་དུ་ཀུན་གཞི་བག་ཆགས་དང་བཅས་པའི་ངོ་བོ་ཡང་སྐད་ཅིག་མ་དེ་ཡི་རྒྱུན་དུ་གཅིག་པ་ལ་སྔ་མ་དེ་ཡི་འབྲས་བུ་ཡང་ཕྱི་མ་དག་གི་རྒྱུར་འགྱུར་བས་དགེ་བ་དང་མི་དགེ་བའི་ལས་དང་མཐུན་པར་མཐོ་རིས་དང་ངན་སོང་ལ་སོགས་པར་གནས་དང་སྐབས་ཀྱིས་རྐྱེན་གྱི་དབང་ལྟར་འགྱུར་ཏེ་སྣ་ཚོགས་སུ་སྣང་བའོ། །མུན་པ་གང་དུ་འཐིབས་ཀྱི་ལན་འདིར་མ་ཟིན་ཀྱང་གོང་དུ་སོང་ངོ་། །བཅུ་གཉིས་པ་ནི། གང་ལ་བག་ཆགས། ཞེས་པ་ནས། སྤྱོད་ཡུལ་པ་དག་འཛིན། །ཞེས་པའི་བར་གྱིས་བསྟན་ཏེ། བག་ཆགས་བྱང་བའི་དཔེ་ནི། རྣལ་འབྱོར་པ་གང་སུ་ཞིག་གི་རིག་པ་ལ་བག་ཆགས་ཀྱི་སྒྲིབ་པ་གཏན་ནས་སྦྱངས་ཏེ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཤར་བ་ན། དཔེར་ན་ནམ་མཁའ་དང་བ་ལ་ཉི་མ་ཤར་བས་མཐོང་སྣང་ཐམས་ཅད་གསལ་བ་བཞིན་དུ། ཀུན་གཞི་བག་ཆགས་དང་བཅས་པའི་སྒྲིབ་པ་དག་པས་ཆོས་ཐམས་ཅད་སེམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་རང་རིག་པའི་ཡེ་ཤེས་སུ་གསལ་བར་གྱུར་ནས་རྣལ་འབྱོར་པ་གང་ཞིག་གི་རྒྱུད་ལ་བག་ཆགས་ཀྱི་རྒྱུན་ཡོད་པའི་ས་བོན་སྣང་གཞི་དང་བཅས་པ་སངས་ཏེ་ཡང་དག་པར་སྦྱངས་པས་ཚོགས་གཉིས་དབྱེར་མེད་དུ་རྫོགས་ཤིང་ཡེ་ཤེས་ཀུན་ཁྱབ་ཏུ་རྒྱས་པར་གྲུབ་པ་ནི། མཐའ་དང་བྲལ་བས་དབུ་མ་ཆོས་ཀྱི་སྐུ་རྣམ་པར་དག་པ་དེ་ཉིད་ཡིན་ནོ་ཞེས་ཞེ་བས་འདོད་པ་ནི་གསང་སྔགས་ལ་ལྟོས་ཏེ་མུན་པའི་སྤྱོད་ཡུལ་དུ་གྱུར་པ་སེམས་ཙམ་པ་ལ་སོགས་པ་དག་བག་ཆགས་ངན་པ་བྱང་ནས་བཟང་པོ་ཐོབ་པར་འཛིན་པ་ལྟར་ཡིན་པས་རྒྱུའི་ཐེག་པ་མདོ་སྡེ་པའི་ལུགས་ཡིན་ནོ། །དེས་ན་འདིར་ནི་རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ཀུན་གཞིའི་དོན་ནི་འདུས་བྱས་ལ། །དེ་ལ་གཉེན་པོ་མེད་མི་སྲིད། །ལྷག་མཐོང་རང་བྱུང་ཡེ་ཤེས་ཀྱིས། །ཀུན་གཞི་གཏན་ནས་འཇོམས་པར་བྱེད། །ཅེས་དང་། ཀུན་གཞི་རྣམ་པར་ཤེས་པ་ནི། །ཇི་ལྟར་གནས་པའི་དོན་རྟོགས་པས། །ཡོད་མེད་གང་ཡང་མི་ལྟུང་ཞིང་། །རྟག་ཆད་གཉིས་དང་བྲལ་བས་ན། །མྱ་ངན་འདས་པའི་འབྲས་བུ་ཡང་། །དེ་ཡི་ངང་གིས་ཐོབ་པར་འགྱུར། །ཞེས་དང་། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལས། མ་རིག་རྐྱེན་བཞིས་བསྐྱེད་པ་ཡི། །ཉོན་མོངས་བག་ཆགས་བསགས་པས་གོལ། །སྔ་ཕྱི་མེད་ཤེས་གདམས་ངག་གིས། །མཚན་ཉིད་བཞི་ལྡན་ཉམས་སུ་མྱོང་། །གཞི་ལ་སྔ་ཕྱི་དོན་ལ་མེད། །དེ་ཕྱིར་འབྲས་བུ་ཆོས་ཀྱི་སྐུ། །ཞེས་དང་། རིན་པོ་ཆེ་རྒྱན་ལས། རྒྱུ་ལས་རྐྱེན་གྱིས་བསྒྱུར་མིན་ལ། །མཐར་ཕྱིན་སྐྱེད་དུ་བྱར་མེད་པས། །སྨིན་པའི་འབྲས་བུ་བརྡར་བཏགས་པ། །མཐུན་པའི་མིང་དུ་ངེས་པ་ཡིན། །ཞེས་པ་ལ་སོགས་པ་ལྟར་རོ། །དེ་ཕྱིར་ངོ་བོ་བྱང་ཆུབ་ཀྱི་སེམས་སུ་འདུས་པས་རྣམ་བྱང་གི་རྩ་བར་བསྟན་པའང་ཡིན་ནོ། །གསུམ་པ་ནི། རྐང་པ་གཅིག་གི་འོག་ནས། མུན་པའི་རང་བཞིན། ཞེས་པ་ནས། ཆོས་རྣམས་གསུངས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། མུན་པར་དྲིས་པའི་ལན་རྣམས་བྱེ་བྲག་གི་ཁྱད་པར་གྱི་ལན་ཀུན་གཞིའི་སྐབས་སུ་མཇུག་བསྡུས་ཏེ་གསལ་བར་བསྟན་པའི་ཕྱིར། དེ་ལ་མུན་པའི་སྣང་བ་འདི་ཉིད་ཅི་ལས་བྱུང་ན་གཞན་ལས་མ་བྱུང་བར་མ་རིག་པའི་དབང་གིས་རང་སྣང་འཁྲུལ་ཏེ་ཡུལ་ཆེད་དུ་བྱེད་པ་ལས་བྱུང་བའོ། །རང་བཞིན་ནི་ཀུན་གཞིའི་རང་བཞིན་དུ་བསྟན་པའོ། །ངོ་བོ་ནི་ཚོར་བ་བཏང་སྙོམས་དང་ལྡན་པས་མི་གསལ་བའོ། །མཚན་ཉིད་ནི་སྐད་ཅིག་མའི་རྒྱུན་དུ་བསྟན་པའོ། །ཡན་ལག་ནི་འཁོར་ལྔ་བདུན་དང་ལྡན་པའོ། །རྩ་བ་ནི་རང་བཞིན་དོན་དུ་ཡོད་པར་སྒྲུབ་པ་སྟེ་མ་རྟོགས་པ་དང་བརྟགས་པའི་དབང་གིས་འཁོར་བའི་ཡན་ལག་ཏུ་སྣང་བའོ། །གནས་པའི་ཡུན་ནི་དཔེ་རྣམས་ཀྱིས་མཚོན་ཏེ་འཁྲུལ་སྣང་དང་བག་ཆགས་ཀྱི་གཞིར་བཞག་པའོ། །གང་ལ་སྒྲིབ་པ་ནི་སྤྲིན་དང་ལིང་ཏོག་ལྟར་དོན་མཐོང་བ་ལ་སྒྲིབ་པར་བསྟན་པ་སྟེ་ཀུན་གཞིའི་བྱེད་ལས་སོ། །བྱེ་བྲག་ནི་མིང་གི་རྣམ་གྲངས་དང་ཁྱད་པར་གཉིས་བསྟན་པའོ། །ཆོས་ནི་ཀུན་གཞིའི་ཆོས་དེ་གང་དང་མཐུན་པར་བསྟན་པའོ། །གང་དུ་འཐིབས་པའམ་སྒྲིབ་ན་མུན་པའི་ཁམས་སུ་འཐིབས་པས་ས་ལྔའི་སྐབས་སྐབས་སུ་ཕྲ་རགས་ཀྱིས་མཐོང་དུ་མི་སྟེར་བའོ། །གཉེན་པོ་གང་གིས་སེལ་ན་ས་ལྔ་པོའི་སྐབས་ཀྱི་ཡེ་ཤེས་ཀྱིས་སྤང་ངོ་། །སྒྲུབ་བྱེད་དང་ངེས་ཚིག་གང་གི་ཕྱིར་ན། དོན་མཐོང་དུ་མི་སྟེར་བའི་ཕྱིར་ཏེ་དམིགས་པའི་ཡུལ་དང་གནས་འགྱུར་གྱི་སྐབས་ལས་ཤེས་པར་བྱའོ། །གཏན་ཚིགས་ཅིའི་ཕྱིར་འཐིབས་ན་ཀུན་ནས་མུན་ཁམས་སུ་གྱུར་པས་དོན་མི་གསལ་བར་བག་ཆགས་མཐུ་ཅན་དུ་སྣང་བའོ། །རྩ་བ་གང་དུ་འདུས་ན། གཞི་རྩ་མེད་པའི་ཆོས་ཉིད་ཡེ་ནས་དག་པར་འདུས་སོ། །དེ་ལྟར་བཤད་པ་དེ་དག་ངེས་པར་རྣམ་པར་དབྱེ་སྟེ་རྣམ་གྲངས་ལྔ་གསུམ་གྱི་དབྱེ་བར་ཤེས་པར་བྱའོ། །དེ་དག་གི་གནས་སྣང་གི་དོན་ལ་མཁས་པར་གྱུར་ན་མུན་པའི་སྤྱི་དང་བྱེ་བྲག་གི་གནད་རྣམས་ཕྱིན་ཅི་མ་ལོག་བར་ངེས་ཏེ་ཟབ་གསང་སྙིང་པོའི་དོན་ལ་བློ་མིག་གསལ་བར་འགྱུར་རོ། །ལང་ཀའི་བདག་པོ་ཞེས་སྡུད་པ་པོ་ལ་བོས་ནས། ཇི་སྐད་བསྟན་པ་དེ་དག་ནི་གཞིའི་མདོ་ཞེས་བྱ་བ་སྟེ། ཐ་མལ་གྱི་སྐྱེ་བོའམ་རྒྱུའི་ཐེག་པ་ལྟ་བུ་གང་ཟག་གང་གི་དངོས་པོ་བློ་ཆུང་བས་མུན་པའི་སྤྱོད་ཡུལ་དུ་གྱུར་པ་རང་གི་ལས་ཀྱིས་བསྒྱངས་ཏེ་གདུང་བ་རྣམས་འདུལ་བ་ལ་དགོངས་ཏེ་མུན་པའི་ཁམས་སུ་སྣང་བའི་ཀུན་གཞིའི་ཆོས་རྣམས་འདིར་ཡང་གསུངས་ཏེ་རྒྱས་པར་བཀའ་སྩལ་པའོ། །གཉིས་པ་དམིགས་པའི་མདོ་ཉོན་མོངས་པ་ཅན་གྱི་ཡིད་བཤད་པ་ལ་གཉིས་ཏེ། ཉེ་བར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། འདི་ལྟ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། མུན་པའི་ལན་མདོ་གཉིས་པའི་མཚན་ཉིད་ཇི་ལྟ་བུ་སྙམ་པ་ལ། ལང་ཀའི་བདག་པོ། ཞེས་བོས་ནས། དེ་ལ་དམིགས་པའི་མདོ་འཁོར་བའི་གཟུང་འཛིན་གྱི་རྟོག་པ་ཉོན་མོངས་པ་ཅན་གྱི་ཡིད་ཉེ་བར་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། གཉིས་པ་ལ་བདུན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་གནས་གང་ཡིན་དང་མཚན་ཉིད་བཤད་པ། དེའི་དམིགས་པའི་ཡུལ་གྱི་ངོས་འཛིན་དང་རྣམ་པ་བསྟན་པ། ཉོན་ཡིད་ཀྱི་འཛིན་སྟངས་ལ་བརྟེན་པའི་ངེས་ཚིག་བཤད་པ། དེ་ཉིད་འཁོར་གང་དང་མཚུངས་པར་ལྡན་ཚུལ་བསྟན་པ། དེ་ཉིད་ཚོར་བ་གང་དང་ལྷན་ཅིག་ལྡན་ཚུལ་བཤད་པ། དེ་ཡི་ངོ་བོ་སྒྲིབ་ལ་ལུང་མ་བསྟན་དུ་ངེས་ཚུལ་བསྟན་པ། ཉོན་ཡིད་སྒྲུབ་བྱེད་ཀྱི་རིགས་པའི་རྣམ་གྲངས་བཤད་པའོ། །དང་པོ་ནི། གཟུགས་ཁམས་དེ་འཛིན་གནས་གཅིག་ཉིད། །ཅེས་པས་བསྟན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་ནི་ཁམས་གསུམ་ལས་འཛིན་པ་རགས་པས་གཟུགས་ཁམས་དང་ཆོས་མཐུན་པའི་སྒོ་ནས་བཞག་ཅིང་ཀུན་གཞི་དེ་ཉིད་ལ་བདག་ཏུ་འཛིན་པས་གནས་ཀུན་གཞི་གཅིག་པུ་ལ་བརྟེན་ཏེ། བྱེད་ལས་ཀྱིས་ཡིད་ཤེས་ཀྱི་བདག་རྐྱེན་བྱེད་དེ། ཚོགས་དྲུག་ཟག་བཅས་ཀྱི་མཚན་མ་ལ་འཆིང་བ་དང་། དེ་དག་གིས་ཀུན་གཞི་ལ་ས་བོན་འདེབས་པར་བྱེད་པ་ཉིད་དེ། རྒྱན་སྟུག་པོ་བཀོད་པ་ལས། ཇི་ལྟར་ས་ལ་ཀུན་བརྟེན་ཅིང་། །ས་སྐྱེ་ཀུན་ཀྱང་འབྱུང་བ་བཞིན། །སེམས་ཅན་ཀུན་གྱི་གནས་ཡིན་ཏེ། །འབྱུང་ཁུངས་ཀུན་གྱི་ཁྱད་པར་དུ། །དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། །རྣམ་ཤེས་རྣམས་ཀྱི་གནས་ཡིན་ཏེ། །སེམས་དང་སེམས་ལས་བྱུང་བར་ལྡན། །དབའ་རླབས་བཞིན་དུ་རབ་ཏུ་འབྱུང་། །ཞེས་དང་། ཡིད་ནི་བདག་ལ་བདག་ཅེས་ཏེ། །ངར་སེམས་རབ་ཏུ་འཇུག་པ་ཡིན། །རྣམ་ཤེས་ཁ་དོག་ཁྱད་པར་དང་། །ཀུན་ཏུ་གཅོད་པར་རབ་ཏུ་བྱེད། །ཞེས་དང་། ལང་ཀར་གཤེགས་པ་ལས། ཀུན་གཞི་ཡིད་ཀྱི་བདག་ཡིན་ཏེ། །ཤེས་པ་ཉིད་ནི་བདག་གི་ཡིན། །གཉིས་སུ་འཛིན་པས་རབ་ཏུ་འཇུག །ཡོངས་སུ་རྟོགས་ན་ལྡོག་པར་འགྱུར། །ཞེས་དང་། བདག་གི་ས་བོན་གཟུང་འབྲེལ་ལས། །བདག་ཏུ་འཛིན་པ་རབ་ཏུ་འབྱུང་། །སེམས་ནི་བརྟགས་བྱར་འཇུག་པ་ཡིས། །ཆོས་སུ་འཛིན་པ་སྤོང་བར་འགྱུར། །ཞེས་དང་། སེམས་ནི་རང་བཞིན་དྭང་བ་སྟེ། །རྙོག་པར་བྱེད་པ་ཡིད་ཡིན་ནོ། །རྣམ་པར་ཤེས་དང་བཅས་པའི་ཡིད། །རྟག་ཏུ་བག་ཆགས་འདེབས་པར་བྱེད། །ཞེས་སོགས་གསུངས་པ་ལྟར་རོ། །དེའང་ཀུན་གཞི་ཉོན་ཡིད་ཀྱི་གནས་སུ་བཞག་པ་ནི། ཇི་ལྟར་མིག་གི་རྣམ་ཤེས་ལ་སོགས་པ་རྣམས་ཀྱི་གནས་མིག་ལ་སོགས་པ་ཡིན་པ་ལྟར་ཀུན་གཞི་རྣམ་པར་ཤེས་པ་ནི་དེའི་བག་ཆགས་ཀྱི་གནས་ཡིན་ཏེ། དེ་བས་ན་དེ་ལ་གནས་བཅས་ནས་འབྱུང་སྟེ་རྒྱུན་གྱིས་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ། །གཉིས་པ་ནི། དེ་འཛིན་དེ་ཉིད་དེ་ལ་ལྟ། །ཞེས་པས་བསྟན་ཏེ། ཉོན་ཡིད་ཀྱི་ཡུལ་ཡང་ཐུན་མོང་མ་ཡིན་པའི་འཁོར་དང་བཅས་ཏེ་ཀུན་གཞི་དེ་ལ་དམིགས་ཏེ་བདག་ཏུ་འཛིན་ཅིང་གནས་སྐབས་གསུམ་མ་གཏོགས་པར་དེ་ཉིད་ལ་ངར་རློམ་སེམས་སུ་བྱེད་དེ་རྒྱུན་ལྡན་དུ་འབྱུང་བ་སྟེ། ལང་ཀར་གཤེགས་པ་ལས། གང་ཞིག་རྟོག་པས་བརྟག་བྱ་བ། །དེ་ནི་བརྟགས་པའི་མཚན་ཉིད་དེ། །བརྟགས་པ་ལ་ནི་རྟེན་བཅས་ཏེ། །རྣམ་པར་རྟོག་པ་རབ་ཏུ་འཇུག །ཕན་ཚུན་མ་ཕྱེས་འབྲེལ་བ་ཡིས། །བག་ཆགས་གཅིག་གི་རྒྱུ་ལས་བྱུང་། །ཞེས་དང་། རྒྱན་སྟུག་པོ་བཀོད་པར། རང་སེམས་བདག་ཉིད་ཡིད་ཡིན་ནོ། །ཞེས་སོ། །འོ་ན་བདག་ཏུ་ལྟ་བ་དང་མཚུངས་པར་ལྡན་པ་དེ་ཉིད་འཇིག་ཚོགས་ལ་ལྟ་བའང་ཡིན་ནམ་སྙམ་ན། གཞི་དང་སྣང་ཚུལ་གྱི་ཆ་ནས་ངེས་ཚིག་དང་འབྲལ་བའི་ཐ་སྙད་ཀྱི་དབང་དུ་ཉོན་མོངས་པ་ཅན་གྱི་ཡིད་དང་ཡིད་ཤེས་ཐུན་མོང་དུ་འཇུག་པ་ན་ཡིད་ཀྱི་རྣམ་པར་ཤེས་པ་ནི་འཁོར་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་ཏེ། དེའང་འཇིག་ཚོགས་ནི་ཕུང་པོ་ཡིན་ཞིང་། དེ་ལ་བདག་དང་བདག་གིར་ལྟ་བ་དང་ལྡན་ལ། ཕུང་པོའི་གཞི་ནི་ཀུན་གཞི་ཡིན་པས་ཀུན་གཞི་ལ་བདག་ཏུ་ལྟ་བའི་ཚེ་ཉོན་ཡིད་ཀྱིས་ཀྱང་ཀུན་གཞི་ལ་བདག་ཏུ་ལྟ་བས་འཇིག་ཚོགས་ལྟ་བ་དང་མཚུངས་པར་ལྡན་པ་སྟེ། ལང་ཀར་གཤེགས་པ་ལས། བདག་ནི་བརྟགས་པའི་བདེན་པ་སྟེ། །རྫས་སུ་ཡོད་པ་མ་ཡིན་ནོ། །ཕུང་པོ་ཕུང་པོ་ཉིད་དེ་བཞིན། །བརྟགས་པས་ཡིན་གྱི་རྫས་སུ་མེད། །ཞེས་དང་། སེམས་དང་ཡིད་དང་རྣམ་ཤེས་དྲུག །དེ་དག་བདག་དང་ལྡན་པ་སྟེ། །གཅིག་དང་ཐ་དད་བྲལ་བ་ཡི། །ཀུན་གཞི་དེ་ནི་རབ་ཏུ་འཇུག །ཅེས་སོ། །དེ་ལ་དམིགས་པ་ཞེས་བྱ་བ་ནི་དཔེར་ན་མིག་གི་རྣམ་ཤེས་ལ་སོགས་པས་དམིགས་པ་གཟུགས་ལ་སོགས་པར་གྲགས་པ་བཞིན་དུ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལ་དམིགས་པ་སྟེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པས་ཀུན་གཞི་རྣམ་པར་ཤེས་པ་ལ་ང་དང་ང་ཡིར་དམིགས་པའི་ཕྱིར་རོ། །དེས་ན་འདིས་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་ལས་རྣམ་པར་འབྱེད་པའང་ཡིན་ནོ། །དེ་ལྟར་གནས་དང་དམིགས་པ་གཉིས་ནི། སུམ་ཅུ་པར་ཡང་། དེ་ལ་གནས་ཏེ་རབ་འབྱུང་ཞིང་། །དེ་ལ་དམིགས་པ་ཡིད་ཅེས་བྱ། །ཞེས་གསུངས་པས་རྣམ་པར་ཤེས་པ་ཉིད་ནི་གནས་དང་དམིགས་པ་ལ་མི་ལྟོས་པར་མི་རུང་བས་ན་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་གནས་དང་དམིགས་པ་ཁྱད་པར་དུ་བསྟན་པའོ། །གསུམ་པ་ནི། དེ་འཛིན་དེར་བྱེད་མུན་པ་ཅན། །ཞེས་པས་བསྟན་ཏེ། དེ་ལ་ཁམས་སམ་ས་གང་དུ་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་སྨིན་པ་ཐོབ་པ་དེ་ལ་ཉོན་ཡིད་ཀྱིས་བདག་ཏུ་འཛིན་པ་ཡིན་པས་ཉོན་ཡིད་དེ་ཡང་ཁམས་དེ་དང་ས་དེའི་ཡིན་ཏེ་མུན་གཞི་དེ་ལ་རག་ལས་པས་འཇུག་ལ། དེར་ཡང་བདག་གམ་ངའོ་སྙམ་དུ་རྟག་ཏུ་རློམ་སེམས་སུ་བྱེད་དེ་སྒྲིབ་པའི་མུན་པ་ཅན་དུ་གྱུར་པ་ཡིན་པས་ངེས་པའི་ཚིག་གི་ཚུལ་གྱིས་ཡིད་ཅེས་བྱ་སྟེ། ལང་ཀར་གཤེགས་པ་ལས། སེམས་ཀྱིས་སུ་ནི་ལུས་འཛིན་ཏེ། །ཡིད་ནི་རྟག་ཏུ་རློམ་སེམས་བྱེད། །རྣམ་པར་ཤེས་པ་སེམས་ཡུལ་ལ། །རྣམ་ཤེས་བཅས་པས་བྱེ་བྲག་འབྱེད། །ཅེས་དང་། སུམ་ཅུ་པ་ལས། རྣམ་ཤེས་ངར་སེམས་བདག་ཉིད་ཅན། །ཞེས་སོ། །བཞི་པ་ནི། ཕྱོགས་འཛིན་ཕྱོགས་མེད་རྣམས་དང་གཅིག །ཞེས་པས་བསྟན་ཏེ། དེ་ཡང་གཏན་ལ་དབབ་པ་བསྡུ་བ་ལས། ཡིད་གང་ཡིན་པ་དེ་ནི་དུས་རྟག་ཏུ་ཀུན་གཞི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ། དེ་ནི་ཡང་དག་པར་མ་བཅོམ་གྱི་བར་དུ་དུས་རྟག་པ་ཁོ་ནར་ལྷན་ཅིག་སྐྱེས་པའི་རང་བཞིན་འདྲ་བའི་ཀུན་ནས་ཉོན་མོངས་པ་རྣམ་པ་བཞི་པོ་འཇིག་ཚོགས་ལ་ལྟ་བའི་ཀུན་ནས་ཉོན་མོངས་པ་དང་། ངའོ་སྙམ་པའི་ང་རྒྱལ་གྱི་ཀུན་ནས་ཉོན་མོངས་པ་དང་། བདག་ལ་ཆགས་པའི་ཀུན་ནས་ཉོན་མོངས་པ་དང་། མ་རིག་པའི་ཀུན་ནས་ཉོན་མོངས་པ་དང་མཚུངས་པར་ལྡན་པ་ཡིན་པར་བལྟ་བར་བྱའོ། །ཞེས་སོགས་གསུངས་པ་ལྟར་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་ནི་གཉིས་ཏེ། ཁྱད་པར་ཕྱོགས་འཛིན་གྱི་འཁོར་ནི། བཤད་མ་ཐག་པ་ལྟར། སུམ་ཅུ་པ་ལས། བསྒྲིབས་ལ་ལུང་དུ་མ་བསྟན་པའི། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཆགས་འདུ་ཤེས་པ། །གང་དུ་སྐྱེས་པ་དེ་ཡིའོ། །ཞེས་པ་ལྟར་རྣམ་པ་བཞི་ནི། ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་བདག་ཏུ་མཐོང་ནས་བདག་ཏུ་ལྟ་བ་དང་། དེ་ལ་རྨོངས་པས་བདག་མེད་མི་ཤེས་པས་བདག་ཏུ་རྨོངས་པ་དང་། བདག་ཡོད་པར་རློམ་པ་ལ་བརྟེན་ནས་བདག་གི་ཡུལ་ལ་ངར་སེམས་ཏེ་ངའོ་སྙམ་པའི་ང་རྒྱལ་དང་། བདག་ཏུ་བཟུང་བས་དེ་ལ་སྲེད་ཅིང་ཆགས་པ་དང་བཞིའོ། །དེའང་ཀུན་གཞི་རྣམ་པར་ཤེས་པའི་རང་གི་ངོ་བོ་ལ་རྨོངས་པར་གྱུར་ན་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བ་འབྱུང་ངོ་། །བདག་ཏུ་མཐོང་བས་སེམས་ཁེངས་པ་གང་ཡིན་པ་དེ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །དེ་གསུམ་ཡོད་ན་བདག་ཏུ་བསམ་པའི་དངོས་པོ་ལ་མངོན་པར་ཆགས་པ་གང་ཡིན་པ་དེ་ནི་བདག་ལ་ཆགས་པའོ། །དེ་བས་ན་སློབ་དཔོན་བློ་གྲོས་བརྟན་པས་སུམ་ཅུ་པའི་འགྲེལ་པ་ལས། མ་རིག་པ་དང་བདག་ལྟ་དང་། །ངའོ་ང་རྒྱལ་སྲེད་འདི་བཞིས། །ཀུན་གཞི་ཉོན་མོངས་ཅན་འགྱུར་ཡིད། །ངར་སེམས་པ་ཡི་མཚན་ཉིད་དེ། །ཕྱིན་ཅི་ལོག་གི་རྒྱུ་བྱེད་པའང་། །ཡིད་དེ་དེ་དག་ཉོན་མོངས་ཅན། །སེམས་དགེ་ལུང་དུ་མ་བསྟན་ཚེ། །རྟག་ཏུ་ངར་འཛིན་རྒྱུ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་རང་གི་ས་པ་ཉིད་དང་མཚུངས་པར་ལྡན་ནམ། གཞན་གྱི་ས་པ་དག་དང་མཚུངས་པར་ལྡན་ཞེ་ན། ཁམས་དང་ས་གང་དུ་སྐྱེས་པ་དེ་ཡི་ཁམས་དེ་དང་ས་དེ་ཉིད་ཀྱི་དང་མཚུངས་པར་ལྡན་གྱི། ཁམས་དང་ས་གཞན་དག་དང་ལྡན་པ་མ་ཡིན་ནོ། །ཐུན་མོང་ཕྱོགས་མེད་ཀྱི་འཁོར་ནི་སུམ་ཅུ་པ་ལས། གཞན། རེག་སོགས་ཀྱང་དེ་དགྲ་བཅོམ་མེད། །ཅེས་སོགས་གསུངས་པ་ལྟར་ལྔ་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་ཏེ། དེ་དག་ནི་རྣམ་པར་ཤེས་པ་ཐམས་ཅད་དང་མཚུངས་པར་ལྡན་པས་སོ། །དེ་དག་ཀྱང་གང་དུ་སྐྱེས་པ་དེ་ཉིད་དང་མཚུངས་པར་ལྡན་གྱི། ཁམས་དང་ས་གཞན་གྱི་དང་ནི་མ་ཡིན་ནོ། །འོན་ཀྱང་རྩ་བའི་རྣམ་པར་ཤེས་པའི་རེག་པ་ལ་སོགས་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ལ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་ནི་ཡིད་བཞིན་དུ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པས་ཁྱད་པར་དབྱེ་བར་བྱའོ། །དེ་ལྟར་འཁོར་དགུ་པོ་རྣམས་དང་ལྷན་ཅིག་ཏུ་མཚུངས་པར་ལྡན་པ་གང་ཡིན་པའོ། །ལྔ་པ་ནི། མ་ངེས་སྤྱིར་འགྲོ་གཉིས་མི་དམིགས། །ཞེས་པས་བསྟན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་དེ་ཚོར་བ་གང་དང་མཚུངས་པར་ལྡན་ན། བག་ཆགས་གང་འཛིན་ཕྱོགས་གཅིག་ཏུ་མ་ངེས་པས་སྤྱིར་ཐམས་ཅད་ཀུན་ལ་ཁྱབ་པར་འགྲོ་བས་ཚོར་བ་བཏང་སྙོམས་ཁོ་ན་དང་མཚུངས་པར་ལྡན་གྱི། བདེ་སྡུག་གཉིས་ཀྱི་ཕྱོགས་རིས་ཅན་དུ་མི་དམིགས་པས་དེ་གཉིས་དང་ལྡན་པ་མ་ཡིན་ནོ། །དྲུག་པ་ནི། སྣ་ཚོགས་མེད་དེ་བདག་ཉིད་འཛིན། །ཞེས་པས་བསྟན་ཏེ། དེ་ཡང་ཉོན་མོངས་པ་ཅན་གྱི་ཡིད་ནི་ས་བོན་གྱི་གནས་ལས་གཞན་པའི་ལྷན་ཅིག་འབྱུང་བའི་གནས་དང་ལྡན་པ་མ་ཡིན་པས་དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་ཀྱི་བྱེ་བྲག་སྣ་ཚོགས་སུ་གྱུར་པའི་ཐ་དད་ཀྱི་རིས་སུ་དབྱེ་བ་མེད་དེ། དེས་ན་ངོ་བོ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ནར་ངེས་པ་ཡིན་པས། གཏན་ལ་དབབ་པ་བསྡུ་བ་ལས། དགེ་བ་ལ་སོགས་པ་དག་ལས་འགལ་བ་མེད་པར་འཇུག་པ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པར་བལྟ་བར་བྱའོ། །ཞེས་སོ། །དེའི་ཕྱིར་བསྒྲིབས་ལ་ལུང་མ་བསྟན་གྱི་ཤེས་པ་རྒྱུན་བརྟན་པ་སྟེ། དེའང་ཟག་མེད་ཀྱི་ལམ་དང་ལྷན་ཅིག་མངོན་གྱུར་དུ་མི་འབྱུང་བས་ཐར་པ་ཐོབ་པ་ལ་སྒྲིབ་ཅིང་། དགེ་བ་དང་མི་དགེ་བ་ཉིད་དུ་ལུང་སྟོན་དུ་མེད་པའི་ཕྱིར་ལུང་དུ་མ་བསྟན་པ་ཡིན་ནོ། །ལས་ཀྱི་མཐུ་ལས་མཐོ་རིས་དང་ངན་སོང་གི་རྣམ་སྨིན་གྱི་འབྲས་བུ་བསྐྱེད་པར་མི་ནུས་པས་བདག་ཏུ་འཛིན་པ་ཉིད་ཀྱི་རྒྱུ་མཐུན་པའི་བག་ཆགས་ཀུན་གཞི་ལ་གསོགས་ཤིང་ངའོ་སྙམ་དུ་རློམ་སེམས་སུ་བྱེད་པ་མི་གཏོང་བར་འཛིན་པའི་རྣམ་པ་ཅན་ཡིན་ཏེ། སྔ་མ་ལས། འདི་ལྟར་ངར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། རློམ་པའི་རྣམ་བ་ཅན་གྱི་ཡིད་གང་ཡིན་པ་དེ་ནི་སེམས་ཡོད་པ་དང་སེམས་མེད་པའི་གནས་སྐབས་དག་ན་ཡང་དུས་རྟག་ཏུ་ཀུན་གཞི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ། དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་ངའོ་སྙམ་པ་དང་བདག་གོ་སྙམ་དུ་དམིགས་ཤིང་རློམ་པའི་རྣམ་པ་ཅན་ཡིན་ནོ། །ཞེས་སོ། །བདུན་པ་ནི། དྲི་མེད་འཛིན་མེད། ཅེས་པ་ནས། གཉིས་པ་ཆགས་ཁམས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་དམིགས་པའི་མདོ་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པར་སྒྲུབ་བྱེད་ཀྱི་རིགས་པ་འཆད་དེ། གལ་ཏེ་ཉོན་མོངས་པ་ཅན་གྱི་ཡིད་མེད་ན་སྐྱོན་ལྔ་གནས་ཏེ། དང་པོ་ཚོགས་དྲུག་གང་གིའང་འཁོར་དུ་མི་འབྱུང་བས་གཞན་དང་མ་འདྲེས་པའི་མ་རིག་པ་མེད་པར་འགྱུར་བའི་སྐྱོན་ནི། གཙོ་བོ་མེད་པར་འཁོར་ཡོད་པར་མི་སྲིད་པས་བདག་ཏུ་གཏི་མུག་ཅེས་བྱ་བའི་སེམས་ལས་བྱུང་བ་ང་མེད་བཞིན་དུ་བདག་ཏུ་རློམ་སེམས་སུ་འཛིན་པའི་མ་འདྲེས་པའི་མ་རིག་པ་དྲི་མ་ཅན་མེད་པར་འགྱུར་ཏེ། ཆོས་མངོན་པའི་མདོ་ལས། ཡང་དག་དོན་ལ་འཇུག་པ་ཡི། །སེམས་ཀྱི་གེགས་སུ་བརྟན་གྱུར་གང་། །དུས་རྣམས་ཀུན་ཏུ་འབྱུང་བ་དེ། །མ་འདྲེས་པ་ཡི་མ་རིག་འདོད། །ཅེས་གསུངས་པ་ལྟར། དེ་ཉིད་ཇི་སྲིད་རྒྱུད་ལ་ཡོད་ཀྱི་བར་ལ་བདག་མེད་མཐོང་བའི་ཡེ་ཤེས་འབྱུང་བའི་གེགས་བྱེད་ཅིང་། ཉོན་ཡིད་ཁོ་ནའི་འཁོར་དུ་རྒྱུན་བརྟན་པར་འབྱུང་ལ། ཆགས་སོགས་ཉོན་མོངས་པ་གཞན་ཡང་འདྲེན་པར་བྱེད་པ། ངའམ་བདག་ཏུ་རྨོངས་པའི་རྣམ་པ་ཅན་ནི་མ་འདྲེས་པའི་མ་རིག་པ་ཞེས་བྱ་སྟེ། གལ་ཏེ་སེམས་ཅན་གྱི་རྒྱུད་ལ་རྟེན་ཉོན་མོངས་པ་ཅན་གྱི་ཡིད་མེད་ན། བརྟེན་པ་མ་འདྲེས་པའི་མ་རིག་པའང་མེད་པར་ཐལ་བར་འགྱུར་ཏེ། དེ་ནི་ཚོགས་དྲུག་མི་བརྟན་པ་དང་དུས་མི་མཚུངས་ཤིང་། ཁྱད་པར་དུ་སྒོ་ལྔ་ཕྱིར་བལྟས་དང་དམིགས་པ་མི་མཚུངས་ལ། ཀུན་གཞི་མ་བསྒྲིབས་པ་དང་ངོ་བོ་མི་མཚུངས་པས། རྣམ་ཤེས་གཞན་ལ་བརྟེན་ནས་འབྱུང་བའང་མ་ཡིན་པའི་ཕྱིར་རོ། །དེ་བས་ན་མ་འདྲེས་པའི་མ་རིག་པ་ནི་ཡོད་པས་དེའི་རྟེན་ཉོན་ཡིད་ཀྱང་ཡོད་པར་གྲུབ་པའོ། །གཉིས་པ་ངེས་ཚིག་མེད་པར་འགྱུར་པའི་སྐྱོན་ནི། གལ་ཏེ་ཉོན་མོངས་པ་ཅན་གྱི་ཡིད་མེད་ན། དུས་རྟག་ཏུ་བདག་ཏུ་འཛིན་ཞིང་རློམ་པའམ་ངར་སེམས་པས་ན་ཡིད་ཅེས་བྱ་བའི་ངེས་ཚིག་ཏུ་འཇོག་པའི་གཞི་མེད་པར་འགྱུར་ཏེ། ཉོན་ཡིད་མ་གཏོགས་རྣམ་ཤེས་གཞན་ལ་དེ་ལྟར་བཤད་དུ་མི་རུང་བའི་ཕྱིར་ཏེ། སྒོ་ལྔ་ནི་རྟོག་མེད་ཡིན་ཞིང་། ཡིད་ཤེས་ནི་རེ་འགའ་བ་ཡིན་ལ། ཀུན་གཞི་ནི་མ་བསྒྲིབས་པ་ཡིན་པས་དེ་རྣམས་ལ་ངར་འཛིན་པ་མེད་པའི་ཕྱིར་རོ། །དེ་བས་ན། ལང་ཀར་གཤེགས་པ་ལས། ངར་སེམས་ཉིད་ནི་ཡིད་ཡིན་ནོ། །ཞེས་དང་། ཡིད་ནི་རྟག་ཏུ་རློམ་སེམས་བྱེད། །ཅེས་སོགས་ཀྱིས་ངེས་ཚིག་ཡང་དག་ཏུ་གསུངས་པས་དེའི་གཞི་ཉོན་ཡིད་ཡོད་པར་ངེས་པའོ། །གསུམ་པ་སྒོ་ལྔ་ལ་བདག་པོའི་རྐྱེན་དགོས་པ་དང་འདྲ་བར་ཡིད་ཀྱི་རྣམ་པར་ཤེས་པ་ལ་བདག་པོའི་རྐྱེན་མེད་པར་འགྱུར་བའི་སྐྱོན་ནི། གལ་ཏེ་ཉོན་ཡིད་མི་འདོད་ན་གཞན་དབང་ཤེས་ལྔ་པོ་ལ་ལྷན་ཅིག་སྐྱེ་བའི་གནས་ཀྱི་བདག་རྐྱེན་ཡོད་པ་དང་འདྲ་བ་མེད་པར། ཡིད་ཤེས་དེ་ཉིད་རང་ཡུལ་ལ་ཀུན་ནས་ཉོན་མོངས་པའི་མཚན་མ་ཅན་དུ་འཇུག་པར་བྱེད་པས་རྟེན་དུ་གྱུར་པའི་བདག་རྐྱེན་ཡོད་པ་མ་ཡིན་པར་ཐལ་བར་འགྱུར་ཏེ། དེའི་ལྷན་ཅིག་སྐྱེ་བའི་གནས་ཉོན་ཡིད་མེད་ཅིང་གཞན་ཡང་མེད་པའི་ཕྱིར་ཏེ། དྲུག་པོ་འདས་མ་ཐག་པའི་ཡིད་ནི་རྫས་སུ་མེད་ཅིང་ཡིད་ཤེས་དང་དུས་མི་མཉམ་པ་དེ་དབང་ཤེས་དང་འདྲ་བའི་ལྷན་ཅིག་འབྱུང་བའི་གནས་སུ་མི་རུང་བའི་ཕྱིར་དང་། སློབ་དཔོན་ཡོན་ཏན་འོད་ཀྱིས་སའི་རྣམ་བཤད་དུའང་། མཚན་མ་ལ་འཆིང་བའི་གནས་ནི་ཉོན་མོངས་པ་ཅན་གྱི་ཡིད་ཡིན་ཏེ། འདི་ལྟར་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་། ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་ཡིད་ལ་གནས་པ་ཞེས་བྱ་སྟེ། རྒྱུ་མཚན་གྱི་ཡིད་མ་འགགས་ན་རྣམ་པར་རིག་པ་རྣམས་ཀྱང་མཚན་མ་ལ་བཅིངས་པ་ལས་མི་འགྲོལ་ལ། འཕགས་ན་དེ་ལས་གྲོལ་བར་འགྱུར་རོ། །ཞེས་འབྱུང་བར་གསུངས་པ་ལ་སོགས་པའི་ཕྱིར་དང་། ཀུན་གཞིའམ་རྒྱུའི་རྐྱེན་ཡིན་གྱི་བདག་རྐྱེན་མ་ཡིན་པའི་ཕྱིར་རོ། །དེས་ན་ཡིད་ཤེས་ཀྱི་བདག་རྐྱེན་དུ་གྱུར་པའི་ཉོན་ཡིད་ནི་ཡོད་པ་ཉིད་དེ། ལང་ཀར་གཤེགས་པར་ཡང་། ཡིད་དང་རྣམ་པར་ཤེས་པ་དང་། །རྣམ་པར་སྨིན་པར་གྱུར་པ་སྟེ། །ཡིད་ནི་ཀུན་གཞི་ལས་བྱུང་བ། །རྣམ་པར་ཤེས་པ་ཡིད་ལས་བྱུང་། །ཞེས་སོ། །གལ་ཏེ་གནས་བརྟན་པའི་སྡེ་པ་དག་གིས། ཡིད་ཀྱི་བདག་པོའི་རྐྱེན་ནི་སྙིང་གིས་བྱའོ། །ཞེ་ན། གཟུགས་མེད་ཀྱི་སེམས་ཅན་ལ་སྙིང་མེད་པས་ཉོན་ཡིད་ཡོད་དགོས་པའོ། །གཞན་ཡང་དགེ་སློང་དག་ཡིད་ནི་ནང་གི་སྐྱེ་མཆེད་ཡིན་ཏེ། གཟུགས་ཅན་མིན་པ་བསྟན་དུ་མེད་ལ་ཐོགས་པ་མེད་པའོ། །ཞེས་གསུངས་པའི་ལུང་གིས་ཀྱང་གནོད་དོ། །བཞི་པ་སྙོམས་འཇུག་གཉིས་ལ་བྱེ་བྲག་མེད་པར་འགྱུར་བའི་སྐྱོན་ནི། ཉོན་ཡིད་མེད་ན་འདུ་ཤེས་མེད་པའི་སྙོམས་འཇུག་དང་འགོག་པའི་སྙོམས་པར་འཇུག་པ་གཉིས་ལ་ཁྱད་པར་མེད་པར་ཐལ་བར་འགྱུར་ཏེ། གཉིས་ཀའི་ཚོགས་དྲུག་བཀག་ཙམ་དུ་མཚུངས་པའི་ཕྱིར་རོ། །སྙོམས་འཇུག་གཉིས་ལ་ཁྱད་པར་མེད་མོད་སྙམ་པ་ལ། ཁྱད་པར་ཡོད་དེ། འདུ་ཤེས་མེད་པའི་སྙོམས་འཇུག་ནི་ཉོན་ཡིད་ཏིང་ངེ་འཛིན་གྱི་ངོ་བོར་བྱས་པ་ཡིན་པས་འཁོར་བ་ལས་མི་བརྒལ་ལ། འགོག་པའི་སྙོམས་འཇུག་ནི་ཟག་པ་མེད་པ་ཡིན་པས་ཏིང་ངེ་འཛིན་ལ་རྩལ་སྦྱངས་པས་སམ་མཐོང་ཆོས་ཞི་བས་འདས་པའི་འབྲས་བུ་འཐོབ་པའོ། །གཞན་ཡང་ས་དང་ཡིད་བྱེད་ལ་སོགས་པའི་ཁྱད་པར་ཡོད་ཀྱང་ངོ་བོ་ལ་ཁྱད་པར་མེད་ན་ནི། འདུ་ཤེས་དང་ཚོར་བ་ཞི་མ་ཞིའི་བྱེ་བྲག་ཀྱང་མེད་པར་ཐལ་བ་ལས་འགོག་སྙོམས་ནི་ཉོན་ཡིད་བཀག་སྟེ་ངར་འཛིན་ཞི་བ་ཁྱད་པར་དུ་འཕགས་པ་ཡིན་པས། དེའི་དགག་བྱ་ཉོན་ཡིད་ནི་ཡོད་པར་གྲུབ་པའོ། །དེར་མ་ཟད་རྟེན་ཉོན་ཡིད་མེད་ན་འདུ་ཤེས་མེད་པར་སྐྱེ་བའི་རྒྱུད་ལ་ངར་འཛིན་མེད་པར་འགྱུར་ཞིང་། དེ་ལྟར་ན་དེ་བཞིན་གཤེགས་པ་དང་འཕགས་པ་རྣམས་ཀྱིས་མི་ཁོམ་པའི་གནས་སུ་གཟིགས་ཏེ་སྨོད་ཅིང་སྤོང་བར་ཡང་མི་འགྱུར་ལ། འཇུག་ཤེས་དང་བྲལ་ཙམ་གྱིས་སྤངས་ན་ནི་འགོག་པའང་སྤངས་པར་རིགས་པས་ཧ་ཅང་ཐལ་བར་འགྱུར་རོ། །དེ་ནི་ཚོགས་དྲུག་བཀག་ཀྱང་ངར་འཛིན་ཡོད་པའི་ཕྱིར་ཉོན་ཡིད་ངེས་པར་གྲུབ་པའོ། །དེ་ལྟར་ནའང་ཕྱིར་མི་འོང་བ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བས་འགོག་པའི་སྙོམས་འཇུག་ཐོབ་པ་ཡང་། འདས་ལམ་གྱི་སྟོབས་ཀྱིས་ཐོབ་པ་ཡིན་པས་སྙོམས་འཇུག་གི་དུས་ན་ཉོན་ཡིད་འགག་ཀྱང་འགོག་སྙོམས་ལས་ལངས་པ་ན་སླར་ཡང་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་འབྱུང་ངོ་། །དེ་བཞིན་དུ་བདག་མེད་མཐོང་བ་ནི་བདག་ལ་སོགས་པར་ལྟ་བའི་གཉེན་པོ་ཡིན་ཞིང་། གཉེན་པོ་དང་མི་མཐུན་པའི་ཕྱོགས་གཉིས་ཅིག་ཆར་དུ་འཇུག་པ་མེད་པས་འཇིག་རྟེན་ལས་འདས་པའི་ལམ་གྱི་སྐབས་སུ་འགག་ཀྱང་དེ་ལས་ལངས་པའི་ཚེ་ས་བོན་རྩ་བ་ནས་མ་སྤང་བས་སླར་ཡང་ཀུན་གཞི་རྣམ་ཤེས་ཉིད་ལས་འབྱུང་ངོ་། །དགྲ་བཅོམ་པ་ནི་ཉོན་མོངས་མ་ལུས་པར་སྤངས་པ་ཡིན་པས་ཉོན་ཡིད་ས་བོན་དང་བཅས་པ་མེད་དེ། དེ་ནི་སྲིད་པའི་རྩེ་མོའི་ཉོན་མོངས་པ་སྒོམ་པས་སྤང་བར་བྱ་བ་བཞིན་དུ་དགྲ་བཅོམ་ཉིད་ཐོབ་པའི་ཚེ་བར་ཆད་མེད་ལམ་ཉིད་ཀྱིས་སྤོངས་ཏེ་ཟད་པ་དང་མི་སྐྱེ་བ་ཤེས་པ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་ཉོན་མོངས་པའི་དྲི་མ་རྩ་བ་དང་བཅས་པ་ཉེ་བར་ཞི་བས་ཉོན་ཡིད་ས་བོན་དང་བཅས་ཏེ་གནས་གྱུར་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོགས་ལ་དབང་ཐོབ་ཅིང་། མཐར་ཐུག་སངས་རྒྱས་ཀྱི་ས་རུ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས་འགྱུར་བ་ཡིན་ནོ། །ལྔ་པ་དུས་ཀུན་ཏུ་བདག་འཛིན་མེད་པར་འགྱུར་བའི་སྐྱོན་ནི། གལ་ཏེ་ཉོན་ཡིད་མེད་ན་ངར་འཛིན་གྱི་གནས་སུ་གྱུར་པའི་མ་རིག་པའི་རྟེན་གཞན་མེད་པས་དུས་གསུམ་གྱི་དུས་དང་གནས་སྐབས་རྣམས་སུ་ཀུན་གཞི་རྣམ་ཤེས་ཉེ་བར་ལེན་པའི་ཕུང་པོ་དེ་ལ་ངའམ་བདག་ཏུ་འཛིན་པ་དེ་ཉིད་མེད་པར་འགྱུར་ཏེ། །དགེ་བ་ལ་སོགས་པ་ཆོས་གསུམ་ཀའི་གནས་སྐབས་སུའང་ངར་འཛིན་པ་མི་འབྱུང་བས་དེ་དག་ངར་འཛིན་གྱིས་མ་བཅིངས་པའི་དགེ་བ་སོགས་སུ་ངེས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། བྱིས་པ་རྣམས་ཀྱི་རྒྱུད་ལ་ང་སྦྱིན་པ་བྱེད་དོ་ཞེས་པ་ལ་སོགས་པ་དགེ་བ་དང་། ང་གནོད་པར་བྱེད་དོ། །ཞེས་པ་ལ་སོགས་པའི་མི་དགེ་བ་དང་། ང་བཟོ་གནས་བྱེད་དོ། །ཞེས་པ་ལ་སོགས་པའི་ལུང་དུ་མ་བསྟན་པའི་གནས་སྐབས་ཐམས་ཅད་དུ་ངར་འཛིན་པ་ཉིད་ཀུན་ཏུ་འགྲོ་བ་དང་འཇུག་པ་ཡིན་ལ། དེ་ཉིད་མ་རིག་པ་ལ་བརྟེན་ཞིང་། དེའང་ཉོན་ཡིད་ལ་བརྟེན་པ་ཡིན་པས་དེ་ནི་ཡོད་པར་གྲུབ་ཅིང་ཉོན་མོངས་གཞན་གྱི་རྩ་བའང་ཡིན་ཏེ། མདོ་སྡེ་སིལ་བུ་དག་ལས་ཀྱང་། ཉོན་མོངས་ཅན་ཡིད་རྟག་ཏུ་ཡང་། །ཉོན་མོངས་ལྷན་ཅིག་འབྱུང་བ་ཡང་། །ཉོན་མོངས་ལྷན་ཅིག་འབྱུང་ཞིང་འགག །དེ་ནི་ཉོན་མོངས་པ་དག་ལས། །གྲོལ་བར་མ་གྱུར་མི་འགྱུར་རོ། །ཞེས་སོ། །དེ་ལྟར་བཤད་པའི་རིགས་པ་དེ་དག་ནི། ཐེག་བསྡུས་སུ་ཡང་། ཉོན་མོངས་ཅན་གྱི་ཡིད་མེད་ན། །མ་འདྲེས་པ་ཡི་མ་རིག་དང་། །ལྔ་པོ་དག་དང་འདྲ་བ་དང་། །སྙོམས་པར་འཇུག་པའི་བྱེ་བྲག་དང་། །ངེས་ཚིག་མེད་པའི་སྐྱོན་དུ་འགྱུར། །འདུ་ཤེས་མེད་པར་སྐྱེ་བའི་རྒྱུད། །ངར་འཛིན་མེད་པའི་སྐྱོན་དུ་འགྱུར། །ངར་འཛིན་པ་དང་ལྡན་པ་ནི། །རྣམ་པ་ཀུན་ཏུ་མི་འཐད་དོ། །ཞེས་གསུངས་ཏེ་ཤིན་ཏུ་གསལ་བར་བསྟན་ལ། དེས་ན་ཉོན་ཡིད་མེད་ན་མ་འདྲེས་པའི་མ་རིག་པ་དང་ལྔ་པོ་དང་འདྲ་བ་གཉིས་མེད་པར་འགྱུར་ཞིང་། དེའི་འོག་མ་སྙོམས་པར་འཇུག་པའི་ཁྱད་པར་དང་། ངར་རློམ་པའི་ཡིད་ཀྱི་ངེས་ཚིག་དང་། འདུ་ཤེས་མེད་པར་སྐྱེ་བའི་རྒྱུད་ལ་ངར་འཛིན་ཡོད་པ་གསུམ་དང་འགལ་བར་འགྱུར་ལ། ཐ་མ་ཀུན་ཏུ་ཡོད་པར་མི་འགྱུར་བའི་ཕྱིར། གཉིས་མེད་གསུམ་དང་འགལ་བར་འགྱུར། །དེ་མེད་ན་ནི་ངར་འཛིན་པ། །ཀུན་ཏུ་ཡོད་པར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་བུའི་འཛིན་སྟངས་ཅ ན་གྱི་ཉོན་ཡིད་དེ་ཡང་གཟུགས་ཀྱི་ཕུང་པོ་དེ་ལ་བདག་གིར་ལྟ་ཞིང་མིང་བཞིའི་ཕུང་པོ་དེར་ངར་འཛིན་པ་ཡིན་པས་དོན་དུ་འཛིན་སྟངས་དེ་གཉིས་ཁོ་ནས་ཉེར་ལེན་གྱི་ཕུང་པོའི་ཀུན་གཞི་རྣམ་ཤེས་ལ་དམིགས་ཏེ་རྟག་ཏུ་ངའམ་བདག་ཏུ་རློམ་པའི་ཚུལ་གྱིས་གཟུགས་ཕུང་དང་མིང་བཞིའི་ཕུང་པོ་གཉིས་ཏེ་ཀུན་གཞིའི་རྣམ་སྨིན་གང་བླངས་པའི་ཕུང་པོ་ལྔ་ཀ་ལ་ཆགས་ཤིང་ཞེན་པའི་ཁམས་སོ། །དེ་དག་ཀྱང་མུན་པའི་གྲངས་དྲིས་པའི་ལན་དུ་ཅི་རིགས་པར་སྦྱར་ཞིང་འཆད་པ་རྣམས་ལའང་སྦྱར་བར་བྱའོ། །གསུམ་པ་སྣང་བའི་མདོ་ཡིད་ཀྱི་རྣམ་པར་ཤེས་པ་བཤད་པ་ལ་གཉིས་ཏེ། ཉེ་བར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། འདི་ལྟ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། མུན་པའི་ལན་མདོ་གསུམ་པ་བསྟན་པའི་ཕྱིར། ལང་ཀའི་བདག་པོ། ཞེས་བོས་ནས། དེ་ལ་ཕྱི་ནང་གི་ཡུལ་ཀུན་དང་རྟོགས་མ་རྟོགས་ཀྱིས་འཁོར་འདས་ཀྱི་ཆོས་སྣ་ཚོགས་པར་སྣང་བའི་མདོ་ཡིད་ཀྱི་རྣམ་པར་ཤེས་པ་ཉེ་བར་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། ཞེས་པའོ། །གཉིས་པ་ལ་བརྒྱད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་གནས་བསྟན་པ། དེ་ཡི་ཡུལ་གྱི་རྣམ་གྲངས་ངོས་གཟུང་བ། དེ་ཉིད་འཁོར་གང་དག་དང་མཚུངས་པར་ལྡན་ཚུལ་བཤད་པ། དེ་ཉིད་ཚོར་བ་གང་དག་དང་ལྡན་པའི་ཁྱད་པར་བསྟན་པ། ཡིད་ཡུལ་ལ་འཇུག་པའི་རྣམ་གྲངས་ཀྱི་དབྱེ་བ་བཤད་པ། དེ་ཡིས་རང་ཡུལ་གཅོད་ཅིང་དངོས་སྣང་ལ་འཇུག་ཚུལ་གྱི་མཚན་ཉིད་བསྟན་པ། དེ་ཉིད་རེ་ཞིག་ཏུ་ལྡོག་པའི་དུས་ཀྱི་རྣམ་གྲངས་བཤད་པ། ཡིད་ཤེས་གང་གི་ཐུན་མོང་དང་ཁྱད་པར་གྱི་བྱེད་ལས་བཤད་པའོ། །དང་པོ་ནི། འདོད་ཁམས་དེ་འཇུག །ཅེས་པ་ནས། འབྱུང་རྟེན་དེ་མ་ཐག །ཅེས་པའི་བར་གྱིས་བསྟན་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་གནས་འཆད་པ་ནི། ཁམས་གསུམ་ལས་འདོད་པའི་ཁམས་དང་ཆོས་མཐུན་པས་ཡིད་ཀྱི་རྣམ་ཤེས་དེ་ཉིད་ད་ལྟ་བ་ཡུལ་གང་དང་གང་སྣང་བ་ལྟར་ཐམས་ཅད་ལ་གསལ་བར་འཇུག་ལ་དྲན་པ་དང་མངོན་པར་འདོད་པའི་ཚུལ་གྱིས་དེ་ཉིད་འདས་པ་དང་མ་འོངས་པའི་ཡུལ་གྱིའང་རྗེས་སུ་འབྲང་བས་ཡུལ་གྱི་ཆོས་མང་པོ་ལ་གནས་ཏེ་ཡུལ་དང་ཡུལ་ཅན་དུ་འབྲེལ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྣང་བའི་མདོ་ཞེས་བྱ་སྟེ། དེ་ལའང་གནས་གསུམ་དུ་ཡོད་པ་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན་ནི། ས་བོན་ནམ་བག་ཆགས་ཀྱི་གནས་ནི་ཀུན་གཞི་དེ་ཉིད་ཡིན་ཏེ། ཕྱི་རོལ་གྱི་ཡུལ་མང་པོ་བཅད་ནས་ཀུན་གཞི་དེ་ལ་བག་ཆགས་གསོགས་པར་བྱེད་ལ། གོ་འབྱེད་པའི་གནས་ནི་སྐད་ཅིག་མ་སྔ་མས་གོ་ཕྱེས་ནས་ཡུལ་ཀུན་ལ་འབྱུང་ཞིང་འཇུག་སྟེ་རྗེས་སུ་འགྲོ་བ་ཡིན་ནོ། །ལྷན་ཅིག་འབྱུང་བའི་གནས་ནི་ཡིད་ཤེས་དེ་ཉིད་ཡུལ་ལ་དངོས་སུ་འབྱུང་འཇུག་བྱེད་པའི་རྟེན་དུ་གྱུར་པའི་དབང་པོ་སྟེ་དྲུག་པོ་དེ་ཉིད་འགགས་མ་ཐག་པའི་རྣམ་ཤེས་གང་ཡིན་པ་དེ་ཉིད་དེ་དེ་ལྟར་གནས་གསུམ་དང་ལྡན་པའོ། །གཉིས་པ་ནི། འདོད་པ་ལྔ་དང་ཆོས་གཉིས་སོ། །ཞེས་པས་བསྟན་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ནི་གཉིས་ཏེ་ཐུན་མོང་བ་འདོད་པའི་ཡོན་ཏན་རྣམ་པ་ལྔ་དང་ཐུན་མོང་མ་ཡིན་པ་འདུས་བྱས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་བཞི་དང་འདུས་མ་བྱས་ནམ་མཁའ་དང་འགོག་པ་གཉིས་དང་དེ་བཞིན་ཉིད་དང་བཞི་སྟེ་ཆོས་བརྒྱད་དུ་གྱུར་པ་ཡིན་པས་དེ་ལྟར་ཐུན་མོང་དང་ཁྱད་པར་གྱི་ཆོས་གཉིས་པོ་རྣམས་སོ། །གསུམ་པ་ནི། བྱེད་པ་ཀུན་དང་རྟག་ཏུ་གཅིག །ཅེས་པས་བསྟན་ཏེ། ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་ནི་གཉིས་ཏེ། ཐུན་མོང་བ་ཀུན་ཏུ་འགྲོ་བ་ལྔ་དང་། ཐུན་མོང་མ་ཡིན་པ་རིགས་སྤྱིའི་དབང་དུ་བྱས་པས་འདུ་བྱེད་པ་ལྔ་བཅུ་རྩ་གཅིག་ཀུན་དང་ཡང་དུས་རྟག་ཏུ་མཚུངས་པར་ལྡན་ཏེ་ལྷན་གཅིག་པར་རྒྱུན་དུ་འགྲོགས་པ་ཞེས་བྱ་སྟེ་ཐམས་ཅད་ཡིད་ཀྱི་ཆ་ཡིན་པས་སོ། །བཞི་པ་ནི། རིགས་གསུམ་དག་དང་ཕྲད་རིག་འཛིན། །ཞེས་པས་བསྟན་ཏེ། དེ་ཉིད་ཚོར་བ་གང་དང་ལྡན་ན་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཀྱི་རིགས་གསུམ་ག་དང་ལྡན་པས་དེ་དག་གང་དང་ཕྲད་ཀྱང་དེའི་ངོ་བོ་ཡང་གནས་པའི་ཚུལ་གྱིས་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་གྱི་རིགས་སུ་གང་གྱུར་ལྟར་འཛིན་ཏེ་དོན་དུ་ཡིད་ཉེ་བར་རྒྱུ་བའི་ཚོར་བ་བཅོ་བརྒྱད་ལས་གང་ཕྲད་ཐམས་ཅད་འཛིན་ཞིང་གཞན་འགགས་པའོ། །ལྔ་པ་ནི། དེ་འཇུག་ཚོལ་གཅོད་འབེབས་པའོ། །ཞེས་པས་བསྟན་ཏེ། ཡིད་ཤེས་ཡུལ་ལ་འཇུག་པའི་རྣམ་གྲངས་ཀྱང་། ཡུལ་གང་དང་གང་སྣང་བ་དེ་ཡི་རྗེས་སུ་འཇུག་པའི་ཡིད་དང་། དང་པོ་ཡུལ་ཀུན་ཏུ་ཚོལ་བར་བྱེད་པའི་ཡིད་དང་། ཡུལ་ལ་རྣམ་པར་རྟོག་པའམ་དེ་ཉིད་ཡོངས་སུ་གཅོད་པའི་ཡིད་དང་། གང་དོན་དང་མཐུན་པར་གཏན་ལ་འབེབས་པའི་ཡིད་དེ་དེ་ལྟར་བཞིའམ། ཡང་ན་དོན་གྱིས་ངེས་པར་འཇོག་པའི་ཡིད་དང་རྣམ་གྲངས་ལྔར་བསྟན་པའོ། །དྲུག་པ་ནི། མ་འགགས་གང་དུ་རྒྱུན་ཁྱབ་འཇུག །ཅེས་པས་བསྟན་ཏེ། དེ་ཡང་ཡུལ་སྣང་གི་དངོས་པོ་མ་འགགས་པར་གསལ་བ་གང་དུ་ཡང་རྒྱུན་དུ་འདུག་པ་ཡིན་པས་སྒོ་ལྔའི་ཤེས་པ་ཀུན་ལའང་ཁྱབ་པར་རྒྱུ་ཞིང་དེ་དག་གི་རྗེས་སུའང་འཇུག་པར་བྱེད་པ་ཉིད་དེ། དེར་མ་ཟད་འགགས་པ་དང་འབྱུང་འགྱུར་གྱི་ཡུལ་ལའང་ཡོངས་སུ་རྟོག་པའི་མཚན་ཉིད་ཅན་དུ་ངེས་ཏེ། རྒྱན་སྟུག་པོ་བཀོད་པ་ལས། རྒྱུ་ལ་དམིགས་ཤིང་རྣམ་ཤེས་རྣམས། །སྐྱེ་སྟེ་གཞན་ནི་དེ་རྗེས་འབྲང་། །ཡིད་ལ་དམིགས་ཤིང་གཞན་དག་ཀྱང་། །མཐར་ཆགས་སུ་ནི་རབ་ཏུ་འབྱུང་། །ཡིད་རྙེད་ནས་ཀྱང་གཞན་དག་ནི། །དབང་གི་ཡོན་ཏན་རྣམས་ཀྱིས་བྱས། །དབང་ནི་ལྔ་དང་ལྷན་ཅིག་ཏུ། །རྣམ་པར་ཤེས་པ་རབ་ཏུ་བྱེད། །ཅེས་དང་། གཟུགས་དང་སྣང་བ་ཡིད་བྱེད་དང་། །རྣམ་ཤེས་ཡུལ་ལ་མངོན་གྱུར་པས། །མྱུར་ཕྱིར་ཁོང་དུ་མི་ཆུད་པ། །སྤྱོད་ཡུལ་དུ་ནི་སེམས་རྒྱུ་བའོ། །ཡིད་སྔོན་འགྲོ་བ་ཆོས་རྣམས་ཏེ། །ལུས་ཅན་ཀུན་གྱི་དེ་བཞིན་ནོ། །ཡིད་འགྲོ་ཡིད་ནི་གཅེས་པ་དག །ཡིད་དུ་འོང་བས་ཅིར་མི་བཤད། །ཅེས་སོ། །བདུན་པ་ནི། དུས་གསུམ་སྐབས་གསུམ་འཇུག་མེད་པའོ། །ཞེས་པས་བསྟན་ཏེ། དེ་ཡང་རེ་ཞིག་པ་དང་གཏན་དུ་ལྡོག་པའི་དུས་གཉིས་ལས། འདིར་རེ་ཞིག་པར་གྱུར་པ་རྟག་ཏུ་འདུ་ཤེས་མེད་པ་བ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པའི་དུས་དང་གསུམ་དུ་ལྡོག་པ་དང་། དེ་བཞིན་དུ་ཤིན་ཏུ་མྱོས་པའི་གཉིད་ཀྱི་སྐབས་དང་། བརྒྱལ་བ་དང་འབོག་པའི་གནས་སྐབས་གསུམ་དུ་ལྡོག་པ་ཡིན་པས་དེ་ལྟར་དུས་སྐབས་དྲུག་ཏུ་འཇུག་པ་མེད་པའོ། །བརྒྱད་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། སྣ་ཚོགས་དེ་ཉིད། ཅེས་པ་ནས། ཐུན་མོང་དེ་ཁྱད་པར། །ཞེས་པའི་བར་དང་། འོག་གི། དྲུག་གཉིས་ལྔ་གསུམ། ཞེས་པ་ནས། དེ་འཇུག་བྱེད་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་བྱེད་ལས་ནི། སྔ་མ་ལས། ཇི་ལྟར་རྒྱ་མཚོ་ཆུ་བོ་ཡིས། །ཉིན་གཅིག་བཞིན་དུ་དགང་བྱ་ཡང་། །ཆུ་བོ་རྣམས་ནི་རྒྱུན་མི་འཆད། །རྒྱ་མཚོ་རྟོག་པར་ཡོང་མི་བྱེད། །དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། །ཟབ་ཅིང་མཚོ་ལྟར་གནས་པ་སྟེ། །རྣམ་ཤེས་རྣམས་ཀྱིས་ཉིན་གཅིག་བཞིན། །བག་ཆགས་ཆུ་བོས་རབ་ཏུ་དགང་། །ཞེས་གསུངས་པ་ལྟར། ཡུལ་མང་པོ་བཅད་པའི་བག་ཆགས་སྣ་ཚོགས་བ་དེ་ཉིད་ཀུན་གཞི་དེ་ལ་འབེབས་ཤིང་བསྒོད་པར་བྱེད་པ་ཡིན་ཞིང་། དེ་ལ་ཡང་ལས་ཀྱི་འཇུག་པ་རྣམ་པ་གཉིས་སུ་གནས་ཏེ། སྒོ་ལྔ་དང་ཐུན་མོང་གི་ཚུལ་གྱིས་བྱེད་པའི་ལས་ལ་འཇུག་པ་དང་། ཡིད་ཤེས་དེ་ཡི་རང་གི་ཁྱད་པར་གྱི་ལས་ཀྱིས་ཐུན་མོང་མིན་པར་འཇུག་པའོ། །དེ་ཡང་རྣམ་གྲངས་བསྟན་པ་འདི་ལྟ་སྟེ། མདོར་བསྡུ་ན་ཡིད་ཀྱི་ལས་ནི་ཐུན་མོང་ལ་དྲུག་དང་གཉིས་པ་ལ་ལྔ་ཕྲག་གསུམ་སྟེ། སྤྱིའི་ལས་སུ་བཤད་པ་དྲུག་དང་འོག་གི་ལྔ་གསུམ་བཅོ་ལྔ་བསྡོམས་ཏེ། བཅུ་ཕྲག་གཉིས་དང་གཅིག་ཏུ་གྱུར་པས་ཉི་ཤུ་རྩ་གཅིག་གོ། །དེས་ན་ལས་ཀྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་སྒོ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡུལ་ཐམས་ཅད་ལ་ཡང་དེ་ལྟར་འཇུག་པ་བྱེད་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ཐུན་མོང་གི་ལས་བསྟན་པ། ཁྱད་པར་གྱི་ལས་བཤད་པའོ། །དང་པོ་ནི། གོང་དུ་བཞག་པའི། ཡུལ་རིག་པ་དང་། ཞེས་པ་ནས། ཡོངས་སུ་མྱོང་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་ཡིད་ཀྱི་ལས་གཉིས་ཀྱི་ཐུན་མོང་བ་སྒོ་ལྔའི་རྣམ་ཤེས་ལྔ་པོ་རིག་པ་དང་། འདོད་ཡོན་གྱི་ཡུལ་རིག་པ་དང་། དུས་ད་ལྟ་བ་ཀུན་ཀྱང་རིག་པ་ཡིན་མོད་སྤྱིའི་ལས་རྣམས་སུ་འདུ་ལ། ཁྱད་པར་གྱི་ལས་ནི། ཡུལ་གྱི་ཆོས་སྣ་ཚོགས་པ་དང་སྤྱོད་ཡུལ་ཐམས་ཅད་རིག་པ་དང་། ཆོས་རྣམས་ཀྱི་སྤྱི་དང་རང་གི་མཚན་ཉིད་ཤེས་ཤིང་རིག་པ་དང་། དུས་གསུམ་ཐམས་ཅད་རིག་པ་དང་། དངོས་པོ་སྐད་ཅིག་མ་དང་ཤེས་པ་སྐད་ཅིག་མའི་རྒྱུན་རིག་ཅིང་ཤེས་པ་དང་། དགེ་མི་དགེ་ལུང་མ་བསྟན་གྱི་བྱ་བའི་ལས་གསུམ་ཀ་ལ་འཇུག་པ་ཤེས་པ་དང་། དགེ་སྡིག་གང་གི་རྣམ་སྨིན་གྱི་འབྲས་བུ་རྣམས་ཚོར་བའི་སྒོ་ནས་ཡོངས་སུ་མྱོང་བར་རིག་པ་སྟེ་དེ་ལྟར་རྣམ་གྲངས་དྲུག་ཏུ་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། ཉེ་བར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། ཡུལ་འདི་རྒྱ་ཆེར་བཤད། །ཅེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཞེས་བོས་ནས་ཁུངས་དང་འབྲེལ་བར་ཡིད་ཀྱི་ཁྱད་པར་གྱི་ལས་ཉེ་བར་སྟོན་པ་ནི་འདི་ལྟ་སྟེ། སྟོན་བ་གསང་བའི་སྐུ་གསང་བ་མཆོག་གི་བདག་པོ་དེ་ཉིད། གསང་བ་མཆོག་གི་དགྱེས་པའི་གནས་ཡུམ་གྱི་ལྷུམས་ན་བཞུགས་ནས་གསང་བའི་ཆོས་ཉིད་སྟོན་པ་ན། འགྲོ་བ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱིས་བསྒྱངས་པ་ལ་སོགས་པ་རྣམས་ཀྱིས་གློ་བུར་གྱི་བསྒྲིབས་པས་ངེས་པའི་གསང་བ་མ་མཐོང་བར་མུན་པའི་སྤྱོད་ཡུལ་ཅན་དུ་གྱུར་པ་ལ་དགོངས་ཏེ། དེ་དག་འདུལ་བའི་ཆེད་དུ་མུན་པའི་ཡུལ་འདི་མཚན་མ་ཤ་སྟག་ཏུ་རྒྱ་ཆེར་བཤད་དེ་བཀའ་སྩལ་པར་མཛད་དོ། །དེ་ནི། བློ་ལྡན་རྣམས་ལ་འདི་བརྗོད་ཀྱིས། །བླུན་པོའི་ཆེད་དུ་ཤེས་པར་གྱིས། །ཞེས་གསུངས་པའི་ཡང་ཕྱིར་རོ། །གཉིས་པ་ལ་ལྔ་གསུམ་བཅོ་ལྔ་སྟེ། ལྔ་ཕྲག་དང་པོ་ཚེ་འདིའི་ལས་སུ་བསྟན་པ། ལྔ་ཕྲག་བར་པ་ཚེ་འདིའི་དབང་དུ་བསྟན་པ། ལྔ་ཕྲག་ཐ་མ་ཚེ་འདི་དང་བར་མ་དང་ཕྱི་མའི་དབང་དུ་བསྟན་པའོ། །དང་པོ་ལ་ལྔ་སྟེ། དམིགས་པ་ལ་རྣམ་པར་རྟོག་པའི་ལས་བཤད་པ། དམིགས་པ་ལ་ཉེ་བར་སེམས་པའི་ལས་བསྟན་པ། ར་རོ་བར་བྱེད་པའི་ལས་བཤད་པ། སྨྱོ་འབོག་ལ་སོགས་པར་བྱེད་པའི་ལས་བསྟན་པ། གཉིད་ལོག་པར་བྱེད་པའི་ཡིད་ཀྱི་ལས་བཤད་པའོ། །དང་པོ་ནི། དང་པོ་རྣམ་རྟོག །ཅེས་པ་ནས། རྣམ་པར་རྟོག་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་ལྔ་ཕྲག་གསུམ་གྱི་དང་པོ་བསྟན་པའི་ཕྱིར་འདི་ལྟར་གསུངས་ཏེ། ལྔ་ཕྲག་ཐོག་མའི་དང་པོ་དམིགས་པ་ལ་རྣམ་པར་རྟོག་པའི་ཡིད་ཀྱི་ལས་དེ་ལའང་རྣམ་གྲངས་བདུན་དུ་རྣམ་པར་རྟོག་པ་ཡོད་དེ། གང་ཞེ་ན། སྔར་བྱུང་བའི་མཐོང་ཐོས་ཀྱི་ཐ་སྙད་ལ་མཁས་པ་མི་རྒན་ལྟར་དུ། སྔོན་མཐོང་བ་དང་ཐོས་པ་ལ་སོགས་པའི་རང་བཞིན་ལ་རྟོག་པའི་མཚན་མ་ཅན་དུ་གསལ་བར་ཉམས་སུ་མྱོང་བའི་དོན་དང་ཐ་སྙད་ལ་མཁས་པའི་རྣམ་པར་རྟོག་པ་དང་གཅིག །འབྱུང་བར་འགྱུར་བའི་མཐོང་ཐོས་ལ་དགའ་བ་བུ་ཆུང་ལྟར་དུ། ཐ་སྙད་ལ་མི་མཁས་ཀྱང་གང་མ་འོངས་པའི་ཡུལ་ལ་རྟོག་པ་སྒྲ་དོན་གྱི་སྤྱི་ཙམ་ལ་དཔྱད་པ་ལྟ་བུ་དང་། ཕྱིས་འབྱུང་བའི་ཐོས་པའི་དོན་དག་བློ་ལ་ཡོད་པ་རྣམས་ཀྱི་མིང་དང་དོན་ཡན་ཆད་སྦྱོར་ཞིང་དཔེ་དོན་བསྡེམས་ཏེ་བརྗོད་པ་ཞེའམ། འདུས་མ་བྱས་བཞི་ལ་རྟོག་པ་ལྟ་བུ་མཚན་མ་མིན་པ་ལ་རྣམ་པར་རྟོག་པ་དང་གཉིས། ཡིད་ཀྱི་ཡུལ་ཉེ་བར་གནས་པ་ལ་རང་གི་ངང་གིས་ཡུལ་གྱི་སྟོབས་ཀྱིས་འཇུག་བར་བྱེད་པའི་རྣམ་པར་རྟོག་པ་ཡིད་ཀྱི་ལས་སུ་གྱུར་པ་དང་གསུམ། ཡུལ་དཀར་ནག་ལ་སོགས་པ་གང་ཡང་ཀུན་ཏུ་ཚོལ་བའི་ཡིད་ཀྱིས་ཡོངས་སུ་ཚོལ་ཞིང་དཔྱོད་པའི་རྣམ་པར་རྟོག་པ་དང་གཏན་ལ་འབེབས་པར་བྱེད་པའི་ཡིད་ཀྱི་ལས་དང་བཞི། ཡུལ་དུ་བཞག་པ་གང་དེ་ལ་སོ་སོར་རྟོག་ཅིང་ཡུལ་ལ་གཅོད་དེ་སྤྱོད་བདོ་བའི་རྣམ་པར་རྟོག་པ་དང་། འདི་ཉིད་ཡིན་ནོ་ཞེས་ངེས་པར་འཇོག་པས་བྱེ་བྲག་ཕྱེད་པར་ཤེས་པའི་ཡིད་ཀྱི་ལས་གཉིས་གཅིག་ཏུ་བྱས་པ་དང་ལྔ། ཉོན་མོངས་པ་ཅན་གྱི་རྣམ་པར་རྟོག་པ་སྔོན་ཉམས་སུ་མྱོང་བའི་དོན་སྔར་འདས་པ་དང་མ་འོངས་པ་ལ་མངོན་པར་དགའ་བ་དང་ལྡན་ཞིང་། ད་ལྟར་བྱུང་བ་ལ་ཆགས་ཤིང་འདོད་པའི་རྟོག་པ་དང་གནོད་པའི་སེམས་རྟོག་གམ། ཉོན་མོངས་ཤིང་སྡུག་བསྔལ་བའམ་དེ་ལ་རྟོག་པའི་ཡིད་ཀྱི་ལས་དང་དྲུག །དགེ་སྡིག་དེ་གཉིས་གང་ཡང་མིན་པར་ལུང་མ་བསྟན་གྱི་སྤྱོད་ཡུལ་ལམ་བཟོ་གནས་བྱེད་པ་ལྟ་བུ་ལུང་དུ་མ་བསྟན་པའི་ལས་ལ་རྣམ་པར་རྟོག་པ་སྟེ་དེ་ལྟར་བདུན་དུ་ཡོད་པའོ། །གཉིས་པ་ནི། གཉིས་པ་ཉེ་བར། ཞེས་པ་ནས། རིགས་མིན་གཉིས་ཀ་མིན། །ཞེས་པའི་བར་གྱིས་བསྟན་ཏེ། ལྔ་ཕྲག་དང་པོའི་གཉིས་པ་དམིགས་པ་ལ་ཉེ་བར་སེམས་པའི་ཡིད་ཀྱི་ལས་ལའང་གསུམ་སྟེ། དང་པོ་རིགས་པ་དང་མཐུན་པས་བསྐྱེད་པའི་རྟོག་པ་ལའང་རིག་པའི་ཤེས་རབ་གསུམ་སྟེ། རང་གི་རྟོག་པ་ལས་བྱུང་བའི་ཤེས་པ་ནི་ཕྱིན་ཅི་ལོག་བཞི་ལ་སོགས་པ་མི་བདེན་པ་རྣམས་དང་བྲལ་ཏེ་སྒྲོ་སྐུར་མི་བྱེད་པའི་ཤེས་རབ་དང་། ལུང་བསྟན་པའི་ཤེས་པ་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་གང་ཇི་ལྟ་བ་བཞིན་དུ་རྟོག་པ་དང་ཡོངས་སུ་ཤེས་པའོ། །ཡང་ན་སྒྲོ་སྐུར་མི་བྱེད་པ་འདི་ལ་སྦྱར་རོ། །མངོན་པར་རྟོགས་པ་ལས་བྱུང་བའི་ཤེས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། འཇིག་རྟེན་ལས་འདས་པ་མཐོང་བའི་ལམ་སྐྱེས་པ་ཡན་ཆད་དོ་དེ་ལྟར་གསུམ་མོ། །གཉིས་པ་གོང་མ་དེ་དག་དང་མི་ལྡན་པའི་རིགས་པ་མིན་པས་སྐྱེད་པའི་ཤེས་རབ་ནི་བཤད་པའི་ཤེས་པ་གསུམ་དང་མི་མཐུན་པའི་རྣམ་པར་རྟོག་པ་གསུམ་སྟེ་མི་བདེན་པ་རྣམས་སོ། །གསུམ་པ་གཉིས་ཀ་མིན་པའི་ཤེས་པ་སྐྱེ་བས་ཐོབ་པའི་ཤེས་རབ་ནི། ལུང་དུ་མ་བསྟན་པའི་ཤེས་པ་ཞེའམ། མདོར་ན་འགྲོ་བ་སྐྱེས་མ་ཐག་པར་ལྡན་པའི་ཤེས་རབ་བོ། །གསུམ་པ་ནི། གསུམ་པ་རྨོངས་བྱེད། ཅེས་པ་ནས། ཚད་ལས་འདས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལྔ་ཕྲག་དང་པོའི་གསུམ་པ་ར་རོ་བར་བྱེད་པའི་ཡིད་ཀྱི་ལས་ནི། དྲན་པ་རྨོངས་ཤིང་ཉམས་པར་བྱེད་པ་དང་སེམས་དཔའ་བ་དང་བག་མེད་པར་བྱེད་པའི་རྐྱེན་དུ་གྱུར་པའི་ཆང་དང་སྦྲང་ཆང་ལྟ་བུར་མྱོས་པར་འཐུང་། གང་གི་དུས་འདིར་ལུས་ཀྱི་འབྱུང་བ་བཞི་ཆ་མ་སྙོམས་པར་འགྱུར་བའི་དབང་གིས་དབང་པོའི་རྟེན་འགྱུར་བའི་ཕྱིར་དབང་པོའི་འབྱུང་བ་རྣམས་ཀྱང་འགྱུར་བའི་ཤུགས་ཀྱིས་རྣམ་ཤེས་རྣམས་ཀྱང་སྤྱོད་ཡུལ་སྔ་མ་ལས་འགྱུར་ཏེ་ངོ་བོ་འགྱུར་བ་དང་། རྣམ་ཤེས་གྱུར་བ་དེ་དང་ཆ་མཐུན་པར་ལུས་ཀྱི་འབྱུང་བའི་སྤྱོད་ཡུལ་ཡང་རྐྱེན་དེ་ཡིས་དེ་ལྟར་ཆ་མཐུན་ཅན་དུ་འགྱུར་བ་དང་། དེ་དག་གི་དབང་གིས་ལུས་ཉམས་ཆུང་བ་དང་། སྔར་འཐུང་བ་ལ་མ་གོམས་པའམ། སྔོན་གོམས་པ་རྣམས་ཀྱང་མ་གོམས་པ་ལྟར་ཤེས་པ་མྱོས་པས་བརྗེད་དེ་ཤེས་པའི་ལས་ཀུན་མི་ཤེས་པར་འགྱུར་བ་དང་། ཆང་བཟང་པོ་རྣོ་བའི་མཐུའམ། ཤེས་པ་སླར་དཔའ་བས་རྣོ་བར་འགྱུར་བ་དང་། ཆད་མང་པོ་ཚད་ལས་འདས་པར་འཐུང་བའམ། ཚད་ལས་འདས་ཏེ་ཤེས་པ་སྔོན་བས་གསལ་བར་འགྱུར་བ་སྟེ་དེ་ལྟར་དྲུག་པོ་གང་ཡིན་པའང་ཡིད་ཀྱི་ལས་སུ་གྱུར་པའོ། །བཞི་པ་ནི། བཞི་པ་བླ་འཁྱལ། ཞེས་པ་ནས། གྱུར་དང་གཞན་གྱིས་བརླམས། །ཞེས་པའི་བར་གྱིས་བསྟན་ཏེ། ལྔ་ཕྲག་དང་པོའི་བཞི་པ་སྨྱོ་འབོག་བྱེད་པའི་ཡིད་ཀྱི་ལས་ནི། བླ་འཁྱལ་བའམ་འཆལ་ཞིང་སྨྱོ་བར་བྱེད་པ་དང་། སྙིང་ཁྲིན་ནམ་སྙིང་སྲན་དུ་གྱུར་པའི་སྔོན་གྱི་མཁོན་རྙིང་ལྡང་བ་ཞེ་ལ་བྱེད་པ་དང་། ལུས་ཀྱི་ཁམས་གང་ཡིན་པ་མ་སྙོམས་པ་དང་། ཤིན་ཏུ་འཇིགས་ཤིང་སྐྲག་པ་ཡིད་ལ་བྱེད་པའི་སེམས་ཀྱི་ལས་དང་། ལུས་ཀྱི་གནད་དུ་ཡུལ་བས་སྟེ་བརྒྱབ་པས་གཟེར་ནད་ལ་སོགས་པ་ཚོར་བ་དྲག་པོའི་སྡུག་བསྔལ་དུ་གྱུར་པ་དང་། གདོན་བགེགས་དང་འབྱུང་པོ་ལ་སོགས་པ་གཞན་གྱིས་ཡིད་བརླམས་པས་འབོགས་པ་སྟེ། དྲུག་པོ་དེ་རྣམས་ཀྱང་ཡིད་ཀྱི་ལས་ཡིན་ནོ། །ལྔ་པ་ནི། ལྔ་པ་ནང་འཇུག །ཅེས་པ་ནས། གོམས་དང་གཞན་རྐྱེན་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། ལྔ་ཕྲག་དང་པོའི་ལྔ་པ་གཉིད་ལོག་པར་བྱེད་པའི་ཡིད་ཀྱི་ལས་ནི། སེམས་རང་དབང་མེད་པར་ནང་དུ་འཇུག་པ་དང་། ལུས་ཉམ་ཆུང་བ་དང་། ལུས་སེམས་ངལ་ཞིང་དུབ་པ་དང་། གཉིད་ཀྱི་རྒྱུ་ཤ་ཆང་ལ་སོགས་པའི་ཟས་དྲགས་པར་ཟོས་པ་དང་། སེམས་རང་བཞིན་གྱིས་མྱོས་ཤིང་འཐིབས་པ་དང་། སེམས་ལས་ཀུན་བོར་ཏེ་བྱ་བ་བཏང་བ་དང་། གཉིད་ལང་ཅན་གཉིད་ལ་གོམས་ཤུགས་ཆེ་བ་དང་། ནད་ལ་སོགས་པའི་གཞན་རྐྱེན་གྱིས་དབང་དུ་གྱུར་པ་དང་བརྒྱད་ཀྱང་ཡིད་ཀྱི་ལས་སོ། །གཉིས་པ་ལྔ་ཕྲག་བར་མ་ལའང་ལྔ་སྟེ། ཡིད་ཕྱིར་འབྱུང་བར་བྱེད་པའི་ཡིད་ཀྱི་ལས་བསྟན་པ། ལུས་དག་གི་ལས་ལ་འཇུག་པར་བྱེད་པའི་ཡིད་ཀྱི་ལས་བཤད་པ། ཆགས་པ་དང་བྲལ་བར་བྱེད་པའི་ཡིད་ཀྱི་ལས་བསྟན་པ། ཆགས་པས་སེམས་ཉམས་པར་བྱེད་པའི་ཡིད་ཀྱི་ལས་བཤད་པ། དགེ་བའི་རྩ་བ་རྒྱུན་ཆད་པར་བྱེད་པའི་ཡིད་ཀྱི་ལས་བསྟན་པའོ། །དང་པོ་ནི། ལྔ་གཉིས་དང་པོ། ཞེས་པ་ནས། དེར་འཇུག་དེ་ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། ལྔ་ཕྲག་བར་མ་འདི་ལ་སོ་སོའི་ཡན་ལག་གི་བྱེ་བྲག་རྣམས་བགྲང་ན་སུམ་ཅུར་འགྱུར་ཏེ། དེ་ཡང་ལྔ་ཕྲག་གཉིས་པའི་དང་པོ་ཉམས་བདེ་བའི་བྱེ་བྲག་གིས་སེམས་ཕྱིར་ཞེས་ཕྱི་རོལ་དུ་བྱུང་ཞིང་ཡུལ་ལ་འཇུག་པའི་ལས་བསྟན་པ་ལའང་། ལུས་ཀྱི་ཁམས་རྟས་པ་དང་། གང་འདིར་འཐིབས་པ་དང་གཉིས་ལས་སངས་པར་གྱུར་པ་དང་། ལུས་གང་དེ་སྒྱིད་ལུག་སྟེ་དྲན་པ་བློང་བས་ཀུན་དཀྲིས་ཀྱིས་ལུས་སྙོམས་པར་བྱེད་པའི་རྐྱེན་ཟད་པ་དང་། གང་བསམ་པའི་དམིགས་པ་སྔ་མོར་འདི་བྱ་སྙམས་ཏེ་ཆེད་དུ་གཟའ་གཏད་བྱས་པའི་རྐྱེན་གྱིས་དེ་དག་འཇོམས་ཤིང་འཇིག་པར་བྱེད་པ་དང་། ཕྱི་རོལ་གྱི་ཡུལ་གཞན་གྱི་རྐྱེན་གྱིས་ཡིད་སློང་བའམ། སྒྲ་དྲག་པོ་དང་བྱམས་པའམ་ཡིད་དུ་འོང་བའི་རྐྱེན་ལ་སོགས་པས་ལྡང་བར་འགྱུར་པའོ། །ཡང་ཡུད་ཙམ་སུམ་ཅུའི་ཆ་གཅིག་ལྟ་བུར་ཐང་ཅིག་སྟེ་དེ་ཙམ་དུ་སེམས་ཀྱི་དྲན་པ་འགགས་ཤིང་ཉམས་ཏེ་བརྒྱལ་འབོགས་སུ་གྱུར་པ་དང་། དེ་ལས་སླར་ཡང་སངས་པ་དང་། དེ་ལྟར་སངས་པ་དེ་ཡང་སླར་ལ་གཉིད་ལྟ་བུ་དེར་འཇུག་པར་བྱེད་པ་དང་དྲུག་པོ་དེ་དག་ཀྱང་ཡིད་ཀྱི་ལས་ཉིད་དོ། །གཉིས་པ་ནི། གཉིས་པ་གཉིས་བྱེད། ཅེས་པ་ནས། འབྱུང་བ་གཡོ་བར་བྱེད། །ཅེས་པའི་བར་གྱིས་བསྟན་ཏེ། ལྔ་ཕྲག་བར་མའི་གཉིས་པ་ལུས་ངག་གཉིས་ཀྱང་ལས་བྱེད་པ་ལ་འཇུག་པར་བྱེད་པ་བརྟས་པས་སྒོ་གསུམ་ལས་ལ་འཇུག་པའང་། ལས་བྱ་རྒྱུ་འདི་ཉིད་བྱའོ་སྙམ་དུ་སེམས་པ་སྔོན་དུ་འགྲོ་བའམ་སྐྱེ་བ་དང་། གང་བྱ་བར་བསམ་པའི་ལས་དེ་ལ་འདུན་ཏེ་མོས་པ་སྐྱེ་བ་དང་། དེ་ལ་འབད་རྩོལ་གྱིས་སྦྱོར་བའི་བརྩོན་འགྲུས་བྱེད་པ་དང་། དེ་དག་གི་སྒོ་ནས་སྒོ་གསུམ་གྱི་འདུ་བྱེད་ཐམས་ཅད་འབྱུང་བ་དང་གཡོ་ཞིང་སྐྱོད་པར་བྱེད་པ་དང་བཞི་པོ་དག་ཀྱང་ཡིད་ཀྱི་ལས་ཡིན་ནོ། །གསུམ་པ་ནི། གསུམ་པ་ཆགས་དང་། ཞེས་པ་ནས། ཡིད་ལ་བྱེད་པས་བྱེད། །ཅེས་པའི་བར་གྱིས་བསྟན་ཏེ། ལྔ་ཕྲག་གཉིས་པའི་གསུམ་པ་འདོད་ཆགས་དང་བྲལ་བར་བྱེད་པའི་ཡིད་ཀྱི་ལས་བསྟན་པ་ལའང་། སྔར་ཆགས་ཤིང་ཞེན་པའི་ཡུལ་དང་གནས་ལ་སེམས་རབ་ཏུ་སྐྱོ་ཞིང་སུན་པ་སྐྱེ་བ་དང་། ཡུལ་གནས་ཡིད་དང་འཐད་པ་གཞན་མཐོང་བའི་རྐྱེན་གྱིས་སྔ་མ་དང་བྲལ་བར་བྱེད་པ་དང་། གཉེན་པོ་སྐྱེས་པའི་རྐྱེན་གྱིས་ཆགས་པའི་བར་དུ་གཅོད་པ་དང་། ཡང་དག་པའི་ཆོས་ཉིད་ཀྱི་དོན་ཡིད་ལ་བྱེད་དེ་འདྲེས་གོམས་སུ་བྱས་པས་ཆགས་པ་དང་བྲལ་བར་བྱེད་པ་བཞི་ཡང་ཡིད་ཀྱི་ལས་ཡིན་ནོ། །བཞི་པ་ནི། བཞི་པ་ཆགས་པས། ཞེས་པ་ནས། གཞན་གྱིས་ཟིན་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལྔ་ཕྲག་གཉིས་པའི་བཞི་པ་ཆགས་པ་དང་བྲལ་བ་ལས་སླར་ཡང་ཆགས་པས་ཉམས་པར་འགྱུར་བའི་ཡིད་ཀྱི་ལས་བསྟན་པ་ཡང་། ཆགས་པའི་ངོ་བོ་མ་རིག་པའམ་རྨོངས་པའི་ལྟ་བ་རྣམས་སྔར་སྟོབས་ཅན་དུ་བརྟན་པར་གནས་པ་དང་། གང་འདིར་ཡང་དག་པའི་ལྟ་བའི་དོན་ལ་མ་འདྲིས་པས་གོམས་པ་ཆུང་བ་དང་། ཆགས་ཡུལ་གྱི་དངོས་པོ་གང་ཡང་རུང་བའི་བྱེ་བྲག་གི་རྣམ་པ་དང་རྟགས་དང་མཚན་མ་ཡོངས་སུ་གཟུང་ནས་ཞེན་ཞིང་རྟོག་པ་དང་། ཇི་སྐད་དུ། ཕྲ་རྒྱས་སྤངས་པ་མ་ཡིན་དང་། །ཡུལ་ནི་ཉེ་བར་གནས་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་འབྱུང་བ་ལྟར། གང་དེ་དག་ལ་བརྟེན་ནས་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ལས་ཡིད་ཀྱི་ཤེས་པ་ཡང་དག་པའི་ལྟ་བ་མ་ཆགས་པ་ལས་ཉམས་པ་དང་། ལ་སོགས་ཞེས་དངོས་པོ་བསྡུ་བ་ནི། དེ་ལྟར་བསླད་པའི་ཞེན་པ་དེས་ཡིད་ལོག་པ་ལ་ཆགས་པར་འགྱུར་བ་ཡིན་ལ། དེ་བས་ན་རྒྱུ་དེས་འདོད་ཆགས་ཡང་དག་པར་བླངས་ཏེ་དང་དུ་ལེན་པ་དང་། ཆགས་པ་དེར་ངེས་པར་འཇུག་པར་བྱེད་པ་དང་། སྒྲིབ་པ་དེས་དམ་པའི་དོན་མཐོང་དུ་མི་སྟེར་བ་དང་། ཡུལ་སྡུག་གུ་གཞན་གྱིས་ཟིན་ཏེ་སེམས་རང་དབང་མེད་པར་ཕྲོགས་པ་དང་དགུ་ཡང་ཡིད་ཀྱི་ལས་སུ་གྱུར་པའོ། །ལྔ་པ་ནི། ལྔ་པ་དོན་རྒྱུན། ཞེས་པ་ནས། གནས་བྱེད་དོན་རྒྱུན་ཆད། །ཅེས་པའི་བར་གྱིས་བསྟན་ཏེ། ལྔ་ཕྲག་གཉིས་པའི་ལྔ་པ་ཡང་དག་པའི་དོན་གྱི་དགེ་བའི་རྩ་བ་རྒྱུན་གཅོད་པར་བྱེད་པའི་ཡིད་ཀྱི་ལས་བསྟན་པ་ལའང་མཚན་མའི་དངོས་པོར་ཞེན་པའི་ཡུལ་གསལ་བ་དང་། ཕྱིན་ཅི་ལོག་ཏུ་གྱུར་པའི་ལྟ་བ་སྟོབས་དང་ལྡན་པ་དང་། འདོད་པའི་ཡོན་ཏན་ཆང་ལ་སོགས་པའི་ལོངས་སྤྱོད་དམན་པ་ལོག་ལྟ་དང་མཐུན་པའི་རྐྱེན་དང་ཕྲད་པའམ་རང་དང་མཚུངས་པའི་སྡིག་པའི་གྲོགས་པོ་རྙེད་པ་དང་། འདོད་པ་དེ་དག་ལ་སྤྱོད་པའི་ཞེན་ཆགས་རྒྱུན་མི་འཆད་པར་དེ་དག་གི་རྗེས་སུ་སེམས་འགྲོ་ཞིང་རྟག་ཏུ་འབྲང་བར་བྱེད་པ་དང་། དེ་ལྟ་བུའི་དོན་མེད་པའི་ལས་ངན་པ་རྒྱུན་དུ་བྱེད་པ་དེ་ཡི་རྒྱུན་གཅོད་ཅིང་སྤོང་སྟེ་དེ་ལས་སླར་ལྡོག་པར་མི་བྱེད་པ་དང་། ལོག་པའི་ལྟ་སྤྱོད་དེ་ལ་རྒྱུན་དུ་གནས་ཏེ་བར་མ་ཆད་པར་བྱེད་པ་དང་། དེའི་དབང་གིས་ཡང་དག་པར་སྤྱོད་པའི་དགེ་བའི་ལས་ཀྱི་དོན་དུ་འཇུག་པ་རྒྱུན་ཆད་པར་བྱས་པ་དང་བདུན་ཡང་ཡིད་ཀྱི་ལས་ཡིན་ནོ། །དེ་དག་ནི་རྒྱན་སྟུག་པོ་བཀོད་པར། ཐོག་མ་མེད་ནས་བསགས་པ་ཡི། །མི་ཡི་རྣམ་སྤྲོས་བག་ཆགས་ཀྱིས། །སྣ་ཚོགས་གནས་ངན་ལེན་པ་དང་། །སྣ་ཚོགས་རྟོག་པས་ལས་སུ་བརྟགས། །ཞེས་སོགས་ལྟར་རོ། །གསུམ་པ་ལྔ་ཕྲག་ཐ་མ་བཤད་པ་ལ་ལྔ་སྟེ། དགེ་བའི་རྩ་བ་མཚམས་སྦྱོར་བར་བྱེད་ཚུལ་བསྟན་པ། འཆི་བར་བྱེད་པའི་ཆོས་ཀྱི་ཁྱད་པར་བཤད་པ། བར་དོའི་ཆོས་དང་མཚན་ཉིད་ཀྱི་རྣམ་བཞག་སྤྲོས་ཏེ་བསྟན་པ། སྐྱེ་གནས་རྣམས་སུ་ཇི་ལྟར་འཇུག་པར་བྱེད་ཚུལ་བཤད་པ། སྐྱེ་བར་བྱེད་པ་སྤྱི་དང་བྱེ་བྲག་གི་རྣམ་གྲངས་བསྟན་པའོ། །དང་པོ་ནི། ལྔ་གསུམ་དང་པོ། ཞེས་པ་ནས། ལྡོག་པའི་དོན་རྒྱུན་ལྡན། །ཞེས་པའི་བར་གྱིས་བསྟན་ཏེ། ལྔ་ཕྲག་གསུམ་པའི་དང་པོ་དགེ་བའི་རྩ་བ་རྣམས་མཚམས་སྦྱོར་བར་བྱེད་པའི་ཡིད་ཀྱི་ལས་བསྟན་པ་ནི། སྔར་བཤད་པ་ལྟར་སྔ་མའི་མི་དགེ་བའི་ཡིད་ཀྱི་ལས་ཕྱིན་ཅི་ལོག་པ་དེ་དག་ལས་སླར་ལྡོག་སྟེ་དགེ་བའི་ལས་ཀྱི་དོན་བཟང་པོ་དང་རྒྱུན་དུ་ལྡན་པར་བྱེད་པའི་ཡིད་ཀྱི་ལས་ཡིན་པས། དེས་ནི་སྔ་མ་ངན་འགྲོའི་སྐྱེ་བ་ལས་ཕྱི་མ་མཐོ་རིས་ཀྱི་སྐྱེ་གནས་སུ་ཡང་མཚམས་སྦྱོར་བར་བྱེད་དོ། །དེའང་སའི་དངོས་གཞི་ལས། ཇི་ལྟར་དགེ་བའི་རྩ་བ་རྣམས་མཚམས་སྦྱོར་བར་བྱེད་ཅེ་ན། རང་བཞིན་གྱིས་དབང་པོ་རྣོ་བ་དང་། མཛའ་བཤེས་དང་ཉེ་དུ་དང་རྟེན་གྲོགས་རྣམས་བསོད་ནམས་བྱ་བ་ལ་མངོན་པར་བརྩོན་པ་མཐོང་བ་དང་། སྐྱེས་བུ་དམ་པའི་ཐད་དུ་སོང་ནས་དམ་པའི་ཆོས་ཉན་པ་དང་། ཐེ་ཚོམ་སྐྱེ་ཞིང་ངེས་པར་རྟོགས་པར་བྱེད་དོ། །ཞེས་སོ། །གཉིས་པ་ལ་ལྔ་སྟེ། འཆི་བར་འགྱུར་བའི་དུས་བཤད་པ། དུས་མིན་པར་འཆི་བའི་རྐྱེན་བསྟན་པ། འཆི་བའི་འདུ་ཤེས་དང་ལྟས་བཤད་པ། འཆི་ཀའི་བསམ་པའི་ཁྱད་པར་བསྟན་པ། གནད་ཀྱི་སྡུག་བསྔལ་གང་ལ་ཡོད་ཚུལ་བསྟན་པའོ། །དང་པོ་ནི། གཉིས་པ་ཉིང་མཚམས། ཞེས་པ་ནས། དུས་མ་ཡིན་དེ་ལ། །ཞེས་པའི་བར་གྱིས་བསྟན་ཏེ། ལྔ་ཕྲག་གསུམ་པའི་གཉིས་པ་སྐྱེ་བ་སྔ་ཕྱིའི་སྲིད་པའི་ཕུང་པོ་ཉིང་མཚམས་སྦྱོར་བར་བྱེད་པ་ཡང་ཡིད་ཀྱི་ལས་ཏེ། དེའང་ཇི་ལྟར་ཞེ་ན། ཐ་སྙད་དུ་སྲོག་གི་དབང་པོ་རིས་གཞན་དུ་འཕོ་བར་འགྱུར་པ་ཡི་འཆི་བའི་ཆོས་དེ་ལ་ཡང་དབྱེ་བ་གཉིས་སུ་ཡོད་དེ། སྔར་གྱི་བསོད་ནམས་ཀྱི་རྒྱུན་ལས་སྐད་ཅིག་ཙམ་དུའང་གནས་པའི་སྐལ་པ་རྫོགས་ནས་ཚེ་ཟད་དེ་འཕོ་བ་ནི་དུས་སུ་འཆི་བ་སྟེ། སའི་དངོས་གཞི་ལས། འདི་ལྟ་སྟེ། འདི་ན་ཁ་ཅིག་ཇི་ལྟར་འཕངས་པའི་ཚེ་རིལ་གྱིས་ཟད་པར་གྱུར་ནས་འཆི་འཕོ་བ་སྟེ། དེ་ནི་དུས་ལ་བབ་ནས་འཆི་བ་ཞེས་བྱའོ། །ཞེས་གསུངས་པ་ཉིད་དང་། དེ་ལྟར་ཚེ་ཚད་མ་རྫོགས་པར་གློ་བུར་དུ་རྐྱེན་གྱིས་དབང་དུ་གྱུར་ནས་དུས་མ་ཡིན་པར་འཆི་འཕྲོ་བ་གང་ཡིན་པ་སྟེ། སྔ་མ་ལས། འདི་ལྟ་སྟེ། འདི་ན་ཁ་ཅིག་ཡོ་བྱད་མེད་པའི་འཆི་འཕོ་བ་ལྟ་བུ་ཡིན་ནོ། །ཞེས་སོ། །དེ་ལ་རྣམ་གྲངས་གཞན་ཡང་ཡོད་དེ་འབྱུང་མ་རག་པའོ། །གཉིས་པ་ནི། ཁ་ཅིག་དུས་མིན། ཞེས་པ་ནས། འགྲོ་དང་སྤྱོད་པས་ཉེས། །ཞེས་པའི་བར་གྱིས་བསྟན་ཏེ། དུས་སུ་འཕོ་བ་མ་ཡིན་པར་འགྲོ་བ་ཁ་ཅིག་དུས་མིན་པར་འཆི་བ་ཡི་ཚུལ་ནི། ཇི་ལྟ་བུ་ཞེ་ན། སྔ་མའི་རྒྱུ་དེ་ཉིད་ཡོད་ཀྱང་ཕན་སྟོངས་བྱེད་པའི་རྐྱེན་རླག་སྟེ་ཟད་པ་དང་། དེ་ལས་གཞན་པ་དུག་མཚོན་སོགས་གནོད་པའི་རྐྱེན་རྣམས་ཀྱི་དབང་དུ་གྱུར་པས་འཆི་འཕོ་བྱུང་བ་དེ་ཡི་ཚེ་བསོད་ནམས་ཀྱི་རྒྱུན་མ་ཟད་པས་ཡུན་རིང་དུ་གནས་པའི་རྒྱུ་ཡི་སྐལ་པ་ཡོད་ཀྱང་ཚེ་ཡུན་རིང་དུ་གནས་པའི་ཕན་པའི་རྐྱེན་མ་ཚང་བ་ཡིན་ནོ། །དེའི་རྒྱུ་ཡང་བར་བར་དུ་ཡ་ང་བའི་ལས་ཀྱི་སྤྱོད་ཡུལ་དུ་སྣང་བའི་སྡིག་པ་མ་སྤང་བར་སྤྱད་པའི་ལས་ཀྱི་རྐྱེན་དེ་ལས་གྱུར་པ་སྟེ། ཕྱི་ནང་གི་ལྷ་འཁྲུགས་པ་དང་མུ་གེ་དང་ཐོག་འབབས་པ་དེར་ཕྲད་པ་ལ་སོགས་པ་དང་། ཕྱི་ནང་གི་འབྱུང་བ་འཁྲུགས་ཏེ་འདུ་བ་བཞིའི་ནད་དང་མེ་ཆུ་ལ་སོགས་པ་འཇིགས་པ་བརྒྱད་ཀྱིས་འཆི་བ་དང་། གཉིས་ཀ་འཁྲུགས་པས་འཆི་བ་རྐྱེན་གྱི་དབང་གིས་ལྕེ་འབབས་པ་དང་། ནད་གཞི་གཉིས་ཀ་ལ་སོགས་པ་རྣམས་སོ། །གཞན་ཡང་རྐྱེན་བསྡུས་པ་དགུ་ཡོད་དེ། གང་ཞེ་ན། ཁ་ཟས་ཐང་མ་ལས་མང་དུ་ཟོས་ཏེ་ཚད་ལས་འདས་པ་དང་། ཡང་ན་མི་ཐུབ་པ་ལ་དོ་བསྡོས་ཏེ་ཚད་ལས་འདས་པའོ། །རང་གི་ནད་གཞི་ལ་མི་འཕྲོད་པའི་ཟས་མི་མཐུན་པ་ཟོས་པ་དང་། ཡང་ན་མི་འཕྲོད་པའི་གྲོགས་དང་འགྲོགས་པ་དང་། མི་མ་ཡིན་གཉན་པའི་ས་རུ་བསྡད་པ་དང་། འབྱུང་བཞི་མི་མཐུན་པའི་སར་བསྡད་པའོ། །ཟས་སྔ་མ་ཟོས་པ་གང་མ་ཞུ་བ་འམ་མ་སངས་པར་གང་ཕྱི་མའི་ཟས་ཀྱིས་ནོན་པར་ཟ་བ་དང་། ཡང་ན་མི་དང་མཁོན་སྔ་མ་མ་སྦྱང་བར་ཡང་འཐབ་པ་དང་། མི་མ་ཡིན་སྔ་མས་གནོད་པ་མ་བསལ་བར་ཕྱི་མ་དང་འགྲས་པའོ། །ཟས་ཟོས་པའི་བཤང་བའི་དྲི་མ་རྙིང་པ་བསགས་ཏེ་འཁྱིགས་པའམ་འཁྱིམས་པ་ཕྱིར་མི་ཐོན་པའམ་ཆེད་དུ་འབྱིན་པར་མི་བྱེད་པར་མི་འདོར་བར་བརྣགས་པ་དང་། གཞན་ཡང་འཁོན་རྙིང་དང་ནད་ཁྲག་ལྟ་བུ་མི་འབྱིན་པ་ཡང་ངོ་། །སྐྱུགས་སྨན་བཏང་ནས་གང་དེ་ཕྱིར་མི་སྐྱུག་པར་ནན་གྱིས་འགེགས་ཏེ་སྐྱུགས་པ་སྡོམ་པས་ཚེའི་རྒྱུན་འགོག་པ་དང་། རྩ་ཆུ་འགེགས་པ་ཡང་འདྲའོ། །ནད་ལ་ཕན་པའི་ཆ་རྐྱེན་ནད་སོ་སོའི་གཉེན་པོ་ལྟར་རྫས་དང་སྨན་མི་འཆང་ཞིང་ནད་གཡོག་བརྩེ་ལྡན་དང་སྨན་པའི་ངག་མི་ཉན་པར་ཁ་ཟས་སོགས་མཐུན་པ་བསྟེན་པར་མི་བྱེད་པ་དང་། སྔར་ནད་གང་ལ་གང་ཕན་གྱི་གསོ་བའི་ཐབས་ལ་མ་གོམས་པས་ནད་ཁམས་དང་མཐུན་ཞིང་འཕྲོད་པའི་མཚན་ཉིད་མི་ཤེས་པ་དང་། ཡང་ན་སྔར་ནད་གཡོག་ལ་མ་གོམས་པས་ནད་པ་ཟས་གང་ལེན་གྱི་མཐུན་འཕྲོད་མི་ཤེས་པའོ། །དགྲ་གདོན་དང་འཕྲད་ཅིང་གཡང་ཁ་སོགས་སུ་དུས་མིན་པར་མཚན་མོ་ལ་འགྲོ་བར་བྱེད་པ་དང་གཞན་གྱི་ཆུང་མ་ལ་མི་ཚངས་པར་སྤྱོད་པས་ཉེས་ཤིང་འཁྲུགས་པ་དང་དགུ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་། ཚེ་མ་ཟད་པར་འཆི་བའི་དུས་བྱེད་པ་ནི་རྒྱུ་དགུ་དང་རྐྱེན་དགུ་ཡོད་དོ། །དགུ་གང་ཞེ་ན། ཁ་ཟས་ཚོད་མ་ཟིན་པར་ཟ་བ་དང་། མི་འཕྲོད་པ་ཟ་བ་དང་། མ་ཞུ་བར་ཟ་བ་དང་། མ་ཞུ་བ་བསགས་པ་འབྱིན་པར་མི་བྱེད་པ་དང་། སྨིན་པ་དགག་པ་དང་། སྨན་སོ་སོར་མི་བསྟེན་པ་དང་། གོམས་པ་དང་མ་གོམས་པ་མ་ཤེས་པ་དང་། དུས་མ་ཡིན་པར་འགྲོ་བ་དང་། མི་ཚངས་པར་སྤྱོད་པའོ། །ཞེས་གསུངས་ཏེ་དེ་དག་ནི་དུས་མིན་དུ་འཆི་བ་ཞེས་བྱ་སྟེ། དེ་ལྟ་བས་ན་ལུས་འཚོ་བའི་རིམ་གྲོ་ལ་ཆེར་འབད་པར་བྱའོ། །གསུམ་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། དེ་ན་འདུ་ཤེས། ཞེས་པ་ནས། ལོག་པ་བཏང་སྙོམས་ལྡན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་འཆི་ཀ་མའི་དུས་དེ་ཡི་ཚེ་ན་འདུ་ཤེས་གསུམ་མམ་སེམས་གསུམ་དང་ལྡན་ཏེ། དོན་དང་ལྡན་པ་དགེ་བའི་སེམས་དང་། དེ་ལ་ལོག་པ་སྡིག་པའི་སེམས་དང་། གང་དེ་གཉིས་སུ་ལུང་དུ་མ་བསྟན་པ་བཏང་སྙོམས་ཀྱི་སེམས་ཏེ་དེ་ལྟར་གསུམ་དང་ལྡན་པའོ། །གཉིས་པ་ལ་གསུམ་སྟེ། དགེ་བ་ཅན་གྱི་འདུ་ཤེས་དང་ལྟས་བསྟན་པ། སྡིག་པ་ཅན་གྱི་འདུ་ཤེས་དང་ལྟས་བཤད་པ། བཏང་སྙོམས་པའི་འདུ་ཤེས་དང་ལྟས་བསྟན་པའོ། །དང་པོ་ནི། དོན་དེ་གང་ལྡན། ཞེས་པ་ནས། གང་འབྱུང་བདེ་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། དགེ་བ་ཅན་འཆི་ཀ་མའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། དགེ་བའི་བག་ཆགས་ཀྱི་དོན་དེ་དང་གང་ཟག་གང་ཞིག་ཡང་དག་པར་ལྡན་པ་དེ་ཉིད་ནས་འཕོས་ཏེ་གནས་གཞན་གང་དུ་འགྲོ་བ་དེའི་ཚེ། སྔོན་དུ་དགེ་བའི་སྤྱོད་པ་དེ་ཉིད་བསྟེན་ཏེ་སྟོབས་ཅན་དུ་གྱུར་པའི་ལས་གང་དེ་རང་གིས་དྲན་ནས་དགེ་བའི་འདུ་ཤེས་དང་ལྡན་པར་འགྱུར་བས། དེ་ལ་མི་གཞན་གྱིས་དགེ་སེམས་མ་བསྐུལ་བར་མི་དགེ་བའི་སྡིག་སེམས་བསྐུལ་ཏེ་གསལ་བར་བྱས་ཀྱང་རུང་སྟེ། དེ་ནི་དགེ་བའི་ཤེས་པ་རགས་པར་རམ་གསལ་བར་འབྱུང་ཞིང་རྒྱུ་བ་དེ་ཡི་བར་དུ་དགེ་བ་ཅིའང་ཤེས་ལ་སྡིག་པའི་འདུ་ཤེས་མི་འབྱུང་བའོ། །དེ་ནས་ཚོགས་དྲུག་སོ་སོར་ཐིམ་ནས་ཕལ་པ་རྣམས་འདུ་ཤེས་ཆ་ཕྲ་བར་རྒྱུ་བ་དང་ལྡན་པའི་དུས་ཀྱི་ཚེ་ན་སྔར་གྱི་དོན་མི་གསལ་བས་དགེ་བའི་ཤེས་པ་དེ་ལས་ལྡོག་ཅིང་ཤེས་པ་བཏང་སྙོམས་དང་ལྡན་ཏེ་གནས་པའོ། །དེའང་གང་ཟག་དེ་ཡིས་སྔོན་དགེ་བའི་སྤྱོད་པ་དེ་ལ་བསྟེན་ཅིང་གོམས་པའི་མཐུས་འཆི་ཀའི་དུས་སུ་དགེ་བའི་སེམས་དེ་ཉིད་གསལ་བར་འབྱུང་ཞིང་དེ་དང་ཆ་མཐུན་ཅན་དུ་འགྱུར་ལ། དེས་ན་སྔར་གོམས་པ་མེད་པའི་ལས་གཞན་ལ་བརྩལ་བར་མི་ནུས་པས། གལ་ཏེ་མི་བསམ་ངན་ཅན་གཞན་དག་གིས་སྡིག་པའི་སེམས་སུ་བསྐུལ་བར་བྱས་ཀྱང་དྲན་ཞིང་གསལ་བར་ཡོང་ཡེ་མི་ནུས་ཏེ་སྔོན་དུ་འདྲིས་གོམས་མེད་པས་སོ། །དེ་བས་ན་འཆི་བའི་ཚེ་དེར་སྔར་དགེ་བ་སྤྱད་པའི་སེམས་ཀྱི་འདུ་ཤེས་དེ་དང་གང་ལྡན་པ་དག་ནི་ངན་སོང་གིས་འཇིགས་སྐྲག་མེད་པར་མཐོ་རིས་ཀྱི་གནས་སུ་བདེ་བར་འགྲོ་བ་སྟེ། དེ་ལ་གནད་ཀྱི་སྡུག་བསྔལ་མི་བཟད་པ་དྲག་པོའི་ཚོར་བ་ཡང་ཉམས་སུ་མྱོང་བར་མི་འགྱུར་ཏེ་བདེ་བར་འཆི་བའི་དུས་བྱེད་པར་འགྱུར་རོ། །དེ་ཡང་དགེ་བ་ཅན་གྱི་ལྟས་ནི། འཆི་ཀ་དེ་ཡི་དུས་ན་གཟུགས་ལ་སོགས་པ་གང་ཅི་ཞིག་མཐོང་བ་ན་ཡང་། སྤྱོད་ཡུལ་གང་དུ་སྔར་མ་མཐོང་བའི་གཟུགས་ལ་སོགས་པ་དེ་ལྟར་དགེ་བའི་ཆོས་ལ་ཉི་ཚེར་སྤྱོད་པ་འབའ་ཞིག་ཉིད་དུ་མཐོང་བར་འགྱུར་ཏེ། དཔེ་ཇི་ལྟར་ན་ཉི་མའི་དཀྱིལ་འཁོར་འཆར་བ་ཡང་འོད་རིམ་པར་འབྱུང་བའི་རྐྱེན་གྱིས་སྐྱ་རེངས་དང་པོ་ནས་སྣང་བ་ཁད་ཀྱིས་འབྱུང་སྟེ་ཇེ་གསལ་ཇེ་གསལ་དུ་གྱུར་པས་མུན་པ་ལས་ཉིན་མོར་འགྱུར་པ་བཞིན་དུ། གང་ཟག་དེ་ནི་ལུས་སྔ་མ་མུན་པའི་ཁམས་ནས་ཕྱི་མ་སྣང་བའི་མཐར་ཐུག་ཏུ་རིམ་པར་འབྱུང་བ་ཉིད་དོ། །དེ་ཡང་དཔེར་ན་རྨི་ལམ་ལྟ་བུར་གཟུགས་སྣང་མཐོང་བ་ཕྱི་མ་དག་ཀྱང་ཉི་མའི་སྣང་བ་ལྟར་ཡིད་དུ་འོང་བའི་གཟུགས་སྣང་སྣ་ཚོགས་སུ་མཐོང་བར་འགྱུར་ཞིང་། དེ་དག་ཀྱང་རང་གི་སེམས་ཀྱི་བག་ཆགས་རྣམ་པར་དཀར་བའི་དགེ་བ་ལ་གནས་པའི་མཐུ་བརྟས་པ་ཡིན་པས་ཉེ་འཁོར་དང་དྲུང་ན་ཡོད་པ་ཐམས་ཅད་ལྷ་དང་ལྷ་མོར་སྣང་ནས་མགོན་དང་སྐྱབས་སུ་མཐོང་ངོ་། །དེ་ལྟར་དགེ་བ་ཅན་དེ་ཡི་ཡང་དགེ་བའི་ཆོས་ཀྱི་སྤྱོད་ཡུལ་དེ་དག་ཀུན་ཤེས་ཤིང་མཐོང་བ་དག་པའི་ཡོན་ཏན་གྱི་མཐུ་དེས་དུས་གང་འདིར་རྣམ་པར་ཤེས་པས་ལུས་ཀྱི་རོ་སྨད་ནས་རིམ་པར་གྱེན་དུ་འགྲོ་བས་ལུས་འདོར་བར་བྱེད་དེ། དེས་ན་དེའི་སྨད་གྲང་མོར་གྱུར་ནས་དྲོད་ཀྱང་སྤྱི་བོ་ནས་འབྱུང་སྟེ་སྟེང་དུ་ཡལ་བར་འགྱུར་ཏེ། སྤྱི་གཙུག་གི་ཐོར་ཏོར་ཚངས་པའི་བུ་གར་ལུས་སེམས་རྟེན་པའི་དྲོད་གང་ཡིན་པ་འབྱུང་བ་དེ་ནི་བདེ་འགྲོ་མཐོ་རིས་ཀྱི་སར་སྐྱེ་བ་འབྱུང་བའི་སྔ་ལྟས་སུ་བསྟན་པའོ། །དེའི་ཚུལ་ཡང། ས་ཆུར་ཞུགས་ཆུ་མེར་ཞུགས་མེ་རླུང་ལ་འདུ། རླུང་ཡེ་ཤེས་སྙིང་པོ་ལ་འདུས་པས་ལུས་ཉམས་མེད་པ་དང་། བུ་ག་སྐམས་ནས་དྲོད་ཡལ་ཏེ་མེ་ལོང་ལ་ཧས་བཏབ་པའི་དབུགས་ལྟ་བུར་འདུས་ནས་མཐར་འདོན་པར་འགྱུར་རོ། །འོན་ཀྱང་མེ་ཤེལ་ཆུ་ཤེལ་དང་ས་བོན་དང་བྲག་ཆ་དང་། ཁ་ཐོན་དང་མར་མེ་དང་མེ་ལོང་དང་རྒྱ་ལྟ་བུར་སྣང་བས། དབུ་མ་རྟེན་འབྲེལ་སྙིང་པོ་ལས། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ནི་མཁས་རྟོགས་བྱ། །ཞེས་གསུངས་པ་ལྟར་དོན་གྱི་ངོ་བོས་སྔ་ཕྱིར་འཕོས་པ་ནི་མེད་ཀྱི། རྟོག་པ་ཅན་ལ་སྐད་ཅིག་མ་སྔ་ཕྱིའི་སྤྱོད་ཡུལ་སྣ་ཚོགས་སུ་སྣང་བ་ནི་ཡོད་དེ། རྒྱན་སྟུག་པོ་བཀོད་པ་ལས། ཡིད་ཀྱི་སྲད་བུས་བཏགས་པ་དག །སེམས་ཅན་ཀུན་ཏུ་རབ་ཏུ་འཁོར། །རྣམ་པར་ཤེས་པ་བརྒྱད་ཀྱི་ཚོགས། །ཁམས་དང་སྐྱེ་མཆེད་ཕུང་པོ་སྟེ། །ཡིད་ཀྱི་སྲད་བུས་བཅིངས་བྱས་ཤིང་། །ལུས་དང་ལུས་ལ་རབ་ཏུ་རྒྱུ། །འདི་ནི་འགྲོ་བའི་སྐྱེས་བུ་སྟེ། །འགྲོ་བ་རྣམས་ཀྱི་དོན་དུ་བསྟན། །ཞེས་དང་། ལས་ཀྱི་སྐྱེས་བུ་བསྟན་པ་ནི། །འཁོར་རྣམ་རྟག་ཏུ་འཁོར་བ་སྟེ། །བདེ་དང་སྡུག་བསྔལ་མྱོང་བྱེད་པ། །བྱས་པའི་ལས་ཀྱི་ཆུད་མི་ཟ། །ཞེས་དང་། འགྲོ་བའི་སྐྱེས་བུ་དེ་ཡོད་ན། །སྲེད་པའི་འཁོར་ལོས་འཁོར་བར་འགྱུར། །འཁོར་དང་བྲལ་ན་ཐར་པ་སྟེ། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་དང་། ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་སོགས་ཤིན་ཏུ་མང་ངོ་། །ཚུལ་དེ་ནི་སྡིག་པ་དང་ལུང་དུ་མ་བསྟན་པའི་འཆི་འཕོ་ལའང་མཚུངས་སོ། །གཉིས་པ་ནི། གང་དུ་ལོག་པར། ཞེས་པ་ནས། མཐར་འབྱུང་མི་བདེ་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། སྡིག་པ་ཅན་འཆི་ཀའི་མཚན་ཉིད་གང་ཞེ་ན། འཆི་ཀའི་དུས་གང་དུ་མི་དགེ་བའི་འདུ་ཤེས་ཕྱིན་ཅི་ལོག་གི་སེམས་དང་ལྡན་པས་ལོག་པར་ལྟུང་བ་ངན་སོང་གི་གནས་རིས་དེ་རུ་འགྲོ་བའི་སྡིག་པ་ཅན་འཆི་བའི་ཚུལ་བསྟན་པ་ཡང་། གོང་དུ་དགེ་བ་ཅན་འཆི་བའི་ལྟས་རྣམས་ལས་བཟློག་པ་ཇི་ལྟ་བ་བཞིན་དུ་དེ་དང་མི་མཐུན་པར་ཕྱིན་ཅི་ལོག་ཏུ་སྣང་བ་སྟེ། གནད་ཀྱི་སྡུག་བསྔལ་མི་བཟད་པ་དྲག་པོའི་ཚོར་བ་ཉམས་སུ་མྱོང་བས་ནི། ཤིན་ཏུ་ཟུག་གཟེར་མི་བཟོད་པར་གྱུར་ཏེ། ལུས་འགྲེ་ལྡོག་དང་ཡན་ལག་གཡོ་བ་སྟེ་གཡོ་འགུལ་བྱེད་དེ། ངག་ནས་མི་སྙན་པའི་ང་རོ་འདོན་ཞིང་མི་བཟོད་པའི་འོ་དོད་འབོད་པ་དང་། ཡིད་དུ་མི་འོང་བའི་ལྟས་སུ་གྱུར་པ་སེམས་འཁྲུལ་པའི་དབང་གིས་གཟུགས་གང་སྣང་ཞིང་ཅི་མཐོང་བ་ན་ཡང་། བྱམས་པའི་གཉེན་དང་ཕན་པར་བྱེད་པ་ལ་སོགས་པ་གང་སུ་ཞིག་མཐོང་ཚེ་ཕ་མ་དང་ཉེ་དུ་ལྟ་བུ་ཡིན་ཡང་དེ་དག་ནི་གཤེད་མ་དང་གཅན་གཟན་དང་སྲིན་པོ་འབར་བ་ལ་སོགས་པ་མི་འདོད་པའི་ལས་སྣང་དུ་གྱུར་པ་འཇིགས་སུ་རུང་བའི་གཟུགས་ཅན་ལག་ན་ནི་མཚོན་ཆ་སྣ་ཚོགས་སུ་གྱུར་པའི་ལག་ཆ་ཐོགས་པར་མཐོང་ཞིང་། ངུ་སྐད་ཐམས་ཅད་ཀྱང་སོད་རྒྱོབ་ལ་སོགས་པའི་ངན་འགྲོའི་སྒྲར་ཐོས་ཏེ་བྲོས་པར་འདོད་ཀྱང་འབྲོས་ས་དང་མགོན་སྐྱབས་བཙལ་ཡང་རྙེད་གནས་མེད་པས་ལུས་ལ་རྡུལ་འབྱུང་བ་དང་བ་སྤུ་ཐམས་ཅད་ཟིང་སྟེ་ཞུམ་པ་དང་སྐྲག་སྔངས་སུ་གྱུར་ཏེ་ཡན་ལག་རྣམས་གཡོབ་ཅིང་རྡེབ་པ་དང་ནམ་མཁའ་ལ་ཡང་བརྙེབ་པའམ་སྙེགས་པར་བྱེད་དེ་ཅི་བྱ་གཏོལ་མེད་དུ་གྱུར་ནས་འཇིགས་སྐྲག་ཆེ་བའི་རྟགས་སུ་ལུས་ལས་བཤང་གཅི་འབྱུང་ཞིང་མདངས་ནག་པོར་གྱུར་བས་བྲེད་ཤ་ཐོན་པའི་མིག་ཀྱང་བགྲད་དེ་མིག་རྩ་ཞན་ཅིང་གྱེན་དུ་ལྡོག་པར་བྱེད་ལ་ཁ་ནས་དབུ་བ་འབྱུང་བ་སོགས་སྡུག་བསྔལ་དང་བཅས་པས་འཆི་བའི་དུས་བྱེད་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལ་དགོངས་ནས། དེ་སྔོན་སྡིག་པ་མི་དགེ་བའི་ལས་བྱས་ཤིང་བསགས་པར་གྱུར་པ་གང་ཡིན་པ་དེ་དེའི་ཚེ་དེ་ལ་ཕྱི་མ་རེད་ཀྱི་དུས་ཀྱི་ཚེ་རི་རྣམས་སམ་རིའི་རྩེ་མོ་རྣམས་ཀྱི་གྲིབ་མ་བཞིན་དུ་འབབ་ཅིང་། ལྷག་པར་འབབ་ལ་མངོན་དུ་འབབ་པར་འགྱུར་རོ། །ཞེས་གསུངས་ཏེ། དེ་ལྟ་བུའི་ལྟས་བྱུང་བ་ནི་ད་ལྟ་མཐོ་རིས་ཀྱི་གནས་བཟང་པོ་སྣང་བའི་ཁམས་ནས་ངན་འགྲོ་ལོག་པར་ལྟུང་བ་མུན་པའི་ཁམས་སུ་མཐར་ཐུག་པ་ཡི་སྤྱོད་ཡུལ་ཅན་དུ་འབྱུང་བར་གྱུར་པ་ཡིན་ནོ། །དེ་ཡི་དུས་ན་ཡང་ཐམས་ཅད་ཞེ་སྡང་གི་ཡུལ་དུ་སྣང་ནས་གནོད་པའི་ལས་ཅན་གྱི་ལོག་པར་སྣང་བ་དེ་དག་ཀུན་ཤེས་པར་འབྱུང་བས་ཡིད་འཁྲུགས་པ་དེའི་མཐུས་མུན་པའི་གནས་ངན་དུ་ལྟུང་བ་དང་མཐུན་པར་རྣམ་པར་ཤེས་པས་རོ་སྟོད་ནས་ལུས་འདོར་བར་བྱེད་དེ། ལུས་ཀྱི་དྲོད་གང་ཡིན་པ་དེ་ཡང་སྤྱི་བོ་ནས་ཡལ་ཏེ་རིམ་པར་མཐར་རྐང་མཐིལ་དུ་འབྱུང་སྟེ་དེ་ནི་ངན་འགྲོ་མི་བདེ་བའི་གནས་སུ་ལྟུང་བའི་རྟགས་སུ་བསྟན་པའོ། །གསུམ་པ་ལ་གཉིས་ཏེ། ངོ་བོ་བསྟན་པ། དབྱེ་བ་བཤད་པའོ། །དང་པོ་ནི། བཏང་སྙོམས་དེ་ཡིས། ཞེས་པ་ནས། མི་གསལ་བཏང་སྙོམས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ལས་ལུང་དུ་མ་བསྟན་པ་བྱེད་པའི་ལྟས་གང་ཞེ་ན། བཏང་སྙོམས་ཀྱི་འདུ་ཤེས་ཅན་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་གང་གི་སྔར་དགེ་སྡིག་གང་ཡང་མ་སྤྱད་པར་ལུང་དུ་མ་བསྟན་པའི་ལས་ཙམ་བྱས་པ་དེ་ཡིས། འཆི་ཀའི་དུས་དེར་རང་གིས་དྲན་པའི་རྒྱུ་བར་དགེ་སྡིག་གང་རུང་གཅིག་ཀྱང་མ་གསལ་ལམ། དེ་ལ་མི་གཞན་གྱིས་ཀྱང་གསལ་གདབ་པར་མ་བྱས་པ་དེ་ནི་དགེ་སྡིག་གང་ཡང་རུང་བར་གསལ་བར་མི་འགྱུར་བའོ། །དེ་ལྟར་དགེ་སྡིག་གཉིས་སུ་ཡང་འདུ་ཤེས་མི་གསལ་བ་གང་ནི་རྟེན་གཉིས་ཀ་མ་ཡིན་པའི་ལས་ལ་བརྟེན་པའི་སེམས་བཏང་སྙོམས་སུ་གྱུར་པའི་ངང་ནས་འཆི་འཕོ་བྱེད་པ་དེར་ངེས་པར་འགྱུར་བས་སོ། །འོན་ཀྱང་ཕལ་ཆེ་བའི་དབང་དུ་བསྟན་པ་སྟེ། འདི་ལྟ་བུ་ལ་འཆི་ཀའི་གདམས་ངག་བཏབ་ན་ཤིན་ཏུ་ཕན་པར་འགྱུར་རོ། །གཉིས་པ་ནི། འོག་ནས། བཏང་སྙོམས་ཁ་ཅིག །ཅེས་པ་ནས། མི་འགྱུར་རྫོགས་མི་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། བཏང་སྙོམས་ཀྱི་ལས་སྤྱོད་པ་ཁ་ཅིག་དག་ནི་བློ་རྐྱེན་དང་འཕྲད་པའི་ཁྱད་པར་ལྟར་དགེ་སྡིག་གང་ཡང་རུང་བར་གྱུར་ཏེ་རྣམ་སྨིན་གྱི་འབྲས་བུ་འབྱུང་བར་འགྱུར་བ་ཡིན་ལ། བཏང་སྙོམས་ཤིན་ཏུ་བརྟན་པ་ཁ་ཅིག་ལ་ནི་བཏང་སྙོམས་ཀྱི་ལས་ཁོ་ནས་རྣམ་སྨིན་དྲག་པོར་མི་འགྱུར་བས་རྣམ་པར་སྨིན་པ་རྫོགས་པར་མི་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། རྐྱེན་གྱིས་འགྱུར་བར་མ་ངེས་པའི་ཕྱིར་ཏེ། ལས་དེ་ཉིད་ཀྱིས་དུས་དེར་འབྲས་བུ་དངོས་སུ་སྨིན་པར་མི་ནུས་པས་ཕྱི་མ་ལ་རྒྱུ་མཐུན་པའི་སྤྱོད་པ་ཙམ་མོ། །དེས་ན་སའི་དངོས་གཞི་ལས་ཀྱང་། དེ་ལ་ཁ་ཅིག་ནི་འགྱུར་རོ། །ཁ་ཅིག་ནི་མི་འགྱུར་ཏེ། ཀུན་རྫོགས་པར་མི་འབྱུང་ངོ་། །ཞེས་སོ། །གསུམ་པ་ནི། གོང་གི། འདི་དང་གང་ལྡན། ཞེས་པ་ནས། མི་འགྱུར་གཞན་མི་འཇུག །ཅེས་པའི་བར་གྱིས་བསྟན་ཏེ། འོ་ན་དེ་ལྟར་འདུ་ཤེས་ཀྱི་ཁྱད་པར་དང་ལྟས་གསུམ་དུ་འབྱུང་བ་དེ་ཉིད་ཅིའི་ཕྱིར་ཞེ་ན། གོང་དུ་བཤད་པའི་ལས་གསུམ་པོ་འདི་དག་ཀྱང་སྔར་གང་དང་གང་ལ་གོམས་ཏེ་སྤྱད་པ་ལྟར་འཆི་ཀར་གང་ལ་དྲན་པ་དང་ལྡན་པ་དེ་ནི་ཤི་ནས་གནས་རིས་བཟང་ངན་གང་དུ་འགྲོ་བ་ཡང་། སྔོན་གྱི་ལས་ཀྱི་ཁྱད་པར་གང་ལྟར་གོམས་ཤིང་མཐུ་སྟོབས་ཅན་གྱི་བག་ཆགས་ཡོད་པ་དེ་ཡི་ཤུགས་ཁོ་ནར་ངེས་པར་འགྱུར་བའི་རྒྱུ་མཚན་གྱི་དབང་གིས་ཡིན་ཏེ། ཅིའི་ཕྱིར་ན། སྔར་དགེ་སྡིག་གི་ལས་གང་ལ་གོམས་པ་དེ་ལ་སེམས་གཞོལ་ཞིང་དེ་ཉིད་སྟོབས་དང་ལྡན་པ་ཡིན་པའི་ཕྱིར་གང་དེའི་དབང་དུ་འགྱུར་བར་ངེས་པའོ། །དེས་ན་གང་སྔར་མ་གོམས་པ་དེ་ནི་གཞན་གྱིས་གསལ་གདབ་པར་བྱས་ཀྱང་དེའི་བག་ཆགས་སྔར་མ་ཞེན་ཏེ་སྟོབས་མེད་པའི་དབང་གིས་འདྲིས་གོམས་ཀྱི་བག་ཆགས་ཡོད་པ་ལྟར་དུ་མི་གསལ་བས་དྲན་པ་སླར་འགག་པར་འགྱུར་ཏེ། སྔ་མ་ལས། གལ་ཏེ་གང་ཟག་དགེ་བ་དང་མི་དགེ་བ་བྱེད་བྱེད་པ་འཆི་བ་ནི་སྔོན་གོམས་པའི་དགེ་བ་དང་མི་རྣམས་བདག་ཉིད་ཀྱིས་དྲན་ནམ། གཞན་དག་གིས་དྲན་པར་བྱས་ཀྱང་རུང་སྟེ་དེའི་ཚེ་དེས་གང་ལན་མང་དུ་གོམས་པར་བྱས་པ་དེ་ཆེས་སྟོབས་དང་ལྡན་པར་འགྱུར་ཏེ། དེས་སེམས་དེ་གཞོལ་བར་འགྱུར་ལ་གཞན་ནི་བརྗེད་པར་འགྱུར་རོ། །ཞེས་སོ། །གལ་ཏེ་གང་ཟག་གང་སུ་ཞིག་དགེ་སྡིག་དེ་དག་གཉིས་ཀ་ལ་མཚུངས་པར་སྤྱོད་སྤྱོད་དེ་སྔར་གྲངས་མཉམ་པ་ཙམ་དུ་གོམས་པ་ཞིག་ཡིན་ན། འཆི་བའི་དུས་དེར་ནི་ཐོག་མ་དང་པོར་གང་དགེ་བའི་ལས་བྱས་པ་ལྟར་རང་གི་སེམས་གསལ་ལམ། མི་གཞན་གྱིས་དགེ་བ་གསལ་གདབ་པར་བྱས་པ་ལས་སྡིག་པའི་དབང་དུ་མི་འགྲོ་བས་སླར་ལྡོག་པར་མི་འགྱུར་ཏེ་གཞན་སྡིག་སེམས་ལྟ་བུར་མི་འཇུག་པས་ངན་འགྲོའི་གནས་སུ་མི་ལྟུང་སྟེ། དེ་ཉིད་ལས། ཡང་གལ་ཏེ་གཉི་ག་ལ་མཚུངས་པར་གོམས་ན་ནི་དེ་ལས་གང་དང་གང་ཐོག་མ་ཁོ་ནར་དྲན་ནམ། དྲན་པར་བྱེད་དུ་བཅུག །དེ་ལས་ལྡོག་པར་མི་འགྱུར་ཏེ། གཞན་དུ་མི་འཇུག་གོ། །ཞེས་སོ། །བཞི་པ་ལ་གསུམ་སྟེ། སྔར་གང་གོམས་པ་ཉིད་གསལ་བར་འགྱུར་ཚུལ། འདི་ལ་ཞེ་སྡང་སྐྱེ་ཞིང་ཕྱི་མ་ལ་ཆགས་པ་འབྱུང་བ། འདའ་ཀ་མའི་གདམས་ངག་གཅེས་པར་གདམས་པའོ། །དང་པོ་ནི། ཐམས་ཅད་ཀྱང་། ཞེས་པ་ནས། གང་ཆགས་དེ་འབྱུང་ངོ་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་སྲོག་ཆགས་པའི་སེམས་ཅན་འདུ་ཤེས་དེ་དག་དང་ལྡན་པ་ཐམས་ཅད་ཀུན་དང་ཁྱད་པར་དུ་ཡང་འདོད་པའི་མི་རིལ་ཐམས་ཅད་གང་ཡིན་ཀྱང་རུང་སྟེ་དེ་དག་རྣམས་ནི་གང་ནས་འཆི་ཞིང་འཕོ་བའི་ཚེ་ན་དུས་གང་འདིར་སྔར་དྲན་པ་གསལ་བ་ལས་ཕྱིས་འདུ་ཤེས་ཀྱི་རྒྱུ་བ་མི་གསལ་བར་གྱུར་པའི་སྐབས་སུ་མ་བབ་ཀྱི་བར་དག་གམ་དེ་ལ་ཐུག་པའི་བར་དུ། སྔོན་ཡུན་རིང་པོའི་དུས་ནས་བདག་ལ་ཆགས་པ་གོམས་པ་ཡི་དབང་གིས་དགེ་སྡིག་གི་ལས་གྲངས་མེད་པ་གང་དང་གང་སྤྱད་དེ་མཐུ་བརྟས་པ་དེ་དང་དེ་ལ་དྲན་པ་གང་ཡིན་པ་གསལ་བར་འགྱུར་ཞིང་ཞེན་པའི་བག་ཆགས་དེ་ཡི་རྒྱུ་བ་འཕྲོ་བ་ནི་འཆི་ཀའི་བསམ་པ་ཀུན་ལ་འབྱུང་ངོ་། །དེས་ན་འཆི་ཀར་ནད་པའི་སྣོད་བརྟགས་ལ་དགེ་བའི་གསོས་གདབ་པ་ནི་ཤིན་ཏུ་གཅེས་སོ། །དེ་ཡང་སྔ་མ་ལས། དེ་ཐམས་ཅད་ཀྱང་འཆི་བའི་ཚེ་ན་འདུ་ཤེས་མི་གསལ་བའི་སྐབས་སུ་མ་བབ་པའི་བར་དུ་ཡུན་རིང་པོ་ནས་གོམས་པས་བདག་ལ་ཆགས་པ་ཀུན་ཏུ་འབྱུང་ངོ་། །ཞེས་སོ། །གཉིས་པ་ནི། དེ་ལས་དེ་ཡི། ཞེས་པ་ནས། སྒྲུབ་པའི་རྟེན་ཡིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་སྲིད་པ་བར་མ་སྣང་བའི་རྒྱུ་བསྟན་པའི་ཕྱིར། འཆི་བའི་སེམས་ཅན་དེ་ཡང་སྔ་མའི་ལས་དེ་ཡི་རྣམ་སྨིན་གྱི་འབྲས་བུ་དེ་ཉིད་ཀྱི་སྟོབས་སམ་མཐུའི་དབང་གིས་གནད་ཀྱི་སྡུག་བསྔལ་མྱོང་བ་ན། ད་ནི་ཚེ་འདིར་འདུག་པའི་ལས་དབང་དེ་མེད་པར་ངེས་པར་འཆི་བར་འགྱུར་རོ་སྙམ་དུ་འཆི་བའི་ཆ་ཡོད་པའི་དུས་ལ་བབ་པར་ངོ་ཤེས་ནས། གང་ཟག་དེ་ཡང་ད་ལྟའི་ལུས་འདི་ཉིད་ལ་མྱུར་དུ་ཤི་ན་རུང་སྙམས་ཏེ་ཞེ་སྡང་སྐྱེ་ཞིང་། ཅི་ནས་ཀྱང་ལུས་གཅིག་ཐོབ་ན་ཅི་མ་རུང་སྙམ་པས་གང་མ་འོངས་པ་ཕྱི་མའི་ལུས་བཟང་པོ་ཐོབ་པ་ལ་དགའ་བ་དང་ཆགས་པའི་སེམས་ཀྱི་འཇུག་པ་འབྱུང་བར་འགྱུར་རོ། །དེ་ལྟར་ད་ལྟར་གྱི་ལུས་འདི་ཉིད་བོར་བར་འདོད་པའི་ཞེ་སྡང་གི་བསམ་པ་མེ་ལྟ་བུ་དེ་ཡིས་ཟིལ་གྱིས་མནན་ཏེ་སྒོ་གསུམ་ལྡང་མི་ནུས་པར་བྱས་པས། ད་ལྟར་སྒོ་གསུམ་དུ་གནས་པ་འདི་ཡི་སྲོག་གི་དབང་པོའི་རྒྱུན་འགགས་ཏེ། གང་མ་བྱུང་བའམ་མ་འོངས་པའི་ཕུང་པོ་ལ་མངོན་པར་ཆགས་པ་སྐྱེ་བའོ། །དེ་ལྟར་འཆི་ཀའི་ཆགས་སྡང་དྲག་པོ་དེ་ནི་འདི་དང་ཕྱི་མ་བར་དོའི་སྲིད་པ་གསུམ་གྱི་བར་མའི་སྲིད་པ་ཞེས་བྱ་བ་དེའི་ཚེ་ཞག་བདུན་ཕྲག་ཅན་དུ་གྱུར་པ་གང་དེ་ཉིད་མངོན་པར་སྒྲུབ་ཅིང་རིགས་དྲུག་གང་རུང་དུ་སྣང་བར་བྱེད་པའི་རྒྱུའམ་རྟེན་དུ་གྱུར་པ་ཡིན་ནོ། །དེ་ལྟར་འཆི་བའི་སེམས་ལས་བར་མ་དོའི་སྲིད་པ་སྣང་བའི་རྒྱུ་བསྟན་པ་སྟེ། སྔ་མ་ལས། དེའི་འོག་ཏུ་དེའི་དབང་གིས་བདག་ནི་མེད་པར་འགྱུར་རོ་སྙམས་ནས་ཕྱི་མའི་ལུས་ལ་མངོན་པར་དགའ་བར་འགྱུར་ཏེ། དེ་ནི་དེའི་བར་མ་དོའི་སྲིད་པ་མངོན་པར་འགྲུབ་པའི་རྟེན་ཡིན་ནོ། །ཞེས་སོ། །གསུམ་པ་ནི། དེ་ཡི་དུས་ན། ཞེས་པ་ནས། དེ་འབྱུང་མི་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ནམ་འཆི་བ་དེ་ཡི་དུས་ན་རྣལ་འབྱོར་པ་རྣམས་ཀྱིས་འཆི་ཁའི་ཏིང་ངེ་འཛིན་བསྒོམ་པས་ལས་ཀྱི་རྒྱུན་གཅོད་པའི་དགོས་ཆེད་ཡོད་པ་ཡིན་པས་ནུས་པ་ཡོད་ན། འདུ་ལོངས་བསལ་བ་དང་། ཚོགས་བསགས་པ་དང་། རྟེན་བཀྲམ་པ་དང་། མཆོད་པ་བཤམས་པ་དང་། བཤེས་གཉེན་བསྟེན་པ་དང་། དགེ་བས་དུས་འདའ་བ་དང་བཅས་ཏེ་འདའ་ཀའི་ཏིང་ངེ་འཛིན་བསྒོམ་པ་ལ་བརྩོན་པར་བྱའོ། །དེ་ནི་འཆི་ཀ་ཁོ་ནར་མ་ཟད་སྔ་ནས་གོམས་པར་བྱས་པ་གཅེས་པས་དུས་ཀུན་ཏུ་དགེ་སྦྱོར་གང་བྱེད་ལ་ནན་ཏན་བགྱིད་པ་དེ་བཞིན་དུ་འདའ་ཀའི་གདམས་ངག་དེ་ལ་འདྲིས་ཤིང་གོམས་པར་བྱ་བ་ལ་ཆེད་དུ་འབད་པར་བྱེད་པ་ནི་ཤིན་ཏུ་གལ་ཆེ་སྟེ། དེའི་བསྒོམ་པའི་ཐབས་བླ་མའི་ཞལ་ལས་ཤེས་པར་བྱའོ། །གལ་ཏེ་འདའ་ཀ་མའི་ཏིང་ངེ་འཛིན་མེད་ཀྱང་སྔོན་ཆད་ཏིང་ངེ་འཛིན་གང་ལ་གོམས་པ་ཉིད་དྲན་པས་ཀྱང་ལས་རྒྱུན་གཅོད་པ་ཡིན་པས་འཆི་བའི་ཚེ་ངེས་པར་དྲན་པར་བྱའོ། །འོ་ན་དེ་ལྟ་བུའི་རྣལ་འབྱོར་པ་ལ་སྲིད་པ་ཕྱི་མའི་ཆགས་པ་འབྱུང་ངམ་ཞེ་ན། ཏིང་ངེ་འཛིན་གྱི་ཡོན་ཏན་འཆད་དེ། འཆི་བའི་དུས་ལ་བབ་པ་དེ་ཡི་ཚེ་ན་རྣལ་འབྱོར་པ་ལའང་མ་འོངས་པའི་ཕུང་པོ་ལ་སྲེད་པའམ་ཆགས་པ་ནི་འབྱུང་མོད་ཀྱི། འོན་ཀྱང་འཆི་ཀའི་ཏིང་ངེ་འཛིན་གྱི་མན་ངག་ལ་གོམས་པར་གྱུར་པའི་དོན་དེ་ཡི་ནུས་པའི་མཐུ་དང་སྟོབས་ཀྱིས། ཕྱི་མའི་ལུས་ལ་ཆགས་པའི་ཉོན་མོངས་པ་དེ་ཉིད་ཟིལ་གྱིས་གནོན་ཏེ་ལྡང་དུ་མི་སྟེར་བ་ནི་དཔེར་ན་མི་གང་དག་རྩལ་ཤུགས་ཆེན་པོ་དང་ལྡན་པ་ཅན་དེ་ཡིས། རྩལ་ཤུགས་མེད་པ་གང་དག་ལྡང་མི་ནུས་པར་གནོན་པར་བྱེད་པ་ཇི་ལྟ་བ་བཞིན་ནོ། །འདིར་སྔ་མ་ལས། དེ་ལ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ལ་ཡང་དེའི་ཚེ་བདག་ལ་ཆགས་པ་ཀུན་ཏུ་འབྱུང་མོད་ཀྱི། རྒྱུན་དུ་ཞུགས་པའམ་ལན་ཅིག་ཕྱིར་འོང་བ་དེས་ནི་བདག་ལ་ཆགས་པ་དེ་ཤེས་རབ་ཀྱིས་བརྟགས་ཤིང་མངོན་པར་སྤོང་བར་བྱེད་ཀྱི་དང་དུ་ལེན་པར་མི་བྱེད་དེ། དཔེར་ན་མི་ཆེས་སྟོབས་དང་ལྡན་པ་ནི། མི་ཆེས་སྟོབས་ཆུང་བ་དང་སྟོབས་འགྱེད་ན་སྟོབས་ཆུང་ངུ་རྡུང་བར་བྱེད་པ་དེ་བཞིན་དུ། འདི་ལ་ཡང་ཚུལ་དེ་དང་འདྲ་བར་བལྟ་བར་བྱའོ། །ཕྱིར་མི་འོང་བ་རྣམས་ནི་དེའི་ཚེ་བདག་ལ་ཆགས་པ་དེ་ཀུན་ཏུ་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་ཤིང་། བྱང་ཆུབ་སེམས་དཔའ་འཕགས་པ་དང་སྔགས་ཀྱི་རིག་པ་འཛིན་པ་དང་། ཆོས་ཉིད་རྣལ་མའི་དོན་ལ་བློ་འབྱོར་བས་རྣལ་འབྱོར་པ་བཟང་པོ་རྣམས་ལ། གང་ཕྱི་མའི་ལུས་ལ་ཆགས་པའི་འདུ་ཤེས་དེ་ཉིད་སྐྱེ་ཞིང་འབྱུང་བར་མི་འགྱུར་ཏེ་མ་ཆགས་པ་དེ་ལ་སྡུག་བསྔལ་ཡང་མི་འབྱུང་བར་ས་དེ་ཉིད་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །དེས་ན་ནམ་འདའ་བའི་ཚེ་ཆགས་སྡང་གི་སེམས་ཡིད་ལ་མི་བྱའོ། །ལྔ་པ་ནི། གནད་ཀྱི་སྡུག་བསྔལ། ཞེས་པ་ནས། དེ་ལ་དེར་ཞེན་གཅེས། །ཅེས་པའི་བར་གྱིས་བསྟན་ཏེ། འོ་ན་དེའི་རྒྱུ་གནད་ཀྱི་སྡུག་བསྔལ་མི་བཟོད་པ་དེ་འགྲོ་བ་གང་དང་གང་ལ་ཡོད་ཅེ་ན། དེ་ལྟ་བུའི་འཆི་ཀའི་གནད་ཀྱི་སྡུག་བསྔལ་མི་བཟོད་པ་དེ་ནི། འགྲོ་བ་གང་ལ་ཡོད་ན་མཐོན་པོ་ལྷ་དང་དམན་པ་དམྱལ་བ་གཉིས་མ་གཏོགས་པ་གཞན་འགྲོ་བ་རིགས་བཞི་པོ་དག་ཀུན་ལ་འབྱུང་བ་ཡིན་ནོ། །དེའི་ཅིའི་ཕྱིར་ཞེ་ན། དམྱལ་བ་ནི་ཤིན་ཏུ་སྡུག་བསྔལ་གྱིས་ཉེན་ཏེ་གནད་ཀྱི་ངོ་བོར་འདུག་པས་དེ་ལས་ཕར་མནར་དུ་མེད་པའི་ཕྱིར་དང་ལྷ་ནི་བསོད་ནམས་ཀྱི་དགའ་བ་དང་ལྡན་ཏེ་བདེ་བ་ཚད་དུ་ཕྱིན་པས་དེ་ལས་འདའ་བ་མེད་པའི་ཕྱིར་རོ། །དེ་ཡང་འཆི་ཀའི་དུས་སུ་སྡུག་བསྔལ་ཆེ་ཆུང་གི་དབང་གིས་འགག་པའི་ཚུལ་ཡང་གཉིས་ཁོ་ན་ཡིན་པར་བསྟན་ཏེ་ངེས་པར་གཟུང་བ་ནི། གང་སྡུག་བསྔལ་ཆེན་པོར་གྱུར་པས་ནི་སྲོག་གི་དབང་པོ་འགག་པ་ཡང་ཅིག་ཆར་དུ་འགག་པར་འགྱུར་བ་དང་། སྡུག་བསྔལ་ཆུང་བར་གྱུར་པས་ནི་དབང་པོ་རིམས་ཀྱིས་འགག་པར་འགྱུར་བ་གཉིས་སུ་ངེས་པའོ། །དུས་དེར་ཡང་དམ་པ་གང་ཞིག་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་གོམས་པས་བརྟན་ཏེ་བསྒོམ་བྱའི་ངོ་བོ་གང་ཡིན་པའི་ངེས་དོན་ནོར་འཁྲུལ་མེད་པ་ཉིད་མ་འགག་པར་གསལ་བ་དེ་ནི་མཆོག་ཏུ་གཙོ་བ་ཡིན་པས་ཆོས་ཉིད་རྟོགས་པ་དེ་ལ་དེར་ཞེན་ཏེ་ཡང་དག་པར་གོམས་པར་བྱེད་པ་ནི་ཤིན་ཏུ་གཅེས་པ་ཉིད་དེ། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས། དེ་ཉིད་ངང་གནས་འདྲེས་ཆེན་ལ། །གནས་ལམ་ཕྱོགས་མེད་ཡེ་ཁྱབ་གདལ། །བསྐུལ་ཞིང་གོམས་པ་ལས་རུང་ལ། །དེ་ཡི་ངང་འདའོ་བར་དོའི་ཚེ། །འདོང་ཁྲིད་རིག་པ་དེར་ཤེས་ནས། །ངང་དུ་གནས་པ་དེ་གྲོལ་བ། །གནད་ཀྱིས་རང་གྲོལ་ཉེ་དུས་ཡིན། །ཞེས་དང་། བདུད་རྩི་ཆུ་རྒྱུན་ལས། ཉིད་ཀྱིས་ཟིན་ན་མཉམ་པར་བཞག །ཐུན་གཅིག་དགོངས་པས་གྲོལ་བའང་ཡིན། །སྦྱངས་པའི་སྔར་ལས་ཤིན་ཏུ་གཅེས། །ཞེས་གསུངས་ཏེ་གང་ཟག་ཁྱད་པར་ཅན་གྱི་དབང་དུའོ། །སྤྱིར་ནི་དགེ་སྡིག་གང་ལ་ཡང་མ་གོམས་པ་ནི་བཤད་པ་ལྟར་གསལ་དུ་མི་བཏུབ་ལ། གོམས་པ་ནི་གསལ་བར་འགྱུར་བ་ཡིན་པས་དགེ་བ་ཉིད་ཁོ་ན་ལ་གོམས་ཤིང་བརྩོན་པར་བྱའོ། །དེ་ལྟར་བསྟན་པའི་གྲངས་དེ་དག་ཀྱང་ཡིད་ཀྱི་ལས་ཡིན་ནོ། །དེ་ལ་སོགས་པ་དོན་མང་པོ་རྣམས་ལ་དགོངས་ཏེ་བཅོམ་ལྡན་འདས་ཀྱིས། དྲུག་པ་བདག་པོ་རྒྱལ་པོ་ནི། །ཆགས་པར་གྱུར་ན་ཆགས་ཅན་ཡིན། །ཆགས་པ་མེད་ན་ཆགས་མེད་འགྱུར། །ཆགས་ན་བྱིས་པ་ཞེས་བྱའོ། །ཞེས་དང་། རིང་དུ་འགྲོ་ཞིང་གཅིག་པུར་རྒྱུ། །ལུས་ཡོངས་མ་ཡིན་ཕུག་གནས་པ། །འདུལ་དཀའི་སེམས་ནི་འདུལ་བ་དེ། །བྲམ་ཟེ་ཡིན་ཞེས་ང་སྨྲའོ། །ཞེས་བཀའ་སྩལ་བར་མཛད་དོ། །གསུམ་པ་བར་དོའི་ཆོས་བཤད་པ་ལ་བརྒྱད་དེ། བར་དོའི་སྲིད་པའི་ཆ་ལུགས་བསྟན་པ། བར་མར་གནས་པ་དེའི་ལུས་དང་སྤྱོད་ཡུལ་གྱི་སྣང་ཚུལ་བཤད་པ། དེའི་ཚེ་ཚད་དང་སྐྱེ་བ་ཕྱི་མ་ཅི་ཙམ་ན་ལེན་པར་བསྟན་པ། བར་མ་དོའི་ངེས་ཚིག་བཤད་པ། དེའི་མིང་གི་རྣམ་གྲངས་བསྟན་པ། ཁམས་གསུམ་ལ་བར་མ་དོ་ཡོད་མེད་ཀྱི་བྱེ་བྲག་བཤད་པ། སྔར་གྱི་ལས་གང་གོམས་ལ་དགའ་བར་བསྟན་པ། སྐྱེ་བ་ཇི་ལྟར་ལེན་པའི་ཚུལ་བཤད་པའོ། །དང་པོ་ནི། གསུམ་པ་སྲིད་གསུམ། ཞེས་པ་ནས། འཛིན་ཅིང་ཐོགས་པ་མེད། །ཅེས་པའི་བར་གྱིས་བསྟན་ཏེ། ལྔ་ཕྲག་གསུམ་པའི་གསུམ་པ་སྲིད་པ་གསུམ་གྱི་བར་མར་གནས་པ་དེའི་མཚན་ཉིད་བཤད་ན། ཚེའི་ཚད་ནི་ཞག་བདུན་པར་གྱུར་པ་སྟེ། དེ་ཡང་སྐྱེ་བ་བཞི་ལས་བརྫུས་ཏེ་སྐྱེས་ཤིང་དབང་པོ་ཀུན་ཚང་བར་ལྡན་ལ་སྔ་མའི་ལས་ཀྱི་འཕེན་པའི་སྟོབས་ཀྱིས་འགྲོ་བར་བྱེད་པའོ། །དེ་དག་ནི་གང་རིགས་མཐུན་པ་དང་ལྷ་མིག་དག་པས་མཐོང་བ་ཡིན་གྱི་གང་མ་དག་པ་དང་རིགས་མི་མཐུན་གཞན་དག་གིས་མཐོང་བ་མིན་ནོ། །བར་མ་དོའི་ལུས་ཀྱི་ཆ་ལུགས་ནི། གནས་ཤིན་ཏུ་བདེ་ཞིང་མཐོ་བ་ལྷ་དང་བདེ་བ་འབྲིང་དང་ལྡན་པ་མི་དང་སྡུག་བསྔལ་ཤིན་ཏུ་ཆེ་བས་དམན་པ་དམྱལ་བ་དང་། དེ་གསུམ་ལ་སོགས་པའི་འགྲོ་བ་རིགས་དྲུག་པོ་རྣམས་ཀྱི་གང་དུ་སྐྱེ་བར་འགྱུར་བ་དེའི་ཤ་ཚུགས་ལྟར་རང་གིས་མཐོང་བས་ཕྱི་མའི་ལུས་དེ་ཡི་དབྱིབས་འཛིན་ཅིང་ཆ་ལུགས་དེར་སྣང་སྟེ། སྤྱོད་པ་དང་ལས་ནི་བྲག་དང་རི་ལའང་ཐོགས་པ་མེད་པར་འགྲོ་བ་ཉིད་དེ། སློབ་དཔོན་ལྷའི་རྒྱལ་པོས་བྱང་སེམས་བདུད་རྩི་ཆུ་རྒྱུན་ལས། དེ་ཚེ་དྲི་ཟ་བར་བདུན་པ། །རྫུ འཕྲུལ་འོད་ལྡན་ཐོགས་རྡུག་མེད། །མངོན་ཤེས་ལྡན་ཞིང་རྫུས་ཏེ་སྐྱེ། །གདོས་པའི་ལུས་བྲལ་ཕྱིས་འབྱུང་གསལ། །དེ་ཚེ་བདུན་ཚིགས་གྲོགས་ཀྱིས་སྟོངས། །ཞེས་དང་། གཞན་དག་ལས་ཀྱང་། སྔོན་བྱུང་སྲིད་པའི་ཤ་ཚུགས་ཅན། །ཞེས་སོགས་གསུངས་སོ། །གཉིས་པ་ནི། དེ་ཡི་ལུས་སམ། ཞེས་པ་ནས། གོང་མ་ཉིད་བཞིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་སྔ་ཕྱིའི་སྲིད་པའི་བར་དུ་གནས་པའི་འགྲོ་བ་དེ་ཡི་ལུས་སམ་སྤྱོད་ཡུལ་གྱི་མཐོང་ལུགས་ནི། གང་དག་སྡིག་པ་སྤྱོད་སྤྱོད་ཅིང་དྲི་མ་ཅན་དུ་གྱུར་པ་རྣམས་ཀྱིས་ནི། དཔེར་ན་མཚན་མོ་མུན་ནག་གི་ནང་དུ་ཕྱིན་ན་རྫས་ཐམས་ཅད་མི་གསལ་བར་མུན་ནག་ཏུ་མཐོང་བ་ལྟར་དུ། ཡུལ་དང་གནས་ཀྱི་སྣོད་ཐམས་ཅད་དང་བཅུད་ཐམས་ཅད་རྨུགས་ཤིང་མི་གསལ་བར་མུན་པ་མུན་ནག་གི་སྨག་ཏུ་མཐོང་བར་འགྱུར་ཏེ། སའི་དངོས་གཞི་ལས། ཉེས་པའི་ལས་བྱེད་བྱེད་པ་རྣམས་ཀྱི་བར་མ་དོའི་སྲིད་པ་ནི། དཔེར་ན། ཕྱར་བ་ནག་པོའམ། མཚན་མོའི་མུན་པ་མུན་ནག་ཏུ་སྣང་བ་ལྟ་བུའོ། །ཞེས་སོ། །གང་དག་དྲི་མ་མེད་པར་དགེ་བ་ལ་སྤྱོད་སྤྱོད་དེ་ལས་དག་པ་རྣམས་ཀྱིས་བར་མ་ན་འདུག་པའི་ཚེ་ན་མཐོང་ཡུལ་གསལ་བ་ནི། དཔེར་ན་ཟླ་བའི་འོད་ཟེར་དཀར་པོ་གང་དུ་ཤར་བ་དང་རྫས་ཐམས་ཅད་ཀྱང་དཀར་པོ་གསལ་བར་མཐོང་བ་ལྟར་ཡུལ་གནས་ཀྱི་སྣོད་དང་བཅུད་ཐམས་ཅད་གསལ་ཞིང་སྣང་བར་འགྱུར་ཏེ། སྔ་མ་ལས། ལེགས་པའི་ལས་བྱེད་བྱེད་པ་རྣམས་ཀྱི་ནི་དཔེར་ན། སྣམ་བུ་དཀར་པོའམ། ཟླ་བའི་འོད་དང་བཅས་པའི་མཚན་མོར་སྣང་བ་ལྟ་བུའོ། །ཞེས་སོ། །འོ་ན་དེ་དག་ལ་ཡིད་ཆེས་པའི་ལོ་རྒྱུས་ཅི་ཡོད། སུའི་སྤྱོད་ཡུལ་དུ་གྱུར་པ་ཡིན་ཞེ་ན། སྣང་ཚུལ་དེའི་ཤེས་བྱེད་བསྟན་པ་ནི། དེ་ལྟར་དགེ་སྡིག་གི་བར་མ་དོ་དེ་གཉིས་ཀྱིས་མུན་སྣང་གི་མཐོང་ཚུལ་དང་བཅས་པ་དེ་ནི་རྨུགས་པ་དང་གཉིད་རྒོད་པ་དང་ཐེ་ཚོམ་ཡིད་མི་བདེ་བ་དང་ལུས་ཀྱི་གནས་ངན་ལེན། སེམས་ཡ་ཡ་བོ། བག་ཚ་བ། འདུ་ཤེས་སྣ་ཚོགས། སྨྲ་བ་མང་པོ། བསྒོམ་དྲག་པ་སྟེ་སྐྱོན་བཅུ་གཅིག་དང་བྲལ་བའི་ལྷའི་མིག་རྣམ་པར་དག་པས་མཐོང་ཞིང་ཤེས་པའོ། །དེས་ན་སྔ་མ་ལས། དེ་ནི་ལྷའི་མིག་ཤིན་ཏུ་རྣམ་པར་དག་པའི་ཀུན་སྤྱོད་ཡུལ་ཡིན་ནོ། །ཞེས་སོ། །དེ་བས་ན་རིགས་མཐུན་པས་ཀྱང་མཐོང་མོད་ཀྱི། འོན་ཀྱང་དགེ་བ་ཅན་གྱི་བར་མས་ནི་སྡིག་པ་ཅན་གྱི་བར་མ་དང་བདག་དང་མཐུན་པར་རང་གི་རིགས་སུ་གྱུར་པ་མན་ཆད་གཉིས་ཀ་མིག་དག་པས་མཐོང་ལ། སྡིག་པ་ཅན་གྱི་བར་མས་དགེ་བ་ཅན་གྱི་བར་མ་མི་མཐོང་སྟེ་རྒྱུ་འབྲས་བཟང་ངན་གྱི་ཁྱད་པར་ཡོད་པས་སོ། །དེའི་ལུས་ཆེ་ཆུང་གི་ཚད་ནི། གང་བར་མ་དོ་དེ་ཡི་ལུས་དེ་ཉིད་ཆེ་ཆུང་གི་ཚད་ནི་འདོད་པའི་ཁམས་ཀྱི་མཐོ་རིས་ཀྱི་གནས་ཐ་མ་ཡི་སྤྲུལ་པའི་སྐུ་དམ་པ་དོན་གྲུབ་འབྱུང་བའི་མིའི་གནས་ཀྱི་འཛམ་བུ་གླིང་པའི་བྱིས་པ་ལོ་ལྔ་ལོན་པའི་ཚད་དང་མཉམ་བར་ཡོད་དོ། །ཡང་ལ་ལས། བསྐལ་པ་དང་པོའི་མི་བཞིན་དུ་འོད་ཀྱི་ལུས་ཅན་ཆུང་བ་ཞིག་ཡོད་པར་འདོད་དེ། སྔོན་བྱུང་སྲིད་པ། ཞེས་པས་སོ། །དེ་ལ་ལ་ལས་སྔོན་བྱུང་སྲིད་པ་སྐྱེ་བ་སྔ་མ་ལ་བཞེད་ཀྱང་། འདིར་ནི་སྔོན་ན་ཡོད་པས་སྐྱེ་བ་ཕྱི་མར་བཞེད་དེ། གོང་དུ་འབྱུང་བ་དང་མཐུན་པར་སྔ་མ་ལས་ཀྱང་། དེ་ནི་གང་དུ་སྐྱེ་བར་འགྱུར་བ་དེའི་ཤ་ཚུགས་ལྟ་བུར་བར་མ་དོའི་སྲིད་པར་སྐྱེ་སྟེ། སྐྱེ་བའི་གནས་མ་བླངས་ཀྱི་བར་དུ་དེའི་མིག་ལྷའི་མིག་ལྟ་བུར་ཐོགས་པ་མེད་དོ། །ཞེས་གསུངས་ཏེ། སྲིད་པ་བར་མའི་འགྲོ་བ་དེས་གང་དུ་སྐྱེ་བར་འགྱུར་བའི་གནས་ཀྱི་ཕྱི་མའི་ལུས་དེ་ཉིད་མ་བླངས་པའི་བར་དུ་བར་མ་དོ་ན་འདུག་པའི་ཚེ། བར་དོ་དེ་ཡི་མིག་དེ་ཉིད་ལྷའི་སྤྱན་ནམ་ལྷ་ཡི་མིག་ལྟ་བུར་གྱུར་པས་འདོད་ཁམས་ཀྱི་སྣོད་བཅུད་ཐམས་ཅད་ཉེ་རིང་མེད་པར་གསལ་བར་མཐོང་བ་དང་། འབྱུང་བ་ཆེན་པོ་བཞི་གང་ལ་ཡང་ཐོགས་པ་མེད་པའི་རྫུ་འཕྲུལ་ཅན་ཡིན་པས་འདོད་པའི་ལྷ་དང་སྐལ་བ་མཉམ་པའོ། །དེ་ནི་ལྷ་མི་སྟོད་རིམ་གྱི་དབང་དུ་བྱས་པའམ། ཡང་ན་དགེ་བ་ཅན་དང་ཏིང་ངེ་འཛིན་ཅན་གྱི་བར་མ་ཡིན་གྱི། སྡིག་པ་ཅན་གྱི་བར་མས་ནི་གང་དེ་ལྟར་ཀུན་ལ་མཐོང་བ་གསལ་བ་མ་ཡིན་ཏེ། རྒྱུན་གྱི་སྤྱོད་ཡུལ་རྣམ་པར་གནག་པའི་ཕྱིར་རོ། །ལྷ་མིག་དག་པ་ཞེས་པ་ནི། སྒོམ་པ་ལས་བྱུང་བ་དང་ཟག་པ་མེད་པའི་ལྷའི་མིག་གམ་སྤྱན་ལྟ་བུ་ཡིན་ནོ། །དེས་ན་སྔ་མར་ཡང་། འགྲོ་བ་ཡང་སྐྱེ་བའི་གནས་མ་བླངས་ཀྱི་བར་དུ་རྫུ་འཕྲུལ་དང་ལྡན་པ་བཞིན་དུ་ཐོགས་པ་མེད་དོ། །དེའི་མིག་དེས་བར་མ་དོའི་སྲིད་པ་བའི་སེམས་ཅན་བདག་དང་སྐལ་པ་མཉམ་པ་རྣམས་དང་། དེ་དག་གི་སྐྱེ་བའི་གནས་དང་། བདག་གི་སྐྱེ་བའི་གནས་ཀྱང་མཐོང་ངོ་། །ཞེས་གསུངས་ཏེ། གང་སྡིག་པ་ཅན་གྱི་བར་དོ་དེས་རང་བྱོལ་སོང་དང་དམྱལ་བ་དང་ཡི་དྭགས་གང་དུ་སྐྱེ་བའི་སྐལ་པ་མཉམ་པའི་སྐྱེ་གནས་དང་དེ་དག་གི་དངོས་པོ་ཡང་ཤེས་པར་འགྱུར་ཏེ། ལས་མཐུན་པའི་དབང་གིས་སོ། །དེ་བཞིན་དུ་དགེ་བ་ཅན་དྲི་མ་མེད་པ་དེས་ཀྱང་ཉེ་རིང་མེད་པར་རང་ལྷ་མི་དང་ལྷ་མ་ཡིན་གང་དུ་སྐྱེ་བར་འགྱུར་བའི་སྐལ་པ་མཉམ་པ་དེ་དག་ཉིད་ཀྱི་གནས་རིས་དང་དངོས་པོ་ཀུན་ཀྱང་མཐོང་ཞིང་ཤེས་པར་འགྱུར་ཏེ། རང་དང་དགེ་བའི་ལས་སྣང་མཐུན་པས་སོ། །དེའང་ལུས་ཀྱི་འགྲོ་ཚུལ་ནི། འགྲོ་བ་གང་དག་སྡིག་པ་མི་དགེ་བའི་ལས་ལ་སྤྱོད་པའི་དྲི་མ་ཅན་རྣམས་ནི་མིག་གི་སྤྱོད་ཡུལ་ཐུར་དུ་གསལ་བས་ལུས་ཀྱང་སྤྱིའུ་ཚུགས་སུ་འགྲོ་བ་སྙམ་བྱེད་དེ་འོག་ཏུ་བལྟས་ནས་འགྲོ་ལ་དེས་ན་མཐོ་རིས་ཀྱི་གནས་གཞན་རྣམས་ནི་མཐོང་བ་མིན་ནོ། །གལ་ཏེ་སྡིག་པའི་དྲི་བ་མེད་པའི་དགེ་བ་ཅན་རྣམས་ཀྱིས་ལུས་གྱེན་དུ་འགྲེང་བས་མངོན་མཐོར་གྱུར་པ་མཐོ་རིས་ཀྱི་མཐོང་བའི་སྤྱོད་ཡུལ་མཐའ་དག་གསལ་ཏེ་རང་ལྷ་མི་གར་སྐྱེ་བའི་སྐལ་པ་མཉམ་པ་ཀུན་ཀྱང་མཐོང་ལུགས་སྔར་བཤད་པ་ལྟར་དང་གཞན་ངན་སོང་གི་གནས་དང་སྤྱོད་ཡུལ་ཡང་མཐོང་སྟེ་ལས་འཕྲོ་མེད་པས་བློ་མི་འཇུག་པའམ། ཡང་ན་བཤད་མ་ཐག་པ་དེ་བཞིན་དུ་ངན་སོང་མཐོང་བ་མིན་ནོ། །དེ་བས་ན་དེ་ཉིད་ལས། ཉེས་པའི་ལས་བྱེད་བྱེད་པ་རྣམས་ཀྱི་མིག་ནི་ཐུར་དུ་གསལ་ཏེ། སྤྱིའུ་ཚུགས་སུ་འགྲོའོ། །ལྷར་སྐྱེ་བ་རྣམས་ནི་གྱེན་དུའོ། །མིར་སྐྱེ་བ་རྣམས་ནི་ཐད་གར་རོ། །ཞེས་གསུངས་པས། མིའི་བར་མས་མཐོང་སྟངས་བྱེ་བྲག་ཏུ་བསྟན་པའམ། གོང་དུ་བསྟན་པ་དེ་ལྟར་ལས་དཀར་ནག་གང་ལ་རང་གི་གོམས་པར་བྱས་པ་དེའི་ལས་སྣང་གང་དེ་རང་ཉིད་ཀྱི་ཐད་དུ་ལས་ཀྱི་དབང་གིས་སྐྱེ་བ་གང་དང་གང་ལེན་པའི་སྤྱོད་ཡུལ་དེ་ཉིད་རང་ངོ་ལ་སྣང་བར་འགྱུར་བའམ། ཡང་ན་འདི་ཉིད་དགེ་བ་ཅན་གྱི་བར་དོ་ཡིན་པས་རང་ཐད་ཀྱི་སྣང་བ་དཀར་བས་མཐོང་བ་རྒྱ་ཆེ་སྟེ། གོང་དུ་ལྷ་མིག་ཅེས་པས་འགྲོ་དྲུག་གི་གནས་ཀྱང་མཐོང་སྟེ། དེའང་འདོད་ཁམས་ཡིན་ལ་དཔེར་ན་དགའ་ལྡན་དུ་སྐྱེ་ན་དེའི་བར་དོས་དེ་མན་ཆད་མཐོང་བ་ལྟ་བུ་སྟེ། དེས་གཞན་ཀུན་འགྲེའོ་ཞེས་དམ་པ་རིན་པོ་ཆེའི་ཕྱག་མཆན་ལས་འབྱུང་ངོ་། །དེས་ན་སྐལ་མཉམ་གྱི་སྐྱེ་གནས་དང་སྤྱོད་ཡུལ་མཐོང་ཞིང་དེ་ལ་འཇུག་པ་ལས་དེ་ལས་བཟློག་པའམ་གོམས་པ་མེད་པའི་ལས་སྣང་གི་འགྲོ་བ་གཞན་རྣམས་མི་སྣང་བའམ་དེ་ལ་མི་འཇུག་པ་ནི་གོང་དུ་བཤད་མ་ཐག་པ་ཉིད་བཞིན་ཏེ། སྡིག་པ་ཅན་ལ་དགེ་བའི་ལྟས་མི་སྣང་བ་དང་ལས་ཀྱིས་མ་སྒྲུབས་པས་འབྲས་བུ་གང་དང་གང་ཡང་མི་འབྱུང་བར་ཡིད་ཆེས་པའི་གནས་སུ་ངེས་པ་ཡིན་པར་སྣང་ཚུལ་གང་ཡང་བག་ཆགས་དང་བཅས་པ་ལས་གཞན་དུ་མ་དམིགས་པ་བཞིན་ཡིན་ནོ། །གསུམ་པ་ནི། བར་བདུན་པ་ཡི། ཞེས་པ་ནས། དེ་མེད་ག་ལ་སྲིད། །ཅེས་པའི་བར་གྱིས་བསྟན་ཏེ། དེའི་ཚེ་ཚད་དང་སྐྱེ་བ་ཕྱི་མ་ཇི་ཙམ་དུ་ལེན་པ་ཐུན་མོང་དུ་བསྟན་པའི་ཕྱིར། །དེ་ཡང་། རྒྱན་སྟུག་པོ་བཀོད་པ་ལས། དང་པོ་ཚེས་པའི་ཟླ་མདོག་ལྟར། །བྱེ་བའི་ཞིང་དུ་སྣང་བ་སྟེ། །རི་རབ་གནས་ཤིང་འཁོར་བ་ཡང་། །དངོས་པོ་འཇིག་པ་མ་ཡིན་ནོ། །དེ་བཞིན་ཡིད་སེམས་རྣམ་པར་ཤེས། །སེམས་ཅན་ཁམས་ན་འཁོར་མོད་ཀྱི། །དེ་ལ་འཕེལ་ཞིང་འབྲི་མེད་དེ། །རྟག་ཏུ་རང་བཞིན་འོད་སྣང་བའོ། །ཞེས་དང་། ལང་ཀར་གཤེགས་པ་ལས། །སེམས་ཀྱི་རང་བཞིན་འོད་གསལ་བ། །ཡིད་ལ་སོགས་པའི་ཉོན་མོངས་དང་། །བདག་དང་ལྷན་ཅིག་ལྡན་པར་ནི། །སྨྲ་བའི་མཆོག་གིས་རབ་ཏུ་བསྟན། །ཞེས་གསུངས་པ་ལྟར། བར་མ་དོའི་སྲིད་པ་ཚེ་ཚད་ཞག་བདུན་དུ་སྡོད་པ་ཡི། སེམས་ཅན་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཅན་དེ་ཉིད། ཕྱི་མར་སྐྱེ་བའི་གནས་ཀྱི་རྒྱུ་རྐྱེེན་མཐུན་པ་དེ་མ་རྙེད་པའམ་དེ་དང་མ་ཕྲད་ཀྱི་བར་དུ་ཡུན་རིང་པོ་ཇི་ལྟར་ཐོགས་ན་ཡང་བར་མ་དོར་ཞག་བདུན་གྱི་བར་དུ་ཐོགས་པ་སྟེ་དེ་ནས་སྔ་མའི་ལས་དྲན་ཏེ་སྐད་ཅིག་གིས་ལུས་བརྗེ་བའམ་སྐྱེ་བ་ལེན་པའོ། །གང་སྐྱེ་བ་ཕྱི་མ་ལེན་པའི་རྒྱུ་རྐྱེན་དེ་དང་ལྡན་ན་ནི། ངེས་པ་མེད་དེ། ཞག་གཅིག་གམ་གཉིས་སམ་གསུམ་ནའང་འཕོ་བར་འགྱུར་ཏེ་སྐྱེ་བ་ལེན་པར་བར་མ་ལས་འགྱུར་རོ། །གལ་ཏེ་ཕྱི་མ་ལེན་པའི་རྒྱུ་རྐྱེན་གང་དང་ཡང་མ་ལྡན་ཏེ་སྐལ་པ་མེད་ཅིང་འགལ་རྐྱེན་བྱུང་ན་བདུན་ཕྲག་དང་པོའི་སྐྱེ་བ་དེ་སྲང་མདའི་ཚུལ་དུ་བརྗེས་ནས་ཡང་བདུན་ཕྲག་གཉིས་པའི་བར་དུ་དེ་ན་གནས་པའོ། །དེ་ཡང་དམ་པ་རིན་པོ་ཆེས། ཞག་བདུན་བར་དོ་ན་གནས་ཚེ་བདུན་ཕྲག་གཅིག་པ་དང་། དེ་བས་མང་ན་བདུན་ལ་སྔ་མ་ཡིན་ལ། དེ་ནས་འཕོ་ཚུལ་བསྟན་ཏེ་ཕྱིན་ཆད་ཕྱི་མའོ། །གསུངས། གང་དེར་ཡང་འགལ་རྐྱེན་ཡོད་དེ་སྐྱེ་བ་དང་མཐུན་པའི་རྒྱུ་རྐྱེན་དེ་དག་གང་དང་ཡང་མི་ལྡན་པར་གྱུར་ཏེ་ཡུན་རིང་བོར་ཐོགས་ན། ཞག་བདུན་ཕྲག་བདུན་གྱི་བར་ཏེ་བཞི་བཅུ་རྩ་དགུའི་ཡུན་དག་ཏུ་ཐོགས་པ་ཡིན་ཏེ། སྔ་མ་ལྟར་ཞག་བདུན་ཚན་ཉིད་ཀྱི་སྐོར་རེ་ན་ལུས་དེ་རྒྱུད་མཐུན་པར་བརྗེ་ཞིང་འཕོ་སྟེ། ཞག་གྲངས་དེ་ཉིད་རྫོགས་པར་མ་གྱུར་པ་དེ་སྲིད་དུ་བར་མ་དོ་དེ་ན་གནས་ཤིང་སྡོད་དོ། །ཞག་གྲངས་དེས་ནི་བར་དོར་གནས་པ་དེ་ཡི་ཚེ་ཚད་ཀྱི་ལས་ཟད་དེ་མཐར་རྫོགས་ནས་འདུག་ཐབས་མེད་དེ་ཕྱི་མའི་སྐྱེ་བ་གཞན་གང་ཡང་རུང་བ་ཉིད་དུ་གནས་པ་དེ་ཡི་ལུས་ལ་འཛིན་པའི་འདོད་ཆགས་སྐྱེ་ཞིང་བར་མའི་ལུས་སྒྱུ་མ་དེ་ལ་ཞེ་སྡང་འབྱུང་བར་འཆད་པར་ཡང་འགྱུར་ཏེ། གང་གི་ལས་དེས་བར་མ་དོ་དེ་ཡི་སྲིད་པའི་ལས་དེ་ཟིལ་གྱིས་གནོན་ཏེ་ལྡང་མི་ནུས་ལ། དེ་ལྟར་ཞག་བདུན་ཕྲག་ཉིད་ནི་བདུན་གྱི་གྲངས་རྫོགས་པ་དེ་ཕྱིན་ཆད་སྐྱེ་བ་ཕྱི་མའི་རྐྱེན་དང་མི་ཕྲད་པ་མི་སྲིད་པས་ངེས་པར་ཕྱི་མ་ལེན་པའི་རྐྱེན་དེ་མེད་པར་རམ་མི་འཛོམ་པར་ག་ལ་སྲིད་དེ་མི་སྲིད་པ་ནི་ཁོ་རང་གི་ཆོས་ཉིད་ཀྱིས་ཡིན་ནོ། །དེ་ཡང་དམིགས་བསལ་དང་བཅས་ཏེ། སའི་དངོས་གཞི་ལས། ཞག་བདུན་གྱིས་ཤི་འཕོས་པ་དེ་ཡང་། ཡང་ན་ནི་དེ་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ། །ཡང་ན་ནི་སྐལ་པ་མི་མཉམ་པ་གཞན་དུ་སྟེ། གལ་ཏེ་ལས་གཞན་གྱི་བྱ་བ་ཡོངས་སུ་གྱུར་པས། བར་མ་དོའི་སྲིད་པའི་ས་བོན་ཡོངས་སུ་འགྱུར་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །བཞི་པ་ནི། གང་ནུབ་གང་སྣང་། ཞེས་པ་ནས། གནས་པས་བར་མ་དོ། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་ཅིའི་ཕྱིར་བར་མ་ཞེས་བྱ་ཞེ་ན། སྐྱེ་བ་སྔ་མའི་སྲིད་པ་གང་ཡིན་པ་དེ་ནུབ་ཅིང་ཕྱི་མའི་སྲིད་པ་གང་གི་སྣང་བ་དེ་མ་བྱུང་བ་ཡི་གནས་སྐབས་ཀྱི་བར་ན་ཤེས་པ་སྐད་ཅིག་མའི་རྒྱུད་སྒྱུ་མའི་ཡིད་ལུས་སུ་གནས་པའི་སྲིད་པ་ཡིན་པས་བར་མ་དོ་ཞེས་པའི་ངེས་ཚིག་འགྲུབ་པའོ། །དེས་ན་སའི་དངོས་གཞི་ལས། དེའི་རྣམ་གྲངས་ནི་འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པ་གཉིས་ཀྱི་བར་མ་དོར་འབྱུང་བས་ན་བར་མ་དོའི་སྲིད་པ་ཞེས་ཀྱང་བྱའོ། །ཞེས་སོ། །ལྔ་པ་ནི། བདུན་ཞིང་ནུབ་པའི། །ཞེས་པས་ནས། མཚམས་སྦྱོར་ཞེས་ཀྱང་བྱ། ཞེས་པའི་བར་གྱིས་བསྟན་ཏེ། དེའི་མིང་གི་རྣམ་གྲངས་ནི། སྐྱེ་རྒུའི་ཐོག་མ་སྟེ་འོད་གསལ་གྱི་ལྷ་ལས་བབས་པའི་ལུས་འཇའ་ཚོན་ལྟ་བུ་ཞེས་ཀྱང་ཟེར་ཏེ། དོན་དུ་བར་སྲིད་གང་ཡང་ཞག་བདུན་ཕྲག་རེ་ཞིང་ལུས་དེ་ནུབ་པའི་རང་བཞིན་ཅན་ཡིན་པས་ནུབ་པའི་སྲིད་པ་ཡིན་ནོ་ཞེས་ཀྱང་བཤད་དེ་ཕལ་ཆེ་བའི་དབང་དུ་བྱས་པའོ། །བར་དོར་སྐྱེ་ནས་ཞག་བདུན་ཉིད་ཀྱི་ཚེ་ཡི་བར་དུ་གནས་པས་ན། གང་དེ་ལ་སྲིད་པ་བར་བདུན་པ་ཞེས་ཀྱང་བྱའོ། །ཁ་ཟས་དྲི་ཡི་ཕྱིར་འབྲང་ཞིང་སྤྱོད་ལ་དྲི་ཡི་ཟས་ཀྱིས་ལུས་རྟས་པར་བྱེད་པས་ན་དྲི་ཟ་ཉེར་འགྲོའམ་ཉེ་བར་འཁོར་བ་ཞེས་ཀྱང་བྱ་སྟེ། དངོས་སུ་ཉེ་དུ་ལ་འཁོར་བའང་ཡིན་པར་གསུངས། དེ་གཉིས་ཐུན་མོང་སྟེ་གཞན་དག་ཀྱང་མཚུངས་སོ། །སྔ་མའི་ཡིད་དམ་པར་དོ་དེ་ལ་བརྟེན་ནས་ཕྱི་མའི་ལུས་དེ་བྱུང་བས་ན། དེ་ལས་བྱུང་བ་ཡིད་ཀྱི་གཟུགས་ཅན་ཞེས་ཀྱང་བྱའོ། །ཕྱི་མ་གང་དུ་སྐྱེ་བ་ལེན་པའི་ཤ་དབྱིབས་ཀྱི་ཚུགས་དེ་ཉིད་འཛིན་པས། སྔོན་དུ་བྱུང་བའི་སྲིད་པ་ཕྱི་མའི་ཚུལ་བཞིན་ཅན་ཞེས་ཀྱང་བྱའོ། །ཕྱི་མའི་སྐྱེ་བ་མངོན་དུ་སྣང་ཞིང་གྲུབ་པར་བྱེད་པས་ན་མངོན་དུ་གྲུབ་པ་ཞེས་ཀྱང་བྱའོ། །བར་མ་ན་རྟག་ཏུ་ཟས་ཡིད་ལ་བཏགས་ཏེ་ཉེར་འཁོར་བྱེད་པས་ཉེ་བར་འཁོར་བ་ཞེས་ཀྱང་བྱའོ། །ཚེ་སྔ་ཕྱིའི་སྲིད་པ་གཉིས་ཀྱི་བར་སྐབས་ཡིན་པས་ན་སྲིད་པ་མཚམས་སྦྱོར་བ་ཞེས་ཀྱང་བྱའོ། །དྲུག་པ་ནི། དེ་ནི་གཟུགས་ཅན། ཞེས་པ་ནས། བ་ཡི་གནས་མེད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་གང་དུ་སྐྱེ་བ་ལ་བར་དོའི་སྲིད་པ་ཡོད་པར་བསྟན་ཏེ་དེའི་མཚན་ཉིད་བཤད་པ་དེ་དག་ནི་གཟུགས་ཅན་གྱི་ཁམས་སུ་གྱུར་པ་འདོད་ཁམས་དང་གཟུགས་ཁམས་ཀྱི་དབང་དུ་བཤད་པ་ཡིན་པས་ན། གཟུགས་མེད་པ་ཡི་ཁམས་སུ་སྐྱེ་བ་ལ་སྲིད་པ་བར་མའི་གནས་སྣང་གི་ཚུལ་དེ་མེད་དོ་ཞེས་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་བྱུང་སྲིད་པའི་ཤ་ཚུགས་མེད་པའི་ཕྱིར་རོ། །དེ་བས་ན་གཟུགས་མེད་པའི་ཁམས་ནས་འཕོ་ན་ཡོད་དོ། །དེས་ན་ཁམས་གཉིས་སུ་སྐྱེ་བ་ལ་ཡོད་ཅེས་བྱ་སྟེ། སྔ་མ་ལས། བར་མ་དོའི་སྲིད་པ་དེ་ཡང་གཟུགས་མེད་པར་སྐྱེ་བའི་གནས་མ་གཏོགས་པར་བལྟ་བར་བྱའོ། །ཞེས་སོ། །བདུན་པ་ནི། དེ་ནས་གནས་པའི། ཞེས་པ་ནས། དེ་ལ་མངོན་པར་དགའ། །ཞེས་པའི་བར་གྱིས་བསྟན་ཏེ། སྲིད་པ་བར་མ་དེ་ཉིད་ལས་ཅི་ལ་དགའ་ཞེ་ན། དེ་ལྟར་བར་མ་དོ་དེ་ན་གནས་པའི་སྲིད་པ་བར་བདུན་པའི་སེམས་ཅན་དེ་ཉིད་སྔར་ཤི་བའམ་འགགས་པར་གྱུར་པ་ཡི་སྲིད་པ་དེའི་དུས་སུ་འདུ་ཤེས་གསུམ་དང་ལྡན་པས་ལུས་ཀྱིས་སྤྱད་པར་བྱས་པའི་སྒོ་གསུམ་གྱི་ལས་དགེ་བ་དེ་དང་དེ་མིན་པ་སྡིག་པ་མི་དགེ་བ་དང་བཏང་སྙོམས་ཏེ་ལུང་དུ་མ་བསྟན་པ་དང་གསུམ་ལ་སྤྱད་དེ་ཆགས་སྡང་རྨོངས་གསུམ་གྱི་དུག་གསུམ་དང་བཅས་པ་གང་ལ་ཞེན་ཅིང་གོམས་པར་བྱས་པས་གང་ཤི་བ་དེ་ཡི་སྔོན་གྱི་སྐྱེ་བས་ལས་གསུམ་པོ་གང་དང་གང་ལ་ཞེན་ཅིང་དགའ་བ་བཞིན་དུ་དེའི་འཕྲོས་ཡིན་པས་བར་དོའི་དུས་དེར་ཡང་ལས་གསུམ་པོ་གང་གོམས་པ་དེ་ལ་མངོན་པར་དགའ་བ་ཉིད་དེ། དགེ་བ་ཅན་གྱི་བར་མ་ནི་དགེ་བ་སྤྱོད་པ་ལ་དགའ་བ་ལ་སོགས་པ་ལྟ་བུའོ། །དེས་ན་རྣམ་པར་སྨིན་པ་ཡང་རྗེས་སུ་མཐུན་ཏེ་ཕལ་ཆེར་གྱི་དབང་དུ་བྱས་པའོ། །དེ་ཅིའི་ཕྱིར་ཞེ་ན། བར་དགའ་བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་ལྟ་བུ་ཡང་བར་མར་སྡིག་བསགས་ནས་ངན་འགྲོ་ལྟུང་བའང་ཡོད་པའི་ཕྱིར་རོ། །བརྒྱད་པ་ལ་གཉིས་ཏེ། སྐྱེ་བ་ལེན་པའི་ལྟས་བསྟན་པ། སྐྱེ་བ་ལེན་ཚུལ་དངོས་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། སྔོན་ཚེ་ལེགས་ཉེས། ཞེས་པ་ནས། སྔ་ལྟས་འབྱུང་བར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། བར་མ་དོར་ཕྱིས་ཀྱི་གནས་རིས་མཐོན་མན་གང་དུ་སྐྱེ་བའི་ལྟས་འབྱུང་བའི་ཚུལ་ནི། སྔོན་གྱི་ཚེ་སྔ་མ་ལ་ལོགས་པའི་ལས་དཀར་པོ་དགེ་བ་དང་ཉེས་པའི་ལས་ནག་པོ་མི་དགེ་བ་དག་ལ་སྤྱོད་པའི་ཡུལ་ཉིད་གོམས་སྟོབས་ཆེ་བས་ཀླུང་དུ་གང་གྱུར་པ་དེ་ཉིད་ཀྱི་མཚན་མ་དངོས་པོ་མེད་ཀྱང་ཡིད་ཡུལ་དུ་རང་སྣང་བས་དེ་དག་རྨི་ལམ་གྱི་གཟུགས་བརྙན་བཞིན་དུ་མཐོང་ནས་གང་མཐོང་བ་དེའི་ལྟས་དེ་ཉིད་ལྟར་དུ་འཇུག་པའི་ཡུལ་དུ་མངོན་སུམ་དུ་སྣང་བར་འགྱུར་རོ། །དེ་ཡང་དཔེར་ན་རྨི་ལམ་གྱི་ལྟས་མངོན་དུ་གྱུར་པ་བཞིན་འདིར་ཡང་དང་པོ་ལྟས་ཙམ་ཕྱི་མ་ལ་མངོན་སུམ་དུ་གྱུར་པའོ། །དེས་ན་སྐབས་དེ་ཡི་ཚེ་དཔེར་ན་མིག་འཁྲུལ་པའི་རབ་རིབ་ཅན་གྱིས་སྐྲ་ཤད་སོགས་ཀྱི་གཟུགས་མཐོང་བ་ལྟར་དུ་སྔ་མའི་ལས་གང་གིས་དབང་ལྟར་ཕྱི་མར་གང་དུ་སྐྱེ་བ་ལེན་པའི་སྔ་ལྟས་བར་དོའི་དུས་དེར་སོ་སོར་འབྱུང་བར་འགྱུར་བ་སྟེ། གྲོག་སྦུར་དུ་སྐྱེ་ན་རྨི་ལམ་དུ་གྲོག་སྦུར་དང་འགྲོགས་པར་རྨི་བ་ལྟ་བུའོ། །གཉིས་པ་ལ་གཉིས་ཏེ། སྡིག་པ་ཅན་སྐྱེ་བ་ལེན་པའི་ལྟས་བསྟན་པ། དགེ་བ་ཅན་སྐྱེ་བ་ལེན་པའི་ལྟས་བཤད་པའོ། །དང་པོ་ནི། བདེ་རྐྱེན་མི་ལྡན། ཞེས་པ་ནས། འཇུག་པའི་མཚན་མ་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་སོ་སོ་ནས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་བདེ་བའི་གནས་ཐོབ་པར་བྱེད་པའི་དགེ་བའི་ལས་ཀྱི་རྐྱེན་དང་མི་ལྡན་པ་ཡིན་འགྲོ་བ་ཞིག་ཡིན་ན་ནི་བར་མ་དོ་དེ་ན་གནས་པའི་ཚེ་ཚད་དང་བར་མའི་ལུས་དེ་ནུབ་ནས་བརྗེས་པའི་ཚེ་ན། ཞེས་པ་འདིས་ཕལ་ཆེ་བའི་དབང་དུ་བར་དོའི་ཚེ་སྟོད་སྨད་གཉིས་སྐྱེ་བ་སྔ་ཕྱི་ལ་ཕྱོགས་པར་ཡང་གསལ་ལ། དེ་ནས་ཕྱི་མའི་སྐྱེ་བ་ལ་ངན་འགྲོ་དམན་པའི་འགྲོ་བར་ལྟུང་ཞིང་སྡུག་བསྔལ་ཅན་དུ་འབྱུང་བའི་སྔ་ལྟས་ཀྱི་མཚན་མ་ནི། ངན་སོང་གསུམ་གྱི་དམྱལ་བར་སྐྱེ་བ་ལེན་ཚུལ་འོག་ནས་འབྱུང་བས་འདིར་དུད་འགྲོའི་རིས་ཐམས་ཅད་དང་ཡི་དྭགས་ཀྱང་བསྟན་ཏེ། དེ་ཡང་སྲོག་ཆགས་ལྡེམ་བུ་དང་སྦྲང་བུ་ལ་སོགས་པའི་འགྲོ་བ་གནས་ངན་གང་དུ་འབྱུང་བའི་བདག་དང་རིགས་མཐུན་པ་མང་པོ་མཐོང་བ་འབྱུང་བ་དང་། འབྲུ་གསལ་བ་མེད་པའི་དུད་འགྲོ་ལ་སོགས་ཅ་ཅོའི་སྒྲ་ཐོས་པ་དང་རྩ་འདམ་བུའི་འཐིབས་པས་སའི་འདམ་པ་ཅན་དང་། མི་གསལ་བར་སྟུག་པའི་ནགས་ཚལ་འཐིབས་པོ་དང་། ལ་སོགས་པའི་ཞེས་དངོས་པོ་གཞན་བསྡུ་བ་ནི། མུན་པ་དང་སྤྲིན་ནག་དང་ན་བུན་ནམ་རླངས་པ་འཐིབས་པ་དང་། བྲག་གི་བར་དང་སྡོང་པོའི་གསེབ་ཀྱི་བུག་པ་དོག་མོ་རྣམས་དང་། དེ་བཞིན་དུ་ལྡུམ་བུའི་ཚལ་དཀྲིགས་པ་མཐོང་བ་དང་། དྲི་ང་ཞིང་མི་ཞིམ་པ་སྣ་ཚོགས་དང་། ཁ་ཟས་ངན་པ་དང་། རྫིང་ངན་པ་རྙོག་ཆུས་གང་བའི་འདམ་པ་ཅན་དང་། ཤིན་ཏུ་འཁྲིགས་ཤིང་གཏམས་པའི་སྤྲིན་ཆེན་གྱིས་འཐིབས་པའི་ནང་དུ་ཉམས་མི་དགའ་ཞིང་ཡིད་རྨོང་པར་གྱུར་ཏེ་འཇུག་པར་བྱེད་པའི་མཚན་མ་ལ་སོགས་པ་ཡིད་དུ་མི་འོང་བའི་ལྟས་རྣམས་འབྱུང་ཞིང་སྣང་བར་འགྱུར་རོ། །འོན་ཀྱང་རང་རྒྱུད་པ་མ་ཡིན་ཏེ། རང་གི་ལས་ཀྱི་རྐྱེན་གྱིས་མ་དག་པའི་སེམས་ཀྱི་སྣང་བའོ། །གཉིས་པ་ནི། གང་འདིར་དག་པ། ཞེས་པ་ནས། དག་པ་དེ་རིགས་མཐོང་། །ཞེས་པའི་བར་གྱིས་བསྟན་ཏེ། གལ་ཏེ་གང་འདིར་དགེ་བ་སྤྱོད་སྤྱོད་པས་དག་པའི་སྐྱེ་བ་ལེན་པར་བྱེད་པ་ཞིག་བར་མའི་གནས་སུ་འདུག་ན། རིགས་མངོན་མཐོར་འགྱུར་ཞིང་གྱེན་དུ་འབྱུང་བའི་སྔ་ལྟས་ནི། ཞི་བའི་ཡུལ་གཟུགས་བཟང་བ་སྣ་ཚོགས་པ་དང་སྙན་པར་གྱུར་པའི་སྒྲ་སྐད་སྣ་ཚོགས་པ་དང་མཐོང་ཞིང་ཐོས་པ་དང་། དེ་བཞིན་དུ་ཡིད་ཉམས་དགའ་བར་བྱེད་པ་དང་མིག་ལ་སོགས་པའི་དབང་པོ་ཚིམ་པར་བྱེད་དེ་འདོད་པའི་རེ་བ་སྐོང་བ་དང་། གང་དུ་འཇུག་པའི་གནས་རྣམས་ཀྱང་ས་ལ་བརྟེན་པའི་ཁང་བཟང་དང་ནི་ནམ་མཁར་ལྷའི་གཞལ་མེད་ཁང་དུ་སྣང་བ་དང་། དེ་བཞིན་དུ་ཡིད་དུ་འོང་བའི་སྐྱེད་མོས་ཚལ་དང་། རྫིང་བུ་མཛེས་པ་དང་། ཐང་བདེ་བ་དང་། དྲི་ཞིམ་པ་ལ་སོགས་པ་དེ་དག་རྣམས་ལ་ལོངས་སྤྱོད་པར་སྣང་བའི་ཡུལ་དུ་མངོན་པར་འབྱུང་སྟེ། རྣམ་དཀར་དགེ་བའི་མཚན་མ་བཟང་པོར་གྱུར་པའི་ལས་ཀྱི་ལྟས་སྣ་ཚོགས་པ་སྣང་བར་འགྱུར་ལ། བདག་དང་རིགས་མཐུན་པའི་ཡང་ལྷ་རྣམས་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། རྒྱལ་ཕྲན་དང་བློན་པོ་དང་། བྲམ་ཟེ་དང་། རྗེའུ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་སོགས་པ་བདག་གིས་གང་ཐོབ་པར་འགྱུར་བའི་ལས་དག་པ་ཅན་གྱིས་མཐོང་བས་སྤྱོད་ཡུལ་དག་པ་མངོན་པར་མཐོ་བ་མཐོ་རིས་དེ་ཡི་རིགས་སུ་གྱུར་པ་རྣམས་མཐོང་བར་འགྱུར་བ་ཡིན་ནོ། །གཉིས་པ་ལ་བཞི་སྟེ། དྲོད་གཤེར་ལས་སྐྱེ་བ་ལེན་པའི་ཚུལ། མངལ་དང་སྒོང་ངར་སྐྱེ་བ་ལེན་པའི་ཚུལ། དམྱལ་བར་སྐྱེ་བ་ལེན་པའི་ཚུལ། སྤྱིར་ལས་གང་གོམས་ཀྱི་འབྲས་བུར་སྐྱེ་བ་ལེན་ཚུལ་བཤད་པའོ། །དང་པོ་ནི། དེ་ན་གནས་པའི། ཞེས་པ་ནས། རྣམས་ཀྱི་སྤྱོད་ཡུལ་མིན། །ཞེས་པའི་བར་གྱིས་བསྟན་ཏེ། སྐྱེ་བའི་དབྱེ་བས་དྲོད་གཤེར་ལས་སྐྱེ་བ་གྲོག་སྦུར་ལ་སོགས་པའི་བར་མ་དོའི་སྐྱེ་བ་ལེན་པའི་ཚུལ་དང་ལྟས་ཇི་ལྟ་བུ་སྙམ་ན། དེ་ལྟར་བར་མ་དོའི་གནས་དེ་ན་འདུག་པའམ་གནས་པའི་སྲིད་པ་བདེ་བར་གཤེགས་པའི་སྙིང་པོ་ཅན་གྱི་སེམས་ཅན་དེ་ཉིད་དྲོད་གཤེར་ལས་སྐྱེ་བའི་རྒྱུ་ཅན་དུ་གྱུར་ན་རང་གི་འདོད་པའི་ཡུལ་ལ་ཤིན་ཏུ་ཞེན་པས་ཞེན་ཆགས་ཆེ་བའི་ཕྱིར། དྲི་ཟ་ཉེ་བར་འཁོར་བ་ཞེས་པའི་རྣམ་གྲངས་དང་མཐུན་པར། གནས་ཀྱིས་ཕྱོགས་གང་དུ་དྲི་འབྱུང་བ་དེར་འཇུག་ཅིང་ཟས་ཀྱི་རྗེས་སུ་འབྲངས་པས་ན་མི་གཙང་ཞིང་མི་ཞིམ་པའི་དྲི་ང་བ་དང་། གཙང་ལ་ཞིམ་པའི་མི་ང་བའི་དྲི་རྣམས་འབྱུང་བའི་ཡུལ་དེར་དྲི་དེ་གཉིས་ལ་ཆགས་ཏེ་ཞེན་པར་བྱས་པས་འདོད་པའི་སེམས་སིམ་པའམ་ཚིམ་པ་སྐྱེ་བར་འགྱུར་ཏེ། དེ་ལྟར་དྲི་སྤྱོད་ཅིང་ལན་གྲངས་མང་བས་དེར་ཀུན་ཏུ་འཁྲིགས་སེམས་སམ་ཆགས་པའི་སེམས་འཁྱིགས་པས་སྐབས་སུ་བར་མའི་ལུས་དེ་ལ་ཞེ་སྡང་འབྱུང་སྟེ་འདོར་འདོད་སྐྱེའོ། །རྒྱུ་དེས་ནི་བར་མ་དོ་ཚེ་ཞག་བདུན་པ་དེ་ཡི་རྒྱུན་འགགས་ཤིང་འཕོ་བར་བྱེད་དེ། དྲི་དེ་ལ་ཞེན་ཅིང་ཆགས་པའི་སྐད་ཅིག་གི་བར་དུ་བར་མ་དེ་ཡི་སྐལ་པའི་ཚེ་ཟད་ནས་ཕྱི་མ་ལ་ཆགས་པ་དེས་ནི་བར་མ་དེ་ཡང་བདག་ཉིད་དྲིའི་ཕྱིར་འབྲངས་པས་ཤེས་པ་དེས་བརྟས་ཏེ་ལས་ཀྱིས་སྣང་བའི་ལུས་ངན་གྲོག་སྦུར་ལ་སོགས་པ་དེར་སྐྱེ་བར་བྱེད་དོ། །དེ་ལྟར་གང་དུ་སྐྱེ་བ་བརྟས་པའི་སེམས་ཅན་གང་ཞིག་གསང་བའི་སྙིང་པོ་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་སོགས་གསུངས་པ་ལྟར། ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཅན་ལས་གྲོག་སྤུར་ལ་སོགས་པའི་ལུས་ཅན་གཞན་ཐ་དད་པ་རྐྱེན་གྱིས་རིས་མཐུན་པ་གཟུགས་ཕུང་བཟུང་བའི་འགྲོ་བ་མི་འདྲ་བ་དག་ཀྱང་སྣང་བར་འགྱུར་ཏེ་མ་གྲུབ་བཞིན་དུ་ལས་མཐུན་པའི་དབང་གིས་སྔར་བར་མའི་དུས་སུ་ལྟས་སྣང་ཤར་བ་དང་མཐུན་པར་མཐོང་ངོ་། །ལུས་ལེན་པའི་ཚུལ་ནི། དེ་ལྟར་དྲོད་ཀྱི་རྐྱེན་དང་རླན་རྣམས་ཆ་སྙོམས་པའི་རྒྱུ་དེས་བར་མ་དོའི་ཤེས་པ་དེ་ཉིད་འཛིན་པར་རིགས་ཏེ། དེ་ཉིད་དེ་ལ་ཆགས་པའི་དབང་གིས་སོ། །དེས་ན་དྲོད་གཤེར་གྱི་རྐྱེན་དེ་མེད་ནས་དེ་དང་མ་འཕྲད་ན་གྲོག་སྦུར་ལ་སོགས་པའི་འགྲོ་བའི་ཁམས་སུ་བར་མ་དེ་སྐྱེ་བ་མི་འབྱུང་སྟེ། དགུན་ལྟ་བུ་དྲོད་གཤེར་དེ་ཡི་རྐྱེན་མེད་ན་དེར་སྐྱེ་བ་མ་ཡིན་པས་ན་བར་མ་ན་ནམ་མཁའ་ཡི་རྡུལ་དང་འདྲ་བར་འདུག་ཅིང་དབྱར་གྱི་དུས་དང་རྐྱེན་དང་ལྡན་པ་ཀུན་ན་སྐྱེ་བའོ། །གང་སྐྱེ་བའི་རྐྱེན་དེ་དག་ཚང་བར་ལྡན་པས་བདག་སྐྱེ་བའི་ཡུལ་གནས་མཐོང་བ་རྣམས་ནི་དཔག་ཚད་ལ་སོགས་པར་མི་དཔོག་པས་ཡུལ་གནས་གང་ནི་རྒྱང་རིང་བར་གྱུར་པ་ན་ཡོད་ཀྱང་དེར་འགྲོ་བ་ལ་ཐོགས་པ་མེད་དེ་ཡིད་དང་འདྲ་བར་མིག་གིས་རིས་སུ་བཅད་དེ་མཐོང་བ་དང་ཚོར་བ་ཙམ་གྱིས་དེར་ཕྱིན་པ་ཡིན་གྱི། གདོས་བཅས་ཀྱི་ལུས་ལྟར་མིག་གིས་མཐོང་ཞིང་ཚོར་ནས་ས་རིས་སུ་བཅད་དེ་དེར་འགྲོ་བ་ལྟ་བུ་མ་ཡིན་པར་སྔ་མའི་ལས་བསགས་པ་གང་གི་དབང་གིས་དེར་འགྲོའོ་སྙམ་པས་གར་འགྲོ་བའི་ཡུལ་གནས་དེ་ཉིད་རིག་པ་ཙམ་ཉིད་ན་དེར་ཕྱིན་པ་ཡིན་པས་བར་དོ་དེ་ལ་ལམ་དེ་ཉིད་རིང་ཐུང་གི་ཁྱད་པར་ཀྱི་ཐ་སྙད་མེད་པར་ཐོགས་མེད་དུ་འགྲོ་བ་ཡིན་ནོ། །དེའི་གཏན་ཚིགས་དེ་ཅི་ཕྱིར་ཞེ་ན་བར་མའི་ཡིད་ལུས་དེ་ཡིད་ལྟར་གང་དུའང་ཁྱབ་ཅིང་མྱུར་བར་འཇུག་པ་ཡིན་པས་ལུས་གང་དུ་ལེན་ཀྱང་འགྲོ་བ་ལ་ཐོགས་པ་མེད་པའི་གཏོགས་འདོད་ཅན་ཏེ། གདོས་པ་མེད་པ་དེའི་སྤྱོད་ཡུལ་ནི། ད་ལྟའི་བེམས་པོའི་གདོས་པ་དང་བཅས་པའི་ལུས་ཅན་རྣམས་ཀྱི་སྤྱོད་ཡུལ་མིན་པའི་ཕྱིར། ཉེ་རིང་དང་མྱུར་བུལ་མེད་ཅིང་དམིགས་པས་འགྲོ་བ་ལྟ་བུའང་མིན་ནོ། །གཉིས་པ་ནི། ལ་ལ་གང་ལ། ཞེས་པ་ནས། དེ་ཡི་གདོས་ཀྱིས་བཟུང་། །ཞེས་པའི་བར་གྱིས་བསྟན་ཏེ། མངལ་དང་སྒོང་ངར་འབྱུང་བའི་བར་མ་དོ་དེས་ཇི་ལྟར་མཐོང་ཞིང་སྐྱེ་བ་ལེན་ཞེ་ན། འགྲོ་བ་ལ་ལ་དག་བར་མ་ན་འདུག་པའི་ཚེ་འདོད་པའི་ཡུལ་གང་ལ་ཆགས་ཤིང་ཞེན་པའི་སྟོབས་ཀྱི་མཐུས་ལས་དང་བསོད་ནམས་མཐུན་པར་སྣང་བའི་རིགས་ཅན་གྱི་འགྲོ་བ་བདག་གིས་ཕ་མར་འགྱུར་བ་དག་གང་དུ་འཕྲོད་བྱེད་དེ་ཆགས་པ་སྤྱོད་པ་མཐོང་བར་འགྱུར་རོ། །དུས་དེ་ཡི་ཚེ་ན་བར་དོ་དེ་ཉིད་ན་གནས་པའི་སེམས་ཅན་དེ་ཡང་ཆགས་པ་སྐྱེས་ཏེ་གནས་དེར་ཁྱབ་པར་ཕྱིན་ཏེ་འཁྱིམས་ནས། གནས་དེ་ལ་བར་མ་དེ་འཁོར་ཞིང་འཁོད་དེ་ཆགས་པའི་མཚན་མ་དེ་ལ་རྟོག་ཅིང་དཔྱོད་པ་མ་བཏང་བར་ཡིད་ཀྱིས་འཛིན་པ་དང་བཅས་ཏེ་ཞེན་པ་བར་མ་ཆད་པར་བྱས་པས། རྒྱུ་དེ་ཡིས་བདག་ཀྱང་ཕ་མ་ལ་ཆགས་ཤིང་ཞེན་པའི་རྟོག་པ་རང་བཞིན་ངང་གིས་ལྡང་ཞིང་རྣམ་པར་སྐྱེའོ། །གང་ཆགས་པ་དེའི་དབང་གིས་སེམས་ཅན་དེ་ཡང་དོན་མ་མཐོང་བས་དེར་རྨོངས་ནས་བདག་གིས་ཀྱང་དེ་ལ་ཆགས་པ་སྤྱད་པའི་ཡུལ་དུ་སྣང་སྟེ་ཕྱིན་ཅི་ལོག་ཏུ་མཐོང་བར་འགྱུར་ཏེ། མོར་སྐྱེ་ན་ཕ་ལ་ཆགས་ཤིང་ཕོར་སྐྱེ་ན་མ་ལ་ཆགས་ཏེ་དངོས་པོ་ལ་མ་གྲུབ་ཀྱང་། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་པ་དང་བུད་མེད་བཟང་མོ་ཕྲད་པ་ལྟ་བུར་བདག་གིས་ཆགས་པ་སྤྱད་པར་མཐོང་བའི་འཁྲུལ་པར་སྣང་བ་འབྱུང་ངོ་། །གནས་གང་དུ་ཕ་མའི་གང་ཟག་དེ་གཉིས་ཀྱི་མངལ་དུ་ས་བོན་འདུ་འཕྲོད་བྱེད་པར་མཐོང་ནས་བར་དོ་དེ་ལ་སེམས་ཅན་སྐྱེ་འབྱུང་གི་གནས་དེ་སྣང་ཞིང་གསལ་བར་འགྱུར་ལ། དེ་ཡང་ཕ་ལས་ས་བོན་འབྱུང་བས་འབྱུང་བ་ཞེས་བྱ་ཞིང་མ་ཡི་ལྟོ་བར་རམ་མངལ་དུ་གནས་པས་གནས་པ་ཞེས་བྱ་སྟེ། གལ་ཏེ་བདག་ཉིད་མོར་སྐྱེས་ཏེ་གནས་པའི་ཆ་ལེན་པ་ཞིག་ཡིན་ན། ས་བོན་གྱི་གཞི་འབྱུང་བ་ཕའི་ས་བོན་དང་མཚན་མ་ལ་ཆགས་པའི་འདོད་པ་འབྱུང་ལ། གལ་ཏེ་དེ་ལས་བཟློག་སྟེ་འབྱུང་བ་ཕོར་སྐྱེ་བ་ལེན་པ་ཞིག་ཡིན་ན་ས་བོན་གྱི་གནས་མའི་ས་བོན་དང་མཚན་མ་ལ་ཆགས་པའི་འདོད་པ་འབྱུང་བའང་དེ་བཞིན་ཏེ། དེས་ན་གནས་པ་མོའི་ཆར་སྐྱེ་བར་འགྱུར་བ་ཞིག་ན་གནས་པ་མ་དང་བྲལ་བར་འདོད་པའི་སེམས་སྐྱེ་ལ། འབྱུང་བ་ཕོའི་ཆར་སྐྱེ་བར་འགྱུར་བ་ཞིག་ན་ཡང་གོང་མ་བཟློག་པ་དེ་བཞིན་དུ་འབྱུང་བ་ཕ་དང་བྲལ་བར་འདོད་པའི་སེམས་སྐྱེས་ཏེ། བདག་རང་ཉིད་ནི་གང་དུ་མི་འཕྲོད་པའམ་མི་འདོད་པར་བྲལ་བར་འདོད་པའི་གཟུགས་སམ་ལུས་གང་ཡིན་པ་དེ་ཁོ་ནར་མཐོང་བར་འགྱུར་རོ། །དེ་ལྟར་ཕོ་མོའམ་དེ་གཉིས་ཀྱི་མཚན་མ་གང་རུང་དེ་ལ་བར་དོ་དེ་ཉིད་ཆགས་ཞེན་སྐྱེས་པ་དེ་ཡི་དབང་གིས་གནས་པ་མོའི་མཚན་མའམ་འབྱུང་བ་ཕོའི་མཚན་མ་འབའ་ཞིག་ལས་མ་གཏོགས་པ་མཚན་མ་གང་ཡིན་པ་གཞན་ནི་སྣང་བར་མི་འགྱུར་རོ། །འོན་ཀྱང་ཕལ་ཆེ་བའི་དབང་སྟེ། གཉིས་ཀྱི་ཆ་འཛིན་པའི་མ་ནིང་ཡང་འབྱུང་ངོ་། །དེ་ནས་བར་མ་དེ་ཡིས་ཆགས་པའི་ཡུལ་གྱི་མཚན་མ་དེ་མཐོང་བས་དེ་ལ་ཆགས་ཞེན་རྨོངས་པས་སེམས་འཁྱིམས་པའམ་འཁྱིགས་ནས་བར་དོའི་ལུས་དེ་ལ་བར་མ་དེ་ཡི་སེམས་འཁྲིགས་ཏེ་ཞེ་སྡང་སྐྱེས་ནས་མ་རངས་པ་ལྟར་འབྱུང་ཞིང་ཕྱི་མ་ལ་ཆགས་པ་དང་གཉིས་ཀྱི་དབང་གི་རྒྱུ་དེ་ཡིས་བར་མ་དོ་དེ་ཡི་ཕོ་མོར་སྣང་བའི་རྒྱུན་འགགས་ནས་དཔེར་ན་སྦྲང་རྒྱ་གང་གིས་སྦྲང་མ་གང་ཟིན་པ་ཇི་ལྟ་བ་བཞིན་དུ་ཞེན་པའམ་ཆགས་པས་ས་བོན་གཉིས་ཀྱིས་སྲིད་པ་བར་མ་དོའི་ཤེས་པ་དེ་ཉིད་འཛིན་པར་བྱེད་དོ། །དེའང་ལྷ་མི་སྟོད་རིམ་པ་ནི་བར་དོས་ཕ་མའི་མགོ་ནས་རྟོག་དཔྱོད་བྱེད་པས་སྤྱི་བོ་ནས་ཞུགས་ཏེ་ཕའི་ས་བོན་དང་འདྲེས་པར་འགྱུར་རོ། །བར་པ་ནི་ཕ་མའི་གདོང་ནས་རྟོག་དཔྱོད་བྱེད་པས་ཕའི་ཁ་ནས་ཞུགས་ཏེ་ས་བོན་དང་འདྲེས་པ་ཡིན་ལ། དམན་པ་ནི་ཕ་མའི་རྟེན་མ་ནས་རྟོག་དཔྱོད་བྱེད་པས་བཤང་ལམ་དུ་ཞུགས་ཏེ་འདྲེས་པའོ། །དེ་ལྟར་རྣམ་ཤེས་གང་དེ་ཁུ་ཁྲག་གི་ས་བོན་གཉིས་པོ་དེ་ཡི་རྒྱས་བཏུམ་ནས་གདོས་པའི་ལུས་ཀྱིས་ཟིན་ཏེ་མིང་དང་གཟུགས་འབྱོར་བའི་ཕྱིར་རིགས་ཅན་དེ་ཡི་སྲིད་པ་བཟུང་བ་ཞེས་བྱའོ། །གསུམ་པ་ནི། དམན་འགྲོ་གང་དེ། ཞེས་པ་ནས། ལུས་བླངས་ཉོན་མོངས་མྱོང་། །ཞེས་པའི་བར་གྱིས་བསྟན་ཏེ། དམྱལ་བར་འགྲོ་བའི་བར་མ་དོ་ཇི་ལྟར་རྫུས་ཏེ་སྐྱེ་བ་ལེན་ཞེ་ན། གང་སུ་ཞིག་དམན་པ་དམྱལ་བར་འགྲོ་བ་གང་ཡིན་པ་དེ་ཡི་བར་དོའི་སྲིད་པ་ཚེ་ཞག་བདུན་པ་དེ་ནི། ཚེ་སྔ་མར་ཆགས་སྡང་གི་དབང་གིས་སེམས་ཅན་གསོད་ཅིང་སྲོག་གཅོད་པར་བྱེད་པ་དང་དེ་ལ་ལྷག་པར་ཞེན་ཏེ་གོམས་པར་བྱས་པ་དེ་ཡི་བག་ཆགས་ཡང་ཡང་བརྩེགས་ཤིང་བསྣན་ནས་སྟོབས་སུ་གྱུར་པས་ན། གང་དམྱལ་བའི་བར་མར་གནས་པའི་སྡིག་ཅན་གང་ཡིན་པ་དེ་ཡང་དེར་གནས་པའི་དུས་ན་ཡང་འདོད་ཆགས་དང་ཞེ་སྡང་གི་དབང་གིས་བསད་ཅིང་སྲོག་འཕྲོགས་ཏེ་བཅད་གཏུབ་བྱེད་པ་ལ་སོགས་པ་དེར་ཡང་ལས་ངན་བྱེད་པ་ཤ་སྟག་ཏུ་སྣང་བར་འགྱུར་ཏེ། གང་སེམས་ཅན་གསོད་པ་དེ་དག་བར་མ་དོ་དེ་ཡིས་མཐོང་མ་ཐག་ཏུ་སྤྱོད་ངན་དེ་ཉིད་སྔོན་དུ་ཚེ་སྔ་མ་ལ་གོམས་པར་བྱས་པའི་རྒྱུའི་ལས་ཀྱི་བག་ཆགས་དེ་རྐྱེན་དེས་བསླངས་པས་གསོད་གཅོད་བྱེད་པའི་རྒྱུ་དེ་དག་རིག་ཅིང་ཤེས་ནས། ཕ་རོལ་པོ་དེ་དག་གསད་པར་བྱའོ་སྙམ་དུ་སེམས་པའི་འདུ་ཤེས་ཀྱིས་དེར་གསོད་པ་ལ་འགྲོ་ཞིང་རྒྱུག་པར་བྱེད་དོ། །དེའང་ཆགས་སྡང་གིས་གསད་པའི་འདུ་ཤེས་སྐྱེ་བའི་ཡུལ་དགྲ་དང་ཤ་གཡག་ལ་སོགས་པའི་སྐྱེ་བའི་གནས་ཀྱི་འཁྲུལ་སྣང་གི་འགྲོ་བ་ལྟ་བུ་དེ་མཐོང་ནས་བར་མ་དོ་དེ་ཡང་གསད་པ་ལ་སོགས་པའི་ལས་བརྩམས་ཏེ་ཡང་ཡང་དུ་བྱས་པས་དེ་དག་གི་ལས་དེས་སེམས་འཁྱིགས་བའམ་འཁྱིམས་ནས་བར་དོའི་ལུས་ལ་ཞེ་སྡང་འབྱུང་སྟེ། རྒྱུ་དེ་ཡིས་དམྱལ་བའི་བར་བདུན་པའི་རྒྱུན་འགགས་པས་ཆ་ལུགས་དེ་ཉིད་འཕོས་ནས་སྐད་ཅིག་གིས་བརྫུས་ཏེ་སྐྱེ་བའི་དམན་པ་དམྱལ་བའི་ལུས་བླངས་ནས་སྡུག་བསྔལ་དྲག་པོར་སྨིན་པས་ཉོན་མོངས་ཤིང་ཉེན་ཏེ་རྣམ་སྨིན་དབལ་ཚ་བ་མྱོང་བར་འགྱུར་ཏེ། སའི་དངོས་གཞི་ལས། གལ་ཏེ་མི་དགེ་བའི་ལས་བྱེད་པ་ལུག་གསོད་པར་གྱུར་ཏམ། བྱ་གསོད་པར་གྱུར་ཏམ། ཕག་འཚོང་དུ་གྱུར་ཏམ། དེ་ལྟར་སྡོམ་པ་མ་ཡིན་པའི་རིས་གང་ཡང་རུང་བ་ལ་གནས་པ་དེས། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་སྡིག་པ་མི་དགེ་བའི་ལས་བྱས་ཤིང་བསགས་པས་སྐྱེ་བའི་གནས་སུ་དེས་སེམས་ཅན་དེ་ལྟ་བུ་དག་དང་། ལས་དེ་ལྟ་བུ་དག་དང་། ལུས་ལ་སོགས་པ་དེ་དག་རྨི་ལམ་བཞིན་དུ་མཐོང་ནས། དེ་སྔོན་གོམས་པའི་མངོན་པར་དགའ་བས་དེ་ཉིད་དུ་རྒྱུག་གོ། །སྐྱེ་བའི་གནས་ཀྱི་གཟུགས་དེ་ལ་ཡང་ཁོང་ཁྲོ་བར་གྱུར་ནས་བར་མ་དོའི་སྲིད་པ་དེ་མེད་པར་འགྱུར་ལ། སྐྱེ་བའི་སྲིད་པ་ནི་འགྲུབ་པར་འགྱུར་རོ། །དེ་དེ་ནས་ཤི་འཕོས་པ་ན་སྔར་འཆི་བའི་སྲིད་པའི་ཚེ་འཁྲུལ་པའི་གཟུགས་མཐོང་བ་དེ་བཞིན་དུ་འབྱུང་བར་འགྱུར་རོ། །སྐྱེ་བ་དང་འགག་པའི་ཚུལ་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །དེར་བརྫུས་ཏེ་སྐྱེས་ནས་སྐྱེ་མཆེད་དྲུག་ཡོངས་སུ་ཚང་བར་འགྱུར་ཏེ། དེ་འདི་སྙམ་དུ་བདག་འདི་དང་ལྷན་ཅིག་ཏུ་རྩེ་བར་བྱའོ། །དགའ་བར་བྱའོ། །དགའ་མགུ་སྤྱད་པར་བྱའོ། །བཟོ་ཡང་བསླབ་པར་བྱའོ། །སྙམ་དུ་སེམས་བཏང་བར་གྱུར་ལ། དེ་དེར་བཟློག་པར་ལས་ཀྱི་གནོད་པ་རྣམ་པ་སྣ་ཚོགས་ཀྱིས་གཟིར་བར་འགྱུར་ཏེ། ཡོངས་སུ་ཚབ་ཆེན་པོས་ཀྱང་རེག་པར་འགྱུར་རོ། །ཞེས་སོ། །འདི་དག་ནི་ཐུན་མོང་གི་དམྱལ་བ་ཕལ་ཆེ་བའི་དབང་དུ་གསུངས་པ་ཡིན་ལ། གསང་སྔགས་རྡོ་རྗེའི་ཐེག་པ་ཆེན་པོའི་རྩ་བ་དང་ཡན་ལག་ཉམས་པ་ལ་སོགས་པ་དག་ནི། ཤིན་ཏུ་ལས་དྲག་པས་རྣམ་སྨིན་དྲག་པ་ནི་ཤི་ནས་སྐད་ཅིག་གིས་ཕྱིན་པར་བྱེད་ལ། དེའི་འཇིག་རྟེན་ཞིག་ནའང་གཞན་གྱི་དམྱལ་བར་སྐད་ཅིག་གིས་ཕྱིན་པར་བྱེད་པས་བར་མ་དོ་མེད་དོ། །བཞི་པ་ནི། དེ་ལྟར་གང་དུ། ཞེས་པ་ནས། འབྱུང་བ་མ་བྱུང་ལེན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བས་ན། ཚུལ་དེ་དག་ལྟར་འགྲོ་བ་རིགས་དྲུག་གང་དུ་ཡང་སྐྱེ་བ་འབྱུང་བ་ཡི། གནས་རིས་རྣམས་ཀྱི་བར་དུ་སྲིད་པ་བར་བདུན་པ་དེ་ཉིད་གང་དུ་འབྱུང་བའི་གནས་ཞེ་ན་བར་མ་དོ་གང་ཞིག་ཡོད་པ་དག་གིས་སྔར་གོམས་པའི་ལས་ཀྱིས་སྤྱོད་ཡུལ་དེ་དང་མཐུན་པར་སྣང་ཞིང་དེར་འགྲོ་བ་ཡིན་ལ། དེར་ཡང་རང་ལུས་དེ་ལ་ཞེ་སྡང་ཞིང་སྤྱོད་པའི་ལས་ལ་སེམས་འཁྱིགས་པའམ་འཁྱིམས་ཏེ་སྐྱོ་བར་གྱུར་པས། སྡང་བ་སྐྱེ་བའི་རྒྱུ་དེ་ཡི་དབང་གིས་བར་མ་དོ་དེ་ཡི་ཚེའི་རྒྱུན་འགགས་ནས་རྒྱུ་དེས་ཕྱི་མ་དེ་ཡི་སྐྱེ་བ་གང་ཡིན་པ་ཉིད་སྣང་ཞིང་འབྱུང་བ་ཡིན་པས་སྔར་མ་བྱུང་བའམ་མ་བླངས་པ་ཡི་ལུས་གང་དེ་ཕྱིས་ལེན་པར་འགྱུར་བ་ཉིད་དེ། རྒྱུ་དེ་ལ་ཆགས་པའི་དབང་གིས་སོ། །དེས་ན་བར་མ་དང་ཕྱི་མ་འབྲེལ་བའི་རྒྱུ་དེ་ནི་སྐབས་དེ་ཉིད་ཀྱི་ཆགས་སྡང་དེ་ཡིན་ནོ། །དེ་ལྟར་བར་མའི་ཆོས་བཅུ་བཞིའང་ཡིད་ཀྱི་ལས་སོ། །བཞི་པ་སྐྱེ་གནས་རྣམས་སུ་ཇི་ལྟར་འཇུག་པར་བྱེད་པའི་ཚུལ་བཤད་པ་ལ་གཉིས་ཏེ། སྤྱིའི་འཇུག་ཚུལ་བཞི་བཤད་པ། བྱེ་བྲག་ཏུ་མངལ་དུ་འཇུག་ཚུལ་བཤད་པའོ། །དང་པོ་ནི། བཞི་པ་སྐྱེ་གནས། ཞེས་པ་ནས། བཞིན་དུ་འཇུག་གནས་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། ལྔ་ཕྲག་ཐ་མའི་བཞི་པ་སྐྱེ་གནས་སུ་འཇུག་པའི་ཆོས་ལ་དབྱེ་བའི་རྣམ་གྲངས་བཞི་རུ་བསྟན་པ་ཡིན་ཏེ། གང་ཞེ་ན། སངས་རྒྱས་རྣམས་དང་རིག་པ་འཛིན་པ་དང་བྱང་ཆུབ་སེམས་དཔའ་གང་མངལ་དུ་སྐྱེ་བ་རང་དབང་ཅན་དུ་འཇུག་པའང་། མི་དམིགས་པའི་ཡེ་ཤེས་ཆེན་པོའམ་ཤེས་རབ་དང་ལྡན་པའི་སྟོབས་ཀྱིས་མངོན་ཤེས་ཀྱང་ཡོད་ལ་སྒྲིབ་པའང་དག་པས་ན། མའི་མངལ་དུ་སྐྱེ་བའང་ཤེས་བཞིན་དུ་དེར་འཇུག་པ་དང་། ཤེས་བཞིན་དུ་དེ་ནས་གནས་པ་དང་། ཕྱི་རོལ་དུའང་ཤེས་བཞིན་དུ་འབྱུང་བ་དང་སྐྱེ་བ་ཡིན་ཏེ། དེ་རྣམས་ནི་གཞན་གྱི་དོན་དུ་སྐྱེ་བ་བཞེས་པའོ། །དེ་བཞིན་དུ་འཕགས་པ་ཉན་ཐོས་དང་རང་རྒྱལ་བ་རྣམས་ནི། རང་གི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་རགས་པ་སྤོང་བས་མངལ་དུ་ཤེས་བཞིན་དུ་འཇུག་ལ་ཤེས་བཞིན་དུ་དེ་ན་གནས་ཀྱང་བྱང་ཆུབ་སེམས་དཔའ་ལྟར་མི་དམིགས་པའི་ཤེས་རབ་མེད་པའི་རྒྱུས་མངལ་དུ་ཟླ་བ་ཚང་ནས་ཤེས་པ་དེ་ལ་ཉོན་མོངས་པའི་ཆགས་པ་སླར་ལ་ལངས་པས་མངལ་གྱི་དྲི་མས་སྒྲིབས་ཏེ་ཕྱིར་ལ་མི་ཤེས་བཞིན་དུ་འབྱུང་སྟེ་དེ་དག་བདག་གི་དོན་དུ་སྐྱེ་བ་བཞེས་པ་ཡིན་ཏེ། དེ་ནས་གཟོད་ལམ་གོང་མ་ལ་འཇུག་པ་དང་རྟེན་འབྲེལ་ལ་དཔྱོད་པ་དང་ཐེག་པ་ཆེན་པོར་འཇུག་པའི་ཡང་ཕྱིར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་ལྷ་མི་སྟོད་རིམ་རྣམས་ནི། རྣམ་པར་དཀར་བའི་ལས་ཆེར་སྤྱད་པ་དང་། བར་མ་དོར་དབང་པོ་དྭངས་པས་ཤེས་བཞིན་དུ་འཇུག་པ་ཡིན་ཀྱང་མངལ་ན་གནས་ཙམ་ན་ཁུ་ཁྲག་གདོས་པ་ཅན་གྱིས་བཟུང་བས་མི་ཤེས་བཞིན་དུ་དེར་གནས་ནས་མི་ཤེས་བཞིན་དུ་ཕྱིར་འབྱུང་ཞིང་སྐྱེ་བ་དང་། ལྷ་མི་ཕལ་པ་མན་ཆད་ཀྱི་སེམས་ཅན་རྣམས་ནི་ལས་ངན་པ་ཚན་ཆེ་བས་ཤེས་པ་ལས་ཀྱིས་བསྒྲིབས་ཤིང་རྙོགས་པར་བྱས་པས་མངལ་དུའང་རང་གི་གནས་སུ་མཐོང་ནས་དེར་འགྲོ་བས་མི་ཤེས་བཞིན་དུ་འཇུག་ཅིང་མི་ཤེས་བཞིན་དུ་དེ་ན་གནས་ཏེ། མི་ཤེས་བཞིན་དུ་ཕྱིར་ཡང་འབྱུང་ཞིང་སྐྱེ་བ་ཡིན་པས། དེ་ལྟར་རིམ་པའི་དབང་དུ་ན་སྐྱེ་བའི་ཁྱད་པར་དེ་ལ་རེ་རེ་ཡོད་དོ། །སྐབས་འདིར་འགྲེལ་ཆེན་ལས། དཀྲུགས་ན་ནི་ཁྱད་པར་ལྡབ་པ་དང་སུམ་གཉིས་དང་བྱེད་པ་དང་རེ་རེ་ཡོད་པར་འགྱུར་རོ། །ཞེས་གསུངས་ཏེ། འདི་ལ་སོ་སོར་འཇུག་པའི་རིགས་ཅན་གྱི་རྣམ་གྲངས་ལ་བརྟེན་ནས་ཁྱད་པར་དཀྲུགས་ཏེ་བརྗོད་པའི་འཆད་ཚུལ་ཡང་སྤྱིའི་བཀའ་སྲོལ་ལྟར་བྱས་ན་ཡོད་པར་མངོན་ཀྱང་། འདིར་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་གསུངས་པ་བཞིན་ཏེ། ཞེས་བཞུགས་པའི་ཕྱིར། དེ་ལྟར་ན་མི་དམིགས་པའི་ཤེས་རབ་ཀྱི་ཁྱད་པར་ལ་སྦྱར་བར་གསལ་བས་ཁྱད་པར་ལྡབ་པ་ནི། དེ་ལྟར་འཇུག་པའི་ཆོས་བཞིའི་ཁྱད་པར་ལྡབ་ནས་བསྟན་པ་སྟེ། མདོ་ཉིད་ལས། དེ་བཞིན་ཉིད་ཅེས་བྱ་བ་དེ་ནི་དེ་ཁོ་ནའི་དོན་གྱི་ཚིག་བླ་དྭགས་ཡིན་ནོ། །དེ་ཁོ་ན་ཞེས་བྱ་བ་ནི་དེ་བཞིན་ཉིད་ཁོ་ནའོ། །དེ་བཞིན་ཉིད་དེ་ཁོ་ན་ནི་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་དང་བདག་དེ་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །གཉིས་སུ་བྱར་མེད་པའི་དོན་གང་ཡིན་པ་དེ་ནི་བྱང་ཆུབ་སྟེ། བྱང་ཆུབ་ནི་དོན་རྟོགས་པའོ། །དོན་ཅེས་བྱ་བ་ནི་ཆོས་བསྟན་པ་ཐམས་ཅད་ལ་རྣམ་པར་ཐར་པའི་སྒོ་གསུམ་དུ་འཇུག་པ་ཤེས་པའོ། །ཤེས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་དུས་གསུམ་མཉམ་པ་ཉིད་དུ་འཇུག་པའོ། །ཞེས་དང་། འཇམ་དཔལ་སྟོང་པ་ཉིད་རྗེས་སུ་རྟོགས་པའི་ཕྱིར་ཏེ། སྟོང་པ་ཉིད་རྗེས་སུ་རྟོགས་པ་གང་ཡིན་པ་དེ་ནི་བྱང་ཆུབ་བོ། །ཞེས་དང་། ངེས་པའི་དོན་དང་དྲང་བའི་དོན་མཉམ་པ་ཉིད་ཀྱིས་དོན་མཉམ་པ་དེ་ནི་སྟོང་པ་ཉིད་དོ། །སྟོང་པ་ཉིད་དུ་དོན་མཉམ་པས་གང་ཟག་མཉམ་པ་ཉིད་མཉམ་མོ། །གང་ཟག་མཉམ་པ་ཉིད་ཀྱིས་ཆོས་མཉམ་པ་ཉིད་མཉམ་མོ། །ཆོས་མཉམ་པ་ཉིད་ཀྱིས་རྣམ་པར་གྲོལ་བ་མཉམ་པ་ཉིད་མཉམ་སྟེ་རྣམ་པར་གྲོལ་བ་མཉམ་པ་ཉིད་རྗེས་སུ་རྟོགས་པ་ནི་བྱང་ཆུབ་བོ། །འཇམ་དཔལ་གཟུགས་ལ་ཆགས་པས་ཆགས་པར་གྱུར་པ་རྣམས་ཀྱིས་མིག་ནི་ཆགས་པ་ཡིན་ནོ། །གཟུགས་དང་མིག་གི་རང་བཞིན་ཤེས་པ་ནི་ཆགས་པ་མེད་པ་ཡིན་ནོ། །ལྟ་བ་ལ་ཆགས་པས་ཆགས་པར་གྱུར་པ་རྣམས་ཀྱིས་རང་གི་ལུས་ནི་ཆགས་པ་ཡིན་ནོ། །ལྟ་བར་གྱུར་པ་ཐམས་ཅད་ཀྱི་རང་གི་ལུས་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཤེས་པ་ནི་ཆགས་པ་མེད་པ་ཡིན་ནོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་ཆགས་པས་ཆགས་པར་གྱུར་པ་རྣམས་ཀྱི་ཆོས་ཀྱི་སྣང་བ་ནི་ཆགས་པ་ཡིན་ནོ། །ཚུལ་བཞིན་ཡིད་ལ་བྱེད་པའི་ཆོས་ལ་སོ་སོར་རྟོག་ཅིང་ངོ་བོ་ཉིད་ཀྱིས་རང་བཞིན་སྟོང་པ་ཉིད་དུ་ཤེས་པ་ནི་ཆགས་པ་མེད་པ་ཡིན་ནོ། །ཐེ་ཚོམ་གྱི་དྲི་མ་ལ་ཆགས་པས་ཆགས་པར་གྱུར་པ་རྣམས་ཀྱི་ཐར་པ་ནི་ཆགས་པ་ཡིན་ནོ། །མོས་པ་དང་རྣམ་པར་གྲོལ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་ཆགས་པ་མེད་པ་ཡིན་ནོ། །ལེ་ལོའི་དྲི་མ་ལ་ཆགས་པས་ཆགས་པར་གྱུར་པ་རྣམས་ཀྱི་རྟོགས་པར་བྱ་བ་ལ་བརྩོན་འགྲུས་བརྟན་པ་ཉིད་ནི་ཆགས་པ་ཡིན་ནོ། །ཆོས་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་ཆགས་པ་མེད་པ་ཡིན་ནོ། །སྒྲིབ་པ་ལ་ཆགས་པས་ཆགས་པར་གྱུར་པ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཆགས་པ་ཡིན་ནོ། །སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཤེས་པ་ནི་ཆགས་པ་མེད་པ་ཡིན་ནོ། །ཞེས་སོགས་གསུངས་པ་ལྟར་རོ། །སུམ་གཉིས་ནི། དམིགས་པ་མེད་པའི་ཤེས་རབ་ཆེན་པོ་རང་གི་ཁྱད་པར་གྱི་ཆོས་བསྟན་པ་སྟེ། དེ་ཉིད་ལས། འཇམ་དཔལ་བྱང་ཆུབ་ནི་ཞི་བ་དང་ཉེ་བར་ཞི་བ་ཡིན་ཏེ། དེ་ལ་ཞི་བ་ནི་གང་། ཉེ་བར་ཞི་བ་ནི་གང་ཞེ་ན། ནང་ནི་ཞི་བ་ཡིན་ནོ། །ཕྱི་རོལ་ནི་ཉེ་བར་ཞི་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་མིག་ནི་བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་དེ་ཡིན་པའི་ཕྱིར་དེ་ནི་ཞི་བ་ཞེས་བྱའོ། །དེས་མིག་སྟོང་པ་ཞེས་བྱ་བར་ཡོངས་སུ་ཤེས་ནས་གཟུགས་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །ཞེས་སོགས་ནས། ལུས་ནི་བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་དེ་ཡིན་པའི་ཕྱིར་དེ་ནི་ཞི་བ་ཞེས་བྱའོ། །དེས་ལུས་སྟོང་པ་ཞེས་བྱ་བར་ཡོངས་སུ་ཤེས་ནས་རེག་བྱ་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །འཇམ་དཔལ་ཡིད་ནི་བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་དེ་ཡིན་པའི་ཕྱིར་དེ་ནི་ཞི་བ་ཞེས་བྱའོ། །དེའི་ཡིད་སྟོང་པ་ཞེས་བྱ་བར་ཡོངས་སུ་ཤེས་ནས་ཆོས་རྣམས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །འཇམ་དཔལ་བྱང་ཆུབ་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་ཀྱིས་རང་བཞིན་འོད་གསལ་བ་ཡིན་ཏེ་ཅིའི་ཕྱིར་འོད་གསལ་བ་ཞེས་བྱ་ཞེ་ན། རང་བཞིན་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པ་ནམ་མཁའ་དང་མཉམ་པ། ནམ་མཁའི་རང་བཞིན་ཅན། ནམ་མཁར་ཡང་དག་པར་འདུ་བ། ནམ་མཁའ་ལྟ་བུ་སྟེ། རང་བཞིན་གྱིས་ཤིན་ཏུ་འོད་གསལ་བ་ཡིན་པའི་ཕྱིར་རོ། །ཞེས་དང་། འཇམ་དཔལ་སེམས་ནི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཏེ། དེ་ནི་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཉེ་བར་ཉོན་མོངས་པར་ཟད་ཀྱི། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཉིད་མ་ཡིན་ནོ། །རང་བཞིན་གྱིས་འོད་གསལ་བ་ཉིད་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་ཡིན་ནོ། །ཀུན་ནས་ཉོན་མོངས་པ་མེད་པ་གང་ཡིན་པ་དེ་ལ་ནི་གཉེན་པོ་གང་གིས་ཉོན་མོངས་པ་སྤོང་བར་འབྱོར་བའི་གཉེན་པོ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་དེ་ནི་དག་པ་ཉིད་ཡིན་པས་དག་པ་ནི་དག་པར་མི་འགྱུར་བའི་ཕྱིར་ཏེ། དག་པ་གང་ཡིན་པ་དེ་ནི་སྐྱེ་བ་མེད་པའོ། །ཞེས་དང་། འཇམ་དཔལ་བྱང་ཆུབ་ནི་བླང་བ་མེད་པ་ཉིད་དང་། དོར་བ་མེད་པ་ཉིད་ཡིན་ཏེ། ཞེས་པ་ནས། བྱང་ཆུབ་ནི་མཚན་མ་མེད་པ་ཉིད་དང་། དམིགས་པ་མེད་པ་ཉིད་ཡིན་ཏེ། དེ་ལ་མཚན་མ་མེད་པ་ཉིད་ནི་གང་། དམིགས་པ་མེད་པ་ཉིད་ནི་གང་ཞེ་ན། འཇམ་དཔལ་མིག་གི་རྣམ་པར་ཤེས་པ་མི་དམིགས་པ་ནི་མཚན་མ་མེད་པ་ཉིད་ཡིན་ནོ། །གཟུགས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་དམིགས་པ་མེད་པ་ཉིད་ཡིན་ནོ། །ཞེས་པ་ནས་རྣ་བའི་རྣམ་ཤེས་སོགས་ལའང་དེ་ལྟར་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་མི་དམིགས་པ་ནི་མཚན་མ་མེད་པ་ཡིན་ནོ། །ཆོས་རྣམས་རྣམ་པར་ཤེས་པར་བྱར་མེད་པ་ནི་དམིགས་པ་མེད་པ་ཉིད་ཡིན་ནོ། །འཇམ་དཔལ་དེ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཏེ། འཇམ་དཔལ་གང་ཁམས་གསུམ་པའི་སྤྱོད་ཡུལ་མ་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ནོ། །ཞེས་སོགས་གསུངས་པས་བསྟན་ཏོ། །བྱེད་པ་ནི། འཇམ་དཔལ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ངོ་བོ་ཉིད་མེད་པ་སྟེ། ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ལ་ནི་གཉིས་སུ་མེད་པའི་ཕྱིར་རོ། །འཇམ་དཔལ་བྱང་ཆུབ་དེ་ནི་དབྱེར་མེད་པའི་གཞི་ཡིན་ཏེ། དེ་ལ་དབྱེར་མེད་པ་ནི་གང་། གཞི་ནི་གང་ཞེ་ན། མིང་མེད་པ་ནི་དབྱེར་མེད་པའོ། །དེ་བཞིན་ཉིད་ནི་གཞིའོ། །གནས་མེད་པ་ནི་དབྱེར་མེད་པའོ། །ཆོས་ཀྱི་དབྱིངས་ནི་གཞིའོ། །ཐ་དད་པ་མེད་པ་ནི་དབྱེར་མེད་པའོ། །ཡང་དག་པའི་མཐའ་ནི་གཞིའོ། །དམིགས་པ་མེད་པ་ནི་དབྱེར་མེད་པའོ། །གཡོ་བ་མེད་པ་ནི་གཞིའོ། །ཞེས་སོགས་ནས། འཇམ་དཔལ་ཡང་དག་པར་བྱང་ཆུབ་ཡོངས་སུ་ཚོལ་བ་ན་ཡང་ཆོས་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ཡང་དག་པར་ནི་ཚིག་ནི་མ་སྐྱེས་པ་དང་། མ་འགགས་པ་ཡིན་པས་ཡོད་པ་མ་ཡིན་པའི་ཕྱིར་རོ། །འཇམ་དཔལ་བྱང་ཆུབ་ནི་གཟུང་བ་མེད་པ་ཉིད་དང་། གནས་མེད་པ་ཉིད་ཡིན་ཏེ། འཇམ་དཔལ་དེ་ལ་གཟུང་བ་མེད་པ་ནི་གང་། གནས་མེད་པ་ནི་གང་ཞེ་ན། འཇམ་དཔལ་མིག་ཡོངས་སུ་ཤེས་པ་ནི་གཟུང་བ་མེད་པ་ཉིད་ཡིན་ནོ། །གཟུགས་དམིགས་སུ་མེད་པ་ནི་གནས་མེད་པ་ཉིད་ཡིན་ནོ། །ཞེས་པ་ནས། ཡིད་ཡོངས་སུ་ཤེས་པ་ནི་གཟུང་བ་མེད་པ་ཉིད་ཡིན་ནོ། །ཆོས་དམིགས་སུ་མེད་པ་ནི་གནས་མེད་པ་ཉིད་ཡིན་ནོ། །དེ་བཞིན་གཤེགས་པས་ནི་དེ་ལྟར་གཟུང་བ་མེད་པ་ཉིད་དང་གནས་མེད་པ་ཉིད་དུ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་མིག་གཟུང་དུ་མེད་པ་དང་། གཟུགས་དམིགས་སུ་མེད་པའི་ཕྱིར། མིག་གི་རྣམ་པར་ཤེས་པ་ལ་མི་གནས་སོ། །རྣ་བ་གཟུང་དུ་མེད་པ་སོགས་ནས། ཡིད་གཟུང་དུ་མེད་པ་དང་། ཆོས་དམིགས་སུ་མེད་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ལ་མི་གནས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྣམ་པར་ཤེས་པ་ལ་མི་གནས་པ་དང་ལྡན་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཞེས་པ་ནས། འཇམ་དཔལ་དེ་ལ་སེམས་ཅན་མ་རིག་པས་ལྡོངས་བར་བྱས་པ། སྲེད་པས་དཀྲུགས་པར་གྱུར་པ་དག་ནི་ཕན་ཚུན་མངོན་པར་ཞེན་པར་གྱུར་ནས་ལེན་པར་བྱེད་ཀྱི་དེ་བཞིན་གཤེགས་པས་ནི་བདག་ཏུ་སྨྲ་བའི་ལེན་པ་རྩ་བ་ཡིན་པར་ཡོངས་སུ་ཤེས་ནས་བདག་རྣམ་པར་དག་པས་སེམས་ཅན་ཐམས་ཅད་རྣམ་པར་དག་པ་རྗེས་སུ་རྟོགས་པར་གྱུར་ཏེ། བདག་རྣམ་པར་དག་པ་གང་ཡིན་པ་དང་། སེམས་ཅན་ཐམས་ཅད་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ལ། གཉིས་སུ་མེད་པའི་དོན་གང་ཡིན་པ་དེ་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཡིན་ནོ། །འཇམ་དཔལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་འཇུག་པར་མི་འགྱུར་ཏེ། འཇམ་དཔལ་གང་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་འཇུག་པ་དེ་ལ་ནི་ཡོངས་སུ་རྟོགས་པ་གང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འགྱུར་བའི་ཡོངས་སུ་རྟོག་པ་གང་ཡང་མེད་དོ། །ཚུལ་བཞིན་ཡིད་ལ་བྱེད་པ་ལ་རབ་ཏུ་བརྩོན་པ་དེ་ནི་མ་རིག་པ་ཀུན་ནས་སློང་བར་མི་བྱེད་དོ། །མ་རིག་པ་ཀུན་ནས་ལྡང་བ་མེད་པ་གང་ཡིན་པ་དེ་ནི་སྲིད་པའི་ཡན་ལག་བཅུ་གཉིས་པོ་དག་གི་ཀུན་ནས་སློང་བ་མེད་པ་ཡིན་ནོ། །སྲིད་པའི་ཡན་ལག་བཅུ་གཉིས་པོ་དག་གི་ཀུན་ནས་ལྡང་བ་མེད་པ་གང་ཡིན་པ་དེ་ནི་སྐྱེ་བ་མེད་པ་ཡིན་ནོ། །ཞེས་པ་ནས། དེའི་ཕྱིར་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །གང་གིས་ཆོས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ་ཞེས་གསུངས་ཏེ་ཇི་ལྟར་ཡོངས་སུ་ཚོལ་བ་ན་ཅི་ཡང་མི་མཐོང་བ་དེ་ལྟར་མཐོང་ངོ་། །འཇམ་དཔལ་དེ་ལ་ཅི་ཡང་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། སེམས་དང་དམིགས་པ་སྟེ། དེས་གང་གི་ཚེ་སེམས་དང་དམིགས་པ་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ་ན་ཡང་དག་པར་མཐོང་བ་ཡིན་པས། དེ་བཞིན་གཤེགས་པས་ནི་ཆོས་དེ་དག་དེ་ལྟར་མཉམ་པ་ཉིད་ཀྱིས་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་སོགས་ནས། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་ཉིད་དང་ཆོས་གནས་པ་ཉིད་དང་ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཁོ་ན་ཞེས་བྱ་སྟེ། ཇི་ལྟར་ཆོས་ཀྱི་དབྱིངས་ལ་གནས་པ་དེ་བཞིན་དུ་ཤེས་པ་དེ་ཡང་འཇུག་པར་མི་བྱེད་ལྡོག་པར་མི་བྱེད་དོ། །ཇི་ལྟར་ཤེས་པ་དེ་འཇུག་པར་མི་བྱེད། ལྡོག་པར་མི་བྱེད་པ་དེ་ལྟ་བུའི་ཆོས་ཀྱི་ཚུལ་ལ་འཇུག་པས་ཟག་པ་སྐྱེད་པར་མི་བྱེད་འགག་པར་མི་བྱེད་དོ། །འཇམ་དཔལ་ཟག་པ་ཟད་པ་ཞེས་བྱ་བ་དེ་ནི་ཐ་སྙད་དང་སྒྲ་དང་ཡི་གེ་དང་བརྡར་གདགས་པ་ཡིན་ཏེ། འདི་ལ་ནི་སྐྱེ་བའམ་འགག་པར་འགྱུར་བའི་ཆོས་གང་ཡང་མེད་དོ། །ཞེས་བཀའ་སྩལ་བར་མཛད་དེ། དེ་ལྟ་བུའི་བྱེད་ལས་དང་ལྡན་པ་དེ་ནི་མི་དམིགས་པའི་ཤེས་རབ་ཡང་དག་པ་ཡིན་པས་བློ་དང་ལྡན་པ་དག་གིས་ཚུལ་བཞིན་དུ་ངེས་པར་བྱའོ། །འདི་དག་གི་དོན་འགྲེལ་བར་བྱས་ན་ཤིན་ཏུ་མང་བར་འགྱུར་བས་མ་སྤྲོས་ལ། འདིར་སྐྱེ་གནས་སུ་འཇུག་པའི་ཆོས་བཤད་པའི་སྐབས་སུ་གནད་ཆེ་བའི་ཕྱིར་དང་། འདི་དག་གི་དོན་གྱི་རང་བཞིན་རྟོགས་པར་དཀའ་ཞིང་དོན་བསྡུས་སུ། དོན་དམ་ངེས་པའི་ཐེག་མཆོག་ལས། །གསང་སྒོ་མཚོན་པའི་མདོ་རྒྱུད་དོན། །ཞེས་འབྱུང་བ་ལྟར། ངེས་དོན་གྱི་མདོ་སྡེ་ཟབ་མོའི་དགོངས་པ་ཕྱིན་ཅི་མ་ལོག་པར་ངེས་ན་ལུང་ཆེན་གསང་མཆོག་རྒྱལ་པོའི་ཇི་བཞིན་པའི་གནས་ལའང་གཞན་དྲིང་མི་འཇོག་པའི་ངེས་པ་རྙེད་པར་འགྱུར་བའི་ཕྱིར་བཀའ་ལུང་གི་ཚིག་དོན་སྙན་ཅིང་ཟབ་ལ་ཞལ་གསལ་བ་རྣམས་ཅུང་ཟད་དྲངས་པ་ཡིན་ནོ། །འོན་ཀྱང་དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །དེ་བཞིན་གཤེགས་པ་ཟག་མེད་དགེ་བ་ཡི། །ཆོས་ཀྱི་གཟུགས་བརྙན་ཡིན་ཏེ་འདི་ལ་ནི། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པའང་མེད། །འཇིག་རྟེན་ཀུན་ཏུ་གཟུགས་བརྙན་ཀུན་ཏུ་སྣང་། །ཞེས་གསུངས་ཏེ་གནས་འདི་དག་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་ཡིན་པས་རྒྱས་པར་མདོ་ཉིད་དང་མཁས་གྲུབ་གོང་མའི་ལེགས་བཤད་རྣམས་ལས་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། ཉེ་བར་བསྟན་པ། རླུང་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱིས་སྨིན་ཅིང་སྐྱེ་བ་རྒྱས་པར་བཤད་པའོ། །དང་པོ་ནི། འཛིན་དང་འདྲེས་པའི། ཞེས་པ་ནས། ཐམས་ཅད་སྨིན་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། ཇི་སྐད་དུ། མདོ་ལས། གནས་གསུམ་མངོན་དུ་གྱུར་ན་མངལ་དུ་འཇུག་པར་འགྱུར་ཏེ། མ་ཉམས་༢བདེ་ཞིང་ཟླ་མཚན་དང་ལྡན་པ་དང་། ཕ་དང་༡མ་ཆགས་པར་གྱུར་ཅིང་ཕྲད་པ་དང་། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ནའོ། །ཞེས་གསུངས་པ་ལྟར། ཕ་མ་གཉིས་ཆགས་ཤིང་ཕྲད་པའི་ས་བོན་གྱིས་བར་མའི་སྲིད་པའི་རྣམ་ཤེས་འཛིན་པ་དང་། མངལ་དུ་ཟླ་མཚན་དང་ཁུ་བ་འདྲེས་པ་དེར་འདྲེན་པའི་ཚུལ་གྱིས། དྲི་ཟ་ཉེར་འཁོར་དེ་ན་གནས་པ་དེ་ཉིད་ཇི་ལྟར་འཛིན་པའི་ཚུལ་ཡང་། དེ་ལྟར་གནས་གསུམ་མཐུན་པས་བར་མ་དོའི་ཤེས་པ་མིའི་མངལ་དུ་སྐྱེ་བ་འཛིན་པར་བྱེད་པ་ཡིན་ཏེ། དེའང་མི་མཐུན་པར་གྱུར་པའི་སྐྱེ་གནས་ཀྱི་བར་ཆད་དང་། ས་བོན་གྱི་བར་ཆད་དང་། ལས་ཀྱི་བར་ཆད་རྣམས་ཀྱིས་ཉེས་པའི་བར་ཆད་གསུམ་པོ་དག་མེད་པར་བཤད་པ་ལྟར་གནས་གསུམ་མཐུན་པས་དེ་ལས་བཟློག་པ་བཞིན་གྱུར་ན་མའི་མངལ་དུ་སྐྱེ་བའི་སེམས་ཅན་ཐམས་ཅད་སྨིན་པའམ་སྐྱེ་བ་མཐར་ཕྱིན་པར་འགྱུར་བའོ། །དེ་ཡང་སའི་དངོས་གཞི་ལས། དེ་ལ་སྐྱེ་གནས་ཀྱི་ཉེས་པ་གང་ཞེ་ན། གལ་ཏེ་རླུང་གིས་མ་རུང་བར་བྱས་པའམ། མཁྲིས་པས་མ་རུང་པར་བྱས་པའམ། བད་ཀན་གྱིས་མ་རུང་བར་བྱས་པའམ། དཔུང་ནས་འདྲ་བའམ། དབུང་ཏིལ་འབྲུ་འདྲ་བའམ། ཁ་ཤིང་རྟ་འདྲ་བའམ། ཁ་དུང་འདྲ་བའམ། མཚན་མ་ཙམ་ཡོད་པའམ། ཡོ་བའམ། སྐྱོན་ཡོད་པའམ། སྐ་བ་ཡོད་པའམ། དེ་ལྟ་བུ་དང་མཐུན་པ་རྣམས་ནི་སྐྱེ་གནས་ཀྱི་ཉེས་པ་ཡིན་པར་རིག་པ་བྱའོ། །ཞེས་གསུངས་ཏེ། དེའང་གློ་བུར་གྱི་བར་ཆད་དང་། ལྷན་ཅིག་སྐྱེས་པའི་བར་ཆད་གཉིས་ཏེ། དང་པོ་ནི་འདུ་བ་རྣམ་བཞིའི་ནད་ཀྱིས་འཕྲལ་དུ་མ་རུང་པར་བྱས་པའོ། །གཉིས་པར་ཡང་དབྱིབས་གྱུར་པ་ནི། མངལ་གྱི་དབྱིབས་ནས་འདྲ་བ་དང་། ཏིལ་དང་ཤིང་རྟ་འདྲ་བ་དང་། དུང་འདྲ་བ་དང་། ཐང་པའམ་ཡོ་བའམ། འདི་ལ་ལ་ལར་ཡོབ་ཆེན་ལྟ་བུ་ཞེས་འབྱུང་། སྦྲ་ལྟ་བུ་འཁྱིལ་བ་དང་། གྲ་མ་ལྟ་བུས་གང་བ་དང་། ཕྱིར་ལུག་སྟེ་འབྱུང་གནས་ལྟ་བུ་དང་། རྔ་མོའི་ཁ་ལྟ་བུ་དང་དེ་དག་སྟེ། དེ་ལྟར་དབྱེ་བས་གྱུར་པས་ནི་སྐྱེ་གནས་ཀྱིས་ཁུ་ཆུ་གཞིབས་ནས་ཕྱིར་འཛག་པའམ་མི་འཇིབ་པའོ། །གལ་ཏེ་དབྱིབས་མ་གྱུར་ནའང་པགས་ཤུན་ལ་རྨའི་སྐྱོན་ཡོད་དེ། དེར་རྣག་དང་ཆུ་སེར་སོགས་དང་འདྲེས་ན་ཁུ་ཆུ་དེ་རུལ་བར་འགྱུར་ལ། སྐ་བ་ཡོད་ནའང་ཡང་ནས་ཡང་དུ་སྐལ་པར་འགྱུར་བས་ནལ་ནལ་པོར་མི་འཇུག་སྟེ། དེའི་ཕྱིར་དེར་ཁུ་ཆུ་དང་ཁྲག་ཟད་པར་འགྱུར་རོ། །ཞེས་སའི་རྣམ་བཤད་ལས་བསྟན་ཏོ། །ས་བོན་གྱི་བར་ཆད་ཡང་སྔ་མ་ལས། ས་བོན་གྱི་ཉེས་པ་གང་ཞེ་ན། གལ་ཏེ་ཕའི་ཁུ་བ་བྱུང་ལ་མའི་མ་བྱུང་བའམ། མའི་བྱུང་ལ་ཕའི་མ་བྱུང་བའམ། གཉི་གའི་མ་བྱུང་བའམ། མའི་རུལ་ཏམ། ཕའི་རུལ་ཏམ། གཉི་གའི་རུལ་ཏམ། དེ་ལྟ་བུ་དང་མཐུན་པ་རྣམས་ནི་ས་བོན་གྱི་ཉེས་པ་ཡིན་པར་རིག་པར་བྱའོ། །ཞེས་ཏེ། ས་བོན་ཨ་རུ་ར་ལྟ་བུར་སྐ་བ་དང་། སྔ་ཕྱིར་གྱུར་པ་ལ་སོགས་པའོ། །ལས་ཀྱི་བར་ཆད་ཡང་། དེ་ཉིད་ལས། ལས་ཀྱི་ཉེས་པ་གང་ཞེ་ན། གང་ཏེ་ཕའམ་མའམ། ཡང་ན་གཉི་གས་བུ་ཡོང་བར་འགྱུར་བའི་ལས་མ་བྱས་ཤིང་མ་བསགས་སམ། ཡང་ན་སེམས་ཅན་དེས་ཕ་མ་ཡོད་པར་འགྱུར་བའི་ལས་མ་བྱས་ཤིང་མ་བསགས་སམ། ཡང་ན་ཕ་མ་དེ་གཉིས་ཀྱིས་བུ་དེ་མ་ཡིན་པ་ཡོད་པར་འགྱུར་བའི་ལས་བྱས་ཤིང་བསགས་སམ། ཡང་ན་སེམས་ཅན་དེས་དེ་མ་ཡིན་པ་དབང་ཆེ་བར་གྲགས་པ་དང་། དབང་ཆེ་བར་གྲགས་པ་མ་ཡིན་པ་ཕ་མར་འགྱུར་བའི་ལས་བྱས་ཤིང་བསགས་པའམ། དེ་ལྟ་བུ་དང་མཐུན་པ་རྣམས་ནི་ལས་ཀྱི་ཉེས་པ་ཡིན་པར་རིག་པར་བྱ་སྟེ། ཉེས་པ་དེ་དག་ཀྱང་མེད་ལ། གནས་གསུམ་ཡང་མངོན་སུམ་དུ་གྱུར་ན་མངལ་དུ་འཇུག་པར་འགྱུར་རོ། །ཞེས་ཏེ། ཕ་མ་དང་བར་དོ་བསོད་ནམས་ཆེ་ཆུང་དུ་གྱུར་པ་དང་། བསོད་ནམས་མཉམ་ཡང་ཕན་ཚུན་ཕ་མ་དང་བུར་འགྱུར་བའི་ལས་མ་བསགས་པ་ལ་སོགས་པའོ། །གཉིས་པ་ནི། དེ་ཡང་འབྱུང་གནས། ཞེས་པ་ནས། ཟ་བར་འབྱུང་བ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡི་ཚུལ་ཡང་འབྱུང་བའི་ཕ་དང་གནས་ཀྱི་མ་གཉིས་གཅིག་ལ་གཅིག་འདོད་ཆགས་ཆེན་པོ་ལངས་ཏེ་ཞེན་པ་དྲག་པོ་འབྱུང་ནས་འཁྲིག་པ་སྤྱོད་པའི་དུས་ཀྱི་སྐབས་སུ་སྐད་ཅིག་ཐ་མར་ཕྱིར་འཛག་སྟེ་བར་དོའི་རྣམ་ཤེས་འཛིན་པའི་བཅུད་འབྱུང་ཞིང་འབབ་པར་འགྱུར་པས་ན་ཁུ་བ་སྐ་བ་འབྱུང་བའི་རྗེས་དེ་ནས་དེ་བཞིན་དུ་ཕ་མ་གཉིས་ཀ་ལས་རྩ་གནས་གང་གི་བཅུད་ས་བོན་དཀར་དམར་གྱི་ཐིགས་པའི་ཐིག་ལེ་རེ་རེ་དག་ནི་གདོན་མི་ཟ་བར་འབྱུང་ཞིང་འབབས་པར་འགྱུར་རོ། །དེ་ནས་ཐིག་ལེའི་ཐིགས་པ་དེ་དག་ཉིད་སྐྱེ་གནས་གང་དེར་འདྲེས་པར་གྱུར་ནས་དཔེར་ན་གང་འོ་མ་བསྐོལ་བའི་དྲོད་ཀྱི་གྲང་བའི་ཞམས་ལ་སྤྲིས་མ་སྟེང་དུ་འོང་བ་བཞིན་དུ་བདུན་ཕྲག་དང་པོ་ལ་རླུང་ཀུན་སྡུད་ཀྱིས་འདུ་བར་བྱེད་པ་ཡིན་པས་དཔེར་ན་ཞོ་རིམ་པར་འཆགས་པ་ལྟ་བུའོ། །དེ་ལྟར་ས་བོན་གྱི་ཤེས་པ་ལས་ཐམས་ཅད་དང་ལྡན་པ་ཡི་བར་མ་དེ་ནི་མངལ་དེར་འཇུག་པར་འགྱུར་བ་ནི་དུས་དེ་ཉིད་དུ་ཡིན་པས་དེ་ནས་བཟུང་ཉིང་མཚམས་སྦྱོར་བ་ཞེས་བྱ་སྟེ། བདུན་ཕྲག་དང་པོའི་མགོར་ཟིན་པ་ཡིན་ནོ། །དེ་ལ་གཏར་ཀ་གེགས་སེལ་གྱི་ཚུལ་དུ། འོ་ན་བར་མ་དོའི་ཤེས་པ་གང་ལ་དངོས་པོའི་ངོ་བོ་ཐོགས་པ་ཅན་དུ་མེད་པ་དེ་ཉིད་གདོས་པ་ཅན་གྱི་ས་བོན་གྱི་དངོས་པོས་ཅི་ཡི་ཕྱིར་འཛིན་པར་འགྱུར་ཏེ་མི་རིགས་སོ་ཞེས་དྲིས་ནས་རྩོད་པར་བྱེད་ན། དེ་ཡི་ལན་ཉིད་དཔེའི་སྒོ་ནས་གསལ་བར་བསྟན་པའི་ཕྱིར། དཔེར་ན་ནམ་མཁའ་ལ་འགྲོ་བའི་བྱ་ཡང་རང་གི་འདོད་པའི་དབང་གིས་བྱ་བཤོར་བར་བྱེད་པའི་བྱ་མཁན་གྱིས་ས་ཁུང་དུ་བྲུས་པའམ་བྲེས་ནས་བྱ་གཟུང་བའི་ཆེད་དུ་བཙུགས་པའི་སྙིས་འཛིན་པར་བྱེད་པ་ཇི་ལྟ་བ་བཞིན་དུ། གང་དངོས་པོ་མེད་པའི་ཤེས་པ་ཡང་རང་གི་ཆགས་པའི་དབང་གིས་ས་བོན་གདོས་པ་ཅན་གྱི་རྙིས་འཛིན་པ་ནི་དེ་ལྟར་འཐད་པའི་དོན་ཏོ། །དེའང་སྔ་མ་ལས། རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེ་ཡང་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དག་གི་ས་བོན་ཡོངས་སུ་ཚང་བ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་པ་དག་གི་ནི་བྱང་ཆུབ་རྣམ་པ་གསུམ་གྱི་ས་བོན་མེད་པ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའི་ཁྱད་པར་ཡོད་ཀྱང་། མདོར་ན་གང་ཡིན་ནའང་། དེ་ཉིད་ལས། ལུས་མངོན་པར་འགྲུབ་པ་གང་ཅི་ཡང་རུང་སྟེ་དེ་ཐམས་ཅད་ནི་ས་བོན་ཐམས་ཅད་དང་ལྡན་པ་ཡིན་པར་རིག་པར་བྱ་སྟེ། ཞེས་གསུངས་པ་ལྟར། མངལ་དེ་མི་འདྲུལ་བར་བརྟས་པར་བྱེད་པའི་སྙིང་པ་ོབར་མ་དོའི་ཤེས་པ་ས་བོན་ཐམས་ཅད་པ་ཡི་དབང་དེས་བྱས་པ་ཡིན་པས་ན་ཕ་མའི་ས་བོན་དེ་ཉིད་མི་འདྲུལ་ཞིང་སེམས་ཅན་གྱི་དངོས་པོར་སྨིན་ཏེ་ཇེ་ཆེ་ཇེ་བརྟན་དུ་བརྟས་པར་འགྱུར་བ་ཉིད་དཔེ་ཆུང་རང་གནས་ལས་བཤད་པ་བཞིན་ཡིན་པས་འབྱུང་བ་བཞིའི་ཁམས་ཡང་ཚང་སྟེེ་སྐྱེད་སྡུད་སྨིན་ཅིང་ཡན་ལག་རྣམ་པར་འབྱེད་པའོ། །དེར་ཡང་ས་བོན་དེ་དག་གི་མེར་མེར་པོ་དང་ནུར་ནུར་པོར་གནས་པའི་ཕྱོགས་ཀྱི་ངོ་བོ་གང་དུ་བར་མ་དོའི་ཤེས་པ་དེ་ཞུགས་པ་ཉིད་ནི་ས་བོན་གྱི་སྙིང་པོ་དང་ཤེས་པའི་རྟེན་ཡིན་པས་ལས་དང་མཐུན་པར་མིང་དང་གཟུགས་སུ་གནས་པའོ། །དེར་ཡང་མ་ཟད་སྔ་མ་ལས་མེར་མེར་པོའི་ཕྱོགས་གང་དུ་རྣམ་པར་ཤེས་པ་ཞུགས་པར་གྱུར་པ་དེ་ནི་དེའི་ཚེ་དེའི་སྙིང་གི་ཕྱོགས་ཡིན་ནོ། །ཞེས་འབྱུང་བར་ཡང་ཤེས་དགོས་སོ། །དེ་ཡང་ལས་ཀྱི་རླུང་སུམ་ཅུ་རྩ་བརྒྱད་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ལ་འབྱུང་བས་ལུས་རྫོགས་པར་འགྱུར་བ་ཡང་འདིར་འཁྲུགས་མར་བརྗོད་དེ། མའི་མངལ་དུ་གནས་མ་ཐག་པར་གྱུར་པ་དེའི་དུས་སུ་ཚོར་བ་བཏང་སྙོམས་དང་ལྡན་ཏེ་བདུན་ཕྲག་དང་པོའོ། །དེ་ཉིད་རྫོགས་པའི་མཚམས་དེ་ནས་རྒྱུ་དེས་བརྟེན་ནས་བདུན་ཕྲག་གཉིས་པ་ལ་ནི་ཚོར་བ་བདེ་སྡུག་གཉིས་སུ་ཡང་མྱོང་བར་འགྱུར་རོ། །དེ་ཡང་མངལ་དུ་གནས་པའི་སྐབས་ཀྱི་ཚོར་བ་བཏང་སྙོམས་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་ལྡན་ཡིན་ལ། བདེ་བ་དང་སྡུག་བསྔལ་ནི་ཆེད་འགལ་རྐྱེན་མངོན་དུ་གྱུར་ན་འབྱུང་ལ། ཆེད་འགའ་མི་འབྱུང་བ་ཡིན་པར། སའི་དངོས་གཞི་ལས། མངལ་དུ་གནས་པ་ལ་ནི་རང་བཞིན་གྱིས་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་གནས་པའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། དེའི་ཚོར་བ་དེ་ནི་རྣམ་པར་སྨིན་པས་བསྡུས་པ་ཡིན་ནོ། །དེ་ལས་གཞན་པའི་ཚོར་བ་ཐམས་ཅད་ནི་རྣམ་པར་སྨིན་པ་ལས་བྱུང་བའམ་ཡུལ་གྱི་རྐྱེན་ལས་གྱུར་པ་ཡིན་ནོ། །ཞེས་སོ། །བདུན་ཕྲག་བརྒྱད་པ་ལ། ལས་ཀྱི་རླུང་རྣམ་པར་འབྱེད་པ་ཞེས་བྱ་བས་ཉེར་སྤྱོད་ཀྱི་འདུ་མཆེད་འབྱུང་བའི་སྐྱེ་མཆེད་དྲུག་གི་དབང་པོའི་སྒོ་དང་བུ་ག་དགུ་དོད་པའི་གནས་སྐབས་དག་ཏུ་འགྱུར་བར་བྱེད་དོ། །ཞག་བདུན་ཕྲག་དང་པོ་གང་གི་དུས་ཀྱི་ཚེ་ན་ས་བོན་གྱི་དྭངས་མ་ཤིན་ཏུ་སླ་བ་དེ་ཉིད་ལས་ཀྱི་རླུང་ཀུན་ཏུ་སྡུད་པ་ཞེས་བྱ་བས་ཕོ་མོ་གར་འབྱུང་གི་མའི་རྩིབས་ལོགས་གཡས་གཡོན་དུ་བུས་ནས་ཤིན་ཏུ་བརྟས་པར་འགྱུར་ཏེ་ཅུང་ཟད་སྲ་བར་བྱེད་པ་ཡིན་ནོ། །དེ་ནས་བདུན་ཕྲག་གཉིས་པ་ལའང་། ལས་ཀྱི་རླུང་མཛོད་ཅེས་བྱ་བས་སྔ་མ་དེ་བཞིན་དུ་དེ་ལས་ཅུང་ཟད་སྲ་བར་གྱུར་ཀྱང་ཤར་མ་གྱུར་པས་འདྲིལ་བར་གནས་པའི་དུས་དེར་དབྱིབས་ཟླུམ་པོར་འདྲིལ་བར་བྱེད་པ་ཉིད་དེ། རླུང་མཛོད་ལྡན་ནམ་མཛོད་མར་ཡང་གསུངས་སོ། །དགའ་བོ་མངལ་འཇུག་གི་མདོ་ལས་རླུང་མཛོད་ཀ་འདི་ཉིད་གསུམ་པར་བཤད་པ་སོགས་ཅུང་ཟད་འདྲ་མིན་ཡོད་ཀྱང་འདིར་རབ་གཞུང་ཁོ་ན་ལྟར་རོ། །དེ་ནས་བདུན་ཕྲག་གསུམ་པ་ལ་ལས་ཀྱི་རླུང་བཀྲེས་པ་དང་སྐོམ་པར་འབྱེད་པའམ་རབ་ཏུ་འབྱེད་པ་ཞེས་བྱ་བས་མ་ཡིས་ཟོས་པའི་ཟས་ཀྱི་བཅུད་རྣམས་བུ་ཡིས་འདྲེན་པའི་སྒོ་ལྟེ་བ་ནས་ནུས་པ་འཇུག་སྟེ་བཅུད་འཛིན་པས་ལུས་དེ་ཉིད་བརྟས་པར་བྱེད་པའོ། །ཞག་བདུན་ཕྲག་བཞི་པ་ལ་ལས་ཀྱི་རླུང་ཡང་དག་པར་སྡུད་པ་ཞེས་བྱ་བས་ཡན་ལག་གི་རྩ་བ་ལྔ་པོ་གང་ཡིན་པ་གང་གིས་སྐྱེད་ན་ལུས་འདིའི་འབྱུང་བ་བཞི་དང་ནམ་མཁའི་ཁམས་ཀྱིས་གོ་འབྱེད་པས་བསྐྱེད་པ་ཉིད་དེ། རྐང་པའི་རྩ་གཉིས་དང་ལག་པའི་རྩ་གཉིས་དང་སྐེའི་རྩ་དང་ལྔའོ། །དེ་ལྟར་ཡང་གནས་གཅིག་ཏུ་གང་རྟེན་པའི་ས་བོན་གྱི་འབྱུང་བ་དཀར་དམར་གཉིས་པོ་ཉིད་ནི་རྣམ་ཤེས་ཀྱི་གནས་ཏེ། དེ་ཉིད་ཀྱི་རྟེན་དུ་ཤེས་པ་ཞུགས་པ་ནི་ཁོང་ན་གནས་པའི་རྒྱུའི་དོན་དང་། ཕྱིས་འབྲས་བུ་འབྱུང་བའི་དོན་གྱིས་སྙིང་པོ་ཉིད་དུ་གྱུར་པས་ལུས་ཅན་ནམ་སེམས་ཅན་དུ་སྣང་བའི་མིའི་ལུས་སེམས་སུ་སྨིན་པར་འགྱུར་བའོ། །དེ་བས་ན་མཐར་རྫོགས་པའམ་ཐ་མ་རང་ཉིད་སྨིན་པར་ནུས་པའི་ས་བོན་གཉིས་ལ་དབང་བྱེད་པའི་འབྱུང་བ་བཞི་དང་ལས་ཀྱི་རླུང་རྣམས་ནི་ས་བོན་དེ་ཉིད་ལ་བརྟེན་ནས་སྐྱེ་བ་ཡིན་ནོ། །དེའང་རྐྱེན་འབྱུང་བ་བཞིའི་ཁམས་བཞིས་ལས་ཀྱི་རླུང་གིས་རྒྱས་པར་བྱེད་པ་དང་ས་ཡིས་སྲ་བར་བྱེད་པ་དང་ཆུ་ཡིས་སྡུད་པར་བྱེད་པ་དང་མེ་ཡིས་སྨིན་པར་བྱེད་དེ་ལུས་འཛིན་པ་ཡིན་པས་ཁམས་དེ་དག་ཆ་མ་སྙོམས་ན་སྐྱོན་བཞི་ཡི་དབང་གིས་ལུས་མི་འགྲུབ་ལ། ཆ་སྙོམས་ན་ལུས་སུ་འགྲུབ་པར་བྱེད་པའོ། །དེ་ལྟར་འབྱུང་བ་ཆ་སྙོམས་པར་གྱུར་པ་ན་ལས་ཀྱི་རླུང་བདུན་ཕྲག་ལྔ་པ་ལ་འབྱུང་བ་ནི་རླུང་ཟས་ཞེས་བྱ་བ་ཡིན་པས་རླུང་དེ་ཡིས་སྔར་གྱི་ཡན་ལག་ལྔའི་འཕྲོ་མགོ་དང་དཔུང་པ་གཉིས་དང་བརླ་གཉིས་རྣམས་སྐྱེད་ཅིང་འབྱུང་བར་བྱེད་དོ། །ཞག་བདུན་ཕྲག་དྲུག་པ་ལ་ལས་ཀྱི་རླུང་འཁྱིལ་བྱེད་ཅེས་བྱ་བས་ཡན་ལག་ལྔ་པོ་རྣམས་རྫོགས་པར་རྣམ་པར་འབྱེད་དེ་སྐྱེད་པར་བྱེད་དོ། །དེ་ནས་བདུན་ཕྲག་བདུན་པ་ལ་རླུང་ཟློག་སྒྱུར་བྱེད་པ་ཞེས་བྱ་བས་སོར་མོ་དང་བཅས་པ་ཡོངས་སུ་རྫོགས་པར་འབྱིན་པར་བྱེད་པ་ཡིན་ནོ། །དེར་ཡང་མངལ་ན་གནས་པ་དེ་ཡིས་སྔོན་དེ་ལྟ་བུར་འགྱུར་བའི་ལས་དགེ་སྡིག་བྱས་པ་གང་གི་དབང་དང་། རྐྱེན་མ་ཡི་ཁ་ཟས་གཉིས་དང་སྤྱོད་ལམ་གྱི་དབང་གང་གིས་སེམས་ཅན་དེ་ཉིད་བྱད་བཞིན་ལེགས་ཉེས་དང་མདོག་ཀྱང་སྡུག་མི་སྡུག་ཏུ་འགྱུར་ཏེ། རང་གིས་སྔོན་ལས་ཀྱི་རྒྱུ་ནི་ཀུན་ལ་མཚུངས་ཤིང་། ད་ལྟར་གྱི་རྐྱེན་ནི། མ་བརྒྱུག་པ་དང་། འཕར་བ་དང་། མཆོངས་པ་ལ་སོགས་པའི་སྤྱོད་ལམ་དྲག་པོ་བྱེད་དེ་ཡ་ང་བ་མ་སྤངས་པ་དེས་ན་དེའི་ལུས་མི་སྡུག་པའམ་དབང་པོ་མ་ཚང་བར་འགྱུར་ལ་གཞན་སྤྱོད་ལམ་དལ་བ་སོགས་ཀྱིས་ལུས་ལེགས་པར་འགྱུར་རོ། །དེ་བཞིན་དུ་འཁྲིག་པའི་ཆོས་ཧ་ཅང་བསྟེན་དྲག་པས་རྔོ་ཅན་དུ་འགྱུར་བ་སོགས་སོ། །མས་ལན་ཚའི་རོ་ལྟ་བུའི་ཁ་ཟས་དང་། འགྱུར་བྱེད་དང་སྐོམ་ཕལ་ཆེར་བསྟེན་པས་དེའི་བ་སྤུ་དང་སྐྲ་ངན་པ་སོགས་སུ་འགྱུར་རོ། །ཡང་ཉི་མ་ལ་སོགས་པ་ཤིན་ཏུ་ཚ་བ་བསྟེན་པས་དེའི་མདོག་གནག་པ་དང་སྔོ་བསངས་སུ་འགྱུར་ལ། ཁྱིམ་གྱི་ནང་ན་ཧ་ཅང་གྲང་བ་ལ་འདུག་པ་དེས་ནི་དེའི་མདོག་དཀར་བར་འགྱུར་ཞིང་། ཁ་ཟས་ཧ་ཅང་ལྕི་བའམ་ཚ་བ་ཟོས་པ་དེས་ནི་མདོག་དམར་པོ་འགྱུར་བ་ལ་སོགས་པའོ། །གལ་ཏེ་གནས་པ་མོ་ཞིག་ཡིན་ན་ནི་མའི་བཞིན་ཕྱོགས་དང་མཐུན་པ་ལྟར་མདུན་དུ་བལྟས་ཏེ་སྒལ་ཚིགས་ལ་རྒྱབ་བསྟན་ནས་གློ་གཡོན་རོལ་གྱི་ཕྱོགས་ན་འདུག་གོ། །གལ་ཏེ་འབྱུང་བ་ཉིད་དུ་འགྱུར་བའི་ཁྱེའུ་ཞིག་ཡིན་ན་འདུག་ཕྱོགས་སྣྲེལ་ཞི་ཞེས་བྱ་བ་ཕན་ཚུན་བསྣོལ་མ་ལྟར་བྱས་ནས་མའི་ལྟོ་ལོགས་སུ་རྒྱབ་བསྟན་ལ་སྒལ་ཚིགས་ཕྱོགས་སུ་ཁ་བལྟས་ཏེ་གློ་གཡས་རོལ་གྱི་ཕྱོགས་ན་འདུག་སྟེ་ཕྱིའི་ཕོ་མོ་ཆགས་པ་སྤྱོད་པའི་ཚུལ་དུ་མཐུན་པའོ། །དེ་ཡང་མའི་མངལ་དུ་ཡུན་ཅི་ཙམ་གནས་ན་སྤྱིར་ཟླ་བ་བརྒྱད་ཀྱིས་རྫོགས་ཀྱང་ཤིན་ཏུ་ཡོངས་སུ་རྫོགས་པ་ལ་ནི་ཟླ་བ་དགུའམ་དགུ་ལས་འདས་པའི་བར་དུ་ཐོགས་ཏེ། བཅོམ་ལྡན་འདས་ཀྱིས་མངལ་དུ་འཇུག་པའི་མདོ་ལས་བཀའ་སྩལ་པ། དེ་ནི་ཟླ་བ་དགུའམ་དེ་ལས་འདས་ན་ཤིན་ཏུ་རྫོགས་པར་འགྱུར་རོ། །ཟླ་བ་བརྒྱད་ཀྱིས་ནི་རྫོགས་པ་ཡིན་མོད་ཀྱི་ཤིན་ཏུ་རྫོགས་པ་མ་ཡིན་ནོ། །ཟླ་བ་དྲུག་གམ་བདུན་གྱིས་རྫོགས་པར་མི་འགྱུར་ཏེ་ཡན་ལག་མ་ཚང་བར་ཡང་འགྱུར་རོ། །ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེར་ཡང་གནས་པའི་དུས་སམ་སྐབས་ནི་བརྒྱད་ཉིད་ཡོད་དེ། སའི་དངོས་གཞི་ལས། མངལ་ན་གནས་པ་དེ་ལ་ཡང་དུས་རྣམ་པ་བརྒྱད་ཡོད་དེ། དུས་རྣམ་པ་བརྒྱད་པོ་གང་ཞེ་ན། མེར་མེར་པོའི་དུས་དང་། ནུར་ནུར་པོའི་དུས་དང་། ལྟར་ལྟར་པོའི་དུས་དང་། མཁྲང་འགྱུར་གྱི་དུས་དང་། རྐང་ལག་འགྱུས་པའི་དུས་དང་། སྐྲ་དང་བ་སྤུ་དང་སེན་མོ་འབྱུང་བའི་དུས་དང་། དབང་པོ་དོད་པའི་དུས་དང་། མཚན་མ་དོད་པའི་དུས་སོ། །ཞེས་གསུངས་པ་ལྟར། བདུན་ཕྲག་དང་པོ་ལ་མེར་མེར་པོ་དང་། གཉིས་པ་ལ་ནུར་ནུར་པོ་དང་། གསུམ་པ་ལ་ལྟར་ལྟར་པོ་དང་། བདུན་ཕྲག་བཞི་པ་ལ་རླུང་རབ་ཏུ་འབྱེད་པས་མཁྲང་འགྱུར་ཏེ་མཆིག་གུ་ལྟ་བུའོ། །བདུན་ཕྲག་ལྔ་པ་ལ་ཡན་ལག་གི་རྩ་བ་ལྔར་འགྱུ་བའམ་འགྱུར་ཏེ་བཤད་པ་བཞིན་ནོ། །བདུན་ཕྲག་དྲུག་པ་དེ་ལ་ལྔ་པ་དེ་ཡི་ཕྱིར་རམ་རྗེས་ཀྱི་རླུང་གིས་ཡན་ལག་གི་འཕྲོ་རྣམས་ཕྱིར་རྫོགས་པར་སྐྱེད་དོ། །བདུན་ཕྲག་བདུན་པ་ལ་ཉིང་ལག་རྣམས་ཀྱང་རྫོགས་པར་འབྱུང་བ་དང་། དེ་རྣམས་གོང་དུ་བཤད་པ་ལྟར་རྫོགས་ནས། དེ་ནས་བདུན་ཕྲག་བརྒྱད་པ་ལ་མིག་སོགས་དབང་པོ་དང་ནི་ཕོ་མོ་གང་ཡིན་པའི་མཚན་མ་ལ་སོགས་པ་བུ་ག་དགུ་རྣམས་དོད་པའོ། །དེ་ལྟར་དུས་ཀྱི་རྣམ་པ་བརྒྱད་ཡོངས་སུ་རྫོགས་པར་གྱུར་པའི་དུས་དེ་ཉིད་ཀྱི་སྐབས་ན། བདུན་ཕྲག་དགུ་པ་ལ་སོགས་པ་ཡི་ལས་ཀྱི་རླུང་རྣམས་རིམ་པར་འབྱུང་བ་སྟེ། བདུན་ཕྲག་དགུ་པ་ལ་རླུང་སྲ་བར་བྱེད་པས་ལུས་བུས་ནས་རྐྱལ་པ་ལྟ་བུར་གྱུར་ཏེ་སྲ་བར་ཡང་བྱེད་དོ། །བདུན་ཕྲག་བཅུ་པ་ལ་ལས་ཀྱི་རླུང་རྡོ་རྗེ་ཞེས་བྱ་བས་བུ་ག་དགུ་སྦྱངས་ནས་ཁ་སྣ་ནས་ཁྲག་དང་ཆུ་སེར་ལ་སོགས་ཕྱུངས་ཏེ་སྔ་མ་ལས་དབང་པོ་རྣམས་དོད་པར་བྱེད་དོ། །བདུན་ཕྲག་བཅུ་གཅིག་པ་ལ་རླུང་ཡོན་པོ་སྒོ་ཞེས་བྱ་བའམ། སྨན་ཡོན་པོ་ཞེས་བྱ་བས་ནང་ཁྲོལ་རྣམས་སྐྱེད་དོ། །བདུན་ཕྲག་བཅུ་གཉིས་པ་ལ་ལས་ཀྱི་རླུང་ཞོ་ལ་འབྱུང་བའམ་སྤུ་རྒྱུས་པ་ཞེས་བྱ་བས་རུས་མགོ་སུམ་བརྒྱ་སྐྱེད་ཅིང་འབྱོར་བ་གང་གི་འདུ་བ་རྣམ་བཞིའི་ནད་རྣམས་ནི་སྐྱེད་པ་བྱེད་པའོ། །བདུན་ཕྲག་བཅུ་གསུམ་པ་ལ་འབྱུང་བའི་ཆར་གཏོགས་པའི་རླུང་བཀྲེས་སྐོམ་བྱེད་པ་ཞེས་བྱ་བ་འབྱུང་བས་རུས་པ་རྣམས་སྲ་ཞིང་ནད་སྐྱེད་པ་བཤད་པ་བཞིན་ནོ། །བདུན་ཕྲག་བཅུ་བཞི་པ་ལ་ལས་ཀྱི་རླུང་སྐུད་པའི་སྒོ་ཞེ་བྱ་བས་ལུས་ལ་ཆུ་རྒྱུས་གཡོགས་པར་བྱེད་དེ་སྤྱིལ་པོ་ལྟ་བུའོ། །བཅོ་ལྔ་པ་ལས་ཀྱི་རླུང་དམ་ཟིན་ནམ་པདྨ་ཞེས་བྱ་བས་རྩ་ཆེན་པོ་ཉི་ཤུ་ལས་རྩ་བྲན་རྣམས་རྒྱས་པར་བྱེད་དོ། །བཅུ་དྲུག་པ་ལ་ལས་ཀྱི་རླུང་བདུད་རྩི་ཞེས་བྱ་བས་སྙིང་དང་མིད་པའི་སྒོ་འབྱེད་པར་བྱེད་དོ། །བཅུ་བདུན་པ་ལ་རླུང་འབྲི་གཏིང་ཞེས་བྱ་བས་དབང་པོ་རྣམས་དྭངས་པར་བྱེད་དོ། །བཅོ་བརྒྱད་པ་ལ་ལུང་བརྟན་འགྱུར་ཞེས་བྱ་བས་སྔོན་གྱི་ལས་བཞིན་དུ་ལེགས་ཉེས་ཆེ་ཆུང་དུ་བྱེད་དེ་དབང་པོ་ནུས་མཐུ་དང་ལྡན་པར་བྱེད་དོ། །བཅུ་དགུ་པ་ལ་རླུང་ལས་བྱེད་ཅེས་བྱ་བས་སྲོག་དང་ཡིད་དང་ལུས་ཀྱི་དབང་པོ་གསུམ་རྫོགས་པར་བྱེད་དོ། །ཉི་ཤུ་པ་ལས་རླུང་ཤིན་ཏུ་སྲ་བའམ་སྲ་བྱེད་ཅེས་བྱ་བས་རུས་པ་རྣམས་བརྟན་པར་བྱེད་དོ། །ཉེར་གཅིག་པ་ལ་རླུང་ཡང་དག་པར་སྐྱེད་པས་ཤ་རྣམས་བསྐྱེད་དེ་དཔེར་ན་འཇིམ་པའི་སྐུའི་ཞལ་ཞལ་བཞིན་ནོ། །ཉེར་གཉིས་པ་ལ་ལུང་ཀུན་ཏུ་རྒྱལ་བ་ཞེས་བྱ་བས་ཁྲག་རྣམས་སྐྱེད་པར་བྱེད་དོ། །ཉེར་གསུམ་པ་ལ་རླུང་ཡོངས་དག་འཛིན་ཞེས་བྱ་བས་པགས་པ་གཡོགས་པར་བྱེད་དོ། །ཉེར་བཞི་པ་ལ་རླུང་སྤྲིན་འཛིན་ཞེས་བྱ་བས་པགས་པ་དེ་ཉིད་ཁ་དོག་དང་ལྡན་པར་བྱེད་དོ། །ཉེར་ལྔ་པ་ལ་རླུང་གྲོང་ཁྱེར་འཛིན་ཞེས་བྱ་བས་ཁྲག་རྣམས་དྭངས་པར་བྱེད་དོ། །ཉེར་དྲུག་པ་ལ་ལས་ཀྱི་རླུང་སྐྱེ་བ་མངོན་དུ་གྲུབ་པར་བྱེད་པ་ཞེས་བྱ་བས་བ་སྤུ་དང་ཆུ་རྒྱུས་དང་སེན་མོ་རྣམས་འབྲེལ་བར་བྱེད་དོ། །ཉེར་བདུན་པ་ལ་རླུང་ཕན་ཡོན་ཆེན་པོ་ཞེས་བྱ་བས་སྔོན་གྱི་ལས་ལྟར་བཞིན་ལེགས་ཉེས་དང་ལུས་བོང་ཆེ་ཆུང་དུ་བྱེད་དོ། །ཉེར་བརྒྱད་པ་ལ་རླུང་རྟོག་པ་ཞེས་བྱ་བས་ཕྱིན་ཅི་ལོག་གི་འདུ་ཤེས་བརྒྱད་བསྐྱེད་པར་བྱེད་དེ། དགའ་བོ་མངལ་དུ་འཇུག་པའི་མདོ་ལས། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་གྱི་འདུ་ཤེས་དང་། བཞོན་པའི་འདུ་ཤེས་དང་། ཀུན་དགའ་ར་བའི་འདུ་ཤེས་དང་། ཁང་པ་བརྩེགས་པའི་འདུ་ཤེས་དང་། སྐྱེད་མོས་ཚལ་གྱི་འདུ་ཤེས་དང་། ཁྲི་ལ་འདུག་པའི་འདུ་ཤེས་དང་། ཆུ་བོའི་འདུ་ཤེས་དང་། རྫིང་གི་འདུ་ཤེས་ཏེ་ཡང་དག་པར་འདི་དག་ཡོང་པ་མ་ཡིན་ཡང་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་དོ། །ཞེས་སོ། །ཉེར་དགུ་པ་ལ་རླུང་མེ་ཏོག་ཕྲེང་ཞེས་བྱ་བས་ལུས་ཀྱི་ཁ་དོག་སོ་སོར་བསྒྱུར་རོ། །སུམ་ཅུ་པ་ལ་རླུང་ལྕགས་སྒོ་ཞེས་བྱ་བའམ་ལྕགས་སྒྲོག་སྡུད་མས་སྤུ་དང་སེན་མོ་རྒྱས་པར་བྱེད་དོ། །སོ་གཅིག་པ་ནས་སོ་ལྔ་པའི་བར་བདུན་ཕྲག་ལྔ་ལ་ལས་ཀྱི་རླུང་ཡངས་པར་བྱེད་པ་ཞེས་བྱ་བའི་མིང་ཅན་གྱིས་མཚན་མ་རིལ་འཕེལ་ཞིང་རྒྱས་པར་བྱེད་དོ། །བདུན་ཕྲག་སོ་དྲུག་པ་ལ་ལས་ཀྱི་རླུང་གཡོ་བར་བྱེད་པ་ཞེས་བྱ་བས་ཕྱི་རོལ་དུ་འབྱུང་བའི་སེམས་སྐྱེད་དེ་གཡོ་འགུལ་ཅན་དུ་འགྱུར་བ་སྟེ། མས་ཀྱང་ཤས་ཆེར་མི་བཟོད་པ་འབྱུང་ངོ་། །བདུན་ཕྲག་སོ་བདུན་པ་ལ་རླུང་ལྡང་བའམ་དྭངས་པ་ཞེས་བྱ་བས་སྐྱེ་བའི་འདུ་ཤེས་ལྔ་བསྐྱེད་པས་ཕྱིར་འབྱུང་བ་ལ་དགའོ། །དེ་ནས་བདུན་ཕྲག་སུམ་ཅུ་བརྒྱད་པ་ལ་ལས་ཀྱི་རླུང་ཐོགས་པ་མེད་པ་ཞེས་བྱ་བས་རྟེན་འབྲེལ་བཅུ་གཉིས་ཀྱི་སྲིད་པ་ལས་མངལ་ནས་འབྱུང་བའི་ལུགས་སུ་སྐྱེ་བས་ལུས་དེ་ཉིད་ཇི་བཞིན་དུ་མགོ་མཇུག་བཟློག་སྟེ་མགོ་ཐུར་དུ་སྟོན་ཏེ་སྐྱེ་བར་བྱེད་དོ། །ཡང་ན་གོང་གི་བདུན་ཕྲག་བཅུ་གསུམ་པའི་རླུང་དེ་བདུན་ཕྲག་སོ་དྲུག་པ་ལ་མར་སྦྱར་ཏེ། སའི་དངོས་གཞིར་གསུངས་པ་ལྟར་དེར་སྐྱེ་བ་འབྱུང་བའི་ཆར་གཏོགས་པའི་རླུང་དག་འབྱུང་བས་དེས་དེ་ལ་གནོད་པ་སྐྱེད་དེ་གཡོ་འགུལ་ཅན་དུ་འགྱུར་བ་སྟོན་པའི་ལུགས་ཞིག་ཀྱང་འདུག་གོ། །དེ་ལྟར་རླུང་རྣམས་ཀྱི་རྒྱུད་དུ་མ་ཚང་བ་རྣམས་ནི་འགྲེལ་གྱིས་ཁ་བསྐང་བར་མཛད་པའོ། །འདི་ལ་ཆོས་རྗེ་དམ་པ་རིན་པོ་ཆེའི་ཕྱག་མཆན་ལས། སྔོན་ལ་བྲང་ཐད་དུ་འབྲུ་མནན་ཏེ། །དེ་ནས་རྟིང་ལ་འཁྲུགས་སྡེབ་བོ། །ཞེས་གསུངས་པས་འདིར་ཡང་འཁྲུགས་ཏེ་ཡོད་པ་རྣམས་ཅུང་ཟད་བསྡེབ་ན། བདུན་ཕྲག་དང་པོ་ལ་རླུང་ཀུན་ཏུ་སྡུད་པས་ས་བོན་གཉིས་གཅིག་ཏུ་འདུ་བར་བྱས་ཏེ་ཕོ་མོ་གར་འབྱུང་གི་མའི་རྩིབས་ལོགས་གཡས་གཡོན་དུ་བུས་ནས་ཤིན་ཏུ་ཞེས་དབྱེར་མེད་ལྟ་བུར་བརྟས་ཏེ་ཅུང་ཟད་སྲ་བར་བྱས་པས། དེ་ལ་སྤྲིས་མ་ལྟ་བུས་གཡོགས་ལ་ནང་སླན་ཏེ་འདུག་པ་ནི་མེར་མེར་པོའི་དུས་ཡིན་ཏེ་ཚོར་བ་བཏང་སྙོམས་དང་ལྡན་པའོ། །དེ་ནས་བདུན་ཕྲག་གཉིས་པ་ལ་མཛོད་ཅེས་བྱ་བའི་རླུང་གིས་དེ་ལས་ཀྱང་ཅུང་ཟད་སྲ་བར་བྱས་ཏེ་ཕྱི་ནང་མེད་པར་འདྲིལ་བར་གནས་ཤིང་དབྱིབས་ཟླུམ་པོར་བྱེད་དེ། ཕྱི་ནང་བཅས་པར་སྤྲིས་མ་ལྟ་བུར་གྱུར་ཏེ། ཞོ་ལྟ་བུར་འདུག་ལ་ཤར་མ་གྱུར་པ་ནི་ནུར་ནུར་པོའི་དུས་ཡིན་པས་དེར་ཚོར་བ་བདེ་སྡུག་གཉིས་ཀྱང་མྱོང་བ་ཡོད་དོ། །དེ་ནས་བདུན་ཕྲག་གསུམ་པ་ལ་རླུང་བཀྲེས་པ་དང་སྐོམ་པར་འབྱེད་པར་མ་རབ་ཏུ་འབྱེད་པས་མ་ཡིས་ཟོས་པའི་ཟས་ཀྱི་བཅུད་རྣམས་ལྟེ་བ་ནས་འཇུག་པས་ལུས་བརྟས་པར་བྱེད་དེ་ཤར་ནི་གྱུར་ལ་སླ་བ་ཡིན་པས་ལྟར་ལྟར་པོ་ཞེས་བྱའོ། །དེ་ནས་བདུན་ཕྲག་བཞི་པ་ལ་རླུང་ཡང་དག་པར་སྡུད་པས་ཡན་ལག་གི་རྩ་བ་ལྔ་པོ་འབྱུང་བའི་ཁམས་ཀྱིས་སྐྱེད་ཀྱང་འབུར་བའི་རྣམ་པར་མི་མངོན་པས་མཆིག་གུ་ལྟ་བུ་སྟེ་དེར་ནི་སྐ་བར་གྱུར་ཏེ་མནན་དུ་བཟོད་པས་ན་འཁྲང་འགྱུར་ཞེས་བྱའོ། །དེ་ནས་བདུན་ཕྲག་ལྔ་པ་ལ་ལས་ཀྱི་རླུང་ཟས་ཞེས་བྱ་བས་ཡན་ལག་ལྔའི་འཕྲོ་རྣམས་སྐྱེད་པས་དེ་ཉིད་ལས་ཤ་ལྷག་ལྟ་བུར་གྱུར་ཏེ་ཡན་ལག་དང་ཉིང་ལག་གི་མཚན་མ་འབྱུང་བ་ནི་རྐང་ལག་འགྱུས་པའི་དུས་ཡིན་ནོ། །དེ་ནས་བདུན་ཕྲག་དྲུག་པ་ལ་རླུང་འཁྱིལ་བྱེད་ཀྱིས་ཡན་ལག་ལྔ་པོ་རྫོགས་པར་འབྱེད་དེ་སྐྲ་དང་བ་སྤུ་དང་སེན་མོ་ཡང་འབྱུང་བ་ནི་དེ་ཉིད་ཀྱི་དུས་ཡིན་ནོ། །དེ་ནས་བདུན་ཕྲག་བདུན་པ་ལ་རླུང་ཟློག་སྒྱུར་བྱེད་པས་ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པར་འབྱིན་ཅིང་མིག་ལ་སོགས་པའི་དབང་པོ་རྣམས་མངོན་པར་འགྲུབ་པ་ནི་དེའི་དུས་ཞེས་བྱའོ། །དེ་ནས་བདུན་ཕྲག་བརྒྱད་པ་ལ་ལས་ཀྱི་རླུང་རྣམ་པར་འབྱེད་པས་ཉེར་སྤྱོད་ཀྱི་འདུ་བྱེད་འབྱུང་བའི་སྒོ་དབང་པོ་རྣམས་དང་མཚན་མ་ལ་སོགས་པའི་གནས་ཀུན་གསལ་བར་གྱུར་ཏེ་བུ་ག་དགུ་རྣམས་དོད་པ་ནི་མཚན་དོད་པའི་དུས་ཞེས་བྱའོ། །དེ་ནས་བདུན་ཕྲག་དགུ་པ་མན་ཆད་གོང་དུ་འབྱུང་བ་བཞིན་ཏེ། བདུན་ཕྲག་སོ་བདུན་པའི་སྐབས་སུ་དགའ་བོ་ལ་མངལ་དུ་འཇུག་པ་བསྟན་པའི་མདོ་ལས། ཕྱིན་ཅི་ལོག་ཏུ་མ་གྱུར་པའི་འདུ་ཤེས་རྣམ་པ་ལྔ་འབྱུང་བར་འགྱུར་རོ། །ལྔ་གང་ཞེ་ན། མི་གཙང་བའི་འདུ་ཤེས་དང་། དྲི་མི་ཞིམ་པའི་འདུ་ཤེས་དང་། བཙོན་རའི་འདུ་ཤེས་དང་། མུན་ནག་གི་འདུ་ཤེས་དང་། ཡོངས་སུ་སྐྱོ་ནས་ཕྱིར་འབྱུང་བའི་འདུ་ཤེས་སྐྱེ་བ་གང་ཡིན་པ་སྟེ། མངལ་ན་གནས་པ་དེ་ཡོངས་སུ་སྐྱོ་བའི་བསམ་པ་དེ་ལྟ་བུ་དག་སྐྱེ་བར་འགྱུར་རོ། །ཞེས་པ་ལྟར་དང་མདོ་སྔ་མ་ལས་མི་གཙང་བ་དང་། དྲི་ང་བ་དང་། མུན་པ་ལ་མི་དགའ་བ་གསུམ་གསུངས་པ་ལ་སོགས་པའི་འདུ་ཤེས་སྐྱེད་དེ་ཕྱིར་འབྱུང་བར་མོས་སོ། །འདི་དག་སློབ་དཔོན་བདེ་བ་གསལ་མཛད་ཀྱིས་དཔེ་ཆུང་རང་གནས་དང་ཡང་བསྟུན་ནས་བྲིས་སོ། །དེར་ཡང་སའི་དངོས་གཞི་ལས། ལུས་དེ་ལ་ཡང་བྱིས་པ་རྣམས་ནི་བདག་གོ་སྙམ་པ་དང་། ངའི་འོ་སྙམ་པ་དང་། ངའོ་སྙམ་དུ་འཛིན་ཏོ། །འཕགས་པ་རྣམས་ནི་སྡུག་བསྔལ་ཉིད་དུ་འཛིན་ཏོ། །ཞེས་གསུངས་སོ། །དེ་ལྟར་དེ་ཡིས་རྫོགས་པའི་ཕྱིར་འདོད་པའི་ཁམས་ཀྱི་མི་ཁོ་ནའི་དབང་དུ་སེམས་ཅན་དེ་དག་མངལ་དེ་ན་གནས་པའི་ཡུན་རླུང་དང་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱིས་ནི་ལུས་དང་ཡན་ལག་ཐམས་ཅད་ཤིན་ཏུ་རྫོགས་པ་ཡིན་ཏེ། སྔ་མ་ལས་ཀྱང་། མངལ་ན་གནས་པ་དེ་ཡང་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱིས་མངལ་དུ་ཡན་ལག་དང་ཉིད་ལག་ཐམས་ཅད་དང་ལྡན་པར་འགྱུར་རོ། །དེ་ནས་ཞག་བཞི་ལོན་ན་བཙའ་བར་འགྱུར་ཏེ། ཞེས་གསུངས་པ་ལྟར་ཡིན་པས་ངེས་ནི་རྫོགས་པར་གྱུར་པ་ཡིན་ཏེ་ཕལ་ཆེ་བའི་དབང་ངོ་། །དེ་ལྟར་གང་སུ་ཞིག་མངལ་ན་གནས་པ་དེ་དག་གི་ལུས་ཀྱི་རྩ་བ་གཟུགས་དྲུག་དང་མགོ་དང་པགས་པ་བྲང་དང་ནང་གྲོལ་བཞི་ཡིས་ལུས་རྫོགས་པའམ་རྩ་ཕྲན་གྱི་ཡན་ལག་དྲུག་དང་གཡས་གཡོན་མདུན་རྒྱབ་ཀྱི་རྩ་ཆེན་བཞི་རྣམས་ཡོངས་སུ་རྫོགས་ནས་གདོན་མི་ཟ་བར་ཕྱིར་འབྱུང་ཞིང་སྐྱེ་བ་ཡིན་ནོ། །དེས་ན་ཟླ་བ་དགུ་དང་ངོ་བཅུ་སྟེ་ཟླ་བའི་ཚད་བརྩིས་པའོ། །དེ་སྐད་དུའང་སྔ་མ་ལས། དེ་ནས་ཤ་མས་གཡོགས་བཞིན་དུ་འབྱུང་བར་འགྱུར་ལ་འབྱུང་བ་ན་ཤ་མ་དེ་ཕྱིར་ནང་དུ་ལོག་སྟེ་ལྟོ་ན་གནས་སོ། །མངལ་གྱི་སྒོར་བྱུང་མ་ཐག་ཏུ་བཙས་པའི་དུས་ཞེས་བྱའོ། །དེ་བཙས་ནས་རིམ་གྱིས་སྐྱེ་བའི་ཆར་གཏོགས་པའི་རེག་པ་འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་རེག་པར་འགྱུར་རོ། །ཞེས་པ་ནས། ཕ་མ་གཉིས་ཀྱིས་ཐོག་མ་ཁོ་ནར་ཁུ་བ་དང་ཁྲག་གིས་སྒྲུབ་པར་བྱེད་དོ། །དེ་ནས་བཙས་པར་རིག་ནས་གཞན་དག་ཀྱང་དེ་དང་མཐུན་པའི་ཟས་སྡུད་པར་བྱེད་གསོ་བར་བྱེད་སྐྱེད་པར་བྱེད་དོ། །དེ་ནས་དུས་མ་ཡིན་པར་འགྲོ་བ་དང་། ཡ་ང་བར་འགྲོ་ཞིང་རྒྱུ་བ་ལས་དེ་དང་དེར་ཀུན་ཏུ་སྲུང་བའི་བྱ་བ་བྱེད་དོ། །དེ་ནས་སྐྱེས་པའི་རྒྱུས་དབང་པོ་རྣམས་ཡོངས་སུ་སྨིན་ནས་སྨྲ་བའི་ཐ་སྙད་དག་སློབ་ཏུ་འཇུག་སྟེ། དེ་དག་གིས་ཀྱང་གཞན་དག་སློབ་ཏུ་འཇུག་གོ། །དེ་ལྟར་ན་སེམས་ཅན་འདི་དག་ནི་ཐོག་མ་མེད་པའི་དུས་ནས་བདེ་བ་དང་སྡུག་བསྔལ་བ་སོ་སོར་ཉམས་སུ་མྱོང་སྟེ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་བརྟེན་ནས་གཞན་གྱི་སྒྲའི་རྒྱུ་ལས་བྱུང་བ་དང་། ནང་གི་ཚུལ་བཞིན་ཡིད་ལ་བྱེད་པས་ཟག་པ་ཟད་པ་ཐོབ་པར་མ་གྱུར་གྱི་བར་དུ་བདེ་བ་དང་སྡུག་བསྔལ་བ་ལས་འདའ་བར་མི་འགྱུར་རོ། །དེ་བས་ན་འདི་ལྟ་སྟེ། བདག་གི་ནི་གང་ན་ཡང་སུ་ཡང་ཅི་ཡང་མེད་དོ། །བདག་ཀྱང་གང་ན་ཡང་ཅི་ཡང་མ་ཡིན་ནོ། །ཞེས་བྱ་བའི་ཚིག་འདི་ནི་ཤིན་ཏུ་རྟོགས་པར་དཀའ་སྟེ་ནང་གི་དངོས་པོ་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་ནི་དེ་ལྟ་བུ་ཡིན་ནོ། །ཞེས་གསུངས་ཏེ་བྱམས་པའི་སེམས་སྒྲུབས་པ་དང་དོན་ཟབ་མོ་ལ་འཇུག་པའི་ཕྱིར་ཚད་མའི་ལུང་དུ་དྲངས་པ་ཡིན་ནོ། །དེ་ལྟར་འཇུག་པའི་ཆོས་བཞི་ཡང་ཡིད་ཀྱི་ལས་སོ། །ལྔ་པ་ལ་གཉིས་ཏེ། སྐྱེ་བ་བཅུ་དྲུག་སྤྱིར་བསྟན་ཏེ་ཀུན་ཀྱང་ཡིད་ཀྱི་ཆ་ལ་བསྡུ་བ། བྱེ་བྲག་ཏུ་ལས་ཀྱི་སྐྱེ་བ་ཡིད་ཀྱི་ལས་སུ་བསྟན་པའོ། །དང་པོ་ནི། ལྔ་བ་འབྱུང་བའི། ཞེས་པ་ནས། བདག་ཀུན་འདུས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལྔ་ཕྲག་གསུམ་གྱི་ཐ་མ་སྐྱེ་བ་སྤྱིར་བསྟན་པའི་ཕྱིར་འདི་སྐད་བཀའ་སྩལ་ཏེ། དེ་ལ་ལྔ་ཕྲག་གསུམ་པའི་ལྔ་པ་སྤྱིར་འབྱུང་བའམ་སྐྱེ་བར་བྱེད་པའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ལ་བཞི་སྟེ་འཇུག་པའི་ཆོས་ཀྱི་རྗེས་སུ་བསྙད་པས་ཟབ་ཅིང་རྒྱ་ཆེ་ལ་གནད་གལ་པོ་ཆེའང་ཡིན་ནོ། །དེའང་རྒྱུད་རང་གཞུང་དུ་སྔར་བཤད་པའི་གང་ལས་ཀྱི་རྫུ་འཕྲུལ་ལས་སྐྱེ་བ་བཞི་དང་། རྣལ་འབྱོར་བསྒོམ་པའི་ཏིང་ངེ་འཛིན་ནམ་བསམ་གཏན་གྱི་ཆོ་འཕྲུལ་ལས་སྐྱེ་བ་བཞི་དང་། རྣམ་འཕྲུལ་ཅིར་ཡང་འབྱུང་བའི་གནས་ཐུགས་རྗེའི་རྫུ་འཕྲུལ་ལས་སྐྱེ་བ་བཞི་དང་། བཀོད་པ་སྣ་ཚོགས་སུ་སྟོན་པའི་ཆོས་ཉིད་ཀྱི་ཆོ་འཕྲུལ་ལས་སྐྱེ་བ་བཞི་སྟེ། གང་འདིར་དེ་དག་རེ་རེ་ལའང་བཞི་ཕྲག་རེར་དབྱེ་བས་སྐྱེ་བ་བཞི་ལ་རྣམ་གྲངས་ཀྱི་དབྱེ་བ་བཅུ་དྲུག་ཆོས་སུ་གྲགས་པ་དེ་ལ་ནི། གང་སྐྱེ་བ་དག་པ་དང་མ་དག་པ་རིལ་མ་ལུས་པ་ཀུན་འདུས་པར་གྱུར་པ་ཁོ་ནའོ། །དེའང་ལས་ཀྱིས་སྐྱེ་བ་ནི་ལྷ་མི་སྟོད་སྨད་གཉིས་ལ་སོགས་པའོ། །རྣལ་འབྱོར་བསྒོམ་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྐྱེ་བ་ནི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་རྒྱལ་རྣམས་ཡིན་ནོ། །གང་དེ་དག་ཀྱང་འདིར་མངལ་གཅིག་པུའི་དབང་དུ་བསྟན་པར་ཟད་ཀྱི་ལྷ་མི་དང་ཉན་རང་བྱང་སེམས་དེ་དག་རེ་རེ་ལའང་སྐྱེ་བ་བཞི་ཆར་དུ་སྐྱེ་བའང་ཡོད་པས་བཅུ་དྲུག་ཏུ་འགྱུར་ཏེ་སྐྱེ་གནས་ཀྱི་སྐྱེ་བ་རིལ་དེར་འདུས་སོ། །འོ་ན་བྱང་ཆུབ་སེམས་དཔའ་དེ་འདུལ་བའི་དབང་གིས་ཇི་ལྟར་ཡང་རུང་ན། ལྷ་དང་མི་ལ་སྐྱེ་བ་བཞི་ཚང་དུ་བཏུབ་བམ་ཞེ་ན། དེ་ཡང་མི་ལ་བཙུན་མོ་ལྷ་མཚམས་མའི་བུ་སུམ་ཅུ་རྩ་གཉིས་དང་གནས་བརྟན་བྲག་དང་ཉེ་བའི་བྲག་ལྟ་བུ་སྒོ་ང་ལས་སྐྱེས་པ་དང་། སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སམ། བསྐལ་པ་དང་པོའི་མི་བརྫུས་ནས་སྐྱེ་བ་དང་། རྒྱལ་པོ་སྤྱི་བོ་སྐྱེས་དྲོད་གཤེར་ལས་སྐྱེ་བ་དང་། ཕལ་པ་མངལ་ནས་སྐྱེ་བའོ། །ལྷ་ལའང་བཞི་ཀ་ཚང་སྟེ། ལྷ་མོ་ཨ་འབྲ་སྐྱོང་ཤིང་གི་དྲོད་གཤེར་ལས་སྐྱེས་པ་དང་། ལྷ་ཚངས་པ་སྒོ་ང་ལས་སྐྱེས་པ་དང་། འདོད་པའི་ལྷ་དམན་རིགས་རྣམས་སའི་དངོས་གཞི་སོགས་ལས། པང་དང་ཕྲག་པ་ལས་སྐྱེ་བར་གསུངས་པ་ལྟར་མངལ་དང་བརྫུས་ནས་སྐྱེ་བ་ལྟ་བུའི་ཕྱིར་ཏེ། འོན་ཀྱང་ལྷའི་བུ་མོ་རྣམས་ལ་མངལ་གྱི་གནས་མེད་པ་སོགས་ཀྱིས་བརྫུས་སྐྱེས་སུ་ཡང་བསྡུས་ལ། གཞན་ཡང་དྲེགས་པའི་རབས་རྒྱུད་སོགས་དང་སྦྱར་རོ། །དེ་རྣམས་ནི་ཁྱད་པར་དུ་མངལ་དུ་འཇུག་པའི་རྗེས་སུ་བསྙད་པ་ཡིན་ནོ། །འོ་ན་ལས་དང་རྣལ་འབྱོར་གྱི་སྟོབས་ལས་སྐྱེ་བའི་སེམས་ཅན་དང་ཉན་རང་བྱང་སེམས་ཀྱི་སྐྱེ་བའི་གནས་ཀྱི་དབྱེ་བ་བཅུ་དྲུག་རྣམས་ཡིད་ཀྱི་ལས་སུ་རུང་ཡང་། ཐུགས་རྗེ་དང་ཆོས་ཉིད་ཀྱི་ཆོ་འཕྲུལ་ལས་སྐྱེ་བ་གཉིས་ཡིད་ཀྱི་ལས་སུ་ཇི་ལྟར་འདུ་ཞེ་ན། སྐྱེ་བ་བཞི་ཀ་ཡིད་ཀྱི་ཆ་ཡིན་ཏེ། ལས་ཀྱི་རྫུ་འཕྲུལ་ནི་ཡིད་ཤེས་རང་ཀ་མའི་ལས་ཡིན་ལ། བསམ་གཏན་གྱི་བཞི་ནི་ཡིད་ཀུན་གཞི་ལ་ཁ་བལྟས་པའི་ཤས་ཆེ་ཆུང་གིས་ལམ་པའི་ཏིང་ངེ་འཛིན་གྱི་ཆ་མཐོ་དམན་བཞི་ཡིན་པས་ཡིད་ཤེས་དག་པའི་ཆ་ཡིན་ཞིང་། ཐུགས་རྗེ་ནི་ཡིད་དང་ཀུན་གཞི་དབྱེར་མེད་དུ་རྟོགས་ཏེ་ཆོས་སྐུ་ལྷུན་གྲུབ་ཆེན་པོ་ལས་རང་རྩལ་མ་འགགས་པའི་ཐུགས་རྗེ་སྟོན་པས་ཡིད་རང་བྱུང་གི་ཡེ་ཤེས་ཀྱི་ཆོ་འཕྲུལ་ཡིན་ཏེ། ལམ་པའི་དུས་སུ་ཡིད་ཀྱི་ཤེས་པ་ཡུལ་དུ་སྣང་བའོ། །ཆོས་ཉིད་ནི་ཡིད་དང་དབྱེར་མེད་པའི་ཆོས་ཉིད་ཀྱི་ངོ་བོ་རང་སྣང་བའི་ཆོ་འཕྲུལ་ཡིན་པས་ཀུན་གྱི་ཡུལ་ཡང་ཆོས་ཉིད་རང་སྣང་དུ་འདུས་ཏེ། རིན་པོ་ཆེ་རྒྱན་ལས། ཐམས་ཅད་རང་སྣང་ཉིད་གནས་ལ། །སྒྲིབ་པ་མེད་ཀྱང་སྣང་རྐྱེན་བྲལ། །མི་ཤེས་བློ་ཡིས་ནན་བརྟགས་པས། །འཛིན་ལྔ་དངོས་པོར་འཐས་པ་ལས། །འདུ་བྱེད་རླུང་གིས་གཡོས་པས་ན། །སྣོད་བཅུད་སྡུག་བསྔལ་ངོ་བོར་སྨིན། །ཞེས་པ་ལྟར་རོ། །དེ་བས་ན་བཅུ་དྲུག་ཡིད་ཤེས་ཀྱི་ཆ་ལ་འདུས་སོ། །གཉིས་པ་ནི། འདི་དག་ལས་ཀྱིས། ཞེས་པ་ནས། མདོར་ཤེས་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་དེ་ལྟར་ཡིན་ཀྱང་རང་བཞིན་དང་ཐུགས་རྗེ་ནི་ཡིད་ཀྱི་ལས་སུ་མི་འགྱུར་བས་དེ་ལ་དགོས་པ་མེད་དོ་ཞེ་ན། ལན་དུ། དེ་ལྟར་བཀོད་པ་འདི་དག་གི་དགོས་པས་དག་མ་དག་ཐམས་ཅད་ལས་ཀྱིས་དབང་ལས་སྐྱེ་བ་ཡིན་པར་ངོས་ཟིན་ཏེ་དཀར་ནག་གི་ཁྱད་པར་ལས་གྱུར་པའོ། །དེ་བས་ན་ཡིད་ཀྱིས་ལས་བཟང་ངན་ཐམས་ཅད་དང་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོ་འཕྲུལ་དེ་དག་ཐམས་ཅད་སྐྱེད་པར་བྱེད་པ་ནི་སྐད་ཅིག་མའི་རྒྱུན་མ་ཆད་པར་ཡུལ་ལ་འཇུག་པས་ངང་རིང་ཞིང་མྱུར་ལ་མགྱོགས་པའི་ཡིད་ཀྱི་ལས་སུ་གྱུར་པ་ཡིན་ནོ་ཞེས་མུན་པའི་སྤྱོད་ཡུལ་ལ་གནས་པའི་རྒྱུའི་ཐེག་པ་མཚན་ཉིད་པ་ཡིས་མཐོང་བ་ཡིན་ཏེ། དེའང་རང་རྒྱུད་ཀྱི་མུན་པ་དང་ལྟོས་པའི་མུན་པ་གཉིས་སུ་འགྱུར་རོ། །དེ་བས་ན་འདིར་ནི། རྒྱན་སྟུག་པོ་བཀོད་པ་ལས། དེ་བས་ལས་ཀྱི་འབྲས་གྱུར་པ། །འདི་ནི་སྒྱུ་མའི་བུས་བྱས་བཞིན། །འདི་ན་ལས་མེད་འབྲས་བུ་མེད། །ལས་ཀྱིས་སྒྲུབ་པའང་ཡོད་པ་མིན། །ཞེས་དང་། དུར་ཁྲོད་ཁུ་བྱུག་རོལ་པ་ལས། བྱང་ཆུབ་སྤྱོད་པའི་གནས་འདི་ཡི། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །དེ་ཉིད་འཇིག་རྟེན་སྣ་ཚོགས་ཏེ། །ཕྱག་རྒྱའི་ཚོགས་ཆེན་དེ་ཉིད་དོ། །ཆོས་སྐུ་སྒྱུ་མས་དབང་བསྒྱུར་བས། །དེ་ལ་དངོས་པོ་ག་ལ་ཡོད། །ཅི་སྤྱོད་ཅི་བསྒོམས་ཅི་བསྒྲུབས་ཀྱང་། །བྱང་ཆུབ་ཉིད་དེ་ལྟུང་གནས་མེད། །དམྱལ་བའི་གནས་ཉིད་བླ་མེད་གནས། །སྡུག་བསྔལ་ཉིད་ཀྱང་བྱང་ཆུབ་ལ། །འཁོར་བ་ཉིད་ཀྱང་མྱ་ངན་འདས། །སྒྲིབ་པ་ཉིད་ནི་མངོན་སངས་རྒྱས། །ངེས་དོན་དེ་ལ་འདུས་པར་སྦྱོར། །ཞེས་དང་། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། ཆུ་ཟླ་སྒྱུ་མ་སྨིག་རྒྱུ་བཞིན། །མེད་པ་ཟང་ཐལ་མ་ཡིན་ལ། །ཡོད་པ་ཡང་ནི་མ་ཡིན་ནོ། །ཡོད་མེད་གཉིས་ལས་འདས་པ་ཡིས། །རང་བཞིན་མེད་པ་ཡིད་ལ་དྲན། །ཤེས་རབ་ཆེན་པོའི་རྟོག་པས་བཏགས། །མཁའ་