cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བཞི་པ།

གླེགས་བམ། ངེ༽

མཁན་ནུས་ལྡན།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

དཔལ་སྤྱི་མདོ་དགོངས་པ་འདུས་པའི་འགྲེལ་པ་རྣལ་འབྱོར་ཉི་མ་གསལ་བར་བྱེད་པའི་ལེགས་བཤད་གཟི་ལྡན་འཆར་ཁའི་འོད་སྣང་། མཁན་ནུས་ལྡན།

གསུང་པོད་བཞི་པ་ཡ་རྟགས་ཅན།
དཔལ་སྤྱི་མདོ་དགོངས་པ་འདུས་པའི་འགྲེལ་པ་རྣལ་འབྱོར་ཉི་མ་གསལ་བར་བྱེད་པའི་ལེགས་བཤད་གཟི་ལྡན་འཆར་ཁའི་འོད་སྣང་གི་གླེགས་བམ་བཞི་པ་བཞུགས་སོ། །དགུ་པ་མཐུན་པར་འཇུག་པར་བྱ་བ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུས་པའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། དོན་དུ་ངེས་པར་སྦྱར། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་ལྡེམས་དགོངས་ཀྱི་བཤད་པ་སྟོན་ནོ། །མེ་ལོང་བརྟག་པ་བསྟན་མ་ཐག་པ་དེ་ནས་ཡང་འཁོར་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་དམ་པ་རྣམས་ཀྱིས། སྟོན་པ་གསང་བ་པའི་བདག་པོ་ལ། སྐབས་གང་འདིར་ལེའུ་ཞེ་ལྔ་པར་མདོ་དོན་འགྲོ་བའི་ཆོས་ཀྱི་རྣམ་གྲངས་བཅུ་བཀོད་པའི་དགུ་པ་གང་གི་དོན་གྱི་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ། ཉིད་ཀྱིས་སྔར་ཆ་མཐུན་པར་སྦྱར་བར་བྱའོ། །ཞེས་དམ་བཅའ་བར་དགོངས་པ་དེ་ཉིད་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་ཡོངས་སུ་དྲིས་པ་ལས། སྐྱེ་བུ་ཆེན་པོ་གསང་བ་པའི་བདག་པོས་ལན་དུ་བཀའ་སྩལ་ཏེ་སྨྲས་པ། ལང་ཀའི་བདག་པོ། དེ་དག་ཉེ་བར་སྟོན་པ་ནི་གང་ཞེ་ན་ལམ་པས་གཞན་དོན་གྱི་སྤྱོད་པ་ཉིད་དེ། དེ་ཡང་འདི་ལྟར་ཡོངས་སུ་ཤེས་པར་བྱ་སྟེ། འགྲོ་བ་མ་རིག་པའི་མུན་པ་ཆེན་པོ་ཀུན་ནས་འཁྲིགས་པ་ཡི་གཉིད་ཀྱིས་འཐིབས་པས་དོན་ལ་ཤེད་མ་བྱེ་བས་བྱིས་པའི་ཁམས་ཀྱི་གྲོང་ཁྱེར་གསུམ་གྱི་གནས་སུ་དུས་གསུམ་དུ་འཁྱམས་པའི་གདུལ་བྱ་རྣམས་དྲང་བའི་ཆེད་དུ། དུས་རྟག་པ་རྒྱུན་གྱི་འཁོར་མོར་ཉན་རང་བྱང་སེམས་ལས་དགར་ཏེ་འདིར་འཁོར་བར་འགྲོ་དོན་ལ་ངེས་པར་འཇུག་པའི་དོན་བྱ་བའི་ཐབས་ཀྱི་འདྲེན་ཚུལ་རྣམ་པ་མང་པོ་དག་ཀྱང་། ཐབས་ལ་མཁས་པས་དོན་མཛད་པའི་དགོངས་པ་དམ་པ་ཐམས་ཅད་ཀུན་འདུས་པས་རྒྱལ་བ་རིལ་འདུས་ནས་བཀའ་སྩལ་བའི་མདོ་རྒྱུད་ཆོས་ཀྱི་མེ་ལོང་འདི་ལས་དམ་པ་གང་གི་སྤྱོད་ཡུལ་གང་གིས་འདྲེན་པའི་སྒོར་གྱུར་པར་ངེས་པ་གདུལ་བྱའི་དོན་དུ་འགྱུར་བའི་ཐབས་མང་པོ་ཇི་ལྟར་གསུངས་པ་ཇི་སྙེད་པ་ཐམས་ཅད་བསྡུས་ན། འདིར་ནི་གཞན་དོན་གྱི་སྤྱོད་པ་རྣམ་གྲངས་གསུམ་དུ་ཤེས་པར་བྱ་སྟེ། ཆ་མཐུན་སྦྱོར་བའི་སྤྱོད་པ་དང་། མཐུན་འཇུག་ཐབས་ཀྱི་སྤྱོད་པ་དང་། ཐབས་འཛུད་བསྲེ་བའི་སྤྱོད་པ་དང་གསུམ་ཡིན་ཏེ། རིམ་པ་བཞིན་དུ། གཞན་དང་ཆ་འདྲ་བ་ལ་བརྟེན་ནས་དོན་ལ་སྦྱོར་བ་དང་། གཞན་ཇི་བཞིན་དུ་སྤྱོད་པས་གྲོལ་ཐབས་སྟོན་པ་དང་། རེས་རང་ལྟར་དང་རེས་གཞན་ལྟར་སྤྱོད་དེ་བསྲེ་བ་ཡིས་གདུལ་བར་བྱེད་པའོ། །དེས་ན་དེ་གསུམ་གྱི་ཁྱད་པར་བསྟན་ན། ཆ་མཐུན་སྦྱོར་བའི་སྤྱོད་པ་ནི། དཔེ་ན་རྩེ་ལྡེ་མངའ་རིས་གཅོད་པ་དང་འདྲ་སྟེ། སྔོན་ལ་གཞན་དང་མཐུན་པར་བྱས་ནས་གཞུག་ཏུ་རང་ལྟར་བསྒྱུར་བའོ། །མཐུན་འཇུག་གི་སྤྱོད་པ་ནི། དཔེར་ན་དུག་ཟ་བ་ལ་དུག་སྔགས་བྱིན་ནས་ཟས་སུ་འཇུག་པ་དང་འདྲ་བར་གདུལ་བྱ་ཉོན་མོངས་པ་ལ་ཞེན་པ་ལ་ཉོན་མོངས་ལམ་དུ་ཁྱེར་བའི་ཐབས་ཁྱད་པར་ཅན་བསྟན་ནས་ཉོན་མོངས་པ་ལ་སྤྱོད་དུ་འཇུག་པའོ། །ཐབས་འཛུད་བསྲེ་བའི་སྤྱོད་པ་ནི། དཔེར་ན་གཉེན་ཁ་ལེན་བྱེད་པ་དང་འདྲ་བར་གདུལ་བྱ་དང་སྤྱོད་པ་འདྲེན་མར་སྤྱོད་ནས་འདུལ་བའོ། །དེ་ལྟར་ཐབས་ཀྱི་སྤྱོད་པ་གསུམ་གྱིས་དུས་སམ་གདུལ་བྱ་བློ་ཆེ་ཆུང་ཐམས་ཅད་སྐབས་སམ་ཐབས་ཐམས་ཅད་ཇི་ལྟར་རིགས་པར་འགྲོ་དོན་བློ་དང་འཚམས་པར་བྱས་ཏེ། ཐེག་པ་ཆེན་པོ་ངེས་པ་དམ་པའི་དོན་གྱི་ཆོས་ཉིད་དུ་རིགས་ངེས་པར་སྦྱར་བར་བྱ་བའོ། །གཉིས་པ་ལ་གསུམ་སྟེ། ཆ་མཐུན་སྦྱོར་བའི་སྤྱོད་པ་བཤད་པ། ཐབས་འཛུད་བསྲེ་བའི་སྤྱོད་པ་བསྟན་པ། མཐུན་འཇུག་ཐབས་ཀྱི་སྤྱོད་པ་བཤད་པའོ། །དང་པོ་ལ་གསུམ་སྟེ། སྤྱོད་པ་དངོས་བཤད་པ། དེ་ཉིད་ལོ་རྒྱུས་ཀྱིས་བསྟན་པ། ཞབས་བསྡུ་བའོ། །དང་པོ་ནི། ལང་ཀའི་བདག་པོ། ཞེས་པ་ནས། དམ་པའི་ཡུལ་ལ་འཇུག །ཅེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ་ཞེས་སྡུད་པ་པོ་ལ་བོས་ནས། དེ་དག་སོ་སོ་ནས་ཉེ་བར་སྟོན་པ་ནི། ཐོག་མར་ཆ་མཐུན་སྦྱོར་བའི་སྒོ་ནས་སུ་ཞིག་གིས་འགྲོ་དོན་བྱེད་པའང་ཇི་ལྟ་བུ་ཞེ་ན་འདི་ལྟ་སྟེ། ཐབས་ལ་མཁས་པའི་དམ་པ་གང་གིས་ཆ་མཐུན་སྦྱོར་བར་བརྟེན་ནས་གདུལ་བྱ་གང་གི་དོན་ལ་འཇུག་པ་ནི། འགྲོ་བ་གང་ཞིག་སྤྱོད་ཡུལ་གང་དུ་མཚན་མ་ཅན་དེར་སྤྱོད་པས་ལོག་པར་འགྲོ་བར་ངེས་པ་ལ། རྣལ་འབྱོར་དམ་པ་རྔོན་དང་སྨད་འཚོང་སོགས་སྐྱེ་བ་རང་དབང་ཅན་དུ་གྱུར་པས་ཀྱང་ཐབས་ཀྱི་སྒོ་ནས་གདུལ་བྱ་ཁོའི་སྤྱོད་པ་དེ་དག་ཉིད་དང་ངོ་བོ་མཐུན་པར་སྤྱད་དེ་རྣལ་འབྱོར་མཆོག་གི་ཐབས་ཡོངས་ཀྱིས་མཚན་མ་ཅན་དེ་དང་ཆ་མཐུན་པའི་སྤྱོད་པ་བསྟེན་ཅིང་བྲིད་པར་བྱས་ན། རིམ་པས་གདུལ་བྱའི་འགྲོ་བ་དེ་ཉིད་ཡང་དག་པའི་དོན་དེ་ལ་ཁ་ལོ་འགྱུར་བར་བྱ་བའོ། །དེས་ན་སེམས་ཅན་དེ་དག་དམ་པའི་དོན་ལ་འཛུད་པར་བྱ་བའི་ཕྱིར་དུ་གདུལ་བྱ་དེ་དག་གམ་འགྲོ་བ་དྲུག་པོ་རྣམས་དང་བདག་གིས་མཐུན་པའི་སྤྱོད་པར་སྤྱད་དེ་བྱིས་པ་གང་དག་རྣམས་ཚུལ་དེ་ལ་སྦྱར་བས་ཡིད་ཀུན་ནས་དྲངས་ཏེ་རིམ་པར་ཁ་ལོ་བསྒྱུར་ནས་གསང་སྔགས་མ་ནོར་བའི་དོན་ལ་ངེས་པར་བཅུག་ནས་རྟོགས་པ་ལ་བཙུད་ཅིང་དེ་ལས་མི་ལྡོག་པར་ནན་ཏན་ལ་སྦྱར་བར་བྱ་བའོ། །དེ་ལྟར་གདུལ་བྱ་གང་གི་བསམ་པའི་མོས་ཕྱོགས་དང་འཚམས་པར་ཡིད་འཕྲོག་ནས་རང་དབང་མེད་པར་འཇུག་པའི་ཆ་མཐུན་གྱི་སྤྱོད་པས་དགའ་བར་བྱས་ཏེ་ཐབས་ལ་མཁས་པས་འདྲེན་ཅིང་དོན་ལ་འཇུག་པ་ཡང་། ཁོའི་འདོད་ཕྱོགས་ཇི་ལྟར་ཡིན་པ་དེ་ལྟར་དེ་དག་གི་ཡིད་དུ་འོང་བའི་སྤྱོད་པ་དེ་ཁོ་ན་ལ་སྤྱོད་དུ་བཅུག་ནས་དེས་ཆུད་མ་གསན་པར་གསང་ཆེན་ངེས་པའི་དོན་ལ་ནན་ཏན་དུ་སྦྱོར་བའི་ཐབས་ཀྱིས་རྗེས་སུ་འཛིན་པ་ཉིད་ནི་ཆ་མཐུན་གྱི་སྤྱོད་པ་དེ་ཡིས་གདུལ་བྱ་དོན་ལ་སྦྱོར་བར་བྱ་བ་ཉིད་དོ། །དེ་སྐད་དུ་རྩ་བའི་རྒྱུད་ལས། མཚན་མ་ཡིན་ཕྱིར་དེར་ངེས་པ། །མཚན་མ་ཅན་དང་མཐུན་བྱའི་ཕྱིར། །ཐབས་ཀྱིས་དེ་དང་མཐུན་སྤྱོད་ལ། །ཡང་དག་དོན་ལ་ཁ་ལོ་སྒྱུར། །དེ་དག་རྣམ་པར་སྦྱང་བ་དང་། །འགྲོ་དྲུག་ཤིན་ཏུ་གཡེང་བ་ཅན། །ཡིད་རྣམས་དྲངས་ཏེ་བརྟེན་བྱས་ནས། །ཐབས་ཀྱིས་དོན་ལ་སྦྱར་བའི་ཚིག །རྒྱུ་དྲུག་འདུས་པའི་ས་གཞི་ལ། །གླུ་བྲོ་གར་གྱི་རོལ་པ་ཡིས། །སྲིད་གསུམ་ཟིལ་གནོན་དབང་སྡུད་པ། །འཇིག་རྟེན་མཐུན་འཇུག་སྤྱད་པར་བྱ། །ཞེས་སོ། །དེ་ཉིད་ཉེ་བར་མཚོན་པ་ནི། དཔེར་ན་སྲིད་པའི་འཇིག་རྟེན་མ་རིག་པའི་མུན་པའི་ཁམས་ཀྱི་གནས་དག་ན། མི་ལ་སོགས་པའི་འགྲོ་བ་མཁས་ཤིང་མཛངས་པ་གང་གིས་མི་སོགས་མི་ཤེས་པའི་འགྲོ་གཞན་གང་དག་རྣམས་ལ་གང་གིས་འདུལ་བར་གྱུར་པའི་སྤྱོད་པ་མཐུན་པར་སྤྱད་པས་འགྲོ་བ་མི་ཤེས་པ་དེ་ཡི་ཡིད་དགའ་བའི་ཤེས་པ་ལ་འདུལ་བྱེད་ཀྱི་ཐབས་དེ་ཞུགས་ཏེ་ཞེན་པའི་ངོར་འདུལ་བྱེད་དེ་དང་གདུལ་བྱ་དེ་ཉིད་སྤྱོད་པ་གཅིག་པས་སོ་སོ་བ་མེད་པར་མི་གཞན་པས་ཡིད་གཅུག་ཏུ་མཛའ་བར་གྱུར་པའི་དོན་དུ་གནས་པ་དེ་ནས་འདུལ་བྱེད་མཆོག་དེས་ཕ་རོལ་པོ་དེ་ཡི་བསམ་པའི་དྲོད་དེ་རིག་ཅིང་ལོན་ནས་མཇུག་གདུལ་བྱའི་འགྲོ་བ་དེ་ཡི་བསམ་པ་དབང་དུ་བྱས་ཏེ་ཁ་ལོ་བསྒྱུར་བར་བཏུབ་པའི་ཐབས་ལ་དབང་ཐོབ་སྟེ་སྐབས་སུ་བབ་པ་ན་གཟོད་གདུལ་བྱ་དེ་ཉིད་ཀྱི་འདུ་ཤེས་བསྒྱུར་བའི་ཚིག་གི་ལམ་འབྱུང་བ་ནི་དཔེ་དོན་མཚུངས་པར་རྣལ་འབྱོར་དམ་པས་ཀྱང་དེ་ལྟར་མཐུན་པར་སྤྱད་ཟིན་ནས་འདི་སྐད་བརྗོད་པར་བྱ་སྟེ། དེ་ལྟར་འདས་པར་གྱུར་པའམ་ད་སྔ་ཡན་ཆད་དུ་གྲོགས་མཆོག་དམ་པ་དག་གི་མཐུན་འཇུག་ཐབས་ཀྱི་སྤྱོད་པ་ཁོ་ན་ཡི་ཚུལ་ཡིན་པས་རང་རང་དང་མཐུན་པར་དགོངས་པ་ཅན་གྱི་སྤྱོད་པར་ཟད་དེ། ངེས་པར་ཁྱོད་ཀྱི་ཡིད་ལ་ཞུགས་པས་ཞེན་པའི་སྤྱོད་པ་ངན་པ་འདི་ནི་སྤྱོད་པའི་ལུགས་མེད་དེ། མར་ལ་ངམ་པས་ཨེ་མའོ་ཞེས་འུ་ཅག་གི་སྤྱོད་པ་འདི་ནི་ཤིན་ཏུ་འཁྲུལ་ཞིང་ནོར་ཏེ། ཚུལ་འདིར་སྤྱོད་པ་ནི་ཤིན་ཏུ་ཉེས་པ་ཆེ་བས་འདིར་ལོག་སྤྱོད་འདི་ལས་ཕྱིར་ལོག་ལ་བཤགས་པ་བྱ་བ་དང་དགེ་བའི་ལས་ཀྱི་ལྟང་བསགས་པ་ནི་བགྲང་ཞིང་སྤེལ་བ་སོགས་ཀྱིས་བྱང་ཆུབ་ཆེན་པོར་བསྔོ་བར་གྱིས་ཤིག་པའོ། །ཁོ་བོ་ཅག་གི་སྤྱོད་པ་དེ་ནི་འདི་ལྟར་ཉེས་པ་ཡིན་ན་ཡང་སྔར་གྱི་སྐབས་འདི་ན་ཁོ་བོས་ཁྱེད་ཅག་དགའ་བར་བྱས་ཏེ། ཁྱེད་རྣམས་དང་དང་མཐུན་པ་ཁོ་ནར་སྤྱོད་པ་བྱས་པ་ཡིན་པས། དེང་གི་སྐབས་གང་འདིར་བདག་དགའ་བའི་ལམ་དམ་པ་མ་ནོར་བར་ཡང་དག་པའི་དོན་དུ་འཇུག་པའི་སྤྱོད་པ་འདི་དང་བསྟུན་ལ་ཁྱོད་རྣམས་ཀྱང་ངེས་པ་དམ་པ་དེ་ཁོ་ནར་ཤིན་ཏུ་འཇུག་པར་འོས་ཤིང་རིགས་པ་ཡིན་པས་གྲོགས་པོ་དག་ཡང་དག་པར་འཇུག་དགོས་སོ། །ཞེས་ཟེར་བ་བཞིན་དཔེ་དོན་མཚུངས་ཏེ། དེ་ལྟར་བརྗོད་པ་དེས་ན་ཕ་རོལ་པོའམ་གདུལ་བྱ་དེ་ཡི་སེམས་དེ་ཉིད་དེ་ལྟར་མཐུན་པར་བདག་གིས། འུན་ཞེས་བྲུ་ཤའི་སྐད་དེ་བོད་སྐད་དུ་ཟིན་ཞེས་པར་འགྱུར་བས། ཐབས་ཀྱིས་ཟིན་པས་ཕ་རོལ་ལམ་གདུལ་བྱ་གང་དག་གི་ཕྱིས་ཀྱི་སེམས་དེ་ཉིད་ཀྱང་འུན་ནམ་ཟིན་ཏེ་བདག་གི་ངག་ཉན་ཅིང་ཡིད་དགའ་བས་དམ་པར་ངེས་པ་ཡང་དག་པའི་སྤྱོད་ཡུལ་ལ་འཇུག་པར་འགྱུར་ཞིང་སླར་མི་ལྡོག་པར་ཡང་ངེས་པ་སྟེ། སྔ་མ་ལས། དཔེར་ན་འཇིག་རྟེན་ཁམས་དག་ན། །འགྲོ་བས་འགྲོ་བ་འདུལ་བྱེད་པ། །དེ་དགའི་ལས་ལ་དེ་ཞུགས་ཏེ། །དེ་དང་བསམ་པ་མཐུན་སྤྱད་པས། །དེ་དང་འདྲིས་ནས་དེ་དགའ་བྱས། །དེ་ནས་དེ་ཡི་དྲོད་ལོན་ན། །དེ་ཡི་འདུ་ཤེས་སྒྱུར་བའི་ཚིག །དེ་སྔ་བདག་གི་གྲོགས་ཁྱོད་ཀྱི། །ལས་ལ་ཞུགས་པ་ཤིན་ཏུ་ནོར། །འདིར་ཉེས་ལས་ཀྱི་བསགས་པ་བགྲང་། །ཉེས་ཀྱང་བདག་གིས་ཁྱོད་དགར་བྱས། །ད་ནི་བདག་དགའི་ལས་འདི་ལ། །གྲོགས་ཁྱོད་ཤིན་ཏུ་འཇུག་དགོས་སོ། །བྱས་པས་དེ་ཡི་སྔ་སེམས་དེ། །ཟིན་པས་གཅིག་གི་ཕྱི་སེམས་ཀྱང་། །འཛིན་ཅིང་དེ་དགའི་ལས་ལ་འཇུག །ཅེས་སོ། །གཉིས་པ་ལ་གཉིས་ཏེ། ཆ་མཐུན་གྱི་སྤྱོད་པ་གྱིས་ཤིག་པར་བསྐུལ་བ། འཁོར་གྱིས་དེ་ལྟར་བྱས་པའི་ཚུལ་ལོ། །དང་པོ་ནི། ལང་ཀའི་བདག་པོ། ཞེས་པ་ནས། དེ་ཡིས་དེ་གསུངས་པས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་སྔོན་གྱི་ལོ་རྒྱུས་ཀྱིས་ཡིད་ཆེས་པར་བསྙད་པའི་ཕྱིར། འཆད་པའི་སྐྱེས་བུས་ལང་ཀའི་བདག་པོ་ཞེས་སྡུད་པ་ལ་བོས་ནས། ཇི་ལྟར་ན་སྔོན་བྱུང་བ་དེ་ཡང་ཇི་ལྟ་བུ་ཞེ་ན། ཚུལ་དེ་ཉིད་གསལ་བར་བརྗོད་པ་ནི། སྟོན་པ་གསང་བའི་བདག་པོ་ཕྱག་ན་རྟོ་རྗེ་ཁོ་བོས་འདི་ཉིད་ཀྱིས་ཆ་མཐུན་གྱི་སྤྱོད་པ་དངོས་སུ་མཐོང་ཞིང་ཐོས་པའི་དུས་སྐབས་གཅིག་ན་བདག་གི་སྟོན་པ་བཤེས་གཉེན་དམ་པ་གསང་བ་མཆོག་གི་བདག་པོ་དེས་སྔོན་བྱུང་བའི་འདུས་པའི་འཁོར་ཚོགས་ཕལ་མོ་ཆེ་དེ་དག་རྣམས་ལ་རྒྱུད་མཆོག་འདི་ཉིད་བཀའ་སྩལ་ཏེ་རྨད་བྱུང་གསང་བའི་ལམ་འདི་རྒྱ་ཆེར་བསྟན་པའི་དུས་དེའི་ཚེ་ན། འཁོར་དེར་གཏོགས་ཤིང་ལྷན་ཅིག་ཏུ་འདུས་པར་གྱུར་པ་ཡི། ལྷ་མོ་དང་ཀླུ་མོ་དང་མི་དང་ལྷ་མ་ཡིན་དང་ཡི་དྭགས་ལ་སོགས་པ་རིགས་ངན་མོ་སྟེ་འགྲོ་བ་རིགས་དྲུག་ཏུ་གཏོགས་པའི་བུ་མོ་དྲུག་གི་ཚོགས་འཁོར་དང་བཅས་ཏེ་འདུས་པས་གཙོ་འཁོར་རྣམས་བྲོ་གླུ་ལ་དགའ་བས་སྟོན་པ་གླུ་བྲོ་གར་གྱིས་སྟབས་ལ་བརྟེན་ནས་དགྱེས་པ་ཆེན་པོ་མཉེས་པས་མཆོད་པ་ཕུལ་ཞིང་བསྟབས་པའི་དུས་དེ་ཡི་ཚེ་ན་གླུ་བྲོ་གར་རྣམས་ཡང་དག་དམ་པའི་སྤྱོད་ཡུལ་མིན་ཡང་། སྟོན་པ་དམ་པ་གསང་བ་མཆོག་གི་བདག་པོ་ཉིད་ཀྱིས་གདུལ་བྱ་བུ་མོ་དྲུག་འཁོར་དང་བཅས་པ་དེ་ཉིད་སྤྱོད་པ་མཐུན་པས་དགྲོལ་བར་བྱ་བ་ཡིས་དགོས་ཆེད་ཀྱི་ཕྱིར་ཐུགས་རྗེས་གཟུང་བའི་ཡུལ་གྱི་དམ་པ་ཉིད་དུ་དགོངས་ནས། གང་དེར་གདུལ་བར་བྱེད་པའི་སྲས་ཀྱི་ཚོགས་འདུས་པ་ཕལ་མོ་ཆེའི་འཁོར་རྣམས་ལ་བཀའ་སྩལ་པ་ནི། ཀྱེ་མ་འདུས་པ་ཆེན་པོའི་ཚོགས། །ཞེས་བོས་ནས། བུ་མོ་དྲུག་ལ་དོན་མཐུན་པས་དོན་སྤྱོད་པར་བསྐུལ་ཏེ། གང་གི་སྟོན་པ་ང་ཡི་གདུང་འཚོབ་ཅིང་རྒྱུད་འཛིན་པའི་རིགས་ཅན་དུ་བྱུང་བ་གང་ཡང་རུང་བ་དག་གིས། ལྷ་ཡི་རོལ་མོ་དང་གླུ་དང་བྲོ་དང་གར་དང་སྙན་པ་དང་། འཇོ་ཚུལ་དང་། སྒེག་པ་དང་མཛེས་ཤིང་ལེགས་པའི་སྟབས་སྣ་ཚོགས་བྱས་པས་གདུལ་བྱ་གང་གི་ཡིད་རང་དབང་མེད་པར་འཕྲོག་ནས་དོན་ལ་འཇུག་ཅིང་འདྲེན་པའི་ཐབས། གླུ་ཡི་རྩ་བ་དྲུག་ལ་ཡན་ལག་བཅུ་བཅུ་དང་དེ་རེ་རེ་ལ་དྲུག་དྲུག་སྟེ་སུམ་བརྒྱ་དྲུག་ཅུ་དང་། རྐང་ལག་གི་སྟབས་དང་གར་ཐབས་སྣ་ཚོགས་པ་མང་པོ་མི་ཟད་ཅིང་ཚད་མེད་པས། འཇིག་རྟེན་གྱི་གདུལ་བྱ་ཀུན་སྡུད་ཅིང་རྒྱལ་བ་ཀུན་མཉེས་པར་བྱེད་པས་དེ་དག་དང་ཆ་མཐུན་དུ་སྦྱོར་བའི་གླུ་བྲོ་གྱིས་ཤིག་ཅེས། སྟོན་པ་དམ་པ་དེ་ཡིས་དེ་སྐད་ཅེས་གསུངས་ཏེ་བཀའ་སྩལ་པས། གཉིས་པ་ལ་གསུམ་སྟེ། གར་བྱས་པ། གླུ་བླང་བ། བྲོ་བྱས་པའོ། །དང་པོ་ནི། དེ་ནས་སྲས་ཀྱི། ཞེས་པ་ནས། སྟབས་ཀྱིས་གར་བྱེད་ཅིང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་སྲས་ཀྱི་དམ་པ་དེ་ཁོ་ན་ལང་ཀའི་བདག་པོ་སྤྲུལ་པའི་བློ་གྲོས་ཐབས་ལྡན་ཞེས་བྱ་བ་ཉིད་ཀྱིས་སྟོན་པས་དྲང་བས་འདིར་གདུལ་བྱ་གང་དག་རྣམས་གླུ་བྲོ་གང་གིས་ཐབས་ཀྱིས་འདུལ་བར་རིག་ཅིང་ཤེས་ནས། འཇིག་རྟེན་དྲུག་གི་བུ་མོ་འཁོར་བཅས་དང་ཆ་མཐུན་གྱི་སྤྱོད་པས་དོན་ལ་སྦྱོར་བ་དྲང་བའི་དགོས་ཆེད་ཀྱི་ཕྱིར་དུ། ལང་ཀ་གང་གི་ཉིད་ཀྱིས་གནས་ནས་འཇིག་རྟེན་པ་དང་སྤྱོད་པ་མཐུན་པ་ཀུན་ཏུ་སྣང་བར་བྱས་པས་ལུས་གཡོས་ཏེ། ཚུལ་ཇི་ལྟར་ན་གཞི་མ་ངེས་པ་ལས་ཅིར་ཡང་སྣང་ལ་དངོས་པོ་མེད་པས་གར་མཆོག་མྱུར་བ་གློག་ལྟར་འགྱུ་བས་འཁོར་བའི་མུན་ནག་ཏུ་སྐད་ཅིག་ལ་དོན་གསལ་བར་གྱུར་པ་ཡི་སྒོ་ནས་བདག་གཞན་གྱི་དོན་ཕུན་སུམ་ཚོགས་པའི་དཔལ་གཉིས་དང་ལྡན་པའི་རྟགས་སུ་ལག་པ་གཡས་གཡོན་བྱེ་བ་སྙེད་དུ་གྱུར་པ་ཡིས་ནམ་མཁའི་ཁམས་འདི་ཀུན་རིག་པ་རང་སྣང་བའི་སྐུས་ཡོངས་སུ་བཀང་ནས་གདུལ་བྱའི་དོན་ལ་གཤེགས་བཞུད་ལྟ་བུར་ཅིར་ཡང་སྣང་བའི་གོམ་པའི་སྟབས་དང་མཐུན་པར་ལག་པ་རྣམས་ཀྱིས་གར་སྣ་ཚོགས་བྱེད་ཅིང་གདུལ་བྱ་གདུལ་བའི་ཐབས་ཀྱི་སྒྱུ་འཕྲུལ་མཛད་དོ། །གཉིས་པ་ནི། གླུ་ཡི་ཡན་ལག །ཅེས་པ་ནས། བུ་མོ་དྲུག་དང་རོལ། །ཞེས་པའི་བར་གྱིས་བསྟན་ཏེ། བཤད་པ་ལྟ་བུའི་གླུ་ཡི་ཡན་ལག་སུམ་བརྒྱའི་སྒྲ་སྐད་སྲིད་ཁམས་འབྲུག་གི་སྒྲ་ཡིས་གང་བ་ལྟར་ནམ་མཁའ་བཀང་ནས། མུ་མཐའ་ཐུག་པ་མེད་པའི་འཇིག་རྟེན་དྲུག་གི་གནས་རིགས་ཀུན་གླུའི་སྒྲས་གང་བས་གདུལ་བྱ་འགྲོ་བ་དྲུག་གི་ཡིད་འཕྲོག་ཅིང་བྱང་ཆུབ་ཆེན་པོའི་དོན་ལ་འདྲེན་པར་མཛད་པས་དབྱངས་ཀྱི་བྱེད་པར་སྣང་ངོ་། །འོ་ན་གླུའི་ཚིག་ཉིད་ཇི་ལྟ་བུ་ཞེ་ན། ཐེག་པ་ཆེན་པོའི་ལྟ་སྤྱོད་རྨད་དུ་བྱུང་བ་ཉིད་ཕལ་གྱིས་ཡུལ་མིན་པས་གསང་སྔགས་གསང་བ་དམ་པའི་ཚིག་ལས་ཚིག་གཅིག་བསྒྱུར་བས་ཀྱང་གདུལ་བྱའི་ངོ་ལ་སྒྲ་དབྱངས་ཐ་དད་ཀྱི་ཚིག་གི་རྣམ་འགྱུར་མཐའ་ཡས་པ་འབྱུང་ཞིང་། དེའང་བློ་ཆེ་བ་ལ་ཚིག་ལམ་གྱི་བརྗོད་པ་དང་རབ་ཏུ་བྲལ་བའི་གསང་བ་མཆོག་གི་དོན་ཟབ་མོ་ཤིན་ཏུ་རྟོགས་པར་དཀའ་བ་རྒྱལ་བའི་དགོངས་པ་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་མཚོན་ཅིང་རྟོགས་པར་དཀའ་བ་ཉིད་སྟོན་པའོ། །དེ་ལྟ་ནའང་ཐབས་ཁྱད་པར་ཅན་གྱི་བཀའི་ཚིག་ལས་དོན་མཚོན་པའི་སྒོ་མང་པོ་འབྱུང་བ་ལ་ངམ་པས་ཨེ་མའོ་ཞེས་པས་དྲངས་ཏེ། གདུལ་བྱ་ལོག་པ་ཅན་རྣམས་རང་ལ་གནས་ཀྱང་མ་རྟོགས་པ་ལ་བསྟིང་བ་དང་སྨྲེ་བས་ངོ་མཚར་ཞིང་ལྟ་སྤྱོད་རྨད་ཀྱི་ཆོས་ཟབ་མོ་དེའི་ཆེད་དུ་བྲོ་གླུས་དོན་མཆོག་ཁྱད་པར་ཅན་ལ་སྦྱོར་བས་རྨད་དུ་བྱུང་བའི་རོལ་པ་ལ་སྤྱད་པས་གསང་སྔགས་བླ་ན་མེད་པའི་དོན་གསལ་བར་འབྱུང་ངོ་། །དེ་ཡང་མཛད་པ་གདུལ་བྱ་དང་ཆ་མཐུན་པས་དོན་ལ་སྦྱོར་བའི་སྤྱོད་པའི་ཁྱད་པར་ལས་འཇིག་རྟེན་དྲུག་གི་གནས་སུ་མཐུན་པས་དོན་མཛད་པའི་སྐུ་གསུང་ཐུགས་ཀྱི་རོལ་པའི་སྤྲུལ་པ་འབྱུང་བ་དེས་འཁོར་བའི་ལས་དང་ཉོན་མོངས་པའི་རྒྱུའི་ལམ་རྒྱུད་རྩ་བ་ནས་གཅད་པའི་ཕྱིར་དུ་འཇིག་རྟེན་དྲུག་གི་ངོ་བོ་བདེ་བར་གཤེགས་པའི་སྙིང་པོ་གསང་སྔགས་དམ་པ་ཉིད་ཀྱི་རང་བཞིན་ཅན་ལ། ཐུགས་རྗེ་ཆེན་པོའི་ཐབས་ཀྱི་རྩལ་ལས་གླུ་བྲོ་གར་གྱི་སྤྲུལ་པ་ཤར་བའི་འོད་ཟེར་འགག་མེད་དུ་འཕྲོས་པས། རྒྱུད་དྲུག་གི་འགྲོ་བ་རྣམས་ཀྱི་སྒོ་གསུམ་གྱི་དངོས་པོ་ཐམས་ཅད་སྦྱངས་ཤིང་བསྲེགས་པར་མཛད་པའོ། །དེ་ལྟ་བུའི་ཆ་མཐུན་གྱི་སྤྱོད་པ་ལ་ཟིན་ཆགས་མེད་པས་མ་ཆགས་པའི་ཡེ་ཤེས་ཀྱིས་གདུལ་བྱའི་འགྲོ་བ་དང་ཆ་མཐུན་པའི་ཐབས་སུ་ཤར་བའི་མཛད་པས་དྲང་སྟེ་དོན་ལ་སྦྱོར་བའི་ཕྱིར་དུ། འཇིག་རྟེན་པ་དོན་ལ་ཤེད་མ་བྱེ་བ་བྱིས་པའི་སྤྱོད་པ་ཁོ་ན་བཞིན་དུ་འཇིག་རྟེན་གྱི་བུ་མོ་དྲུག་དང་རོལ་པའི་སྦྱོར་བས་གླུ་དང་གར་གྱིས་དོན་མཛད་པ་ཉིད་དེ། ཀུན་འདུས་ལས། སྤྱོད་པའི་ལས་ཀྱང་འདི་ལྟ་སྟེ། །རྒྱུ་དྲུག་འདུས་པའི་ཕུང་པོ་ལ། །ངན་སོང་གནས་འཇོམས་རྡོ་རྗེའི་རྟགས། །ཡེ་ཤེས་ཐབས་ཀྱིས་སྙན་པའི་གླུ། །རྨད་བྱུང་གསང་ཆེན་སྒྲོགས་པའི་ཚིག །ཅེས་སོ། །གསུམ་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། སྟབས་དྲུག་བསྐྱོད་པས། ཞེས་པ་ནས། བསྒྲགས་པས་དོན་དྲུག་རྫོགས། །ཞེས་པའི་བར་གྱིས་བསྟན་ཏེ། འཆད་པའི་གོམ་སྟབས་དྲུག་གི་བསྐྱོད་པས་འགྲོ་བ་རིགས་དྲུག་གནས་ནས་བསྒྲལ་བ་སྟེ། ཅང་ཤེས་འཕྲུལ་གྱི་སྟབས། དཔའ་བོ་ཚམ་རྔམ་གྱི་སྟབས། ཁྱུ་མཆོག་རོལ་པའི་སྟབས། སེང་གེ་རྔམ་པའི་སྟབས། ཁྱུང་ཆེན་ལྡིངས་པའི་སྟབས། ཁྲོ་བོ་མ་རངས་པའི་སྟབས་རྣམས་སོ། །འཆད་པའི་གླུ་དྲུག་བླངས་པས་གདུལ་བྱའི་ཡུལ་དྲུག་དྲངས་པ་སྟེ། ཚངས་དབྱངས། སིལ་སྙན། གླུ་གར། ཀ་ལ་པིང་ཀ །འབྲུག་ཆེན། སྲིན་མོ་ཁྲོས་པའི་རྣམས་སོ། །སོ་སོའི་བསམ་སྐད་དང་མཐུན་པའི་ཚིག་དྲུག་བསྒྲགས་པས་གསང་སྔགས་ཀྱི་དོན་དྲུག་རྫོགས་པར་བྱེད་པ་སྟེ། དོན་གྲུབ་རྡོ་རྗེ་གསང་བའི་ཚིག །ཞི་གནས་མི་རྟོག་ནམ་མཁའི་ཚིག །འཛིན་པའི་རྟོད་ཕུར་འབྱིན་པའི་ཚིག །ཡེ་ཤེས་དོན་གྱི་གསལ་བའི་ཚིག །ཡིད་བཞིན་ནོར་བུ་འབར་བའི་ཚིག །རྡོ་རྗེ་བུ་ཡུག་སྐར་མདའི་ཚིག་རྣམས་སོ། །གཉིས་པ་ནི། ལེ་ལོ་གཡེང་བའི། ཞེས་པ་ནས། བུ་ཡུག་སྐར་མདའི་ཚིག །ཅེས་པའི་བར་གྱིས་བསྟན་ཏེ། དེ་དག་རེ་རེ་ནས་རྒྱས་པར་བསྟན་པའི་ཕྱིར། །དང་པོ་ལྷ་འདུལ་བའི་བྲོ་ནི། ལྷ་འདུ་བྱེད་ཀྱིས་ལེ་ལོ་ཅན་རྣམས་འདོད་པའི་ཡུལ་ལ་གཡེང་བའི་ངོ་བོ་ནི་གླུ་བྲོའི་ས་གཞིའམ་ཡུལ་ཡིན་ལ། སྟབས་ནི་ལེ་ལོའི་གཉེན་པོ་ཤིན་ཏུ་བརྩོན་འགྲུས་ཆེ་བ་སྟེ་མྱུར་མགྱོགས་ཅང་ཤེས་རྟ་མཆོག་གི་སྟབས་མཛད་པའོ། །གླུ་ནི་ཚངས་པའི་དབྱངས་ཀྱིས་སྙན་པའི་གླུ་དུང་ངེ་བ་ཉིད་ཤེས་རབ་མའི་སྐད་ལ་དཔེ་བླངས་ཏེ་བཟླས་པས་མ་མོ་ཐམས་ཅད་རྡོ་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་དབང་དུ་སྡུད་པ་སྟེ། ཚངས་པའི་དབྱངས་ཀྱིས་འདྲེན་ཚུལ་གྱིས། །སྲིད་པའི་བུ་མོ་དབང་དུ་སྡུད། །ཅེས་གསུངས་པས་ལེ་ལོ་མེད་པར་འབྲས་བུའི་དོན་གྲུབ་པས་རྡོ་རྗེ་གསང་བའི་སྔགས་ཀྱི་ཚིག་ལྷ་རྣམས་ལ་སྟོན་པ་སྟེ། ལམ་དབང་དུ་དོན་དྲུག་ལས་འཁོར་སྡུད་པའི་གསང་སྔགས་ཀྱི་ཚིག་སྟོན་པའོ། །གཉིས་པ་ལྷ་མ་ཡིན་འདུལ་བའི་བྲོ་ནི། ལྷ་མ་ཡིན་ང་རྒྱལ་བསྒྱུར་དཀའ་བས་རི་བོའི་ས་ཡི་བྲོ་གཞིའམ་ཡུལ་ལ། ཁྲོ་གཏུམ་ང་རྒྱལ་འཇོམས་པའི་གཉེན་པོ་ལྷ་མ་ཡིན་རྣམས་དཔའ་བ་ལ་རྩི་བས་དཔའ་བོ་ཚམ་ངམ་གྱི་རྩལ་ཚད་འགྲན་ཟླ་མེད་པ་གྱད་ཀྱི་དོར་སྟབས་ཀྱིས། གཡུལ་ཕམ་རྒྱལ་གྱི་སྒྲ་འབྱུང་བས་རོལ་མོ་སིལ་སྙན་འབུམ་གྱིས་སྙན་པའི་དབྱངས་ལྷ་མ་ཡིན་གྱི་ཡིད་འཕྲོག་པའི་གླུ་བྲེང་ངེ་བ་ཉིད། དཔེ་སྦྲང་མ་རྫ་མར་བཅུག་པ་ལྟར་མཆུ་བཙུམ་ལ་འཁུར་བའི་དབྱངས་སུ་བླངས་པས་ཤངས་དང་ཞལ་གྱི་དབུགས་དང་བཅས་ཏེ་ཁྱབ་པར་བྱུང་ནས་འབྲོས་ཐབས་མེད་པར་ཕྲག་དོག་འདུལ་བ་སྟེ། འཁུར་བ་དབུགས་ཀྱི་རླུང་འབྱིན་གྱིས། །སྤྲུལ་པའི་ཆོ་འཕྲུལ་ཐམས་ཅད་འགྱེད། །ཅེས་པའི་དོན་རྫོགས་ཏེ་ཚིག་ནི་ང་རྒྱལ་ཞི་བ་ཆེན་པོར་གནས་གྱུར་པས་ཅིར་ཡང་མི་རྟོག་པ་ནམ་མཁའ་ལྟ་བུར་སྟོན་པ་དང་ལམ་པའི་དབང་དུ་ཞི་གནས་ནམ་མཁའི་ཚིག་ཀྱང་ཡིན་ནོ། །གསུམ་པ་འགྲོ་བ་ཀུན་གྱི་ས་བོན་གསོགས་པས་མི་འདུལ་བའི་བྲོ་ནི། མི་རྣམས་ཉོན་མོངས་པ་ལྔ་པོ་ཀུན་ནས་འདུས་ཏེ་ཆ་མཉམ་པར་ཡོད་པས་བདག་གཞན་དུ་འཛིན་པའི་ས་ཡི་བྲོ་གཞིའམ་ཡུལ་ལ། ཉོན་མོངས་པ་ལྔའི་གཉེན་པོར་འདོད་ཡོན་ལྔའི་ཞེན་པ་འཇོམས་པའི་གླང་པོའི་གཙོ་བོ་ཁྱུ་མཆོག་རིགས་ལྔ་ཡིས་རོལ་པའི་སྟབས་ཆེན་འགྱིང་བགས་ཅན་གྱིས། གླུ་དང་གར་གྱིས་མིའི་ཡིད་འཕྲོག་པར་བྱེད་པས་སྙན་ཅིང་ཡིད་དུ་འོང་བའི་པང་ཀ་དེའུའི་གླུ་དབྱངས་ཉིད། དཔེ་འབྲུག་གི་སྒྲ་ལ་བླངས་ཏེ་གདུག་པ་ཟིལ་གྱིས་གནོན་པའི་གསུང་རུ་ལུའི་སྒྲ་བསྒྲགས་པས་མ་ཏྲཾ་འཁོར་བཅས་རྣམས་ཀྱིས་སེམས་ཅན་ཟ་འཕྲོ་བཅད་ནས་ཉན་པ་ལྟ་བུས་གདུལ་ཞིང་གྲོལ་བར་བྱེད་པ་སྟེ། དྲག་ཅིང་འབྲུག་ལྟར་སྒྲ་བསྒྲགས་པས། །དྲག་པོ་གཏུམ་པོའང་ལྷན་ནེར་འགྱུར། །ཞེས་པའི་དོན་རྫོགས་ཏེ། དེས་སྒོ་ནས་མི་རྣམས་ཀྱིས་བདག་གཞན་དུ་འཛིན་པའི་ཉོན་མོངས་ལྔའི་རྟོད་ཕུར་དྲུང་ནས་འབྱིན་པར་བྱེད་པའི་དོན་སྟོན་པ་དང་། ལམ་པའི་དབང་དུ་བདག་ལྟའི་འཛིན་རྟོག་ངེས་པར་དགྲོལ་བས་བདག་མེད་སྟོན་པའི་ཚིག་ཀྱང་ཡིན་ནོ། །བཞི་པ་དུད་འགྲོ་འདུལ་བའི་བྲོ་ནི། བྱོལ་སོང་མ་རིག་པས་ནོན་ཏེ་ཀུན་རྨོངས་གཏི་མུག་འདུས་པའི་ས་ཡི་བྲོ་གཞི་ནི་ཡུལ་ཡིན་ལ། དེ་ཉིད་འདུལ་བའི་གཉེན་པོ་སེང་གེ་ཡི་དམ་བརྟན་པ་ལྟ་བུ་རྔམ་པས་འགྱིང་ཞིང་ཟིལ་གྱིས་གནོན་པས་རོལ་པའི་སྟབས་ཀྱིས་ཀླུ་ལ་བྱ་ཁྱུང་གྲགས་པས་དཀོན་མཆོག་ལ་སྐྱབས་འགྲོ་དྲན་པ་ལྟ་བུར་གསུངས་པས་ཀྱང་མཚོན་ཏེ་བྱ་ཀ་ལ་པིང་ཀའི་སྒྲ་དབྱངས་སྙན་པས་བྱོལ་སོང་གི་ཡིད་འཕྲོག་པ་ཅང་ཀ་དེའུའི་གླུ་ཉིད། དཔེ་གཡང་དཀར་ལུག་ཁྱུ་ལམ་དུ་བཅུག་པ་ལ་བླངས་ཏེ་བཟླས་པས་ཁོའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བརླབས་ཤིང་རིག་པ་གསལ་བར་བྱེད་པ་སྟེ། སྔགས་ཀྱི་ཡི་གེའི་སྒྲ་བསྒྲགས་པས། །འབར་བའི་དཀྱིལ་འཁོར་མེ་ལྟར་མཆེད། །ཅེས་པའི་དོན་རྫོགས་ཏེ། རྨོངས་པའི་གཏི་མུག་ཡེ་ཉིད་ནས་དོན་གྱི་ཡེ་ཤེས་སུ་གསལ་བའི་གསང་བ་མཆོག་གི་ཚིག་སྟོན་པ་དང་། ལམ་པའི་དབང་དུ། རང་བྱུང་གི་ཡེ་ཤེས་རང་གྲོལ་དུ་འཆར་བའི་ཚིག་ཀྱང་ཡིན་ནོ། །ལྔ་པ་ཡི་དྭགས་འདུལ་བའི་བྲོ་ནི། ཡི་དྭགས་རྣམས་འདོད་ཆགས་ཀྱིས་བསྐྱེད་པ་དང་སེམས་ཆགས་པས་བསྡུས་པ་ཅན་ཀུན་འདུས་པའི་གླུ་བྲོའི་ས་ཡི་གཞིའམ་ཡུལ་ལ། འདུལ་བའི་གཉེན་པོ་རྡོ་རྗེ་ཁྱུང་ཆེན་ལྡིངས་པའི་ཤགས་རྩལ་ལྟ་བུའི་གར་སྟབས་བྱས་ཤིང་། འབྲུག་གྱི་སྒྲ་ཆེན་ལྡིར་བས་ཆར་འབེབས་པ་དང་འདྲ་བར་མཆོད་སྦྱིན་ཐོབ་པར་གྲགས་པའི་སྒྲ་སྙན་གྱིས་ཡི་དྭགས་རྣམས་ཡིད་འཕྲོག་པར་བྱེད་པ་གྷར་དྷ་བའི་གླུ་ཉིད། དཔེ་མཛོ་མོ་བུ་སྟོར་བའི་ངུར་སྒྲ་ལ་བླངས་ཏེ་བཟླས་པས་མ་ཏྲཾ་ཟིལ་གྱིས་མནན་ཏེ་ཁ་ཊྭཱྃ་རྩེ་གཅིག་བརྒྱབ་པས་མགོ་བོ་ལྷོ་ནུབ་ཏུ་བསྟན་ནས་འགྱེལ་བའི་མཁུན་སྒྲ་དང་བསྟུན་ཏེ་ལྷང་ཙེར་དུ་བརྗོད་པས་འཁྲུལ་སྣང་གཅོད་པར་བྱེད་པ་སྟེ། མཁུན་ཞིང་གདུང་བའི་སྒྲ་འབྱིན་པས། །གདུག་བྱེད་ཐམས་ཅད་ཐལ་བར་རློག །ཅེས་པའི་དོན་རྫོགས་ཏེ། ལྟོགས་དབུལ་སེལ་ཞིང་འདོད་པ་འབྱུང་བས་རེ་བ་སྐོང་བ་ཡིད་བཞིན་ནོར་བུ་འབར་བའི་ཡོན་ཏན་ལྟ་བུའི་གསང་བའི་ཚིག་སྟོན་པ་དང་། ལམ་པའི་དབང་དུ་འདོད་རྒུ་རང་རྫོགས་ཀྱི་ཚིག་ཀྱང་ཡིན་ནོ། །དྲུག་པ་དམྱལ་བ་འདུལ་བའི་བྲོ་ནི། དམྱལ་བ་ཞེ་སྡང་ཅན་རྣམས་འདུས་ཤིང་རྫོགས་པའི་བྲོ་ཡི་ས་གཞིའམ་ཡུལ་ལ། ཞེ་སྡང་གི་གཉེན་པོ་ཐུགས་རྗེའི་ཁྲོ་བོ་ཨ་བ་གླང་མགོ་ཁྲོས་པའི་ཚིག་གིས་ལས་བགྲང་བ་ལྟ་བུར་མ་རངས་ཁྲོས་པའི་སྟབས་ཆེན་བྱས་ཤིང་། ཧ་དང་པ་ཙ་ལྟ་བུ་སྲིན་པོ་མ་རངས་ཁྲོས་པའི་གླུ་ཤ་ཏ་པ་ཉིད། དཔེ་རྫ་རོང་ནས་ཆུ་འབབ་པ་ལ་བླངས་ཏེ་བཟླས་པས། ལོངས་སྐུའི་ཁྲོ་བོར་བཞེངས་ཏེ། མ་ཏྲཾ་གི་གམ་དུ་སྡིགས་མཛུབ་དང་བཅས་པར་སྔགས་བཟླས་པས་ཁོ་འདར་ཡེད་ཡེད། འཁོར་རྣམས་སྙིང་ཞུམ་ནས་མིག་རྩ་རིག་རིག་ཏུ་འདུག་པ་དང་མཐུན་པར་གནས་ངན་ཡོངས་སུ་སྒྲོལ་བ་སྟེ། རྡོ་རྗེ་སྲིན་པོའི་ངུར་སྒྲ་ཡིས། །གདུག་བྱེད་ཐམས་ཅད་སྤ་ཡང་བཀོང་། །ཞེས་པའི་དོན་རྫོགས་ཏེ། རྡོ་རྗེ་ཐེག་པའི་ཡེ་ཤེས་རླུང་གི་བུ་ཡུག་དང་སྐར་མདའི་འོད་ཀྱིས་ཞེ་སྡང་འཇོམས་ཤིང་འཁོར་བའི་ཚ་གྲང་ཡང་སེལ་བའི་ཚིག་བརྗོད་པ་དང་། ལམ་པའི་དབང་དུ། གདུག་པ་འདུལ་བའི་ནུས་རྩལ་འགྱེད་པའི་སྔགས་ཚིག་ཀྱང་ཡིན་ནོ། །ཚུལ་འདི་དག་རྣམས་ལས། རྩ་རྒྱུད་དུ་ནི། ཉོན་མོངས་ལྔ་ཡི་ས་གཞི་ལ། །ཡི་གེ་ཡེ་ཤེས་ལྔ་གསལ་བས། །འབར་བ་ཁྲག་འཐུང་སྤྲིན་ཕུང་བཞིན། །ཁྱུ་མཆོག་ལྔ་ཡི་སྟབས་ཀྱིས་རོལ། །སེང་གེའི་ང་རོལ་རྔམ་པའི་གླུ། །རྡོ་རྗེ་དོན་རབ་སྒྲོགས་པའི་ཚིག །རྨད་བྱུང་རོལ་པའི་དོན་འབྱུང་བ། །ཨེ་མ་ཧོ་ངོ་མཚར་ཡ་མཚན་ཆེ། །དགྱེས་པས་རོལ་པའི་བྱིན་རླབས་ལས། །རྒྱུད་དྲུག་རྩད་གཅོད་ངོ་མཚར་ཆེ། །ཞེས་ཤར་དུ་དུག་ལྔ་འ ཇོམས་ཤིང་ངན་སོང་གནས་སྒྲོལ་གྱི་བྲོ་དང་། མཉམ་པ་ཆེན་པོའི་ནམ་མཁའ་ལ། །ཡེ་ཤེས་འབར་བའི་མེ་བྱུང་བས། །འཁོར་བ་ཁྲག་གི་རྒྱ་མཚོ་བསྐམས། །སྡུག་བསྔལ་དབྱིངས་སུ་ཟད་མཛད་པའི། །མི་གནས་ཀློང་ནས་ཆོ་འཕྲུལ་བ། །གཏུམ་རྔམ་འཁྲུག་པའི་ངོ་བོར་འབར། །ཁྲག་འཐུང་འབར་བའི་སྤྲིན་འཕྲོས་པས། །སྲིད་གསུམ་ཁྲག་མཚོ་རྔོ་ནས་སྐམས། །དཔའ་བོ་ཚམ་ངམ་གྱད་ཀྱི་སྟབས། །སྲིན་པོ་མ་ཏྲཾ་ཁྲོས་པའི་གླུ། །ཐེག་ཆེན་རྨད་བྱུང་གསང་བའི་ཚིག །ཆགས་པའི་རྟོད་ཕུར་གཏིང་ནས་ཕྱུང་། །ཞེས་ལྷོ་རུ་ཁྲག་འཐུང་རོལ་པས་འདུལ་སྦྱོང་གྲགས་པའི་བྲོ་དང་། མཁའ་བཞི་དབྱིངས་ཀྱི་བདེ་ཀློང་ནས། །ཚོམ་བུ་འབུམ་གྱི་ཆོ་འཕྲུལ་འཕྲོས། །དགྱེས་མཆོག་རོལ་པའི་ཕྲིན་ལས་ལས། །ལ་ལ་ཤེས་རབ་ཐབས་ལ་རོལ། །ལ་ལ་ཐུགས་རྗེ་ལས་ལ་རོལ། །ལ་ལ་གདུལ་བྱའི་ཡུལ་ལ་རོལ། །ལ་ལ་ཡེ་ཤེས་དབྱིངས་ལ་རོལ། །ཐབས་ཀྱི་རྒྱལ་པོ་རྟོགས་པའི་དབང་། །ཆེ་བ་ལུང་གི་ཁྱད་པར་ལས། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །རྡོ་རྗེ་པདྨ་རོལ་པའི་སྟབས། །ཆགས་མེད་མཁའ་ལ་གསལ་བའི་ཚིག །དུག་གསུམ་ཟིལ་གྱིས་གནོན་པའི་གླུ། །འཇིག་རྟེན་རིམ་གྱིས་སྦྱར་བའི་ཕྱིར། །འཇིག་རྟེན་ཁམས་སུ་རོལ་པ་བྱུང་། །འཇིག་རྟེན་དྲུག་གི་སྙིང་ལ་རོལ། །བདག་པོ་གཙོ་བོ་ཟིལ་མནན་ནས། །འཁོར་ནི་སྙན་པའི་ཚིག་གིས་བསྟེན། །འཁོར་བའི་ལམ་ལྔ་རྒྱུན་བཅད་ནས། །རྣམ་ཐར་ནམ་མཁའི་ངང་དུ་བརླན། །གར་མཆོག་གློག་ལྟར་འགྱུ་བ་ཡིན། །རྨད་བྱུང་གསང་བའི་དཀྱིལ་འཁོར་ནས། །ཡི་གེ་འབར་བའི་ཆོ་འཕྲུལ་འཕྲོས། །འཕྲོ་འདུ་སྐར་ལྟར་འཁྲུག་པ་ལས། །ཁམས་གསུམ་བུད་ཤིང་ཐལ་བར་རླགས། །རྡོ་རྗེ་བུ་ཡུག་སྐར་མདའི་སྟབས། །རྡོ་རྗེ་འབྲུག་ཆེན་ལྡིར་བའི་གླུ། །དོན་གྲུབ་རྡོ་རྗེ་གསང་བའི་ཚིག །གདུག་པའི་དཔུང་རྣམས་རྣམ་པར་འཇོམས། །ཞེས་ནུབ་ཏུ་རྟ་གདོང་ཞགས་ཀྱི་བྲོ་དང་། །རྡོ་རྗེ་སྤྲུལ་པའི་དཀྱིལ་འཁོར་པས། །ཐབས་ཀྱི་བྱང་ཆུབ་སེམས་སྤྲིན་འཕྲོས། །དབང་སྡུད་ཆགས་པའི་ཁྱད་པར་ལས། །འཇིག་རྟེན་བུ་མོ་དྲུག་དང་རོལ། །སེང་གེ་རྣམ་པར་རོལ་པའི་སྟབས། །རྡོ་རྗེ་ཁྱུང་སྐད་འགྱུར་བའི་གླུ། །ཆགས་པ་རྩད་ནས་གཅོད་པའི་ཚིག །རྡོ་རྗེ་རོལ་པའི་དོན་ཆེན་པོ། །ཞེས་བྱང་དུ་བུ་མོ་དྲུག་དང་རོལ་པའི་བྲོ་དང་བཞིར་གསུངས་སོ། །གསུམ་པ་ནི། རྨད་བྱུང་གསང་བའི། ཞེས་པ་ནས། འདུས་པའི་འདམ་རྫབ་བསྐམས། །ཞེས་པའི་བར་གྱིས་བསྟན་ཏེ། བྲོ་སྟབས་ཀྱིས་དོན་ཅི་འགྲུབ་སྙམ་པ་ལ། ཡོན་ཏན་རྨད་དུ་བྱུང་བའི་སྟོན་པའི་ཐུགས་ཀྱི་བཀོད་པའི་ཆོས་དབྱིངས་གསང་བའི་དཀྱིལ་འཁོར་ནས། ཡེ་ཤེས་འོད་ལྔར་འབར་བའི་མེ་ཉིད་བྱུང་བས། ལྷའི་ལེ་ལོ་སོགས་ཁམས་གསུམ་འཁོར་བའི་བུད་ཤིང་བསྲེགས་པ་དང་། ཡི་དྭགས་ཀྱི་ཆགས་པ་སོགས་སྲིད་གསུམ་འཁོར་བའི་ཁྲག་གི་རྒྱ་མཚོ་བསྐམས་ཤིང་། ལྷ་མ་ཡིན་སོགས་ང་རྒྱལ་གྱི་རི་བོ་རྨིང་ནས་བཤིག་སྟེ། དམྱལ་བ་སོགས་ཀྱི་ཞེ་སྡང་འབར་བའི་མེ་དབལ་བསད་ནས། བྱོལ་སོང་སོགས་ཀྱི་གཏི་མུག་གི་མུན་པ་གཏན་ནས་བཅོམ་པས། མི་ལ་སོགས་པ་རིགས་དྲུག་གི་ས་བོན་གསོགས་པའི་འཁོར་བ་འདུས་པའི་འདམ་རྫབ་བསྐམས་པར་མཛད་པ་ནི་ཐུགས་རྗེས་དོན་གྲུབ་པའོ། །དེ་དག་ནི་ལོ་རྒྱུས་བརྗོད་པས་རྒྱལ་བའི་མཛད་པ་སྟེ་རྗེས་སུ་འཇུག་པའང་མཐུན་ནོ། །གསུམ་པ་ནི། ལང་ཀའི་བདག་པོ། ཞེས་པ་ནས། འདྲིད་པའི་རོལ་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཞེས་བོས་ནས་འདི་དག་ནི། གདུལ་བྱ་གང་གི་ཆ་དང་མཐུན་པར་སྦྱར་བའི་སྤྱོད་པས་གཞུག་ཏུ་དམ་པའི་དོན་ལ་སྦྱོར་བར་བྱེད་པ་ཡིས་མཛད་པ། དོན་ལ་ཤེད་མ་བྱེ་བས་བྱིས་པ་རྣམས་ཐབས་ཀྱིས་འདྲིད་པའི་རོལ་པ་ཅིར་ཡང་འཆར་བས་ཡིད་འདྲེན་པའི་སྤྱོད་པ་སྟེ་ཆ་མཐུན་སྦྱོར་བའི་ལུང་གི་ངོ་བོ་བསྟན་པའོ། །གཉིས་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། ལང་ཀའི་བདག་པོ། ཞེས་པ་ནས། སྤྱོད་པའི་ཁྱད་པར་སྤྱོད། །ཅེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཞེས་སྐྱེས་བུས་བོས་ནས། གཞན་ཡང་ཐབས་མཁས་ཀྱི་སྤྱོད་པ་གང་ཞིག །རེས་ཁོའི་སྤྱོད་པ་ལྟར་དང་རེས་རང་གི་སྤྱོད་པ་ལྟར་བྱས་ནས་གཞུག་ཏུ་དོན་མཆོག་རྫོགས་པའི་ཐབས་ཀྱི་ཐེག་པ་ཆེན་པོ་ལ་གཟུད་པའི་མཛད་པ་ཐབས་འཛུད་བསྲེ་བའི་བརྟུལ་ཞུགས་ནི་མི་མཐུན་པ་བརྟུལ་ཞིང་དོན་ཆེན་པོ་ལ་ཞུགས་པའི་ཕྱིར་མིང་ཡང་འགྲུབ་བོ། །དེའི་དོན་རྒྱས་པར་འཆད་པ་ནི། འཇིག་རྟེན་ན་ལོག་སྲེད་ཅན་རྣམས་ཀྱི་སྤྱོད་པ་ཇི་ལྟ་བ་དེ་དང་མཐུན་པར། གསང་བ་བས་ཀྱང་འོག་གི་བརྟུལ་ཞུགས་ཀྱི་སྤྱོད་པའི་ཁྱད་པར་ཉེར་གསུམ་པོ་འདི་དག་དེ་ལྟར་སྤྱོད་པའོ། །གཉིས་པ་ནི། ཝ་དང་ཅང་ཤེས། ཞེས་པ་ནས། བག་ལེན་རྒྱལ་འཁོར་སྐྱོང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་བརྟུལ་ཞུགས་སྤྱོད་པའི་དམ་ཚིག་བཅུ་ཚན་གཉིས་དང་གསུམ་ནི། ཐོག་མར་ཝ་ཡི་བརྟུལ་ཞུགས་ནི་སྲོག་ལ་བབ་ན་རང་གི་ལག་པའང་བཅད་དེ་འབྲོས་པ་སྟེ། དེ་བཞིན་དུ་རྣལ་འབྱོར་མཆོག་གིས་བླ་མ་དང་མཆེད་ཀྱི་ནང་དུ་སྲོག་ལ་བབ་ཀྱང་མི་འདའ་བར་བསྲུང་ཞིང་སྐྱོན་སྤང་བའི་ཚུལ་གྱིས་བསྲུང་བྱ་ལ་འཛེམ་པའི་བརྟུལ་ཞུགས་ཏེ། བཤད་རྒྱུད་སྒྱུ་འཕྲུལ་རྔམ་གློག་ལས། ཝ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །སྤང་བར་བྱ་བའི་ཐབས་སུ་སྤྱད། །ཅེས་སོ། །འོ་ན་དེ་ཉིད་བཤད་པའི་ལོག་སྲེད་ཅན་གྱི་སྤྱོད་པར་འགྱུར་རམ་ཞེ་ན། མུ་སྟེགས་པ་དག་ནི་ཝ་དང་ཅང་ཤེས་ལ་སོགས་པ་ལས་མཐོ་རིས་སུ་འགྲོ་བ་མངོན་པར་ཤེས་པས་མཐོང་ནས་རྒྱུ་དངོས་མ་ཤེས་པ་དེ་དག་གི་སྤྱོད་པའི་དངོས་པོར་གྱུར་སྙམ་ནས་སེམས་ཅན་དེ་དག་གི་སྤྱོད་པ་ཅི་འདྲ་བར་སྤྱོད་པའི་ལོག་པའི་བརྟུལ་ཞུགས་ཅན་དག་སྟེ། འདིར་རྣལ་འབྱོར་ཆེན་པོ་བས་ཀྱང་བསྲུང་བའི་དཔེར་ཡང་འགྱུར་ལ། སྤྱོད་པ་དངོས་མཐུན་པར་སྤྱད་པས་དྲང་བའང་ཡིན་ཏེ། དེ་ལྟར་ཀུན་ལའང་སྦྱར་བར་བྱ་བ་དང་། ཅང་ཤེས་ནི་རྫུ་འཕྲུལ་མྱུར་མགྱོགས་དང་ལྡན་པ་ལྟར་དམ་ཚིག་བསྲུང་མཚམས་ཤེས་པས་ཐོགས་པ་མེད་པར་མཐར་ཕྱིན་པར་མཁས་ཤིང་ཤེས་བྱ་ཀུན་ལ་ཞུགས་ཏེ་གང་ཡང་སྐད་ཅིག་གིས་འགྲུབ་པ་བྱ་བའི་མྱུར་མགྱོགས་བརྩོན་འགྲུས་དྲག་པོའི་བརྟུལ་ཞུགས་ཏེ། ཅང་ཤེས་བརྟུལ་ཞུགས་ཆེན་པོ་ཡིས། །ཤེས་བྱ་ཀུན་ལ་འཇུག་པར་བྱ། །ཞེས་སོ། །གྱི་ལིང་ནི། ལུས་ཀྱི་རྩ་ཕུན་སུམ་ཚོགས་པ་དང་ལྡན་པས་བདག་པོའང་གནས་མིན་ལས་སྲུང་བར་བྱེད་པ་ལྟར་ལུས་ཀྱི་རྩལ་གྱི་བྱ་བའང་གསང་དོན་བསྲུང་ཞིང་གདམས་པ་མི་གཡེལ་བར་རྩལ་ཤུགས་ཆེ་བའི་བརྟུལ་ཞུགས་ཏེ། ལུས་ཀྱི་རྩལ་གྱི་བྱ་བ་དག །གྱི་ལིང་བརྟུལ་ཞུགས་ཆེན་པོས་བྱ། །ཞེས་པ་ལྟར་དང་། ཤིན་ཏུ་སྟོབས་དྲག་པའི་གླང་ཆེན་རྒུན་ཆང་གིས་མྱོས་པས་ཕ་རོལ་གྱི་དཔུང་འཇོམས་པ་ལྟར། དེ་དང་འདྲ་བར། དགྲ་བཞིའམ་གདུག་པ་དང་གདུལ་བྱ་རིལ་འདུལ་ཞིང་ཚར་གཅོད་པས་བླང་དོར་མེད་པའི་བརྟུལ་ཞུགས་ཏེ། གླང་ཆེན་མྱོས་པའི་བརྟུལ་ཞུགས་ཀྱིས། མི་འབྱེད་རྨོངས་ཚུལ་བསྟན་པར་བྱ། །ཞེས་སོ། །དཔའ་རྟུལ་ལྡན་པའི་ཟ་བྱེད་སྟག་ནི་གཏུམ་རྔམ་འཁྲུག་པའི་རང་བཞིན་གྱིས་གསོད་བྱ་འཇོམས་པ་ལྟར། ཐུགས་རྗེའི་ཐབས་ཀྱིས་ཞིང་བཅུ་སྒྲོལ་བའི་རྣལ་འབྱོར་མཆོག་གི་སྤྱོད་པའི་བརྟུལ་ཞུགས་ཏེ། སྟག་མཆོག་རྔམ་པའི་བརྟུལ་ཞུགས་ཀྱིས། །དཔའ་རྟུལ་གཏུམ་པའི་ལས་ཆེན་བྱ། །ཞེས་སོ། །མཁའ་ལྡིང་གི་རྒྱལ་པོ་ཁྱུང་ཆེན་གྱིས་གྱེན་ཕྱོགས་གང་ལ་མི་ལྟ་བའམ་ཁོབ་འོག་ཐམས་ཅད་མ་བལྟས་པར་གསལ་བ་ལྟར། བླ་མ་དང་གྲོགས་ལས་རང་བཟང་བར་མི་ལྟ་ཞིང་རང་གསལ་ལྟ་བའི་བརྟུལ་ཞུགས་ཏེ། ཁྱུང་ཆེན་མཁའ་ལྡིང་བརྟུལ་ཞུགས་ཀྱིས། །ལྟ་བའི་སྤྱི་རྒྱ་རླབས་ཀྱིས་གཅད། །ཅེས་སོ། །དོན་ནི་ཞེ་སྡང་ཆེ་བས་ལུས་གཏུམ་ཞིང་སེམས་ཐུང་སྟེ་སྡོང་ཆེན་འཇིགས་པ་འདྲིལ་བ་བཞིན་རྨིང་ནས་ཕ་རོལ་ཚར་གཅོད་པ་ལྟར་རྣལ་འབྱོར་མཆོག་གིས་ཁྲོ་བོའི་མཛད་པ་དྲག་པོའི་ལས་གཅིག་ཚུགས་སུ་བྱེད་པའི་བརྟུལ་ཞུགས་ཏེ། གཏུམ་ཐུང་དོམ་གྱི་བརྟུལ་ཞུགས་ཀྱིས། །རེ་བ་མེད་པའི་ལས་ཆེན་བྱ། །ཞེས་སོ། །གསང་བའི་དོན་མཆོག་གང་ཡང་སྲུང་ཐུབ་པ་དཔེར་ན་སླར་མི་ལྡོག་ངེས་པ་རྒྱ་མཚོའི་གཏིང་དུ་གསེར་གྱི་གར་བུ་ལྷུང་བ་ཁར་མི་འོང་བ་ལྟར་དོན་ཆེན་པོ་ལས་མི་ལྡོག་ཅིང་སྣོད་མིན་ལ་གསང་བ་མི་སྤེལ་བའི་བརྟུལ་ཞུགས་ཏེ། རྒྱ་མཚོ་གཏེར་གྱི་བརྟུལ་ཞུགས་ཀྱིས། །ཡིད་ཐུབ་མི་ལྡོག་བརྟན་པར་བྱ། །ཞེས་སོ། །ཕག་གམ་ལུག་ནི་ཡིད་ཀྱི་མུན་པ་གཏི་མུག་ཆེ་བས་བླུན་ཞིང་ལས་གདོང་ཚུགས་སུ་བྱེད་པ་ལྟར་རྣལ་འབྱོར་པས་ལྐུག་པའི་བློ་ཡི་ཚུལ་དང་ལྡན་པས་སྔགས་དང་ཕྱག་རྒྱ་གཞན་ལ་མི་སྟོན་ཅིང་གང་ལའང་རིས་སུ་མི་འབྱེད་པར་མཐར་ཕྱིན་པར་བྱེད་པ་མཉམ་པའི་བརྟུལ་ཞུགས་ཏེ། ལྐུག་པ་ལུག་གི་བརྟུལ་ཞུགས་ཀྱིས། །གཏི་མུག་བཞིན་དུ་ཤེས་རབ་ལྡན། །ཞེས་སོ། །དཔེ་ལ་ལར་ལྐུག་པ་ལྟ་བུའི། ཞེས་ཀྱང་བཞུགས་ཏེ་ཕག་དང་ལུག་གང་ཡིན་ཀྱང་དོན་འདྲའོ། །རི་རབ་ལྷུན་པོ་ལྟར་བླ་མ་ལ་ལྕི་བར་སེམས་ཤིང་མི་འགྱུར་བར་བརྟན་པ་ཆེ་བའི་བརྟུལ་ཞུགས་ཏེ། རི་བོ་ལྟ་བུའི་བརྟུལ་ཞུགས་ཀྱིས། །མི་འགྱུར་རབ་ཏུ་བརྟན་པར་བྱ། །ཞེས་སོ། །དཔེར་ན་ནམ་མཁའ་ལ་ཡང་དོག་མེད་པ་ལྟར་རྣལ་འབྱོར་པས་ཀྱང་ཏིང་ངེ་འཛིན་རྒོད་འཕྱར་གྱི་དབང་དུ་མི་འགྱུར་བ་དང་མཆེད་ལྕམ་གྱི་ནང་དུ་ཤོང་ཡངས་ཆེ་ཞིང་གུ་དོག་མེད་པར་གང་ལའང་སྤོང་ལེན་དང་རེ་དོགས་ཀྱི་རྣམ་རྟོག་ཀུན་དང་བྲལ་བའི་བརྟུལ་ཞུགས་ཏེ། ནམ་མཁའ་ལྟ་བུའི་བརྟུལ་ཞུགས་ཀྱིས། །ཡངས་དོག་ཀུན་དང་བྲལ་བར་བྱ། །ཞེས་སོ། །དཔེ་གནམ་ལྕགས་ལྕེ་ཡི་ཐོགས་ཆེན་གང་ལ་བབ་ཀྱང་འཇོམས་པ་ལྟར་འཁྲོ་བའི་བཟླས་པ་དྲག་པོའི་ཕྲིན་ལས་གང་བཙུག་པ་མཐར་ཕྱིན་ཏེ་དྲག་ཤུལ་ཅན་དུ་བྱེད་པའི་བརྟུལ་ཞུགས་ཏེ། གནམ་ལྕགས་ལྕེ་ཡི་བརྟུལ་ཞུགས་ཀྱིས། །དྲག་ཤུལ་ལས་ལ་སྦྱར་བར་བྱ། །ཞེས་སོ། །དཔལ་ཕྱག་ན་རྡོ་རྗེ་དྲག་ཤུལ་ཆེན་པོ་ནི་གདུལ་དཀའ་འཇོམས་པའི་ཕྲིན་ལས་ཀྱི་བརྟུལ་ཞུགས་མཆོག་གི་བདག་པོ་ཡིན་པ་ལྟར་རྣལ་འབྱོར་པས་ཀྱང་ཁྲོ་བོ་སྒོམས་ནས་ཕྲིན་ལས་དྲག་པོའི་མཐུ་སྟོབས་ཀྱིས་དགྲ་བགེགས་འཇོམས་པའི་བརྟུལ་ཞུགས་ཏེ། ལག་ན་རྡོ་རྗེའི་བརྟུལ་ཞུགས་ཀྱིས། །མཐུ་སྟོབས་དག་ལ་སྤྱད་པར་བྱ། །ཞེས་སོ། །ཁྭའམ་བྱ་རོག་ནི་ཟོན་ཆེ་ཞིང་ཁུ་འཕྲིག་དང་ལྡན་པ་ལྟ་བུའི་རྣལ་འབྱོར་པའང་བླ་མ་དང་མཆེད་ཀྱི་ནང་སོགས་གང་ལ་ཡང་ཁུ་འཕྲིག་དང་ཟོན་བག་ཆེན་པོ་ཅན་གྱི་བློ་དང་ལྡན་པའི་བརྟུལ་ཞུགས་ཏེ། ཁྭ་རོག་བརྟུལ་ཞུགས་ཆེན་པོ་ཡིས། །ཟོན་བག་ཁུ་འཕྲིག་སྤྱད་པར་བྱ། །ཞེས་སོ། །ངེས་པའི་དོན་ལ་ང་རྒྱལ་གྱིས་གདིང་སྐྱེད་པ་དཔེར་ན་སྟོབས་ལྡན་གླང་ཆེན་རྦ་ཀློང་ལ་མི་ལྟ་བར་ཆུ་རྒལ་བ་བཞིན་དུ་ཡིན་པའི་དོན་ལ་ངེས་པར་བསྟུན་ཏེ་སྲན་ཚུགས་པས་ཅི་ལའང་མི་ལྟ་བའི་བརྟུལ་ཞུགས་ཏེ། གླང་ཆེན་ཆུར་འཇུག་བརྟུལ་ཞུག་ཀྱིས། །ངེས་པའི་ང་རྒྱལ་སྤྱད་པར་བྱ། །ཞེས་སོ། །ཟླ་སྤངས་ཏེ་གྲོགས་མེད་པར་སེང་གེ་གཅིག་པུར་གནས་ཏེ་མི་འཇིགས་པར་བརྟན་པ་ལྟར་རྣལ་འབྱོར་པས་དགོན་པར་གྲོགས་ངན་སྤངས་ཏེ་གཅིག་པུར་གནས་པས་ལྟ་སྒོམ་གྱི་བརྗིད་པ་དོན་ཆེན་པོ་འགྲུབ་པའི་བརྟུལ་ཞུགས་ཏེ། རི་དྭགས་སེང་གེའི་བརྟུལ་ཞུགས་ཀྱིས། །གྲོགས་ངན་ལ་སོགས་སྤང་བར་བྱ། །ཞེས་སོ། །དཔེར་ན་རེག་འཇམ་གྱི་བྱ་ནི། གཤོག་པས་བསྐྱབས་པས་མཚོན་གྱིས་མི་ཚུགས་ཤིང་ཁྱོ་ཤུག་གཅིག་ལ་གཅིག་བརྩེ་བས་ཤིན་ཏུ་ཆགས་ནས་མི་འབྲལ་བ་ལྟར། བླ་མ་དང་མཆེད་ཀྱི་བར་དུ་དབྱེན་གྱིས་མི་ཚུགས་པར་ཐབས་ཤེས་སམ་སེམས་ཅན་རྣམས་ལ་བརྩེ་བའི་ཆགས་སེམས་དང་མི་འབྲལ་བའི་གདུང་བའི་ཡིད་ཀྱིས་འགྲོགས་པ་བདེ་བའི་བརྟུལ་ཞུགས་ཏེ། རེག་འཇམ་བྱ་ཡི་བརྟུལ་ཞུགས་ཀྱིས། །འགྲོགས་ན་བདེ་ཞིང་ཆགས་པར་བྱ། །ཞེས་སོ། །དཔེར་ན་སྒྱུ་མ་མཁན་གྱིས་སླུ་སེམས་ཀྱིས་རྟ་དང་གླང་པོ་བྱེད་དེ་སྒྱུ་མའི་ཚུལ་གྱིས་འདྲིད་པ་ལྟར་རྣལ་འབྱོར་ཆེན་པོ་བས་སྐུ་ཕྱག་རྒྱ་སྒྱུ་མའི་དཀྱིལ་འཁོར་བསྒོམ་ནས་དེ་ལའང་མི་གནས་པར་ཐབས་ལ་མཁས་པས་དོན་བྱེད་པའི་བརྟུལ་ཞུགས་ཏེ། སྒྱུ་མའི་ཕྱག་རྒྱའི་བརྟུལ་ཞུགས་ཀྱིས། །ཐབས་ལ་མཁས་པའི་ལས་ཆེན་བྱ། །ཞེས་སོ། །ཀུན་འདུས་ལྟར་ན་ཕག་གོང་དུ་སོང་བས་ཁྱིའམ་ཕག་པ་རྣམས་ཟས་གང་ལ་ཡང་གཙང་སྨེའི་རྟོག་པ་མེད་པར་ཀུན་ཟ་ཞིང་སྤྱོད་པ་ལྟར། རྣལ་འབྱོར་པའང་ཁ་ཟས་ལ་བླང་དོར་མེད་པའི་བརྟུལ་ཞུགས་ཉིད་དེ། ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། །གཙང་སྨེ་མེད་པ་ཀུན་ལ་སྤྱད། །ཅེས་སོ། །ལྕེ་སྤྱང་གིས་ཐོགས་པ་མེད་པར་མྱུར་དུ་གསོད་ཅིང་སྤྱོད་པ་དང་། ཟ་བྱེད་ཁྲ་ནི་དེ་ལྟར་གསོད་ཅིང་མང་པོ་ཟ་བར་བྱེད་པའི་དཔེ་ལྟར། རྣལ་འབྱོར་པའང་ཞིང་བཅུ་ལ་སོགས་པ་སྐད་ཅིག་ལ་སྒྲོལ་ཞིང་ཞལ་དུ་གསོལ་བའི་བརྟུལ་ཞུགས་ཏེ། ཅེ་སྤྱང་ཁྲ་ཡི་བརྟུལ་ཞུགས་ཀྱིས། །ཐོགས་མེད་གསོད་ལ་བརྩོན་པར་བྱ། །ཞེས་སོ། །འདིར་སྤར་མ་ལ་རྐང་པ་གསུམ་ཡོད་ཀྱང་། ཕྱག་མཆན་གཉིས་སུ་དྲངས་པར་མི་འདུག་གོ། །དཔེ་ཡུད་ལྟར་མྱུར་མགྱོགས་ལྡན་པ་གློག་ལྟར་དུ་འགྱུ་སྟེ་ཐུགས་རྗེ་ཆེན་པོས་ཡུད་ཙམ་ལའང་བདག་གཞན་གྱི་དོན་མཛད་པའི་བརྟུལ་ཞུགས་ཏེ། བར་སྣང་གློག་གི་བརྟུལ་ཞུགས་ཀྱིས། །ཅི་ལའང་མྱུར་མགྱོགས་བརྩོན་པར་བྱ། །ཞེས་ཕྱག་དཔེ་གཉིས་ལ་དྲངས་སོ། །ཡང་ན་ཀུན་འདུས་ལས། ཆེ་བའི་ང་རྒྱལ་སྟག་མཆོག་བློ། །ཞེས་གསུངས་པ་ནི། རྣལ་འབྱོར་པ་ཐེག་མཆོག་རྒྱལ་པོར་ཞུམ་པ་མེད་པར་འཇུག་པའི་བརྟུལ་ཞུགས་ཏེ། ང་རྒྱལ་སྟག་མཆོག་བརྟུལ་ཞུགས་ཀྱིས། །ཆེ་བའི་ང་རྒྱལ་བསྐྱེད་པར་བྱ། །ཞེས་སོ། །དཔེར་ན་བྱ་རྒོད་གང་གིས་སྲོག་མི་གཅོད་པར་སྡོམ་པ་སྲུངས་ཤིང་གཞན་གྱི་གོད་གང་ལ་འབྲང་སྟེ་བསྲུང་བས་ནམ་མཁའ་ལྡིང་གི་དབང་པོ་ལྟར། རྣལ་འབྱོར་པས་བླ་མ་དང་མཆེད་ཀྱི་དཀོར་དང་ཁ་ན་མ་ཐོ་ལ་འཛེམ་ཞིང་གདུལ་བྱར་གྱུར་པའི་རྫས་མ་བྱིན་པར་བླངས་པས་ཀྱང་གཞན་དོན་སྒྲུབ་པའི་བརྟུལ་ཞུགས་ཏེ། མཁའ་ལྡིང་ལྟ་བུའི་བརྟུལ་ཞུགས་ཀྱིས། །ཀུན་ཏུ་འཛེམ་པའི་ལས་ཆེན་བྱ། །ཞེས་སོ། །ས་བདག་གང་རྒྱལ་ས་ཐུབ་ཅིང་གདན་ནོན་ལ་དགོངས་པའི་ཉམས་བག་ཆེན་པོས་བློ་རྩལ་ལེན་པའི་རྒྱལ་པོ་མཆོག་གིས་ཡུལ་འཁོར་ངེས་པར་སྐྱོང་བའི་དཔེ་ལྟར། རྣལ་འབྱོར་པས་དགོངས་པ་མཉམ་པའི་གཞི་ལས་མ་གཡོས་པར་གསལ་ཞིང་རིག་པས་ཉེས་པ་ཐུབ་ལ་གདུལ་བྱ་རྣམས་ཐབས་ཀྱིས་འདྲེན་ཅིང་སྐྱོང་བས་བྱིན་རླབས་ཆེ་བའི་བརྟུལ་ཞུགས་ཏེ། རྒྱལ་པོ་འཁོར་སྐྱོང་བརྟུལ་ཞུགས་ཀྱིས། །ས་ཐུབ་འཁོར་དང་ལྡན་པར་བྱ། །ཞེས་སོ། །འོན་ཀྱང་རྩ་བའི་རྒྱུད་ལས། ཅང་ཤེས་དང་གྱི་ལིང་གཉིས་གཅིག་ཏུ་བྱས་ཏེ། བླང་དོར་མི་འབྲལ་ཁོན་ཆེན་བདག །ཅེས་གསུངས་པས་ཉི་མའི་བརྟུལ་ཞུགས་ནི་ཀུན་ལ་སྙོམས་པའི་བླང་དོར་མེད་པའི་ལས་དང་མི་འབྲལ་བར་ཁོན་ཆེན་མུན་པར་འཇོམས་པའི་བདག་ཉིད་ཡིན་པ་ལྟར། རྣལ་འབྱོར་མཆོག་གིས་ཅི་ལའང་རྣམ་རྟོག་མེད་པའི་ཡེ་ཤེས་མངའ་བས་མ་རིག་པ་འཇོམས་པའི་བརྟུལ་ཞུགས་བསྣན་ནས་གྲངས་ངེས་སུ་མཛད་དེ་འགྲེལ་ཆེན་ཀྱང་དེ་དང་མཐུན་མོད། །འདིར་ཆོས་རྗེ་དམ་པ་རིན་པོ་ཆེའི་ཕྱག་མཆན་སོགས་ན་བཞུགས་པ་ལྟར་རྔམ་གློག་གི་ལུང་དང་བཅས་པ་དྲངས་ཏེ་བསྟན་པའོ། །གསུམ་པ་ནི། རྣལ་འབྱོར་བརྟུལ་ཞུགས། ཞེས་པ་ནས། ཐམས་ཅད་གཅིག་སྤྱོད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་རྣལ་འབྱོར་མཆོག་གི་སྤྱོད་པའི་བརྟུལ་ཞུགས་ཆེན་པོ་ཐབས་འཛུད་བསྲེ་བའི་དམ་ཚིག་ཀུན་གྱི་ཐོག་མར་འགྲོ་བ་ནི། བཅུ་ཕྲག་གཉིས་དང་སླར་ནི་གསུམ་སྟེ་ཉེར་གསུམ་གྱི་སྤྱོད་ཚུལ་རྣམས་ལ་མཁས་བློར་ལྡན་པས་དམ་པ་གང་སུ་ཞིག་གིས་སྒོ་འདིར་ཉམས་སུ་བླངས་ཏེ་དང་དུ་ལེན་ཅིང་སྤྱོད་པར་བྱེད་པ་དེ་དག་རྣལ་འབྱོར་དམ་པས་གསང་ཆེན་ཐེག་པའི་རྒྱལ་པོས་གདུལ་བྱ་འདྲེན་པའི་ཐབས་མཆོག་ཕུལ་དུ་བྱུང་བ་སྟེ། ཚུལ་དེས་བདག་ཉིད་ཐེག་པ་ཆེན་པོ་གང་ལ་ཞུགས་ནས་གདུལ་བྱ་གཞན་ཡང་འཛུད་པར་བྱེད་པས་བདག་དང་ཁོའི་སྤྱོད་པ་བསྲེ་བ་ཡི་ཚུལ་གྱིས་གདུལ་བྱ་ཐམས་ཅད་དང་སྤྱོད་པ་རྣམ་དབྱེ་མེད་པར་གཅིག་ཏུ་བྱ་བའི་ཕྱིར་ཐབས་ལ་མཁས་པའི་སྤྱོད་པའོ། །སྤྱིར་ན་དཀའ་ཐུབ་དང་བརྟུལ་ཞུགས་ནི་དཀའ་ཐུབ་དམ་ཚིག་ཏུ་འགྱུར་ཞིང་སྤྱོད་པར་ཡང་སྟོན་ཏོ། །བརྟུལ་ཞུགས་ནི་སྤྱོད་པ་ཁོ་ནར་འཆད་དེ། འདིར་ཡང་གདུལ་བྱའི་དབང་གིས་སྤྱོད་པར་རིགས་སོ། །འོ་ན་བརྟུལ་ཞུགས་ཀྱི་དཔེ་དག་ནི་ལོག་སྲེད་ཅན་ཡིན་ནོ་ཞེ་ན། དེ་དག་ལོག་པ་ལ་སྣང་བ་ཡིན་ཀྱང་ལོག་སྲེད་ཅན་དུ་མི་འགྱུར་བའི་ཕྱིར། མུ་སྟེགས་ཅན་ཁོ་ནར་ངེས་པར་དེ་དག་གི་སྒོ་ནས་ཐབས་ཀྱིས་གཟུད་པ་ལ་ཐེ་ཚོམ་མེད་དོ། །གསུམ་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། ལང་ཀའི་བདག་པོ། ཞེས་པ་ནས། འདྲ་ཚུལ་གང་ཡིན་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཞེས་སྡུད་པ་པོ་ལ་བོས་ནས་གཞན་ཡང་གང་གདུལ་བྱའི་ཆ་དང་མཐུན་པས་དོན་ལ་འཇུག་པར་བྱེད་པའི་ཐབས་ཀྱི་སྤྱོད་པའི་ལུང་འཆད་པ་ནི། གདུལ་བྱ་གང་ཡང་རུང་བ་ཉིད་ཀྱི་སྤྱོད་པ་དེ་ཉིད་དང་མཐུན་པ་དེ་ལྟར་བདག་གི་སྤྱོད་པའང་དེ་ཇི་ལྟ་བ་བཞིན་དུ་མཐུན་འཇུག་ཏུ་སྤྱོད་པས་དྲང་ཐབས་ཏེ། གང་གདུལ་བྱ་འཇིག་རྟེན་པའི་སྤྱོད་པ་དང་ཚུལ་འདྲ་བར་ཆ་མཐུན་དང་སྤྱོད་པ་གང་ཡིན་པ་ལ་དེ་སྐད་ཅེས་བྱའོ། །གཉིས་པ་ནི། འདོད་ལ་ཆགས་པས། ཞེས་པ་ནས། མུན་པར་སྣང་བ་མཐུན་འཇུག་སྤྱོད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་དག་གི་ཚུལ་ཉིད་ཇི་ལྟར་སྤྱོད་སྙམ་པ་ལ། ཆགས་པ་ནི་ཞེ་སྡང་དང་གཏི་མུག་གཉིས་ཀའི་གཞིར་གྱུར་པས་གཉིས་ཀ་ལའང་སྨོས་ཏེ། འགྲོ་བ་རྣམས་ཀྱིས་གདོད་པ་ལ་ཆགས་པས་ལས་ཀྱི་རྒྱུ་རྐྱེན་གྱི་དབང་ལས་ཕོ་མོར་སྨིན་ཏེ་ཆགས་ཡུལ་གྱི་ལུས་སུ་གྱུར་པ་ལ། འཁྲུལ་པའི་སྤྱོད་ཡུལ་ཕོ་མོར་སྣང་ནས་འདོད་ཆགས་ལ་ཞེན་པ་དག་ལ། འདུལ་བྱེད་ཀྱང་ལྷ་ཡབ་ཡུམ་ལ་སོགས་པ་རྣམ་པ་ཕོ་མོར་སྣང་བ་གང་ཡིན་པ་ནི། སེམས་ཀྱི་ཆོས་ཉིད་རང་འོད་གསལ་བ་ཇི་ལྟ་བའི་ངང་ལ་ཕོ་མོ་མ་དམིགས་པས་མེད་པར་གྱུར་པ་ལ་ཐུགས་རྗེའི་བྱིན་རླབས་ཡབ་ཡུམ་གྱི་དཀྱིལ་འཁོར་ལ་སོགས་པར་ཕོ་མོར་ཤར་བའི་ཚུལ་གྱིས་ཡབ་ཡུམ་དུ་རྣམ་པར་སྣང་བ་དག་གིས་འདོད་ཆགས་ཅན་དང་མཐུན་པར་འཇུག་པའི་སྤྱོད་པས་འདུལ་ཞིང་དོན་མཛད་པའོ། །དེ་བཞིན་དུ་རྒྱུ་འདོད་པ་ལ་ཆགས་པས་སམ་ཡང་ན་ཞེ་སྡང་གི་ལས་ལ་ཞེན་པས་གཞན་ལ་ཁྲོ་བར་གྱུར་པ་ལ། འཁྲུལ་པ་ལ་ཞེན་ནས་ཁྲོ་བར་འདོད་པའི་དབང་གིས་ལས་ཀྱི་ཁྲོ་བོར་སྣང་བ་ལ་འདུལ་བྱེད་ཐུགས་རྗེའི་ཁྲོ་བོའི་སྐུར་རྣམ་པར་སྣང་བ་གང་ཡིན་པ་ཡང་། ཆོས་ཉིད་མཉམ་པ་ཆེན་པོ་ལ་རང་རྒྱུད་པའི་ཁྲོ་བོར་སྣང་བ་མེད་པ་ལས་ལས་ཀྱི་ཀེའུ་སེང་ལ་ཡེ་ཤེས་ཀྱི་ཀེའུ་སེང་གིས་དོན་མཛད་པ་ལ་སོགས་པ་ལྟ་བུར་བྱིན་རླབས་ཀྱིས་ཁྲོ་བར་སྣང་བ་མཐུན་འཇུག་གི་སྤྱོད་པས་དོན་མཛད་ཅིང་འདུལ་བ་ཡིན་པ་ལྟ་བུའོ། །དེ་བཞིན་དུ་རྒྱུ་འདོད་པ་ལ་ཆགས་པས་དབང་ལས་མ་རིག་པའི་མུན་པས་ནོན་པར་སྣང་བ་དག་ལ། བླང་དོར་མ་ཤེས་པས་གཏི་མུག་གི་མུན་པར་འདོད་པའི་དབང་ལས་གདུལ་བྱའི་ངོ་ལ་གཏི་མུག་ཆེན་པོ་འབྱེད་པ་མེད་པའི་མུན་པར་སྣང་བར་གྱུར་པ་གང་ཡིན་པ། ཆོས་ཉིད་དབྱིངས་ཀྱི་ངང་ལ་ལོག་པའི་མུན་པ་མེད་པ་ལས། བླང་དོར་གྱི་དམིགས་པ་མེད་པར་ཡང་དག་པའི་མུན་པར་སྣང་བ་དེ་ཡང་མཐུན་འཇུག་གི་སྤྱོད་པ་ཡུལ་དང་མཐུན་པས་འདུལ་ཞིང་དོན་མཛད་པ་ཡིན་ནོ། །གསུམ་པ་ནི། ཇི་ལྟར་གང་ལྟར། ཞེས་པ་ནས། སྤྱོད་པས་དོན་བྱེད་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བས་ན་གདུལ་བྱ་ཇི་ལྟར་སྤྱོད་པ་དང་གང་ལྟར་སྤྱོད་པ་དེ་བཞིན་དུ་སྤྱད་ཅིང་དོན་མཛད་པའོ། །དུག་གསུམ་འདུལ་བ་དེ་དག་དང་ལ་སོགས་པ་ཞེས་དངོས་པོ་གཞན་བསྡུ་བའི་སྒྲས་འགྲོ་བའི་ཉོན་མོངས་པའི་སྤྱོད་པ་མཐའ་ཡས་པར་སྣང་བ་རྡུལ་སྙེད་པའི་གནས་ཐམས་ཅད་རིལ་དུ་འདས་པ་དང་མ་འདས་པའི་སྤྱོད་པ་ནང་རིས་མི་མཐུན་པ་ཇི་སྙེད་པ་ཐམས་ཅད་གང་གིས་འདུལ་བའི་དུས་ལ་བབ་པ་དེ་དང་དེར་སོ་སོའི་སྣང་བ་དང་མཐུན་པར་འཇུག་པའི་ཚུལ་གྱིས་བྱིན་རླབས་སྣང་བའི་སྤྱོད་པས་དོན་བྱེད་ཅིང་གདུལ་བར་མཛད་པ་ཡིན་ནོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། མེད་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། བཤད་པ་དེ་དག་ནི་མཐུན་པར་འཇུག་པར་བྱའོ། །ཞེས་སྔར་དམ་བཅའ་བར་མཛད་པའི་དགོངས་པ་ཡོངས་སུ་བགྲོས་པར་ཤེས་བྱའོ། །ཞེས་བཀའ་སྩལ་ཏེ་རྗེས་སུ་འཇུག་པའང་མཐུན་ནོ། །དེ་སྐད་ཅེས་སྨྲས་པས་ལང་ཀའི་བདག་པོ་ལ་སོགས་པ་འཁོར་དམན་པ་དམ་པ་རྣམས་ཀྱིས་མཐའ་ཐུག་པ་མེད་པའི་ལྟ་སྤྱོད་ལ་ངེས་པའི་གདེངས་རྙེད་དེ་ཡོངས་སུ་རྟོག་པ་མེད་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། སྒྱུ་མ་ལྟ་བུའི་མཛད་པ་གསུམ་གྱི་རོལ་པས་མཚན་མ་ཅན་དང་ལོག་སྲེད་ཅན་དང་ཉོན་མོངས་པ་ཅན་གྱི་གདུལ་བྱ་གསུམ་གཟུང་འཛིན་རྣམ་པར་གྲོལ་ཏེ་ཐར་པ་ལ་སྦྱོར་བར་བསྟན་པའི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་རྩ་བཞི་པ་ཉིད་རྣམ་པར་འགྲེལ་ཏེ་བཤད་པའོ།། །།བཅུ་པ་ནད་གསོ་བར་བྱ་བ་ལ་གསུམ་སྟེ། ནད་གསོ་བའི་ཐབས་ཀྱི་ཁྱད་པར་སྤྱིར་བཤད་པ། བྱེ་བྲག་ཏུ་སྨན་གྱི་དྲིས་ལན་ལོ་རྒྱུས་ཀྱིས་བསྟན་པ། ཞབས་བསྡུ་བའོ། །དང་པོ་ལ་གཉིས་ཏེ། དྲིས་པ་དང་། ལན་ནོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། ཡོངས་སུ་དྲིས་པ་ལས། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་ངེས་དོན་སྟོན་ནོ། །རྣམ་གྲངས་དགུ་པ་བསྟན་མ་ཐག་པ་དེ་ནས་ཡང་། སྡུད་པ་པོ་ལང་ཀའི་བདག་པོས། སྟོན་པ་གསང་བ་པའི་བདག་པོ་ཉིད་ལ་དྲི་བ་ཡོངས་སུ་དྲིས་པ། ཀྱེ་གསང་བ་པའི་བདག་པོ། ཉིད་ཀྱིས་ལེའུ་ཞེ་ལྔ་པར་ཆོས་ཀྱི་རྣམ་གྲངས་བཅུར་བཀོད་པ་ལས། བཅུ་པ་ནད་གསོ་བར་བྱའོ་ཞེས་དམ་བཅའ་བར་དགོངས་པ་དེ་ཉིད། ཚུལ་ཇི་ལྟར་ཡོངས་སུ་ཤེས་པར་བགྱི། དེ་སྐད་ཅེས་ཡོངས་སུ་དྲིས་པ་ལས། གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། གསང་བ་པའི་བདག་པོས། ཞེས་པ་ནས། གཉེན་པོར་གྱུར་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། སྐྱེས་བུ་གསང་བ་པའི་བདག་པོས་ལན་གསུངས་ཏེ་སྨྲས་པ། ལང་ཀའི་བདག་པོ། དྲིས་པ་དེ་དག་ནི་འདི་ལྟར་ཏེ། བསོད་ནམས་དང་ལྡན་པའི་བདག་གཞན་ཁམས་ཀྱི་གྲོང་ཁྱེར་གསུམ་གྱི་འགྲོ་བ་ནད་གཅོང་ཆེན་པོ་ཅན་རྣམས་ཐབས་དམ་པ་རྨད་དུ་བྱུང་བས་གསོ་བར་བྱའོ། །ནད་ཀྱི་གཞི་རྩ་ལ་མཁས་པས་ལྟ་བས་ཐག་བཅད་པར་བྱའོ། །ནད་སྦྱང་བའི་ཐབས་སྔོན་དུ་ཆོས་མཉན་པ་ལ་བརྩོན་པར་བྱའོ། །སྨན་པ་དམ་པ་བླ་མ་རྣམས་བསྟེན་པར་བྱའོ། །གཉེན་པོ་དམ་པའི་སྨན་སྒོམ་པའི་ངོ་བོ་སྲེལ་ཞིང་སྤེལ་བར་བྱའོ། །སྨན་སྦྱར་བ་ལ་མཁས་པས་བློ་བཞག་པར་བྱའོ། །སྨན་གྱི་ལམ་མཆོག་སྐྱོན་བཅོས་ཐབས་ཀྱིས་བསྲུང་བར་བྱའོ། །འབྲས་བུ་གཞན་དོན་གྱི་སྤྱོད་པ་ནད་པའི་ཚོགས་དང་མི་འབྲལ་བར་བྱའོ། །འབྲས་བུ་བདག་དོན་གྱི་སྤྱོད་པ་ནད་ཀྱི་རྒྱུན་གཅོད་པར་བྱའོ། །དོན་དུ་ནད་ཀྱི་གཉེན་པོར་གྱུར་པར་བྱའོ། །ཞེས་རྣམ་གྲངས་བཅུ་གསུངས་པ་ནི་གྲངས་ཀྱི་རྩ་བ་བསྟན་པའོ། །གཉིས་པ་ནི་ལང་ཀའི། ཞེས་པ་ནས། ཡོངས་སུ་སྒྲོལ་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཞེས་བོས་ནས། དེ་ལ་སེམས་བསྐྱེད་པའི་ཡུལ་གྲོང་ཁྱེར་གསུམ་ནི། གཟུགས་མེད་པའི་ཁམས་མི་སྣང་བའི་གྲོང་ཁྱེར་དང་། གཟུགས་ཀྱི་ཁམས་ཀུན་སྣང་བའི་གྲོང་ཁྱེར་དང་། འདོད་པའི་ཁམས་ཕྱེད་སྣང་བའི་གྲོང་ཁྱེར་རང་གི་ཉོན་མོངས་པའི་ནད་ཀྱིས་གཟིར་བ་དག་སྟེ། ནང་དུ། ཡིད་དང་། ལུས་དང་། ངག་དང་ཡང་སྦྱར་རོ། །ནད་ཀྱི་གཞི་རྩ་ནི་ལྷན་ཅིག་སྐྱེས་པའི་མ་རིག་མུན་པ་ཆེན་པོ་དང་ཀུན་ཏུ་བརྟགས་པ་ལས་བྱུང་བའི་གཟུང་འཛིན་གྱི་སྣང་བ་དང་ཉོན་མོངས་པའི་ཟུག་རྔུ་སྟེ། ལྟ་བས་ཐག་གཅད་པ་ལ་མཁས་པས་ཆོས་ཉིད་དུ་ངོ་ཤེས་པ་བྱའོ། །ནད་སྦྱང་བའི་ཐབས་ནི། སྨན་གྱི་མཆོག་ཏུ་གྱུར་པ་དམ་པའི་ཆོས་ཟབ་མོ་ཉན་པ་དང་སྨན་པར་ངེས་པའི་བླ་མ་མན་ངག་ཅན་གྱིས་བསྟན་པ་བློ་ལ་འཇོག་སྟེ་དོན་དུ་སྦྱོར་བའོ། །སྨན་པ་དམ་པ་ནི། དགེ་བའི་བཤེས་གཉེན་མཁས་མཆོག་བླ་མ་དམ་པ་གསེར་ལ་ནག་མཚུར་གཏོང་བ་ལྟ་བུ་ལས་ཁུངས་ཀྱི་དབང་དང་མན་ངག་ཐོབ་ཅིང་དགོངས་པ་གསལ་བ་སྟེ་འཆད་པའི་མཚན་ཉིད་རྣམས་དང་ལྡན་པ་ལེགས་པར་བ་སྟེན་པའོ། །ནད་ཀྱི་གཉེན་པོ་དམ་པའི་སྨན་ནི། སྒོམ་པའི་ངོ་བོ་ཞི་གནས་ཀྱི་ཏིང་ངེ་འཛིན་དང་ཤེས་རབ་རང་གསལ་སྒྲིབ་པ་མེད་པས་གསང་བའི་ལྷག་མཐོང་ངོ་། །སྨན་སྦྱར་བ་ནི། ལྟ་བས་རྟོགས་པའི་དོན་དེ། ཏིང་ངེ་འཛིན་གྱིས་ཉམས་སུ་བླངས་ཏེ་ཞི་གནས་དང་ལྷག་མཐོང་དེ་དག་གཟུང་དུ་འབྲེལ་བ་ཉིད་དུ་སྦྱོར་བར་བྱེད་པའི་བཞག་ཐབས་ལ་མཁས་པའོ། །སྨན་གྱི་ལམ་བསྲུང་བ་ནི་སྐྱོན་བཅོས་པའི་ཐབས་ཏེ། ཅི་སྤྱད་ཐམས་ཅད་མཉམ་པའི་དོན་དང་མ་བྲལ་བར་ཆོས་ཉིད་དེ་བཞིན་ཉིད་ལས་མི་མདའ་བར་སྤྱོད་པ་ཉིད་དུ་བསྟན་པའོ། །སྒོམ་པའི་འབྲས་བུ་ནད་པའི་ཚོགས་དང་མི་འབྲལ་བ་ནི་གཞན་དོན་གྱི་སྤྱོད་པ་སྟེ་འཁོར་བ་སྒྱུ་མའི་རང་བཞིན་དུ་རྟོགས་པ་ལས་བསྐལ་པ་རྒྱ་མཚོར་འགྲོ་དོན་མཛད་པ་ལ་མི་སྐྱོ་བ་དང་དུབ་པའང་མི་མངའ་བའོ། །ནད་ཀྱི་རྒྱུན་གཅད་པར་བྱ་བ་ནི། རང་དོན་གྱི་འབྲས་བུ་སྟེ། དངོས་པོ་དང་དངོས་པོ་མེད་པའི་ཆོས་ཐམས་ཅད་རང་རིག་པ་དེ་ཁོ་ན་ཉིད་རང་བཞིན་འོད་གསལ་བ་ཉིད་དུ་ངེས་པར་མཇལ་ཏེ་གདེངས་དང་ལྡན་པའོ། །ནད་ཀྱི་གཉེན་པོར་གྱུར་པ་ནི། འདིའང་གཞན་དོན་ཕུན་སུམ་ཚོགས་པ་སྟེ། ཐུགས་རྗེ་ཆེན་པོའི་མཛད་སྤྱོད་ཀྱིས་འཁོར་བ་ཡོངས་སུ་སྒྲོལ་བར་བྱེད་པ་རྒྱལ་བ་ཉིད་ཀྱི་མཛད་པའོ། །གཉིས་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ལན་གྱི་ཡོན་ཏན་བསྟན་པའོ། །དང་པོ་ནི། ལང་ཀའི་བདག་པོ། ཞེས་པ་ནས། ངེས་པར་གསུངས་པ་ལས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་སྐྱེས་བུ་ཆེན་པོས་སྔོན་གྱི་ལོ་རྒྱུས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར། ལང་ཀའི་བདག་པོ། ཞེས་བོས་ནས། དེ་ཡང་ཆོས་ཀྱི་རྣམ་གྲངས་བཅུ་པའི་དོན་གང་སྔོན་གསང་བདག་ཉིད་ཀྱིས་ཐོས་པའི་ལོ་རྒྱུས་བརྗོད་པ་ནི། གསང་བའི་བདག་པོ་ཁོ་བོས་སྔོན་མ་ནོར་བར་མཐོང་ཞིང་ཐོས་པའི་སྐབས་གཅིག་གི་དུས་ཀྱི་ཚེ་ན། སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་སྟོན་པ་རྡོ་རྗེ་སེམས་དཔའ་གསང་བ་དམ་པ་ཧེ་རུ་ཀ་དེས། དུར་ཁྲོད་ཀྱི་བདག་པོ་ཆེན་པོ་རུ་ཏྲ་བཏུལ་བའི་ཚེ་ཉིད་ན། འཇིག་རྟེན་སོ་སོའི་གཙོ་བོ་ལྷ་ཆེན་དང་ཕྱོགས་སྐྱོང་ཀུན་སྤྱན་སྔར་རང་དབང་མེད་པར་འདུས་ནས་རིགས་ངེས་པའི་སྲས་ཀྱི་ཚོགས་སུ་བཀོད་པར་གྱུར་པ་ཡི་འཁོར་དམན་པའི་ལུས་ཅན་འདུས་པ་ཕལ་མོ་ཆེ་ཡི་ཚོགས་དག་ལས་ཀྱི་ཁྱད་པར་མཐོ་དམན་མང་པོ་ལས་ཐུགས་རྗེའི་མཛད་པ་རླབས་པོ་ཆེའི་འཁོར་དེར་འདུས་པར་གྱུར་པ་ཡི་ནང་ནས་སངས་རྒྱས་ཀྱི་བསྟན་པའམ་འཁོར་འདུས་པའི་ཞར་ལ་བྱུང་བ་དྲེགས་པ་འཁོར་བཅས་བརྟུལ་བའི་ཞོར་ལ་དབང་དུ་འདུས་པར་གྱུར་པའི་ལྟ་སྤྱོད་ལོག་པའི་སྡེ་པ་མུ་སྟེགས་ཀྱི་ཆ་འཛིན་པ་གང་ཞིག་དམ་རྫས་ལ་རང་རྒྱུད་དུ་སྤྱོད་པས་སྨན་གྱི་བརྟུལ་ཞུགས་ཆེར་སྤྱོད་དེ་ཞེན་པས་འཛིན་ཅིང་དེས་འབྲས་བུ་སྒྲུབས་པ་འདི་དག་དྲང་སྲོང་རང་རྒྱུད་ཀྱི་སྐབས་ལས་གདུལ་བའི་འཁོར་དུ་གྱུར་པ་རྣམས་ཏེ། གཙོ་བོ་རུ་ཏྲ་ཉིད་གསང་སྔགས་ལ་སྤྱོད་པའི་མིང་ནི་སྒོ་གསུམ་དྲག་པས་ལོག་པའི་སྡེ་པ་དྲང་སྲོང་ནག་པོ་ཀཱ་ལ་ཞེས་བྱ་བ་ཡིས། སྟོན་པ་གང་དེ་ཡི་སྤྱན་སྔར་གུས་པས་འདུན་ནས་སྨན་གྱི་དོན་གསོལ་བ་བཏབ་པ་ནི། སྟོན་པ་དམ་པ་ཆེ་མཆོག་སྨན་གྱི་རྒྱལ་པོ། ཞེས་དྲང་སྲོང་གིས་བོས་ནས། རང་ཉིད་སྨན་གྱི་བརྟུལ་ཞུགས་འཛིན་པའི་ངོས་ནས། སྟོན་མཆོག་ཁྱོད་ནི་འགྲོ་བའི་ལོག་དུག་ཐམས་ཅད་འཇོམས་ཤིང་སེལ་བའི་བདུད་རྩི་ཆེན་པོ་སྨན་གྱི་དཀྱིལ་འཁོར་འཛིན་པའི་མངའ་བདག །ཉོན་མོངས་པ་ཕྲ་རགས་སུ་གྲགས་པའི་ནད་དོ་ཅོག་གི་དགྲར་གྱུར་པའི་གཉེན་པོ་འཇོམས་བྱེད་ཆེན་པོ་ལགས་པས། སྟོན་པ་དམ་པ་ཁྱོད་ཀྱིས་འགྲོ་བའི་རྒྱུད་ལ་ཡོད་པའི་ལས་དང་ཉོན་མོངས་པའི་ཀུན་རྟོག་གིས་གཟིར་བས་ཟུག་རྔུའི་ནད་རྣམས་ཞི་ནས་མེད་པར་མཛོད་ཅིག་པར་གསོལ་བ་བཏབ་པ་སྟེ་ནག་པོ་ཀཱ་ལས་གཞན་དོན་དུ་དེ་སྐད་ཞུ་བ་འདུན་ཏེ་གུས་པས་གསོལ་བ་ལས། ལན་དུ་རང་བཞིན་ལྷུན་གྱིས་གྲུབ་པའི་དམ་རྫས་ཀྱི་མངའ་བདག །སྟོན་པ་ཆེ་མཆོག་ཧེ་རུ་ཀར་སྣང་བའི་སྨན་གྱི་རྒྱལ་པོ་དེས་དྲང་སྲོང་དེ་ལ་ཐུགས་རྗེ་ཆེན་པོས་རྗེས་སུ་དགོངས་ནས་ལྟ་བ་ལོག་པ་རྣམས་འདུལ་བའི་ཕྱིར་ཞུ་བ་པོ་ལ་དགྱེས་པས་སྔོན་དུ་འདུས་པའི་འཁོར་ལ་གསུངས་ཏེ་བཀའ་སྩལ་ཟིན་པ་ཉིད་དེ། ཕྱིས་ཞར་ལ་བཏུལ་ནས་འདུས་པའི་འཁོར་ལ་ཡང་ལོ་རྒྱུས་སུ་བཀའ་སྩལ་བར་གསུངས་པ། ཁམས་གསུམ་ཉིད་མགོ་བཅད་པའི་དུང་ཆེན་ཏེ་ཟ་མ་ཏོག་ཆེན་པོའི་སྣོད་ཀྱི་ནང་དུ། འཆད་པའི་སྲིད་པ་གསུམ་གྱི་སེམས་ཅན་ཀུན་གྱི་ལྟ་བ་ངན་པའམ་ཉོན་མོངས་པ་ལྔའི་དུག་ཆེན་ཇི་སྙེད་པ་རྣམས། དེ་དག་ཏུ་སྣང་བ་ཉིད་ནའང་ཡེ་ནས་མ་བཅོས་མ་བསླད་པར་མཐའ་གཉིས་ལས་གྲོལ་བས་དུས་གསུམ་གྱི་རྒྱལ་བ་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་ཆེན་པོའི་ངོ་བོ་རང་བྱུང་གི་ཡེ་ཤེས་སུ་མཇལ་བ་ནི་སྦྱར་བ་སྟེ། རང་བཞིན་ལྷུན་གྱིས་གྲུབ་པ་ཉིད་སྦྱངས་པ་ལས་བྱུང་བའི་དམ་ཚིག་གི་རྫས་སུ་གྲུབ་པས་རྒྱུ་རྐྱེན་གྱིས་འཕྲལ་དུ་མ་བྱས་པས་རང་བྱུང་ཆེན་པོར་རྟོག་པའི་བདུད་ལ་རང་རིག་མཉམ་པའི་རྩིའི་དཀྱིལ་འཁོར་ཡོངས་སུ་རྫོགས་པས་ལྷག་པའི་བྱང་ཆུབ་ཀྱི་སེམས་སུ་ཤར་བ་ཉིད་ན་དོན་དམ་པའི་རྩིས་སྤྲོས་པའི་དུག་འཇོམས། རྫོགས་སྐུ་ཡེ་ཤེས་ཀྱི་རྩིས་ཕུང་ཁམས་སྐྱེ་མཆེད་ཀྱི་བདུད་འཇོམས་པར་རང་བྱུང་དོན་གྱི་བདུད་རྩི་ཆེན་པོར་སངས་རྒྱས་ཏེ་མཐར་ཐུག་པར་གྱུར་པས་སྐྱེད་དུ་བྱ་བ་མེད་པའོ། །ཞེས་དེ་སྐད་ངེས་པར་གསུངས་ཏེ་བཀའ་སྩལ་པ་ལས། གཉིས་པ་ལ་གསུམ་སྟེ། རྫས་ལྔ་བདུད་རྩི་ལྔ་ཡིན་པར་ཞུས་པ། ལན་དུ་རང་བྱུང་ཡེ་ཤེས་ཉིད་བདུད་རྩིར་གསུངས་པ། རྫས་ལྔ་རང་བྱུང་གི་བདུད་རྩི་ཡིན་པའི་དྲིས་ལན་འཕྲོས་སུ་བསྟན་པའོ། །དང་པོ་ནི། ནག་པོ་ཀཱ་ལས། ཞེས་པ་ནས། ངེས་པར་བདུན་པ་ལས། །ཞེས་པའི་བར་གྱིས་བསྟན་ཏེ། ནག་པོ་ཆེན་པོ་ཉིད་ཀཱ་ལའི་སྒྲ་སྟེ། དེས་ན་ཀཱ་ལས་སླར་ཡང་སྟོན་པ་ལ་དོན་གསོལ་ཏེ་ཞུས་པ། སྟོན་པ་མཆོག་གི་ཐུགས་རྗེའི་བྱིན་རླབས་རང་བཞིན་ལྷུན་གྲུབ་ཏུ་སྣང་བའི་ངང་ནས་སྒྲོ་སྐུར་མེད་པར་བཀའ་སྩལ་བའི་རྒྱུད་ཀྱི་ལུང་ཆེན་པོ་འདི་ཉིད་ལས་ནི། ལུས་ལ་བཀོད་པའི་རྨད་དུ་བྱུང་བའི་ཡོ་བྱད་ཆེན་པོ་དམ་རྫས་ལྔ་རུ་རང་བྱུང་བ་ནི། དེས་དུག་ལྔ་དང་ནད་ལྔ་ལ་སོགས་པ་སེལ་བའི་བདུད་རྩི་ཆེན་པོ་འགྲུབ་པའི་རྒྱུ་ལྔར་གསུངས་པ་སྟེ་འགྲོ་བའི་དུག་ལྔ་འབྱིན་པས་བདུད་རྩི་རྒྱལ་བ་དང་དྲང་སྲོང་རྣམས་ཀྱི་སྤྱད་པར་བྱ་བའི་སྨན་གྱི་མཆོག་ཆེན་པོ་ཉིད་ལགས་སོ། །ཞེས་དེ་སྐད་ངེས་པར་འདུན་པའི་སྒོ་ནས་ཞུས་པ་ལས། གཉིས་པ་ནི། སྨན་པ་དམ་པས། ཞེས་པ་ནས། མི་གསུང་བར་བཞུགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་གསང་བ་མཆོག་གི་བདག་པོ་སྨན་པ་དམ་པས་ལན་དུ་ཀཱ་ལའི་ཞུ་བའང་མ་ནོར་བའི་དོན་དུ་བཀའ་སྩལ་པ་འདི་སྐད་གསུངས་ཏེ། གསང་སྔགས་གསང་བའི་སྨན་གྱི་ཁྱད་པར་ཕྱི་ནང་གསང་བའི་སྐབས་ཀྱིས་འདིར་ནང་དང་གསང་བར་སྐབས་སུ་ངེས་པ་ནི། ནང་གི་སྨད་པའི་རྫས་ལྔའི་ཡང་རྒྱུ་རུ་གྱུར་པ་འབྱུང་བ་ཉིད་ཀྱང་གསང་བ་རང་རིག་པ་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་སུ་རང་བྱུང་བ་ཉིད་ལས་གདོད་ནས་རྒྱུ་རྐྱེན་གྱིས་མ་བསྐྱེད་པར་རང་ཤར་ཞིང་མཐའི་སྐྱོན་ཉིད་རྣམ་པར་དག་པ་ཉིད་ཀྱི་ཕྱིར་རང་བཞིན་ལྷའི་དཀྱིལ་འཁོར་དུ་སྣང་བ་སྟེ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། རྒྱུ་ཡི་མཚན་ཉིད་དག་པ་ནི། །ཕྱི་རོལ་ཆེན་པོ་ལྔ་རྣམས་ཏེ། །རྒྱུ་ཉིད་རང་གི་སེམས་ཡིན་པས། །འབྱུང་བ་ཆེན་པོ་རྒྱུ་ལས་དག །འབྲས་བུ་ཡོངས་སུ་དག་པ་ན། །སེམས་ཅན་ཀུན་གྱི་རུས་པ་སྟེ། །རྡོ་རྗེ་བྱང་ཆུབ་སེམས་ཡིན་ལ། །ཤ་ནི་པདྨའི་རཀྟ་ཡིན། །དྲི་ཆེན་དྲི་ཆུ་གུར་གུམ་ཆུ། །སོ་སོའི་ལུས་ལ་གནས་པ་དག །ཅེས་གསུངས་པའི་དོན་ཏོ། །དེ་བས་ན་གསང་བའི་སེམས་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་རྩ་བ་ལས། རིག་པ་སྣང་སྟོང་གཉིས་སུ་མེད་པར་རྟོགས་པའི་སྨན་པ་ཆེན་པོ་སྟེ། ཚོགས་བརྒྱད་ཉིད་རིགས་ལྔ་ཡེ་ཤེས་ལྔའི་དངོས་གཞིའོ། །ནང་དུ་བྱང་ཆུབ་སེམས་ཀྱི་རྩ་བ་བརྒྱད་ནི། ཡབ་ཀྱི་རྒྱུ་བཞི་ཡུམ་གྱི་གནས་བཞིའོ། །དེ་ལྟར་མཱཾ་ས་ལ་སོགས་པ་གཅིག་ཀྱང་རྩ་བ་བརྒྱད་བརྒྱད་སྣང་བས་ན། ཡན་ལག་སྟོང་དུ་བྱུང་བ་རྣམས་ལས་སྦྱར་ཏེ་གཅིག་ཏུ་བསྲེས་པའི་སྨན་གྱི་བདུད་རྩི་ནི། གདོད་ནས་རིགས་ལྔ་དང་ཡེ་ཤེས་ལྔར་གྲུབ་པའི་ངོ་བོ་དམ་ཚིག་མཆོག་གི་རྫས་ལྔ་ཡི་དངོས་པོར་ཤར་བ་ཉིད་དེ། བདུད་རྩི་ཆེན་པོའི་རྒྱུད་ལས། དྲི་ཆེན་གསེར་མདོག་རྣམ་སྣང་མཛད། །བྱང་ཆུབ་སེམས་ནི་དཀར་བས་ན། །མཱཾ་ས་འབྱུང་ལྡན་ཡིད་བཞིན་སྔོ། །རཀྟ་ཆགས་མེད་དམར་བས་ན། །དྲི་ཆུ་དག་བྱེད་ལྗང་གུའི་མདོག །ཅེས་གསུངས་ཤིང་། རྔམ་གློག་ལས། དྲི་ཆེན་སྣང་མཛད་གཙོ་བོ་ཡིན། །དྲི་ཆུ་གདོན་མི་ཟ་གྲུབ་པ། །རཀྟ་སྣང་བ་མཐའ་ཡས་སྐུ། །མཱཾ་ས་རིན་ཆེན་འབྱུང་ལྡན་གཙོ། །བྱང་ཆུབ་སེམས་ནི་རྡོ་རྗེ་སེམས། །ཞེས་སོགས་ཤིན་ཏུ་མང་ངོ་། །དེ་ལྟ་བས་ན་ཡེ་ཤེས་ལྔ་ཉིད་རྫོགས་པའི་དོན་གྱི་དངོས་གྲུབ་སྒྲུབ་པར་བྱེད་པའི་རྟེན་གྱི་ཕྱིར་རྫས་ཏེ། འདིས་ན་དོན་ཀྱང་ནང་གི་ཚུལ་ཁོ་ནར་རིགས་སོ། །དེས་གཙང་སྨེ་ལ་སོགས་པའི་རྟོག་པའི་གྲངས་ཇི་སྙེད་པ་ལས་གྲོལ་བའི་བྱིན་རླབས་ཀྱིས་འགྲོ་བ་ལམ་རྒྱུད་ལྔའི་སེམས་ཅན་ཀུན་དབྱིངས་སུ་སྒྲོལ་བར་བྱེད་པའི་ཕྱིར་གྱི་གཏན་ཚིགས་དེས་ན། དུག་ལྔ་རྩ་བ་ནས་གཅོད་ཅིང་སེལ་བའི་ཡང་བདུད་རྩི་ཆེན་པོ་མཆོག་ཏུ་གྱུར་པའོ། །དེ་སྐད་ཅེས་གསུངས་ནས་ཀཱ་ལའི་རྟོགས་ཚད་བརྟག་པའི་ཆེད་དུ་ཅང་མི་གསུང་བར་བཞུགས་སོ། །གསུམ་པ་ལ་བདུན་ཏེ། རྫས་ལྔ་རང་བྱུང་བདུད་རྩི་ཡིན་པའི་དྲིས་ལན། དེ་མིན་ན་རང་བྱུང་མི་རྙེད་པའི་དྲིས་ལན། སྤང་དུ་མི་བཏུབ་པས་ན་རང་བྱུང་ཡིན་པར་སྨྲས་པའི་ལན། ཕན་འདོགས་པས་བདུད་རྩི་ཡིན་པར་སྨྲས་པའི་ལན། རྒྱལ་བའི་དམ་ཚིག་ཡིན་པས་བདུད་རྩི་ཡིན་པར་སྨྲས་པའི་ལན། རྟག་ཅིང་མི་འབྲལ་བས་དམ་ཚིག་ཡིན་པར་སྨྲས་པའི་ལན། སྤང་ན་མཉམ་པ་དང་འགལ་བར་སྨྲས་པའི་ལན་ནོ། །དང་པོ་ནི། དེ་ནས་ཀཱ་ལ། ཞེས་པ་ནས། དམ་པས་དེ་སྨྲས་པས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཀཱ་ལ་ནག་པོས་ཡང་རང་གི་འདོད་པའི་དོན་གྱི་རྟོགས་ཚད་སྟོན་པ་དང་མི་མཐུན་པའི་ཁྱད་པར་སྙན་དུ་གསོལ་བ་ནི། དམ་རྫས་ལྔ་བདག་རང་ཉིད་ཀྱི་ལུས་ལས་བྱུང་བའི་ཕྱིར་ཏེ་དེ་བས་ན་གཞན་ལས་བྱུང་བ་མིན་པས་རང་བྱུང་སྟེ། འབྱུང་བ་དང་བཟའ་བཏུང་གི་དྭངས་མ་དང་སྙིགས་མ་ཁོ་ནར་ངེས་པར་གཟུང་བ་ཙམ་དུ་ཟད་པ་དག་ལས་གཞན་མེད་པས་ཕྱི་ནང་གི་རྩ་བ་བརྒྱད་བརྒྱད་དང་ཡན་ལག་སྟོང་གནས་པའི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རྩ་བ་དང་ཡན་ལག་ཏུ་སྨོས་པ་གཉིས་སྦྱར་བས་ཡེ་ཤེས་ལྔ་དང་རིགས་ལྔའི་གོ་འཕང་དག་ཀྱང་མཐར་ཐུག་ཏུ་རྫོགས་པར་འགྱུར་རོ། །དེ་སྐད་ཅེས་ཞུ་བ་འདུན་ཏེ་གསོལ་པ་ལས། དུས་དེའི་ཚེ་སྟོན་པ་ལ་བཀུར་བ་དང་ཀཱ་ལའི་རྟོག་པ་བསལ་བའི་ཚུལ་གྱིས། འཁོར་དེར་འདུས་པར་གྱུར་པ་འཆད་པའི་སྟོན་མཆོག་གསང་བདག་ཆེན་པོའི་ཐུགས་ཀྱི་སྲས་དམ་པ་ལང་ཀ་བློ་གྲོས་ཐབས་ལྡན་ཁྱོད་ཀྱང་འཁོར་དེ་ན་གནས་པ་ཉིད་ཀྱིས་ཀཱ་ལའི་ཞེན་པ་དགྲོལ་བའི་ཕྱིར་ཐབས་འདི་ཉིད་ལན་དུ་སྨྲས་པ་ནི། ལུས་ཀྱི་ཟག་པ་ཕྱིར་འབྱུང་བས་ཕྱི་ས་དང་དྲི་ཆུ་ལ་སོགས་པ་དྭངས་མ་དང་སྙིགས་མའི་རྫས་ལྔ་པོ་རྣམས་ནི། ལུས་ཀྱི་འབྱུང་བ་བཞི་དང་ནི་ཟས་ཁམས་ཀྱི་བཟའ་བཏུང་ལ་སྤྱོད་པ་རྒྱུན་དུ་མ་བྲལ་བ་ཉིད་ཀྱི་རྒྱུ་ལས་འབྱུང་བས་ན། ཀཱ་ལ་ཁྱོད་ཀྱིས་སྨྲས་པ་ནི་རང་ལས་མ་བྱུང་བས་རང་བྱུང་མིན་ཏེ་གཞན་ཟས་ཀྱི་རྒྱུ་མཐུན་ལས་བྱུང་བ་ཁོ་ན་ཡིན་ནོ། ཞེས་བདུད་རྩིའི་གོལ་ས་གཅོད་པའི་ཕྱིར་གྲོགས་པོ་དམ་པས་སུན་དབྱུང་བ་གཏར་ཀ་གེགས་སེལ་གྱི་ཚུལ་དུ་རྫས་ལྔ་རང་བྱུང་མ་ཡིན་པའི་ཚིག་དེ་སྐད་ཅེས་སྨྲས་པས། གཉིས་པ་ནི། ཀཱ་ལ་ནག་པོས། ཞེས་པ་ནས། རང་བྱུང་ཉིད་དུ་འདོད། །ཅེས་པའི་བར་གྱིས་བསྟན་ཏེ། ཀཱ་ལ་ནག་པོས་གྲོགས་པོ་ཆོས་ཀྱི་སྤུན་ལང་ཀ་ལ་ཡང་དེའི་དོན་ཉིད་དྲི་བའི་ཚིག་སྨྲས་པ། ཚུལ་ཇི་ལྟར་ན་གལ་ཏེ་དམ་རྫས་ལྔ་པོ་གཞན་ལས་བྱུང་བ་དེ་ལྟར་ན་རང་བྱུང་མ་ཡིན་པར་འགལ་བ་ཉིད་དུ་འགྱུར་བ་ཡིན་དུ་ཟིན་ན། རང་བྱུང་རང་བྱུང་ཞེས་བྱ་བའི་ཆོས་དེ་ཉིད་གང་ནས་རྙེད་པར་འགྱུར་ཏེ་གཞན་གང་ལས་ཀྱང་ཡང་རྙེད་པར་མི་འགྱུར་རོ། །ཞེས་དེ་སྐད་དུ་དྲི་བ་དྲིས་པ་ལས། ལང་ཀའི་བདག་པོ་དམ་པ་ཉིད་ཀྱིས་དེ་ལ་སླར་ཡང་ལན་བླན་ཏེ་སྨྲས་པ་ནི། གང་རྒྱུ་དང་རྐྱེན་ལ་མ་བརྟེན་པར་གང་ཞིག་རང་བྱུང་དུ་འབྱུང་བའི་ཆོས་ཤིག་ཡོད་པར་གྱུར་ན། དེ་ནི་རྒྱུ་རྐྱེན་གཞན་ལས་མ་བྱུང་ཞིང་དེ་ལ་སྐྱེད་པར་བྱེད་པའི་མཁན་པོ་གང་ཡང་མེད་པར་ངེས་པས་ན། ཆོས་དེ་ཉིད་ནི་རང་བྱུང་ཉིད་དུ་འབྱུང་བར་ངེས་པར་འདོད་པ་ཡིན་ཏེ། ཀུན་བྱེད་ལས། རང་བྱུང་ཞེས་ནི་བྱ་བ་ནི། །རྒྱུ་རྐྱེན་མེད་པའི་སྙིང་པོ་བས། །རྩོལ་སྒྲུབ་ཀུན་ལས་འདས་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། དེ་སྐད་སྨྲས་པས། ཞེས་པ་ནས། འགག་ན་དེ་རྒྱུན་འགག །ཅེས་པའི་བར་གྱིས་བསྟན་ཏེ། ཞེས་དེ་སྐད་ཅེས་སྨྲས་པས། དེ་ཡི་ལན་དུ་སླར་ཡང་ཀཱ་ལ་ནག་པོས་འདི་སྐད་དུ་སྨྲས་ཏེ། ཉོན་མོངས་པ་ལྔ་དང་དམ་རྫས་སྨད་པ་རྣམས་ཆེད་དུ་སྤངས་པས་སྤོངས་པར་མི་འགྱུར་ཏེ་བདག་ཉིད་ཀྱི་ལུས་དང་སེམས་ལས་དུས་ཀྱི་རྒྱུན་དུ་འབྱུང་བའི་ཆོས་སུ་གྱུར་པ་ཉིད། རྒྱུ་རྐྱེན་གཞན་ལས་མ་བྱུང་བས་གཞན་གྱི་རྒྱུ་འབྲས་མེད་པའི་ཕྱིར། རྫས་ལྔའི་ཆོས་དེ་གང་ཡིན་པ་ནི་རང་འབྱུང་ཡིན་པར་ངེས་པའོ། །ཞེས་སྨྲས་པ་དེ་ལ་ལང་ཀ་དེ་ཡིས་སླར་ཡང་ལན་དུ་འདི་སྐད་དུ་སྨྲས་ཏེ། མི་སྤང་ཞིང་དང་དུ་བླང་བའི་ཆོས་ཉོན་མོངས་པ་ལྔ་དང་དམ་རྫས་ལྔ་པོ་རྣམས་ཁྱོད་ལྟར་རང་ཁོ་ན་ལས་བྱུང་བ་ཡིན་ན། དུས་དང་རྣམ་པ་ཐམས་ཅད་དུ་བདག་ཉིད་དང་ཐོག་མར་འདུ་བ་དང་ཐ་མར་འབྲལ་བ་མེད་པར་གཏན་དུ་གནས་པ་ཉིད་དུ་འོས་ཤིང་རིགས་པ་ཡིན་ན། སེམས་ཀྱི་བག་ཆགས་དང་ལུས་ཀྱི་འབྱུང་བ་དང་བཟའ་བཏུང་གི་རྒྱུན་འགག་ཅིང་ཆད་དེ་ཤི་ན་དེ་དག་ཀྱང་རྒྱུན་འགག་སྟེ་ཆད་པར་འགྱུར་བས་བདག་ལས་གཏན་དུ་མི་འབྱུང་བའི་ཕྱིར་མི་བདེན་པར་གསལ་ལོ། །ཞེས་ལན་བཏབ་བོ། །བཞི་པ་ནི། དེ་ལ་འདི་ལྟར། ཞེས་པ་ནས། མཐུ་དང་ཡོང་མི་ལྡན། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་གཏམ་དེ་ལ་ཀཱ་ལས་འདི་ལྟར་ཡང་ལན་འདི་སྐད་དུ་ཞུས་ཏེ། ནག་པོ་ཀཱ་ལས་སླར་བླན་པ། སྨད་པ་ལྔ་ཉིད་བཅུད་མཆོག་བདུད་རྩི་ཡིན་པས། རང་གཉེར་གྱི་ལས་རྣམས་སོ་སོར་བྱེད་པར་ནུས་ཏེ། དྲི་ཆུས་སྐད་སྙན་པ་ལ་སོགས་པ་དང་། དྲི་ཆེན་གྱི་དུག་ཐུབ་པ་དང་། ཤ་ཆེན་ཡི་མཛེ་ཐུབ་པ་དང་། པདྨའི་རཀྟས་ཐོར་སྨྱོན་དང་གཞན་དུ་གྲང་པ་ཐུབ་པ་དང་། བྱང་ཆུབ་སེམས་ཀྱི་ཚ་བའི་ནད་ཐུབ་པ་དང་། དྲི་ཆུས་གླང་སྣ་དང་གག་པ་ཐུབ་པ་དང་། རིགས་ལྔ་གྲུབ་པའི་ནུས་མཐུ་ཡོད་པས། འཇིག་རྟེན་དག་ན་ཡང་དེ་ལྟ་བུར་ཕན་འདོགས་པ་གང་གིས་ནུས་པ་ཡོད་པ་དེ་ལ་བདུད་རྩི་ཞེས་གྲགས་པས་འཇིག་རྟེན་དང་མི་འགལ་བའི་ཕྱིར་བདུད་རྩི་ཡིན་ནོ། །ཞེས་སྨྲས་པ་དེ་ལ་འདིར་ནི་འདི་སྐད་དུ། ཆོས་ཀྱི་གྲོགས་མཆོག་དམ་པས་ལན་དེ་ཉིད་ཉེ་བར་བླན་པ། ཆོས་ཀྱི་སྤུན་ཀཱ་ལ་ཁྱོད་ཀྱིས་དེ་ལྟར་མ་ཡིན་ཏེ། སྤྱིར་བདུད་རྩི་ཞེས་ནི་དེ་ལྟར་གྲགས་ཤིང་བརྗོད་པ་ལ་བདུད་རྩིའི་ལས་ནི་ངེས་ཚིག་རྣམ་པ་གཉིས་ཀྱིས་གྲུབ་པ་ཡོད་དེ། རྟོག་པའི་ནད་རྣམས་གསོ་བ་དང་། འཁོར་བར་ཤི་བ་སློང་བར་བྱེད་པ་ཡིན་པའི་ཕྱིར་ན། ཁྱོད་ཀྱིས་བདུད་རྩི་ལ་ལས་དེ་གཉིས་ཀྱིས་མཐུ་དང་ཡོང་ཡེ་མི་ལྡན་པའི་ཕྱིར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོན་ཏེ་དེ་དག་དང་ལྡན། ཕྱིན་ཆད་བདག་ཉིད་ཀྱི་རྒྱུན་འགགས་པ་མི་རིགས་པའི་ཕྱིར་རོ། །ཞེས་པའོ། །ལྔ་པ་ནི། དེ་སྨྲས་ལན་དུ། ཞེས་པ་ནས། ཆད་ནས་འབྲལ་འགྱུར་འགལ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀ་ཐབས་ལྡན་གྱིས་དེ་སྐད་སྨྲས་པའི་ལན་དུ་སླར་ཡང་འདི་སྐད་དུ་ཀཱ་ལ་ནག་པོ་དེས་བླན་པ། སྔོན་གྱི་རྒྱལ་བ་གྲངས་མེད་པ་རྣམས་ཀྱིས་བཀའ་རྒྱུད་ལས་དམ་རྫས་ཀྱི་བརྟུལ་ཞུགས་འདི་ལྔ་སྤྱད་པར་བྱ་བའི་གཙོར་བྱས་ནས། དང་དུ་བླང་བའི་དམ་ཚིག་དམ་པར་བཟུང་སྟེ་གསུང་བས་ན། སྔོན་གྱི་དམ་ཚིག་ཡིན་པར་གྲགས་པའི་ཕྱིར་བདུད་རྩི་ཡིན་ནོ། །ཞེས་ལན་བཏབ་པ་དེ་ལ་ལང་ཀ་དམ་པས་ལན་འདི་སྐད་དུ་མཛད་དེ། གལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་དམ་ཚིག་རྒྱལ་བའི་ཐུགས་དམ་ཡིན་པར་ངེས་ན། རྒྱལ་བའི་ཐུགས་དམ་ལ་འདུ་འབྲལ་མེད་པས་དམ་རྫས་ལྔ་ཡང་དང་པོ་སེམས་བསྐྱེད་བླངས་ནས་དམ་ཚིག་ཏུ་བཟུང་བ་དང་མཐར་མངོན་པར་རྫོགས་ཏེ་སངས་རྒྱས་པའི་བར་དུ་དམ་རྫས་དེ་དག་དང་མི་འབྲལ་བར་ལྡན་ཞིང་འགྲོགས་དགོས་པ་ཡིན་ན། འདི་ནི་མཐར་ཟག་པ་ཟད་པའི་དངོས་གྲུབ་ཐོབ་ན་ཡང་མི་འབྱུང་བའི་ཕྱིར་མི་བདེན་པ་དང་། འབྱུང་བ་དང་བཟའ་བཏུང་གི་རྒྱུན་ཆད་ན་ཡང་འབྲལ་བར་འགྱུར་ཞིང་མི་འབྱུང་སྟེ་འགག་པས་མི་བདེན་པའི་ཕྱིར་རྒྱལ་བའི་དམ་ཚིག་ཏུ་འགལ་བ་ཡིན་ནོ། །ཞེས་ལན་བཏབ་བོ། །དྲུག་པ་ནི། དེ་ལ་ཀཱ་ལས། ཞེས་པ་ནས། ཀུན་སྣང་ཟག་ལམ་ཟད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་སྐད་སྨྲས་པ་ལ་ཀཱ་ལས་སླར་ཡང་ལན་འདི་སྐད་དུ་ཞུས་ཏེ། གང་ཟག་གི་བདག་དེ་ཉིད་རྟག་པ་ཅན་དུ་ངེས་པར་གྱུར་པ་ཡིས་ཕྱིར་ན། དམ་རྫས་ཀྱི་ཟག་པ་ལྔ་པོ་དེ་ཡང་རྟག་པ་ཡིན་ཏེ་དེས་ན་ཀུན་ནས་ཀུན་ཏུ་མི་འབྲལ་ཞིང་ལྡན་པ་ལ་དེ་ཟད་ནས་བྲལ་བར་གྱུར་པ་ག་ལ་ཡོད་དེ་མེད་དོ་བར་ཞུས་པའོ། །ཚིག་འདིས་ཀྱང་མུ་སྟེགས་ཞར་བྱུང་བའི་ཆེད་དུ་ཞུས་པར་གསལ་ལོ། །དེ་ལ་ཡང་ལན་དུ་ལང་ཀ་དམ་པས་འདི་སྐད་དུ་གསུངས་ཏེ། དེ་ལ་ཕྱི་ཡི་ཟག་པ་དམ་རྫས་ལྔ་དང་ནང་གི་ཟག་པ་ཉོན་མོངས་པ་དང་། དམ་པ་རིན་པོ་ཆེའི་ཞལ་ནས། ཞར་ལ་གསང་བའི་ཟག་པ་བདག་ཏུ་རྟོག་པ་དང་གཟུང་འཛིན་ནོ། །ཞེས་གསུངས་ལ། དེ་ལྟར་ལུས་ལ་གནས་ཤིང་རྟེན་པའི་ཕྱི་དང་ནང་གི་ཟག་པ་རྣམས། ཆོས་ཉིད་དེ་ཁོ་ན་ཉིད་རྟོགས་པའི་སྐབས་ན་ཕྱིའི་ཟག་པ་ཐམས་ཅད་དང་ནང་དང་གསང་བའི་ཟག་པ་ཐམས་ཅད་ཀུན་ཟད་ཅིང་བྲལ་བར་གྱུར་པ་ནི། ས་བཅུ་དང་རྣམ་པར་ཐར་པའི་ལམ་བཅུ་པོ་རྣམས་ལ་གནས་པ་དང་། ཅིག་ཆར་བ་རྣམས་ཀྱིས་བགྲོད་མི་དགོས་པར་ཤེས་ཤིང་རྟོགས་པ་ན་ངེས་པར་བྲལ་བར་ལྟ་ཡང་ཅི་སྨོས་ཏེ། གཟུགས་ཁམས་པ་ཀུན་སྣང་བའི་གྲོང་ཁྱེར་དང་། གཟུགས་མེད་པ་ལའང་བཤང་གཅིའི་ཟག་པ་ཟད་དེ་མེད་པ་ཡིན་ན་བདག་དང་མི་འབྲལ་བ་ག་ལ་བཏུབ་སྟེ་མི་བཏུབ་བོ། །ཞེས་ལན་བཏབ་སྟེ། དམ་པ་རིན་པོ་ཆེས། ནང་གི་ཉོན་མོངས་པའི་དགྲ་བཅོམ་པའི་དུས་སུ་ཟག་པ་ཟད་པས་ཕྱིའི་ཟག་པ་དང་ཡང་བྲལ་ཏེ་གསང་བའི་ཟག་པ་ནི་ཚོགས་ལམ་གྱི་དུས་སུ་ཟད་པའི་རྒྱུ་དང་། སྦྱོར་ལམ་གྱི་དུས་སུ་ཟད་པའི་རྐྱེན་དུ་གྱུར་ཏེ་མཐོང་ལམ་དུ་ཟད་པ་ཡིན་ཀྱང་གཞན་དོན་དུ་ཟག་པ་ལེན་པ་འབག་གྱོན་པ་ལྟ་བུའོ། །ཞེས་གསུངས་ཏེ་ཟག་པ་དང་བཅས་པའི་མཚན་ཉིད་དང་བསྟུན་པའོ། །བདུན་པ་ལ་གཉིས་ཏེ། དྲིས་པ་དང་། ལན་ནོ། །དང་པོ་ནི། དེ་ལ་ཀཱ་ལས། ཞེས་པ་ནས། ཉིད་དང་མི་འགལ་ལམ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་ཡང་ཀཱ་ལས་འདི་སྐད་དུ་ལན་ཞུས་ཏེ། གོང་དུ་བསྟན་པ་ཇི་ལྟ་བ་དེ་ལྟར་གལ་ཏེའམ་བརྒྱ་ལ་དམ་རྫས་ལྔ་པོ་ཡང་དག་པའི་བདུད་རྩི་མ་ཡིན་པ་དེ་ལྟར་དུ་ངེས་པ་ན་དང་། བདག་གིས་སྨྲས་པའང་འགལ་བ་ཉིད་དུ་གྱུར་ཏེ་ལོག་པ་ཡིན་དུ་ཟིན་ན། ཆོས་ཐམས་ཅད་མཉམ་པར་སྨྲ་བ་དང་། དམ་རྫས་ལྔ་བདུད་རྩི་ཡིན་པ་འགོག་པ་གཉིས་འགལ་བས། རྒྱལ་བ་རྣམས་ཀྱིས་ཆོས་ཐམས་ཅད་མཉམ་པ་ཡིན་པར་བཀའ་སྩལ་ཞིང་ཞལ་གྱིས་འཆེས་པ་རྣམས་དང་མི་མཐུན་པས་མཉམ་པ་ཉིད་དུ་གསུངས་པ་དང་མི་འགལ་ལམ། ཞེས་ཞུས་པའོ། །གཉིས་པ་ལ་གསུམ་སྟེ། མ་རྟོགས་ན་མཉམ་པའི་སྤྱོད་པའང་ལོག་པར་འགྲོ་བ། རྫས་ལྔ་མ་བཅོས་པར་རྟོགས་ན་བདུད་རྩིར་འགྲོ་བ། ཡང་དག་པའི་བདུད་རྩིའི་ངེས་ཚིག་བསྟན་པའོ། །དང་པོ་ནི། དེ་ལ་དམ་པས། ཞེས་པ་ནས། ལོག་པའི་ལམ་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་ཡང་ལང་ཀ་ཐབས་ལྡན་དམ་པས་ལན་འདི་སྐད་དུ་གསུངས་ཏེ། རྩ་བའི་རྒྱུད་ལས། མ་སྐྱེས་པ་དང་མ་བྱུང་བ། །མི་གནས་པ་ལ་ཆགས་པ་མེད། །དོན་གྱི་ཁྱད་པར་རྟོགས་ཆུད་ན། །ཀུན་ཏུ་བཟང་པོ་མཆོག་གི་སའོ། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་ཀུན་ཏུ་མ་འདྲེས་ལ་ངོ་བོ་ཇི་བཞིན་པར་མཉམ་པའི་གནས་ལུགས་ཡང་དག་པའི་དོན་མཆོག་ཕྱོགས་མེད་རང་གསལ་ཆེན་པོར་མི་ཤེས་ཤིང་མངོན་སུམ་དུ་རྟོགས་པ་མེད་པར། ཡོངས་སུ་རྫོགས་པས་བཟང་པོའི་ཚིག་ཙམ་ལ་བློ་གཏོད་ནས་ཡིད་ལ་བྱེད་ཅིང་། མཉམ་ཉིད་ཀུན་ཏུ་བཟང་པོར་ཆོས་ཐམས་ཅད་གནས་པ་ཉིད་དུ་ཁས་འཆེས་ཏེ་ཚིག་གི་ལྟ་བ་བརྟེན་ནས་སྤོང་ལེན་མེད་པར་སྤྱོད་པ་རྣམས་ནི་གཟུགས་མེད་དང་མུ་སྟེགས་ལ་སོགས་པ་མུན་པའི་སྐྱེ་མཆེད་ཉིད་དུ་ལྟུང་བར་འགྱུར་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཐམས་ཅད་རང་བཞིན་ཐིག་ལེ་ཆེན་པོར་ཡོངས་སུ་རྫོགས་པས་རང་རིག་ཆོས་ཀྱི་སྐུའི་ངོ་བོར་ཆེ་ཆུང་མེད་པར་ཀུན་ནས་མཉམ་པ་ཉིད་དུ་གྱུར་པ་ཡིན་ཡང་། རང་གི་མཚན་ཉིད་ཐ་དད་དུ་བཟང་ངན་ལ་སོགས་པར་སོ་སོར་མ་འདྲེས་པར་ཡང་ཀུན་ཏུ་སྣང་བ་མ་འགགས་སོ། །དེ་བས་ན་མ་འདྲེས་ཡོངས་རྫོགས་དབྱེར་མེད་པའི་དོན་དུ་རང་གསལ་སྤྱོད་ཡུལ་དང་བྲལ་བར་མ་མཐོང་བར་བླང་དོར་མེད་པར་འཁོར་བའི་ཆོས་ལ་རྫོགས་ཚུལ་དུ་སྤྱོད་པར་བྱེད་པ་ནི། ལྟ་བ་ཁ་ལ་ཡོད་ཀྱང་སྙིང་ལ་མེད་པར་སྤྱོད་པ་རྩིང་པོར་ཞུགས་པས་ལོག་པའི་ལམ་པ་ཞེས་བྱ་བ་ཡིན་ཏེ་ངན་འགྲོའི་རྒྱུད་དུ་ཞུགས་པའི་ཕྱིར་རོ། །གཉིས་པ་ནི། གསང་ཆེན་ཐེག་པའི། ཞེས་པ་ནས། ངེས་པ་དེ་ཁོ་ནའོ། །ཞེས་པའི་བར་གྱིས་བསྟན་ཏེ། གསང་བ་ཆེན་པོ་བླ་ན་མེད་པའི་ཐེག་པས་དོན་མཚོན་པའི་ཚིག་དང་སྒྲ་ནི། དོན་གཅིག་ལ་སྒྲ་དུ་མར་འབྱུང་བ་དང་སྒྲ་གཅིག་ལའང་དོན་མི་གཅིག་པར་ཐ་དད་སོ་སོར་སྣང་བ་ཡིན་པས་གང་སྔགས་དོན་གྱི་ངོ་བོ་རྟོགས་པར་དཀའ་བ་ཉིད་ཀྱིས་ན་གཞན་དང་ཁྱད་པར་མཐོང་བ་དང་མ་མཐོང་བའི་སྒོ་ནས་རྣམ་པར་ཕྱེ་སྟེ་གཉིས་སུ་སྣང་བའོ། །རྣལ་འབྱོར་པ་གང་སུ་ཞིག་གིས་ཆོས་ཉིད་མ་ནོར་བར་རྟོགས་ནས་གདེང་དང་ལྡན་པ་ནི་འཆིང་བ་དང་བྲལ་ནས་ངེས་པར་གྲོལ་བར་སྣང་ལ། གལ་ཏེ་དོན་ཇི་བཞིན་དུ་མ་ངེས་ནས་བཅིངས་པའི་ངོ་བོ་ཡིན་པས་མ་རྟོགས་པ་དག་གིས་ངེས་པར་ཟག་པའི་འབྱུང་ཁམས་ཁོ་ནར་ཡང་དག་པའི་བདུད་རྩིར་འདོད་ན། དོན་རྟོགས་པར་གཅེས་པས་འདི་ལྟར་ཤེས་པར་བྱ་དགོས་ཏེ། བཤད་པའི་ཟག་པའི་དམ་རྫས་དེ་དག་གི་རང་བཞིན་ཆོས་ཉིད་དེ་བཞིན་ཉིད་རྒྱུ་རྐྱེན་གྱིས་མ་བྱས་ཐ་སྙད་ཀྱིས་མ་བཏགས་པར་དེ་ཁོ་ན་ཉིད་མ་བཅོས་པར་ལྷུན་གྱིས་གྲུབ་པས་ཡེ་གདོད་མ་ནས་ངོ་བོ་མེད་པས་སྟོང་པ་ཉིད་ལ། དེ་ཉིད་དུའང་རྟོག་པ་མེད་པར་དམིགས་པ་དང་བྲལ་བའི་དོན་མ་ནོར་བ་ཡིན་པར་རྟོགས་ན་བཤད་པའི་བདུད་རྩི་ལྔའི་ཡང་དག་པའི་བདུད་རྩི་ཆེན་པོ་ཡིན་པས་མཉམ་པ་ཉིད་དང་འགལ་བ་མེད་པར་ངེས་པའི་གསང་བ་ཇི་བཞིན་པའི་དེ་ཁོ་ན་ཉིད་དུ་གནས་པའོ། །ཞེས་ལན་བཏབ་པའོ། །གསུམ་པ་ནི། དེ་དག་ཅིར་ཕྱིར། ཞེས་པ་ནས། ནད་གསོ་ཤི་སློང་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་གི་ཡིད་ཆེས་པའི་རྒྱུ་གང་སྙམ་པ་ལ། དོན་གྱི་ངེས་ཚིག་དང་འབྲེལ་བར་སྟོན་ཏེ། བཤད་པ་དེ་དག་གི་རང་བཞིན་སྟོང་པ་ཆེན་པོ་ལ་ཅི་ཡི་ཕྱིར་བདུད་རྩི་ཞེས་བྱ་ཞེ་ན། རྣལ་འབྱོར་པ་ལམ་པ་རྣམས་ཀྱི་ནད་ཆེན་པོའི་ངོ་བོ་ནི་ཆེད་དུ་བྱས་པ་དང་མ་བྱས་པའི་རྣམ་པར་རྟོག་པ་གཉིས་དང་། གཟུང་བ་དང་འཛིན་པའི་རྩ་བའི་རྟོག་པ་དང་ཡན་ལག་གི་རྟོག་པ་རྣམས་ཡིན་ཏེ། དེ་དག་གིས་ཡང་དག་པར་སོས་ནས་གྲོལ་དུ་མི་བཏུབ་པའི་ཕྱིར་ཏེ། དེས་ན་རྟག་པར་འཁོར་བའི་ཁྲི་མུན་གྱི་ནང་དུ་འཆིང་ནས་སྲིད་པའི་གཏིང་མཐར་འཆི་བར་བྱེད་པའི་ཕྱིར་བདུད་ཅེས་བྱ་ལ། འོ་ན་དེ་དག་བདུད་རྩིར་འགྱུར་བའི་ཚུལ་ཇི་ལྟ་བུ་ཞེ་ན། རྟོག་པ་འབྱུང་བའི་གཞིའམ་རྩ་བ་ཕྱི་ཡི་རྫས་ལྔ་དང་ནང་གི་ཉོན་མོངས་པ་ལྔ་དང་བཅས་པས་ཀུན་ནས་གཙང་མེར་ལྟ་བ་དང་། འཁོར་བར་ཟག་པར་བྱེད་པ་རྣམ་པ་ལྔ་པོ་ཡིན་པས་དེ་དག་ལས་འཁོར་བའི་གཟུང་འཛིན་དུ་སྣང་བ་འབྱུང་ལ། དེ་དག་རིལ་མ་ལུས་པ་ཀུན་དེ་བཞིན་ཉིད་མཉམ་པ་ཆེན་པོ་མ་འདྲེས་ཡོངས་རྫོགས་ཀྱི་གནས་ལུགས་རང་རང་གི་དེ་ཁོ་ན་ཉིད་ཡོད་སྟོང་གཉིས་ཀ་ལས་གྲོལ་བའི་ངོ་བོ་ཉིད་དུ་ཐག་ཆོད་དེ། རྩ་བའི་རྒྱུད་ལས། མཉམ་ཉིད་སྟོང་པའི་དོན་འདི་ལ། །དོན་ལྡན་སྟོང་པར་སྒྲོ་མི་འདོགས། །མ་བཅོས་རང་བཞིན་ཞི་བ་ཡི། །མཚན་མའི་རྟོག་བྲལ་ཤེས་ལྡན་པས། །མེད་དོ་ཙམ་དུའང་མི་དམིགས་ན། །བྱུང་ཚོར་འཛིན་པར་ག་ལ་འགྱུར། །ཐམས་ཅད་མི་གནས་བྱང་ཆུབ་པས། །བཙལ་ནས་གྲུབ་པ་མ་ཡིན་ཡང་། །སྒྱུ་མ་སངས་ནས་འཁྲུལ་བྲལ་བཞིན། །སྤྲོས་བྲལ་ཡེ་ཤེས་སྙིང་པོར་གནས། །ཞེས་གསུངས་པ་ལྟར་ཡང་དག་པར་རྟོགས་ན། འཛིན་རྟོག་ཐམས་ཅད་དང་བྲལ་ཏེ་ཡོན་ཏན་མུ་མཐའ་མེད་པར་འབྱུང་བས་རྣམ་རྟོག་འཇིལ་ཞིང་འཁོར་བར་མི་ལྟུང་བས་ན་བདུད་རྩི་གང་གི་བྱེད་ལས་རྟོག་པའི་ནད་གསོ་བ་དང་། འཁོར་བར་ཤི་བ་ལས་སློང་བ་གཉིས་དང་ལྡན་པའི་སྒོ་ནས་བདུད་རྩིའི་ངེས་ཚིག་འགྲུབ་པའི་ཕྱིར་ཏེ། སྔ་མ་ལས། རྨི་ལམ་སྒྱུ་འཕུལ་མི་བཟད་པས། །ཤིན་ཏུ་ཉམ་ཐག་གདུང་བའི་ཚེ། །འཆི་བདག་བདུད་ཀྱིས་ཟིན་འདྲ་ལ། །མགོན་བཙུན་གཞན་གྱིས་མི་ཕན་ཏེ། །བདུད་སེལ་རྩི་དང་འདྲ་བར་ནི། །ཡང་དག་ལམ་མཆོག་རྟོགས་པར་བྱ། །ཞེས་སོ། །དེ་བས་ན་ཡིད་ཆེས་ངེས་པའི་རྒྱུ་དེ་ལྟ་བུ་དང་ལྡན་པའོ། །གསུམ་པ་ནི། དམ་པ་མཆོག་དེས། ཞེས་པ་ནས། ཆེ་མཆོག་སྨན་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ལང་ཀ་དམ་པ་ཐབས་ལྡན་མཆོག་དེས་ལན་དེ་སྐད་དུ་བླ་ན་ཏེ་བསྟན་པས། ངེས་པ་རྙེད་པའི་ཡོན་ཏན་ནི། ཀཱ་ལ་སོགས་པའི་དྲང་སྲོང་རྣམས་མཚན་མར་ཞེན་པའི་འཛིན་པ་རང་རྒྱུད་པ་ལས་དེ་ཉིད་དུ་གྲོལ་ཏེ། དེ་ཁོ་ན་ཉིད་དེར་ལྟ་བས་ངེས་པ་རྙེད་ནས་ལྟ་སྤྱོད་ཀྱི་གདེང་ཁྱད་པར་ཅན་དང་ལྡན་ཏེ་དོན་གཞན་དུ་གྱུར་པ་མིན་པར་རང་རིག་པའི་ཆོས་ཉིད་དུ་རྟོགས་པས། བདག་རྟག་པར་ལྟ་བའི་བློ་དང་བྲལ་ཏེ་དོན་གྱི་དེ་ཉིད་མཐོང་བའི་ཆེ་མཆོག་སྨན་གྱི་རྒྱལ་པོ་དམ་པར་འགྱུར་བ་ཉིད་ཡང་དག་པར་གྲུབ་པའོ། །གསུམ་པ་ནི། ལང་ཀའི། ཞེས་པ་ནས། གྲོལ་བར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ་ཞེས་བོས་ནས། དེ་དག་ནི། ནད་གསོ་བར་བྱའོ། །ཞེས་པའི་དོན་སྐྱེས་བུ་ངེས་པར་ལོ་རྒྱུས་སུ་སྔར་གསན་ཏེ་ཐོས་པ་ཉིད་ཡང་དག་པར་རྣམ་པར་བགྲོས་པ་སྟེ། དོན་གྱི་ངོ་བོ་བསྟན་པ་འདི་ལྟར་ངེས་པར་ཤེས་པར་བྱའོ། །སྟོན་པ་གསང་བ་པའི་བདག་པོས་དེ་སྐད་ཅེས་སྨྲས་པས་འཁོར་ལང་ཀའི་བདག་པོ་ལ་སོགས་པ་དམན་པ་རྣམས་བསྟན་པའི་ཡོན་ཏན་གྱིས་རང་བྱུང་བདུད་རྩིའི་དོན་རྟོགས་པས་མཚན་མའི་རྟོག་པ་ལས་ཡོངས་སུ་གྲོལ་བར་གྱུར་ཏོ། །དེ་དག་ནི་ལེའུ་ཞེ་ལྔ་པའི་ཡན་ལག་ཏུ་འཕྲོས་པར་མཇལ་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། སེམས་ཉིད་རང་བྱུང་གི་བདུད་རྩིའི་དོན་གྱི་ནོ་པི་ཀའི་བསམ་གཏན་བསྟན་པའི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་རྩ་ལྔ་པ་ཉིད་རྣམ་པར་འགྲེལ་ཏེ་བཤད་པའོ། །ཨེ་མ་རྨད་བྱུང་ཆེ་བ་བདུན་ལྡན་པའི། །རྒྱལ་ཀུན་དགོངས་པའི་འདུས་པའི་སྤྱི་མདོ་འདི། །སྟོན་མཆོག་སྐུ་ལྔའི་ཐུགས་ཀྱི་གསང་མཛོད་དེ། །རྒྱུད་ལུང་མན་ངག་ཀུན་གྱི་ཡང་དེམས་ཡིན། །དེ་ཕྱིར་འདི་ན་བཤད་པའི་རྒྱུད་ཆེན་གྱི། །བཀའ་ཡི་ངེས་གསང་ཟབ་དོན་ཕྱི་མའི་རྒྱུད། །མཁས་གྲུབ་གོང་མའི་གསུང་སྒྲོས་ཇི་ལྟ་བར། །མན་ངག་ཚད་མའི་ལམ་ནས་དེང་འདིར་གསལ། །བསིལ་སྦྱིན་དབང་པོས་བཅོ་ལྔའི་ཐུན་གསུམ་བསལ། །སྣང་བྱེད་རྒྱལ་པོས་འཛམ་གླིང་ཉིན་མོར་བྱས། །ལུང་རིགས་དག་པས་གསང་ཆེན་མདོ་དོན་བཀྲལ། །བསྟན་འཛིན་མཆོག་རྣམས་དགྱེས་པའི་མཆོད་རྫས་ལགས། །ཞེས་ཀྱང་སྨྲས་སོ།། །།བམ་པོ་དགུ་པ་བཤད་ཟིན་ནས། བམ་པོ་བཅུ་པ་སྟེ་ཐ་མར་ཟུག་པའོ། །ད་ནི་དགོངས་པ་རྣམ་པར་བགྲོ་བའི་གཉིས་པ་མཚན་དང་མདོ་གང་དུ་འདུས་པར་བགྲོ་བ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། འདུས་པར་ཤེས་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། རྣམ་གྲངས་བཅུ་པོ་བསྟན་མ་ཐག་པ་དེ་ནས་ཡང་རིགས་ཅན་གྱི་འཁོར་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་དམ་པ་རྣམས་ཀྱིས། སྟོན་པ་གསང་བ་པའི་བདག་པོ་ལ་གསོལ་པ། ཀྱེ་གསང་བ་པའི་བདག་པོ། སྟོན་པ་ཉིད་ཀྱིས་བྱུང་ཚུལ་བཅུ་གཉིས་ཀྱི་དོན་རྒྱ་ཆེར་བགྲོས་པའི་ལུང་གི་མདོ་ཆེན་པོ་གསང་བ་དམ་པ་འདི་ཉིད་ཀྱི་མཚན་ནི་ཇི་སྐད་དུ་བརྗོད་པར་བགྱི། དོན་བསྡུས་པའི་མདོ་ནི་གང་དུ་འདུས་པ་ལགས། དེ་སྐད་ཅེས་གསོལ་པ་ལས། འཆད་པའི་སྐྱེས་བུ་ཆེན་པོ་གསང་བ་པའི་བདག་པོས་ལན་སྨྲས་པ། ཀྱེ་ལང་ཀའི་བདག་པོ། ཞེས་བོས་ནས། གསང་བདག་རྡོ་རྗེ་འཛིན་པ་ཁོ་བོས་སྔོན་ཐོས་པ་ཇི་ལྟ་བ་བཞིན་དུ་དོན་མ་ནོར་བར་ཁྱེད་རྣམས་ལ་བགྲོས་ཏེ་བསྟན་པའི་གསང་བ་དམ་པ་འདི་ནི། རྒྱུད་ཀྱི་ཐུན་མོང་མིན་པའི་ངེས་པ་བརྗོད་པའི་མཚན་ནི་རྣམ་གྲངས་རྣམ་པ་བརྒྱད་དུ་བརྗོད་པར་རིག་པར་བྱའོ། །མདོ་ནི་བསླབ་པའི་མཐའ་བཅུར་འདུས་པར་ཤེས་པར་བྱའོ། །ཞེས་བཀའ་སྩལ་ཏོ། །གཉིས་པ་ལ་གཉིས་ཏེ། མཚན་གཏན་ཚིགས་དང་བཅས་པ་བསྟན་པ། མདོ་གང་དུ་འདུས་པར་བཤད་པའོ། །དང་པོ་ནི། ལང་ཀའི་བདག་པོ། ཞེས་པ་ནས། བྱུང་ཞིང་འབྱུང་བའི་ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། དེ་ལ་མཚན་གྱི་རྣམ་གྲངས་བརྒྱད་བསྟན་པ་གང་ཞེ་ན། བརྒྱད་ཕྲག་གཉིས་ཀྱི་སྔ་མ་དོན་དང་ཕྱི་མ་གཏན་ཚིགས་སུ་རིམ་པར་སྦྱར་བར་བྱ་སྟེ། རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་དགོངས་པ་མ་འདྲེས་ཡོངས་རྫོགས་སུ་འདུས་པའི་མདོ་ཞེས་ཀྱང་བྱའོ། །འབྲས་བུ་ཐམས་ཅད་རྫོགས་པས་དོན་གྱི་སྙིང་པོ་ཞེས་ཀྱང་བྱའོ། །ཡེ་ཤེས་རང་ལ་ལྷུན་གྱིས་གྲུབ་པར་སྟོན་པས་རྡོ་རྗེ་བཀོད་པའི་རྒྱུད་ཅེས་ཀྱང་བྱའོ། །རྣལ་འབྱོར་བཞི་བཅུ་ལ་སོགས་པ་ངེས་པར་ལུང་བསྟན་པས་རྣལ་འབྱོར་གྲུབ་པའམ་ལམ་གྱི་བྱ་བ་རྫོགས་པའི་ལུང་ཞེས་ཀྱང་བྱའོ། །རྒྱུ་འབྲས་ཀྱི་བསྟན་པ་ཀུན་འདིར་འདུས་པས་ཀུན་འདུས་རིག་པའི་མདོ་ཞེས་ཀྱང་བྱའོ། །ཆོས་ཐམས་ཅད་ཀྱི་སྙིང་པོར་ངེས་པའི་དགོངས་པ་རང་གི་མངོན་སུམ་དུ་སྟོན་པས་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་ཀྱང་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྟ་བ་ཐམས་ཅད་འདིར་རྫོགས་པས་ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་ཀྱང་བྱའོ། །བྱུང་ཚུལ་བཅུ་གཉིས་ཀྱི་དུས་སུ་གསང་སྔགས་འབྱུང་བར་སྟོན་པས་ཐེག་པ་ཆེན་པོའི་བྱུང་ཚུལ་བསྟན་པའི་མདོ་ཞེས་ཀྱང་བྱའོ། །དེ་དག་གཏན་ཚིགས་ཅིའི་ཕྱིར་ཞེ་ན། ལང་ཀའི་བདག་པོ། གང་དེ་བཞིན་གཤེགས་པ་དམ་པ་རྣམས་ལ་དཀྱིལ་འཁོར་གསུམ་དབྱེར་མེད་པའི་དགོངས་པ་དེ་ཉིད་ལས་མི་མངའ་བར་ངེས་པས་མཚོན་བྱའི་མིང་མཚོན་བྱེད་ལ་བཏགས་པ་ཡིན་པའི་ཕྱིར་དང་། རྒྱལ་བ་རྫོགས་པའི་སངས་རྒྱས་དང་རྒྱུད་དག་པ་གང་གི་སྤྱོད་ཡུལ་གཞན་གྱིས་ཡུལ་མ་ཡིན་ཞིང་། རྒྱུ་ཆོས་ཀྱི་དབྱིངས་དངོས་པོ་མེད་པ་ལས་འབྲས་བུའི་ཆོས་ཐམས་ཅད་འབྱུང་བ་དང་རྟོགས་ན་རྣམ་ཀུན་མཁྱེན་པའི་བྱང་ཆུབ་འབྱུང་བས་གསང་བའི་ཡེ་ཤེས་ཡིན་པའི་ཕྱིར་དང་། རྒྱལ་བ་སྐུ་ལྔའི་སྟོན་མཆོག་གང་གི་ཡེ་ཤེས་ཐམས་ཅད་མ་འདྲེས་པར་ཡོངས་སུ་བཀོད་པ་ཡིན་པའི་ཕྱིར་དང་། འདི་ལྟར་གང་བློ་ལ་ངེས་པ་དག་འབྲས་བུའི་རྣལ་འབྱོར་དུ་ལུང་སྟོན་པ་ཡིན་པའི་ཕྱིར་དང་། འདིར་དམ་པ་རྣམས་ཀྱི་དགོངས་པ་ཀུན་ནས་རུབ་པའམ་འདུས་པ་ཡིན་པའི་ཕྱིར་དང་། དོན་མཆོག་བླ་ན་མེད་པ་འདི་རྒྱལ་བ་དམ་པ་རྣམས་ཀྱིས་མངོན་སུམ་པར་ཐུགས་སུ་ཆུད་དེ་བྱང་ཆུབ་པ་ཡིན་པའི་ཕྱིར་དང་། གང་སྐུ་གསུང་ཐུགས་ཀྱི་གསང་བ་ལས་ཆོས་ཀྱི་ཚུལ་ལ་མ་འདྲེས་པར་བཀོད་པ་ཡིན་པའི་ཕྱིར་དང། བྱུང་ཚུལ་གྱི་གནས་སྐབས་བཅུ་གཉིས་སུ་སྔར་ངེས་པར་བྱུང་ཞིང་ཕྱིས་སུ་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་དག་གི་དོན་རྒྱས་པ་ནི་ཀླད་དུ་བཀོད་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། དང་པོ་ནི། ལང་ཀའི་བདག་པོ། ཞེས་པ་ནས། མདོ་གཅིག་ཏུ་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཞེས་བོས་ནས། མདོར་བཅུར་འདུས་པར་བསླབ་པ་གང་ཞེ་ན། གང་བསླབ་པའི་མཐའ་བཅུ་ཁོ་ནར་འདུས་པ་སྟེ། དེ་དག་གི་རྣམ་གྲངས་བརྗོད་པ་ཡང་འདི་ལྟར། རྩ་བའི་རྒྱུད་ཀྱི་ལེའུ་གཉིས་པ་ལས་གསུངས་པའི་རྣལ་འབྱོར་གྱི་བསླབ་པའི་མཐའ་བཅུ་ཉིད་འདིར་རྒྱས་པར་ལེའུ་རེ་རེས་འཆད་པའི་ཕྱིར་ཏེ། དེ་ཉིད་ལས། ཇི་ལྟར་ས་གཞི་གཤིན་པ་ལ། །བརྟེན་ནས་ས་བོན་བཏབ་པ་ལས། །འབྲས་དྲུག་སྨིན་པར་གྱུར་པ་ཡིས། །འཚོ་བར་བྱེད་པའི་སྲོག་འཛིན་ལྟར། །ཆོས་ཉིད་ཀུན་གྱི་གཞིར་གྱུར་པའི། །དམ་ཚིག་འདི་ལ་བརྟེན་ནས་ནི། །དངོས་གྲུབ་ལོ་རྟོག་སྨིན་པ་ཡིས། །དགེ་བའི་སྲོག་འཛིན་དམ་པའོ། །བསླབ་པ་འདི་ཡི་དམ་ཚིག་སྟེ། །བསླབ་པ་ཀུན་གྱི་གཞི་འཛིན་དུ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཞེས་གསུངས་པ་ལྟར། གཞི་དམ་ཚིག་གིས་གཟུང་བར་བསླབ་པར་བྱ་སྟེ་ལེའུ་འདི་ཉིད་ལས་འབྱུང་བའོ། །དེ་བཞིན་དུ། ཇི་ལྟར་ཅང་ཤེས་ཀྱི་ལིང་དག །སྡོམ་བྱེད་སྒྲོག་གིས་བཅིངས་གྱུར་པ། །བཀྲོལ་བྱས་བདེ་བླག་བྱང་འགྱུར་ན། །ཅི་ལའང་ཐོགས་མེད་འགྲོ་བ་ལྟར། །སེམས་ཀྱི་ཅང་ཤེས་དབང་པོ་འདི། །མི་ཤེས་བཅིངས་པས་བཅིངས་གྱུར་པ། །རྣམ་གྲོལ་ཐོས་པའི་སྒོ་མོ་ཡིས། །ཤེས་རྒྱུད་ཀུན་གྲོལ་ཐོགས་མེད་འགྲོ། །འདི་ནི་མི་ཤེས་རྒྱུད་འགྲོལ་བའི། །བཅིང་བར་བྱ་བ་བཀྲོལ་བ་སྟེ། །རྒྱུད་ནས་དགྲོལ་བའི་བསླབ་པ་རུ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཞེས་གསུངས་པ་ལྟར། རྒྱུད་ཐོས་པས་དགྲོལ་པར་བསླབ་པར་བྱ་སྟེ་ལེའུ་རེ་བདུན་པའོ།། །།དཔེར་ན་བུང་བ་ཁུང་ཚོལ་བ། །ཀུན་ཏུ་འཇུག་ཅིང་བྱུང་ནས་ནི། །རང་གི་འཛུལ་ཁུང་གང་ཡིན་པར། །ངེས་པར་འཇུག་ཅིང་གནས་པ་ལྟར། །རྣལ་འབྱོར་དོན་གྱི་རྗེས་ཚོལ་བ། །སྤྱོད་སྒོ་ཅི་ཡོད་བསྟུན་ཏེ་བསྡུ། །ལྟ་སྒོར་འཇུག་ཅིང་བརྟགས་བསྡུར་ན། །མ་ནོར་ངེས་པའི་དབུ་མ་ལ། །ཆོས་ཉིད་དོན་གྱི་རྗེས་གཅད་ཕྱིར། །སྒོ་མོ་ཀུན་ནས་བསྡུར་བ་ཡི། །བསླབ་པར་བྱ་བའི་མཐའ་ཡིན་ཏེ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཞེས་གསུངས་པ་ལྟར་སྒོ་ཀུན་ནས་བསྡུར་ཏེ་དབྱེ་བ་ལ་བསླབ་པར་བྱ་སྟེ་ལེའུ་རེ་བརྒྱད་པའོ།། །།ཇི་ལྟར་རི་མཐོན་རྩེ་མོ་ལ། །སྒྱིད་མི་ལུག་པར་བརྩོན་འཛེགས་ན། །མཐོ་སར་ཕྱིན་ཅིང་རྩེ་ནོན་པས། །ཡུལ་ཁམས་རྟོགས་ཤིང་ལམ་ལ་མཁས། །དེ་བཞིན་ཤེས་རབ་མཐོན་རེ་ལ། །སྒྱིད་མི་ལུག་པར་མཉན་བསམ་ན། །ཀུན་གྱི་ཕུལ་དུ་ཤེས་རབ་ཕྱིན། །མཁས་པའི་ཡེ་ཤེས་ཚད་མེད་དོ། །དོན་ལ་མཁས་པར་བྱ་བ་དེ། །ཕུལ་དུ་དབྱུང་བའི་བསླབ་པ་སྟེ། །ཤེས་རབ་ཆེན་པོ་འདི་དག་ལ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཞེས་གསུངས་པ་ལྟར། ཕུལ་དུ་མཁས་པས་དབྱུང་ནས་མཐར་ཕྱིན་པར་བྱ་བ་ལ་བསླབ་པར་བྱ་སྟེ་ལེའུ་རེ་དགུ་པའོ།། །།ཇི་ལྟར་རྒྱལ་རིགས་རྒྱུད་བྱུང་བ། །མང་པོའི་དབང་པོར་དཔོན་བསྟབས་ཏེ། །འཁོར་ལོ་ལ་སོགས་རིན་ཆེན་གྱིས། །ཀུན་ལ་དབང་སྒྱུར་ཐོབ་པ་ལྟར། །དེ་བཞིན་རྣལ་འབྱོར་རྒྱུད་བྱུང་བ། །ཆོས་ཀྱི་དབང་པོར་དཔོན་བསྟབས་ཏེ། །ཕྱག་རྒྱ་ལ་སོགས་རྟགས་ཆེན་གྱིས། །རིམ་པར་ཀུན་གྱི་ཐོག་མར་འགྲོ། །འདི་ནི་དབང་གིས་ཁྱད་པར་ཏེ། །ས་ལ་རིམ་པར་འབྱུང་བ་ཡི། །རྩལ་གྱིས་བགྲོད་ཅིང་བསླབ་པའི་མཐའ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཞེས་གསུངས་པ་ལྟར། རིམ་པ་དབང་གིས་བགྲོད་དེ་དབང་ཐམས་ཅད་འདུ་བ་ལ་བསླབ་པར་བྱ་སྟེ་ལེའུ་བདུན་ཅུ་པའོ།། །།ཇི་ལྟར་གླང་པོ་ཆུར་འཇུག་པ། །ཚམ་ཚོམ་ཆགས་ཐོགས་ཡོང་མེད་པར། །དགའ་བའི་ལོངས་སྤྱོད་བྲོད་ཚུལ་གྱིས། །མི་ལྡོག་ཕ་རོལ་ཕྱིན་པ་ལྟར། །རྣལ་འབྱོར་ངེས་པར་སྤྱོད་པའི་བློ། །བརྟུལ་ཞུགས་རྒྱ་མཚོའི་ཆུར་འཇུག་པ། །རྩལ་ཆེན་སྦྱོང་བའི་བྲོད་ཚུལ་དུ། །ཆགས་ཐོགས་མེད་པར་ལ་དོར་བའོ། །བསླབ་པར་བྱ་བའི་མཐའ་ཡིན་ནོ། །སྤྱོད་པའི་བསླབ་པ་དམ་པར་ནི། །གོམས་པར་བྱ་བ་རབ་ཏུ་གཅེས། །ཞེས་གསུངས་པ་ལྟར། ལ་སྤྱོད་པས་དོར་བ་ལ་བསླབ་པར་བྱ་སྟེ་ལེའུ་དོན་གཅིག་པའོ།། །།ཇི་ལྟར་ཁུང་ཆེན་མཁའ་ལྡིང་བ། །གཤོག་པའི་རྩལ་གྱིས་ནམ་འཕང་གཅོད། །ངམ་གྲོག་ཆུ་ཀླུང་མཐའ་ཡས་ཀྱང་། །གཤོག་རླབས་འོག་ཏུ་ཀུན་ཆུད་ལྟར། །རྣལ་འབྱོར་མཉམ་ཉིད་མཁར་ལྡིང་བ། །ཐེག་པའི་སྤྱོད་སྒོ་མཐའ་ཡས་ཀྱང་། །མཉམ་པ་ཆེན་པོའི་དོན་གྱིས་ནི། །ལྟ་འཕང་རླབས་ཀྱིས་ཐག་གཅོད་པའོ། །འདི་ནི་རེ་དང་དོགས་པ་ཡི། །ཐེ་ཚོམ་གཅོད་པའི་ལྟ་བ་སྟེ། །དོན་ལ་སེམས་ཀྱི་བལྟ་བ་སྟེ། །བསླབ་པ་འདི་དག་གོམས་པ་གཅེས། །ཞེས་གསུངས་པ་ལྟར། ཐག་ལྟ་བས་བཅད་དེ་ས་གཅད་པ་ལ་བསླབ་པར་བྱ་སྟེ་ལེའུ་དོན་གཉིས་པའོ།། །།དཔེར་ན་རྒྱ་མཚོར་ནོར་ལེན་མི། །སྦྲུལ་དང་ཆུ་སྲིན་སྦྲང་མ་ལས། །སོགས་པ་གདུག་པའི་སྡུག་བསྔལ་ཀུན། །དཀའ་བ་ཉམས་སུ་བླངས་ནས་འགྲུབ། །དེ་བཞིན་རྣལ་འབྱོར་བདེ་ཚོལ་བ། །རྣམ་རྟོག་བྱིང་རྨུགས་འཕྱར་གཡེང་དགྲ། །གཞོམ་པར་དཀའ་བའི་ལས་འདི་དག །ཉམས་སུ་བླངས་ན་བདེ་འཐོབ་རྙེད། །འདི་ནི་ཏིང་འཛིན་དམ་པ་ཡི། །ཉམས་སུ་བླངས་པའི་བསླབ་པ་སྟེ། །སེམས་ཀྱིས་གོམས་པར་བྱ་བའི་ལས། །འདྲིས་པར་བྱ་བ་རབ་ཏུ་གཅེས། །ཞེས་གསུངས་པ་ལྟར། ཉམས་སུ་ཏིང་ངེ་འཛིན་གྱིས་བླངས་ཏེ་དགོངས་པའི་ཉམས་རྙེད་པ་ལ་བསླབ་པར་བྱ་སྟེ་ལེའུ་དོན་གསུམ་པའོ།། །།ཇི་ལྟར་མུན་པ་དུག་དང་རྫས། །སྨན་སྣང་གསེར་དུ་བསྒྱུར་བས་ན། །འགྱུར་རྩིའི་མན་ངག་མེད་པའི་མིས། །དཀའ་བའི་ལས་ཆེན་སྣ་ཚོགས་པས། །སྡུག་བསྔལ་སྤྱད་ཀྱང་མི་འགྲུབ་སྟེ། །སུ་ཞིག་མན་ངག་ལྡན་པའི་མིས། །ཚེགས་མེད་གྱི་ནའི་ཚུལ་གྱིས་ན། །བསྒྱུར་བས་སྨན་སྣག་གསེར་འགྱུར་ལྟར། །རྣལ་འབྱོར་ཆེན་པོའི་དོན་སྒྲུབ་པ། །ཀུན་གཞི་གནས་འགྱུར་མན་ངག་དང་། །གང་དག་མི་ལྡན་པས་ཀྱང་ནི། །དཀའ་བ་སྤྱད་ཀྱང་འགྲུབ་པ་མིན། །སེམས་ཀྱི་གསང་འདི་སུས་མཐོང་བ། །དེ་དག་མན་ངག་ལྡན་པ་སྟེ། །འདོད་པའི་དོན་མཆོག་གང་ཡིན་པ། །དེ་དག་ཚེགས་མེད་གྱི་ནས་འགྲུབ། །དོན་རྣམས་སྒྲུབ་པར་གང་བྱེད་པ། །མན་ངག་ཅན་གྱིས་འགྲུབ་པའི་ཕྱིར། །དོན་རྣམས་འགྲུབ་པར་འགྱུར་བ་ཡི། །བསླབ་པ་འདི་དག་རབ་ཏུ་གཅེས། །ཞེས་གསུངས་པ་ལྟར། དོན་མན་ངག་གིས་སྒྲུབ་པ་ལ་མཁས་པས་ཚེགས་ཆུང་བར་བསླབ་པར་བྱ་སྟེ་ལེའུ་དོན་བཞི་པའོ།། །།དཔེར་ན་ཀུན་ཏུ་རྒྱུ་བའི་མི། །འདོད་པའི་ཡུལ་དུ་འགྲོ་བྱེད་ན། །ཡུལ་གྱི་རྣམ་པར་མཐའ་ཡས་ཀྱང་། །བགྲོད་པའི་ལམ་གནས་གཅིག་ལས་མེད། །དེ་བཞིན་བསམ་གྱིས་མི་ཁྱབ་པའི། །བརྒྱད་ཁྲི་བཞི་སྟོང་ཆོས་བསྟན་ཀྱང་། །བཀྲི་ཞིང་དྲང་བའི་ཚིག་ཡིན་ཏེ། །བསམ་པའི་ཡུལ་ནི་གཅིག་པའོ། །དོན་རྣམས་གཅིག་ཏུ་སྡུད་པ་ཡི། །བསླབ་པར་བྱ་བ་དམ་པ་སྟེ། །ངེས་པར་གཅིག་ལས་མེད་པའི་ཕྱིར། །འདི་དག་གོམས་པར་བྱ་བ་ཡིན། །ཞེས་གསུངས་པ་ལྟར། མདོ་དོན་གཅིག་ཏུ་བསྡུ་བ་ལ་བསླབ་པར་བྱ་སྟེ་ལེའུ་དོན་ལྔ་པས་གསལ་བར་སྟོན་པའོ།། །།དེ་དག་ནི་གསང་སྔགས་གསང་བ་ཆེན་པོའི་བསླབ་པའི་མཐའ་བཅུ་སྟེ། བསླབ་པ་དེ་རྣམས་ལ་གོམས་པར་བྱས་པའི་ཡོན་ཏན་ཡང་། སྔ་མ་ལས། བསླབ་པ་འདི་ལ་གོམས་གྱུར་ན། །ལོབས་པའི་ཡོན་ཏན་མཐའ་ཡས་ཏེ། །ལོབས་པས་ལམ་ལ་མཁས་པར་འགྱུར། །སྔགས་ཀྱི་ཡོན་ཏན་ཆེན་པོ་ཡང་། །རྨད་དུ་བྱུང་བ་ཐོབ་པར་འགྱུར། །ཞེས་སོགས་སྤྱི་དང་བྱེ་བྲག་གི་དགོས་ཆེད་ཤིན་ཏུ་མང་ངོ་། །གཉིས་པ་ལ་བཅུ་སྟེ། གཞི་དམ་ཚིག་གིས་གཟུང་བ་ས་གཞི་གཤིན་པ་ལྟར་བཤད་པ། རྒྱུད་ཐོས་པས་དགྲོལ་བ་གྱི་ལིང་སྒྲོག་བཀྲོལ་བ་ལྟར་བཤད་པ། སྒོ་ཀུན་ནས་བསྡུར་ཏེ་དོན་གནད་བསྡུ་བ་བུང་བ་ཚང་ཚོལ་བ་ལྟར་བཤད་པ། ཕུལ་དུ་མཁས་པས་དབྱུང་བ་རི་རབ་ལྷུན་པོའི་རྩེར་ཕྱིན་པ་ལྟར་བཤད་པ། རིམ་པ་དབང་གིས་བགྲོད་པ་རྒྱལ་བུ་རྒྱལ་སར་བཏོན་པ་ལྟར་བཤད་པ། ལ་སྤྱོད་པས་དོར་བ་གླང་པོ་ཆེ་ཆུར་འཇུག་པ་ལྟར་བཤད་པ། ཐག་ལྟ་བས་གཅད་པ་ཁྱུང་ཆེན་པོ་ནམ་མཁའ་ལ་ལྡིང་བ་ལྟར་བཤད་པ། ཉམས་སུ་ཏིང་ངེ་འཛིན་གྱིས་བླངས་པ་ཚོང་དཔོན་མཁས་པས་རྒྱ་མཚོའི་ནོར་བུ་ལོན་པ་ལྟར་བཤད་པ། དོན་མན་ངག་གིས་སྒྲུབ་པ་གསེར་འགྱུར་གྱི་རྩི་ལྟར་བཤད་པ། མདོ་དོན་གཅིག་ཏུ་བསྡུ་བ་ཚོང་པ་ཁེ་སྤོགས་སྡུད་པ་ལྟར་བཤད་པའོ། །དང་པོ་ལ་བཞི་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། བསླབ་པ་གཅེས་པར་གདམས་པ། ཞབས་བསྡུ་བའོ། །དང་པོ་ནི། ལང་ཀའི་བདག་པོ། ཞེས་པ་ནས། ཤེས་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ནོ། །ཁས་བླངས་པའི་ལེའུ་རེ་རེས་འཆད་པའང་ཐོག་མར་གཞི་དམ་ཚིག་གིས་གཟུང་བ་ལེའུ་འདི་ཉིད་ཀྱིས་འཆད་པའི་ཕྱིར། སྐྱེས་བུ་ཆེན་པོས་ལང་ཀའི་བདག་པོ་ཞེས་བོས་ནས། གྲངས་ལ་སྙེགས་པས་དེ་ལ་ཞེས་དམ་ཚིག་བཀར་བ་ནི་སྒྲུབ་པའི་གཞི་སྟེ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཀྱི་རྟེན་པའི་གཞི་ལྟ་བུ་ནི་དམ་ཚིག་ཡིན་པས་དཔེར་ན་ས་གཞི་ཆེན་པོ་ཉིད་སྐྱེ་འཁྲུངས་ཐམས་ཅད་ཀྱི་རྟེན་དུ་གྱུར་པར་གནས་པ་ལྟར་ཤེས་དགོས་པས་ཐོག་མར་བསྟན་པར་རིག་པར་བྱའོ། །དེས་ན་ཀུན་འདུས་ལས་ཀྱང་། ཆོས་ཐམས་ཅད་ཀྱི་སྲོག་ནི་དམ་ཚིག་ཡིན་པར་ཤེས་པར་གྱིས་ཤིག །ཅེས་གདམས་པར་མཛད་དོ། །གཉིས་པ་ལ་གཉིས་ཏེ། ཅིག་ཆར་བར་སྲུང་དུ་མེད་པའི་དམ་ཚིག་བསྟན་པ། རིམས་ཀྱིས་པར་སྲུང་མཚམས་དང་བཅས་པའི་དམ་ཚིག་བཤད་པའོ། །དང་པོ་ནི། དམ་ཚིག་གིས་གནས། ཞེས་པ་ནས། འདི་ནི་རྨད་པོ་ཆེ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་དམ་ཚིག་རང་གི་ངོ་བོ་ནི་ལྟ་བ་དང་སྤྱོད་པ་ཡིན་ཞིང་ངེས་ཚིག་ནི་བསྲུང་བ་དང་མ་བསྲུང་བ་ལས་འཁོར་བ་དང་འདས་པ་ཚིག་པའི་ཕྱིར་ཏེ། དེ་ལྟ་བུའི་ཁེ་ཉེན་ཅན་གྱི་དམ་ཚིག་སྲུང་བའི་གནས་སམ་གཞི་ཉེ་བར་བསྟན་པ་ནི་འདི་ལྟ་སྟེ། བསྲུང་བར་བྱ་བའི་དམ་ཚིག་ཇི་སྙེད་པ་ལའང་ཐེག་པ་ཆེན་པོའི་སྒོ་འདིར་བློ་ཆེ་བའི་ཡུལ་དུ་ཕྱོགས་རིས་སུ་བསྲུང་དུ་མེད་པས་ཆེད་དུ་སྲུང་མཚམས་མ་དམིགས་པ་ནི། ཅིག་ཆར་བ་རྣམས་ཀྱི་ཆོས་ཉིད་ལྟ་བའི་དམ་ཚིག་དམ་པ་བློ་དམན་གྱིས་སྤྱོད་ཡུལ་མིན་ཅིང་རྟོགས་པར་དཀའ་བས་མཉམ་པ་ཆེན་པོར་འདའ་ཉམས་མེད་པ་ཉིད་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཕྱི་ནང་གི་ཆོས་སོ་ཅོག་ཀུན་ཀྱང་དམ་ཚིག་དམ་པ་ཇི་བཞིན་པའི་ཆོས་ཉིད་དུ་མ་གྱུར་པ་ནི་གང་ཡང་མེད་པ་ཡིན་པས་འདའ་ཉམས་མ་དམིགས་ཏེ་གང་ལའང་བཀོལ་བ་མེད་པས་འགལ་བར་མི་འགྱུར་བ་དང་སྤང་དུ་མེད་པའི་ཕྱིར་ཏེ། ལྟ་བས་མི་འགལ་ཏེ་ཕྱོགས་ལྷུང་དང་བྲལ་བ་ཡིན་ལ། སྤྱོད་པས་མི་འགལ་ཏེ་སྤང་བླང་དང་བྲལ་བ་ཡིན་ཞིང་། དམ་ཚིག་གིས་མི་འགལ་ཏེ་རིས་སུ་སྲུང་བ་དང་བྲལ་བའི་ཕྱིར་ཏེ། ངང་དེ་ལས་ནམ་ཡང་གཡོ་བ་མེད་པར་བྱ་བའོ། །སྐྱེས་བུ་སུ་ལ་དེ་ལྟ་བུའི་དམ་པ་ཆེན་པོ་འདི་ཉིད་གནས་ཏེ་ཡང་དག་པར་འཆང་བ་ནི། རྣལ་འབྱོར་པ་ཆེ་བའི་ཡོན་ཏན་དང་ལྡན་པ་རིག་པ་འཛིན་པའི་ནང་ནས་མཆོག་དང་དམ་པར་གྱུར་པའི་སངས་རྒྱས་ཀྱི་ས་ལ་གནས་པ་ཡིན་ནོ། །དམ་ཚིག་མཆོག་གི་ཆེ་བ་བསྟན་པའི་ཕྱིར། གསང་སྔགས་རྨད་དུ་བྱུང་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་བར་བྱ་བའི་ཡུལ་ཕྱི་ནང་གསང་བས་བསྡུས་པ་རྣམས་ལ། ཡོད་པ་ལ་མེད་ཅེས་པ་སོགས་ཀྱིས་སྒྱུ་དང་ལྷད་བཙུད་པ་སོགས་ཀྱིས་གསོག་དང་བྲེ་ཕུལ་ཁ་དམའ་བ་ལྟ་བུ་སོགས་ཀྱིས་གཡོ་སྟེ་དེ་ལ་སོགས་པ་སྐྱོན་གྱིས་གོས་པ་མེད་པར་དམ་ཚིག་དམ་པ་ཉིད་སྲུང་བ་ལ་ནན་ཏན་དུ་བྱ་བའོ། །དེ་ལྟ་བུའི་དམ་ཚིག་དཔག་པར་དཀའ་བས་ཟབ་ཅིང་སྒོ་ཡངས་ལ་ཀུན་ལ་ཁྱབ་པས་རྒྱ་ཆེ་བའི་ཕྱིར་ཐེག་ཆེན་གསང་བ་མཆོག་གི་དམ་ཚིག་དམ་པ་བསྲུང་བ་འདིར་ནི། གདུལ་བྱ་ལ་བསམ་དབང་དུ་ཇི་སྐད་གྲགས་པའི་ཉན་ཐོས་ཀྱི་ཉིས་བརྒྱ་ལྔ་བཅུ་ལ་སོགས་པའི་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་རྒྱ་མཚོ་དང་། གསང་སྔགས་ཕྱི་ནང་གི་དམ་ཚིག་ཏུ་གྲགས་པ་རྡུལ་སྙེད་དང་། མི་ཆོས་ཀྱི་མནའ་ཡན་ཆད་རྟོག་པས་སྲུང་བའི་བྱ་བ་མང་པོ་ཇི་སྙེད་པར་གྱུར་པ་ཐམས་ཅད་ཀུན་འདིར་འདུས་པས་དམ་ཚིག་མཆོག་འདི་ཉིད་བསྲུང་ན་ཀུན་བསྲུང་བ་ཡིན་ལ། འདི་དག་ལ་ཉམས་རལ་གྱི་སྐྱོན་ཡང་མེད་པས་རྣམ་པར་དག་པ་ཉིད་དེ། དེ་བས་ན་ཡོན་ཏན་སངས་རྒྱས་དང་མཉམ་པའི་ལྟ་བའི་དམ་ཚིག་དམ་པ་འདི་ནི་རྨད་དུ་བྱུང་བ་ཆེན་པོ་ངོ་མཚར་མཆོག་ཏུ་ཆེ་བའི་ཆོས་ཉིད་གསང་བའི་དམ་ཚིག་ཡིན་ཏེ། སེམས་ལུང་ཆེན་པོའི་མདོ་ལས། ཐ་ཚིག་སྡོམ་དང་མི་སྡོམ་དང་། །བསྲུང་དང་མི་བསྲུང་ཕྱོགས་མེད་བར། །མཉམ་ཉིད་སྡོམ་པར་གང་གནས་པ། །མཉམ་པ་ཆེན་པོའི་དམ་ཚིག་སྟེ། །ནམ་མཁའ་ལྟ་བུར་མངོན་ཤེས་ན། །དེ་ནི་ཡང་དག་དམ་ཚིག་སྟེ། །ལྟ་བ་རྣམ་དག་དམ་ཚིག་མཆོག །དག་པ་ཞི་བ་གང་བསྲུང་བ། །རྣམ་དག་དམ་ཚིག་ཆེན་པོ་ཡིན། །ཡང་དག་ཆོས་དབྱིངས་ཟབ་མོ་ལ། །བསྲུང་དང་མི་བསྲུང་ག་ལ་ཡོད། བསྲུང་མེད་ནམ་མཁའ་ལྟར་ཤེས་ན། །དེ་ནི་ཡང་དག་གསང་བའི་དམ་ཚིག་གོ། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། དམ་ཚིག་རིས་སུ་བསྲུང་བར་གདམས་པ། ཇི་ལྟར་བསྲུང་ཐབས་ཀྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ནི། ཀུན་གྱི་ཐུན་མོང་། ཞེས་པ་ནས། མཚམས་དག་གཟུང་བར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བུའི་མཉམ་པ་ཆེན་པོའི་དམ་ཚིག་ནི། རྣལ་འབྱོར་མཆོག་གི་སྤྱོད་ཡུལ་ཡིན་པས་གསང་བའི་སྒོར་ཞུགས་པའི་བློ་དམན་པ་དག་གིས་བྱ་བ་སྟོན་པའི་ཕྱིར། གོང་གི་དམ་ཚིག་འདི་ནི་ལམ་པ་བློ་དམན་ཞིང་སྐལ་བ་ཆུང་བ་ཀུན་གྱི་ཐུན་མོང་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གྱི་གཏན་ཚིགས་དེས་ན་གསང་སྔགས་ཀྱི་རྣལ་འབྱོར་ཤེས་རབ་དང་མོས་པ་ཆུང་ངུ་རིམ་གྱིས་འཇུག་པ་ཐམས་ཅད་ལ། བློ་དང་འཚམས་ཚད་དུ་བསྲུང་བའི་མཚམས་དང་བཅས་པར་རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་གཟུང་བར་བྱ་ཞིང་ཡང་དག་པར་བསྲུང་བར་གྱིས་ཤིག་ཅེས་གདམས་པའོ། །གཉིས་པ་ལ་ལྔ་སྟེ། དམ་ཚིག་གི་སྣོད་བསྟན་པ། ཆེ་བའམ་ཐུབ་པའི་ཡོན་ཏན་བཤད་པ། ངོ་བོའི་སྒོ་ནས་དབྱེ་བ་བསྟན་པ། ཉམས་པའི་སྐྱོན་བཤད་པ། ཉམས་ན་བསྐང་ཐབས་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྣོད་ངན་པའི་ཁྱད་པར་བསྟན་པ། བཟང་པོའི་མཚན་ཉིད་བཤད་པའོ། །དང་པོ་ལ་ལྔ་སྟེ། སྣོད་ཀྱི་སྐྱོན་བཞི་སོགས་ལ་མི་བསྟན་པའི་ཚུལ། ཞེ་སྡང་གིས་བསྐྱེད་པའི་སྐྱོན་གསུམ་བསྟན་པ། དམ་པ་ལ་མ་མོས་པའི་སྐྱོན་བཤད་པ། བསླབ་བྱའི་ཡོན་ཏན་དང་བྲལ་བའི་སྐྱོན་བཤད་པ། ཉམས་པའི་སྣོད་ངན་དང་མི་འགྲོགས་པར་གདམས་པའོ། །དང་པོ་ལ་ལྔ་སྟེ། སྣོད་ངན་ལ་སྦ་ཞིང་གསང་བར་བསྟན་པ། སྣོད་ངན་ལ་མི་བསྟན་པའི་དགོས་པ་བཤད་པ། སྣོད་ཀྱི་སྐྱོན་བཞི་ངོས་བཟུང་བ། ངན་པ་ལ་བཤད་ཀྱང་མི་གོ་བས་མི་བསྟན་པར་གདམས་པ། བསྟན་ན་འདི་ཕྱིར་ཕུང་བའི་སྐྱོན་བཤད་པའོ། །དང་པོ་ནི། ཐེག་ཆེན་ཡོངས་སུ། ཞེས་པ་ནས། ཐབས་སུ་བསྲུང་བར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་གསང་བའི་མན་ངག་མི་སྤེལ་བའི་ཚུལ་ནི། ཐེག་པ་ཆེན་པོ་ཡོངས་སུ་རྣལ་འབྱོར་གྱི་གསང་དོན་ཤིན་ཏུ་ཟབ་པ་དག་ནི། སྣོད་མ་ཡིན་པའི་གང་ཟག་འཆད་པར་འགྱུར་བ་ལྟར་ལོག་པར་གྱུར་པ་རྣམས་ལ། ཕྱི་གྲོལ་ལམ་ཐུན་མོང་ཙམ་དང་ནང་སྟེང་སྒོ་འཁོར་ལོ་བཞིའི་མན་ངག་དང་། གསང་བ་འོག་སྒོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེད་པ་གསུམ་དུ་ཕྱེ་སྟེ་འཇུག་པ་ཡི་སྒོ་ནས་སམ། སྐྱོ་སྟོན་ཆེན་པོ་སོགས་རྩ་རྒྱུད་འཆད་པ་དག་གིས་ཕྱི་ཀྲི་ཡོག་སྡེ་གསུམ་དང་། ནང་བསྐྱེད་རྫོགས་གཉིས་དང་། གསང་བ་རྫོགས་པ་ཆེན་པོ་གསུམ་དུ་ཡང་གསུངས་ཏེ། དེ་ལྟར་གསང་དོན་གྱི་ཁྱད་པར་བཤད་ཐབས་གསུམ་དུ་ཕྱེ་ལ་ནང་དང་གསང་བའི་གནད་རྣམས་སྦ་བའི་ཐབས་སུ་བྱ་ཞིང་ཕྱི་རོལ་གྱི་སྒོ་ཙམ་ཐུན་མོང་དུ་བསྟན་ཏེ་རྗེས་སུ་བསྲུང་བར་བྱའོ། །གཉིས་པ་ནི། བསྟན་པའི་གནས་མིན། ཞེས་པ་ནས། ཐབས་ཀྱིས་ཤིན་ཏུ་གསང་། །ཞེས་པའི་བར་གྱིས་བསྟན་ཏེ། བསྟན་པའི་སྣོད་དུ་མ་གྱུར་པ་དུ་ཞེ་ན། གསང་དོན་ཇི་བཞིན་དུ་བསྟན་པའི་གནས་མིན་པའི་སྣོད་ངན་གྱི་རྣམ་གྲངས་ཤིན་ཏུ་མང་ཡང་གང་དག་ཁ་སྦུབ་ལ་སོགས་པ་འཆད་པའི་རྣམ་པ་བཞིས་བསྡུས་པའི་བྱེ་བྲག་སོ་སོར་གྱུར་པ་རྣམས་ཀྱི་མཚན་ཉིད། ཕྱིས་སུ་འབྱོན་པའི་མ་འོངས་པའི་རྣལ་འབྱོར་དམ་པ་ཚུལ་མ་ནོར་བར་སྤྱོད་པ་རྣམས་ཀྱང་ངེས་པའི་བློ་ཡིས་སྣོད་བརྟགས་ཏེ་ངོ་ཤེས་པར་བྱས་ནས་སྣོད་མིན་པ་དེ་དག་ལ་མི་བསྟན་པར་གསང་བར་བྱ་བའི་ཕྱིར་སྣོད་ངན་པ་བཞིའི་བྱེ་བྲག་འདི་དག་བཤད་ཅིང་བཀའ་སྩལ་པའོ། །དེ་ལ་གང་གསང་ན་གསང་སྔགས་ཐེག་པ་ཆེན་པོ་ཡོན་ཏན་མཆོག་ཏུ་གྱུར་པའི་ཡིད་བཞིན་གྱི་ནོར་བུ་འདི་ཉིད་དོ། །གསང་བའི་གཏན་ཚིགས་ནི། འོ་ན་སྐྱོན་ཆེ་བས་གསང་ངམ་ཞེ་ན། སྐྱོན་ཅན་དག་མཚང་ཡོད་པའི་ཉེས་པས་གསང་བ་མ་ཡིན་ཀྱང་གནད་ཁྱད་པར་ཅན་དང་ལྡན་ཏེ་གསང་དགོས་པ་ཡིན་ནོ། །ཡུལ་གང་ལ་གསང་ན། གསང་སྔགས་ལ་མི་མོས་པའམ་མ་རྟོགས་པའི་བློ་ཆུང་བ་རྣམས་ལའོ། །འོ་ན་གང་གི་ཕྱིར་གསང་སྟེ་ཐུགས་རྗེ་མེད་དམ་ཞེ་ན། བློ་ཆུང་དེ་དག་ལའང་བརྒྱུད་ནས་ཕན་གདགས་པའི་དོན་གྱི་ཆེད་དུ་གསང་བའོ། །གང་གིས་གསང་ན་ཐུགས་རྗེ་ཆེན་པོའི་བརྡ་དང་ཐབས་ཀྱིས་ཤིན་ཏུ་གསང་བར་བྱེད་པའོ། །གསུམ་པ་ལ་བཞི་སྟེ། སྣོད་ཁ་སྦུབ་ལྟ་བུའི་སྐྱོན་བསྟན་པ། སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་བཤད་པ། སྣོད་གཞོག་རལ་ལྟ་བུའི་སྐྱོན་བསྟན་པ། སྣོད་དུག་ཅན་ལྟ་བུའི་སྐྱོན་བཤད་པའོ། །དང་པོ་ནི། འཇིག་རྟེན་པ་དང་། ཞེས་པ་ནས། འདམ་དུ་ཁ་སྦུབ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། གསང་བའི་ཡུལ་བཞི་ཁས་འཆེས་པ་རྣམས་རེ་རེ་ནས་བསྟན་པའི་ཕྱིར། དང་པོ་ཐེག་པ་ཆེན་པོའི་སྣོད་མ་ཡིན་པ་ཁ་སྦུབ་ཀྱི་མཚན་ཉིད་ནི། འཇིག་རྟེན་པ་སོ་སོའི་སྐྱེ་བོ་དང་ཐེག་པ་དམན་པ་ཉན་རང་དང་། ལོག་སྲེད་ཅན་མུ་སྟེགས་པ་དང་། དེ་དང་མཐུན་པར་ལོག་ལྟའི་དངོས་ལ་ཆགས་པ་དང་། བྱང་ཆུབ་སེམས་དཔའ་དང་གསང་བར་ཞུགས་ཀྱང་ལྟ་བའི་ཕྱོགས་འཛིན་ལ་ཞེན་པ་ཅན་དང་། གསང་སྔགས་ཐེག་པ་ཆེན་པོ་ལ་དད་པའི་དབང་པོ་མེད་པ་དང་། ཤེས་རབ་ཀྱི་དབང་པོ་མེད་པས་རྟོགས་པའི་བློ་གྲོས་ཀྱི་ནུས་པ་ཆུང་བ་དང་། ཏིང་འཛིན་གྱི་དབང་པོ་མེད་པས་བྱིང་རྒོད་ཀྱིས་གཡེང་བ་ཅན་དང་། དྲན་པའི་དབང་པོ་མེད་པས་གླེན་རྨུགས་ཆེ་བར་གནས་ཤིང་། བརྩོན་འགྲུས་ཀྱི་དབང་པོ་མེད་པས་བསླབ་པའི་དོན་གང་ལ་ཡང་མི་བརྩོན་པ་དང་། གཏི་མུག་ཆེ་བས་གསང་དོན་གྱི་སྣང་བ་ལས་དབེན་ཏེ་བློ་མུན་པར་མཚུངས་པའི་མཚན་ཉིད་འདི་དག་ལྡན་པས། གསང་བའི་དོན་མཆོག་མི་གོ་ཞིང་མོས་པ་དང་བྲལ་ཏེ་དོན་དུ་མི་གཉེར་བས་སྣོད་ཁ་སྦུབ་པའི་རྒྱབ་ཏུ་ཆུ་བླུག་པ་ལྟ་བུ་ཡིན་ནོ། །དེ་བཞིན་དུ། ཐེག་ཆེན་གསང་བ་འདི་ལོག་པར་འཛིན་པ་དང་། གང་གསང་བའི་དམ་ཚིག་ཉམས་པ་དང་། གང་ཐེག་པ་ཆེན་པོ་གསང་བ་འདི་ལས་སླར་ལོག་པ་དང་བཅུ་བཞི་ནི། བྱང་ཆུབ་ཏུ་འདྲེན་པའི་ཐབས་ཀྱི་ཐག་པ་གཏིང་ནས་ཆད་དེ། བྱང་ཆུབ་སེམས་ཀྱི་མྱུ་གུ་རྩ་བ་ནས་ཚིག་པ་ཡིན་པའི་ཕྱིར་མཚན་ཉིད་འདི་དག་ལྡན་པས་ངན་འགྲོའི་གནས་ཡ་ང་བ་གསུམ་གྱི་འདམ་དུ་སྤྱིའུ་ཚུགས་སུ་ལྷུང་སྟེ་ཁ་སྦུབ་པ་ཡིན་པས་ཐར་པའི་དུས་མེད་པར་རིགས་ཆད་འབྲས་བུ་མེད་པར་འགྱུར་བ་དང་གཉིས་ཀྱིས་མིང་ངེས་པར་འགྲུབ་པའོ། །དེས་ན་སྣོད་མ་བརྟགས་པར་དེ་ལྟ་བུ་ལ་སྨྲ་བར་མི་རུང་སྟེ། རྩ་བའི་རྒྱུད་ལས། སྣོད་མེད་ཁ་སྦུབ་དེ་དག་ལ། །གསང་བ་སྨྲ་བར་བྱ་བ་མིན། །སྨྲས་ན་དེ་ཉིད་ཁ་སྦུབ་འགྱུར། །ཞེས་སོ། །གཉིས་པ་ནི། གསང་བའི་དོན་རྣམས། ཞེས་པ་ནས། འཁོར་བར་ཟག་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། གསང་སྔགས་གསང་བའི་དོན་རྣམས་སྒྲར་བརྗོད་དེ་ཚིག་ཙམ་དུ་གཞན་ལ་སྨྲ་ཡང་། ཆོས་ཉིད་གབ་བའི་གསང་བ་འདི་ཉིད་མི་ཤེས་པས་གསང་སྔགས་ཀྱི་ལྟ་བའི་གདེང་མེད་པར་མི་ཤེས་བཞིན་དུ་གཡོན་ཅན་ཤེས་པའི་ཚུལ་དུ་བཅོས་ནས་ང་ཤིན་ཏུ་མཁས་སྙམ་དུ་རློམ་སྟེ་ང་རྒྱལ་བྱེད་ཅིང་གཞན་ལ་གསང་སྔགས་འཆད་དེ་སྒྲོགས་པར་བྱེད་པ་རྣམས་ནི། གཞན་སྣོད་ངན་པ་ཀུན་ལའང་གསང་བར་འོོས་པའི་ཆོས་དམ་པ་གསང་རྒྱུ་དེ་ལྷག་པར་ཡང་སྨྲ་བ་དང་། བསྙེན་བསྒྲུབ་ཡན་ལག་བཞི་དང་བྱང་སེམས་སྤྱིར་བཏང་གི་རྩ་བ་རྣམ་པ་བཞི་ཡི་དེ་ཉིད་རྣམས་ལ་སྒྲ་ཡི་ཚིག་ཙམ་ཐོས་པ་ཡོད་ཀྱང་དོན་བཞིན་དུ་རྟོགས་པ་མེད་པས་ཡང་དག་པར་བསྒྲུབ་མི་ཤེས་ཤིང་ཉམས་སུ་མི་ལེན་ལ། བླ་མ་དམ་པའམ་མཆེད་དམ་ལྡན་གང་གིས་གསང་བའི་གཉེར་གང་གཏད་པ་རྣམས་མི་ཐུབ་པ་རྣམས་ལ་གསང་བའི་བཅུད་ཁོང་ན་མེད་པར་ཟག་པས་འཁོར་བར་བྱིང་ཞིང་ཟག་སྟེ་འཁྱམས་པ་ཡིན་པས་སྣོད་ཞབས་རྡོལ་དང་འདྲ་བའི་མཚན་ཉིད་དུ་བསྟན་པའོ། །དེ་ལྟ་བུ་ལའང་གསང་བ་སྨྲ་བར་མི་རུང་སྟེ། དེ་ཉིད་ལས། གསང་དོན་མི་ཐུབ་སྣོད་ངན་ལ། །གསང་བ་སྨྲ་བར་གང་བྱེད་པ། །དེ་དང་སྣོད་མེད་སྣོད་ངན་གཉིས། །འཁོར་བའི་ཁམས་སུ་ཟག་པར་མཉམ། །ཞེས་སོ། །གསུམ་པ་ནི། ལྟ་དང་དམ་ཚིག །ཅེས་པ་ནས། ཕམ་འགྱུར་འཁོར་བར་འབོ། །ཞེས་པའི་བར་གྱིས་བསྟན་ཏེ། གསང་ཆེན་གསང་བ་དམ་པའི་སྒོར་ཞུགས་པར་ཁས་འཆེས་ནས། བུདྡྷའམ་གསང་བ་མཆོག་གི་ལྟ་བ་དང་དམ་ཚིག་དང་སྤྱོད་པ་ཡི་དམ་པའི་མཛོད་གསུམ་ཉིད་ཚིག་ཏུ་འདི་ལྟ་བུའོ་ཞེས་སྒྲར་སྨྲ་བ་ཙམ་ཡོད་པ་ཡིན་ན་ཡང་གང་དག་རང་ཉིད་ལ་དེ་གསུམ་གྱི་དོན་ལ་ཞེན་པའི་མཐུ་མེད་པས་གཟུང་འཛིན་ཡང་དག་པར་གྲོལ་བའི་བསམ་པའི་ནུས་པ་མ་བརྟས་ཏེ་ཤེས་པ་སོ་སོའི་སྐྱེ་བོ་ལས་གནས་མ་གྱུར་པའི་དབང་གིས་གཡོ་སྒྱུ་དང་ཕྲག་དོག་དང་སེར་སྣས་སེམས་གདུང་སྟེ་དེ་བཞིས་རྒྱུད་ནོན་པས་རྩོལ་བའི་བྱ་བ་དང་བྲལ་བས་སྤྲོས་པ་མེད་པའི་ཆོས་ཉིད་ཆེན་པོ་ལ་ཚིག་ཙམ་དུ་ངེས་པར་འཛིན་ཅིང་དངོས་ཞེན་དང་བཅས་པས་སྨྲ་བ་ལས་གང་ཟག་དེ་ཡང་རང་ཉིད་ལ་བྱ་བྲལ་དེ་ཁོ་ན་ཉིད་ཀྱི་དོན་དེ་ཉིད་རྟོགས་པའི་གདེངས་དང་རྩ་བ་དང་ཡ ན་ལག་གི་དམ་ཚིག་ལ་གནས་པ་མེད་པར། གཟན་ཐེག་པ་ཆེན་པོའི་ལྟ་བ་དང་ཏིང་ངེ་འཛིན་གྱི་རྣལ་འབྱོར་ལྡན་པ་ཅན་ལའང་ཁྱོད་ཀྱི་ལྟ་བ་ནི་དམན་པ་ཡིན་ནོ་ཞེས་ཟེར་ཞིང་སྨོད་པ་སྨྲ་བ་དག་ནི། དམ་ཚིག་ཉམས་པ་དང་འབྲས་བུའི་གོ་འཕང་ངམ་དོན་ཟབ་མོས་ཕུང་སྟེ་ཕམ་པར་འགྱུར་བས་འཁོར་བར་འགྲོ་བའི་སྐལ་པ་ཅན་དུ་གྱུར་ཏེ་སྡུག་བསྔལ་བའི་གནས་སུ་འབོ་ཞིང་ལྟུང་བར་འགྱུར་བ་ནི་སྣོད་ངན་པ་གཞོག་རལ་གྱི་མཚན་ཉིད་ཡིན་པས། གསང་བ་སྨྲ་བར་མི་བྱ་སྟེ། དེ་ཉིད་ལས། སྣོད་ངན་འཁོར་བར་འཕོ་བ་ལ། །གསང་བའི་དོན་རྣམས་སྨྲ་བྱེད་པ། །གསང་བ་ཉམས་པའི་དབང་གིས་ན། །ཉམས་པ་དེ་དང་དེ་འདྲར་འགྱུར། །ཞེས་སོ། །བཞི་པ་ནི། ཚུལ་རྟོགས་ཚོད་ལེན། ཞེས་པ་ནས། དུག་ཅན་ཐ་མར་ལྷུང་། །ཞེས་པའི་བར་གྱིས་བསྟན་ཏེ། གང་དག་ཐེག་པ་ཆེན་པོའི་སྒོར་ཞུགས་ནས་ཕ་རོལ་གྱི་ཚུལ་རྟོག་ཅིང་ཚོད་ལེན་ཏེ་ང་ཆེ་དང་ཁྱད་ཚིག་འདྲེན་ནས་ཚིག་སྨྲ་བ་དང་ཁ་གསག་དང་ངོ་ལྐོག་གི་ལྕེ་གཉིས་སྒྱུར་བར་བྱེད་པས་ལོག་ཚིག་བརྗོད་ཅིང་བླ་མ་དང་གྲོགས་པོ་མཁས་པ་གང་དག་རྣམས་ལ་སྨོད་པ་དང་རྨོངས་པས་ཉེས་དམིགས་མི་ཤེས་པར་དམ་ཚིག་གི་སྲི་ཅན་གཅན་གཟན་དེ་ནི། ད་ལྟར་གྱི་ཚེ་གཅིག་པོ་འདི་ལ་རང་ཆེ་རང་བཙན་གྱི་ཆེ་བ་འདོད་པས་དྲེགས་པའི་གོ་ས་ཐོབ་པའི་ཆེད་ཀྱི་ཕྱིར་དུ། མཆེད་ལྕམ་གྱི་ནོར་རྫས་ལ་སོགས་པ་རྐུ་བ་དང་། ངན་གཡོ་དང་གྱ་གྱུའི་སྒྱུ་དང་ལྡན་པས་གཞན་རྣམས་སླུ་ཞིང་འདྲིད་པ་དང་། ཟང་ཟིང་གི་རྫས་ཀྱི་ཕྱིར་ཤེས་པ་འབྲེང་བས་གསང་སྔགས་ཀྱི་ཚིག་ཙམ་སྨྲ་བ་ལ་དགའ་སྟེ། རང་གིས་ཤེས་རློམ་དང་མཁས་སེམས་ཀྱིས་བརྗོད་འདོད་དང་བཅས་ཏེ་ཕ་རོལ་གྱི་སློབ་དཔོན་དུ་ཚུལ་འཆོས་པར་བྱེད་པ་ཡི་ལོག་པར་སྨྲ་བ་དག་ནི་ཁོང་ན་དུག་ཆེན་འཁྱིལ་བ་ཅན་གྱི་སྐྱོན་དང་ལྡན་པའི་སྣོད་ངན་ཡིན་པས་འདོད་ཁམས་ཀྱི་གནས་ཐ་མར་ལྷུང་སྟེ་དམྱལ་བར་སྐྱེ་བ་ནི། སྣོད་དུག་ཅན་གྱི་མཚན་ཉིད་ཡིན་པས། དེ་ལ་གསང་དོན་མི་སྨྲ་སྟེ། སྔ་མ་ལས། དུག་ཅན་ལྟུང་བའི་སྣོད་དེ་ལ། །གསང་བའི་དམིགས་རྣམས་སྨྲ་བ་ནི། །རྣལ་འབྱོར་ཉམས་པ་ཆེན་པོ་སྟེ། །འཁོར་བའི་ཐ་མར་དེ་ལྷུང་འགྱུར། །ཞེས་སོ། །བཞི་པ་ནི། འདི་ལྟར་ཕམ་འགྱུར། ཞེས་པ་ནས། བསྟན་པར་བྱ་བ་མིན། །ཞེས་པའི་བར་གྱིས་བསྟན་ཏེ། འདི་ལྟར་གང་ཞིག་སྣོད་བཞི་པོ་ཚུལ་འདི་བཞིན་དུ་དོན་གྱི་འབྲས་བུས་དབུལ་ཞིང་ཕམ་པར་འགྱུར་བས་སྣོད་ངན་པ་རྣམས་ལ་རྒྱུད་འདི་ལྟ་བུའི་གསང་སྔགས་ཆེན་པོ་གསང་བའི་དོན་དམ་པ་དེ་ཁོ་ན་ཉིད་ཀྱི་མཛོད་མཆོག་ཉིད་ནི་ཟབ་ཅིང་གཏིང་དཔག་དཀའ་བས་ན། བསྟན་པར་བྱས་ཀྱང་དོན་ཡང་དག་པར་མི་གོ་བས་སྙིང་པོའི་བཅུད་ཀྱིས་ཕམ་སྟེ་ཚིག་ཙམ་ལ་འཆེལ་བའི་ཚུལ་དེས་ངན་འགྲོའི་འགྲོ་བར་ལྷུང་བའི་གནས་སུ་འགྱུར་ཞིང་གྲོལ་བར་མི་འགྱུར་རོ། །དེ་བས་ན་སྣོད་སྐྱོན་ཅན་དེ་དག་ལ་གསང་བ་བསྟན་པར་བྱ་བ་མིན་ནོ། །ལྔ་པ་ནི། གལ་ཏེ་བསྟན་པར། ཞེས་པ་ནས། ཕུང་བྱེད་གཉིས་བསྲེག་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་བསྟན་པར་གྱུར་ན་ནི། སྟོན་ཅིང་སྨྲ་བའི་སློབ་དཔོན་དང་ཉན་པར་བྱེད་པའི་སློབ་མ་དེ་དག་གང་ཡིན་པ་དཔེར་ན་བེའུ་སྦྲེལ་གཡང་དུ་བསྐྱུར་བ་ལྟར་མཐོང་བ་ཚེ་འདི་ལ་ཚེ་ཐུང་ནད་མང་སོགས་དང་མ་མཐོང་བ་ཕྱི་མར་བསྐལ་པ་གསུམ་ལ་སོགས་པའི་ཡུན་དུ་ཕུང་བར་བྱེད་ཅིང་གཉིས་ཀ་རྒྱུད་བསྲེག་པས་གདུང་བར་འགྱུར་ཏེ་གཅིག་གི་རྒྱུ་གཅིག་གིས་བྱས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ཕྲག་དོག་གི་སྐྱོན་གཉིས་བཤད་པ། སྒྲོ་སྐུར་གྱི་སྐྱོན་བསྟན་པ། ཁྲོ་ཞིང་རང་རྒྱུད་ངན་པའི་སྐྱོན་བཤད་པའོ། །དང་པོ་ནི། རྣལ་འབྱོར་མཁས་གསལ། ཞེས་པ་ནས། དེ་ལ་སྐྱོབ་མི་ནུས། །ཞེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་གང་ཞིག་ལྟ་བ་ལ་མཁས་ཤིང་ཏིང་ངེ་འཛིན་གསལ་བའི་དོན་དང་ལྡན་པ་ལ། རྣལ་འབྱོར་པ་བྱིས་པའི་བློ་ཅན་དོན་མི་ཤེས་པ་གང་དག་གིས། ང་རྒྱལ་གྱི་དྲེགས་པའི་དབང་གིས་ཕྲག་དོག་གི་བསམ་པས་བརྙས་པར་འདོད་པའི་རྟོག་ངན་གྱི་རྣམ་གྲངས་ཅི་ཙམ་བསྐྱེད་པར་བྱེད་པ་ན་ཡང་། བསྐྱེད་པ་དེ་སྙེད་དང་བསྐལ་བའི་གྲངས་མཉམ་པར་འབྲས་བུ་དམྱལ་བའི་སྡུག་བསྔལ་མི་བཟད་པ་མྱོང་བར་འགྱུར་རོ། །གལ་ཏེ་རྣམ་སྨིན་ཟད་ནས་བདེ་བར་སྐྱེས་པའི་ལུས་རྗེས་སུ་ལེན་པ་ན་ཡང་། ཕྲག་དོག་གི་སེམས་ཅི་ཙམ་སྐྱེས་པ་དེ་སྙེད་ཙམ་གྱི་བསྐལ་པའི་གྲངས་སུ་ངེས་པར་གཟོད་གོ་ཆ་བསྒོས་ཏེ་གཞི་ནས་འཇུག་དགོས་སོ། །གལ་ཏེ་རྣལ་འབྱོར་པ་མཁས་གསལ་དོན་དང་ལྡན་པ་ཉིད་ཀྱིས་ཀྱང་ནི། གོང་མ་དེ་བཞིན་དུ་རྣལ་འབྱོར་པའི་ནང་ངམ་མི་མཁས་པ་ལ་ཕྲག་དོག་གིས་ངན་རྟོག་དེ་ཉིད་བསམས་ན། དེ་ཡང་དོན་མི་ཤེས་པས་རྨོངས་ནས་གནས་ངན་ལེན་པ་སྟེ། ཚིག་ལ་མཁས་པས་དོན་ཉམས་པ་དེ་ལ་ངན་སོང་ལས་སྐྱོབ་པར་བྱེད་མི་ནུས་སོ། །གཉིས་པ་ནི། རྣལ་འབྱོར་ཚུལ་བྱུང་། ཞེས་པ་ནས། བ་ཉིད་དེ་ལྟར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་བ་ལྟ་སྤྱོད་ཚུལ་བཞིན་དུ་ལྡན་པར་བྱུང་བའི་དམ་པ་ལ། ངག་རྩུབ་མོ་མཚོན་ཆའི་ཚིག་གིས་དེ་ཡི་ཐུགས་རྒྱུད་དཀྲུགས་ཤིང་། སྐྱོན་གྱིས་སྒྲོ་འདོགས་པ་དང་ཡོན་ཏན་གྱིས་སྐུར་པ་འདེབས་པའི་ཚིག་གིས་རྐུ་བ་དང་ངག་བརླང་པོའི་སྒོ་ནས་སྐྱོན་གང་དང་གང་གིས་ངན་དུ་བརྗོད་ན་ཡང་། རྣམ་སྨིན་གྱི་འབྲས་བུ་དམྱལ་བ་རྡོ་རྗེར་དེ་ཉིད་ལྟུང་བར་འགྱུར་ཞིང་། དམྱལ་བ་ལས་ཐོན་ནས་ཀྱང་ཞར་ལས་བྱུང་བ་རྒྱུ་མཐུན་པའི་རྣམ་པར་སྨིན་པ་ཚེ་ཐུང་ནད་མང་སྡུག་བསྔལ་ལྡན་པར་སྐྱེ་བ་དང་། ཚེ་འདི་རང་ལ་ཡང་བདག་གིས་ཕར་ལ་སྐུར་པ་བཏབ་པ་ཇི་ལྟ་བ་ཉིད་ཚུར་ལ་འདེབས་པས་དེ་ལྟར་སྨོད་དེ་སེམས་དཀྲུགས་པར་འགྱུར་བ་ཡིན་ནོ། །གསུམ་པ་ནི། སྐལ་བ་དམན་པའི། ཞེས་པ་ནས། ཕྲ་མེན་ལས་སྤྱོད་བྱེད། །ཅེས་པའི་བར་གྱིས་བསྟན་ཏེ། ལས་འཕྲོ་ཞན་ཅིང་སྐལ་བ་དམན་པས་མི་ཤེས་པར་སྤྱོད་པའི་རྣལ་འབྱོར་པ་རྩ་བའི་དམ་ཚིག་ཉམས་པའི་སྐྱོན་ཅན་རྣམས་ཀྱི་རང་བཞིན་ནམ་མཚན་ཉིད་ནི་ཇི་ལྟ་བུ་ཞེ་ན། བསམ་ངན་གྱི་སྒྱུ་དང་ཁྲོ་གཏུམ་ཆེན་པོ་དང་ལྡན་པ་དང་། དགེ་སྡིག་ལས་མི་བཟད་པ་ཕྲ་མེན་དུ་སྦྲེལ་ཏེ་འདྲེན་མའི་ཚུལ་གྱིས་ལས་དྲག་པོ་སྤྱོད་པར་བྱེད་པའོ། །གསུམ་པ་ལ་གསུམ་སྟེ། མི་མོས་པའི་རྒྱུ་ཚུལ་འཆོས་ཅན་ལ་བརྟེན་པ། མི་མོས་པ་དངོས་བཤད་པ། མི་མོས་པའི་སྐྱོན་བསྟན་པའོ། །དང་པོ་ནི། གང་དག་མི་ཤེས། ཞེས་པ་ནས། པ་ལ་ལྟོས་པར་བྱེད། །ཅེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་པ་གང་དག་དོན་ཟབ་མོ་མི་ཤེས་པར་ངན་པའི་ངང་ཚུལ་ཅན་གྱི་བྱིས་པའི་རང་བཞིན་བློ་ཞན་པར་གྱུར་པས་བླ་མའི་མཚན་ཉིད་བརྟགས་པ་ལ་མི་མཁས་པས་ཤིན་ཏུ་དམན་པའི་ཕྱོགས་རིས་ཀྱི་ལྟ་བ་ཅན་དུ་གྱུར་ཏེ། ཀླུ་རྒྱལ་ཡོན་ཏན་སྙིང་པོས་རིམ་པ་གསུམ་པའི་མན་ངག་ལས། ཕྱོགས་འཛིན་བདག་རྟོགས་རྨོངས་པ་ལ། །ནམ་ཡང་རང་གྲོལ་དོན་མི་ལྡན། །བདག་ཕུང་གཞན་བརླག་སླུ་བྲིད་མཁན། །ཟང་ཟིང་གདུང་བས་ཆེ་བཅོས་སླུ། །ཞེས་གསུངས་པ་ལྟར་ཆེན་པོའི་གོས་གཟུང་བ་ལ་བརྟེན་པ་ཡིས་སྒོ་ནས་བླ་མར་ཚུལ་འཆོས་པ་ཅན་ལ་ལྟོས་པར་བྱེད་དེ་བཤེས་གཉེན་ངན་པ་རྟེན་པའི་དབང་གིས་རང་ཉིད་དོན་ཡང་དག་ལ་མོས་པས་དབུལ་བར་འགྱུར་བའོ། །འདི་ནི་ཀུན་མཁྱེན་དམ་པ་རིན་པོ་ཆེས་སློབ་དཔོན་ངན་པ་དང་སློབ་མ་བླུན་པ་གཉིས་ཀའི་མཚན་ཉིད་དུ་གསུངས་སོ། །གཉིས་པ་ནི། གང་དག་དམ་པའི། ཞེས་པ་ནས། གང་དག་འདུན་པ་མེད། །ཅེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་པ་གང་སུ་དག །ལྟ་བ་དམ་པའི་དགོངས་པ་དང་སྤྱོད་པ་དམ་པར་ལྡན་ཏེ་བྱམས་པ་ཆེན་པོ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྟག་ཏུ་བཟོད་པ་ལ་གནས་པ་མི་རྒྱུད་ཀྱི་ཚུལ་ཤེས་ཤིང་གསང་ཆེན་གསང་བའི་ཡང་གསང་གི་དོན་རྣམས་རྒྱུད་རྒྱལ་འདི་ནས་འབྱུང་བ་དེ་བཞིན་དུ་མ་ནོར་བར་གཞུང་སྲོང་བར་བྱེད་པའི་རྣལ་འབྱོར་དབང་པོ་ནི་བྱང་ཆུབ་ཆེན་པོ་འགྲུབ་པའི་རྒྱུ་ཁོ་ན་ཡིན་ཀྱང་། དམ་པ་དེ་ལྟ་བུ་ལ་ཡང་སྐལ་བ་ཞན་པ་གང་ཡིན་པ་དེ་དག་འདུན་པ་མེད་ཅིང་མི་མོས་པས་གསང་དོན་མི་འགྲུབ་པའི་རྒྱུ་ལ་གནས་པའོ། །གསུམ་པ་ལ་གསུམ་སྟེ། སངས་རྒྱས་མི་ཐོབ་པའི་སྐྱོན་བསྟན་པ། ཐར་པ་མི་ཐོབ་པའི་སྐྱོན་བཤད་པ། ལོག་པའི་ལམ་པར་འགྲོ་བའི་སྐྱོན་བསྟན་པའོ། །དང་པོ་ནི། དམ་ཚིག་སྤྲེའུ་ལྟར། ཞེས་པ་ནས། ཡང་དག་ངས་མ་མཐོང་། །ཞེས་པའི་བར་གྱིས་བསྟན་ཏེ། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་བྱ་བ་མང་ལ་དོན་གྱི་གཏད་མེད་པ་སྤྲེའུ་ལྟར་ཆེད་དུ་སྲུང་བ་མེད་པར་ཁ་ལ་ཁྱེར་ཏེ་ཅི་རུང་རུང་དག་སྤྱོད་པར་བྱེད་བཞིན་དུ། བླ་ན་མེད་པའི་བྱང་ཆུབ་སྙིང་པོ་ཐོབ་པ་ཡི་སངས་རྒྱས་ཀྱི་གོ་འཕང་འགྲུབ་པ་ནི་སྔ་ཕྱིའི་དུས་ཐམས་ཅད་ནམ་དུ་ཡང་མི་འབྱུང་བར་ངེས་པ་ཉིད་དུ་མཐོང་ངོ་། །དེས་ན་སྔར་ཡང་མ་བྱུང་བས་ན་དུས་ཕྱིས་སུ་ཡང་འབྱུང་བར་འགྱུར་བ་ཡང་དག་པའི་གནས་དང་གནས་མིན་ཀུན་མ་འདྲེས་པར་མཁྱེན་པ་གསང་བདག་ཆེན་པོ་ངས་ཀྱང་ཡེ་ཤེས་དག་པའི་སྤྱན་གྱིས་མ་མཐོང་བས་ཚུལ་བཞིན་དུ་སྤྱོད་ཅིག་པའོ། །གཉིས་པ་ནི། རྒྱལ་བའི་སྲས་གྱུར། ཞེས་པ་ནས། ཐར་པའི་ཁར་མི་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། རྒྱལ་བའི་སྲས་སུ་གྱུར་པའི་རྣལ་འབྱོར་པ་ཡང་དག་པའི་ལམ་སྟོན་ཞིང་ངན་པའི་སྐྱོན་སེལ་ལ་མཁས་ཤིང་ཚུལ་དང་ལྡན་པ་ལ་གང་དག་མི་ཤེས་པ་ཁ་ཅིག་གི་ཕྲག་དོག་དང་དྲེགས་པའི་ང་རྒྱལ་གྱི་དབང་གིས་མཁས་པ་དེ་ཉིད་སྤོང་བར་བྱེད་པའི་ཐབས་ཀྱིས་དེ་ལ་སྨོད་དེ་དམའ་བར་བྱེད་པ་དེ་ནི་འཁོར་བའི་གཏིང་རྡོ་ཉིད་དུ་གནས་པ་ཡིན་པས་དམྱལ་བར་ལྟུང་སྟེ་ནམས་ཀྱང་ཐར་པ་ཡང་དག་པའི་ཁར་མི་འབྱུང་བར་འགྱུར་བའོ། །གསུམ་པ་ནི། མི་ཤེས་རྨོངས་པའི། ཞེས་པ་ནས། ལོག་པའི་ལམ་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། མི་མཁས་པའི་རྗེས་སུ་འབྲང་ཞིང་ལོག་པའི་སྤྱོད་པ་ལ་འདུན་ནས་མི་ཤེས་རྨོངས་པའི་རྣལ་འབྱོར་པ་དམན་པའི་གང་ཟག་རྣམས་ཡང་དག་པའི་དོན་ལ་མཁས་པའི་བླ་མ་དམ་པ་ཆོས་ཟབ་མོ་ལ་བརྟེན་ནས་ལམ་རབ་ཏུ་གསང་བར་ཞུགས་ཏེ་གོ་འཕང་མཆོག་ལ་ངེས་པར་འགྲོ་བའི་རྗེས་སུ་འདུད་དེ་འགྲོ་བར་མི་བྱེད་ཅིང་། དེའི་གདམས་པ་ལ་མི་སློབ་པར་ཟང་ཟིང་གི་ནོར་རྫས་འདོད་ཅིང་སྒྲུབ་པར་བྱེད་པའི་ཐབས་ལ་གང་ལྟ་བའི་ཕྱོགས་སུ་ཞེན་པའི་བླ་མའི་རྗེས་སུ་འགྲོ་ཞིང་དེར་འདུན་པར་བྱེད་དེ་རྙེད་པ་ལ་ལྟ་བ་དེ་དག་ནི་ལམ་གོལ་བ་ལ་ཞུགས་པའི་ལོག་པའི་ལམ་པར་གྱུར་པ་དག་ཡིན་ནོ། །བཞི་པ་ལ་གསུམ་སྟེ། བྲལ་བར་བྱེད་པའི་རྒྱུ་ལོག་པའི་ཁེ་བསྒྲུབ་པ། ཡོན་ཏན་ཡོད་མེད་ལུས་འདྲ་ཡང་དོན་ཡིས་ཁྱད་པར་ཡོད་པ། ཚིག་ཏུ་བརྗོད་ཅིང་དོན་དུ་མི་གཉེར་བའི་སྐྱོན་བཤད་པའོ། །དང་པོ་ནི། རྣལ་འབྱོར་ལྟང་དང་། ཞེས་པ་ནས། ཅིས་སྒྲུབ་སྲོག་དང་བསྡོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་ནི་རྣལ་འབྱོར་དམ་པ་ལྟ་སྒོམ་གྱི་ལྟང་བསག་པ་དང་། བྱང་ཆུབ་ཆེན་པོའི་ཁེ་སྤོགས་སྒྲུབ་པའི་བསམ་པས་ཐོས་པའི་བྱ་བ་ལ་སོགས་པ་དུས་ནམ་དུ་ཡང་འབན་ཐག་ཆད་པར་གྱུར་ཏེ་ཤེས་པའི་བློ་ལ་མི་རྒྱུ་བས་འབྱུང་བ་མེད་དོ། །འོ་ན་ཅི་ཞིག་འབྱུང་ཞིང་བྱེད་ཅེ་ན། ཟང་ཟིང་གི་ནོར་རྫས་ལ་དུང་ཞིང་འདོད་པ་དང་། དེ་ཉིད་གཡོ་སྒྱུ་དང་ཚོང་སྤྲུལ་གྱིས་བཙལ་བའི་ཁེ་སྤོགས་ངན་པ་ལ་ནི། ཤིན་ཏུ་གདུང་སྟེ་ཟས་ནོར་ཆུང་ངུ་གཅིག་ཉིད་ཐོབ་ཏུ་འདོད་ན་ཡང་ཅིས་ཀྱང་སྒྲུབ་སྟེ་སྲོག་དང་བསྡོ་བས་དོན་དུ་གཉེར་བར་བྱེད་དོ། །དེ་ནི་ཡི་དྭགས་ཆེན་པོའི་གནས་ན་ཤིན་ཏུ་སྙིང་རྗེ་བར་གནས་སོ། །གཉིས་པ་ནི། རྣལ་འབྱོར་དམ་པའི། ཞེས་པ་ནས། གཉིས་མཚུངས་ཁྱད་མེད་འདྲ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བས་ན་དོན་ལ་སེམས་མི་འབྲལ་བར་བྱ་བའི་ཕྱིར་ལྟ་སྒོམ་ཟབ་མོ་ལ་རྣལ་དུ་འབྱོར་པའི་དམ་པ་ཆེན་པོ་མ་ནོར་བའི་དོན་དང་ལྡན་པ་རྣམས་ཀྱི་དགོངས་སྤྱོད་ཀྱི་རང་བཞིན་ཅན་ནི། དཔེར་ན་བུམ་པའི་སྣོད་ཀྱི་ནང་གི་སྒྲོན་མ་འོད་གསལ་བ་ནང་ན་སྣང་ཡང་གཞན་གྱིས་མི་མཐོང་བ་ལྟར་དུ། ཡང་དག་པའི་རིག་པ་གསང་བའི་མཛོད་གསུམ་གྱི་དོན་དགོངས་པ་ལ་གསལ་བ་དང་ལྡན་ཡང་སྲོག་ཆགས་བྱི་ལའམ་རྐུན་མོའི་སྡེར་མོ་བསྐུངས་ནས་རྫས་ལེན་པ་ལྟར་དོན་ཟབ་མོ་ཁོང་ནས་གབ་ཅིང་སྦས་ཏེ་སྤྱོད་པའི་ཐབས་ཀྱིས་གཞན་ལ་དོན་སྟོན་པ་ནི་ཐབས་ལ་མཁས་པས་མངོན་དུ་མི་སྣང་བའི་ཕྱིར་གང་འདིར་སོ་སོའི་སྐྱེ་བོ་བླུན་པོས་ཚོགས་རྣམས་དེ་ལ་ཡོན་ཏན་ཅན་དུ་ཅིར་ཡང་མི་མཐོང་ཞིང་མི་བརྩིའོ། །དཔེར་ན་འདི་གཉིས་དོན་ལ་འབྱོར་བས་ཁྱད་ཡོད་ཀྱང་ཕྱི་ནས་འདྲ་ཚུལ་གཅིག་ཏུ་གྱུར་ཏེ་འགྲོན་པོ་གང་གི་ལུས་ལ་རིན་པོ་ཆེའི་གཏེར་འཆང་བའི་མི་དང་། བླུན་པོར་གྱུར་ཏེ་ནོར་ཅི་ཡང་མེད་པའི་མི་དག་དང་གཉིས་ཀ་གནས་གཅིག་ཏུ་འདུག་ན། དེ་གཉིས་ཕྱི་ནས་མིར་འདྲ་ཞིང་མིར་མཚུངས་པར་གཅིག་སྟེ་ཁྱད་མེད་པར་མཐོང་བ་དང་འདྲའོ། །དེ་བས་ན་གསང་དོན་ནི་དེ་བཞིན་དུ་སྤྱད་ན་བྱང་ཆུབ་ཤིན་ཏུ་མྱུར་རོ། །གསུམ་པ་ནི། གསང་འདི་བསྔགས་པ། ཞེས་པ་ནས། ཉིད་དང་ཕྲད་པར་དཀའ། །ཞེས་པའི་བར་གྱིས་བསྟན་ཏེ། ཚིག་ཏུ་བརྗོད་ཀྱང་དང་དུ་མ་བླངས་པས་མི་འགྲུབ་པའི་ཕྱིར། གང་ཟག་ཁ་ཅིག་སྤྱིར་གསང་སྔགས་གསང་ཆེན་དམ་པ་འདི་ཡི་བསྔགས་པ་གཞན་ལ་ཚིག་ཏུ་བརྗོད་པར་བྱེད་ཅིང་། རང་ཉིད་ཀྱིས་གསང་བའི་ངེས་པ་ཟབ་མོ་དོན་དུ་གཉེར་བ་མེད་ལ། བྱེ་བྲག་ཏུ་གསང་བའི་སྒོ་ཡི་ཏིང་ངེ་འཛིན་གྱི་བསྔགས་པ་བརྗོད་པར་བྱེད་ཅིང་། དགོངས་པའི་ཏིང་ངེ་འཛིན་དོན་དུ་གཉེར་བ་མེད་པ་དང་། དེ་བཞིན་དུ། ཡང་དག་ལྟ་བའི་བསྔགས་པ་བརྗོད་པར་བྱེད་ཅིང་། ཡང་དག་ལྟ་བའི་ངེས་གསང་དོན་དུ་གཉེར་བ་མེད་པ་དང་། དམ་ཚིག་མཆོག་གི་བསྔགས་པ་བརྗོད་པར་བྱེད་ཅིང་། དམ་ཚིག་གི་གསང་མཛོད་དོན་དུ་གཉེར་བ་མེད་པའི་མཚན་གཞིར་གྱུར་པ་དག་ནི་རྩ་བར་དམ་ཚིག་ལ་དགོངས་པའི་ཕྱིར་བསྙད་པའོ། །དེ་ཉེ་བར་མཚོན་པ་ནི། དཔེ་ཇི་ལྟར་ན་འགྲོ་བ་མི་གང་ལ་ལ་དག་གིས། ནོར་བུ་རིན་ཆེན་འདི་ནི་དགོས་འདོད་འདི་འདྲ་སྟེར་བ་སྟེ། འདོད་པའི་ཡོན་ཏན་ཀུན་འབྱུང་བ་ཡིན་ནོ་ཞེས། དེ་ཡི་ཡོན་ཏན་གྱི་བསྔགས་པ་རྒྱ་ཆེར་བརྗོད་པ་ན། དེ་ལ་འགྲོ་བ་མི་གང་གཞན་དག་གིས། དེ་ལྟར་དགོས་འདོད་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་བ་ཡི་ནོར་བུ་དེ་དག་ལས་ཁྱོད་རང་ལ་ཅུང་ཟད་ཡོད་དམ་ཞེས་དྲིས་ཀྱང་རང་ལ་མེད་པས་སླར་ལན་དུ་སྨྲས་པ། གང་ཞིག་དགོས་པ་སྐོང་བ་ཡི་ནོར་བུ་རིན་པོ་ཆེའི་ཡོན་ཏན་ཅུང་ཟད་སྨོས་པར་ཟད་ཀྱི། དེ་ཉིད་བདག་ལ་མེད་དོ་ཅེས་སྨྲ་བར་བྱེད་དེ་དེས་དབུལ་བ་སེལ་མི་ནུས་པ་དང་འདྲའོ། །དཔེ་དེ་བཞིན་དུ་རྣལ་འབྱོར་པ་ཡང་དག་པའི་དམ་ཚིག་གི་དོན་ལ་མི་བརྩོན་པས་ནི། བསླབ་པར་བྱ་བའི་ཆོས་ཀྱི་གཞི་རྟེན་དང་བྲལ་བ་ཡིན་པས། དམ་ཚིག་དམ་པའི་ཡོན་ཏན་གྱི་བསྔགས་པ་བརྗོད་པར་བྱེད་ཀྱང་གང་ཟག་དེ་དག་ལ་ནི་དམ་ཚིག་དམ་པ་མེད་དོ། །དེ་ལ་སོགས་པའི་ལོག་པར་སྤྱོད་པ་རྣམས་ནི། མཆོག་གི་གནས་དམ་པ་ཉིད་དང་ཕྲད་པར་དཀའ་བས་དམ་ཚིག་མེད་ན་ཡོན་ཏན་བརྗོད་ཀྱང་མི་འགྲུབ་པར་གསུངས་པའོ། །འདི་ལ་བུས་པ་གསུམ་ཆོས་སློབ་ཏུ་འོངས་པས་གཉིས་ཀྱིས་ལོབས། གཅིག་མས་ཡུལ་དུ་ཡང་ཡང་བོས་པས་མ་ལོབས་པའི་སྒྲུང་གི་ལོ་རྒྱུས་འཆད་སྲོལ་ཀྱང་ཡོད་དོ། །ལྔ་པ་ལ་བཞི་སྟེ། རྣལ་འབྱོར་པས་ཉམས་པ་སྤང་བར་བསྟན་པ། ཉམས་པའི་མགོན་བྱས་པའི་ཉེས་པ་བཤད་པ། མ་ཚོར་ཏེ་ཉམས་པས་གཞན་གྱི་དམ་པ་ཡིན་ཡང་མི་འགྲོགས་པར་བསྟན་པ། ཉམས་པ་དང་འགྲོགས་པའི་སྐྱོན་བཤད་པའོ། །དང་པོ་ནི། རྣལ་འབྱོར་ཆོས་འཛིན། ཞེས་པ་ནས། སྣང་བ་གྲགས་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་དམ་པ་གསང་བ་མཆོག་གི་ཆོས་འཛིན་ཞིང་དམ་ཚིག་ལ་གནས་པ་གང་དག་གིས། རྣལ་འབྱོར་པ་དམ་ཚིག་ཉམས་པར་གྱུར་པའི་ལོག་སྲེད་ཅན་དག་ནི་གསང་སྔགས་གསང་བ་དམ་པ་ཉིད་འཇིག་པར་བྱེད་པའི་དགྲར་གྱུར་པར་བལྟས་ནས་ཉམས་པ་དེ་དག་དང་མི་འགྲོགས་པར་དཔེར་ན་སྡིག་པ་མཐོང་བ་ལྟར་བཀའ་ཆད་དབབ་སྟེ་ཚར་བཅད་ཅིང་གནས་ནས་བསྐྲད་དེ་སླར་མི་འོང་བར་ས་བཅིངས་པ་དང་བསྒྲལ་བའི་ཞིང་དུ་གང་བྱེད་པ་ཡི་སྐྱེས་བུ་དེ་ནི་དམ་པའི་སྲས་ཀྱི་ཡོན་ཏན་འཆང་བའི་རིག་འཛིན་དུ་འགྱུར་རོ། །དེ་ཉིད་ཉེ་བར་མཚོན་པ་ནི། དཔེར་ན་རྒྱལ་པོས་ཁྲིམས་བཅས་པའི་ས་གང་དེར། མི་གང་དག་གིས་རྒྱལ་པོ་གང་གི་བཀའི་རྒྱ་དང་འགལ་ཏེ་རྒྱལ་ཁྲིམས་ལས་འདས་པར་གྱུར་ན། དེ་ཉིད་རྒྱལ་བློན་གྱིས་རང་གང་དགར་མི་གཏོང་བར་རྒྱལ་པོའི་ཆོས་ལུགས་ཀྱི་ཁྲིམས་དང་སྦྱོར་ཏེ་སྲོག་ལ་འབབ་པ་སོགས་ཀྱིས་རྒྱལ་པོའི་བཀའ་ཡི་ཡོ་སྲོང་བའི་བཀའ་པ་རྒྱལ་ཁྲིམས་འཚོ་བའི་བློན་པོ་དེ་ཡིས་དེ་ལྟར་བྱེད་པ་ནི། རྒྱལ་པོའི་ཐུགས་ཟིན་ནས་ཉེས་པ་སྒྲུབས་པའི་བློན་འབངས་དམ་པ་ཞེས་མགོ་ནག་ཀུན་ལ་སྣང་ཞིང་མཐོང་བ་ཉིད་ཀྱིས་རྒྱལ་ཁམས་སུ་ཡང་དེ་ལྟར་གྲགས་པར་འགྱུར་བ་ལྟར་རྣལ་འབྱོར་པའང་རྗེས་སུ་མཐུན་ནོ། །གཉིས་པ་ནི། ལྡུམ་རར་དུག་གི། ཞེས་པ་ནས། གསང་བའི་དམ་སྲི་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བས་ན་ཉམས་པའི་མགོན་བྱེད་པ་ནི་ཉེས་པ་ཆེ་སྟེ། དཔེར་ན་ལྡུམ་རར་དུག་གི་སྡོང་པོ་སྐྱེས་པ་ན། ལྡུམ་རའི་བདག་པོ་གཉེར་པས་དུག་ཏུ་ངོ་ཤེས་མ་ཐག་ཏུ། རྩད་ནས་ཕྱུངས་ཏེ་འབྱིན་ཅིང་མེད་པར་བྱེད་དོ། །ཅི་ཡི་ཕྱིར་ན། གལ་ཏེ་མ་ཕྱུངས་པར་ལྡུམ་ཟས་དེ་དག་ལ་དུག་འཕེལ་བར་གྱུར་ན་བདག་པོ་ལ་སོགས་པ་ཀུན་དུག་གིས་འཆི་བར་འགྱུར་བའི་ཕྱིར་རོ། །དཔེ་དེ་བཞིན་དུ་གང་དག་ཉམས་པར་གྱུར་པའི་གང་ཟག་དུག་ཅན་དེ་ཉིད་སྤྱོད་པའི་བརྟུལ་ཞུགས་ཅན་གྱི་རྣལ་འབྱོར་པས་ཐབས་དྲག་པོས་གནས་སོ་སོར་བསྐལ་པའང་ལོ་ཡིས་མི་སླེབས་པའི་གནས་སམ་ལོ་ཡིས་ཡུན་དུ་མི་ཕྲད་པར་བཤུགས་ཏེ་སྤངས་ནས་གཏང་བར་བྱའོ། །གལ་ཏེ་གང་དག་གིས་མི་སྤང་བར་སྙིང་རྗེ་དང་དམ་ཚིག་ལ་མོས་པར་ཚུལ་འཆོས་ཤིང་ཟང་ཟིང་ལ་ལྟ་སྟེ། ཉམས་པའི་གང་ཟག་དང་འགྲོགས་ཤིང་དེའི་སྐྱབས་གྲོགས་དང་མགོན་བྱེད་པ་དེ་དག་ནི་གསང་སྔགས་གསང་བའི་དམ་སྲི་ཆེན་པོ་ཡིན་ཏེ་རྡོ་རྗེ་དམྱལ་བ་ལས་ནམ་ཡང་ཐར་པའི་སྐབས་མི་སྲིད་དོ། །དེ་ལ་མ་ཉམས་པར་གཞན་གྱིས་ཁ་ཡོགས་བྱུང་ནས་འགལ་བ་ལྟ་བུ་ལ་མགོན་བྱས་པ་ནི་མིན་ཏེ་རྩ་བ་མ་ཉམས་པས་སོ། །ཞེས་ཆོས་རྗེའི་ཕྱག་མཆན་ལས་གསུང་། སྤྱིར་ལུང་ལས། གནོད་པར་བྱེད་པའི་དམ་སྲི། ལས་ལས་གྲུབ་པའི་དམ་སྲི། རྐྱེན་ལས་གྱུར་པའི་དམ་སྲི་གསུམ་འབྱུང་བ་ལས་ཐ་མར་ངོས་གཟུང་ངོ་། །གསུམ་པ་ནི། དོན་ལ་རྣལ་འབྱོར། ཞེས་པ་ནས། དུ་ཡང་མཐོང་མི་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། གསང་བའི་དོན་ལ་རྣལ་འབྱོར་དང་ལྡན་ཞིང་ཚུལ་བཞིན་དུ་བྱེད་པ་གང་ཞིག་དེ་དག་གིས་དམ་ཚིག་དམ་པར་ཐ་ཚིག་ཟབ་མོར་བཅས་པ་རྣམས་ལ་སྲུང་བའི་བསམ་པ་མི་གཡོ་བཞིན་དུ་ཡང་དྲན་པ་དང་ཤེས་བཞིན་ཆུང་བས་རྩ་བ་ཡན་ལག་དང་བཅས་པ་རྣམས་ལས་གལ་ཏེ་མ་ཚོར་བཞིན་དུ་ཡན་ལག་གི་དམ་ཚིག་འགའ་ཞིག་ཉམས་ཏེ་ཞིག་པ་ར གྱུར་ཀྱང་ཡན་ལག་ཉམས་པས་ཉེས་པའི་རྣམ་སྨིན་ཡོད་ཀྱང་རྩ་བ་མི་ཉམས་པས་ལྟུང་བར་མི་འགྱུར་བ་ནི་དཔེ་ཇི་ལྟར་ན་གླང་པོ་ཨེ་ན་ཡ་ཞེས་བྱ་བ་ཀུན་འདུས་ཀྱི་མཆན་རྙིང་ལས་ས་སྲུང་ངམ་གླ་བ་ལ་གསུངས་ཏེ་དེ་ཉིད་ཤི་ནས་རོར་ནི་གྱུར་མོད་ཀྱང་། རྣ་སྤབས་སམ་གི་ཝང་རྩིས་ནི་དོན་བྱེད་པ་ལྟར་རྣལ་འབྱོར་པའང་མ་ཚོར་བར་དོན་གྱི་ཡན་ལག་ཉམས་ཏེ་རོར་གྱུར་ཀྱང་། ཐེག་འོག་པ་གཞན་གྱི་དམ་པར་དེ་ཉིད་འགྱུར་ཞིང་། དེ་ཡི་དོན་ཀྱང་བྱེད་ནུས་པ་ཡིན་ནོ། །མ་ཚོར་བར་ཉམས་པ་རྣམ་སྨིན་ཆུང་བ་དེ་ལྟ་མོད་ཀྱང་གསང་སྔགས་རང་གི་ནང་དུ་ཐ་ན་འདི་ཀུན་རྣམས་དང་དངོས་སུ་ལྟ་ཨ་ཅང་ཡང་ཆེས་ཏེ་རྨི་ལམ་དུ་ཡང་མཐོང་ཞིང་ཕྲད་པར་མི་བྱའོ། །བཞི་པ་ནི། ཅི་ཕྱིར་འོ་མ། ཞེས་པ་ནས། ངན་འགྲོར་སྤྱི་ཚུགས་ལྷུང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བས་ན་ཉམས་པ་དང་ཕྲག་ཅིང་བཤེས་པའི་སྐྱོན་འབྱུང་བ་རྒྱུ་མཚན་ཅི་ཡི་ཕྱིར་ཞེ་ན། མཐུན་པའི་དཔེ་འོ་མ་ཉུང་ངུ་ཞིག་རུལ་བས་དེ་དང་འདྲེས་པའི་འོ་མ་ཐམས་ཅད་ཀུན་རུལ་བར་འགྱུར་བ་བཞིན་དུ། དོན་ནི་རྣལ་འབྱོར་པ་ཉམས་པར་གྱུར་པ་གཅིག་གིས་ནི། རྣལ་འབྱོར་དམ་ཚིག་ཅན་ཀུན་ཀྱང་མ་རུངས་པར་འགྱུར་བས་ཉམས་པ་བཞིན་སྤྱད་པ་ཐམས་ཅད་དེ་བཞིན་དུ་འགྱུར་རོ། །འོ་ན་དགེ་སློང་ཐུབ་དཀས་སངས་རྒྱས་ཐོབ། དན་ཕག་གིས་རྩལ་ཆེན་རྫོགས། ཐར་པ་ནག་པོ་དམྱལ་བར་ལྟུང་བ་དེ་གསུམ་འགལ་ཞེ་ན། གཉིས་པོས་སེམས་ལ་ཞེ་སྡང་མ་སྐྱེས། སྤྱོད་པ་ཁོ་བཞིན་མ་སྤྱད་པས་མི་འགལ་ལོ། །དེ་བས་ན་དམ་ཚིག་ཉམས་པས་འཁོར་བར་འགྱུར་ལ། དེ་ལ་བརྟེན་པ་མང་པོས་འཁོར་བ་འཕེལ་བས། འཁོར་བའི་གཡུལ་ཉིད་རྒྱལ་བར་བྱེད་པ་ཡི་ལོག་པའི་རྣལ་འབྱོར་ཐམས་ཅད་ཀུན། གསང་ཆེན་དོན་དམ་སྙིང་པོ་ཡང་དག་པར་ངེས་པའི་རྣལ་འབྱོར་པས། དེ་དག་བརྟགས་ནས་ཐམས་ཅད་བསྒྲིམས་ཏེ་སྤང་བར་བྱ་དགོས་ལ། གལ་ཏེ་གཞུང་དང་མི་འགལ་བ་ལྟར་བྱས་ནས་མ་སྤངས་པར་སྐྱོན་ཅན་དེ་དང་ལྷན་ཅིག་ལོག་པར་སྤྱོད་ན། འཁོར་བའི་གཡུལ་ནི་རྒྱལ་བར་འགྱུར་ཏེ། བསྒྲུབ་པ་ལ་ཡུན་བསྐྱལ་ཀྱང་ཉམས་པའི་གྲིབ་ཀྱིས་བྱིན་རླབས་མ་བརྟས་པ་ལྟར་བདེན་པའི་བྱིན་རླབས་མཐུ་ཆུང་བར་འགྱུར་བས་རང་དང་གཞན་ཀུན་ཀྱང་དགེ་བ་སྤྱོད་པ་དོན་ཆུང་ངོ་ཞེས་ཟེར་ནས་ཡང་དག་པའི་དོན་ལ་ཡིད་འབྱུང་ཞིང་ལོག་པའི་ཆོས་ཀྱི་རྗེས་ཕྱོགས་ལ་གཞོལ་བར་འགྱུར་ཏེ་ཀུན་གྱིས་དམ་ཚིག་ལས་ལོག་པའི་ལས་ལམ་སྤྱོད་པས་ཆོས་སྐྱོང་བའི་བསྲུང་མ་རྣམས་མི་དགའ་བས་ཡིད་དུ་མི་འོང་བ་སྣ་ཚོགས་འབྱུང་བར་སྣང་ལ། དེས་ན་ཆོས་བསྒྲུབ་པས་འདི་ལྟར་འགྱུར་ཞེས་སྒྲོ་འདོགས་པ་དང་ཡོན་ཏན་མ་བྱུང་ཞེས་སྐུར་པ་འདེབས་པའམ་ཅི་འདོད་བྱས་པས་སྒྲོ་འདོགས་ཤིང་དམ་ཚིག་མི་སྲུངས་པས་སྐུར་པ་གཉིས་བྱས་པས་བཀའ་ཡི་ཆད་པ་དྲག་པོ་གང་ཡིན་པ་ཡང་འབྱུང་སྟེ། དེའང་ཡེ་ཤེས་ཅན་གྱི་ལྷ་མཆོག་ལྟ་བུ་འཇིག་རྟེན་ལས་འདས་པའི་ལྟ་བ་མངའ་བ་རྣམས་རང་བཞིན་ཤུགས་ཀྱིས་ཐུགས་རྗེ་ལ་གནས་པས་ནམས་ཀྱང་གནོད་པ་ཡོང་ཡེ་མི་མཛད་ཀྱང་། དེ་ཡི་འཁོར་ན་གནས་པ་ཡི་མ་མོ་དང་མཁའ་འགྲོ་གང་དག་མ་རུངས་ཤིང་མཐུ་ཆེན་པོ་ཅན་རྣམས་ཀྱིས། རྣལ་འབྱོར་ལོག་པར་སྤྱོད་པ་རྣམས་ཀྱི་སྐྱོན་མཐོང་བ་ཙམ་ན་ཚེ་འདི་ལ་ཆད་པས་གཅོད་ཅིང་ཕྱི་མ་ལ་ཐམས་ཅད་ངན་འགྲོར་དམྱལ་བ་ཆེན་པོའི་གནས་སུ་སྤྱིའུ་ཚུགས་སུ་ལྷུང་ནས་རྣམ་པར་སྨིན་པ་དབལ་ཚ་བ་མྱོང་བར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། བཟང་པོའི་མཚན་ཉིད་བཤད་པ། བཟང་པོ་ལ་སྔོན་དུ་འགྲོ་བའི་དམ་ཚིག་བསྟན་པའོ། །དང་པོ་ནི། བསྒྲུབ་པའི་སྣོད་མཆོག །ཅེས་པ་ནས། གསང་སྒོ་དབྱེ་བར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་གསང་སྔགས་ཀྱི་སྣོད་མ་ནོར་བ་ཇི་ལྟ་བུ་སྙམ་པ་ལ། ཐེག་པ་ཆེན་པོའི་གསང་བའི་བསྒྲུབ་པ་དོན་དུ་གཉེར་བར་བྱེད་པའི་ཐབས་དམ་པ་བསྟན་པའི་སྣོད་མཆོག་བཟང་པོ་རབ་ཏུ་གྱུར་པ་ནི་གཅིག་སྟེ། དེ་ལ་དམ་པའི་མཚན་ཉིད་འདི་ལྟར་ཡོད་དེ། སྣོད་ངན་པ་བཞི་པོ་འདི་རྣམས་དང་མཚན་ཉིད་མི་མཐུན་པས་དེ་ལས་བཟློག་པའི་ཡོན་ཏན་ཀུན་རྫོགས་པར་ཡོད་པའི་རྣལ་འབྱོར་ནི། རྒྱུད་མཉེན་པ་དང་། དོན་དང་ལྡན་པ་དང་། ངང་རིང་བ་དང་། ཚུལ་ཤེས་པ་དང་། རང་བཞིན་བཟང་བ་དང་། ཅི་ལའང་འཛིན་ཆགས་མེད་པ་དང་། གཏོང་ཕོད་ཆེན་པོ་དང་ལྡན་པའི་སེམས་དང་། ཤེས་རབ་ཀྱི་སྤྱན་མངའ་བ་དང་། རྒྱུད་སྦྱངས་པའི་ཡོན་ཏན་གྱིས་རྣམ་གྲོལ་གསང་བའི་ཐབས་ལ་མཁས་པའི་ལྡེ་མིག་གིས་གཏི་མུག་རྨོངས་པའི་མ་རིག་པའི་ཐ་རམ་གྱི་སྒོ་ཕྱེ་ནས་ཆོས་ཀྱི་སྙིང་པོའི་དོན་མཐོང་བའི་བློ་གྲོས་ཀྱི་མིག་དང་ལྡན་པས་གསང་སྔགས་ཇི་ལྟ་བའི་གནས་ལུགས་མཐའ་དང་དབུས་ཀུན་བྲལ་བའི་སྐྱེས་བུ་དམ་པའི་སྤྱོད་ཡུལ་ལ་ངེས་པ་རྙེད་དེ་མ་ནོར་བའི་ལམ་དུ་འཇུག་པའི་ཐབས་ཤེས་པ་ནི་སེམས་ཞི་བས་ཡོན་ཏན་གྱི་ལྗོན་པའི་སྡོང་པོ་ཆེན་པོ་ང་རྒྱལ་གྱི་དུག་གི་སྡོང་པོ་སོགས་ཉོན་མོངས་པའི་རྟོག་ཚོགས་དང་བྲལ་ཞིང་རབ་ཏུ་དུལ་བའོ། །དེ་ལྟ་བུའི་སྣོད་དང་ལྡན་པ་ནི། དམ་པ་མཆོག་གི་ཐ་ཚིག་ཟབ་མོ་རྒྱུད་ལུང་ལས་འབྱུང་བ་བཞིན་དུ་ཡང་དག་པར་བསྲུང་བའི་མཚན་ཉིད་དྲུག་གཉིས་དང་ལྡན་པའི་དྲང་སྲོང་མཆོག་གི་དཀའ་ཐུབ་དམ་པ་ལ་གནས་པ་དེ་ཉིད་ཐེག་ཆེན་གསང་བའི་དམ་ཚིག་རྣམས་སྲུང་སྟེ་རྒྱལ་བའི་སྲས་རྒྱུད་འཛིན་པའི་དམ་པ་ཉིད་ཡིན་པས་དེ་ལ་གསང་སྔགས་ཀྱི་གབ་པ་དང་སྦས་པའི་དོན་རྣམས་ཀྱི་མན་ངག་གི་གསང་སྒོ་དབྱེ་སྟེ་བསྟན་པར་བྱའོ། །གཉིས་པ་ནི། འོག་ནས། རྣལ་འབྱོར་དམ་པའི་རིགས་རྒྱུད། ཅེས་པ་ནས། དབྱིག་གི་སྣོད་ཆེན་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་གྱི་མཆོག་དམ་པ་གསང་སྔགས་བླ་ན་མེད་པའི་རྒྱལ་བའི་རིགས་འཛིན་ཅིང་རྒྱུད་དུ་བྱུང་བ་དག །རྒྱུད་རྒྱལ་འདི་ལྟ་བུའི་དོན་ལས་ངེས་པར་བརྟགས་ཏེ་གཞུང་གི་དམ་ཚིག་ཇི་བཞིན་དུ་སྲུང་ཞིང་སྤྱོད་པའི་རྒྱལ་སྲས་རིགས་ཀྱི་བུ་མཆོག་དེ་ནི། སྣོད་དམ་པ་ཡིན་པའི་ཕྱིར་ལྟ་བའི་དམ་ཚིག་ཟབ་མོ་གཏིང་དཔག་དཀའ་བའི་ཤེས་རབ་དང་། བསྒྲུབ་པའི་དམ་ཚིག་ཉི་ཤུ་རྩ་བཞི་རྫོགས་པར་བསྟན་པ་དང་། བརྟུལ་ཞུགས་ཀྱི་སྤྱོད་པ་མཆོག་གི་དམ་ཚིག་ནི་ཉི་ཤུ་རྩ་གསུམ་དང་། རྣལ་འབྱོར་ཆེན་པོའི་སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི་ལ་སོགས་པས་འབྲས་བུ་ལ་བློ་འབྱོར་བར་ཉེ་བས་བདེ་བ་མཆོག་ཉིད་སྟོན་པ་ཡི་མན་ངག་བློ་ལ་ཤོང་བ་དེ་ལྟ་བུ་ལ་མ་ནོར་ངེས་པའི་དམ་ཚིག་གི་ལུང་འདི་རྣམས་བསྟན་ཞིང་བཤད་པར་བྱ་བའོ། །དེ་བས་ན་ལམ་གྱི་རིམ་པ་རྐྱེན་དང་བཅས་པ་དག་བསྟན་པའོ། །དེ་ཡང་ལམ་གྱི་ཐོག་མར་དགོས་པའི་ཡན་ལག་གང་སྙམ་པ་ལ། དམ་ཚིག་འདི་ནི་ལམ་དང་བསླབ་པ་ཀུན་གྱི་སྔོན་དུ་འགྲོ་བས་གཞི་དམ་ཚིག་གིས་གཟུང་དགོས་པའི་ཕྱིར་ཏེ་དེས་ན་ལྟ་བ་ཟབ་མོ་ལ་སོགས་པ་བསླབ་པ་དགུ་པོ་ཀུན་གྱིས་ཀྱང་ཐོག་མར་སྔོན་དུ་འགྲོ་བ་ཡིན་ཞིང་། ཉམས་མ་ཉམས་ཀྱི་རྣམ་སྨིན་གཉིས་ཀ་རླབས་པོ་ཆེའི་ཕྱིར་ཡང་རྡོ་རྗེ་ལྟ་བུའི་འདའ་བར་དཀའ་བའི་ཐ་ཚིག་དྲག་པོའམ་དམ་ཚིག་གི་མིང་ཡང་ཐོབ་སྟེ། དེ་ལྟར་ལེགས་ཉེས་སྟོབས་ཆེ་བ་ཡི་སྒོ་ནས་ཤིན་ཏུའང་བསྲུང་དཀའ་བ་གཅན་འཕྲང་དོག་མོ་དང་འདྲ་བའི་ལམ་གྱི་དམ་ཚིག་རྣམས་བསྲུང་བར་བྱས་ཏེ་སྐྱེ་རྒ་ན་འཆིའི་གནས་ལས་གདོན་པའི་དགོས་ཆེད་ཀྱི་ཕྱིར་དུ། ཐེག་པ་སྤྱིའམ། སྤྱིའི་དམ་ཚིག་ཉི་ཤུ་རྩ་བརྒྱད་དང་། གསང་ཆེན་ནང་པ་རང་གི་ཁྱད་པར་རམ། ཁྱད་པར་གྱི་དམ་ཚིག་བཞི་ལ་སོགས་པ་བཤད་པ་རྣམས་གསང་བར་ངེས་པའི་དམ་ཚིག་ལ་ཐེ་ཚོམ་མི་ཟ་བར་ནན་ཏན་དུ་བྱེད་པའི་དོན་གྱིས་མཉམ་པ འི་ངང་དུ་བློ་བརྟན་ཅིང་བརྩན་པར་རེད་ནས་མ་ཉམས་པར་བསྲུང་ན་དེ་ནི་མན་ངག་དང་དངོས་གྲུབ་ཀྱི་དབྱིག་གི་སྣོད་མཆོག་ཆེན་པོ་ཡིན་པར་བསྟན་པས་དོན་ཟབ་མོའི་ལམ་གྱི་ནང་ནས་ཀྱང་འབྲས་བུའི་སྡོང་པོའི་གཞི་དང་རྩ་བར་ངེས་པའོ། །གཉིས་པ་ནི། གང་ནས་སྔར་གྱི་འཕྲོར། ཇི་ལྟར་དཀའ་ཐུབ། ཅེས་པ་ནས། གཡུལ་ལས་རྒྱལ་བར་བྱེད། །ཅེས་པའི་བར་གྱིས་བསྟན་ཏེ། དམ་ཚིག་གི་ཡོན་ཏན་དང་དཔེ་ཐུན་མོང་དུ་བསྟན་པ་གང་ཞེ་ན། རྒྱུད་གཞུང་ནས་ཇི་ལྟར་བསྟན་པ་བཞིན་དུ་དམ་ཚིག་གི་དཀའ་ཐུབ་མ་ཉམས་པར་བསྲུང་ཐུབ་པ་ལྟར། ཡོན་ཏན་ཇི་འདོད་པ་ཡང་དེ་ལྟར་འབྱུང་བ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། བདག་གི་ཡིད་དུ་འོང་བའི་དངོས་གྲུབ་རྣམ་པ་གཉིས་ཀྱི་གནས་སྐབས་ཇི་ལྟར་འདོད་པ་དང་མཐར་ཐུག་མཆོག་གི་བདེ་བ་ཕུན་སུམ་ཚོགས་པ་ཉིད་འབྱུང་བའོ། །དེས་ན་རིགས་འཛིན་དང་རྒྱལ་བ་ཀུན་ཀྱང་དམ་ཚིག་མ་ཉམས་པ་ལས་འབྱུང་བའི་ཕྱིར་དེ་དག་གི་ཡང་བསྐྱེད་པའི་ཡུམ་མོ། །དེ་བཞིན་དུ་དཀའ་ཐུབ་མཆོག་གི་དམ་ཚིག་དམ་པ་འདི་ནི་དམ་ལ་གནས་པས་ལམ་དང་འབྲས་བུ་ཀུན་རྟེན་པའི་གཞི་ཡི་ཕྱིར་ས་གཞི་ཆེན་པོ་དང་འདྲ་བའང་ཡིན་ཏེ། དམ་ཚིག་མ་ཉམས་ན་བྱང་ཆུབ་ཆེན་པོར་འཚོ་ཞིང་འཛིན་པས་ཡང་དག་པའི་དཀའ་ཐུབ་ཀུན་གྱི་སྲོག་ཏུ་གྱུར་པས་སྲོག་གི་དབང་པོ་དང་འདྲ་བ་ཉིད་ཀྱང་ཡིན་ནོ། །དཔེར་ན་ནོར་དང་འདྲ་བར་རྣལ་འབྱོར་པ་རབ་འབྲིང་ཐ་མ་དམ་ཚིག་མ་ཉམས་པ་ཀུན་གྱི་འདོད་པ་འབྱུང་བའི་རྒྱུ་ཡི་ནོར་རྣམས་ཀྱིའང་མཆོག་གོ། །དམ་ཚིག་མ་ཉམས་པ་འདི་ནི་འདི་དང་ཕ་རོལ་གྱི་འཁོར་བའི་འཇིགས་པའམ་འཇིགས་པ་བརྒྱད་ཀྱིས་མི་ཚུགས་པར་སྐྱོབ་པའི་སྐྱབས་སུ་གྱུར་པས་རྫོང་ཆེན་པོ་དང་ཡང་འདྲའོ། །འཇིགས་པ་བརྒྱད་ནི། མེ་ཆུ། མཚོན། དགྲ། སྦྲུལ། སེང་གེ། གླང་པོ་ཆེ། གཅན་གཟན་ཁྲོ་བོ་དང་བརྒྱད་དུ་ཕྱག་མཆན་གཅིག་ལས་གསུང་། གཞི་དམ་ཚིག་དམ་པ་འདི་ལ་བརྟེན་ནས་མཐར་ཕྱིན་པར་བྱ་བའི་ཕྱིར་བགྲོད་པ་བྱེད་པའི་ལམ་གྱི་མཆོག་ཀྱང་ཡིན་ནོ། །དམ་ལ་གནས་པ་འདི་ཉིད་འཁོར་བའི་ཆུ་བོས་ལས་སྒྲོལ་བའི་གྲུ་ཆེན་པོའང་ཡིན་ནོ། །དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ད ང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་དམ་པའམ་གཞན་ནས་བཙལ་མི་དགོས་པའི་ཕྱིར་བསྒྲུབ་བྱའི་ངོ་བོའང་ཡིན་ནོ། །དམ་ཚིག་དང་ལྡན་པ་ལ་བར་ཆད་ཀྱིས་མི་ཚུགས་པས་བྱང་ཆུབ་ཆེན་པོའི་ལམ་དུ་ཞུགས་ནས་མཐར་ཐུག་གི་བར་དུ་འགྲོགས་ཤིང་དེས་ཕན་འདོགས་པའི་ཕྱིར་གྲོགས་ཀྱི་མཆོག་ཀྱང་ཡིན་ཏེ། དམ་ཚིག་འདི་ནི་བློ་གྲོས་ཀྱི་མིག་ལོང་བ་དག །ཡང་དག་པའི་ལམ་མ་ནོར་བར་ཁྲིད་ཅིང་གཡང་སར་མི་འགྲོ་བས་དམིགས་བུའི་ཐག་པ་ལྟ་བུ་ཡང་ཡིན་ནོ། །དམ་ཚིག་སྲུང་བ་ལས་མ་ཉམས་པ་འདི་ནི་བྱང་ཆུབ་སྒྲུབ་ནས་སྒྲིབ་པའི་དཔུང་དང་སྡུག་བསྔལ་དང་བདུད་དང་མུ་སྟེགས་ལ་སོགས་པ་གཞན་གྱི་སྡེ་རྣམས་འཇོམས་པའི་དམག་དཔུང་ལྟ་བུ་ཡང་ཡིན་ནོ། །དམ་ཚིག་མ་ཉམས་པ་འདི་ནི་འཁོར་བའི་གཡུལ་ལས་རྒྱལ་བར་བྱེད་པའི་དཔའ་བོ་ལྟ་བུ་ཡང་ཡིན་ནོ། །དེ་བས་བསྲུང་བ་རྣམ་པ་གཉིས་ཀྱང་དུས་གཅིག་ཏུ་ཚང་ངོ་། །གསུམ་པ་ལ་གཉིས་ཏེ། དབྱེ་བ་དངོས་བསྟན་པ། དེའི་མཇུག་བསྡུ་བའོ། །དང་པོ་ལ་བཅུ་སྟེ། གལ་མདོ་ངེས་པའི་དམ་ཚིག་གསུམ་བཤད་པ། ཐུན་མོང་གི་དམ་ཚིག་ཉེར་བརྒྱད་བསྟན་པ། ལྷག་པའི་དམ་ཚིག་བཞི་བཤད་པ། བརྟུལ་ཞུགས་ཀྱི་དམ་ཚིག་ཉེར་གསུམ་བཤད་པ། བསྒྲུབ་པའི་དམ་ཚིག་ཉི་ཤུ་བསྟན་པ། སྤྱོད་ལམ་རྒྱུན་གྱི་དམ་ཚིག་བཞི་བཤད་པ། ཚོགས་སུ་མི་ཆུད་པའི་སྐྱོན་ཟུང་དགུ་བསལ་བ། བདུད་ལྔ་སྤང་བ། དགྲ་བཞི་གཞོམ་པ། ལྟ་བའི་དམ་ཚིག་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེས་ན་དམ་པའི། ཞེས་པ་ནས། གསུམ་གྱི་མཐའ་བཟུང་ནས། །ཞེས་པའི་བར་གྱིས་བསྟན་ཏེ། དམ་ཚིག་གི་ཡོན་ཏན་རྒྱ་ཆེན་པོ་དེ་ལྟ་བུ་ཡོད་པ་དེས་ན་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་འདི་ལས་བྱུང་བའི་ཕྱིར་གྱི་དམ་པའི་གཏན་ཚིགས་ཚད་མར་ངེས་པ་ཐེག་པ་མཆོག་གི་དམ་ཚིག་འདི་ནི་རྣམ་པ་ཅི་ཡི་སྒོ་ནས་ཀྱང་རྣལ་འབྱོར་དམ་པ་གང་དག་རང་གི་ལུས་ངག་ཡིད་ཀྱི་སྒོ་གསུམ་པོ་ཉིད་ཉེས་བྱས་མེད་པར་དག་པ་གསུམ་དང་ལྡན་པས་རྩ་བའི་དམ་ཚིག་གསུམ་གྱི་དག་པའི་མཐའ་ཡི་གཞི་བཟུང་ནས་བསྲུང་བར་བྱའོ། །གཉིས་པ་ནི། གང་འདིར་དཔང་བཞི། ཞེས་པ་ནས། གྱིས་ནི་བསྲུང་བར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དམ་ཚིག་བསྲུང་བར་བྱ་བའི་རྩ་བ་དང་ཡན་ལག་གང་སྙམ་པ་ལ། ཐོག་མར་གལ་མདོ་ངེས་པའི་དམ་ཚིག་གི། མ་ཁྲེལ་བའི་ཚུལ་དང་། མ་ཉམས་པའི་མདོ་དང་། མཐར་ཕྱིན་པའི་རྟགས་གསུམ་རིམ་པར་སྟོན་ཏེ། ཐེག་པ་མཆོག་ལ་ཞུགས་པས་སྒོ་གང་འདིར་དབང་ཕྱུག་ཆེན་པོ་བླ་མ་དང་། ཡི་དམ་གྱི་ལྷ་དང་། གྲོགས་མཆོག་དམ་པ་དང་། རང་གི་སེམས་ཀྱི་དཔང་པོ་བཞི་ལུང་ལས་འབྱུང་བ་བཞིན་སུན་མི་དབྱུང་བར་བཀུར་ཏེ། སྲི་ཞུ་བླ་མས་མ་ཁྲེལ། སྒྲུབ་པའམ་སྲུང་བ་ཡི་དམ་གྱིས་མ་ཁྲེལ། གདུང་སེམས་མཆེད་ལྕམ་གྱིས་མ་ཁྲེལ། གཡོ་སྒྱུ་རང་སེམས་ཀྱིས་མ་ཁྲེལ་བའི་སྒོ་ནས། ལུས་ངག་ཡིད་ཀྱི་ཚུལ་གསུམ་དག་པའམ། དམ་པར་བྱུང་བའི་ཚུལ་དང་། སྒོ་གསུམ་ཉེས་པ་མེད་པའི་ཚུལ་དང་། དམ་པར་རོ་གཅིག་པའི་ཚུལ་དང་གསུམ་གྱིས་དག་པའི་ཚུལ་ཤེས་པས་མཉེས་པར་བྱ་སྟེ། ཁྲེལ་བ་དང་ཕྱིས་གནོང་འགྱོད་ཀྱིས་མི་གནོད་པར་བྱས་ཏེ་དམ་བཅས་པའི་ཚུལ་བརྟན་པར་གཟུང་སྟེ་ངེས་པར་བསྲུང་ཞིང་ནམ་དུའང་གཏང་བར་མི་བྱ་བའོ། །འདིའི་དཔང་པོ་བཞི་ལ། རྒྱུད་འགྲོལ་བའི་བླ་མ། དབང་བསྐུར་མཆོག་གི་བླ་མ། མན་ངག་སྟོན་པའི་བླ་མ། མ་རིག་པ་འདྲེན་པའི་བླ་མ་དང་བཞིར་གསུངས་པའི་འཆད་ཚུལ་ཞིག་ཀྱང་བཞུགས་སོ། །བླ་མ་དང་མཆེད་དང་ལྷ་དང་བདག་ཉིད་ཀྱིས་མ་ཁྲེལ་བ་བཞིས་ཡོངས་སུ་མ་ཉམས་པའི་མདོའམ། རྩ་བ་དང་། ཡན་ལག་དང་། ཞར་དང་། ཟླས་ཡོངས་སུ་མ་ཉམས་པའི་མདོ་བཞི་པོ་དག་དང་ལྡན་པ་སྟེ། འགྲེལ་ཆེན་ལས། ཡང་ན་ཀུན་ཏུ་མ་ཉམས་པ་དང་། རྩ་བ་དང་ཡན་ལག་མ་ཉམས་པ་དང་། ཟླས་མ་ཉམས་པ་དང་། ཞར་གྱིས་མ་ཉམས་པའི་ངོ་བོ་ནི་མདོར་བསྡུས་པའི་གྲངས་ཏེ་རྩ་བའི་རྒྱུད་ལས་ལྔར་གསུངས་སོ། །ཞེས་ཀྱང་འབྱུང་ལ། དེ་ལྟར་བསྲུང་བ་མཐར་ཕྱིན་ན་ཕྱག་རྒྱ་ཆེན་པོ་བཞིའི་རྟགས་ཀྱི་དངོས་གྲུབ་དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བ་དང་། བྱིན་རླབས་ཆེ་ཞིང་རིག་པ་འཆར་བ་དང་། ཡིད་འོང་འབྱུང་ཞིང་འདོད་པ་གྲུབ་པ་དང་། མང་པོས་བཀུར་ཞིང་གྲགས་པ་འཐོབ་པ་རྣམ་པ་བཞིར་འབྱུང་བ་དང་བཅས་པས་མདོ་གཟུང་བར་བྱའོ། །མདོར་ན་དམ་ཚིག་གི་དོན་རྣམས་དྲན་པ་ལ་བཏགས་ཏེ་ཉམས་པ་དང་མ་ཉམས་པའི་གྲངས་ཉིན་ཞག་རེ་བཞིན་བསྔོ་བགྲང་བྱ་ཞིང་། ཉམས་པ་རྣམས་ནི་ཐབས་བཞིས་བཤགས་ལ། མ་ཉམས་པ་རྣམས་བྱང་ཆུབ་ཆེན་པོར་བསྔོ་སྟེ་དཔེར་གྲངས་ནི་ཕྱུག་པོ་ནོར་བསྔོ་ལྟར་བྱའོ། །དེ་སྐད་དུའང་རྩ་བའི་རྒྱུད་ལས། མདོར་ན་བདག་གི་སྒོ་གསུམ་པོ། །དག་པ་གསུམ་གྱི་མཐའ་བཟུང་ནས། །ལྷ་དང་གྲོགས་དང་སློབ་དཔོན་དང་། །བདག་ཉིད་དག་པ་མ་ཁྲེལ་བའི། །ཚུལ་གསུམ་མི་གནོད་དམ་བཅས་གསུམ། །ཡོངས་སུ་མ་ཉམས་མདོ་བཞི་པོ། །མཐར་ཕྱིན་རྒྱ་རྟགས་རྣམ་བཞིར་བཅས། །མདོ་དོན་དྲན་པ་ལ་བགྲང་བསྔོ། །ཞེས་སོ། །དེ་ལྟར་སྒོ་གསུམ་དང་ཉོན་མོངས་པའི་ཁེངས་པ་དུལ་བའི་རྒྱུད་དང་ལྡན་ཏེ་ཐ་ཚིག་བརྟན་པ་ལ་གནས་པ་ཅན་དུ་གྱུར་པའི་ཤེས་རབ་ཀྱི་བློ་སྟོབས་དང་མོས་པ་ཆུང་ངུའི་ས་པར་གནས་ཤིང་ཅིག་ཆར་དུ་འཇུག་མི་ནུས་པའི་བུ་མཆོག་དམ་ལྡན་རྣམས་ཀྱིས། དགེ་བཅུ་དང་འདུལ་སྡོམ་ལ་སོགས་པ་ཉིང་ལག་ཕྲ་མོའི་ཕྲ་མོ་དང་ཡན་ལག་ཕྲ་མོ་ཡན་ཆད་ཆུད་མི་གསན་པར་བདག་དང་གཞན་གྱི་དོན་དུ་ནན་ཏན་གྱིས་ནི་ཡོངས་སུ་བསྲུང་བར་བྱའོ། །གཉིས་པ་ནི། སྐུ་དང་གསུང་ཐུགས། ཞེས་པ་ནས། ཤེས་བྱ་གྲུབ་པ་དང་། །ཞེས་པའི་བར་གྱིས་བསྟན་ཏེ། རྩ་བའི་བསྲུང་བྱ་གང་སྙམ་པ་ལ། འདི་བཞིན་དུ་བསྲུང་བར་བྱ་སྟེེ། སློབ་དཔོན་ལྟ་བུར་སྤྲུལ་པའི་བདུད་ཉིད་དང་། །དངོས་གྲུབ་ལེན་པའི་བར་དུ་གཅོད་པ་དང་། །སློབ་དཔོན་རྩོལ་བའི་ཚིག་བཅག་མ་གཏོགས་པར། །བཀའ་ཡི་ཟུར་ཡང་བཅག་པར་མི་བྱའོ། །དགེ་ལ་བསྐུལ་དང་ཕན་འདོགས་མ་ཡིན་པ། །གྲོགས་མཆོག་ཐུགས་ནི་ནམ་ཡང་དཀྲུག་མི་བྱ། །ཞེས་སྐུ་ཡི་དམ་ཚིག་དང་། ཏིང་འཛིན་དཀྱིལ་འཁོར་རྣལ་འབྱོར་བསམ་གཏན་དང་། །སྙིང་པོ་བཟླས་པ་བར་དུ་མི་གཅད་དོ། །ཞེས་གསུང་གི་དམ་ཚིག་དང་། བྱང་ཆུབ་དོན་དུ་གཉེར་བ་མ་ཡིན་པ། །སྲོག་གི་ཕྱིར་ཡང་གསང་ཚིག་མི་སྤེལ་ལོ། །སེམས་ཅན་དོན་དུ་འགྱུར་བ་མ་ཡིན་པ། །གསང་སྔགས་ཕྱི་དང་ནང་གི་དམ་ཚིག་དང་། །བྱང་ཆུབ་སྡོམ་དང་ཉན་ཐོས་ཚུལ་ཁྲིམས་དང་། །ས་བདག་རྒྱལ་ཁྲིམས་འགལ་བར་མི་བྱའོ། །ཞེས་ཐུགས་ཀྱི་དམ་ཚིག་གི་དོན་ཏེ། རྡོ་རྗེ་ཐེག་པ་ཆེན་པོ་ཡི་རྩ་བའི་དམ་ཚིག་བསྲུང་བ་དང་། བློ་ཆེ་བའི་དབང་དུ། རྗེས་སུ་རྣལ་འབྱོར་རང་གི་ཐུན་མོང་མིན་པའི་དམ་ཚིག་སྣང་སྲིད་དབྱིངས་དང་ཡེ་ཤེས་སུ་གསལ་བས་གཉིས་མེད་ཀྱི་ངང་དུ་སྒོ་གསུམ་སྐུ་གསུང་ཐུགས་སུ་རྟོགས་པ་ལས་མི་འདའ་བའི་ཐ་ཚིག་མཆོག་ཏུ་གསུངས་ཏེ། སྔ་མ་རྩ་བའི་རྒྱུད་ལས། སྣོད་དུ་གྱུར་པ་ཡུམ་གྱི་དབྱིངས། །བཅུད་རྣམས་རྒྱལ་བ་ཡབ་ཀྱི་མཁའ། །འབྱུང་འཇུག་རིག་པས་ལོངས་སྤྱོད་དེ། །འདི་ནི་རྡོ་རྗེ་ཐ་ཚིག་ཡིན། །སྲིད་པའི་སེམས་ཅན་ཐམས་ཅད་དང་། །ཐར་པ་ཆོས་ཀྱི་རྣམ་གྲངས་ཀུན། །སོ་སོར་ཐམས་ཅད་སྣང་བ་སྟེ། །ཀུན་ཀྱང་མཉམ་པའི་ངང་དུ་གསལ། །སྤྱོད་པའི་ལས་དང་རྟོག་པ་དང་། །མཚན་མར་གྱུར་པ་ཐམས་ཅད་ཀྱང་། །སེམས་ཀྱི་ཕྱི་ནང་སྤྱོད་ཡུལ་དེ། །བརྟགས་ན་ལོངས་སྤྱོད་ཚོགས་སུ་འགྱུར། །མ་སྐྱེས་སྟོང་པ་སྐུ་ཡི་རྒྱ། །རང་བཞིན་སྨོན་མེད་གསུང་གི་དོན། །མཚན་མེད་ཡིད་ལས་འདས་པ་ཐུགས། །རྣམ་གསུམ་བདེ་ཆེན་སངས་རྒྱས་སོ། །མཉམ་པའི་ལྟ་བས་དབང་སྒྱུར་ན། །འཁོར་བ་ཐམས་ཅད་དབྱིངས་ལ་སྣང་། །ལས་ཀུན་རྫོགས་པའི་མཆོག་ཡིན་ཏེ། །གཞན་དུ་ཕྲིན་ལས་ལུས་པ་མེད། །སྡུག་བསྔལ་བྱང་ཆུབ་ཆེན་པོ་སྟེ། །འཁོར་བ་ཡེ་ནས་མྱ་ངན་འདས། །སྒྲིབ་པ་རྣམ་དག་ཆོས་ཀྱི་དབྱིངས། །ཉོན་མོངས་ཀུན་ཀྱང་བྱང་ཆུབ་དོན། །སྣང་བ་མེད་པའི་དོན་མཐོང་དང་། །ས་དང་ས་ཡི་རིམ་པར་ནི། །འདི་དང་འདི་ཞེས་གཟུང་དུ་མེད། །འདི་ནི་སྣང་མེད་ཐོབ་པའི་གནས། །སྐུ་དང་གསུང་ཐུགས་མི་གཡོ་བའི། །ཇི་བཞིན་ཉིད་ཀྱི་ངང་ལ་གནས། །ཞེས་སོ། །དེ་ནས་ཡན་ལག་བསྲུང་བ་ནི་འདི་ལྟ་སྟེ། དམ་པའི་ཆོས་འཇིག་དམ་པ་གསོད་པ་དང་། །མཚམས་མེད་ལྔ་བྱེད་ཀུན་ལ་གནོད་པ་དང་། །ཆོས་ཀྱི་སྤུན་དང་བྱང་ཆུབ་ཕྱིར་གནོད་པ། །ཚད་མེད་ནན་ཏན་རྡོ་རྗེ་མཚོན་གྱིས་གསད། །དོན་མེད་གང་ཡོད་སེར་སྣས་འཇུངས་པའི་ནོར། །ཁ་ན་མ་ཐོ་མེད་པར་བླངས་ནས་སུ། །དེ་ཡི་བསོད་ནམས་ཆེན་པོ་འཐོབ་བྱའི་ཕྱིར། །མཆོད་དང་སྤྱད་དང་སྦྱིན་པ་ཆེན་པོར་བྱ། །སློབ་དཔོན་དཀོར་དང་སྲོག་ཆགས་བསྐྱབས་པ་དང་། །སེམས་ཅན་བྱང་ཆུབ་ལམ་དུ་དྲང་བའི་རྫུན། །མེད་ལས་ཡོད་སྨྲ་ཡོད་ལས་མེད་སྨྲ་དང་། །བག་དང་ལྡན་པར་རྟག་ཏུ་སྨྲ་བར་བྱ། །དམ་པ་སུན་འབྱིན་མི་མཐུན་གོལ་བ་དག །དོན་དང་ལྡན་པས་ཚར་བཅད་ཚིག་རྩུབ་སྨྲ། །དགེ་སྡིག་འགྲོགས་འབྲལ་བཟང་ངན་ལྟ་དབྱེའི་ཕྱིར། །ཕྲ་མའི་ཚིག་དོན་རྟག་ཏུ་དབྱེ་བར་བྱ། །རྟོགས་ནས་བདག་གཞན་དོན་ཕྱིར་སྤྱད་པའོ། །ཞེས་སྤྱད་པར་བྱ་བ་ལྔ་དང་། ཤ་ཆེན་བཤང་གཅི་ཁྲག་དང་བྱང་ཆུབ་སེམས། །གྲུབ་པ་བཞི་དང་ཡིན་པའི་མཐུ་ལྡན་པ། །བླང་དོར་མེད་པར་བསྟེན་པས་མཆོག་འགྲུབ་ཕྱིར། །གཙང་དམེ་མེད་པའི་སེམས་ཀྱིས་མི་འབྲལ་ལོ། །ཞེས་ཡིད་འོང་དང་དུ་བླང་བ་ལྔ་དང་། དངོས་དང་གདུག་པ་འཇོམས་བྱེད་ཞེ་སྡང་གཉིས། །གང་ལའང་རྣམ་རྟོག་ཕྱོགས་མེད་གཏི་མུག་དང་། །གཉིས་མེད་དོན་དང་མོ་རིགས་སྦྱོར་ཞིང་ཆགས། །ཡང་དག་དོན་ལ་སྲན་འཛུགས་དྲེགས་འཇོམས་ང་རྒྱལ་དང་། །ལོག་དང་སྣོད་ངན་མི་ཚུད་ཕྲག་དོག་ཆེན་པོ་རྣམས། །ཤེས་ནས་ནམ་དུའང་མི་སྤང་གཉིས་མེད་སྤྱོད། །ཅེས་མི་འདོར་བ་ལྔ་དང་། ཕུང་པོ་ལྔ་དང་འབྱུང་ལྔ་ཡབ་ཡུམ་ལྔ། །རྣམ་ཤེས་ཉོན་མོངས་རིགས་ལྔ་ཡེ་ཤེས་ལྔ། །ཁ་དོག་ལྔ་དང་དབང་ལྔ་ཡུལ་ལྔ་སོགས། །རང་བཞིན་སེམས་ཕྱིར་གཅིག་དང་ཐ་དད་གྲོལ། །དེ་ཕྱིར་ལྔ་ལྔར་སྦྱར་ཞིང་ཤེས་པར་བྱ། །ཞེས་ཤེས་པར་བྱ་བ་ལྔ་དང་། རྣམ་སྣང་མི་བསྐྱོད་འབྱུང་ལྡན་འོད་དཔག་མེད། །དོན་གྲུབ་ལ་སོགས་སངས་རྒྱས་ལྔ་པོ་རྣམས། །འབྲས་བུའི་བདག་ཕྱིར་ཏིང་འཛིན་བརྩོན་ལྡན་པས། །ཕྱི་མར་མི་སྨོན་ཚེ་འདི་ཉིད་ལ་གྲུབ་པར་བྱའོ། །ཞེས་སྒྲུབ་པར་བྱ་བའམ་གྲུབ་པ་ལྔ་སྟེ་མདོར་ན་ཡན་ལག་ཉི་ཤུ་རྩ་ལྔ་དང་རྩ་བ་གསུམ་བཅས་དམ་ཚིག་ཉི་ཤུ་རྩ་བརྒྱད་དོ། །གསུམ་པ་ནི། མེད་དང་ཕྱལ་བ། ཞེས་པ་ནས། བྱ་བའི་ནོར་མཆོག་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། ཤིན་ཏུ་བྱ་བ་མེད་པའི་རྣལ་འབྱོར་གྱི་ཨ་ཏི་ཡོ་གའི་དམ་ཚིག་བཞི་ནི། བསྲུང་དང་མི་བསྲུང་གི་ཕྱོགས་རིས་མེད་པར་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ངེས་པས་གྲངས་སུ་བཅད་ལ་སོ་སོར་བསྲུང་དུ་མེད་པ་དང་། གང་ཡང་དམ་པར་ངེས་པས་དམ་ཚིག་ལ་བླང་དོར་མེད་དེ་གཟའ་གཏད་དང་བྲལ་བས་ཕྱལ་བ་དང་། བདག་ཉིད་ཆེན་པོར་ཐིག་ལེ་ཉག་གཅིག་གི་ངོ་བོར་དབྱེར་མེད་པ་མ་གཏོགས་གཞན་མེད་པས་མཉམ་པ་ཆེན་པོ་གཅིག་གི་ངང་ལས་མི་འདའ་བ་དང་། བསྲུང་བྱ་ཐམས་ཅད་ཆེད་དུ་མ་བསྲུང་བར་རྩོལ་མེད་བདེ་བ་ཆེན་པོར་བསྲུང་མཚམས་དང་བྲལ་བས་ལྷུན་གྱིས་གྲུབ་པའི་ངང་ཆེན་པོར་ཡོངས་སུ་རྫོགས་པ་ཉིད་དང་ལྷག་པའི་དམ་ཚིག་དམ་པ་བཞི་སྟེ། རྩ་རྒྱུད་ལས། མེད་དང་ཕྱལ་བ་གཅིག་པོ་དང་། །ལྷུན་གྱིས་རྫོགས་པའི་དམ་ཚིག་ཆེ། །འདི་ཞེས་རིས་སུ་ཆད་མེད་པ། །འདི་ནི་བསྲུང་བའི་དམ་ཚིག་གོ། །ཞེས་སོ། །དེ་ལྟར་རྣལ་འབྱོར་ཆེན་པོའི་རྩ་བའི་དམ་ཚིག་མན་ཆད་ཡན་ལག་ཚན་ལྔ་དང་བཅས་ཏེ་རྣམ་པ་བཅུ་པོར་བསྟན་པ་ཡང་། ཁྱད་པར་དུའང་རྩལ་ཆེན་རྫོགས་པའི་ས་དང་རྫོགས་པ་སྤྱིར་ཆིབས་ཀྱི་སྐབས་སུ་ལྡན་ནོ། །དེས་ན་ལྟ་བའི་དམ་ཚིག་ལ་སོགས་པ་རྩ་བ་བཅུ་པོ་འདི་ལས་དམ་ཚིག་ས་མ་ཡ་འབུམ་ཕྲག་གི་སྡེ་རྣམས་འབྱུང་བའི་གཞིར་གྱུར་པས་དམ་པའི་མཆོག་ཏུ་བསྟན་ཏེ། བློ་ཆེ་ཆུང་གིས་ཕྱེ་བའམ། རྣལ་འབྱོར་པ་ལས་དང་པོ་དང་ལམ་ལ་གནས་པ་དང་རིམ་དང་ཅིག་ཆར་བའི་རྣལ་འབྱོར་བ་ཐམས་ཅད་ཀུན་གྱི་སྒོ་གསུམ་གྱི་སྤྱད་ཅིང་བསྲུང་བར་བྱ་བའི་ནང་ནས་འདོད་པ་འབྱུང་བའི་ནོར་མཆོག་ཏུ་གྱུར་པ་ཁོ་ན་ཡིན་ནོ། །བཞི་པ་ནི། འོག་ནས། དེ་ལྟར་དམ་པའི། ཞེས་པ་ནས། མཐུན་ཕྱིར་དེ་ལྟར་སྤྱད། །ཅེས་པའི་བར་གྱིས་བསྟན་ཏེ། བཤད་པ་དེ་ལྟར་ཐེག་པ་ཆེན་པོ་སྤྱིའི་དམ་ཚིག་དང་རྣམ་པར་དག་པའི་སྡོམ་པ་ལ་གནས་ནས་བསྒྲུབ་པའི་དུས་ཀྱི་སྐབས་དག་ཏུ་ཁྱད་པར་གྱི་བསྲུང་བར་བྱ་བ་རྣམས་ཡང་དག་པར་ཐུབ་པར་བྱ་བ་ནི། བརྟུལ་ཞུགས་སྤྱོད་པའི་དམ་ཚིག་ཉི་ཤུ་རྩ་གསུམ་དེ་དག་དམ་ཚིག་གམ་སྒྲུབ་པ་ཀུན་གྱི་ཡང་ཐོག་མར་འགྲོ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་དོན་དུ་མི་འགྱུར་པ་བཞི་པོ་ཀུན་སྤངས་ནས། ལམ་ཐམས་ཅད་དང་བདག་གཞན་གཉིས་ཀ་མ་ལུས་པ་ཀུན་དང་མཐུན་པར་བྱ་བའི་ཕྱིར་སྔོན་དུ་ལེའུ་རེ་བཞི་པར་ཝ་དང་ཅང་ཤེས་གྱི་ལིང་སོགས་བཤད་པ་དེ་ལྟར་སྤྱོད་པའོ། །ལྔ་པ་ནི། མི་བཤིགས་པ་ནི། ཞེས་པ་ནས། དག་གི་ནོར་མཆོག་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། ཁས་འཆེས་པའི་བསྒྲུབ་པའི་དམ་ཚིག་གང་སྙམ་པ་ལ། རྣམ་གྲངས་ཉི་ཤུ་ཉིད་ལྡེམ་དགོངས་ཀྱི་ཚིག་གིས་བཤད་ཅིང་སྟོན་ཏེ། མི་བཤིགས་པ་ནི་སེང་གེ་ཆེན་པོའི་ཁྲི་སྟེ། གཅན་གཟན་ཀུན་གྱི་རྒྱལ་པོ་ཡིན་པས་སོ། །ཞེས་སེང་གེས་རི་དྭགས་ཟིལ་གྱིས་གནོན་པ་དང་འདྲ་བར་ལྟ་ངན་ཟིལ་གྱིས་གནོན་པའི་རྒྱལ་བ་ཀུན་གྱི་ཡབ་མེས་བླ་མ་རྡོ་རྗེ་སློབ་དཔོན་གཟི་བརྗིད་ཅན་གྱི་སྐུ་ལ་མི་གཙེ་ཞིང་བཀའ་མི་བཅག་པའོ། །ཟ་མ་ཏོག་ནི་རྒྱལ་པོའི་མཛོད་ཡིན་པས་དུག་སྤྱོ་བར་བྱེད་པ་ནི་དེར་མི་རིགས་སོ། །ཞེས་པ་བླ་མ་རྡོ་རྗེ་སློབ་དཔོན་གྱི་ཡུམ་ལ་མི་སྤྱད་པའོ། །སྤྱད་ན་ལུས་ལྕགས་ཀྱི་ཕོ་མཚན་འཁོར་ལོ་ཅན་གྱི་གང་བའི་དམྱལ་བར་སྐྱེའོ། །འདི་ཉིད་རྡོ་རྗེ་སློབ་དཔོན་གྱི་ཐུགས་མི་དཀྲུགས་པར་ཡང་བཤད་དོ། །རིན་ཆེན་གྱི་མྱུ་གུའི་ལྕུག་ཕྲན་དག་བྲེགས་པར་བྱས་ཏེ་འབྱུང་བའི་རྒྱུན་གཅད་པ་མ་ཡིན་ནོ། །ཞེས་པ་དད་ཅན་རྣམས་ཀྱི་ཚོགས་མི་བཅག་ཅིང་དད་པ་མི་བཟློག་པའོ། །ཞུ་དཀའ་ཞིང་ནད་སྐྱེད་པས་གངས་ཀྱི་ཞུན་ཆུ་ཕལ་པ་ཉིད་ནམ་ཡང་མཁས་པས་བཏུང་བར་མི་བྱའོ། །ཞེས་པ་རྣལ་འབྱོར་མཁས་པ་ཚུལ་བཞིན་སྤྱོད་པ་རྣམས་ཀྱི་གཟུངས་མ་ལ་མི་སྤྱད་པའོ། །མན་ངག་ལས་ཉམས་པའི་ཆང་མི་བཏུང་བ་དང་། ཡང་མུ་སྟེགས་ཀྱི་ལྟ་བ་ལ་མི་འཇུག་པར་ཡང་བཤད་དོ། །པདྨའི་ཟེའུ་འབྲུ་ཁ་མི་དབྱེ་བ་ཉིད་ཟླ་ཟེར་མ་ཡིན་པར་དབྱེ་བར་མི་བྱའོ། །ཞེས་པ་གྲོགས་དམ་ཚིག་ཅན་རྣམས་ཀྱི་གཟུངས་མ་ལ་གྲོགས་ཉིད་ཀྱིས་སྤྱོད་ཅིག་པར་གནང་བ་ཐོབ་པ་མ་ཡིན་པར་གཞན་རང་དགར་ནམ་དུའང་མི་སྤྱད་དེ། རྣམ་སྨིན་བཤད་པ་བཞིན་ནོ། །ཡང་མན་ངག་ནོར་དང་རིན་པོ་ཆེས་སླུ་བར་ཡང་གསུངས། ལེགས་པར་མ་བརྟགས་པའི་བུག་རྡོལ་ཅན་གྱི་སྣོད་དུ་བདུད་རྩི་སྨན་མཆོག་བླུགས་ན་ཟག་པར་འགྱུར་བས་མི་རུང་ངོ་། །ཞེས་པ་མཚན་མེད་ཅིང་བཀྲ་མི་ཤིས་པའི་མི་མོ་ལ་གཟུངས་མར་མི་བྱའོ། །ཡང་གསང་སྔགས་སྣོད་ངན་ལ་མི་བསྟན་བསྟན་ན་དམ་ཉམས་པར་ཡང་གསུངས། བཟང་པོའི་དོན་མེད་པར་བཅོས་མའི་ཚུལ་རྟགས་ཅན་རྣམས་སྲེལ་ཞིང་སྤྱད་པར་བྱ་བ་མིན་ནོ། །ཞེས་པའི་བྱིན་གྱིས་མ་བརླབས་པ་དང་བཀྲ་མི་ཤིས་པའི་རྫས་རྣམས་བཅང་བར་མི་བྱ་བའོ། །ཡང་ལོག་སྲེད་ཅན་གྱིས་ཐབས་འཛུད་བསྲེ་བའི་ཆོས་མི་སྲེལ་བར་ཡང་གསུངས། ཤེལ་དཀར་རིན་ཆེན་གྱི་སྒོ་ང་དག་འདམ་ཁུང་གི་རྫབ་ཏུ་བསྣུབ་པར་མི་བྱའོ། །ཞེས་པ་བདག་གིས་ཤེས་རབ་ཅན་གྱི་ཡོན་ཏན་གསལ་བ་མི་བསུབ་པའོ། །ཡང་ལྟ་བ་རྣམ་པར་དག་པར་བྱ་བ་ལའང་གསུངས། སེང་གེ་དཀར་མོའི་འོ་མ་དག །རིན་ཆེན་གསེར་སྣོད་མ་ཡིན་པར་བླུགས་པར་མི་བྱའོ། །ཞེས་པ་གསང་བའི་མན་ངག་རྣམས་སྣོད་བཟང་པོ་མ་ཡིན་པ་སྣོད་ངན་པ་བཞི་ལ་དུས་ནམ་དུའང་བསྟན་ཅིང་སྤེལ་བར་མི་བྱ་བའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཉིད་བསྲེག་པར་བྱ་བ་ཡོང་ཡེ་མ་ཡིན་ནོ། །ཞེས་པ་བྱང་ཆུབ་ཀྱི་སེམས་ཐམས་ཅད་དུ་ལྟ་སྤྱོད་ངན་པ་དང་ཕྱིན་ཅི་ལོག་གི་དབང་དུ་མི་བསད་ཅིང་བཏང་བར་མི་བྱ་བའོ། །ཀུན་རྫོབ་བྱང་སེམས་ཀྱང་གསུངས། ཁྱུང་ཆེན་པོས་གཤོག་པ་ནམ་མཁར་བརྐྱང་བ་དེ་དག་བཅག་པར་བྱ་བ་མིན་ནོ། །ཞེས་པ་གསང་བའི་གཟུངས་མ་དང་ཐབས་ཤེས་རབ་གཉིས་སུ་རྟག་ཏུ་མི་འབྲལ་བར་བྱ་བའོ། །ཡང་ཞི་ལྷག་འཛོམ་པར་བྱ་བ་ལ་ཡང་གསུངས། གནམ་ལྕགས་ཀྱི་མེ་ཡི་ངུར་མོ་དག་བརྡབ་པར་བྱ་བ་མ་ཡིན་ནོ། །ཞེས་པ་དུས་ཐམས་ཅད་དུ་རྐྱེན་ཅི་ཡིས་དཀྲུགས་ཀྱང་རྣལ་འབྱོར་པ་ནང་འཐབ་མི་བྱ་བའོ། །སྟག་སེང་གིས་རོལ་པས་ལས་བྱས་པའི། ལས་ཀྱི་རྗེས་ལ་བཟླས་པར་མི་བྱའོ། །ཞེས་པ་བམ་ཆེན་ལ་སོགས་པ་གཞན་གྱིས་སྤྱད་པའི་རྫས་ཀྱི་ལྷག་མ་མི་བསྡུ་ལ་མི་སྤྱད་པའོ། །ཡང་ཚད་མ་གཉིས་ཀྱིས་གཞལ་བའི་དོན་དེ་ཕྱིས་མི་བསླད་པར་ཡང་གསུངས། རྡོ་རྗེ་བྲག་ཆེན་གྱིས་གཏམས་པའི་གཞི་ཉིད་བཤིག་པར་བྱ་བ་ག་ལ་ཡིན་ཏེ་མ་ཡིན་ནོ། །ཞེས་པ་བླ་མ་རྡོ་རྗེ་སློབ་དཔོན་གྱི་གདན་ས་ལ་དུས་ནམ་དུའང་མི་འདུག་ཅིང་ན་བཟའ་བརླབས་པར་མི་བྱ་བའོ། །ཡང་གསང་སྔགས་ཀྱི་བསྟན་པ་མི་བཤིགས་པར་ཡང་གསུངས། རྡོ་རྗེ་ར་བའམ་དྲ་བའི་རེ་ག་དེ་ཉིད་བསྡམ་པར་བྱ་ཡི་འདྲལ་བར་བྱ་བ་མིན་ནོ། །ཞེས་པ་མཚམས་མི་འདྲལ་ཞིང་མི་བཤིག་པ་སྟེ། བདག་དང་གཞན་གཉིས་ཀའོ། །བུད་ཤིང་བསྲེག་པར་བྱེད་པའི་སྒྲོན་མ་དེ་ཉིད་འཐོར་རླུང་དྲག་པོས་བསྐྱོད་པར་མི་བྱའོ། །ཞེས་པ་ཏིང་ངེ་འཛིན་བྱིང་རྒོད་དང་གཡེང་འཕྱར་དུ་མི་གཏང་བའོ། །རྡོ་རྗེ་ཚིག་གི་ཆུ་རྒྱུན་བར་ཆད་པ་དག་འོལ་ཀར་གཅད་པར་བྱ་བ་མིན་ནོ། །ཞེས་པ་བཟླས་བརྗོད་དང་ཆོ་གའི་བྱེ་བྲག་མི་ཚིག་ལ་སོགས་པའི་དབང་དུ་མི་གཏང་བའོ། །རྒྱལ་པོའི་བཀའ་རྟགས་ཀྱི་ཕྱག་རྒྱ་དག་ནམ་ཞར་ཡང་དབྱི་བར་མི་བྱའོ། །ཞེས་པ་དབང་རྟགས་ཀྱི་ཕྱག་རྒྱ་ལས་མི་འདའ་བར་བྱེད་པའོ། །རྡོ་རྗེ་ཕ་ལམ་གྱིས་གཏམས་པའི་མཁར་ཉིད་རྨང་ནས་བཟློག་པར་མི་བྱའོ། །ཞེས་པ་རྣལ་འབྱོར་པའི་དཀྱིལ་འཁོར་གཉེན་པོ་དང་གྲལ་མི་དཀྲུགས་པའོ། །གཙུག་གི་ཡིད་བཞིན་ནོར་བུ་དེ་ཉིད་རྒྱལ་མཚན་གྱི་རྩེ་མོ་ལས་དབོག་པར་མི་བྱའོ། །ཞེས་པ་དུས་ནམ་དུའང་བླ་མ་རྡོ་རྗེ་སློབ་དཔོན་སྤྱི་བོས་བཀུར་བ་ལས་མི་ཉམས་པར་བྱ་བ་སྟེ་ཉི་ཤུའོ། །དེ་ལྟར་ཐེག་པ་མཆོག་གི་རྣལ་འབྱོར་པས་སྒྲུབ་པ་ཐབས་ཀྱི་དམ་ཚིག་ཁྱད་པར་ཅན་འདི་དག་ཐེག་པ་ཆེན་པོ་རྟོགས་ནས་བསྒྲུབ་པའི་ནུས་མཐུ་དང་ལྡན་པའི་ཤེས་རབ་ཀྱི་བློ་རྩལ་ཅན་རྣམས་ཀྱི་ཐུགས་དམ་དུ་བྱེད་པའི་དམ་ཚིག་སྟེ་གསང་སྔགས་ཀྱི་སྐལ་བ་དང་ལྡན་པ་དག་གི་དངོས་གྲུབ་ཀྱི་འདོད་པ་འབྱུང་བའི་ཕྱིར་ནོར་གྱི་མཆོག་ཏུ་གྱུར་པ་ཡིན་ནོ། །དྲུག་པ་ནི། རྒྱུན་དུ་སྤྱད་པའི། ཞེས་པ་ནས། དགྲ་བཅོམ་བརྩོན་པར་འབད། །ཅེས་པའི་བར་གྱིས་བསྟན་ཏེ། ཁས་འཆེས་པའི་སྤྱོད་པ་རྒྱུན་གྱི་དམ་ཚིག་གང་སྙམ་པ་ལ། སྤྱོད་པ་རྒྱུན་དུ་མི་འབྲལ་བར། འདུན་པ་སེམས་པ་ནས་བཟུང་སྟེ་རྒྱུན་དུ་སྤྱོད་ན་དངོས་གྲུབ་གཉིས་འབྱུང་པའི་ནོར་མཆོག་ནི། བསྒོམ་ཞིང་བསྒྲུབ་པའི་ཚེ་རྡོ་རྗེ་གསུམ་གྲུབ་པར་བྱེད་པས་ལས་ཀྱི་བསམ་གཏན་དོན་དང་ཡི་གེའི་རྣལ་འབྱོར་དག་ཐེར་ཟུག་ཏུ་བྱ་ཞིང་རྡོ་རྗེའི་གོ་བསྒོ་བ་དང་སྐབས་དང་འཚམས་པར་ཕུར་སྐོར་དང་རུ་ལུ་ཏྲོམ་ཆེན་གྱི་དབྱངས་དང་། བྲོ་སྐོར་བྱ་བ་དང་ཚར་གཅད་པ་ལ་སོགས་པ་གསེང་བའི་ཐབས་རྣམས་ཀྱིས་དགེ་བའི་སྲོག་ལ་བར་ཆད་བྱེད་པའི་ཏིང་ངེ་འཛིན་གྱི་དགྲ་ཡེ་ཤེས་མི་གསལ་བར་བྱེད་པས་ཉོན་མོངས་པའི་ཐིབས་པོ་གཉིད་དེ་ཉིད་གཞོམ་པར་བྱ་བ་དང་། མི་འཇུག་པས་སྙོམས་ལས་དང་བརྩོན་པ་ཆུང་བས་ལེ་ལོའི་གཞིར་གྱུར་པ་དང་ཡིད་ཀྱི་ལས་ཐུག་ཐུབ་དང་ལུས་ངག་གི་ལས་ཀྱིས་རས་ཆོད་བྱེད་ཅིང་ང་རྒྱལ་གྱི་རི་དང་དྲེགས་པ་སྐྱེ་བར་བྱེད་པ་དང་དབང་པོ་དྲུག་ནུས་པ་ཉམས་པས་སྐྱོན་བདུན་དང་ལྡན་པའི་མྱོས་བྱེད་བཅུད་ཀྱིས་ནོན་པས་དཔའ་བར་བྱེད་པའི་རྐྱེན་དུ་འགྱུར་བ་སོགས་ཀྱིས་ཆང་ཡང་བསྡམ་པར་བྱ་ཞིང་ཚོད་ཟིན་པར་བཏུང་བ་དང་། ཐེག་ཆེན་གསང་སྔགས་ལ་གྲགས་པའི་བརྡ་ཡིས་བརྗོད་པ་མ་གཏོགས་པར། དངོས་པོ་མཚན་མ་དང་གང་དག་འཇིག་རྟེན་གྱི་བྱིས་པའི་ཚིག་གིས་ཟུར་ཙམ་ཡང་བརྗོད་པར་མི་བྱ་ཞིང་། བརྗོད་པ་ཐམས་ཅད་དེ་ཉིད་ཀྱི་དོན་དུ་འགྱུར་བའི་གསང་བ་བརྡ་ཡི་བརྗོད་པ་ཁོ་ནར་བྱ་སྟེ། རྩ་རྒྱུད་ལས། བརྡ་ཡི་ཡོན་ཏན་ཆེན་པོ་ནི། །གྲངས་ཀྱང་བསམ་གྱིས་མ ི་ཁྱབ་ན། །མདོར་བསྡུས་རྣམ་པ་བཞི་ཡོད་དེ། །གཞན་གྱི་སྤྱོད་ཡུལ་མ་ཡིན་དང་། །རྣལ་འབྱོར་རིག་པའི་སྤྱོད་ཡུལ་དང་། །སྦས་པས་གྲུབ་ཐག་ཉེ་བ་དང་། །གསང་བའི་དམ་ཚིག་མི་ཉམས་ཤིང་། །བརྡ་ལ་དགའ་བའི་མ་སྲིང་རྣམས། །ཉེ་ཞིང་གདུང་བའི་ཐབས་སུ་འགྱུར། །ཞེས་འབྱུང་བས་གསང་བའི་བརྡ་བསྲུང་ཞིང་། གསང་བ་མི་སྨྲ་བ་དང་། དཔེ་ཇི་ལྟར་ན་གསོད་པར་བྱ་བའི་མི་གང་དག་མི་ཤ་བའི་གཤེད་མའི་མིས་ནི་གསོད་པའི་ཚེ་ན་ཐར་པའི་ཐབས་ལ་བརྩོན་པ་ལྟར་དུ་གཤེད་མ་དང་འདྲ་བའི་ལེ་ལོའི་དགྲ་དཔུང་བཅོམ་ལ་བརྩོན་འགྲུས་ཆེར་བསྐྱེད་པར་འབད་པ་དང་བཞི་ཡིན་ནོ། །བདུན་པ་ནི། རྣལ་འབྱོར་བསྒྲུབ་པའི། ཞེས་པ་ནས། བར་དུ་གཅོད་པར་བྱེད། །ཅེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་གྱི་སྤྱི་སྐྱོན་དགུ་བསྟན་པའི་ཕྱིར། སྤྱིར་རྒྱུ་འབྲས་ཀྱི་ཐེག་པ་ལ་གནས་པ་དག་གི་སྐྱོན་ནི། འདིར་རྣལ་འབྱོར་པས་བསྒྲུབ་པ་བྱེད་པའི་ཚེ་ན་དེའི་སྒྲིབ་པའི་ཕྱོགས་ཀྱི་གེགས་བསལ་བ་ཉིད་དེ། ཉན་ཐོས་ལྟར་དཀའ་ཐུབ་ལ་དམ་དུ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་ལྟར་སྡོམ་པའི་བསྲུང་མཚམས་ལ་དམ་དུ་འཛིན་པ་གཉིས་ཀྱང་མ་གྲོལ་ན་སྒོ་གསུམ་བཅིང་བས་མདུད་པ་ཅན་དུ་གྱུར་པ་གཡེང་བའི་རྒྱུ་སྟེ་རྣལ་འབྱོར་དང་མི་མཐུན་པའོ། །འདོད་པའི་ཆགས་པ་ཆེ་བ་དང་ལོངས་སྤྱོད་ལ་ཆགས་ཤིང་ཞེན་པ་གཉིས་དང་། ལྟ་སྤྱོད་མི་མཐུན་པ་སྟེ་རྩོད་པའི་རྒྱུ་ལ་ཞེན་པ་དང་། སྤྱིར་གསང་བ་ཙམ་དུ་ལྟ་བ་དང་ཐེག་པའི་སྒོ་གཅིག་ལ་གང་འདིར་རང་གི་འཇུག་སྒོའི་སྤྱོད་ལུགས་མི་གཅིག་པས་སྒྲོ་སྐུར་བྱེད་པ་དང་། འདི་དག་ཡོ་ག་ཕྱི་པའི་ཡང་སྐྱོན་བཞིའོ། །ནང་པ་ལ་རྟོག་པ་ཆེ་བས་མཆེད་ལྕམ་ནང་དུ་ཚིག་ཕྱི་མ་ནང་དུ་བྱེད་པ་དང་། ནང་པ་ལ་མི་གཏོད་པར་ཕྱི་པ་ལ་སེམས་གཏོད་པ་ཅན་དང་། བསྒྲུབ་པར་འོངས་ནས་རང་བཞིན་ངན་པས་མཆེད་ལྕམ་ལ་སྒོ་གསུམ་གྱིས་གནོད་སྦྱོར་ཉི་ཚེ་བྱེད་པ་ཅན་གྱིས་འགྲོགས་ན་སྐྱོ་བ་དང་གསུམ་མོ། །ཐེག་པ་ཆེན་པོའི་སྒོས་སྐྱོན་བསྟན་པའི་ཕྱིར། འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་ཆེ་བ་དང་། སེམས་གཏི་མུག་དང་གཉིད་ཀྱིས་མྱོས་པ་གཉིས་དང་བསམ་པའི་དོན་ལ་འཇུག་མི་ནུས་པར་ལུས་སེམས་དམའ་བས་བྱིང་བ་དང་དམིགས་པ་མི་གསལ་བས་རྨུགས་པའི་དབང་དུ་གྱུར་པ་གཉིས་དང་། རྫས་དང་ཟས་ལ་བརྐམ་ཆགས་ཆེ་བ་དང་། གསང་བ་ལ་དད་པ་མེད་པས་བསྙེན་བསྒྲུབ་གཡེལ་བ་གཉིས་དང་། རྩ་བའི་དམ་ཚིག་ཉམས་པ་དང་། བློ་མཚན་མ་ལ་དགའ་བས་འཕྱར་བ་ཕྱི་རོལ་དུ་ཡང་སྨྲ་བ་མང་བ་དང་། འདུ་ཤེས་ཀྱིས་གཡེང་བ་མང་བས་རྒོད་ཅིང་འདུ་བྱེད་ཆེ་བ་ཅན་དང་དགུ་སྟེ་བསྡོམས་པས་བཅོ་བརྒྱད་དང་ལྡན་པ་དག །ཉེས་དམིགས་ཤེས་པའི་རྣལ་འབྱོར་པ་མཁས་པ་ཡོངས་ཀྱིས་སྤང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་བསྒྲུབ་པའི་རྣལ་འབྱོར་གྱི་དངོས་གྲུབ་དམ་པའི་བགེགས་ཡིན་པའི་ཕྱིར་ཏེ། རྣལ་འབྱོར་པ་ལ་བར་དུ་གཅོད་པར་བྱེད་པའི་ཕྱིར་རོ། །འདིར་ནི་རང་གཞུང་གིས་ཀུན་ཀྱང་ཐེག་པ་ཆེན་པོ་ཉིད་ཀྱི་སྒོས་སྐྱོན་དུ་ཡང་རིགས་པས་མི་འགལ་ལོ། །བཤད་པ་དག་ནི་བཀའ་སྤྱིའི་དབང་དུའང་སྦྱར་རོ། །བརྒྱད་པ་ནི། རྣལ་འབྱོར་ངེས་པར། ཞེས་པ་ནས། ཆེན་པོའི་ངང་དུ་བཟློག །ཅེས་པའི་བར་གྱིས་བསྟན་ཏེ། ཐེག་པ་ཆེན་པོའི་རྣལ་འབྱོར་ངེས་པར་སྤྱོད་ཅིང་ཏིང་ངེ་འཛིན་ལ་ཞུགས་པ་ལ་དུས་རྒྱུན་དུ་ཡང་དག་པའི་དོན་གྱི་བར་དུ་གཅོད་པའི་བདུད་ཀྱི་སྐྱོན་ལྔ་འབྱུང་སྟེ། ལྟ་བ་མ་རྟོགས་པ་ལས་བྱུང་བའི་རྣམ་རྟོག་སྣ་ཚོགས་པས་ཐེ་ཚོམ་ཟ་བ་དང་ཁུ་འཕྲིག་བྱེད་པ་ལ་སོགས་བར་དུ་གཅོད་པའི་བདུད་ཆེན་པོ་དང་གཅིག་སྟེ། དེའང་ལྟ་བའི་རྣམ་རྟོག་རིག་པ་གདེང་མ་ཆོད་པར་བླ་མ་ངན་པ་དང་། ཐེག་པ་དམན་པ་དང་། ཤེས་རབ་ཆུང་བ་ལ་རྟེན་པའོ། །སྒོམ་པའི་རྣམ་རྟོག་སྒོམ་པའི་དུས་སུ་འདི་བས་འདི་ཨེ་བཟང་སྙམ་པ་ལྟ་བུ། སྤྱོད་པའི་རྣམ་རྟོག་གཙང་སྨེར་འཛིན་པའོ། །དེ་དག་ནི་ནང་གི་འཛིན་རྟོག་གི་ཚོམས་སོ། །ཞེས་ཆོས་རྗེའི་ཕྱག་མཆན་ལས་སོ། །བརྩོན་པའི་སྟོབས་མེད་པ་ལས་བྱུང་བའི་སྒོམ་སྤྱོད་གང་ལ་ཡང་བཏང་སྙོམ་དང་ལེ་ལོ་ཆེ་བའི་བདུད་དང་གཉིས། ལོངས་སྤྱོད་ཕུན་སུམ་ཚོགས་པ་ལས་བྱུང་བའི་འདུ་འཛི་གཡེང་བ་འཕེལ་བའི་བདུད་དང་གསུམ། རང་རྒྱུད་ངན་པ་ལས་བྱུང་བའི་ཚིག་རྩུབ་མཚོན་ཆ་རྣོན་པོ་འདེབས་པའི་བདུད་དང་བཞི། ཁྲོ་གཏུམ་ངང་ཐུང་ཤིན་ཏུ་འཁྲུག་པའི་བདུད་དང་ལྔ་ནི་རྣལ་འབྱོར་པ་འབྲས་བུ་ལ་སྦྱོར་བའི་བར་དུ་གཅོད་པའི་བདུད་ཀྱི་ལས་སུ་གྱུར་པ་ལྔ་ཡིན་ནོ། །དེས་ན་ལྔ་པོ་དེ་ཉིད་བློ་མིན་མཉམ་པ་ལས་བྱུང་བས་ཆོས་ཉིད་ཡང་དག་པའི་དོན་ལ་སྒྲིབ་པ་ཡིན་ཏེ། དེ་རྣམས་བཟློག་པའི་ཐབས་ཀྱི་གཉེན་པོ་བདུད་ལྔ་ཉིད་སྣང་ལ་མ་དམིགས་པར་རྟོགས་པའི་སྙིང་པོ་བྱང་ཆུབ་སེམས་མཆོག་གིས་ཆོས་ཉིད་ཞི་བ་ཆེན་པོའི་ངང་དུ་བཟློག་པར་བྱའོ། །དགུ་པ་ནི། རྣལ་འབྱོར་ནོར་ལ། ཞེས་པ་ནས། དགྲ་བཞི་བཟློག་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་པས་འཕགས་པའི་དཀོར་བདུན་གྱི་ནོར་ལ་འཇོམས་པ་དང་ཕྲོག་པར་བྱེད་པའི་དགྲ་བཞི་འབྱུང་བ་ཉིད་ཐབས་ལ་མཁས་པས་གདུལ་བར་བྱ་བ་ནི་ཇི་ལྟ་ཞེ་ན། རྣལ་འབྱོར་པ་གང་སུ་ཞིག་གི་གསང་བ་འཕེལ་ཞིང་ལེ་ལོ་ལ་སོགས་པར་གྱུར་ནས་ལྟ་སྒོམ་སྤྱོད་པའི་རྣལ་འབྱོར་གྱི་རང་བཞིན་བཅོས་ཏེ། ལྟ་བའི་རང་བཞིན་བཅོས་པ་ཆེད་འཛིན། སྒོམ་པའི་རང་བཞིན་བཅོས་པ་དམིགས་འཛིན། སྤྱོད་པའི་རང་བཞིན་བཅོས་པ་ཚུལ་འཆོས་སུ་ལྟ་སྒོམ་སྤྱོད་གསུམ་མམ་ཏིང་ངེ་འཛིན་གྱི་དོན་དྲང་པོར་སྲོང་བའི་ཆོས་ཉིད་ལས་ཉམས་པར་གྱུར་ཏེ་བསླད་པར་བྱས་པས་གསང་བ་འཕེལ་བ་དང་བཅོས་པའི་སྐྱོན་གཉིས་ཀྱིས་བཅས་པའི་ཁ་ན་མ་ཐོ་བས་ཕོག་པར་གྱུར་པའི་གྲགས་པ་ངན་པ་ཡིས་ཡ་ག་དང་མཚང་འདོགས་པ་དང་། མི་ནག་དེ་དག་ཡོངས་ཀྱིས་ཀྱང་བཅས་ཀར་དང་དཔྱ་ལོང་དུ་འགྱུར་པའི་དགྲ་སྟེ། དཔེར་ན་ཁ་གཏོང་བྱེད་པའི་དགྲ་དང་འདྲ་བས་དེའི་དབང་དུ་མི་གཏོང་བའོ། །ལྟ་བ་དམན་པ་སྤྱོད་པ་རྩིང་བ་ནི་ལྟ་སྤྱོད་འཆོལ་བ་ཡིན་པས་དེ་ལྟར་བྱེད་པ་དེ་ཡིས་བཀའི་གཞུང་ལུགས་འདི་ཉིད་བོར་ནས་འདི་ལས་ལོག་པར་སྤྱོད་པ་ལགས་པས་དེ་རྣམས་ཀྱི་ལྟ་སྤྱོད་ཡང་དག་པའི་བཀའ་གཞུང་ལས་ལོག་སྟེ་མི་མཐུན་པ་བསྲེས་ནས་ཕྲ་མེན་གྱི་ལས་ལ་སྤྱོད་པ་ཉིད་དེ། དེ་དག་ནི་རང་གཞན་གཉིས་ཀའི་དོན་དུ་མི་འགྱུར་བར་འཆལ་བའི་དགྲ་སྟེ་དཔེར་ན་མཁར་ལེན་གྱི་ལག་པ་གཅོག་པའི་དགྲ་དང་འདྲའོ། །ཤིན་ཏུ་བསྲུང་མཚམས་དམ་པས་འདའ་བར་དཀའ་བ་ནི་རྡོ་རྗེ་ཐེག་པ་ཆེན་པོའི་དཀའ་ཐུབ་མཆོག་གི་དམ་ཚིག་རྣམས་ཏེ། དེ་ཀུན་དང་དུ་བླངས་ཏེ་ཀློང་དུ་མ་གྱུར་ཅིང་གོམས་པ་མེད་པར་རྩ་བ་དང་ཡན་ལག་ཕྱལ་བར་ཤོར་ཏེ་ཡལ་བར་བོར་བས་དོན་ལས་འཆལ་ནས་འབྲས་བུ་མི་འབྱུང་བ་ནི། དཔེ་རྩ་བ་རུལ་བའི་ལྗོན་ཤིང་བཞིན་དུ་གཞི་རྩ་བཅད་པས་བཀའི་ཆད་པ་དྲག་པོ་འབྱུང་ཞིང་འབེབས་པའི་དགྲ་སྟེ་དཔེར་ན་སྲོག་ལ་འབེབས་པའི་དགྲ་དང་འདྲའོ། །གསང་སྔགས་ཀྱི་གཞུང་ལུགས་མ་ནོར་བས་རྣལ་མ་ཉིད་ལ་སྦྱོར་བའི་ལྟ་སྒོམ་སྤྱོད་པ་དང་ཕྲིན་ལས་བྱེད་པའི་ཚེ་ཡང་། དེ་ལྟ་བུའི་གང་ཟག་གང་ལ་དེ་དག་གི་དོན་གནད་ངེས་པའི་མན་ངག་ཚད་མ་མེད་ན་འབྲས་བུའི་དོན་རྣམས་གྲུབ་པ་མ་ཡིན་ཏེ་འབད་པའི་རྩལ་ཤུགས་ཆུང་བས་བརྩོན་མེད་ལེ་ལོའི་དབང་གིས་འབྲས་བུར་མི་འགྱུར་བར་གོལ་སར་ལྟུང་བའི་དགྲ་སྟེ་སླར་ལོག་པར་འགྱུར་བས་དཔེར་ན་ནོར་འཕྲོག་པའི་དགྲ་དང་འདྲའོ། །དེ་ལྟར་རྣལ་འབྱོར་པ་རྣམས་རྣལ་འབྱོར་ཆེན་པོའི་ལུང་གི་གཞུང་བཞིན་སྒྲུབ་ཅིང་སྤྱོད་པ་ལ་ཐུན་མོང་མ་ཡིན་པའི་དམ་པའི་ནོར་མཆོག་དཀོར་བདུན་ཉིད་འཕྲོག་ཅིང་འཇོམས་པར་བྱེད་པའི་དགྲ་བཞི་པོ་དག་བཟློག་ཅིང་འཇོམས་པའི་ཐབས་ལ་མཁས་པའི་རྣལ་འབྱོར་པའི་ལྟ་བའི་བློ་གྲོས་ཀྱིས་སྐྱོན་གྱི་དགྲ་བཞི་པོ་དེ་དག་གི་དབང་ཀར་མི་གཏང་བར་བཟློག་པར་བྱ་བའོ། །བཅུ་པ་ལ་བཞི་སྟེ། སྲིད་གསུམ་ཡོངས་སྒྲོལ་གྱི་ལྟ་བ། རྨད་བྱུང་མཆོད་པའི་ལྟ་བ། འཁོར་བ་བདེ་གནས་ཀྱི་ལྟ་བ། དུག་ལྔ་རྩིར་འགྱུར་གྱི་ལྟ་བའོ། །དང་པོ་ནི། སྲིད་གསུམ་སྣང་བའི། ཞེས་པ་ནས། དག་པའི་མཆོག་ཡིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། ལྟ་བའི་དམ་ཚིག་བསྟན་པ་ལས། འདིར་རང་བཞིན་ལྟ་བའི་དམ་ཚིག་བསྟན་པའི་ཕྱིར་སྲིད་གསུམ་ཡོངས་སྒྲོལ་གྱི་དགོངས་པ་ནི། བློ་ཆེ་བའམ་མཐར་ལམ་པའི་ཡུལ་ཏེ། སྲིད་པ་ཁམས་གསུམ་དུ་སྣང་བའི་གདུལ་བྱའི་ཞིང་ཁམས་འདི་དག་རིལ་གདོད་ནས་མཐའ་གྲོལ་བའི་ངོ་བོ། མ་སྤང་རྣམ་པར་དག་པའི་རྫོགས་པའི་སངས་རྒྱས་ཀྱི་ཞིང་དུ་ཡེ་ནས་གནས་པར་རྟོགས་ཏེ་ངེས་པའི་གདེང་རྙེད་དེ་བློ་གཤིས་སུ་ཕེབས་པ་ནི་སྲིད་གསུམ་རང་གྲོལ་དུ་ཤར་བའི་ལྟ་བ་སྟེ། དེ་ཉིད་རྟོགས་པས་ཁམས་གསུམ་གྱི་ས་དགུ་རྣམས་ཅིག་ཆར་དུ་སྦྱངས་ཤིང་དག་པར་མཛད་དེ་ལམ་གྱི་ས་བཅུ་ལ་བགྲོད་མི་དགོས་པའམ་མཐར་ཕྱིན་པས་ན་ཁམས་གསུམ་སངས་རྒྱས་ཀྱི་ས་ལ་མ་བགྲོད་པར་བཏོན་པས་རྒྱལ་བའི་ཞིང་དུ་བསྙད་པ་རྣམས་ཀྱི་དག་པ་དམ་པའི་མཆོག་སྟེ་དེ་ལས་འདའ་བ་མེད་པའི་དམ་ཚིག་ཉིད་ཡིན་ནོ། །གཉིས་པ་ནི། འདོད་སྤྱོད་མཆོད་པའི། ཞེས་པ་ནས། བྱུང་བའི་མཆོད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། འདོད་སྤྱོད་རྨད་བྱུང་མཆོད་པའི་ལྟ་བ་བསྟན་པའི་ཕྱིར་འདོད་སྤྱོད་ལྔ་པོ་ཇི་སྙེད་པ་ཐམས་ཅད་མཉམ་པ་ཆེན་པོའི་ངང་དུ་ལྷུན་གྱིས་རྫོགས་པས་མཆོད་པའི་ཚོགས་ཀྱི་རྒྱལ་པོ་ཆེན་པོ་འདི་དག་ནི་རྣལ་འབྱོར་པས་བྱང་ཆུབ་འགྲུབ་པའི་རྒྱུའི་ཡོ་བྱད་ཆེན་པོའི་མཆོག་ཕུལ་དུ་བྱུང་བ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདག་ཉིད་ཆེན་པོ་ཡིན་པར་མཇལ་བས་གཉིས་སུ་མེད་པའི་མཆོད་པ་དགོངས་པ་དམ་པ་མངའ་བའི་རྒྱལ་བ་ཀུན་མཉེས་ཤིང་རོ་བསྟར་ལ་མ་ཆགས་པའི་ཕྱིར་རྨད་དུ་བྱུང་བའི་མཆོད་པ་ཆེན་པོ་བླ་ན་མེད་པ་ཁོ་ནའོ། །གསུམ་པ་ནི། འཁོར་བ་དུར་ཁྲོད། ཅེས་པ་ནས། ལྷུན་གྱིས་གྲུབ་པའི་སའོ། །ཞེས་པའི་བར་གྱིས་བསྟན་ཏེ། འཁོར་བ་གནས་སྟོབ་ཀྱི་ལྟ་བ་བསྟན་པའི་ཕྱིར། ཁམས་གསུམ་འཁོར་བ་དུར་ཁྲོད་ཀྱི་གནས་སུ་འཁྲུལ་པ་ལ་སྣང་བ་འདི་དག་ཉིད་ཇི་བཞིན་པའི་དེ་ཁོ་ན་ཉིད་དུ་རྟོགས་ན་མ་བཙལ་མ་བསྒྲུབ་པར་བདེ་བ་ཆེན་པོའི་ཞིང་མཆོག་རྒྱལ་བའི་བཞུགས་གནས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་ཆེན་པོ་ཡིན་ཏེ། དེ་ལྟ་བས་ན་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་མ་ནོར་མ་བཅོས་པར་མུ་མཐའ་ལས་གྲོལ་བའི་ཆོས་ཀྱི་དབྱིངས་མཉམ་པ་ཆེན་པོར་ཆེད་དུ་བྱ་བརྩལ་མེད་པར་གནས་སུ་སྟོབས་ཟིན་པས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱི་ས་ཉིད་དུ་གྱུར་པའོ། །བཞི་པ་ནི། ཀུན་གྱི་རྩ་བ། ཞེས་པ་ནས། རང་རིག་མིག་ལྡན་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། དུག་ལྔ་རྩིར་འགྱུར་གྱི་ལྟ་བ་གང་ཞེ་ན། མ་རྟོགས་ན་འཁོར་བའི་ཆོས་རིལ་ཀུན་གྱི་གཞི་དང་རྩ་བ་གཏི་མུག་ཆགས་སྡང་ང་རྒྱལ་ཕྲག་དོག་སྟེ་དུག་ཆེན་པོ་ལྔ་པོ་དེ་ཉིད་ངོ་བོ་ཡེ་ནས་མཐའ་ལས་གྲོལ་བའི་ཡེ་ཤེས་ཆེན་པོ་ལྔ་རུ་ལྷུན་གྱིས་གྲུབ་པ་ཉིད་དེ། དོན་གང་དེ་ཆོས་ཀུན་གྱི་མཚན་ཉིད་ཇི་ལྟ་བའི་དོན་དུ་རྟོགས་ཤིང་ཤེས་ན། ཡེ་ཤེས་ལྔའི་བདུད་རྩི་ཆེན་པོ་གཞན་ནས་བཙལ་མི་དགོས་པར་རང་རིག་པ་ལ་གནས་པའི་དུག་ལྔ་ཉིད་ཡེ་ཤེས་ལྔར་མ་བྱས་པར་རང་བྱུང་བ་ཡིན་པས། དོན་དེ་མཐོང་བ་མེད་པ ར་མཐོང་བ་ནི་རྣལ་འབྱོར་གྱི་སྤྱན་ལྔའི་མཆོག་རང་རིག་པའི་ཡེ་ཤེས་ཀྱི་མིག་དང་ལྡན་པ་ཡིན་པས་ཤེས་རབ་ཀྱི་སྤྱན་ཉིད་དུ་བསྟན་པའོ། །གཉིས་པ་ནི། ལང་ཀའི་བདག་པོ། ཞེས་པ་ནས། ངེས་པའི་རྣལ་འབྱོར་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། སྐྱེས་བུས། ལང་ཀའི་བདག་པོ་ཞེས་སྡུད་པ་ལ་བོས་ནས་སྔར་བཤད་པ་འདི་དག་རྣམས་ནི། ཐེག་པ་ཆེན་པོ་རྗེས་སུ་རྣལ་འབྱོར་གྱི་དམ་ཚིག་སྣོད་བཞི་ལ་མི་བསྟན་པས་གསང་བ་མཆོག་དམ་པ་ཡིན་ཏེ། རྒྱལ་བ་རྣམ་འདྲེན་དམ་པས་བསྲུང་བར་གདམས་ངག་ཏུ་གསུངས་པའི་ཚིག་ཡིན་པའི་ཕྱིར་མིང་ཡང་འགྲུབ་བོ། །འདི་དག་ལ་རྣལ་འབྱོར་གང་སུ་དག་བློ་མི་འགྱུར་བར་ངེས་པའི་བརྟན་པར་གནས་ན་དེ་ནི་གསང་བ་མཆོག་གི་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་ཉིད་ཡིན་ནོ་ཞེས་བྱའོ། །བཞི་པ་ལ་གཉིས་ཏེ། ཉེས་དམིགས་བསྟན་པ། རྣམ་གྲངས་བཤད་པའོ། །དང་པོ་ནི། འོག་ནས། གལ་ཏེ་ཉམས་པར། ཞེས་པ་ནས། མཚོན་ཆ་བཞིན་དུ་འཁོར། །ཞེས་པའི་བར་གྱིས་བསྟན་ཏེ། གལ་ཏེ་དམ་ཚིག་ཉམ་པར་གྱུར་པ་ན་ནི་འདིར་དེའི་སྤྱི་སྐྱོན་སྟོན་ཏེ། འབྲས་བུ་ལས་ཕམ་པས་རིགས་ཆད་པའི་སྐྱེ་གནས་ཚ་བའི་དམྱལ་བ་ཆེན་པོ་བརྒྱད་ལ་སོགས་པ་མི་བཟད་པ་དང་རྡོ་རྗེ་དམྱལ་བའི་སྡུག་བསྔལ་དྲག་པོ་ཡིས་རྒྱུན་ཆད་མེད་པར་དེ་ཉིད་དུ་ཡང་ནས་ཡང་དུ་བརྒྱུད་པས་འཁོར་ལོ་སྡུག་བསྔལ་བཟོད་བླགས་མེད་པས་མཚོན་ཆ་བཞིན་དུ་ཐོན་དཀའ་བར་འཁོར་བར་འགྱུར་རོ། །གཉིས་པ་ནི། ལང་ཀའི་བདག་པོ། ཞེས་པ་ནས། རྒྱུན་གྱི་འཁོར་མོར་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ་ཞེས་བོས་ནས་གང་རྒྱུད་འདི་ཡི་གཞུང་ལས་ཉམས་པར་གྱུར་པ་ལྔ་འབྱུང་བ་གང་ཞེ་ན། རྩ་བ་དང་ཡན་ལག་ལ་སོགས་པའི་དམ་ཚིག་ཀུན་ཏུ་ཕྱོགས་མེད་དུ་ཉམས་པ་ཆེན་པོ་དང་། རྡོ་རྗེ་སློབ་དཔོན་ལ་ཉམས་ན་དེའི་རྐྱེན་གྱིས་ཀུན་ཉམས་པས་རྩ་བ་ཉམས་ཏེ་རྨིང་མེད་པར་འགྱུར་བ་དང་། ཡན་ལག་ལྔ་ལ་སོགས་པ་ཉམས་པས་རྨིང་མེད་པར་མི་འགྱུར་ཡང་གནས་སྐབས་ཀྱི་འབྲས་བུ་མེད་ཅིང་མི་འབྱུང་བ་དང་། དེ་བཞིན་དུ་ཉམས་པ་དང་དམ་འདྲེས་པ་དང་འགྲོགས་པ་གང་ཡིན་པ་ཟླས་ཉམས་པ་དང་། ཉམས་པའི་མགོན་ནམ་ཆེད་བྱས་ཏེ་མ་ཚོར་བར་ཉམས་པའམ་གྲོགས་པོའི་ངོ་དགར་དབང་མེད་དུ་ཉམས་པའི་ལས་སུ་གྱུར་པ་ཞར་གྱིས་ཉམས་པ་དང་ལྔའོ། །དེ་དག་ཀྱང་ཉམས་པ་རེས་འགའ་གང་བྱུང་བས་ཡང་ཡང་ཉམས་ཏེ་རྣལ་འབྱོར་པ་གཅིག་ལ་ཡང་རྟག་པ་རྒྱུན་གྱི་འཁོར་མོར་ཉམས་པ་འབྱུང་བའི་ཕྱིར་ཤིན་ཏུ་བསྒྲིམས་ཏེ་འབད་དོ། །ལྔ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། གང་དེ་བསྐང་བར། ཞེས་པ་ནས། འཛིན་དང་དེ་ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་དེ་དག་ལ་གསོ་བའི་ཐབས་ཡོད་དམ་མེད་སྙམ་པ་ལ། ཚོན་གྱི་རི་མོ་དང་། གསེར་དངུལ་གྱི་སྐྱོགས་ཞོམ་པ་དང་། མར་མེ་ཤི་བ་ལྟར་གསོ་བའི་ཐབས་ཡོད་པའི་ཕྱིར། ཉམས་པ་ལྔ་པོ་གང་དེ་ཡང་དག་པར་བསྐང་ཞིང་གསོ་བའི་ཕྱིར་བཤགས་པར་བྱ་བའི་ཐབས་རྣམ་པ་ལྔར་ནི་བཤད་པར་བྱའོ་ཞེས་ཁྱད་པར་དུ་དམ་བཅའོ། །དེའང་ཉམས་པའི་རྒྱུས་ཐབས་ཀྱང་ལས་ཀྱིས་བསྐང་བ་དང་། རྫས་ཀྱིས་བསྐང་བ་དང་། འདུན་པ་དྲག་པོས་བསྐང་བ་དང་། ཏིང་ངེ་འཛིན་གྱིས་བསྐང་བ་དང་། ཆོས་ཉིད་དེ་ཁོ་ན་ཉིད་རྟོགས་པས་བསྐང་བ་སྟེ་གྲངས་རྗེས་སུ་མཐུན་པའི་ཉིད་དོ། །གཉིས་པ་ལ་ལྔ་སྟེ། སྦྱིན་བསྲེག་གི་ལས་ཀྱིས་བསྐང་བ། རྫས་ཀྱིས་བསྐང་བ། འདུན་པས་བསྐང་བ། ཏིང་ངེ་འཛིན་གྱིས་བསྐང་བ། རྟོགས་པའི་དོན་གྱིས་བསྐང་བའོ། །དང་པོ་ནི། ལས་ནི་རྣམ་ལྔས། ཞེས་པ་ནས། གཅིག་གསུམ་དག་གིས་སྐོངས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་སྤྱད་པ་ལས་ཀྱི་ཉམས་པ་ལྔ་བསྐང་བ་ནི་ཇི་ལྟ་ཞེ་ན། རྣམ་པ་ལྔས་སྐོངས་པར་འགྱུར་ཏེ། སྦྱིན་བསྲེག་གམ། རྣམ་པ་གཅིག་ཏུ་བཟླས་བརྗོད་ཀྱང་ཡིན་ཏེ། དང་པོ་ཀུན་ཏུ་ཉམས་པ་ཆེན་པོ་ལ་ནི་འཛབ་འབུམ་ཕྲག་ལྔ་དང་ཁྲི་ཕྲག་གསུམ་གྱི་གྲངས་ཏེ་དེས་དག་པར་བྱེད་དོ། །གཉིས་པ་རྩ་བ་ཉམས་པ་ལ་ནི་ཁྲི་ཕྲག་ལྔ་དང་སྟོང་ཕྲག་གསུམ་མོ། །གསུམ་པ་ཡན་ལག་ཉམས་པར་གྱུར་པ་ལ་ནི་སྟོང་ཕྲག་ལྔ་དང་བརྒྱ་ཕྲག་གསུམ་གྱི་བཟླས་པ་ཐོན་པར་བྱའོ། །བཞི་བཟླས་ཉམས་པ་ལ་ནི་བརྒྱ་ཕྲག་ལྔ་དང་བཅུ་ཚོ་གསུམ་མོ། །ལྔ་པ་ཞར་གྱིས་ཉམས་པར་གྱུར་པ་ལ་ནི། ལྔ་བཅུ་པ་གཅིག་དང་གསུམ་སྟེ་བཅུ་ཕྲག་ལྔ་དང་གསུམ་དག་གིས་སྐོངས་པའོ། །དེས་ན་གྲངས་ཀྱི་བྱེ་བྲག་ནི་བསྐང་བ་དཀའ་སླས་ཕྱེ་བའོ། །གཉིས་པ་ནི། རྫས་ནི་རིན་ཆེན། ཞེས་པ་ནས། གང་བརླག་ནོར་དེས་བླུ། །ཞེས་པའི་བར་གྱིས་བསྟན་ཏེ། རྫས་ཀྱིས་བསྐང་བ་ནི་གསེར་ལ་སོགས་པ་རིན་ཆེན་སྣ་ལྔ་ཡིས། རིགས་ལྔའི་རིགས་ཀྱི་དམ་ཚིག་གང་དང་གང་ཉམས་པ་ལས། དམངས་རིགས་ལ་སོགས་པའི་བླ་མ་རིགས་ལྔ་སྤྱན་དྲངས་པ་གང་དག་ལ། དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་ཐ་ཚིག་གང་བརླག་པ་དེ་ཉིད་ནོར་དེ་དང་དེས་བླུ་བར་བྱེད་དེ་བསྐང་བ་ནི། རྩ་བའི་རྒྱུད་ལས། རྫས་ཀྱིས་བསྐང་བའི་ཐབས་མཆོག་ནི། །གལ་ཏེ་བསྲུང་བ་འགའ་ཞིག་ལས། །བྱང་སེམས་ཐ་ཚིག་རལ་གྱུར་ན། །གཏི་མུག་རིགས་ཀྱི་ཐ་ཚིག་བསྐང་། །དམངས་རིགས་བླ་མ་སྤྱན་དྲངས་ལ། །ཉེས་འགལ་མི་བཅབ་སྟོང་དུ་བཤགས། །གསེར་ལ་སོགས་པའི་རྫས་ཆེན་གྱིས། །ཐ་ཚིག་གང་བརླག་ནོར་དེས་བླུ། །བྱང་ཆུབ་སེམས་བསྐྱེད་རྒྱུད་སྦྱངས་མཉན། །རྡོ་རྗེའི་ཐ་ཚིག་རལ་གྱུར་ན། །ཞེས་སྡང་རིགས་ཀྱི་ཐ་ཚིག་བསྐང་། །རྗེའུ་རིགས་བླ་མ་སྤྱན་དྲངས་ལ། །ཉེས་བྱས་མི་འཆབ་འབུམ་དུ་བཤགས། །ཤེལ་ལ་སོགས་པའི་རྫས་ཆེན་གྱིས། །ཐ་ཚིག་གང་བརླག་ནོར་དེ་བླུ། །བསམ་གཏན་ཏིང་འཛིན་བསྒོམ་བརྩོན་བྱ། །རིན་ཆེན་ཐ་ཚིག་རལ་གྱུར་ན། །ང་རྒྱལ་རིགས་ཀྱི་ཐ་ཚིག་བསྐང་། །རྒྱལ་རིགས་བླ་མ་སྤྱན་དྲངས་ལ། །ཉེས་བྱས་མི་འཆབ་བརྒྱད་ཁྲིར་བཤགས། །བཻ་ཌཱུར་ལ་སོགས་རྫས་ཆེན་གྱིས། །ཐ་ཚིག་གང་བརླག་ནོར་དེས་བླུ། །སྐུ་གདུང་རིང་བསྲེལ་རྣམ་པར་སྤེལ། །པདྨའི་ཐ་ཚིག་རལ་གྱུར་ན། །འདོད་ཆགས་རིགས་ཀྱི་ཐ་ཚིག་བསྐང་། །གདོལ་རིགས་བླ་མ་སྤྱན་དྲངས་ལ། །ཉེས་བྱས་མི་འཆབ་བརྒྱད་བཤགས་བྱ། །བྱེ་རུ་ལ་སོགས་རྫས་ཆེན་གྱིས། །ཐ་ཚིག་གང་བརླག་ནོར་དེས་བླུ། །བཤགས་བྱ་ཟབ་མོའི་གླེགས་བམ་བརྗོད། །ལས་ཀྱི་ཐ་ཚིག་རལ་གྱུར་ན། །ཕྲག་དོག་རིགས་ཀྱི་དམ་ཚིག་བསྐང་། །བྲམ་ཟེ་རིགས་བཤེས་སྤྱན་དྲངས་ལ། །ཉེས་བྱས་མི་བཅབ་བཅོ་ལྔར་བཤགས། །ཨིནྡྲ་ལ་སོགས་རྫས་ཆེན་གྱིས། །ཐ་ཚིག་གང་བརླག་ནོར་དེས་བླུ། །མཆོད་སྦྱིན་བསོད་ནམས་ལས་ཆེན་བྱ། །དེས་ནི་བསྐང་བའི་ལས་ཆེན་འགྲུབ། །ཅེས་གསུངས་པའི་དོན་ཏོ། །གསུམ་པ་ནི། འདུན་པ་དད་པ། ཞེས་པ་ནས། སྐོང་བ་དམ་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། གང་ཞིག་ཉམས་པ་དེས་འདུན་པ་དང་དད་པ་ལྷག་པར་སྐྱེད་དེ་དང་བ་དང་བཅས་པ་ཡིས་ཤིན་ཏུ་གདུང་བའི་ཤུགས་ཀྱི་ང་རོ་ཡིས་བཤགས་ཏེ། རྟག་པར་རྨང་ག་ཆད་པར་རམ་ཕལ་ཆེར་དུ་ནི་དམྱལ་བ་ཆེན་པོའི་གནས་ན་ང་རོ་འདོན་པ་བཞིན་དུ་སྡུག་བསྔལ་གྱི་སྒྲ་འབྱིན་ཏེ་འགྱོད་པ་དྲག་པོས་ཉམས་པ་སྦྱོང་བའི་ཐབས་ལ་འབད་བཞིན་དུ་ཞིང་བཤགས་ནས་བསྐང་བའོ། །དེ་བས་འགྱོད་པ་དྲག་པོ་བསྐྱེད་དེ་བཤགས་ན་གཉེན་པོ་མཆོག་ཏུ་དེ་ཉིད་ངེས་པར་འགྱུར་ཏེ། བསྐང་བར་ནུས་པས་ན་རྒྱུན་དུ་བཤགས་པ་དེ་ནི་སྐོང་བ་དམ་པའི་ཐབས་སུ་གྱུར་པའོ། །དེ་ཡང་འདི་ཉིད་ཉམས་པའི་རྒྱུས་ལྔར་འགྱུར་ཏེ། རྩ་བའི་རྒྱུད་ཉིད་ལས། དོན་གྱིས་བསྐང་བའི་ཐབས་མཆོག་ཀྱང་། རྣམ་ལྔའི་ཚུལ་དུ་བཤགས་པར་བྱ། །ཆོས་ཀུན་ནམ་མཁར་བསྒོམས་ནས་ཀྱང་། །བག་ཆགས་བཟང་ངན་ཐམས་ཅད་ཀུན། །ཅི་ཡང་མེད་པར་བློ་ལ་བཞག །དེ་ལ་གོམས་བྱས་ཉེས་པ་མེད། །ཀུན་ལ་མཁས་པའི་བླ་མ་ལ། །རྒྱ་ཆེ་ཡངས་པའི་ཆོས་མཉན་ཏེ། །བསམ་པའི་ལས་རྣམས་རྒྱ་ཆེར་བྱ། །ཡིད་ཀྱིས་དམིགས་པའི་ལས་དག་ན། །རྩ་བ་ཉམས་པ་སྐོངས་པར་འགྱུར། །གལ་ཏེ་ཡན་ལག་ཉམས་གྱུར་ན། །ཆོས་ཉིད་ནམ་མཁའི་དོན་སྟོན་པའི། །གླེགས་བམ་ཟབ་མོ་ཀུན་རྟོག་སྟེ། །དོན་རྣམས་རྒྱ་ཆེར་བརྟགས་པར་བྱའོ། །དེས་ནི་ཡན་ལག་ཉམས་པ་མིན། །ཟླས་ནི་ཐ་ཚིག་ཉམས་གྱུར་ན། །བླ་མ་སྐྱེས་བུ་མཁས་པ་ལ། །གཞུང་ཆེན་བཙུགས་པའི་བསྟན་པ་ཞིག །སྟོན་པའི་ཡོན་བདག་དང་བླངས་ཏེ། །བློ་ཡི་རྩལ་ཅན་ཀུན་བསྡུས་ནས། །དམ་ཚིག་བདུད་རྩིའི་བསྟན་པ་བསྒྲགས། །གལ་ཏེ་ཞར་གྱིས་ཉམས་གྱུར་ན། །བསྟན་པའི་གླེགས་བམ་རྒྱ་ཆེན་རྣམས། །བྲིས་ནས་ཆོས་ཀྱི་སྦྱིན་པར་བཏང་། །དེས་ནི་ཞར་ཉམས་སྐོངས་པར་འགྱུར། །ཞེས་དེ་བཞིན་དུའང་བཀའ་སྩལ་ཏོ། །བཞི་པ་ནི། ཏིང་ངེ་འཛིན་གྱིས། ཞེས་པ་ནས། སྐོངས་པ་དམ་པའི་མཆོག །ཞེས་པའི་བར་གྱིས་བསྟན་ཏེ། ཏིང་ངེ་འཛིན་གྱི་ཐབས་ཆེན་པོས་བསྐང་བ་ཡང། རང་གི་སྤྱི་བོར་འོད་ཀྱི་ཐིག་ལེ་གསུམ་ལས་སྐུ་གསུང་ཐུགས་ཀྱི་ས་བོན་ༀ་དཀར་པོ་ཁྱབ་པ་ཆེན་པོས་ལུས་སྒྲིབ། ཨཱཾཿདམར་པོ་ཆགས་པ་ཆེན་པོས་ངག་སྒྲིབ། ཧཱུྃ་མཐིང་ག་ཐུགས་ཀྱི་ས་བོན་གྱིས་ཡིད་སྒྲིབ་སྦྱངས་ཏེ་སླར་འདུས་པའི་ངང་ལ་རྃ་ཡྃ་ཁྃ་གསུམ་འཕྲོས་པས་དང་པོས་སྦྱང་། གཉིས་པས་གཏོར། གསུམ་པས་བཀྲུས་ཏེ་སྒོ་གསུམ་གྱི་ཉམས་པ་བསྐངས་པས། འཇིག་རྟེན་གྱི་དངོས་པོ་བསྲེག་པ་ལ་མེ་དགོས་ཀྱང་བག་ཆགས་ཀྱི་དྲི་མ་བསྲེག་པ་ལ་མེ་མི་དགོས་ཏེ། ཏིང་འཛིན་གསལ་བའི་རང་འོད་རིག་པའི་ཡེ་ཤེས་ཀྱི་མེ་བྱུང་བས་སྒྲིབ་པའི་བུད་ཤིང་ཐམས་ཅད་བསྲེགས་པར་བྱེད་དོ། །དེ་བཞིན་དུ་འཇིག་རྟེན་གཏོར་བ་ལ་རླུང་དགོས་ཀྱང་འཁྲུལ་པའི་མཚན་མ་ཐམས་ཅད་འབུད་པ་ལ་རླུང་མི་དགོས་ཏེ། རིག་པའི་ཡེ་ཤེས་ཀྱི་རླུང་བྱུང་བས། མཚན་མའི་དམིགས་རྡུལ་ཕྲ་རགས་ཀུན་རྣམ་པར་འཕྱག་པར་བྱེད་དོ། །དེ་ལྟར་ལུས་བཀྲུ་བ་ལ་ཆུ་དགོས་ཀྱང་། སེམས་ཀྱི་དྲི་མ་བཀྲུ་བ་ལ་ཆུ་མི་དགོས་ཏེ། རིག་པའི་ཡེ་ཤེས་ཀྱི་ཆུ་བྱུང་བས་བག་ཆགས་ཀྱི་ལྗན་ལྗིན་ཐམས་ཅད་དག་པར་བྱེད་དོ། །དེ་བས་ན་སྟོང་ཉིད་མཉམ་པ་ཆེན་པོའི་ཆུ་བོ་ནི་ཁྲུས་ཀྱི་རྫིང་དམ་པ་སྟེ། རང་རིག་དེ་བཞིན་ཉིད་ཀྱིས་ནམ་མཁའ་ནས་འགྱོད་པ་དྲག་པོའི་མེ་དང་། ཤེས་རབ་ཀྱི་མེ་དང་། ཏིང་ངེ་འཛིན་གྱི་མེ་དང་། དད་པ་རླབས་པོ་ཆེའི་འོད་འབར་བར་འཕྲོ་བའི་མེ་ཡི་བསྐལ་པས་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པར་ཚིག་སྟེ་སྲེག་པ་དེ་ནི་སྐོངས་པ་དམ་པའི་མཆོག་དང་ཕུལ་དུ་གྱུར་པ་ཡིན་ནོ། །དེ་ཡང་རྩ་བའི་རྒྱུད་ཉིད་ལས། ཏིང་འཛིན་རྩལ་གྱི་ཐབས་མཆོག་ནི། །བག་ཆགས་ཅན་གྱི་སྤྱི་གཙུག་ཏུ། །ཙན་དམར་འོད་ནི་མེ་ལོང་ཙམ། །ཤིན་ཏུ་འབར་ཞིང་འཚེར་གསལ་བས། །ཆགས་དང་བཅས་པའི་ཕུང་པོ་བསྲེག །རྣམ་གྲོལ་སེམས་ཀྱི་རང་བཞིན་དང་། །འོད་ཀྱི་རང་བཞིན་གཅིག་པ་ལས། །དཀར་དང་དམར་དང་མཐིང་ག་ཡི། །འོད་ཀྱི་ཐིག་ལེ་གསུམ་དུ་གྱུར། །དཀར་པོ་འཕྲོས་པས་ཁྱབ་པ་ཆེན། །དམར་པོ་སྤྲོས་པས་ཆགས་པ་ཆེ། །མཐིང་ག་ཐུགས་ཀྱི་ས་བོན་ཏེ། །རྣམ་གསུམ་གཅིག་ཏུ་འདུས་པ་ལས། །ངག་ཡིད་གསུམ་གྱི་བག་ཆགས་བསྲེགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྐོངས། །དཀར་པོ་རླུང་ཟླའི་དཀྱིལ་འཁོར་ལ། །དམར་པོ་འབུད་པའི་རླུང་བྱུང་བས། །མཚན་མའི་བག་ཆགས་རྣམ་པར་གཏོར། །དམར་པོ་ཆུ་ཟླའི་དཀྱིལ་འཁོར་ལས། །མཐིང་ག་ཡེ་ཤེས་ཆུ་བྱུང་བས། །དངོས་པོའི་ལྗན་ལྗིན་ཐམས་ཅད་བཀྲུས། །དེ་ལྟར་གསལ་བར་གྱུར་པ་དང་། །རྣལ་འབྱོར་ཅན་གྱིས་ཚིག་འདི་བརྗོད། །རྫས་བསྲེག་པ་ལ་མེ་དགོས་ཀྱང་། །བག་ཆགས་འཚིག་ལ་མེ་མི་དགོས། །རིག་པའི་ཡེ་ཤེས་མེ་བྱུང་བས། །མཚན་མ་ཡི་ནི་བུད་ཤིང་བསྲེགས། །འཇིག་རྟེན་གཏོར་ལ་རླུང་དགོས་ཀྱང་། །མཚན་མ་གཏོར་ལ་རླུང་མི་དགོས། །རིག་པའི་ཡེ་ཤེས་རླུང་བྱུང་བས། །མཚན་མའི་རྡུལ་ཚོགས་རྣམ་པར་འཕྱག །ལུས་བཀྲུ་བ་ལ་ཆུ་དགོས་ཀྱང་། །སེམས་བཀྲུ་བ་ལ་ཆུ་མི་དགོས། །མཉམ་ཉིད་ཆུ་བོ་ཁྲུས་ཀྱི་རྫིང་། །ཡེ་ཤེས་ཆུ་བོའི་རྒྱུན་བྱུང་བས། །བག་ཆགས་ལྗན་ལྗིན་ཐམས་ཅད་བཀྲུས། །ༀ་ཀྲོ་དྷི་ཤྭ་རི་སརྦ་ཏྲ་ཕྱམ་ཤོ་དྷ་ཡ་ༀ་ཨཱཿཧཱུྃ། རྃ་ཡྃ་ཁྃ། དེ་སྐད་ཚིག་ཏུ་བརྗོད་པ་ཡིས། །ཉམས་པའི་ཆད་པ་མི་འབྱུང་ངོ་། །ཞེས་གསལ་གདབ་ཅིང་བསྐུལ་བའི་ཚིག་བརྗོད་དོ། །བཤད་རྒྱུད་འདི་ཉིད་ཀྱི་དབང་དུ་གཞུང་བཙན་པར་འདོད་དེ་མི་བསྐུལ་ལོ། །གཞན་དག་ཀྱང་རྗེས་སུ་མཐུན་པར་སྦྱར་ཏེ་རྩ་བ་ནི་མི་མཐུན་པ་ཤེས་པ་དང་རྒྱས་པར་བསྟན་པའི་ཕྱིར་དྲངས་པའོ། །ལྔ་པ་ནི། དེ་ཉིད་དེ་ཡི། ཞེས་པ་ནས། མི་བསྐང་ཚིག་ལམ་བྲལ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཁོ་ན་ཉིད་རྟོགས་པ་དེ་ཡི་སྒོ་ནས་གང་ཉམས་པ་ལྔ་ཉིད་མན་ངག་གིས་བསྐང་བའི་ཐབས་མཆོག་ཕུལ་དུ་བྱུང་བ་ཉིད་ཀྱང་། རྣལ་འབྱོར་པ་དམ་པ་གང་སུ་ཞིག་དག་ཉམས་པའི་དབང་དུ་གྱུར་པས་བཀའི་ཆད་པ་བྱུང་བ་ལ་ཐར་པར་བྱ་བའི་ཐབས་ཇི་ལྟ་བུ་ཞེ་ན། ཆོས་རྣམས་ཆོས་ཉིད་དེ་བཞིན་ཉིད་ཇི་བཞིན་པ་བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བར་མཇལ་ཞིང་རྟོགས་པའི་ངང་ལས་མ་གཡོས་པར་རྒྱུན་དུ་ཏིང་ངེ་འཛིན་ལས་འགྱུར་བ་མེད་ན། ཉམས་པས་དུཿཁ་ལས་སྐྱོབ་པའི་མགོན་སྐྱབས་དམ་པ་དེ་ལས་མཆོག་ཏུ་གྱུར་པ་གཞན་གང་ཡང་མེད་དེ། དུར་ཁྲོད་ཁུ་བྱུག་རོལ་པ་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །རྟོགས་པའི་ལྟ་བ་དམ་ཚིག་སྟེ། །དེ་ལས་འདས་ན་འཚིག་པར་བཤད། །ཆོས་ཉིད་མཉམ་པར་བློ་བཞག་ན། །གསོ་བའི་ཐབས་ནི་དེ་ལྟར་རོ། །ཉམས་པའི་ཆད་པར་བྱུང་བ་ན། །མགོན་སྐྱབས་དེ་ལས་གུད་ན་མེད། །མཉམ་ཉིད་དབྱིངས་ཀྱི་རང་བཞིན་དུ། །དམ་ཚིག་ཐམས་ཅད་གཅིག་པར་ནི། །བདེ་གཤེགས་རྒྱལ་བ་ཀུན་གྱིས་གསུངས། །ཞེས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱི་ངང་དེ་ལ་ཉམས་པ་དང་མ་ཉམས་པའི་ཐ་སྙད་གཉིས་ཉིད་མེད་པ་དེ་བས་ན་བསྐང་ངམ་མི་བསྐང་ཞེས་བྱ་བའི་ཚིག་ལམ་ཙམ་ཡང་བྲལ་བས་བརྗོད་དུ་མེད་པའི་ཕྱིར་རོ། །རྩ་བའི་རྒྱུད་ཀྱི་དབང་དུ་ནི། །ཐབས་འདི་ཉིད་ལའང་ལྔ་སྟེ། །མན་ངག་ཐབས་ཀྱི་དོན་མཆོག་ནི། །རྩ་བ་ཡན་ལག་དེ་རྣམས་ལས། །གང་དག་ཉམས་པར་གྱུར་པ་ལ། །མན་ངག་ཐབས་མཆོག་ལྔ་ཡིས་བསྐངས། །ཉམས་པ་ཆེན་པོར་ལྟུང་གྱུར་ན། །བླ་མར་གྱུར་པའི་སྐྱེས་བུ་དག །རྒྱལ་པོ་དགུ་ཡི་སྤྱན་ལམ་དུ། །སྒྲུབ་པ་ཆེན་པོ་དགུ་བརྩམ་ཞིང་། །མཆོག་ཆེན་དགུ་ཡི་བརྟུལ་ཞུགས་སྤྱད། །རང་གི་གཟུངས་མ་གང་ཡིན་པ། །བླ་མ་དགུ་ལ་གཟུངས་མར་འབུལ། །དེ་བཞིན་རྩ་བ་ཡན་ལག་དང་། །ཟླ་དང་ཞར་ལས་ཉམས་པ་ལ། །སྒྲུབ་པ་དོན་གྱི་ཁྱད་པར་རྣམས། །བདུན་ནམ་ལྔའམ་གསུམ་མམ་གཅིག །རིམ་པ་བཞིན་དུ་སྦྱར་བྱས་ན། །དེ་ནི་སྐོངས་པའི་མཆོག་ཏུ་འགྱུར། །ཞེས་གསུངས་པ་བཞིན་འབད་པར་བྱའོ། །དེ་ལྟར་བུའི་ཉམས་པ་རྣམས་བཤགས་པ་ནི། འགྱོད་པ་དྲག་པོ་བསྐྱེད་དེ་མཆི་མ་བླགས་ལ་བ་སྤྲུ་གཟེང་ནས་བཤགས་པ་ནི། ཤེས་རབ་ཆེན་པོའི་རྒྱུད་ཀྱི་བག་ཆགས་ཐམས་ཅད་ལྟ་བའི་དོན་དྲན་པས་རང་བཞིན་མེད་པར་བཤགས་པ་དང་། ཏིང་ངེ་འཛིན་ཆེན་པོའི་མེས་བག་ཆགས་ཐམས་ཅད་བསྲེགས་ཏེ་མེད་པར་བྱ་བ་དང་། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་བག་ཆགས་ཀྱི་མུན་པ་ཐམས་ཅད་བསལ་ཏེ་དག་པར་བྱ་བ་དང་། སྤྱོད་པ་རླབས་པོ་ཆེའི་ཆུས་བཀྲུ་བའི་ཐབས་དག་བཞིས་བཤགས་པའི་ཡུལ་སངས་རྒྱས་དང་། རིག་འཛིན་དང་། ལྷ་དང་བླ་མ་དང་། གླེགས་བམ་དང་། གྲོགས་པོ་དང་། རྟེན་དུ་གྱུར་པ་རྣམས་སོ། །དེ་ལྟ་བུའི་ལས་ལ་བརྩོན་པར་བྱ་བའི་ཐ་ཚིག་གོ། །གསུམ་པ་བསླབ་པ་གཅེས་པར་གདམས་པ་ནི། གོང་གི། ཇི་ལྟར་ས་གཞི། ཞེས་པ་ནས། སྲོག་འཛིན་དམ་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། དམ་ཚིག་གི་གཞི་བཟུང་བ་དངོས་ཀྱི་དཔེ་གང་སྙམ་པ་ལ། དཔེ་ཇི་ལྟར་ན་ས་གཞི་གཤིན་པ་ལ་བརྟེན་ནས་ས་བོན་གྲུང་མོ་བཏབ་པ་ལས་མྱུ་གུ་ནས་སྡོང་བུ་དང་། ཡལ་ག་དང་། མེ་ཏོག་དང་། འབྲས་བུར་སྨིན་པའི་བར་དུ་གྱུར་པ་ཡིས། འགྲོ་བ་སེམས་ཅན་གང་དག་གི་འཚོ་བའི་སྲོག་འཛིན་པ་ལྟར་དུ་དོན་གྱི་རང་བཞིན་ལམ་དང་འབྲས་བུའི་ཆོས་རྣམས་ཀུན་གྱི་གཞིར་གྱུར་པས་ས་གཞི་དང་འདྲ་བའི་དམ་ཚིག་རྩ་བ་དང་ཡན་ལག་གི་རིམ་པ་འདི་ལ་མ་ཉམས་པར་གནས་པ་དེ་ནི། དགེ་བའི་མྱུ་གུ་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཆེན་པོའི་བར་དུ་རྣམ་པར་སྨིན་པས་རང་དོན་རྫོགས་ནས། གཞན་དོན་དུ་ལམ་དང་འབྲས་བུའི་དགེ་བའི་སྲོག་གི་ངོ་བོ་ཉིད་འཛིན་པའི་གཞི་ནི་དམ་ཚིག་དམ་པ་མ་ཉམས་པར་བསྲུང་བ་ཉིད་དུ་ངེས་པའོ། །བཞི་པ་ཞབས་བསྡུ་བ་ནི། འོག་ནས། ལང་ཀའི་བདག་པོ་དང་། ཞེས་པ་ནས། སྤྱོད་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཞེས་བོས་ནས། ཇི་སྐད་བཤད་པ་དེ་དག་ནི། ལམ་དང་འབྲས་བུ་ཐམས་ཅད་ཀྱི་གཞི་དམ་ཚིག་གིས་ཡོངས་སུ་གཟུང་བ་ཉིད་ཀྱི་དོན་རྣམ་པར་བགྲོས་པར་ཤེས་པར་བྱའོ། །ཞེས་དོན་གྱི་ངོ་བོ་བསྟན་པའོ། །སྟོན་པ་གསང་བདག་དམ་པས་དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་པ་ཞེས་པས་ཕྱི་རབས་པ་ཐམས་ཅད་ཀྱང་བསྡུ་སྟེ་དེ་ལྟར་དམན་པ་དམ་པ་རྣམས། དམ་པ་རྣམས་ཀྱི་ཡང་དག་པའི་ནོར་ལ་ཡོངས་སུ་སྤྱོད་དེ་དམ་ཚིག་དང་ལྡན་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། གསང་ཆེན་ལུང་གི་དམ་ཚིག་འོག་མ་ལ་གསང་བ་ཁྱད་པར་མཆོག་གི་གནས་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་དྲུག་ཅུ་རྩ་དྲུག་པ་ཉིད་རྣམ་པར་བཀྲོལ་ཏེ་བཤད་པའོ།། །།གཉིས་པ་རྒྱུད་ཐོས་པས་དགྲོལ་བ་ལ་བསླབ་པ་གྱི་ལིང་སྒྲོག་བགྲོལ་བ་ལྟར་བཤད་པ་ལ་བཞི་སྟེ། ཐོས་པ་བྱ་བའི་གནས་བླ་མ་ཤེས་པར་གདམས་པ་ཉེ་བར་བསྟན་པ། དེ་ཉིད་རྒྱས་པར་བཤད་པ། བསླབ་པ་གཅེས་པར་གདམས་པ། ཞབས་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། ངེས་པར་ཤེས་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ནོ། །དེ་ནས་ཡང་སྟོན་པ་སྐྱེས་བུ་ཆེན་པོ་གསང་བ་པའི་བདག་པོས་སྨྲས་པ། ཀྱེ་གྲོགས་པོ་དམ་པ་དག །ཅེས་བོས་ནས། བསླབ་པ་གཉིས་པ་ཤེས་རྒྱུད་ཐོས་པས་ཡོངས་སུ་དགྲོལ་བར་བསླབ་པ་ནི། དང་པོར་ཡུལ་དམ་པ་བླ་མ་མཆོག་བསྟེན་པ་ལ་རག་ལས་པ་སྟེ། དེ་ཡང་། དེའི་མཚན་ཉིད་ཉེ་བར་བསྟན་པར་གང་ཞེ་ན། འདི་ལྟ་སྟེ། བླ་མ་དམ་པའི་མཚན་ཉིད་བརྟགས་པའི་དོན་བསྟན་པའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོར་སྨིན་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གི་འབྲས་བུ་དམ་པ་འགྲུབ་པས་རྐྱེན་དུ་གྱུར་པའི་སྟོན་པ་ཆེན་པོ་སྟེ། སྤྱིར་རྒྱུ་རྐྱེན་དྲུག་ཀ་བླ་མ་ལ་ཚང་བར་གསུངས་ལ། དེ་ཡང་། བློ་གྲོས་ཆེན་པོ་མངའ་བས་གསང་སྔགས་ཐེག་པའི་རྒྱལ་པོའི་ལམ་དང་འབྲས་བུའི་ཆོས་ཀྱི་ཐེ་ཚོམ་གཅོད་ཅིང་དོན་མ་ནོར་བ་འབྱུང་བས་ཞུ་ཞིང་དྲི་བར་བྱ་བའི་ཡུལ་བླ་མ་རྡོ་རྗེ་སློབ་དཔོན་ནི། དཔེ་དོན་གཉིས་ཀུན་ལ་སྦྱར་ཏེ། འགྲོ་བ་ཐར་པའི་ལམ་སྟོར་བ་རྣམས་ཀྱིས་རྒྱུས་མཁན་དང་འདྲ་ལ། འཁོར་བའི་སྡུག་བསྔལ་གྱིས་ཉེན་པ་དག་གི་བཤེས་གཉེན་དང་མགོན་སྐྱབས་དམ་པར་གྱུར་པ། མ་རིག་པའི་མུན་པ་སེལ་བའི་སྒྲོན་མ་གཞན་ལས་འཕགས་པར་གྱུར་པས་རིན་པོ་ཆེ་འབར་བ་ལྟ་བུ། དོན་མཐོང་བར་བྱེད་པའི་མིག་གི་དབང་པོ་དང་འདྲ་བ། དོན་གྱི་རང་བཞིན་ཤེས་པར་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པ། འཁོར་བའི་ཆུ་བོ་ཆེན་པོ་རབ་མེད་པ་བཞི་ལས་སྒྲོལ་བས་གྲུ་དང་འདྲ་བ། སྲིད་པའམ་ངན་སོང་གི་འཇིགས་པ་བརྒྱད་ཀྱིས་མི་ཚུགས་པས་མཁྲེགས་པར་གྱུར་པའི་རྫོང་ཆེན་པོ་ལྟ་བུ། འཁོར་བའི་དམག་དཔུང་གིས་མི་ཚུགས་པས་རྟེན་པར་གྱུར་པའི་མཁར་དང་འདྲ་བ། འཁོར་བའི་གཅོང་རྙིང་ཉོན་མོངས་དུག་ལྔ་དང་མ་རིག་པའི་ནད་འབྱིན་པས་སྨན་པའི་མཆོག་དང་མཚུངས་པ། སྲིད་པའི་རྒྱ་མཚོ་བརྒལ་ནས་མྱ་ངན་ལས་འདས་པའི་ནོར་ལེན་པའམ་ཆོས་ཉིད་ཀྱི་མཚོ་གླིང་ནས་ཡང་དག་པའི་དོན་གྱི་རིན་ཆེན་ལེན་པར་བྱེད་པའི་དེད་དཔོན་མཁས་པ་ལམ་མཐུན་མི་མཐུན་དང་རྟགས་རྣམས་ལ་བློ་གྲོས་ཡངས་པ་དང་འདྲ་བའོ། །དེ་ལྟར་བརྟེན་པར་བྱ་བ་དམ་པའི་བླ་མ་དེ་ལ་ཡོན་ཏན་བཅུ་དང་ལྡན་པའི་ཕྱིར་ཐོས་པ་བྱེད་པའི་སྔོན་དུ་མཚན་ཉིད་ཇི་ལྟ་བ་བཞིན་དུ་ངེས་པར་ཤེས་པར་བྱ་སྟེ། གང་མ་བརྟགས་ན་བླ་མ་ངན་པའི་སྐྱོན་འཆད་པར་འགྱུར་བ་ལྟ་བུའི་ཉེན་ཡོད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ཐོས་པ་བྱ་བའི་གནས་བླ་མ་བརྟག་ཅིང་བཀུར་ཐབས། ཐོས་པ་བྱས་པས་རྒྱུད་གྲོལ་བ་དངོས། ཐོས་བསམ་ཆུབ་པའི་མཐར་དགོན་པར་བསྒོམ་པའོ། །དང་པོ་ལ་བཞི་སྟེ། སྔོན་དུ་བླ་མ་བརྟགས་པ། བཟང་པོ་ལ་ལྟོས་པ། ངན་པ་ལ་མི་ལྟོས་པ། ཇི་ལྟར་བཀུར་བའི་ཐབས་བཤད་པའོ། །དང་པོ་ནི། སྡེ་མཛོད་གཏེར་ཁྱིམ། ཞེས་པ་ནས། ཡུལ་ནས་བརྟག་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་གྱི་ཚིག་དོན་ལ་མཁས་པ་དང་། ལྷུན་གྱིས་གྲུབ་པ་རང་གི་བྱང་ཆུབ་སེམས་ཀྱི་དོན་སྟོན་པའི་མཛོད་གསུམ་འཆང་བ་སྟེ། གཏེར་དང་ཁྱིམ་དང་ཁང་ཆེན་གསུམ་སྡེ་སྣོད་གསུམ་དང་མཛོད་གསུམ་གྱི་དཔེར་ཡང་འཐད་ལ། ཡང་ན་གཏེར་དང་འདྲ་བ་ཡིད་ཤེས། ཁྱིམ་དང་འདྲ་བ་ཉོན་ཡིད། ཁང་ཆེན་དང་འདྲ་བའི་ཀུན་གཞི་རྣམས་ཀྱི་གཞིའི་མཚན་ཉིད་ལ་མཁས་པ་དང་། དེ་བཞིན་དུ་བླ་མ་དེ་ལ། སྒོ་དམ་ངེས་བསམ་དམིགས་བཟླས་སྦྱོར། །སྤྱོད་ཐོབ་གནས་ས་ལྟ་ཡན་ལག །ཅེས་གསུངས་པའི་དོན་ལྟར། དེ་དག་གི་དོན་སྣང་བས་རྣམ་པར་གྲོལ་བ་གསང་སྔགས་ཕྱི་ནང་གི་སྒོ་དྲུག་འབྱེད་པའི་ལྡེ་མིག་སྐོལ་མདོ་ཡན་ལག་བཅུ་གཉིས་དང་། ཡང་ན་བསྟན་པའི་སྣོད་ཞེན་ཆགས་ཅན་ལ་སོགས་པ་བཞི་ལ། སྟོན་པའི་ཚིག་འདོད་པ་རང་རྐྱེན་ལ་སོགས་པ་བཞིའི་སྒོ་ནས་རྣམ་པར་གྲོལ་བར་བྱེད་པ་ལ་ལྡེ་མིག་བཅུ་གཉིས་ཏེ། གདགས་པ་བཞི་ནི། དགོས་ཆེད། ངེས་ཚིག །དོན་གྱི་ངོ་བོ། འབྱིན་པའི་གལ་ལོ། །སྒྲུབ་པ་བཞི་ནི། བཀའ་ལས་སྣང་། དོན་དང་མི་འགལ། གཏན་ཚིགས་ཀྱིས་རྒྱས། རིགས་པས་འཐད་པའོ། །གལ་དོན་གྱི་འབྱིན་པ་བཞི་ནི། འགལ་བ་བསྒྲུབ། དགོས་པ་བསྡུ། སྒོ་དགག །སུན་དབྱུང་བའོ། །ཞེས་ཆོས་རྗེའི་ཕྱག་མཆན་ལས་གསུངས། དོན་ངེས་པ་གསུམ་དང་། མདོ་བཞི་མན་ངག་དང་ལུང་གི་དོན་དང་། བསྒྲུབ་དང་གསང་སྔགས་སྤྱོད་པ་དང་། །གྲུབ་པ་དག་དང་གནས་པ་དང་། །བཟླས་པའི་སྒྲ་དང་ཕྱག་རྒྱ་རྟགས། །ཏིང་འཛིན་ལྟ་བ་ཆོ་འཕྲུལ་བརྟག །ཅེས་པ་ལྟར་དམ་པ་སྔགས་ཀྱི་རང་བཞིན་གཞིའི་དེ་ཉིད་ཀྱི་དཔེ་བཅུ་དང་བཅས་པ་དང་། རྣལ་འབྱོར་གྱི་བསླབ་པའི་མཐའ་བཅུ་དང་། ཡན་ལག་དྲུག །མདོ་བཞི། རྩ་བ་གསུམ་ལ་སོགས་པ་རྣམས་ཀྱི་དངོས་པོ་ནི། གང་འདིར་རྒྱུད་གཞུང་འདི་ཉིད་ཀྱི་ལམ་རྣལ་འབྱོར་བཅུ་སྐབས་བཅུར་སེམས་བཅུ་སྐྱེས་པས་ས་བཅུ་ནོན་པའི་ཁྱད་པར་གྱི་ཡོན་ཏན་རྣམས་རྫོགས་པར་ལྡན་པ་ཅན་ནམ་བར་སྐབས་སུ་ཆ་རྐྱེན་ཚང་ཞིང་རྫོགས་པར་ཡོངས་སུ་ཤེས་པའོ། །དོན་འདིས་ནི་རྣལ་འབྱོར་ལྔ་དང་བཅུའི་སྐབས་སྐབས་སུ་བཤད་པ་དག་ལ་བླ་མ་དེ་རྐྱེན་གང་གང་དང་ལྡན་ཞིང་གང་གང་དང་མི་ལྡན་པ་དང་། ཀུན་ཏུ་དགོས་པ་དང་། ས་འོག་རིམ་ལ་དགོས་པ། གོང་མ་ལ་མི་དགོས་པ་དང་། གོང་མ་ལ་ལྡན་པ་འོག་མའི་ཡུལ་མིན་པ་ལ་སོགས་པ་མཁྱེན་པའི་ཡོན་ཏན་རིལ་རྫོགས་པར་ལྡན་པ་གང་ཡིན་པ་ལ་སོགས་པ་ཞིབ་ཏུ་གཅེས་ཏེ། འདིར་ཡི་གེ་མང་བས་སྒྲས་འཇིགས་ནས་མ་སྦྱར་ཡང་གཞུང་དོན་ཡོངས་རྫོགས་ལ་སྒྲོ་འདོགས་ཆོད་ན་ངེས་པར་འགྱུར་རོ། །བཤད་པའི་ཆོས་རྣམས་ཀྱི་རྩེར་ཆིབས་པས་རང་བཞིན་གྱི་ཡོན་ཏན་ལྡན་ཏེ་ཕྱིན་ཅི་ལོག་གི་སྐྱོན་གྱི་མཐའ་རྣམས་ཟད་པར་གྱུར་ཅིང་། དེ་ལྟར་སྦྱངས་པའི་ཡོན་ཏན་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་ནས་ཡོངས་སུ་རྫོགས་སམ་མ་རྫོགས་བརྟགས་པ་དང་། དེ་ཉིད་དམ་པའི་སློབ་དཔོན་དུ་བསྟེན་པར་བྱ་བའི་ཚད་ལ་ཕབ་པ་དང་མ་ཕབ་པ་གང་ཡིན་བརྟགས་པ་དང་། མི་དགེ་བའི་གྲོགས་པོའམ་གཞན་གྱི་ཕྱིར་མི་འབྲང་བར་དེ་ལ་སློབ་དཔོན་དུ་བཟུང་ནས་བཤེས་གཉེན་མགོན་དུ་ལྟོས་པར་བྱས་ཏེ་བསྟེན་ན་བསླབ་པ་བཅུ། མཐར་ཆུབ་སྟེ་ཡོངས་སུ་རྫོགས་པར་འགྱུར་ཞེའམ་མི་འགྱུར་ཞེས་འབྲས་བུ་ཐོབ་སྟེ་འོང་མི་འོང་བརྟགས་པ་རྣམས་ཏེ། གང་བརྟགས་པའི་རིག་པ་དེ་ཡང་བླ་མ་དེ་ཡི་སྤྱོད་ཡུལ་མ་ཡིན་ཞིང་མངོན་སུམ་དུ་རིག་པར་མི་བྱ་བར། བརྟག་པའི་ཐབས་དང་དེའི་ཡན་ལག་དང་བཅས་པ་ཡིས་སྒོ་ནས་གཞན་གྱི་ཡུལ་ནས་ཡོན་ཏན་ཡོད་མེད་འཆད་པ་རྣམས་ཀྱི་ཚུལ་འདྲི་ཞིང་ལོགས་པར་དཔྱད་དེ་བཟང་ངན་རང་གིས་བརྟག་སྟེ་ངེས་པར་བྱའོ། །གཉིས་པ་ལ་གསུམ་སྟེ། བཟང་པོའི་རང་བཞིན་བསྟན་པ། དཀའ་བས་དང་དུ་བླངས་ཏེ་བཀུར་ཚུལ། གདམས་ངག་ཞུས་ཏེ་མི་འགལ་བར་སྤྱོད་པའོ། །དང་པོ་ནི། འོག་ནས། དམ་པ་དེ་ཡི་རང་བཞིན་ཡང་། །ཞེས་པ་ནས། བཟུང་ཞིང་དམ་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མའི་རང་བཞིན་བརྟགས་པ་གང་སྙམ་པ་ལ། བླ་མ་དམ་པ་དེ་ཡི་རང་བཞིན་གྱི་མཚན་ཉིད་ཡང་། ཐུགས་ཡིད་བརྟན་པ་དང་། གཞན་དོན་ལ་སེམས་རབ་ཏུ་དྭངས་པ་དང་། ཁོང་ནས་དུལ་བ་དང་། ཕྱོགས་རིས་ལས་གྲོལ་ཏེ་ཚད་མེད་པར་ཡངས་པས་ལྷག་པའི་ཤེས་རབ་མཆོག་གི་བློ་གྲོས་མངའ་བ་དང་། རྐྱེན་ཐུབ་པ་དང་། བཟོད་པ་དང་ལྡན་པ་དང་། སྒོ་གསུམ་ཀུན་ཏུ་དྲང་བ་དང་། ཅི་ལའང་གསོང་པོར་སྤྱོད་པ་དང་། ལུས་ངག་ཡིད་ལ་གྱ་གྱུ་མེད་པ་དང་། རང་ལ་ཉེ་བར་བསྐྱབས་པའི་སེམས་ཅན་ཉེན་ཅན་ཐམས་ཅད་ལ། ཅིའི་ཐབས་ཀྱིས་ཀྱང་མི་འཇིགས་པའི་སྒོ་སྣ་ཚོགས་སྦྱིན་པ་དང་། བུའི་སྒྲིབ་པ་འཇོམས་པའི་དཔའ་བོ་རང་བཞིན་དང་སྦྱངས་པའི་རྩལ་གྱིས་མཐུར་ལྡན་པ་དང་། བདག་གཞན་གྱི་དོན་སྒྲུབ་པ་ལ་བརྩོན་འགྲུས་ངེས་པར་ཆེ་བ་དང་། མཁྱེན་རབ་གསལ་བས་ཆོས་དང་གདམས་གང་གི་ཤེས་བྱའི་ཡུལ་ནི་ཐམས་ཅད་ལ་རིག་པ་ཕྱོགས་མེད་དུ་ཤར་ཏེ་སློབ་མས་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བས་མཁྱེན་པ་རྒྱ་ཆེ་བ་དང་། སྲིད་པ་གསུམ་གྱིས་རང་གི་མོས་པས་ཞུས་ཀྱང་དགོངས་པ་ཀློང་ནས་རྡོལ་བས་ཟད་མི་ཤེས་པ་མངའ་བ་དང་། ཇི་ལྟར་བརྟགས་ཤིང་ཡོན་ཏན་ཕྱི་ཕྱིར་འབྱུང་བས་སློབ་མས་མི་དཔོགས་པའམ་ཟད་པ་མེད་པ་དང་། དོན་དང་མཐུན་པར་བདེན་པར་སྨྲ་ཞིང་ཚིག་རྗེས་ཚིག་གིས་གསོབ་སྟེ་མི་འགྱུར་བ་དང་། ཇི་སྐད་སྨྲས་པ་དེ་བཞིན་ཚིག་དང་མཐུན་པར་དོན་མཆོག་སྒྲུབས་པར་བྱེད་པ་དང་། མཉམ་ཉིད་ཀློང་དུ་གྱུར་ཅིང་ཐུགས་བཟང་བས། ལེགས་པ་དང་ཉེས་པའི་ལས་རྣམས་ལ་དགའ་བ་དང་མི་དགའ་བའི་རྟོག་འཛིན་མེད་པ་དང་། གཞན་གྱིས་བསྙེན་དཀའ་བས་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ལྟར་གཟི་མདངས་ལྡན་ཞིང་བརྗིད་ཆེ་བ་དང་། ལྟ་དགོངས་ལྡན་པས་མཚན་མའི་ཡུལ་གྱི་བླ་མ་གཞན་གྱི་ཆོས་ལ་མི་འཇུག་པ་དང་། འཁོར་བར་གཏོགས་པའི་འདུ་འཛི་དང་དམན་པའི་ལས་རྣམས་སྤངས་པ་དང་། འཇིག་རྟེན་གྱི་བྱ་བས་འཕྱོ་བ་དང་གཡེང་བའི་འདུ་ལོང་བྲལ་བ་དང་། གནས་གང་ན་རྟག་ཅིང་བརྟན་པར་བཞུགས་པ་དང་། སེང་གེའི་སྤུ་ལྟར་གཅིག་པུར་གནས་ཏེ་གཡེང་བ་དང་འབྲེལ་བ་མེད་པ་དང་། དགོན་པའི་རྒྱུད་གང་དང་དབེན་པར་བྱང་ཆུབ་ཀྱི་ལམ་མཆོག་བསྟེན་པས་རྣམ་པར་གཡེང་བ་དང་བྲལ་བ་སྟེ། དངོས་ཉི་ཤུ་ལྔ་དང་ལྡན་ན་དམ་པའི་མཆོག་གོ། །དེས་ན་ཡོན་ཏན་ཉེར་ལྔ་པོ་འདི་དག་དང་གང་ལྡན་པ་དེ་ནི་དམ་པའི་བླ་མར་བསྟེན་འོས་པ་ཡིན་པས་བཤེས་གཉེན་དམ་པ་ཉིད་དུ་ཞུས་ནས་དུས་ཐམས་ཅད་དུ་བཀུར་བར་བྱེད་པའི་གནས་སོ། །འོ་ན་དེ་ལྟ་བུ་མ་རྙེད་ན་གང་ལ་བསྟེན་སྙམ་པ་ལ། གལ་ཏེ་གང་གིས་མཚན་ཉིད་ཀྱི་རང་བཞིན་དེ་དག་དང་རྫོགས་པར་མི་ལྡན་ན་ཡང་། ལྟ་བ་དང་དམ་ཚིག་དང་སྤྱོད་པ་གསུམ་གྱི་དམ་པའི་མཛོད་གསུམ་འཆང་བ་དང་། ཤེས་རབ་དང་ཕན་སེམས་ཀྱིས་སློབ་བུའི་རྒྱུད་གྲོལ་བར་བྱེད་པའི་གཉེར་དང་ལྡན་ན། བླ་མ་དམ་པར་གཟུང་ཞིང་བསྙེན་བཀུར་གྱི་གནས་དམ་པར་བྱས་ཏེ་དགོངས་སྤྱོད་ལ་བསླབ་པར་བྱའོ། །གཉིས་པ་ལ་བདུན་ཏེ། བླ་མ་བཟང་པོ་ལས་གཞན་དུ་མི་ཞུ་བར་དང་དུ་བླང་བ། དམ་པར་ངེས་ན་འཇིག་རྟེན་པའི་སྐྱོན་ལ་སྐྱོན་དུ་མི་ལྟ་བ། བཟོད་པར་དཀའ་བ་ཐམས་ཅད་བཟོད་པར་བྱ་བ། སྒྱུ་མའང་ཡུན་ཐུང་བར་བསམ་སྟེ་བཟོད་པར་བྱ་བ། ཆོས་ཀྱི་དོན་ལ་བསམ་སྟེ་བཟོད་པར་བྱ་བ། ཡུན་གྱི་དོན་སྲིད་ལ་བསམ་སྟེ་བཟོད་པར་བྱ་བ། མགོན་སྐྱབས་དམ་པར་དམིགས་ཏེ་བསྙེན་བཀུར་བྱ་བའོ། །དང་པོ་ནི། སྔར་གྱི་འཕྲོར། བརྟགས་པས་བསྔོ་བ། ཞེས་པ་ནས། ཡུལ་ལ་འགྲོ་མི་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ལེགས་པར་བརྟགས་པས་ཡོན་ཏན་གྱི་མཚན་ཉིད་བསྔོ་བགྲང་བྱས་པ་ཀུན་ནམ་དམ་པའི་མཛོད་གསུམ་ཡན་ཆད་རྫོགས་པར་ལྡན་ན་དེ་ཉིད་བདག་གི་བླ་མར་བཟུང་ལ་གཞན་གྱི་ཡུལ་ལ་འགྲོ་བར་མི་བྱ་ཞིང་བླ་མ་གཞན་ལ་ཆོས་ཞུ་བའང་མིན་ཏེ། དེ་ཉིད་བསྟན་པས་དོན་གྲུབ་པར་འགྱུར་རོ། །གཉིས་པ་ནི། དམ་པའི་ཡོ་བྱད། ཅེས་པ་ནས། རྨོངས་ལ་ག་ལ་སྲིད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བུའི་བླ་མ་དེ་ལ། དམ་ཚིག་ཏིང་འཛིན་ཤེས་རབ་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་ལྔ། །ཞེས་པ་ལྟར། དམ་པའི་ཡོ་བྱད་ཆེན་པོ་ལྔ་ཉིད་རྫོགས་པར་ལྡན་ན། འཇིག་རྟེན་དམན་པའི་རྫས་ཀྱི་ཡོ་བྱད་མེད་དེ་དབུལ་ཡང་དེ་ལ་བལྟས་ནས་མི་ཞུ་བ་མིན་ནོ། །ངེས་པར་བླ་མ་དགོངས་པ་དོན་དང་འབྱོར་ནས་གདེང་དུ་འབེབས་པས་ཚིག་ཀྱང་ཆོས་ཉིད་ཀྱི་ངང་དང་མཐུན་པར་དོན་དང་ཚིག་ཀུན་མཆོག་ཏུ་བཟང་བ་ཉིད་ཡིན་ན་ཞལ་ནས་གསུངས་པའི་ཆོས་ལ་རྟོན་གྱི། གང་གི་ངང་ཚུལ་གྱི་བལྟ་ཡུལ་སྐུ་ལུས་ཆུང་ལ་ཞལ་རས་ངན་པར་གྱུར་ཀྱང་དེ་ལ་ལྟ་བ་མིན་ཞིང་། སྒྲོན་མེ་ལྟ་བུའི་མན་ངག་གསལ་བའི་དྲོད་དང་ལྡན་ན། རང་བཞིན་རྒོད་ཅིང་འཚུབ་རླུང་གིས་སྐྱོད་པ་ལྟ་བུའི་འཕྱང་གཡེང་དུ་གྱུར་པ་ལ་ཡང་ལྟ་བ་མིན་ལ། དེ་བཞིན་དུ་འདོད་པ་ཆེ་བ་དང་དོན་གཞན་ལ་མི་སྟོན་པར་འཆབ་པ་དང་། གསུང་ཚིག་འཆལ་བར་སྨྲ་བ་དང་། རིགས་ངན་ལས་སྐྱེས་པའི་གཡུང་པོ་དང་སྡིག་ཅན་གྱི་དམན་རིགས་ཡིན་ཡང་དེ་དག་ལ་ལྟ་བ་མིན་པ་དང་། བླ་མ་དེ་ཉིད་མིའི་ཆོས་ལུགས་མི་ཤེས་ཤིང་བླུན་རྨུགས་རྨོངས་པར་གྱུར་ཀྱང་དེ་ལ་ལྟ་བ་ག་ལ་སྲིད་དེ་ཆོས་ལ་མཁས་པ་དང་མན་ངག་ལ་བལྟས་ཏེ་བརྟེན་པར་བྱ་བ་ཁོ་ནའོ། །གསུམ་པ་ནི། འཇིག་རྟེན་པ་ཡི། ཞེས་པ་ནས། ཐམས་ཅད་བཟོད་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་འཇིག་རྟེན་པ་ཡི་མཚང་སྐྱོན་འདུག་ཀྱང་སྐྱོན་དུ་མི་ལྟ་བ་དེ་བཞིན་དུ། སློབ་དཔོན་དམ་པ་དེ་དག་ཇི་ལྟར་གྱུར་ན་ཡང་། ཐེག་པ་ཆེན་པོ་ཡང་གསང་མཆོག་གི་ས་མཁན་ཡིན་པས་ཐུན་མོང་མིན་པའི་ས་དང་ལམ་གྱི་རིམ་པ་ལ་མཁས་ཤིང་རྟོགས་པའི་གདེང་དང་ལྡན་པར་ངེས་ན། ཇི་ལྟར་དང་དུ་བླངས་ཤིང་བཟོད་པར་བྱ་དཀའ་བ་གང་དང་གང་ཡང་བདག་གི་སྒོ་གསུམ་གྱིས་ཐེག་པར་ཁུར་ཏེ་དུས་ཐམས་ཅད་ནས་གནས་སྐབས་ཐམས་ཅད་དུ་འབྲས་བུ་འདོད་པའི་ཕྱིར་བཟོད་པར་བྱའོ། །བཞི་པ་ནི། དམ་པ་འདི་ནི། ཞེས་པ་ནས། ཙམ་དུ་བཟོད་པར་ཟད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བུའི་བཀའ་སྩལ་མི་ཐེག་པ་རྣམས་ལ་ཇི་ལྟར་བསམ་ཞེ་ན། སློབ་དཔོན་དམ་པ་འདི་ནི་ཐར་པ་ཐོབ་པར་བྱེད་པའི་ས་མཁན་ཉིད་ཡིན་ཏེ། འདི་ནི་བདག་གི་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་མགོན་དམ་པ་ཡིན་པས། ཡུན་ཐུང་བའི་དུས་འདི་ཙམ་དུ་བླ་མའི་བཀའ་བཀྱོན་ལ་སོགས་པ་འཇིག་རྟེན་པ་ཡི་ཐ་སྙད་ཀུན་ནི་ཅིས་ཀྱང་བཟོད་པར་ནུས་ཏེ་ཁྱད་པར་སྤྱིར་བཏང་གི་དབང་དུ་ངེས་པར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ནོ། །ཞེས་བསམ་པར་བྱའོ། །གང་འདིར་བླ་མའི་བཀའ་སྩལ་པ་བདག་གིས་མི་བཟོད་པ་དེ་ལ་བརྟགས་ན། དེ་ཁོ་ན་ཉིད་ཀྱི་སྐབས་སུ་གྱིན་འདའ་འམ་ཡ་མ་བརླ་ཙམ་ཡིན་པས་འདི་དག་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་གང་ལ་འགོག་ཅིང་སྤང་བའང་མ་ཡིན་པར་ཐམས་ཅད་སྟོང་པ་ཉིད་ལ་མི་ཤོང་རྒྱུ་ཡང་མེད་པས། བཀའ་སྩལ་པའི་དུས་འཇིག་རྟེན་སྐད་ཅིག་ཙམ་གྱི་མཐོང་བ་ཚེ་འདི་ལ་སྐལ་བ་ཆེ་བས་དེ་ལྟ་བར་ཚེ་རིང་བ་ཞིག་ན་ཡང་ལོ་གྲངས་འདི་ཚོད་ཙམ་གྱི་བར་དེ་ལྟ་བུ་གཅིག་ལ་གནས་པའི་སྐབས་ཀྱི་ཡུན་དེ་སྲིད་ཙམ་དུ་བཀུར་བའི་ཚེ་འདི་ལ་བཟོད་པར་བྱ་བར་ཟད་ན། དེ་ཕྱིན་ཆད་ངེས་པ་རྙེད་ནས་དུས་ཕྱི་མ་ཕན་ཆད་བཟོད་པར་དཀའ་བའང་མི་འབྱུང་སྟེ། ཚེ་འདིའི་བར་ཙམ་དུ་ཟད་པས་དེ་ལྟ་བུའི་ཡུན་ལ་ཅང་མེད་དོ་ཞེས་བསམ་པར་བྱའོ། །ལྔ་པ་ནི། ཅི་གར་གར་གཅིག །ཞེས་པ་ནས། བརྟགས་ཏེ་དམ་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བས་ན་ཅི་གར་བླ་མ་དང་ལྷན་ཅིག་པའི་དུས་དང་བར་འགའ་གར་གཅིག་མཇལ་བའི་དུས་དང་། བཀའ་ལུང་འབྱུང་བའི་དུས། རང་བཞིན་གྱིས་གནས་གཅིག་ཏུ་འཛོམས་པའི་དུས་ཀྱི་སྐབས་རྣམས་སུ། རེས་འགའ་དགྱེས་ལ་རེས་འགའ་བཀྱོན་པ་དང་། རང་བཞིན་དུ་བསྐུལ་ཞིང་ཞི་བས་གསུངས་པས་ཆོག་པ་ལ་ཡང་། བཀའ་སྩལ་དྲག་པོར་གསུངས་པའི་མཛད་སྤྱོད་ཀྱིས་བདག་སྡུག་བསྔལ་བ་ཉིད་དུ་མཛད་ཀྱང་ཐུགས་ལོག་པར་སྣང་བ་གྱིན་འདའ་དང་གསུང་བཀའ་སྩལ་དྲག་པོ་གྱིན་འདའ་ཕྲ་མོ་ཡ་མ་བརླ་འདི་ནི་སྒྱུ་མ་ལྟ་བུ་ཡིན་པས་ཆོས་ཉིད་དམ་པའི་དོན་དུ་མི་སྦྱོར་རམ་སྙམ་དུ་བསམ་ཞིང་བླ་མས་བཀའ་སྩལ་ཉེས་པ་ཅི་གསུངས་ཀྱང་། དེ་དག་ལ་བློས་ལེགས་པར་བརྟགས་ཏེ་མི་དགའ་བའི་བསམ་པ་མེད་པར་བྱས་ལ་ངས་ཆོས་ཀྱི་དོན་དུ་ལེགས་པར་མི་བསམ་པའི་ལུགས་ཇི་ཡོད་སྙམ་ནས་བཟོད་པ་དམ་པར་བྱ་སྟེ་ཡང་དག་པར་དམིགས་ལ་ལྷག་པར་བལྟ་བའོ། །དྲུག་པ་ནི། ཡུན་གྱི་དོན་སྲིད། ཅེས་པ་ནས། བྱ་བ་ག་ལ་སྲིད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། མན་ངག་གི་ཐབས་ལ་བརྟེན་ནས་བདག་གི་ཡུན་གྱི་དོན་སྲིད་ཆེན་པོ་ནམ་ཞིག་ཚེ་རབས་གཏན་གྱི་འདུན་མ་བྱང་ཆུབ་ཀྱི་སྙིང་པོ་བླ་མས་སྟེར་བ་ལ་དམིགས་ནས། བསམ་པས་གུས་པ་དང་བཀུར་སྟི་བྱེད་པའི་བློ་གྲོས་ཆེར་བསྐྱེད་དེ་རྒྱུད་སྦྱངས་པ་ལ་འབད་དོ། །ཆོས་ཟབ་མོའམ་ཐར་པ་གཏན་གྱི་འབྲས་བུ་བདེ་མཆོག་བདེ་བའི་གོ་འཕང་དམ་པ་མཆོག་ཏུ་གྱུར་པ་འབྱུང་བ་འདི་དང་། དུས་སྐད་ཅིག་ཙམ་གྱི་ཐ་སྙད་བླ་མས་བཀའ་སྩལ་ཉེས་པའི་མི་དགའ་བ་གཉིས་བཏང་སྙོམས་སུ་མཉམ་པོར་བྱས་ལ་མི་བཟོད་པར་སྙོམས་ལས་བྱ་བ་ལུགས་མེད་པའི་ཕྱིར་ག་ལ་སྲིད་དེ་མི་སྲིད་པས་གོ་འཕང་མཆོག་ཏུ་བལྟས་ལ་བཟོད་པར་བྱ་དགོས་སོ། །བདུན་པ་ནི། གང་འདིར་མགོན་མེད། ཅེས་པ་ནས། ཤིན་ཏུ་བསྟེན་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་མཚན་ཉིད་དང་ལྡན་པ་ཉིད་བདག་གི་སྐྱབས་དམ་པ་ཡིན་པའི་ཕྱིར་བཀུར་བའང་། གང་འདིར་འཁོར་བར་ལྟུང་ཞིང་བརྒྱུད་ནས་མགོན་སྐྱབས་མེད་པར་བདག་འཁྱམས་ཏེ་གནས་པ་ན། གང་སྲིད་པ་གསུམ་པོ་དག་གི་ས་ཕྱོགས་ཉམ་ང་བ་ངན་སོང་གསུམ་ལ་སོགས་པའི་གཡང་ས་ཅན་འདི་དག་ན་ནི། འཁོར་བ་འདི་ལས་ཐར་བར་བྱེད་པའི་ཐབས་དམ་པ་སྟོན་པའི་སྒོ་ནས་བདག་ལ་ཕན་བསོད་བྱེད་པའི་རིགས་རྒྱུད་ཅན་སུ་ཞིག་གང་ན་ཡོད་དེ་མེད་དོ། །དེ་བས་ན་བླ་མ་རྡོ་རྗེ་སློབ་དཔོན་དམ་པ་ཉིད་མ་གཏོགས་པར་ཕན་འདོགས་ཁྱད་པར་ཅན་གྱི་མགོན་སྐྱབས་གཞན་ནི་གཅིག་འགའ་ཡང་མེད་དོ། །ད་ལྟར་གྱི་མཐོང་བའི་ཚེ་འདི་ལ་ཕན་འདོགས་པའི་ཕ་མ་དང་གཉེན་ཚན་ལ་སོགས་པ་སྡུག་བསྔལ་གྱི་གྲོགས་བྱེད་པའི་མགོན་མང་ཞིང་། སྡུག་བསྔལ་སྐྱོབ་པར་ཁས་འཆེས་པས་གང་ཟག་ལྟ་སྤྱོད་དམན་པར་གྱུར་པ་དག་དང་དམ་ཚིག་གི་འབྲེལ་པ་ཡི་སློབ་དཔོན་མང་པོ་གང་ཇི་ལྟར་ཡོད་ཀྱང་། དེ་དག་གི་ཐར་བར་མི་ནུས་པའི་ཚུལ་ནི། དམན་པའི་བླ་མས་སླར་བདག་གི་ལྟ་བ་ཕྱིན་ཅི་ལོག་པར་བསྒྲུབ་པའི་བློ་གྲོས་མཁན་དུ་བྱས་ནས་བླ་མ་ངན་པ་དེ་ཉིད་ཀྱི་སྣ་དྲངས་ཏེ་འཁོར་བའི་གཡང་སར་འཕྱོང་བའི་སྔ་འགྲོས་མཁན་དུ་གྱུར་པ་ཡིན་པས། བྱང་ཆུབ་ཀྱི་དོན་བཟང་པོ་ཐོབ་པ་ནི་སླར་ལ་ཡང་འགོག་པར་བྱེད་པ་ཡིན་ནོ་སྙམ་དུ་བསམ་དགོས་ཏེ། འདི་ལྟར་བླ་མ་འདི་ལ་བརྟེན་པས་བྱང་ཆུབ་ཐོབ་པ་ཡོད་པ་མིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བཤེས་གཉེན་ངན་པ་འཁོར་བ་ལས་སྐྱོབ་པའི་ནུས་པ་མེད་པའི་སྤྱན་སྔར་ཕྱིན་ནས་དེ་ལ་ལམ་ལྟོས་ཏེ་ཅི་ལྟར་ཐར་པའི་སླད་དུ་དད་པར་བྱས་ན། ཐར་པའི་འབྲས་བུ་མི་འབྱུང་བར་མཁན་སློབ་ཏུ་འབྲེལ་བ་ཀུན་ཀྱང་དམན་པའི་རིགས་ཅན་གྲོང་ཁྱེར་གསུམ་གྱི་ཡང་ཐ་མའི་ཐ་མར་འཁྱམས་ཤིང་འགྲོ་བས་དེ་ནི་འགྲོ་བ་ཀུན་ལ་བྱམས་པ་ཆེན་པོ་ཡོད་པའི་ཤེས་རབ་ཅན་གྱིས་དམ་པའི་བློའི་ཞེས་བློ་གྲོས་ཀྱི་ཡུལ་དུ་དམིགས་ཏེ་བླ་མ ར་བསྟེན་པར་ག་ལ་རུང་སྟེ་མི་རིགས་སོ། །དེ་བས་ན་གང་འདིར་འཁོར་བའི་མུན་པར་འཁྱམས་པ་ལ་བདེ་མཆོག་སྣང་བ་རྣམ་པར་དག་པས་ཐར་པའི་ལམ་སྟོན་པ་ཉིད་ཀྱི་བླ་མར་གྱུར་ན་སྐྱབས་ཆེན་དམ་པ་ཉིད་ནི་གང་དེ་ཉིད་ཁོ་ན་ལགས་པས། གཞན་གྱིས་བསྐྱབ་པར་ནུས་པ་མ་ཡིན་ནོ། །དེས་ན་བླ་མ་དམ་པ་ལྟ་སྤྱོད་ཡང་དག་པ་ལ་མཁས་པ་གང་དག་ལ། སློབ་བུ་མཁས་པ་རྣམས་ཀྱིས་ངེས་པར་བསྙེན་ཏེ་གུས་པས་ཤིན་ཏུ་བསྟེན་པར་བྱའོ། །གསུམ་པ་ནི། གང་འདིར་སྣང་བའི། ཞེས་པ་ནས། དེ་ལ་ལྟོས་དགོས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དུས་གང་འདིར་དེ་ལྟ་བུའི་དམ་པའི་བླ་མ་དེ་ཡིས་མཉེས་པར་སྣང་བའི་ཚུལ་གྱིས་མན་ངག་གནང་བའི་ལྟས་ཀྱི་ཚུལ་བྱུང་ན། བླ་མར་ལ་གོར་བརྩམ་ལ་དམ་པ་ཉིད་དུ་འདུན་པར་ཞུ་བ་དབུལ་ཏེ་གུས་པས་གསོལ་བ་འདེབས་སོ། །དེས་བདག་གི་བླ་མ་དམ་པར་མཛད་ནས་གདམས་ངག་གནང་བ་རྣམས་ཐོབ་སྟེ་བླ་མར་གྱུར་ཕན་ཆད། དམ་པ་དེ་ཡི་ཐུགས་དམ་ལས་འགལ་བར་གྱུར་པའི་ལས་ཐ་ན་ཕྲ་མོ་རྡུལ་གྱི་ཆ་ཙམ་ཡང་མི་བྱའོ། །དམ་པ་དེའི་བཀའ་ལུང་གི་རྒྱ་གང་ཡང་མི་བཅག་ཅིང་། གསུང་གི་སྒྲོས་སམ་བཀའི་ཆོས་ལུགས་མི་དོར་བ་དང་། དང་པོར་ཞུགས་ཏེ་འདུན་པ་སེམས་པ་ནས་བཟུང་སྟེ་མཐར་ལས་སུ་རུང་བས་རྩལ་ཆེན་རྫོགས་པའི་ཏིང་ངེ་འཛིན་མངོན་དུ་གྱུར་གྱི་བར་དུ་བླ་མ་དམ་པ་དེ་ལ་བརྟེན་ཞིང་ལྟོས་དགོས་སོ། །ཞེས་ཐ་ཚིག་ངེས་པ་ལྟ་བུའོ། །གསུམ་པ་ནི། གང་འདིར་ངོས་གང་། ཞེས་པ་ནས། དགོན་པ་ཉིད་དུ་ལྟུང་། །ཞེས་པའི་བར་གྱིས་བསྟན་ཏེ། ཐེག་པ་ཆེན་པོའི་སྒོ་གང་འདིར་བླ་མའི་དོན་གྱི་ཁྱད་པར་ངོ་བོའི་མཚན་ཉིད་གང་ཡིན་པ་ངོས་མ་ཟིན་ཏེ་བཟང་ངན་གྱི་སྐྱོན་ཡོན་མ་ཤེས་པས། ཞིབ་ཏུ་བརྟགས་པ་མེད་པར་བཏང་སྙོམས་ཀྱི་འོལ་རྟོག་ཙམ་དུ་གསང་སྔགས་ཀྱི་སྤྱོད་ཡུལ་ཙམ་ལ་ལྟོས་ནས་སློབ་དཔོན་གྱི་ཚུལ་བཟུང་བ་ལ་བརྟེན་པས་གུས་འདུན་བྱས་ཀྱང་། བླ་མ་རང་ཉིད་ཀྱིས་དོན་མ་རྟོགས་པས་དེ་ལ་གསང་སྔགས་དམ་པའི་དོན་མ་ནོར་བ་མེད་ཅིང་བླ་མ་དེ་ཉིད་སློབ་བུ་གྲོལ་བ་དེ་ཡི་ཡོན་ཏན་གྱི་རྐྱེན་དེ་དག་གང་དང་ཡང་མི་ལྡན་པས་སློབ་བུས་གསང་སྔགས་ཀྱི་བསླབ་པའི་ཡུལ་རྣམས་ལ་སྔར་མཁས་པར་སྦྱང་ཀྱང་སླར་བཟླས་ཏེ་བསྐྱར་དགོས་པ་དང་། དེར་མ་ཟད་ཐེ་ཚོམ་ཟོས་ཏེ་ཡིད་གཉིས་ཀྱི་ཆོས་སུ་གྱུར་པས་སླར་སྙོམས་ལས་དང་ལེ་ལོས་ཐེག་པ་ཆེན་པོ་གསང་བ་མཆོག་གི་བསླབ་བྱའི་ཡུལ་ལ་མི་བརྩོན་ཞིང་སློབ་སྙིང་མི་འདོད་དེ་ཕྱལ་བར་བཞག་པའི་སེམས་སྐྱེ་བས་ན། དེ་ལྟ་བུའི་བླ་མ་ལ་ཆོས་ཀྱིས་མ་ཚིམ་པས་མ་གུས་པའི་ལས་བྱེད་པར་འགྱུར་བས། དེའི་རྒྱུ་ལས་ཤེས་པར་བྱ་བའི་ཆོས་ཉིད་ཀྱི་དོན་མི་རྟོགས་པར་མ་རིག་པས་མུན་པའི་ཚོགས་ཀྱིས་སྒྲིབ་པ་ཆེན་པོ་གསོགས་པར་འགྱུར་རོ། །དེ་ཇི་ལྟར་ཞེ་ན། དཔེར་ན་མུན་པ་དང་སྤྲིན་འཁྲིགས་པ་གང་གིས་ནམ་མཁའི་མཐོངས་སྣང་འཐིབས་ཀྱིས་སྒྲིབ་པ་ལྟར་རང་གིས་སེམས་ཉིད་ཀྱི་ནམ་མཁའི་དོན་སྣང་དུ་རེ་ན་སླར་ཡང་འགགས་ཏེ་མི་རྟོག་པའི་སྒྲིབ་པ་འབྱུང་ངོ་། །དེ་ཡང་དཔེར་ན་བྱ་བ་གང་ལ་བྱིས་པ་ཤེད་མ་བྱེ་བ་བཞིན་དུ། དོན་ལ་ཤེད་མ་བྱེ་བའི་རྒྱུ་ལས་རྟོག་པའི་མདུད་པ་དམ་པོར་གྱུར་པའི་རྒྱ་ཡིས་བཅིངས་པ་ཡང་དམན་པ་བླ་མར་བཟུང་བས་མཇུག་ཏུ་བཀའ་ཉམས་པའི་དབང་དུ་སོང་བ་དེ་དག་ལས་འབྱུང་བ་བཤད་པ་ལྟ་བུའོ། །དེ་ལྟ་བུ་ནི་ནམ་དུ་ཡང་ཤེས་པའི་རྒྱུད་གྲོལ་བར་ག་ལ་སྲིད་དེ་མི་སྲིད་པས་སྐྱོན་ཆེན་པོར་འགྱུར་པའོ། །སྐྱོན་གྱི་ངོ་བོ་ཇི་ལྟ་བུ་ཞེ་ན། དམ་ཚིག་ལྟ་ཏིང་བྱང་སྙིང་རྗེ། །ཞེས་པ་ལྟར། བླ་མ་གང་དམ་པའི་ཡོ་བྱད་ལྔ་ཡིས་དབུལ་བར་གྱུར་ན། བླ་མ་ཆོས་ཀྱིས་འཕོངས་པ་དེ་ཡིས་སློབ་བུ་གཞན་བསྒྲལ་ན་ཡང་། དམ་པའི་རྒྱུན་ཆད་ཅིང་དོན་དང་མི་ལྡན་པས་སློབ་བུ་དེ་ཡང་ཆོས་ཀྱིས་དབུལ་བོ་ཉིད་དུ་འགྱུར་ཏེ། ཡང་དག་པའི་འཚོ་བ་དམ་པ་དང་བྲལ་བས། གསང་བའི་ཆོས་ཀྱི་ལོངས་སྤྱོད་ཆེན་པོས་འཕོངས་པ་ཡི་མུ་གེའི་དགོན་པ་ཉིད་དུ་རྣམ་པར་ལྟུང་སྟེ་འཁྱམས་པར་འགྱུར་རོ། །བཞི་པ་ལ་ལྔ་སྟེ། བླ་མའི་བཀའ་མི་བཅག་པ། ཆོས་སྲུང་མ་བསྲུངས་ཀྱི་སྐྱོན་ཡོན། བླ་མ་བཀུར་བའི་ལོ་རྒྱུས། ཁུར་བའི་ཡོན་ཏན། བཀུར་ཐབས་རྒྱས་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། བཀའ་མི་བཅག་ཅིང་ལུགས་མི་འདོར་བ། བཀའ་བཅག་པའི་སྐྱོན་བསྟན་པ། དེས་ན་བཀའི་ཟུར་ཡང་མི་བཅག་པའོ། །དང་པོ་ནི། དེ་ལྟའི་གང་ཟག །ཅེས་པ་ནས། ལུགས་བོར་ག་ལ་སྲིད། །ཅེས་པའི་བར་གྱིས་བསྟན་ཏེ། འོན་ཏེ་ངན་པ་བསྟེན་ཡང་བླ་མར་མི་བྱེད་དོ་ཞེ་ན། དེ་ལའང་དམ་ཚིག་བསྲུང་ཞིང་བཀུར་བར་བྱ་བའི་ཕྱིར། དེ་ལྟའི་གང་ཟག་དམན་པ་དེ་ཡང་ཐོག་མར་བརྟགས་ལ་སྤང་གི། བླ་མ་དམ་པར་བཟུང་བར་བྱས་ནས་བསྟེན་པར་གྱུར་ཕན་ཆད། བླ་མ་དེ་ཉིད་མཁས་པ་དམ་པར་ངེས་པ་དང་མ་ངེས་པའམ། དོན་དང་ལྡན་ནམ་མི་ལྡན་པ་དང་། བཟང་བའམ། ངན་པ་དང་། བདེན་ནམ་རྫུན་ཀྱང་རུང་སྟེ། བཀའ་བཅག་པ་དང་ལུགས་བོར་བ་ག་ལ་སྲིད་དེ་མི་སྲིད་པས་བླ་མ་དམ་པ་ལ་བྱ་བ་ཁོ་ན་བཞིན་བྱའོ། །གཉིས་པ་ནི། གལ་ཏེ་དེ་ཡི། ཞེས་པ་ནས། ལས་ལ་དུས་མི་འདོར། །ཞེས་པའི་བར་གྱིས་བསྟན་ཏེ། གལ་ཏེེ་དམན་པའི་བླ་མ་ལ་མ་བཀུར་ཏེ་ཚུལ་བཞིན་མ་བྱས་པའི་སྐྱོན་ནི་དམན་པའི་བླ་མ་དེ་ཡི་ཡང་བཀའི་རྒྱ་བཅག་ཅིང་། དམ་ཉམས་པའི་དབང་དུ་གྱུར་ན། རྣམ་སྨིན་དབལ་ཚ་བས་དམྱལ་བ་རྡོ་རྗེར་དེ་ཉིད་འགྲོ་སྟེ་མི་བཟད་པའི་སྡུག་བསྔལ་དྲག་པོ་མྱོང་བར་འགྱུར་རོ། །དམྱལ་བའི་བསྲུང་མ་ལྕགས་ཀྱི་ཁྱི་ནི་ལུ་འདི་ཞེས་སུ་ཀུན་ལ་གྲགས་པ་སེང་གེའི་གཟུགས་དང་འདྲ་བ་མཆེ་བ་གཟེངས་རིངས་ཤིང་དབལ་རྣོ་བས་དབད་ཅིང་མཚོན་ཆའི་ལམ་དུ་བདས་ནས་སྤུ་གྲི་རྣོ་དབལ་ལྡན་པའི་སོ་ཡི་རལ་གྲིའི་ལོ་མ་ཅན་གྱི་ནགས་ཚལ་གང་གི་ནང་དུ་ག་ཆད་པར་བརྒྱུགས་ཀྱང་མགོན་སྐྱབས་གང་ཡང་མེད་ཅིང་། ཁྲོ་ཆུ་ཁོལ་མ་དང་ཐལ་སྐྱོ་ཡི་ཆུ་བོ་རབ་མེད་ཀྱི་ནང་དུ་འབྱིང་ཞིང་། རྩེ་གསུམ་དང་མདུང་དང་མདའ་བོ་ཆེ་དང་། ཁབ་འདྲ་བའི་དབལ་རྣོ་ཞིང་གཟེངས་རིང་བ་དང་། ཆུ་གྲི་དང་རལ་གྲི་རྣོ་དབལ་ཅན་གྱིས་གང་བའི་མུན་པའི་དོང་གི་འོབས་མེ་འབར་བ་ཅན་གྱི་ནང་དུ་ལྷུང་བར་འགྱུར་ལ། དེ་ལྟར་སྡུག་བསྔལ་བརྒྱུད་པ་དེ་དག་ལས་ཐར་པའི་སྐབས་ནི་ནམ་ཡང་མི་སྲིད་དོ། །སློབ་མར་གྱུར་ནས་ངན་པའི་སེམས་དང་ལྡན་པས་སམ་གལ་ཏེ་སློབ་མར་བྱས་པའི་རྟིང་ལ་བླ་མ་ངན་པ་སེམས་ཅན་དུ་གྱུར་བར་མཐོང་ནས་དམ་པ་དེ་ལ་ཉེས་པ་གཏིང་ནས་བྱེད་པ་གང་ཡིན་པ་དེ་ཉིད་སངས་རྒྱས་ཀུན་ལ་ཉེས་པར་བྱས་པ་ཡིན་པས་དེ་དག་རྟག་ཏུ་སྤྱིའུ་ཚུགས་སུ་དམྱལ་བར་འགྲོའོ། །སངས་རྒྱས་དམ་པ་ཀུན་དང་མཉམ་པར་སྦྱོར་བའི་བླ་མ་དམ་པ་ཉིད་ཀྱི་དམ་ཚིག་ལས་གང་ཞིག་འདས་པ་དེ་ནི། རྣལ་འབྱོར་དམ་པ་རྡོ་རྗེ་གནོད་སྦྱིན་ཞེས་བྱ་བ་ཐོག་མར་དམ་དབོག་པའི་དཔང་པོར་གྱུར་པ་དེ་ཉིད་ཐམས་ཅད་དུ་འཁྲུགས་ནས་ཉམས་པ་དེའི་ཁྲག་ཆེན་འཐུང་བས་ཆད་པ་གཅོད་པ་དང་། དམ་ཚིག་དབོག་པའི་དུས་སུ་གནས་གསུམ་དུ་དམ་པའི་ཡི་གེ་འབྲུ་གསུམ་བཀོད་དེ་སྙིང་ལ་བཞག་པ་ཉིད་གཉེན་པོར་གྱུར་ཏེ་དབུགས་ཆེན་གྱི་ནང་དུ་ཤར་ནས་ཀྱང་ཐུགས་ཀའི་ཧཱུྃ་ཉིད་ལྕགས་ཀྱི་སྡིག་པ་མགོ་དགུ་པ་ཉིད་དུ་སྣང་བའི་རཀྴ་ཡཀྴར་རམ་རྡོ་རྗེ་སྲིན་པོ་དང་རྡོ་རྗེ་གནོད་སྦྱིན་དུ་གྱུར་པ་དེས་བསད་ནས་དམྱལ་བ་ཆེན་པོར་བརྒྱུད་པར་འགྱུར་ཞིང་། ཚེ་འདིར་ཡང་གདོན་དང་རིམས་ཀྱིས་རྣམ་པར་འཚེ་བ་དང་། གཞན་གྱིས་ནོར་འཕྲོག་པ་དང་། བགེགས་དང་སྡིག་པའི་དུག་དབལ་རྣམས་ཀྱིས། ཉམས་པ་དེ་ལ་ཀུན་ནས་འཚེ་བར་བྱེད་དོ། །དེ་ལྟར་སྡིག་ཅན་དུ་གྱུར་པ་ཡིན་ཏེ་རྟག་ཏུ་སྲིད་པ་དང་ངན་འགྲོའི་ཁམས་སུ་འཆི་བར་འགྱུར་རོ། །དེ་ཡང་ཚེ་འདི་ལ་སྨིན་པ་དང་། ཕྱི་མ་ལ་འབྱུང་བ་གཉིས་སུ་སྦྱར་རོ། །ཚེ་འདིར་ཡང་རྒྱལ་པོའི་ཆད་པ་དང་། ལ་སོགས་པ་ཞེས་པས། མུ་གེ་དང་། མེས་འཇིགས་པ་དང་། ཆུས་འཇིགས་པ་དང་། དུག་དང་། མཚོན་དང་། ཕ་རོལ་གྱི་དམག་ཚོགས་དང་ལྕེ་འབབས་པས་འཇིགས་པ་ཆེན་པོ་བརྒྱད་རྣམས་ཀྱང་ཉམས་པ་དེ་ལ་འབྱུང་ངོ་། །དེ་བཞིན་དུ་ཤོ་གམས་གཅན་ཆེན་ལ་སོགས་པ་རྣམས་སུ་སྲོག་ལ་གནོད་པ་སྦྱིན་པའི་ཚོགས་ཀྱིས་བསད་ནས་མི་བདེར་གྱུར་པའི་གནས་སུ་འགྲོ་སྟེ་འདི་དང་ཕྱི་མ་གཉིས་ཀར་འགྱུར་རོ། །དེ་ལྟར་ཉམས་མི་བདེ་བར་འབྱུང་བ་གཏན་ཚིགས་ཅི་ཡི་ཕྱིར་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྟོ་འཕྱེ་ཆེན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་སྟེ། ལྷ་སྲིན་སྡེ་བརྒྱད་དང་། ཆོས་སྐྱོང་བའི་སྲུང་མ་ལས་བྱེད་དྲག་པོར་གྱུར་པའི་གཏུམ་པོ་དང་གཏུམ་མོར་འཁྲུགས་པའི་དམ་ཅན་ཀུན་ནི་བསྟན་པའི་ཆོས་སྐྱོང་བའི་སྲུང་མ་ལེགས་ཉེས་ཀྱི་ཤན་འབྱེད་ཅིང་ཉམས་པ་ལ་ཆད་པས་གཅོད་པའི་བཀའ་ཡི་ལས་མཁན་ཡིན་པས་བཀའ་ཡི་ལས་བྱེད་པའི་སྐབས་ལ་བབ་ན་དམ་བཅས་པའི་དབང་གིས་དུས་སུ་ཡལ་བར་མི་འདོར་བར་ཆད་པས་གཅོད་པའི་ཕྱིར་རོ། །གསུམ་པ་ནི། དེས་ན་ཆོས་ལ། ཞེས་པ་ནས། བཅག་པར་མི་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེས་ན་སྐྱོན་ཡོན་ཤེས་པའི་མཁས་པ་རྣམ་གྲོལ་གསང་བའི་ཆོས་ལ་སྤྱོད་པ་ཡི་སྒོ་ནས་ཐར་པ་དམ་པར་འཇུག་པའི་རིགས་ཀྱི་བུ་མཆོག་རྣམས་ཀྱིས། ནམ་དུ་ཡང་བླ་མའི་ཞབས་ལ་མི་སྨད་ཅིང་བཀའ་ཡི་ལུང་གི་ཟུར་ཙམ་ཡང་བཅག་པར་མི་བྱའོ་ཞེས་ངེས་པར་བསྲུང་བར་གདམས་པའོ། །གཉིས་པ་ལ་གཉིས་ཏེ། ཆོས་བསྲུང་བའི་ཡོན་ཏན་བསྟན་པ། བསྲུངས་མི་བསྲུངས་ཀྱི་ངོ་བོ་བཤད་པའོ། །དང་པོ་ནི། གང་གིས་རྩེ་གཅིག །ཅེས་པ་ནས། རྟག་ཏུ་སྲུང་བར་བྱེད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་བས་ན་སློབ་མ་མཁས་པ་གང་གིས་བླ་མ་དོན་གྱིས་བཀུར་ཞིང་རྩེ་གཅིག་ཏུ་དམ་པའི་ཆོས་སྲུངས་པར་གྱུར་ན་བསྟན་པའི་ཆོས་ཀྱི་གནས་ལ་སྲུང་བར་མཛད་པའི་ཆོས་སྐྱོང་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལས་ལས་བྱེད་དྲེགས་པ་ཕོ་མོ་གཏུམ་པོ་མཐུ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་ཀྱང་རང་གི་བུ་བཞིན་དུ་རྟག་ཏུ་སྲུང་ཞིང་སྐྱོབ་པར་བྱེད་པ་ཡིན་ཏེ་བསྟན་པ་སྲུངས་པའི་ཡོན་ཏན་དུ་འགྲེལ་ཏོ། །གཉིས་པ་ནི། ཆོས་སྲུང་བ་ཡང་། ཞེས་པ་ནས། ཆོས་ནི་སྲུང་མི་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་ཆོས་སྲུང་བར་བྱེད་པ་ཡི་དམ་པར་གྱུར་པ་དེ་ཡང་གང་ཞེ་ན། ཤེས་བྱའི་ཆོས་རྣམས་ཀུན་ལ་མ་རྨོངས་ཤིང་། བསྲུང་བྱའི་ངོ་བོ་དང་ཐབས་ཀྱི་ཁྱད་པར་ཀུན་ཀྱང་ངེས་པར་ཤེས་པ་གང་ཡིན་པ་དེ་ནི་ཡང་དག་གསང་བའི་ཆོས་སྲུང་བ་ལ་ཤིན་ཏུ་མཁས་ཏེ་བསྟན་པ་འཛིན་པར་འགྱུར་རོ། །གང་ཟག་གང་ཞིག་ཆོས་ཀྱི་སྤང་བླང་གི་གནས་ལ་མི་མཁས་ཤིང་རྨོངས་པའི་ལྟ་བ་རྒྱུད་ལ་བརྟན་པ་ཅན་དུ་གྱུར་པས། བློ་ཐབས་ཀྱིས་བསྒྱུར་བས་སྒོ་ཅིས་བསྟན་ཀྱང་ཡང་དག་པའི་དོན་ལ་མི་འགྱུར་ཏེ་ཐ་མལ་དུ་གནས་པ་དེས་ནི། ནམས་ཀྱང་དམ་ཚིག་གསང་བ་རྣམས་དང་དམ་པའི་ཆོས་ནི་སྲུང་བར་མི་འགྱུར་ཏེ་ཆོས་ལས་ཉམས་པ་ཅན་དུ་ངེས་པར་ལྷུང་བའོ། །གསུམ་པ་ལ་གསུམ་སྟེ། བླ་མའི་ལུང་མི་བཅག་ཅིང་དམ་པར་བྱ་བ། སངས་རྒྱས་བས་ཀྱང་གཉན་པར་བཀུར་བ། བླ་མ་ཉིད་སངས་རྒྱས་དང་རིག་འཛིན་གྱིས་ཁུར་བའི་ཡོན་ཏན་གྱི་ཡུལ་དུ་ཤེས་པར་གདམས་པའོ། །དང་པོ་ནི། གལ་ཏེ་དུས་ནི། ཞེས་པ་ནས། ལུགས་ཀྱང་དམ་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། གལ་ཏེ་དུས་ནི་ཐམས་ཅད་དུ་སློབ་དཔོན་དམ་པ་དེ་དང་སློབ་པ་དེ་གཉིས་གནས་གཅིག་ཏུ་ཡུན་རིང་དུ་འགྲོགས་ན་སྐྱོན་ནི། སྒོ་གསུམ་གྱི་རྒྱུད་ཞན་ཅིང་བཀུར་གནས་ཆུང་བ་དང་། ཞབས་ཏོག་གི་སྐྱོ་བའམ་སྐྱོ་ངས་སྐྱེས་ཏེ་སྙོམས་ལས་བྱེད་པའི་ལེ་ལོ་འབྱུང་བ་ཉིད་ཀྱིས། བླ་མ་དེ་ཡི་ཐུགས་དང་འགལ་ན་ལྟུང་བ་དང་སྒྲིབ་པའི་རྒྱུ་ཡིན་པ་དེས་ན་ཆེད་དུ་ཞབས་འབྲིང་དང་ཆོས་ཞུ་བ་མ་གཏོགས་པར་མི་འགྲོགས་ཏེ་བླ་མ་དམ་པའི་བཀའ་ལུང་མི་གཅག་གོ། །དེ་ཉིད་ཅི་སྟེ་ཞེ་ན། ཚད་མར་ངེས་པས་བླ་མ་དམ་པའི་བཀའ་ལུང་ཅི་གསུངས་པ་ཐམས་ཅད་ནི་ལྡེམ་དགོངས་ཅན་ཡིན་ཏེ་བུའི་ཤེས་རབ་ཀྱི་ཡུལ་དང་འཚམས་པར་སྦྱོར་ནས་གསུངས་པ་ཡིན་པའི་ཕྱིར་རོ། །དེ་ཡང་སྔོན་གྱི་ལོ་རྒྱུས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར། ལྡེམ་དགོངས་སུ་བཀའ་སྩལ་བའི་ཚུལ་དེ་ཡང་ཇི་ལྟ་བུ་ཞེ་ན། ཇི་ལྟར་འཇིག་རྟེན་གྱི་ལོག་སྲེད་ཅན་གྱི་ལྟ་བ་ལ་གནས་པ་དག་གིས། ཐེག་པ་ཆེན་པོ་སྟོན་པའི་མཆོག་དམ་པ་ཞིག་ལ། འདི་སྐད་དུ་སུ་དག་འཇིག་རྟེན་པ་རྣམས་འདྲེན་པའི་དེད་དཔོན་དམ་པར་གྱུར་པ་གང་ལགས་ཞེས་ཞུས་པ། ཀྱེ་མ་ཞེས་བོས་ནས་འཇིག་རྟེན་དགའ་བར་བྱེད་པའི་སྟོན་པ་ཁྱོད་ཀྱིས། འཇིག་རྟེན་པ་ཐམས་ཅད་དགའ་བར་སྟོན་ཤེས་པ་ཉིད་ན། བདག་ལྟར་དགའ་བ་ལ་ཡང་དེ་དང་མཐུན་པའི་དོན་བསྟན་ནས། འབྲས་བུ་གདོན་མི་ཟ་བར་ཐོབ་པ་སྟོན་ཤེས་ན། ཐམས་ཅད་མཁྱེན་པ་ཞེས་ཀྱང་དེ་ལ་བྱའོ། །ཞེས་ཟེར་བ་ལ། སྟོན་པས་ལན་དུ་དེ་ལྟར་ལྡེམ་པོར་དགོངས་པའི་ཚིག་གིས། རང་ཉིད་གང་ལ་མོས་པ་དང་མཐུན་པར་འདྲེན་པའི་ཐབས་གང་བསྟན་པ་ཉིད་ཇི་ལྟ་བུ་སྙམ་པ་ལ། ཞེ་སྡང་ངམ་མ་རིག་པ་ཕ་དང་འདོད་ཆགས་མ་དང་ང་རྒྱལ་ལམ་ཚུལ་ཁྲིམས་དང་སྡོམ་པ་གཟུང་བའི་རྟོགས་པའམ་གཙང་མར་འཛིན་པའི་རྣམ་རྟོག་བྲམ་ཟེ་དང་ཀུན་གཞི་བག་ཆགས་དང་བཅས་པའི་རྒྱལ་པོ་རྣམས། ཕ་མ་གཉིས་བསད་པ་དང་། བྲམ་ཟེ་རླག་པ་དང་། རྒྱལ་པོ་རྣམས་ཡོངས་སུ་བཅོམ་པར་བྱས་ཏེ་མི་དམིགས་པའི་ཤེས་རབ་ཀྱིས་སྦྱངས་ནས། དེ་ལྟ་བུའི་དོན་ལ་སྤྱོད་པ་གང་དག་རྣམས་རྟག་ཏུ་བདེ་བ་དམ་པའི་མཆོག་སངས་རྒྱས་ཀྱི་གོ་འཕང་ཉིད་ཐོབ་པ་ཡིན་ནོ། །ཞེས་ལྡེམ་དགོངས་ཀྱི་ཚིག་དེ་ལྟར་སྟོན་པས་བསྟན་ཅིང་བཀའ་སྩལ་པས། ལོག་སྲེད་ཅན་དེ་ཡིས་དོན་དེ་ལྟར་སྤྱད་པས་མཇུག་ཏུ་ཐར་པའི་གོ་འཕང་གི་བདེ་བ་མཆོག་ཐོབ་ནས་གཏན་དུ་བདེ་བ་དང་ལྡན་པ་ཡིན་ནོ། །དེ་བཞིན་དུ་བླ་མ་དམ་པའི་བཀའ་ཡི་ཚིག་ལྡེམ་དགོངས་སུ་གསུངས་པ་ལའང་། དོན་འདུས་པའི་མདོ་དང་བསྒྲུབ་ན་དགོངས་པའི་དགོས་དོན་གལ་ཆེ་བ་ཡོད་པའི་ཕྱིར། མ་བསྒྲུབ་ནའང་ཉེས་འགལ་ཆེན་པོ་ཡོད་པས་མཚན་ཉིད་བརྟགས་པའི་བླ་མ་སྐྱབས་ཆེན་དམ་པར་བཟུང་བ་དེ་ཡི་བཀའ་ལུང་ཚད་མ་ཡང་དག་པ་ཉིད་སྒྲོ་སྐུར་མེད་པའི་ངེས་དོན་དམ་པར་ཡིད་ཆེས་རྙེད་ན། དེ་ཡི་བསྟན་པའི་བཀའ་ལུང་གི་ཆོས་ཀྱི་ལུགས་ཀྱང་ངེས་པ་དམ་པར་གཟུང་ཞིང་ཉམས་སུ་བླངས་པར་བྱའོ། །གཉིས་པ་ནི། ལང་ཀའི་བདག་པོ། ཞེས་པ་ནས། དམ་པའི་ལུང་དང་འགལ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བླ་མ་བཀུར་བའི་དོན་དེ། ཉིད་ཀྱི་ལོ་རྒྱུས་བརྗོད་པས་ཡིད་ཆེས་པར་བྱ་བའི་ཕྱིར། ལང་ཀའི་བདག་པོ། ཞེས་བོས་ནས་དེ་ཡང་སྔོན་གྱི་དུས་གང་གི་ཚེ་ན་སྟོན་པ་གསང་བ་མཆོག་གི་བདག་པོ་དེས། སྡུད་པ་པོ་ཁོ་བོ་ལ་ནི་འདི་སྐད་ཅེས་བསྒོ་སྟེ། སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །བླ་མ་དམ་པ་ཉིད་སངས་རྒྱས་བས་ཀྱང་ལྷག་པར་བཀུར་བའི་ཁུངས་བསྟན་ཏེ། འདི་ནི་བསྐལ་པ་ཆེན་པོ་འབུམ་གྱི་སངས་རྒྱས་བས་ཀྱང་། སློབ་དཔོན་བཤེས་གཉེན་དམ་པ་ཉིད་གཉན་པའམ་ལྷག་པར་ཤེས་པར་བྱ་སྟེ། ཅི་ཡི་ཕྱིར་ན་འབུམ་ཕྲག་གི་བསྐལ་པའི་སངས་རྒྱས་དེ་རྣམས་ཀྱང་སློབ་དཔོན་དག་ལ་བརྟེན་ནས་འབྱུང་བ་ཁོ་ན་ཡིན་ལ། དེས་ན་སློབ་དཔོན་དག་ལ་མ་བརྟེན་པའི། སངས་རྒྱས་རྣམས་ནི་དུས་ནམས་ཀྱང་མི་འབྱུང་སྟེ། སློབ་དཔོན་མེད་ཀྱང་སངས་རྒྱས་འབྱུང་བ་ནི་ཡང་དག་པར་སྟོན་པ་ངས་ཀྱང་མ་མཐོང་ངོ་། །གལ་ཏེ་བླ་མ་ལ་མ་བརྟེན་པར་སངས་རྒྱས་འབྱུང་བ་ཉིད་ན་བུདྡྷ་རྣམས་སམ་གསང་སྔགས་དམ་པའི་ལུང་ལས་བླ་མའི་མན་ངག་ཐོབ་ནས་འབྲས་བུར་སྦྱོར་བར་གསུངས་པ་དང་འགལ་བས་སོ། །གསུམ་པ་ནི། དོན་དང་ལྡན་པའི། ཞེས་པ་ནས། དམ་པ་ཤེས་པར་གྱིས། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་དམ་པ་ཉིད་རྣལ་འབྱོར་པ་དང་གང་ཟག་གིས་བཀུར་བར་མ་ཟད་ཕྱོགས་བཅུའི་རྒྱལ་བས་ཀུན་འདུན་པས་བཀུར་བར་མཛད་པའི་ཕྱིར་ཕྱི་རབས་རྗེས་སུ་འཇུག་པ་རྣམས་ཀྱང་བཀུར་འོས་པར་བསྟན་ཏེ། མཚན་ཉིད་ཐམས་ཅད་ཚང་ཞིང་གསང་བའི་དབྱིངས་རྟོགས་པའི་དོན་དང་ལྡན་པའི་བླ་མ་དམ་པ་ལ། དུས་གསུམ་གྱི་དུས་ནི་ཐམས་ཅད་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཞིང་ན་བཞུགས་པ་ཡི་བདེར་གཤེགས་རྒྱལ་བ་ཀུན་བྱོན་ནས་ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང་རབ་ཏུ་འདུན་པས་ཕྱག་ཀྱང་མཛད་དོ། །སྤྱིར་ཕྱག་ལ་མང་ཡང་འདིར་མི་ཕྱེད་པའི་ཕྱག་གོ། །དེ་བཞིན་དུ་བྱང་སེམས་རིག་པ་འཛིན་པ་རྣམས་ཀྱིས་ཀྱང་བཀུར་བར་མཛད་དོ། །བྱང་ཆུབ་སེམས་དཔའ་དམ་པ་ལྷ་དབང་པོ་བརྒྱ་བྱིན་དང་མི་ལི་ཙཱ་བི་མ་ལ་སོགས་པ་དག་དང་། དེ་བཞིན་དུ་ཀླུ་འཇོག་པའི་བུ་དང་གནོད་སྦྱིན་ཀུ་བེ་ར་དང་། སྲིན་པོ་ལང་ཀའི་བདག་པོ་དང་ལོག་ལྟ་ཅན་མུ་སྟེགས་དང་བྲམ་ཟེ་ལ་སོགས་པ་དག་གི། རིག་པ་འཛིན་པ་སྔགས་ཀྱི་སྣོད་དུ་གྱུར་པའི་རིགས་ཕལ་མོ་ཆེ་ཀུན་འདུས་ནས། ནམ་མཁའ་ལས་སྤྲུལ་པའི་མེ་ཏོག་ཀུན་ནས་འཐོར་ཞིང་འདི་སྐད་བརྗོད་དེ། བླ་མ་བཤེས་གཉེན་དམ་པ་ཁྱོད། །བདག་ཅག་རྣམས་ཀྱི་ཕ་ལགས་ཏེ། ཡང་དག་པའི་ཆོས་ཀྱི་ནོར་སྦྱིན་པས་སོ། །བླ་མ་བཤེས་གཉེན་དམ་པ་ཁྱོད་བདག་ཅག་རྣམས་ཀྱི་མ་ལགས་ཏེ་ཡང་དག་པའི་འཚོ་བ་སྟེར་ཞིང་སྡུག་བསྔལ་ལས་སྐྱོབ་པས་སོ། །བླ་མ་བཤེས་གཉེན་དམ་པ་ཁྱོད་བདག་ཅག་རྣམས་ཀྱི་མགོན་ལགས་ཏེ་ཡང་དག་པའི་གྲོགས་བྱེད་ཅིང་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བས་སོ། །དེ་བཞིན་དུ་ཡང་དག་པའི་དོན་མི་ཤེས་པས་རྨོངས་པ་རྣམས་ཀྱི་ཤེས་རྒྱུད་གྲོལ་བའི་ཐབས་སྟོན་པས་བློ་གྲོས་མཁན་དུ་གྱུར་པའོ། །འཁོར་བར་ཡང་དག་པའི་ལམ་སྟོར་བ་རྣམས་ཀྱི་ལམ་གྱི་བྱེ་བྲག་འབྱེད་དེ་ཡང་དག་པའི་ལམ་སྟོན་པའི་ས་མཁན་ལགས་སོ། །གཏི་མུག་གི་མུན་ཁུང་དུ་འཁྱམས་པ་རྣམས་ཀྱི་ཡེ་ཤེས་ཀྱི་སྣང་བ་གསལ་བར་བྱེད་པའི་སྒྲོན་མ་ལགས་སོ། །སྡུག་བསྔལ་བའམ་བཀྲེས་སྐོམ་གྱིས་གདུང་བ་སེལ་ཞིང་དགོས་འདོད་སྟེར་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །དེ་ལྟ་བུའི་བླ་མ་དམ་པ། ཐུགས་ལ་སྒྲིབ་པ་ཡེ་ནས་བྲལ་ཞིང་ཕྱོགས་རིས་མེད་པའི་གསུང་གིས་དོན་མཛད་པས་ཉི་མའི་ཞལ་ལ་ཕྱག་འཚལ་ཏེ་འདུད་དོ། །དགོངས་པའི་ཡེ་ཤེས་མཐའ་དང་བྲལ་བས་ནམ་མཁའི་ཐུགས་ལ་ཕྱག་འཚལ་ཞིང་འདུད་དོ། །ཡོན་ཏན་གྱི་ཆ་ཤས་རྫོགས་ཤིང་དྲི་མ་མེད་པས་ཟླ་བའི་སྐུ་ལ་ཕྱག་འཚལ་ཏེ་འདུད་དོ། །འཁོར་བའི་སྐྱོན་གྱིས་མ་གོས་ཤིང་ཇི་ལྟར་སྤྱད་ཀྱང་ཉེས་པས་མི་གོས་པས་པདྨའི་ཞབས་ལ་ཕྱག་འཚལ་ཞིང་འདུད་དོ། །འདི་ལྟར་སེམས་དགའ་བ་དང་ལུས་ཀྱི་གུས་པ་དང་བཅས་པ་ཡིས། ངག་གིས་བསྔགས་པ་དང་ཆབ་གཅིག་པར་ཡིད་རབ་ཏུ་འདུན་པས་ཕྱག་འཚལ་བར་མཛད་དེ་བཀུར་བར་བྱེད་དོ། །དེ་ཡང་ཉི་ཟླ་ལ་སོགས་པ་ནི་དཔེར་སྦྱར་ཏེ། རྒྱུ་མཚན་དེ་དག་གི་ཕྱིར་ན་རྒྱལ་བ་རྫོགས་པའི་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པ་ཆེན་པོ་རྣམས་ཀྱི་དམ་པའི་ཆོས་ཀྱི་མན་ངག་ཀྱང་བླ་མ་དམ་པ་ལས་བྱུང་བ་ལ་བརྟེན་ནས་ལམ་དང་འབྲས་བུའི་ཡོན་ཏན་རྫོགས་པ་ཡིན་པས། དཔེར་ན་མ་ཡིས་བུ་བསྐྱེད་པ་ལྟར་དེ་བཞིན་དུ་སངས་རྒྱས་བྱང་སེམས་རིག་འཛིན་རྣམས་བླ་མ་དམ་པ་བསྟེན་པ་ལས་འབྱུང་བ་ཡིན་པར་ཤེས་པར་གྱིས་ཤིག །བཞི་པ་ལ་གཉིས་ཏེ། ཡོན་ཏན་དངོས་བསྟན་པ། སེམས་བསྐྱེད་པ་ལ་སོགས་པའི་ཡོན་ཏན་བཤད་པའོ། །དང་པོ་ནི། འོག་ནས་ཆོས་ཀུན་མི་ཤེས། ཞེས་པ་ནས། མི་སྟོར་འཕེལ་སྨིན་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཀུན་མི་ཤེས་པས་བློ་དམན་ཞིང་རྟོགས་པ་ཆུང་བའི་བླ་མ་དམན་པ་ཡང་བཀུར་བའི་ཡོན་ཏན་ནམ། ཡང་ན་སློབ་བུས་ཆོས་ཀུན་མི་ཤེས་ཤིང་དོན་ཇི་བཞིན་དུ་མ་རྟོགས་ཀྱང་བསོད་ནམས་ཀྱི་ཞིང་དུ་ངེས་པས་དམ་པར་གྱུར་པའི་བླ་མ་ལ་བཀུར་གནས་སུ་མཆོད་དེ་རིམ་གྲོ་ཆེར་བྱས་པས་བདག་ཉིད་འཁོར་བའི་རྒྱ་མཚོ་ལས་རྒལ་ཏེ་དོན་ལ་སྦྱོར་བར་འགྱུར་རོ། །དེ་གཏན་ཚིགས་ཅི་ཡི་ཕྱིར་ཞེ་ན། དཔེར་ན་ཞིང་ས་རབ་ཏུ་གཤིན་པ་ལ་ས་བོན་བཏབ་ན་དེ་ཉིད་གོང་ནས་གོང་དུ་རྒྱས་པ་དང་མང་དུ་འཕེལ་བར་འགྱུར་བ་བཞིན་དུ། བསོད་ནམས་དམ་པའི་ཞིང་ས་རབ་ཏུ་གྱུར་པའི་བླ་མ་རྣམས་ལ་བསྙེན་བཀུར་རྒྱས་པར་བྱས་ན་ལྟ་ཡང་ཅི་སྨོས་ཐ་ན་དགེ་བའི་བྱ་བ་ཕྲ་མོ་ཏིལ་འབྲུ་ཙམ་དུ་བསགས་ན་ཡང་འབྲས་བུ་མི་སྟོར་བར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ཏེ་མཐར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་ཡོངས་སུ་སྨིན་པར་འགྱུར་རོ། །གཉིས་པ་ནི། འཁོར་བའི་མཐའ་ལས། ཞེས་པ་ནས། གསུངས་ནས་ཅང་མི་གསུང་། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་དེས་འཁོར་བའི་སྡུག་བསྔལ་གྱི་མཐའ་ལས་སྐྱོབ་པར་ངེས་པའི་ཚད་དང་ལྡན་པ་ཡི་འདྲེན་པའི་བཤེས་གཉེན་དམ་པ་ལ་མཚན་ཉིད་ཁྱད་པར་ཅན་གྱི་ཆོས་བཞི་ཡོད་དེ། མན་ངག་ཁུངས་ནས་ཁོངས་སུ་བརྒྱུད་པའི་བཀའ་ལུང་བར་མ་ཆད་པར་ཐོབ་པ་དང་ལྡན་པ་དང་། ལུང་གི་དོན་ལ་མཁས་ཤིང་ལུང་བཞིན་མི་འགལ་བར་སྟོན་པ་དང་། དབང་རྣམས་རིམ་པར་རྫོགས་ཤིང་དགོངས་པ་ཀློང་དུ་གྱུར་པ་དང་། ཤེས་རབ་མཆོག་གི་བློ་གྲོས་ཀྱིས་རྒྱུད་ངེས་པར་གྲོལ་བའི་དགོངས་པ་ཚད་དུ་ཕྱིན་པ་དང་ལྡན་པ་བཞིའོ། །བླ་མ་དམ་པ་ཚད་དེ་ལྟ་བུ་དང་ལྡན་པ་བསྟེན་པ་དེ་ལས་སློབ་བུའི་སྒྲིབ་པ་འཇོམས་པའི་གཉེན་པོ་བཞི་རིམ་པར་འབྱུང་ཞིང་སྐྱེ་སྟེ། ཐོག་མར་ཐེག་པ་ཆེན་པོ་གསང་སྔགས་བླ་ན་མེད་པ་ལ་སེམས་བསྐྱེད་པའི་སྟོབས་དང་། དེ་ལྟར་སེམས་བསྐྱེད་པས་སྔར་སྡིག་པའི་ལས་བྱས་པ་དང་། ཐེག་པ་ཆེན་པོ་ལ་མ་ཞུགས་པ་ལའང་འགྱོད་པའི་སྟོབས་དང་། དེ་ནས་ཐེག་པ་ཆེན་པོའི་བསླབ་པའི་མཐའ་བཅུ་ལ་འབད་རྩོལ་བྱེད་པའི་ལས་ཀྱི་སྟོབས་དང་། འཇུག་ཏུ་དམིགས་པ་མེད་པའི་ལྟ་བས་མཉམ་པ་ཆེན་པོ་ཇི་ལྟ་བར་རྟོགས་པའི་སྟོབས་ཀྱི་མཐུས་ལོག་ལྟ་དང་སྒྲིབ་པའི་ཕུང་པོ་གསུམ་པོ་དག་གི་སྟོབས་རྣམས་འཇོམས་པར་བྱེད་དོ། །དེ་ལྟར་ཡོད་ཏན་གྱི་སྡེབས་བཞིའི་ནུས་པས་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་ལས་རབ་ཏུ་རྒལ་བར་འགྱུར་ཞིང་རྒྱུད་སྡེའི་དོན་ཀུན་ལ་མཁས་པས་ཤེས་པའི་རྒྱུད་ཡོངས་སུ་གྲོལ་བར་འགྱུར་ཏེ། གསང་ཆེན་དམ་པའི་ཆོས་ཀྱི་དབང་ཕྱུག་དམ་པར་སློབ་བུ་དེ་ཉིད་ངེས་པར་འགྱུར་རོ། །དེ་སྐད་སྟོན་པ་གསང་བ་མཆོག་གི་བདག་པོས་སྔོན་བདག་ལ་བཀའ་སྩལ་ཞིང་གསུངས་ནས་ཅང་མི་གསུང་བར་བཞུགས་སོ། །ཞེས་པའི་དོན་ཏོ། །ལྔ་པ་ལ་གཉིས་ཏེ། བྱ་བ་མ་ཡིན་པའི་ཆ་དོར་ལ་བྱ་བའི་ཆ་ནས་བཀུར་བ། མཉེས་པའི་ཡོ་བྱད་བརྒྱད་འཕུལ་བའོ། །དང་པོ་ལ་བརྒྱད་ཕྲག་བཞི་སྟེ། བརྒྱད་ཕྲག་དང་པོ་ལ་བརྒྱད་དེ། ལྷ་ཕྱག་འཚལ་ཞིང་ཞབས་ལ་སྤྱི་བོས་གཏུག་པར་བྱ་བ། བླ་མ་དང་མཁས་པ་གཞན་ལ་སྲི་ཞུ་བྱ་བ། བཀའ་ལུང་གནང་བར་ཞེ་སས་ལན་བླན་པར་བྱ་བ། གུས་པས་གྱོང་ཁེང་མེད་པར་བྱ་བ། བག་དང་ལྡན་ཞིང་གྱ་གྱུ་མེད་པར་བྱ་བ། བཟང་སྤྱོད་བྱ་ཞིང་མཐུན་པས་གོ་དབྱེ་བར་བྱ་བ། སྤྱན་སྔར་ངག་འཁྱལ་ལ་སོགས་པ་མི་བྱ་བ། བཀའ་བཀྱོན་པའི་ལན་མི་བླན་ཅིང་ཆོས་གསུམ་སྤངས་པར་བྱ་བའོ། །དང་པོ་ནི། དེས་ན་ལང་ཀའི། ཞེས་པ་ནས། སྤྱི་བོས་གཏུག་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་བཀུར་ཞིང་བསྲུང་བའི་ཐབས་ཉིད་གང་ཞེ་ན། བཤད་པ་དེ་ལྟ་བུའི་དགོས་པ་ཡོད་པ་དེས་ན་ལང་ཀའི་བདག་པོ། ཞེས་བོས་ནས། འདིར་ཡང་སློབ་བུ་བློ་དང་ལྡན་པས་ཡིད་དགའ་བ་དང་ལྡན་ཞིང་ལུས་གུས་པ་དང་བཅས་པ་ཡིས་དངོས་སམ་ཡིད་ཀྱིས་ཀྱང་དམིགས་ཏེ། བདག་རང་ཉིད་ཀྱི་བླ་མ་དམ་པར་གྱུར་ཏོ་འཚལ་གྱི་མཁས་ཤིང་རྟོགས་པ་དང་ལྡན་པ་རྣམས་ལ། གང་དུ་མཇལ་བའི་འདུན་སར་དམ་པ་བཞུགས་པ་ལ་ལྷ་ཕྱག་ལན་གསུམ་གུས་པས་འཚལ་བར་བྱས་ཏེ། དབང་གི་དུས་སོགས་སུ་ཞབས་ལ་སྤྱི་བོས་གཏུག་སྟེ་བསྙེན་པར་བྱའོ། །གཉིས་པ་ནི། དམ་པའམ་ཡང་ན། ཞེས་པ་ནས། སྲི་ཞུའི་འདུན་པ་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། རང་གི་བླ་མ་དམ་པའམ་ཡང་ན་རང་གི་བླ་མར་མ་ངེས་ཀྱང་སྤྱིར་དགེ་བའི་བཤེས་གཉེན་མཁས་པ་གཞན་རྣམས་ཀྱིས་དམ་པའི་ཆོས་སོགས་བཀའ་སྩལ་པའི་གྲྭ་ཆེན་པོ་སོགས་སུ་མང་པོ་འདུས་པའི་ཚེ་བླ་མ་དེ་ལ་འདུན་པར་བྱས་ཏེ། བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་བསལ་ཞིང་གཞོམ་བྱའི་ཞེས་བྱ་བའི་དགོས་ཆེད་ཀྱི་ཕྱིར་དུ་འཇིག་རྟེན་གྱི་སྲི་ཞུའི་བཀུར་སྟི་ཆེན་པོས་འདུན་པ་བྱ་ཞིང་གུས་པ་བསྟེན་ནོ། །གསུམ་པ་ནི། ལུང་བྱུང་གང་རྨེད། ཅེས་པ་ནས། རྣམས་ནི་ཅི་བདེར་བླན། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་དམ་པའི་བཀའ་ལུང་གི་ཚིག་བྱུང་ནས་བདག་ལ་གླེང་བསླང་བའི་ཚུལ་གྱིས་གང་རྨེད་ཅིང་འབེལ་གཏམ་མང་པོ་བླ་མ་དང་མོལ་བའི་ཚེ། དེ་ལ་ཡང་ནས་ཡང་དུ་འདུན་པས་ཞེས་བྱ་བ་དང་། འདུན་པའི་ཐབས་ཀྱི་སྤྱན་ཕྱག་དང་སྦྱར་ཏེ་སྲི་ཞུ་དང་ལྡན་པའི་ཞེ་སའི་སྒྲ་ཡིས་བཀའ་ལུང་ལ་བདག་གིས་ལན་སྨྲ་བའི་མཚམས་བཟུང་སྟེ། གང་བཀའ་སྩལ་པ་དེ་རྣམས་ལ་ནི་བླ་མ་དགྱེས་པའི་ལན་ཅི་བདེར་ཞུས་ཏེ་ངག་འཇམ་པོས་བླན་བར་བྱ་བ་ཉིད་དོ། །བཞི་པ་ནི། བདེ་དང་བླང་པ། ཞེས་པ་ནས། མེད་པར་ནན་ཏན་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། བདག་ཉིད་བདེ་བར་བཟའ་བཏུང་ལ་ལོངས་སྤྱོད་པ་དང་། བླ་མའི་ཕྱག་ནས་རྫས་བླང་བའམ་ལེན་པ་དང་། བདག་ལངས་ཏེ་འགྲོ་བ་དང་། དོན་དང་ལྡན་པའི་ལས་བྱེད་པ་དང་། ཞུ་བ་འབུལ་བ་དང་ཆོས་ཞུ་བ་ལ་སོགས་པའི་སྐབས་རྣམས་སུ། རང་རྒྱུད་མཉེན་ཅིང་དུལ་བའི་སྒོ་ནས་བླ་མའི་ཐུགས་རྒྱུད་མཉེས་པའི་སྲི་ཞུ་དང་ལེགས་པར་གུས་པ་ཉིད་དང་ལྡན་པས་བསྙེན་པར་བྱ་བ་ཡང་ང་རྒྱལ་རྣམས་ཀྱི་གྱོང་ཁེངས་མེད་པར་ཤིན་ཏུ་ནན་ཏན་དུ་བྱའོ། །ལྔ་པ་ནི། ཀུན་ནས་གཟེམ་མདོག །ཅེས་པ་ནས། རྡོ་རྗེར་དེ་ལྟུང་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། སྒོ་གསུམ་ཀུན་ནས་བླ་མ་ལ་གཟེམ་མདོག་གམ་ཟོན་བག་ཆེ་བས་བག་དང་ལྡན་པ་ལ་གནས་པར་བྱ་བ་དང་། གཡོ་སྒྱུ་མེད་པར་ངག་གསོང་པོར་སྨྲ་ཞིང་སེམས་ལ་གྱ་གྱུ་མེད་པས་སྤྱོད་པ་དག་པར་བྱ་དགོས་སོ། །དེ་ཅི་ཡི་ཕྱིར་ན་བཀུར་བར་མ་བྱས་པའི་སྐྱོན་གལ་ཏེ་བླ་མ་དམ་པར་གྱུར་པ་ལ་ཚོད་ཡོད་ཙམ་དུ་མ་ངེས་གྱ་གྱུའི་ལས་བྱས་པས་ཕྱོགས་བཅུའི་སངས་རྒྱས་སོགས་དམ་པར་གྱུར་པ་ཀུན་བསླུས་ཏེ། རྣམ་སྨིན་དམྱལ་བ་རྡོ་རྗེར་དེ་ཉིད་ལྟུང་བར་འགྱུར་རོ། །དྲུག་པ་ནི། བརྩོན་དང་འགྲུས་ལྡན། ཞེས་པ་ནས། དག་པའི་གོ་རྣམས་དབྱེ། །ཞེས་པའི་བར་གྱིས་བསྟན་ཏེ། སློབ་བུ་རང་གི་མཚན་ཉིད་ཇི་ལྟ་བུ་སྙམ་པ་ལ། བརྩོན་པ་དང་འགྲུས་པ་ཆེན་པོ་དང་ལྡན་པ་དང་ངང་རིང་བ་དང་། ཚུལ་དུ་ཤིས་པ་དང་། རང་བཞིན་བཟང་བ་དང་། ཁོང་བརྡིག་ཅིང་བརྟན་པ་དང་། གསང་ཐུབ་པ་དང་། སྤྱོད་པ་དག་པ་དང་། ཟོན་ཆེན་ཞིང་ཡ་བག་དང་ལྡན་པ་དང་ལུས་ཀྱི་བཞིན་ཁྲོ་གཉེར་མེད་པར་བཟང་བ་དང་། ལེགས་པར་སྤྱོད་ཅིང་འཛུམ་པའི་མཛེས་ཐབས་དང་ལྡན་པ་དང་། སྒོ་གསུམ་བཟང་པོར་སྤྱོད་པ་དང་། དེའི་ཉེས་པ་མ་དག་པའི་མཐའ་ཡི་ངན་སྤྱོད་གསུམ་བསྡམས་པ་དང་། བླ་མ་དམ་པ་ཉིད་དང་ཇི་ལྟར་མཐུན་པ་བཞིན་དུ་ལེགས་པར་སྤྱོད་དེ། ཚིག་དང་སྤྱད་པ་གསལ་ལ་དག་པས་དོན་དང་ལྡན་པའི་བྱ་བ་དག་གི་སྒོ་རྣམས་དབྱེ་ཞིང་ཕྱི་ནང་གི་བརྡ་དོན་ཕྲད་པར་བྱེད་པའོ། །བདུན་པ་ནི། དམ་པའི་ནང་ན། ཞེས་པ་ནས། སྨོད་པ་ཡོང་མི་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་དམ་པའི་སྤྱན་སྔར་རང་ཉིད་དམ་འཁོར་གྱི་ནང་ན་བདེར་ཞེས་བདེ་བར་འདུག་པའི་ཚེ་ན། ངག་འཆལ་བ་ཀུན་གྱི་ཚིག་གི་ལམ་མི་སྨྲ་བར་འཁྱལ་བའི་ཚིག་གི་ལམ་མི་དབྱུང་བ་དང་། བླ་མའི་མཛད་སྤྱོད་གང་དག་བཟང་བ་དང་ངན་སྤྱོད་དང་སྣང་བ་གང་ཡང་རུང་བ་ལ་ཡང་ཀུ་རེ་ཐིང་སླད་ཙམ་དུའང་སྨོད་པ་ཡོང་ཡེ་མི་བྱ་ཞིང་བཀའ་ལ་གུས་པ་རྟེན་ནོ། །བརྒྱད་པ་ནི། བདག་ལ་བཟང་དང་། ཞེས་པ་ནས། ཚིག་རྩུབ་འཁྱལ་མི་སྨྲ། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་བདག་ལ་བཀའ་ལུང་བཟང་པོ་དང་ངན་པ་ཅི་བརྗོད་ཅིང་གསུང་བ་དང་། དུས་ཀུན་ཏུ་ཀུ་རེ་བརླང་པོ་དང་མཐོང་བའི་ཡུལ་དུ་བདག་གི་མཚང་ཀུན་བརྗོད་ཅིང་སྒྲོ་འདོགས་དང་སྐུར་འདེབས་ཅི་ཞིག་གསུངས་ཀྱང་ངན་དུ་མི་སེམས་ཤིང་ལོག་པར་མ་བལྟས་པ་དང་། གང་བླ་མ་དག་གིས་བདག་ལ་ཚིག་གི་རྩོད་པའི་ལམ་གྱིས་བཀྱོན་ཚིག་མང་པོ་ཡ་ང་བ་འདྲེན་པར་འདོད་པ་ན་ཡང་། དེ་དག་གི་ལན་མ་སྨྲས་པར་ཚིག་ལམ་བཅད་ནས་བཟོད་པར་བྱས་ན་བདེ་མཆོག་ཐར་པའི་གོ་འཕང་དམ་པ་འཐོབ་བོ། །ཡང་ན་དལ་གྱིས་ཐུགས་དང་འཐད་པའི་ལན་གདབ་གསུང་། བླ་མ་དམ་པའི་ཡུལ་ལམ་སྤྱན་སྔ་ན་གནས་པ་གཞན་རྣམས་སུ་ལ་ཡང་། ཁོང་ཁྲོ་བ་དང་ཚིག་རྩུབ་མོ་དང་ངང་འཁྱལ་བ་ནམ་ཡང་མི་སྨྲ་བར་ཞི་བའི་སྤྱོད་ལམ་བྱའོ། །བརྒྱད་ཕྲག་གཉིས་པ་ལ་བརྒྱད་དེ། ལུས་ངག་བག་ཡངས་ཀྱི་སྤྱོད་པ་མི་བྱ་བ། ཕོད་ལྕོགས་ལ་སོགས་མི་བྱ་བ། ཡོན་དབུལ་བར་བྱ་བ། སྐབས་བཞི་མ་གཏོགས་པར་གནས་གཅིག་ཏུ་མི་འདུག་ཅིང་ཞབས་དྲུང་ལས་མི་གཡེལ་བར་བྱ་བ། གྲིབ་མ་ལ་སོགས་པ་འགོམ་པར་མི་བྱ་བ། བཀའ་ལུང་མིང་གིས་བསྒྲུབ་པར་བྱ་བ། དཀོར་དང་ཉེ་འཁོར་ལ་སོགས་བསྲུང་བར་བྱ་བ། ཆེ་ཐབས་ཀྱི་སྤྱོད་པ་གང་ཡང་མི་བྱ་བའོ། །དང་པོ་ནི། བག་ཡངས་ཚུལ་གྱིས། ཞེས་པ་ནས། མེད་པར་སྨྲ་མི་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མའི་སྤྱན་སྔར་སྒོ་གསུམ་གྱི་སྤྱོད་པ་གཉེན་པོ་མེད་པར་བག་ཡངས་ཟོན་མེད་ཀྱི་ཚུལ་གྱིས་གང་དགའ་དགར་བྱ་བ་མིན་ཞིང་། བཟང་པོའི་ཚུལ་མེད་པའམ་ཚུལ་དང་མི་ལྡན་པའི་སྤྱོད་པ་ཡིས་བླ་མ་ལ་གཉན་ཞིང་ལྕི་བའི་སེམས་དང་བྲལ་བས། ཉམ་ང་དང་བག་ཚ་བ་མེད་པར་གར་ཐོད་ཐོད་དུ་མ་རབསཀྱི་སྤྱོད་པ་དང་བརྗོད་པ་མང་པོ་སྨྲ་བར་མི་བྱའོ། །གཉིས་པ་ནི། ཕོད་དང་ལྕོགས་དང་། ཞེས་པ་ནས། བཅད་པར་མི་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་དུ་བླ་མའི་སྤྱན་སྔར་ཕོད་ཚད་དམ་ཕོ་ཚོད་ཆེན་པོ་ཅིའང་མི་བྱ་བ་དང་། ལྕོགས་ཚད་དམ་ལྕོགས་སུ་རེ་བ་མི་བྱ་བ་དང་། གང་རང་མཐོང་སྒེ་རུའི་ལས་མི་བྱ་བ་དང་། རང་བསྟོད་དང་། སྒེག་འཕྱོར་དང་། རྔོམ་དང་ཁྱད་ཚིག་ལ་སོགས་པ་གཏན་ནས་མི་བྱ་བ་དང་། གྲོགས་གཞན་ལ་ཁྱད་ཀྱིས་གསད་པའི་ཚིག་གིས་ཁྱོད་དང་ང་ཞེས་གང་བཟང་ངན་རིས་སུ་བཅད་པའི་ཚིག་ཟུར་ཙམ་ཡང་སྨྲ་བར་མི་བྱའོ། །གསུམ་པ་ནི། དམ་པའི་གནས་སུ། ཞེས་པ་ནས། འདེབས་པར་མི་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། དམ་པའི་བླ་མ་ཚོགས་གསོག་པའི་ཞིང་དང་མཆོད་པའི་གནས་སུ་གྱུར་པ་ལ། དང་པོ་ཞུ་བ་དང་རྗེས་ཀྱི་གཏང་རག་གཉིས་ཀའི་སྐབས་སུ་ཡི་དམ་ལྷའི་རིགས་དང་མཐུན་པའམ་ཐུགས་ལ་འཐད་པའི་ཡོན་འབུལ་ཏེ། རིན་པོ་ཆེའི་ནོར་གྱི་དབྱིག་བཟང་ལ་རིན་ཐང་ཆེ་བ་དང་། ན་བཟའི་མཆོག་སྣ་ཚོགས་དང་། རྩི་ཡི་མཆོག་དམ་པ་དང་། འཚོ་བ་བཟང་པོའི་ཟས་མཆོག་ལ་སོགས་པ་རྣམས་ཀྱི་བཟའ་བཏུང་གིས་ཞབས་ཏོག་བྱས་ཏེ་ནོར་དབྱིགས་དབུལ་བ་དང་། ན་བཟའ་དང་ཞལ་ཟས་སོགས་གསོལ་བས་མཉེས་པར་བྱའོ། །དེ་ལྟར་ལེགས་པར་ཕུལ་བའི་ཕན་ཡོན་ནམ་ཡོན་ཏན་དེས་ནི། རྩི་མཆོག་ཕུལ་བས་ནད་དང་། ནོར་དབྱིག་ཕུལ་བས་དབུལ་བ་ལ་སོགས་པ་དང་། འཚོ་བ་ཕུལ་བས་བཀྲེས་སྐོམ་དང་། ན་བཟའ་ཕུལ་བས་ཚ་བ་དང་གྲང་བའི་སྡུག་བསྔལ་གྱིས་ནམས་ཀྱང་འདེབས་པ་དང་གནོད་པར་མི་འགྱུར་རོ། །བཞི་པ་ནི། ཞུ་བ་དབུལ་བ། ཞེས་པ་ནས། མ་སྤྱད་ཉེས་བྱས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཞུ་བ་དང་ཡོན་དབུལ་བ་གང་གི་དུས་དང་། གདམས་ངག་གི་བཀའ་དྲིན་ནོད་པ་ཉིད་ཀྱི་དུས་དང་། སྤྱན་སྔར་མཆིས་ཤིག་པར་བཀའ་ལུང་བྱུང་ནས་འདུན་པར་འདུག་པ་ཉིད་ཀྱི་དུས་དང་། དབང་དང་སྒྲུབ་པ་ཟབ་མོའི་དམ་པའི་སྤྱོད་པ་བྱེད་པའི་དུས་བཞི་མ་གཏོགས་པ་གཞན་དུ་བླ་མ་དམ་པ་གང་དང་རང་བཞིན་གྱི་གནས་གཅིག་ཏུ་ཞབས་འབྲིང་བྱེད་པ་མ་གཏོགས་དུས་ནམས་ཀྱང་ལྷན་ཅིག་ཏུ་འདུག་པ་མིན་ནོ། །ཚུལ་འདི་ལྟར་མ་སྤྱད་ན་ཉམས་པའི་ཉེས་བྱས་ཀྱིས་ཕོག་པར་འགྱུར་བས་སོ། །ལྔ་པ་ནི། སྐུ་ཡི་གྲིབ་མ། ཞེས་པ་ནས། འགོམ་པར་བྱ་བ་མིན། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་དམ་པའི་སྐུ་ཡི་གྲིབ་མ་མི་འགོམ་ཞིང་། ཞབས་རྗེས་བརླམ་པར་མི་བྱའོ། །དེ་བཞིན་དུ་ན་བཟའ་དང་། འཆགས་ས་གདན་དང་བཅས་པའམ་ཆགས་གདན་ཉིད་དང་། བཞུགས་སའི་སྟེགས་རྟེན་དང་ལྔ་ལ་སོགས་པ་རྣམས་དུས་ནམས་ཀྱང་འགོམ་པར་བྱ་བ་མིན་ནོ། །དྲུག་པ་ནི། དམ་པའི་ལུང་བྱུང་། ཞེས་པ་ནས། མེད་པར་མནས་དོར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་དམ་པའི་བྱ་བ་བཅོལ་བའི་ལུང་གི་བཀའ་ཤོ་བྱུང་ན་ཐོག་མར་མིང་གིས་བསྒྲུབ་ནས་ཁ་ཡིས་མི་ལྕོགས་ཞུ་བ་མ་ཡིན་པར་དེ་སྙིང་ནས་ཞེ་ཐག་པས་ལུས་སྲོག་དང་བསྡོས་ལ་ཅི་འགྲུབ་བྱའོ། །རྒྱ་ལ་དོགས་ཡོངས་ཞིང་ཀྱང་རྩལ་སྟོབས་རང་གིས་མ་ལྕོགས་པའམ་མ་ཁྱོགས་པ་ཞིག་ན། སྤྱན་སྔར་གཡོ་སྒྱུ་དང་གསོག་གསོ་བ་མེད་པར་མནས་དོར་ཏེ་དན་དཔང་འདོར་རོ། །བདུན་པ་ནི། དམ་པའི་དཀོར་རྣམས། ཞེས་པ་ནས། མཉམ་པའི་སེམས་ཀྱིས་བལྟ། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་དམ་པའི་དཀོར་རྣམས་ལ་ཏིལ་གྱི་ཕུབ་མ་ཙམ་ཡང་མི་འབགས་པར་རང་སྲོག་བཞིན་དུ་བསྲུང་བ་དང་། བླ་མ་དེ་ཡི་ཉེ་དྲུང་ན་གནས་པའི་སྣག་གི་མཉེན་མཚམས་རྣམས་དང་། བཙུན་མོ་ཅན་ཡིན་ན་གཟུངས་མ་དང་བཅས་པ་སོགས་ཀྱང་དམ་པ་ཉིད་དང་འདྲ་བ་བཞིན་དུ་བལྟའོ། །བླ་མ་དེ་ཡི་འཁོར་གཡོག་རྣམས་ལའང་ཉེ་དུ་བཞིན་དུ་བལྟ་ཞིང་བཀུར་བར་བྱ་ལ། མདོར་ན་བླ་མའི་ཉེ་འཁོར་དུ་གཏོགས་པ་ཐམས་ཅད་ཀུན་དུས་རྟག་པ་རྒྱུན་དུ་བླ་མ་ཉིད་དང་མཉམ་པའི་སེམས་ཀྱིས་འདྲ་བ་ཙམ་དུ་བལྟ་ཞིང་བཀུར་བར་བྱའོ། །བརྒྱད་པ་ནི། ཁྲི་མལ་སྟན་བདེ། ཞེས་པ་ནས། ལུས་རྟེན་དེ་བཞིན་བསྟོད། །ཅེས་པའི་བར་གྱིས་བསྟན་ཏེ། བླ་མའི་སྤྱན་སྔར་ཁྲི་དང་མལ་སྟན་བདེ་བ་ལ་བླ་མའི་བཞུགས་ཐབས་ཁོ་ན་ལྟར་མི་གུས་པའི་སྤྱོད་པ་ལ་སོགས་པ་དང་མི་ཆེན་པོའི་ཚུལ་ལྟར་རིགས་པ་མ་ཡིན་ཚུགས་འཛིན་པ་དང་བག་མེད་པའི་ལས་རྣམས་དམ་པའི་ཐད་དུ་ཡོང་ཡེ་མི་མཛེས་པས་ནམ་ཡང་བྱ་བར་མི་རུང་ངོ་། །གལ་ཏེ་དེ་དག་བྱས་ན་སྲི་ཞུའི་དམ་ཚིག་ཉམས་པས་ལྟུང་བ་ཆེའོ། །བླ་མའི་སྤྱན་སྔར་རང་གི་མགོ་ལ་ཟེའུ་ལྡིར་རམ་ཞྭ་ཆེད་དུ་མི་བགོ་བ་དང་ཐོད་བཅིངས་པར་མི་བྱ་བའོ། །དེ་བཞིན་དུ་རང་ལ་བཀུར་བའི་གདུགས་ཐོགས་པར་མི་བྱ་བ་དང་། འཕྲལ་དུ་ལག་པ་ལུས་ལ་རྟེན་ཏེ་འགྱིང་འཁར་མི་བྱ་ཞིང་ལུས་སྐེད་འཕྲེད་ལ་རྟེན་པ་དང་། དེ་བཞིན་དུ་འདུག་ས་མཐོ་བ་ལྟ་བུ་རང་བསྟོད་ཀྱི་རྟེན་གང་ཡང་མི་བྱ་བ་ཁོ་ནའོ། །བརྒྱད་ཕྲག་གསུམ་པ་ལ་བརྒྱད་དེ། མ་རབས་ཀྱི་སྤྱོད་པ་མི་བྱ་བ། གཞུང་བཞིན་དུ་སྤྱོད་ཅིང་བག་དང་ལྡན་པར་བྱ་བ། ལུས་སེམས་ཀྱི་སྤྱོད་པ་ངན་པ་དོར་བར་བྱ་བ། ལུས་ཀྱི་སྤྱོད་པ་བག་དང་ལྡན་ཞིང་མཛེས་པར་བྱ་བ། སྲི་ཞུ་དང་གདན་བཏིང་བར་བྱ་བ། སྤྱོད་ལམ་བཞི་ཀར་སྲི་ཞུ་བྱ་བ། གུས་པའི་སེམས་ཀྱིས་སྲི་ཞུ་དང་སྐུ་ཁམས་རྨེལ་བར་བྱ་བ། གཉན་པའི་སེམས་ཀྱིས་སྲི་ཞུ་བྱ་བའོ། །དང་པོ་ནི། གང་འདིར་མ་རབས། ཞེས་པ་ནས། དམ་པའི་ཡུལ་དུ་མིན། །ཞེས་པའི་བར་གྱིས་བསྟན་ཏེ། གང་འདིར་མ་རབས་ཀྱི་སྤྱོད་པ་ཐོར་བུའི་ལས་ཐབས་དམན་པའི་རྩེད་མོ་དང་བྱ་བྱེད་མང་པོ་རྣམས་བླ་མའི་སྣང་བའི་ཡུལ་ནས་ནམ་དུ་ཡང་བྱ་བ་མ་ཡིན་ལ། དམངས་རིགས་ཕྱག་དར་བ་ལྟ་བུ་དང་ཁྱི་ཕག་དང་སྤྱོད་པ་མཐུན་པའི་གདོལ་པ་དང་གཡུང་པོའི་ཚུལ་ལྟར་གཙང་བཙོག་མེད་པའི་སྤྱོད་པ་དེ་དག་གཏན་ནས་མི་བྱ་ཞིང་། ཁྱད་པར་དུའང་བླ་མའི་གཟིགས་ཡུལ་དུ་བྱ་བ་མིན་ནོ། །ཅིའི་ཕྱིར་ཞེ་ན། ངན་པ་གསུམ་གྱི་སྤྱོད་པ་ནི་བླ་མ་དམ་པའི་གཟིགས་པའི་ཡུལ་དུ་ནམས་ཀྱང་བྱ་བ་མིན་པའི་ཕྱིར་རོ། །ཁུ་ལྗོའམ་བྱིས་པ་ཆེན་པོར་སྨིན་ཏེ་སྐྱེས་པ་ཀུན་ཏུ་རྒྱུའི་ཞེས་རྒྱུ་ཞིང་འགྲོ་བའི་ཚོང་པ་ལྟ་བུའི་སྤྱོད་པ་མི་གཅིག་པ་རྣམས་དམ་པའི་སྤྱོད་ཡུལ་དུ་བྱ་བ་མིན་ནོ། །གཉིས་པ་ནི། སྣང་བའི་ལུང་ལས། ཞེས་པ་ནས། ལྡན་པས་གནས་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་སྤྱོད་པ་ནི་དེ་བཞིན་གཤེགས་པའི་དམ་པའི་སྤྱོད་ཡུལ་གསལ་བར་སྣང་བའི་བཀའ་རྒྱུད་ཟབ་མོའི་ལུང་ལས་གང་ལྟར་འབྱུང་བ་བཞིན་སྤྱོད་ཅིང་། དེ་ལས་བདག་གིས་ཇི་ལྟར་སྤྱད་པའི་ལུགས་བླ་མའི་ཞལ་ནས་གསུངས་པ་བཞིན་སྤྱད་དེ། བཀའ་འདི་ལྟ་བུ་ཉིད་ལས་སྤྱོད་པ་ཇི་ལྟ་སྤྱད་པ་འབྱུང་ཞེས་རྩོད་པར་བྱེད་པ་མི་འབྱུང་བའི་ཕྱིར་རོ། །ཁོང་འཇམ་ལ་སྤྱོད་པ་དལ་བའི་སྒོ་ནས་བླ་མའི་ཐོས་ཤིང་གསན་པ་དང་འཕྲིགས་སུ་དོགས་པ་བཞིན་དུ་སྤྱད་པ་དང་། བླ་མ་དམ་པའི་མཛད་སྤྱོད་ལྟར་གསན་པའི་དུས་དང་གཟིགས་པའི་སྣང་ཡུལ་གཉིས་ཀ་ནས་དུས་ནམ་དུ་ཡང་བག་མེད་པ་དང་རང་གི་ཆེ་བའི་ཐབས་མི་བྱ་བར། སྒོ་གསུམ་གྱི་སྤྱོད་པ་བརྩོན་པས་བསྒྲིམས་ནས་མཛེས་པའི་ཚུལ་བཟུང་སྟེ། དོན་དང་མ་འབྲལ་བར་ཟོན་བག་ཅན་དང་ལྡན་པས་ཡང་དག་པར་གནས་པར་བྱའོ། །གསུམ་པ་ནི། ལུས་ཀྱི་དོར་བ། ཞེས་པ་ནས། ཡུལ་ནས་མི་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་བཤང་གཅི་འབྱུང་བ་སོགས་དོར་བར་བྱ་བ་གང་དག་ཀུན་ཀྱང་བླ་མའི་གསན་པ་དང་མཐོང་ཚོར་གྱི་ཡུལ་དུ་གཏན་ནས་ཡོང་ཡེ་མི་བྱའོ། །དེ་ལྟ་བུ་ལས་སེམས་ཀྱི་སྤྱོད་པ་བཅུ་གསུམ་དང་། ལྟད་མོ་དང་། རྩེད་འཇོ་དང་། ཤྭོ་དང་། རྒྱན་པོ་འགྱེད་པ་ལ་སོགས་པ་གྲགས་པ་ཉམས་པར་འགྱུར་བ་དྲུག་ལ་སོགས་པ་དག་ཏུ་སྣང་བའི་ལུས་ཀྱི་བྱ་བྱེད་རྣམས་བློ་གྲོས་དང་ལྡན་པས་ནམ་དུ་ཡང་བྱ་བ་མིན་ནོ། །སྒོ་གསུམ་གྱི་སྤྱོད་པ་ནི་བཤད་པ་དང་འཆད་པ་དག་ལས་ཁྲིའུ་རུ་ཤེས་པར་བྱའོ། །བླ་མའི་ཕོ་བྲང་དུ་འདུས་པ་དང་འདུག་ནས་དང་སློབ་མ་མང་པོ་འདུ་བ་སོགས་གང་བྱེད་ཀྱང་། ཚོགས་པ་རྣམས་ཀྱིས་རྩེ་བ་དང་། རྟ་གད་ལ་སོགས་པ་ཡི་བྱེད་སྤྱོད་རྣམས་དམ་པའི་སྤྱན་སྔར་གྱུར་པའི་འདུན་སར་བྱ་བ་རིགས་པ་མ་ཡིན་པ་དང་། དེ་བཞིན་དུ་འཕྱོ་བ་དང་། གཡེམ་པ་དང་། རྫས་ལ་བརྐམ་པ་དང་། སེམས་མ་ཞི་བའི་སྤྱོད་ཚུལ་བཞི་གཏན་དུ་སྤྱན་སྔའི་ཡུལ་ནས་མི་བྱའོ། །བཞི་པ་ནི། ཁམས་ལས་བྱུང་བའི། ཞེས་པ་ནས། དེ་ལ་ཇི་མཛེས་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། གླལ་བ་དང་སྦྲིད་པ་ལ་སོགས་པ་ཁམས་ལས་བྱུང་བའི་ལུས་སྤྱོད་རྣམས་ཀྱང་། ཁ་དགབ་པའི་སྒྲིབས་སམ་ཕག་གམ་སྐྱོར་བས་བཀབ་ནས་ཐམས་ཅད་བདེ་བར་སྒྲ་བསྐྱུང་ཞིང་འཇམ་པར་བྱས་ཏེ། བླ་མ་དམ་པ་དེ་ལ་ཇི་མཛེས་སུ་བྱའོ། །ལྔ་པ་ནི། དམ་པ་གདན་བསྐྱོད། ཅེས་པ་ནས། ཉིད་ལས་ཅི་བདེར་སྦྱར། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་དམ་པ་གདན་ལས་བསྐྱོད་དེ་གང་གི་ཕྱོགས་སུ་གཤེགས་པ་ན་ཡང་བདག་དེར་འགྲོ་བར་གནས་པས་སྒྲིམས་ཏེ་སྲི་ཞུ་བྱ་བ་དང་། སྐུ་དམ་པ་བསྐྱོད་དམ་འཆགས་ན་ཡང་ཞབས་འབྲིང་བྱས་ཏེ་དེར་གདན་ཁྱེར་ལ་གདིང་བ་དང་། གཞན་ལས་བརྫི་ནས་བཞུགས་ཏེ་མནལ་བར་བཞེད་པའི་ཚེ་ལ་གོར་གདན་བཏིང་བ་དང་། མནལ་བ་ལས་སད་ནས་བསྐྱོད་ནའང་དེ་བཞིན་དུ་བྱ་བ་དང་། བསྐྱོད་ནས་བཞུགས་ནའང་གདན་ཁྱེར་ནས་ཐབས་དང་སྦྱར་ཏེ་བཏིང་བ་དང་། གལ་ཏེ་གདན་མེད་ཅིང་མ་ལྡན་ན་གར་བཞུགས་སར་རང་ཉིད་ཀྱི་ལུས་ལས་གོས་ཕུད་ནས་ཅི་བདེར་སྦྱར་ཏེ་གདན་དུ་བཏིང་བར་བྱའོ། །དྲུག་པ་ནི། སྔོན་རྩོལ་ལུང་བྱུང་། ཞེས་པ་ནས། གུས་པས་དེ་བཞིན་སྦྱར། །ཅེས་པའི་བར་གྱིས་བསྟན་ཏེ། བླ་མའི་ཞལ་ནས་བདག་གི་སྔོན་དུ་རྩོལ་བའི་ལས་ངོ་ཚ་བ་ཅན་ལྟ་བུ་ཐ་ན་ཁྱོད་གཅེར་བུར་ཕྱུངས་ལ་བྱ་བ་འདི་གྱིས་ཤིག་པའི་བཀའ་ལུང་སྩལ་ཏེ་བྱུང་ན་ཡང་། དེ་བཞིན་དུ་བཀའ་མི་བཅག་པར་ལུས་གོས་དོར་བར་བྱ་ཏེ་སྲི་ཞུས་བསྡུ་བར་བྱ་ཞིང་ལས་བྱེད་དོ། །ལས་དེ་རྫོགས་ཏེ་བྱ་བ་ཟིན་ནས་ཀྱང་། སླར་གཅེར་བུ་མི་བྱ་བར་ལུས་གོས་དང་བཅས་པས་སྔར་དེ་ཀ་ཇི་བཞིན་དུ་སྲི་ཞུ་བྱ་བ་ཡིན་ནོ། །བློ་ལྡན་གུས་པའི་སློབ་བུས་འགྲོ་ཉལ་འཆགས་སམ་སྡོད་འདུག་གི་སྤྱོད་ལམ་བཞིས་གང་དུ་སྤྱོད་ན་ཡང་སྲི་ཞུ་གུས་པས་སྔ་མ་དེ་བཞིན་མཛེས་པར་སྦྱར་བར་བྱའོ། །བདུན་པ་ནི། གང་མ་གུས་དང་། ཞེས་པ་ནས། ལ་སོགས་སྲི་ཞུས་ཞུ། །ཞེས་པའི་བར་གྱིས་བསྟན་ཏེ། སྤྱོད་པ་གང་ལ་ཡང་མ་གུས་པ་དང་གུས་པ་གཉིས་བཏང་སྙོམས་སུ་བྱ་བ་དག་ག་ལ་ཡིན་ཏེ་ནམ་ཡང་བྱ་བར་ཡོང་ཡེ་མ་ཡིན་པས་སྒྲིམས་ནས་གུས་པར་བྱ་བ་དང་། བླ་མ་ལ་སྲི་ཞུ་དང་བསྟི་གནས་སམ་བཀུར་སྟི་དང་རིམ་གྲོ་བྱེད་པ་རྣམས་བླ་མའི་བྱ་བ་མ་ཟིན་པའི་བར་སྤྱན་སྔར་མདུན་དུ་འདུག་ནས་རྫོགས་པར་བྱེད་པ་དང་། དེ་ཉིད་བྱས་ཟིན་མ་ཐག་ཏུ། སྲི་ཞུ་བཅུག་སྟེ་ཞེ་ས་དང་བཅས་པས་བྱས་ཟིན་པར་བརྗོད་ལ། བདག་སེམས་བདེ་བས་རང་གི་གནས་སུ་ཅི་བདེར་འགྲོ་བར་བྱ་བ་དང་། ནང་ནུབ་ཏུ་མཇལ་བའི་ཚེ་འདུན་པའི་ལྷ་ཕྱག་གསུམ་གསུམ་བྱས་ལ། སྐུ་ཁམས་བདེའམ་ཞེས་པ་ལ་སོགས་པའི་སྙུན་རྨེལ་བ་གུས་པའི་སྲི་ཞུས་ཞུ་ཞིང་སྨྲ་བར་བྱ་བའོ། །བརྒྱད་པ་ནི། ཡ་ང་བཀའ་ཐོབ། ཞེས་པ་ནས། གར་སྐབས་སྲི་ཞུ་དབུལ། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་ལ་ཤིན་ཏུ་གཉན་ཞིང་ལྕི་བ་དང་འཇིགས་པའི་སེམས་ཀྱི་ཡ་ང་བའི་སྒོ་ནས་ད་གདོད་ཀྱི་དུས་སུ་བཀའ་ཐོབ་པར་བྱ་བའི་ཕྱིར་བླ་མའི་མདུན་ཉིད་དུ་ཙོག་ཙོག་པོར་འདུག་ལ་ཐལ་མོ་སྦྱར་ཏེ་གང་དུ་བཀའ་ཟབ་མོ་ལ་སྤྱོད་པར་འགྱུར་བའི་དུས་གར་སོན་ཏེ་ཡུན་ཇི་ཙམ་མངའ་བ་དང་གནས་གང་གི་སྐབས་སུ་བཀའ་སྩལ་པ་འབྱུང་བར་འགྱུར་ཞེས་གུས་པའི་སྲི་ཞུས་ཞུ་བ་དབུལ་བར་བྱའོ། །བརྒྱད་ཕྲག་ཐ་མ་ལ་བརྒྱད་དེ། མཚན་ནས་མི་བརྗོད་ཅིང་སྲི་ཞུའི་སྒྲ་གཞུག་པར་བྱ་བ། བཀའ་ལང་གཟུང་ཞིང་དེའི་རྗེས་སུ་འབྲང་བར་བྱ་བ། གུས་པས་ལན་གསུམ་དུ་ཞུ་བ་དབུལ་བར་བྱ་བ། ཞབས་ཏོག་བྱ་ཞིང་རྒྱན་དང་མཚོན་གདགས་པར་མི་བྱ་བ། རང་ལ་དཔྱས་བཅུག་ལ་བཟང་སྤྱོད་བྱ་ཞིང་ངན་སྤྱོད་མི་བྱ་བ། འགྲོ་དོན་མ་གནང་བར་བྱ་མི་བྱའི་བྱེ་བྲག་བསྟན་པ། བླ་མའི་སློབ་མ་ལ་ཆོས་བཤད་དུ་རུང་མི་རུང་གི་བྱེ་བྲག་བཤད་པ། ཟས་ནོར་གནང་ན་སྲི་ཞུ་བྱ་ཞིང་གཞུང་ལས་མི་ཉམས་པར་བྱ་བའོ། །དང་པོ་ནི། མཚན་ནས་ནམ་ཡང་། ཞེས་པ་ནས། ཅིར་ཡང་དབྱེ་བར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། བོད་པའི་ཚེ་ན་མིང་དང་བླ་དྭགས་ཀྱི་མཚན་ནས་ནམ་ཡང་མི་བརྗོད་ཅིང་། བླ་མ་ཞེས་བོད་པ་དང་། དམ་པ་ཞེས་བོད་པ་དང་། བཤེས་གཉེན་དམ་པ་ཞེས་དང་། དཔའ་བོ་ལྷ་རྗེ་ཞེས་བརྗོད་པའི་ཐ་མར་ཞེས་ཞུ་བའི་ཚིག་བཅུག་པའམ་སྒྲ་གཞུག་ལ་མི་གཞན་དང་བླ་མ་ལ་ཁྱད་པར་ཅིས་ཀྱང་དབྱེ་བར་བྱའོ། །གཉིས་པ་ནི། ལུང་བྱུང་བཀའ་བཞིན། ཞེས་པ་ནས། སྲི་ཞུས་མཚོན་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། མན་ངག་གནང་བའི་བཀའ་ལུང་བྱུང་ན་བཀའ་བཞིན་ཞུའོ་ཞེས་བརྗོད་ཅིང་སྨྲ་བ་དང་། ལུས་ཙོག་པུའི་ཐལ་མོ་སྦྱར་ལ་ཞལ་ནས་གདམས་ངག་ཅི་གསུངས་པ་ཡིད་ལ་གཟུང་བར་བྱ་བ་དང་། བླ་མ་དམ་པའི་བཀའ་ལུང་ཅི་བྱུང་བ་དེ་ཁོ་ན་ལྟར་རྗེས་སུ་འབྲང་སྟེ་དྲན་པར་བྱ་ཞིང་ཟོལ་ཟོག་མེད་པར་བསྒྲུབ་པར་བྱ་སྟེ། དེ་ལྟར་བྱེད་པ་ཀུན་ཀྱང་གུས་པའི་སྲི་ཞུས་མཚོན་པ་དང་བཅས་པས་ལེགས་པར་བྱེད་པ་ཡིན་ནོ། །གསུམ་པ་ནི། མཛེས་པའི་ཚུལ་བཟུང་། ཞེས་པ་ནས། ནས་ནི་འོང་ཞེས་ཞུ། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མའི་སྤྱན་སྔར་སྤྱོད་ལམ་མཛེས་པའི་ཚུལ་བཟུང་སྟེ་ལུས་གུས་པ་དང་བཅས་པར་སེམས་ཀྱིས་འདུན་ནས། ཞུ་བ་སྤོབས་པ་དང་། བཀའ་ནོད་པ་དང་། ཆོས་ཞུ་བ་ལན་གསུམ་དུ་ཞུ་ཞིང་། རུའི་གནང་བ་ཐོབ་ནས་ནི་སླར་ལེགས་པར་འོང་བ་ཡིན་ནོ་ཞེས་ཞུ་བར་བྱའོ། །བཞི་པ་ནི། གྱོང་ཁེངས་མེད་པའི། ཞེས་པ་ནས། མཚོན་ཐོགས་སྤང་བར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། གྱོང་ཁེངས་ཀྱི་རྣམ་པའི་སེམས་མེད་པའི་མཉེན་ལྕུག་གིས་ཚུལ་ལྡན་པར་ཇི་སྲིད་འཚོ་བའི་བར་དུ་ཞབ ས་འབྲིང་ངམ་ཞབས་ཏོག་གང་དང་གང་དགོས་པ་ཐམས་ཅད་བྱ་ཞིང་། ཇི་ལྟར་དགེ་སློང་གསར་པའི་སྤྱོད་པ་བཞིན་དུ་གཟོབ་པ་དང་ལྡན་པ་ཡིས། ངོ་ཚ་ཁྲེལ་ཡོད་བག་དང་ལྡན་ལ་གནས་པར། ལུས་སྒེག་པ་དང་ཁོང་དུ་གཡོ་ལ་སོགས་པའི་བྱ་བྱེད་དང་། རྒྱན་ཆས་དང་མཚོན་ཆ་ཐོགས་པའི་མི་འོས་པ་རྣམས་སྤང་བར་བྱའོ། །ལྔ་པ་ནི། བློ་གྲོས་གུས་པ། ཞེས་པ་ནས། གང་ཡིན་དེ་སྤྱོད་སྤང་། །ཞེས་པའི་བར་གྱིས་བསྟན་ཏེ། བློ་གྲོས་ཀྱི་ཤེས་རབ་དང་ལྡན་པར་ཤིན་ཏུ་གུས་པ་དང་བཅས་པས་ཆོས་ཞུ་བ་དང་འབེལ་གཏམ་བྱེད་པ་དེ་ཉིད་ཀྱང་སློབ་བུ་རང་ཉིད་ཀྱིས་རང་ཉིད་ལ་དཔྱས་བཅུག་སྟེ་གཞན་གྱི་དཔྱ་འདོགས་ཏེ་འཕྱ་བའི་གཞི་ཡི་སྤྱོད་པ་རྣམས་སྤང་ཞིང་ཀུན་ཏུ་འགྲོ་བའི་ཡིད་དང་མཐུན་པར་བཟང་པོ་བརྗོད་པའི་ཡ་རབས་ཀྱི་སྤྱོད་པ་སྐྱེས་བུ་དམ་པའི་ལེགས་པར་སྤྱད་པ་གང་ཡིན་པ་དེ་ལྟར་བདག་གིས་ཀྱང་བྱ་ཞིང་། ཀུན་གྱིས་མཐུན་སྣང་གིས་ལེགས་པར་མ་བསྔགས་པའི་གཞིའི། ཐ་ཤལ་གང་ཡིན་པ་དེ་ཡི་སྤྱོད་པ་དོན་དང་མི་མཐུན་པ་ནི་ཡོངས་སུ་སྤང་བར་བྱའོ། །དྲུག་པ་ནི། དཀྱིལ་འཁོར་ལ་སོགས། ཞེས་པ་ནས། ཅི་བླངས་ལྷག་མ་བླངས། །ཞེས་པའི་བར་གྱིས་བསྟན་ཏེ། གཞན་དོན་གྱི་སྤྱོད་པ་སྒྲུབ་པའི་དཀྱིལ་འཁོར་དང་། ལ་སོགས་པ་ཞེས་པས་གནས་ཆོག་དང་རབ་གནས་དང་། དེ་བཞིན་དུ་སྦྱིན་སྲེག་དང་། དཔོན་ཆ་འཛིན་པས་སློབ་མ་གཟུང་ཞིང་དབང་བསྐུར་བ་དང་ཆོས་སྨྲ་བ་དེ་དག་གང་ཡང་། བླ་མས་གནང་བའི་བཀའ་ལུང་མ་བྱུང་བར་ནམ་ཡང་མི་བརྩམ་སྟེ། དམ་པའི་སྤྱོད་ཡུལ་ནས་དེ་དག་བྱ་བར་མི་རིགས་སོ། །གལ་ཏེ་ཡུལ་གཞན་གྱི་འགྲོ་བའི་དོན་དུ་བྱས་ན་ཡང་དེ་ཡིས་ཕུལ་བ་ཡི་ཡོ་བྱད་དེ་དག་རང་གིས་མི་སྤྱད་དེ། དེ་དག་ཀུན་བླ་མ་དམ་པ་དེ་ལ་ལེགས་པར་དབུལ་ལོ། །དེ་ནས་དམ་པའི་ཕུད་ཅི་བླངས་པའི་ལྷག་མ་ཚུར་ལ་གནང་བ་རྣམས་གུས་པས་བླང་བར་བྱའོ། །བདུན་པ་ནི། དམ་པའི་སློབ་མ། ཞེས་པ་ནས། སྲི་ཞུ་ལ་སོགས་མིན། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་དམ་པའི་སློབ་མ་ཉིད་རང་གི་སློབ་མར་བྱ་བ་ཡང་དམ་པའི་ཉེ་གམ་གྱི་མདུན་དུ་མི་རིགས་སོ། །གལ་ཏེ་བླ་མ་དམ་པས་གནང་ནས་བཀའ་སྩལ་ན་ཡང་། བླ་མའི་སློབ་མ་ལ་བཀུར་སྟི་དང་སྲི་ཞུ་ལ་སོགས་པ་རང་ལ་བྱེད་དུ་གཞུག་པ་མིན་ནོ། །བརྒྱད་པ་ནི། གང་བྱིན་དམ་པ། ཞེས་པ་ནས། སྤྱོད་ལམ་འདའ་མི་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། གང་བྱིན་པའི་ཟས་ནོར་དམ་པ་དེ་ཉིད་ལ་མངའ་བ་རྣམས་ལ། སྙིང་རྗེས་ངེས་པར་རྗེས་སུ་དགོངས་ཏེ་དམ་པས་རང་ལ་ཅི་གནང་བ་ཐམས་ཅད་སྲི་ཞུས་མདུན་བསུས་ལ་ལག་པ་གཉིས་ཀྱིས་གུས་པ་དང་བཅས་ཏེ་བློ་དང་ལྡན་པས་བླང་བར་བྱ་ཞིང་། བློ་རྨུགས་པ་མེད་པར་དྲན་པ་གསལ་བས་རབ་ཏུ་སྒྲིམས་ནས་རང་གི་གནས་སྐབས་ལ་བབ་པའི་སྤྱོད་ལམ་ལས་འདའ་པར་མི་བྱ་བར་དོན་དང་ལྡན་པར་བྱའོ། །གཉིས་པ་ནི། བློ་གྲོས་ལྡན་པའི། ཞེས་པ་ནས། དེ་ལ་རྫོགས་པར་དབུལ། །ཞེས་པའི་བར་གྱིས་བསྟན་ཏེ། ཤེས་རབ་ཆེན་པོའི་བློ་གྲོས་ལྡན་པའི་སློབ་བུ་གསལ་བ་ཉི་མ་ལྟ་བུ་དེས། བླ་མ་དམ་པ་ཉིད་སྤྱི་བོའི་ལྷ་ལྟར་གུས་པ་མཆོག་གིས་མཆོད་བྱའི་ཕྱིར་སྤྱོད་པ་འཇམ་པས་མཉེས་པར་བྱ་བའི་ཡོ་བྱད་བརྒྱད་རྣམས་དམ་པ་དེ་ལ་རྫོགས་པར་དབུལ་བར་བྱ་སྟེ། འཕགས་པ་རྟག་ཏུ་ངུ་ལྟ་བུར་སྐྱོ་དུབ་མེད་པའི་དད་པ་དང་། དར་ཐག་ལྟ་བུར་གྱོང་ཁེངས་ཀྱི་སེམས་མེད་པའི་མཉེན་ལྕུག་དང་། རྒྱལ་པོ་ཟླ་འོད་ལྟ་བུར་སེར་སྣ་མེད་པའི་ཟང་ཟིང་དང་། དགེ་སློང་བྲམ་ཟེ་ལྟ་བུར་སོམ་ཉི་མེད་པའི་སྲི་ཞུ་དང་། དགེ་སློང་ཐུབ་དཀའ་གཞོན་ནུ་ལྟ་བུར་གཡོ་སྒྱུ་མེད་པའི་དྲང་སྐད་དང་། དྲང་སྲོང་སྒོམ་ཆེན་ལྟ་བུར་ཁ་གསག་མེད་པའི་རང་རྒྱུད་དང་། ཤཱ་རིའི་བུ་ལྟ་བུར་རྨོངས་པ་མེད་པའི་ཤེས་རབ་དང་། རྒྱལ་ཚབ་སྐྱེས་བུ་ལྔ་ལྟ་བུར་སྡིག་པའི་དྲི་མ་མེད་པར་བླ་མེད་བྱང་ཆུབ་འཐོབ་པར་བྱ་སྙམ་པའི་ལྷག་པའི་སེམས་དང་བརྒྱད་པོ་དེ་དག་བླ་མ་དམ་པ་དེ་ལ་རྫོགས་པར་དབུལ་བར་བྱའོ། །གཉིས་པ་ནི། དམ་པས་བསྒོ་བ། ཞེས་པ་ནས། མཁའ་ལ་བྱ་བཞིན་རྒྱུ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བླ་མ་དམ་པས་བདག་ལ་ལུང་གི་དོན་བཞིན་ཇི་ལྟ་བ་ཉིད་དུ་བསྒོ་བ་ཡི་བསླབ་པའི་མཐའ་བཅུ་པོ་ཁོང་དུ་ཆུད་པར་གྱིས་ཤིག་དང་། དེ་ལྟར་ལེགས་པར་ཆུབ་སྟེ་མ་འདྲེས་པར་ཡོངས་སུ་རྫོགས་པའི་ཐོས་བསམ་བླ་ན་མེད་པས་མི་ཤེས་པའི་རྒྱུད་དགྲོལ་ཏེ་ཤེས་རབ་མཆོག་དང་ལྡན་པས་ཤེས་བྱ་ཀུན་ལ་ཐོགས་རྡུགས་མེད་པར་འགྲོ་སྟེ། རང་གི་རྒྱུད་ཀྱི་གཟུང་འཛིན་གྱི་མདུད་པ་མི་ཤེས་རྨོངས་པའི་འཆིང་བ་ཀུན་གྲོལ་ཏེ་གྲོལ་བ་ཐོབ་པའི་ཕྱིར་བློ་གྲོས་ནོར་འཁྲུལ་མེད་པའི་ཤེས་རབ་དང་ལྡན་པ་ནི་དཔེར་ན་ནམ་མཁའ་ལ་བྱ་བཞིན་དུ་རྣམ་པར་རྒྱུ་བས་ཅི་ལའང་ཆགས་ཐོགས་མེད་དོ། །གསུམ་པ་ལ་བཞི་སྟེ། ཡུལ་སྤང་ཞིང་བླ་མ་ལ་ཡོན་འབུལ་བ། དགོན་པར་བསྒོམ་པར་བྱ་བ། བསྒོམ་པས་འབྲས་བུ་ཐོབ་པའི་ལོ་རྒྱུས། ཡུན་དུ་བླ་མ་བསྟེན་པར་གདམས་པ་ཡོན་ཏན་དང་བཅས་པའོ། །དང་པོ་ནི། མཐར་ཆིབ་རྒྱུད་དགྲོལ། ཞེས་པ་ནས། གང་ཡིན་ནོར་གྱིས་བླུ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་མི་དམིགས་པའི་བློ་གྲོས་རྙེད་པས་བྱ་ལམ་བཞིན་ཅི་སྤྱོད་པ་སྐྱོན་དུ་མི་འགྱུར་ཞིང་བསླབ་པ་མཐར་ཕྱིན་པར་ཆིབ་ནས་ཤེས་རབ་ཀྱིས་རྒྱུད་གྲོལ་བ་ན་ཕྱིན་ཅི་ལོག་གི་ཡུལ་ཀུན་སྤངས་ཏེ། བདེ་བ་ཐོབ་པར་འགྱུར་བའི་ཕྱིར། དྲིན་ལ་ལན་དུ་བྱ་བ་དང་ཐོག་མར་མཉེས་པས་གནང་བར་བྱ་བའི་ཕྱིར། སྤྱིར་འཁོར་གསུམ་ཡོངས་དག་གི་མཆོད་པ་ཕུལ་ཞིང་། བྱེ་བྲག་ཟང་ཟིང་གི་དབང་དུ། རྒྱལ་སྲིད་དང་ནི་རང་གི་ལུས་དང་བུ་དང་ཆུང་མ་དང་ནོར་གྱི་དབྱིག་མཆོག་དམ་པ་དང་། མདོར་ན་རང་གིས་རབ་ཏུ་གཅེས་པ་དང་བླ་མའི་ཐུགས་ཡིད་དུ་འཐད་པའི་ནོར་མཆོག་དམ་པ་རྣམས་བླ་མ་དམ་པ་དེ་ལ་ལེགས་པར་དབུལ་བར་བྱའོ། །ཁྱད་པར་དུ་རང་གི་ལུས་ཀྱང་ཡོན་ཏན་དང་ལྡན་ན་གུས་པས་ཕུལ་ལ་སླར་ཅི་ལྟར་རིགས་པར་རིན་ཐང་གང་ཡ ིན་པའི་རིན་པོ་ཆེ་སོགས་ནོར་གྱིས་བླུ་བར་བྱེད་དོ། །བརྒྱད་ཀྱི་ཕྱོགས་གཅིག་པོ་འདིས་ཀྱང་མན་ངག་ཞུ་བའོ། །གཉིས་པ་ནི། དེ་ནས་ཇི་བཞིན། ཞེས་པ་ནས། གཤེགས་པའི་རྗེས་སུ་འགྲོ། །ཞེས་པའི་བར་གྱིས་བསྟན་ཏེ། མན་ངག་གནང་ནས་ཆུད་མི་གསན་པའི་ཕྱིར། གདམས་ངག་ཐོབ་ཅིང་དོན་རྙེད་མ་ཐག་པ་དེ་ནས་གནས་ཇི་བཞིན་གར་བདེ་བར། གསང་སྔགས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་རྣལ་དུ་འབྱོར་བར་ནང་དུ་ཡང་དག་འཇོག་ལ་ཞུགས་ཏེ་ཇི་ལྟར་བདེ་བ་ལྟར་བསྒོམ་པར་བྱའོ། །ཞེས་གདམས་པའོ། །དེ་བས་ན་སྔོན་གྱི་རྒྱལ་བ་དམ་པ་དག་དང་ད་ལྟར་གྱི་དབང་ཕྱུག་བླ་མ་དམ་པ་རྣམས་ཀྱང་། བདེ་བར་གཤེགས་པའི་ཡབ་བླ་མ་དམ་པ་བཤེས་གཉེན་མགོན་གྱི་རྗེས་སུ་འབྲང་ནས་ཐོབ་པ་ཡིན་པས་བདག་ཉིད་དེའི་རྗེས་སུ་འགྲོ་བར་བྱ་དགོས་སོ། །གསུམ་པ་ནི། སྔོན་གྱི་དམ་པ། ཞེས་པ་ནས། དམ་པ་མཉེས་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཇི་ལྟ་བུ་ཞེ་ན། སྔོན་གྱི་རྒྱལ་བ་དམ་པ་བདེ་གཤེགས་འདྲེན་པའི་དབང་པོ་རྣམས་ཀྱིས་ཀྱང་། དེད་དཔོན་དམ་པ་བླ་མ་རྡོ་རྗེ་སློབ་དཔོན་མཉེས་པར་བྱས་ནས་གསང་སྔགས་ཀྱི་མན་ངག་རྙེད་པ་དང་འཁོར་བའི་སྤྱོད་ཡུལ་གྱི་བྱ་བ་ཀུན་སྤངས་ནས་དགོན་པའི་བས་མཐར་གཤེགས་ཏེ་དོན་ལ་རྣལ་དུ་བཞག་སྟེ་བསྒོམ་པས་བླ་ན་མེད་པའི་འབྲས་བུ་རང་ཉིད་ལས་ཤར་ཏེ་བླ་མ་དམ་པ་དང་རྒྱལ་བ་ཀུན་དགྱེས་པ་བསྐྱེད་དེ་མཉེས་པར་བྱས་པའི་ཕྱིར་རྗེས་སུ་འཇུག་པ་རྣམས་ཀྱིས་ཀྱང་ཐེ་ཚོམ་མེད་པར་སྤྱོད་ཅིག་དང་དོན་གྲུབ་པར་འགྱུར་རོ། །ཞེས་པའོ། །བཞི་པ་ནི། དེས་ན་དེད་དཔོན། ཞེས་པ་ནས། དྲིས་ན་དམ་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་ཚུལ་དེ་ལྟར་དུ་ངེས་པ་དེས་ན། དུས་དེང་སང་གི་རྣལ་འབྱོར་བ་རྣམས་ཀྱིས་ཀྱང་། ནམ་དོན་གྱི་གདིང་དང་མ་ཕྲད་ཀྱི་བར་དུ་ཐར་པའི་དེད་དཔོན་དམ་པ་བླ་མ་དང་ནམ་དུའང་འབྲལ་བ་མ་ཡིན་ཏེ། ཇི་ལྟར་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་བློ་གྲོས་སྦྱངས་ནས་བླ་མ་ལ་བསྲུང་ཞིང་སྒོ་གསུམ་གྱིས་མཉེས་པའི་ཐབས་རྒྱས་པར་བརྒྱ་རྩ་བརྒྱད་པོ་དག་ལྟར་སྤྱད་ནས་དམ་པའི་གསང་དོན་ཞུས་ཏེ་དགོངས་པ་རྣལ་མ་དྲིས་ན་བུ་རང་ཉིད་ཀྱང་གསང་སྔགས་ལ་མཁས་པ་ཕུལ་དུ་ཕྱིན་ནས་གཞན་གྱི་སློབ་དཔོན་བྱེད་པའི་བླ་མ་དམ་པར་འགྱུར་རོ། །གསུམ་པ་ནི། ཇི་ལྟར་ཅང་ཤེས། ཞེས་པ་ནས། བྱ་བ་རབ་ཏུ་གཅེས། །ཞེས་པའི་བར་གྱིས་བསྟན་ཏེ། རྒྱུད་ཐོས་པས་དགྲོལ་བར་བསླབ་པའི་དཔེ་དོན་ཏེ། དཔེ་ཇི་ལྟར་ན་རྟ་རྒྱལ་ཅང་ཤེས་གྱི་ལིང་དག །སྡོམ་བྱེད་སྒྲོག་གིས་བཅིངས་པར་གྱུར་པ་དེ་ཉིད་བཀྲོལ་བར་བྱས་ཏེ་བདེ་བླག་ཏུ་བཏང་བར་གྱུར་ན་ས་དང་ནམ་མཁའི་ཅི་ལའང་ཐོགས་པ་མེད་པར་འགྲོ་བ་ལྟར། མཚོན་པའི་དོན་ཀྱང་སེམས་ཀྱི་ངོ་བོ་ཅང་ཤེས་ཀྱི་དབང་པོ་འདི་ཉིད་མི་ཤེས་མ་རིག་པས་བཅིང་བས་བཅིངས་པར་གྱུར་པ་ཉིད། བླ་མ་དམ་པས་རྣམ་གྲོལ་གསང་བའི་ཆོས་ཀྱིས་སྒོ་ཕྱེ་བས། ཤེས་རྒྱུད་ཀུན་ཏུ་གྲོལ་ནས་ཤེས་བྱ་ལ་ཐོགས་པ་མེད་པར་འགྲོ་བར་འགྱུར་རོ། །འདི་ནི་ཐོས་པའི་ཤེས་རབ་ཀྱིས་མི་ཤེས་རྨོངས་པའི་རྒྱུད་འགྲོལ་བའི་ཐབས་ཀྱིས། གཟུང་འཛིན་གྱིས་མདུད་པའི་བཅིང་པ་ལས་དགྲོལ་བ་སྟེ། ཤེས་པའི་རྒྱུད་རྣམས་གྲོལ་བའི་བསླབ་པ་རུ། གོམས་པར་བྱ་བ་ནི་རབ་ཏུ་གཅེས་པ་ཉིད་དོ། །བཞི་པ་ནི། ལང་ཀའི་བདག་པོ། ཞེས་པ་ནས། ཤེས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ། ཞེས་བོས་ནས། ཇི་སྐད་བཤད་པ་དེ་དག་ནི། ཤེས་བྱེད་རྒྱུད་ཀྱི་དོན་ཡོངས་སུ་དགྲོལ་བར་བསླབ་པའི་མཐའ་དམ་པ་ཉིད་ཡོངས་སུ་བགྲོས་པ་ཡིན་པར་ཤེས་པར་བྱའོ། །གསང་བ་པའི་བདག་པོས་དེ་སྐད་ཅེས་སྨྲས་པས། དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཀྱིས་དཔག་ཏུ་མེད་པའི་སངས་རྒྱས་རྣམས་སེམས་ཉིད་སྟོན་པའི་སློབ་དཔོན་དམ་པས་བསྐྲུན་པ་ལས་བྱུང་བར་ཤེས་པར་གྱུར་ཏོ། །ཞེས་དོན་གྱི་ངོ་བོ་བསྟན་པ་དང་། འཁོར་གྱིས་རྟོགས་པར་སྦྱར་བར་བྱའོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། བསྙེན་བཀུར་གྱི་གནས་བླ་མ་དམ་པ་མཆོག་གི་མཚན་ཉིད་དང་ཇི་ལྟར་བསྟེན་པའི་ཁྱད་པར་རྣམས་བསྟན་པའི་ལེའུ་སྟེ་དྲུག་ཅུ་རྩ་བདུན་པ་ཉིད་གསལ་བར་བཀྲོལ་བ་བསྟན་པའོ།། །།གསུམ་པ་སྒོ་མོ་ཀུན་ནས་བསྡུར་ཏེ་དོན་གནད་བསྡུ་བའི་བསླབ་པ་བུང་བ་ཚང་ཚོལ་བ་ལྟར་བཤད་པ་ལ་བཞི་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། བསླབ་པ་གཅེས་པར་གདམས་པ། ཞབས་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། དུ་མ་མང་པོར་གྱུར། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ནོ། །དེ་ནས་ཡང་འཆད་པའི་སྐྱེས་བུ་གསང་བ་པའི་བདག་པོས། འཁོར་དམན་པའི་ལུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་བསླབ་པ་གསུམ་པ་སྒོ་ཀུན་ནས་བསྡུར་བ་ཉིད་བཀའ་སྩལ་ཏེ་སྨྲས་པ། ཀྱེ་གྲོགས་པོ་དག །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གསང་སྒོ་དབྱེ་བར་བྱ་བ་ཉེ་བར་སྟོན་པ་ནི་འདི་ལྟ་སྟེ། གསང་སྔགས་ཀྱི་རང་བཞིན་ཆོས་རྣམས་ཀྱི་ཆོས་ཉིད་ཇི་བཞིན་པ་ཡི་གནས་ལུགས་ཡེ་ནས་མ་བསླད་པས་དེ་ཁོ་ན་ཉིད་མ་ནོར་མ་བཅོས་པར་དོན་མཆོག་མི་འགྱུར་བ་ཉིད་དུ་ངེས་པའི་ངོ་བོ་གཞིའི་གསང་དོན་ལ་ཡེ་ནས་གནས་པ་ནི་ལྟ་བ་ཐ་དད་འབྱུང་བའི་གཞིར་འགྱུར་པའོ། །འདིར་དེ་ཉིད་རྟོགས་པར་བྱ་བའི་ཐབས་ལ་གོལ་སྒྲིབ་ཀྱི་གཡང་ས་མེད་པར་བྱ་བའི་ཕྱིར། ལྟ་བ་མ་དག་པ་དང་དག་པ་ཐ་དད་སྨོས་པ་ནི་གང་སྙམ་པ་ལ། སྔ་མར་སྦྱངས་པ་དང་། ཡང་དག་པའི་རྐྱེན་གྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མ་ནོར་བར་རྟོགས་ཤིང་རིག་པ་དང་། རྟོག་པ་མང་པོས་བསླད་ཅིང་ཞེན་པས་དོན་མ་རྟོགས་ཤིང་མ་རིག་པ་ཡི་ལྟ་བའི་མཐོ་དམན་གཉིས་ཀྱི་རྣམ་པའི་ཁྱད་པར་ལ་བརྟེན་པ་ཡིས་སྒོ་ནས། སྔ་མ་ཡང་དག་པར་རིག་པའི་ཆོས་ཀུན་གྱི་དེ་ཁོ་ན་ཉིད་ཤེས་ནས་སྤྱོད་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྣམས་དང་། ཕྱི་མ་རིག་པར་ཀུན་ཏུ་རྨོངས་པའི་སྤྱོད་པ་རྣམ་པ་གཉིས་སུ་སྣང་བ་ལས་ནང་རིས་མི་མཐུན་པ་ཐ་དད་དུ་མ་མང་པོར་གྱུར་ཏེ་སྣ་ཚོགས་སུ་གྱེས་པའོ། །གཉིས་པ་ལ་གཉིས་ཏེ། འཇིག་རྟེན་པའི་ལྟ་བ་བསྟན་པ། འདས་པའི་ཐེག་པ་བཤད་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཤིན་ཏུ་རྒྱས་པར་བཤད་པའོ། །དང་པོ་ནི། རྨོངས་པ་རྣམ་པ། ཞེས་པ་ནས། པ་དང་ལོག་པར་ཤེས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་འཇིག་རྟེན་པ་ལས་ཐ་དད་དུ་གྱེས་པ་གང་ཞེ་ན། དོན་གང་ལ་རྐྱེན་ངག་གིས་སྒྲིབ་སྟེ་མ་ཤེས་པ་ནི། འཇིག་རྟེན་པའི་མ་རིག་པའི་ལྟ་བ་ལ་བརྟེན་པས་རྨོངས་པ་རྣམ་པ་གཉིས་སུ་སྣང་བ་དག་སྟེ། གང་རྐྱེན་དང་མ་འཕྲད་ཀྱང་རྒྱུ་འབྲས་ལ་མ་དཔྱད་པས་མི་ཤེས་པ་མ་རྟོགས་པ་དང་། རྐྱེན་དང་འཕྲད་དེ་དཔྱད་ཀྱང་ཕྱིན་ཅི་ལོག་པར་ཤེས་པ་ལོག་པར་རྟོག་པ་དང་གཉིས་སོ། །འདི་དག་ཕྱོགས་སྔ་ཕྱིས་མདོ་རྒྱས་སུ་འགྲེལ་པ་རིམ་པ་ལྔར་འགྱུར་རོ། །གཉིས་པ་ནི། མི་ཤེས་ཕྱལ་བ། ཞེས་པ་ནས། བྱུང་བ་ཞེས་ཀྱང་བཤད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ཡང་བདག་མེད་རྟོགས་པའི་ཤེས་རབ་ཀྱང་མ་སྐྱེས་ལ་ལས་རྒྱུ་འབྲས་ཀྱི་མཚན་ཉིད་ཀྱང་མ་རྟོགས་པས་མི་ཤེས་པ་ལའང་། བདག་དང་ཡུལ་གྱི་དངོས་པོར་ཞེན་ཅིང་ཆགས་པ་ཅན་གྱི་ཕྱལ་བ་དང་རྒྱང་འཕེན་གཉིས་དང་། ཕྱིན་ཅི་ལོག་གི་མུ་བཟུང་ནས་ཤེས་པར་བྱ་བའི་ཡུལ་དུ་རྟོག་པ་ལའང་། ཆད་པའི་མུར་ཐུག་པ་དང་། རྟག་པའི་མུ་ལ་སྟེགས་འཆའ་བ་དང་གཉིས་སོ། །དེ་ཡང་ཕྱལ་བ་ན། ཡང་དག་པའི་རྐྱེན་དང་ཤེས་རབ་མེད་པར་རྒྱུ་དང་འབྲས་བུ་ལ་ཀུན་ཏུ་རྨོངས་པའི་ལྟ་བ་ལ་ཞེན་ཆགས་ཅན་དང་། རྒྱང་འཕེན་ནི། འཇིག་རྟེན་གྱི་གསང་ཚིག་ལ་བརྟེན་ཅིང་ཚེ་འདི་གཅིག་པུའི་བཙན་ཕྱུག་དང་མཐུ་སྟོབས་ཀྱིས་ཕན་བདེ་བསྒྲུབ་པའི་ལོག་པའི་ལྟ་བ་ལ་སྲེད་པ་ཅན་ནོ། །མུར་ཐུག་པ་ནི། འཇིག་རྟེན་འདི་གང་ཙམ་ལས་ཚེ་སྔ་ཕྱི་ཁས་མི་ལེན་པས་ཆད་པའི་མུར་ཐུག་པའི་ཕྱིན་ཅི་ལོག་ལྟ་བ་ལ་རྟེན་པ་ཅན་དང་། མུ་སྟེགས་པ་ནི། འཇིག་རྟེན་སྔ་ཕྱི་ཡོད་ཀྱང་རང་བཞིན་དང་བྱེད་པ་པོ་རྟག་པར་ཁས་ལེན་པ་ཡིན་པས་རྟག་པའི་མུ་ལ་སྟེགས་འཆའ་བའི་ལོག་པར་ལྟ་བ་ཅན་ཞེས་བྱའོ། །མུ་སྟེགས་པ་དེ་ལའང་རང་བཞིན་གྱིས་ལོག་པར་དམུས་ལོང་ལྟ་བུ་དང་། གཞན་གྱི་རྐྱེན་གྱིས་ལོག་པ་འཕྲལ་དུ་ལོང་བ་ལྟ་བུ་དང་གཉིས་ཏེ་དེ་ལྟར་ལྔའོ། །ལོག་རྟོག་དེ་དག་ལ་ཡང་རྟག་ཆད་གཉིས་དང་ཐེག་པའི་ཞར་ལས་བྱུང་བའམ་ཞལ་ལས་བྱུང་བའི་ལོག་པ་ཞེས་ཀྱང་བཤད་དེ་གསུམ་དུའང་བཀའ་སྩལ་ཏོ། །གསུམ་པ་ལ་གཉིས་ཏེ། མི་ཤེས་པ་བཤད་པ། ལོག་པར་ཤེས་པ་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། མི་ཤེས་འདི་གཉིས་བཞིར་སྣང་བ། །ཞེས་པས་བསྟན་ཏེ། མི་ཤེས་པའམ་མ་རྟོགས་པ་ཕྱལ་བ་དང་རྒྱང་འཕེན་འདི་གཉིས་ཀྱི་རེ་རེ་ལའང་གཉིས་རེ་སྟེ་མ་རྟོགས་སྡེ་བཞིར་གྱེས་པར་སྣང་བ་གང་ཞེ་ནའང་འདི་ལྟ་སྟེ། ཞེས་པའོ། །གཉིས་པ་ལ་གཉིས་ཏེ། ཕྱལ་བ་བསྟན་པ། རྒྱང་འཕེན་བཤད་པའོ། །དང་པོ་ནི། དམན་རིགས་དང་ནི་རིགས་མ་ངེས། །ཞེས་པས་བསྟན་ཏེ། དང་པོ་ཕྱལ་བ་ལའང་དམན་པའི་རིགས་ཅན་གྱི་ཤེས་པ་མ་རིག་པས་མགོ་རྨོངས་ནས་གང་དུའང་མི་འཇུག་པ་དང་ནི། ཡང་དག་པ་དང་ལོག་པའི་ལྟ་བ་གང་དུའང་རིགས་མ་ངེས་པས་རྐྱེན་ལ་རག་ལས་ཏེ་འགྱུར་བ་ཅན་དང་གཉིས་སོ། །གཉིས་པ་ནི། རིགས་ཆད་འདུ་ཤེས། ཞེས་པ་ནས། འཛིན་པའི་ཞིང་དུ་སྣང་། །ཞེས་པ འི་བར་གྱིས་བསྟན་ཏེ། གཉིས་པ་རྒྱང་འཕེན་ལའང་། རིགས་ཆད་པས་བྱང་ཆུབ་ཀྱི་མྱུ་གུ་རྩ་བ་ནས་ཚིག་པ་ཅན་དང་། འདུ་ཤེས་ཅན་པ་འདི་དག་དང་གཉིས་སོ། །འདི་གཉིས་ནི། ཆོས་ཉིད་ཡང་དག་པའི་དོན་མཐོང་དུ་མི་སྟེར་བས་སྔར་འཇུག་སྒོ་མི་གསལ་བར་ཀུན་ནས་དཀྲིགས་པའི་མུན་པར་གྱུར་པ་ཉིད་དུ་བསྟན་པ་ཡིན་ནོ། །རྒྱང་འཕེན་གཉིས་པ་འདུ་ཤེས་ཅན་ལའང་དབྱེ་ན་བཞི་སྟེ། ཚེ་འདིའི་འཚོ་བ་དང་ལོངས་སྤྱོད་དང་མཐུ་དང་ལང་ཚོ་ལ་སོགས་པ་ལ་ཆགས་པའི་འདུ་ཤེས་ཅན་གྱི་འདོད་ཆེན་པ་དང་། གང་མོ་དང་བོན་གྱི་བྱ་བ་དང་ཉོ་ཚོང་དང་ལོངས་སྤྱོད་ལ་སོགས་པ་རྣམས་ཀྱི་ཕྱིར་མཚན་མའི་གཡེང་བ་འཇིག་རྟེན་གྱི་གཙུག་ལག་ལྟ་བུའི་འདུ་ཤེས་ལ་རྟེན་པའི་འདུ་ཤེས་ཅན་དང་། བདག་དང་འཁོར་གྱི་ཕྱིར་ལས་རྒྱུ་འབྲས་ལ་རྟེན་པར་ཚེ་འདིའི་ཁྱད་པར་གྱི་ཆེད་དུ་ཡ་ང་བའི་སྡིག་པ་སྤྱོད་དེ་ཕྱུགས་ཀྱི་མཆོད་སྦྱིན་སོགས་བྱེད་པའི་འདུ་ཤེས་ཅན་དང་། རང་གི་ལྟ་བ་ལོག་པར་འཁྲིགས་ཏེ། སྡིག་པ་སྤང་བ་དང་གཞན་གྱི་དགེ་བ་བྱེད་པ་ལ་སོགས་སངས་རྒྱས་པ་ལ་ཤིན་ཏུ་མོས་པ་ཅན་ཞེས་བཀའ་རྒྱུད་ལས་གྲགས་པ་ཡི་འདུ་ཤེས་ཅན་བཞི་པོ་རྣམས་ཏེ། འདི་དག་གཏན་ནས་རིག་ཆད་པ་མ་ཡིན་པར་བདེ་བར་གཤེགས་པའི་རྒྱུའི་བྱང་ཆུང་སེམས་ཀྱི་ས་བོན་ཙམ་འཛིན་པ་ཅན་ཡིན་པས་ལོག་པའི་རྐྱེན་དང་འཕྲད་ན་འཆིང་ཀྱང་ཡང་དག་པའི་རྐྱེན་དང་འཕྲད་ན་གྲོལ་ཐར་གྱི་རྟེན་ཡོད་པས་རྒྱལ་བའི་ཞིང་ཁམས་མི་མཇེད་འདི་ཉིད་དུ་སྣང་ཞིང་འབྱུང་སྟེ་བརྒྱུད་ནས་ལན་གཅིག་ཐར་པའང་ཐོབ་བོ། །འདི་དག་དང་རིགས་ཆད་དང་རྒྱང་འཕེན་ཉིད་དང་དྲུག་ནི་བཤད་པའི་ལོག་ཞེན་སྡེ་དྲུག་བརྒྱུད་པའོ། །ཞེས་པར་ཡང་འཇལ་ཏོ། །ཞེས་འགྲེལ་ཆེན་ཉིད་ཀྱི་དགོངས་པ་སྟེ། སྔར་ལེའུ་སོ་བདུན་པར་བཤད་པ་ནི་ཆོས་རྗེའི་ཕྱག་མཆན་གྱི་དགོངས་པའོ། །གཉིས་པ་ལ་གཉིས་ཏེ། རང་བཞིན་ལོག་པར་བསྟན་པ། གཞན་རྐྱེན་ལོག་པ་བཤད་པའོ། །དང་པོ་ནི། ལོག་པར་རྟོག་འདི། ཞེས་པ་ནས། ལོག་པས་ལོག་པ་ཉིད། །ཅེས་པའི་བར་གྱིས་བསྟན། རང་བཞིན་ལོག་པ་རྣམས་བསྟན་པའི་ཕྱིར། མུར་ཐུག་པ་དང་མུ་སྟེགས་ཀྱི་ལྟ་བ་རང་བཞིན་གྱིས་ལོག་པར་རྟོག་པའི་ནང་ནས་རིགས་མང་པོར་གྱེས་པ་རྣམས་ཏེ། འདི་ལ་བསྟིང་ཚིག་གིས་ངོ་མཚར་རམ་ཡ་མཚན་གྱི་མངོན་ཤེས་ལ་བརྟེན་ནས་སྒྲོ་བཏགས་པ་ཅན་ཡང་ཡོད་དོ། །དེ་དག་གང་ཞེ་ན། བརྒྱ་ཕྲག་གསུམ་དང་དྲུག་ཅུ་གཉིས། །ཉི་ཤུའམ། ཞེས་པ་རྣམས་མས་ནས་ཡར་བགྲང་སྟེ། ལྟ་ངན་དྲུག་ཅུ་པོ་དེ་ཉིད་སྟོན་པ་དྲུག་གིས་དྲུག་ཅུར་བཤད་པས་བརྒྱ་ཕྲག་གསུམ་སྟེ་སུམ་བརྒྱ་དང་དྲུག་ཅུའོ། །འདས་པའི་ཕུང་པོ་ལྔ་ལ་ཉི་ཤུ། ད་ལྟར་གྱི་ཕུང་པོ་ལྔ་ལ་ཉི་ཤུ། མ་འོངས་པའི་ཕུང་པོ་ལྔ་ལ་ཉི་ཤུ་སྟེ་དྲུག་ཅུ་དང་རྩ་བའི་རྟག་ཆད་གཉིས་སོ། །ཡང་ན་སུམ་བརྒྱ་ནི་ཕུང་པོ་ལྔ་རེ་རེ་ལ་སྡེ་བཅུ་བཅུར་ཕྱེ་བས་ལྔ་བཅུ། དེ་མུ་སྟེགས་ཀྱི་སྟོན་པ་དྲུག་གིས་འབྲས་བུ་ལྔ་བཅུར་བཤད་པས་སུམ་བརྒྱའོ། །ལྟ་བ་དྲུག་ཅུ་ནི། སྔོན་གྱི་མཐའ་ལ་རྟོག་པ་བཞི་བཅུ་རྩ་གཉིས་དང་། ཕྱི་མའི་མཐའ་ལ་རྟོག་པ་བཅོ་བརྒྱད་དེ། སྔོན་མུ་སྟེགས་ཀྱིས་མངོན་ཤེས་སྐྱེས་པའི་ལོ་རྒྱུས་ཀྱིས་བསྟན་པ་རྣམས་དང་། གཞི་མ་རྟག་ཆད་གཉིས་ཏེ་དྲུག་ཅུ་རྩ་གཉིས་སོ། །ལོག་པའི་རི་བོ་ཉི་ཤུ་ནི། ཕུང་པོ་ལྔ་ཡི་གཟུགས་གཅིག་པུ་ལའང་གཟུགས་བདག་ཉིད་ཡིན་པ་དང་། གཟུགས་བདག་གི་ཡིན་པ་དང་། གཟུགས་བདག་ལ་གནས་པ་དང་། གཟུགས་བདག་དང་ལྡན་པ་བཞིར་རྟོག་པ་དང་དེ་བཞིན་དུ་ཕུང་པོ་བཞི་རེ་རེ་ལའང་བཞི་བཞི་སྟེ་བཞི་ཕྲག་ལྔ་ལ་ཉི་ཤུའོ། །འདི་དག་ལ་དུས་གསུམ་ལོག་པའི་རི་བོ་ཉི་ཤུ་ཞེས་དུས་གསུམ་གྱི་ཕུང་པོ་ལ་རྟོག་པས་དྲུག་ཅུར་ཡང་འར་ཏེ་གོང་མ་དང་མཐུན་ནོ། །དེ་ལྟར་དབྱེ་བའམ། ཡང་སྟོན་པ་དྲུག་གིས་ལྟ་བའི་སྡེ་མི་མཐུན་པ་འོག་ནས། བཅོས་མར་སྤྱོད་དང་མུ་ཅོར་སྨྲ། །ལུང་གི་ཕྱོགས་ཙམ་བརྟེན་པ་དང་། །ཕྱོགས་ལོག་གོལ་དང་བསླབ་པ་འཆལ། །ཕྱོགས་ལྟོས་གཅོད་པ་རྣམ་བཞིར་གྲགས། །ཞེས་པས་ཕྱོགས་ལྟོས་གཅོད་པ་ཡན་ལག་དྲུག །དེ་རང་ལའང་ཕྲ་མེན་སྤྱོད། །ལུང་ལ་རྟེན་དང་རྟགས་ཙམ་འཛིན། །ཞེས་པ་ལྟར་ཕྲ་མེན་སྤྱོད་པ་དང་། སངས་རྒྱས་པའམ་ལོག་པའི་ལུང་ལ་བརྟེན་པ་དང་། ཐར་པ་ལོག་པར་རྟེན་པ་དང་། རྟགས་ཙམ་འཛིན་པ་བཞིའོ། །དེ་ལྟར་ལྟ་བའི་སྡེ་མི་མཐུན་པ་བཅུ་གསུངས་པ་དང་། འཇིག་པའི་ཚོགས་དང་མཐར་འཛིན་དང་། །ལོག་པར་འཛིན་དང་ལྟ་ཁྱད་ཅན། །རང་གི་བརྟུལ་ཞུགས་མཆོག་འཛིན་ཏེ། །རིགས་མི་མཐུན་པ་སྡེ་ལྔར་གྲགས། །ཞེས་པ་ལྟར་ལོག་ལྟ་དང་འཇིག་ཚོགས་ལ་སོགས་པ་ལྔ་དང་། ཡོད་དང་མེད་པའི་ཕྱོགས་འཛིན་ལས། །ཞེས་པས་གསལ་བ་ལྟར་གཞི་རྟག་ཆད་གཉིས་ལ་སོགས་པ་ལྟ་བའི་རི་བོ་གྲངས་ཐ་དད་ཅིང་རྣམ་པ་མི་མཐུན་པ་དུ་མར་སྣང་བ་རྣམས་སོ། །ཡོད་པ་རྟག་པའི་ཕྱོགས་དང་མེད་པ་ཆད་པའི་ཕྱོགས་སུ་འཛིན་པའི་སྡེ་གཉིས་ནི་ལྟ་བའི་གཞི་ཡིན་པས་རྩ་བ་འདི་ཉིད་དེ། ཆད་པ་འབྲིང་ཧས་པའི་ལུགས་ཚེ་འདིར་གློ་བུར་དུ་སྐྱེས་ལ་མཐའ་ཆད་པར་བསྒྲུབ་པ་དང་། རྟག་པར་ལྟ་བའི་ལུགས་ཀྱིས་སྙིང་གི་དཀྱིལ་ན་ཡོད་པའི་ངོ་བོ་དེ་གཏན་ཚིགས་ལྔ་དང་བཞིས་བསྒྲུབ་པ་དང་། ལས་ཞེས་འབྱུང་ཁུངས་ཀྱི་དོན་གྱིས་དེ་གཉིས་ནི་ལྟ་བ་ཐམས་ཅད་ཀྱི་རྩ་བའོ། །གཞི་དེ་ལས་ལྔར་གྱེས་པའི་ཕྱིར། ལོག་ལྟ་སྡེ་ལྔ་གང་ཞེ་ན། སྔར་བཤད་པའི། གང་དུ་དམུས་ལོང་ལམ་ཞུགས་པ། །ཡིད་ཀྱིས་གོམས་པའི་ཚད་དཔགས་ནས། །ཉམ་ངའི་ལམ་དུ་རྒྱུག་པ་ལྟར། །ཚོད་དཔག་ཙམ་ལ་གཙོར་འཛིན་འབྱུང་། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །གང་དུ་མུན་པས་ཟིན་པ་ཡིས། །བརྟུལ་ཞུགས་མཆོག་འཛིན་ལྔ་སྡེ་པའོ། །ཞེས་གསུངས་པའང་འདིར་འཇལ་ཏེ། གང་གིས་གང་འཇིག་པ་ལ་འཇིག་པའི་རྒྱུ་ཡོད་པས་ཕུང་པོ་ལྔའི་འཇིག་ཚོགས་ལ་ལྟ་བ་དང་། རྟག་ཆད་གང་ལ་འཛིན་པ་སྟེ་མཐར་ཡིན་ཀྱང་མ་རྟོགས་པས་མཐར་འཛིན་པར་ལྟ་བ་དང་། སངས་རྒྱས་མེད་པ་སོགས་ཡང་དག་པ་མ་ཡིན་པ་ལ་དེར་བཟུང་བས་ལོག་པར་འཛིན་པའི་ལྟ་བ་དང་། དེ་གསུམ་ལ་ལྟ་བ་ཁྱད་པར་ཅན་དུ་ཞེན་ནས་ཡང་དག་པ་ལ་སུམ་བཏོན་ཏེ་ང་རྒྱལ་དུ་བཟུང་བས་ལྟ་བ་མཆོག་ཏུ་འཛིན་པ་དང་། ཁྱི་ཕག་གི་བརྟུལ་ཞུགས་དང་། མེ་ལྔ་བསྟེན་པ་དང་། དབྱུག་གུ་ག སུམ་ལ་སོགས་རང་གི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམས་ཏེ། ལྟ་བའི་རིགས་མི་མཐུན་པ་སྡེ་ལྔར་གྲགས་པ་འདི་ནི་རྐྱེན་གྱིས་མ་བསྒྱུར་བར་ཐོག་མ་ཉིད་ནས་རང་བཞིན་གྱིས་ལོག་སྡེ་པར་གྱུར་པས་དམུས་ལོང་ལྟ་བུའི་ལོག་པ་ཉིད་དོ། །འདི་དག་ལེའུ་སོ་བདུན་པར་ནི། གསང་བ་ཉིད་ལས་གོལ་བའི་ལོག་པར་སྨྲ་བའི་ལོག་སྲེད་ཅན་དུ་གྱུར་པ་ཞེའོ། །གཉིས་པ་ལ་བཞི་སྟེ། མདོར་བསྟན་པ་རྒྱས་པར་བཤད་པ། ཤིན་ཏུ་རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། གཞན་རྐྱེན་ལོག་པ། ཞེས་པ་ནས། རྟེན་དང་རྟགས་ཙམ་འཛིན། །ཞེས་པའི་བར་གྱིས་བསྟན་ཏེ། ཞར་བྱུང་རུ་ངན་པ་ལ་སོགས་གཞན་རྐྱེན་གྱིས་བསླང་ནས་ལོག་ལྟར་གྱུར་བ་ལྟ་བ་དག་མ་དག་དང་དགེ་སྡིག་འདྲེས་མར་གྱུར་ཏེ་ཕྲ་མེན་དུ་སྤྱོད་པ་དང་། ཕྱིན་ཅི་མ་ལོག་པའི་ལུང་གི་ཤེས་རབ་དང་མན་ངག་གིས་མ་ཟིན་པར་སངས་རྒྱས་པའི་ལུང་གི་ཕྱོགས་ཙམ་མམ་ལོག་པའི་ལུང་ལ་བརྟེན་པ་དང་། རྟེན་སྐྱབས་ལོག་པའམ་ལོག་པའི་ཐར་པ་ལ་རྟེན་དུ་བཅས་པ་དང་། འདི་ནི་རྟེན་དང་སྐྱབས་ལོག་པས་ཕྱོགས་ལོག་གོལ་བ་དང་བསླབ་པ་འཆལ་བའོ། །དོན་ལོག་པར་གནས་ཀྱང་། གསང་བའི་ཚིག་དང་གསང་རྫས་འཆང་བའམ་ཆོས་གོས་ལ་སོགས་པ་སངས་རྒྱས་པའི་རྟགས་ཙམ་འཛིན་པ་དང་བཞིའོ། །གཉིས་པ་ནི། བཅོས་མར་སྤྱོད་དང་། ཞེས་པ་ནས། གཅོད་པ་རྣམ་བཞིར་གྲགས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལའང་སྤྱིར་ཡན་ལག་དྲུག་སྟེ། ལོག་སྡེ་པ་དང་ཆ་མཐུན་གོལ་བའི་རྣམ་གྲངས་གཉིས་ཉིད་དེ། དངོས་རྣམ་པ་དྲུག་གི། རྐང་པ་དང་པོ་ལ་ལོག་པའི་སྤྱོོད་པ་ལ་ཡང་དག་ཏུ་རློམ་ནས་བཅོས་མར་སྤྱོད་པ་དང་མི་བདེན་པའི་གཞུང་ལ་བརྟེན་ནས་རང་ལ་དོན་དང་མཐུན་པའི་རིགས་པ་མེད་པར་གང་རུང་རུང་གི་མུ་ཅོར་སྨྲ་བ་དང་གཉིས་ཏེ། ཕྱི་མ་འདི་ལས་མུ་ཅོར་སྨྲ་བ་བཞི་སྡེ་པའོ། །ཞེས་པར་ཡང་དབྱེ་སྟེ་དོན་འོག་ནས་འབྱུང་བ་དང་ཕྱོགས་ལོག་ཏུ་མཐུན་ནོ། །རྐང་པ་གཉིས་པ་ལ་སངས་རྒྱས་པའི་ལུང་གི་ཕྱོགས་ཙམ་ལ་རྟེན་ཏེ་སྡེ་སྣོད་ལས་གོལ་བ་དང་ལོག་པའི་ལུང་ལ་རྟེན་པས་གོལ་བ་སྟེ་དོན་ལོག་པ་གཅིག་ཏུ་གྱུར་པ་དང་། རྐང་པ་གསུམ་པ་ལ། བདེན་རྫུན་ལ་མི་འཛེམ་པར་སྨྲ་བའི་ཕྱོགས་ལོག་གོལ་བ་དང་། བསླབ་ཐབས་ལོག་པས་བསླབ་པ་འཆལ་བ་གཉིས་སོ། །རྐང་པ་བཞི་པ་ལ། ཡང་དག་པའི་ལམ་གྱི་གསང་བའི་ཕྱོགས་ཙམ་ལ་ལྟོས་ནས་བདག་ཏུ་འཛིན་ཏེ་ལོག་པར་གཅོད་པ་སྟེ། འོག་ནས་འབྱུང་བའི་ཕྱི་རོལ་པ་དང་། ཡང་དག་པ་དང་། གསང་སྔགས་པ་དང་། གསང་ཆེན་པ་སྟེ་ཞར་བྱུང་རྣམ་པ་བཞིར་གྲགས་སོ། །གསུམ་པ་ལ་གསུམ་སྟེ། ཕྲ་མེན་སྤྱོད་པ། ལུང་ལོག་པ། རྟགས་ཙམ་འཛིན་པའོ། །དང་པོ་ལ་གཉིས་ཏེ། བཅོས་མར་སྤྱོད་པ། མུ་ཅོར་སྨྲ་བའོ། །དང་པོ་ནི། བཅོས་མ་གཞན་ལས། ཞེས་པ་ནས། རྣམ་པར་མི་གཡེང་ལྟ། །ཞེས་པའི་བར་གྱིས་བསྟན་ཏེ། ཕྱོགས་ཕྱི་མ་རྒྱས་པའི་ཡན་ལག་ཏུ་འགྲེལ་པ་ནི། དང་པོ་མུ་སྟེགས་བཅོས་མ་ལ་སྤྱོད་པར་ཡང་གཉིས་ཏེ། གཞན་སྟོན་པ་དྲུག་གམ་བདག་གི་བ་ལས་གྱུར་པ་དང་། གསང་སྔགས་སམ་བདག་ཉིད་འདི་ལས་གྱུར་བ་གཉིས་ཁོ་ནའོ། །དེ་ཡང་ཉིད་ཀྱི་ཡན་ལག་གཞན་ལས་གྱུར་བའི་ལྟ་ངན་ནི། ལོག་པའི་གནས་ལ་བདག་གིར་འཛིན་པ་དང་། སྡིག་པའི་འཁོར་ལ་བདག་གིར་འཛིན་པ་དང་། ལོག་པའི་ཡོ་བྱད་ལ་བདག་གིར་འཛིན་པ་དང་། སྲིད་པའི་ནོར་ལ་བདག་ཏུ་འཛིན་པ་དང་། ལོངས་སྤྱོད་ཀྱི་ཁྱད་པར་ལ་བདག་གིར་འཛིན་པ་ལྔ་དང་ལྡན་པའི་ལྟ་བ་ཅན་ཏེ། དངོས་པོ་དེ་ཉིད་ཀྱིས་གཞན་ལས་གྱུར་པའི་རྩ་བའི་མིང་ཡང་ངེས་པར་འགྲུབ་བོ། །འདི་ལས་གྱུར་པའང་བདག་གི་སྔ་མ་ལ་ཅི་བྱས་པ་དྲན་པའི་ཕྱིར། དྲན་པའི་སེམས་པ་རྟག་པར་ལྟ་བ་དང་། དེ་ལ་ལྟོས་ཤིང་བདག་གིར་འཛིན་ཏེ། དེ་ལ་ཀུན་འབྱུང་བའི་བྱེད་རྒྱུ་རྡུལ་དང་མུན་པ་སྙིང་སྟོབས་དག་གིས་འགྱུར་བ་བདག་གིར་གྱུར་པས་རང་བཞིན་གྱི་རྟག་པའི་རྒྱུར་ལྟ་བ་དང་། རྒྱུར་ལྟ་བ་དེའང་དྲན་པ་རྟག་པ་ལ་ལྟོས་པ་མིན་པས་ཆོས་ཐམས་ཅད་དང་རྒྱུ་འབྲས་མེད་པར་ཤེས་པས་ལན་ཅིག་སྣང་བའི་མཐའ་མེད་པར་འདོད་པ་དང་། དེ་རང་ཡང་མཐའ་མེད་པར་ཤེས་ཏེ་སྟོང་པ་འབའ་ཞིག་ཏུ་ལྟ་བ་དང་། བདག་ཏུ་ལྟ་བ་ལ་བརྟེན་ནས་སྣང་ལ་མི་རྟོག་པ་ལ་སོགས་པ་བསྒོམ་ནས་ཀུན་ནས་རྣམ་པར་མི་གཡེང་བར་དོན་རྟོགས་པ་མེད་པར་དབང་པོ་བསྡམས་ཏེ་རྩེ་གཅིག་ཏུ་ལྟ་བ་མུ་སྟེགས་ཀྱི་བསམ་གཏན་ལ་གནས་པ་སྙོམས་པར་འཇུག་པ་བདུན་སྡེབ་ལྟ་བུ་སྟེ། དང་པོ་གཉིས་དང་། ཐ་མ་རྟག་ལྟའི་བྱེ་བྲག་དང་བར་པ་གཉིས་ཆད་ལྟ་བྱེ་བྲག་པའོ། །གཉིས་པ་ནི། གང་དུ་ཤེས་པ། ཞེས་པ་ནས། ཚེ་འདི་མྱ་ངན་འདས། །ཞེས་པའི་བར་གྱིས་བསྟན་ཏེ། མུ་ཅོར་སྨྲ་བ་བཞིའང་མི་བདེན་པའི་གཞུང་སྨྲ་བས་མིང་ངེས་པར་འགྲུབ་སྟེ། དེ་ཡང་གང་དུ་རྣམ་པར་ཤེས་པ་གཉེན་པོ་མེད་པའི་རྟག་པའི་རྫས་སུ་ཡོད་པར་སྨྲ་ཞིང་དེ་ལ་ལྟ་བ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལྟ་བུ་སྟེ། ང་ནི་རྟག་ལ་བློ་ནི་འགྱུར། །འཇིག་རྟེན་འདི་ནས་ཕ་རོལ་ཏུ། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །རྫ་བཅག་བྱེའུ་འཕུར་ཇི་བཞིན་དུ། །རྟག་པ་ཐེ་བོང་ཡུངས་འབྲུ་ཙམ། །བདག་ཅེས་བྱ་བ་དེས་ལེན་ཏོ། །ཞེས་སྨྲ་བར་བྱེད་པ་དང་། དེ་བཞིན་དུ་རྣམ་པར་ཤེས་པའང་རྫས་སུ་མ་གྲུབ་པའི་ཕྱོགས་ནས་བལྟས་པས་ཅི་ཡང་མེད་པར་སྨྲ་བའི་ལྟ་བ་ཅན་ཅི་ཡང་མ ེད་པའི་སྐྱེ་མཆེད་ལྟ་བུ་དང་། ད་ལྟར་གྱི་ཚེ་འདི་ལ་བཟང་ངན་གང་དུ་སྣང་བ་ཀུན་ཡུལ་མེད་པར་རྟག་པའི་ངོ་བོ་འདི་ལས་འབྱུང་ཞིང་གྱུར་བར་ལྟ་བ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལྟ་བུ། དངོས་པོ་འདི་དག་གང་དུ་ཡོད་པར་འགྱུར་རམ་མེད་པར་འགྱུར་ལྟ་བའང་ཡོད་ན་རྟག་ལ་མེད་ན་ཆད་པའི་ཕྱིར་འདུ་ཤེས་ནི་ཡོད་པའང་མིན་མེད་པའང་མིན་པར་ལྟ་བ་ཡོད་མིན་མེད་མིན་སྐྱེ་མཆེད་ལ་སོགས་པ་དཔེ་དཔེ་ཅན་བརྒྱད་དུ་ལྟ་བ་དག་དང་། བདག་གི་ད་ལྟར་གྱི་ཚེ་འདི་ཡོད་ལ་ཤི་ནས་ཚེ་ཕྱི་མ་ཕན་ཆད་མེད་པར་ལྟ་བས་སྤྱོད་ཡུལ་འདི་ཀུན་ཀྱང་མྱ་ངན་ལས་འདས་ཏེ་ཕྱིར་མི་སྐྱེ་བར་འདོད་པའོ། །འདི་ཉིད་གསུམ་པ་དང་ཕྱོགས་གཅིག་གོ། །དེས་ན་བཤད་པ་ལས་ནི། མུ་ཅོར་སྨྲ་བ་སྡེ་བཞི་པའོ། །ཞེས་གསུངས་པས་འདིར་དེ་དོན་བརྟག་པར་གཅེས་སོ། །གཉིས་པ་ནི། གང་འདིར་ཕྱོགས་ཙམ། ཞེས་པ་ནས། ཡིན་པ་མ་ཡིན་ཉིད། །ཅེས་པའི་བར་གྱིས་བསྟན་ཏེ། ལུང་ལོག་པ་གང་འདིར་ཡང་རྒྱལ་བའི་ལུང་གི་ཕྱོགས་ཙམ་ལ་བརྟེན་ནས་ཅི་ཡང་མ་ཡིན་པར་ཡིད་ལ་བྱེད་པ་ནི། གང་ཡོད་པའང་མ་ཡིན་ལ་མེད་པའང་མ་ཡིན་ཏེ་ཅི་ཡང་མ་ཡིན་པ་ཉིད་ཀྱང་མ་ཡིན་པ་ཞིག་བདག་ཏུ་ཡོད་པར་འདོད་པ་སྟེ། རིན་པོ་ཆེ་གཏེར་གཏད་པ་ལས། ལ་ལས་ལུང་ཙམ་ལ་བརྟེན་ནས། །ཐམས་ཅད་ཅི་ཡང་མ་ཡིན་ལ། །མ་ཡིན་པ་ཡང་མ་ཡིན་འདོད། །འདི་ནི་བསྒྱུར་དཀའ་ཉེན་ཆེ་ལ། །སླུ་བྱེད་ལམ་གྱི་གཟུགས་བརྙན་ཡིན། །ཞེས་པ་ལྟར་རོ། །གསུམ་པ་ལ་གསུམ་སྟེ། ཕྱོགས་ལོག་གོལ་བ། བསླབ་པ་འཆལ་བ། ཕྱོགས་ལྟོས་གཅོད་པའོ། །དང་པོ་ནི། ཕྱོགས་ལོག་གོལ་བར། ཞེས་པ་ནས། རྟེན་པ་དྲག་པོའོ། །ཞེས་པའི་བར་གྱིས་བསྟན་ཏེ། རྟེན་སྐྱབས་དང་ལྟ་བའི་ཕྱོགས་རིལ་ལོག་པས་གོལ་བར་འཕྱན་ཏེ་ལོག་པའི་དབང་དུ་གང་དེ་དག་གྱུར་པའི་ངེས་ཚིག་ཀྱང་འགྲུབ་སྟེ། དེའི་འདོད་གཞུང་བསྟན་པའང་གཉིས་ཏེ། སྟོན་པ་དྲུག་ལྟ་བ་མི་མཐུན་པའི་སྡེའམ། འཆད་པའི་ལྟ་བའི་སྡེ་དྲུག་གི་བྱེ་བྲག་སོ་སོ་ཐ་དད་ཀྱི་ཕྱོགས་སུ་འདོད་པ་དང་། སྤྱིར་མུ་སྟེགས་ཀྱི་ལྟ་བ་གང་ལྟར་ཤེས་ཤིང་རིག་ཀྱང་སྐྱོན་མེད་དེ། དེས་ཐར་པའི་འབྲས་བུ་ཐོབ་པར་ལྟ་བ་དང་གཉིས་སུ་འདོད་པའོ། །དེ་ལ་ཁས་བླངས་པའི་སྡེ་དྲུག་དངོས་ནི། རྒྱུར་ལྟ་བའི་སྡེ་ལའང་བྱེད་པ་པོ་རྒྱུར་ལྟ་བ་དང་། དུས་རྒྱུར་ལྟ་བ་དང་། ངོ་བོ་ཉིད་རྒྱུར་ལྟ་བ་དང་། རང་བཞིན་རྒྱུར་ལྟ་བ་དང་། དབང་ཕྱུག་རྒྱུར་ལྟ་བ་དང་། རྡུལ་ཕྲ་རབ་རྒྱུར་ལྟ་བ་དྲུག་ལས། འདིར་བྱེད་པ་པོ་རྒྱུར་ལྟ་བ་དང་པོའོ། །སྤྱོད་པ་ཁྲུས་དང་གཙང་སྦྲ་འབའ་ཞིག་སྤྱད་པས་དག་པར་ལྟ་བ་གཉིས་པའོ། །འཚོ་བ་བཟང་བཏུང་བཅོས་ཏེ་ཟས་གཅིག་གམ་གཙང་མ་ཤ་སྟག་ཟོས་པས་དག་པའམ་ཐར་བར་ལྟ་བ་དང་གསུམ་མོ། །རྒྱུན་གྱི་དུས་ཐམས་ཅད་དུ་ཆ་ལུགས་བཅོས་ནས་སྤྱོད་པས་ཐར་པར་ལྟ་བ་ལའང་། ལྷྭམ་དང་གོས་ཁ་དོག་བསྒྱུར་ཞིང་བཅོས་པས་དག་པར་ལྟ་བ་དང་བཞིའོ། །འདི་ལ། རྒྱན་ལ་ལྷྭམ་དང་གོས་བཅོས་པ། །ཞེས་པའང་བཞུགས་སོ། །གཅེར་བུ་དང་སྐྲ་དང་ཁ་སྤུ་འཆོས་ཤིང་བྲེགས་པ་དང་། རལ་པར་བྱས་ནས་གནས་པ་སྟེ་མདོར་གཅེར་བུ་པ་དང་། མ་ཕམ་སྐྲའི་ལྭ་བ་ཅན་ལྟ་བུའོ། །ལུས་ལ་ཐོད་པའི་རུས་པ་དང་ཐལ་བས་བརྒྱན་པའི་རྒྱན་ཅན་པ་དང་ལྔའོ། །ཡང་ན་རྒྱུར་ལྟ་སོ་སོ་ཐ་དད་ལ་སྦྱར་ནས་འ དི་གཉིས་ལོགས་སུ་བགྲང་བར་བཞེད་པའང་ཡོད་དོ། །བྱ་དང་ཁྱི་དང་མི་ལྔ་བརྟེན་པ་དང་ཉི་ཟླ་བཟུང་བ་དང་། ཆུ་མི་བཏུང་བ་ལ་སོགས་པའི་དཀའ་ཐུབ་རྟེན་པ་དྲག་པོ་བྱེད་པའོ། །དེའང་བྱེད་པ་པོ་རྒྱུ་ནི་ཐམས་ཅད་ཀྱི་ལྟ་གཞི་སྟེ་དོན་ལ་གཞན་དྲུག་གོ། །གཉིས་པ་ནི། བསླད་པས་འཆལ་བ། ཞེས་པ་ནས། ཡོངས་སུ་འཆལ་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལྟ་ངན་གྱི་སེལ་ཞུགས་ཏེ་བསླད་པའི་གཞུང་ངན་པ་ལ་བསླབ་པས་ཤེས་པ་འཆལ་བ་གང་འདི་ལ་གསུམ་སྟེ། དབང་ཕྱུག་རྒྱུར་ལྟ་བ་དག་འཇིག་རྟེན་འདི་ལ་ཕྱའམ་དབང་ཕྱུག་བསྟེན་པས་དག་པར་ལྟ་སྟེ་ཕྱིའི་དབང་ཕྱུག་ལ་རྟེན་དུ་རྟོག་ནས་དེས་མཐོ་རིས་དང་ངན་སོང་དུ་གཏོང་བར་འདོད་དེ། གང་ཞིག་ཕྲ་རྒྱུ་གཅིག་པུ་སྐྱེ་གནས་འདུག །དེ་ཡིས་འདི་ཀུན་སྐྱེ་ཞིང་འཇིག་པར་བྱེད། །སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །དབང་ཕྱུག་གིས་བཏང་ཡང་ན་གཡང་སའམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་བྱེད། །ཅེས་འབྱུང་བ་ལྟ་བུར་འདོད་པ་དང་། རྡུལ་ཕྲ་རབ་རྒྱུར་སྨྲ་བ་བས། དང་པོར་འཇིག་རྟེན་ཆགས་པའི་ཚེ་རྡུལ་ཕྲ་རབ་ཀྱི་རྫས་འདུས་པ་ལས་ལྷ་ཚངས་པའི་སྒོ་ང་ཤིན་ཏུ་འོད་འབར་བ་ཞིག་བྱུང་ནས་དེ་སྨིན་པ་ལས་ལྷ་ཚངས་པ་ཆེན་པོ་གདོང་བཞི་ལ་རལ་པ་ཅན་ཞིག་བྱུང་ནས་འཇིག་རྟེན་ཐམས་ཅད་བྱས་ཏེ་ཆགས་པར་འདོད་པ་དང་། ཆོས་མི་དགེ་བ་ལུས་ངག་གི་བདུན་བསྲུང་བའི་ཁྲིམས་ཀྱིས་ལྷའི་བྱིན་ཆགས་ཤིང་བཀྲ་ཤིས་པའི་མཚན་མ་ཐོབ་པར་འདོད་པ་དང་གསུམ་སྟེ། དེ་དག་ནི་འཁོར་བའི་འཇིགས་པ་ལས་སྐྱབས་པའི་རྟེན་ལོག་པས་བསླབ་པ་ཡོངས་སུ་འཆལ་བའི་དབང་དུ་གྱུར་པའོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ཕྱོགས་ལྟོས་གཅོད་པ། ཞེས་པ་ནས། པ་དང་གསང་ཆེན་པོའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་དག་པའི་ལམ་གྱི་ཕྱོགས་སུ་སྤྱི་ཡུད་ཙམ་ལ་ལྟོས་ནས་བདག་འཛིན་དང་མ་བྲལ་བའི་ཕྱིར་རང་གི་གྲུབ་མཐའ་ལོག་པར་གཅོད་པ་གང་ཞེ་ན། མཚན་ཉིད་ཀྱི་ཐེག་དམན་ལས་གོལ་བའི་ཕྱི་རོལ་པ་དང་། ཐེག་ཆེན་མདོ་སྡེ་ལས་གོལ་བ་ཡང་དག་པ་དང་། ཕྱི་རྒྱུད་ལས་གོལ་བ་གསང་སྔགས་པ་དང་། ནང་རྒྱུད་ལས་གོལ་བར་གསང་ཆེན་པའོ། །གཉིས་པ་ལ་བཞི་སྟེ། ཕྱི་རོལ་པ་བསྟན་པ། ཡང་དག་པ་བཤད་པ། གསང་སྔགས་པ་བསྟན་པ། གསང་ཆེན་པ་བཤད་པའོ། །དང་པོ་ནི། གང་འདི་ཕྱི་རོལ། ཞེས་པས་ནས། གཅིག་ཕྱོགས་གཅོད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། གང་འདིར་མུ་སྟེགས་ཕྱི་རོལ་པ་ལ་ཡང་རྣམ་པ་གསུམ་སྟེ། ཉན་ཐོས་བྱེ་སྨྲ་ལས་གོལ་ཏེ་རྡུལ་ཕྲ་རབ་དང་དུས་གསུམ་རྟག་པར་འདོད་པ་མུ་སྟེགས་བྱེ་བྲག་པ་དང་། ཉན་ཐོས་མདོ་སྡེ་པ་ལས་གོལ་ཏེ་འདུས་པའི་ཐ་སྙད་ཀྱི་རང་བཞིན་ཐ་དད་དུ་རྟག་པར་འདོད་པ་མུ་སྟེགས་ཐ་སྙད་པའམ་མདོ་སྡེ་པ་དང་། རང་རྒྱལ་ལས་གོལ་ཏེ་ཡུལ་མེད་པའི་ཤེས་པ་རྟག་པར་འདོད་པ་མུ་སྟེགས་རང་སངས་རྒྱས་པའམ། རང་སྣང་གཅིག་གི་ཕྱོགས་གཅོད་པ་སྟེ། དེ་དག་གི་ལྟ་བ་དང་གཞི་མཐུན་པ་ལ་བདག་འཛིན་དང་མ་བྲལ་བའི་ཆ་མཐུན་པའོ། །གཉིས་པ་ནི། ཡང་དག་ཕྲ་དང་། ཞེས་པ་ནས། ཡངས་པ་དེ་ཁོ་ན། །ཞེས་པའི་བར་གྱིས་བསྟན་ཏེ། ལྟོས་ནས་བཏགས་པའི་མུ་སྟེགས་ཡང་དག་པ་ལའང་གསུམ་སྟེ། སེམས་ཙམ་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་ལས་གོལ་ཏེ་རྣམ་བཅས་དང་རྣམ་མེད་ཀྱི་ཤེས་པ་གཉིས་ཀ་རྟག་པར་སྨྲ་བ་མུ་སྟེགས་ཙེན་མིན་ཡང་དག་ཕྲ་བ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་ལས་གོལ་ཏེ། གློ་བུར་ལ་ཅིའང་མ་ཡིན་པ་གཅིག་རྟག་པར་སྨྲ་ཅིང་ཡིད་ལ་བྱེད་པ་མུ་སྟེགས་ཙེན་མིན་ཟབ་པ་བ་མདོ་སྡེ་སྤྱོད་པའི་དབུ་མ་བ་དང་། གཞུང་ཕྱི་མོའི་དབུ་མ་ལས་གོལ་ཏེ། ཅི་ལ་ཡང་མི་གནས་པས་ཉིད་དུ་ཡིད་ལ་བྱེད་པ་མུ་སྟེགས་རྒྱ་ཆེ་ཡངས་པ་དེ་ཁོ་ན་ཏོན་མིན་གཞུང་ཕྱི་མོའི་དབུ་མ་པ་སྟེ། ཡང་དག་པའི་ཐེག་པ་གསུམ་དང་ལྟ་བའི་ཆ་མཐུན་པ་དེ་ཉིད་བདག་ཏུ་འཛིན་པའི་ཕྱིར་གོལ་བར་སྦྱར་རོ། །གསུམ་པ་ནི། གསུང་སྔགས་རིག་བྱེད། ཅེས་པ་ནས། དམ་པར་ཕྱོགས་ལྟོས་གཅོད། །ཅེས་པའི་བར་གྱིས་བསྟན་ཏེ། ཆ་མཐུན་པའི་མུ་སྟེགས་གསང་སྔགས་པ་ལའང་གསུམ་སྟེ། ཀྲི་ཡ་ལས་གོལ་ཏེ་རིགས་གསུམ་རྟག་པར་འདོད་པ་མུ་སྟེགས་རིག་བྱེད་ཀྲི་ཡ་པ་དང་། སྤྱོད་རྒྱུད་ལས་གོལ་ཏེ་ལྟ་སྤྱོད་གཉིས་མེད་དུ་འཛིན་པའམ་ལྟ་སྤྱོད་ཐ་དད་རྟག་པར་འདོད་པ་མུ་སྟེགས་རིགས་སྤྱོད་ཨུ་པ་ཡ་དང་། རྣལ་འབྱོར་ལས་གོལ་ཏེ་སེམས་རྟག་པའི་བྱིན་རླབས་ལྷར་སྣང་བའང་རྟག་པར་འདོད་པ་མུ་སྟེགས་པའི་རིགས་སྦྱོར་ལོག་པ་སྤྱོད་པ་གཙོར་མི་བྱེད་པ་སྤྱི་ཡུད་ཙམ་དུ་ཏིང་ངེ་འཛིན་དམ་པར་ཕྱོགས་ལྟོས་ཏེ་དེ་འབའ་ཞིག་གཅོད་ཅིང་གཙོར་སྤྱོད་པའོ། །བཞི་པ་ནི། གསང་ཆེན་བརྟུལ་ཞུགས། ཞེས་པ་ནས། པ་དང་རྒྱལ་ཐབས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། མུ་སྟེགས་གསང་སྔགས་པ་ལས་ཁྱད་པར་དུ་གྱུར་པ་གསང་ཆེན་པ་ལའང་གསུམ་སྟེ། མ་ཧཱ་ལས་གོལ་ཏེ་དམ་རྫས་ལ་བླང་དོར་མེད་པར་སྤྱོད་ཅིང་ཐབས་ཤེས་རབ་རྟག་པར་འདོད་པ་མུ་སྟེགས་བརྟུལ་ཞུགས་ཆེར་སྤྱོད་མ་ཧཱ་ཡོ་ག་པ་དང་། ཨ་ནུ་ཡོ་ག་ལས་གོལ་ཏེ་རྒྱལ་པོ་ཨ་ཏི་ཡོ་གའི་རྗེས་སུ་དཔོགས་ཏེ་འཇུག་པས་དབྱིངས་དང་ཡེ་ཤེས་རྟག་པར་འདོད་པ་མུ་སྟེགས་རྒྱལ་དཔོགས་པ་ཨ་ནུ་ཡོ་ག་པ་དང་། ཨ་ཏི་ཡོ་ག་ལས་གོལ་ཏེ་དགོངས་པ་མཐའ་ཐུག་བྱ་བ་དང་བྲལ་བའི་ངོ་བོ་རང་བྱུང་ཡེ་ཤེས་སུ་འཛིན་ཅིང་ཐམས་ཅད་ཀྱི་བདག་པོར་འདོད་པ་མུ་སྟེགས་རྒྱལ་ཐབས་པ་ཨ་ཏི་ཡོ་ག་པའོ། །འདི་དག་གི་ལྟ་བའི་གཞུང་ནི་བསྒྲུབ་མི་དགོས་ཏེ་ཡང་དག་པའི་ལམ་གྱི་ལྟ་བ་ལ་བདག་འཛིན་ཅན་གྱི་ཞེན་པ་སྟེ། ཡང་དག་པའི་ལྟ་བ་དང་སྐད་ཚུལ་ཇི་ལྟ་བ་གཅིག་ཀྱང་རྟོག་འཛིན་གྱིས་ཕྱེ་བའོ། །མུ་སྟེགས་འདི་དག་ནི་དུས་དེང་སང་གི་ལམ་པར་ཁས་འཆེས་པ་དག་ལའང་ཤིན་ཏུ་མང་ངོ་། །དེ་བས་ནན་ཏུར་དུ་བྱ་ཞིང་བཤད་པའི་བླ་མ་དག་ལ་གཏུགས་ཏེ་སྒོ་ཀུན་ནས་བསྡུར་བར་རིགས་སོ། །བཞི་པ་ནི། ཞར་ལས་བྱུང་བ། ཞེས་པ་ནས། བྱུང་བའང་དེ་བཞིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་དག་པའི་བསྟན་པའི་ཞར་ལས་བྱུང་བའི་མུ་སྟེགས་ཕྲ་མེན་པ་ཡན་ཆད་གང་འདི་དག་ལ་བྱེ་བྲག་གི་རྣམ་གྲངས་མང་པོ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་ཞིང་སྤྱིར་ཡོད་ཀྱང་། འདིར་མུ་སྟེགས་གསང་སྔགས་པ་ཆེ་ཆུང་དྲུག་མན་ཆད་ཀུན་བཤད་པའི་རྩ་བ་བཞི་ཡན་ལག་དྲུག་སྟེ་སྡེ་བཅུར་རྫོགས་ཤིང་འདུས་པར་བརྩི་བ་ཡང་རང་བཞིན་ལོག་པ་དང་གཞན་རྐྱེན་ལོག་པའི་ཆ་ལས་གྱུར་པ་སྟེ། འགྲེལ་པ་ལུང་བསྟན་ནས་ཕྱི་རོལ་གསུམ། གསང་བ་གསུམ། གསང་ཆེན་གསུམ། ཡང་དག་གསུམ་གཅིག་ཏུ་བརྩིས་པ་རྣམས་སུ་གསུངས་པར་བཤད་དོ། །དེ་ལྟ་བུ་གང་དེ་དག་བདག་ཏུ་ལྟ་བ་ལ་གནས་ཏེ། རང་རང་གི་ལྟ་པའི་མུ་འཛིན་ཞིང་ཞེན་པ་དེ་དག་ནི་དོན་ཐོག་ཏུ་མ་ཕེབས་པས་རྟགས་ལ་འཛིན་པ་ཙམ་ལས་བྱང་ཆུབ་འགྲུབ་པའི་རྒྱུ་ཙམ་ཡོད་ཅིང་དང་པོ་ཐར་པ་ལ་མོས་པ་སྐྱེས་པས། རྒྱལ་བ་དང་སངས་རྒྱས་རིང་བར་བརྒྱུད་ནས་འགྲུབ་ཏུ་རུང་བར་ཀུན་ནས་གྱུར་པ་ཉིད་ཀྱི་ཉེ་གནས་ཏེ། རྟགས་ཙམ་འཛིན་པ་དང་ཞར་བྱུང་གཉིས་ངོ་བོ་གཅིག་པར་ཡང་གྱུར་བས་སོ། །འོ་ན་འདིར་བཤད་པ་ལས་ཞར་བྱུང་ནི་ལོག་པ་ཆ་གཉིས་པོ་ལས་བརྟགས་པ་འདྲའོ་ཞེ་ན། དེ་ནི་ངོ་བོས་ཕྱིས་འཆད་པ་ཉིད་ལས་བསྙད་པ་སྟེ། དེ་བསྟན་པ་ཉིད་ཀྱི་ཕྱིར་སྐྱོན་མེད་པའོ། །ལང་ཀའི་བདག་པོ། ཞེས་བོས་ནས། དེ་ལས་མི་མཐུན་པ་གཞན་ཡང་བསྟན་པ་གང་ཡིན་པ་ནི། བཀའི་ཞལ་ནས་བྱུང་བ་ཐེག་པའི་གཞུང་ཇི་ལྟ་བ་བཞིན་དུ་ཞར་ལས་བྱུང་བ་ཞེས་པ་ཡང་འཆད་པ་སྟེ། དེ་ཡང་ཇི་ལྟ་ཞེ་ན། འཇིག་རྟེན་གྱི་སྒྲོན་མ་སྟོན་པ་ཐུབ་པའི་དབང་པོ་སྐུ་མྱ་ངན་ལས་འདས་ཏེ་ནུབ་པའི་རྗེས་སུ་ཕྱིན་པ་ན། གང་ཟག་གང་དག་གི་བློའི་མོས་པ་མི་མཐུན་པ་ཐ་དད་པ་མང་པོར་གྱུར་པས་སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་ལྟ་བའི་ཁྱད་པར་གྱི་བཀའ་ཉིད་ལས་མུ་སྟེགས་པ་དང་ཆ་མཐུན་པའི་ལྟ་བའི་བྱེ་བྲག་མང་པོ་ཇི་ལྟ་བར་སྨྲ་བ་དེ་བཞིན་དུ་འབྱུང་ངོ་། །བཤད་པའི་མུ་སྟེགས་ཞར་ལས་བྱུང་བའང་ཆོས་དང་ལྟ་བ་ཆ་མཐུན་པར་འབྱུང་ལུགས་ཀྱང་དེ་བཞིན་དུ་རྗེས་སུ་མཐུན་པ་ཡིན་ནོ། །དེ་དག་ནི་སྒོ་བསྡུར་ལ་སྤང་བར་བྱ་བ་འབའ་ཞིག་གོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། ཀུན་ཤེས་སྤྱོད་པའང་། ཞེས་པ་ནས། པ་དང་ཅིག་ཆར་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་དག་པའི་ལམ་ཀུན་ནས་ཤེས་ཤིང་སྤྱོད་པའི་འཇིག་རྟེན་ལས་འདས་པའི་ཐེག་པ་ལའང་རྣམ་པ་གཉིས་ཏེ། བློ་དམན་པའི་དབང་དུ་རིམ་གྱིས་པ་རྒྱུའི་ཐེག་པ་བསྟན་པ་དང་། བློ་མཆོག་གི་དོན་དུ་ཅིག་ཆར་བ་གསང་སྔགས་ཀྱི་ཐེག་པ་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། རིམ་གྱིས་པ་བཤད་པ། ཅིག་ཆར་བ་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། རིམ་གྱིས་འཇུག་པ། ཞེས་པ་ནས། ཆེ་ཆུང་གཉིས་སུ་དྲུག །ཅེས་པའི་བར་གྱིས་བསྟན་ཏེ། དེ་ལ་རིམ་གྱིས་འཇུག་པ་རྒྱུ་ཡི་ཐེག་པ་བ་དཔེར་ན་རྒྱ་གར་གྱི་འཕོང་སློབ་པའི་ཚུལ་ལྟ་བུས་སློབ་ཅིང་འཇུག་པ་ལའང་རྣམ་པ་གསུམ་དུ་ཡོད་དེ་དོན་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པ་ཉིད་དང་མ་ནོར་བར་བསྒྲུབ་པར་བྱེད་པ་དང་། དེའི་རྗེས་སུ་སྤྱོད་པ་དང་། ལྟ་བས་རང་རིག་པའི་དོན་རྣལ་འབྱོར་མངོན་སུམ་གྱི་རྟོགས་པ་དང་རྣམ་གྲངས་གསུམ་ཉིད་དོ། །འདི་ལ་ཡང་རྒྱུའི་ཐེག་པ་ཆུང་ངུ་རིམ་འཇུག་པ་དང་། རྒྱུའི་ཐེག་པ་ཆེན་པོ་རིམ་འཇུག་པའི་ཁྱད་པར་རྣམ་པ་གཉིས་ཀྱིས། ཆུང་ངུ་ལའང་བསྒྲུབ་པའི་ཐབས་དང་། སྤྱོད་པ་དང་། ལྟ་བ་རྟོགས་པའི་ཚད་གསུམ་དང་། ཆེན་པོ་ལའང་བསྒྲུབ་པའི་ཐབས་དང་། སྤྱོད་པ་དང་། ལྟ་བ་རྟོགས་པའི་ཚད་གསུམ་གྱི་མཚན་ཉིད་ཀྱི་ཐེག་པའི་རང་གཞུང་རྣམ་པ་གཉིས་སུ་སངས་རྒྱས་རྣམ་འདྲེན་དམ་པ་ཡིས་གསུངས་པ་ཁྱོད་ཀྱིས་ཅི་ཞིག་ཇི་ལྟ་བར་མི་ཤེས་སམ། དེས་ན་ཐེག་པ་ཆེ་ཆུང་གཉིས་ལ་གསུམ་གསུམ་སྟེ་རྣམ་གྲངས་དྲུག་ཏུ་གསུངས་པའོ། །གཉིས་པ་ལ་གསུམ་སྟེ། བསྒྲུབ་པ་བཤད་པ། སྤྱོད་པ་བསྟན་པ། མངོན་རྟོགས་བཤད་པའོ། །དང་པོ་ནི། བསྒྲུབ་པ་ཟབ་པ། ཞེས་པ་ནས། ཟབ་པ་དམ་པ་ཉིད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ལ་ཐེག་པ་ཆེ་ཆུང་གི་རིམ་འཇུག་གི་དོན་གསུམ་གང་སྙམ་པ་ལ། དགོངས་པ་བསྒྲུབ་པའི་ཐབས་ཀྱང་རྣམ་པ་གཉིས་ཏེ། བློ་ཆུང་བ་རང་རྒྱལ་བ་དང་། ཉན་ཐོས་རྣམས། ཤེས་པ་སྐད་ཅིག་མ་ཤིན་ཏུ་ཟབ་པ་དང་། ཕྱི་སྣོད་རྡུལ་ཕྲ་རབ་ཤིན་ཏུ་ཆ་ཕྲ་བ་ཙམ་ཡོད་པར་རྟོགས་པ་གཉིས་ཀྱི་སྒོ་ནས་བསྒྲུབ་པ་དང་། བློ་ཆེ་བ་རྒྱུའི་ཐེག་པ་ཆེན་པོ་ཤེས་རབ་མཆོག་དང་ལྡན་པའི་མདོ་སྡེ་པས་དེ་བཞིན་ཉིད་མ་སྐྱེས་པའི་དོན་གཏིང་ཟབ་པ་ཡི་ཤེས་བྱའི་མཆོག་ཏུ་གྱུར་པའི་དམ་པ་ཉིད་བསྒོམ་ཞིང་བསྒྲུབ་པའོ། །ཡང་ན་སེམས་ཙམ་པས་ཟབ་པ་སེམས་ཉིད་གཉིས་མེད་དུ་ཤེས་པ་དང་། དབུ་མ་པས་དོན་དམ་པ་མ་སྐྱེས་པ་ཉིད་སྒོམ་སྟེ་བསྒྲུབ་པར་བཞེད་དོ། །གཉིས་པ་ནི། སྤྱོད་པ་རླབས་ཆེན། ཞེས་པ་ནས། གསང་ཆེན་གསང་བ་བཤད། །ཅེས་པའི་བར་གྱིས་བསྟན་ཏེ། དེའི་རྗེས་སུ་སྤྱོད་པ་ལའང་གཉིས་ཏེ། རྒྱུའི་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའ་ནི་མིག་དང་མགོ་སྦྱིན་པ་དང་། ཕྱོགས་དང་ཕ་རོལ་ཏུ་ཕྱིན་པ་རླབས་ཆེན་སྤྱོད་པ་དང་། ཉན་ཐོས་རང་རྒྱལ་ནི་རང་དོན་གཙོ་བོར་སྤྱོད་པ་དང་གཞན་དོན་ཆ་ཤས་ཅན་དུ་སྤྱོད་པ་ཡིན་ཞིང་། དེ་བཞིན་དུ། བྱང་སེམས་ནི་སྡོམ་པའི་ཚུལ་ཁྲིམས་དང་གཞན་དོན་རྒྱ་ཆེ་བ་ཉིད་དུ་བྱེད་ཅིང་མི་དམིགས་པའི་སྤྱོད་པ་དང་། ཉན་རང་གི་སྡོམ་པའི་ཚུལ་ཁྲིམས་དང་གཞན་དོན་མཛད་པའང་མཚན་མར་འཛིན་པ་དང་མ་བྲལ་བར་སྤྱོད་པ་ཉིད་དེ། སྤྱོད་པ་དེ་གཉིས་ནི་མདོ་སྡེ་དང་ཐེག་པ་ཆུང་ངུ་ཁོ་རང་གི་གསང་ཆེན་དང་གསང་བར་བཤད་དེ། ཐེག་པ་ཆེན་པོའི་སྤྱོད་པ་ནི་འོག་མའི་སྤྱོད་ཡུལ་མིན་ལ། ཉན་རང་གི་སྤྱོད་པ་ནི་མུ་སྟེགས་པའི་སྤྱོད་ཡུལ་མིན་པས་སོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པ་ནི། མངོན་རྟོགས་རྣམ་གཉིས། ཞེས་པ་ནས། སོ་སོར་འདོད་པ་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། རིམ་པར་འཇུག་པའི་ལྟ་བས་མངོན་པར་རྟོགས་པ་ནི། བློའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། ཕྱི་རོལ་དོན་དམ་དུ་ཡོད་པར་འདོད་པ་ཐེག་པ་ཆུང་ངུ་བ་དང་། ཤེས་བྱ་ནང་གི་དོན་དང་སྐྱེ་བ་མེད་པའི་ཆོས་ཉིད་ལ་འཇུག་པ་ཐེག་པ་ཆེན་པོ་སྟེ་དེ་ལྟར་ལྟ་བ་གཞི་གཅིག་ལ་ཐེག་པ་ཆེ་ཆུང་གི་གཞུང་མི་མཐུན་པའི་ཕྱོགས་ཀྱི་གལ་པོ་བཟུང་ནས་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་ཆ་གཉིས་སུ་སོ་སོར་འདོད་པ་འབྱུང་བས་ཕན་ཚུན་མི་མཐུན་པར་རྩོད་པར་བྱེད་པའོ། །གཉིས་པ་ལ་གཉིས་ཏེ། ཕྱི་རོལ་ཐེག་པ་ཆུང་ངུའི་ལྟ་བ། ནང་པ་ཐེག་པ་ཆེན་པོའི་ལྟ་བའོ། །དང་པོ་ནི། ཕྱི་རོལ་བྱེ་བྲག །ཅེས་པ་ནས། གཅིག་ལས་རྩོད་པ་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་ཐེག་པ་ཆུང་ངུ་ཕྱི་རོལ་པའི་ལྟ་བ་གང་སྙམ་པ་ལ། ཕྱི་རོལ་དོན་དམ་དུ་ཡོད་པར་སྨྲ་བ་ལའང་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་ལ་ཚད་མར་བྱེད་པས་མདོ་སྡེ་པར་ཐ་སྙད་བཏགས་པ་གཉིས་ཀྱི་ལྟ་བ་གྲུབ་མཐའ་ཆ་གཉིས་སུ་བྱུང་བ་ཡང་ཕྱི་རོལ་རྡུལ་ཕྲན་དུ་ཁས་ལེན་པར་གཞི་གཅིག་པ་ལས་ཕྱི་རོལ་གྱི་དོན་རང་ལ་མི་མཐུན་པར་བྱེ་སྨྲས་བསྐོར་བ་བར་དང་བཅས་པ་དང་། མདོ་སྡེ་པས་མ་འབྱར་ལ་བར་མེད་པར་འདོད་པས་ཕན་ཚུན་རྩོད་པ་འབྱུང་བའོ། །གཉིས་པ་ནི། ནང་འཇུག་སེམས་སྣང་། ཞེས་པ་ནས། འབེབས་པ་དེ་བཞིན་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་ཕྱི་ནང་གི་སྤྱོད་ཡུལ་དག་མ་དག་གིས་ཀྱང་ཕྱེ་བ་སྟེ། འདིར་ཐེག་པ་ཆེན་པོ་ནང་རྣམ་པར་དག་པ་ལ་འཇུག་པ་ལའང་གཉིས་ཏེ། རྣམ་རིག་པ་སྤྱི་ཡིས་དཔེར་ན་ཐོ་ཡོར་ལ་མི་དང་སྐྲའི་འཁོར་ལོ་མིག་འཁྲུལ་པ་ལ་སྣང་བ་ལྟར། ཡུལ་ཉིད་ཕྱི་དོན་དུ་མ་གྲུབ་པར་སེམས་སམ་ཤེས་པ་འཁྲུལ་པ་ཉིད་ཡུལ་ལྟར་སྣང་བར་འདོད་པ་དང་། ཐེག་པ་ཆེན་པོ་དབུ་མ་པ་དབུས་དང་མཐའ་བཞི་འབྱེད་ནས་མི་དམིགས་པར་འདོད་པ་གཉིས་སོ། །དེ་ལ་སེམས་ཙམ་པ་ནི། ཕྱོགས་རིས་སུ་རིག་པས་ཕྱི་ནང་སྣོད་བཅུད་ཐམས་ཅད་སྣྲེལ་ཞིར་འཆོལ་ཏེ་ཤེས་པ་སྣང་བའི་ཕྱོགས་སུ་འདོད་པས་ཡུལ་གྱི་ཕྱོགས་གཏན་ནས་མེད་པར་ཕྱོགས་དུས་ཀྱི་སྣང་བ་ཐམས་ཅད་ཤེས་པའི་སྣང་ཆར་འདོད་དེ་གྲུབ་མཐའ་འཛིན་ཅིང་གང་འདིར་ཡུལ་གྱི་སྒྲོ་འདོགས་ངེས་པར་གཅོད་པ་འབྱུང་ངོ་། །འདིར་སྤར་མར། རང་དང་ལྟ་བའི་ཕྱོགས་འཛིན་ཅིང་། །རྩོད་པས་ཐེ་ཚོམ་འབྱུང་བ་དང་། །ཞེས་བཞུགས་པ་ཕྱག་དཔེ་གཞན་ལ་མེད་ཀྱང་། འགྲེལ་ཆེན་གྱི་ཚིག་སྒྲོས་ལས་འབྱུང་བར་མངོན་པས། དེ་ལྟར་ན། དབུ་མ་པ་ནི་ཕྱིའི་ཡུལ་དང་ནང་གི་སེམས་ཕན་ཚུན་སྣང་བས་ཤེས་པ་ཡུལ་དུ་སྣང་བར་མི་འདོད་དེ། ཀུན་རྫོབ་ཏུ་སྒྱུ་མ་ཙམ་སླུ་བར་མི་བདེན་པར་ཡོད་པ་འཁྲུལ་པའི་ངོ་ལ་བདེན་པར་སྣང་ཡང་། དོན་དམ་པར་མཐའ་བསལ་ནས་གཏན་ལ་དབབ་པས་མ་སྐྱེས་པར་འདོད་དེ། དེས་ན་རང་རང་གི་གྲུབ་མཐའ་དང་ལྟ་བའི་ཕྱོགས་འཛིན་ཅིང་རྩོད་པས་ཐེ་ཚོམ་འབྱུང་བ་དང་བཅས་པའི་ཕྱིར། དབུ་མའི་ལུགས་ཀྱིས་ཇི་ལྟར་གཞལ་ན། བདེན་པ་གཉིས་ཀྱི་དབུས་དང་མཐའ་འབྱེད་པ་དང་། དེའི་སྒོ་ནས་མཐའ་དབུས་ཀྱི་སྐྱོན་དག་པའི་དོན་མ་ནོར་བ་ལ་བློ་ངེས་པར་འཇུག་སྟེ་དོན་དེ་ཉིད་ལུང་དང་རྟེན་འབྲེལ་ཆེན་པོའི་གཏན་ཚིགས་ལ་སོགས་པའི་རིགས་པས་གཏན་ལ་འབེབས་པས་ནོར་དུ་རུང་བར་བྱས་ཏེ། གནོད་པ་རྣམས་བསལ་ནས་དེ་བཞིན་དུ་ངེས་པར་བྱེད་དེ་དོན་མ་ནོར་བར་རྟོགས་པ་འབྱུང་བའོ། །དེ་དག་འདིར་ཡི་གེའི་སྒྲས་འཇིགས་པས་རྒྱས་པར་མ་བཀོད་ཀྱང་འདི་ཙམ་གྱིས་མི་ཆོག་པ་མེད་དོ། །གཉིས་པ་ལ་གཉིས་ཏེ། ཅིག་ཆར་བའི་ལྟ་བ་བསྟན་པ། སྤྱོད་པ་སྣོད་བཞི་དང་མཐུན་པར་སྤྱད་པའོ། །དང་པོ་ནི། ཅིག་ཆར། ཞེས་པ་ནས། མཁའ་ལྟར་མ་འདྲེས་གཅིག །ཅེས་པའི་བར་གྱིས་བསྟན་ཏེ། གསང་སྔགས་འབྲས་བུའི་ཐེག་པ་ཡང་དག་པར་རྟོགས་པ་ནི་ཅིག་ཆར་དུ་འཇུག་པའི་རྣལ་འབྱོར་པ་ཆེན་པོ་སྟེ། དེའི་ཚུལ་རབ་ཏུ་དབྱེ་བ་ནི། བྱ་བ་གཙོར་བྱེད་པ་ཀྲི་ཡ་དང་། བྱ་བ་དང་ཐབས་ཀྱི་ལྟ་སྤྱོད་གོང་འོག་གཉིས་ལ་བརྟེན་པ་ཨུ་པ་ཡ་དང་། ཀྲི་ཡ་ལྟར་ལུས་ངག་གི་བྱ་བ་དང་དུ་ལེན་པར་མེད་པར་ཏིང་ངེ་འཛིན་ལ་གཙོར་བྱེད་པ་ཡོ་ག་དང་། ཏིང་ངེ་འཛིན་གསུམ་ལ་སོགས་པའི་རིམ་འཇུག་གིས་ལྷར་བསྐྱེད་པའམ་སྐྱེས་པ་མ་ཧཱ་དང་། རིམ་གྱིས་མ་བསྐྱེད་པར་འོད་ཀྱི་ཏིང་ངེ་འཛིན་གྱི་ཤུགས་ཀྱིས་རྫོགས་ཚུལ་དུ་བསྐྱེད་པའམ་སྐྱེས་པ་ཨ་ནུ་དང་། དེ་དག་གི་ཐ་སྙད་ལས་གྲོལ་ཏེ་སྐྱེ་འགག་མེད་པའི་ལྟ་བ་རྟོགས་པ་ཨ་ཏི་ཡོ་ག་སྟེ། གསང་སྔགས་ཀྱི་ཐེག་པ་དྲུག་པོ་འདི་ཀུན་སོ་སོའི་གཞུང་དོན་མ་འདྲེས་པར་གསལ་བཞིན་དུ་མཉམ་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་ངང་ལ་ཡོངས་སུ་རྫོགས་པས་བསྟན་དུའང་མེད་དོ། །འོ་ན་མེད་པ་འབའ་ཞིག་གོ་ཞེ་ན། མ་འདྲེས་པར་སོ་སོར་གསལ་བ་དཔེ་ནམ་མཁའ་ལ་གཟའ་སྐར་བཀྲམ་པ་དང་འདྲ་སྟེ། དེ་ཉིད་སེམས་ཀྱི་ཆོས་ཉིད་གཅིག་ཏུ་ཡོངས་སུ་རྫོགས་པས་ཀུན་ལ་མ་བསྒོས་པར་མཁའ་ཁྱབ་ཏུ་གདལ་བར་གྲུབ་པས་ཐ་སྙད་གཉིས་ཀ་ལས་གྲོལ་བ་ནི། དཔེར་ན་འཇའ་ཚོན་གྱི་སྣང་བ་ནམ་མཁའ་ལ་ཤར་བ་དང་འདྲ་སྟེ། དེ་ལྟར་མཚན་ཉིད་མ་འདྲེས་ལ་དབྱིངས་སུ་གཅིག་པར་ཡོངས་རྫོགས་ཆེན་པོར་དམ་པ་གང་ཞིག་གིས་རིག་པ་ནི་ཅིག་ཆར་དུ་ཞུགས་པ་མེད་པར་ཞུགས་པ་སྟེ། སོ་སོ་ནས་བགྲོད་པ་མེད་དོ། །དེས་ན་གསང་སྔགས་འདི་ཉིད་དུ་ཐོབ་བྱ་འབྲས་བུ་དང་། དེའི་ཕྱིར་ལམ་གྱི་ཐབས་ཀྱིས་བརྩལ་བའང་མེད་དེ། ཆོས་སོ་ཅོག་ལ་སྐྱེས་མ་སྐྱེས་དང་སྐྱེ་འགག་མེད་པར་བརྗོད་པ་རིལ་རང་གི་མཚན་ཉིད་མེད་པར་རང་བྱུང་ཡེ་ཤེས་སེམས་ཉིད་དུ་བསྡུས་པ་མེད་པར་རྫོགས་པའི་དཔེ་ཇི་ལྟ་བ་བཞིན་བསྟན་པའོ། །འོ་ན་མདོ་སྔགས་གཉིས་ཀ་ལ་འཇུག་ལུགས་གཉིས་གཉིས་ཡོད་བཞིན་དུ་འདིར་རྒྱ་ཆད་པར་བསྟན་པ་ཇི་ལྟ་བུ་ཞེ་ན། རྒྱུ་ཡིས་ཇི་ལྟར་བགྲོད་ཀྱང་མཐར་གསང་སྔགས་ལ་རག་ལས་དགོས་ལ། ཐབས་ཆེན་ཐེག་པ་ནི། གཞན་ལ་རག་མ་ལས་པའི་ཕྱིར་རོ། །གཉིས་པ་ནི། ཚིགས་བཅད་གཅིག་གི་འོག་ནས། སྤྱོད་པ་བློ་ལྡན། ཞེས་པ་ནས། སྣོད་ཀྱི་རྐྱེན་དང་སྦྱར་བ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། གསང་བའི་ཤེས་རབ་འཇིག་རྟེན་གྱི་མ་རིག་པ་ལས་ཁྱད་པར་དུ་གྱུར་པའི་སྤྱོད་པའི་ཐབས་ཀྱི་རང་བཞིན་དོན་ཆེན་པོ་དེ་ལྟ་བུས་འགྲོ་བའི་དོན་བྱེད་པའི་ལྟ་བ་མཆོག་གི་བློ་གྲོས་དང་ལྡན་པས་གདུལ་བྱའི་ཁམས་དབང་ལྟར་དབང་དུ་བསྒྱུར་ཏེ་དོན་བྱ་བའི་ཐབས་ཀྱང་ཇི་ལྟར་ཞེ་ན། ཡུལ་གྱི་སྣོད་དང་འཚམས་པར་སྟོན་པའི་ཕྱིར། གང་འདིར་ནི་བསྟན་པའི་སྣོད་ཀྱང་བསྡུ་ན་རྣམ་པ་བཞིར་གཟིགས་ཏེ། འདོད་པའི་ཞེན་ཆགས་ཅན་གྱི་གདུལ་བྱ་དང་། ལྟ་བ་ལོག་པ་ལ་སྲེད་པ་ཅན་གྱི་གདུལ་བྱ་དང་། སྤྱོད་པ་ལ་ལོག་པར་ཞེན་ཀྱང་བརྒྱུད་པའི་རིགས་རྒྱུད་ཅན་གྱི་གདུལ་བྱ་དང་། བློ་གྲོས་མཆོག་དང་ལྡན་པ་ཅན་གྱི་གདུལ་བྱའི་སྣོད་བཞི་པོ་རྣམས་ལ། གདུལ་བའི་ཐབས་ཀྱི་བསྟན་པའང་རྣམ་པ་བཞིར་གསུངས་པ་ཉིད་དེ། སྟོན་པ་གསང་བའི་སྐུས་འདོད་པ་རང་རྐྱེན་གྱི་བསྟན་པ་རྣལ་འབྱོར་མ་ཧཱ་ཡོ་ག་ལྟ་བུར་བཀའ་སྩལ་པ་དང་། སྟོན་པ་སྤྲུལ་པའི་སྐུས་བཀྲི་དྲང་བརྒྱུད་པའི་ཚིག་ཏུ་བསྟན་ཏེ་རྒྱུའི་ཐེག་པ་གསུངས་པ་དང་། སྟོན་པ་ལོངས་སྤྱོད་རྫོགས་སྐུས་ལྡེམ་དགོངས་བཀའི་ཚིག་ཀྲི་ཡོག་གི་ཐེག་པ་གསུངས་པ་དང་། སྟོན་པ་ཆོས་ཀྱི་སྐུས་དོན་དམ་ངེས་པའི་ཚིག་ཏུ་ཨ་ནུ་དང་ཨ་ཏི་གསུངས་པ་དང་བཞི་རིམ་པ་བཞིན་ནོ། །དེས་ན་སྐབས་ཉིད་དུ་སྣོད་ཀྱི་རྐྱེན་དང་སྦྱར་ཏེ། འདོད་ཆགས་ལ་སྦྱོར་བ་ལ་སོགས་པ་དང་། ལོག་སྲེད་ཅན་གྱི་ལྟ་བ་ལ་བརྒྱུད་པའི་ལྟ་བ་ཆ་འདྲར་བསྟན་པ་དང་། སྤྱོད་པས་རིགས་རྒྱུད་ཅན་ལ་སྤྱོད་པའི་ལྡེམ་དགོངས་སུ་བསྟན་པ་དང་། བློ་གྲོས་ཅན་ལ་དོན་མ་ནོར་བ་སྒྲ་ཇི་བཞིན་དུ་གབ་སྦས་མེད་པར་བསྟན་པ་རྣམས་ཡིན་ནོ། །དེ་བས་ན་བསྟན་པ་དེ་དག་ཐེག་པ་ཆེན་པོ་གསང་ཆེན་བླ་ན་མེད་པ་འདི་ཉིད་ལ་ཚང་ཡང་། འདིར་སྒོ་བསྡུར་བའི་དབང་དུ་ཐེག་པ་ཀུན་ལ་སྦྱར་རོ། །གསུམ་པ་ནི། གོང་གི། རྨོངས་རིམ་ཅིག་ཆར། ཞེས་པ་ནས། འཇིག་རྟེན་རྟོག་འཕགས་པ། །ཞེས་པའི་བར་དང་། འོག་ནས་འ དི་ཀུན་ཤེས་བྱའི། ཞེས་པ་ནས། འབེབས་པ་དམ་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་གཉིས་སུ་མེད་པའི་དོན་གསང་བ་ལ་རྨོངས་པའི་རྒྱུའི་ཐེག་པ་རྣམས་རིམ་གྱིས་འཇུག་པ་དང་། གསང་སྔགས་པ་རྣམས་ཡང་དག་པའི་དོན་ཆེན་པོར་ཅིག་ཆར་འཇུག་པའི་སྤྱོད་པ་སྟེ། གཉིས་ཀའི་སེམས་སྦྱོང་ལུགས་དང་། ཉོན་མོངས་པ་དག་པའི་ཚུལ་གང་ཞེ་ན། འཇིག་རྟེན་པས་འདོད་ཡོན་ལྔ་ལ་སོགས་པའི་ཡུལ་གྱི་ཆོས་འདི་དག་ལ་ཞེན་པས་འཇོལ་ཉོག་ཏུ་སྤྱོད་པ་དེ་དག་འཕགས་པ་ཉན་ཐོས་དང་རང་རྒྱལ་བས་སྤོང་ཞིང་བཀག་ནས་དག་པར་བྱེད་པ་དང་། བྱང་ཆུབ་སེམས་དཔས་མི་དམིགས་པའི་ཤེས་རབ་དང་སྤྱོད་པ་རྒྱ་མཚོས་སྦྱོང་བར་བྱེད་པ་དང་། རིག་སྔགས་ཀྲི་ཡ་པ་དང་ཨུ་པ་ཡས་དུག་གསུམ་སྐུ་གསུང་ཐུགས་སུ་བསྒྱུར་བ་ལ་སོགས་པ་བྱེད་པ་དང་། རྣལ་འབྱོར་ཡོ་ག་པས་དེའི་མཚན་ཉིད་ཇི་ལྟ་བར་ཤེས་ནས་ལྷ་ལ་མཆོད་པ་ཙམ་བྱེད་ཅིང་སྤྱོད་པ་དང་། རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་པས་སེམས་སྣང་བ་ལྷའི་དཀྱིལ་འཁོར་དུ་རྟོགས་ནས་ཆེད་དུ་སྤྱོད་དེ་ཉོན་མོངས་ཀྱིས་ཉོན་མོངས་དབང་དུ་བྱེད་པ་དང་། རྗེས་སུ་འཇུག་པའི་རྣལ་འབྱོར་ཨ་ནུ་ཡོ་ག་པས་ཇི་ལྟ་བའི་མཚན་ཉིད་ཤེས་ཤིང་རྟོགས་པས་ཆོག་སྟེ་འགེགས་ཀྱང་མི་འགེགས་དང་དུ་མ་བླངས་ཀྱང་མཉམ་པར་མི་ལྟ་སྟེ་བཏང་སྙོམས་སུ་བྱེད་པ་དང་། རྣལ་འབྱོར་མཆོག་ཨ་ཏི་ཡོ་ག་བ་ནི་འདི་ཉིད་སྤུ་མ་བརྗེས་མདོག་མ་འགྱུར་བཟོ་མ་བྱས་པར་ཡེ་ནས་ཐ་སྙད་ཐམས་ཅད་མ་སྤངས་བྲལ་བར་རྟོགས་པ་ཉིད་ལ་བྱ་བ་ཅིའང་མེད་དེ་ཡལ་བར་འདུག་པའང་མེད་པར་ཤེས་ཏེ་གདེངས་དང་ལྡན་པ་ཉིད་ཀྱིས་ཆོག་པ་རྣམས་ཏེ་དེ་ལྟར་རང་བཞིན་ནམ་ལྟ་བའི་ཁྱད་པར་གྱིས་འཇིག་རྟེན་གྱི་ཞེན་པའི་རྟོག་པའམ་ཉོན་མོངས་པ་འཆིང་བ་གཅོད་པའི་ཚུལ་རིམ་པས་གོང་མ་ཁྱད་པར་དུ་འཕགས་ཏེ་རྫོགས་པ་ཆེན་པོར་མཐར་ཕྱིན་པ་ཡིན་ནོ། །དེ་ལྟ་བུའི་ཐེག་པ་འདི་ཀུན་ཤེས་བྱའི་ལྟ་གཞི་གཏན་ནས་ཐ་དད་པ་མ་ཡིན་པར་དབྱིངས་གཅིག་ལ་འབབ་པ་ཡིན་ཡང་། རང་རང་གི་ལྟ་བའི་འདོད་གཞུང་མི་མཐུན་པས་མཐོང་བ་ཐ་དད་པའི་སྒོ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སོ་སོར་གྱུར་པའོ། །དེས་ན་ཚུལ་འདི་ལྟར་དུ་ལྟ་བས་མཐོང་སྒོ་སོ་སོར་རྟོགས་ནས་ཏིང་ངེ་འཛིན་གྱི་ཉམས་སུ་ལེན་པའི་ཐབས་ཐ་དད་མི་མཐུན་པ་ཇི་སྙེད་པར་སྣང་བ་བཞིན་དུ། ཐེག་པའི་སྒོའི་རིམ་པ་འདི་ལྟར་རྣམ་པར་སྣང་ཞིང་བྱེ་བྲག་བསམ་ཡས་པར་འབྱུང་བའི་མ་འདྲེས་པའི་འཇུག་སྒོ་མང་པོར་གྲལ་དུ་བཀོད་པ་ལ། རྣལ་འབྱོར་པ་གང་གིས་ཐེག་པའི་རིམ་པ་ལྟར་ཀུན་ལ་ཞུགས་ཏེ་ལྟ་བའི་མཐའ་བརྟགས་ཤིང་ལེགས་པར་བལྟས་ནས་གཡང་ས་དང་དོན་གྱི་ཁྱད་པར་ངོ་ཤེས་པར་བྱས་ཏེ་སྒོ་ཀུན་ནས་བསྡུར་བས་མཐར་ཡང་དག་པའི་དོན་མ་ནོར་བ་ཉིད་ནོར་དུ་རུང་བར་བྱས་པས་རྩ་བ་གཅིག་ཏུ་གཏན་ལ་འབེབས་པར་བྱས་ནས་དེ་ལ་འཇུག་པ་ཉིད་ནི་ངེས་པའི་སྙིང་པོ་དམ་པ་མཐར་ཐུག་པའོ། །དེ་སྐད་དུའང་རྩ་བའི་རྒྱུད་ལས། མཉམ་དང་མི་མཉམ་མཉམ་པ་ཡི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །འཁོར་བ་མེད་ཅིང་ཆོས་ཉིད་མེད། །དམིགས་པ་མེད་ཅིང་མི་དམིགས་མེད། །དེ་ལྟར་ཤེས་པ་མཁས་པ་ཡིན། །རིག་དང་མ་རིག་ཚུལ་གཅིག་སྟེ། །དེ་ལྟར་ཤེས་པ་རྒྱལ་བ་ཡིན། །སེམས་ཅན་རང་བཞིན་སངས་རྒྱས་ཉིད། །སངས་རྒྱས་རང་བཞིན་སེམས་ཅན་ཏེ། །སེམས་ཅན་སངས་རྒྱས་གཅིག་པ་ཡིན། །དེ་ལྟར་ཤེས་པ་རྒྱལ་བའི་སྲས། །བྱང་ཆུབ་ཕྱིར་ནི་གང་མ་བརྙེས། །མ་བརྙེས་གང་ཡང་དེ་མ་བརྙེས། །བརྙེས་པ་མེད་པའི་དོན་མཐོང་ན། །དེ་ནི་བརྙེས་པའི་མཆོག་ཡིན་ནོ། །ཞེས་སོ། །གསུམ་པ་ནི། ཇི་ལྟར་བུང་བ། ཞེས་པ་ནས། བྱ་བ་རབ་ཏུ་གཅེས། །ཞེས་པའི་བར་གྱིས་བསྟན་ཏེ། སྒོ་ཀུན་ནས་བསྡུར་བའི་དཔེ་དོན་དང་དགོས་ཆེད་བསྟན་པ་སྟེ། དཔེ་ཇི་ལྟར་ན་བུང་བ་ཁུང་གི་ཚང་དུ་རྩི་བཅུད་ཚོལ་ཞིང་བསྡུ་བ་དག་གིས་ཀྱང་། རང་དང་འཚམས་པའི་བུག་པ་ཀུན་ཏུ་འཇུག་ཅིང་དེ་ལས་སླར་ཡང་བྱུང་ནས་ནི། རང་གི་གནས་ཀྱི་གསེང་ཁུང་གང་ཡིན་པར། ངེས་པར་འཇུག་ཅིང་གནས་ཏེ་བཅུད་ཀྱི་སྙིང་པོ་ལེན་པ་ལྟར། རྣལ་འབྱོར་པ་གསང་ཆེན་གསང་བའི་དོན་གྱི་རྗེས་སུ་ཞུགས་ཏེ་ཤེས་བྱའི་སྙིང་པོ་དམ་པ་ཉིད་ཚོལ་བ་ན་ཡང་། ཐེག་པའི་སྤྱོད་སྒོ་ཅི་ཡོད་པ་ཀུན་བསྟུན་ཏེ་བསྡུར་བས་ལྟ་བའི་སྒོར་འཇུག་ཅིང་ཉམས་སུ་ལེན་བཞིན་ལུང་དང་མན་ངག་གི་གནད་ལ་བརྟེན་ནས་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་བརྟགས་ཏེ་སྒོ་ཀུན་བསྡུར་བར་བྱས་ནས་དོན་དམ་ངེས་པའི་སྙིང་པོ་དམ་པ་གསང་སྔགས་མ་ནོར་བ་ཉིད་ལ་འཇུག་པར་བྱེད་པའོ། །ཚུལ་དེ་ཉིད་ཀྱིས་རང་རིག་དོན་གྱི་རྗེས་སུ་འཇུག་ཅིང་ཕྱིན་ཅི་མ་ལོག་པར་གཅོད་པའི་ཕྱིར། སྒོ་མོ་ཀུན་ནས་བསྡུར་བ་ཡི་བསླབ་པར་བྱ་བའི་མཐའ་དམ་པ་ཡིན་ཏེ། དེ་བས་ན་ཚུལ་འདི་ལ་གོམས་པར་བྱ་བ་རབ་ཏུ་གཅེས་སོ། །ཞེས་གདམས་པར་མཛད་དོ། །བཞི་པ་ནི། ལང་ཀའི། ཞེས་པ་ནས། ཞེས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ལང་ཀའི་བདག་པོ་ཞེས་བོས་ནས། ཇི་སྐད་བཤད་པའི་དོན་དེ་དག་ནི། ཕྱིས་འབྱུང་བར་སྣང་སྟེ་འཆད་པར་འགྱུར་བའི་ཕུལ་དུ་མཁས་པས་དབྱུང་བར་བསླབ་པའི་སྒོ་ཡོངས་སུ་དབྱེ་ཞིང་འབྱུང་བར་ངེས་པའི་རྒྱུ་མ་ནོར་བ་ཉིད་ཡིན་ཏེ། དེས་ན་ཐེག་པའི་སྒོ་ཀུན་ནས་བསྡུར་བར་བསླབ་པའི་མཐའ་རབ་ཏུ་གསང་བ་ཉིད་ཡོངས་སུ་བགྲོས་ཏེ་དོན་གྱི་ངོ་བོ་བསྟན་པར་ཤེས་པར་བྱའོ། །སྟོན་པ་སྐྱེས་བུ་ཆེན་པོས་དེ་སྐད་ཅེས་སྨྲས་ཏེ་བཀའ་སྩལ་པས། འཁོར་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཀྱིས། ཆོས་ཐམས་ཅད་ཀྱི་སྒོ་ཀུན་ཆོས་ཉིད་རང་སྣང་དམ་པར་ཡང་དག་པར་ཤེས་ཤིང་རྟོགས་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་ལྟ་བའི་འཇུག་སྒོ་རྣམ་པར་དབྱེ་བ་ཞེས་བྱ་བའི་ལེའུ་སྟེ་དྲུག་ཅུ་རྩ་བརྒྱད་པ་ཉིད་རྣམ་པར་བཀྲོལ་ཏེ་བཤད་པའོ།། །།བཞི་པ་ཕུལ་དུ་མཁས་པས་དབྱུང་བ་ལ་བསླབ་པ་རི་རབ་ལྷུན་པོའི་རྩེར་ཕྱིན་པ་ལྟར་བཤད་པ་ལ་བཞི་སྟེ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ། གཅེས་པར་གདམས་པ། ཞབས་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། ཉིད་དུ་ཤེས་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ནོ། །དེ་ནས་ཡང་སྐྱེས་བུ་གསང་བ་པའི་བདག་པོས། འཁོར་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ལ་སྨྲས་ཏེ་གསུངས་པ། ཀྱེ་གྲོགས་པོ་དག །ཅེས་བོས་ནས། བསླབ་པ་མཐར་ཕྱིན་པར་བྱ་ཞིང་ཕུལ་དུ་མཁས་པས་དབྱུང་བར་བསླབ་པ་ནི། གང་ཞེ་ན། ཉེ་བར་སྟོན་པ་འདི་ལྟ་སྟེ། ཐེག་པ་ཆེན་པོ་བསྒྲུབ་པའི་ཐབས་མང་པོ་བསམ་གྱིས་མི་ཁྱབ་ཅིང་ཆོས་ཇི་སྙེད་པའི་རྣམ་པ་མ་འདྲེས་པ་རིལ་ཐམས་ཅད། ཆོས་ཅན་གྱི་གྲངས་དང་ནུས་པའི་ཁྱད་པར་དང་། ཉོན་མོངས་པའི་རྟོག་པ་རྣམས་དང་། སེམས་བྱུང་འདུ་བྱེད་ཀྱིས་བསྡུས་པ་དང་། ལམ་གྱི་བྱེ་བྲག་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཞིར་འདུའོ། །དེ་ཐམས་ཅད་ནི་ཆོས་ཉིད་དབྱིངས་ཀྱི་ངོ་བོ་དོན་གྱི་གནས་ལུགས་བྱ་བ་དང་བསམ་དུ་མེད་པར་ཡོངས་སུ་རྫོགས་ཏེ། ཆོས་ཅན་ནུས་པ་དང་བཅས་པ་ཆོས་ཉིད་དང་། ཉོན་མོངས་པ་ཡེ་ཤེས་དང་། སེམས་བྱུང་རྣམས་རྣམ་ཤེས་དགུ་པ་དང་། ལམ་གྱི་བྱེ་བྲག་རྣམས་རང་བྱུང་ཡེ་ཤེས་སུ་མཐར་ཐུག་ཅིང་ཕུལ་དུ་ཕྱིན་པར་ཤེས་པར་བྱའོ། །དེའི་དོན་གྱི་ངོ་བོ་བསམ་དུ་མེད་པ་ཉིད་ནི། ཆོས་རྣམས་ཀྱི་ཆོས་ཉིད་ཇི་བཞིན་པ་སེམས་ཀྱི་དེ་ཁོ་ན་ཉིད་རང་རིག་པ་འོད་གསལ་བ་ཉིད་དུ་མཐར་ཕྱིན་པར་ངེས་པར་གཟུང་བར་བྱའོ། །སེམས་ཀྱི་རང་བཞིན་ངོ་བོ་རྣམ་པར་དག་པའི་དེ་ཁོ་ན་ཉིད་ནི ། རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་མཆོག་ཏུ་གསང་བའི་ཞེ་ཕུགས་དམ་པ་ཀུན་ཡོངས་སུ་འདུས་པའི་རང་བཞིན་དེ་ཁོ་ན་ཉིད་དུ་མཐར་ཕྱིན་པར་ཤེས་པར་བྱ་སྟེ། དེ་ཉིད་རྟོགས་ཕྱིན་ཆད་སྐྱེད་དུ་བྱ་བ་གཞན་མེད་པའོ། །དེ་ནི་བསྡུས་པའི་ཚུལ་ལོ། །དེ་དག་གཏན་ཚིགས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། སྤྲོས་པའི་ཚུལ་ནི། རྒྱལ་བ་ཀུན་གྱི་དགོངས་པ་དམ་པ་ཀུན་ནས་འདུས་པའི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལ་མཁས་ཏེ་ཕྱིན་ཅི་མ་ལོག་པར་རྟོགས་པ་ན། དེ་ཉིད་ཤེས་པའི་ཕུལ་ཡིན་པས། སེམས་ཀྱི་དེ་ཁོ་ན་ཉིད་རང་རིག་པའི་དོན་ལ་མཁས་པར་ངེས་པ་ཁོ་ནར་འགྱུར་རོ། །སེམས་ཀྱི་རྩ་བ་ཆོད་དེ་དེ་ཁོ་ཉིད་ལ་མཁས་ཤིང་གདེང་དུ་ཆུད་པ་ན། སྤྱོད་ཡུལ་དང་བྲལ་བས་ཡེ་ཤེས་བསམ་དུ་མེད་པ་ལ་མཁས་ཏེ། གསང་མཆོག་ཐེག་པ་ཆེན་པོའི་དོན་རྟོགས་པར་འགྱུར་རོ། །དེ་ལྟར་ཆོས་ཉིད་བསམ་དུ་མེད་པ་ལ་མཁས་པར་གྱུར་ན། བློ་ཡིས་བསམ་གྱིས་མི་ཁྱབ་པའི་རྣམ་པ་ཇི་སྙེད་པའི་ཆོས་རྣམས་ལ་རྟོགས་པ་གསལ་ཞིང་མཁས་པར་འགྱུར་རོ། །དེ་ལྟར་བསམ་གྱིས་མི་ཁྱབ་པའི་རྣམ་པ་ལ་མཁས་ཏེ་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྟོགས་པ་ན། གཞི་ལམ་འབྲས་བུའི་ངོ་བོ་མ་འ དྲེས་ཡོངས་རྫོགས་སུ་གཟིགས་ཏེ། ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་རྫོགས་པའི་སངས་རྒྱས་དམ་པ་ཉིད་ཡིན་ཏེ། རྒྱལ་བ་རྣམས་ལ་དགོངས་པ་དེ་ལས་ལྷག་པའི་མི་མངའ་བའི་ཕྱིར་རོ། །དེ་ལྟར་མཁྱེན་པ་དེ་ནི། བདེ་བར་གཤེགས་པ་རྣམས་ཀྱི་དགོངས་པ་དམ་པ་ཀུན་ནས་འདུས་པའི་རྒྱུད་ཀྱི་རྒྱལ་པོ་བླ་ན་མེད་པ་འདི་ཉིད་ཀྱི་དོན་མཐར་ཐུག་པ་ཇི་བཞིན་པ་ཉིད་དུ་ཤེས་པར་བྱའོ། །ཞེས་གདམས་པའོ། །དེས་ན་རྗོད་བྱེད་ཀྱིས་བརྗོད་བྱ་གོ་ཞིང་། བརྗོད་བྱས་ཀྱང་བརྗོད་བྱེད་གོའོ་གསུངས། གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། གྲོགས་པོ་དག །དེ་བས། ཞེས་པ་ནས། མེད་པའི་རྣལ་འབྱོར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཉིད་རྟོགས་པར་བྱ་བའི་ཐབས་གང་སྙམ་པ་ལ། གྲོགས་པོ་དག །ཅེས་བོས་ན། དེ་བས་ན་བསམ་གྱིས་མི་ཁྱབ་པའི་རྣམ་པ་གང་ཞེ་ན། འདི་ལྟར་བསམ་གྱིས་མི་ཁྱབ་བའི་ཆོས་ཐམས་ཅད་ཀྱི་རྣམ་པའི་མཚན་ཉིད་རྟོགས་པར་བྱ་བ་ནི། རྣལ་འབྱོར་རྣམ་པ་གསུམ་དུ་ཕྱེ་བ་ཉིད་ཀྱིས་ཡོངས་སུ་འགྲེལ་བས་བརྡ་འཇལ་ཞིང་གོལ་བར་འགྱུར་བ་སྟེ། གསུམ་གང་ཞེ་ན། ཤེས་པར་བྱ་བའི་རྒྱུའི་ངོ་བོ་རང་བཞིན་གྱི་རྣལ་འབྱོར་ཡེ་ནས་གཉིས་སུ་མེད་པ་དང་། ཤེས་པར་བྱེད་པའི་རྐྱེན་ལམ་པས་རྩོལ་བ་ཆེན་པོའི་བྱ་བ་བྱེད་པས་དོན་གཏན་ལ་འབེབས་པའི་རྣལ་འབྱོར་དང་། ཤེས་ཤིང་གྲུབ་པར་གྱུར་ཏེ་བྱ་བ་མེད་པར་འབྲས་བུ་གཉིས་སུ་མེད་པར་གྱུར་ཟིན་པས་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་གསུམ་གྱི་འགྲེལ་པས་མཐར་ཕྱིན་པའི་ཕྱིར་རོ། །དེ་སྐད་དུ་ཀུན་འདུས་ཀྱི་ལེའུ་དང་པོ་ལས་ཀྱང་། རྒྱུའི་རྣལ་འབྱོར་དང་། རྐྱེན་གྱི་རྣམ་འབྱོར་དང་། འབྲས་བུའི་རྣལ་འབྱོར་གསུམ་དུ་འདུས་པར་བཀའ་སྩལ་ཞིང་། དོན་བསྡུས་ལས་ཀྱང་། དོན་དམ་ངེས་པའི་ཐེག་མཆོག་ལས། །གསང་སྒོ་མཚོན་པའི་མདོ་རྒྱུད་དོན། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །བྱ་བའི་གཞི་དང་བྱེད་པའི་རྐྱེན། །བྱ་བྲལ་འབྲས་བུའི་མཐར་ཕྱིན་དག །ཇི་སྙེད་ཆོས་ཀྱི་རྩ་བར་བཤད། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། བྱ་བའི་རྣལ་འབྱོར། བྱ་བ་བྱེད་པའི་རྣལ་འབྱོར། བྱ་བ་མེད་པའི་རྣལ་འབྱོར་བཤད་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། གྲོགས་པོ་དག །བྱ་བའི། ཞེས་པ་ནས། ཕྱི་ནང་གི་རྣལ་འབྱོར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་གསུམ་སོ་སོ་ནས་བསྟན་པའི་ཕྱིར། གྲོགས་པོ་དག །ཅེས་བོས་ནས། དང་པོ་བྱ་བའི་རྣལ་འབྱོར་ཡང་རྣམ་གྲངས་གསུམ་དུ་ཤེས་པར་བྱ་སྟེ། གསུམ་གང་ཞེ་ན། ཡུལ་གྱི་རྣམ་པར་སྣང་བའི་ཕྱིའི་རྣལ་འབྱོར་དང་། ཤེས་པས་ཟིན་པར་སྣང་བ་ནང་གི་རྣལ་འབྱོར་དང་། དེ་གཉིས་འཕྲད་པར་སྣང་བ་ཕྱི་ནང་གི་རྣལ་འབྱོར་རོ། །གཉིས་པ་ལ་གསུམ་སྟེ། ཕྱིའི་རྣལ་འབྱོར། ནང་གི་རྣལ་འབྱོར། ཕྱི་ནང་གི་རྣལ་འབྱོར་བཤད་པའོ། །དང་པོ་ནི། གྲོགས་པོ་དག །དེ་ལ་ཕྱིའི། ཞེས་པ་ནས། ཕུལ་དུ་གྱུར་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པ་དག །དེ་ལ་ཕྱིའི་རྣལ་འབྱོར་གང་ཞེ་ན། བཀར་ནས་བསྟན་པ་འདི་ལྟ་སྟེ། འཇིག་རྟེན་ན་གང་སྲ་བ་དང་འདེགས་པའི་མཚན་ཉིད་ཀྱི་ལས་གཉིས་དང་ལྡན་པའི་འབྱུང་བས་ཉིད་དབྱེར་མེད་པས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་དང་། དེ་བཞིན་དུ། གཤེར་ཞིང་སྡུད་པའི་མཚན་ཉིད་ཀྱི་ལས་གཉིས་དང་ལྡན་པའི་འབྱུང་བ་ཆུ་ཉིད་དབྱེར་མེད་པས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་དང་། ཚ་ཞིང་སྲེག་པའི་མཚན་ཉིད་ཀྱི་ལས་གཉིས་དང་ལྡན་པའི་འབྱུང་བ་མེ་ཉིད་དབྱེར་མེད་པས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་དང་། ཡང་ཞིང་འཐོར་བའི་མཚན་ཉིད་ཀྱི་ལས་གཉིས་དང་ལྡན་པའི་འབྱུང་བ་རླུང་ཉིད་དབྱེར་མེད་པས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་དང་། གསལ་ཞིང་གོ་འབྱེད་པའི་མཚན་ཉིད་ཀྱི་ལས་གཉིས་དང་ལྡན་པའི་འབྱུང་བ་ནམ་མཁའ་ཉིད་དབྱེར་མེད་པས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་དང་ལྔ་ནི་འབྱུང་བ་ཆེན་པོ་ལྔ་སྟེ། འདིར་དེ་དག་གི་ངོ་བོ་ཉིད་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་ངོ་བོའི་ཆོས་ཉིད་ཡེ་ནས་ཡིན་པ་ནི། ཆེད་དུ་མ་བཙལ་བ་དང་། རྒྱུ་རྐྱེན་ལས་མ་བྱས་པ་དང་། མཚན་ཉིད་མི་བྱེད་པའི་ཕྱིར་རྡོ་རྗེར་བརྗོད་པས་རྣལ་འབྱོར་གྱི་མིང་འཐོབ་པའོ། །དེ་བཞིན་དུ་གཟུགས་ཉི་ཤུ་རྩ་ལྔ་ཉིད་ཀྱང་མི་ཕྱེད་པས་རྡོ་རྗེ་དང་། སྒྲ་བདུན་དང་། དྲི་བདུན་དང་། རོ་དགུ་དང་། རེག་བྱ་ཉི་ཤུ་རྩ་གཉིས་དང་། ཆོས་བརྒྱད་ཀྱང་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་ཉིད་དུ་རྗེས་སུ་མཐུན་པར་སྦྱར་ཏེ། དེ་རྣམས་ཐམས་ཅད་དགོངས་པ་དམ་པ་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་ངོ་བོའི་ཆོས་ཉིད་དུ་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པར་འཇལ་བ་ནི་ལྟ་བའི་མཆོག་དམ་པ་ཉིད་མངོན་དུ་བྱས་པ་སྟེ། ཀུན་བྱེད་རྒྱལ་པོ་ལས། སྣང་སྲིད་སྣོད་བཅུད་ཀུན་གྱི་ངོ་བོ་ཡང་། །ང་ཡི་ངོ་བོར་བྱུང་བ་སྣང་བ་ས། །ང་ཉིད་ཡེ་ནས་སྣང་བ་སངས་རྒྱས་ཡིན། །ང་ལ་གཉིས་མེད་གཅིག་ཏུ་འདུས་པ་ཆུ། །སྡུད་པར་བྱེད་པས་སེམས་ཉིད་ཆུ་ཡིན་ནོ། །ང་ནི་ཐམས་ཅད་མཉམ་པར་དྲོད་སྙོམས་མེ། །ཀུན་ལ་མཉམ་པར་གནས་པས་མེ་སངས་རྒྱས། །ང་ནི་ཐོགས་མེད་ཡང་ཞིང་གཡོ་བ་ཡིན། །ཐོགས་མེད་གཡོ་བས་རླུང་དུ་མངོན་སངས་རྒྱས། །ང་ནི་མ་བསྒྲིབས་ཀུན་ཁྱབ་གསལ་བའི་ཕྱིར། །ནམ་མཁའ་ཞེས་ནི་མིང་བཏགས་སངས་རྒྱས་ཡིན། །ང་ལས་མ་བྱས་པ་ཡི་སངས་རྒྱས་ནི། །འབྱུང་ཆེན་སྲིད་པས་བསྡུས་པའི་ཆོས་ལ་མེད། །ཅེས་དང་། ལོངས་སྤྱོད་ལྔ་ནི་ཆོས་ཉིད་ལོངས་སྤྱོད་གཅིག །གཟུགས་ལ་སོགས་པའི་ལོངས་སྤྱོད་ལྔ་ལ་ནི། །གཅིག་ལའང་ལྔ་ལྔ་ཉི་ཤུ་རྩ་ལྔར་སྤྱོད། །རྩ་ལྔ་ལོངས་སྤྱོད་དེ་ནི་སྐུ་ལྔའི་ཚུལ། །ཚུལ་ནི་ཆོས་ཉིད་དོན་གྱི་ངོ་བོ་ཉིད་དུ་བཤད། །ཅེས་སོགས་འབྱུང་བ་ལྟར་རྟོགས་པར་བྱའོ། །གཉིས་པ་ནི། གྲོགས་པོ་དག །ནང་གི། ཞེས་པ་ནས། ཕུལ་དུ་གྱུར་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཅེས་བོས་ནས། ནང་གི་རྣལ་འབྱོར་བསྟན་པ་ནི། འདི་ལྟ་སྟེ། གང་འགྲོ་བ་རྣམས་ཀྱི་རྒྱུད་ཀྱི་སེམས་རྣམ་པར་ཤེས་པའི་ཚོགས་བརྒྱད་ཉིད་བཤད་པ་ལྟར་གཏན་ཚིགས་གསུམ་གྱིས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་ངོ་བོར་དབྱེར་མེད་པ་རྣམས་དང་། དེ་བཞིན་དུ་ཚུལ་དེ་ལྟར་དེ་ལ་སྣང་བའི་རྟོག་པ་དོན་གྱི་བྱེ་བྲག་ལ་མི་འཇུག་པས་རྩིང་བའི་རྣམ་པ་ཅན་དང་། དོན་གྱི་བྱེ་བྲག་ལ་འཇུག་པས་ཞིབ་པའི་རྣམ་པ་ཅན་གྱི་དཔྱོད་པ་ལ་སོགས་པ་གང་སེམས་ཀྱིས་ཟིན་པས་ཤེས་པའི་དྲན་རྟོག་སེམས་དང་སེམས་ལས་བྱུང་བའི་དངོས་པོར་གྱུར་པ་ཇི་སྙེད་པའང་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་ཉིད་དུ་རྗེས་སུ་མཐུན་པ་རྣམས་ཏེ། དེ་ལྟར་མཐའ་ལས་གྲོལ་བ་ཉིད་རྒྱལ་བ་ཀུན་གྱི་དགོངས་པའི་ཞེ་ཕུགས་མཆོག་ཏུ་གསང་བ་དམ་པ་ཆོས་ཉིད་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཅིང་ཇི་ལྟ་བར་གདེང་དུ་ཆུད་པ་ནི་ཕུལ་དུ་གྱུར་པའི་མཁས་པ་བླ་ན་མེད་པའོ། །དེ་སྐད་དུའང་སྔ་མ་ལས། ཡེ་ནས་རྒྱལ་པའི་བདག་ཉིད་མངོན་སུམ་གནས་པ་ལ། །གྲིབ་མ་གཟུགས་ཀྱི་དཔེ་བཞིན་དེ་ལ་རྟོག་པ་འབྱུང་། །མེད་དེ་མེད་པ་མ་ཡིན་མེད་པའི་སྙིང་པོ་འབྱུང་། །སྟོང་སྟེ་སྟོང་པ་མ་ཡིན་སྟོང་པའི་ཡུལ་ལ་གནས། །ནམ་མཁའི་རང་བཞིན་དེ་ལ་འབྱུང་བའི་དྲན་པ་སྐྱེ། །བྱ་བྲལ་ཟིན་པའི་བདེ་བ་འདོད་པ་མེད་པས་ལེན། །ཞེས་སོགས་ཤིན་ཏུ་མང་ངོ་། །གསུམ་པ་ནི། གྲོགས་པོ་དག །ཕྱི་ནང་། ཞེས་པ་ནས། ཕུལ་དུ་གྱུར་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཅེས་བོས་ནས། སྣོད་བཅུད་ཆ་གཉིས་ལས་སྣང་བའི་ཕྱི་ནང་གི་རྣལ་འབྱོར་ཉེ་བར་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། ཡུལ་དང་ཤེས་པ་གཉིས་ཀའི་ཆ་ལས་སྣང་ངོ་ཅོག་གི་སྣོད་བཅུད་ཐམས་ཅད་དང་། ཐ་སྙད་གཉིས་པའི་ཆོས་གཅིག་ལ་ལྟོས་ནས་བཞག་པ། ཁ་དོག་དཀར་པོ་དང་། ནག་པོ་གཉིས་སམ། དགེ་སྡིག་གཉིས་དང་། སྨྲ་བསམ་ལ་སོགས་པ་རིགས་ངེས་པ་དང་མ་ངེས་པ་གཉིས་དང་། སེམས་ཅན་དང་སངས་རྒྱས་སམ་དམན་པ་ངན་སོང་ལྟ་བུ་ངན་པ་དང་། དམ་པ་ལྷ་མིན་ལྟ་བུ་བཟང་པོ་དང་། ཅི་ཡང་སྐྱེ་བས་འབྱུང་བ་དང་། སྐྱེ་བ་མེད་པས་མི་འབྱུང་བ་དང་། རྒྱུ་རྐྱེན་འདུས་པས་བྱས་པ་དང་། དེ་ལྟར་རྒྱུ་རྐྱེན་གྱིས་མ་བྱས་པ་དང་། ཐ་ཚིགས་སུ་བཅས་པ་དང་། མ་བཅས་པ་གཉིས་དང་། ཉི་ཟླ་ལ་སོགས་པ་ཀུན་གྱི་སྤྱི་མཐུན་དང་། རང་གི་ལུས་སོགས་ཁྱད་པར་གྱི་རྣམ་པར་གྲགས་པ་ལ་སོགས་པ་ཆོས་སུ་སྣང་ཞིང་ཐ་སྙད་བྱེད་པའི་སྙེད་པ་རིལ་དུ་གྱུར་པ་རྣམས་ཐམས་ཅད་ལམ་པས་མ་བྱས་པར་གདོད་ནས་རྒྱ ལ་བའི་དགོངས་པ་དམ་པ་སེམས་ཀྱི་རང་བཞིན་རྣལ་མ་དེ་ཁོ་ན་ཉིད་དུ་གཏན་ཚིགས་རྣམ་པ་གསུམ་གྱི་རྣམ་པར་ཡེ་ནས་འབྱོར་བས་མཐར་ཕྱིན་ཟིན་ཅིང་། གཉིས་པའི་ཆོས་མ་སྤངས་ངང་གིས་བྲལ་བས་གཉིས་སུ་མེད་པའི་དོན་ཇི་ལྟ་བ་ཉིད་རྟོགས་ན་མཁས་པའི་ཕུལ་དུ་གྱུར་པའོ། །དེ་ལྟ་བུའི་དགོངས་པ་ཁྱད་པར་དུ་གྱུར་པ་ཉིད་ཡུལ་མེད་པར་གསལ་ལ་མི་གཡེང་པས་རྣལ་འབྱོར་གྱི་མིང་ཡང་ངེས་པར་འགྲུབ་སྟེ། དེ་ཉིད་ལས། རྣམ་པ་ཅིར་ཡང་མི་འབྱེད་ཡེ་ཤེས་གཏི་མུག་དང་། །ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་དང་བྲལ། །ངང་གིས་མི་གཡོ་རྨུགས་ཤིང་ཏིང་འཛིན་རྒྱལ་པོར་གནས། །མངོན་སུམ་མཐོང་བས་མཐོང་མེད་མངོན་སུམ་མཐོང་བའི་མིག །དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་ཞེས་དེ་ལ་བྱ། མཐའ་དད་དབུས་མེད་ཡངས་པའི་སྙིང་པོ་ལ། །མི་ལེན་མི་འདོར་མཉམ་པའི་རྒྱལ་པོར་གནས། །སེམས་དང་བག་ཆགས་གཉིས་མེད་འདྲེས་ཤིང་མཚུངས། །འཛིན་པས་བརྟགས་ཤིང་སྣང་བའི་ཆོས་རྣམས་ནི། །རང་གི་རྒྱན་དུ་སྣང་བས་མི་འདོར་སྤོང་མི་བྱེད། །ཅིར་ཡང་མི་དགོངས་ཐབས་ཀྱིས་དེ་ལ་རོལ། །ཞེས་སོགས་གསུངས་སོ། །གསུམ་པ་ནི། གྲོགས་པོ་དག །དེ་དག །ཅེས་པ་ནས། ཤེས་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཅེས་བོས་ནས། བཤད་པ་དེ་དག་ནི། གདོད་ནས་མ་བཅོས་མ་བསླད་མ་བསྒྱུར་བའི་ངང་དུ་ཐམས་ཅད་རྒྱས་ཐེབས་པའི་སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་ཐ་སྙད་ཐམས་ཅད་མ་སྤངས་བྲལ་བའི་ཡེ་ཇི་བཞིན་པའི་གཞིའི་གནས་ལུགས་བྱ་བའི་རྣལ་འབྱོར་ཞེས་བྱ་བ་ཐ་སྙད་དུ་གསང་སྔགས་དངོས་པོའི་རྒྱུད་དུའང་གྲགས་པ་ངོ་བོ་འདི་འདྲར་བརྗོད་དུ་མེད་ཅིང་ཐ་སྙད་དེ་ཉིད་དུའང་ཞེན་པས་གཟུང་བ་དང་བྲལ་བའི་ཆོས་ཉིད་ཀྱི་ངང་དུ་ཤེས་པར་བྱའོ། །ཞེས་རྣལ་འབྱོར་དང་པོའི་ངོ་བོ་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ལམ་ཕུལ་དུ་ཕྱིན་པར་བྱ་བ། ལམ་དང་འབྲས་བུ་ཕུལ་དུ་ཕྱིན་པར་བྱ་བ། ཏིང་འཛིན་མཚོན་པའི་སྒོ་ཕུལ་དུ་ཕྱིན་པར་བྱ་བའོ། །དང་པོ་ནི། བྱ་བ་བྱེད་པའི། ཞེས་པ་ནས། ཕུལ་དུ་གྱུར་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཐུན་མོང་གི་ལམ་རྒྱུའི་ཐེག་པ་ཉིད་འཆད་པར་ཁས་བླངས་པ་གང་སྙམ་པ་ལ། ལམ་བྱ་བ་བྱེད་པའི་རྣལ་འབྱོར་གང་ཞེ་ན། ཉམས་སུ་ལེན་པའི་ཐབས་བསྟན་པ་འདི་ལྟ་སྟེ། ལམ་གྱི་རྟེན་གཞི་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་སྤྱོད་པ་དང་། ལྟ་བའམ་ཤེས་རབ་ཀྱི་མིག་དང་། ལྟ་སྤྱོད་ཏིང་འཛིན་རྣམས་གོང་ནས་གོང་དུ་འགྲོ་བའམ། ཐེག་པ་ཆུང་ངུ་ལས་དུས་དཔག་པའི་སའི་ཁྱད་པར་དང་། མི་འཇིགས་པ་བཞི་ཐོབ་པས་སམ། མཐའི་སྣང་བས་མི་འགྱུར་བ་ཡོངས་སུ་གྲུབ་པ་ཉིད་དང་། ཏིང་ངེ་འཛིན་གྱིས་སྒྲིབ་པའི་ཕུང་པོ་འཇོམས་པའམ། སྟོབས་བཅུའི་རྩལ་གྱི་ཟིལ་གྱིས་གནོན་པ་དང་། མངོན་པ་ཤེས་པ་ལྔ་དང་རིག་པའི་གནས་བཅོ་བརྒྱད་ཤེས་པའམ། ཤེས་རབ་ཀྱིས་ཇི་སྙེད་པ་དང་ཇི་ལྟ་བའི་དོན་ཀུན་ནས་རིག་པས་ཐམས་ཅད་མཁྱེན་པའི་རྒྱུ་ཉིད་དུ་གྱུར་བའོ། །སྐྱེས་བུས་གྲོགས་པོ་དག །ཅེས་ལང་ཀའི་བདག་པོ་ལ་སོགས་པ་ལ་བོས་ནས། རྒྱུའི་ཆོས་ཀྱི་རྣམ་གྲངས་དེ་དག་ཀྱང་འདིར་རྒྱལ་བའི་དགོངས་པ་དམ་པ་དེ་ཁོ་ན་ཉིད་སྙིང་པོ་བྱང་ཆུབ་ཀྱི་ངང་དུ་མཐར་ཕྱིན་ཅིང་མ་འདྲེས་པར་རྫོགས་པའི་མཁས་པ་ཕུལ་དུ་གྱུར་པ་ཡིན་པས། གསང་སྔགས་མཐོང་བའི་བརྒྱུད་པའི་རྒྱུར་ནི་འགྱུར་གྱི། དོན་ཕྱོགས་ཙམ་ལ་འདིར་གཏིང་ཕྱིན་པར་རྒྱུ་ཡིས་རྟོགས་པ་ནི་མ་ཡིན་ནོ། །ཡང་ན་ལམ་ལ་གནས་པས་རང་བཞིན་ཇི་བཞིན་ཡིན་པའི་དོན་ལ་ཉམས་སུ་ལེན་ཅིང་རྩོལ་བས་རྣལ་དུ་ཕེབས་པའི་ཐབས་ཉེ་བར་བསྟན་པ་ནི། གཞི་དམ་ཚིག་གིས་འཛིན་པས་བསླབ་པའི་རྩ་བར་གྱུར་པ་དང་། རྗེས་སུ་མཐུན་པའི་སྤྱོད་པ་རྣམས་དང་། དེ་ཁོ་ན་ཉིད་ཇི་ལྟ་བར་མཐོང་བའི་ལྟ་བ་དང་། ཕྲིན་ལས་ཀྱི་བྱེ་བྲག་དང་། དཀྱིལ་འཁོར་གྱི་ངོ་བོ་གང་གིས་ཀྱང་བཤིགས་པར་དཀའ་བ་དང་། ཐབས་ཀྱི་ཏིང་ངེ་འཛིན་གྱིས་སྒྲིབ་པའི་ཕུང་པོ་རྣམས་ལྡང་མི་ནུས་པར་བྱེད་པ་དང་། གསང་བའི་ཤེས་རབ་ཀྱིས་ཇི་སྙེད་པ་དང་། ཇི་ལྟ་བ་གསལ་བར་བྱེད་པ་དག་ཀྱང་ལམ་གྱི་ཡན་ལག་རྣལ་འབྱོར་ལྔ་བཅུའི་ཡན་ལག་གི་བྱ་བ་བྱེད་པ་ཡིན་པའི་ཕྱིར་དོན་རྟོགས་ན་མཁས་པའི་ཕུལ་དུ་གྱུར་པའོ། །གཉིས་པ་ནི། གྲོགས་པོ་དག །གཞན་ཡང་། ཞེས་པ་ནས། གྱུར་པ་ཡིན་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཅེས་བོས་ནས། མི་མཐུན་པ་གཞན་ཡང་ཉེ་བར་བསྟན་པ་ནི་འདི་ལྟ་སྟེ། རྩ་བའི་རྒྱུད་ཀྱི་ལེའུ་དང་པོར་གསུངས་པའི་མཚན་ཉིད་གསུམ་གྱིས་སྦྱོར་བའི་ཕྱིར། ཀུན་བརྟགས་མཐུན་པ་ལ་ཡོད་པའི་ཚུལ་དང་། གཞན་དབང་མི་མཐུན་པ་ལ་མེད་པའི་ཚུལ་དང་། རྗེས་སུ་དཔགས་པ་གཉིས་ཀ་མ་ཡིན་པའི་ཕྱིར་ཚུལ་ཞེས་བྱའོ། །ཞེས་གསུངས་པ་ལྟར། རྒྱུ་རྐྱེན་འབྲས་བུའི་མཚན་ཉིད་གསུམ་གྱི་དོན་ལ་སྦྱོར་བའི་ཕྱིར་རམ། ཡང་ན་ཀུན་བརྟགས་ལ་སོགས་པ་ཚུལ་གསུམ་སྟེ། ཀུན་བརྟགས་ཀྱིས་འཁྲུལ་པ་ལ་སྦྱོར། གཞན་དབང་གིས་རྟེན་འབྲེལ་ལ་སྦྱོར། ཡོངས་གྲུབ་ཀྱིས་དོན་དམ་པ་ལ་སྦྱོར་བར་གསུངས་པ་ལྟར་དང་། ཤེས་རབ་དང་སྙིང་རྗེས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་སྐུ་གསུམ་གྱི་འབྲས་བུ་ཐོབ་བ་དང་། སྣ་ཚོགས་སུ་འཕྲུལ་པའི་ཕྱིར། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། སྣང་བའི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པ འི་ཆོ་འཕྲུལ་དང་། བསམ་གཏན་གྱི་ཆོ་འཕྲུལ་དང་། བྱིན་གྱི་རླབས་ཀྱི་ཆོ་འཕྲུལ་དང་། དབང་བསྐུར་བའི་ཆོ་འཕྲུལ་དང་། སྐྱེ་བའི་ཆོ་འཕྲུལ་དང་། སྟོབས་ཀྱི་ཆོ་འཕྲུལ་དང་། ཡོན་ཏན་གྱི་ཆོ་འཕྲུལ་དང་། འབྲས་བུའི་ཆོ་འཕྲུལ་གྱི་ཕྱིར་ཆོ་འཕྲུལ་ཞེས་བྱའོ། །ཞེས་པ་ལྟར་རམ་ཡང་ན། ལེའུ་བཅུ་དྲུག་པའི་ལས་ཀྱི་ཆོ་འཕྲུལ་མ་གཏོགས་པ་སྣ་ཚོགས་སུ་འཕྲུལ་པའི་བསྐྱོད་པ་ཆོ་འཕྲུལ་བཅུ་གཉིས་དང་། ལྡེམ་དགོངས་བརྒྱད་ཀྱིས་གདུལ་བྱའི་འདུ་ཤེས་བསྒྱུར་བ་དང་། མཁས་པས་ཟིན་པའི་ཕྱིར་ཁད་ཀྱིས་འཇུག་པའི་ཐབས་དང་། རྐྱེན་ལ་སྦྱོར་བའི་ཐབས་དང་། མངོན་པར་འཇུག་པའི་ཐབས་དང་། ཐམས་ཅད་རྫོགས་པའི་ཕྱིར་ཐབས་ཞེས་བྱའོ། །ཞེས་པ་ལྟར་ཐབས་བཞིའི་རྩལ་གྱིས་ཟིན་པར་བྱ་བ་དང་། རྒྱུ་ཡི་ནུས་པ་ལས་ཕྱིས་འབྱུང་བའི་འབྲས་བུ་མངོན་པར་ཤེས་པ་དྲུག་གམ་རྒྱུ་ལ་དོན་ཡོད་པའི་ཕྱིར་གཅིག་ཏུ་རྫོགས་པ་དང་། ཐམས་ཅད་དུ་མཁྱེན་པ་དང་། ཡོངས་སུ་ཁྱབ་པ་དང་། ཚོགས་སུ་འབྱུང་བ་དང་། ཀུན་ཏུ་དབང་བ་དང་། དགོས་པ་ཚང་བའི་ཕྱིར་འབྲས་བུ་ཞེས་བྱའོ། །ཞེས་པ་ལྟར་དང་། བཀོད་ཅིང་བདག་དོན་དུ་འཇུག་པའི་ཁྱད་པར་གྱི་ལམ་རྣམ་པ་ལྔ་དང་། འཇུག་པའི་སྒོ་བདེན་པ་གཉིས་དང་། ལམ་དེ་ཉིད་མ་ནོར་བར་བཤེས་པས་ཤེས་པ་གཅིག་དང་ཕྱི་ནང་གི་ཆོས་ཐམས་ཅད་ཤེས་པའི་ཕྱིར་སྟོང་པ་བཅོ་བརྒྱད་དང་། རང་བཞིན་གྱི་གནས་པའི་ཕྱིར་ཆོས་ལྔ་སྟེ། དེ་ཉིད་ལས། རང་བཞིན་ལ་གནས་པའི་ཕྱིར། རྒྱུའི་ཆོས་དང་། ལམ་གྱི་ཆོས་དང་། བཤད་པའི་ཆོས་དང་། རྟོགས་པའི་ཆོས་དང་། འབྲས་བུའི་ཆོས་ལ་གནས་པའི་ཕྱིར་ཆོས་ཞེས་བྱའོ། །ཞེས་པ་ལྟར་དང་། ཀུན་བརྗོད་ཅིང་ངོ་བོ་ཉིད་དུ་གནས་པའི་སྐུ་བཞི་དང་། རྟེན་ཏེ་གནས་པའི་ཕྱིར་ས་བཅུའི་རིམ་པ་བཅུ་གཅིག་དང་། ཡུལ་རིག་པ་མངོན་ཤེས་དྲུག་གམ་ས་བཅུའི་དོན་རྟོགས་པའི་རིག་པ་བཅུ་སྟེ། མི་གོས་པར་རིག་པ་དང་། མི་ཉམས་པར་རིག་པ་དང་། མི་སྒྲིབ་པར་རིག་པ་དང་། རྫོགས་པར་རིག་པ་དང་། མ་གཡོས་པར་རིག་པ་དང་། མཉམ་པ་ཉིད་དུ་རིག་པ་དང་། གཉིས་སུ་མེད་པར་རིག་པ་དང་། ཡོངས་སུ་དག་པར་རིག་པ་དང་། ཀུན་ཏུ་ལེགས་པར་རིག་པ་དང་། དེ་མ་ཐག་པར་རིག་པ་དང་རྫོགས་པར་ཆུབ་པར་རིག་པ་ལ་བརྟེན་པའི་ཕྱིར་ས་ཞེས་བྱའོ། །ཞེས་པ་ལྟར་དང་། ལམ་ལྔའམ་རྣམ་ཐར་བརྒྱད་དང་། འགྲོ་དོན་དུ་འཇུག་པའི་མཛད་པ་བཅུ་གཉིས་དང་། ཡེ་ཤེས་བཞིའམ་བཅོ་བརྒྱད་དང་། ཁྱབ་པའི་རྣམ་པ་བཞི་ཚད་མེད་པ་བཞིའམ། མངོན་པར་རྫོགས་པའི་ཕྱིར་བྱང་ཆུབ་ཆེན་པོར་རོ་གཅིག་སྟེ། དེ་དག་གི་དོན་ཀྱང་བཤད་པ་བཞིན་སོ་སོའི་མཚན་ཉིད་རྟོགས་ནས་དགོངས་པ་དམ་པ་དེ་ཁོ་ན་ཉིད་ཇི་བཞིན་པའི་ངང་དུ་མཐར་ཕྱིན་ཅིང་ཐག་ཆོད་ཀྱི་གདེང་དང་ལྡན་ན་མཁས་པའི་ཕུལ་དུ་གྱུར་པ་ཡིན་པའོ། །འོ་ན་འདིར་སྐུ་གསུམ་དང་མཛད་པ་དང་ཡེ་ཤེས་ལ་སོགས་པ་ཁ་ཅིག་ནི་བྱ་བ་མེད་པའི་རྣལ་འབྱོར་དུ་མི་འགྱུར་རམ་ཞེས་པར་དོགས་པ་ལ། དེ་དག་ནི་བསྒྲུབ་པར་བྱ་བའི་དམིགས་པའི་སྒོ་ནས་བཞག་པ་དང་། ལ་ལ་ཆ་མཐུན་པར་རྗེས་སུ་འཇུག་པར་བྱ་བ་དང་། ལ་ལ་ལམ་གྱི་རྒྱུད་བསྙད་པའི་སྒོ་ནས་སྨོས་ཏེ། ལམ་ཉིད་མ་ཡིན་ཡང་དེ་དག་ལ་མཁས་པ་ཆ་རྐྱེན་དུ་ཚང་དགོས་པས་ཐེ་ཚོམ་གྱི་དོགས་པ་མེད་དོ། །གསུམ་པ་ནི། གཞན་ཡང་མཐོང་བ། ཞེས་པ་ནས། ཕུལ་དུ་གྱུར་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་མི་གནས་པའི་རྣམ་པ་བསྟན་པ་ནི། བདེན་པ་མཐོང་བའི་ལྷག་མཐོང་ལྟ་བ་དང་། བྱིང་རྒོད་མེད་པའི་སེམས་རྩེ་གཅིག་པའི་ཞི་གནས་ཏེ། དེའང་ཏིང་ངེ་འཛིན་ནི་མ་ཡེངས་པའི་ཕྱིར་སྐད་ཅིག་མའམ་སྔ་ཕྱིར་དྲན་པའི་ཕྱིར་དྲན་པ་དང་། འགག་པ་མེད་དེ་ཡོད་ན་ཕྲ་བ་དང་ཡིད་ལ་བྱེད་པར་འགྱུར་བས་ཐམས་ཅད་དུ་ལྷན་ནེ་བའོ། །དབྱེ་ན། ནམ་མཁའི་སྙིང་པོའི་ཏིང་ངེ་འཛིན། ཉི་མའི་སྒྲོན་མ། མི་ཟད་མཛོད་ཀྱི། མ་ནོར་རྫོགས་པ། ཐམས་ཅད་དུ་འཕྲོས་པ། རིན་ཆེན་མྱུ་གུ། དུག་འཇོམས་སྨན་གྱི། བྱ་བ་བྱེད་པ། ཆོས་ཀྱི་རྒྱུན་ནོ། །ཞེས་ཆོས་རྗེའི་ཕྱག་མཆན་ལས་གསུངས་པ་དང་། ཚིག་ལས་དོན་འབྱུང་བས་དོན་དང་མི་འབྲལ་བའི་སྒོའི་གཟུངས་དང་། ཡི་གེ་ལས་མཚོན་པ་ཚིག་འབྱུང་བའི་སྒོའི་གཟུངས་དང་། དེ་བཞིན་དུ་བསྐྱེད་པ་སྔགས་ཀྱི་སྒོའི་ཚིག་བཙན་པར་རེད་པའི་གཟུངས་དང་། གང་གིས་གང་ལ་བྲིས་པ་ཡི་གེའི་སྒོའི་གཟུངས་ཏེ། དེ་བཞིན་ཡང་ཕྱེ་བས་ཆ་བརྒྱད་དུ་འགྱུར་ལ། རྣམ་པ་དེ་དག་གི་དོན་ཀྱང་ཇི་ལྟ་བར་བཤད་པ་བཞིན་དུ་དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཅིང་ཡང་དག་པར་མཇལ་བ་ནི། གསང་བའི་རྒྱུད་གཙོ་བོར་སྟོན་པའི་དོན་མཁས་པའི་ཕུལ་དུ་གྱུར་པར་བྱེད་པ་ཁོ་ནར་ཤེས་པར་བྱའོ། །གཉིས་པ་ནི། གྲོགས་པོ་དག །ཅེས་པ་ནས། ཤེས་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཅེས་བོས་ནས། བསྟན་པ་དེ་དག་ནི་ལམ་མམ་རྒྱུའི་ཐེག་པ་སྟེ། གསང་སྒོ་མཚོན་པའི་བྱ་བ་བྱེད་པའི་རྣལ་འབྱོར་དུ་ཤེས་པར་བྱའོ། །དེ་དག་རྣལ་འབྱོར་པའི་དབུ་མ་ངོར་བསྟན་པར་མཇ ལ་ཏོ། །གསུམ་པ་ནི། ཀྱེ་གྲོགས་པོ་དག །ཅེས་པ་ནས། ཕུལ་དུ་གྱུར་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། འབྲས་བུ་གསང་སྔགས་ཐུན་མོང་ཡིན་པ་གཞུང་འདིར་འདོད་པ་ཉིད་གང་སྙམ་པ་ལ། སྐྱེས་བུ་ཆེན་པོས། ཀྱེ་གྲོགས་པོ་དག །ཅེས་བོས་ནས། རྣལ་འབྱོར་ཐ་མ་བྱ་བ་མེད་པའི་རྣལ་འབྱོར་བསྟན་པ་གང་ཞེ་ན། གསང་སྔགས་ཅིག་ཆར་འཇུག་པས་རྒྱུ་འབྲས་འབྱེད་པའི་རྩོལ་བ་མི་བྱེད་པའི་གཞུང་ཆེན་པོའི་རྣམ་གྲངས་ཉེ་བར་སྟོན་པ་འདི་ལྟ་སྟེ། ས་ནི་བཅུ་གཅིག་སྟེ། རྩ་བའི་རྒྱུད་ལས། འགྱུར་དབང་མ་ངེས་པའི་ས་དང་། རྟེན་པ་གཞིའི་ས་དང་། གལ་ཆེན་སྦྱོང་བའི་ས་དང་། མི་ལྡོག་གནས་པའི་ས་དང་། བསླབ་པ་རྒྱུན་གྱི་ས་དང་། ཆོ་འཕྲུལ་སྤྲུལ་པའི་ས་དང་། རྟེན་པས་ཁྱད་པར་དུ་འགྲོ་བའི་ས་དང་། དམིགས་པས་འབྲས་བུ་སྐྱེ་བའི་ས་དང་། གནས་པ་མི་འགྱུར་བའི་ས་དང་། གདལ་བ་ཆོས་ཉིད་ཀྱི་ས་དང་། རྫོགས་པ་སྤྱིར་ཆིབ་ཀྱི་ས་སྟེ་ས་འདི་དག་ནོན་པར་འདོད་པས་ཀྱང་ལམ་འདི་ལ་བསླབ་པར་བྱའོ། །ཞེས་སོ། །འདི་ལྟར་ན་སྦྱོར་ལམ་ལ་ས་བཞི་སྟེ། མི་ལྡོག་གནས་པ་ནི། གལ་ཆེན་སྦྱོར་བའི་ས་ལས། རིགས་བྱེད་ནས་སླར་མི་ལྡོག་པར་གནས་པའི་ས་ཡིན་ལ། ཆོ་འཕྲུལ་སྤྲུལ་པའི་ས་ནི། དངོས་སུ་བསོད་ནམས་གཏེར་གྱི་ས་དང་གཅིག་པར་གསུངས་པ་དང་། གཞི་དམ་ཚིག་གིས་གཟུང་བར་བསླབ་པ་དང་། རྒྱུད་ཐོས་པས་དགྲོལ་བར་བསླབ་པ་དང་། ཕུལ་དུ་མཁས་པས་དབྱུང་བར་བསླབ་པ་དང་། སྒོ་ཀུན་ནས་བསྡུར་བར་བསླབ་པ་དང་། རིམ་པ་དབང་གིས་བགྲོད་པར་བསླབ་པ་དང་། ལ་སྤྱོད་པས་དོར་བར་བསླབ་པ་དང་། ལྟ་བས་ཐག་བཅད་པར་བསླབ་པ་དང་། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བར་བསླབ་པ་དང་། དོན་མན་ངག་གིས་བསྒྲུབ་པར་བསླབ་པ་དང་། མདོ་གཅིག་ཏུ་བསྡུ་བར་བསླབ་པའོ། །ཞེས་པ་ལྟར་འདི་ཉིད་ཀྱི་བསླབ་པའི་མཐའ་བཅུ་ནི་ལམ་གྱི་རྐྱེན་ཡིན་པ་དང་། རྒྱུ་དང་འབྲས་བུར་སྦྱོར་བ་དང་། ཐབས་དང་ཤེས་རབ་ཏུ་སྦྱོར་བ་དང་། དབྱིངས་དང་ཡེ་ཤེས་སུ་སྦྱོར་བ་དང་། སེམས་དང་ཆོས་སུ་སྦྱོར་བ་དང་། ལས་དང་ཐུགས་རྗེར་སྦྱོར་བས་སྦྱོར་བ་ཆེན་པོས་ཞེས་བྱའོ། །ཞེས་པས་སྦྱོར་བ་ལྔ་ནི། མཚན་ཉིད་ཐེག་པ། ནང་རྒྱུད་གསུམ། སྔགས་ཕྱི་པའི་ལྟ་སྤྱོད་བསྡུ་བ་དང་། འདུན་པ་སེམས་པའི་རྣལ་འབྱོར་དང་། བཀའ་སྡོད་ལས་ཀྱི་རྣལ་འབྱོར་དང་། རིགས་ཆེན་འབྱེད་པའི་རྣལ་འབྱོར་དང་། གསང་སྒོ་ལུང་གི་རྣལ་འབྱོར་དང་། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང་། མཚན་མ་རྟགས་ཀྱི་རྣལ་འབྱོར་དང་། ལུང་ཆེན་ཐོབ་པའི་རྣལ་འབྱོར་དང་། རིག་པ་འཛིན་པའི་རྣལ་འབྱོར་དང་། རྩལ་ཆེན་སྦྱོང་བའི་རྣལ་འབྱོར་དང་། ཡོངས་སུ་རྫོགས་པའི་རྣལ་འབྱོར་དང་། ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དུ་གནས་པའི་ཕྱིར་རྣལ་འབྱོར་ཞེས་བྱའོ། །ཞེས་གསུངས་པ་ལྟར་རྣལ་འབྱོར་བཅུ་གཅིག་དང་། སྒྲིབ་པ་དང་ཆད་པའི་གནས་ནི་རྟོག་པ་བརྒྱད་ཅུ་རྩ་གཅིག་གམ། དགུ་བཅུ་ཉིད་ལམ་དམ་པ་ཕྲ་རགས་ཀྱིས་གཅད་པ་དང་། དེ་བཞིན་དུ་བདུད་ཆེན་པོའི་རིས་སུ་ལྟུང་བའི་སྒོ་དང་། མུ་སྟེགས་ཀྱི་ཁམས་སུ་ལྟུང་བའི་སྒོ་དང་། སྲིན་པོའི་ཁམས་སུ་ལྟུང་བའི་སྒོ་དང་། གནོད་སྦྱིན་གྱི་རིས་སུ་ལྟུང་བའི་སྒོ་དང་། རུ་ཏྲ་ཆེན་པོར་ལྟུང་བའི་སྒོ་དང་། བགེགས་ཆེན་པོར་ལྟུང་བའི་སྒོ་དང་། ལྷ་ཆེན་པོའི་རིགས་སུ་ལྟུང་བའི་སྒོ་དང་། ཤོ་གམས་གཅན་ཆེན་གྱི་རིས་སུ་ལྟུང་བའི་སྒོ་དང་། དམྱལ་བ་ཆེན་པོར་ལྟུང་བའི་སྒོ་སྟེ། ལྟུང་བའི་སྒོ་དགུ་གསང་བ་སྤྱོད་ཉེས་པའི་སྐྱེ་གནས་ཉིད་དང་། རྒྱུ་ཉིད་འབྲས་བུར་གྲུབ་པའི་ཕྱིར་གཏན་ལ་ཕེབས་པས། མ་ནོར་བ་ཞེས་བྱའོ། །ཞེས་པ་ལྟར། རྒྱུ་འབྲས་གཉིས་སུ་མེད་པའི་ལྟ་བ་གཏན་ལ་འབེབས་པའི་ཕྱིར་མ་ནོར་བ་གཅིག་སྟེ། ལྟ་བ་དང་གཞི་ཉིད་བསྟན་པ་དང་། སྤྱོད་པ་དང་ལྟ་བ་ལ་མོས་པའི་དབང་དུ། རྩ་རྒྱུད་ལས། ཐེ་ཚོམ་མི་ཟ་བའི་ཕྱིར་ཐབས་ཀྱིས་ངེས་པ་དང་། ཤེས་རབ་ཀྱིས་ངེས་པས་ངེས་པ་ཞེས་བྱའོ། །ཞེས་པ་ལྟར་ཐབས་དང་ཤེས་རབ་ཀྱིས་ངེས་པའི་ལམ་གཉིས་ཏེ་རྒྱུད་ཀྱི་ལས་ཀྱི་རྩ་བ་བཤད་པ་དང་། སྤྱོད་པ་གཞན་དོན་གྱི་མཛད་པ་དགོངས་པ་རྣམ་པ་བཞི་སྟེ། ཐབས་ཀྱིས་ལྡེམ་པོར་དགོངས་པའི་ཕྱིར་མཉམ་པ་ཉིད་ལ་དགོངས་པ་དང་། མཚན་ཉིད་ཀྱི་ཕྱིར་དུས་གཞན་ལ་དགོངས་པ་དང་། གཉེན་པོའི་ཕྱིར་ལན་གྲངས་གཞན་ལ་དགོངས་པ་དང་། བསྒྱུར་བའི་སྤྱིར་དོན་གཞན་ལ་དགོངས་པས་ན་དགོངས་པ་ཞེས་བྱའོ། །ཞེས་གསུངས་པས། དེའི་ཕྱིར་དགོས་ཆེད་དང་ངོ་བོས་བརྒྱུད་དུའང་འགྱུར་བ་དང་། ཡེ་ཤེས་ནི། ཡེ་ཤེས་ལྔ་དང་རང་བྱུང་གི་ཡེ་ཤེས་རྣམས་སམ། ཡང་ན། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། རྒྱུའི་ཡེ་ཤེས་དང་། ཐམས་ཅད་འབྱུང་བའི་ཡེ་ཤེས་དང་། ཡི་གེའི་ཡེ་ཤེས་དང་། ཕྱག་རྒྱའི་ཡེ་ཤེས་དང་། སྤྲུལ་པའི་ཡེ་ཤེས་དང་། ཅིར་ཡང་མཛད་པའི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། ནམ་མཁའ་ལྟ་བུའི་ཡེ་ཤེས་དང་། སྒྱུ་མ་ལྟ་བུའི་ཡེ་ཤེས་དང་། རིན་པོ་ཆེ་ལྟ་བུའི་ཡེ་ཤེས་དང་། ཉི་མ་ལྟ་བུའི་ཡེ་ཤེས་དང་། སྣང་སྟོང་གསལ་བའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གསལ་བའི་ཕྱིར་ཡེ་ཤེས་ཆེན་པོ་ཞེས་བྱའོ། །ཞེས་གསུངས་པ་ལྟར་དང་། ཚོགས་ནི། ཀུན་ནས་ཚང་བའི་ཕྱིར་མཉམ་པ་ཆེན་པོ་དང་། འབྱོར་པ་ཆེན་པོ་དང་། འདུས་པ་ཆེན་པོ་དང་། རིག་པ་ཆེན་པོ་དང་། དབང་ཆེན་པོ་དང་། འདྲེས་པ་ཆེན་པོའི་ཕྱིར་ཚོགས་ཞེས་བྱའོ། །ཞེས་པ་ལྟར་རྣམ་གྲངས་དྲུག་དང་། མཉམ་པ་ཉིད་དུ་གྲུབ་པ་དང་། བདེ་བ་ཆེན་པོར་གྲུབ་པ་དང་། ཡོངས་སུ་རྫོགས་པར་གྲུབ་པ་དང་། ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར་གྲུབ་པ་ཆེན་པོ་ཞེས་བྱའོ། །ཞེས་པ་ལྟར་འབྲས་བུ་ཉིད་དང་ལྟ་བའི་གྲུབ་མཐའ་ཐུན་མོང་བ་བསྒྲུབ་པ་བཞི་དང་། གང་བསྒྲུབ་པ་དངོས་སུ་གྲུབ་པའི་ཕྱིར། སྲིད་པ་རྒྱ་མཚོ་དབྱིངས་སུ་ཐིམ་པར་གྲུབ་པ་དང་། འཁོར་བ་རྒྱ་མཚོ་བདག་གིར་གྲུབ་པར་གྱུར་པ་དང་། བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པར་གྱུར་པ་དང་། དམིགས་པ་གང་ཡིན་པ་དེ་བཞིན་གྲུབ་པར་གྱུར་པ་དང་། ཆོ་འཕྲུལ་རྫུ་འཕྲུལ་ཐོགས་པ་མེད་པར་གྲུབ་པ་དང་། དོན་དམ་བཅུད་ཀྱི་རྣམ་ཤེས་རྒྱས་པར་གྲུབ་པའི་ཕྱིར་དངོས་གྲུབ་ཆེན་པོ་ཞེས་བྱའོ། །ཞེས་པ་ལྟར་དྲུག་སྟེ་རབ་འབྲིང་ཐ་མ་གསུམ་དུ་གྱུར་པ་དང་། ལེགས་པ་དང་ལྡན་པའི་ཕྱིར་ཡོན་ཏན་ཏེ། སྔ་མ་ལས། འདོད་པ་འབྱུང་བའི་ཕྱིར་ཡང་ཡོངས་སུ་ཁྱབ་པ་དང་། རླབས་སུ་ཆེ་བའི་ཡོན་ཏན་དང་། རྩིས་ལས་འདས་པའི་ཕྱིར་ཡོན་ཏན་ཞེས་བྱའོ། །ཞེས་པ་ལྟར་རྣམ་གྲངས་གསུམ་དང་། ཏིང་ངེ་འཛིན་བཅུ་གཉིས་ནི་ལམ་དུ་འཆད་དེ། གསལ་ཞིང་མི་གཏོང་བའི་ཕྱིར་སེམས་ཀྱི་སྤྱོད་པ་སྟེ། རྣམ་དག་དབྱིངས་ཀྱི་ཏིང་ངེ་འཛིན་དང་། ཞེས་སོགས་གསུངས་པ་ལྟར། རྣམ་དག་དབྱིངས་ཀྱི་ཏིང་ངེ་འཛིན་དང་། ཐམས་ཅད་རྫོགས་པའི་ཏིང་ངེ་འཛིན་དང་། སྣང་གསལ་ཡེལ་འཕྱོའི་ཏིང་ངེ་འཛིན་དང་། འབྱུང་ཆེན་སྤྲུལ་པའི་ཏིང་ངེ་འཛིན་དང་། དབང་བསྒྱུར་ཐབས་ཀྱི་ཏིང་ངེ་འཛིན་དང་། མི་ཟད་མཛོད་ཀྱི་ཏིང་ངེ་འཛིན་དང་། མངོན་པར་རྟོགས་པའི་ཏིང་ངེ་འཛིན་དང་། ཚོགས་ཆེན་རྫོགས་པའི་ཏིང་ངེ་འཛིན་དང་། རྩེ་གཅིག་འཕྲོ་བའི་ཏིང་ངེ་འཛིན་དང་། རིན་ཆེན་མྱུ་གུའི་ཏིང་ངེ་འཛིན་དང་། དུག་འཇོམས་སྨན་གྱི་ཏིང་ངེ་འཛིན་དང་། བྱ་བ་བྱེད་པའི་ཏིང་ངེ་འཛིན་ཏེ་དེ་ཡང་སྤྱི་དང་བྱེ་བྲག་ལས། བྱེ་བྲག་ལ་ས་བཅུ་པ་ལ་གསུམ། དགུ་པ་མན་ཆད་གོ་རིམས་སུ་སྦྱར་རོ། །སྤྱིར་མཚན་མའི་བསྒྲུབ་པ་ཐ་དད་དང་། ཇི་བཞིན་པའི་བྱེ་བྲག་གི་སྦྱར་བ་དང་། ལྷག་པར་འཕགས་པའི་ཕྱིར་མངོན་པ་དང་། བདག་ཉིད་ཆེན་པོ་དང་། དེ་ཡིན་པ་དང་། ཐམས་ཅད་དུ་ཆེ་བ་དང་། ཀུན་ཏུ་རྫོགས་པའི་ཕྱིར་ཆེན་པོ་ཞེས་བྱའོ། །ཞེས་པ་ལྟར་ཐེག་པ་གཞན་ལས་ལྟ་བས་ལྷག་པར་འཕགས་པའི་ཕྱིར། ལོག་སྲེད་ཅན་ཟིལ་གྱིས་གནོན་པས་མངོན་པར་སངས་རྒྱས་པའི་ཆེ་བ་དང་། མཐར་ཟད་གནོན་པས་བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ་དང་། ཐེ་ཚོམ་གནོན་པས་དེ་ཉིད་ཡིན་པར་སངས་རྒྱས་པའི་ཆེ་བ་དང་། ཐེར་ཟུག་གནོན་པས་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ་དང་། རྩོལ་བ་ཟིལ་གྱིས་གནོན་པའི་ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པ་མེད་པའི་ཆེ་བས་འཕགས་པའི་ཆེན་པོ་ལྔ་དང་། གསལ་བའི་ཕྱིར་ཡེ་ཤེས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཞེས་པ་ནས། ཆོས་ཀྱི་དབྱིངས་སུ་གསལ་བའི་ཡེ་ཤེས་ཏེ་འབྲས་བུ་ཉིད་དོ། །ཞེས་པའི་བར་རྣམ་གྲངས་གོང་དུ་བསྟན་པ་བཞིན་དུ་ཡེ་ཤེས་བཅོ་བརྒྱད་དེ། དེ་ཡང་མ་ཟད། ཕྱི་ནང་གི་ཆོས་ཐམས་ཅད་ཤེས་པའི་ཕྱིར། ནང་གི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། ཕྱིའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། ཕྱི་ནང་གི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། སྟོང་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། ཆེན་པོའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། དོན་དམ་པའི་ཆོས་ཉིད་ཤེས་པའི་ཡེ་ཤེས་དང་། འདུས་བྱས་ཀྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེསདང་། འདུས་མ་བྱས་ཀྱི་ཆོས ཐམས་ཅད་ཤེས་པའི་ཡེ་ཤེས་དང་། མཐའ་མི་དམིགས་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། དུས་གསུམ་གྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། བླང་དོར་མི་དམིགས་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། རང་བཞིན་གྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། ཆོས་ཅན་གྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། མཚན་ཉིད་འཛིན་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། དམིགས་པ་མེད་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། མཚན་མར་མི་རྟོག་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང་། དངོས་པོ་མི་དམིགས་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་ཀྱི་ཕྱིར་ཡེ་ཤེས་ཞེས་བྱའོ། །ཞེས་པ་ལྟར་རྐྱེན་གྱི་རྣལ་འབྱོར་གྱི་སྐབས་སུ་གསུངས་པའི་ལམ་གྱི་ཡེ་ཤེས་བཅོ་བརྒྱད་པོ་འདི་དག་སྟོང་ཉིད་བཅོ་བརྒྱད་རྟོགས་པའི་མཁྱེན་པ་མ་འདྲེས་ཀུན་ཏུ་གསལ་བ་ཉིད། འདིར་འབྲས་བུའི་ཡེ་ཤེས་བཅོ་བརྒྱད་ཀྱི་ངོ་བོར་ཡོངས་སུ་རྫོགས་པས། ཤེས་བྱ་དེ་བཞིན་ཉིད་དུ་གྲོལ་བས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། སྒྱུ་མ་ལྟར་མཁྱེན་པ་ཀུན་སྣང་བས་རྒྱུའི་ཡེ་ཤེས་དང་། ཡོན་ཏན་ཐམས་ཅ ད་འབྱུང་བའི་ཡེ་ཤེས་དང་། གསུང་དབྱངས་ཀྱི་སྒོ་ཡི་གེའི་ཡེ་ཤེས་དང་། ཐུགས་སོ་སོར་གསལ་ཡང་གཉིས་སུ་མེད་པ་ཕྱག་རྒྱའི་ཡེ་ཤེས་དང་། སྐུ་སྣ་ཚོགས་འཕྲུལ་པ་སྤྲུལ་པའི་ཡེ་ཤེས་དང་། ཕྲིན་ལས་ཅིར་ཡང་མཛད་པའི་ཡེ་ཤེས་བདུན་ནི་དོན་གྱི་སྒོ་ནས་བསྟན་པ་དང་། ཤེས་བྱའི་གཟུགས་བརྙན་སྣང་བ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། དབྱིངས་ཀུན་ཁྱབ་པར་བྱེད་པ་ནམ་མཁའ་ལྟ་བུའི་ཡེ་ཤེས་དང་། སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་ཡེ་ཤེས་དང་། རེ་བ་སྐོང་བ་རིན་པོ་ཆེ་ལྟ་བུའི་ཡེ་ཤེས་དང། གསལ་ལ་འཚེར་བ་ཉི་མ་ལྟ་བུའི་ཡེ་ཤེས་དང་ལྔ་ནི་དཔེ་ཡིས་མཚོན་པའི་ཡེ་ཤེས་དང་། རང་བཞིན་གྱིས་གསལ་བ་སྣང་སྟོང་གསལ་བའི་ཡེ་ཤེས་དང་། སྐྱེ་བ་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཕྱིན་ཅི་མ་ལོག་པར་སྒྲིབ་མེད་དུ་གསལ་བ་སོ་སོར་རྟོག་པའི་ཡེ་ཤེས་དང་། མཐར་ཕྱིན་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། གང་དུའང་མི་དམིགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། སྤྱིར་ཕྱོགས་རིས་གྲོལ་ཏེ་ཐམས་ཅད་ངང་ལ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གསལ་བ་དང་དྲུག་ནི་མཚན་ཉིད་དང་ལས་ཀྱི་སྒོ་ནས་བསྟན་པའི་ཕྱིར་རང་བཞིན་མཉམ་པའོ། །དེ་ལྟར་མ་འདྲེས་པ་དང་ཡོངས་སུ་རྫོགས་པ་དབྱེར་མེད་དུ་མཁྱེན་པ་ནི་བྱ་བ་མེད་པའི་ཡེ་ཤེས་རྣམ་པར་དག་པ་ཉིད་དུ་མཐར་ཕྱིན་པ་ཡིན་པས་ཡེ་ཤེས་སྔ་མ་བཅོ་བརྒྱད་ཀྱང་གོང་དུ་མ་དྲངས་པར་འདིར་དྲངས་ཏེ་བསྟན་པ་དང་། བྱུང་ཚུལ་ནི། གཞན་གྱི་དོན་དུ་བྱུང་ཞིང་འགྲོ་བའི་ཚུལ་དང་མཐུན་པའི་ཕྱིར་གནས་སུ་བསྐྱོད་པ་དང་། མཉམ་པར་གྱུར་པ་དང་། མཛེས་པར་གཤེགས་པ་དང་། སྤྲོ་བར་སྤྱོད་པ་དང་། གསང་བར་སྦྱོར་བ་དང་། མཚན་མ་བཅོམ་པ་དང་། མཛད་པ་མེད་པ་དང་། སེང་གེའི་གསུང་སྒྲ་དང་། ངེས་པར་རྫོགས་པ་དང་། ཚམ་ངམ་ཆེན་པོ་དང་། སྤྲུལ་པ་མཛད་པ་དང་། ཡོངས་སུ་དག་པའི་ཕྱིར་བྱུང་ཚུལ་ཆེན་པོ་ཞེས་བྱའོ། །ཞེས་པ་ལྟར་རྒྱལ་བའི་ཕྲིན་ལས་བཤད་པ་དང་། ཆེ་བ་ནི། ཡོན་ཏན་གྱི་ཆེ་བ་སྤྱོམ་པའི་ཕྱིར་རྣམ་གྲངས་ཉི་ཤུ་བསྟན་པ་སྟེ གཉེན་པོ་མེད་པའི་ཆེ་བ་དང་། འགྲན་ཟླ་མེད་པའི་ཆེ་བ་དང་། ཁྱད་པར་འཕགས་པའི་ཆེ་བ་དང་། ཆེ་བཙན་གཅིག་པུའི་ཆེ་བ་དང་། ཚམ་ངམ་རླབ་ཀྱི་ཆེ་བ་དང་། རྨད་དུ་བྱུང་བའི་ཆེ་བ་དང་། ཐམས་ཅད་དུ་མ་ཕམ་པའི་ཆེ་བ་དང་། མངའ་དབང་རྫོགས་པའི་ཆེ་བ་དང་། ཀུན་ལས་རྒྱལ་བའི་ཆེ་བ་དང་། ཡོངས་སུ་མི་ནུབ་པའི་ཆེ་བ་སྟེ། དོན་ཕ་རོལ་ཏུ་ཕྱིན་པ་ཐུན་མོང་མ་ཡིན་པ་བཅུ་དང་། རྟགས་བཅུ་སྟེ། ཡེ་ཤེས་ཀྱི་རྡོ་རྗེ་དང་། བཟོད་པའི་བྷནྡྷ་དང་། སྟོབས་ཀྱི་ཁ་ཊྭཱྃ་ག་དང་། སྨོན་ལམ་གྱི་ཞིང་ཆེན་དང་། ཐབས་ཀྱི་ཐོང་གཤོལ་དང་། ཤེས་རབ་ཀྱི་རྔ་དང་། ཚུལ་ཁྲིམས་ཀྱི་པདྨ་དང་། བསམ་གཏན་གྱི་འཁོར་ལོ་དང་། བརྩོན་འགྲུས་ཀྱི་རལ་གྲི་དང་། སྦྱིན་པའི་རིན་པོ་ཆེ་སྟེ་གོ་རིམས་སུ་སྦྱར་བ་དང་། རོལ་པ་ནི། ལེའུ་བཅུ་དྲུག་པར་རོལ་པ་ལས་གྲུབ་པ འི་བདག་དོན་ལས་ཕྱེ་བ་མ་སྐྱེས་པའི་དབུ་དང་། མ་རྨོངས་པའི་སྤྱན་ལ་སོགས་བཅུ་དང་། གཞན་དོན་དུ་མཛད་པ་ལས་ཕྱེ་བ་སྤྱན་གྱི་ལས་གདུལ་བྱ་གཟིགས་པར་མཛད་པ་དང་། ཤངས་ཀྱི་ལས་སྤྲུལ་པ་འགྱེད་པར་མཛད་པ་ལ་སོགས་པ་བཅུར་བསྟན་པ་ཉིད་དང་། ཆེ་བ་དང་། རོལ་པ་འདི་གཉིས་གསང་བ་སྒྱུ་འཕྲུལ་གྱི་ལུགས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལ ས་ལྔ་རེ་རེ་ལའང་བཞི་བཞིར་བསྟན་པར་ཁྲོ་བོའི་གླུ་ལས་འབྱུང་བ་དང་། འཁོར་གྱི་ལྷ་མོ་ཉི་ཤུ་དང་རོལ་པ་ལ་བརྩིས་པ་ལྷ་མོ་སྒྱུ་འཕྲུལ་ལས་འབྱུང་བར་བཤད་དོ། །རྔོམ་པ་ཡང་གོང་གི་ལེའུ་དེ་ཉིད་ལས། སྐུའི་རྔོམ་སྤྱོད་བྱེ་བ་ས་ཡར་མངོན་པ་དང་། གསུང་གི་རྔོམ་སྤྱོད་བསྟན་པ་རྒྱ་མཚོར་མངོན་པ་དང་། ཐུགས་ཀྱི་རྔོམ་སྤྱོད་ཆོས་ཉིད་ནམ་མཁར་མངོན་པ་དང་། མཐུའི་རྔོམ་སྤྱོད་ནམ་མཁའི་དབྱིངས་ལྟར་མངོན་པ་བཞི་ལས། ཡན་ལག་བཞི་བཞི་སྟེ་ཚུལ་བཅུ་དྲུག་དང་ཉི་ཤུའོ། །བརྗིད་པ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་བརྗིད་བཞི་བཞི་སྟེ་ཉི་ཤུ་གསུངས་པ་དེ་ཉིད་དང་། མཐུ་ཉི་ཤུ་ཡང་། རྩ་རྒྱུད་ལས། འཇིག་རྟེན་ཆེན་པོ་དྲུག་འཕང་བར་འདོད་པ་དང་། ཆུའི་ཕུང་པོ་ཆེན་པོ་བརྔུབ་སྟེ་བསྐམ་པར་འདོད་པ་དང་། རླུང་གི་བསྐལ་པ་བཅིང་བར་འདོད་པ་དང་། ཉི་མའི་དཀྱིལ་འཁོར་འབུམ་དགྱེ་བར་འདོད་པ་དང་། སྲེག་པའི་བསྐལ་བ་ཆེན་པོ་གསུམ་གཞིལ་བར་འདོད་པ་དང་། ནམ་མཁའ་ཐམས་ཅད་བ་སྤུ་གཅིག་གིས་དགང་བར་འདོད་པ་དང་། བ་སྤུ་གཅིག་ལས་སངས་རྒྱས་བྱེ་བ་དགྱེ་བར་འདོད་པ་དང་། སངས་རྒྱས་བྱེ་བ་བ་སྤུ་གཅིག་གི་ནང་དུ་ཤོང་བ ར་འདོད་པ་དང་། འཁོར་བ་ཐམས་ཅད་བ་སྤུ་གཅིག་ཏུ་རྔུབ་པར་འདོད་པ་དང་། བ་སྤུ་གཅིག་གིས་འཁོར་བ་ཐམས་ཅད་ལ་ཁྱབ་པར་འདོད་པ་དང་། བསྐལ་པའི་འཁོར་ལོ་རིང་དུ་སྲུབ་པར་འདོད་པ་དང་། ཐུང་ངུ་སྦུབ་པར་འདོད་པ་དང་། དུས་ཀྱི་འཁོར་ལོ་ཆེན་པོ་མཉམ་པར་བསྐོར་བར་འདོད་པ་དང་། འཁྲུག་པར་བསྐོར་བར་འདོད་པ་དང་། ལས་ཀྱི་འཁོར་ལོ་ཆེན་པོ་རྒྱུན་དུ་བསྐོར་བར་འདོད་པ་དང་། རྒྱུན་གཅད་པར་འདོད་པ་དང་། སྲིད་པའི་འཁོར་ལོ་བཟློག་པར་འདོད་པ་དང་། ལུགས་སུ་བསྐོར་བར་འདོད་པ་དང་། སྡུག་བསྔལ་གྱི་འཁོར་ལོ་ཆེན་པོ་རྒྱུན་གཅད་པར་འདོད་པ་དང་། དམྱལ་བའི་འཁོར་ལོ་ཆེན་པོ་དོང་སྤྲུགས་པར་འདོད་པས་ཀྱང་ལམ་འདི་ལ་བསླབ་པར་བྱའོ། །ཞེས་པ་ལྟར་དང་། ཆོ་འཕྲུལ་ཞེས་པའང་ཉི་ཤུ་སྟེ། གོང་གི་ལེའུ་དེ་ཉིད་ལས། ལས་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་དང་། བསམ་གཏན་གྱི་རྫུའཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་དང་། ཆོས་ཉིད་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་དང་། ཐུགས་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་བཞི་ལ་ཡན་ལག་བཞི་བཞི་སྟེ་བཅུ་དྲུག་དང་ཉི་ཤུའོ། །ཡོངས་སུ་རྫོགས་པའི་རྣམ་པ་ནི། ཀུན་འདུས་ལས། རྣམ་གྲངས་ཐམས་ཅད་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་རྫོགས་པར་གྲུབ་པའི་ཕྱིར་རྫོགས་པ་ཆེན་པོ་གཅིག་ཅེས་བྱའོ། །ཞེས་གསུངས་པ་ལྟར་གནས་ལུགས་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་གཅིག་ཏུ་རང་བཞིན་རྣམ་པར་དག་པ་སྟེ་གཞི་ཉིད་ཁོ་ནའོ། །དེ་བས་ན་འབྲས་བུའི་རྣལ་འབྱོར་འདི་ནི་གཞི་ཉིད་དང་ལམ་དང་འབྲས་བུར་བསྡུས་ཏེ་འགྲེལ་པའོ། །དེ་ལྟ་བུ་བྱ་བ་མེད་པས་གསང་སྔགས་ཀྱི་རྣམ་གྲངས་དེ་དག་ནི། ཆོས་ཉིད་བས་བསམ་མེད་པའི་དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་གནས་ཟིན་པ་དང་། དེ་ཉིད་དུ་བྱ་བ་མེད་པས་ཡོངས་སུ་འབྱིན་པ་དང་། དེས་མཐར་ཕྱིན་ཅིང་མཆོག་ཏུ་ལྷུན་གྱིས་གྲུབ་པའི་ཕྱིར། འདི་དག་ཇི་ལྟར་བར་མ་འདྲེས་ཡོངས་སུ་རྫོགས་པར་རྟོགས་པ་ནི་མཁས་པའི་ཕུལ་དུ་གྱུར་པ་ཡིན་པས། མ་ནོར་བར་ངེས་ཏེ་མངོན་དུ་གྱུར་པར་བྱའོ། །འོ་ན་འདིར་ཡང་བྱ་བ་མེད་པའི་ལམ་རྣམས་སྨོས་པས་བྱ་བ་མེད་པར་མི་འགྱུར་རོ་ཞེ་ན། འདིར་དེ་དག་གཙོ་བོའི་དབང་དུ་བྱ་བ་མེད་པའི་ཡོན་ཏན་དེ་དག་ཏུ་སྣང་བས་རིལ་འབྲས་བུ་ལ་རྫོགས་པའི་ཕྱིར་སྨོས་པ་མི་འགལ་བ་དང་། འབྲས་བུ་གྲུབ་པར་བྱེད་པའི་རྒྱུ་རྐྱེན་འདིར་འབྲེལ་བའི་སྒོ་ནས་སྨོས་ཀྱང་གཙོ་བོར་འབྲས་བུ་ཉིད་དུ་བསྟན་པའི་ཕྱིར་འགལ་བ་མེད་དོ། །མདོར་རྐྱེན་གྱི་རྣལ་འབྱོར་ལ་འབྲས་བུ་སྨོས་པ་དང་། འབྲས་བུའི་རྣལ་འབྱོར་ལ་ལམ་སྨོས་པ་གཉིས་ཀའང་། གཙོ་བོར་གང་སྟོན་པ་དབང་དུ་གྱུར་པས་མི་མཐུན་པས་སྨོས་པ་བཞིན་དུ་འགྱུར་རོ། །ཆོས་འདི་དག་གི་རྣམ་གྲངས་ལ་དཔག་ནས་ལེའུའི་ཚོམས་རྣལ་འབྱོར་གསུམ་བསྡུ་བར་བཤད་པའང་ཤིན་ཏུ་གསལ་བར་ངེས་སོ། །གསུམ་པ་ནི། དེ་ཡང་ཇི་ལྟ། ཞེས་པ་ནས། བྱ་བ་རབ་ཏུ་གཅེས། །ཞེས་པའི་བར་གྱིས་བསྟན་ཏེ། ཕུལ་དུ་དབྱུང་བའི་མདོར་དཔེ་དོན་གྱིས་གཅེས་པར་བསྟན་པའི་ཕྱིར། དེ་ཡང་ཇི་ལྟ་བུ་ཞེ་ན། གྲོགས་པོ་དག །ཅེས་བོས་ནས། ཕུལ་དུ་མཁས་པས་དབྱུང་བའི་དཔེ་དོན་བསྟན་པ་འདི་ལྟ་སྟེ། དཔེ་ཇི་ལྟར་ན་མཐོན་པོའི་རི་ཡི་རྩེ་མོ་དག་ལ་སྒྱིད་མི་ལུག་པར་བརྩོན་པས་འཛེགས་པར་བྱས་ན། མཐོ་བའི་སར་སྣང་ཡུལ་གྱི་མཐོང་བ་ཀུན་གསལ་བས། མཐོང་ཡུལ་གྱི་བྱེ་བྲག་ཐམས་ཅད་ཀུན་སྣང་སྟེ། འགྲོ་བའི་ལམ་ལ་མཁས་བར་ཕུལ་དུ་ཕྱིན་ནོ། །དེ་བཞིན་དུ་དོན་ལ་མཁས་པའི་ཤེས་རབ་ཀྱིས་མངོན་པར་མཐོ་བས་མཆོག་ཏུ་མཐོན་པོའི་རི་རྩེ་ལ། སྒོ་ཀུན་ནས་བསྡུར་བའི་བརྩོན་པ་དམ་པས་འཛེགས་ནས་ཀུན་ལ་བལྟས་ཏེ་དོན་གྱི་སྙིང་པོ་བླངས་ན། ཀུན་གྱི་ཕུལ་དུ་གྱུར་པར་ཤེས་རབ་མཐར་ཕྱིན་པས། དོན་ལ་མཁས་པའི་རང་བྱུང་གི་ཡེ་ཤེས་ཚད་མེད་པ་ཉིད་མངོན་དུ་བྱེད་དོ། །དེ་བས་ན་དོན་ལ་མཁས་པར་བྱ་བ་དེ་ནི་རབ་ཀྱི་ཕུལ་དུ་དབྱུང་བའི་བསླབ་པ་མཆོག་སྟེ། དེ་ལྟར་རྒྱལ་བའི་དགོངས་པ་དམ་པ་དེ་ཉིད་ལ་ཐོགས་པ་མེད་པར་མཁས་པར་བྱ་བ་ནི་རབ་ཏུ་གཅེས་པ་ཡིན་པས་བརྩོན་པ་མི་ལྷོད་པར་བྱའོ། །བཞི་པ་ནི། གྲོགས་པོ་དག །ཅེས་པ་ནས། ཐོབ་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཇི་སྐད་བཤད་པ་དེ་དག་ནི། ཕུལ་དུ་མཁས་པས་དབྱུང་སྟེ་མཐར་ཕྱིན་པར་བྱ་བ་ཉིད་རབ་ཏུ་བགྲོས་པ་ཡིན་པར་ཤེས་པར་བྱའོ། །དེ་སྐད་ཅེས་སྨྲས་པས། འཁོར་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཀྱིས། ཀུན་གྱི་ཕུལ་དུ་གྱུར་པའི་དགོངས་པ་དམ་པ་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ལ་མཆོག་ཏུ་མཁས་པར་གྱུར་པས་དོན་ཟབ་མོ་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་ད གོངས་པ་འདུས་པའི་མདོ་ཆེན་པོ་ལས། ཕུལ་དུ་མཁས་པས་དབྱུང་སྟེ་མཐར་ཕྱིན་པའི་ངོ་བོ་བསམ་གྱིས་མི་ཁྱབ་པའི་རྣམ་པ་ཉིད་བསྟན་པའི་ལེའུ་སྟེ་དྲུག་ཅུ་རྩ་དགུ་པ་ཉིད་རྣམ་པར་འགྲེལ་ཏེ་བཤད་པའོ།། །།ལྔ་པ་རིམ་པ་དབང་གིས་བགྲོད་པར་བསླབ་པར་རྒྱལ་བུ་རྒྱལ་སར་བཏོན་པ་ལྟར་བཤད་པ་ལ་བཞི་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། གཅེས་པར་གདམས་པ། ཞབས་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། བསྒྱུར་བས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ནོ། །ཐབས་ཀྱི་ངེས་པའི་ལམ་དམ་པ་ཤེས་རབ་ཀྱི་སྔོན་དུ་བྱ་བ་བསྟན་པའི་ཕྱིར། བསླབ་པ་བཞི་པ་བསྟན་མ་ཐག་པ་དེ་ནས་ཡང་སྟོན་པ་འཆད་པའི་སྐྱེས་བུ་གསང་བ་པའི་བདག་པོས་འཁོར་དམན་པའི་ལུས་ཀྱི་རིགས་ཅན་དམ་པ་རྣམས་ལ་བསླབ་པ་ལྔ་པ་ཉིད་སྨྲས་ཏེ་བཀའ་སྩལ་པ། ཀྱེ་གྲོགས་པོ་དག །ཅེས་བོས་ནས། གསང་བའི་འདུ་བ་རིག་པ་ལྷུན་གྲུབ་ཀུན་རྫོགས་སུ་འདུ་ཞིང་། ནང་གི་འདུ་བ་སྣང་བ་སེམས་སུ་འདུ་བ་དང་། ཕྱིའི་འདུ་བ་མི་དང་མི་མ་ཡིན་པའམ་དམ་ཅན་འདུ་བར་འགྱུར་བའི་ལམ་གྱི་སྔོན་དུ་ཐམས་ཅད་དབང་དུ་འདུ་བར་བྱ་སྟེ་རིམ་པ་དབང་གིས་བགྲོད་པའི་བསླབ་པ་ཉེ་བར་བསྟན་པ་ནི་འདི་ལྟ་སྟེ། འབྲས་བུ་ཐོབ་པར་བྱ་བ་དང་། འབྲེལ་པའམ་མཚུངས་ལྡན་གྱི་རྒྱུའི་རང་བཞིན་དང་། བསྐུར་བའི་ཐབས་བསྟེན་ཏེ་བསྒྱུར་བས་སོ། །ཞེས་དེ་ལ་གསུམ་དུ་ཕྱེ་བའོ། །གཉིས་པ་ལ་གསུམ་སྟེ། བྱ་བ་བཤད་པ། རང་བཞིན་བསྟན་པ། བསྒྱུར་བ་བཤད་པའོ། །དང་པོ་ནི། གྲོགས་པོ། ཞེས་པ་ནས། བསྡུ་བའི་བྱ་བས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་སོ་སོ་ནས་གསལ་བར་བསྟན་པའི་ཕྱིར། གྲོགས་པོ་དག །ཅེས་བོས་ནས། དེ་ལ་དང་པོ་ཐོབ་པར་བྱ་བ་བཀར་ནས་སྟོན་པ་ནི། ཐོབ་བྱ་འབྲས་བུའི་ཡོན་ཏན་དང་རང་དབང་དུ་བྱེད་པས་དབང་ཐོབ་པར་བྱ་བའི་ཕྱིར་ནོད་པ་ལ་སོགས་པ་བསྡུ་བའི་ཐབས་ཀྱི་བྱ་བ་ལ་བསྟེན་པས་ལས་རྣམས་རྩོམ་པ་ཉིད་དེ་དབང་གི་སྔོན་འགྲོ་བསྐུར་ལ་མ་རག་པ་ཚུན་ཆོད་རྣམས་སོ། །གཉིས་པ་ནི། རང་བཞིན་ནི་ཆོས་ཉིད་ཀྱིས་སོ། །ཞེས་པས་བསྟན་ཏེ། དབང་གི་རང་བཞིན་ནི། ཡེ་ནས་རང་གི་ལུས་སེམས་ཀྱི་གནས་ཚུལ་ལ་མཚུངས་ལྡན་གྱི་མཚན་ཉིད་དུ་ལམ་གྱི་རིམ་པ་ལྟར་རྟེན་འབྲེལ་གྱི་མཐུ་དང་ཆོས་ཉིད་ཀྱིས་མ་བརྩལ་བར་གནས་ཏེ་དབང་གི་ངོ་བོར་བཞུགས་པ་ཉིད་ཀྱི་གནས་ལུགས་སོ། །དེས་ན་སྤྱི་དབང་བསྐུར་བའི་རྒྱུད་ལས། དབང་མཆོག་སེམས་ལ་ཡོད་པ་ནི། །དུས་གསུམ་རྒྱལ་བའི་ལུང་ལས་བྱུང་། །དབང་མཆོག་རང་ལ་མེད་པ་ནི། །བསྐུར་བས་ཐོབ་པར་ཡོངས་མི་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་ཡང་། །དེ་ལ་འབྲས་ཀྱི་མངོན་སྣང་མེད། །ཅེས་སོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། བསྒྱུར་བས་འདུ་བར། ཞེས་པ་ནས། ཐོབ་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། གང་ཟག་འདི་ལ་དབང་འདིས་འབྲས་བུ་འདི་ཉིད་དུ་བསྒྱུར་བས་བསྐུར་བའི་ཐབས་རྐྱེན་གྱིས་དབང་དུ་འདུ་ཞིང་སློང་བར་བྱ་བའི་དོན་ཉེ་བར་བསྟན་པ་ནི། འདི་ལྟ་སྟེ། ཐུན་མོང་གི་རྒྱུ་དང་། དབང་ཐོབ་པའི་དུས་དང་། དེ་ལྟར་ཐོབ་པའི་ཚད་དང་། དབང་ཐོབ་ནས་གྲགས་པ་དང་། དབང་ཐོབ་ཏུ་མི་སྟེར་བའི་གེགས་དང་། ཚུལ་བཞིན་ཐོབ་པའི་རྟགས་དང་། དབང་ཐོབ་པའི་ཚུལ་བསྟན་པའོ། །གཉིས་པ་ལ་བརྒྱད་དེ། ཐུན་མོང་གི་རྒྱུ་བསྟན་པ། ཐོབ་པའི་དུས་སོ་སོར་བཤད་པ། ལེགས་པར་ཐོབ་པའི་ཚད་བསྟན་པ། དབང་ཐོབ་པས་གྲགས་པ་བཤད་པ། མི་ཐོབ་པའི་གེགས་བསྟན་པ། ངེས་པར་ཐོབ་པའི་རྟགས་བཤད་པ། ཇི་ལྟར་ཐོབ་པའི་ཚུལ་བསྟན་པ། ཞར་ལ་མ་ཐོབ་པར་བཤད་པའི་སྐྱོན་བསྟན་པའོ། །དང་པོ་ནི། གྲོགས་པོ་དག །ཅེས་པ་ནས། ལྔ་ཁོ་ནའོ། །ཞེས་པའི་བར་གྱིས་བསྟན་ཏེ། སྐྱེས་བུ་ཆེན་པོས་གྲོགས་པོ་དག །ཅེས་བོས་ནས། དེ་ཡང་གྲངས་ལ་སྙེགས་པས་རྒྱུ་བཀར་ནས་སྟོན་པ་ནི། བསྐུར་བའི་རྒྱུ་དང་། ཐོབ་པར་བྱ་བའི་རྒྱུ་གཉིས་ལས། འདིར། དམ་ཚིག་ཏིང་འཛིན་ཤེས་རབ་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་ལྔ། །ཞེས་པ་ལྟར། ཐུན་མོང་མ་ཡིན་པའི་ཡོ་བྱད་ཆེན་པོོ་ལྔ་ཡིས་ཕྱུག་པའི་བླ་མའི་བྱིན་རླབས་དང་། སློབ་བུ་ཡང་ལྔ་དང་ལྡན་པའི་སྣོད་གཉིས་ཀ་ཐུན་མོང་དུ་འཇལ་བར་བྱ་བ་ཁོ་ནའོ། །གཉིས་པ་ནི། དུས་ནི་མཐའ་བཅུ། ཞེས་པ་ནས། བྱ་བ་རྫོགས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། དབང་བསྐུར་བའི་དུས་ནི། རྣལ་འབྱོར་པ་གཅིག་གི་རྒྱུད་ལ་ཟག་བཅས་ཀྱི་བསླབ་པའི་མཐའ་བཅུ་རིམ་པར་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པ་བསོད་ནམས་གཏེར་གྱིས་ལྟ་བུ་དང་། མཚན་མ་དང་བཅས་པ་ཡི་དམ་ལྷའི་སྐུ་དང་མཚན་མེད་ལ་བློ་ཉེ་བར་འདྲིས་ཤིང་གོམས་པ་བརྟན་པའི་དུས་དང་། མ་སྲིང་དམ་ཅན་དང་། གཟུངས་མ་མཚན་ལྡན་དང་། མཁས་པ་ཉམས་རྟོགས་ལྡན་པའི་རིགས་ཅན་གྱི་ཚོགས་མང་པོ་འདུ་བ་དང་། གསང་སྔགས་བླ་ན་མེད་པའི་ལྟ་བའི་རྟོགས་པ་གསལ་བ་ཐོབ་པ་དང་། བདག་དོན་དུ་བསྒོམ་མི་དགོས་པར་ཏིང་ངེ་འཛིན་གཉིས་ཀྱི་སེམས་ལས་སུ་རུང་བ་དང་། ཏིང་ངེ་འཛིན་མཐར་ཕྱིན་པའི་དྲོད་རྟགས་དང་རྨི་ལམ་གྱི་མཚན་མ་འབྱུང་བ་དང་། ངེས་མ་ངེས་ཀྱི་སྐྱེ་བོ་མང་པོས་བསྔགས་པ་དང་། སྒྲ་ཇི་བཞིན་མིན་པར་དོན་ལ་རིག་པ་གདིང་དང་ལྡན་ཞིང་དགོངས་པའི་ཉམས་རྙེད་པ་དང་། བདག་གཞན་གྱི་དོན་དུ་བྱ་བ་རྫོགས་ཏེ་ལས་བཞི་གང་ལའང་ཐོགས་པ་མེད་པར་མཛད་པ་རྣམས་མངོན་པར་ཤེས་པའི་ཡོན་ཏན་དགུ་དང་ལྡན་ན་དུས་སུ་ཕྱིན་པའོ། །འོ་ན་འདི་དག་འདུན་པའི་རྣལ་འབྱོར་ལ་ལྡན་ནམ་ཞེ་ན། འདུན་པའི་རྣལ་འབྱོར་ལ་རིལ་མི་ལྡན་པས་དབང་ཡོངས་སུ་རྫོགས་པར་མ་བསྐུར་ཏེ། སྔོན་དུ་བྱ་བའི་ལས་སུ་གྱུར་པས་ཉན་པའི་དབང་གླེགས་བམ་གྱིས་བསྐུར་བ་ཙམ་མོ། །དེས་ན་འདི་དག་ནི་སྤྱིར་དབང་རྫོགས་པར་བསྐུར་པའི་དུས་བསྟན་པ་སྟེ། ས་པ་ལའང་རིམ་པ་ལྟར་མང་ཉུང་དུ་ལྡན་པའོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། གྲོགས་པོ་དག །ཅེས་པ་ནས། སྨིན་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །དབང་ཐོབ་པའི་ཚད་ཉེ་བར་བསྟན་པ་ནི་འདི་ལྟ་སྟེ། འདྲེན་པའི་དེད་དཔོན་བླ་མར་གྱུར་པ་དང་། དབང་ཐོབ་པའི་སྔ་ལྟས་དང་། ཐོབ་པའི་འབྲས་བུ་སྨིན་པའོ། །གཉིས་པ་ལ་གསུམ་སྟེ། དེད་དཔོན་བཤད་པ། སྔ་ལྟས་བསྟན་པ། སྨིན་པ་བཤད་པའོ། །དང་པོ་ནི། གྲོགས་པོ་དག །ཅེས་པ་ནས། རྫོགས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཅེས་བོས་ནས་དབང་ཐོབ་པས་བདག་གཞན་གྱི་འདྲེན་པ་དེད་དཔོན་དམ་པའི་བླ་མ་ཉིད་དུ་གྱུར་པ་ནི་གང་ཞེ་ན། འདི་ལྟ་སྟེ། ཤེས་བྱ་ཐམས་ཅད་ལ་བསླབས་ཏེ་ལས་དང་བྱ་བ་ལ་གོམས་པས་གཞན་གྱི་སློབ་དཔོན་བྱེད་ནུས་པ་འདུན་པ་སེམས་པའི་སྐབས་ལྟ་བུ་དང་། གསང་བའི་དོན་མ་ནོར་བར་ཇི་ལྟ་བར་རིག་སྟེ་རྟོགས་པའི་གདིང་དང་ལྡན་པ་རིགས་ཆེན་འབྱེད་པའི་སྐབས་ལྟ་བུ་དང་། མན་ངག་དང་ལྡན་ཞིང་འགྲོགས་པ་བདེ་བས་ཕྱག་རྒྱ་མོ་རང་དབང་མེད་པར་འདུ་བ་དབུགས་ཆེན་འབྱིན་པའི་སྐབས་ལྟ་བུ་དང་། དབང་རྒྱུད་མ་ཆད་པར་རྫོགས་ཤིང་བླ་མའི་གབ་ཚུལ་བསྟན་པ་རྣམས་ཐོབ་པ་ལུང་ཆེན་ཐོབ་པའི་སྐབས་ལྟ་བུ་དང་། བསླབ་པ་དང་བསྙེན་སྒྲུབ་དང་དབང་གི་དོན་གྱི་བྱ་བ་དང་མན་ངག་གི་གསང་བ་ཟབ་མོ་མཐར་ཐུག་པར་རྫོགས་པ་རྩལ་ཆེན་རྫོགས་པའི་སྐབས་ལྟ་བུ་སྟེ། རྒྱུའི་རྣལ་འབྱོར་ལའང་དེ་ལྟར་སྦྱར་བར་བྱའོ། །གཉིས་པ་ནི། གྲོགས་པོ་དག །ཅེས་པ་ནས། ཐོས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །དབང་ཐོབ་པའི་སྔ་ལྟས་བསྟན་པ་བཞི་ནི་འདི་ལྟ་སྟེ། ལྟ་བས་དོན་མ་ནོར་བར་མཐོང་བའི་ལྟས་ཐོབ་པ་དབུགས་ཆེན་གྱི་སྐབས་ལྟ་བུ་དང་། ལྟ་བའི་དོན་ལ་གོམས་པས་རྫས་དང་ནུས་པ་འབྱོར་བའི་ལྟས་ཐོབ་ཅིང་ངོ་མཚར་ཅན་གྱི་རྫས་རྙེད་པ་ལུང་ཆེན་གྱི་སྐབས་ལྟ་བུ་དང་། གཞན་ལ་རག་མ་ལས་པར་འདོད་པ་གྲུབ་པ་དང་། འགྲོ་བ་ལ་ཕན་ཐོགས་པའི་བྱིན་རླབས་ཀྱི་ནུས་པ་ཐོབ་པ་རྩལ་ཆེན་གྱི་སྐབས་ལྟ་བུ་དང་། བླ་མས་གནང་བ་སྦྱིན་ཏེ་དབང་ཐོབ་པས་ལུང་བསྟན་པ་དང་། སྤྱི་དང་བྱེ་བྲག་གི་རྣམ་པས་ལུང་སྟོན་པའི་ཁྱད་པར་ཐོས་པ་དང་མཐོང་བ་ལ་སོགས་པ་གཙོ་བོར་རྣལ་འབྱོར་དང་པོ་གཉིས་ཀྱི་སྐབས་ལྟ་བུའོ། དེ་ཡང་ལུང་བསྟན་པ་ལོ་རྒྱུས་སྦྱར་ཏེ། མདོར་ན་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས། དབང་མཆོག་ཐོབ་པའི་སྔ་ལྟས་ཀྱི། །རྨི་ལམ་དག་ཀྱང་འབྱུང་བར་ངེས། །རང་གི་སེམས་ལ་དབང་ཐོབ་དང་། །སྣ་ཚོགས་འཕྲུལ་པ་ལྟ་བུ་དང་། །འགྲོ་གང་དབང་དུ་འདུས་པ་དང་། །རྫུ་འཕྲུལ་དག་གིས་འགྲོ་བ་དང་། ས་ལ་མི་ཐོགས་ཆུར་མི་འབྱིང་། །ནམ་མཁའ་དག་ལ་བྱ་བཞིན་འཕུར། །སེམས་ཅན་མང་པོ་བསྒྲལ་བ་དང་། །གཡུལ་ངོ་དག་ལས་རྒྱལ་བ་དག །མཐོང་ན་རྡོ་རྗེ་འཛིན་པ་ཡི། །དབང་ཐོབ་ལྔ་ལྟས་ཡིན་པར་ངེས། །ལུས་ཀྱི་རྫུ་འཕྲུལ་ཐོབ་པ་དང་། །འཁོར་ལོ་ལག་ཏུ་བབས་པ་དང་། །ས་བདག་རྒྱལ་པོར་གྱུར་པ་དང་། །རྡོ་རྗེ་བླ་མར་བྱེད་པ་དང་། །འགྲོ་བ་གཞན་ལ་ཆོས་སྟོན་དང་། །རྣལ་འབྱོར་ཚོགས་ཀྱི་བླ་མ་དང་། ཀུན་གྱི་ཁ་དཔོན་བྱེད་པ་ལ། །སོགས་པའི་རྨི་ལམ་མཐོང་བ་ནི། །འཁོར་ལོ་ཅན་གྱི་དབང་ཐོབ་ལྟས། །རིན་ཆེན་སྣ་ཚོགས་སྤྱོད་པ་དང་། །ཁ་ཟས་སྣ་ཚོགས་ཟ་བ་དང་། །རྒྱན་དང་བགོ་བ་ཁྱད་པར་དང་། །དེ་དག་གཞན་ལའང་བཏང་བ་དང་། །དམ་པའི་ཆོས་ནི་ཉན་སེམས་དང་། །སྣ་ཚོགས་སྒྲ་རྣམས་ཐོས་པ་དང་། སྔོན་མ་ཐོས་པའི་ཚིག་ཐོས་དང་། །དེ་ལ་སོགས་པའི་རྣམ་པ་ནི། །རིན་ཆེན་འཛིན་གྱི་དབང་ཐོབ་ལྟས། །པདྨའི་རྫིང་ན་རྩེ་བ་དང་། དེ་ལ་རྩེ་ཞིང་ཟ་བ་དང་། །གླེགས་བམ་ཟབ་མོ་རྙེད་པ་དང་། །དེ་ལ་འཆད་ཅིང་ཀློག་པ་དང་། །འགྲོ་བ་དག་ལ་ཆོས་སྟོན་དང་། །དགེ་སློང་དགེ་འདུན་རྣམས་ཀྱིས་བསྐོར། །དེ་ལ་སོགས་པའི་ལྟས་རྣམས་ནི། །རྡོ་རྗེ་ཆོས་ཀྱི་དབང་ཐོབ་ཡིན། །ལས་རྣམས་ཀུན་ལ་འཇུག་པ་དང་། །རལ་གྲི་ལག་ཏུ་ཐོགས་པ་དང་། །རི་རབ་ཀླད་ལ་བསྐོར་བ་དང་། །ཉི་ཟླ་ལག་པས་བཟུང་བ་དང་། །གསོད་དང་གསད་དང་རྒྱལ་བ་དང་། །ཐེག་པ་རྣམས་ལ་ཞེན་པ་དང་། །དེ་ལ་སོགས་པའི་ལྟས་རྣམས་ནི། །སྣ་ཚོགས་རྡོ་རྗེའི་དབང་ཐོབ་ལྟས། །རྨི་ལྟས་མཚན་མ་ཇི་སྙེད་པ། །ཇི་ལྟར་རྨི་ཞིང་མཐོང་བའམ། །ཡང་ན་ཅི་ཡང་མ་མཐོང་བའམ། མངོན་སུམ་གསལ་བ་ཐམས་ཅད་ཀུན། །སྤྱི་ཡི་དབང་ཐོབ་ལྟས་སུ་རུང་། །ཞེས་གསུངས་པ་ལ་སོགས་པ་ཇི་ལྟ་བ་བཞིན་ནོ། །གསུམ་པ་ནི། གྲོགས་པོ་དག །ཅེས་པ་ནས། མི་སྐྱོར་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །དབང་ཐོབ་པའི་ཚད་ཀྱིས་འབྲས་བུར་གྱུར་པའི་སྨིན་པ་ནི་འདི་ལྟ་སྟེ། དབང་གང་ལ་ཐོབ་པའི་ཆོས་སྨིན་པ་དེ་ཉིད་དུ་གྱུར་པ་ན། ལྟ་བའི་ཉམས་སྐྱེས་ཏེ་བྱིན་རླབས་ཆེ་བ་དང་། ཐུགས་རྗེ་འབྱུང་བས་བདག་གཞན་གྱི་དོན་དུ་མངོན་པར་སྤྱོད་པ་དངོས་སུ་བྱེད་པ་ནི། ཉན་དབང་ཐོབ་ནས་ཉན་པ་ལ་སོགས་པ་ལྟ་བུ་སྟེ། ཀུན་འདུས་ལས། དབང་གི་ཚད་ནི་འདི་ལྟ་སྟེ། །དད་ལྡན་སྲི་ཞུར་ལྡན་པ་ལ། །གསང་པ་ཉན་པའི་དབང་ཆེན་བསྐུར། །རྣམ་བཞི་ལས་ཀྱི་དོན་ཚང་ན། །ལས་རྣམས་བྱེད་པའི་དབང་ཐོབ་བོ། །ལྟ་བའི་དམིགས་བུས་ཆོས་མཐོང་ན། །རྒྱལ་ཐེབས་འཆད་པའི་དབང་ཐོབ་བོ། །རྐྱེན་ཐུབ་ཚད་མ་གསུམ་ལྡན་ན། །བླ་མ་རྡོ་རྗེ་སློབ་དཔོན་དབང་། །དམ་པ་མཛོད་གསུམ་ཐམས་ཅད་ལ། །ཕྱོགས་མེད་པར་ནི་འཆད་ཤེས་ན། །རབ་འབྱམས་རྒྱལ་པོའི་དབང་ཐོབ་བོ། །ཞེས་གསུངས་པའང་སྨིན་པའི་ཚད་ཡིན་ལ། ཁྱད་པར་དུ་རང་གི་ལམ་དང་སྦྱར་བ་འོག་ནས་འབྱུང་བ་ལྟར་དང་། ཐོབ་ནས་དབང་གང་མི་ནུས་པ་རྫོགས་པའི་ཕྱིར་གང་ལའང་ཉམ་མི་ང་བས་དོན་ལས་མི་ང་བས་དོན་ལས་མི་སྐྱོར་ཏེ་ཡང་ཟློས་བྱས་ནས་ཕྱིས་བསྐུར་མི་དགོས་པའོ། །བཞི་པ་ནི། གྲོགས་པོ་དག །ཅེས་པ་ནས། ཐོབ་པ་ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཅེས་བོས་ནས། དབང་ཐོབ་པས་གྲགས་པ་ལྔ་འཐོབ་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། གང་བཤད་པའི་ཆུ་བོ་བཞིའི་སྔོན་བྱུང་གི་རྒྱུད་འཛིན་པ་ཉིད་དུ་བྱུང་བ་དང་། འཇིག་རྟེན་པའི་ལམ་དང་ཐེག་པ་གཞན་གང་དག་དབང་མ་ཐོབ་པ་ལས་དབང་ཐོབ་པས་ཁྱད་པར་དུ་འཕགས་པར་གྱུར་པ་དང་། དབང་གི་དོན་ཉིད་ཇི་ལྟ་བར་ཆུ་བོ་བཞི་ལ་སོགས་པ་བླ་མའི་ཚད་ཀྱི་མཚན་ཉིད་གང་དག་དང་མི་འབྲལ་བར་ལྡན་པ་དང་། གང་རྒྱུད་ཀྱི་ཚིག་དོན་དང་། དམ་པའི་མཛོད་གསུམ་དང་། ཕྲིན་ལས་ཀྱིས་འགྲོ་བ་འདུལ་བའི་ཐབས་ཚུལ་རིལ་ལ་མཁས་ཤིང་གོམས་པ་དང་། གང་དབང་དུ་བྱ་བ་རིགས་ཀྱི་ཆུ་བོ། དབང་གི་ཆུ་བོ། མན་ངག་གི་ཆུ་བོ། ཉམས་ཀྱི་ཆུ་བོ་བཞིའི་ཁྱད་པར་རིལ་ཐམས་ཅད་ཐོབ་པ་ཉིད་དེ། དེ་དག་ནི་རྣལ་འབྱོར་ལྔའི་རིམ་པར་ཡང་འགལ་བ་མེད་དོ། །དེས་ན་དེ་དག་གང་དང་གང་ལ་ཇི་ལྟར་གྲགས་པ་ལྟར་སྦྱར་རོ། །ལྔ་པ་ནི། གྲོགས་པོ་དག །ཅེས་པ་ནས། སྲེག་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཅེས་པ་ནས། དབང་ཐོབ་ཏུ་མི་སྟེར་བའི་གེགས་སྒྲིབ་པ་ཆུ་བོའི་རྙོག་མ་ལྟ་བུ་ནི་གང་ཞེ་ན། བསྡུ་ན་རྣམ་པ་བཞི་ཉིད་འདི་ལྟ་སྟེ། ཡང་དག་པར་མ་བསྐུར་བ་དང་། སྣོད་དང་མི་ལྡན་པ་དང་། དུས་ལ་མ་བབ་པ་དང་། དད་གུས་དང་ཡོན་ཏན་མེད་པས་ནི་དབང་མི་ཐོབ་པ་ཉིད་དེ། རྩ་རྒྱུད་ལས། སྣོད་མེད་བཅུད་བྲལ་ཀུན་སྟོངས་པ། །དེ་ནི་དབང་ཐོབ་མ་ཡིན་ནོ། །ཞེས་པ་ལྟར་དང་། ནུས་པ་མེད་པའི་ཕྱིར་དབང་མི་ཆགས་པ་ནི། གསང་མེད་བརྗེད་ངས་དབང་མི་ཆགས། །ཞེས་པ་ལྟར་དང་། དད་པ་དང་དམ་ཚིག་མེད་པས་དབང་གིས་མི་གོས་པ་ནི། མེད་གཡེང་རྨུགས་དབང་མི་འགོས། ། ཞེས་པ་ལྟར་དང་། ལོག་པ་དང་སྐུར་པ་ཅན་ཉིད་དབང་གིས་སྲེག་པ་ནི། དད་མེད་བློ་ཞན་རྫོབ་པ་ཆེ། །ཚུལ་འཆོས་མཁན་ལ་རས་ཆོད་བྱེད། །དེ་ནི་དབང་གིས་འཚིག་པར་བཤད། །ཅེས་གསུངས་པའི་དོན་དུ་བསྟན་པའོ། །དྲུག་པ་ནི། རྟགས་གང་ཞེ་ན། ཞེས་པ་ནས། འབྱུང་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། དབང་ཚུལ་བཞིན་ཐོབ་པའི་རྟགས་ཉིད་གང་ཞེ་ན། རྣམ་པ་བཞི་ཉིད་འདི་ལྟ་སྟེ། ཐམས་ཅད་དུ་ཡོན་ཏན་གྱིས་གྲགས་པ་འབྱུང་བ་འདུན་པའི་གནས་སྐབས་དང་། སྤྱོད་པ་དང་འདུ་ཤེས་བཟང་པོས་སྔ་མའི་སྤྱོད་ཡུལ་ལས་གྱེན་དུ་འགྱུར་བར་འབྱུང་བ་རིགས་ཆེན་གྱི་གནས་སྐབས་དང་། བྱིན་རླབས་དང་མན་ངག་དང་རྟེན་འབྲེལ་གྱི་ནུས་པ་སྟོབས་ཅན་དུ་གྱུར་པས་འཁོར་བ་རྒྱུན་ཆད་དེ་གཞན་གྱིས་མི་ཚུགས་ཤིང་འཇིགས་པ་མེད་པར་རང་གི་གཞུང་བཙན་པར་བརྟན་པ་དབུགས་ཆེན་གྱི་གནས་སྐབས་དང་། སྒྲུབས་པའི་ལས་དང་དངོས་གྲུབ་ཐམས་ཅད་མངོན་དུ་ཤར་ཞིང་ཡོན་ཏན་ལྷུན་རྫོགས་སུ་འབྱུང་བར་སྣང་བ་ཡང་། ལུང་ཆེན་དང་། རྩལ་ཆེན་གྱི་གནས་སྐབས་ཉིད་དེ་དེ་ལྟར་རྒྱུས་དབྱེ་བར་བྱའོ། །བདུན་པ་ལ་གཉིས་ཏེ། སྤྱིར་བསྟན་པ། བྱེ་བྲག་ཏུ་བསྐུར་བས་ཐོབ་ཚུལ་ལོ། །དང་པོ་ནི། གྲོགས་པོ་དག །ཅེས་པ་ནས། ཐོབ་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཅེས་བོས་ནས། དང་པོ་ཐོབ་པའི་ཚུལ་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། རྡོ་རྗེ་རྒྱལ་པོ་བླ་མས་དབུ་རྒྱན་ལ་སོགས་པ་བྱིན་ཏེ་བསྐུར་བས་ཐོབ་པ་དང་། རང་གི་རིག་པའི་རྩལ་གྱིས་ཐོབ་པའོ། །འདི་དག་རྒྱུད་གཅིག་དང་ཐ་དད་པ་གཉིས་ཀ་ཐུན་མོང་དུ་འགྱུར་རོ། །གཉིས་པ་ནི། གྲོགས་པོ་དག །ཅེས་པ་ནས། འབར་བ་བླ་མེད་ཐོབ། །ཅེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཅེས་བོས་ནས། དེ་ཡང་བསྐུར་བས་ཐོབ་ཚུལ་བསྟན་པ་ཉིད་འདི་ལྟར་ཐོབ་པར་རིག་པར་བྱ་སྟེ། གང་འདིར་བླ་མ་དམ་པ་ལམ་ལྔ་གོང་མ་གོང་མ་ལ་བཞུགས་པ་དག་གིས་དབང་གི་ཐུགས་རྗེའམ་སྙིང་རྗེའི་ཡུལ་དུ་གྱུར་པའི་སློབ་བུ་ལམ་ལྔ་འོག་མ་འོག་མར་ཞུགས་པ་རྣམས་ལ་རྟོགས་པ་དང་ནུས་པ་ཁྱད་པར་ཅན་ལ་ཕན་པའི་བྱིན་རླབས་ལྔ་པོ་སོ་སོར་འབྱུང་བ་ཡི་དབང་ལྔ་གང་ཡང་རུང་བ་བསྐུར་བ་ནི། རིམ་པས་དང་པོར་འདུན་པ་སེམས་པའི་རྣལ་འབྱོར་པ་ཚོགས་ལམ་ལས་དང་པོ་པ་དག་ལ། གསུང་རབ་སྡེའི་གླེགས་བམ་ཡན་ལག་བཅུ་གཉིས་ཀྱི་དབང་རྫས་སྦྱིན་ནས་ཉན་པའི་དབང་བསྐུར་བར་བྱ་སྟེ་ཉན་ཅིང་སློབ་པའི་རྟེན་ཡིན་པས་སོ། །འདིར་གསུང་རབ་ཡན་ལག་བཅུ་གཉིས་ནི་མདོ་སྔགས་སྤྱི་ཁྱབ་ཡིན་པ་དང་། དེའི་འཐད་པ་དང་བཅས་ཀུན་མཁྱེན་དམ་པ་རིན་པོ་ཆེས་གསུངས་པར་ཕྱག་མཆན་ལས་འབྱུང་། གང་སྦྱོར་ལམ་པ་རིགས་ཆེན་འབྱེད་པ་ཡི་རྣལ་འབྱོར་པ་དག་ལ། ཐབས་དང་ཤེས་རབ་སྣང་སྟོང་གཉིས་མེད་ཀྱི་དོན་བསྒོམ་སྟེ། བདག་གཞན་གྱི་དོན་ལ་སྦྱོར་བའི་ཕྱིར་དབང་རྫས་ཉི་ཟླ་གཉིས་ཀྱི་གཟུགས་ཉིད་ནི་སྦྱིན་ཏེ་ཐབས་དང་ཤེས་རབ་དབྱེར་མེད་པའི་དབང་མཆོག་བསྐུར་བར་བྱ་བ་ཡིན་ཞིང་། རྣམ་པ་གཞན་དུ་ཐབས་དང་ཤེས་རབ་ཀྱི་བྱང་སེམས་སྦྱིན་པའང་ཡིན་ནོ། །རང་གི་མཚན་ཉིད་མངོན་སུམ་དུ་མཐོང་བས་དབུགས་ཆེན་འབྱིན་པའི་རྣལ་འབྱོར་འཇིགས་པ་ལྔ་ལས་འདས་པའི་མཐོང་ལམ་པ་དག་ལ་འཁོར་ལོར་སྒྱུར་བའི་རྒྱལ་པོའི་ཆ་བྱད་ཀྱིས་བདག་གཞན་གྱི་དོན་བྱ་བའི་ཕྱིར། དབང་རྫས་རིན་ཆེན་སྣ་བདུན་ཉིད་ལ་བརྟེན་ནས་དོན་གཉིས་ཕུན་སུམ་ཚོགས་པ་ལ་སྤྱོད་པའི་དབང་དམ་པ་ངེས་པར་ཐོབ་པ་ཡིན་ནོ། །མཐོང་བའི་དོན་ལ་མཉམ་པར་བཞག་པས་ལུང་བསྟན་པ་ཆེན་པོ་གསུམ་ཐོབ་པའི་རྣལ་འབྱོར་པ་སྒོམ་ལམ་པས་ནི་དམ་པ་རྣམས་ཀྱི་ཐུགས་འགྱུར་བ་མེད་པས་གཡུང་དྲུང་གི་རྫས་སུ་བྱིན་གྱིས་བརླབས་པའི་བཀྲ་ཤིས་རྫས་བརྒྱད་དག་གི་དབང་རྫས་སྦྱིན་ཏེ་བསྐུར་བས་དབང་མཆོག་ལེགས་པར་ཐོབ་པ་ཡིན་ནོ། །དངོས་གྲུབ་དང་མཐུ་ལ་སོགས་པའི་རྩལ་ཆེན་པོ་རྫོགས་པའི་རྣལ་འབྱོར་པ་མཐར་ལམ་པས་ནི་སྟོབས་བཅུས་མི་མཐུན་པ་གནོན་པའི། སྟོབས་ཆེན་པོའི་རྩལ་བཅུའི་ཁྱད་པར་དེ་ཉིད་ཀྱིས་དབང་མཆོག་དམ་པ་ངེས་པར་ཐོབ་པར་འགྱུར་རོ། །ས་ཀུན་གྱི་བླ་མའམ་ཡང་ཐོག་ཏུ་ཕྱིན་ཏེ་རྫོགས་པ་སྤྱིར་ཆིབ་ཀྱི་ས་ལ་གནས་པའི་དམ་པས་ནི། རིན་པོ་ཆེ་ཏོག་སྟོང་འོད་འབར་བའི་རྫས་ཏེ་དབུ་རྒྱན་རྩེ་བྲན་བཅུ་གསུམ་པ་ལ་བརྟེན་ཏེ་བསྐུར་བས་ཀུན་རྫོགས་བླ་ན་མེད་པའི་དབང་མཆོག་ཐོབ་པ་ཡིན་ནོ། །དེ་ལྟར་དེ་དག་ནི་རང་རང་གི་རྩལ་དང་ཆ་མཐུན་དུ་སྦྱིན་པའོ། །བརྒྱད་པ་ནི། དགོངས་པ་ཀུན་འདུས། ཞེས་པ་ནས། མཐོང་བར་མི་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། རྒྱལ་བའི་དགོངས་པ་ཀུན་ནས་འདུས་པའི་གསང་བ་ཆེན་པོའི་རྒྱུད་རྒྱལ་དཔོག་དཀའ་བ་འདི་ཉིད་དབང་མ་ཐོབ་པར་གཟུ་ལུམ་དང་རས་ཆོད་བྱེད་དེ་རང་དབང་དུ་བཤད་པའི་ཉེས་པ་ནི། བཀའ་རབ་འབྱམས་ཀྱི་བསྟན་པ་ཀུན་ལ་བལྟས་ཏེ་དོན་ལ་བརྩལ་ཞིང་སྒྲུབས་པར་བྱས་ན་ཡང་། ཆོས་ཉིད་རྟོགས་པའི་དོན་གྱི་འབྲས་བུ་དམ་པ་ཡང་དག་པར་མཐོང་བར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། བཀའ་རྣམ་གཉིས་བཅག་པ་དང་། གཞུང་དང་འགལ་བའི་ལས་གཉིས་བྱས་པའི་ཕྱིར་རོ། །གསུམ་པ་ནི། ཇི་ལྟར་རྒྱལ་རིགས། ཞེས་པ་ནས། བྱ་བ་རབ་ཏུ་གཅེས། །ཞེས་པའི་བར་གྱིས་བསྟན་ཏེ། རིམ་པ་དབང་གིས་བགྲོད་པར་དགོས་པ་དཔེ་དོན་གཉིས་བསྟན་པ་སྟེ། དཔེ་ཇི་ལྟར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིགས་རྒྱུད་དུ་བྱུང་བའི་རྒྱལ་བུ་མཚན་དང་ལྡན་པ་ལ་འབངས་མང་པོས་དབང་པོར་གྱུར་པའི་དཔོན་གྱི་གོ་ས་བསྟབས་ཏེ་འཁོར་ལོ་ལ་སོགས་པ་རིན་ཆེན་སྣ་བདུན་རྣམས་ཀྱིས་དབང་བསྐུར་བས། མགོ་ནག་ཀུན་ལ་དབང་བསྒྱུར་བའི་རྒྱལ་སྲིད་ཀྱི་མངའ་ཐང་ཆེན་པོ་ཐོབ་པ་ལྟར། དོན་ཡང་དེ་བཞིན་དུ་གསང་སྔགས་གསང་བ་དམ་པའི་རྣལ་འབྱོར་མཆོག་གི་རྒྱུད་དུ་བྱུང་བའི་རིགས་ལྡན་དམ་པ་རྩལ་དང་འཚམས་པར་དབང་བསྐུར་བའི་རིམ་པས་ཆོས་ཀྱི་རྒྱལ་པོར་འགྱུར་བའི་དབང་མཆོག་རྣམས་ཀྱིས་གོ་ས་བསྟབས་ཏེ། རིན་པོ་ཆེ་ཏོག་སྟོང་འོད་ཟེར་འབར་བ་ལ་སོགས་པའི་དབང་རྫས་རྣམས་ལ་བརྟེན་པས། འོག་མའི་ས་ལས་གོང་མའི་ཁྱད་པར་གྱི་བླ་མ་དམ་པར་རིམ་པར་འགྲོ་ཞིང་བགྲོད་པ་ཉིད་དེ། ཐབས་འདི་ནི་རིག་པའམ་བླ་མའི་ཁྱད་པར་ལ་བརྟེན་ཏེ། མཐར་ཐུག་གི་རྒྱལ་སར་ངེས་པར་འབྱུང་བ་ཡི་དབང་གིས་སྒྲུབས་པའི་རིམ་པ་ལྟར་རང་གི་རིག་པའི་རྩལ་གྱིས་གོང་ནས་གོང་དུ་བགྲོད་ཅིང་མཐར་ཕྱིན་པར་འགྱུར་བའི་བསླབ་པའི་མཐའ་དམ་པ་ཡིན་པས། ཚུལ་འདི་ལ་འབད་ཅིང་གོམས་པར་བྱ་བ་ཉིད་རབ་ཏུ་གཅེས་པ་ཉིད་དོ། །ཞེས་གདམས་པར་མཛད་པའོ། །བཞི་པ་ནི། ཀྱེ་གྲོགས་པོ། ཞེས་པ་ནས། ཐོབ་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ཀྱེ་གྲོགས་པོ་དག །བཤད་པ་དེ་དག་ནི། ཐམས་ཅད་དབང་དུ་འདུ་བར་བྱ་བའི་ཐབས་རྨད་དུ་བྱུང་བ་ཉིད་ཡོངས་སུ་བགྲོས་པ་ཡིན་པར་ཤེས་པར་བྱའོ། །སྟོན་པ་སྐྱེས་བུ་ཆེན་པོས་དེ་སྐད་ཅེས་སྨྲས་ཏེ་བཀའ་སྩལ་པས། འཁོར་དམན་པ་རིགས་ཅན་དམ་པ་དག་རང་རང་གི་རྩལ་ཚད་ཀྱིས་དབང་སོ་སོར་བསྐུར་བའི་ཡོན་ཏན་གྱིས་གར་འབྱུང་བའི་ལུང་དམ་པ་བསྟན་པའི་དྲོད་ཐོབ་སྟེ་རིག་པའི་ཉམས་རྙེད་པར་འགྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། རྣལ་འབྱོར་དམ་པ་ལམ་ལྔར་ལུང་བསྟན་སྟེ་མཐར་བྱང་ཆུབ་ཆེན་པོར་སངས་རྒྱས་པའི་ཚུལ་བསྟན་པའི་ལེའུ་སྟེ་བདུན་ཅུ་པ་ཉིད་རྣམ་པར་འགྲེལ་ཏེ་བསྟན་པའོ།། །།དྲུག་པ་སྤྱོད་པས་ལ་དོར་བ་ལ་བསླབ་པ་གླང་པོ་ཆེ་ཆུར་འཇུག་པ་ལྟར་བཤད་པ་ལ་བཞི་སྟེ། ཆོས་ཉིད་ཀྱི་རྗེས་སུ་སྤྱོད་པར་གདམས་པ་སྤྱིར་བསྟན་པ། སྤྱོད་པའི་ངོ་བོ་བྱེ་བྲག་ཏུ་བཤད་པ། བསླབ་པ་གཅེར་པར་གདམས་པ། ཞབས་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། དག་ཀྱང་དེ་ལྟར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་སྟོན་ནོ། །རིམ་པ་དབང་གིས་བགྲོད་པ་བསྟན་མ་ཐག་པ་དེ་ནས་ཡང་སྐྱེས་བུ་ཆེན་པོ་གསང་བ་པའི་བདག་པོ་དེས། འཁོར་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག །ཅེས་བོས་ནས་དྲུག་པ་ལ་སྤྱོད་པས་དོར་བར་བྱ་བའི་བསླབ་པ་ཉེ་བར་བསྟན་པ་ནི། འདི་ལྟ་སྟེ། སྤྱིར་ཟག་བཅས་ཀྱི་སྤྱོད་པ་ཡང་ཟག་མེད་མཐོང་བའི་ཐབས་ཀྱི་རྗེས་སུ་འགྲོ་བ་ཡིན་ཞིང་། ཁྱད་པར་དུ་ཟག་བཅས་པས་རང་གཞན་གྱི་དོན་དུ་སྤྱོད་པ་རང་རང་གི་ལྟ་བ་དང་ཏིང་ངེ་འཛིན་དང་མི་འགལ་བར་རྗེས་སུ་འགྲོ་བ་དང་། ཟག་མེད་པས་སྤྱོད་པའང་དེ་ལྟར་རྟོགས་པ་དང་མཐུན་པ་དང་། ལམ་ཅིག་ཆར་བའང་དེ་བཞིན་དུ་ངེས་པས་གང་ཡིད་ལ་གོ་ཆ་གྱོན་ཏེ་དམ་བཅས་པའི་ལྟ་བས་ཆོད་ཚད་ཀྱི་རྗེས་སུ་སྤྱོད་པ་མི་ལྡོག་པར་འགྲོ་བ་སྟེ། ཚུལ་དེའི་འཐད་པ་ཡང་འདི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་མ་བཅོས་པའི་གནས་ལུགས་ཇི་བཞིན་པའི་རྗེས་སུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་མང་པོ་བརྗོད་པ་ལས་འདས་པའི་ཇི་སྙེད་པ་རྣམས་འགྲོ་ཞིང་འགག་པ་མེད་པའི་ངང་ལས་མི་འདའ་བ་ནི། དཔེར་ན་ནམ་མཁའི་རྗེས་སུ་འབྱུང་བ་ཆེན་པོ་བཞི་འགྲོ་བ་ཇི་ལྟ་བ་བཞིན་ཏུ། རང་རིག་པའི་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་རྗེས་སུ་སེམས་ལས་བྱུང་བའི་འདུ་བྱེད་སྣ་ཚོགས་པ་རྣམས་འགྲོ་བ་ཡིན་ཞིང་། ཆོས་ཉིད་མ་བཅོས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་ཆོས་ཅན་དུ་སྣང་བའི་ཆོས་སོ་ཅོག་ཐམས་ཅད་འགྲོ་བ་ཡིན་པ་ནི་འདིར་དོན་དཔེར་བླང་བ་ཁོ་ནའོ། །དོན་དཔེར་བླང་བ་དེ་བཞིན་དུ་རྒྱལ་བ་རྣམས་ཀྱི་དགོངས་པ་དམ་པ་གསང་བའི་དབྱིངས་མཉམ་པ་ཆེན་པོ་རྟོགས་པའི་ལྟ་བའི་རྗེས་སུ་གང་གསུང་དུ་བ རྗོད་པའི་ངག་གི་སྤྱོད་པ་དང་། གང་ཕྲིན་ལས་ཀྱི་མཛད་པའི་ལུས་ཀྱི་སྤྱོད་པ་ཐམས་ཅད་དེ་ལས་མི་འདའ་བར་འགྲོ་ཚུལ་གསུམ་གྱི་ཚུལ་ལྟར་རྗེས་སུ་འགྲོ་བས་ན། དགོངས་པ་ཀུན་ནས་འདུས་པའི་རྒྱུད་མཆོག་དམ་པ་འདི་ལས་ཇི་ལྟར་བཀའ་སྩལ་ཅིང་བཤད་པ་ཇི་ལྟ་བ་བཞིན་དུ། གང་རྣལ་འབྱོར་པ་ལམ་པ་རྣམས་ཀྱི་ངག་དང་ལུས་ཀྱི་ཀུན་ཏུ་སྤྱོད་པ་དག་ཀྱང་ཚུལ་དེ་ལྟར་ལྟ་བའི་རྗེས་སུ་མཐུན་པར་སྤྱོད་པ་ནི་སྤྱད་ཐབས་དོན་དང་མཐུན་པ་ཡང་དག་པ་ཁོ་ནར་འགྱུར་རོ། །གཉིས་པ་ལ་གཉིས། མདོར་བསྟན་པ། རྒྱས་པ་བཤད་པའོ། །དང་པོ་ནི། ཀྱེ་གྲོགས་པོ་དག །དེ་ཡང་། ཞེས་པ་ནས། མེ་དཔུང་ཆུ་བོ་འདྲ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་རྒྱས་པར་བསྟན་པའི་ཕྱིར། ཀྱེ་གྲོགས་པོ་དག །ཅེས་བོས་ནས། ལྟ་བའི་རྗེས་སུ་སྤྱོད་ཐབས་ཀྱི་གྲོགས་ཉེ་བར་བསྟན་ཏེ་ལྟ་སྤྱོད་མཐུན་པ་དགོས་པའི་ཚུལ་དེ་ཡང་རྒྱས་པར་ཉེ་བར་སྟོན་པ་འདི་ལྟ་སྟེ། མཉམ་ཉིད་ཆེན་པོ་བླང་དོར་མེད་པའི་དོན་མངའ་བའི་རྒྱལ་བ་རྣམས་དང་། དེ་ལྟར་མི་མཉམ་པར་བཟང་ངན་སྤང་ལེན་གྱི་མཐའ་ལ་ཞེན་པའི་འཁོར་བ་ནི། རྟོགས་པ་དང་མ་རྟོགས་པའི་དབང་གིས་མི་མཉམ་པ་དང་མཉམ་པའི་བདེ་སྡུག་གི་ཁྱད་པར་ཤིན་ཏུ་ཆེ་ཡང་། ངོ་བོ་ཉིད་མཐའ་གཉིས་ལས་གྲོལ་བའི་མཉམ་པ་ཆེན་པོའི་དོན་ལ་ཆེ་ཆུང་མེད་པར་ཡེ་ཤེས་སུ་མཉམ་པ་ཡིན་པས། རྒྱུ་རྐྱེན་སོ་སོ་ལས་འབྲས་བུའི་ཁྱད་པར་སྣང་བས་ཀུན་ནས་མི་མཉམ་པ་ཡང་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་ཆོས་ཉིད་དུ་ཡོངས་ཀྱིས་མཉམ་པ་ཆེན་པོ་ཁོ་ནའོ། །འོ་ན་ཐམས་ཅད་དུ་གཅིག་པ་ཁོ་ནའམ་ཞེ་ན། དེ་ལྟར་མི་མཉམ་པའང་རྒྱུ་རྐྱེན་འབྲས་བུའི་རིལ་ནས་སོ་སོ་བར་གྱུར་པས་མི་མཉམ་པའི་ཆ་ཤས་ཡོངས་ཞིག་ཀྱང་འཁྲུལ་པའི་ངོ་ལ་ཁྱད་པར་ལྟར་སྣང་བའོ། །འོན་ཀྱང་དེ་དག་གསང་སྔགས་ཀྱི་ངོ་བོ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བས་སྣུམས་ཚབས་ཆེ་ཆུང་མེད་པའི་ཕྱིར། མ་འདྲེས་ལ་ཡོངས་སུ་རྫོགས་པ་ཁོ་ན་སྟེ། དེ་ལྟར་རྟོགས་པ་ནི་ལྟ་བའི་མཆོག་དམ་པར་གྱུར་པའོ། །འོ་ན་ཇི་ཙམ་གྱིས་མཉམ་ཇི་ཙམ་གྱིས་མི་མཉམ་ཞེ་ན། འཁོར་བའི་རྒྱུ་མ་རིག་པ། རྐྱེན་ལས་དང་ཉོན་མོངས་པ། འབྲས་བུ་སྡུག་བསྔལ་ཡིན་ལ། མྱ་ངན་ལས་འདས་པའི་རྒྱུ་ཀུན་གཞི། རྐྱེན་ལུང་རིགས་མན་ངག་དང་རང་རིག་པ་ཚད་མ། འབྲས་བུ་སྐུ་དང་ཡེ་ཤེས་ཡིན་པས་རང་བཞིན་སེམས་ཉིད་དོན་གྱི་དཀྱིལ་འཁོར་ངང་གི་ཐིག་ལེ་ཆེན་པོར་མཉམ་པ་ཡིན་ཏེ། གསང་བདག་དགའ་རབ་དཔའ་བོས་དཀྱིལ་འཁོར་གྱི་ཀློང་ལས། འཁོར་འདས་ཕྱི་ནང་ཆོས་ཐམས་ཅད། །རང་བཞིན་མཚན་ཉིད་རྣམ་པར་དག །མ་འདྲེས་ཡོངས་རྫོགས་ལྷུན་གྱིས་གྲུབ། །བདེ་ཆེན་ངང་དུ་མཉམ་པས་གདེང་། །ཞེས་དང་། ཀུན་གྱི་ངོ་བོ་བྱང་ཆུབ་སེམས། །སྙིང་པོ་མ་བཅོས་རང་གསལ་བ། །དབྱེར་མེད་ཡེ་ནས་དོན་གྱིས་རྫོགས། །ཀུན་ནས་བཟླུམས་པར་གནས་པ་ཡིན། །ཞེས་སོ། །ཚུལ་དེ་ལྟ་བས་ན་གསང་སྔགས་གསང་མཆོག་སྙིང་པོའི་ལྟ་བའི་རྗེས་སུ་འགྲོ་བར་སྤྱོད་པའི་ཁྱད་པར་སྤྱོད་པ་ཡང་རྣལ་འབྱོར་པ་གང་དག་ལྟ་བ་མཉམ་པ་ཆེན་པོ་རྟོགས་པའི་ལམ་ལྔའི་རིམ་པའི་ཏིང་ངེ་འཛིན་གྱི་དོན་དང་ཡ་ཆར་མ་གྱུར་བར་བླང་དོར་མེད་པའི་ཚུལ་གྱིས་མཉམ་པར་སྤྱོད་དགོས་པ་ཉིད་དོ། །དེ་དག་གི་སྤྱོད་ཡུལ་གྱི་ཚུལ་ཇི་ལྟར་སྤྱད་ན། ལྟ་བས་ཇི་ལྟ་བར་མཇལ་བའི་ཕྱིར། རྟོགས་པའི་ཏིང་ངེ་འཛིན་གྱི་དགོངས་པའི་བྱིན་གྱིས་བརླབས་པའི་རང་སྣང་གི་ཤུགས་ཀྱིས་སྤྱོད་པའམ། སྦྱོར་སྒྲོལ་ལ་སོགས་པ་ལ་རྟོགས་པའི་ལྟ་བས་དབང་བསྒྱུར་ནས་སྤྱོད་པའམ། ཐབས་ཚུལ་གང་ཡང་མི་འགག་པར་འགྲོ་བ་འདུལ་བའི་ཐབས་ཀྱི་བརྟུལ་ཞུགས་ཆེན་པོའི་སྤྱོད་པ་སྟེ་གསུམ་མོ། །དེ་དག་གི་མཐུན་པའི་དཔེ་ཇི་ལྟ་བུ་ཞེ་ན། དེ་དག་དཔེས་མཚོན་ན། སྤྱོད་པ་དང་པོ་ནི་དཔེར་ན་ནམ་མཁའ་དང་འདྲ་བ་དང་། གཉིས་པ་ནི་དཔེར་ན་རྒྱལ་པོ་དང་འདྲ་བ་ལྟ་བུའི་སྤྱོད་པའམ། གསུམ་པ་ནི་ཇི་ལྟར་མེ་དཔུང་ཆེན་པོ་དང་ཆུ་བོ་ཆེན་པོ་དང་འདྲ་བ་ལྟ་བུར་སྤྱོད་དེ། དེ་དག་གི་དོན་དུ་གཅིག་པ་དཔེ་བཞིར་ཡང་འགྱུར་རོ། །དེ་ཡང་མེ་ཆུ་གཉིས་ནི་ཐབས་ཀྱིས་ཟིན་མ་ཟིན་གྱི་དཔེ་སྟེ། མེ་ཐབས་ཀྱིས་ཟིན་པ་དང་འདྲ་བར་ས་གོང་འོག་གི་སྤྱོད་པ་མ་འཁྱུགས་པ་དང་། ཐབས་ཀྱིས་མ་ཟིན་པ་དང་འདྲ་བར་ས་འོག་མ་བས་གོང་མའི་སྤྱོད་པ་བྱས་པ་ལྟ་བུ་དང་། དེས་ན་ཐབས་དང་ལྡན་ན་མེས་རྩྭ་སྤུར་བསྲེགས་པ་དང་འདྲ་བར་དུས་ཀྱི་སྤྱོད་པས་ལས་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བསྲེག་པར་བྱེད་ལ། ཆུ་ཡང་ཐབས་ཀྱིས་ཟིན་མ་ཟིན་མེ་དང་འདྲ་ཞིང་སྒྲིབ་པ་གསུམ་འཁྲུད་པར་བྱེད་དོ། །ཡང་ན་མེ་ནི་དངོས་འཛིན་སྲེག་པའི་དཔེ། ཆུ་ནི་རྒྱུན་མི་ཆད་པའི་དཔེ་དང་། མེ་ཆུ་ལྟ་སྒོམ་དང་ལྡན་ན་འགལ་རྐྱེན་རྣམས་མཐུན་རྐྱེན་དུ་ཤར་བའི་ཡང་དཔེའོ། །དེ་ལྟར་སྤྱོད་པ་གསུམ་གྱི་ཁྱད་པར་ཡང་། རྩ་བའི་རྒྱུད་ལས། གསང་སྔགས་ཆེན་པོའི་ཁྱད་པར་ནི། །ཐམས་ཅད་ཐམས་ཅད་བྱའོ་ཅོག །བྱིན་གྱིས་རླབས་ཀྱིས་སྤྱོད་པའམ། །དབང་བསྒྱུར་ཐབས་ཀྱི་སྤྱོད་པ་སྟེ། །དཔེར་ན་ནམ་མཁའ་རྒྱ་མཚོའམ། །ཇི་ལྟར་མེ་དཔུང་རྒྱལ་པོ་འདྲའོ། །ཞེས་པ་ལྟར་ཏེ། དེ་བས་ན་བྱིན་གྱིས་བརླབས་ཀྱི་སྤྱོད་པ་ནི་དཔེར་ན་ཡུལ་ཆེན་ནམ་མཁའ་ཆེ། ཡུལ་ཆུང་ན་ནམ་མཁའ་ཆུང་བ་དང་འདྲ་བར་ལམ་གོང་འོག་ལ་ཆོས་ཉིད་རྟོགས་ཚབས་ཆེ་ཆུང་ཡོད་པས། སྤྱོད་པ་ལ་ཡངས་དོག་འོངས་ཏེ། བདག་དོན་གྱི་སྤྱོད་པའོ། །དབང་བསྒྱུར་གྱི་སྤྱོད་པ་ནི། རྒྱལ་པོ་ལ་གདུལ་ཞིང་རྒྱ་ཆེ་ཆུང་ཡོད་པ་ལྟར། ལམ་གང་འོག་ལ་བློ་ཆེ་ཆུང་ཡོད་པས་སྤྱོད་པ་རྒྱ་ཆེ་ཆུང་ཡོད་དེ་གཞན་དོན་གྱི་སྤྱོད་པའོ། །ཐབས་ཀྱི་སྤྱོད་པ་ནི། གླང་པོ་ཆེ་ཆུར་འཇུག་པ་དང་འདྲ་སྟེ། རབ་ཐད་ཀར་གཅོད་པ། རྩལ་ཞན་པའི་སྒྱིད་ཆུའི་གཞོལ་ཕྱོགས་སུ་འགྲོ་བ་བཞིན་ལམ་པ་ལ་བློ་ཆེ་ཆུང་ཡོད་པས་སྤྱོད་པ་བཟང་ངན་འོངས་ཏེ། བདག་གཞན་གཉིས་ཀའི་སྤྱོད་པའོ། །གཉིས་པ་ལ་གསུམ་སྟེ། བྱིན་གྱིས་རླབས་ཀྱི་སྤྱོད་པ། དབང་བསྒྱུར་གྱི་སྤྱོད་པ། འགྲོ་འདུལ་ཐབས་ཀྱི་སྤྱོད་པའོ། །དང་པོ་ནི། དེ་ཡང་དེ་ཡུལ། ཞེས་པ་ནས། ཉིད་ཀྱི་བརླབས་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། བྱིན་གྱིས་རླབས་ཀྱི་སྤྱོད་པ་དེ་ཡང་དཔེར་ན་དེ་ཉིད་སྣང་བའི་ཡུལ་ཆེ་ཆུང་གི་ནམ་མཁའ་ལ་ཁྱད་པར་ཡོད་པ་ལྟར་དགོངས་པ་ཆེ་ཆུང་གིས་རིམ་པའི་མཐོ་དམན་ལྟར་སྤྱོད་པའི་ཁྱད་པར་ལ་ཆེ་ཆུང་གིས་རྣམ་པར་བྱུང་བ་ཡང་ལྟ་བ་ཉིད་ཀྱིས་བྱིན་གྱིས་བརླབས་པ་ཡིན་པས་རྣལ་འབྱོར་ལྔ་དང་བཅུའི་རིམ་པ་ལྟར་སྤྱོད་པ་ཡང་ཁྱད་པར་ཅན་དུ་ངེས་པའོ། །གཉིས་པ་ནི། རྒྱལ་པོ་དེ་ཡང་། ཞེས་པ་ནས། སྔགས་ཚུལ་དེ་ལྟར་སྣང་། །ཞེས་པའི་བར་གྱིས་བསྟན་ཏེ། དཔེར་ན་རྒྱལ་པོ་དེ་ཡང་སྐུ་བསོད་ནམས་ཀྱི་སྟོབས་ཆེ་ཆུང་གི་ཁྱད་པར་གྱིས་མངའ་ཐང་གི་དབང་བསྒྱུར་བར་བྱ་བའི་ཡུལ་ལྗོངས་དང་གྲོང་ཁྱེར་དང་རྒྱལ་ཁམས་རྣམས་ལ་ཆེ་ཆུང་གི་རིམ་པ་ཡོད་པ་བཞིན་དུ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཡིས་བདག་གཞན་གྱི་དོན་དུ་གསང་སྔགས་མཆོག་གི་སྤྱོད་ཚུལ་གྱི་ཁྱད་པར་ཡང་། རྣལ་འབྱོར་རྣམ་པ་ལྔ་དང་བཅུའི་སྐབས་ཀྱི་སྤྱོད་པའང་དེ་ལྟར་སྐས་ཀྱི་གདངས་བུ་བཞིན་དུ་ཁྱད་པར་གྱི་རིམ་པར་སྣང་བ་ཡོད་དོ། །ལྔའི་སྤྱོད་པ་ནི་སྔར་བཤད་པ་དག་གོ། །དེའང་དཔེར་ན། མཁར་གྱི་རྒྱལ་པོ་རྒྱལ་ཆེན་ལ་ངོ་དགའ་དགོས་པ་བཞིན་ཟག་བཅས་ཀྱི་རྣལ་འབྱོར་ལ་གནས་པའང་བག་ཚ་བ་དང་བཅས་ཏེ་ཟག་མེད་མཐོང་བའི་ཐབས་སྤྱོད་ལ་འབད་དགོས་ཤིང་། གླིང་གཅིག་ལ་དབང་བའི་འཁོར་བསྒྱུར་ཡང་གོང་མ་ལ་བག་ཚ་བ་ཡོད་པ་ལྟར་དབུགས་ཆེན་འབྱིན་པའི་རྣལ་འབྱོར་པ་ཡང་། གོང་མའི་ལྟ་དགོངས་ལ་གོམས་རིམ་གྱི་རྗེས་སུ་སྤྱོད་པ་ལྟོས་པའང་ཡིན་ལ། གླིང་བཞི་ལ་དབང་བའི་འཁོར་སྒྱུར་ལ་བག་ཚ་བ་མེད་པ་བཞིན་རྩལ་ཆེན་རྫོགས་པ་ལ་ལྟ་བའི་ཁྱད་པར་ལ་ལྟོས་པའི་སྤྱོད་པའི་ཐ་སྙད་མི་མངའ་འོ། །བཅུའི་སྤྱོད་པ་ནི་འཆད་པར་འགྱུར་རོ། །གསུམ་པ་ལ་གསུམ་སྟེ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ། ཞབས་བསྡུ་བའོ། །དང་པོ་ལ་གཉིས་ཏེ། དཔེ་དོན་སྦྱར་ཏེ་བསྟན་པ། བློ་ཆུང་གིས་བློ་ཆེ་བའི་རྗེས་སུ་སྤྱོད་ན་ལྟུང་བའོ། །དང་པོ་ནི། ཐབས་ཆེན་སྤྱོད་ལ། ཞེས་པ་ནས། ཅིར་ཡང་བསྟན་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་དཔེས་ཉེ་བར་མཚོན་པའི་ཕྱིར། ཐབས་མཆོག་གསང་བ་ཆེན་པོའི་སྤྱོད་པ་ལ་དངོས་སུ་འཇུག་པ་ན་ཡང་། ཐེ་ཚོམ་མེད་པར་རང་རང་གི་བབ་ཚོད་ཀྱི་ཐད་དུ་ལྟ་བའི་རྗེས་སུ་མཐུན་པར་འཇུག་པ་སྟེ། དཔེར་ན་གླང་པོ་ཆེན་པོ་ཆུར་འཇུག་པ་ན། ཆུའི་རབ་དང་ཀློང་ཆེན་གྱི་བབ་གང་ལ་ཡང་མི་ལྟ་བར་འཇུག་པ་ཡིན་ལ། དེ་ཡང་སྟོབས་ཀྱི་རྩལ་དང་སྒྱིད་ཀྱི་ཁྱད་པར་དྲག་པ་དང་ཞན་པའི་རིམ་པ་ཉིད་ཀྱིས་རྩལ་དྲག་པ་ལ་ལ་དག་ཐད་ཀ་ཉིད་དུ་དྲང་པོར་གཅོད་པ་སྟེ། སྒྱིད་ཞན་པ་ལ་ལ་ཆུ་བོའི་གཞོལ་ཕྱོགས་སུ་བསེགས་སུ་འགྲོ་བའམ་བཤན་ཐབས་སུ་འགྲོ་བ་ལྟར་དུ་དོན་ལ་ཅིག་ཆར་བ་དང་རིམ་གྱིས་པའི་དཔེར་ཤེས་སོ། །ཚུལ་དེ་ལྟར་རྣལ་འབྱོར་པ་ཐབས་ཆེན་གསང་བའི་སྤྱོད་པ་ལ་འཇུག་པ་ཉིད་ན་ཡང་། དགོངས་པ་དམ་པའི་འབྲས་བུའི་དོན་ལ་བབ་ཚོད་དུ་འཇུག་སྟེ་གཅོད་པར་བྱེད་ཀྱང་། རྣལ་འབྱོར་པའི་བློ་ལ་ལམ་ལྔའི་རྩལ་འཕང་མཐོ་དམན་གྱི་ཁྱད་པར་ཡོད་པ་ཉིད་ཀྱིས་རང་རང་གི་ཇི་ལྟར་ནུས་པའི་ཚད་དེ་ལྟ་བའི་ཁྱད་པར་དང་སྦྱར་ནས་སྤྱོད་པ་ཡིན་པའི་ཕྱིར། རྩ་རྒྱུད་ལས། ས་དང་གནས་སྐབས་ཡེ་ཤེས་དང་། །སྒྲིབ་དང་གོལ་ས་རྟོག་པ་དང་། །སྤྱོད་དང་ཏིང་འཛིན་དམ་ཚིག་དང་། །དུས་དང་དངོས་གྲུབ་མཐར་ཕྱིན་དང་། །ལྟ་བའི་ཁྱད་པར་གནས་འགྱུར་རྣམས། །ཐམས་ཅད་གཅིག་ལས་མེད་ན་ཡང་། །གྲངས་སམ་དབྱེ་བའི་བྱེ་བྲག་རྣམས། །སྣོད་ཀྱི་རྩལ་དང་སྦྱར་ནས་ནི། །ཆོས་རྣམས་ཀུན་གཞིར་གཅིག་པ་ལ། །ཀུན་གཞི་གནས་འགྱུར་རྣམ་པ་ལྔ། །བྱེ་བྲག་ལམ་ལྔའི་ཆོས་སུ་སྣང་། །ཞེས་གསུངས་པ་ལྟར། ལྔར་བགྲང་བ་ནི་བཅུའི་ཡང་རྩ་བར་འགྱུར་བའི་ཕྱིར། བློ་རིམ་དུ་སྦྱོར་བའི་རབ་ཀྱི་ཆེད་དུ་བསྟན་ལ། དེ་བཞིན་དུ་བཅུར་བསྟན་པ་ནི་གསང་སྔགས་རིམ་འཇུག་གི་འབྲིང་གི་ཡུལ་དང་། དེ་ལས་བཞི་བཅུར་སྤྲོས་པ་ནི་ཐ་མའི་དབང་དུ་གསུངས་པའོ། །དེ་བས་ན། ས་དང་ཞེས་པ་ལྟར་བགྲང་ན། འགྱུར་བ་མ་ངེས་པའི་ས། གལ་ཆེན་སྦྱོང་བའི་ས། རྟེན་པས་ཁྱད་པར་དུ་འགྲོ་བའི་ས། དམིགས་པས་འབྲས་བུ་སྐྱེ་བའི་ས། རྩལ་ཆེན་རྫོགས་པའི་སའོ། །དེ་ལས་བཅུར་བགྲང་བ་ནི། གཉིས་པ་རྟེན་པ་གཞིའི་ས་དང་། གལ་ཆེན་དེའི་ཆ་བཞི་པ་བསླབ་པ་རྒྱུན་གྱི་ས་དང་། ལྔ་པ་བསོད་ནམས་གཏེར་གྱི་ས་དང་། ཐ་མ་ལས་དབྱེ་བ། བརྒྱད་པ་གནས་པ་མི་འགྱུར་བའི་ས་དང་། དགུ་པ་གདལ་བ་ཆོས་ཉིད་ཀྱི་ས་དང་། བཅུ་པ་རྫོགས་པ་སྤྱིར་ཆིབ་ཀྱིས་རྣམས་སོ། །གནས་སྐབས་ཞེས་པ་རྩ་རྒྱུད་ལྟར་ན་གནས་དང་སྐབས་གཅིག་ཏུ་སྟོན་ཡང་། བཤད་རྒྱུད་འདིར་ནི། འདུ་ཤེས་གནས་འགྱུར་བའི་གནས་དང་སྐབས་སོ་སོར་སྟོན་ཏེ། དེའང་གནས་ལྔ་ལས། དང་པོ་འདོད་པ་གྲུབ་པ་མཐར་ཕྱིན་པའི་གནས་ནི། ཇི་སྐད་དུ། རྐྱེན་གྱི་རྣལ་འབྱོར་བྱ་བྱེད་དང་། །ཕྱི་པའི་སྟེགས་ལམ་རྫོགས་པ་དང་། །འདི་ཉིད་སྔར་སྤྱོད་ཐམས་ཅད་ཀྱི། །འདོད་པའི་གསང་ལམ་རྙེད་པ་ནི། །ལས་མཐར་ཕྱིན་པས་འདིར་འཕྲད་ཅིང་། །དེ་ལ་རྟེན་ཕྱིར་གནས་སུ་བརྗོད། །ཅེས་བྱའོ། །གཉིས་པ་བཟོད་པ་གྲུབ་པ་འཕགས་པའི་གནས་ནི། ཇི་སྐད་དུ། ཡང་དག་དོན་ལ་མི་སྐྲག་བཟོད། །དེ་ཕྱིར་རིགས་ངེས་གཟུངས་སྔགས་ཡོད། །དེ་ཕྱིར་འཕགས་པ་ཞེས་བྱ་སྟེ། །སྐྱེ་བོ་པ་ལས་འདས་པའི་གནས། །ཞེས་བྱའོ། །གསུམ་པ་བདེན་པ་གྲུབ་པ་ཡང་དག་པའི་གནས་ནི། ཇི་སྐད་དུ། སྒྲོ་སྐུར་མེད་པའི་གཉིས་མེད་དོན། །མཐོང་བ་མཐར་ཕྱིན་མི་བསླུ་ཞིང་། །ཕྱིན་ཅི་མ་ལོག་ལ་བརྟེན་ཕྱིར། །དང་པོའི་དབུགས་ཆེན་ཕྱིན་པའི་གནས། །ཞེས་བྱའོ། །བཞི་པ་ལས་སུ་རུང་བའི་སྦྱོར་བའི་གནས་ནི། ཇི་སྐད་དུ། མཐོང་ནས་གོམས་པ་མི་གཡོ་བའི། །གཉིས་མེད་གསལ་ལ་མི་གཡོ་བའི། །ཏིང་འཛིན་གོམས་པས་འབྲས་བུར་སྦྱོར། །ཐར་ལམ་ཐོབ་ལ་མ་རག་པའོ། །ཞེས་བྱའོ། །ལྔ་པ་ལྷུན་གྱིས་གྲུབ་པ་མཉམ་པའི་གནས་ནི། ཇི་སྐད་དུ། མཐོང་གོམས་སྟོབས་སུ་གྱུར་པ་ཡིས། །འབྲས་བུ་ཐོབ་པའི་སྐབས་ཡིན་ཞིང་། །ཤིང་འབྲས་ཚོས་ཀྱི་དཔེ་ལྟ་བུས། །ཡོན་ཏན་རྫོགས་པར་བླང་དོར་མེད། །ཅེས་བྱའོ། །བཅུའི་དབང་དུ། གཉིས་པ་རྟེན་པ། གྲུབ་པ་ལམ་གྱི་གནས་ཏེ་ལམ་རྣམས་ཀྱི་གཞིར་གྱུར་པའི་ཕྱིར་རོ། །བཞི་པ་བཟོད་པ་གྲུབ་པ་སློབ་པའི་གནས་ཏེ། ཟབ་མོའི་དོན་ལ་བཟོད་པ་ཐོབ་པས་ཡེ་ཤེས་འཕེལ་བར་བྱ་བའི་ཕྱིར། བསླབ་པ་བཅུ་ལ་སློབ་པའི་ས་ཡིན་པའི་ཕྱིར་རོ། །ལྔ་པ་བསླབ་པ་གྲུབ་པ་སྤྱིར་ཆི བ་པའི་གནས་ཏེ། བསླབ་པ་བཅུ་ཁོང་དུ་ཆུད་ཅིང་རྩེར་ཆིབ་པའི་ས་ཡིན་པའི་ཕྱིར་རོ། །དགུ་པ་གདིང་དུ་གྱུར་པ་ཆོས་ཉིད་ཀྱི་གནས་ཏེ། བསྒོམ་པས་ཕེབས་པ་སྟོབས་སུ་གྱུར་པ་དེ་ཡང་འདིར་ཆོས་ཉིད་གདེང་དུ་གྱུར་པའི་ཕྱིར་རོ། །བཅུ་པ་འབྲས་བུ་གྲུབ་པ་རྫོགས་པའི་གནས་ནི། མཐར་ཕྱིན་པའི་ཕྱིར་རོ། །དེ་བཞིན་དུ། སྐབས་ཞེས་པའང་ལྔ་སྟེ། དང་པོ་སེམས་ཅན་གྱི་སྐབས་ནི། རས་བལ་ས་བོན་ལྟ་བུའི་གཞི། །གཡོ་བས་སྒྲ་ཡི་རྣལ་འབྱོར་གྱི། །བསྒོམ་བྱ་ཡིད་ལ་བྱེད་པའི་གཞི། །ད་དུང་མ་ངེས་དྲན་ཙམ་མོ། །ཞེས་བྱའོ། །གཉིས་པ་འཕགས་པའི་སྐབས་ནི། ཇི་སྐད་དུ། དད་པས་མོས་པས་ལམ་འགྲོ་ཞིང་། །སློབ་པ་པ་འདི་བཟོད་ཐོབ་ཕྱིར། །འདུ་ཤེས་རིགས་ངེས་ཁྱད་པར་འཕགས། །ཡང་དག་རྒྱུད་དུ་ངེས་ཕྱིར་རོ། །ཞེས་སོ། །གསུམ་པ་ས་ཐོབ་པའི་སྐབས་ནི། འདི་སྐད་དུ། མི་སློབ་ཆོས་མིག་རྡུལ་བྲལ་ཞིང་། །དབུགས་ཆེན་ཕྱིན་ནས་མི་ལྡོག་པའི། །ཏིང་འཛིན་ཐོབ་པའི་དུས་ངེས་ཕྱིར། །དེ་ལ་མཚན་དུ་དེ་སྐད་བརྗོད། །ཅེས་སོ། །བཞི་པ་རིག་འཛིན་བྱང་ཆུབ་ཐོབ་པའི་སྐབས་ནི། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་ཆེན་པོར། །བདག་ཕྱིར་བཟློག་མེད་གཞན་དོན་དུ། །ཕྱིར་འོངས་རང་དབང་སྐྱེ་སྤྱོད་ཕྱིར། །རྒྱལ་བའི་སྲས་པོ་གདུང་འཚོབ་སྐབས། །ཞེས་སོ། །ལྔ་པ་འབྲས་བུ་ཐོབ་པའི་སྐབས་ནི། ཇི་སྐད་དུ། བྱང་ཆུབ་ཆེན་པོར་རྫོགས་སེམས་སྐྱེས། །རྒྱལ་ཚབས་སྐྱེས་བུར་རྩལ་རྫོགས་པ། །ལམ་དུ་གྱུར་པའི་འབྲས་བུའི་ཕྱིར། །འབྲས་བུའི་སྐབས་ཞེས་མཚན་ངེས་པའོ། །ཞེས་སོ། །བཅུའི་དབང་དུ། །གཉིས་པ་རྩོམ་པ་སྦྱོར་བའི་སྐབས་ཏེ། སྨོན་པས་བསླབ་པ་ལ་རྩོལ་བའི་ཕྱིར་རོ། །བཞི་པ་འདུ་ཤེས་འགྱུར་བའི་སྐབས་ནི། རིགས་ཕྱེད་པས་སྦྱོར་བའི་སེམས་ཀྱིས་འདུ་ཤེས་ཡང་དག་པའི་ཡེ་ཤེས་སུ་འགྱུར་ཏེ་ཡེ་ཤེས་འཕེལ་བར་བྱེད་པའི་ཕྱིར་རོ། །ལྔ་པ་སྤྱོད་ཆེན་ལ་འཇུག་པའི་སྐབས་ནི། བསླབ་བཅུའི་ཆིབ་པས་ཐོས་བསམ་གྱིས་མཐོང་བའི་དོན་བསྒོམ་པ་ལ་འཇུག་པའི་ཕྱིར་རོ། །དགུ་པ་གདེང་དུ་གྱུར་པའི་སྐབས་ཏེ། རྟགས་ཆེན་ཐོབ་པའི་ཕྱིར་རོ། །བཅུ་པ་ལས་སུ་རུང་བའི་སྐབས་ཏེ། རྫོགས་སེམས་སྐྱེས་པས་སྐྱེད་དུ་བྱ་བའི་ལམ་མེད་པའི་ཕྱིར་རོ། །ཡེ་ཤེས་དང་། ཞེས་བྱ་བ་ནི། མཉམ་པར་བཞག་པ་རེ་རེ་ལ། །ཡེ་ཤེས་རེ་རེ་འཆར་བའོ། །ཞེས་པས། སྐབས་ལྔར་སེམས་ལྔ་བསྒོམ་ཤར་གྱི་རྟོགས་པའི་ཡེ་ཤེས་ལྔ་སྟེ། ཇི་སྐད་དུ། ཡང་དག་བདེན་པ་གཉིས་མེད་དོན། །ཡིད་བྱེད་གཡོ་བའི་ཡེ་ཤེས་དང་། །བཟོད་ཐོབ་འཇུག་སློབ་ཡེ་ཤེས་དང་། །མ་ནོར་མཐོང་དགའི་ཡེ་ཤེས་དང་། །དེ་ཉིད་མི་འགྱུར་གནས་ཡེ་ཤེས། །དེ་མཐར་རྫོགས་སེམས་ཡེ་ཤེས་སོ། །ཞེས་བྱའོ། །བཅུའི་དབང་དུ་སྔར་བརྗོད་པའི་གཏན་ཚིགས་ཀྱིས། སྐབས་བཅུར་སེམས་བཅུ་སྐྱེས་པས་སེམས་དང་ཆོས་འཕྲད་པའི་ཡེ་ཤེས་གྲོལ་ཐར་པ་རེའོ། །དེ་ལ་དང་པོ་བརྗོད་ཟིན་པས། །སྨོན་པས་ཁོང་དུ་ཆུད་འདོད་པའི། །བདེན་གཉིས་མགོ་མཐོང་ཡིད་ལ་བྱེད། །སྨོན་པའི་ཡེ་ཤེས་གོང་མའི་རྒྱུ། །དེ་རྒྱུས་དེར་མི་བརྟན་པར་ལྡང་། །བདེ་གཉིས་རང་གི་མཚན་ཉིད་དུ། །ཤེས་པ་གཅོད་སྦྱོང་སྦྱོར་བ་ཡི། །བསླབ་པའི་ཡེ་ཤེས་ཡེ་ཤེས་གསུམ། །བཞི་པ་དེ་རྒྱུས་སྦྱོར་སེམས་ཀྱིས། །ལྷག་པའི་བདེན་གཉིས་དབྱེར་མེད་དོན། །ཐོས་ལ་མི་སྐྲག་སྤྱོད་ཅིང་འཕེལ། །བཟོད་ཐོབ་ཡེ་ཤེས་ཕྱི་མའི་རྒྱུ། །ལྔ་པ་དེ་རྒྱུས་ཡེ་ཤེས་སྐྱེས། །བདེན་པ་དབྱེར་མེད་ཐོས་བསམ་གྱིས། །གོ་བའི་དོན་ལ་འཇུག་སེམས་པས། །མཐོང་ལ་སྦྱོར་བའི་ཡེ་ཤེས་སོ། །དྲུག་པ་དང་བདུན་པ་བརྗོད་ཟིན་ཏེ། བརྒྱད་པར་འདི་སྐད་དུ། མཚན་མའི་ཆོས་རྣམས་ཐམས་ཅད་ཀུན། །མཉམ་པ་ཆེན་པོའི་ངང་དུ་གསལ། །ཞེས་གསུངས་ཏེ། རིག་པའི་སེམས་ཀྱིས་མཉམ་ཉིད་མཐོང་བའི་ཡེ་ཤེས་སོ། །དགུ་པར་གནས་པའི་སེམས་ཀྱིས་དབྱིངས་དང་ཡེ་ཤེས་དབྱེར་མེད་པ འི་དོན་ཤར་བ་སྟེ། འདི་སྐད་དུ། སྲིད་པའི་སེམས་ཅན་ཐམས་ཅད་དང་། །ཐར་པའི་ཆོས་ཀྱི་རྣམ་གྲངས་ཀུན། །སོ་སོར་ཐམས་ཅད་སྣང་བ་སྟེ། ཀུན་ཀྱང་མཉམ་པའི་ངང་དུ་གསལ། །ཞེས་སོ། །བཅུ་པ་རྫོགས་པའི་སེམས་ཀྱིས་རང་བྱུང་ཡེ་ཤེས་རྫོགས་པར་ཤར་བ་སྟེ། འདི་སྐད་དུ། ས་ཆུ་མེ་རླུང་སྣོད་བཅུད་རྣམས། །ཀུན་ཀྱང་རང་བཞིན་ཆོས་ཉིད་དོན། །ཆོས་ཉིད་དཔོན་ལས་གཞན་མེད་པར། །རང་བྱུང་ཡེ་ཤེས་གསལ་བའོ། །ཞེས་སོ། །སྒྲིབ་དང་། ཞེས་པའང་འདི་སྐད་དུ། སོ་སོར་ཐུན་མོང་མ་ཡིན་པའི། །སྒྲིབ་ལ་ས་ཞེས་རྩི་བྱེད་ཅིང་། །ཞེས་སྣང་བས། འོག་མས་གོང་མ་མ་མཐོང་བའི་སྒྲིབ་པ་ལྔ་སྟེ། འདི་སྐད་དུ། སའམ་རྣལ་འབྱོར་རྣམ་ལྔ་པོ། །རང་རང་མཐོང་ལ་ཞེན་པ་ཡིས། །གོང་མ་གོང་མ་མ་མཐོང་ཕྱིར། །ལམ་གྱི་དབྱེ་བས་སྒྲིབ་པའང་ལྔའོ། །ཞེས་སོ། །བཅུའི་དབང་དུ། ས་འོག་མ་བཅུས་གོང་མའི་ལྟ་བ་རྣམས་ཡུལ་དུ་མ་གྱུར་པ་བརྗོད་ཟིན་ཏེ། དེ་ཡང་། ལས་ཀྱི་བག་ཆགས་ཕྲ་རགས་ནི། །གཉིས་པ་དང་པོ་དག་ལ་སྒྲིབ། །མངོན་དུ་རྒྱུ་བ་རབ་འབྲིང་གསུམ། །གསུམ་པ་བཞི་དང་ལྔ་ལ་སྒྲིབ། །ཀུན་ཏུ་རྒྱུ་བ་དྲུག་པ་སྟེ། །ལྷན་ཅིག་སྐྱེས་པ་བདུན་ལ་གནས། །བག་ལ་ཉལ་བ་ཕྲ་རགས་འབྲིང་། །བརྒྱད་དང་དགུ་དང་བཅུ་ལ་གནས། །ཞེས་སོ། །གོལ་ས་ཞེས་པའང་། ས་གོང་མ་འོག་སར་ལྷུང་བའི་གོལ་ས་ལྔ་སྟེ། འདི་སྐད་དུ། ཐུན་མོང་རྒྱུ་ཡི་ལམ་ལྔར་གོལ། །ཁྱད་པར་སྒྲིབ་ལ་ལྟོས་ཚུལ་གྱིས། །ལམ་ལྔ་གོང་དམིགས་འོག་ལྟ་ཅན། །ལྟུང་ནོར་ཕྱིར་ན་སྒྲ་འཇུག་པའོ། །ཞེས་སོ། །བཅུའི་དབང་དུ། རྒྱུ་ཡི་ཚོགས་དང་དྲོད་རྩེ་མོ། །བཟོད་དང་འཇིག་རྟེན་ཆོས་མཆོག་དང་། །མཐོང་སྒོམ་མཐར་ལམ་རྣམས་སུ་གོལ། །ཡང་ན་འོག་མ་འོག་མ་ཉིད། །ཅེས་སོ། །རྟོག་པ་དང་། ཞེས་པའང་། ཆེད་དུ་བྱས་ཏེ་དོན་དང་ལྷ་ལ་རྟོག་པ་ལྔ་སྟེ། འདི་སྐད་དུ། ས་ལྔ་དང་པོ་ཚིག་ལ་རྟོག །གཉིས་པ་ཡི་གེ་གསུམ་པ་མིང་། །བཞི་བརྡ་ཐ་སྙད་ལྔ་པར་རྟོག །བག་ཆགས་ལྔ་ཡོད་སྦྱོང་བའི་ཕྱིར། །ལྟོས་ན་ཕྱག་རྒྱ་འཕྲོ་འདུ་དང་། །ཤེས་ཡུལ་རྣམས་ལ་གནས་ཕྱིར་རྟོག །ཅེས་སོ། །བཅུའི་དབང་དུ། བག་ཆགས་ལྔ་ཡི་ཕྲ་རགས་བཅུ། །ས་བཅུར་ལྡན་པས་ཆོས་ཉིད་ལ། །ཆེད་དུ་བྱེད་དང་ཕྱག་རྒྱ་ཡང་། །ཁྱོན་དང་འཕྲོ་འདུའི་རྟོག་ཚོགས་བཅུ། །ཞེས་སོ། །སྤྱོད་དང་། ཞེས་པའང་། རྩོལ་བ་དང་། ཚོགས་ཀྱི་སྤྱོད་པ། བརྩོན་པའི་སྤྱོད་པ། ཤེས་རབ་དང་མཐུན་པའི་སྤྱོད་པ། ཐུགས་རྗེ་ཆེན་པོའི་སྤྱོད་པ། དབང་བསྒྱུར་ཐབས་ཀྱི་སྤྱོད་པའི་ཁྱད་པར་ལྔ་སྟེ། བཞི་ཕྱིར་སྤྱོད་པའང་། སྐབས་ཀྱི་བདག་དང་གཞན་དོན་དུ། སྔོན་བྱུང་དང་རྗེས་འཇུག་གི་ཚུལ་དུ་འགྱུར་རོ། །དེ་ལ་ས་དང་པོ་ནི་རྩོལ་བ་དང་ཚོགས་ཀྱི་ལམ་ཡིན་པའི་ཕྱིར། འདི་སྐད་དུ། རྩོལ་ཚོགས་གཉིས་ལའང་ཤིན་ཏུ་འབད། །བྱིན་རླབས་དབང་བསྒྱུར་ཐབས་ཚུལ་གྱིས། །གཞན་དོན་མཐའ་འགའ་རྩོལ་བས་སྤྱོད། །གཉིས་པ་བདག་ཕྱིར་ལེགས་ཉེས་ལ། །གཅོད་སྤྱོད་སྟོབས་ཕྱིར་ཤིན་ཏུའང་། །བརྩོན་སྤྱོད་དབེན་ལས་ཕྱོགས་གཅིག་སྤྱོད། །སློབ་སྤྱོད་བདག་གཞན་དོན་ཀྱང་བྱེད། །གསུམ་པར་མི་དམིགས་ཤར་བ་ཡིས། །འདོད་པའི་དངོས་པོ་དབྱིངས་སྦྱོར་ཕྱིར། །བདག་ཕྱིར་མི་དམིགས་གཞན་ཆེད་དུ། །འཁོར་ལོ་སྒྱུར་བས་གསང་སྔགས་སྟོན། །བཞི་པར་བདག་ཕྱིར་རྣལ་འབྱོར་སྤྱོད། །གཞན་ལ་ཕྱིར་འོང་པ་ཡིན་ཕྱིར། །རང་དབང་ཅན་དུ་སྐྱེ་ཞེས་ནས། །ཇི་ལྟར་འདོད་ལྟར་ཐབས་མཆོག་སྦྱོར། །ལྔ་པར་ཏིང་འཛིན་རྩལ་རྫོགས་ཕྱིར། །དབང་སྒྱུར་ཐབས་ཀྱི་སྤྱོད་པ་ཡིས། །ཆོ་འཕྲུལ་བཞི་སོགས་སྣ་ཚོགས་སྟོན། །གདུལ་བྱ་སྨིན་ཅིང་འཁོར་ལོའང་བསྐོར། །ཞེས་བྱའོ། །བཅུའི་དབང་དུ། དང་པོ་བཤད་ཟིན་ཏེ། གཉིས་པ་ནི། འདི་སྐད་དུ། བསླབ་པ་སྦྱོང་དང་ངེས་པ་ལས། །དག་དང་མ་དག་གིས་སྤྱོད་པའོ། །ཞེས་འབྱུང་བས་ཕྲ་མེན་གྱི་སྤྱོད་པའོ། །གསུམ་པ་བཤད་ཟིན་ཏེ། བཞི་པ་ནི། ངན་སོང་མི་ལྡོག་དགོན་པར་འཇུག །བར་ཆད་དག་ཀྱང་དེ་ལ་འབྱུང་། །ཞེས་པས། ཕྱོགས་གཅིག་པ་སྒོམ་པའི་སྤྱོད་པའོ། །ལྔ་པ་ནི། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཡིན། །ཞེས་པས་རྒྱུན་གྱི་སྤྱོད་པའོ། །དྲུག་པ་ནི། བདག་དོན་ཤེས་རབ་དང་མཐུན་པའོ། །གཞན་དོན་དུ་འདི་སྐད་དུ། སྒྱུ་མས་སྦྱོང་བའི་སྐྱེས་བུ་དེ། །འཁོར་ལོར་སྒྱུར་བའི་ཆ་བྱད་དུ། །རིན་ཆེན་བདུན་དང་དཔུང་ཚོགས་ཀྱིས། །དབང་སྒྱུར་ཐབས་ཀྱི་ཐེག་པ་སྟོན། །ཞེས་སོ། །བདུན་པ་ནི། ཏིང་ངེ་འཛིན་གྱི་སྦྱོར་བའོ། །ཞེས་པས། བདག་དང་གཞན་གྱི་དོན་དུ་སྤྱོད་པ་འདི་སྐད་དུ། དེ་བས་སྐྱེས་བུ་དམ་པ་དེ། །འབྲས་བུ་ཉིད་ལ་ལམ་ཤེས་པས། །ལམ་གྱི་ཡན་ལག་བདེ་རྫོགས་ཏེ། །གཞན་དག་སྨིན་པར་བྱ་བའི་ཕྱིར། །ཇི་ལྟར་འདོད་པ་ཐབས་མཆོག་སྤྱོར། །ཞེས་སོ། །བརྒྱད་པ་བདག་དོན་སྦྱོར་བའི་སྤྱོད་པ་སྟེ། ཏིང་ངེ་འཛིན་མང་པོ་ལ་བསྒོམ་པའི་ཕྱིར་རོ། །གཞན་དོན་དུ་འདི་སྐད་དུ། དེ་བས་རྒྱལ་ཚབ་སྐྱེས་བུ་དེ། །ཆོས་ཀྱི་རྒྱལ་པོ་གང་དེ་ཡི། །གདུང་འཚོབ་དགའ་ལྡན་ཐེག་ཆེན་སྟོན། །མི་གནས་བཅུ་དུས་ཆོ་འཕྲུལ་སྣང་། །ཞེས་སོ། །དགུ་པ་ནི། སྒྱུ་མའང་སྒྱུ་མ་ཡིན་སྤྱོད་པའོ། །ཞེས་པས་ཡེ་ཤེས་སྒྱུ་མའི་སྤྱོད་པའོ། །བཅུ་པ་ནི། ལྷུན་གྱིས་གྲུབ་པའི་སྤྱོད་པའོ། །ཡང་ཀུན་འདུས་ལས། ས་བརྒྱད་པར་འདི་སྐད་དུ། སྦྱོར་དང་སྒྲོལ་བར་བྱེད་པ་དང་། །མ་ཡིན་ལེན་དང་དག་སྤྲུལ་བྱེད། །རྣལ་འབྱོར་དམ་ཚིག་སྤྱོད་པའི་མཆོག །སྤྱད་པར་བྱ་བའི་ལས་ཡིན་ནོ། །ཞེས་དང་། དགུ་པར། ཐམས་ཅད་མཉམ་པའི་ངང་ལ་གནས། །ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ལས། །དངོས་སུ་སྦྱོར་བ་ཐམས་ཅད་བྱ། །དེ་ནི་དམ་ཚིག་ཆེན་པོ་ཡིན། །ཞེས་དང་། བཅུ་པར། སྤྱོད་དང་སྤྱོད་པར་བྱ་མེད་པས། །སྲིད་དང་མུ་སྟེགས་འཇིག་རྟེན་པའི། །སྤྱོད་པར་སྣང་བ་ཐམས་ཅད་ཀུན། །ལྷུན་གྱིས་གྲུབ་པའི་མཛད་སྤྱོད་དོ། །ཞེས་གསུངས་སོ། །བསྲུང་བྱའི་ངོ་བོ་གང་ལ་དམ་པ་གང་དང་ལྡན་པའི་དམ་ཚིག་ཅེས་བྱ་བའང་། སྐབས་ཀྱི་ཆེད་དུ་བྱེད་པ་ལས། །བརྟགས་ཀྱི་རྩ་བ་ཡན་ལག་རྣམས། །ཀུན་བསྲུང་བྱེ་བྲག་དང་པོར་ནི། །བདུད་ལྔ་དགྲ་བཞི་བཟློག་པ་དང་། །སྤྱོད་པ་རྒྱུན་ནམ་བཞི་ལ་གནས། །འདུན་ཅིང་ཡི་རང་མ་ཉམས་བྱེད། །གཉིས་པ་བསླབ་པ་བཅུ་བྱེད་ལས། །མི་འདའ་བཟོད་ལས་མི་ཉམས་བྱེད། །གསུམ་པར་ལྟ་བའི་དམ་ཚིག་བྱེད། །མཐོང་བ་མི་གནས་བརྩོན་པར་བྱེད། །དེ་ཡང་ཇི་སྐད་དུ། ནམ་མཁའ་ལྟ་བུའི་རྣལ་འབྱོར་པས། །ནམ་མཁའ་ལྟ་བུའི་དམ་ཚིག་བསྲུང་། །ཞེས་སོ། །བཞིར་པར་ཏིང་ངེ་འཛིན་གྱི་སོ་ཉིད་ལས། །མི་ཉམས་མ་ཡེངས་མི་འདའ་བའོ། །དེ་ཡང་འདི་སྐད་དུ། བརྗེད་པ་མེད་པའི་ཏིང་འཛིན་གྱིས། །བསྲུང་བ་མེད་པའི་ངང་དུ་བསྡམ། །ཞེས་གསུངས་ཏེ། གཞན་དུ་ནི། ཕྱིར་འོང་བར་དམ་བཅས་པ་གང་ཡིན་པའོ། །ལྔ་པར་མེད་དང་ཕྱལ་བ་གཅིག་པུ་དང་། །ལྷུན་གྱིས་གྲུབ་པ་རྣམ་བཞི་པའོ། །ཞེས་སོ། །བཅུའི་དབང་དུ། བཞེད་ཚིག་ལས། རང་རང་སྤྱོད་ལས་མི་འདའ་བའི། །དམ་བཅའ་བཅུ་ནི་དམ་ཚིག་གོ། །ཞེས་གསུངས། དེའི་ཕྱིར་དང་པོ་བཤད་ཟིན་ཏེ། གཉིས་པ་རྩོལ་བ་ལས་མི་འདའ། །བཞི་པ་བསླབ་པ་ལས་མི་འདའ། །ལྔ་པ་འཇུག་སྒོམ་ལས་མི་འདའ། །བརྒྱད་པ་དངོས་པོ་བཞི་ལ་སྤྱོད་པ་ལས་མི་འདའ། དགུ་པ་ཆོས་ཉིད་དམ་ཚིག་གསུམ། །བཅུ་པ་བཞི་ལས་མི་འདའ་འོ། །ཀུན་འདུས་ལས་བརྒྱད་པར་འདི་སྐད་དུ། འདོད་པས་ཆགས་པ་འཇོམས་པ་དང་། །གཏི་མུག་ང་རྒྱལ་ཕྲག་དོག་རྣམས། །རྣལ་འབྱོར་ཆེན་པོའི་དམ་ཚིག་སྟེ། །དོན་དང་ལྡན་པའི་སྐྱེས་བུའི་སྤྱོད། །དགུ་པར། དམ་ཚིག་དམ་པ་གང་ཞེ་ན། །རྟོགས་པ་དམ་པས་དམ་ཚིག་སྟེ། །རྟོགས་པར་བྱེད་པ་གང་ཡིན་པ། །དེ་ནི་དམ་ཚིག་ཆེན་པོའོ། །བཅུ་པར། མེད་པ་ཕྱལ་བ་གཅིག་པུ་དང་། །ལྷུན་གྱིས་རྫོགས་པའི་དམ་ཚིག་ཆེ། །འདི་ཞེས་རིས་སུ་ཆད་མེད་པ། །འདི་ནི་བསྲུང་བའི་དམ་ཚིག་གོ། །ཞེས་གསུངས་སོ། །ཏིང་ངེ་འཛིན་ཡིད་ལ་བྱེད་པ་ཡན་ཆད་ལྔ་དང་བཅུའི་གསལ་མི་གསལ་གྱི་རིམ་པའང་། ཐོག་མར་ལྔ་སྟེ། རྣམ་པར་མི་རྟོག་པ་དང་ལྷ་བསྒོམ་པའང་། གང་རུང་དང་པོར་ཡིད་ལ་བྱེད། །གཉིས་པ་འཕྲོ་འདུ་གཅིག་པ་དང་། །གསུམ་པ་ཡོངས་སུ་མི་ལྡོག་ཅིང་། །བཞི་པར་དེ་བཞིན་ཉིད་བསྒོམ་དང་། །ལྔ་པར་ཀུན་ཏུ་སྣང་བ་བསྒོམ། །དེ་ཕྱིར་རྣལ་འབྱོར་རྣལ་འབྱོར་ཡིན། །ཞེས་བྱའོ། བཅུའི་དབང་དུ། དང་པོ་ཡིད་ལ་བྱེད་ཐོབ་ནས། །གཉིས་པ་དེ་གོམས་བརྟན་པའོ། །གསུམ་པ་འཕྲོ་འདུ་གཅིག་པ་ཐོབ། །བཞི་པ་དེ་གོམས་ལྔ་པར་བརྟན། །དྲུག་པར་མི་ལྡོག་བདུན་དེ་ཉིད། །བརྒྱད་པ་ཀུན་སྣང་ཐོབ་ནས་ནི། །དགུ་པར་གོམས་ནས་བཅུ་པར་ནི། །དེ་བརྟན་ལས་སུ་རུང་བའོ། །ཞེས་གསུངས་སོ། །སློབ་དཔོན་བདེ་བ་གསལ་མཛད་ཀྱིས་ནི། འདི་སྐད་དུ། དང་པོ་ཡིད་ལ་བྱེད་པ་སྟེ། །བརྟེན་པས་ཡོན་ཏན་འབྱུང་གཞིའི་ཕྱིར། །རིན་ཆེན་མྱུ་གུའི་ཏིང་འཛིན་ཐོབ། །གསུམ་པ་ཉེས་པ་གཅོད་སྦྱོང་ཕྱིར། །དུག་འཇོམས་སྨན་གྱི་ཏིང་ངེ་འཛིན། །བཞི་པ་བར་ཆད་འབྱུང་བའི་ཕྱིར། །རྩེ་གཅིག་འཕྲོ་བའི་ཏིང་ངེ་འཛིན། །ལྔ་པ་བསོད་ནམས་གཏེར་གྱི་ཕྱིར། །ཚོགས་ཆེན་རྫོགས་པའི་ཏིང་ངེ་འཛིན། །དྲུག་པ་ཆོས་མིག་རྡུལ་བྲལ་ཕྱིར། །མངོན་པར་རྟོགས་པའི་ཏིང་ངེ་འཛིན། །བསྒོམ་པས་ཡོན་ཏན་འབྱུང་བ་ཡི། །མི་ཟད་མཛོད་ནི་བདུན་པའོ། །བརྒྱད་པ་ཆོ་འཕྲུལ་འབྱུང་བའི་ཕྱིར། །འབྱུང་ཆེན་སྤྲུལ་པའི་ཏིང་ངེ་འཛིན། །དགུ་པ་ཆོས་ཉིད་བརྡལ་བའི་ཕྱིར། །རྣམ་དག་དབྱིངས་ཀྱི་ཏིང་ངེ་འཛིན། །བཅུ་པར་མ་ལུས་ལྷུན་རྫོགས་ཕྱིར། །ཐམས་ཅད་རྫོགས་པའི་ཏིང་འཛིན་དང་། །སྣང་གསལ་ཡེ་འཕྱོའི་ཏིང་ངེ་འཛིན། །ཞེས་གསུངས་པའོ། །དུས་དང་། ཞེས་པའང་། ས་འོག་མ་དག་གིས་གོང་མ་བསྒྲུབ་པའི་དུས་ལའང་ལྔའམ་བཅུ་སྟེ། དང་པོ་ནི། གསང་སྔགས་ཡིད་ལ་བྱེད་ཙམ་ཡོད། །དེ་ཕྱིར་དྲན་པ་ཐོབ་པར་སྨྲ། །གསང་བའི་བསླབ་བཅུ་ཐོབ་པའི་དུས། །གཉིས་མེད་རྟགས་པ་ཐོབ་པའི་དུས། །དེ་ཉིད་བསྒོམ་པ་གོམས་པའི་དུས། །དེ་མངོན་གྱུར་པས་མཐར་ཕྱིན་དུས། །ཞེས་བྱའོ། །བཅུའི་དབང་དུ། བཞེད་ཚིག་ལས། དང་པོ་རྗེས་སུ་ཡི་རང་ཕྱིར། །འདུན་པ་སྐྱེ་བའི་དུས་ཞེས་བྱ། །གཉིས་པ་སློབ་པ་ལ་བརྩོན་ཕྱིར། །རྩོལ་བ་སྦྱོར་བའི་དུས་ཉིད་དོ། །གསུམ་པ་གལ་ཆེན་སྦྱོར་བའི་ཕྱིར། །བསླབ་པ་འཇུག་པའི་དུས་སུ་བརྗོད། །བཞི་པ་རིག་ཆེན་འབྱེད་པའི་ཕྱིར། །བསླབ་གནས་འདུ་ཤེས་འགྱུར་བའི་དུས། །ལྔ་པ་མཐོང་དོན་སྦྱོར་བའི་ཕྱིར། །སྤྱོད་ཆེན་འཇུག་པའི་དུས་ཆེན་ཡིན། །དྲུག་པ་ཐམས་ཅད་མཐོང་བའི་ཕྱིར། །དང་པོ་དབུགས་ཆེན་ཕྱིན་པའི་དུས། །བདུན་པ་དེ་དོན་གོམས་བྱའི་ཕྱིར། །ཡུལ་ལ་འཇུག་པའི་དུས་སུ་བརྗོད། །བརྒྱད་པ་ངེས་དོན་ཕེབས་པའི་ཕྱིར། །རྟོགས་ཆེན་ཉིད་ལ་ཕེབས་པའི་དུས། །དགུ་པ་དེ་སྟོབས་གྱུར་པའི་ཕྱིར། །གདེང་དུ་གྱུར་པའི་དུས་ཞེས་བྱ། །བཅུ་པ་ཤིན་ཏུ་མཐར་ཕྱིན་ཕྱིར། །ལས་རུང་ཐ་མའི་དབུགས་ཕྱིན་དུས། །ཞེས་གསུངས་ཏེ། སྤྱིར་བྱང་ཆུབ་ཆེན་པོ་ཉིད་གྲུབ་པ འི་དུས་སོ། །དངོས་གྲུབ་ཆེན་པོ་དང་གནས་སྐབས་ཀྱི་ལམ་མཐར་ཕྱིན་པས་གོང་མ་འགྲུབ་པའང་། འདི་སྐད་དུ། དང་པོ་འདོད་པ་གྲུབ་པ་དང་། །གཉིས་པ་བཟོད་པ་གྲུབ་པ་དང་། །གསུམ་པ་བདེན་གྲུབ་བཞི་པ་ལས། །རུང་བ་གྲུབ་པའོ་ལྔ་པ་ནི། །ལྷུན་གྱིས་གྲུབ་པའི་རིགས་ཐོབ་པའོ། །འོན་ཏེ་དང་པོ་གཉིས་པ་ནི། །དམིགས་པ་གྲུབ་པའོ་གསུམ་པ་ནི། །དོན་དམ་བཅུད་ཀྱི་རྣམ་ཤེས་རྒྱས། །བཞི་པ་འཁོར་བའི་དབྱིངས་སུ་འགྲུབ། །ལྔ་པ་ཐམས་ཅད་འགྲུབ་པར་གསུངས། །ཞེས་སོ། །བཅུའི་དབང་དུ། ས་བཅུ་འོག་མ་འོག་མ་ཡིས། །གོང་མ་གོང་མ་ཐོབ་པ་ཉིད། །སྐབས་ཀྱི་རྒྱུ་འབྲས་ཡོད་པའི་ཕྱིར། །གནས་སྐབས་ཞུགས་པའི་དངོས་གྲུབ་བོ། །འདི་ལྟར་ཡང་འཆད་དེ། དང་པོས་འདོད་པའི་དངོས་གྲུབ་དང་། །གཉིས་པས་སྦྱོར་བའི་དངོས་གྲུབ་དང་། །གསུམ་པས་སྦྱོར་སྤྱོད་དངོས་གྲུབ་དང་། །བཞི་པས་དྲོད་རྟོགས་དངོས་གྲུབ་དང་། །ལྔ་པར་བསླབ་རྫོགས་དངོས་གྲུབ་དང་། །དྲུག་པར་རྟོགས་པར་གྲུབ་པ་དང་། །བདུན་པ་མི་གཡོ་ཐོབ་པ་དང་། །བརྒྱད་པ་ཆོ་འཕྲུལ་གྲུབ་པ་དང་། །དགུ་པར་ཡེ་ཤེས་སྒྱུ་མ་འགྲུབ། །བཅུ་པར་རང་བྱུང་ཡེ་ཤེས་ཉིད། །ཅེས་སོ། །མཐར་ཕྱིན་དང་། ཞེས་པ་ལྟ་བའི་རྟོགས་ཚད་ཀྱི་ཁྱད་པར་མཐར་ཕྱིན་པ་ཉིད་དེ། དེ་ལ་ལྔ་ནི། འདི་སྐད་དུ། དགེ་བའི་ལས་མཐའ་གསང་སྔགས་ལ། །འདིར་འཕྲད་དང་པོ་གཉིས་པ་ནི། །བསླབ་མཐའ་བཅུ་ལ་བསླབ་ཕྱིར་རོ། །གསུམ་པ་མཐོང་མཐར་གསང་སྔགས་མཐོང་། །དེ་རྒྱུས་བཞི་པར་གསང་སྔགས་དོན། །མཐོང་བ་གོམས་བྱ་དེ་ཉིད་མཐར། །ཕྱིན་པའོ་ལྔ་པར་མཐར་ལམ་འབྲས། །རྫོགས་ཕྱིར་འབྲས་བུ་ཀུན་གྱི་མཐར། །རྩལ་ཆེན་རྫོགས་པ་ཐོབ་པའོ། །ཞེས་གསུངས་པས། དགེ་བའི་ལས་མཐར་ཕྱིན་པ། བསླབ་པ་མཐར་ཕྱིན་པ། མཐོང་བ་མཐར་ཕྱིན་པ། གོམས་པ་མཐར་ཕྱིན་པ། ཐོབ་པ་མཐར་ཕྱིན་པའི་ལམ་རྣམས་གསང་བ་ཆེན་པོའི་ལྟ་བས་ཚད་དང་སྦྱར་བའོ། །བཅུའི་དབང་དུ། འདི་སྐད་དུ། འདུན་པའི་ནང་ནས་འདིར་འདུན་པ། །འབྲས་བུ་འདུན་ཕྱིར་མཐར་ཕྱིན་པའོ། །དེ་བཞིན་རྩོལ་བ་ཐམས་ཅད་ཀྱི། །མཆོག་འདི་རྩོལ་བ་མཐར་ཕྱིན་པའོ། །ངེས་དོན་གྲུབ་ལ་བརྩོན་པའི་ཕྱིར། །བརྩོན་པའི་མཐར་ཕྱིན་གསུམ་པ་ཐོབ། །བཟོད་པའི་ནང་ནས་མཆོག་གྱུར་ཕྱིར། །གསང་དོན་བཟོད་པར་མཐར་ཕྱིན་མཆོག །བསླབ་པ་ལྷག་པ་བཅུ་ཉིད་ཕྱིར། །བསླབ་པ་མཐར་ཕྱིན་ལྔ་པ་ཉིད། །གཉིས་པ་བདེན་རྟོགས་མཆོག་ཡིན་ཕྱིར། །དྲུག་པས་མཐོང་བ་མཐར་ཕྱིན་ནོ། །རང་རིག་དོན་གོམས་མཆོག་ཡིན་ཕྱིར། །བདུན་པར་ཏིང་འཛིན་གོམས་མཐར་ཕྱིན། །དེ་ཉིད་སྟོབས་ཀྱི་རང་རིག་པ། །རིག་པའི་ནང་ན་མཐར་ཕྱིན་པའོ། །དབྱིངས་དང་ཡེ་ཤེས་གཉིས་མེད་ལ། །རིག་པ་གདེང་གྱུར་གནས་མཐར་ཕྱིན། །ཐམས་ཅད་རང་བྱུང་ཀློང་བརྡལ་ཕྱིར། །གོང་ན་མེད་པའི་འབྲས་མཐར་ཕྱིན། །ཞེས་གསུངས་སོ། །དེ་ལྟར་རྟོགས་ཚད་མཐར་ཕྱིན་པའི་ལྟ་བའི་ཁྱད་པར་རམ་ཤེས་པ་ལྔར་ཡང་བྱུང་བ་ཉིད་དེ། དང་པོ་འདུན་པའི་རྣལ་འབྱོར་པ་ནི། གཡོ་སྨོན་གྱི་གསང་སྔགས་ལ་ཉན་དབང་ནོས་ནས་སློབ་ཏུ་ཟད་ཀྱང་། ཚིག་གི་ཚོགས་པ་སྒྲའི་རྣལ་འབྱོར་ཡིན་པའི་ཕྱིར། བློ་དམན་པས་གསང་སྔགས་ཀྱི་དོན་ཚིག་ཏུ་སྨྲ་ཞིང་མཐོང་བ་མེད་དེ་ཡིད་ལ་བྱེད་པའི་ལྟ་བའོ། །འོན་ཀྱང་ཕྱོགས་ལས། ད་དུང་བཟོད་པའང་མ་ཐོབ་བོ། །དེའང་འདི་སྐད་དུ། རྩལ་པ་ལས་ཀྱི་རྣལ་འབྱོར་པས། །འདུན་པ་སེམས་པའི་རྣལ་འབྱོར་ལ། །སོགས་པའི་རྣལ་འབྱོར་རྣམ་དྲུག་པོ། །ཤེས་རབ་རྩལ་གྱི་འཕང་དམས་པས། །ཏིང་འཛིན་རྩ་ཡང་ཆུང་བ་སྟེ། །དོན་ལ་མཐོང་བར་མི་འགྱུར་བས། །ཞེས་གསུངས་སོ། །རིགས་ཆེན་འབྱེད་པའི་ལྟ་བ་ནི། །བཅུ་ཡིས་ས་གསུམ་འདུས་པ་སྟེ། །འདིར་རིགས་ཕྱེད་ནས། བསླབ་པ་བཅུའི་ཚེ་བཟོད་པ་ཐོབ་སྟེ། བདེན་པ་རྣམ་གཉིས་དབྱེར་མེད་པར་བསྟན་པ་ལ་མི་སྐྲག་ཅིང་སླར་སྤྱོད་པས། རང་གི་མཚན་ཉིད་དུ་ཐོས་བསམ་གྱི་སྒོ་ནས་ཤེས་ཏེ་འདུ་ཤེས་པའི་ལྟ་བ་ཉིད། འདི་སྐད་དུ། དོན་ལ་མི་སྐྲག་ངོ་མཚར་སྐྱེ། །དཔྱོད་སེམས་འཇུག་པའི་སེམས་དཔའ་དེ། །ངན་སོང་མི་ལྡོག་དགོན་པར་འཇུག །ཅེས་གསུངས་སོ། །དབུགས་ཆེན་འབྱིན་པའི་ལྟ་བ་ནི། ས་ལྔ་བར་བསྒོམ་པས་ཆོས་ཉིད་ཇི་ལྟ་བར་མཐོང་སྟེ། མི་ལྡོག་པའི་ལྟ་བའོ། །དེ་ཡང་། ངལ་བསོ་བ་ལས་ཐམས་ཅད་མཐོང་། །ཞེས་གསུངས་སོ། །ལུང་ཆེན་ཐོབ་པའི་རྣལ་འབྱོར་གྱི་ལྟ་བ་ནི། མི་གཡོ་བའི་ལྟ་བ་སྟེ་དེ་ལྟར་མཐོང་བའོ། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱི་ལྟ་བ་ནི། རང་བྱུང་ཡེ་ཤེས་སུ་བསྒོམ་པས་མངོན་དུ་གྱུར་པ་སྟེ། འདི་སྐད་དུ། རང་བྱུང་རང་རིག་མངོན་སུམ་སྣང་དུས་ན། །རང་བྱུང་ཡེ་ཤེས་དེ་ཉིད་མཐོང་ཞེས་བྱ། །ཞེས་གསུངས་སོ། །ལ་ལ་དག་ནི་འདི་སྐད་དུ། །ལྟ་བ་ལྔ་ནི་ཤེས་པ་ལྔ། །གསང་སྔགས་འདོད་པ་འདམ་ཤེས་དང་། །རྣམ་པར་ཤེས་པ་སློབ་བཅུ་དང་། །བཟོད་ཐོབ་རང་གི་མཚན་ཉིད་ཤེས། །ཐམས་ཅད་མ་སྐྱེས་ཡེ་ཤེས་དང་། །དེ་ལ་ཡོངས་སུ་མི་གཡོར་ཤེས། །ཤེས་པ་ཆེན་པོ་ཀུན་ཏུ་སྣང་། །མཐོང་བ་དམ་པའི་ལྟ་བ་ཡིན། །ཞེས་སྨྲའོ། །བཅུའི་དབང་དུ། དང་པོ་ཚིག་ཚོགས་སྒྲའི་རྣལ་འབྱོར། །ཡིན་ཕྱིར་ཚིག་ཙམ་ལྟ་བའོ། །གཉིས་པ་ལྷག་པའི་བདེན་པ་གཉིས། །ཡིད་ལ་བྱེད་པའི་ལྟ་བའོ། །གསུམ་པ་བདེན་གཉིས་རང་མཚན་དུ། །མགོ་མཐོང་གཉིས་མེད་བཟོད་པ་ཐོབ། །བཞི་པ་གཉིས་སུ་མེད་པ་ལ། །མི་སྐྲག་སྤེལ་བྱེད་གཡོ་དང་ཐོབ། །ལྔ་པར་བསླབ་བཅུ་སྤྱིར་ཆིབ་པས། །གཉིས་མེད་ཐག་ཆོད་དེ་ལ་འཇུག །དྲུག་པ་དེ་རྒྱུས་ཇི་བཞིན་མཐོང་། །དེ་ཡང་འདི་སྐད་དུ། སྔར་ཡང་དྲངས་མོད། རྒྱུད་ཉིད་ལས། ཆོས་ཀུན་མི་མཐོང་ཆོས་ཉིད་ཀྱང་། །མི་མཐོང་སེམས་ཅན་སེམས་མི་མཐོང་། །སངས་རྒྱས་མི་མཐོང་གང་མཐོང་བ། །དེས་ནི་ཡང་དག་བདེན་པ་མཐོང་། །ཞེས་གསུངས་སོ། །བདུན་པ་དེ་ཉིད་གོམས་པ་ཡིས། །མི་གཡོ་ལྟ་བ་ཤེས་རབ་ཅན། །བརྒྱད་པ་རང་རིག་འབྲས་བུ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་གོམས་པའི་རྒྱུས་མཐོང་སྟེ། འདི་སྐད་དུ། སངས་རྒྱས་སེམས་ཅན་ཐམས་ཅད་དང་། །དངོས་པོར་བརྟག་པ་ཐམས་ཅད་ཀུན། །དོན་གྱི་ངང་དུ་གཅིག་པ་སྟེ། །དེ་ཉིད་སྐུ་གསུང་ཐུགས་ཀྱི་བདག །ཅེས་གསུངས་སོ། །དགུ་པར་དབྱིངས་དང་ཡེ་ཤེས་ཡབ་ཡུམ་དབྱེར་མེད་པ འི་བདེ་བ་ཆེན་པོ་གདེང་དུ་གྱུར་ཏེ། འདི་སྐད་དུ། སྣོད་དུ་གྱུར་པ་ཡུམ་གྱི་དབྱིངས། །བཅུད་རྣམས་རྒྱལ་བ་ཡབ་ཀྱི་མཁའ། །འབྱུང་འཇུག་རིག་པས་ལོངས་སྤྱོད་དེ། །འདི་ནི་རྡོ་རྗེ་དམ་ཚིག་ཡིན། །ཞེས་གསུངས་སོ། །བཅུ་པའི་ལྟ་བ་གཟའ་གཏད་དང་བྲལ་བ་སྟེ། འདི་སྐད་དུ། མ་སྤངས་བཞིན་དུ་ལྷུན་གྲུབ་པས། །དབྱེར་མེད་པ་ནི་ཆོས་ཀྱི་དབྱིངས། །དབྱིངས་ལས་གཞན་དུ་ལྟ་ཡུལ་མེད། །འདི་ནི་ལྟ་བའི་དམ་ཚིག་གོ། །ཞེས་གསུངས་སོ། །གནས་འགྱུར་རྣམས། །ཞེས་པ་ཀུན་གཞི་ལྔར་གནས་གྱུར་པའི་ཚུལ་གྱིས་ལན་བཅུར་ཡང་འགྱུར་བ་སྟེ། རེ་ཞིག་པ་དང་གཏན་དུ་བར་སྦྱར་རོ། །དེ་ཡང་སྐབས་ལྔར་ཀུན་གཞི་ལྔ་བག་ཆགས་ལྔ་དང་བཅས་པ་གནས་འགྱུར་བ་སྟེ། དྲན་པ་ཐོབ་པའི་དུས་སེམས་ཅན་གྱི་སྐབས་སུ་སྐྱེ་བོའི་ཤེས་པ་མ་རིག་པ་ལས་སེམས་གཡོ་བ་འབྱུང་བས། ལམ་གྱི་གཞིར་གྱུར་པས་རྐྱེན་གྱིས་བསྒྱུར་བ་ལས་ཀྱི་བག་ཆགས་གནས་ཏེ། སྦྱོང་ཞིང་འདོད་པ་ཤེས་པར་འགྱུར་བའི་ཕྱིར་དང་པོའོ། །སྤྱོད་པ་ཐོབ་པའི་དུས་འཕགས་པའི་སྐབས་སུ་བསླབ་པ་བཅུ་ཡང་དག་པའི་དོན་ལ་སྦྱོར་བའི་ཕྱིར། སྦྱོར་བ་འདུན་པའི་ཀུན་གཞིར་འགྱུར་ཏེ་མངོན་དུ་རྒྱུ་བ་གནས་ཏེ་སྦྱོང་ངོ་། །རྟོགས་པ་ཐོབ་པའི་དུས་ས་ཐོབ་པའི་སྐབས་སུ། འོག་གི་འབད་པས་བདེན་པ་མཐོང་བའི་ཕྱིར་སྣང་བ་དོན་གྱི་ཀུན་གཞིར་གནས་འགྱུར་ཏེ། དེའི་ཚེ་ཀུན་ཏུ་རྒྱུའི་བག་ཆགས་གནས་ཏེ་སྦྱོང་བའོ། །རིག་འཛིན་བྱང་ཆུབ་སེམས་དཔའི་སྐབས་གོམས་པ་ཐོབ་པའི་དུས་སུ། མཐོང་བ་ལ་གོམས་པས་སེམས་མི་གཡོ་བའི་ཕྱིར། འགྱུར་མེད་གནས་པའི་ཀུན་གཞིར་གནས་འགྱུར་ཏེ། བག་ཆགས་ལྷན་ཅིག་སྐྱེས་པའི་གནས་དེ་སྦྱོང་བའོ། །མཐར་ཕྱིན་པའི་དུས་བྱང་ཆུབ་ཆེན་པོའི་འབྲས་བུ་ཐོབ་པའི་སྐབས་སུ། སྔར་གོམས་པས་མངོན་དུ་གྱུར་པའི་ཕྱིར། བཙལ་མེད་གནས་པའི་ཀུན་གཞིར་གནས་འགྱུར་ཏེ། བག་ལ་ཉལ་གནས་པ་སྦྱོང་བའོ། །ཞེས་འཆད་ན། སློབ་དཔོན་སྠི་ར་མ་ཏིས་ཁོ་བོ་ནི། དང་པོ་རིགས་མ་ངེས་པ་དང་། ཆོས་ཉིད་མ་ཤེས་པའི་ཕྱིར་དེར་གནས་འགྱུར་ཞེས་མི་འདོགས་པའི་ཕྱིར། དང་པོ་ནས་གཉིས་པར་འགྱུར་བ་ནས། ལྔ་པ་ནས་སངས་རྒྱས་ཉིད་དུ་འགྱུར་བ་དང་ལྔ་སྟེ། ལམ་ལྔ་རང་རིག་ཏིང་ངེ་འཛིན་བརྟན་པས་ཡེ་ཤེས་སྐྱེས་ཏེ་སྒྲིབ་པ་རེ་སྦྱང་བས་སྐད་ཅིག་མ་ཕྱི་མ་ལ་ལམ་ལྔར་སྐབས་ལྔའི་ཕྱིར། ཀུན་གཞིའི་གནས་འགྱུར་རྣམ་པ་ལྔས། །བྱེ་བྲག་ལམ་ལྔའི་ཆོས་སུ་བཤད། །ཅེས་གསུངས་སོ། །བག་ཆགས་ལྔ་ནི་སྒྲིབ་པ་ལྔར་ཡང་གསུངས་ཏེ། དེ་དག་ནི་རྒྱུ་འབྲས་ཀྱི་ཕྱིར་ཁྱད་པར་ཡོད་དེ། འདི་སྐད་དུ། དེ་དག་རེ་ཞིང་རྒྱུ་འབྲས་གཉིས། །སྔ་མ་སྔ་མ་གང་དང་། །ཕྱི་མ་ཕྱི་མ་སྨིན་པའི་རྒྱུ། །དེ་བཞིན་ཀུན་ཏུ་འཁོར་བར་འབྱུང་། །ཞེས་གསུངས་ཏེ། བཅུ་པོའང་རྒྱུ་འབྲས་སུ་འགྱུར་བར་དགོངས་པས་ལྔའི་ཟླས་བཅུར་འགྱུར་བ་སྟེ། བཞེད་ཚིག་ལས། ས་བཅུར་སེམས་བཅུར་སྐྱེས་པ་ཡིན། །ཏིང་འཛིན་སྟོབས་ལྡན་ཡེ་ཤེས་རེ། །ཤར་བའི་སྐད་ཅིག་སྔ་མ་ཡིས། །རང་རང་སྒྲིབ་བཅོམ་ཕྱི་མ་ལ། །གོང་ནས་གོང་དུ་སངས་རྒྱས་པ། །གནས་འགྱུར་བཅུ་ལ་ལམ་སྟེགས་བཅུ། །ཞེས་གསུངས་སོ། །འོན་ཏེ་ཀུན་གཞིའི་གནས་འགྱུར་བའམ། སྐྱེ་བོ་ནས་འདུན་པའི་རྣལ་འབྱོར་དུ་གནས་འགྱུར་ན་ཡང་། དེ་བཞིན་གཤེགས་པར་རྩལ་ཆེན་རྫོགས་པའི་སྐད་ཅིག་མ་ལ་བག་ལ་ཉལ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་བཅོམ་ནས། ཕྱི་མ་ལ་སྐུ་ལྔ་མངོན་དུ་བྱས་ཏེ། གཏན་དུ་བར་གནས་འགྱུར་བ་དང་དྲུག་ཏུ་འགྲོ་བས། ཀུན་གཞིའི་གནས་འགྱུར་རྣམ་པར་ལྔས། །བྱེ་བྲག་ལམ་ལྔའི་ཆོས་སུ་སྣང་། །ཞེས་པ་དང་འགལ། འོན་ཏེ་འདུན་པའི་རྣལ་འབྱོོར་དུ་གནས་མ་འགྱུར་ཞེ་ན་ཡང་། འདུན་པའི་རྣལ་འབྱོར་པ་ལ། །ཡིད་ལ་བྱེད་པའི་ཏིང་ངེ་འཛིན་གྱིས་ལྷའི་སྐུ་རང་གི་ཆག་ཙམ་དུ་ཕྱོགས་པ་དང་། གཡོ་བའི་སེམས་སྐྱེས་པ་དང་། གླེགས་བམ་བཅུ་གཉིས་ཀྱི་དབང་ཐོབ་པས་བདག་ཉིད་ནམ་མཁའ་ལ་འགྲོ་བའི་ལྟས་མཐོང་བས། དེ་དག་སྐྱེ་བོ་ལ་མེད་ལ། ས་འདི་པ་ལ་ཡོད་པའི་ཕྱིར་གནས་མ་འགྱུར་ན་རིག་པ་དང་འགལ་ལོ། །ཞེས་ཐེ་ཚོམ་སྐྱེ་བ་ལ། དེ་ནི་འདི་ལྟར་དཔྱད་པར་བྱ་སྟེ། དེ་ལྟར་སྣང་མོད་ཀྱི། འདུན་པ་པ་ནི་སྐྱེ་བོ་ལས་འཕགས་མོད་ཀྱང་། དེར་གནས་འགྱུར་ཞེས་མི་བྱ་སྟེ། སྐྱེ་བོའི་ཚེ་རྒྱུ་རྐྱེན་མེད་པ་མ་ཡིན་ཡང་། ངེས་པའི་ཤེས་པས་སྦྱང་བས། འདུན་པ་ཐོབ་པ་མ་ཡིན་པའི་ཕྱིར། དེར་གནས་འགྱུར་ན། གནས་འགྱུར་འབྲས་བུར་གྱུར་པ་དང་དྲུག་ཏུ་འགྱུར་བས། གོང་དུ་ལྔས་ཞེས་པའི་ལུང་དང་ཡང་འགལ། རིགས་པས་ལམ་ལྔར་གནས་འགྱུར་ནས་རྩལ་ཆེན་རྫོགས་པར་བརྗོད་ན། དེ་ནི་ལྷུན་གྱིས་གྲུབ་པའི་རིག་འཛིན་ཡིན་གྱི། རྒྱལ་བ་སངས་རྒྱས་ཉིད་མ་ཡིན་པའི་ཕྱིར་རྒྱལ་བར་འགྱུར་དགོས་པས། རིགས་པ་དང་འགལ་ལོ། །དེའི་ཕྱིར་འདུན་པ་དེ། ཆོས་ཉིད་ལ་ད་དུང་བཟོད་པ་ཙམ་ཡང་མ་ཐོབ་སྟེ། མ་མཐོང་བའི་ཕྱིར་སྐྱེ་བོ་ལས་འཕགས་ཀྱང་གནས་འགྱུར་ཞེས་མི་བྱའོ། །དེས་ན་འདུན་པར། མོས་པའི་ལྷ་བརྟན་པར་བསྒོམས་པས་མཐུ་བརྟན་ཙམ་ན། འདུ་ཤེས་ཀླུངས་སུ་ཞུགས་པས་ལས་བག་ཆགས་བསྲབས་བཀག་སྦྱངས་ནས་སྦྱོར་བ་འདུན་པའི་ཀུན་གཞི་ཐོབ་པ་གནས་འགྱུར་དང་པོའོ། །དེ་བཞིན་དུ་ས་འོག་ནས་གོང་དུ་འགྱུར་བཞིན་རྩ་ཆེན་ནས་བདེ་གཤེགས་སུ་འགྱུར་བ་དང་ལྔའོ། །དེའི་ཕྱིར་འདུན་པ་ནས་ཡར་སངས་རྒྱས་སུ་ཀུན་གཞི་ལྔ་གནས་ལན་ལྔར་འགྱུར་བའི་ཕྱིར་ལམ་ལྔར་སྣང་སྟེ། དེར་འགྱུར་བར་བྱས་པའོ། །དེས་ན་གོང་གི་ལུང་ཉིད་དང་མི་འགལ་ལ། མཐར་སངས་རྒྱས་ཆེན་པོ་ཉིད་དུ་གནས་འགྱུར་བའི་རིགས་པ་དང་ཡང་མི་འགལ་ལོ། །ཞེས་སློབ་དཔོན་ཆེན་པོ་སྠི་ར་མ་ཏིས་སྐབས་འགྲེལ་བྱེ་བྲག་ཏུ་བཤད་པ་ལས་འབྱུང་བ་ལྟར་རོ། །གནས་འགྱུར་པ་དེ་ཡང་གནས་ངན་ལེན་གནས་འགྱུར་དང་། ལམ་གནས་གྱུར་དང་། ཆོས་ཉིད་གནས་གྱུར་དུ་འགྲེལ་ཏོ། །དེ་ལྟར་བཤད་པ་དེ་དག་ཐམས་ཅད་ཀྱི་ངོ་བོ་གཞི་དབྱིངས་གཅིག་ལས་མེད་ན་ཡང་། རྣམ་གྲངས་སམ་ཁྱད་པར་དུ་དབྱེ་བའི་དགོངས་པ་ལྔ་དང་། བཅུ་དང་། སོ་བཞི་དང་། བཞི་བཅུ་ལ་སོགས་པའི་བྱེ་བྲག་ཇི་སྙེད་དུ་བསྟན་པ་རྣམས་ཀྱང་། གང་ཟག་ལམ་པ་རྣམས་ཀྱི་བློ་ཆེ་ཆུང་གི་སྣོད་ཀྱི་རྩལ་དང་སྦྱར་ནས་ནི་གདུལ་བྱ་ཆུད་མི་གསན་པའི་འདུལ་ཐབས་སྣ་ཚོགས་ཀྱི་ཁྱད་པར་ཅིར་ཡང་ཐ་དད་པར་ཐམས་ཅད་མཁྱེན་པས་བསྟན་པར་མཛད་པ་ཡིན་པས་སྤྱོད་པའང་དེ་དང་བསྟུན་ནས་སྤྱོད་དགོས་པའོ། །དེས་ན་ཁས་བླངས་པའི་ས་དང་རྣལ་འབྱོར་བཅུའི་སྤྱོད་པ་ནི། སྤྱིར་ཐུན་མོང་དུ་སྤྱད་པ་དང་། ཁྱད་པར་གྱི་སྤྱོད་པའོ། །དེ་ལ་ཐུན་མོང་དུ་སྤྱད་པ་ནི། སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི་དང་། གསོ་བསླང་གི་སྤྱོད་པ་ཡན་ལག་དང་བཅས་པ་དང་། བརྟུལ་ཞུགས་ཀྱི་སྤྱོད་པ་ཉི་ཤུ་གསུམ་དང་། འགྲོ་དོན་གྱི་སྤྱོད་པ་གསུམ་བཤད་པ་དག་གོ། །ཁྱད་པར་བདག་དོན་སྒོའི་སྤྱོད་པ་ནི། ས་དང་པོ་ལ་རྣམ་པར་དཀར་བ་ཚོགས་ཀྱི་སྤྱོད་པ་དང་། ས་གཉིས་པ་ལ་ཕྲ་མེན་གྱི་སྤྱོད་པའོ། །ས་གསུམ་པ་ལ་བརྩོན་འགྲུས་ཀྱི་སྤྱོད་པའོ། །ས་བཞི་པ་ལ་གཡེང་བ་སྤང་བའི་སྤྱོད་པའོ། །ས་ལྔ་པ་ལ་ཡོངས་སུ་མི་གཏོང་བའི་སྤྱོད་པའོ། །ས་དྲུག་པ་ལ་ཤེས་རབ་དང་མཐུན་པའི་སྤྱོད་པ་དང་། ས་བདུན་པ་ལ་ཏིང་ངེ་འཛིན་གྱི་སྤྱོད་པ་དང་། ས་བརྒྱད་པ་ལ་སྤོང་ལེན་མེད་པའི་སྤྱོད་པ་དང་། ས་དགུ་པ་ལ་ཡེ་ཤེས་ཐུགས་རྗེའི་སྤྱོད་པ་དང་། ས་བཅུ་པ་ལ་བྱ་བ་མེད་པའི་སྤྱོད་པའོ། །དེ་དག་ཀྱང་བསྡུ་ན་བྱ་བའི་སྤྱོད་པ་དང་། བྱ་བ་མེད་པའི་སྤྱོད་པ་གཉིས་སུ་འདུས་ཏེ། དགུ་པ་མན་ཆད་དང་། གཅིག་གོ། །དགོས་ཆེད་ནི། གང་ཡང་བདག་གི་དོན་དང་། གཞན་གྱི་དོན་དུ་འགྲེལ་ཏོ། །དེ་དག་གང་གི་ཡིད་ཆེས་པར་འགྱུར་ཞེ་ན། གཞུང་ཉིད་ལས། འདུན་པ་སེམས་པའི་རྣལ་འབྱོར་པ། །གནས་ཤིང་སྤྱད་པའི་ས་ཞེས་བྱ། །དག་དང་མ་དག་གིས་སྤྱོད་པའོ། །དགེ་དང་མི་དགེའི་ལས་རྣམས་ཀུན། །གཅོད་སྦྱོང་སྦྱོར་བའི་ཚུལ་ཉིད་ཀྱིས། །ལེགས་ཉེས་སྟོབས་ཆེན་འགྱེད་པའོ། །ངན་སོང་མི་ལྡོག་དགོས་པར་འཇུག །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཉིད། །མོས་པ་དག་ཅིང་འདུན་པའི་གནས། །བདེན་མཐོང་ཅིར་སྤྱོད་མི་དམིགས་ལྡན། །ཁྱད་པར་རྩལ་འཕང་ཀུན་རྫོགས་ཤིང་། །ཏིང་ངེ་འཛིན་གྱི་སྦྱོར་བའོ། །འཁོར་ལོས་སྒྱུར་བའི་རྒྱལ་ཆེན་པོ། །མཐོང་བའི་གནས་ན་བཅུ་དྲུག་པ། །རྫོགས་པའི་གནས་ན་ལོངས་སྤྱོད་པའོ། །ཡུལ་དོན་ཡེ་ཤེས་དེ་སྦྱར་བས། །ཤེས་པར་བྱ་བ་ཐམས་ཅད་རྫོགས། །སྒྱུ་མའང་སྒྱུ་མ་ཡིན་སྤྱོད་པའོ། །ཅིར་སྣང་ཅི་ཡང་མ་ཡིན་པས། །མི་སྐྱེ་མི་འགའ་ངོ་བོ་ལས། །ཇི་ལྟར་བལྟས་དགུ་དེར་སྣང་བས། །ཐེག་མཆོག་སྤྱི་རྒྱ་རླབས་ཀྱིས་བཅད། །ཅེས་གསུངས་པའི་ཐེ་ཚོམ་དོགས་པ་མེད་པར་མཇལ་ཏོ། །གཉིས་པ་ནི། དེ་ཡང་རྩལ་གྱི། ཞེས་པ་ནས། དག་གིས་འགྲུབ་པར་དཀའ་འོ། །ཞེས་པའི་བར་གྱིས་བསྟན་ཏེ། རང་རང་གི་སྤྱོད་པ་དང་མི་འཚམས་པའི་སྤྱོད་པ་གོལ་བར་བསྟན་པའི་ཕྱིར། དེ་ཡང་རྣལ་འབྱོར་པའི་བློ་གྲོས་ཀྱི་རྩལ་གྱི་ཁྱད་པར་གྱིས་རིམ་པ་ལྟར་ལྟ་སྤྱོད་མ་འབྲེལ་བའི་སྐྱོན་བསྟན་པའང་། ལས་དང་པོ་པའི་རྣལ་འབྱོར་འདུན་པ་སེམས་པའི་རྣལ་འབྱོར་སོགས་དང་། བསླབ་པར་སྦྱོར་བའི་རྣལ་འབྱོར་དང་། ངེས་པའི་རྣལ་འབྱོར་དང་། བཀའ་སྡོད་ལས་ཀྱི་རྣལ་འབྱོར་གྱི་ཁྱད་པར་ལ་སོགས་པའི་ལྟ་སྤྱོད་དམན་པའི་རྣལ་འབྱོར་ཆུང་ངུ་རྣམས་ཀྱིས། རང་རང་གིས་སྤྱོད་པ་བློ་དང་འཚམས་པའི་ཚད་ཀྱི་རྩ་བ་བོར་བའམ་བཞག་ནས་ནི། རྩལ་ཆེན་རྫོགས་པའི་རྣལ་འབྱོར་ལ་སོགས་པ། རྨད་བྱུང་རོལ་པའི་རྣལ་འབྱོར་དང་། ཚོགས་ཆེན་འདུས་པའི་རྣལ་འབྱོར་དང་། རོལ་པ་རྒྱན་གྱི་རྣལ་འབྱོར་དང་། བདེ་བ་ཆེན་པོའི་རྣལ་འབྱོར་དང་། ཐིག་ལེ་རྫོགས་པའི་རྣལ་འབྱོར་དང་། བདག་ཉིད་ཆེན་པོའི་རྣལ་འབྱོར་དང་། ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་། ཀློང་ཡངས་ཆུབ་པའི་རྣལ་འབྱོར་དང་དགུ་ཡི་རང་སྐབས་སུ་བབ་པའི་རྣལ་འབྱོར་ཆེན་པོའི་སྤྱོད་པའི་ཚུལ་ལྟར་དུ་དངོས་སུ་སྤྱོད་པར་བྱེད་པ་དང་དོན་ཆེན་པོའི་འབྲས་བུ་ཐོབ་པར་འདོད་པ་ནི་ཚི་ཆད་པ་ཉིད་དེ། དཔེར་ན་སྦལ་བུས་ནམ་མཁའ་ལྡིང་གི་ལས་སྤྱད་ནས་མཁའ་ལ་ལྡིང་བར་འདོད་ཀྱང་། སླར་ལ་བརྩལ་བའི་ཡུལ་ནི་ཚི་ཆད་དེ་མི་འགྲུབ་པ་བཞིན་ཡིན་ལ། གཞན་ཡང་དཔེར་ན་ནོངས་བུ་བུས་པ་བསོད་ནམས་ལས་ཀྱི་འཕངས་དམས་པའམ་དམའ་བར་གྱུར་པས་རང་སྐལ་དང་འཚམས་པའི་ལས་ཁུར་གྱིས་འཚོ་བའི་ཚོད་རྣམས་བོར་ནས་རྒྱལ་པོ་ཆེན་པོ་བསོད་ནམས་ཀྱི་ཐབས་ཀྱི་འཕངས་མཐོ་བར་གྱུར་པའི་ལོངས་སྤྱོད་རྒྱ་ཆེ་བ་ལ་དམིགས་པ་དང་བཅས་པས་ཅོག་གེ་བསྡད་ཀྱང་། ལོངས་སྤྱོད་དེ་དག་གི་མྱོང་བ་མི་ཐོབ་པས་འཚོ་བ་དང་བྲལ་བ་ལས་མེད་པ་བཞིན་དུ། སྐལ་པ་དང་ལྡན་པའི་ཅན་གྱི་དོན་ཟབ་མོ་འདི་དག་སྐལ་བ་ཞན་པ་དག་གིས་འགྲུབ་པར་དཀའ་བ་ཡིན་ཏེ་འབྲེལ་བ་མེད་པས་སོ། །འོན་ཀྱང་གཏེ་ཆད་པ་མེད་པས་བརྒྱུད་ནས་མི་ཐོབ་པའང་མ་ཡིན་ཏེ། བརྒྱད་པ་ཐོབ་པའི་ལྟས་བྱུང་ནས་སྤྱད་པ་ལྟ་བུའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ཕྱིར་དགོངས་པ། ཞེས་པ་ནས། དག་དང་མཉམ་པར་གསུངས། །ཞེས་པའི་བར་གྱིས་བསྟན་ཏེ། བཤད་པའི་གཏན་ཚིགས་དེ་ཉིད་ཀྱི་ཕྱིར་ན། རྣལ་འབྱོོར་དམ་པ་རྒྱལ་བའི་དགོངས་པ་ཀུན་ནས་འདུས་པའི་རྒྱུད་ཆེན་པོ་འདི་ལ་ངེས་པར་གནས་པས། སྐབས་གང་འདིར་ལས་དང་པོ་པའི་རྣལ་འབྱོར་ལ་སོགས་པ་བློ་དམན་པ་རྣམས་ཀྱི་རྩེ་གཅིག་ཏུ་ཐོབ་ནས་བསྒྲུབ་པའི་དོན་གྱི་ཆེད་དུ་ན་ཤི་གསོ་བསླང་གི་སྤྱོད་པ་དང་། སྒྲིབ་པ་སྦྱོང་བའི་སྤྱོད་པ་གཉིས་པོ་འདི་ལ་ཁྱད་པར་ལྔ་ལྔའམ་བཅུ་བཅུ་སྟེ་རྣལ་འབྱོར་ལྔ་ལྔའམ་བཅུ་བཅུའི་སྐབས་དག་ཏུ་སྤྱོད་པ་འདི་གཉིས་སྤྱོད་ན། རྒྱལ་བ་རྣམས་ཀྱི་གོ་འཕང་ཐོབ་པའི་ཐབས་ཀྱི་སྤྱོད་པ་དམ་པ་དག་དང་མཉམ་པར་འགྱུར་བར་གསུངས་ཤིང་བཀའ་སྩལ་པ་ཡིན་པས་རྗེས་སུ་སྤྱད་པར་བྱའོ། །གཉིས་པ་ལ་གཉིས་ཏེ། གསོ་བའི་སྤྱོད་པ་བསྟན་པ། སྦྱོང་བའི་སྤྱོད་པ་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། གསོ་དང་བསླང་བའི། ཞེས་པ་ནས། ཅན་དང་མཐུན་པར་སྤྱད། །ཅེས་པའི་བར་གྱིས་བསྟན་ཏེ། འཆད་པའི་ནད་གསོ་བ་དང་ལྟ་ངན་དུ་ཤི་བ་བསླང་བའི་ཐབས་ཀྱི་སྤྱོད་པའི་རྟོག་པ་འདི་ནི། ལས་དང་པོ་པ་དང་། མུ་སྟེགས་པ་ལའང་རོ་ལངས་བསྒྲུབ་པ་ཡོད་པས་དེ་དག་དྲང་བའི་ཕྱིར་རྟོག་པ་ཅན་གང་དང་མཐུན་པར་ཡང་སྤྱད་དེ། འདིར་བརྡ་ཡིས་དངོས་པོར་སྤྱོད་པའོ། །གཉིས་པ་ལ་གཉིས་ཏེ། རྟོག་པའི་ནད་གསོ་བ་བསྟན་པ། ཤི་བ་བསླང་བའི་གསོ་བ་བཤད་པའོ། །དང་པོ་ནི། གསོ་བ་རྟོག་པས། ཞེས་པ་ནས། མཉམ་པའི་སྨན་གྱིས་གསོ། །ཞེས་པའི་བར་གྱིས་བསྟན་ཏེ། གསོ་བ་དེ་དངོས་ནི། གང་གསོ་ན། གཙང་དམེ་དང་སྐྱེ་ཤི་ལ་སོགས་པ་གཟུང་འཛིན་གྱི་རྟོག་པས་ཟིན་པའི་ནད་དེ་གསོ་བའོ། །གང་གིས་གསོ་ན་ལྟ་དགོངས་དང་སྤྱོད་པ་མཉམ་པ་ཆེན་པོར་གྱུར་པའི་སྨན་མཆོག་གི་ཐབས་ཀྱིས་གསོ་བ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ལ་བཞི་སྟེ། བསྙེན་པ། ཉེ་བའི་བསྙེན་པ། བསྒྲུབ་པ། བསྒྲུབ་པ་ཆེན་པོའོ། །དང་པོ་ནི། ཤི་བ་བསླང་བའི། ཞེས་པ་ནས། མེད་པར་བསླང་བའི་ཕྱིར། །ཞེས་པའི་བར་གྱིས་བསྟན་ཏེ། རོ་ལངས་བསྒྲུབ་པ་འདི་ཉིད་ཟག་བཅས་པས་རང་གཞན་གཉིས་ཀའི་དོན་ཡིན་ལ། ཟག་མེད་ནས་རང་དོན་ཁོ་ནར་མི་རིགས་ཀྱང་གཙོ་བོར་གཞན་དོན་དུ་ཡིན་ནོ། གང་བསླང་ན། ཤི་བ་བསླང་བ་སྟེ། དངོས་སུ་ཤི་བ་རོ་ལངས་བསྒྲུབ་སྟེ་རོ་བསླང་བའི་རྟོག་པ་འདི་ནི། ཁམས་གསུམ་དུ་འཁོར་བའི་འགྲོ་བ་ཉོན་མོངས་པ་ལྔའི་ནད་ཀྱིས་ཟིན་པའི་ནད་པ་རྣམས། རྟག་ཆད་ཀྱི་མཐར་འཛིན་པར་ཤི་བ་རོ་གླིང་དང་འདྲ་བ་བསླང་བའི་བརྡ་རུ་དུར་ཁྲོད་ཀྱི་གནས་ནས་དོན་གཏི་མུག་གི་བརྡ་ཤ་ཆེན་གྱི་ངོ་བོ་བམ་ཆེན་གྱི་རོ་བླངས་ཏེ། དེ་ཉིད་སྐྱེ་འགག་མེད་པར་མཉམ་པ་ཉིད་ཀྱི་ངང་དུ་འཕོ་འགྱུར་དང་བྲལ་བར་བསླང་བའི་ཕྱིར་རོ་ལངས་བསྒྲུབ་པར་བྱ་བ་སྟེ། དུར་ཁྲོད་ནས་རོ་མ་རུལ་བ། རྨ་མེད་པ། གཉེར་མ་མེད་པ། རིགས་བཟང་བ། གཟུགས་བཟང་བ་ཉིད་བླང་བའོ། །གཉིས་པ་ནི། རོ་ལང་ཡིན་བཞིན། ཞེས་པ་ནས། རྒྱུན་མི་འཆད་པར་བཟླས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བུའི་རོ་མཚན་དང་ལྡན་པ་མ་སྣད་མཛེས་པ་མ་གཙེས་པའི་ཡིད་དུ་འོང་བ་དེ་ལ་བཤད་ཟིན་པའི་འདོད་པའི་ཡོན་ཏན་མང་པོ་འབྱུང་བས་ཡིད་བཞིན་ནོར་བུ་ཡི་སྙིང་པོའི་སྔགས། ༀ་བྷུར་ཀུར་ཨི་ཙི་ཀི་བྱི་ཨུ་ཙཱུསྨ་ཀྲོ་ཏ་ཧཱུྃ་ཕཊ྄ཿ ཅེས་རིན་པོ་ཆེའི་རིགས་ཀྱིས་བཏབ་སྟེ། དང་པོར་བདག་སྒྲུབ་པ་པོ་ཉིད་དེའི་སྟེང་དུ་འདུག་པར་བྱས་ཏེ་གནན་པར་བྱའོ། །དེ་ནས་རོ་ལ་རྟོག་བགེགས་འཇོམས་པའི་གཉེན་པོར་བདག་ལྟ་བའི་ངང་ལས་ཁྲོ་བ་བདུད་རྩི་འཁྱིལ་པར་གྱུར་པར་བསྐྱེད་ནས་ཡན་ལག་གི་ལྷ་དང་ལྡན་པར་བྱས་ཤིང་ནུས་པར་བསྐྱེད་དེ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་བསྟིམ། བརྟན་པར་བྱས་ལ་མཆོད་བསྟོད་ཀྱི་ལས་ཟིན་པ་དང་ཨ་མྲྀ་ཏ་ཀུནྡྷ་ལི་བསླང་བའི་དགྲ་ཡིན་པ་དང་བར་ཆོད་བསལ་བ་དང་དངོས་གྲུབ་མྱུར་བ་ཡིན་པས་སམ། ཡང་ན་བཛྲ་ཨ་མྲྀ་ཏ་ཨྃ་ཨྃ། ཞེས་ཀྱང་གསུངས་ཏེ། རོ་སྔགས་རྒྱུན་མི་ཆད་པར་གསལ་བ་གསུམ་དང་ལྡན་ཞིང་། རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བར་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པར་མ་ཡིན་དལ་བར་མིན། །ཡིག་འབྲུ་ཡན་ལག་ཉམས་མ་ཡིན། །ཡེངས་མིན་གླལ་སོགས་བར་གཅོད་མིན། །རྒྱུ་བའི་སེམས་རྣམས་སྤངས་པ་དང་། །བཟླས་པའི་སྐྱོན་བཅུ་སྤངས་ནས་ནི། །དུས་དང་གྲངས་དང་མཚན་མ་ཡིན། །བསྙེན་པར་རབ་ཏུ་རྫོགས་པ་གཅེས། །ཅེས་པ་ལྟར་བཟླས་པར་བྱའོ། །གསུམ་པ་ནི། རོ་ཡི་གཟི་བྱིན། ཞེས་པ་ནས། དྲག་པོ་རྒྱུན་མི་གཅད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བཟླས་པ་དང་། གློ་གློར་ཕོ་ཉས་ཤེས་པར་དགུག་བསྟིམ་དང་བསྡམ་པར་བྱས་པས་ཡུནརིང་བ་ན་གྲུབ་པའི་རྟགས་གསུམ་འོང་སྟེ། དང་པོ་སེར་སྐྱ་དང་སྨུག་པ་དང་། མདོག་སྣུམ་པ་དང་། གཉེན་ཞིང་བཀྲག་དང་ལྡན་པར་གྱུར་པའི་རོ་ཡི་གཟི་བྱིན་བྱུང་བ་ན། དེ་མ་ཐག་ཏུ་ཞུན་ཆེན་གྱིས་བསྐུས་ལ་ཡན་ལག་བཅིང་བ་དང་གཞུམ་པར་བྱ་བའི་ཕྱིར་བར་ཆད་པ་མེད་པའི་བརྩོན་འགྲུས་བྱའོ། །དེའི་ཚེ་རོ་དེ་ལ་ཤེས་པ་ཞུགས་པས་འགུལ་བར་གྱུར་པ་དང་། རོ་ལངས་གསེར་དུ་བསྒྲུབ་ན་གསེར་འགྱུར་རྩི་སོགས་གང་དུ་བསྒྱུར་བར་འདོད་པ་དག་གི་འགྱུར་རྩིས་བྱུག་པར་བྱའོ། །དེ་ནས་ལྟ་བའི་ངང་ནས་ལྷར་སྐྱེད་དེ། རོ་ཡི་ཡན་ལག་ཀུན་ཞགས་པས་བཅིངས་ནས། འོག་ཏུ་བཅུག་ལ་གསང་སྔགས་ཀྱི་བཟླས་པ་དྲག་པོ་རྒྱུན་མི་གཅད་པར་བཟླས་པར་བྱ་བའོ། །དེས་ན་སྒྲུབ་པ་པོ་ལྷག་པའི་ལྷ་དགུ་ཉིད་དང་བཅུ་ལ་གོམས་པ་གཅིག་གིས་འགྲུབ་ཀྱི་དེ་མན་གྱིས་མིན་ནོ། །གསུངས། བཞི་པ་ལ་བཞི་སྟེ། རོ་གསེར་དུ་བསྒྲུབ་པ། གོ་མཚོན་དུ་བསྒྲུབ་པ། རྐང་མགྱོགས་ལ་སོགས་པར་བསྒྲུབ་པ། དེ་ལྟར་གྲུབ་པའི་ལྟ་སྤྱོད་དོ། །དང་པོ་ནི། གང་དེར་ལངས་པར། ཞེས་པ་ནས། བརྡབས་ན་གསེར་དུ་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་གང་གི་དུས་དེར་རོ་དེ་ཉིད་འཕར་ཞིང་ལངས་པར་གྱུར་པ་དང་། བདག་ལ་རྒོལ་བ་ལ་སོགས་པ་ཆོ་འཕྲུལ་དང་འཇིགས་ཚུལ་སྟོན་དུ་འོང་བར་བྱེད་དེ། དེའི་མོད་ལ་རྣལ་འབྱོར་པ་བརྟུལ་ཞུགས་དང་ལྡན་པའི་སྐྱེས་བུ་དེ་ཡིས། དེ་ཡི་ཚེ་རོ་ཡི་ལྕེ་དེ་རང་གི་སོ་ཡིས་བཅད་ནས། སླར་རོ་ཉིད་ལ་བརྡབས་ན་གསེར་དུ་འགྱུར་བ་ཡིན་ནོ། །གཉིས་པ་ནི། དེ་བཞིན་ཇི་ལྟར། ཞེས་པ་ནས། གཡུལ་ཡང་བཟློག་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་དུ་རོ་དེ་ལ་རང་གི་དངོས་གྲུབ་ཇི་ལྟར་འདོད་པ་ཡི་རྐྱེན་རྣམས་ཀྱིས་འཕྲལ་དུ་བསྒྱུར་ན་དེ་ལྟར་འགྲུབ་པར་འགྱུར་བའོ། །དེ་འང་གོ་མཚོན་དུ་བསྒྲུབ་ན། ལྕེ་བཅད་པ་རལ་གྲིའི་མཚོན་ཆ་མཆོག་ཏུ་གྱུར་པ་དང་། རོ་དེ་ཡི་མགོ་བོ་བཅད་པ་དེས། གཞན་ཡང་དངོས་གྲུབ་ཇི་ལྟར་འདོད་པའི་རྫས་འགྲུབ་པ་འབྱུང་སྟེ། གལ་ཏེ་གོ་ཆར་འདོད་ན་མགོ་ཐོད་ལ་ཕུབ་འོད་དང་ལྡན་པར་འགྱུར་པས་དེ་ཉིད་གོ་ཆར་བཟུང་ནས་ནི། ལྕེ་ཡི་རལ་གྲི་ཉིད་མཚོན་དུ་ཐོགས་ནས་གཡུལ་འགྱེད་ན། ལྷ་མིན་གྱི་དམག་དཔུང་ལྟ་བུའི་ཕ་རོལ་གྱི་གཡུལ་ཡང་བཟློག་པར་འགྱུར་རོ། །གསུམ་པ་ནི། རོ་ལངས་གྲུབ་པའི། ཞེས་པ་ནས། འདོད་པ་ཐམས་ཅད་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། རོ་ལངས་གྲུབ་པའི་སྒོ་ནས་རྐྱེན་གྱིས་བསྒྱུར་ཏེ་རྐང་མགྱོགས་བསྒྲུབ་པར་བྱེད་པ་ནི། དཔག་པའི་ཚད་ལས་འདས་པ་སྟེ། དཔེར་ན་སྐྱེས་བུ་རྩལ་དང་ལྡན་པ་ཡིས། ཕྱོགས་བཞིར་བལྟས་ཏེ་དུས་གཅིག་ཏུ་མདའ་བཞི་འཕངས་པའང་ས་ལ་མ་བབ་པར་མདའ་རྣམས་བླངས་ཏེ་བར་སྣང་དུ་འཁོར་ཞིང་སྐད་ཅིག་གིས་འཇིག་རྟེན་བསྐོར་བར་བྱེད་དེ། སྐྱེས་བུ་དེ་ཡིས་མདའ་འཕངས་པའི་ནུས་པས་ལག་པའི་དྲོད་ཀྱང་མ་ཡལ་བར། དེ་མ་ཐག་ཏུ་རང་གནས་སུ་སླེབ་པ་ལྟ་བུར་ཚད་ལས་འདས་པ་ཐོབ་པས་ཡུད་ལྟར་ཤིན་ཏུ་མྱུར་བ་འཐོབ་པར་འགྱུར་རོ། །དེས་ན་འདིར་ནི་དངོས་གྲུབ་འགྲུབ་པའི་ཡོན་ཏན་ཆ་ཙམ་སྨོས་པ་སྟེ། དེ་དག་ལ་སོགས་པ་རོ་ལངས་གྲུབ་པའི་དངོས་གྲུབ་མཐའ་ཡས་ཤིང་ཚད་ལས་འདས་པ་སྙེད་འགྲུབ་པས་རོ་ལངས་དངོས་གྲུབ་བརྒྱད་སོགས་གང་ལྟར་འདོད་པ་ཐམས་ཅད་འབྱུང་བའོ། །བཞི་པ་ནི། རོ་ལ་རོར་བསྒྲུབས། ཞེས་པ་ནས། མཉམ་ཞེས་དམ་པས་བཤད། །ཅེས་པའི་བར་གྱིས་བསྟན་ཏེ། སྔོན་དུ་ལྟ་བས་ཐག་བཅད་པ་བསྟན་པའི་ཕྱིར། དེ་ལྟར་རོ་ཡི་རྫས་ལ་བརྟེན་ནས་རོར་བསྒྲུབས་པས་རོ་ལངས་ཀྱི་དངོས་གྲུབ་ཐོབ་པའི་དུས་ན། ཐོག་མར་རོ་ཡི་དངོས་པོར་མི་སྣང་བར་རང་བཞིན་མེད་པར་ཇི་ལྟར་སྒྲུབ་ཤིང་ཏིང་ངེ་འཛིན་གྱིས་དབང་བསྒྱུར་ཏེ་གང་ལྟར་བསྒྲུབ་པ་དེ་ལྟར་སྣང་བའི་ཕྱིར། གཏན་ཚིགས་དེས་ན་རོ་ལ་རོའི་རྣམ་རྟོག་ཕྱོགས་གཅིག་པར་བཏགས་པ་ལྟར་དུ་ག་ལ་ཡོད་དེ་མེད་པས་ན། རོའི་ངོ་བོ་བྱང་ཆུབ་ཀྱི་སེམས་རང་བཞིན་གྱི་འོད་གསལ་བ་ཡིན་པས། རོ་ཞེས་བྱ་བ་ལ་རོ་ཡི་རང་བཞིན་གྱི་ཐ་སྙད་ཕྱོགས་གཅིག་པའི་རྟོག་པ་དག །གཞི་ནས་མ་གྲུབ་པས་དངོས་མེད་པར་ཤེས་ཏེ་ལྟ་བས་ཐག་ཆོད་དེ་རིམ་པར་རྟོགས་པ་བཞིན་དུ། སྤྱོད་པས་ཀྱང་དེ་ལྟར་རྗེས་སུ་མཐུན་པར་ཤི་བ་བསླང་སྟེ་མཉམ་པ་ཉིད་དུ་སྤྱོད་པར་བྱས་ན། ལྟ་སྤྱོད་ཡ་ཆར་མ་གྱུར་པར་ཟུང་དུ་འབྲེལ་བས་མཉམ་པ་ཉིད་ཡིན་ནོ་ཞེས་རྣམ་འདྲེན་སངས་རྒྱས་དམ་པས་བཤད་ཅིང་བཀའ་ལས་གསུངས་པའོ། །གཉིས་པ་ནི། འདི་ནི་ཤི་བ། ཞེས་པ་ནས། སྤྱོད་པར་ཤེས་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། བཤད་པ་འདི་དག་ནི་ཤི་བ་བསླང་བ་ཡི་བདུད་རྩི་དམ་པའི་སྤྱོད་པ་ཡང་དག་པའོ། །ཞེས་དགོངས་པ་དམ་པ་ཀུན་ནས་འདུས་པའི་སྟོན་པ་མཆོག་གིས་གསུངས་སོ། །གྲོགས་པོ་དག །སྤྱོད་པ་དེ་དག་ནི་ཤི་བ་སློང་བའི་རྟོག་པ་ཡོངས་སུ་སྦྱོང་བ་ཡིན་པར་ཤེས་པར་བྱའོ། །ཞེས་སྤྱོད་པའི་ངོ་བོ་བསྟན་པའོ། །འདིའང་ས་རེ་རེས་རང་གི་ཏིང་ངེ་འཛིན་བརྟན་ནས་བསྒྲུབ་པ་སྟེ། ཁྱད་པར་ཡོད་པ་བཞིན་གཞན་དག་ཀྱང་འཇལ་བར་བྱའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། གྲོགས་པོ་དག །ཅེས་པ་ནས། ཡོངས་སུ་སྦྱང་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། གསོ་བ་བསྟན་པའི་རྗེས་སུ། གྲོགས་པོ་དག ཅེས་བོས་ནས། དེ་ལ་སྦྱོང་བའི་སྤྱོད་པ་ཉེ་བར་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། རྟོག་པའི་ཟུག་རྔུ་སྦྱང་བ་དང་། རྒྱུད་ཡོངས་སུ་སྦྱང་བའི་ཚུལ་གཉིས་སུ་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། རྟོག་པའི་ཟུག་རྔུ་སྦྱངས་པ། མཚན་མའི་རྒྱུད་སྦྱངས་པའོ། །དང་པོ་ནི། དེ་ལ་རྟོག་པའི། ཞེས་པ་ནས། དངོས་པོ་སྦྱང་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་དང་པོ་རྟོག་པའི་ནད་ཀྱི་ཟུག་རྔུ་སྦྱོང་བའི་སྤྱོད་པ་ནི། དངོས་དོན་མཐོང་ལམ་ཐོབ་ནས་མཚན་མའི་རྒྱུད་སྦྱོང་བ་སྟེ། དམ་རྫས་ལྔ་ལ་སོགས་པ་སྨད་པའི་རྫས་གང་ལ་ཡང་གཙང་དམེར་འཛིན་པ་མེད་པས་མི་རྟོག་པའི་དོན་གྱིས་རྣམ་པར་དག་པའི་ཤུགས་ཀྱིས་ན་འཇིག་རྟེན་པས་སྨད་པའི་རྫས་བཤང་གཅི་ལ་སོགས་པ་གང་དག་ལ་ཡང་བླང་དོར་དུ་རྟོག་པའི་དངོས་པོ་མེད་པར་འཛིན་མེད་མི་རྟོག་པའི་ཆོས་ཉིད་དུ་དག་པར་སྦྱོང་བ་ཉིད་དེ། དེ་ནི་གཙང་དམེའི་རྟོག་པ་འདག་པར་བྱེད་པའོ། །དེས་ན་སྒྱུ་འཕྲུལ་ཆེན་པོའི་རྒྱུད་ལས། སེམས་ཅན་རྟོག་པ་བཟློག་ཕྱིར་སྨན། །གཙོ་རུ་དང་དུ་བླང་བར་བྱ། །ཞེས་གསུངས་པའི་དོན་ཏོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། གྲོགས་པོ་དག །ཅེས་པ་ནས། བྱ་བས་སྦྱང་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཅེས་བོས་ནས་ཤེས་པའི་རྒྱུད་ཀྱི་རྟོག་སྒྲིབ་ཀྱི་བག་ཆགས་ཡོངས་སུ་སྦྱང་བའི་སྤྱོད་པ་ནི། རྣམ་གྲངས་གཉིས་ཏེ། བཀོད་པའི་དཀྱིལ་འཁོར་གྱི་བྱ་བ་ཚོགས་ཀྱི་དཀྱིལ་འཁོར་བདུན་པོ་རེ་རེ་ལའང་། རང་བཞིན་གྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར། གཟུགས་བརྙན་གྱི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་བ་དང་གསུམ་གྱི་བྱ་བས་རྣམ་པར་སྦྱང་བ་དང་། སྦྱིན་སྲེག་རྣམ་པ་བཞི་ཚུལ་བཞིན་དུ་བྱས་ཏེ་མེའི་བྱ་བས་ཡོངས་སུ་སྦྱོང་བ་དང་གཉིས་སུ་གནས་པའོ། །གཉིས་པ་ལ་གཉིས་ཏེ། བཀོད་པ་དཀྱིལ་འཁོར་གྱིས་སྦྱང་བ། མེ་ཡི་བྱ་བས་སྦྱང་བའོ། །དང་པོ་ལ་གསུམ་སྟེ། ཉེ་བར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུས་བའོ། །དང་པོ་ནི། དེ་ལ། ཞེས་པ་ནས། གང་ཞེ་ན། ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་བཀོད་པ་དཀྱིལ་འཁོར་གྱི་སྤྱོད་པའི་བྱ་བས་ཡོངས་སུ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ། ཞེས་པའོ། །གཉིས་པ་ལ་གསུམ་སྟེ། བསྒྲུབ་པའི་གཞི། བཀོད་པའི་སྦྱང་ཐབས། དཀྱིལ་འཁོར་གྱི་དོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། འོག་ནས། འཇུག་སྒོ་སྤྱོད་དང་། ཞེས་པ་ནས། ཚོགས་པས་ཆོས་འདི་སྤྱད། །ཅེས་པའི་བར་གྱིས་བསྟན་ཏེ། བཤད་པའི་ཚོགས་ཀྱི་དཀྱིལ་འཁོར་དེ་དག་ཀུན་ཀྱང་། རྣལ་འབྱོར་པ་དང་པོར་འཇུག་པའི་སྒོ་དང་། སྤྱིའི་ལས་སྤྱོད་པ་དང་། རྟོགས་པའི་ལྟ་བ་དག་ནི་ངེས་ཚིག་མཐུན་པས་ཚོགས་ཀྱི་ལོངས་སྤྱོད་ཐམས་ཅད་ཆོས་ཉིད་དུ་གཅིག་སྟེ་ཐ་དད་པ་མེད་ཀྱང་སྐབས་ཀྱི་ཏིང་ངེ་འཛིན་གྱིས་ཕྱེ་བར་མཇལ་ཏོ། །དེས་ན་ཚོགས་ཀྱི་ཏིང་ངེ་འཛིན་ནི། དེ་ལྟར་འཇུག་སྒོ་སྤྱོད་པ་ལྟ་བ་གསུམ་པོ་རིལ་ངང་གཅིག་པར་གྱུར་པ་ཡི། སྐབས་དེ་ཉིད་ཀྱི་ཆོས་ཉིད་དུ་མཉམ་པའི་ཡོ་བྱད་འཁོར་གནས་ཀྱི་རྒྱུ་དང་རྐྱེན་རྣམས་འཛོམ་པར་ལྡན་ཞིང་ཕུན་སུམ་ཚོགས་པའི་དུས་ཀྱི་ཕྱིར་ཏེ། དེ་ཁོ་ན་གང་ཞེ་ན། སྐལ་ལྡན་མིའི་ཚོགས་ནང་མཛའ་ཞིང་འཕྲོད་པས་མཐུན་པ་དང་། དམ་རྫས་ལྔ་དང་འདོད་ཡོན་ལྔའི་ཆ་རྐྱེན་རྫོགས་པ་དང་། ཡབ་ཡུམ་འཚམས་པར་འདོད་པའི་དགྱེས་པར་སྦྱོར་བ་དང་། དོན་གྱི་དགོངས་པ་རིལ་ཚང་བར་ལྡན་པའོ། །དེ་ཉིད་གང་གི་ཡུལ་དུ་གྱུར་ཞེ་ན། སྐབས་འདིར་བསྒོམ་པའི་ངོ་བོ་དགའ་ལྡན་ལྷ་ཡི་ཚོགས་དང་། དམ་ལྡན་གདུང་འཚོབ་ཀྱི་ས་ལ་གནས་པའི་རིགས་འཛིན་ལྷ་དང་རྟོགས་པའི་ཉམས་རྙེད་པའི་རྣལ་འབྱོར་གྱི་ཚོགས་དང་། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་རིལ་ཚང་བས། བསྒྲུབ་པའི་རྣལ་འབྱོར་ཕོ་མོ་མ་ལུས་པ་ཚང་ཞིང་འདུས་པར་ཚོགས་པས་མཚན་ངེས་པར་འགྲུབ་སྟེ། དེ་དག་དང་ལྡན་པའི་སྒྲུབ་པ་པོས་ཡུལ་དུ་ཚོགས་ཀྱི་ཆོས་འདི་སྤྱད་པར་བྱ་བ་ཡིན་པས། དཀྱིལ་འཁོར་བདུན་ཆར་གྱི་ཐུན་མོང་དུ་འགྲོའོ། །གཉིས་པ་ལ་བདུན་ཏེ། དུས་བཤད་པ། གནས་བསྟན་པ། ཡོ་བྱད་བཤད་པ། སྒྲུབ་པ་པོ་བསྟན་པ། དགོས་ཆེད་ཀྱིས་སྤྱད་པར་གདམས་པ། བློ་ཆུང་ལ་མི་བསྟན་པ། སྒྲུབ་པས་འབྲས་བུས་ཐོབ་པར་གསུངས་པའོ། །དང་པོ་ནི། སྐད་ཅིག་ཡུད་ཙམ། ཞེས་པ་ནས། བརླབས་པའི་དུས་ཆེན་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། དུས་ནི། སྐད་ཅིག་གམ། ཡུད་ཙམ་མམ། ཐང་ཅིག་གམ། ཡུད་ཙམ་མམ་ཉིན་ཞག་གམ་ཟླ་རེའམ་སྒྲུབ་པའི་མགོ་གཟུགས་པའི་དུས་ལྷ་ཡི་ཉི་མ་བཀྲ་ཤིས་ཀྱི་དུས་དང་སྐར་མ་རྒྱལ་ལ་བབ་པ་དང་བདེ་གཤེགས་བལྟམས་པ་ལ་སོགས་པའི་དུས་ཆེན་དག་ནི། བྱིན་གྱིས་བརླབས་པའི་དུས་ཆེན་ཡིན་པས། དངོས་གྲུབ་མྱུར་ཏེ། དུས་རིང་པོ་ལོ་ཟླ་ནི་ཡོ་བྱད་དང་སྦྱར་ནས་སྤྱིར་གནས་པའི་སྒྲུབ་དུས་སོ། །དུས་ཐུང་ངུ་རྣམས་ནི། སྔགས་ལ་སེམས་སྐྱེ་བའི་དུས་དང་། ལྷ་བསྐྱེད་པའི་དུས་དང་། ཐབས་དང་ཤེས་རབ་ཀྱི་དགྱེས་པ་སྤྱད་པ་ལ་སོགས་པའི་དུས་ཁོ་ནའོ། །དེ་དག་ལ། མདོར། གནས་དང་། དུས་དང་། ཡོ་བྱད་དང་། དཀྱིལ་འཁོར་ལ་སོགས་གཅིག་ལའང་ཀུན་ལྡན་པར་སྦྱར་རོ། །གཉིས་པ་ནི། འོག་ནས། ཡིད་འོང་མཚན་ལྡན་དབེན་ཕྱོགས་སུ། །ཞེས་པས་བསྟན་ཏེ། ཐོག་མར་གནས་བཙལ་བའང་ཡིད་དུ་འོང་ཞིང་མཚན་ཉིད་དང་ལྡན་པ་གྲོང་ཡུལ་ལས་རྒྱང་གྲགས་དང་དཔག་ཚད་ཀྱིས་རིང་བས་དབེན་པའི་ཕྱོགས་ཀྱི་ས་བཙལ་ཏེ། ས་དང་བར་སྣང་གི་སྐྱོན་ཡོན་ཞིབ་ཏུ་བརྟགས་པའི་གནས་སུ། སའི་བྱ་བ་བརྟགས་པའི་སྟེགས་ལ། ས་བདག་གཉིས་ལ་བསླང་བ་དང་། སྦྱོང་བ་དང་། བྱིན་གྱིས་བརླབ་པ་དང་། བསྲུང་བ་དང་། གཟུང་བ་ལ་སོགས་པ་རྒྱས་པར་བྱ་བའོ། །གསུམ་པ་ནི། གོང་གི། ཇི་ལྟར་འབྱོར་པའི། ཞེས་པ་ནས། འབྱོར་ལྡན་ནན་ཏན་བྱ། །ཞེས་པའི་བར་དང་། འོག་ནས། རྫས་དང་ཡོ་བྱད། ཅེས་པ་ནས། དེ་ལྟར་རྩལ་དང་སྦྱར། །ཞེས་པའི་བར་གྱིས་བསྟན་ཏེ། དང་པོ་ཁོ་ནར་གཞུང་དང་མཐུན་པའི་གནས་བཀྲ་ཤིས་ཤིང་ཡོན་ཏན་དང་ལྡན་པ་དེ་ལྟར་བཙལ་ལ་དེར་སྒྲུབ་པ་པོ་ཕོ་མོ་རྣམས་ཀྱིས་ཇི་ལྟར་འབྱོར་བའི་ཡོ་བྱད་རྣམས་གསོག་སྟེ། དཀར་གསུམ་དང་བདུད་རྩི་སོགས་དུག་ལྔས་བསླང་མ་བསླང་སོགས་ཀྱི་ཡོ་བྱད་དག་པ་དང་མ་དག་པའམ་གཙང་མི་གཙང་གི་ཁྱད་པར་ཕྱེ་ལ་དེ་རྣམས་ཀྱིས་གཙང་མ་དཀར་གསུམ་མངར་གསུམ་གྱི་རིགས་ཁ་ཟས་ལ་སོགས་པ་དང་། སྨན་ལྔ་རྣམ་རྟོག་གི་ནད་འཇོམས་པའི་བདུད་རྩི་རྣམས་སོགས་རྫས་ཀྱི་རིགས་པས་ཆ་གསུམ་ཕྱི་རོལ་དུ་བཏང་སྟེ། རྒྱལ་བའི་ཚོགས་སོགས་འཕགས་པ་དང་། རྒྱལ་ཆེན་དང་ཕྱོགས་སྐྱོང་སོགས་མགོན་པོ་དང་འབྱུང་པོ་ཐམས་ཅད་མཆོད་ལ། ཇི་ལྟར་འབྱོར་པ་དང་ལྡན་པ་བཞིན་ཚིམ་པར་བྱས་ནས་ལས་ལ་བསྒོ་བ་ནན་ཏན་བྱས་ཏེ་ཕྱི་མཚམས་བཅད་པར་བྱའོ། །དེ་བས་ན་སྔོན་དུ་གསོགས་པའི་རྐྱེན་ལོངས་སྤྱོད་དང་མཆོད་རྫས་དང་ཡོ་བྱད་ཐམས་ཅད་ཀྱང་། ལས་དང་པོ་པ་གང་ལ་མོས་ཤིང་འབྱོར་ཚོད་ཅིས་འདུལ་བ་དེ་ལྟར་ཁོང་དག་གི་ཤེས་རབ་ཀྱི་རིམ་པ་དང་། ཏིང་ངེ་འཛིན་དང་འགྲུབ་སྟོབས་ཀྱི་རྩལ་དང་སྦྱར་ཏེ་བསྒྲུབ་དགོས་པར་བཤད་པའོ། །བཞི་པ་ནི། བདག་དང་གཞན་དང་། །ཞེས་པ་ནས། འདོད་ལྟར་བདེ་ཡང་སྦྱར། །ཞེས་པའི་བར་གྱིས་བསྟན་ཏེ། དྲངས་ནས་བཤད་པའི་དགོས་དོན་བཞི་ནི་འདི་ལྟ་སྟེ། གང་བདག་ལ་གནོད་པ་དང་། དེ་བཞིན་དུ་གཞན་དང་། གཉིས་ཀ་དང་། ཆོས་ཀྱི་ཁྱད་པར་ལ་གནོད་པ་བཞི་ནི་དོན་དུ་མི་འགྱུར་བའི་སྐྱོན་ཏེ། ཚོགས་ཀྱི་དུས་སུའང་སྐྱོན་བཞི་པོ་དེ་དག་སྤངས་ཏེ། དེ་ལས་བཟློག་པའི་ཚུལ་གྱིས་དོན་དུ་འགྱུར་བ་བཞིར་དཔྱད་དེ་སྦྱར་བའང་མགོ་འཇུག་ཀུན་ཏུ་བྱའོ། །དེ་ནས་རྣལ་འབྱོར་པ་རྣམས་བླ་མ་སྙིང་ལྟ་བུར་བསམ་པ་དང་མཆེད་ལྕམ་རྣམས་མིག་གི་འབྲས་བུ་ལྟ་བུར་གདུང་བའི་སེམས་ཀྱི་འདུ་ཤེས་ཉེར་ཞེས་ཉེ་བར་བཞག་པ་དང་ལྡན་པས་ནང་དུ་འདུས་ཏེ། སྒྲུབ་པའི་འབྲས་བུ་འབྱུང་བའི་ཐབས་དམ་པ་ཇི་བཞིན་དུ་རུང་གི་འདོད་པ་ལྟར། ནང་མཚམས་བཅད་པ་ནས་ལས་གཞུང་ཞི་བའི་དཀྱིལ་འཁོར་ཆེ་འབྲིང་བསྲང་ལ་ཚོགས་རོལ་པ་དང་། འཁོར་ཁང་ཕྱི་ནང་བར་ལྡ ན་དུ་གློ་བློར་རོལ་པ་སྤྱད་པ་དང་། སྐྱོ་བའི་ཚེ་བྲོ་བརྡུང་བ་དང་། གླུ་བླང་བ་ལ་སོགས་པ་ཇི་ལྟར་བདེ་བར་སྦྱར་ཏེ་སྒྲུབ་པར་བྱའོ། །ལྔ་པ་ནི། ལྷ་རྣམས་མཉེས་པར། ཞེས་པ་ནས། སྤྱད་པར་ཤིན་ཏུ་གཅེས། །ཞེས་པའི་བར་གྱིས་བསྟན་ཏེ། དགོས་ཆེད་བསྟན་པའི་ཕྱིར། བསྒྲུབ་པའི་ལྷ་རྣམས་མཉེས་པར་བྱ་བ་དང་། བར་དུ་གཅོད་པའི་བགེགས་རྣམས་ཞི་བར་བྱ་བ་དང་། དོན་གཉིས་ཀྱི་དངོས་གྲུབ་ཐོབ་པར་བྱ་བ་དང་། རོའི་སྔོན་དུའང་ཤི་བ་གསོ་བར་བྱ་བའི་ཕྱིར་དགོས་ཆེད་བཞིའི་དོན་དུ་བསྒྲུབ་པའི་ལས་གཞུང་འདི་ལྟར་སྤྱད་པར་ཤིན་ཏུ་གཅེས་ཏེ་སྤྱོད་པ་ཀུན་གྱི་དགོས་པའོ། །དྲུག་པ་ནི། འདི་དག་བློ་ཆུང་། ཞེས་པ་ནས། བརྗོད་པར་བྱ་མི་རིགས། །ཞེས་པའི་བར་གྱིས་བསྟན་ཏེ། འདིིའང་དགོས་པ་སྟོན་པ་སྟེ། འདི་དག་ཇི་ལྟ་བར་སྣོད་བློ་ཆུང་ཞིང་གསར་དུ་ཞུགས་པའི་མདུན་དུ་བརྗོད་པར་བྱ་བ་མི་རིགས་པས་དང་པོའི་རྣལ་འབྱོར་དང་། བྲོད་པ་བསྐྱེད་པ་དང་། ཚོགས་བསགས་པ་དང་། རྣལ་འབྱོར་ནར་སོན་པས་གོང་མ་བརྡལ་བ་ཆོས་ཉིད་ཀྱི་ས་ལ་སྦྱོར་བའི་ཕྱིར་རོ། །བདུན་པ་ནི། འོག་གི། །དེས་ན་ལས་འདི། ཞེས་པ་ནས། ཕལ་མོ་ཆེ་ལ་བཤད། ཅེས་པའི་བར་གྱིས་བསྟན་ཏེ། རྒྱུ་མཚན་དེས་ན་ལས་གྲུབ་པའི་ཚུལ་བསྟན་པའི་ཕྱིར། ཡོ་བྱད་ཚོགས་ནས་ཚོགས་ཀྱི་ཕྲིན་ལས་ཀྱི་བྱེ་བྲག་གི་རིམ་པའི་ལས་འདི་ཡི་ཁྱད་པར་བསྒྲུབ་པ་ཡང་། དང་པོ་ཚོགས་བསྒྲུབ་པ་ལ་བརྟེན་ནས་སྔོན་དུ་བསོད་ནམས་ཀྱི་ཚོགས་ཀྱི་དཔུང་བསྐྱེད་ལ། སྒྲིབ་པ་སྦྱངས་པའི་བཤགས་པ་བྱས་ཏེ་འཇུག་པ་ནི་ས་དང་པོའི་སྤྱོད་པ་ཡང་ངོ་། །བར་དུ་བསྙེན་པ་དང་སྒྲུབ་པའི་ཏིང་ངེ་འཛིན་དག་ལ་གོམས་པར་བྱས་ནས་བསྒྲུབ་པས། རྟགས་དང་མཚན་མ་ཐོབ་ནས་དངོས་གྲུབ་ལ་སྦྱར་བས། འབྲས་བུ་ཆེན་པོ་འགྲུབ་པར་འགྱུར་བའི་སྒྲུབ་པ་མཐར་ཕྱིན་པའི་རིམ་པ་ལྔ་ཐོབ་པར་གྱུར་པའོ། །དེ་སྐད་ཅེས་སྐྱེས་བུ་སེམས་དཔའ་རྡོ་རྗེ་དེས། སྟོན་པ་མཆོག་གིས་སྔར་འདུས་པ་ཕལ་མོ་ཆེ་ལ་བཤད་པ་ཉིད་ཐོས་པ་ཡིན་པར་བརྗོད་པའོ། །གཉིས་པ་ལ་གཉིས་ཏེ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། སྤྱོད་པར་གདམས་པ། ལས་དང་པོ་ལ་གསང་སྒོ་མི་དབྱེ་བ། བློ་དང་འཚམས་པར་དོན་བྱ་བའོ། །དང་པོ་ནི། གོང་ནས་སྔར་གྱི་འཕྲོར། བརྩམས་པ་ལས་ཀྱི། ཞེས་པ་ནས། མཚན་མར་བཅས་པ་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་དང་པོ་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ལ་བཀོད་པའི་བྱ་བས་སྦྱངས་པ་གང་ཞེ་ན། གྲངས་ལ་སྙེགས་པས་དཀྱིལ་འཁོར་བཀར་ནས་སྟོན་པ་ནི། ཐོག་མར་བསྒྲུབ་པའི་ལས་བརྩམས་ཏེ་གསང་བ་མཆོག་གི་དཀྱིལ་འཁོར་ལ་ཞུགས་ནས་ལས་ཀྱི་དང་པོ་དབང་དང་དམ་ཚིག་ནོད་པའི་རྣལ་འབྱོར་པས་ཟག་བཅས་ཀྱི་བསྒྲུབ་པ་དང་། དེ་ཡིས་ཟག་མེད་ཀྱི་སྒྲུབ་པ་གཉིས་མེད་དམ་པའི་དོན་ལ་འཇུག་པ་ཡི་ཚེ་ན། བསྒྲུབ་པའི་ལས་གཞུང་གི་རིམ་པ་བྱ་བའི་ཐབས་མཆོག་དམ་པ་བསྙེན་པ་ལ་གསུམ་དང་སྒྲུབ་པ་ལ་གཉིས་ཏེ་རྣམ་པར་ལྔས་ནི་སྒྲུབ་པའི་སྤྱོད་པ་སྤྱད་པར་བྱའོ། །ལྔ་པོ་གང་ཞེ་ན། རྡོ་རྗེ་གསུམ་གྱི་དངོས་གྲུབ་བསྒྲུབ་པའང་། དང་པོར་བསྙེན་པ་གཟུགས་པ་ཡང་ཡོད་ཐོག་མ་ཡར་གྱི་ངོ་གཟའ་སྐར་ཤིས་པའི་དུས་ཚིགས་བཟང་པོ་ལ་ཚོགས་བསགས་པས་བསོད་ནམས་ཀྱི་དཔུང་བསྐྱེད་དེ་འཇུག་པ་དང་། མཐར་ཇི་ཙམ་ན་འདོན་པ་ནི་དུས་ཀྱི་བསྙེན་པ་དང་། རྫས་དང་ཡོ་བྱད་ཚང་བས་གང་འདིར་དཀྱིལ་འཁོར་ཆེན་པོ་རྩོམ་པ་ནི་ཉེ་བའི་བསྙེན་པ་དང་། བྱ་བའི་ལས་གཞུང་བསྲངས་ནས་འབད་པ་ནི་བསྒྲུབ་པ་དང་། རྟགས་དང་མཚན་མ་ཐོན་ནས་བསྒྲུབ་པ་ཆེན་པོས་དངོས་གྲུབ་བླང་བའི་ལས་ལ་སྦྱོར་བ་དང་རྣམ་གྲངས་ལྔའོ། །བསྙེན་པ་ལའང་དབྱེ་ན་གསུམ་སྟེ། ཞག་གྲངས་མང་ཉུང་དུའང་བགྲངས་དམ་བཅས་ནས་འབད་པ་གྲངས་ཀྱི་བསྙེན་པའོ། །དུས་ཀྱི་བསྙེན་པ་ནི་བཤད་པ་ཉིད་དོ། །མཚན་མའི་བསྙེན་པ་ནི་འཛབ་གྲངས་བྱེད་ཅིང་རྟགས་ཀྱི་མཚན་མར་མཐོང་བ་ལ་སྡོད་པའོ། །འདིར་གྲངས་ལྔར་འདོད་པ་ནི། སྔོན་དུ་བསོད་ནམས་ཀྱི་དུས་དང་བསྙེན་པ་གཉིས་ཏེ་གསུམ། བསྒྲུབ་པ་གཉིས་དང་ལྔར་མཇལ་ཏེ། གཞུང་གཟུག་པ་དང་དམ་བཅས་བར་བྱ་བའོ། །གཉིས་པ་ནི། རྣལ་འབྱོར་སྤྱོད་པའི། ཞེས་པ་ནས། དོན་ལ་གོལ་བར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་ཆེན་པོའི་གསང་བའི་དཀྱིལ་འཁོར་གཉེན་པོར་སྤྱོད་པའི་བཀའ་སྒོ་ཟབ་མོ་འདིར་ཡང་། ལས་དང་པོ་པ་ལ་ཐེག་ཆེན་གསང་བའི་སྒོ་མི་དབྱེ་ཞིང་གསལ་བར་མི་བསྟན་ཏེ། ལྟ་སྤྱོད་བརླང་པོ་བསྟན་ཀྱང་སྐྲག་ཅིང་སྔངས་པ་སྐྱེ་བར་འགྱུར་བས་སོ། །ཅིའི་ཕྱིར་ཞེ་ན། དེའི་གཏན་ཚིགས་ནི། ད་དུང་ལས་དང་པོ་པ་ཡིན་པས་ན་བྱིས་པ་གསང་དོན་མཉམ་པ་ཉིད་ལ་བློ་ཤེད་མ་བྱེ་བར་གྱུར་པའི་རྒྱུས། ངེས་པ་མ་རྙེད་དེ་རིགས་མ་ངེས་པའི་ཕྱིར། གསང་དོན་ཟབ་མོ་ལ་འཇུག་པ་ལས་སླར་ལྡོག་ནས་ལྟུང་བ་དང་བཅས་པ་ཡིས་བློ་ཆུང་བའི་གང་ཟག་ཡོད་པས། ཐེག་ཆེན་གྱི་དོན་ལ་སྐྲག་སྟེ་མ་དད་པས་བློ་ལྡོག་ནས་གསང་དོན་ལས་གོལ་ཏེ་འགྱངས་པར་འགྱུར་བས་སོ། །གསུམ་པ་ནི། གནས་འདིར་འཇུག་པའི། ཞེས་པ་ནས། འཚམས་པར་བདེ་ཐབས་སྦྱར། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་དེ་དག་དོན་ལ་དྲང་བའི་ཐབས་འགོག་གོ་བར་དོགས་པ་ལ། ཐེག་པ་མཆོག་གི་གསང་བའི་གནས་འདིར་ངེས་པར་སྦྱོར་ཞིང་འཇུག་པར་འདོད་པའི་བྱིས་པ་གསར་བུ་དག་ནི། འཇིག་རྟེན་གྱི་འགྲོ་བ་དྲུག་གི་ས་ལས་དྲངས་པའི་སེམས་མཆོག་བསྐྱེད་དུ་གཞུག་ནས་ཀྱང་། དང་པོ་འགྱུར་དབང་མ་ངེས་པའི་སར་བཞག་སྟེ། དེ་ལ་ད་དུང་ཁོའི་བློ་དང་ཇི་ལྟར་འཚམས་པ་ལས་ཐལ་བ་མེད་པར་བདེ་བའི་ཚད་ཀྱི་འདུལ་ཐབས་དང་སྦྱར་ལ་བསྟན་ཏོ། །འོན་ཏེ་སྐལ་བ་ཅན་ཞིག་ན་དཀྱིལ་འཁོར་ཆེན་པོར་གཞུག་ནས་དབང་བསྐུར་ཞིང་ལྟ་སྤྱོད་ཀྱང་རིམ་པར་བསྟན་པའོ། །གཉིས་པ་ལ་བདུན་ཏེ། ཐབས་ཀྱི་སྦས་ཚོགས། ཤེས་རབ་ཀྱི་སྦས་ཚོགས། དུས་བཞི་མཉམ་པའི་ཚོགས། ཐབས་ཤེས་ཉི་ཟླའི་ཚོགས། འབྱོར་ཆེན་ཡི་གེའི་ཚོགས། རྡོ་རྗེ་དྲྭ་བ་འབྲེལ་བའི་ཚོགསོ། །ཐབས་དང་ཤེས་རབ་འབྲེལ་བའི་ཚོགས་སོ། །དང་པོ་ལ་གསུམ། བསྙེན་པ་གཉིས་ཀྱི་དཀྱིལ་འཁོར་བྱ་བ། བསྒྲུབ་པ་བསྟན་པ། སྒྲུབ་པ་ཆེན་པོ་བཤད་པའོ། །དང་པོ་ནི། རྡོ་རྗེ་ཐབས་ཆེན། ཞེས་པ་ནས། ཡང་ན་བསམ་པའམ། །ཞེས་པའི་བར་གྱིས་བསྟན་ཏེ། ཚོགས་ཀྱི་དཀྱིལ་འཁོར་བདུན་གྱི་དང་པོ་བསྟན་པའི་ཕྱིར། ཐབས་ཀྱི་སྦས་ཚོགས་ནི་ཇི་ལྟ་བུ་ཞེ་ན། བསྒྲུབ་པའི་སྔོན་འགྲོ་ཐམས་ཅད་རྫོགས་ནས། རྡོ་རྗེ་ཐབས་ཀྱི་སྦས་པ་ཆེན་པོའི་ཚོམ་བུ་ལྔ་པ་ནི། དབུས་ཀྱི་གཙོ་བོ་རིགས་ལྔ་སོ་སོའི་དཀྱིལ་འཁོར་ལྔ་ལ། འཁོར་ནི་སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་པའི་རིགས་སོགས་སེམས་དཔའ་བཅུ་དྲུག་སྟེ། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་འདོད་པ་དང་། རྡོ་རྗེ་ལེགས་པ་ནི་རྡོ་རྗེའི་རིགས་སོ། །རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་རྒྱལ་མཚན་དང་། རྡོ་རྗེ་བཞད་པ་ནི་རིན་པོ་ཆེའི་རིགས་སོ། །རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་འཁོར་ལོ་དང་། རྡོ་རྗེ་སྨྲ་བ་ནི་པདྨའི་རིགས་སོ། །རྡོ་རྗེ་ལས་དང་། རྡོ་རྗེ་བསྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་ནི་ལས་ཀྱི་རིགས་སོ། །ཚོམ་བུ་ལྔས་སེམས་དཔའ་རྡོ་རྗེ་དང་། རིན་ཆེན་རྡོ་རྗེ་དང་། ཆོས་རྡོ་རྗེ་དང་། ལས་རྡོ་རྗེ་ནི་བདེ་གཤེགས་རིགས་ཀྱི་དཀྱིལ་འཁོར་རོ། །དེའི་ཕྱི་རོལ་དུ་སྒོ་བ་བཞི་སྟེ། ལྷ་གྲངས་ཉེར་ལྔ་དང་ལྡན་པའོ། །དེས་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་མུ་ཁྱུད་ཟླུམ་པོའི་རྡོ་རྗེ་ར་བ་ཅན་གྱིས་བསྐོར་བ་དང་ལྡན་པའི་བརྙན་མའོ། །དེ་དག་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བྲི་བར་བྱ་བའམ། ཡང་ན་མ་བྲིས་ཀྱང་རྣལ་འབྱོར་པ་ལྷ་གྲངས་དང་མཉམ་པས་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་བསམ་སྟེ་བསྒོམ་པའོ། །འམ་ནི་གཟུགས་བརྙན་ཉིད་དང་འདམ་ཀའོ། །གཉིས་པ་ལ་གསུམ་སྟེ། དཀྱིལ་འཁོར་བསྐྱེད་པ། སྤྱན་དྲངས་པ་ལ་སོགས་ཀྱི་ལས་རིམ། བསྟོད་དེ་བདག་ལ་བསྡུ་བའོ། །དང་པོ་ནི། བརྗོད་དམ་དངོས་སམ། ཞེས་པ་ནས། ལ་བསྐྱེད་དྲན་བྱས་ཏེ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཡང་ལྷ་དེ་དག་གི་བསྐྱེད་ཐབས་ནི་སྙིང་པོའི་སྔགས་བརྗོད་དམ། ཡིད་ཀྱི་དངོས་སམ། སྐུ་གསུང་ཐུགས་ཀྱི་མཚན་མ་ལ་བརྟེན་ནས་བསྐྱེད་ཀྱང་། རྒྱལ་པོའི་འཁོར་དང་ལོངས་སྤྱོད་ལྟ་བུར་འཇིག་རྟེན་གྱི་དབང་ཕྱུག་ཆེན་པོའི་མངའ་བདག་སྟོན་པ་གསང་བའི་བདག་པོ་ཉིད་ཀྱི་བཀའ་རྒྱུད་འདིའི་གཞུང་གི་ཆོས་ལུགས་ཀྱིས་ནི། མཐའ་ཐད་དུ་འཛིན་པའི་མོས་པར་མི་བྱ་སྟེ། རང་རིག་པ་ནི་དོན་ལ་གཉིས་སུ་མེད་པར་ངེས་པས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རང་རང་གི་རིག་པ་ལས་ལྷར་བསྐྱེད་དེ་རང་སྣང་གི་ཆོས་ཉིད་དྲན་པར་བྱས་ཏེ་དབྱེར་མེད་ཀྱི་ངང་དུ་གསལ་བར་བསྒོམ་པར་བྱའོ། །དེས་ན་ཚིག་བར་པ་འཇིག་རྟེན་གྱི་དབང་པོའི་རྒྱལ་པོ་ཉིད་སྤྱན་འདྲེན་པའི་ཆོས་ལུགས་སུ་སྦྱར་རོ་ཟེར་བ་ནི་མི་འཐད་པར་གསུངས་སོ། །གཉིས་པ་ནི། རང་བཞིན་ཡུལ་ནས། ཞེས་པ་ནས། ལས་གྲུབ་གྲངས་རྫོགས་ནས། །ཞེས་པའི་བར་གྱིས་བསྟན་ཏེ། རང་བཞིན་གྱིས་གྲུབ་པའི་ཡུལ་ལ མ་གནས་ནས་སྙན་གསན་ཕབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ནས་དབྱེར་མེད་པར་བསྟིམ་སྟེ་བརྟན་པར་བཞུགས་པ་ལ་ནི། ཕྱག་རྒྱའི་མཆོད་པ་བྱ་བ་ལ་སོགས་པ་ཐུན་མོང་གི་མཆོད་པ་རྫོགས་པར་ཕུལ་ཞིང་། ནང་གི་མཆོད་པ་ནི། རྡོ་རྗེ་སྨན་གྱི་དམ་རྫས་ལྔ་དང་བདུད་རྩི་སྦྱར་བའི་སྨན་གྱི་མཆོད་པ་དང་། དེ་བཞིན་དུ་མཆོད་པའི་ཡོ་བྱད་ཆེན་པོ་ལ་སོགས་པས་བསྡུ་བ། རཀྟ་དང། གཏོར་མ་དང་། འདོད་ཡོན་དང་། ཤ་ལྔ་དང་། སྦྱོར་སྒྲོལ་སོགས་ཀྱི་མཆོད་པ་རྣམས། རྡོ་རྗེ་ཐབས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འབུལ་ཞིང་། རྡོ་རྗེ་རྣལ་འབྱོར་གྱི་སྲོག་དང་བཅས་པའི་གླུ་བླངས་ཏེ་གླུ་ཡེ་ཤེས་ཀྱི་མཆོད་པ་དང་། བསྟོད་པ་རྫོགས་པའི་བར་གྱིས་རྒྱལ་བ་མཉེས་པར་བྱས་ནས་དོན་གྱི་ལས་གཞུང་བསྲངས་པ་མཐར་ཆགས་སུ་གྲུབ་སྟེ་འཛབ་གྲངས་ཚད་དུ་ཕྱིན་པའི་བཟླས་པ་རྫོགས་པར་བྱས་ནས་སྒྲུབ་པར་བྱ་བའོ། །གསུམ་པ་ནི། མཉེས་དང་རྒྱུད་སྦྱངས་འདོད་པ་བྱ། །ཞེས་པས་བསྟན་ཏེ། སླར་ཡང་མཆོད་པ་དེ་རྣམས་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་བསྟོད་པས་མཉེས་པར་བྱ་བ་དང་བཤགས་པའི་སྒོ་ནས་རྒྱུད་སྦྱངས་ཤིང་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱ་ཞིང་བདག་ལ་བསྟིམ་སྟེ་སྒོ་གསུམ་དམ་པར་བསམ་ལ། བསྔོ་བ་དང་སྨོན་ལམ་སོགས་ཀྱིས་མཐའ་བརྒྱན་ཏེ། སྒྲུབ་པ་མཐར་ཕྱིན་པ་ན་དཀྱིལ་འཁོར་ཡང་བསྡུ་བར་གསུངས་སོ། །གསུམ་པ་ལ་གཉིས་ཏེ། དངོས་གྲུབ་བླང་ཞིང་དབང་བསྐུར་བ། ཞོར་ལ་གདམས་པ་བསྟན་པའོ། །དང་པོ་ནི། སྣོད་དུ་རུང་བའི། ཞེས་པ་ནས། དབང་དང་དངོས་གྲུབ་སྩོལ། །ཅེས་པའི་བར་གྱིས་བསྟན་ཏེ། མདོར་རྡོ་རྗེ་དབྱིངས་ཀྱི་ལས་གཞུང་བསྲངས་ཟིན་ནས། སློབ་མ་གཞུག་པའི་ལས་རྩོམ་པའི་ཕྱིར། མན་ངག་བཞག་ཅིང་དབང་དང་དམ་ཚིག་གི་སྣོད་དུ་རུང་བའི་སློབ་མ་དག་གཞུག་པར་བྱ་བའི་ཆེད་དུ། དཔང་པོ་དང་མཁྱེན་པར་གསོལ་བ་དང་། ལ་སོགས་པ་ཞེས་བསྡུ་བའི་དོན་གྱིས་བཤད་པའི་སློབ་མ་ལ་དམ་དབོག་པ་དང་། དབང་བསྐུར་བའི་ལས་ཀྱི་རིམ་པ་ཀུན་རྫོགས་པར་བྱ་བ་ཡིས་དབང་བསྐུར་བ་ཉིད་དེ། དེ་ཡང་དཀྱིལ་འཁོར་དུ་འཇུག་པའི་ཚུལ་ལ་དང་པོ་རྡོ་རྗེ་རྒྱལ་པོ་ཉིད་འཇུག་པ་དང་། དེ་ནས་སློབ་མ་གཞུག་པའི་རིམ་པ་དང་། དེ་ལ་ཡོན་དང་སྦྱར་ཏེ་དབང་བསྐུར་བ་རྒྱས་པར་བྱ་བ་དང་། དེ་དག་ཟིན་ནས་དངོས་གྲུབ་སྩོལ་པར་གསོལ་བ་གདབ་སྟེ་བླང་བའི་བར་བྱ་ཞིང་སྒྲུབ་པའི་མཇུག་ཏུའང་དངོས་གྲུབ་བླང་བར་བྱའོ། །གཉིས་པ་ལ་བཅུ་གཅིག་སྟེ། བསླབ་པའི་གཉེར་དཔོག་པ། བསྒྲུབ་པ་ཆེ་ཆུང་འདོད་པ་ལྟར་སྦྱིན་པ། བསྒྲུབ་མི་ནུས་པ་ལ་གསང་བར་གདམས་པ། རྨོངས་པ་གསང་སྔགས་སུ་མོས་པ་བསྒྱུར་བ། ཤེས་རབ་ཅན་ལ་རིམ་པ་བཞིན་བསྟན་པ། བློ་སྐྱེད་ཅན་ལ་སྒོམ་ཐབས་བསྟན་པ། སྤྱོད་པ་རྩིང་པོ་ལ་ལྟུང་བའི་ཉེན་བསྟན་པ། སྣོད་དང་སྦྱར་ལ་དབང་བསྐུར་བར་གདམས་པ། དབང་དང་གདམས་ངག་སྦྱིན་ལུགས་བསྟན་པ། བློ་དང་ལྡན་པ་ལ་བསླབ་པའི་རྩ་སྦྱོངས་ཤིག་པར་གདམས་པ། ཐོག་མར་གྲལ་དབྱེ་ཞིང་ལྷ་བསྒོམ་ལུགས་བསྟན་པའོ། །དང་པོ་ནི། རྡོ་རྗེ་ཐ་ཚིག །ཅེས་པ་ནས། གལ་ཆེན་མནའ་བོར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་ཐབས་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེ་ལྟ་བུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དམ་ཚིག་གམ་བསོད་ནམས་དང་བསྙེན་སྒྲུབ་བཞིའི་རྡོ་རྗེ་ཐ་ཚིག་རྣམ་པ་ལྔ་ཉིད་དཔོག་པ་ཡིས་དམ་ཚིག་གི་བསླབ་པའི་གཉེར་རྣམས་རང་རང་དང་འཚམས་པར་ཅི་རིགས་པར་བློའི་རྩལ་གྱི་ཆེ་ཆུང་གི་རིམ་པ་བཞིན་དུ་སྐལ་བ་དང་སྦྱར་ལ་ལེགས་པར་བྱིན་ནས་ཀྱང་། རྡོ་རྗེ་ཐེག་པ་ཆེན་པོ་ལས་སླར་མ ི་ལྡོག་པར་གལ་ཆེན་བཙུག་སྟེ་ཚུལ་བཞིན་དུ་འབྲས་བུ་བསྒྲུབ་པར་བྱ་བར་བུས་མནའ་བོར་ཏེ་རིགས་ངེས་པར་བྱ་བ་ལ་སྦྱར་རོ། །གཉིས་པ་ནི། དེ་ནས་བསྒྲུབ་པ། ཞེས་པ་ནས། རྣལ་འབྱོར་བཀའ་བར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། དབང་ཐོབ་ཅིང་རིགས་ངེས་པར་བྱས་པའི་རྟིང་དེ་ནས་སློབ་བུས་ཇི་ལྟར་བཟོད་ཅིང་གསང་བའི་སྒྲུབ་པ་ཆེ་ཆུང་རྣམས་གང་ཞུ་ཞིང་ཇི་ལྟར་འདོད་པ་དེ་ཉིད་བསྟན་ལ་ཆུད་མི་གསན་པར་ནན་ཏན་དུ་སྒྲུབས་པར་གྱིས་ཤིག་གདམས་པར་བྱ་སྟེ། དེ་ཕྱིན་ཆད་སློབ་བུ་དེའང་རྡོ་རྗེ་ཐེག་པ་གསང་སྔགས་ནང་བའི་རྣལ་འབྱོར་སྒྲུབ་པ་ལུང་གི་བཀའ་ལ་གནས་པའི་དམ་པར་འགྱུར་བར་བྱའོ། །གསུམ་པ་ནི། མི་ནུས་ལ་སོགས། ཞེས་པ་ནས། ཚིག་གིས་ནན་ཆགས་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། ཤེས་རབ་དང་ཏིང་ངེ་འཛིན་དང་བརྩོན་འགྲུས་ཆུང་བས་མི་གཤིས་ཀྱིས་སྒོམ་སྒྲུབ་ཆེན་པོ་མི་ནུས་པ་དང་ལ་སོགས་པའི་དོན་གྱིས་བསྡུ་བར་གསང་བའི་སྤྱོད་པ་གཞུང་མི་སྲོང་བ་དང་ཉན་སྒོམ་གྱི་སྐལ་བ་མེད་པ་དག་ལ་བླ་མའི་བཀས་བསྒྲུབ་པར་མི་གནང་བར་གསང་བའི་བཀའ་རྒྱ་དམ་པར་རྡོ་རྗེའི་ཚིག་གིས་ནན་ཆགས་བྱ་སྟེ། གཞན་ལའང་གསང་སྒོམ་ཞིག་པར་བསྒོ་བར་བྱའོ། །བཞི་པ་ནི། རྨོངས་པ་གསང་ཕྱིར། ཞེས་པ་ནས། ཚིག་གིས་འདུ་ཤེས་བསྒྱུར། །ཞེས་པའི་བར་གྱིས་བསྟན་ཏེ། གསང་སྔགས་ཀྱི་དོན་ལ་རྨོངས་པ་དག་ཐབས་ཀྱིས་རིམ་པར་དྲངས་ཏེ་གསང་སྔགས་ལ་གཟུད་པའི་ཕྱིར་ཐོག་མར་རང་དགའ་བ་ལ་ཡིད་མོས་པར་བྱས་ནས་མཐར་གསང་བ་ལ་སེམས་སྐྱེད་པར་བྱེད་དེ། དེ་ནས་གསང་སྔགས་ཀྱི་ཆེ་བའི་ཡོན་ཏན་བརྗོད་པའི་ངོ་མཚར་གྱི་ཚིག་གིས་འདུ་ཤེས་གྱེན་དུ་བསྒྱུར་ཏེ་གསང་སྔགས་ལ་མོས་པ་སྐྱེར་གཞུགས་པའོ། །དེས་བས་ན་རྨོངས་པའང་ཆུད་མི་གསན་ཏེ་འཚམས་པས་དོན་བྱ་བའོ། །ལྔ་པ་ནི། ཤེས་མིག་ཅན་ལ། ཞེས་པ་ནས། རིམ་བཞིན་བསྟན་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། སློབ་བུ་ཤེས་རབ་ཀྱི་མིག་གམ་སྤྱན་དང་ལྡན་པ་ཅན་རྣམས་ལ་ཤེས་བྱའི་ཡུལ་གྱི་སྙིང་པོ་ལྟ་བའི་དོན་གྱི་གནས་ལུགས་མཐར་ཐུག་པ་བསྟན་ཕྱིར་གདམས་ངག་བྱ་ཐབས་ཐམས་ཅད་ཕྱི་ནང་གསང་བའི་རིམ་པ་ཇི་བཞིན་བློ་གོམས་ཚུལ་དང་སྦྱར་ཏེ་བསྟན་པར་བྱས་ནས་བསླབ་པའི་མཐའ་བཅུ་ཀུན་ཆུབ་པར་བྱའོ། །དྲུག་པ་ནི། དྲོད་ཅན་བློ་དཀྱིལ། ཞེས་པ་ནས། ན་སྤར་གསང་སྒོ་དབྱེ། །ཞེས་པའི་བར་གྱིས་བསྟན་ཏེ། ལྟ་བའི་ཉམས་དྲོད་ཅན་དུ་གྱུར་ཀྱང་ད་དུང་བློ་དཀྱིལ་ཆེ་བས་ཏིང་ངེ་འཛིན་མ་བརྟན་ཏེ་རྒོད་འཕྱར་དང་བྱིང་བའི་དབང་དུ་འགྲོ་བ་རྣམས་ལ་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་བྱིང་རྒོད་ཀྱིས་མི་གནོད་པར་ལྟ་བ་སྒོམ་པར་ན་སྤར་ཏེ་བསྒོམ་ཐབས་གོང་མར་སྐྱེད་དུ་འགྲོ་བས་མན་ངག་གི་གསང་སྒོ་མཐར་ཐུག་པ་དབྱེ་ལ་མ་གབ་པར་སྦྱིན་པར་བྱའོ། །བདུན་པ་ནི། རྩིང་པོ་འགྲོས་ཀྱི། ཞེས་པ་ནས། འཁོར་བའི་གཡང་རྣམས་བསྟན། །ཞེས་པའི་བར་གྱིས་བསྟན་ཏེ། སློབ་མ་བློ་རྩིང་པོ་རྣམ་རྟོག་དང་སྤྱོད་སྒོའི་འགྲོས་ཀྱི་རྟ་དམུ་རྒོད་དང་འདྲ་བ་རྣམས་ལ་ཁེ་ཉེན་དང་བཅས་པའི་དམ་ཚིག་གི་གཅན་འཕྲང་རྣམས་དང་བར་དུ་གཅོད་པའི་རྟོག་ཚོགས་ཀྱིས་འཁོར་བའི་གཡང་ས་ལྟུང་བའི་སྒོ་དགུའི་ཉེས་དམིགས་རྣམས་བསྟན་ཏེ་ངན་སྤྱོད་ལས་ལྡོག་ཐབས་བྱའོ། །བརྒྱད་པ་ནི། རྡོ་རྗེ་ལུང་གི། ཞེས་པ་ནས། ནུས་པ་དེ་དབང་བསྐུར། །ཞེས་པའི་བར་གྱིས་བསྟན་ཏེ། རྡོ་རྗེ་ཐེག་པའི་ལུང་གི་དོན་ཚད་དུ་ཕྱིན་པ་དང་ལྡན་པ་ཅན་ལ། བདག་གཞན་གྱི་དོན་ནམ་ཕྲིན་ལས་རྣམ་པ་བཞི་ལ་སོགས་པ་ཇི་ལྟར་ནུས་པ་དེ་ལྟར་དབང་ལྔ་པོ་རིམ་པར་བསྐུར་ཏེ་སྦྱིན་པར་བྱའོ། །དགུ་པ་ནི། རྩལ་མེད་མི་ནུས། ཞེས་པ་ནས། བསུབ་ཅིང་ལྗིད་མི་དབབ། །ཅེས་པའི་བར་གྱིས་བསྟན་ཏེ། ཤེས་རབ་དང་ཏིང་ངེ་འཛིན་གྱི་རྩལ་མེད་པས་བདག་གཞན་གྱི་དོན་དུ་བསྒྲུབ་པར་མི་ནུས་པ་གང་དག་རྣམས་ལ། ཕན་པའི་དབང་བཅུ་བསྐུར་བ་འབའ་ཞིག་བསྔགས་པ་ཡིན་པས་དེ་ཙམ་སྦྱིན་པར་བྱ་སྟེ་བུམ་པ་ལ་སོགས་པའོ། །དེ་བས་ན་ཐེག་པ་མཆོག་གི་དཀྱིལ་འཁོར་གྱི་གནས་འདིར་ཤེས་རབ་དང་ཏིང་ངེ་འཛིན་གསལ་བ་དང་དེ་གཉིས་མི་གསལ་བའི་ཁྱད་པར་དག་ལ། སྔ་མ་འོད་མི་བསུབ་པར་དབང་གི་མན་ངག་མི་གབ་པར་སྦྱིན་ཞིང་། ཕྱི་མ་ལ་མི་འཚམས་པའི་དབང་དང་མན་ངག་གི་ལྗིད་ཀྱི་དོན་མི་དབབ་ཅིང་བསྟན་པར་མི་བྱ་སྟེ། བསྟན་ན་སྒྱིད་མ་བརྟས་པར་ཁལ་བཀལ་བ་བཞིན་དུ་ཆུད་འཛའ་འོ། །བཅུ་པ་ནི། རྡོ་རྗེ་བློ་ཡི། ཞེས་པ་ནས། སྦྱོང་ཞེས་གདམས་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་པ་རྡོ་རྗེ་གསང་བའི་བློ་ཡི་ཤེས་རབ་ཆེན་པོའི་སྤྱོད་ཡུལ་ཅན་དང་ཏིང་ངེ་འཛིན་དང་ལྡན་པ་དག་ལ། བསླབ་པ་བཅུའི་ཡུལ་ལ་རྟོགས་པ་དང་ཏིང་ངེ་འཛིན་གྱི་རྩལ་ཆེན་པོ་ཤིན་ཏུ་འབོད་ལ་སྦྱོང་བར་གྱིས་ཤིག་ཅེས་པའི་གདམས་ངག་བསྟན་པར་བྱའོ། །བཅུ་གཅིག་པ་ནི། རྡོ་རྗེ་འདུས་པའི། ཞེས་པ་ནས། ཡང་ན་རེ་རེའོ། །ཞེས་པའི་བར་གྱིས་བསྟན་ཏེ། གསང་བའི་དཀྱིལ་འཁོར་ཆེན་པོར། རྡོ་རྗེ་རྒྱལ་པོ་དང་། རྒྱལ་ཚབ་དང་། ཀརྨ་དང་། མཆེད་ལྕམ་མང་པོ་འདུས་པའི་དབང་གྲལ་དུ། རྡོ་རྗེ་ཐེག་པའི་དབང་ཟབ་མོ་སྔར་ཐོབ་མ་ཐོབ་དང་། སྔ་ཕྱིའི་རིམ་པའམ་ལྟ་བ་དང་སྒོམ་པའི་དོན་གྱི་སྟང་ཆེན་པོའི་མཐོ་དམན་ལྟར་བཤེར་ལ། བློ་ཤེས་རབ་ཀྱི་རྩལ་དང་དབང་གི་རིམ་པར་བསྟུན་ཏེ་གྲལ་གྱི་ཁྱད་པར་མཐོ་དམན་དུ་དབྱེ་བར་བྱའོ། །བུ་རྣམས་རང་རང་གི་ཡི་དམ་གྱི་ལྷ་གང་ཡིན་གྱི་སོ་སོ་རིགས་ཀྱི་ཕྱག་རྒྱ་དག་སྒོམ་པའམ། ཐབས་ཀྱི་ཕྱག་རྒྱ་སྤྱི་ལྟར་ཚང་བར་བསྒོམ་པའམ། ཡང་ན་སོ་སོར་བསྟན་ཏེ་མི་རེས་ལྷ་རེ་བསྒོམ་པ་ནི། བློ་ཆེ་བས་སྤྱི་དང་ཆུང་བས་རེ་རེ་བསྒོམ་པའི་ཁྱད་པར་གྱི་དབང་དུའོ། །མི་རེས་ལྷ་རེ་བསྒོམ་ན་སློབ་དཔོན་གྱིས་སྤྱིར་བསྒོམ་པར་ཡང་གསུངས་སོ། །གཉིས་པ་ཤེས་རབ་ཀྱི་སྦས་ཚོགས་ལ་གཉིས་ཏེ། ཡབ་སྦས་ལ་ཡུམ་བསྒོམ་པ། ལས་ཀྱི་གཞུང་བསྲང་བའོ། །དང་པོ་ནི། གཞན་ཡང་ཤེས་རབ ། ཅེས་པ་ནས། ཕྱག་རྒྱ་མཚན་མར་སྦས། །ཞེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་ཤེས་རབ་ཀྱི་སྦས་ཚོགས་ཐབས་དང་མི་མཐུན་པ་ལ་ཡབ་སྦས་ལ་ཡུམ་སྒོམ་པའི་ཤེས་རབ་གཟུངས་ཀྱི་ཚོགས་འཆད་པ་ནི། ཇི་ལྟར་ཐབས་རྡོ་རྗེ་དབྱིངས་ཡབ་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཉེར་ལྔའི་གྲངས་སུ་སྦྱོར་ཏེ་གཞུང་དུ་བསྟན་པ་ཅི་ལྟ་བ་དེ་ལྟར་ལྷ་གྲངས་མཉམ་པའི་ཡུམ་ཉེར་ལྔའི་ཚོགས་ཉིད་བུད་མེད་གང་དག་རྣལ་འབྱོར་མར་གྱུར་བའི་ཡུམ་ཆེན་ལྔའི་ཚོམ་བུའི་དཀྱིལ་འཁོར་གསལ་བརྟན་དང་ལྡན་པར་སྒོམ་པ་རྣམས་ཀྱིས། རྡོ་རྗེ་འཛིན་མ་ལ་སོགས་པ་རིགས་ཀྱི་གཙོ་མོ་ཡུམ་ཆེན་ལྔ་དང་། འཁོར་སེམས་མ་བཅུ་དྲུག་སྒོ་མ་བཞི་སྟེ་ལྷའི་གྲངས་ཉེར་ལྔ་ཡུམ་ཆེན་ལྔའི་ཚོམ་བུ་ལ་སོ་སོའི་འཁོར་གྱི་ལྷ་མོའི་རིགས་ཀྱི་ཚོགས་སུ་སོ་སོར་བཀོད་ནས་སྒྲུབ་པ་ཉིད་ཀྱང་། བདེ་གཤེགས་རིགས་ལ་བརྟན་མ་རྡོ་རྗེ་དང་། འབར་མ་རྡོ་རྗེ་དང་། སྡུད་མ་རྡོ་རྗེ་དང་། བསྐྱོད་མ་རྡོ་རྗེའོ། །རྡོ་རྗེའི་རིགས་ལ་རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་བདུག་པ་མ་དང་། རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་སྒྲོལ་མའོ། །རིན་ཆེན་རིགས་ལ་རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་མེ་ཏོག་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་བདེ་བ་མོའོ། །པདྨའི་རིགས་ལ། རྡོ་རྗེ་དབྱངས་ལེན་མ་དང་། རྡོ་རྗེ་མར་མེ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། རྡོ་རྗེ་གསལ་བཀྲ་མའོ། །ལས་ཀྱི་རིགས་ལ་རྡོ་རྗེ་གར་བསྒྱུར་མ་དང་། རྡོ་རྗེ་དྲི་ཆབ་མ་དང་། རྡོ་རྗེ་དྲིལ་བུ་མ་དང་། རྡོ་རྗེ་འབེབས་མའོ། །དེའི་ཕྱི་རོལ་དུ་ཁྲོ་མོ་བཞི་རྣམས་སྒོར་འགོད་པའོ། །དེ་ལྟ་བུར་གནས་དབེན་པར་འཁོར་ཁང་ཕྱི་ནང་བར་ལྡན་དུ་བྱས་པའི་ཤེས་རབ་དབྱིངས་ཀྱི་དཀྱིལ་འཁོར་འདིར་འཇུག་པར་མོས་ཤིང་དགའ་བས་འདུད་པའི་རྣལ་འབྱོར་པ་ལ་སོགས་པ་ཀུན་གྱི་ཐབས་ཡབ་ཀྱི་སྐུ་ཕྱག་རྒྱ་ནི་ཐུགས་ཀར་སྟོང་པ་ཡུམ་གྱི་ངང་དུ་དབྱིངས་ཀྱི་མཚན་མར་སྦས་ཏེ་རབ་ཏུ་གནས་པ་ཡིན་པས་བཤད་པ་ལྟར་བྲི་བའམ། ཏིང་ངེ་འཛིན་གྱིས་ལྷར་བསྐྱེད་པ་ཡན་ལག་དང་ལྡན་པར་བྱས་ནས་བསྒོམ་པ་ཉིད་དོ། །གཉིས་པ་ནི། རྡོ་རྗེ་མཉམ་པའི། ཞེས་པ་ནས། རྣལ་འབྱོར་མ་རྣམས་བསྒྲུབ། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ལས་གཞུང་བསྲང་སྟེ་རྡོ་རྗེ་ཡབ་དང་གྲངས་མཉམ་པའི་གཟུངས་ཆེན་ཡུམ་གྱི་ལྷ་ཚོགས་རྣམས་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་བསྟིམས་ཏེ་བརྟན་པར་བྱས་པའི་ཡུམ་གྱི་སྐུ་རྣམས་ལ་བཤད་པ་ལྟར་མཉམ་པའི་མཆོད་པ་ཕྱི་ནང་གསང་བའི་ཚུལ་དུ་ཕུལ་བས་མཉེས་པར་བྱ་ཞིང་དགྱེས་པ་སྐྱེད་པ་སོགས་ལས་གཞུང་རྒྱས་པ་ཐབས་ཚོགས་ལྟར་བྱས་ཏེ། དེ་ནས་སྲོག་དང་ལྡན་པའི་བྲོ་སྟབས་དང་གར་རྣམས་བྱ་བཞིན་གླུ་ཚིག་བརྗོད་པ་ལ་སོགས་པས་ཡོ་བྱད་དང་དགའ་བདེས་རིག་འཛིན་མཆོག་གི་རྣལ་འབྱོར་མ་རྣམས་ཀྱིས་ལྷ་མོར་བསྒྲུབ་པར་བྱ་བའོ། །དབང་བསྐུར་བ་དང་གདམས་ངག་བྱ་བ་ཐབས་དང་མཐུན་པ་ཉིད་དོ། །འོ་ན་ཐབས་ཤེས་བྲལ་བ་ལ་དགོས་པ་ཅི་ཡོད་སྙམ་པ་ལ། འདི་དག་ནི་ཐབས་ཀྱི་དཀྱིལ་འཁོར་ལ་མོས་པ་དང་། ཤེས་རབ་ཀྱི་དཀྱིལ་འཁོར་ལ་མོས་པའི་དབང་དང་། འགྲོ་བ་ཕོ་མོ་སོ་སོར་བསྒྲུབ་པའི་ཆེད་དུ་གསུངས་ཏེ་དགོངས་པ་ཅན་ཡིན་ནོ། །འོན་ཀྱང་དོན་གྱིས་ཡབ་ཡུམ་བྲལ་བ་ནི་མ་ཡིན་ཏེ། སྐབས་གཉིས་སུ་གཉིས་སྦས་པའི་ཕྱིར་རོ། །འདི་དག་ནི་རྩལ་ཆེན་རྫོགས་པའི་རྣལ་འབྱོར་པའི་སྤྱོད་ཡུལ་དུའང་རིགས་སོ། །ལས་དང་པོ་པ་དག་ནི་སྐལ་པ་དང་སྦྱར་ཞིང་གཟུད་པའོ། གསུམ་པ་དུས་བཞི་མཉམ་པའི་ཚོགས་ལ་ལྔ་སྟེ། དུས་བཞི་མཉམ་པར་ལྟ་བས་ཐག་གཅད་པ། དུས་བཞི་ལྷ་མོར་བསྒོམ་ལུགས། ལས་ཀྱི་གཞུང་བསྲང་བ། བསྒོམ་ལུགས་ཀྱི་བྱེ་བྲག་བསྟན་པ། སྒྲུབ་པའི་འབྲས་བུ་བཤད་པའོ། །དང་པོ་ནི། གཞན་ཡང་དུས་བཞི། ཞེས་པ་ནས། མཉམ་པའི་རང་བཞིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་དུས་བཞིའི་ཚོགས་ཀྱི་དཀྱིལ་འཁོར་འཆད་པ་ནི། འཆད་པའི་དུས་བཞི་གསང་སྔགས་ཇི་བཞིན་པ་ལ་དུས་བཞི་མ་འགག་བྲལ་བའི་ངོ་བོར་ལྟ་བས་ཐག་བཅད་པ་ལྟར་མཉམ་པ་ཉིད་དུ་རིག་ཅིང་རྟོགས་ན། དུས་བཞི་སོ་སོར་ཐ་སྙད་བརྟགས་པ་དང་བྲལ་བས་མཚན་མ་ཐ་དད་པའི་དུས་ཞེས་བྱ་བ་དེ་ལྟར་གཟུང་བར་ག་ལ་རིགས་ཏེ་མི་རིགས་སོ། །དེས་ན་དུས་བཞི་མཉམ་པ་ཉིད་དུ་རབ་ཏུ་ཤེས་ནས་བདེན་པ་དབྱེར་མེད་ཀྱི་དེ་ཁོ་ན་ཉིད་དུ་རྟོགས་ན། དེ་ཉིད་དུས་བཞི་མཉམ་པའི་རང་བཞིན་ཡིན་པས་དེ་ལྟར་ཐག་ཆོད་པ་ཁོ་ན་ཆོས་ཉིད་དབྱིངས་ཀྱི་མཚན་ཉིད་དུ་ངེས་པ་ཡིན་ནོ། །གཉིས་པ་ནི། རྡོ་རྗེ་ལྷ་མོ། ཞེས་པ་ནས། འཁོར་དང་དམ་པའི་དཀྱིལ། །ཞེས་པའི་བར་གྱིས་བསྟན་ཏེ། དུས་བཞི་དབྱེར་མེད་རྡོ་རྗེ་ལྟ་བུའི་ངོ་བོར་ལྷ་མོ་བཞིར་གྱུར་པའི་ཡེ་ཤེས་དུས་ཀྱི་ཚོགས་ནི། འགྲོ་བའི་ངོ་ལ་རྒྱུ་རྐྱེན་འབྲས་བུ་སྤྱད་ཟིན་པའི་བདག་ཉིད་འདས་པའི་དུས་དང་། རྒྱུ་སྤྱད་ལ་འབྲས་བུ་མ་སྤྱད་པ་ད་ལྟར་བྱུང་བ་ཡི་དུས་དང་། རྒྱ་རྐྱེན་ཚོགས་ལ་མ་སྤྱད་པའམ་མི་འབྱུང་བ་ནི་མ་འོངས་པ་དང་། རྒྱུ་རྐྱེན་ཡོད་ཀྱང་རྐྱེན་ལ་རག་ལས་པས་འབྱུང་བར་མ་ངེས་པའི་དུས་ཀྱི་ཆ་རྣམས་སུ་སྣང་བ་ལ། དེ་ཉིད་རང་རིག་པས་དབང་བསྒྱུར་ནས་མཉམ་པ་ཆེན་པོའི་མཚན་ཉིད་དུ་རང་སྣང་བའི་དུས་བཞིའི་རྒྱལ་མོ་རྣམས་ནི་ལྷ་མོ་དྷུཔྤེ་མ་དང་། པུཥྤེ་མ་དང་། ཨཱ་ལོ་ཀེ་དང་། གནྡྷེ་དག་གོ། །དེས་ན་འགྲོ་བའི་ངོ་ལ། དཔྱིད་འཇིག་པ་དང་། དབྱར་སྐྱེ་བ་དང་། སྟོན་སྨིན་པ་དང་། དགུན་སྟོངས་པར་གྱུར་བ་དེ་དག་ཏུ་སྣང་བའི་དུས་བཞི་པོ་ཉིདརིམ་པར་ལྷ་མོ་བཞི་པོར་སྣང་ངོ་། །རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་བཞིའི་སྒོ་མོ་བཞི་དང་། ཚད་མེད་པ་བཞིའི་སྒོ་མོ་བཞི་བསྲུང་བ་དང་། ཕྱི་ནང་གི་སེམས་དཔའ་དང་ཡང་དེ་བཞིན་གྲངས་མཉམ་པའི་སེམས་མ་དྷུཔྤེ་ལ་སོགས་པ་བཞི་དང་། མཉམ་པའི་དབྱིངས་བརྗོད་པ་ལས་འདས་པའི་ངོ་བོར་རང་སྣང་བའི་ལ་སྱེ་མ་ལ་སོགས་པ་བཞི་ཡི་ལྷ་མོ་བརྒྱད་ཤེས་རབ་ཀྱི་འཁོར་དང་། དམ་པའི་དཀྱིལ་རིགས་ཀྱི་གཙོ་བོ་རྣམ་སྣང་ལ་སོགས་པ་རིགས་བཞི་ཉིད་དེ་བཅུ་གསུམ་མམ། ཡང་ན་ཕྱི་ནང་གི་སེམས་མ་དང་སྒོ་མ་བཞི་སྟེ་ལྷ་མོ་བཅུ་གཉིས་ཤེས་རབ་ཀྱི་འཁོར་དང་། རིགས་ཀྱི་གཙོ་མོའམ། བདེ་བ་ཆེན་པོ་ཡབ་ཡུམ་ནི་དམ་པའི་དཀྱིལ་ཏེ་བཅུ་གསུམ་དུ་བསྒོམ་པར་བྱའོ། །གསུམ་པ་ནི། ཇི་ལྟར་རིམ་པར། ཞེས་པ་ནས། ཉི་མ་རྣམས་ལའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བུའི་དཀྱིལ་འཁོར་གྱི་སྒོམ་ལུགས་བསྟན་པ་ཇི་ལྟར་དུ་ཆོ་གའི་ལས་གཞུང་རིམ་པར་བསྲང་ལ། རྡོ་རྗེ་ཡི་གླུ་གར་བྱ་བ་དང་། ལ་སོགས་པ་ཞེས་བསྡུ་བའི་དོན་གྱིས་མཆོད་རྫས་ཀྱི་ཡོ་བྱད་དང་ལོངས་སྤྱོད་རྣམས་ཀྱིས་ཚུལ་བཞིན་དུ་མཆོད་པ་དང་། དཀྱིལ་འཁོར་དེར་འཇུག་པའི་ཚུལ་ཡང་ཐབས་ཀྱི་སྦས་ཚོགས་ནས་བཤད་པ་ཇི་ལྟ་བར་སྒྲུབ་པའི་ཕྲིན་ལས་ཀྱི་ཆ་ཤས་བསྙེན་བསྒྲུབ་ཏུ་འཇུག་པ་དབང་དང་དམ་ཚིག་ཕོག་པ་རྣམས་རང་རང་གི་སྐབས་སུ་འབྱུང་བའི་དུས་ལས་གང་འོག་ཏུ་མི་འདའ་བར་བྱ་བ་དང་། དུས་ཚིགས་བཟང་པོ་གཟའ་པ་སངས་སོགས་གཟའ་སྐར་ཤིས་པ་རྣམས་ནི་ཤིན་ཏུ་བཀྲ་ཤིས་པས་ལྷ་ཡི་ཉི་མ་སྟེ། རྩ་བའི་རྒྱུད་ལས། བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚིགས་བཟང་པོ་རྣམས། །འཇིག་རྟེན་མཚན་མའི་རྟོག་པ་སྟེ། །བརྟགས་ན་བཀྲ་ཤིས་མཚན་མ་འབྱུང་། །ཞེས་པ་དེ་ལྟ་བུ་རྣམས་ལ་བྱའོ། །བཞི་པ་ནི། བདེ་བ་ཆེན་པོ། ཞེས་པ་ནས། རེ་རེར་སྦྱར་བར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། དབུས་ཀྱི་བདེ་བ་ཆེན་པོ་གཙོ་བོ་ཉིད་དང་ལ་སོགས་པ་ཡིས་བསྡུ་བའི་དོན་གྱིས་རིགས་བཞི་དང་ཚོམ་བུ་ལྔར་བསྒོམ་པའམ་ཡང་ན་རྣལ་འབྱོར་པས་ཕྱག་རྒྱ་རྣམས་ལྷ་སྤྱི་བསྒོམ་པའམ་རྣལ་འབྱོར་པ་རེ་རེས་སྐུ་ཕྱག་རྒྱ་རེ་རེར་བསྒོམ་པའོ། །འདིར་ཡང་རྣལ་འབྱོར་པ་དུ་ཡོད་པས་རེ་རེར་ལྷ་རེར་བསྐྱེད་དེ་ལྷ་གྲངས་དང་མཉམ་པར་སྦྱར་ཏེ་སྒོམ་པར་བྱ་བའང་འཐད་པ་ཉིད་དེ་དོན་དུ་བློ་རིམ་ལྟར་རོ། །ལྔ་པ་ནི། འདས་ལ་རྣམ་ཐར། །ཞེས་པ་ནས། མཉམ་པའི་རྒྱལ་པོར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། འདས་པའི་དུས་ཀྱི་ངོ་བོ་ལ་རྣམ་ཐར་བཞིའི་ཚོགས་བསྐྲུན་པ་དང་སྦྱར་ཏེ་བསྟན་པ་དང་། ད་ལྟར་བྱུང་བ་དང་མི་འབྱུང་བ་མ་འོངས་པ་ལ་རིམ་པ་བཞིན་ཚད་མེད་པ་བཞི་དང་སེམས་མ་ལཱ་སྱེ་སོགས་བཞི་དང་མཉམ་པར་སྦྱར་ཏེ་ཚོགས་ཀྱི་འབྲས་བུ་བསྐྲུན་པར་བསྟན་ཏེ། དེའང་འདས་པ་དང་རྣམ་ཐར་ངོ་བོ་ཉིད་མ་དམིགས་པའི་ཕྱིར་དང་། ད་ལྟར་དང་ཚད་མེད་དོན་བྱ་བྱེད་མངོན་སུམ་དུ་ཡོད་པའི་ཕྱིར་དང་། མ་འོངས་པ་དང་སེམས་མ་དོན་ཤེས་རབ་སྣང་བས་བརྟག་ཏུ་མེད་པའི་རང་བཞིན་གྱི་ཕྱིར་རིམ་པར་སྦྱར་བར་བྱའོ། །དེ་ལྟར་སུས་རྟོགས་པ་དེ་ནི་མཉམ་པའི་རྒྱལ་པོར་ཆོས་སྐུ་ཆེན་པོ་ཉིད་དུ་འགྲུབ་པར་འགྱུར་རོ། །བཞི་པ་ཉི་ཟླའི་ཚོགས་ལ་ལྔ་སྟེ། བསྒྲུབ་པ་ཡོན་ཏན་དང་བཅས་པ། འགྲུབ་པའི་ཚུལ་བསྟན་པ། ཡེ་ཤེས་འཆར་ཚུལ་བཤད་པ། བར་ཆད་བྱུང་ན་སྐོང་ཐབས་བསྟན་པ། བསྒྲུབ་པའི་འབྲས་བུ་བཤད་པའོ། །དང་པོ་ནི། གཞན་ཡང་རྣལ་འབྱོར། ཞེས་པ་ནས། དུས་ཀྱི་རྒྱུན་ཚོགས་སྦྱར། །ཞེས་པའི་བར་གྱིས་བསྟན་ཏེ། ཐབས་ཤེས་རབ་ཟུང་དུ་འབྲེལ་བ་ལ་མོས་པའི་ཆེད་དུ། ཐབས་ཀྱི་ལམ་བསྟན་པའི་ཕྱིར། དུས་བཞིའི་ཚོགས་ལས་གཞན་ཡང་མི་མཐུན་པ་ནི་ཉི་ཟླའི་ཚོགས་ཀྱི་དཀྱིལ་འཁོར་འཆད་པ་སྟེ། དེ་ཡང་གང་ཞེ་ན། ཡང་དག་པའི་ལམ་ལ་གནས་པའི་རྣལ་འབྱོར་པས་གསང་བ་བྱང་ཆུབ་སེམས་ཀྱི་ཐིག་ལེ་འབྲས་བུའི་ས་མཆོག་མཐར་ཕྱིན་པར་རྫོགས་པ་ནི། དཔེ་ཚེས་བཅུ་དྲུག་ལ་ཟླ་བའི་འཕེལ་ཆ་རྒྱས་པའི་ཚུལ་དང་འདྲ་ལ། དེ་ཡང་ཐབས་ཤེས་རབ་ཀྱི་ཆས་ཐབས་ཀྱི་བྱང་ཆུབ་སེམས་དཔའ་བཅུ་དྲུག་ལ། ཤེས་རབ་སེམས་མ་བཅུ་དྲུག་རྫོགས་པ་ནི་ཟླ་བ་རྒྱས་པའི་དཀྱིལ་འཁོར་ཉ་གང་བ་ལྟ་བུའོ། །སྙིང་རྗེའམ་ཐུགས་རྗེའི་ཡེ་ཤེས་ཀུན་ཏུ་གསལ་བ་བཅུ་དྲུག་ཤར་བ་ནི་སེམས་དཔའ་བཅུ་དྲུག་ཏུ་ཤར་བས་དཔེ་ནམ་མཁའ་ལ་ཉི་མ་ཤར་བའི་ཚུལ་ཇི་ལྟ་བ་བཞིན་དུ་འགྲོ་བའི་དོན་མཛད་དོ། །ཡང་ན་བྱང་སེམས་རྫོགས་པ་ཟླ་ཉིའི་དཀྱིལ་འཁོར་རྒྱས་པའི་ཐབས་ཤེས་སུ་བྱས་ཏེ་ཉི་ཟླ་རང་ངོ་ལ་སྦྱར་བའང་སྣང་ངོ་། །དེ་བས་ན་བྱང་ཆུབ་ཀྱི་སེམས་རྣམ་གཉིས་བདེ་སྟོང་གི་ཆོས་ཉིད་དམ་པ་གཉིས་སུ་མེད་པའི་ངང་དུ་རྫོགས་ཏེ་མཉམ་པ་ཆེན་པོ་མཐར་ཕྱིན་པའི་རྣལ་འབྱོར་པ་ནི་གསང་ཆེན་ཐབས་ཀྱི་སྙིང་པོ་ཡང་དག་པར་ངེས་པའི་སངས་རྒྱས་ཀྱི་ས་མཆོག་ལ་གནས་པ་ཡིན་ནོ། །དེ་ལྟ་བུའི་འབྲས་བུ་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་བགྲོད་ཅིང་ཕྱིན་པར་བྱ་བའི་ཐབས་དམ་པ་ནི། རྡོ་རྗེ་ལྟ་བུའི་དུས་བཞིར་བར་གྱི་རྒྱུན་མ་ཆད་པར་ཚོགས་ཀྱི་དཀྱིལ་འཁོར་ལ་གནས་ཏེ་སེམས་ཉིད་དང་མ་བྲལ་བར་ལྟ་བས་མཉམ་པར་རྟོགས་པ་དང་། སྤྱོད་པས་དུས་བཞིའི་ཚོགས་ལ་མ་འགག་པར་སྤྱོད་དེ་ལྷུན་རྫོགས་སུ་སྦྱར་བ་དེ་ཉིད་ཡིན་ནོ། །གཉིས་པ་ནི། སྐར་ཚོགས་དབུས་ན། ཞེས་པ་ནས། ཚོགས་ཀྱི་རྫོགས་པར་བསྐྲུན། །ཞེས་པའི་བར་གྱིས་བསྟན་ཏེ། དེའི་དཔེ་ཡང་སྐར་མའི་ཚོགས་མང་པོའི་དབུས་ཀྱི་དཀྱིལ་ན་ཟླ་བའི་ཐིག་ལེ་ཉ་གང་བར་སྣང་བའང་། བཅུ་དྲུག་གི་ཞག་གི་ཟླ་བ་ཚད་དུ་ཕྱིན་ཏེ་ཆ་ཤས་རྫོགས་པ་བཞིན་དུ། ས་མཆོག་བཅུ་གསུམ་པ་ཡི་གེ་འཁོར་ལོ་ཚོགས་ཆེན་ཉིད་ས་ལམ་གྱི་ཐབས་དང་བརྩོན་འགྲུས་ཀྱི་རྩལ་ཆེན་པོ་རྫོགས་པའི་མཐུས་འབྲས་བུའི་ས་རུ་ལྷུན་གྱིས་གྲུབ་ཅིང་ཐོབ་པར་གྱུར་པའང་། སེམས་དཔའ་ཡབ་ཡུམ་བཅུ་དྲུག་ཟུང་གི་དཀྱིལ་འཁོར་བསྒོམ་པའི་ཚོགས་ཀྱིས་དགའ་བ་བཅུ་དྲུག་གི་ངོ་བོར་རྫོགས་པས་སྙིང་པོ་བྱང་ཆུབ་ཏུ་བསྒྲུབ་པའི་ཕྱིར་ན། མཛེས་པའི་ཟླ་བ་ཤེས་རབ་དབྱིངས་ཀྱི་རང་བཞིན་ཡུམ་མཆོག་སེམས་མ་བཅུ་དྲུག་གིས། ཡེ་ཤེས་ཉི་མ་གསལ་བའི་འོད་ཀྱི་ངོ་བོ་སེམས་དཔའ་བཅུ་དྲུག་གི་སྐུའི་ཕྱག་རྒྱ་སོ་སོར་གསལ་བ་ལ། ཐབས་དང་ཤེས་རབ་ཟུང་འཇུག་གཉིས་སུ་མེད་པར་གཅིག་ལ་གཅིག་མཛེས་པར་སྤྲས་ཏེ་ལེགས་པར་སྤེལ་མར་བཞུགས་པའི་རོལ་པའི་ལོངས་སྤྱོད་ཆེན་པོའི་དགྱེས་པས་བདེ་བ་དམ་པ་དེ་ཉིད་ཀྱང་། ལྷ་ཡབ་ཡུམ་བཅུ་དྲུག་གི་ཚོགས་ཀྱི་མཐར་ཕྱིན་པར་རྫོགས་པར་བསྐྲུན་ཏེ་འབྲས་བུ་སངས་རྒྱས་སུ་འགྱུར་བའོ། །གསུམ་པ་ནི། རྫོགས་པ་ཉིད་ན། ཞེས་པ་ནས། སྤྱད་ན་ཉི་མ་འཆར། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཚོགས་ཀྱི་དཀྱིལ་འཁོར་གྱི་འབྲས་བུ་མཐར་ཕྱིན་པར་རྫོགས་པ་ཉིད་ན་ཡང་། དེ་ལ་ངོ་བོ་འདི་འདྲར་མི་དམིགས་པས་བསྟན་ཅིང་བསམ་དུ་མེད་པ་གཉིས་པའི་ཐ་སྙད་བྲ ལ་བའི་བྱང་ཆུབ་ཀྱི་སེམས་དེ་བཞིན་ཉིད་མ་བཅོས་པའི་ངང་དུ་དག་པར་སྦྱངས་པས་ན། དུས་བཞིའམ་ཆོས་ཐམས་ཅ ད་མཉམ་པར་ཤར་བས་མཐའ་རིལ་སྟོང་པ་ཆེན་པོར་གསལ་བར་གྱུར་བ་ལ་དངོས་པོ་ཐམས་ཅད་དབྱིངས་སྤྲོས་བྲལ་གྱི་དོན་རིགས་པས་མངོན་དུ་བྱས་པས་ཆོས་སྐུར་རྫོགས་ཏེ་བྱང་ཆུབ་ཆེན་པོའི་ངོ་བོར་བྱུང་ཐེབས་པས། དེ་ལྟ་བུའི་གཞིའི་ངང་ལ་འཁོར་བའི་སྡུག་བསྔལ་དང་བྱང་ཆུབ་ཆེན་པོའི་བདེ་བ་ཡང་རིས་སུ་བཙལ་གྱིས་མི་རྙེད་པར་གཉིས་སུ་མེད་པ་ཉིད་དེ། དོན་དེ་རྟོགས་ཤིང་གྲུབ་པར་བྱ་ན། ཐེག་པ་ཆེན་པོ་རྨད་བྱུང་གསང་བའི་དོན་ལ་སེམས་བསྐྱེད་དེ་གཉིས་སུ་མེད་པར་བློ་ལ་གསལ་བར་བྱ་ཞིང་། ཐབས་དང་ཤེས་རབ་ཀྱི་སྤྱོད་པའི་ལས་ལམ་ཆེན་པོ་ཚུལ་བཞིན་དུ་སྤྱད་པར་བྱ་བ་དང་། དེ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཆ་ཤས་ཕྲ་མོ་ཙམ་དུ་ཤར་བའི་ཉམས་དྲོད་ཟིན་ནས་སྐྱེད་དུ་གྱུར་པ་ན། ནང་བྱང་ཆུབ་སེམས་ཀྱི་རྟོགས་པ་དམ་པ་དང་གཉིས་སུ་མེད་པར་སྤྱད་ན་མཇུག་རང་བྱུང་གི་ཡེ་ཤེས་ཆེན་པོའི་ཉི་མ་རང་ལས་འཆར་བར་འགྱུར་རོ། །བཞི་པ་ནི། དུས་འདི་རྒྱུན་གྱི། ཞེས་པ་ནས། ཆེན་པོའི་ལས་རྣམས་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དང་དུ་མ་བླངས་པའི་སྐྱོན་བསྟན་པའི་ཕྱིར། དུས་ཀྱི་རྒྱུན་དུ་ཚོགས་ཀྱི་དཀྱིལ་འ ཁོར་འདི་ཉིད་བར་མི་གཅད་པར་བྱ་རྒྱུ་ཡིན་པ་ལས་གལ་ཏེ་རྒྱུན་གྱི་དུས་སུ་བར་ཆད་ཀྱི་དབང་དུ་གྱུར་ན། འདི་ལ་བསྙེན་པ་དང་ཉེ་བསྙེན་ཙམ་བྱས་པ་དག་གིས་བཟློག་པར་དཀའ་བས་མི་སྐོངས་སོ། །དེ་བས་ན་བསྒྲུབ་པ་ཉིད་ལ་བྱའོ། །དེའང་ལེ་ལོ་དང་རྐྱེན་དབང་གི་བར་ཆད་བྱུང་ན། སླར་བསྐང་བ་དང་གསོ་རུ་གཞུག་པའི་ལས་ཆེན་པོའི་སྦྱོར་བ་བརྩམ་པར་བྱ་བ་ནི་བསྐང་བའི་མཆོག་གོ། །དཔེར་ན་ནམ་མཁའ་ལ་ཟླ་བ་ཉ་བ་འོད་གསལ་ཞིང་གྲ་ཟུར་རྒྱས་པ་བཞིན་དུ། ས་ལ་ཐབས་ཤེས་དང་ཚོགས་གཉིས་དང་ཕྱག་རྒྱ་མང་པོས་དངོས་གྲུབ་སྒྲུབ་པའི་རྣལ་འབྱོར་པ་ཡབ་ཡུམ་གྲ་རྒྱས་པར་སྤྱད་པའོ། །གང་འདིར་རྣལ་འབྱོར་པ་གྲ་རྒྱས་པར་འདོད་ན། བསོད་ནམས་ཀྱི་དཔུང་ཆེན་པོ་བསྐྱེད་པ་དང་། དགེ་བ་རྒྱ་ཆེན་པོ་འགྲོ་བ་དང་ཐུན་མོང་དུ་བྱས་ཏེ་བསྔོ་བ་ཆེན་པོའི་ཐབས་ཀྱིས་བླ་མེད་བྱང་ཆུབ་ཏུ་འགྱུར་བའི་ལས་རྣམས་བསྒྲུབ་སྟེ་མི་དམིགས་པ་དང་ལྡན་པར་བྱའོ། །ལྔ་པ་ནི། དེས་ནི་ཉི་ཟླ། ཞེས་པ་ནས། བཅུ་གསུམ་ས་ལ་གྲུབ། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་སྒྲུབ་པ་དེས་ནི་འབྲས་བུ་ཇི་ལྟར་ཐོབ་ནས། ཐོག་མར་ཉི་ཟླ་ཞོན་ཏེ་འགྲོ་བའི་རིགས་འཛིན་ཏེ། ཐབས་ཤེས་ལ་དབང་ཐོབ་ནས་ཕྱག་རྒྱ་ཆེན་པོའི་ས་ཐོབ་པ་ལ་གནས་པར་འགྱུར་རོ། །དེ་ཕན་ཆད་ནས་མཐར་ཐུག་བདེ་བ་ཆེན་པོ་བཅུ་གསུམ་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མཆོག་ཉིད་ལ་ལྷུན་གྱིས་གྲུབ་སྟེ་སངས་རྒྱས་སུ་འགྱུར་པ་ནི་ངེས་པའོ། །ལྔ་པ་ཡི་གེའི་ཚོགས་ལ་གསུམ་སྟེ། ཡོན་ཏན་བསྟན་པ། ལས་ཀྱི་གཞུང་བསྲོང་བ། སྒྲུབ་པའི་འབྲས་བུའོ། །དང་པོ་ནི། གཞན་ཡང་རྒྱུན་དུ། ཞེས་པ་ནས། རྒྱུན་གྱིས་ཏིང་འཛིན་འཐོབ། །ཅེས་པའི་བར་གྱིས་བསྟན་ཏེ། ཉི་ཟླའི་ཚོགས་ལས་མི་མཐུན་པ་གཞན་ཡང་ཡི་གེའི་ཚོགས་ཀྱི་དཀྱིལ་འཁོར་འཆད་པ་སྟེ། དེ་ཡང་དུས་བཞིར་བར་མི་གཅད་པར་རྒྱུན་དུ་བྱ་བའི་ཐབས་དམ་པ་ནི་གང་ཞེ་ན། ཕུང་ཁམས་སྐྱེ་མཆེད་སོགས་དངོས་པོ་གཉིས་པའི་ཆོས་རྣམས་ཀུན་གྱི་ངོ་བོ་ཡེ་ནས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་སངས་རྒྱས་པ་ཉིད་ཡིན་ཏེ། སངས་རྒྱས་ཀྱི་ངོ་བོ་སེམས་དཔའ་ཡབ་ཡུམ་སུམ་ཅུ་རྩ་གཉིས། སྒོ་བ་ཡབ་ཡུམ་བརྒྱད། གཙོ་བོ་ཡབ་ཡུམ་བཅུ་སྟེ་ལྷ་ལྔ་བཅུའི་རྒྱལ་བའི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་སུ་སྣང་བ་ཉིད་དོ། །དེའི་སྐུ་དང་གསུང་ཐུགས་སུ་བཏགས་པའི་ཕྱག་རྒྱ་དག་གི་ཡོན་ཏན། ཡི་གེའི་ཕྲེང་བ་ཉིད་ཀྱི་རང་བཞིན་ལ་རྫོགས་པ་ཡིན་པའི་ཕྱིར། དེ་ལྟར་ཐག་ཆོད་ནས་ཨཱ་ལི་ཀཱ་ལིའི་ཡི་གེ་གསུང་ཕྱག་རྒྱའི་ཡེ་ཤེས་རྣམས་ནི། རྣལ་འབྱོར་པ་ལམ་པས་དུས་བཞིའི་རྒྱུན་གྱི་རྒྱུན་མ ི་ཆད་པ་ཉིད་དུ་སྒོམ་པར་བྱ་བ་ཡིན་ནོ། །དེ་ལྟར་འབད་པ་དེས་ནི་རྒྱུན་གྱི་ཏིང་ངེ་འཛིན་འཐོབ་པར་འགྱུར་བ་ཉིད་དེ་བསྒོམ་པའི་ཡོན་ཏན་ནོ། །གཉིས་པ་ནི། རྒྱུན་གྱི་རྒྱུན་དུ། ཞེས་པ་ནས། བཅས་སྦྱར་དེ་བཞིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། འདི་ཉིད་རྒྱུན་གྱི་རྒྱུན་དུ་བར་མི་གཅད་པར་ཉམས་སུ་བླང་བའི་ཐབས་ནི། རྡོ་རྗེ་ཐེག་པའི་ཡང་གསང་སྙིང་པོའི་ལུགས་ཀྱི་དངོས་པོ་ཐམས་ཅད་རང་རིག་པའི་ཡེ་ཤེས་ཡིན་པས། ནམ་དང་ཉི་མའམ་ཉིན་མཚན་དུ་སྣང་བའི་དུས་ཀྱང་རྡོ་རྗེ་སྟེ། དེ་དག་གི་དུས་ཚོད་ལ་བསམ་པས་ཡི་གེའི་ཚོགས་བསྒོམ་པ་ལས་ལྷར་བསྐྱེད་ཅིང་ཡི་གེའི་འཕྲོ་འདུ་ལ་བརྟེན་ནས་དོན་དུ་རྫོགས་པའང་དེ་ལྟར་བསམ་པས་ངང་ལས་མི་འདའ་བར་སྦྱར་བར་བྱའོ། །དེ་ལྟ་བུའི་དཀྱིལ་འཁོར་བསམ་པ་ལ་དྲངས་ཤིང་བསྟིམ་སྟེ་བརྟན་པ་ལ་མཆོད་པ་དང་བཟླས་བརྗོད་བསྙེན་པ་དང་བཅས་པ་སྦྱར་ཏེ་ལས་ལ་འབད་པའང་བཤད་པའི་ཐབས་ཚོགས་ཀྱི་ལས་གཞུང་བསྲང་བ་ཇི་ལྟ་བ་དེ་བཞིན་དུ་བྱ་བ་ཡིན་ནོ། །འོ་ན་ཡི་གེ་ལས་ལྷར་བསྐྱེད་པའི་འཕྲོ་འདུ་བཤད་པ་ལའང་ཡོད་ན། འདི་ཁོ་ན་ལ་ཁྱད་པར་དུ་གདགས་པ་ཅི་ཞེ་ན། འདིར་ཡི་གེ་གཙོར་བྱེད་པའི་སྒོ་ནས་མི་འགལ་ཏེ། གཞན་དག་ནི་ལྷ་གཙོར་བྱེད་ཅིང་ཡི་གེ་ཡན་ལག་ཏུ་བྱེད་པའི་ཕྱིར་རོ། །གསུམ་པ་ནི། འདི་ནི་དོན་དང་། ཞེས་པ་ནས། དམ་པར་དེ་ཉིད་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། ཡི་གེ་ཚོགས་ཀྱི་དཀྱིལ་འཁོར་འདི་ནི་དོན་དམ་པའི་འབྲས་བུ་དང་ཁྱད་པར་དུ་ཉེ་བའི་ལམ་དམ་པ་གྱུར་པས་འདི་ལ་འབད་ན་འབྲས་བུ་བསྐྲུན་པ་མྱུར་བར་འགྲུབ་པའི་དོན་ཏེ། ལམ་ཀུན་ལའང་འབྲས་བུ་ལ་འདི་ཉིད་ཉེ་བས་དེ་ཉིད་མྱུར་དུ་འགྲུབ་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་འདིར་ནི་ཡི་གེ་རྒྱུན་གྱི་ཏིང་ངེ་འཛིན་གྱིས་རྒྱུན་དུ་ཚོགས་ཀྱི་དཀྱིལ་འཁོར་བར་མ་གཅད་པ་འབད་པ་དེས། འབྲས་བུའི་རིག་འཛིན་ལས་ཀྱང་ཁྱད་པར་དུ་གྱུར་པས་དམ་པའི་དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་མཆོག་མཐར་ཐུག་པ་དེ་ཉིད་དུ་འགྱུར་པ་ལ་ཐེ་ཚོམ་མེད་པའོ། །འདི་ལ་ཡི་གེའི་ཕྲེང་བས་ཚེ་སྒྲུབ་པ་ཞེས་ཀྱང་གསུངས་སོ། །དྲུག་པོ་རྡོ་རྗེ་དྲྭ་བ་འབྲེལ་བའི་ཚོགས་ལ་གསུམ་སྟེ། དེའི་ངེས་ཚིག་བསྟན་པ། ལས་ཀྱི་གཞུང་བསྲང་བ། བསྒྲུབ་པའི་འབྲས་བུ་བཤད་པའོ། །དང་པོ་ནི། གཞན་ཡང་རྡོ་རྗེ། ཞེས་པ་ནས། འབྱུང་བས་དབྱིངས་ཞེས་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་སྔ་མ་ལས་མི་མཐུན་པ་ཐབས་དང་ཤེས་རབ་རྡོ་རྗེ་དྲྭ་བའི་དབྱིངས་སུ་འབྲེལ་བའི་ཚོགས་ཡོན་ཏན་དང་དངོས་གྲུབ་ཀྱི་འབྱུང་གནས་ཐུགས་ཀྱི་དགོངས་པས་བརྣག་པའི་གསང་ཆེན་གསང་བའི་དོན་འཆད་པ་འདི་ནི་བཤད་པའི་དོན་ཉིད་ལས་འགྲེལ་ཏེ། རྡོ་རྗེ་བརྗོད་པ་ནི་འདིར་གསང་བའི་རྡོ་རྗེ་ཡིན་པས་ན། ཐབས་ཀྱི་རྡོ་རྗེ་གསང་བའི་དབང་པོ་དང་། ཤེས་རབ་ཀྱི་པདྨ་གསང་བའི་ཡུལ་གཉིས་དབྱེར་མེད་པར་གྱུར་ཏེ་བདེ་ཆེན་གྱི་ངང་དང་འབྲེལ་བས་ནི་དྲྭ་བའི་དོན་ཏེ། དེ་ཉིད་ལས་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐམས་ཅད་འབྱུང་ཞིང་འཆར་བས་དབྱིངས་ཞེས་བྱ་བའི་མིང་གི་ངེས་ཚིག་ཀྱང་འགྲུབ་པར་འགྱུར་རོ། །གཉིས་པ་ནི། རྡོ་རྗེ་འཛིན་མ། ཞེས་པ་ནས། རིམ་བཞིན་སྦྱར་བྱས་ནས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་ཀྱང་ཐབས་ཤེས་ཀྱི་ལྷ་དངོས་གང་ཞེ་ན། ཡུམ་རྡོ་རྗེ་འཛིན་མ་དབྱིངས་ཕྱུག་མ་ལ་སོགས་པའི་ཡུམ་ཉི་ཤུ་རྩ་ལྔ་དང་། ཡབ་རྡོ་རྗེ་འཛིན་པའི་སེམས་དཔའ་ལ་སོགས་པ་ཡབ་ཉི་ཤུ་རྩ་ལྔ་དང་བཅས་ཏེ་ཡི་གེའི་ཚོགས་ཀྱི་ལྷ་གྲངས་ལྟར་ཡབ་ཡུམ་ཐབས་དང་ཤེས་རབ་ཟུང་དུ་འཁྲིལ་ནས་དོན་མཉམ་པའི་ངང་དུ་བཞུགས་པ་ཡང་བཤད་པ་དེ་བཞིན་ཏེ། དེ་ལྟ་བུ་རྣམས་ཀྱི་ཚོགས་ཀྱི་དུས་སུ་གཟུགས་བརྙན་གྱི་དཀྱིལ་འཁོར་དངོས་སུ་བྲིས་པས་བཞེངས་སུ་གསོལ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་བར་བསྒོམ། རང་བཞིན་གྱི་དཀྱིལ་འཁོར་དབྱིངས་ཀྱི་གནས་ནས་སྤྱན་དྲངས་ཏེ་བསྟིམ་པ་སོགས་ཚོགས་ཀུན་མཐོང་བའི་གཞུང་དོན་ཇི་ལྟར་དུ་ལས་ཀྱི་རིམ་པ་བཞིན་སྦྱར་ཏེ་སྒྲུབ་པར་བྱས་ན་འབྲས་བུ་ངེས་པར་ཐོབ་པའོ། །གསུམ་པ་ནི། ཇི་ལྟར་འདོད་པ། ཞེས་པ་ནས། ཁམས་ལྟར་མཉམ་པར་གསུངས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་སྒྲུབ་པས་རང་གི་ལས་དང་དངོས་གྲུབ་ཇི་ལྟར་འདོད་ཅིང་བསམ་པ་གང་ལྟར་མོས་པ་དེ་ལྟར་འགྲུབ་པའི་ཚུལ་ནི། དཔེར་ན་ནོར་བུ་རིན་པོ་ཆེའམ། འདོད་པའི་ཁམས་ཀྱི་ལྷ་འཕྲུལ་དགའ་ལྟར་དུ་བདག་གི་རེ་བ་ཇི་སྙེད་པའང་འབྱུང་བས་ལྷ་དང་མཉམ་ཞིང་སངས་རྒྱས་ཀྱི་ཡོན་ཏན་ཇི་ལྟ་བར་བདག་གིས་ཀྱང་ཐོབ་པར་འགྱུར་ཏེ་གོང་འཕང་མཆོག་ཉིད་འགྲུབ་པར་བཀའ་ལས་གསུངས་པ་གང་ཉིད་འཁྲུལ་མེད་དུ་བཤད་པའོ། །བདུན་པ་ཐབས་ཤེས་རབ་འབྲེལ་བའི་ཚོགས་ལ་ལྔ་སྟེ། སྐལ་ལྡན་སྤྲོ་བ་སྐྱེད་པ། དཀྱིལ་འཁོར་བསྐྱེད་པ། གདུལ་བྱ་གང་གི་དོན་དུ་བྱུང་བ། དཀྱིལ་འཁོར་གྱི་ངོ་བོ་ལས་རིམ་དང་བཅས་པ། དབང་དང་དངོས་གྲུབ་བསྒྲུབ་པའོ། །དང་པོ་ནི། གཞན་ཡང་གང་དུ། ཞེས་པ་ནས། དགའ་བའི་ངོ་མཚར་སྐྱེས། །ཞེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་བཤད་པའི་དོན་ཉིད་མི་མཐུན་པའི་བྱེ་བྲག་སྟོན་པ་ནི། གནས་གང་དུ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་གང་འབྲེལ་བའི་ཚོགས་ཀྱི་དོན་ལྟ་བས་ཐག་བཅད་པ་ལྟར་གསང་ཆེན་གསང་མཆོག་དམ་པའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ནི། བསམ་གྱིས་མི་ཁྱབ་ཅིང་ཐ་དད་དུ་སྣང་བའི་ཆོས་རྣམས་ཀུན་གྱི་ངོ་བོ་ཉིད་སེམས་ཉིད་ཇི་བཞིན་པའི་རང་བཞིན་གྱི་ངང་འདི་ཉིད་དུ་གཅིག་པས། ལྷ་ཡབ་ཡུམ་དུ་རོལ་བ་རྟགས་སུ་བཀོད་པ་ལྟར་དོན་གྱི་ངོ་བོར་ཕན་ཚུན་དྲྭ་བས་འབྲེལ་བའི་དབྱེར་མེད་མཉམ་པ་ཉིད་ཀྱི་ངོ་བོ་ལ་མཐའ་གཉིས་མེད་པས་སྟོང་ཉིད་ནམ་མཁའི་དབྱིངས་ཀྱི་རང་བཞིན་ཉིད་ཐམས་ཅད་ཀྱི་གཞིར་གྱུར་པའི་ངང་ལས་སྤྲུལ་པ་སྣ་ཚོགས་པའི་བཀོད་པ་བྱེ་བ་ཕྲག་མང་ཇི་སྙེད་པའི་ཚུལ་དུ་རིག་པ་ཅིར་ཡང་སྣང་མོད། ངོ་བོ་ཐ་དད་མེད་པར་ཆོས་སྐུ་ཆེན་པོར་གཅིག་པ་ནི་ཐབས་དང་ཤེས་རབ་གཉིས་མེད་ཆེན་པོར་མཉམ་པའི་ཚུལ་དུ་འབྲེལ་བའི་རྣམ་དབྱེར་མེད་པའི་དོན་ཏེ། དཔེ་དྲྭ་བ་དང་འདྲ་བའི་ཚུལ་དུ་འབྲེལ་བར་ཐག་ཆོད་དོ། །དེ་ལྟ་བུའི་དོན་ནི་རྣལ་འབྱོར་པ་ཤེས་རབ་ཆེན་པོའི་བློ་གྲོས་མཆོག་དང་ལྡན་པའི་སྤྱོད་ཡུལ་ཡིན་པས་དེ་ཉིད་ཇི་བཞིན་དུ་རྟོགས་པར་ནུས་པའི་ཤེས་རབ་ཀྱི་རྩལ་དང་ལྡན་པའི་སློབ་མ་གསང་སྒོ་འདིར་ཞུགས་པའི་སྣོད་དང་ལྡན་པ་འདི་ལ་བླ་མས་མན་ངག་གསང་བའི་སྒོ་དབྱེ་སྟེ་ཟབ་མོའི་དོན་རྣམས་སྦྱིན་པར་བྱའོ། །སྐལ་པ་ཅན་ལ་བྱིན་ན་རྟགས་ནི་གསང་བའི་སྒོ་འདིར་རིགས་ངེས་པར་ཆུད་དེ་མི་ལྡོག་པའི་བུ་རྣམས་ནི། ཤེས་རབ་ཀྱི་བློ་གྲོས་ཆེན་པོ་དང་མན་ངག་གི་ཐབས་དང་ལྡན་པས་ན་རྒྱུ་དེ་ལས་ཐེག་པ་མཆོག་གི་དགོངས་སྤྱོད་ཟབ་མོ་ལེན་པར་ཆས་པ་ལ་མི་སྐྲག་ཅིང་སྔངས་པ་མེད་པར་སླར་དད་ཅིང་མོས་པ་དང་། དགའ་བའི་འདུན་པ་སྐྱེས་ཏེ་ཆོས་ལ་བཟོད་པ་ཐོབ་ནས་ངོ་མཚར་སྐྱེ་བར་འགྱུར་བ་ནི་དངོས་སུ་ན་ས་བཞི་པ་ལྟ་བུའོ། །གཉིས་པ་ནི། གསང་ཆེན་གསང་བའི། ཞེས་པ་ནས། སམ་ནི་ཅིག་ཆར་བསྐྱེད། །ཅེས་པའི་བར་གྱིས་བསྟན་ཏེ། གསང་ཆེན་སྙིང་པོའི་ལུང་དང་འབྲལ་བའི་ལྷ་གྲངས་སུམ་ཅུ་རྩ་བཞིའི་དཀྱིལ་འཁོར་གྱི་ངོ་བོ་གསང་བ་མཆོག་ཏུ་གྱུར་པའི་དཀྱིལ་འཁོར་གྱི་དོན་འདི་ཉིད་ཉེ་བར་གཟུང་བ་ནི། གཙོ་བོ་རྡོ་རྗེ་རྒྱལ་པོ་རིགས་ལྔ་དང་རྡོ་རྗེ་རྒྱལ་མོ་ཡུམ་ལྔར་བཅས་པའི་ཐབས་དང་ཤེས་རབ་ལྔ་གཉིས་ཏེ་བཅུ་ཉིད་ཟུང་དུ་འཁྲིལ་ཏེ་བཞུགས་པ་ནི། །གཙོ་བོ་གཡས་ནས་ཡུམ་གཡོན་དུ་བཞུགས་པས་ཡབ་ཀྱིས་འཁྲིལ་ཞིང་ཡུམ་གྱིས་འཁྱུད་དེ་སྦྱོར་བའི་སྐྱིལ་ཀྲུང་དུ་བཞུགས་པའོ། །ཡབ་རྣམས་ཀྱི་གཡས་ཉིད་ན་ཐུགས་ཀྱི་བྱང་ཆུབ་མཚོན་པས་མི་བསྐྱོད་པའི་རྡོ་རྗེ་དང་། རང་རང་གི་མཚན་མ་སྣང་མཛད་ཀྱི་འཁོར་ལོ་དང་། རིན་ཆེན་འབྱུང་ལྡན་རིན་པོ་ཆེ་འབར་བ་དང་། སྣང་བ་མཐའ་ཡས་ཀྱི་པདྨ་དང་། དོན་ཡོད་གྲུབ་པ་རལ་གྲི་རྣམས་འོད་འབར་བ་བསྣམས་པའོ། །ཀུན་ཀྱང་གཡོན་ཉིད་ན་སྒྲ་བརྙན་གྱི་དྲིལ་བུ་བསྣམས་པ་ཉིད་དང་། ཡུམ་རྣམས་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་རྟགས་དྲིལ་བུ་བསྣམས་ཏེ། དེ་ལྟར་ཐུགས་ཀྱི་རང་རྟགས་ཀྱིས་ཕྱག་རྒྱས་མཛེས་པར་བརྒྱན་ཏེ་འོད་དུ་གསལ་བ་ཡི་སྐུ་དེ་དག་གི་ཚུལ་ལ་ཡབ་རྣམས་དབུ་གཡོན་དུ་འཕྱོ་ཞིང་ཡུམ་རྣམས་གཡས་སུ་འདུད་པའི་གཟི་མདངས་དང་ལྡན་པས། ཡབ་ཡུམ་གཅིག་ལ་གཅིག་ཆགས་པ་ཆེན་པོའི་རྗེས་སུ་ཆགས་ཤིང་དགོངས་པ་གཡོ་ཞིང་ལྡང་བའི་ཚུལ་ཉིད་ཀྱིས་ནི། རྡོ་རྗེའི་རིགས་སེང་ཆེན་གྱི་གདན་དང་། བདེ་གཤེགས་རིགས་ཁྱུ་མཆོག་གི་གདན། ལ་སོགས་པ་ཞེས་པས་རིན་ཆེན་རིགས་རྟའི་གདན་དང་། པདྨའི་རིགས་རྨ་བྱའམ་ཁྱུང་གི་གདན་དང་། ལས་ཀྱི་རིགས་ཤང་ཤང་ཏེའུའི་གདན་ལ་བཞུགས་ཏེ་གདན་རེ་རེའང་ལྔ་བརྩེག་གོ། །སེམས་ཅན་གྱི་གདན་རྣམས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་དམན་པའི་ལུས་སུ་བྱུང་སྟེ་གུས་པས་ལུས་ཁྲི་ལ་ཕུལ་ནས་རྣ་བས་ཆོས་ཉན་པར་བཤད་པ་ཉིད་དོ། །དེ་ལྟར་གཙོ་བོ་རྣམས་ཀྱི་བཞུགས་ཚུལ་རྫོགས་པའི་སྐྱིལ་མོ་ཀྲུང་གི་ཚུལ་གྱིས་འགྱིང་བག་དང་བཅས་ཏེ་བཞུགས་སོ། །འོད་ཟེར་ནི་སྐུ་རེ་རེ་ལའང་ཁ་དོག་ལྔ་ལྔ་ཡི་འོད་འབར་བ་ཉིད་དེ་ཡེ་ཤེས་རྒྱ་མ་ཆད་པར་རྫོགས་པའི་དོན་ཏོ། །དེ་ལྟར་དབུ་རྒྱན་ལ་སོགས་པ་རྒྱན་ཆས་བཅུ་གསུམ་གྱི་ཆ་ལུགས་ཀྱིས་སྒེག་པའི་ཚུལ། སྔར་བཤད་པ་བཞིན་ཏེ་རྣམས་ཞེས་མང་པོའི་སྒྲས་སེམས་དཔའ་དང་སེམས་མ་སྒོ་བ་ཡབ་ཡུམ་ཀྱང་རྒྱུན་དང་འཁྲིལ་ལུགས་དང་འདུད་འབྱོར་རྣམས་རྗེས་སུ་མཐུན་པའོ། །བསྐྱོད་པའི་ཚུལ་ནི། བདག་ཉིད་ས་མཐོ་དམན་དང་། སྔར་གོམས་མ་གོམས་ཀྱིས་རིམ་གྱིས་སམ་ནི་སྐད་ཅིག་གིས་ཅིག་ཆར་དུ་བསྐྱེད་དེ་གང་འཚམས་པ་ཉིད་དུའོ། །གསུམ་པ་ནི། གང་འདིར་འདོད་ཁམས། ཞེས་པ་ནས། ཡབ་ཡུམ་ཡོང་མི་དམིགས། །ཞེས་པའི་བར་གྱིས་བསྟན་ཏེ། དེའི་དགོས་ཆེད་ནི། གང་འདིར་འདོད་པའི་ཁམས་པ་དག་འཁྲིག་པ་ལ་ཆགས་པ་དང་། འདོད་ཡོན་སྤྱི་ལ་ཞེན་ཅིང་གཏོང་མི་ཕོད་པའི་འགྲོ་བ་རྣམས་ཀྱི་ཤེས་རབ་ཀྱི་དབང་པོའི་རིམ་པ་དང་སྦྱར་ནས་ལོངས་སྤྱོད་ལྔའི་ཚོགས་ཉིད་རིམ་པ་དང་ཅིག་ཆར་དུ་བརྩམ་པར་བྱ་བ་ཡིན་ཏེ། འདོད་ཁམས་དེ་མིན་པར་གཟུགས་དང་གཟུགས་མེད་ཀྱི་ཁམས་པའི་ཆེད་དུ་ནི་ཡབ་ཡུམ་འབྲེལ་བའི་དཀྱིལ་འཁོར་ཡོང་ཡེ་མི་དམིགས་པས་དེ་ལྟར་བསྟན་པ་མེད་པའོ། །བཞི་པ་ནི། གསང་ཉིད་ཚོགས་ཀྱི། ཞེས་པ་ནས། སྦྱང་ཕྱིར་རིམ་བཞིན་དབུལ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཡོ་ག་ཕྱི་པའི་ཡུལ་མ་ཡིན་པས་ཤིན་ཏུ་གསང་བ་ཉིད་ཀྱི་ཚོགས་ཀྱི་དཀྱིལ་འཁོར་གྱི་ལྷ་དེ་དག་རྣམས་ཀྱང་། གཞན་ཞིག་ནས་རང་རྒྱུད་པ་མ་ཡིན་ཏེ། བདག་ཅག་གི་ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་ཀྱི་རྟོག་པའི་ཚོགས་ཀྱི་ངོ་བོ་ཉིད་མ་བསླད་པར་བཤད་པའི་ལྷ་རྣམས་ཀྱི་རང་བཞིན་དུ་ཡེ་ནས་གནས་པ་ཉིད་མངོན་དུ་འགྱུར་བར་བྱས་པའི་མཚན་ཉིད་གཉིས་སུ་མེད་པ་ཡི་ལྷར་གསལ་བའི་ཡེ་ཤེས་ཀྱི་རང་བཞིན་གྱིས་སྐུ་ཕྱག་རྒྱ་ཉིད་དུ་བསྐྱེད་པ་ནི། དངོས་གཙོ་བོ་རིགས་ལྔ་རྒྱལ་པོ་རྒྱལ་མོ་ཡབ་ཡུམ་དང་བཅས་པའི་འཁོར་སེམས་དཔའ་སེམས་མ་བརྒྱད་ཕྲག་གཉིས་ཟུང་དུ་བསྒྲིལ་ཏེ་ཡབ་ཡུམ་འཁྲི་འཁྱུད་དུ་སྦྱོར་བ་གང་ཞེ་ན། ས་ཡི་སྙིང་པོ་དང་། ནམ་མཁའ་ཡི་སྙིང་པོ་དང་། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་དང་། བྱམས་པ་དང་། སྒྲིབ་པ་སེལ་བའི་རྡོ་རྗེ་དང་། ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་བརྒྱད་དོ། །ནང་དང་ཕྱི་ཡི་ཡོ་བྱད་ཀྱིས་མཉེས་པར་བྱེད་པ་ནི། ནང་གི་སེམས་མ་ལཱ་སྱེ་དང་། མཱ་ལྱེ་དང་། གཱིརྟི་དང་། ནཱིརྟི་མའོ། །ཕྱིའི་སེམས་མ་དྷུཔྤེ་ལ་སོགས་པ་བཞི་སྟེ་སེམས་མ་བཞི་ཕྲག་གཉིས་ཏེ་བརྒྱད་པོ་དག་གིས་མཉེས་པར་སྦྱོར་ཏེ་དགྱེས་པར་འཁྲིལ་བར་བསྒོམ་པའང་ཇི་ལྟར་བསམ་བར་བྱ་བ་ལ་སོགས་པ་གཙོ་བོ་དེ་བཞིན་དུ་སྒོམ་པ་བྱ་བ་ཡིན་ནོ། །བདུད་དཔུང་འདུལ་བའི་རྡོ་རྗེ་སྒོ་བ་སྟོབས་ཆེན་དང་། གཤིན་རྗེ་གཤེད་དང་། རྟ་མཆོག་དང་། བདུད་རྩི་འཁྱིལ་བ་བཞི་དང་བཅས་པར་ནི། རྡོ་རྗེ་སྒོ་མ་བཞི་དང་དགྱེས་པར་འཁྲིལ་འཁྱུད་དང་སྦྱོར་བར་བསྒོམ་པ་ནི་གསང་བའི་ལོངས་སྤྱོད་རྫོགས་པའི་ལྷའི་ཚོགས་ཏེ་དེ་དག་རྣལ་འབྱོར་སྐལ་ལྡན་མིའི་ཚོགས་ཉིད་ལོངས་སྤྱོད་འབྱོར་བའི་ཡོ་བྱད་ཀྱི་ཚོགས་ཆེན་པོ་དང་ལྡན་པར་བྱས་ཏེ་མཆོད་པ་རྒྱ་ཆེར་སྦྱར་བས་སྐུ་གསུང་ཐུགས་དགྱེས་པ་བསྐྱེད་དེ་མཉེས་པར་བྱས་ནས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་པའི་ཕྱིར་མཆོད་པ་གསུམ་གོ་རིམ་བཞིན་དུ་དབུལ་བར་བྱའོ། །ལྔ་པ་ནི། གསང་བའི་འཇུག་ཚུལ། ཞེས་པ་ནས། དོན་རྣམས་བསྒྲུབ་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། གསང་བའི་ཚོགས་འདི་དག་གི་དུས་སུ་དབང་ལ་འཇུག་པ་དང་། ཐབས་ཤེས་རབ་ཀྱིས་རོལ་པའི་ཚུལ་དང་ལ་སོགས་པ་ཞེས་བསྡུ་བའི་དོན་གྱིས་བྲོ་བརྡུངས་པ་དང་། གླུ་བླང་པ་དང་། བཟའ་བཏུང་གི་ཚོགས་ལ་ལོངས་སྤྱོད་པ་དང་། རྒྱན་དང་བྱུག་པ་བྱ་བ་དག་དང་། སྒྲོལ་བ་བྱ་བ་དག་དང་། དེ་ལྟར་བུ་ཡོན་ཏན་གྱི་ལོངས་སྤྱོད་པར་བྱ་བ་རིལ་ཐམས་ཅད་དེ། དེ་དག་གི་སྒོ་ནས་གསང་བའི་གོ་འཕང་མཆོག་དང་ཐུན་མོང་དང་བཅས་པའི་ཡོན་ཏན་གྱི་དོན་རྣམས་མཐའ་དག་བསྒྲུབ་པར་བྱ་བའོ། །གསུམ་པ་དཀྱིལ་འཁོར་གྱི་དོན་བསྟན་པ་ལ་གཉིས་ཏེ། འཁོར་གྱིས་དཀྱིལ་འཁོར་གྱི་དོན་མཐོང་བ་གསོལ་བ། སྟོན་པས་དཀྱིལ་འཁོར་གྱི་དོན་གསུངས་པའོ། །དང་པོ་ནི། འོག་གི། འདུས་པ་ཀུན་གྱི་ཞེས་པ་ནས། དེ་སྐད་གསོལ་པས། ཞེས་པའི་བར་གྱིས་བསྟན་ཏེ། སྐྱེས་བུས་སྔར་ཐོས་པ་བརྗོད་དེ་ཚོགས་ཀྱི་རྣམ་གྲངས་བསྟན་པའི་ཕྱིར། དེའི་ཚེ་འཁོར་གྱི་འདུས་པ་ཀུན་གྱིས་དཀྱིལ་འཁོར་གྱི་དོན་མཐོང་བ་ཉིད། སྟོན་པ་རྡོ་རྗེ་འཛིན་པ་དེ་ལ་གསོལ་པ། སེམས་དཔའ་ཆེན་པོ་བདག་ཅག་གིས་འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་རང་བཞིན་ནི། ཐབས་ཤེས་རབ་རེ་རེའི་སྒོ་ནས་གྲུབ་པའམ་དབྱེར་མེད་པ་སྦྱོར་བའི་ཚུལ་གྱིས་འགྲུབ་པའི་ཕྱིར། ཐབས་ཀྱི་སྦས་ཚོགས་ཉིད་དང་། ཤེས་རབ་ཀྱི་སྦས་ཚོགས་ཉིད་དུ་བཀོད་པ་དང་། དུས་བཞི་ཀུན་ནས་མཉམ་པའི་ཚོགས་དང་། ཐབས་དང་ཤེས་རབ་བཅུ་དྲུག་ཆ་ཡི་ཉི་ཟླ་རྒྱས་པའི་ཚོགས་དང་། ཡི་གེའི་རྒྱུན་གྱི་ཚོགས་དང་། རྡོ་རྗེ་དྲྭ་བ་འབྱུང་བའི་དབྱིངས་སུ་གཅིག་པའི་ཚོགས་དང་། ཐབས་དང་ཤེས་རབ་གཉིས་སུ་མེད་པར་དྲྭ་བས་འབྲེལ་བའི་ཚོགས་ལ་སོགས་པས་བསྡུ་བ་ནི་འདས་པ་ཉིད་ཀྱི་དོན་ནོ། །དེའི་སྐབས་སུ་རང་བཞིན་གྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་རྣམ་པ་གསུམ་དུ་སྣང་བ་བདག་ཅག་གིས་ངེས་པར་མཐོང་ལགས་སོ། །ཞེས་འཁོར་གྱིས་རྟོགས་པ་ཕུལ་བ་དེ་སྐད་དུ་གསོལ་བས། གཉིས་པ་ལ་གཉིས་ཏེ། དཀྱིལ་འཁོར་གསུམ་གྱི་དོན་གསུངས་ཚུལ། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་དོན་གསུངས་ཚུལ་ལོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ། བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ་སྟེ། རང་བཞིན་གྱི་དཀྱིལ་འཁོར། ཏིང་ངེ་འཛིན་གྱི་དཀྱིལ་འཁོར། གཟུགས་བརྙན་གྱི་དཀྱིལ་འཁོར་རོ། །དང་པོ་ནི། དེ་གསུངས་པ། །གང་འ དིར། ཞེས་པ་ནས། དཀྱིལ་འཁོར་དེ་ཁོ་ན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་སྟོན་པས་ལན་གསུངས་པ་ཉིད་དོན་མ་ནོར་བར་བསྟན་པའི་ཕྱིར། འཆད་པའི་སྐྱེས་བུ་སེམས་དཔའ་རྡོ་རྗེས། གང་འདིར་འདུས་པའི་འཁོར་ཚོགས་རྣམས། ཞེས་བོས་ནས། དེ་ལྟར་ཚོགས་ཀྱི་དཀྱིལ་འཁོར་མང་པོ་དེ་དག་ཀུན་ཀྱང་། ཁྱེད་རྣམས་ཀྱིས་ཇི་ལྟར་མཐོང་བ་དེ་ཉིད་ལྟར་དུ་མ་ནོར་བ་ཡིན་ནོ། །ཞེས་གསུངས་པའོ། །དེ་བས་དཀྱིལ་འཁོར་རྣམ་པ་གསུམ་གྱི་ངོ་བོ་ཡང་ཡེ་གདོད་ནས་མ་བཅོས་མ་བསླད་པའི་ཆོས་ཉིད་ཇི་བཞིན་པ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི་རང་བཞིན་གྱི་དཀྱིལ་འཁོར་དེ་ཁོ་ན་ཉིད་ཡིན་ནོ། །གཉིས་པ་ནི། དགོངས་པ་དམ་པར། ཞེས་པ་ནས། དཀྱིལ་འཁོར་དམ་པ་ཉིད། །ཅེས་པའི་བར་གྱིས་བསྟན་ཏེ། དེའི་དོན་ལ་མི་དམིགས་པ་ཉིད་ལྟར་དགོངས་པ་དམ་པར་ལྷུན་གྱིས་གྲུབ་པ་ཉིད་དུ་རང་ཤར་ལ་མི་གཡོ་བར་བརྟན་པ་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དམ་པ་ཉིད་ཡིན་ནོ། །གསུམ་པ་ནི། དེ་དག་རྩ་བ། ཞེས་པ་ནས། གཟུགས་བརྙན་དཀྱིལ་འཁོར་གསལ། །ཞེས་པའི་བར་གྱིས་བསྟན་ཏེ། དཀྱིལ་འཁོར་གཉིས་པོ་དེ་དག་གི་གཞིའམ་རྩ་བ་ཡང་སེམས་ཉིད་རང་རིག་པའི་དེ་ཁོ་ན་ཉིད་ཡིན་པས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཉིད་རྟེན་གཞི་ཡིན་པའི་སྒོ་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་གསལ་བ་ཡིན་ཏེ། ལམ་པའི་ངོར་འགྲོ་བ་ལ་དངོས་སུ་གཟུགས་བརྙན་མཚོན་པར་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། རང་བཞིན་ཏིང་འཛིན། ཞེས་པ་ནས། ཡེ་ནས་ཞུགས་བཀོད་རྫོགས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བས་ན་རང་བཞིན་དང་ཏིང་ངེ་འཛིན་དང་གཟུགས་བརྙན་གྱི་དཀྱིལ་འཁོར་གསུམ་དུ་ཐམས་ཅད་རིལ་ཡེ་གདོད་མ་ནས་རང་བཞིན་དུ་ཞུགས་ཟིན། ཏིང་ངེ་འཛིན་དུ་བཀོད་ཟིན། གཟུགས་བརྙན་དུ་རྫོགས་ཟིན་པའོ། །གཉིས་པ་ལ་གཉིས་ཏེ། བསོད་ནམས་རྟེན་གྱི་དཀྱིལ་འཁོར། དབང་དུ་བསྒྲུབ་པའི་དཀྱིལ་འཁོར་རོ། །དང་པོ་ལ་བརྒྱད་དེ། རས་ལ་རི་མོར་བྱ་བ། ཁང་བུ་ལ་རི་མོར་བྱ་བ། གསེར་དངུལ་ལུགས་སུ་བྱ་བ། ཤེལ་རྡོ་ལ་འབུར་དུ་བྱ་བ། ཤིང་ལ་བཟོར་བྱ་བ། འཇིམ་པ་ལ་འདེར་སོ་བྱ་བ། ས་ལ་རྡུལ་ཆོན་གྱི་དཀྱིལ་འཁོར་བྱ་བ། གཟུགས་བརྙན་གྱི་དཀྱིལ་འཁོར་བྱས་པའི་ཡོན་ཏན་ནོ། །དང་པོ་ནི། དེ་ལས་ཁྱད་པར། ཞེས་པ་ནས། མཚན་མས་དེ་རངས་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། གཞི་དེ་ལྟ་བུའི་རང་བཞིན་ལས་སྐབས་འདིར་ཁྱད་པར་དུ་སྐལ་ལྡན་མི་ཡི་ཚོགས་རྣམས་ཀྱི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ཉིད་ཀྱིས་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་མིང་ཡང་གྲུབ་པ་ཡིན་ཏེ། དེ་ཡང་བྲི་བའི་ཐབས་ཀྱི་རྣམ་གྲངས་ནི། རས་དང་དར་འཇམ་པོ་ཁོད་སྙོམས་ལ་རྒྱུ་གཞི་བཟང་བ་ལ་སོགས་པ་ལ་རི་མོར་བྲིས་ཏེ། ཁ་དོག་ལྔ་པའམ་བྱེ་བྲག་ཏུ་ཕྱེ་བས་ཉི་ཤུ་རྩ་ལྔས་ཡེ་ཤེས་ལྔའམ་བྱེ་བྲག་གིས་ལྷག་པའི་ཡེ་ཤེས་ཉེར་ལྔའི་དོན་མ་མཐོང་བའི་རྨོངས་པ་རྣམས་ལ་གཟུགས་བརྙན་དུ་བསྟན་པའི་ཕྱིར་མཚོན་པར་བྱེད་པའི་རྟགས་ཀྱི་དཀྱིལ་འཁོར་ཏེ། དེ་དག་ཀྱང་སྐུ་ལ་སོགས་པ་རྣམ་པར་བཀོད་པའི་ཡན་ལག་དང་རྒྱན་རྣམས་མ་ཉམས་པར་རྫོགས་པར་བྲིས་པའི་མཚན་མས་གདུལ་བྱ་སློབ་བུ་དེ་སེམས་རངས་ཤིང་ཚིམ་པར་འགྱུར་བས་དོན་འགྲུབ་པར་ཡིན་ཏེ་འ དི་དག་ཟག་བཅས་ཀྱི་ལས་སོ། །གཉིས་པ་ནི། བརྟན་ཞིང་ངོས་འཇམ། ཞེས་པ་ནས། ཆོ་འཕྲུལ་སྟོན་པར་ནུས། །ཞེས་པའི་བར་གྱིས་བསྟན་ཏེ། གཞི་བརྟན་ཞིང་ངོས་འཇམ་པའི་ཁང་བུ་བཟང་པོའི་ལོགས་ལ། གོང་ལྟར་ཁ་དོག་འབར་བས་གཟུགས་བྲིས་ནས་ལེགས་པར་མཚོན་ཏེ་སྐུ་ཕྱག་རྒྱ་རྒྱན་དང་བཅས་ཏེ་མ་ཉམས་ཤིང་མཛེས་པ་དང་ལྡན་པའི་གཟུགས་བརྙན་གྱི་གྲངས་རྫོགས་པར་བྱས་ན་དེས་ཀྱང་མཚན་མའི་ཆོ་འཕྲུལ་སྟོན་པར་ནུས་པས་དོན་གྲུབ་བོ། །གསུམ་པ་ནི། གསེར་དངུལ་ཟངས་ལྕགས། ཞེས་པ་ནས། མཚན་མའི་རྟེན་དུ་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། གསེར་དངུལ་དང་ཟངས་ལྕགས་ལ་སོགས་པ་རྣམས་ལ་གང་ལུགས་སུ་བླུགས་པའི་རྒྱལ་བའི་སྐུ་གཟུགས་བྱས་ཏེ་ཕྱག་རྒྱ་མ་ཉམས་པ་དང་རབ་ཏུ་ལྡན་ན། དེ་ཡང་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་མཚན་མའི་རྟེན་དུ་ངེས་པར་འགྱུར་བས་དོན་འབྱུང་ངོ་། །བཞི་པ་ནི། ཤེལ་རྡོ་དུང་། ཞེས་པ་ནས། འབྱུང་བའི་རྟེན་དུ་འགྱུར། །ཞེས་བའི་བར་གྱིས་བསྟན་ཏེ། རིན་པོ་ཆེ་ཤེལ་རྡོ་དང་དུང་ལ་སོགས་པ་ལ་འབུར་དུ་བརྐོས་པ་ལས་རྒྱལ་བའི་སྐུ་གཟུགས་བྱས་ནས། གོང་མ་དེ་བཞིན་དུ་ཡན་ལག་མ་ཉམས་པར་རྒྱན་གྱི་མཛེས་པའི་མཚན་ཉིད་ཀྱི་ཚད་དང་ལྡན་ན། དངོས་གྲུབ་ཀྱི་མཚན་མ་འབྱུང་བའི་རྟེན་དུ་འགྱུར་བ་ཡིན་ནོ། །ལྔ་པ་ནི། གླག་ཤ་བྱང་ཆུབ། ཅེས་པ་ནས། མཚན་མའི་རྟེན་དུ་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། གླག་ཤ་ཞེས་པའི་བྱང་ཆུབ་ཀྱི་ཤིང་སོགས་ལ་མཁས་པར་བཟོར་བཅུག་སྟེ་བཞོགས་ལ་གཟུགས་བརྙན་བྱས་ཏེ་ཕྱག་རྒྱ་མ་ཉམས་པར་ཀུན་དུ་རྫོགས་ན། འདི་ཡང་མཚན་མའི་རྟེན་དུ་འགྱུར་བས་དོན་གྲུབ་བོ། །ཤིང་འདི་ལ་དཔེ་ལ་ལར་བླཀྵ་ཡང་འབྱུང་སྟེ་རྒྱ་བལ་དུ་སྐྱེ་བའི་ཤིང་གི་བྱེ་བྲག་ཞིག་ཡིན་པར་ལུང་རྗེས་སུ་རྣལ་འབྱོར་གྱི་དཔལ་འབར་ཁྲོ་མོའི་རྒྱུད་ལས་ལོ་ཙཱ་བའི་མཆན་དུ་སྣང་ངོ་། །དྲུག་པ་ནི། ས་ལ་སོགས་ལ། ཞེས་པ་ནས། མཚན་མ་རྣམ་གྲོལ་རིགས། །ཞེས་པའི་བར་གྱིས་བསྟན་ཏེ། ས་ལ་སོགས་པའི་ལྡེར་སོ་ལ་ཕྱག་རྒྱར་བྱས་ཏེ། ཁ་དོག་མཛེས་པ་དང་ལྡན་པར་བྱས་ན་དངོས་གྲུབ་ཀྱི་མཚན་མ་འབྱུང་བའི་རྟེན་ཡིན་ཏེ། ལྷག་པ་གཟུགས་བརྙན་གྱི་མཚན་མས་འཁྲུལ་བའི་མཚན་མ་རྣམ་པར་གྲོལ་བ་ནི་རིགས་ཤིང་འཐད་པས་དོན་གྲུབ་པ་ཡིན་ནོ། །བདུན་པ་ནི། གང་དག་ས་ལས། ཞེས་པ་ནས། རིག་པའི་རྟེན་དུ་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། གང་དག་རྡུལ་ཚོན་གྱི་ས་ལས་རྒྱལ་བའི་དཀྱིལ་འཁོར་གྱི་དབྱིབས་ཀུན་ཏུ་ལྷམ་པར་བྱས་པ་ལ། ཚོན་རྩི་ལྔ་ཡིས་མཛེས་པར་བཀོད་དེ་གསལ་བར་བཞེངས་ན། དེ་ཡང་རྣམ་གྲོལ་རིག་པའི་རྟེན་དུ་འགྱུར་བ་ཡིན་པས་དོན་དང་ལྡན་པའོ། །བརྒྱད་པ་ནི། གང་གི་གཟུགས་བརྙན། ཞེས་པ་ནས། རྣམ་གྲོལ་རིག་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། གཟུགས་བརྙན་གྱི་དཀྱིལ་འཁོར་བྱས་པས་འབྲས་བུ་ཐོབ་པའི་གཞིར་འགྱུར་དུ་བཏུབ་པའི་དོན་འཆད་པ་ནི། བཤད་པ་ལྟར་ལྷ་གང་གི་གཟུགས་བརྙན་གྱི་དངོས་པོ་གང་ཡིན་པ་དང་། དེ་ཡི་རང་བཞིན་གྱི་དཀྱིལ་འཁོར་གྱི་ལྷ་གང་ཡང་རུང་བ་དེ་གཉིས་ངོ་བོ་ཐ་དད་མེད་པར་གཅིག་པས་ན། འདི་གཉིས་ལ་བྱང་ཆུབ་ཀྱི་སེམས་ཇི་བཞིན་པ་ཉིད་ཡིན་པ་ལ་རང་བཞིན་བཟང་ངན་གྱི་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་གཟུགས་བརྙན་དང་དངོས་གཞིར་འབྲེལ་བ་ཡོད་པས་འདི་ཡིས་རྣམ་པར་གྲོལ་བའི་རིག་པ་ཐོབ་པར་འགྱུར་བ་ནི་ངེས་པའོ། །གཉིས་པ་ལ་ལྔ་སྟེ། གནས་བཤད་པ། ཐིག་གདབ་ཚུལ། དཀྱིལ་འཁོར་བྲི་ཚུལ། རྒྱན་དགོད་ཅིང་ལས་ཀྱི་རིམ་པ། མཆོད་པའི་ཡོན་ཏན་བསྟན་པའོ། །དང་པོ་ནི། བདེར་གཤེགས་ཕོ་བྲང་། ཞེས་པ་ནས། ཚུལ་དུ་གང་བྱེད་པ། །ཞེས་པའི་བར་གྱིས་བསྟན་ཏེ། བདེར་གཤེགས་རྒྱལ་བ་རིགས་ལྔ་གང་གི་གཙོ་བོ་བྱས་པའི་དཀྱིལ་འཁོར་གྱི་ཕོ་བྲང་གང་ཡང་རུང་བའི་གཞལ་ཡས་ཁང་རང་བཞིན་གྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་ཚུལ་དུ་བཞུགས་པ་དེ་ཉིད་ཇི་ལྟ་བར་གང་ཟག་ལམ་བས་རང་བཞིན་ཇི་འདྲ་བར་བྱེད་དེ་གཟུགས་བརྙན་དུ་བཞེངས་སུ་གསོལ་བའི་དུས་སུ་ལྷ་ཡི་ཚོགས་བཞུགས་པའི་གནས་འདི་ལྟར་བྱེད་པའོ། །གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཐིག་གདབ་ཅིང་བྲི་བའི་རིམ་པ་རྒྱས་པར་ལས་ཀྱི་གཞུང་དུ་བསྟན་ནོ། །གཉིས་པ་ནི། ཀུན་ནས་ལྷམ་པར། ཞེས་པ་ནས། སྒོ་ཁྱུད་སུམ་ཆར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་གནས་དེར་སྟེགས་བུ་ཀུན་ནས་གྲུ་བཞི་ལྷམ་པར་ཚད་དང་ལྡན་པ་བརྩིགས་ཏེ། ཤིན་ཏུ་ངོས་མཉམ་པར་མཛེས་པར་བྱས་ལ་གོ་མ་ཡེ་ཡིས་ལེགས་པར་བྱའོ། །དེ་ནས་སྔགས་མཁན་ཆས་གོས་ལྔ་དང་ལྡན་པར་བྱས་ཏེ། ཐིག་གཡོག་གྲོགས་མོ་མཚན་དང་ལྡན་པར་བྱས་ལ། དམ་ཚིག་དང་ཡེ་ཤེས་ཀྱི་སྐུད་པ་རྒྱུ་སོ་སོ་ལས་ལེགས་པར་བསྒྲིལ་ཏེ་རབ་གནས་ཚུལ་བཞིན་བྱ་བ་ཟིན་པ་དང་། དམ་ཚིག་གི་ཐིག་གདབ་པའང་། དང་པོར་ཕྱོགས་ཀྱི་འགྲུས་བསྙམས་ལ། ཕྱོགས་མཚམས་ཀྱི་ཆས་སྲད་བུ་བརྒྱད་དང་ལྡན་པའི་ཐིག་བརྒྱད་ཚངས་ཐིག་དང་བཅས་པ་གདབ་པར་བྱས་ཏེ། དེའི་མཐའ་མ་བསྡུ་བའི་ལས་ཀྱི་ཐིག་ལེགས་པར་གདབ་པར་བྱ་བས་མཛེས་པར་བྱ་བ་ཀུན་ཟིན་པ་དང་། དེ་ནས་འགྱིང་ཕུར་ནས་བཟུང་ལ་ཇི་ལྟར་འཚམས་པར་སྲད་བུ་ཐིག་གཅིག་གིས་ལྟེ་བ་ཟླུམ་པོར་བསྐོར་རོ། །དེ་ལྟར་དབུས་མུ་ཁྱུད་དང་བཅས་ཏེ་དཀྱིལ་འཁོར་གྱི་ཚུལ་ལྟ་བུ་ཉིད་དུ་གྱུར་པ་དང་། ལྟེ་བའི་ནང་དུ་ལྷམ་པ་སྲད་བུ་ཐིག་ཐུང་བརྒྱད་བསྣོལ་བར་བཏབ་པས་ཕོ་བྲང་ལེའུ་ཚེ་ལྷམ་པ་དགུར་འགྱུར་ཏེ་ཐིག་ཐུང་ཟུང་རེའི་བར་ན་ཀ་བ་རེ་སྟེ་ཀ་བ་བརྒྱད་བྱའོ། །དེ་ནས་མུ་ཁྱུད་ཀྱི་ཐ་མ་མཐའ་ཟད་ཀྱི་སྒོ་རྒྱན་མ་གཏོགས་པའི་ཐིག་གསུམ་གྱི་ཆར་བཏབ་སྟེ་ཆ་ཆེན་གསུམ་དུ་བྱས་པ་ལེའུ་ཚེའི་ཕྱི་དེ་རྡོ་རྗེ་ར་བའི་ཕྱི་ལ་ཆ་གསུམ་མོ། །དེ་ནས་དཀྱིལ་འཁོར་ཀུན་གྱི་རེའུ་ཆ་ལ་ཆ་ཆེན་གསུམ་གདབ་སྟེ་ཆ་ཆེན་ནང་མ་ཉིད་དུ་ཡང་སྲད་བུ་ཐིག་ཕྲན་གསུམ་བཏབ་པས་ཆ་ཕྲན་གསུམ་ལེགས་པར་བྱའོ། །དེ་བཞིན་དུ་ཆ་ཆེན་ཕྱི་མ་གཉིས་ལའང་ཐིག་ཕྲན་གསུམ་སྟེ་ཕྲ་མོ་དག་གིས་མཛེས་པར་བརྒྱན་ཏེ་ཆ་ཆེན་གསུམ་ལ་ཆ་ཕྲན་དགུ་ཡི་ཆར་ནི་ཐིག་གིས་བགོས་པ་ལས་དགུར་འགྱུར་རོ། །དེ་ཡི་ང་མ་གཉིས་གཉིས་ལ་ལྷ་སྣམ་བྱ་ཞིང་ཕྱི་མ་རེ་རེ་ལ་སྒོ་བྱའོ། །དེའང་དང་པོའི་ཆ་ཆེན་གསུམ་ནི་སྒོ་སུམ་བརྩེགས་རེ་རེ་བྱ་བ་སྟེ། དེའི་ཆ་ཕྲན་གསུམ་གསུམ་པོ་རེ་རེ་ལའང་སྒོ་དང་སྒོ་ཁྱུད་ཐིག་གིས་བསྒོས་ལ་བྱ་བའང་སྒོ་ལ་སུམ་གཉིས་དང་ཁྱུད་ལ་ཅིག་ཆར་དུ་བྱའོ། །གསུམ་པ་ནི། ཀ་བ་བརྒྱད་ཀྱིས། ཞེས་པ་ནས། དེ་ཉིད་མཚོན་པར་བྲི། །ཞེས་པའི་བར་གྱིས་བསྟན་ཏེ། སྒོའི་གཡས་གཡོན་ནས་ཀ་བ་ཟུང་སྟེ་བརྒྱད་ཀྱིས་མཛེས་པར་བརྒྱན་པར་བྱས་ལ། དེ་ལྟ་བུར་རིན་ཆེན་མཆོག་གི་ཀ་བའི་ནང་ལོགས་ཀྱི་དབུས་སུ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཕོ་བྲང་བུམ་པ་ཟླུམ་པོའི་དབུ་རྩེར་བྱ་བའོ། །སྒོ་སུམ་བརྩེག་གི་དོན་ནི། བསྡུ་བ་བཞི་དང་། ཚད་མེད་བཞི་དང་། རྣམ་པར་ཐར་པ་བཞིའི་ཕྱིར། སྒོ་མོ་ཆེ་བ། བར་སྒོ། དབུ་རྩེའི་སྒོ་དང་། སྒོ་ཕྱི་ནང་རིམ་པ་གསུམ་གྱིས་ལེགས་པར་མཛེས་ཤིང་གསལ་བ་ལ། རྟ་བབས་བཞི་དང་ཐེམ་སྐས་བརྒྱད་ཀྱིས་ཀྱང་མཛེས་པར་བརྒྱན་ཅིང་སྤྲས་པའོ། །དེས་ན་ཐིག་ཆེན་བཅུ་གཅིག །ཆ་ཕྲན་གྱི་ཐིག་ཕྲན་བཅུ་གསུམ། ཐིག་ཐུང་བརྒྱད་ལྡབ་ཏུ་འགྱུར་བས་ཕྱོགས་ཆས་རིག་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཐིག་གྲངས་དང་མཐུན་པར་གདབ་བོ། །དེ་ནས་བྲི་བའི་ཕྱིར། དབུས་ཀྱི་ཕོ་བྲང་རིགས་ཀྱི་གཙོ་བོ་གང་བྱེད་པས་དབྱེ་བ་ནི། ལས་ཀྱི་རིགས་གཙོ་བོར་བྱེད་ན་ལེའུ་ཚེར་བྱ་བའམ། བདེ་གཤེགས་གཙོ་བོར་བཞུགས་ན་འཁོར་ལོ་རྩིབས་བརྒྱད་དང་། རྡོ་རྗེའི་རིགས་གཙོ་བོར་བྱེད་ན་རྡོ་རྗེའི་དཔལ་བེའུ་བྱའོ། །པདྨའི་རིགས་གཙོ་བོར་བཞུགས་ན་པདྨ་འདབ་བརྒྱད་དུ་བྱ་བ་དང་། རིན་ཆེན་རིགས་གཙོ་བོ་ན་རིན་ཆེན་ཟུར་བརྒྱད་དུ་བྱའོ། །དེ་དག་ལ་སོགས་པ་ལས་ཀྱི་སྐབས་སུ་ཇི་ལྟར་རིགས་ཤིང་འཐད་པ་དེ་བཞིན་དུ་བྲི་བའང་། ཚོན་འབྱོར་པ་དང་བསྟུན་ལ་རབ་གནས་བྱ་བ་དེས། ཐིག་གི་ལྷ་རྣམས་བེ་ཀྲ་མས་བཏེགས་ལ། ཕྱོགས་དང་པོར་པཉྩ་རེ་ཀ་རྡོ་རྗེ་རྒྱལ་པོས་སོར་བཅུ་དྲུག་དྲངས་ལ་བཀབ་སྟེ། ས་བོན་ཚུལ་བཞིན་བྱས་ལ་ནང་པར་ཐིག་བཏེགས་པ་ལ་ལག་པའི་བྱིན་གྱིས་བརླབས་ལ། རྡོ་རྗེ་རྒྱལ་པོའི་དགོངས་པས་གཞལ་ཡས་ཁང་བྲི་བ་བཞིན་བསྐྱེད། བྱན་པོས་དབུས་ནས་ལུགས་བཞིན་དུ་བྲི་བའང་དེ་ལྟར་བྱའོ། །རྒྱན་བྲི་བ་ནི། རིན་པོ་ཆེ་ཁ་དོག་མཛེས་ཆེན་སྣ་ཚོགས་ཀྱི་རྒྱན་བྲི་བ་དང་། ཡེ་ཤེས་ཀྱི་རྩིག་པ་རིན་པོ་ཆེ་སྣ་ལྔའི་རིམ་པར་བརྩིགས་པའི་ཚུལ་དུ་པཉྩ་རེ་ཁ་བྲིས་པའི་སྟེང་དུ། ཆུ་སྲིན་གྱི་ཏྭ་ར་ན་དང་། སེང་ཐོད་ཁ་ནས་རཏྣའི་མུ་ཏིག་གི་ཕྲེང་བ་ཧ་རས་བརྒྱན་པ་དང་ནི། གཞལ་ཡས་ཁང་གི་མགུལ་བར་དྲྭ་བ་དང་དྲྭ་བ་ཕྱེད་པས་ལེགས་པར་བརྒྱན་པའོ། །རྟ་བབས་བཞིས་སྒོ་བརྒྱན་ཚུལ་ནི། རིན་པོ་ཆེའི་ཟ་ར་ཚག་དང་། ཆུན་འཕྱངས་དང་། ལྕེ་ལ་དྲིལ་བུ་གཡེར་ཁའི་ཐེའུ་ཆུང་འཕྱང་བའི་སྣ་འཕྱང་ངོ་། །སྟེང་དུ་ཁྱུང་མགོ་དང་བཅས་པ་དེ་དག་ནི་སྒོ་རྒྱན་ཏེ་སྤྱིའི་དབང་དུ་ནི་རྟ་བབ་བརྒྱད་དུ་འགྱུར་རོ། །དེ་ལྟར་ན་ཐིག་ཀྱང་གྲངས་འཕེལ་བར་བྱའོ། །འདིར་ནི་དངོས་སུ་སྨོས་པ་ཙམ་གྱི་ཕྱིར་གྲངས་འགྲིབ་པའོ། །དྲྭ་བའི་ཕྱི་རོལ་ཏུ་འདོད་ཡོན་གྱི་ལྷ་སྣམ་བྲིས་ཏེ། སྒོམ་པའི་དབང་དུ། རོལ་མོའི་སྒྲ་སྒྲོགས་པ་སོགས་ལྷ་ཡི་བུ་མོ་མང་པོས་ཕྱི་ནང་གི་ནམ་མཁའ་དྲྭ་མིག་འཕྱང་བའི་བར་དེ་ལས་མཆོད་པ་སྣ་ཚོགས་འབུལ་བར་བསམ་ཞིང་བྲི་བའི་ཚེ་འདོད་སྣམ་དུའོ། །དབུས་སུ་ཐེག་པ་ཆེན་པོའི་གདུང་བཞིས་བསྣོལ་མར་ནམ་མཁའ་ལ་རབ་ཏུ་བརྒྱན་ཏེ། གདུང་མ་ནི་རིགས་ཀྱིས་དབྱེ་ཞིང་སྣང་ནས་ཀ་བ་བརྒྱད་ཀྱིས་བཏེགས་པའོ། །རིན་ཆེན་གྱིས་ཕ་གུའི་ཁ་བད་ནི་རྩིག་པའི་ཐོག་ཏུའོ། །མཆོད་རྟེན་གྱི་དབྱིབས་ནི་གཞལ་ཡས་ཁང་གི་ཕྱིའི་དབྱིབས་ཏེ། ཡང་ན་སྒོའི་གཡས་གཡོན་དུའང་གསུམ་པ་དང་། རྒྱལ་མཚན་ནི་དབུ་རྩེར་རིན་པོ་ཆེ་ལས་བྱས་པའམ། རྩ་བའི་རྒྱུད་ལྟར་གྲུ་བཞི་ནས་བརྒྱན་པར་ཡང་རིགས་སོ། །ཏོག་རིན་ཆེན་འོད་འབར་བ་དང་ལྡན་པས་གཞལ་ཡས་ཁང་མཛེས་པར་བརྒྱན་པ་ནི། བཀོད་པ་ཕུན་སུམ་ཚོགས་པ་སྟེ། ཕྱི་རོལ་དུ་ཡང་རིན་པོའི་ཆེའི་ཕུང་པོ་དང་། ཤིང་རྣམས་དང་། ཕྱོགས་སྐྱོང་ཡང་བྲི་བར་བྱའོ། །འདི་དག་ཚོམ་བུར་བྱེད་པ་ནི་སྐབས་དང་སྦྱར་ལ་ལེའུ་ཚེ་གཅིག་གི་ཐོག་ཏུ་ཕོ་བྲང་རྫོགས་པར་བྲིས་ཏེ། མདོར་རང་རང་གང་བྱེད་ཀྱང་ཕྱོགས་ཕོ་བྲང་ཆུང་ངུ་ལྔ་ལྔར་བྲིས་ཏེ་རང་རང་གི་སེམས་དཔའ་དང་སེམས་མ་འགོད་དོ། །མདོར་ན་འོག་མིན་ཆོས་ཀྱི་མཐོ་བའི་གནས་ཀྱི་གཞལ་ཡས་ཁང་གི་ཕོ་བྲང་ཉིད་ཅི་འདྲ་བ་དེ་དང་འདྲ་བར་དེ་ཉིད་མཚོན་པར་བྲི་བའོ། །བཞི་པ་ནི། གཞལ་ཡས་ཁང་དུ། ཞེས་པ་ནས། རྒྱ་མཚོ་སྙེད་ལ་འབུལ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་འོག་མིན་དང་འདྲ་བའི་གཞལ་ཡས་ཁང་གི་རྒྱལ་བའི་ཕོ་བྲང་དུ་གང་བྲིས་པ་དེ་ཉིད་དུ་གྱུར་པ་ན་བཤད་པའི་རྒྱན་དང་། འདིར་མ་སྨོས་ཀྱང་འོག་མིན་ལ་ཇི་ལྟར་བཞུགས་པའི་རྒྱན་མཚོན་པར་བྲིའོ། །དེ་དག་ཙཀླིའམ་ཡི་གེའམ་ཕྱག་རྒྱ་གང་རུང་གདན་ཐོག་ཏུ་བཀོད་ལ་བཞག་གོ། །གཞན་ཡང་ལྷབ་ལྷུབ་ཀྱི་རྒྱན་ལ་སོགས་པ་ཀུན་ཀྱིས་ཀྱང་མཛེས་པ་དང་ལེགས་པར་བརྒྱན་ཏེ་བསྐོར་བར་བྱའོ། །དེ་ལ་མཆོད་པ་བླ་ན་ཡོད་པ་ཕྱིའི་མཆོད་པ་ཐུན་མོང་ལྔ་དང་། བླ་ན་མེད་པ་ཟབ་མོ་ནང་དང་གསང་བའི་མཆོད་བ་ཀུན་ཀྱང་། དངོས་ཇི་ལྟར་འབྱོར་པ་དང་ལྡན་པ་དང་བསམ་པས་ཆུད་མི་གསན་པར་ནན་ཏན་དུ་བྱས་ལ་དབུལ་ལོ། །དེའང་རིམ་གྱིས་པ་དང་ཅིག་ཆར་བ་གང་ཡང་རུང་བས། རང་ཉིད་ཀྱིས་ལས་ཀྱི་དཀྱིལ་འཁོར་བསྐྱེད་དེ། ལས་རྫོགས་པར་བསྲང་མཆོད་པ་ཕུལ་ནས། གཟུགས་བརྙན་དང་ས་བོན་གང་བཀོད་པ་ལས། གཞལ་ཡས་ཁང་དང་ལྷར་བཞེངས་ནས་སྤྱན་དྲངས་བསྟིམས་བརྟན་བྱས་པ་ལ་དབུལ་ལོ། །རབ་ཏུ་གནས་པར་བྱ་བའི་དཀྱིལ་འཁོར་ལ་ཚོགས་ཀྱི་ཕྱིར་རབ་གནས་ཀྱི་མཆོད་པའང་། ཕྱིའི་མཆོད་པ་སྣ་ཚོགས་དང་། རྒྱལ་སྲིད་རིན་ཆེན་སྣ་བདུན་དང་། འདོད་ཡོན་ལྔའི་ལོངས་སྤྱོད་དང་བཅས་པ་དང་། དེ་བཞིན་དུ་གླུ་བྲོ་གར་དང་རོལ་མོར་བཅས་པ་དང་། དུག་འཇོམས་པའི་སྨན་དང་བདུད་རྩི་ལ་སོགས་པ་རྣམས་རྒྱལ་བ་རྒྱ་མཚོ་ཇི་སྙེད་པ་ཐམས་ཅད་ལ་འབྱོར་ཚད་དུ་འབུལ་བར་བྱའོ། །གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ཐིག་གདབ་པ་ལས་ཀྱི་རིགས་ཀྱི་གཞུང་དུ་བསྟན་པར་གསུངས་ཏེ་འདིར་མདོར་བསྡུས་ཙམ་ལས་ཡི་གེས་འཇིགས་ཀྱང་སྤྲོས་པས་ཆོག་གོ། །ལྔ་པ་ནི། མཉམ་པ་ཉིད་ཀྱི། ཞེས་པ་ནས། རྒྱུད་བྱང་རྣམ་གྲོལ་རིག །ཅེས་པའི་བར་གྱིས་བསྟན་ཏེ། རབ་གནས་བྱས་པའི་དཀྱིལ་འཁོར་དུ་མཆོད་ཅིང་ཞུགས་པའམ། ལྟ་བ་ཇི་བཞིན་དུ་རྟོགས་ནས་མཉམ་པ་ཉིད་ཀྱི་མཆོད་པ་ཡང་དག་པར་སྦྱར་བས་ཡོན་ཏན་གྱིས་རང་རྒྱུད་ཀྱི་སྒྲིབ་པ་ཀུན་བྱང་ཞིང་དག་ནས་འཁོར་འདས་གཉིས་མེད་མཐོང་བས་ཆོས་ཐམས་ཅད་ཆོས་ཉིད་མཉམ་པར་རྟོགས་ཏེ་རྒྱལ་བ་ཉིད་དུ་འགྱུར་བའོ། །སྟོན་པ་སེམས་དཔའ་རྡོ་རྗེས་དེ་སྐད་ཅེས་སྨྲས་པས་འདུས་པ་ཀུན་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་དོན་མཐོང་བས་རྒྱུད་བྱང་ནས་རྣམ་གྲོལ་གྱི་རིག་པ་སྐྱེས་སོ། །གསུམ་པ་ནི། གྲོགས་པོ་དག །ཅེས་པ་ནས། ཡོངས་སུ་སྦྱང་བར་ཤེས་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །བཤད་པ་དེ་དག་ནི་བཀོད་པའི་བྱ་བས་གཙོ་བོར་གཞན་དོན་གྱི་ཡོངས་སུ་སྦྱང་བར་ཤེས་པར་བྱའོ། །གཉིས་པའི་མེའི་བྱ་བས་སྦྱངས་བ་ལ་གཉིས་ཏེ། ཞུས་པ་དང་། ལན་ནོ། །དང་པོ་ལ་གཉིས་ཏེ། བསྟོད་པ་ཉེ་བར་བསྟན་པར། བསྟོད་ནས་ཞུས་པ་དངོས་སོ། །དང་པོ་ནི། གྲོགས་པོ་དག །ཅེས་པ་ནས། ངོ་མཚར་དུ་བསྟོད་པ། ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཅེས་སྐྱེས་བུས་བོས་ནས། འདི་ལ་སྦྱོང་བའི་སྤྱོད་པ་གཉིས་པ་མེའི་བྱ་བས་ཡོངས་སུ་སྦྱོང་བ་ཉེ་བར་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཅན་ཐམས་ཅད་ཆོས་ཉིད་དུ་སྦྱང་བའི་ཕྱིར་དགོས་ཆེད་དང་ལྡན་པས། དངོས་པོ་ཐམས་ཅད་ཡེ་ཤེས་ཀྱི་མེའི་ངོ་བོ་ཉིད་ཀྱི་རང་བཞིན་དུ་སྟོན་པས་བྱིན་གྱིས་བརླབས་ཏེ་གསལ་བར་མཛད་པས། འཁོར་འདུས་པའི་ཚོགས་ཐམས་ཅད་ཀྱིས་ཆོས་ཐམས་ཅད་ཡེ་ཤེས་ཀྱི་མེའི་རང་བཞིན་དུ་རང་སྣང་བར་གྱུར་པའི་དོན་མཐོང་སྟེ། སྟོན་པ་དང་མེ་ལ་ཤིན་ཏུ་ངམ་ནས་གཞན་དོན་དུ་ཞུ་བའི་ཕྱིར་དོན་ལ་ངོ་མཚར་དུ་གྱུར་པས། དོན་སྟོན་པའི་སྐྱེས་བུ་དང་མེ་ལ་བསྟོད་པ། གཉིས་པ་ནི། ཨེ་མའོ་སེམས་དཔའ། ཞེས་པ་ནས། འདུས་པས་གསོལ་པ་ལས། །ཞེས་པའི་བར་གྱིས་བསྟན་ཏེ། ཆོས་སོ་ཅོག་ཡེ་ཤེས་ཀྱི་མེར་གསལ་བའི་དོན་སྟོན་པ་ལ་ཨེ་མའོ། །ཞེས་ངོ་མཚར་བས། སེམས་དཔའ་སེམས་དཔའ་ཆེ་ཞེས་སྐྱེས་བུ་ལ་བོས་ནས་དོན་དུ་སྟོན་པ་དང་མེ་ཐ་མི་དད་པས་ཡོན་ཏན་ཆེན་པོ་མངའ་བར་བསྟོད་པའོ། །ཡོན་ཏན་དེ་ལྟར་བུ་མངའ་བའི་སྐྱེས་བུ་ཁྱོད་ནི། སྐུ་གསུང་ཐུགས་ཀྱི་མཐུའི་ཆོ་འཕྲུལ་ཆེ་བའི་ཆེ་བ་མངའ་བའི་བྱིན་རླབས་མཆོག་ཏུ་ཆེ་བའི་ཆེན་པོའི་བདག་ཉིད་དམ་པའོ། །དེ་ལྟར་དགོངས་པའི་བྱིན་རླབས་ཀྱི་ཏིང་འཛིན་ཆེན་པོ་བདག་ཅག་འཁོར་ལ་སོགས་པ་ལ་སྣང་བར་མཛད་པ་ཆེའམ་ཆེན་པོ་ཁྱོད་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ཆེན་པོ་ཇི་སྙེད་པ་སྣ་ཚོགས་ཀྱི་ཆེ་བའི་མཛད་པ་ཐ་དད་པར་བསྟན་ནས་འདུལ་བའི་བདག་པོའང་ཡིན་ནོ། །དེ་བས་ན་གསང་སྔགས་ཀྱི་ཐབས་མཆོག་དྲྭ་བའི་སྤྲིན་ཕུང་དཔག་གིས་མི་ལང་བའི་མངའ་བདག་ལགས་ཏེ། འདིར་ཆོས་སོ་ཅོག་ཀུན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མེའི་ངོ་བོར་འོད་འབར་ཞིང་གསལ་བར་སྣང་བར་མཛད་པ་དེ་ཉིད་རང་བྱུང་གི་ཡེ་ཤེས་ཆེན་པོར་གསལ་བ་ལ་མཐའི་སེལ་མེད་པའི་ཀློང་ཡངས་པའོ། །དེའི་བྱིན་རླབས་ཐམས་ཅད་དུ་སྣང་སྟེ་འབར་ཞིང་འཕྲོ་ལ་མ་སྒྲིབ་པར་གསལ་བར་གྱུར་པའི་མཛད་པས་ནི། མ་རིག་པའི་མུན་པ་བསལ་ཞིང་མཐའི་དངོས་པོ་ཐམས་ཅད་བསྲེགས་ཤིང་སྦྱོངས་ཏེ་དག་པར་མཛད་དོ། །ཆོས་སྐུ་བདེ་བ་ཆེན་པོའི་དབྱིངས་སུ་མཉམ་པའི་ངང་དུ་ཀུན་ནས་ལྷུན་གྱིས་རྫོགས་ཤིང་སངས་རྒྱས་པར་མཛད་པའང་། གདུལ་དཀའ་འདུལ་བའི་དཔའ་བོ་ཁྱོད་ཀྱིས་མཛད་པ་རྨད་དུ་བྱུང་བ་ལགས་སོ། །ཞེས་པར་མཆོག་ཏུ་བསྟོད་པའོ། །ངོ་བོ་མ་ངེས་པ་ཉིད་མཛད་པ་ངེས་པའི་ཚུལ་དུ་མུན་པ་གསལ་བའི་ཡེ་ཤེས་ཀྱི་མེ་ཀློང་འབར་བ་ཆེན་པོ་འོད་དུ་འཁྱིལ་བས་མཐའ་ཀུན་སེལ་བའི་མཁྱེན་རབ་ཀྱི་བདག་པོ་ཁྱོད་ཉིད་ཨ་ལ་ལ་ཞེས་དགྱེས་པར་མཛོད་ཅིག་པ་དང་། ཁྱབ་པའི་གཟི་བྱིན་གྱི་ཟེར་འཕྲོ་བའི་ཐུགས་རྗེ་ཀུན་ཏུ་སྣང་བའི་བདག་པོ་ཨ་ལ་ལ་ཞེས་དགྱེས་པར་མཛོད་ཅིག་དང་། མཐའ་ཡས་པའི་ཆོས་ཐམས་ཅད་མཉམ་པའི་དབྱིངས་སུ་ཀུན་ནས་སྡུད་པའི་ཆོས་ཉིད་ཀྱི་མེ་ཡང་ཁྱོད་ཉིད་ཡིན་ཏེ་ཨ་ལ་ལ། ཞེས་དགྱེས་པའི་སྒྲ་ཀུན་རྗེས་སུ་མཐུན་ནོ། །མཐའི་དངོས་པོ་ཐམས་ཅད་སྲེག་པར་བྱེད་པའི་ཕྲིན་ལས་ཀྱི་དཔལ་དང་ལྡན་པའི་མེ་ཡང་ཁྱོད་ཉིད་ཡིན་པས་ཨ་ལ་ལ། གདུག་པ་ཅན་དང་རྟོག་སྒྲིབ་ཐམས་ཅད་ཟ་བར་བྱེད་པའི་ཀློང་ཆེན་པོ་ཡང་སྐྱེས་བུ་ཁྱོད་ཉིད་ཡིན་ཏེ་ཨ་ལ་ལ། མཐའ་བཞི་ཀུན་དང་བྲལ་ཞིང་དབུས་ཀྱི་ཐ་སྙད་དུའང་གཟུང་དུ་མེད་པར་མཆོག་ཏུ་འདས་པའི་དཀྱིལ་འཁོར་ཆེན་པོའང་ཁྱོད་ཉིད་ཡིན་པས་ཨ་ལ་ལ། ཐུགས་རྗེ་ཞི་བའི་རང་བཞིན་བས་ཐམས་ཅད་བདེ་བ་མཆོག་ལ་འགོད་ཅིང་རྒྱས་པར་མཛད་པའི་ངང་ཡང་ཁྱོད་ཉིད་ཡིན་ནོ་ཨ་ལ་ལ། ལྷུན་གྱིས་གྲུབ་པའི་དབང་ཕྱུག་བདུད་འདུལ་དྲག་པོའི་འཇིགས་པར་བྱེད་པའང་ཁྱོད་ཉིད་ཡིན་པས་ཨ་ལ་ལ། ཞེས་བརྒྱད་ཀྱིས་ཀྱང་བསྟོད་པའོ། །དེ་ལྟར་བསྟོད་ནས་ཞུ་བ་དངོས་ནི། སྟོན་པ་གསང་བ་མཆོག་གི་བདག་པོ་ཡོན་ཏན་རྨད་དུ་བྱུང་བའི་ཁྱད་པར་མངའ་བའི་བྱིན་རླབས་ཀྱིས་ཡེ་ཤེས་གསང་བའི་མེ་ཡི་རང་བཞིན་ཆེན་པོ་དག་གི་རྣམ་གྲངས་འཆད་པ་རྣམས་བདག་ཅག་འདུས་པའི་འཁོར་ཚོགས་རྣམས་ལ་ལེགས་པར་བཤད་དུ་གསོལ། ཞེས་དེ་སྐད་འདུས་པས་ཞུས་ཤིང་གསོལ་བ་བཏབ་པ་ལས། གཉིས་པ་ལ་གཉིས་ཏེ། ཉོན་ཅིག་པར་གདམས་པ། ལན་དངོས་བསྟན་པའོ། །དང་པོ་ནི། དེ་ཉིད་དགྱེས་པས། ཞེས་པ་ནས། བཤད་ཀྱིས་གུས་པར་ཉོན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་སྐད་ཅེས་བསྟོད་པས་སྟོན་པ་སྐྱེས་བུ་དེ་ཉིད་དགྱེས་པས། གནང་བའི་ཚིག་འདི་སྐད་དུ། འདུས་པ་ཆེན་པོའི་རྣལ་འབྱོར་བ། ཞེས་འཁོར་ལ་བོས་ནས། རྡོ་རྗེ་མི་ཡི་རང་བཞིན་དག་འདི་ལྟར་ངེས་པར་བཤད་ཀྱིས་གུས་པས་ལེགས་པར་ཉོན་ཅིག་ཅེས་བཀའ་སྩལ་བར་ཞལ་གྱིས་བཞེས་ནས་གདམས་པ་མཛད་པའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ཁྱད་པར་བླ་མས། ཞེས་པ་ནས། ལས་ཀྱི་མཆོག་ཏུ་སྦྱངས། །ཞེས་པའི་བར་གྱིས་བསྟན་ཏེ། ཁྱད་པར་ཤིན་ཏུ་ཕུལ་དུ་གྱུར་པའི་བླ་མའི་དགོངས་པ་དམ་པའི་ལས་ཀྱི་བསྲེག་རྫས་ཀྱི་མཆོག་འདིས་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་དགོངས་པ་མེ་ཅིར་ཡང་སྣང་ལ་མི་གཡོ་བའི་ཐབས་སུ་བདེ་བ་ཆེན་པོར་སྦྱོར་བར་མཛད་པས། ཚུལ་དེ་ཡིས་རྒྱལ་བ་ཐམས་ཅད་ཀུན་མཉེས་པར་བྱས་ཏེ་གཉིས་སུ་མེད་པའི་མཆོད་པ་ཕུལ་ནས་འགྲོ་བ་ཀུན་གྱི་རྟོག་སྒྲིབ་ཀུན་སྲེག་ཅིང་སྦྱངས་པས་དག་པ་ཆེན་པོ ར་མཛད་པས། དོན་རྣམ་པ་གཉིས་གྲུབ་པ་ནི་ཕྲིན་ལས་ཀྱི་མཆོག་ཏུ་གྱུར་པས་སྦྱངས་པའོ། །ཞེས་ཆེ་བའི་སྒོ་ནས་མོས་པ་བསྐྱེད་ཕྱིར་བཀའ་སྩལ་པའོ། །གཉིས་པ་ལ་གཉིས་ཏེ། སྦྱིན་བསྲེག་བསྟན་པ། རོ་བསྲེག་བཤད་པའོ། །དང་པོ་ལ་གཉིས་ཏེ། རང་བཞིན་གྱི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྦྱིན་སྲེག་ཐུན་མོང་དུ་བསྟན་པ། ལྷག་པ་གཟུགས་བརྙན་གྱི་སྦྱིན་སྲེག་བཤད་པའོ། །དང་པོ་ནི། ཇི་བཞིན་པ་ཡི། ཞེས་པ་ནས། དངོས་པོ་བསྲེགས་སྦྱངས་ཐིམ། །ཞེས་པའི་བར་ཚིགས་བཅད་བདུན་གྱིས་བསྟན་ཏེ། དེ་དག་གི་དོན་རེ་རེ་ནས་རྒྱས་པར་བསྟན་པའི་ཕྱིར། རང་བཞིན་གྱི་ཧོམ་འཆད་པ་སྟེ། ཟབ་པ་ཆོས་ཉིད་ཇི་བཞིན་པ་ཡི་ཧོམ་ཁུང་གི་ཐབ་ཏུ། རྒྱ་ཆེ་བ་ཆོས་སོ་ཅོག་གི་དངོས་པོ་ཇི་སྙེད་པ་ཡི་ཡམ་ཤིང་ལ། གཉིས་མེད་དེ་བཞིན་ཉིད་ཀྱི་མེ་བྱུང་བས། དེ་དག་གདོད་ནས་རྒྱུ་ཐམས་ཅད་དང་འབྲས་བུ་ཐམས་ཅད་ངོ་བོ་གཉིས་པར་སྣང་བ་མེད་དེ། ཡེ་ཤེས་དེ་བཞིན་ཉིད་དུ་བྱུང་ཐེབས་པས་མཐའ་ལས་གྲོལ་བ་ནི་བསྲེགས་སྦྱངས་ཐིམ་པ་སྟེ་འཆད་པ་རྣམས་ཀྱང་ཕྱོགས་མཐུན་པར་བསྟན་ཏེ་རྣམ་གྲངས་རྗེས་སུ་སྦྱར་བར་བྱའོ། །རྣམ་གྲངས་ནི། ཤེས་རབ་སྐྱེ་མེད་རྣམ་པར་དག་པའི་ཧོམ་ཁུང་དུ། སྐྱེ་བ་རྣམ་བཞི་ཡམ་ཤིང་གི་རྫས་ལ། མ་སྐྱེས་སྤྲོས་བྲལ་དུ་རྟོགས་པའི་མེ་བྱུང་བས། མཚན་མའི་བག་ཆགས་ཐམས་ཅད་བསྲེགས་སྦྱངས་ཐིམ་པའོ། །མཚན་མ་དང་བྲལ་ཏེ་བསམ་དུ་མེད་པའི་ཧོམ་ཁུང་དུ། བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་ཡམ་ཤིང་ལ། འོད་གསལ་དཔག་ཏུ་མེད་པའི་ཏིང་ངེ་འཛིན་གྱི་མེ་འབྱུང་བས། མཐའ་ཡས་རྡུལ་སྙེད་ཀྱི་གཉིས་སྣང་ཀུན་བསྲེགས་སྦྱངས་ཐིམ་པའོ། །ལྟ་བ་ཆོས་ཉིད་རྣམ་པར་དག་པའི་ཧོམ་ཁུང་དུ། ཆོས་ཅན་སྣ་ཚོགས་པའི་བསྲེག་རྫས་ཀྱི་ཡམ་ཤིང་ལ། སྟོང་ཉིད་ཡེ་ཤེས་གསལ་བའི་མེ་འབར་བས། འཁྲུལ་སྣང་དངོས་པོའི་བག་ཆགས་ཐམས་ཅད་བསྲེགས་སྦྱངས་ཐིམ་པའོ། །རང་རིག་ལྟ་བའི་སེམས་ཉིད་རྣམ་པར་དག་པའི་ཧོམ་ཁུང་དུ། སེམས་ཅན་སྐྱེ་འགྲོ་ཀུན་གྱི་ཡམ་ཤིང་ལ། གཉིས་མེད་རང་བྱུང་ཡེ་ཤེས་ཀྱི་མེ་འབར་བས། ལས་སྣང་འཁོར་བའི་བག་ཆགས་ཐམས་ཅད་བསྲེགས་སྦྱངས་ཐིམ་པའོ། །གཞི་དབྱིངས་ཀུན་གཞི་བྷ་གའི་ཧོམ་ཁུང་དུ། ཉོན་མོངས་དུག་ཆེན་ལྔ་ཡི་ཡམ་ཤིང་ལ། མ་འགག་པར་རྟོགས་པའི་འབྲས་བུ་ཡེ་ཤེས་ལྔ་ཡི་མེ་བྱུང་བས། གཟུང་འཛིན་རྟོག་པ་ཐམས་ཅད་བསྲེགས་སྦྱངས་ཐིམ་པའོ། །མཚན་མའི་ཏིང་འཛིན་སྒོམ་པ་སྣང་སྲིད་ནམ་མཁའི་དབྱིངས་ཀྱི་ཧོམ་ཁུང་དུ། དངོས་པོར་འབྱུང་བ་བཞི་ཡི་ཡམ་ཤིང་ལ། ལྷར་སྣང་ཕྱག་རྒྱ་འབར་བའི་མེ་བྱུང་བས། སྣང་ཞིང་སྲིད་པའི་དངོས་པོ་ཐམས་ཅད་བསྲེགས་སྦྱངས་ཐིམ་པ་དང་བདུན་ནི་རང་བཞིན་ཏེ། དེ་དག་ཇི་འདྲ་བར་རྟོགས་ནས་བསྒོམ་པས་སྤྱོད་ཡུལ་ཡོངས་སུ་དག་པ་སྟེ། དེ་ལྟར་གྱུར་པ་ནི་ཏིང་ངེ་འཛིན་གྱི་ཧོམ་སྟེ་དོན་གྱི་གཉིས་ཀ་ཐུན་མོང་དུ་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། ཐབ་ཁུང་བསྟན་པ། ལས་ཀྱི་རིམ་པ་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། རྣམ་བཞི་ལས་ཀྱི། ཞེས་པ་ནས། རིགས་པ་དེ་ལྟར་སྦྱར། །ཞེས་པའི་བར་གྱིས་བསྟན་ཏེ། གཟུགས་བརྙན་གྱི་ཧོམ་ཁུང་སྤྱིར་འགྲེལ་པ་སྟེ། འཆད་པའི་ཧོམ་གྱི་ཆོས་བཅུ་གཉིས་ལ། ཞི་བ་སོགས་རྣམ་པ་བཞི་ཡི་ལས་ཀྱི་ཧོམ་ཁུང་དུ། ཐབ་ཀྱི་སྦྱིན་སྲེག་གི་ཤིང་སོ་སོར་ཕྱེ་བ་བཞིའམ་དེ་ལ་ཤིང་རྣམ་པ་བཞི་ཡི་ཡམ་ཤིང་གིས་གསོས་ཏེ་མེ་སྦར་བ་དེ་ལ་རིགས་བཞི་ཡི་སྤྲུལ་པས་ལས་བཞིའི་མེ་ལྷ་བསྐྱེད་པ་དང་། སྤྱན་དྲངས་པ་དང་། བསྟིམ་པ་དང་། མཆོད་པ་དང་། བསྟོད་པ་དང་། ལས་བཅོལ་བ་དག་བྱས་ཏེ་འབར་བའི་མེ་བྱུང་བས་འཕགས་པ་མཆོད་ཅིང་འགྲོ་བ་ལ་སྦྱིན་པའི་བསྲེག་རྫས་སོ་སོར་བསྲེགས་པས་བདག་གཞན་གྱི་སྒྲིབ་པའི་དངོས་པོ་བསྲེགས་ཤིང་སྦྱངས་ཏེ་ལྷའི་ཞལ་དུ་ཐིམ་པར་མཆོད་པའོ། །གཟུགས་བརྙན་གྱི་ཧོམ་འདི་ལ་ཡང་ལས་བཞི་སོ་སོའི་བྱེ་བྲག་གི་ཁྱད་པར་གྱིས་ཁ་ལྟ་ཕྱོགས་དང་། ཁ་དོག་དང་། ཐབས་ཀྱི་དབྱིབས་དང་། རྫས་རྣམས་ལས་ཀྱི་གཞུང་གང་ལྟར་རིགས་པ་དེ་ལྟར་སྦྱར་ཏེ་མཛེས་པར་བྱའོ། །གཉིས་པ་ནི། ཤར་ལྷོ་ནུབ་བྱང་། ཞེས་པ་ནས། ཡམ་ཤིང་རྫས་ཀྱིས་བརྒྱན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཉིད་རྒྱས་པར་བསྟན་པ་གང་སྙམ་པ་ལ། བྱེ་བྲག་གསལ་བར་བཤད་པ་འདི་དག་སྟེ། འདི་ལ་ཕྱོགས་ནི་ཞི་བའི་ཚེ་ན་ཤར་དུ་ལྟའོ། །རྒྱས་པའི་ཚེ་བྱང་ངམ་ལྷོ་རུའོ། །དབང་དུས་ནུབ་ཏུའོ། །དྲག་པོའི་སྐབས་ལྷོའམ་བྱང་དུའོ། །ཁ་དོག་ནི་ཞི་བ་ལ་རིལ་དཀར་པོའོ། །རྒྱས་པ་ལ་སེར་པོའོ། །དབང་ལ་དམར་པོའོ། །དྲག་པོ་ལ་མཐིང་ག་ནག་པོ་ཐལ་མདོག་གསུམ་པོ་ཉིད་སྦྱར་བའོ། །དབྱིབས་ཀྱང་མེ་ཐབ་ཟླུམ་པོ་དང་། པདྨ་དང་ལེའུ་ཚེ་བྱ་བ་ཞི་བ་སྟེ། ཚད་ནི་ཟབ་དང་གྱེན་དུ་ཁྲུ་ཕྱེད་ཕྱེད་དེ་གང་ངོ་། །ཆུ་དང་ཞེང་དུའང་རྗེས་སུ་མཐུན་ཏེ་གཞན་ཡང་དེ་བཞིན་ནོ། །འཁོར་ལོ་དང་། གྲུ་བཞི་དང་། རིན་ཆེན་ཟུར་བརྒྱད་དུ་བྱ་བ་ནི་རྒྱས་པའོ། །ཟླ་གམ་དང་། གྲུ་ཆད་དང་། གཞུ་བརྡུང་བའི་དབྱིབས་ལྟ་བུ་ནི་དབང་ལ་བྱའོ། །གྲུ་གསུམ་དང་། བྷ་གའི་མཁའ་དང་ཁྲོ་ཞལ་ལྟ་བུར་བྱ་བ་ནི་མངོན་སྤྱོད་དྲག་པོའོ། །དེ་དག་ཀྱང་དབུས་བང་རིམ་སུམ་བརྩེག །རྒྱ་དཔང་རེ་རེར་སོར་གསུམ་གསུམ་ཡོད་པ་དེ་ཁ་དོག་གི་མདངས་དང་སོ་སོའི་ཕྱག་རྒྱ་ལེགས་པར་རི་མོར་མཛེས་པའི་མཚན་མ་དགོད་པར་བྱ་སྟེ་བང་རིམ་གྱི་ཕྱེད་ལ་གཏང་ངོ་། །དེར་ལས་བཞིའི་བྱེ་བྲག་རྣམས་ཀྱི་ཤིང་བརྩིག་པའང་བསྲེག་ཤིང་ཐབ་དབྱིབས་སུ་བརྩིག་ལ། ཡམ་ཤིང་ཡང་གཏང་སྟེ། ཞགས་པ་ལ་སོགས་པ་ཡི་རྫས་ཀྱིས་བརྒྱན་པར་བྱ་བ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། བླ་མའི་ལས་བསྟན་པ། མཇུག་གི་ལས་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པར། རྒྱས་པར་བཤད་པའོ། །དང་པོ་ནི། ཡེ་ཤེས་རྡོ་རྗེ། ཞེས་པ་ནས། གསུམ་གྱིས་ཐབས་མཆོག་སྦྱར། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་གི་ལས་བྱ་ཐབས་གང་སྙམ་པ་ལ། འདི་དག་བྱ་བའང་ཡེ་ཤེས་རྡོ་རྗེ་ལས་ཀྱི་རྒྱུད་ལ་ཤིན་ཏུ་མཁས་པ་དང་ལྡན་པས་བྱ་བ་སྟེ། དེ་ཡང་ལས་སོ་སོར་བསྐོ་བའི་ཆེད་དུ་འཆད་པའི་བླ་མ་དགོངས་པ་མཛད་པ། ལས་གཞུང་སྲོང་བ། སྦྱིན་སྲེག་བྱེད་པ་གསུམ་གྱིས་ཐབས་མཆོག་དང་སྦྱར་ཏེ་བྱ་བའོ། །གཉིས་པ་ལ་གསུམ་སྟེ། རྡོ་རྗེ་རྒྱལ་པོས་དགོངས་པ་བྱ་བ། ལས་སྦྱོར་བླ་མས་ལས་གཞུང་བསྲང་བ། སྐབས་སྦྱོར་བླ་མས་སྦྱིན་སྲེག་བྱ་བའོ། །དང་པོ་ནི། དག་པའི་མཐའ་འཛིན་མཉེས་མཆོག་འཛིན། །ཞེས་པས་བསྟན་ཏེ། དེའི་ཚུལ་ནི། སྡིག་སྒྲིབ་ཅི་བྱས་པ་ཐམས་ཅད་དགོངས་པའི་འཕྲོ་འདུ་དག་པར་མཛད་པའི་ལས་ཀྱི་མཐའ་འཛིན་ཞིང་མི་གཏོང་བས་ཚོགས་གཉིས་པར་མཛད་དེ་རྒྱལ་བ་མཉེས་པའི་དགོངས་པ་མཆོག་གི་མཆོད་པ་འཛིན་པ་རྡོ་རྗེ་རྒྱལ་པོ་བླ་མའི་ཐབས་སོ། །གཉིས་པ་ནི། རྡོ་རྗེ་གསང་བའི། ཞེས་པ་ནས། གླུ་ཡི་རྒྱུད་སྦྱོར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། རྡོ་རྗེ་གསང་བའི་ལས་ལ་སྦྱོར་བའི་བླ་མས་གླུ་བྲོ་གར་ཐབས་དང་བཅས་པས་ལས་གཞུང་ཕྱི་མོ་བྱས་ཏེ་འཛབ་བྱ། བསྟོད་ཅིང་མཆོད་པ་དེས་པའི་འབྱོར་ཚོགས་རྣམས་ཀྱང་སྦྱར་ནས་འབུལ་བ་དག་གོ། །དེའང་རྡོ་རྗེ་སྔགས་ཀྱི་ལས་སྦྱོར་མཁན་གྱིས་ལས་རྣམ་པ་བཞི་པོ་གང་བྱེད་ཀྱི་གཞུང་སྲོང་བ་དེ་ལྟར་བྱིན་གྱིས་བརླབས་པའི་སྒྲུབ་པ་ཚུལ་བཞིན་རྫོགས་པར་བྱ་བའང་། སྦྱིན་སྲེག་བྱེད་པའི་ལས་མཁན་སྐབས་སྦྱོར་བླ་མའི་ལས་གཞུང་དང་མཐུན་པར་མདོ་ཆེན་པོའི་གསང་བ་ལས་ཀྱི་རྒྱུད་གཞུང་གི་བྱེ་བྲག་དང་ལྡན་པས་ལས་གང་བྱེད་ཀྱི་ཕྲེང་བ་གཤར་བཏབ་ལ། ཞི་བ་ན་ཞི་བའི་ལྷ་རྒྱུད་དང་། རྒྱས་པ་ན་རྒྱས་པའི་ལྷ་རྒྱུད་དང་། དེ་བཞིན་དུ་དབང་དྲག་གི་ལྷ་རྒྱུད་དག་བཤད་པ་བཞིན་བསྒོམ་ཞིང་ལས་གཞུང་བསྲང་བ་ཚུལ་བཞིན་དུ་གཤར་བས་གསལ་བཏབ་ནས་སོ་སོའི་ལྷ་བསྐྱེད་དེ་བསྒོམ་ཞིང་གསལ་བ་དང་། སྔགས་དང་ཕྱག་རྒྱ་བཟླ་ཞིང་བཅའ་བ་དང་། དེ་བཞིན་དུ་མེ་མཆོད་ནས་སོ་སོའི་བསྟོད་ཚིག་གི་གླུ་ཡི་སྒོ་ནས་མཆོད་པའང་རྒྱུད་དང་མཐུན་པར་སྦྱར་ཏེ་རྫོགས་པར་བྱ་བའོ། །གསུམ་པ་ནི། རིགས་ཀྱི་རིགས་རྒྱུད། ཅེས་པ་ནས། བྱ་བའི་ཐབས་ཆེན་བརྩམས། །ཞེས་པའི་བར་གྱིས་བསྟན་ཏེ། རིགས་ཀྱི་གཙོ་བོ་ལྔ་སོ་སོར་དབྱེ་བའི་རིགས་ལྔའི་རྒྱུད་དུ་བྱུང་བའི་ཁྱད་པར་ལྔ་རུ་སྣང་བའི་ལྷ་རྣམས་ནི། ལས་བཞི་སོ་སོའི་སྐབས་ཀྱི་རིགས་ལྔའི་ཆ་ཡིས་གཙོ་བོ་གང་གིས་བྱེད་པའི་ལྷ་དེའི་རིགས་སུ་ཀུན་གཤར་བཏབ་སྟེ་མཆོད་པའང་། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་ཆེན་པོ་ཉིད་དུ། དམ་རྫས་ཉིད་ཡེ་ཤེས་ཀྱི་བདུད་རྩི་མཆོག་གི་འོད་དུ་འབར་བ་ཡིས་མཆོད་ཅིང་། སྡིག་སྒྲིབ་སྦྱངས་པ་དང་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་བསྲེག་བྱར་སྦྱར་ཏེ་མཆོད་པར་བྱ་བ་ནི་འོས་ཤིང་རིགས་པའོ། །དེ་ཡང་གང་གི་མཆོད་ཅིང་བསྟོད་ཞེ་ན། ཡོན་ཏན་གྱི་མུ་མཐའ་དཔག་ཏུ་མེད་པ་མངའ་བའི་རྒྱལ་བ་རྫོགས་པའི་སངས་རྒྱས་རྒྱ་མཚོའི་ཆུ་ལྟར་ཟབ་ཅིང་མང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཆེ་བ་སྔགས་པའི་ཡོན་ཏན་ཚད་མེད་དག །རྡོ་རྗེ་གླུ་ཡིས་བསྟོན་པའི་ཚིག་གླུ་རུ་བླང་ཞིང་བརྗོད་ནས་ཀྱང་མཚན་རེ་རྫོགས་པ་དང་། རྩ་བའི་སྔགས་ལ་ཁཱ་ཧི་དང་། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། པཥྚིཾ་ཀུ་རུ་སྭཱ་ཧཱ། པཱ་ཤང་ཀུ་རུ་སྭཱ་ཧཱ། མཱ་ར་ཡ་ཕཊ྄ཿ ཅེས་ལས་སྐབས་དང་སྦྱར་ལ་མཆོད་ཅིང་མཉེས་པར་བྱ་བའི་ལས་ཀྱི་སྦྱིན་སྲེག་གི་ཐབས་ཆེན་པོ་བརྩམས་པར་བྱས་ཏེ་མཇུག་ཏུ་སྨོན་ལམ་མན་ཆད་བྱ་བའོ། །གཉིས་པ་ལ་གསུམ་སྟེ། མེ་པྲ་བཟང་ངན་བརྟགས་པ། ངན་ན་སྦྱིན་སྲེག་བསྐྱར་ལ་བྱ་བ། བཟང་ན་དངོས་གྲུབ་བླང་བའོ། །དང་པོ་ནི། མཉེས་པའི་ལས་རྣམས། ཞེས་པ་ནས། ཡོངས་སུ་ཤེས་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་ཟིན་པ་དང་མེ་པྲ་བརྟགས་པའི་ཕྱིར། བསྟོད་པ་ཟིན་ནས་མཉེས་པར་བྱ་བའི་ལས་རྣམས་རྫོགས་པ་དང་། གང་སྒྲིབ་པ་བྱང་ཞིང་དག་པ་དང་མ་བྱང་བས་དག་པ་མིན་པའི་དོན་ཆེན་པོ་དང་དམན་པའི་ཁྱད་པར་རྣམས་དང་། དངོས་གྲུབ་གྲུབ་པ་དང་མ་གྲུབ་པའི་ལྟས་ཀྱི་རྣམ་པ་དེ་རྣམས་ཐམས་ཅད་དག །རྣལ་འབྱོར་པ་མེ་ཡི་མཚན་ཉིད་ལ་མཁས་ཤིང་གོམས་པས་བརྟགས་ཏེ་དཔྱད་པར་བྱ་བའང་། མེ་སྒྲ་སྙན་པར་འབར་བ་དང་། མི་སྙན་པར་འབར་བ་གཉིས་དང་། ཁ་དོག་སྡུག་མི་སྡུག་དང་གསལ་བ་དང་མི་གསལ་བ་གཉིས་དང་། འབར་བའི་ཚུལ་དྲག་པར་འབར་བ་དང་། ཞན་པར་འབར་བ་གཉིས་དང་། མེའི་དབྱིབས་ཀྱང་ལས་བཞིའི་དབྱིབས་སུ་འབར་བ་རྣམ་པ་བཞི་དང་། འོག་གི་ཡིད་དུ་འོང་མི་འོང་གཉིས་ཏེ་རྩ་བ་དྲུག་གམ། རིགས་ལྔ་ཡབ་ཡུམ་གྱི་ཕྱག་མཚན་དྲུག་གི་དབྱིབས་རྣམ་པ་དྲུག་ཏུའང་གསུངས་ཏེ། སྐུ་གདུང་ཆེན་པོའི་རྒྱུད་ལས། དེ་དག་དག་པ་པདྨ་འདྲ། །མེ་འོད་དེ་འདྲ་འདོད་པ་ལེགས། །དཀར་ལ་མེ་ལྕེ་རྭ་བཞིན་འབྱུང་། །རྡོ་རྗེའི་རིགས་ཀྱི་མཆོད་རྟེན་ཐོབ། །མེ་འོད་འཁོར་ལོར་འབར་བ་དེ། །འཁོར་ལོ་སྣང་མཛད་ཆོས་སྐུའི་གཟུགས། །མེ་ལྕེ་གཅིག་ལ་རྩེ་རྣོ་བ། །ཁ་དོག་ལྔ་ཀ་ཚང་བ་དེ། །དོན་གྲུབ་མཆོད་རྟེན་དངོས་གྲུབ་ཐོབ། །མེ་ལྕེ་མང་ལ་མ་གྱེས་པར། །མེ་ལྕེ་གསུམ་དང་ལྡན་གྱུར་ན། །རྐང་པ་འདིར། དཔེ་ལ་ལར། མེ་ལ་དྲི་བསུང་ལྡན་གྱུར་ན། །ཞེས་འབྱུང་། རིན་ཆེན་མཆོད་རྟེན་འགྲུབ་པའི་རྟགས། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །མེ་ཡི་མདོག་ཀྱང་དེ་འདྲར་བརྟགས། །མེ་ལྕེ་མེད་ལ་མདོག་འགྱུར་ན། །སྒྲིབ་པ་ལས་ཚན་ཆེ་བ་ཡིན། །མེ་འོད་ཆུང་ལ་དམར་ནག་ན། །དེ་བཞིན་གཤེགས་པའི་ཐུགས་རྗེ་ཡིས། །སྡིག་ཅན་དེ་ནི་མ་ཟིན་རྟགས། །མེ་འོད་དཀར་ཞིང་འཆི་འདོད་ན། །བསོད་ནམས་ཞན་ཏེ་སྡིག་ཆུང་རྟགས། །མེ་འོད་ཆད་ཅིང་འབར་བ་དེ། །ལྷ་དག་མི་ཡི་སྒྱུ་སོགས་འདྲ། །ཞི་ལ་དཀར་བའི་མདོག་དང་ལྡན། །སྤྱི་རུ་མེ་ལྕེ་ལེགས་པར་འདོད། །མེ་ལྕེ་ཆད་འདོད་རླུང་ཆེ་ལ། །དྲག་འབར་སྐད་འདོན་བྱེད་པ་སྟེ། །ད་ལྟ་དངོས་སུ་སྡིག་ཞང་ཡོད། །མེ་ལྕེ་ཞི་ལ་དཀར་འཁྱིལ་བ། །མཇུག་ལའང་ཇེ་ཞན་དཀར་ཞན་པ། །དེ་ནི་བྱང་ཆུབ་སེམས་དཔའི་མེ། །མེ་ཡི་མཚན་ཉིད་གཞན་ཡང་བརྟགས། །ཞེས་གསུངས་པའི་དོན་དང་སྦྱར་རོ། །དེ་ལྟ་བུ་དག་ལ་ཤིན་ཏུ་ཡོངས་སུ་མཁས་ཤིང་ཤེས་པར་བྱ་བ་ངེས་པར་གཅེས་སོ། །གཉིས་པ་ནི། གལ་ཏེ་མཚན་མ། ཞེས་པ་ནས། ཆེན་པོ་རྒྱས་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཡོངས་སུ་ཤེས་ནས་ཚུལ་དང་ལྡན་པའི་ལས་བརྩམ་པའི་ཕྱིར། གལ་ཏེ་དེ་ལྟར་སྲེག་སྦྱོང་བྱས་པས་མེའི་མཚན་མ་རྣམས་མི་སྡུག་ཅིང་མི་ལེགས་པར་བྱུང་ན། འབྲས་བུ་ཡིད་དུ་མི་འོང་ཞིང་མི་འདོད་པར་ལྟུང་བའི་རྟགས་ཡིན་པས། སླར་ཡང་སྲེག་སྦྱོང་གིས་བཤགས་པ་ཆེན་པོ་བྱ་བའམ། ལས་ལ་ཤིན་ཏུ་གདུང་ཞིང་འགྱོད་པས་སྦྱིན་སྲེག་རྒྱས་པར་བྱ་བ་ལ་ནན་ཏན་དུ་འབད་དོ། །གསུམ་པ་ནི། དེ་ནས་ཡིད་འོང་། ཞེས་པ་ནས། གང་ལྟར་གྲུབ་པ་བླང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་མེའི་མཚན་མ་ལེགས་ནས་ཡིད་དུ་འོང་ཞིང་སྡུག་པར་གྱུར་ན། འབྲས་བུ་ཡིད་དུ་འོང་ཞིང་འདོད་པ་ལྟར་འབྱུང་བ་ངེས་པར་གྲུབ་པའི་རྟགས་ཡིན་པས། མེ་ལ་དངོས་གྲུབ་གང་འདོད་པའི་མཚན་མ་རྣམས་དང་བསྟུན་ཏེ་རབ་འབྲིང་ཐ་མ་རྣམ་པ་གསུམ་གང་ལྟར་བྱུང་བ་དེ་ལྟར་གང་གྲུབ་པ་ཡི་དངོས་གྲུབ་བླང་བར་བྱ་སྟེ། གང་ཡོད་བདག་ཚེ་འདས་པ་ཞིག་ན། དེས་བྱས་པ་དང་། དེས་བླང་བར་བསམ་པར་བྱའོ། །གཉིས་པ་ལ་བཞི་སྟེ། རོ་ཆས་སུ་གཞུགས་པ། བསྲེག་ཁང་བརྩེགས་པ། བླ་མ་སོ་སོའི་ལས་རིམ། མཇུག་གི་ལས་བསྟན་པའོ། །དང་པོ་ལ་བཞི་སྟེ། ཁྲུས་བྱ་བ། སྦྱོང་བྱེད་ཀྱི་མཚན་མ་དགོད་པ། སྦྱང་བྱའི་མཚན་མ་དགོད་པ། རོ་སྟེགས་ལ་བཞག་པའོ། །དང་པོ་ནི། འདུས་པ་ཆེན་པོ། ཞེས་པ་ནས། བྱུག་ཅིང་བཀྲུ་བར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བྱ་བ་ལའང་རོ་བསྲེག་པའི་ལས་དངོས་གང་སྙམ་པ་ལ། འདུས་པ་ཆེན་པོ་ཞེས་སྐྱེས་བུ་སེམས་དཔའ་རྡོ་རྗེས་བོས་ནས་གཞན་ཡང་གང་ལས་བཞིའི་སྦྱིན་སྲེག་ལས་དགར་བར་རོ་ཡི་རྫས་རྣམས་བསྲེག་སྦྱང་བྱ་བ་ཉིད་ན་ཐབས་འདི་ལྟར་བརྩམ་པར་བྱ་སྟེ། ཐོག་མར་རོ་ལ་ཆོས་ཉིད་རྣམ་པར་དག་པའམ་ཡི་གེ་བརྒྱ་པ་བཟླས་པའི་སྔགས་ཀྱིས་བཏབ་ནས་ཀྱང་ཤིན་ཏུ་དྲི་ཞིམ་པའི་སྤོས་ཆུ་སྣ་ཚོགས་ཀྱིས་རོ་ལ་བྱུག་ཅིང་ཕྱིའི་ཁྲུས་ཀྱིས་བཀྲུ་ཞིང་དག་པར་བྱ་བ་དང་། ནང་གི་ཁྲུས་ནི་བདག་མེད་སྒོམ་པའོ། །གཉིས་པ་ནི། བདུད་རྩི་ཞུན་ཆེན། ཞེས་པ་ནས། ཤིང་ལ་དྲིས་ཏེ་དགོད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ནས་བདུད་རྩི་ཞུན་ཆེན་གྱི་ཁུ་བ་ཡིས་རས་ལ་བྱུག་པས་རོ་དཀྲིས་ཏེ་གོས་དང་རྒྱན་བྱས་པས་སྣང་ཚུལ་དུ་ཕྱིའི་གོས་རྒྱན་བྱེད་དོ། །ནང་དུ་གོས་ནི་ཚུལ་ཁྲིམས་དང་། རྒྱན་ནི་ངོ་ཚ་ཤེས་པའོ། །དེ་ནས་གཉེན་པོ་དགོད་པ་ནི་རོ་ཡི་རྟོག་པའི་གནས་ཉི་ཤུ་རྩ་གཉིས་སམ་བཞི་བཅུ་ཞེ་གཉིས་ལ་སོགས་པ་རྣམས་གང་ཡིན་པར་རྟོག་པ་ལྷར་བསྐྱེད་པའི་ཕྱིར་ལྷ་རྣམས་ཀྱི་ལས་སྔགས་ཀྱི་སྦྱོར་བ་བྱང་བུའམ་ཤོག་བུ་ལ་བྲིས་ཏེ་གསང་གི་ཕྱག་རྒྱ་ཀུན་རོ་ལ་བཀོད་པ་ནི་རྟོག་པ་ལས་ལྷར་བསྐྱེད་པའི་རྐྱེན་ནོ། །དེ་ནས་གསུང་བཀོད་པའི་ལྷ་རྣམས་ཀྱི་ཐུགས་ཡེ་ཤེས་ཀྱི་ཕྱག་རྒྱའི་མཚན་མས་གདབ་པར་བྱ་བ་མཚོན་བྱེད་སྡོང་བུའི་སྙིང་པོ་རྒྱལ་བའི་དཀྱིལ་འཁོར་བཀོད་པ་གང་གི་ལྷའི་གྲངས་དང་མཉམ་པ་དེ་ཡི་ཐུགས་མཚོན་པའི་ཕྱག་རྒྱ་རྣམས་རས་ལ་བྱས་ཏེ་གསུང་གི་སྙིང་པོ་གང་དུ་བཀོད་པ་དེ་ཉིད་དུ་རས་ཀྱི་སྡོང་བུའི་སྙིང་པོའི་གྲངས་ཀྱང་དེ་ལྟར་དུ་བྱ་ཞིང་གདགས་ཏེ་རྟོག་པ་སྦྱོང་བའི་ཕྱིར་རོ། །དེ་ལྟར་རྟོགས་པ་ལྷར་བསྐྱེད་པའི་སྙིང་པོ་དག་ལ་ལྷ་སོ་སོ་ཡི་རྒྱུ་མ་ནོར་བ་རྩ་བའི་ཡིག་འབྲུ་རེ་རེ་བ་ༀ་མཱུྃ་ཧཱུྃ་ཏྲཱྃ་ལ་སོགས་པའམ། ཏ་ཐ་ལ་སོགས་པ་དག་རས་སམ་ཤིང་ངམ་ཤོག་བུ་ལ་བྲིས་ཏེ་དགོད་པར་བྱེད་པ་ནི་ས་བོན་གྱི་སྙིང་པོ་བསྐྱེད་གཞིའོ། །གསུམ་པ་ན ི། རོ་ཡི་སྦྱོར་བ། ཞེས་པ་ནས། ཁྱབ་པར་དགོད་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་རོ་ཡི་སྦྱོར་བ་རྫོགས་ཟིན་པ་དང་། དེ་ནས་རོ་ཡི་ཕྱི་རས་ཀྱི་སྟེང་ཁྱབ་པའི་ལུས་ཀྱི་མགོ་འཇུག་ཐམས་ཅད་དུ་འཁོར་བ་སྲེག་པའི་ཕྱིར་མི་མཐུན་པའི་རྣམ་པར་ཉོན་མོངས་པ་དང་འཁོར་བ་རྒྱུ་འབྲས་ཀུན་བཀོད་པར་བྱེད་དེ། གང་ཞེ་ན། རྒྱུ་ནི་རས་སམ་ཤིང་ཤུན་གང་དག་ལ། འཁོར་བའི་ས་བོན་དྲུག་གི་ཡི་གེ་ཨ་ནྲྀ་ལ་སོགས་པ་ཐམས་ཅད་དགོད་པ་དང་། དེ་དྲུག་གི་ལས་ཉོན་མོངས་པ་ལྔ་ཡི་མིང་དང་འཁོར་བའི་རྒྱུ་གཞན་དག་ཀུན་དང་། ཉོན་མོངས་པ་དུག་གསུམ་དང་བཅས་པ་ཡང་བྲིས་ལ་གདགས་སོ། །མཇུག་ལ་དེ་དག་དག་པར་གྱུར་ཅིག་ཅེས་བྱ་བའང་བྲིའོ། །དེ་བཞིན་དུ་སྐྱེ་བའི་གནས་བཞི་དང་ལམ་རྒྱུད་ལྔ་རྒྱུ་དྲུག་གི་འགྲོ་བ་རིགས་དྲུག་རྣམས་དང་བཅས་ཏེ་མིང་ཡིག་བྲི་བ་དང་ངམ་ཡང་ན་འདོད་ཆགས་བྱའི་གཟུགས་དང་། གཏི་མུག་ཕག་གི་གཟུགས་དང་། ཞེ་སྡང་སྦྲུལ་གྱི་གཟུགས་དང་མ་རིག་པ་རྒན་མོ་ལོང་བ་ལ་སོགས་པ་སོ་སོའི་གཟུགས་སུ་བྱས་ནས་ནི། གནས་དྲུག་དང་གནས་ལྔ་ལ་སོགས་པ་དག་ཏུ་དགོད་པར་བྱའོ། །གཞན་ཡང་ས་བོན་དྲུག་དང་འདུ་མཆེད་བཅུ་གཉིས་དང་། ཕུང་པོའི་དངོས་པོ་ལྔ་དང་། གཟུང་བ་དང་འཛིན་པའི་མིང་དུ་བཅས་པ་རྣམས་ཀྱང་ཡི་གེ་མས་ཀློག་གམ། རྒྱལ་ཁམས་སྡེ་གཞན་གྱི་ཡི་གེར་བྲིས་ཤིང་། མེ་དང་འདམ་དང་མུན་པ་དང་ཁུར་དང་མདུད་པ་དང་རི་བོ་ལ་སོགས་པ་མཚོན་བྱེད་བརྡ་ཡི་ཚུལ་དུ་རོ་ཡི་གནས་རྣམས་ཀུན་ཏུ་བཀོད་ནས་ནི། རོ་རྣམས་རྫོགས་པར་ཁྱབ་པར་དགོད་པར་བྱ་སྟེ། དེ་དག་བསྲེག་པ་དང་སྦྱོང་བའི་དངོས་པོ་ཡིན་པའི་ཕྱིར་རོ། །བཞི་པ་ནི། དེ་ནས་རོ་ཡི། ཞེས་པ་ནས། མཁས་པས་གཞག་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་རོ་ཡི་ཕུང་པོ་བཅས་ཟིན་པ་དེ་ཉིད། རྟེན་པས་དྲངས་ནས་གླེགས་མ་བརྩིགས་པའི་སྟེགས་བུ་ཡི་སྟེང་དུ་མཁས་པས་བཞག་སྟེ། ཤེས་པ་དགུག་པ་དང་། གཤེད་དང་བྲལ་བ་དང་། སྒྲིབ་པ་དྲལ་བ་དག་བརྩམ་པར་བྱའོ། །གཉིས་པ་ལ་ལྔ་སྟེ། མེ་ཐབ་བྱ་བ། བསྲེག་ཁང་རྩིག་ཅིང་རྫས་དགོད་པ། དཔེ་ཆུང་གདགས་པ། གཟུགས་ཐག་བླ་མའི་ཕྱག་ཏུ་འབུལ་བ། དཀྱིལ་འཁོར་དུ་ལྷ་དགོད་པའོ། །དང་པོ་ནི། ཐབ་ཀྱི་ཆོ་ག །ཞེས་པ་ནས། ཡུལ་བཅད་སོ་སོར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ལས་གང་བྱེད་ཀྱི་མེ་ཐབ་ཀྱི་ཆོ་ག་ལྟར་བརྩིགས་པར་བྱ་བ་ཡང་། མཎྜལ་ལམ་དཀྱིལ་འཁོར་ཆེ་ཆུང་གི་འཁོར་ཡུག་ཁྲུ་གང་ལ་སོགས་པ་རན་པ་ཙམ་དུ་བྱས་ལ། བར་འདིར། ཕྱག་དཔེ་གཅིག་ལ། ལྷམ་པའི་གཟུགས་ནི་གང་ཡིན་པ། །ཞེས་བཞུགས་ཏེ་གཞན་ལ་མི་འདུག་གོ། །མར་ཟབ་སུ་བརྐོ་ཞིང་བྲུ་བ་དང་། ཡར་ཁ་ཁྱེར་རྩིག་པའང་ཁྲུ་ཕྱེད་ཕྱེད་ཙམ་དུ་རྒྱུད་ཀྱི་ལུགས་བཞིན་བརྩམས་ལ་ལེགས་པར་བྱའོ། །དེར་ཕྱག་རྒྱ་བཞུགས་ཏེ་ལྷ་དགོད་པའི་གནས་སུ་དབུས་ཀྱི་ཕོ་བྲང་དག་ཀྱང་ཐིག་གིས་ཕྱེ་སྟེ། ལས་གང་བྱེད་པའི་དཀྱིལ་འཁོར་གྱི་སྒོ་ཡན་ཆད་ཡུལ་བཅད་དེ་ལེགས་པར་བྲི་ཞིང་གྲུ་ཆད་མན་ཆད་མཉམ་པར་བྲི་བའང་ཚུལ་བཞིན་དུ་སོ་སོར་བརྩམ་པར་བྱའོ། །གཉིས་པ་ནི། དེ་ཡི་སྟེང་དུ། ཞེས་པ་ནས། བཞིན་ཕྱོགས་རོ་བཞིན་བསྟན། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡི་སྟེང་དུ་བསྲེག་ཤིང་བརྩིག་ནས། བསྲེག་ཁང་གི་དབྱིབས་ནི་རིགས་སོ་སོའི་ལས་བཞི་གང་བྱེད་པའི་ཚུལ་དུ་གྲུ་བཞིར་གཏམས་པ་ལ། གྲྭ་ཟུར་ཀ་བས་བརྟན་པར་བརྟེན་ཏེ། སུམ་བརྩེག་གི་རྣམ་པར་ཡང་ཐོག་པར་ཁང་དང་བཅས་པར་བྱ་ཞིང་། ཐ་མ་ཡམ་ཤིང་བརྫངས་པས་གཏམས་པར་བྱའོ། །དེ་ནས་བར་ཁང་དག་གི་གླེགས་མ་ལ་རོ་དེ་གཞུག་པ་ཡི་བཞིན་གྱི་ཁ་ལྟ་ཕྱོགས་ནི་རོ་བསྲེགས་པའི་ལས་ཀྱི་གཞུང་བཞིན་ཏེ། ཞི་བ་ན་ཤར་དུ་བསྟན་པ་ལ་སོགས་པའོ། །ཡང་ན་རྩ་བའི་རྒྱུད་ལས། རོ་ཡི་བཞིན་ཕྱོགས་ཤར་དུ་བསྟན། །ཞེས་པ་ལྟར་ཤར་ཉིད་དུ་བསྟན་ཏོ། །གསུམ་པ་ནི། རོ་ཡི་སྟེང་ཁང་། ཞེས་པ་ནས། དཀྱིལ་འཁོར་གསལ་བར་དགོད། །ཅེས་པའི་བར་གྱིས་བསྟན་ཏེ། རོ་ཡི་སྟེང་ཁང་གི་ཡང་ཐོག་ཏུ་རས་སམ་གྲོ་ཤོག་ལ་སོགས་པ་ལ་བྲིས་པ་ཡི་ཞི་བ་རྡོ་རྗེ་དབྱིངས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་གསལ་བར་དགོད་དེ་དབུབ་ནས་ལྡིང་དུ་གཞུག་པའོ། །བཞི་པ་ནི། རོ་ཁང་གློ་སྐར། ཞེས་པ་ནས། བྱ་བ་རྫོགས་པ་དང་། །ཞེས་པའི་བར་གྱིས་བསྟན་ཏེ། རོ་ཁང་གི་གློ་སྐར་ཕྱོགས་བཞིར་བཞི་ཕྱེ་ལ་རྡོ་རྗེ་གཟུངས་ཀྱི་རྒྱུན་ཐག་བཞི་ཕུང་པོའི་ཕྱོགས་བཞིར་བཏགས་ནས་ཕྱོགས་བཞིའི་བླ་མའི་ཕྱག་ཏུ་དབུལ་ལོ། །དེ་ཡང་གཟུངས་ཐག་གི་གྲངས་ནི་གློ་སྐར་དང་མཉམ་པར་རྣམ་པ་བཞིར་སྦྱར་ཏེ། ཞི་བ་ལ་བཞི། རྒྱས་པ་ལ་བརྒྱད། དབང་ལ་དྲུག །དྲག་པོ་ལ་གསུམ་མམ། ཡང་ན་ཀུན་ལ་བཞི་སྟེ་བླ་མའི་གྲངས་ཀྱང་རྗེས་སུ་མཐུན་ནོ། །དེ་དག་ཤིང་གི་བརྩིགས་ལུགས་ཀྱི་དབྱིབས་ཀྱིས་ཕྱེ་བ་སྟེ། ཚུལ་དེ་ཡི་བྱ་བ་ཀུན་རྫོགས་པ་དང་ལེགས་པར་བྱའོ། །ལྔ་པ་ནི། དེ་ཡི་ཕྱི་མཐའི། ཞེས་པ་ནས། ལས་ཀྱི་ལྷ་རྣམས་དགོད། །ཅེས་པའི་བར་གྱིས་བསྟན་ཏེ། ཤིང་དེ་ཡི་ཕྱི་མཐའི་བར་གྱི་མཎྜལ་གྱི་སྟེགས་བུ་ལ་དཀྱིལ་འཁོར་བྲིས་ཏེ། དེར་རྣམ་བཞི་ལས་ཀྱི་ལྷ་རྣམས་དགོད་པ་ཡང་དབུས་སུ་གཙོ་བོ། ཐ་མར་འཁོར་དགོད་དེ། ཕྱི་མཐར་ཚངས་པ་ལ་སོགས་པ་ཡང་གསུངས་པས་སོ་སོའི་ཙཀ་ལི་དགོད་པར་བྱའོ། །གསུམ་པ་ལ་གཉིས་ཏེ། ཉེ་བར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། སྟེགས་བུ་རྫོགས་པར། ཞེས་པ་ནས། ལས་ཀྱི་སྐོས་གདབ་པ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཤིང་དང་སྟེགས་བུ་བཀོད་པའི་བྱ་བ་ཐམས་ཅད་རྫོགས་པར་གྱུར་ཏེ་ལེགས་པར་ཟིན་པ་དང་། རྡོ་རྗེ་ལས་ཀྱི་བླ་མ་རྣམས་རང་རང་གི་ལས་ལ་སྒོས་གདབ་པའི་ཚུལ་བསྟན་པ་ནི། གཉིས་པ་ལ་དྲུག་སྟེ། རྡོ་རྗེ་རྒྱལ་པོས་འཛབ་བྱ་བ། ལས་སྦྱོར་བླ་མས་གཞུང་བསྲང་བ། རྡོ་རྗེ་རྒྱལ་ཐེབ་ཀྱིས་སྡིག་པ་བཤགས་པ། སྐབས་སྦྱོར་བླ་མས་སྦྱིན་སྲེག་བྱ་བ། དགེ་བའི་ལྟང་འཛིན་གྱིས་དཀར་བྱང་བླ་མ་ལ་དབུལ་བ། སྡིག་པའི་ནག་བྱང་ཐབ་ཏུ་བསྲེག་པའོ། །དང་པོ་ནི། རྡོ་རྗེ་རྒྱལ་པོ། ཞེས་པ་ནས། འདུ་འཕྲོ་རྒྱུན་དུ་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། རང་ཉིད་ཀྱི་འཁོར་བ་བསྲེགས་ཟིན་པའི་རྡོ་རྗེ་རྒྱལ་པོ་བླ་མ་དམ་པ་ལ་ཚེ་འདས་ཀྱི་འཁོར་བ་བསྲེག་པར་མངའ་གསོལ་ཏེ། ཤར་དུ་བཞུགས་ནས། རོ་ལ་བཀོད་པའི་ལྷ་རྣམས་གསལ་བར་བྱས་ལ། དགོངས་པ་ཆོས་ཉིད་ལས་མི་གཡོ་བར་ཐམས་ཅད་དེར་སྦྱངས་པའི་ཡེ་ཤེས་ཀྱི་མེ་ཆེན་པོའི་ངང་དུ་རྩེ་གཅིག་པར་གནས་པས། ཚེ་འདས་ཀྱི་རྟོག་སྒྲིབ་སྲེག་པའི་རྡོ་རྗེ་སྔགས་ཀྱི་མེ་ཡི་འདུ་འཕྲོ་བྱ་ཞིང་གཟུངས་ཐག་ནས་བཟུང་ལ་དགོངས་པ་རྒྱུན་དུ་བྱ་ཞིང་བར་མི་གཅད་དོ། །གཉིས་པ་ནི། རྡོ་རྗེ་སྔགས་ཀྱི། ཞེས་པ་ནས། ཕྲེང་བ་རྫོགས་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་རྡོ་རྗེ་སྔགས་ཀྱི་ལས་སྦྱོར་མཁན་ལ་ལས་རྣམ་པ་བཞི་གང་བྱེད་པའི་ཕྲིན་ལས་ཀྱི་བདག་པོར་མངའ་གསོལ་ཏེ། བྱང་དུ་ལས་བཞི་གང་རུང་གི་ཕྲིན་ལས་ཀྱི་ཕྲེང་བ་རྫོགས་པར་བྱ་སྟེ་ཞི་ཁྲོ་གཞུང་བསྲང་འཛབ་དུས་སུ་དཀྱིལ་འཁོར་གཉིས་སུ་ཕྱེ་ལ་བསྟིམས་ཏེ་འཕྲོ་འདུ་བྱའོ། །གསུམ་པ་ནི། བླ་མ་རྡོ་རྗེ། ཞེས་པ་ནས། བསགས་པ་བགྲང་ཞིང་བཤགས། །ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་རྡོ་རྗེ་རྒྱལ་ཐེབ་ཏུ་གྱུར་པའི་དམ་པ་ཞིག་གིས་རོ་ཡིས་ཚེ་རབས་སུ་བྱས་པའི་སྡིག་སྒྲིབ་ཀྱི་ཉེས་པའི་མཐའ་བཟུང་ནས་ད་ལྟའི་བར་གྱི་ལས་ཀྱི་བསགས་པ་བསྔོ་བགྲང་བྱ་ཞིང་ནུབ་ཕྱོགས་ནས་བཤགས་པའི་ཐབས་ཟབ་མོ་བྱའོ། །བཞི་པ་ནི། སྐབས་སྦྱོར་རྡོ་རྗེ། ཞེས་པ་ནས། ལས་ཀྱི་མཇུག་ཏུ་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། སྐབས་སྦྱོར་བྱེད་པའི་རྡོ་རྗེ་བླ་མ་ཡིས། ལྷོ་ཡི་ཕྱོགས་ནས་བླ་ན་མེད་པའི་མེ་ཡི་མཆོད་པ་དང་སྦྱིན་བསྲེག་རྒྱུན་དུ་བྱ་སྟེ། དེའང་དང་པོ་ཐབ་གང་ཡིན་པ་ལས། ཨེ་ཝྃ་མཱ་ཡཱ། ཞེས་མེའི་ས་བོན་བཏགས་པ་བརྗོད་ལ་ཐབས་དང་མཐུན་པར་འབྱམས་ཀླས་པར་བསྐྱེད། དེ་འོག་རྡོ་རྗེའི་བྲག་ཐབ་དང་དབྱིབས་མཐུན་པའི་སྟེང་དུ་དེ་ལས་ར་སྐྱེས་བསྐྱེད། དེའི་སྒ་གོང་དུ་རིགས་བཞིའི་ས་བོན་གང་རུང་ལས། ལས་བཞིའི་མེ་ལྷ་ལས་དང་མཐུན་པའི་ཁ་དོག་ལ་ཏྲི་ཤུ་ལ་དང་། ཞགས་པ་དང་། སྒྲོམ་དང་། གུནྡྷེ་རྣམས་གཡས་དང་། གཡོན་བགྲང་ཕྲེང་ཅན་བསམས་ལ། དབང་བསྐུར་བྱིན་གྱིས་བརླབ། ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས། དེ་ཡང་ད་རུ་ན་ཞེས་བྱ་བའི་མེ་ལྷ་དང་། སྟོབས་སྦྱིན་ཞེས་བྱ་བའི་མེ་ལྷ་དང་། འདོད་པ་སྐྱེས་ཞེས་བྱ་བའི་མེ་ལྷ་དང་། ཁྲོ་བོ་ཞེས་བྱ་བའི་མེ་ལྷ་དང་བཞིའམ། དེ་དང་ཆ་མཐུན་པའི་ཡེ་ཤེས་ཀྱི་མེ་ལྷའོ། །དེ་དམ་ཚིག་གི་མེ་ལྷ་ལ་བསྟིམ། བརྟན་པར་བྱས་ལ་མཆོད་པ་རྣམས་ཕུལ་ཏེ་བསྟོད་ལ། ལས་བཅོལ་བ་དང་། དེའི་ལྟོ་སྙིང་དུ་ཚེ་འདས་ཀྱི་རྟོག་ཚོགས་ལྷའི་དཀྱིལ་འཁོར་དུ་གསལ་བར་བསྐྱེད་ལ། སྤྱན་དྲངས་པ་དང་བསྟིམ་བརྟན་བྱས་ལ། བྲོ་གར་དང་གླུ་ཚིག་སྙན་པའི་སྟབས་ཆེན་གྱིས་མཆོད་པའི་ཁྱད་པར་ཀུན་སྦྱར་བ་དང་རོལ་མོ་སྣ་ཚོགས་པ་དབུལ་ལ་བསྟོད་པ་རྫོགས་མ་ཐག་ཏུ། ཧཱུྃ་བཛྲ་དྷྲིཀ྄་མཱུྃ་ད་དུ་ཤྭ་རི་ཁཱ་ཧི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སོགས། བཟླས་པ་སྟོང་རྫོགས་ནས་རྣམ་ལྔ་འབུལ་བ་སྟོང་ཚིགས་ཀྱི་མཆོད་པ་ཟེར་རོ། །སྐབས་སུ་རྡོ་རྗེ་ལས་ཀྱི་སྨོན་ལམ་ལས་མཐུན་དུ་གདབ་སྟེ། མཆོད་པའི་སྐབས་དུག་གསུམ་མཆོད་པའང་བྱ་ཞིང་ལས་ཀྱི་མཇུག་ཏུ་རྫོགས་པའི་བར་མཐར་ཆགས་སུ་བྱའོ། །ལྔ་པ་ནི། རྡོ་རྗེ་ལས་ཀྱི། ཞེས་པ་ནས། དམ་པ་རྣམས་ལ་འབུལ། །ཞེས་པའི་བར་གྱིས་བསྟན་ཏེ། རྡོ་རྗེ་ལས་ཀྱི་ལྟང་འཛིན་པའི་དམ་པས། ཚེ་འདས་ཀྱི་ཚེ་སྔ་ཕྱིའི་དགེ་བ་ཅི་བསགས་པའམ། མ་ཤི་ཙམ་ན་དགེ་རྩ་ཇི་ལྟར་བྱས་པ་ཐམས་ཅད་ཤོག་བུའམ་རས་ལ་བྲིས་ནས་དཀར་བྱང་ལས་ཀྱི་ལྟང་བཟུང་སྟེ། ལེགས་མཐའ་རྣམས་བླ་མ་དམ་པ་རྣམས་ཀྱི་ཕྱག་ལ་འབུལ་བར་བྱའོ། །དྲུག་པ་ནི། རོ་ཡི་ཉེས་མཐའ། ཞེས་པ་ནས། སྒྲིབ་སྲེག་དེ་ཉིད་མཁྱེན། །ཞེས་པའི་བར་གྱིིས་བསྟན་ཏེ། རོ་ཡི་ཉེས་མཐའ་གང་ཡིན་རྣམས་འཛིན་པས་ཚེ་འདས་ཀྱི་ཚེ་རབས་སུ་སྡིག་པ་ཅི་བྱས་པའམ། ཚེ་འདིར་བསགས་པ་ཐམས་ཅད་རས་སམ་ཤོག་བུ་ལ་བྲིས་པའི་ནག་བྱང་བཀླགས་ལ། མཚན་མ་ནག་པོའི་བུད་ཤིང་དེ་དག་ཡེ་ཤེས་མེའི་ཀློང་དུ་བསྲེག་སྟེ་ཚིག་ཏུའང་ལྷ་ལ་བསྐུལ་བ་འདི་སྐད་དུ་བརྗོད་དེ། ཀུན་འདུས་ཀྱི་མཆན་རྙིང་ལས། གསང་ཆེན་ནང་པའི་ལུགས་ཀྱིས་མེ་ལྷ་ལོགས་ན་མེད་པས། ཞེས་གསུངས་ལ། ཚུལ་དེ་ལྟར་ལྟ་བ་བསྐུལ་བ་དང་རྗེས་སུ་མཐུན་པར་སྣང་བ་མཐའ་ཡས་ཡབ་ཡུམ་མེ་ལྷ་དང་དབྱེར་མེད་པར་བྱས་ཏེ། མེ་སྦྱོར་མེ་ལ་གནས་པའི་ལྷ། །མེ་ཡི་སངས་རྒྱས་འོད་དཔག་མེད། །མེ་ཡི་ལྷ་མོ་གོས་དཀར་མོ། །རྒྱལ་བ་ཀུན་གྱི་འོད་ཡིན་ཏེ། །འབྱུང་བ་མེ་ལ་དབང་བསྒྱུར་ཞིང་། །ཐམས་ཅད་ཀུན་གྱི་དྲོད་བདག་ཡིན། །སྲིད་གསུམ་སྲེག་པར་ཞལ་གྱིས་འཆེས། །དངོས་པོ་བསྲེག་པའི་ཕྲིན་ལས་ནི། །ཐུགས་དམ་དབང་གིས་ཡོང་མི་འདའ། །ཞེས་དབྱངས་སུ་བརྗོད་ལ། དང་པོར་སྡིག་སྒྲིབ་བསྲེག་པར་ཐུགས་དམ་དུ་བཅས་པ་ལགས་པས། ཚེ་འདས་གང་གི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྲེག་པའི་ཐབས་དམ་པ་དེ་ཉིད་མཁྱེན་པར་མཛོད་ལ་བསྲེག་པར་གྱིས་ཤིག་པར་བསྐུལ་ལོ། །དེ་ལྟར་ནག་བྱང་བསྲེག་པར་བྱེད་དེ། མེ་སྦྱོར་མེ་ལ་གནས་པའི་ལྷ། །ཞེས་པ་སོགས་འདི་ནག་བྱང་ལ་འབྱར་བ་ནི་གཞུང་གི་དགོངས་པ་དངོས་ཡིན་པས་འགྲེལ་པས་ཀྱང་དེ་ལྟར་བཤད་ལ་ཀུན་འདུས་དང་ཡང་མཐུན་ནོ། །བཞི་པ་ལ་གཉིས་ཏེ། མཇུག་གི་ལས་དངོས་བསྟན་པ། ཞོར་ལ་གདུང་གི་རིམ་པའོ། །དང་པོ་ལ་བཞི་སྟེ། མེ་པྲ་བརྟག་ཅིང་བཟང་ངན་གྱི་བྱ་ཐབས། ཐལ་བ་ཕྱག་རྒྱར་བཞེངས་པ། གདུང་བྱུང་ན་མཆོད་ག ནས་སུ་དབུལ་བ། སྤྱིའི་མཇུག་བསྡུ་བའོ། །དང་པོ་ནི། རོ་ཡི་རྣམ་ཤེས། ཞེས་པ་ནས། ལེགས་ན་མེ་དབང་བསྐུར། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་རོ་ཡི་རྣམ་ཤེས་ཀྱི་སྡིག་སྒྲིབ་བྱང་མ་བྱང་ངམ་དག་མ་དག་གི་ཁྱད་པར་མེ་ལ་མཁས་པས་བཤད་པ་དེ་བཞིན་དུ་མེ་ལྕེ་ལ་བརྟག་གོ། །གལ་ཏེ་མི་སྡུག་པའི་ཚུལ་བྱུང་ནས་མ་ལེགས་ན་སླར་ཡང་བསྲེག་སྦྱང་རྒྱས་པར་བྱ་ཞིང་བཤགས་པ་མང་དུ་བྱའོ། །གལ་ཏེ་མེ་ལྕེ་སྡུག་ཅིང་ལེགས་པར་བྱུང་ན་དེ་ཉིད་ལ་སྒྲིབ་པ་སྲེགས་ཤིག་པར་བརྗོད་ལ་ཡེ་ཤེས་ཀྱི་མེས་སྦྱངས་པར་བསམ་ནས་ཚེ་འདས་ལ་མེ་དབང་བསྐུར་ཞིང་དངོས་གྲུབ་བླང་བར་བྱའོ། །གཉིས་པ་ནི། ཐལ་བ་སྐུ་གདུང་། ཞེས་པ་ནས། དཀྱིལ་འཁོར་ལ་སོགས་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། ཐལ་བ་ལ་ཕྱི་ནས་སྐུ་གདུང་མཆོད་རྟེན་དང་རིང་བསྲེལ་དང་ལྡན་པའི་སྐུ་བརྙན་གྱི་གདུང་དང་། ཕྱག་རྒྱའི་དཀྱིལ་འཁོར་ལ་སོགས་པ་བཞེངས་སུ་གསོལ་ལ་རབ་གནས་ཚུལ་བཞིན་དུ་བྱའོ། །གསུམ་པ་ནི། དམ་པ་ཞིག་ན། ཞེས་པ་ནས། སེམས་དཔའ་མཆོད་དེས་སྨྲས། །ཞེས་པའི་བར་གྱིས་བསྟན་ཏེ། ཚེ་འདས་དེ་ཉིད་གལ་ཏེ་རྣལ་འབྱོར་དམ་པ་མཆོག་ཏུ་གྱུར་པ་ཞིག་ཡིན་ན། དེ་ལ་སྐུ་གདུང་བྱུང་མ་བྱུང་ཡི་གེ་བརྒྱ་པས་བཤགས་པའི་སྔགས་ཀྱི་ཐེན་ཚར་ལ་བརྟགས་ཏེ། བྱུང་ན་བླ་མའི་མཆོད་གནས་དམ་པའི་རྟེན་དུ་རྡོ་རྗེ་རྒྱལ་པོ་ལ་དབུལ་བར་བྱ་བའམ། རྣལ་འབྱོར་ཚུལ་བཞིན་བྱེད་པ་གང་ཡང་རུང་བ་ལ་དབུལ་བར་བྱའོ། །འདི་ལྟར་བྱེད་པ་ནི་སྒོ་གསུམ་གྱི་ལས་ཀྱི་སྦྱོར་བ་ཀུན་གྱི་མཆོག་ཏུ་གྱུར་བ་ཡིན་ནོ། །དེ་སྐད་ཅེས་གསང་བའི་མངའ་བདག་སེམས་དཔའ་རྡོ་རྗེ་སྟོན་པ་མཆོག་དེས་སྨྲས་ཏེ་བཀའ་སྩལ་པར་མཛད་དོ། །ཞེས་གསང་བ་པས་གསུངས་སོ། །བཞི་པ་ནི། གྲོགས་པོ་དག །ཅེས་པ་ནས། ཤེས་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །བསྟན་པ་དེ་དག་ནི་མེའི་བྱ་བས་ཡོངས་སུ་སྦྱང་བ་ཡིན་པར་ཤེས་པར་བྱའོ། །ཞེས་སྤྱོད་པའི་ངོ་བོ་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། དང་པོ་ཇི་ལྟར་བྱུང་བའི་ཁུངས་ཀྱི་རིམ་པ། གདུང་བསྒྲུབ་པའི་ཐབས་བཤད་པའོ། །དང་པོ་ལ་ལྔ་སྟེ། གང་ལ ས་བྱུང་བའི་ཚུལ་དོན་བྱེད་ཚུལ་དང་བཅས་པ། བྱིན་རླབས་དང་ཡོན་ཏན་བསྟན་པ། རིག་འཛིན་དང་བྱང་ཆུབ་སེམས་དཔའ་དག་པ་ལ་སྣང་བ། གདུང་གི་ཁྱད་པར་བཤད་པ། ཕེབས་པའི་ཡོན་ཏན་བསྟན་པའོ། །དང་པོ་ནི། རྡོ་རྗེ་གསང་བ། ཞེས་པ་ནས། ལས་ཀྱང་དེ་བཞིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། གདུང་གི་ལོ་རྒྱུས་བསྟན་པའི་ཕྱིར། རྡོ་རྗེ་གསང་བའི་ཐེག་པ་ཆེན་པོ་བསྒྲུབ་པའི་ཆོས་ཀྱི་སྤུན་ཟུང་དུ་གྱུར་པ་དག་ལ་བོས་ནས་གང་ཞིག་འདས་པར་བཤད་པ་དེ་བཞིན་དུ་ལྔ་ཕུང་མེ་ཡི་བྱ་བས་སྦྱངས་པ་ཡི་རྐྱེན་ལས་བྱུང་བ་གདུང་ཞེས་གྲགས་པ་ཤ་རི་རམ་ཉིད་ཇི་ལྟར་འབྱུང་བའི་ཚུལ་ཡང་། བསྐལ་པ་དཔག་ཏུ་མེད་པ་ཇི་སྲིད་པའི་སྔོན་རོལ་ཡི་དུས་དག་ནས་གྲངས་མེད་པའི་སྤྲུལ་པའི་སྐུའི་རྒྱལ་བ་མང་པོ་དག་མྱ་ངན་ལས་འདས་པར་གྱུར་ནས་སྤུར་སྦྱངས་པར་བྱས་པའི་ཕྱི་ན། དགོངས་པ་མཐའ་དང་བྲལ་བའི་སྤྲོས་མེད་ཡེ་ཤེས་ཆེན་པོའི་བྱིན་རླབས་དམ་པ་ལས་བྱུང་བའི་སྐུ་གདུང་ཞེས་སུ་གྲགས་པ་ནི། སྐུ་ཡི་གདུང་དངོས་སམ་ཤ་རི་རམ་དང་རིང་བསྲེལ་ཞེས་གྲགས་པ་གདུལ་བྱ་ལ་སྣང་ནས་འགྲོ་བའི་བསོད་ནམས་ཀྱི་རྟེན་དུ་ཀུན་ལ་གྲགས་ཤིང་སྣང་བའོ། །འོ་ན་རྒྱལ་བ་ལ་དངོས་པོ་ཞིག་ཡོད་དོ་ཞེ་ན། རྒྱལ་བ་རྣམས་ཀྱི་ངོ་བོ་ནི་དངོས་པོ་ཡོད་སྟོང་གི་མཐའ་དང་བྲལ་བའི་སྤྲོས་མཚན་གང་ཡང་མེད་པས་ཆོས་སྐུ་གདལ་ཁྱབ་ཆེན་པོ་ལ། སྐུ་གདུང་དང་རིང་བསྲེལ་གྱི་དངོས་པོ་རང་རྒྱུད་པར་མི་དམིགས་པས་ངེས་པའི་མཚན་མ་ཅན་དུ་འབྱུང་བ་མི་སྲིད་ན་ཡང་། གདུལ་བྱ་སེམས་ཅན་རྣམས་ལ་ཕན་གདགས་ཏེ་དྲང་བའི་དགོས་ཆེད་ཀྱི་དོན་དུ། གསང་བའི་དབྱིངས་དངོས་མེད་རང་བཞིན་ལྷུན་གྱིས་གྲུབ་པའི་ངང་ལས་ཐུགས་རྗེའི་ཆོ་འཕྲུལ་དུ་བཞག་པས་སྐལ་ལྡན་ཀུན་ལ་སྣང་བའོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་གང་དུ་རྒྱལ་བའི་སྐུ་གང་ལའང་གདུང་བྱུང་བའི་ཚུལ་དེ་ལྟར། ད་ལྟ་མི་མཇེད་ཀྱི་ཞིང་ཁམས་གང་འདིར་སྣང་བའི་སྒྲོན་མ་སྤྲུལ་པའི་སྐུ་ཐུབ་པའི་དབང་པོ་དག་མྱ་ངན་འདས་པའི་སྐུ་གདུང་ཡང་ཤ་རི་རམ་ཞེས་སུ་གྲགས་པར་འགྱུར་པ་ཉིད་དེ། གདུང་དེ་ཡི་བསོད་ནམས་ཀྱི་རྟེན་ནམ་མོས་པའམ་དད་པ་སྐྱེད་ནས་འགྲོ་བ་སེམས་ཅན་འདྲེན་པའི་དོན་མཛད་པའི་ཕྲིན་ལས་ཀྱང་བཤད་པ་དེ་དག་ཇི་ལྟ་བ་དེ་བཞིན་ནོ། །གཉིས་པ་ནི། དེ་ལ་སོགས་པའི། ཞེས་པ་ནས། སྨན་གྱི་མཆོག་ཏུ་གྲགས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་སོགས་པའི་སྙེགས་སྡུད་ཀྱི་རྒྱལ་བ་རྣམས་ནི་ཐུབ་པའི་དབང་པོ་ཡན་ཆད་དང་མ་འོངས་པ་སྟེ་སྔ་མར་རང་བྱུང་བའི་འོད་སྲུང་ལ་སོགས་པ་དང་། རྗེས་ཐོག་ཏུ་ད་ལྟ་གནས་པ་རྫོགས་ནས་འབྱུང་བའི་བྱམས་པ་དང་། དེ་ནས་སེང་གེ་ལ་སོགས་པ་དང་བཅས་པ་རྣམས་ཀུན་གྱི་སྐུ་གདུང་ནི་ཚུལ་མཐུན་ཞིང་གཅིག་པར་གྱུར་པ་ཡི་ཤ་རི་རམ་དུ་སྣང་བས་ཐ་དད་མེད་པའོ། །དེ་མི་ཡུལ་དུ་ཇི་ལྟར་འཕེལ་བ་ནི། སྐུ་གདུང་དེའི་ས་བོན་གྱི་བྱིན་རླབས་ཀྱིས། གདུང་གི་ཡོན་ཏན་གྱི་ཆ་ལས་བདུད་རྩིར་འཕེལ་བ་ནི་ལྷོའི་འཛམ་བུའི་གླིང་གི་ས་ཁམས་ཀུན་ཏུ་ཁྱབ་པར་སྣང་སྟེ་རྒྱུ་གདུང་གི་བྱིན་རླབས་ལས་བྱུང་བའི་ཕྱིར་ན་ངོ་བོ་སྲ་ཞིང་མཁྲེགས་ལ་དབྱིབས་ཟླུམ་པོ་ཉིད་དེ། མིང་དུ་ཐ་སྐར་རྡོ་རྗེར་རབ་ཏུ་གྲགས་ཤིང་དབྱིབས་དང་ཆེ་ཆུང་དང་ཁ་དོག་གི་ཚུལ་ཡང་ལྒང་བུ་ཟུར་གསུམ་ཏིལ་གྱི་ལྒང་བུ་དང་འདྲ་ལ། སྨིན་ལུགས་གཞོན་པའི་ཚེ་མར་རམ་འོ་མར་སྣང་ལ། ནར་སོན་པར་སྨིན་པའི་རྟགས་སྲ་ཞིང་མཁྲེགས་པར་འགྱུར་ཏེ། ཚད་ཙ་ན་ཀ་ཡི་འབྲུ་བཞིན་དུ་དཀར་ལ་ཙན་ཙམ་དམར་བས་ཁ་དོག་གསལ་ཞིང་བཟང་བའོ། །དེ་ཉིད་བསྒྲུབས་ནས་ཟོས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ། ལུས་སྲ་བ་སོགས་བདུད་རྩི་སྨན་གྱི་མཆོག་ཏུ་གྲགས་ཤིང་གྲུབ་པའོ། །གསུམ་པ་ནི། དེ་བཞིན་རིགས་འཛིན། ཞེས་པ་ནས། མ་དག་ཚུལ་ལ་སྦྱོར། །ཞེས་པའི་བར་གྱིས་བསྟན་ཏེ། རྒྱལ་བའི་རྗེས་སུ་འཚོབ་པ་ལའང་སྣང་བའི་ཕྱིར་བཤད་པ་དེ་བཞིན་དུ་རིགས་འཛིན་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས། མི་ཡི་ལུས་སུ་སྤྲུལ་པ་དང་། གང་ཟག་ས་བ་ཆོས་མིག་ལྡན་པའི་ཤེས་རབ་ཀྱི་སྤྱན་ཅན་དང་། བསོད་ནམས་བསགས་པའི་དཔལ་གྱིས་ཞིང་དག་པར་གྱུར་པ་དག་ཀྱང་། སྐུ་འདས་པའི་ཚེ་སྡོང་བུ་སྙིང་པོར་བཅས་ཏེ་ཕུང་པོ་ལྔ་ཞུགས་ལ་ལེགས་པར་སྦྱངས་པའི་ཕྱི་ན་འབྱུང་ཞིང་སྐལ་བ་ཅན་ལ་སྣང་བ་ནི། ལ་ལ་དག་ལ་གདུང་ཤ་རི་རམ་དང་། ལ་ལ་དག་ལ་རིང་བསྲེལ་དང་སྐུ་ལ་སོགས་པའོ། །དེ་དག་རྙེད་པར་དཀའ་བའི་ཕྱིར་སྐལ་བ་ངན་པ་ཕྱོགས་གཅིག་དག་ལ་སྣང་ཞིང་མཐོང་བར་མི་འགྱུར་རོ། །གལ་ཏེ་ལ་ལ་ཞིག་ལས་དག་ནས་སྣང་བར་གྱུར་ན་ཡང་འཕྲལ་དུ་སྒོ་གསུམ་གྱི་སྦྱོར་བ་དག་ན་སྤྱོད་ཡུལ་དུའང་ཡུན་ཅི་ཙམ་དུ་བཞག་པར་རྟག་ཏུ་སྡོད་ལ། འཕྲལ་སྤྱོད་མ་དག་ན་ནུབ་ཅིང་གཞན་དུ་འབྲོས་ཏེ་མི་སྣང་བར་འགྱུར་རོ། །དེ་ཉིད་ཇི་ལྟ་བའི་དབང་ལས་གྱུར་ཞེ་ན། རྣལ་འབྱོར་པ་དེ་ལ་ཡིད་དུ་འོང་བ་དང་མི་འོང་བའི་སྐྱོན་ཡོན་འབྱུང་བའི་ལྟས་ནི་སོ་སོར་སྟོན་པའི་སྔ་ལྟས་ཀྱི་དབང་སྟེ་དབྱིབས་དང་ཁ་དོག་འགྱུར་བ་དང་། སྣང་མི་སྣང་དུ་འགྱུར་བར་བྱེད་དོ། །འོན་ཀྱང་སྐུ་གདུང་ནི་ཆོས་ཉིད་རྟོགས་པའི་བྱིན་རླབས་ཀྱི་རྟགས་ཡིན་པའི་ཕྱིར། དེའི་མཚན་ཉིད་ཀྱང་། སྣོད་ན་འདུག་པའི་ཡོད་པ་རྟག་པ་ཐེག་ཟུག་མ་ཡིན་ལ། མེད་ལ་ངོ་བོ་ཆད་པས་གཏན་དུ་བརླག་པར་ཡང་ཡོང་ཡེ་མི་འགྱུར་བས་རྣལ་འབྱོར་པས་ལས་དང་སྦྱོར་བ་རྣམས་དག་ན་མང་དུ་འཕེལ་ལ་བརྟན་པ་དང་། མ་དག་ན་ཉུང་ཞིང་འགྲིབ་པའི་ཚུལ་ལ་སྦྱོར་ཏེ་དེ་ལྟར་ཤེས་པའི་རྟགས་ཡིན་པས་དག་ན་སྤེལ་ལ་མ་དག་ན་སྦྱོང་ངོ་། །བཞི་པ་ནི། དེ་ཡང་བསོད་ནམས། ཞེས་པ་ནས། ལྕགས་ཀྱི་གཏུན་གྱིས་ཡང་མི་ཚིགས། །ཞེས་པའི་བར་གྱིས་བསྟན་ཏེ། དེས་ན་དག་པ་ལས་འབྱུང་བའི་ཕྱིར། གདུང་དེ་ཡང་སྔ་མར་བསོད་ནམས་དྲི་མ་མེད་པར་བསགས་ཏེ་བསྒོམ་པ་ལས་བྱུང་བའི་དངོས་པོས་དག་པ་ཡིས། སྐྱེས་བུ་གང་དག་ཐེག་པ་ཆེན་པོའི་ལམ་ཟབ་ཅིང་རྒྱ་ཆེར་མོས་ཤིང་དད་པ་དང་། རྣལ་འབྱོར་གྱི་དོན་ལ་རྩེ་གཅིག་ཏུ་དམིགས་པ་བཏུད་པའི་ཏིང་ངེ་འཛིན་མི་འགྱུར་བར་བསྒོམ་ན། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེས་ངང་དང་མི་ཕྱེད་པར་སྦྲེལ་བ་དང་ལས་དང་འབྲས་བུ་མཐུན་པ་མི་འགལ་བས་ན། ཞེན་པ་གཉིས་ཀྱི་རྒྱུད་རྣམས་ཡོངས་སུ་དག་པ་ལ་ཡང་གདུང་འབབ་ཅིང་འབྱུང་ངོ་། །གྲངས་དང་ཚད་བསྟན་པའི་ཕྱིར། དེ་ཡང་རྒྱལ་བ་དང་རིག་འཛིན་གྱི་ཁྱད་པར་རིམ་པས་བསྟན་ཏེ་གང་ཟག་གི་ཆ་ཡིས་དབྱེ་བ་ནི། རྒྱལ་བའི་སྐུ་གདུང་ཤ་རི་རམ་ཉིད། ཞིང་ཁམས་ཀུན་ཏུ་ཁྱབ་པར་འབྱུང་བ་ནི། དཔེར་ན་མགར་བ་དང་བཟོས་ནི་དབྱིབས་ཟླུམས་པར་བྱས་པ་བཞིན་དུ། དོན་ལ་བྱས་པ་མེད་པ་ལས་སྣང་བ་དག་ཀྱང་། ཁ་དོག་དཀར་འཚེར་མདོག་གསལ་ཞིང་འོད་འཛག་པ་འདྲ་བ་ཙན་དམར་གྱི་མདངས་སུ་གསལ་བ་ཡི་རྣམ་པར་སྣང་ནས་ནམ་མཁའ་གང་བ་ཆར་བཞིན་དུ་འབབ་བོ། །གཞན་རིགས་འཛིན་སེམས་དཔའ་སྤྲུལ་པའི་གདུང་ནི། མདོག་དཀར་གསལ་གྲངས་འགའ་ཙམ་དུ་འབྱུང་ལ། གང་ཟག་ས་པའི་རྟགས་ཆེན་པོ་ནི། མདོག་སྔ་མ་དང་མཉམ་ལ་གྲངས་ནི་གཅིག་གམ་གསུམ་མམ་གཉིས་སམ་གསུམ་དང་གཅིག་ནི་བཞི་ཡིན་ལ། ལ་ལར་ལྔའམ་ཁ་ཅིག་ལ་བཅུ་འབྱུང་ཞིང་། གདུང་གི་ཡོན་ཏན་དེ་ནི་བཤད་པ་དེ་ལྟར་དང་ཚུལ་འདི་ལྟར་འགྱུར་རོ། །དེ་ཡང་སྲ་ཞིང་མཁྲེགས་པ་རྡོ་རྗེ་དང་འདྲ་བར་ལྕགས་ཀྱི་གཏུན་གྱིས་ཡང་མི་ཚིགས་པ་ཉིད་ཡིན་ནོ། །ལྔ་པ་ནི། འདི་དག་ཕེབས་པའི། ཞེས་པ་ནས། ཡོན་ཏན་དེ་དག་གོ། །ཞེས་པའི་བར་གྱིས་བསྟན་ཏེ། ཕན་ཡོན་ནི། དེ་ལྟར་གདུང་དང་རིང་བསྲེལ་འདི་དག་ཕེབས་ཤིང་འཕེལ་བའི་ཡོན་ཏན་གྱིས་གཞན་ལ་ཕན་པ་ཡང་གང་དང་གང་དུ་བབས་པ་ཡི། ཡུལ་ཁམས་དེ་དག་ཐམས་ཅད་དུ་ནད་དང་མི་ངེས་པ་དང་བགེགས་རྣམས་ཞི་ཞིང་གནོད་སྦྱིན་དང་སྲིན་པོ་སོགས་མ་རུངས་པ་དང་འཇིགས་བྱེད་དྲག་པོ་གཏུམ་པོའང་ལྷན་ནེར་ཞི་བར་འགྱུར་ལ། རྒྱལ་པོ་འཁྲུགས་པ་དང་འབྱུང་ཁམས་འཁྲུགས་པ་དང་ཡུལ་ཁམས་འཁྲུགས་པའང་ཞི་བར་འགྱུར་ཞིང་། འབྲས་བུ་ལོ་ཏོག་འཕེལ་བ་དང་སྨིན་ཅིང་ཡིད་དུ་འོང་བ་ཐམས་ཅད་འབྱུང་ངོ་། །ཡུལ་དེའི་དམངས་རྣམས་དང་རྒྱལ་པོ་ཡི་ཡང་ས་བོན་ཐམས་ཅད་ཁྱེའུའམ་བུ་ཕོར་འཕེལ་བར་འགྱུར་ཏེ། བདེར་ཞེས་བདེ་བར་བཙས་ཤིང་མཚན་དང་ལྡན་ལ་རིགས་མཐོར་ཞེས་མཐོ་བར་ནི་གྱུར་པའི་བུ་ཕོ་ཀུན་ཀྱང་འབྱུང་བར་འགྱུར་རོ། །གདུང་བཅངས་པའམ་རྒྱུད་ལ་ཡོད་པའམ་བྱུང་བའི་ཡོན་ཏན་ཡང་། འདི་དག་སུ་ལ་འཆང་བ་རྣམས་རིགས་འཛིན་གྱི་ས་དང་སྐལ་པ་མཉམ་ཞིང་། འཇིག་རྟེན་འདི་ཡི་བསོད་ནམས་ཀྱང་། འཁོར་ལོས་བསྒྱུར་རྒྱལ་དག་དང་མཉམ་སྟེ་དེ་ཡི་དགོས་པ་ཕུན་སུམ་ཚོགས་པའི་དགོངས་པའི་དོན་བཟང་བ་ཀུན་ཏུ་འགྲུབ་ལ། ཚེ་རིང་བ་དང་དགོས་འདོད་སྐོངས་པ་དང་ལས་རྣམས་འགྲུབ་པར་འགྱུར་རོ། །དེ་ནས་ཕྱིན་ཆད་བླ་ན་མེད་པའི་བྱང་ཆུབ་ཀྱི་ས་ལ་རེག་པའི་རྟགས་ཆེན་པོའང་ཡིན་ནོ། །གཞན་ཡང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུའི་ཚུལ་དག་འབྱུང་སྟེ་གདུང་དང་རིང་བསྲེལ་རང་གི་རང་བཞིན་དུ་གནས་པའི་ཡོན་ཏན་འབྱུང་ཚུལ་དེ་དག་གོ། །གཉིས་པ་ལ་གཉིས་ཏེ། ཡོན་ཏན་འབྱུང་ཚུལ་། བསྒྲུབ་པའི་ཐབས་བསྟན་པའོ། །དང་པོ་ནི། བསྒྲུབས་ན་ཡོན་ཏན། ཞེས་པ་ནས། སྦྱངས་ན་མེད་མི་སྲིད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ཉིད་སྒྲུབ་པ་གང་སྙམ་པ་ལ། སྤྱིར་གདུང་བསྒྲུབས་ན་བསྒྲུབ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་པས་བསྒྲུབ་པའང་། འགྲོ་དྲུག་གི་སེམས་ཅན་གྱི་རྣམ་པ་ཐམས་ཅད་ལའང་། བྱང་ཆུབ་སྙིང་པོ་འབྲས་བུའི་ངོ་བོར་གནས་པ་དེ་ཉིད་ཡོད་པས། དེ་ཉིད་རྩོལ་བ་ཙམ་གྱི་རྒྱུ་ཡིན་ཏེ། དེའི་ཕྱིར་བཤད་པ་བཞིན་དུ་མེ་ཡི་ལས་ཀྱི་བྱ་བ་ཡིས་ལྔ་ཕུང་གང་སྦྱངས་ན་ཡང་གདུང་རེ་རེ་མེད་ཅིང་མི་འབྱུང་བ་མི་སྲིད་དོ། །དེས་ན་ལྷ་རྗེ་ཟུར་ཆུང་གིས་རྒྱ་བོར་བྱེའུ་ཤི་བ་བླུག་མེར་བསྲེགས་པས་བྱང་ཆུབ་སྙིང་པོར་གྲུབ་པའི་རྟགས་མང་དུ་བྱུང་སྐད་དོ། །གཉིས་པ་ལ་དྲུག་སྟེ། བསྙེན་པ་བཤད་པ་ལ། ཉེ་བའི་བསྙེན་པ་དང་སྒྲུབ་པ་ཐུན་མོང་དུ་བསྟན་པ། གྲུབ་པའི་རྟགས་བཤད་པ། བསྒྲུབ་པ་ཆེན་པོར་དངོས་གྲུབ་བླང་བ། མཆོད་པ་ཡོན་ཏན་དང་བཅས་པ། དེ་ཉིད་བསྒྲུབ་རྫས་སུ་བཅངས་པའོ། །དང་པོ་ནི། འདི་དག་བསྒྲུབ་པར། ཞེས་པ་ནས། གའུའི་ནང་དུ་བཙའ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་གང་བྱུང་བ་དེ་ལ་བརྟེན་ཏེ་འདི་དག་བསྒྲུབ་པར་བྱ་བ་ཡང་། ཤེལ་སྣོད་ཀྱི་ཟ་མ་ཏོག་གི་ནང་དུ་བསྡུས་ནས་ལེགས་པར་བཅུགས་ཏེ་རྡོ་རྗེ་རྒྱ་གྲམ་གྱི་ཕྱག་རྒྱའི་དངོས་སུ་རྒྱས་བཏབ་ལ་ཁ་བཅད་ནས་བཞག་གོ། །གདུང་གཅིག་པོ་དེ་ཡང་དེ་ལྟར་ཤེལ་གྱི་གའུའི་ནང་དུ་བཙའ་ལ་སྟེགས་བུ་ལ་བཞག་པའོ། །གཉིས་པ་ནི། བསྒྲུབས་པས་དེ་ལ། ཞེས་པ་ནས། བར་ཆད་མེད་པར་བཟླས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་བསྒྲུབ་པ་པོས་འདུན་པས་དེ་ལ་གང་འདོད་པའི་སྨོན་ལམ་གདབ་པ་དང་སྒྲིབ་པ་སྦྱོང་བའི་བཤགས་པ་དང་། འདོད་པའི་དོན་ལ་གསོལ་བ་གདབ་པ་བྱས་ལ་དེ་ནས་ཏིང་ངེ་འཛིན་གྱི་ངང་ནས་བཟླས་པའི་འཕྲོ་འདུ་བྱའོ། །དེའང་བདག་རིགས་ཀྱི་སྐུར་གསལ་བས་འཕྲོ་འདུ་བྱ་བའི་ཆོ་ག་ཡང་སྔགས་བཟླས་ཙམ་ན་གདུང་གི་འོད་ཟེར་གྱིས་ནམ་མཁའ་གང་བའི་ཤ་རི་རམ་མང་པོ་ཞིང་ཁམས་རབ་འབྱམས་གང་བའི་ཕྱོགས་བཅུའི་རྒྱལ་བ་ཇི་སྙེད་པ་ལས་བྱུང་བའི་གདུང་བསྡུས་ལ་ཆར་གྱི་རྒྱུན་བཞིན་དུ་གའུ་དེ་ལ་དབབ་པར་བྱའོ། །དེ་ཚེ་རྩེ་གཅིག་ཏུ་བཟླས་པ་གསུང་གི་གདུང་སྔགས་རྒྱུན་དུ་བཟླ་བ་ནི། མ་ཧ་ཤ་རི་རམ་གི་ལི་ཧཱུྃ། ཞེས་པ་སྟེ། དང་པོ་ལྔ་པའི་ཐ་མ་བཞག །དེ་འོག་བདུན་པའི་བཞི་པའོ། །དེ་འོག་བདུན་པའི་དང་པོ་སྟེ། དེ་འོག་དབྱངས་ཀྱི་བདུན་པ་བཞག །དེ་འོག་ཀཱ་ལི་དྲུག་གཉིས་པ། །ལྔ་པའི་ཐ་མ་སྦྱར་བའོ། །དེ་འོག་ཀཱ་ལི་གསུམ་པ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་འོག་དབྱངས་ཀྱི་དགུ་པ་བཞག །ཐ་མ་ཐུགས་དང་ལྡན་པའོ། །གྲངས་མེད་བར་ཆད་མེད་པར་བཟླས། །ཞེས་སོ། །སྔགས་འདི་ལ་དཔེ་རྙིང་ལ་ལ་དང་སྤར་མ་ན། མ་ཧཱ་ཤ་རི་རམ་གྱི་ལི་ཧཱུྃ། ཞེས་ཀྱང་བཞུགས་སོ། །དེ་ལྟར་གྲངས་ནི་ཚད་མེད་པར་རྟགས་ཐོན་ཐོན་དུ་བཟླས་ཞིང་འཕྲོ་འདུ་བར་ཆད་པ་མེད་པར་བཟླས་པར་བྱའོ། །གསུམ་པ་ནི། མཆོག་ཏུ་གསལ་ཞིང་། ཞེས་པ་ནས། གྲངས་འགས་འཕེལ་བར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། རྟགས་ཇི་ལྟ་བུ་འབྱུང་སྙམ་པ་ལ། གདུང་ཕྱི་རོལ་ནས་མཆོག་ཏུ་གསལ་ཞིང་འཚེར་བར་མཐོང་བ་དང་། འོད་ཀྱི་ཟེར་ཕྲེང་ཉི་ཟེར་བཞིན་དུ་ཟ་ཟི་དང་བྲང་བྲེང་དུ་སྣང་བར་འགྱུར་བར་ཟ་མ་ཏོག་གི་ཕྱི་རོལ་ནས་ཀྱང་གསལ་བར་མངོན་པར་དེ་ཉིད་ལས་འབྱུང་བར་འགྱུར་རོ། །དེ་བཞིན་དུ་གདུང་འགུལ་ཞིང་དང་པོ་གཅིག་ལས་གྲངས་མང་པོར་འཕེེལ་བ་དང་། རྒྱལ་བ་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་རིག་འཛིན་རྣམས་ཀྱི་སྐུའི་གཟུགས་བརྙན་ཤེལ་གྱི་ཟ་མ་ཏོག་དང་གདུང་གི་སྣོད་བཅུད་དེ་གཉིས་ལས་ནི་གསལ་བར་སྣང་ཞིང་བདག་ལ་ཞལ་སྟོན་པར་འགྱུར་རོ། །རྟགས་དང་པོ་རབ་གྭའུའི་སྣོད་དེ་ཁེངས་པ་ཡིན་ལ། གཉིས་པ་འབྲིང་སྣོད་ཕྱེད་ཙམ་ཁེངས་པ་དང་། བརྒྱ་རྩ་བརྒྱད་དུ་འཕེལ་བའོ། །ཐ་མའང་གྲངས་འགས་འཕེལ་བར་འགྱུར་པ་ནི་ངེས་པ་འབྱུང་ངོ་། །བཞི་པ་ནི། དེ་དག་སྒྲུབ་པའི། ཞེས་པ་ནས། ཆེ་ལྟར་འགྲུབ་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། དེ་དག་ནི་གྲུབ་པའི་རྟགས་ཆེན་པོ་ཉིད་དེ། དེ་ཡི་ཚེ་འོད་དེ་བདག་གི་ཐུགས་ལ་བསྡུས་ལ་དངོས་གྲུབ་བླང་བར་བྱའོ། །དངོས་གྲུབ་ཐོབ་པའི་ཡོན་ཏན་གང་སྙམ་པ་ལ། ཐོབ་པའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ། ཚེ་འདིར་རིག་པ་འཛིན་པའི་ས་ལ་གནས་ཤིང་རིམ་གྱིས་རྒྱལ་བ་དག་དང་མཉམ་པར་འགྱུར་ལ། ཞར་ལས་བྱུང་བའི་ཡོན་ཏན་ཡང་། འགྲོ་བ་སེམས་ཅན་ཀུན་གྱི་དོན་སྤྱོད་པའི་མཛད་པ་བྱང་ཆུབ་སེམས་དཔའ་ཆེ་རྣམས་དང་མཚུངས་བ་ལྟར་འགྲུབ་པར་འགྱུར་བའོ། །ལྔ་པ་ནི། རྒྱུན་དུ་དེ་ལ། ཞེས་པ་ནས། འདོད་པ་ཐམས་ཅད་སྐོངས ། །ཞེས་པའི་བར་གྱིས་བསྟན་ཏེ། དམ་ཚིག་ཉམས་མ་ཉམས་བརྟགས་ཤིང་བསྐང་བའི་ཕྱིར་རྒྱུན་དུ་དེ་ལྟར་གྲུབ་པའི་གདུང་དེ་ལ་མཆོད་པར་བྱེད་དགོས་ཏེ། མཆོད་ན་ཡོན་ཏན་དམ་པ་མང་པོ་འབྱུང་བས་སོ། །ཇི་ལྟར་མཆོད་པར་བྱ་བའི་ཐབས་ཀྱི་ཆོ་ག་ཡང་སྔོན་དུ་སྒྲིབ་པ་སྦྱངས་ཤིང་བཤགས་པ་དང་བསོད་ནམས་ཀྱི་དཔུང་བསྐྱེད་དེ། རང་གི་རྒྱུད་དག་པར་བྱས་ནས་ནི། ཟླ་བའི་དུས་ནི་ཐམས་ཅད་ཀྱི་ཡང་ཚེས་བཅུ་དྲུག་གི་ཆ་ལ་བབ་སྟེ་ཟླ་བ་ཡོངས་སུ་རྫོགས་པའི་ཚེ་ན། བདག་ཉིད་གཅིག་པུ་སེམས་དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་གྱུར་པར་བྱས་ནས་མཆོད་པ་ནི། ཟ་མ་ཏོག་གདུང་དང་བཅས་པ་དག་རྒྱལ་མཚན་གྱི་རྩེ་མོར་བཏགས་པར་བྱས་ཏེ། མཆོད་པ་སྣ་ཚོགས་པས་མཆོད་ཅིང་ཇི་ལྟར་འདོད་པར་སྨོན་ལམ་གདབ་པར་བྱའོ། །དེ་ལྟར་མཆོད་པ་དེས་ནི་འདོད་པ་ཐམས་ཅད་སྐོངས་ཤིང་དོན་ཀུན་འགྲུབ་པར་འགྱུར་རོ། །དྲུག་པ་ནི། དེ་ནི་རྣལ་འབྱོར། ཞེས་པ་ནས། མེད་དུ་མི་རུང་ངོ་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་གདུང་དེ་ནི་རྣལ་འབྱོར་པ་སྐལ་ལྡན་གྱི། དཔེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་རྣལ་འབྱོར་སྒྲུབ་པའི་དམ་རྫས་ཀྱི་མཆོག་ཏུ་སྤྱོད་ཅིང་ལེགས་པར་བཅངས་ན་འདོད་པ་ཐམས་ཅད་འབྱུང་བའི་ཕྱིར་དགོས་པ་ཁྱད་པར་དུ་འཕགས་པའི་མིང་གིས་གདུང་རེ་མེད་དུ་མི་རུང་བ་ལྟ་བུར་སྣང་ངོ་། །གསུམ་པ་ཐབས་ཀྱི་སྤྱོད་པའི་མཇུག་སྡུད་ནི། ཇི་ལྟར་རོ་དག །ཅེས་པ་ནས། རྨད་བྱུང་དམ་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། སྤྱོད་པའི་གྲངས་ནི་བཤད་པ་ལྟར། ཇི་ལྟར་རོ་ལངས་དག་གསེར་དུ་འགྱུར་བར་བསྒྲུབ་པ་དང་། རྐང་མགྱོགས་དང་། གོ་མཚོན་དུ་བསྒྲུབ་པ་དང་། དེ་བཞིན་དུ་ལྔ་ཕུང་མེ་ཡིས་བསྲེགས་སྦྱངས་ལ་སོགས་པ་བཞིན་དུ་དངོས་པོར་སྤྱོད་པ་ཇི་སྙེད་པ་ལ་སྤྱད་ཀྱང་། དེ་ཁོ་ན་ཉིད་ཀྱི་དམ་ཚིག་དམ་པ་ཡིན་པ་ལས་མི་གཡོ་བས་ཇི་ལྟར་སྤྱད་ཀྱང་སྐྱོན་མེད་དེ། དེས་ན་དེ་ལ་སོགས་པ་མཐའ་ཡས་པའི་སྤྱོད་པ་མཆོག་ཀུན་གྱིས་ཤིག་པའོ། །རྟོག་པ་གསོ་བ། ཤི་བ་སློང་བ་རྟོག་པའི་ཟུག་རྔུ་སྦྱོང་བ། མཚན་མའི་རྒྱུད་སྦྱོང་བ་བཞིའམ། བཤད་པའི་འཁོར་བའི་དངོས་པོ་བཞི་ལ་གནས་ཤིང་སྤྱོད་ལ་མི་འཛིན་པ་ནི། རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་རྒྱལ་བའི་ཐུགས་ཀྱི་ཆོས་ཉིད་དམ་པ་ཡིན་པའི་ཕྱིར་དེ་ལྟར་སྤྱོད་པ་ཉིད་ནི་རྨད་དུ་བྱུང་བའི་སྤྱོད་པ་དམ་པའི་ཕུལ་དུ་གྱུར་པ་ཡང་དག་པའོ། །གསུམ་པ་གཅེས་པར་གདམས་པ་ནི། ཇི་ལྟར་གླང་པོ། ཞེས་པ་ནས། ཀླུང་དུ་གྱུར་པ་གཅེས། །ཞེས་པའི་བར་གྱིས་བསྟན་ཏེ། ལ་སྤྱོད་པས་དོར་བའི་དཔེ་གང་ཞེ་ན། དཔེ་ཇི་ལྟར་ན་གླང་པོ་ཆེན་པོ་ཆུར་འཇུག་པ་ན། ཚམ་ཚོམ་གྱི་ཆགས་ཐོགས་དང་འཇིགས་པ་ཡོང་ཡེ་མེད་པར་ཚད་པས་གདུང་བས་ཆུར་དགའ་བའི་འཇུག་ཅིང་ལོངས་སྤྱོད་པ་ལ་བྲོད་པའི་ཚུལ་གྱིས་ཚུར་ལ་མི་ལྡོག་པར་ཆུའི་ཕ་རོལ་ཏུ་ཕྱིན་པ་ལྟར། དོན་ཡང་། རྣལ་འབྱོར་དམ་པས་གསང་བ་ཟབ་མོའི་སྤྱོད་པའི་བསླབ་རིམ་ལ་ངེས་པར་སྤྱོད་པ་ཡང་མཉམ་ཉིད་གསང་བའི་བརྟུལ་ཞུགས་ཀྱི་རྒྱ་མཚོའི་ཆུར་འཇུག་པ་ལ་རྟོགས་པའི་ཤེས་རབ་ཀྱི་རྩལ་ཆེན་པོ་སྦྱོང་བའི་ཕྱིར་དོན་གྱི་བོགས་འདོན་ལ་བྲོད་པའི་ཚུལ་གྱིས་ཐོགས་ཆགས་གང་ཡང་མེད་པར་ལ་དོར་བར་བྱེད་པའོ། །དེས་ན་བསླབ་པའི་མཐའ་དམ་པ་སྤྱོད་པ་བརླང་པོ་ལ་དོན་ཕུལ་དུ་བྱུང་བར་སྤྱད་པར་བྱ་བའི་ཐབས་འདི་ལ་གོམས་པ་ཀླུང་དུ་གྱུར་བར་བྱེད་པ་ནི་ཤིན་ཏུ་གཅེས་པ་ཉིད་དོ། །ཞེས་གདམས་པར་མཛད་དོ། །བཞི་པ་ནི། གྲོགས་པོ་དག །ཅེས་པ་ནས། ཤེས་པར་བྱའོ། །ཞེས་པའི་བར་གྱིས་བསྟན། གྲོགས་པོ་དག །བཤད་པ་དེ་དག་ནི། སྤྱོད་པས་ལ་དོར་བར་བསླབ་པའི་ཚུལ་མ་ནོར་བར་བགྲོས་པར་ཤེས་པར་བྱའོ། །ཞེས་བཀའ་སྩལ་པ་ཉིད་དོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། རྣལ་འབྱོར་དམ་པའི་རྗེས་སུ་སྤྱོད་པས་ལ་དོར་ཏེ་འཇུག་ཐབས་མཆོག་གི་བསླབ་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་རྩ་གཅིག་པ་ཉིད་རྣམ་པར་འགྲེལ་ཏེ་བཤད་པའོ།། །།བདུན་པ་ཐག་ལྟ་བས་གཅད་པར་ཁྱུང་ཆེན་པོ་ནམ་མཁའ་ལ་ལྡིང་བ་ལྟར་བཤད་པ་ལ་བཞི་སྟེ། ཉེ་བར་བསྟན་པ། རྒྱས་པར་བཤད་པ། གཅེས་པར་གདམས་པ། ཞབས་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། དེ་ཁོ་ན་ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་ངེས་དོན་སྟོན་ནོ། །ཐག་ལྟ་བས་བཅད་པ་གང་སྙམ་པ་ལ། དེ་ནས་ཡང་སྟོན་པ་གསང་བ་པའི་བདག་པོས། སྤྱོད་པ་མི་འཆིང་བའི་ལྟ་བ་རྗེས་ཐོགས་སུ་བསྟན་པའི་ཕྱིར། གྲོགས་ཀྱི་སེམས་དཔའ་ལུས་དམན་པ་ཅན་གྱི་དམ་པ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག །ཅེས་བོས་ནས། གང་དྲི་མ་ཐམས་ཅད་དང་བྲལ་བའི་ས་ཡི་རྩེ་མོར་ཕྱིན་པར་བྱེད་པའི་ཐབས་ཀྱི་སྙིང་པོ་ལྟ་བས་ཐག་བཅད་པར་བྱ་བ་ནི། ཉེ་བར་བསྟན་པ་འདི་ལྟ་སྟེ། ལྟ་བའི་ངོ་བོ་གང་ཡིན་པ་ནི། དགོངས་པ་དམ་པ་སེམས་ཀྱི་ཆོས་ཉིད་ཇི་བཞིན་པའི་དེ་ཁོ་ན་ཉིད་མཐོང་བའི་ཤེས་རབ་ཀྱི་སྤྱན་དག་པ་ཉིད་དོ། །གཉིས་པ་ལ་བཞི་སྟེ། དེ་ཁོ་ན་ཉིད་ལ་ཐམས་ཅད་འདུས་པར་ཐག་བཅད་པ། དེ་ལྟར་གཅིག་ཆོད་དུ་རྟོགས་པའི་ཡོན་ཏན་བསྟན་པ། རིམ་གྱིས་པ་ལ་མ་ངེས་པའི་འཇིགས་སྐྱོན་ཡོད་ཚུལ་བཤད་པ། གཞི་ཇི་བཞིན་དུ་ཐག་ཆོད་པ་རང་གི་ངོ་བོ་བསྟན་པའོ། །དང་པོ་ལ་གཉིས་ཏེ། དེ་ཁོ་ན་ཉིད་ལ་བསླབ་པ་ཀུན་འདུས་པར་དམ་བཅའ་བ། དེ་ཉིད་གཏན་ཚིགས་ཀྱིས་ངེས་ཚུལ་བསྟན་པའོ། །དང་པོ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ནས། རྒྱལ་བ་ཐོང་བར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། དེའི་ཡོན་ཏན་གྱི་གཏན་ཚིགས་ཀྱིས་མཆོག་ཏུ་བསྟན་པའི་ཕྱིར། དེ་ལྟར་དམ་བཅའ་བར་བྱེད་པ་དེ་ཅིའི་ཕྱིར་ཞེ་ན། སྦྱོར་ལམ་ལྟ་བུར། དགོངས་པ་དམ་པ་མ་ནོར་མ་བཅོས་མི་འགྱུར་བའི་དེ་ཁོ་ན་ཉིད་གཅིག་ལ་བསླབ་པ་འདི་ནི་ཐམས་ཅད་ཀྱི་རྩ་བར་གྱུར་པས། འདི་ཉིད་ཆུབ་པར་བྱས་ན། བརྗོད་བྱ་ངོ་བོ་དང་རྣམ་གྲངས་བསམ་གྱིས་མི་ཁྱབ། རྗོད་བྱེད་ཐེག་པ་རིམ་དགུས་ཆོས་ཚུལ་བསམ་གྱིས་མི་ཁྱབ། གང་དེས་དོན་མཚོན་པའི་སྒོ་ཡང་བསམ་གྱིས་མི་ཁྱབ་པར་གྱུར་པའི་ཆོས་ཐམས་ཅད་ལ་བསླབ་པ་ཉིད་ལས་བྱ་བ་གཞན་མེད་པས་ན་རིམ་པ་དབང་གིས་བགྲོད་པའང་འདི་ལ་འདུས་པའོ། །མཐོང་ལམ་ལྟ་བུར། དགོངས་པ་དེ་ཁོ་ན་ཉིད་གཅིག་པོ་འདི་ལ་མཁས་ཤིང་འདིའི་དོན་ཇི་ལྟ་བར་རིག་ན། བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་རྣམ་པ་སྤྱི་དང་རང་གི་མཚན་ཉིད་ཐམས་ཅད་མ་འདྲེས་པར་ལྷུན་རྫོགས་སུ་གསལ་ཏེ་དོན་ཀུན་ལ་མཁས་པས་ན། དེ་ལས་ཕུལ་དུ་དབྱུང་དུ་མེད་པའི་ཕྱིར་ཕུལ་དུ་མཁས་པས་དབྱུང་བའང་འདི་ལ་འདུས་པའོ། །སྒོམ་ལམ་ལྟ་བུར། དགོངས་པ་དེ་ཁོ་ན་ཉིད་མ་ནོར་བའི་ངང་དེ་ལ་གོམས་པར་བྱས་ན། སྒོམ་པ་གཞན་ཐམས་ཅད་འདིའི་ཡན་ལག་ཡིན་པས། འདིའི་དོན་ལ་གོམས་པ་ཁོ་ནས། བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་དོན་ཀུན་ལ་གོམས་པ་ཉིད་ལས་གཞན་ཞིག་ལ་གོམས་པར་བྱར་མེད་པས་ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བའང་འདི་ལ་འདུས་པའོ། །དེ་ཁོ་ན་ཉིད་དུ་རིག་པ་ཀློང་གདལ་བ་དེ་ལས་མ་འདས་ན་ཉམས་པ་ཀ་ནས་དག་པས་བསམ་གྱིས་མི་ཁྱབ་པའི་དམ་པ་བསྲུངས་པའང་དེ་ལས་འདར་མེད་པས་གཞི་དམ་ཚིག་གིས་གཟུང་བའང་འདི་ལ་འདུ་བའོ། །དེ་ཁོ་ན་ཉིད་གཉིས་སུ་མེད་པ་དེ་ལ་བློ་འཇུག་པ་མེད་པར་ཞུགས་ན་ཐམས་ཅད་དང་རིག་པ་ཐ་མི་དད་ཅིང་འཇུག་སྒོ་ཀུན་གྱི་རྩ་བར་གྱུར་པས་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་སྒོར་ཞུགས་པའང་དེ་ལས་མེད་པས་དོན་མན་ངག་གིས་བསྒྲུབ་པའང་འདི་ལ་འདུས་པའོ། །དེ་ཁོ་ན་ཉིད་དེ་ལ་རིག་པ་གཉིས་མེད་དུ་རོལ་བས་སྤྱོད་ན། བསམ་གྱིས་མི་ཁྱབ་པའི་ཡོ་བྱད་ལ་སྤྱད་དོ་ཅོག་ཐམས་ཅད་ཆོས་ཉིད་ཀྱི་མཛད་པ་འཆིང་གྲོལ་མེད་པའི་དོན་དུ་འགྱུར་བས་ལ་སྤྱོད་པས་དོར་བའང་འདི་ལ་འདུས་པའོ། །མཐར་ལམ་ལྟ་བུར་དེ་ཁོ་ན་ཉིད་བཞིན་དུ་རིག་པ་སོན་བར་གྱུར་ཏེ་མངོན་དུ་བྱས་ན། བསམ་གྱིས་མི་ཁྱབ་པའི་ལས་རྒྱ་མཚོ་སྙེད་ཀྱི་བསྒྲུབ་པར་བྱ་བ་དང་བྱས་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་ཅིང་གཞན་བཙལ་རྒྱུ་མེད་པས་མདོ་དོན་གཅིག་ཏུ་བསྡུ་བའང་འདི་ཉིད་དུ་འདུས་པའོ། །དེ་ཁོ་ན་ཉིད་ཆོས་ཉིད་ཇི་བཞིན་པའི་དོན་དེ་ཉིད་མ་ནོར་བར་གཞན་ལ་བསྟན་ན། ཆོས་ཀྱི་སྒོ་མོ་དཔག་ཏུ་མེད་པ་ཀུན་གྱི་གྲུབ་མཐའི་དོན་ཡིན་པས་ཐམས་ཅད་ཀུན་བསྟན་པ་ཉིད་དེ། དེ་ལས་བསྟན་བྱ་གཞན་མེད་པས་སྒོ་ཀུན་ནས་བསྡུར་བའང་འདི་ལ་འདུས་པའོ། །ཚོགས་ལམ་ལྟ་བུར། དེ་ཁོ་ན་ཉིད་ཀྱི་དོན་དེ་ཉིད་མ་ནོར་མ་བསླད་དེ་ཕྱིན་ཅི་མ་ལོག་པར་ཐོས་ན། དེ་ལས་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་སྒོ་ཐོས་པར་བྱ་བའི་དོན་ལྷག་མ་གཞན་མེད་པས་རྒྱུད་ཐོས་པ་དགྲོལ་བའང་འདི་ལ་འདུས་པའོ། །མཐར་ལམ་རྫོགས་པ་ལྟ་བུར། དེ་ཁོ་ན་ཉིད་དེ་ཤེས་རབ་ཀྱིས་སྤྱན་གྱིས་ཅིར་ཡང་མ་མཐོང་བར་མཐོང་སྟེ་མངོན་དུ་གྱུར་ན། དཔག་ཏུ་མེད་པའི་རྒྱལ་བ་རིལ་གྱི་དངོས་གཞི་ཡིན་པས་ཀུན་གྱི་ཞལ་མཐོང་བའི་མཆོག་ཏུ་ངེས་པས་ཐག་ལྟ་བས་གཅད་པའང་འདི་ལ་འདུས་པར་འགྱུར་རོ། །གཉིས་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ནས། མེད་པའི་ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་གཏན་ཚིགས་ཅིའི་ཕྱིར་ཏེ། དེ་དག་གི་དོན་ལ་ཡིད་ཆེས་པར་གང་གིས་བྱ་ཞེ་ན། དེ་ལྟར་ཡོན་ཏན་ལྔ་གཉིས་དེ་དག་ཐམས་ཅད་ཀྱི་བཅུད་དུ་བྱ་བའི་རྩ་བའམ། འབྲས་བུའི་སྙིང་པོར་བྱ་བ་ནི་དེ་ཁོ་ན་ཉིད་ལྷུན་གྱིས་གྲུབ་པ་ཉིད་དེ། དེ་ལས་གཞན་མེད་པའི་ཕྱིར། གཞན་ནི་ཡན་ལག་དང་རྒྱུ་ཙམ་ཡིན་པས། འདི་ལས་ལྷག་པའི་དོན་རྒྱལ་བས་ཀྱང་མི་རྙེད་པའི་དོན་གྱིས་གསལ་ཏེ། རྩ་རྒྱུད་ལས། སོ་སོའི་ཐེག་པའི་སྒོ་རྣམས་ལ། །འཇུག་པ་ལ་སོགས་མ་སྦྱངས་ཀྱང་། །ཀུན་གྱི་རྩ་བ་འདིར་བཅད་པས། །གཅིག་སྟེ་ཐ་དད་ཡོངས་ཀྱིས་མེད། །ཅེས་དང་། རང་བཞིན་མེད་པར་ཀུན་གཅིག་པའི། །བདག་མེད་ཕྱོགས་བྲལ་ལྷུན་གྱིས་གྲུབ། །གཅིག་ལས་རྣམ་གྲངས་ངང་གིས་མེད། །ཐ་སྙད་དག་པར་ཡོངས་ཆུད་ན། །ངེས་པའི་དོན་ཆེན་དེ་ཉིད་དོ། །ཐམས་ཅད་དག་པར་འགྱུར་བའོ། །བདག་དང་གཞན་དུ་མི་གཉིས་པས། །བདག་ཉིད་བདག་གི་རང་བཞིན་ཏེ། །སངས་རྒྱས་ཞེས་བྱ་གཞན་ན་མེད། །བདག་ཉིད་ལྷུན་གྲུབ་དབང་ཕྱུག་ཆེ། །ཞེས་སོགས་གསུངས་པ་ལྟར་རོ། །གཉིས་པ་ནི། གྲོགས་པོ་དག །ཅེས་པ་ནས། ཅིལའང་བག་མི་ཚ། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་མཆོག་གསང་བ་པས། གྲོགས་པོ་དག །ཅེས་བོས་ནས། དམ་བཅའ་དང་གཏན་ཚིགས་དེ་བས་ན་འདི་ལྟར་བཤད་པའི་ཡོན་ཏན་གྱི་ཚུལ་དེ་བཞིན་དུ་ཡོད་པས་ན། མཐོང་ལམ་ཐོབ་ནས་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་ཀྱི་དོན་མཐོང་སྟེ་མངོན་སུམ་དུ་རྟོགས་ན་ཐེག་པ་འོག་མ་ལྟར་ལྟ་བ་གཞན་གྱིས་མཐོང་བ་ཐམས་ཅད་བདེ་བ་ཆེན་པོ་མ་ཡིན་པར་སྣང་བ་སྒྱུ་མ་ལྟ་བུར་ཤར་བར་ཡིན་པས་བྲི་ཏ་ཙམ་དུ་བསྟན་པ་དང་། དེ་ནས་སྒོམ་ལམ་གྱི་དུས་སུ་ལྷུན་གྲུབ་དེ་བཞིན་ཉིད་ཀྱི་ངང་དུ་རིག་པ་དེ་ཉིད་བརྟེན་པ་མེད་པར་གནས་ན། ས་ལམ་གྱི་རིམ་པ་རྣམས་དང་གནས་ཡུལ་ཐམས་ཅད་རང་སྣང་སྒྱུ་མ་དེ་བཞིན་ཉིད་ཡིན་པ་དང་། དེ་ནས་མཐར་ལམ་དུ་ཟིན་ཏེ་རྟོགས་པ་དེ་ཉིད་མཐར་ཐུག་པའི་གོ་འཕང་དམ་པ་མ་བསླད་པའི་དོན་དུ་རིག་པའི་རྩལ་འཕང་རྙེད་དེ་མཆོག་ཏུ་འཕགས་པར་གྱུར་ན། རྒྱུའི་ཐེག་པའི་གྲུབ་པ་བླ་ན་མེད་པའི་མཐོ་བཙུན་ཆོས་ཀྱི་སྐུ་མན་ཆད་དང་། འཇིག་རྟེན་པའི་མཆོག་རིལ་མཐའ་དག་ཐམས་ཅད་རྫུན་པ་སྒྱུ་མ་ལྟར་མི་བདེན་བ་ཡིན་པར་རྟོགས་པའོ། །དེ་ནས་རིག་པ་དེ་བཞིན་ཉིད་དུ་ལྷུན་གྱིས་གྲུབ་པ་འདི་ལ་སྤྱོད་ཡུལ་དག་པར་རྟོགས་པའི་ཡོན་ཏན་འབྱུང་བའི་གཏན་ཚིགས་བསྟན་ཏེ། རང་གི་རིག་པ་ཇི་བཞིན་པ་ལས་དེ་བཞིན་ཉིད་དུ་ངེས་པའི་གདེངས་ཚུད་དེ་མི་འགྱུར་བར་བློ་གྲོས་ལ་བརྟན་པ་ཐོབ་ཕན་ཆད། གང་ཟག་དམན་པའི་ལུས་ཅན་ཡིན་ཡང་ཆེ་ཆུང་མ་དམིགས་པས་སྤ་བཀོང་ཞིང་ཞུམ་པ་མེད་པ་དེ་རྣམས་ཀྱང་གསང་དོན་ཟབ་མོའི་བདེན་པ་མཐོང་བའི་ཡོན་ཏན་ནོ། །དེ་ཁོ་ན་ཉིད་ཇི་བཞིན་པའི་ཆོས་ཉིད་རྫོགས་པར་རྟོགས་པས་སྐྱེད་དུ་བྱ་བ་མེད་པར་ཐག་ཆོད་པར་གྱུར་ན། འཁོར་བ་མ་སྤང་བྲལ་བས་འཇིག་རྟེན་གྱི་ལུས་ན་གནས་པ་ཉིད་ཀྱང་མཐའ་ཀུན་གྲོལ་བས་ཆོས་ཀྱི་སྐུ་ཆེན་པོ་ཉིད་དུ་རང་གསལ་བའོ། །དེའི་ཕྱིར་བདག་གི་བློ་ཇི་བཞིན་པར་གནད་ཆུད་པས་དམ་པར་ངེས་ཀྱང་ཆེད་དུ་བྱ་བ་མེད་པར་ཤེས་ནས་རྩོལ་སྒྲུབ་དང་བྲལ་བཞིན་འགྲོ་དོན་མི་འདོར་ཏེ་འཇིག་རྟེན་པའི་སྤྱོད་ཡུལ་དུའང་འཇུག་ཅིང་། བྱས་པ་ལ་བྱ་བ་དང་ངལ་དུབ་མེད་པས་འཁོར་བའི་སྲིད་པ་མཐའ་མེད་ལ་སྐྱོ་བ་མེད་ལ་ཡིད་མི་འབྱུང་བ་དང་། ཇི་སྙེད་པའི་ལས་ཚུལ་མུ་མཐའ་ཡས་པ་ཐམས་ཅད་ཀུན་ཀྱང་དོན་དེ་བཞིན་ཉིད་གཅིག་ཏུ་རྫོགས་པར་རྟོགས་པའོ། །ལྟ་བའི་ཉམས་རྟགས་ནི། རང་གི་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་ངང་དུ་རྟོགས་པའི་སྐྱེས་བུ་ལ་ནི། མ་བསྒོམས་ཀྱང་བདུད་དང་སྲིན་པོའི་གནས་ཀྱི་ཁམས་ལ་ཡང་ཉམ་མི་ང་བས་འཇིགས་པ་མེད་ཅིང་། མི་བཟད་དམྱལ་བའི་ཁམས་ལ་ཡང་བག་མི་ཚ་བས་འཇིག་རྟེན་ལ་ཡང་གང་ཡང་མེད་པའོ། །དེས་འདོད་པའི་ཡོན་ཏན་གྱི་དངོས་པོ་གང་ལ་སྤྱད་ཀྱང་། སྤྱད་པ་ཐམས་ཅད་དབྱིངས་སུ་སྦྱོར་ཏེ་ཟིན་ཆགས་ཀྱི་ནད་མེད་པའོ། །དེ་བས་ན་བརྒྱུད་ནས་མི་ཤེས་པ་གཅིག་ཤེས་པར་བྱ་བ་དང་བྲལ་བའི་གསང་སྔགས་ཅིག་ཆར་དུ་ངེས་པའི་དོན་བཤད་པ་བཞིན་དུ་མཐོང་ཞིང་རྟོགས་ན། དབུ་མ་སོགས་ཐ་སྙད་ཀྱི་བྱ་བས་རིམས་ཀྱིས་སྦྱོང་བའི་གྲུབ་པའི་མཐའ་རྟོགས་པ་དག་ནི། བྲི་ཏ་བས་བསླུ་བྲིད་མཁན་དང་འདྲ་བ་ལྟ་བུའི་ཕྱིར་རྟོགས་པ་མཆོག་ཏུ་ཆེ་བར་བསྙད་དོ། །དེ་ལྟ་བུའི་དོན་དེ་མ་རྟོགས་ཀྱང་མོས་པའི་ཡོན་ཏན་ནི། དེ་ཁོ་ན་ཉིད་ཅིག་ཆར་བའི་དོན་དེ་ལ་གདེང་མ་རྙེད་ཀྱང་། རྒྱུན་དུ་མོས་པ་ཙམ་གྱིས་ཀྱང་དེ་མ་ཐག་པར་འཕྲད་པ་དང་། ཁམས་གསུམ་གྱི་ས་བོན་རྣམས་ལྡང་མི་ནུས་པར་ཟིལ་གྱིས་གནོན་པར་འགྱུར་བའི་ཕྱིར་ཡོན་ཏན་མཆོག་ཏུ་འཕགས་པ་སྟེ། དེ་བས་ན་དུས་གསུམ་དུ་ཀླུང་དུ་གྱུར་ཏེ་ལྟ་བ་རྣམ་པར་དག་པའི་དོན་དང་མ་བྲལ་བ་ནི་སྨོས་ཅི་དགོས་ཏེ་རྣམ་རྟོག་དང་ལྟ་ངན་ཟིལ་གྱིས་གནོན་པའི་ལྟ་བས་ཁྱད་པར་དུ་འཕགས་པ་སྨོས་སུའང་མེད་པའོ། །དེ་ཉིད་དཔེ་ཡིས་མཚོན་པའི་ཕྱིར། དཔེར་ན་སེང་གེའི་ཕྲུག་གུ་དང་ཁྱུང་གི་སྒོང་ང་དག །སྔ་མ་མིག་མ་བྱེ་ཞིང་། ཕྱི་མ་ནམ་མཁར་རང་རྩལ་བླངས་ཏེ་མ་ལྡིང་ཀྱང་། སེང་ཕྲུག་མངལ་དང་བྲལ་མ་ཐག་གཅན་གཟན་ཀུན་སྐྲག་པ་དང་། སྒོང་ངའང་ཤུན་དང་བྲལ་མ་ཐག་མཁའ་ལ་ཐོགས་པ་མེད་པར་འགྲོ་བ་ལྟར། རྣལ་འབྱོར་པ་དེ་ཁོ་ན་ཉིད་ངེས་ཏེ་ཡང་དག་པར་རྟོགས་པས་གང་ཤར་རང་གྲོལ་དུ་གྱུར་པ་དེ་དག་དམན་པའི་ལུས་དང་མ་བྲལ་བར་འཇིག་རྟེན་གྱི་གནས་སུ་འཇུག་ཀྱང་། གོ་འཕང་དམ་པ་མཆོག་གི་ངང་རྟོགས་པ་དེ་ཉིད་དུ་བརྟན་པ་ལས་མི་འགྱུར་བར་རིགས་ངེས་པས་འཁོར་བའི་གཡང་ས་ཅི་ལའང་བག་མི་ཚ་བ་ཁོ་ནའོ། །གསུམ་པ་ནི། རིམས་ཀྱིས་མཚན་མར། ཞེས་པ་ནས། དངངས་པའི་རང་བཞིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། རིམ་གྱིས་པའི་ལྟ་བ་དག་གོལ་བའི་ཕྱིར། དེ་ལྟར་རྟོགས་པར་མི་ནུས་པར་བློ་དམན་པའི་མིའི་མཚན་ཉིད་ཅན་གང་དག་དོན་ལ་མདོངས་ཏེ་ཅིག་ཆར་མཐོང་བའི་མིག་དང་མི་ལྡན་པར་རིམས་ཀྱིས་འཇུག་པ་ཉན་ཐོས་རྣམས་ཡུལ་སེམས་སོ་སོར་སྣང་བ་ཀུན་རྫོབ་རྡུལ་ཙམ་དང་། དོན་དམ་ཤེས་པ་སྐད་ཅིག་མ་རེ་རེར་ཡོད་པར་འདོད་པའི་མཚན་མར་ལྟ་བ་ལ་སྤྱོད་པ་ཅན་དང་། རང་རྒྱལ་བ་ཡུལ་རྫུན་པ་སྒྱུ་མ་ཙམ་ལས་མེད་པར་འདོད་པ་དང་། རྣམ་རིག་པ་ཡུལ་ཉིད་དམིགས་པའི་ཤེས་པ་རང་སྣང་བར་འདོད་པ་དང་། དབུ་མ་པས་ཀུན་རྫོབ་སྒྱུ་མ་ཙམ་དུ་ཡུལ་སེམས་སོ་སོར་སྣང་ཡང་དམ་པར་མི་དམིགས་པར་ལྟ་བ་དང་། བྱང་ཆུབ་དོན་དུ་གཉེར་ཏེ་ཆེད་དུ་བསྒྲུབ་པ་དང་སའི་རིམ་པར་བགྲོད་པར་བྱེད་པའི་ཀྲི་ཡོག་པ་ཡི་གྲུབ་མཐའ་ལ་གནས་པ་དེ་དག །གསང་བ་ཆེན་པོའི་མན་ངག་གི་བྱེ་བྲག་མ་འདྲེས་ཡོངས་རྫོགས་ཀྱི་གསང་གནད་ཡང་དག་པར་མི་ཤེས་པས། སྟོང་པའི་ལྟ་བ་དང་། རྟོགས་པའི་ལྟ་བ་གཉིས་ལ་བརྟེན་ནས་དོན་ཆེན་པོའི་གདེང་མེད་པར་སྟོང་རྟོག་དེས་དོན་ལ་དམིགས་ནས་འཇུག་པ་ཡི་དོན་མཆོག་མ་མཐོང་བའི་བླུན་པོ་དེ་དག་འབྲས་བུ་ཆེན་པོ་མེད་པས་སྟོངས་པ་སྟེ་རྒྱལ་བའི་གོ་འཕང་དངོས་སུ་ཐོབ་པའི་ཐབས་དམ་པར་ངེས་པ་ག་ལ་ཡིན་ཏེ་མ་ཡིན་པས་རྣམ་གྲོལ་བླ་ན་མེད་པ་མི་ཐོབ་པ་ནི་དཔེར་ན་གཅན་གཟན་ཐ་མའི་ཕྲུ་གུ་ཝ་དང་འདྲ་སྟེ། ཝ་ནི་མ་ཡང་འཇིགས་སྐྲག་དང་བཅས་ལ་བུ་ཡང་སྐྲག་ཅིང་དངངས་པའི་རང་བཞིན་ཡིན་པ་ཇི་ལྟ་བ་བཞིན་ནོ། །བཞི་པ་ནི། མཐའ་ཡས་ཇི་སྙེད། ཞེས་པ་ནས། ཉིད་དུ་ཐག་ཆོད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། རྟོགས་ཚད་རང་གི་ངོ་བོ་ནི། མཐའ་ཡས་ཤིང་ཇི་སྙེད་པར་སྣང་བའི་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་ཀུན་གྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཇི་ལྟར་གནས་པ་བཞིན་དུ་མ་བཅོས་མ་བསླད་པར་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཐབས་ཆེན་པོ་དང་ལྡན་པ་ནི། དཔེར་ན་རི་བོ་ཆེན་པོའི་ཁ་ནས་ལྷུང་ན་ལྟུང་བར་མི་བྱ་སྙམ་ཡང་ལྟུང་བ་ལྟར། ཐབས་ཆེན་པོས་གྲོལ་བར་མི་བྱ་སྙམ་ཡང་གྲོལ་བར་འགྱུར་ཏེ། གྲོལ་དུ་མེད་པར་ཐམས་ཅད་དེ་བཞིན་ཉིད་དུ་ཤེས་པ་ཉིད་འཆིང་བ་དང་བྲལ་བས་ཐག་ཆོད་པ་མཐར་ཐུག་པའོ། །གསུམ་པ་ནི། ཇི་ལྟར་ཁྱུང་ཆེན། ཞེས་པ་ནས། གཅོད་པ་ངེས་པར་གཅེས། །ཞེས་པའི་བར་གྱིས་བསྟན་ཏེ། ཐག་ལྟ་བས་བཅད་པ་གཅེས་པར་གདམས་པའི་དཔེ་ཉེ་བར་མཚོན་པ་ཡང་། ཇི་ལྟར་ན་ཁྱུང་ཆེན་པོ་ནམ་མཁའ་ལ་ལྡིང་བ་ཉིད། འདབ་གཤོག་གི་རྩལ་གྱིས་གནམ་འཕང་གཅོད་པས། རི་བྲག་དང་ཆུ་ཀླུང་མཐའ་ཡས་པ་ཡོད་ཀྱང་། གཤོག་རྩལ་གྱིས་འཕུར་བའི་རླབས་འོག་ཏུ་ཀུན་ནས་ཆུད་པ་ལྟར། དོན་ཡང་རྣལ་འབྱོར་པ་ཆོས་ཉིད་མཉམ་པ་ཉིད་ཀྱི་ནམ་མཁའ་ལ་ལྟ་བའི་རྩལ་གྱིས་འགྲོ་བ་ཉིད། ཐེག་པའི་སྤྱོད་སྒོ་མཐའ་ཡས་པ་ཇི་སྙེད་དུ་སྣང་བ་ཀུན་ཀྱང་། ཇི་བཞིན་མ་བཅོས་པའི་དོན་དུ་ངེས་པར་རྟོགས་པ་ཉིད་ཀྱིས་ན། མཐར་འབྲས་དམ་པའི་གོ་འཕང་ཇི་ལྟ་བར་རྟོགས་པའི་རླབས་ཀྱིས་ཐག་གཅད་པ་ཉིད་དེ། འདི་ནི་རེ་བ་དང་དོགས་པ་ཡི་དྲྭ་བར་ཆུད་པའི་ཐེ་ཚོམ་གྱི་འཕྱང་མོ་ཉུག་གཞི་མེད་དུ་གཅོད་པའི་ངེས་པ་དམ་པ་སྟེ། འདི་ལྟ་བུའི་གནས་ལུགས་དམ་པ་ཉིད་ལ་མ་ནོར་བར་ལྟ་བ་ཡི་སྙིང་པོའི་གོ་འཕང་གཅོད་པ་ནི་མཆོག་ཏུ་ངེས་པར་གཅེས་པ་ཁོ་ན་ཡིན་ནོ། །བཞི་པ་ནི། གྲོགས་པོ་དག །ཅེས་པ་ནས། ཐོབ་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག་བཤད་པ་དེ་དག་ནི། ས་ཡི་རྩེ་མོར་བགྲོད་པའི་ལྟ་བས་ཐག་ཡོངས་སུ་གཅོད་པ་ཉིད་ཕྱིན་ཅི་མ་ལོག་པར་ལེགས་པར་བགྲོས་པ་ཡིན་པར་ཤེས་པར་བྱའོ། །སྟོན་པ་གསང་བ་པས། དེ་སྐད་ཅེས་སྨྲས་པས། དམན་པ་དམ་པ་རྣམས་རེ་དོགས་མེད་པར་ལྟ་བས་ཐག་ཆོད་པའི་གོ་འཕང་དམ་པ་མཐར་ཐུག་པ་ལེགས་པར་ཐོབ་པར་གྱུར་ཏོ། །འདི་ལ་ཀུན་མཁྱེན་དམ་པ་རིན་པོ་ཆེས། འོ་ན་ལྟ་བ་ལ་ལེའུ་ཞེ་དྲུག་པར་སྐོལ་མདོ་བཅུ་གཉིས་ཀྱི་སྐབས་སུ་ལྟ་བ་གཅིག་བྱུང་། ལེའུ་རེ་གསུམ་པའི་སྔགས་ཀྱི་གཞི་བཅུའི་སྐབས་སུ་ལྟ་བ་གཅིག་བྱུང་། བསླབ་པའི་མཐའ་བཅུའི་ལེའུ་དོན་གཉིས་པ་ཐག་ལྟ་བས་གཅད་པའི་སྐབས་འདིར་ཡང་ལྟ་བ་གཅིག་བྱུང་བས་བལྡབས་ས མ་སྙམ་པ་ལ། ངོ་བོ་གཅིག་ལ་མཚོན་ཚུལ་མ་འདྲེས་ཏེ། སྐོལ་མདོ་བཅུ་གཉིས་ཀྱི་སྐབས་ཀྱི་ལྟ་བ་ནི། སྔགས་ཀྱི་ཐེག་པ་གོང་འོག་ཤན་དབྱེ་བའི་ལྟ་བའོ། །གཞི་བཅུའི་ལྟ་བ་དེ་ལྟ་བ་རྟོགས་ནས་འབྲས་བུ་ཐོབ་པའི་གཞི་ཡིན་པའི་ངོས་ནས་བསྟན་པའོ། །བསླབ་པའི་མཐའ་བཅུའི་ལྟ་བ་འདི་ལམ་པའི་བསླབ་བྱའི་ངོས་ནས་བཞག་པའོ། །ཞེས་བཀའ་སྩལ་བར་མཛད་དོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། ལྟ་བའི་གདེང་ངེས་ཏེ་རེ་དོགས་དང་ཡིན་མིན་གྱི་ཐེ་ཚོམ་ཡོངས་སུ་གཅོད་པའི་ལེའུ་ཞེས་བྱ་སྟེ། བདུན་ཅུ་རྩ་གཉིས་པ་ཉིད་གསལ་བར་བཤད་པའོ།། །།བརྒྱད་པ་ཉམས་སུ་ཏིང་ངེ་འཛིན་གྱིས་བླངས་པ་ཚོང་དཔོན་མཁས་པས་རྒྱ་མཚོའི་ནོར་བུ་ལོན་པ་ལྟར་བཤད་པ་ལ་བཞི་སྟེ། ཉེ་བར་བསྟན་པ། རྒྱས་པར་བཤད་པ། གཅེས་པར་གདམས་པ། ཞབས་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། འདི་ལྟ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ཀྱང་ངེས་དོན་གཙོ་ཆེའོ། །ལྟ་བའི་དོན་ལས་སུ་རུང་བས་ཡང་དག་པའི་ས་ལ་སྦྱར་བའི་ཕྱིར། རྗེས་ཐོག་དེ་ནས་ཡང་སྟོན་པ་གསང་བ་པའི་བདག་པོས། གྲོགས་ཀྱི་འཁོར་དམན་པ་དམ་པ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་ཅེས་བོས་ནས། གང་ཉམས་སུ་ཏིང་ངེ་འཛིན་གྱིས་བླངས་ཏེ་དགོངས་པའི་ཉམས་རྙེད་པར་བྱ་བ་ནི་ཉེ་བར་བསྟན་པ་འདི་ལྟ་སྟེ། གཉིས་པ་ལ་ལྔ་སྟེ། ཏིང་ངེ་འཛིན་གྱི་དགོས་ཆེད་བསྟན་པ། ཅིག་ཆར་བའི་མི་རྟོག་པའི་ཏིང་ངེ་འཛིན་བཤད་པ། བསྒོམ་པའི་ལྟས་བསྟན་པ། མཚན་བཅས་ཀྱི་ཏིང་ངེ་འཛིན་བཤད་པ། མདོ་སེམས་སུ་འདུས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། དོན་དུ་གཉེར་བའི་དགོས་ཆེད། གཞན་སེལ་བའི་དགོས་ཆེད་དོ། །དང་པོ་ནི། དགོངས་པ་དམ་པ། ཞེས་པ་ནས། དམ་པའི་བསམ་གཏན་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། སྒོམ་པའི་དགོས་ཆེད་འཆད་པ་སྟེ། རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས་སུ་གྱུར་པའི་རྟོགས་པ་དམ་པ་མཐར་ཐུག་པ་ཀུན་འདུས་པའི་ལྷུན་གྱིས་གྲུབ་པའི་དོན་འདི་ལ་མི་གཉིས་པར་འཇུག་པའི་ལས་དང་ཐབས་ཀྱི་མཆོག་གམ་གཙོར་གྱུར་པ་ནི་བསམ་གཏན་ཟབ་མོའི་ཏིང་ངེ་འཛིན་བརྟན་པ་ཁོ་ན་སྟེ། དེ་ཡང་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་བཞིའི་ཚོགས་ཐམས་ཅད་ལ། འཁོར་ལོས་དབང་སྒྱུར་བར་འགྲོ་བ་ཇི་ལྟར་བ་བཞིན་དུ། རྒྱུ་དང་འབྲས་བུའི་ཆོས་སོ་ཅོག་ཀུན་ཇི་ལྟ་བར་ཐག་ཆོད་པའི་དོན་ལ་མ་ཡེངས་པར་གནས་པའི་ཏིང་ངེ་འཛིན་གྱིས་དབང་སྒྱུར་ནས་འཐོབ་པ་ལས་ཐབས་གཞན་ཉེ་བའི་རྒྱུ་བ་ཡིན་པའི་ཕྱིར་བསམ་གཏན་ཉིད་བསྒོམ་དགོས་པ་ཡིན་ཏེ། བསླབ་པ་བཅུའི་ཡང་གཙོ་བོ་བསམ་གཏན་ཡིན་ལ། གཞན་དགུ་ནི་འཁོར་ལྟ་བུར་གྱུར་པའོ། །དེ་བས་ན་སྒོམ་པའི་ཡོན་ཏན་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་རིལ་རྣལ་མ་ཡེ་ཇི་བཞིན་པའི་ངང་དུ་མི་གཉིས་པའི་དོན་འབྱོར་བར་ཤར་བའི་སྐྱེས་བུ་ནི་གནས་པ་དང་། བྱེད་པ་གཉིས་ཀ་བསམ་གཏན་གྱི་ཡོན་ཏན་ཏེ། ཇི་བཞིན་པའི་ངོ་བོ་ཉིད་ཡུལ་དང་བྲལ་བ་ལས་ངང་གིས་མི་གཡོ་བར་མ་བཅོས་པའི་རྗེས་སུ་མཐུན་པའི་བསམ་པ་ཡང་རྟོག་རྒྱུན་མ་འགག་ལ་གཡོ་བ་མེད་པ་ནི་ལྷག་པར་ཆེན་པོ་ཞེས་པའི་མིང་ཐོབ་པས་དོན་འདི་ཉིད་མཆོག་ཏུ་ཉེ་བར་བཟུང་བའོ། །དེ་ལྟ་བུས་སྒྲིབ་པ་མ་སྤང་བྲལ་བ་ནི། དཔེར་ན་དུག་དང་མུན་པ་དང་ཟངས་ལྕགས་མ་བསལ་བར་སྨན་དང་མར་མེ་དང་གསེར་འགྱུར་རྩིས་དེ་ཉིད་དུ་བྱེད་པ་བཞིན། སྒོ་གསུམ་གྱི་སྒྲིབ་པ་ཕྲ་རགས་ཐམས་ཅད་མ་བསལ་བར་དེ་ཉིད་ཡེ་ཤེས་ཆེན་པོའི་འབྲས་བུར་རང་དབང་བསྒྱུར་ཏེ་འཆར་བར་བྱེད་པའི་ལས་ནི་བསམ་གཏན་གྱི་བྱེད་པ་ཡིན་པས་ཟང་ཟིང་ཕྱི་ནང་སྤང་དུ་མེད་པའི་སེམས་ཀྱིས་བོར་ལ། དོན་ཆེན་པོ་དང་ལྡན་པ་དེས་ན་དགོངས་པ་དམ་པའི་བསམ་གཏན་བྱ་བ་ལ་ཤིན་ཏུ་འབད་པར་རིགས་སོ། །གཉིས་པ་ནི། གལ་ཏེ་བསམ་གཏན། ཞེས་པ་ནས། སྙིང་པོ་སྐམས་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་མ་བསྒོམ་པའི་སྐྱོན་ག ང་སྙམ་པ་ལ། སྙོམས་ལས་ཅན་དག་གིས་ཚིག་ལ་ཁུངས་ཕྱུངས་ཏེ་གལ་ཏེ་དོན་ཆེན་པོའི་བསམ་གཏན་འདི་ཉིད་མ་བསྒོམས་ཏེ་རྟོགས་དོན་བརྟན་པའི་གདེངས་མེད་པ་ནི། དཔེར་ན་རྒྱ་མཚོའི་འཇིང་ངམ་གཏིང་གི་ཕ་བོང་ཉིད་རླན་དང་མ་བྲལ་ན་ཡང་སྙིང་པོ་སྐམ་པར་གནས་པ་ལྟར་དུ། རྩོལ་བས་རྣམ་པར་དཀར་བའི་ལས་རྒྱ་མཚོ་ལྟ་བུ་དཔག་ཏུ་མེད་པའི་སྒོ་ལ་སྤྱད་དེ་འབད་པས་ཞུགས་ཀྱང་འཇིག་རྟེན་པའི་བདེ་བ་ཙམ་ལས་སྒྲུབ་པའི་འབྲས་བུ་བླ་ན་མེད་པའི་གོ་འཕང་མཆོག་གི་དོན་མེད་ཅིང་སྙིང་པོ་བྱང་ཆུབ་ཀྱི་མྱུ་གུ་སྐམས་པ་ཡིན་པས་དཔེ་དང་ཚུལ་མཚུངས་པའོ། །འོན་ཀྱང་རྒྱུ་ཙམ་དུ་མི་འདོད་པ་ནི་མ་ཡིན་ནོ། །གཉིས་པ་ལ་བརྒྱད་དེ། ཏིང་ངེ་འཛིན་གྱི་ངོ་བོ་བསྟན་པ། དེ་ལ་ཏིང་ངེ་འཛིན་གསུམ་རྫོགས་པར་བསྟན་པ། ཏིང་ངེ་འཛིན་དེའི་རང་བཞིན་བཤད་པ། གོལ་སྒྲིབ་ཐུན་མོང་བའི་སྐྱོན་བསྟན་པ། དེ་དག་བཅོས་ཐབས་ཀྱི་ངེས་པ་བཤད་པ། རིམ་གྱིས་དང་ཅིག་ཆར་བའི་ཁྱད་པར་བསྟན་པ། ཏིང་ངེ་འཛིན་དེའི་ཁྱད་པར་གྱི་སྐྱོན་བཅོས་ཐབས་ཐུན་མོང་དུ་བསྟན་པ། ཞོར་ལ་ཡོན་ཏན་གྱི་ངེས་འབྱེད་བཤད་པའོ། །དང་པོ་ནི། རྣལ་འབྱོར་ཆེན་པོའི། ཞེས་པ་ནས། ཆོས་ཉིད་དེ་ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བའི་དོན་ཆེན་པོ་ལ་སྦྱོར་བའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་གང་སྙམ་པ་ལ། ཇི་བཞིན་པའི་ངང་ལ་རྣལ་དུ་འབྱོར་ཏེ་འདུ་ཤེས་གང་དུའང་མ་ཞུགས་པའི་ཁྱད་པར་གྱིས་ཆེན་པོའི་མིང་ཐོབ་ལ། དེ་ལྟ་བུའི་བསམ་གཏན་དེའི་ངོ་བོ་ཉིད་ནི། ཆོས་རྣམས་ཀྱི་ཆོས་ཉིད་ཇི་བཞིན་པ་ཡི་དེ་ཁོ་ན་ཉིད་མ་བསླད་མ་བསྒྱུར་བའི་གསང་དོན་མཐའ་དང་ཡེ་བྲལ་བས་དེ་ཉིད་དུའང་བརྗོད་དུ་མེད་པའི་དོན་ལ་རང་རིག་པས་དེ་ལྟར་རྟོགས་ཏེ་ཇི་བཞིན་པ་དེ་ཉིད་དུ་ཐག་ཆོད་པའི་རྒྱུས། དོན་དེ་ཁོ་ན་བར་རང་རིག་པ་སྣང་བ་ལ་འདུ་ཤེས་ཅིར་ཡང་མ་སྐྱེས་པས། རང་སྣང་མ་བཅོས་པ་ཡི་ངང་དེ་ལ་རང་གི་བསམ་པས་གང་ཡང་བཞག་པ་མེད་པར་བློ་བཞག་སྟེ་རང་གསལ་དུ་གནས་པ་ལས་མ་ཡེངས་པར་ས་ལེར་དྭངས་པའོ། །དེ་བས་ན་ཇི་ཙམ་དུ་རྩོལ་དཔྱོད་དམིགས་པ་ནི་དོན་ལ་མ་རེག་པས་ཡེངས་པ་ཞེས་བྱ་བར་ང་སྨྲའོ། །ཞེས་གནུབས་ཆེན་གྱིས་གདམས་སོ། །དེ་ལྟ་བུའི་ངང་ལ་མངོན་དུ་བྱེད་པ་དང་གསལ་དུ་རེ་བའི་སེམས་པ་མེད་པ་ནི་མཐར་འཛིན་གྱི་སྐྱེ་འགག་གིས་མ་བསླད་པས་ཡང་དག་པའི་ཤེས་རབ་སྐྱོན་མེད་པའོ། །དེ་བས་ན་འགྲེ་ལྡོག་སྤྱིའི་ཚུགས་གར་འགྲེས་ཀྱང་སྙིང་པོ་བྱང་ཆུབ་པ་ཉིད་པས་སོ་ལ་ཉམས་སུ་དོགས་པ་དང་། རྟོག་རྒྱུན་བྱུང་དུ་དོགས་པའང་མེད་པས་དུས་ཕྱེད་པར་ངང་གིས་གཡེང་རྨུགས་མེད་ཅིང་རིག་པའི་དོན་ལ་དམིགས་པ་དང་མི་མཐུན་པ་འགོག་པའང་མེད་དེ་དོན་མཐའ་གཉིས་བྲལ་བར་རང་གསལ་བ་ཉིད་དོ། །ཏིང་ངེ་འཛིན་གྱི་རྩ་བ་ཉེ་བར་བསྟན་པའི་ཕྱིར། སྒོམ་པའི་ངོ་བོ་ཏིང་ངེ་འཛིན་གྱི་མཆོག་རྣལ་འབྱོར་དམ་པ་ཇི་བཞིན་པ་ཡི་དེ་ཁོ་ན་ཉིད་མ་བཅོས་པ་ནི། སེམས་ཀྱི་ཆོས་ཉིད་རང་རིག་པའི་དཀྱིལ་འཁོར་འོད་གསལ་བ་དེ་ཉིད་ཁོ་ནར་གྱུར་པས་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ཀྱང་འདི་ལས་ཤར་བ་ཉིད་དོ། །གཉིས་པ་ནི། དེ་བཞིན་ཉིད་ཅེས། ཞེས་པ་ནས། འབྱུང་བའི་རྒྱུ་ཞེས་བཤད། །ཅེས་པའིབར་གྱིས་བསྟན་ཏེ། བསྐྱེད་པའི་རྣལ་འབྱོར་པ་རྣམས་ལ་བསྒོོམ་པ་རྣམ་པ་གསུམ་བརྗོད་པའི་དོན་རང་ལ་རྫོགས་པ་གང་སྙམ་པ་ལ། ཐོག་མར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ཅིར་ཡང་མི་དམིགས་པའམ་མི་རྟོག་པ་བསྒོམ་པའང་གཞན་མ་ཡིན་ཏེ། དངོས་པོ་གཉིས་ཀྱི་གཞི་དང་རྩ་བའི་རྣམ་པར་ཤེས་པ་ཀུན་གཞི་ནི་བྱང་ཆུབ་ཀྱི་སེམས་ཉིད་དོ། །དེ་ཅི་ཡི་ཕྱིར་ཏེ་གཏན་ཚིགས་གང་གིས་ཡིད་ཆེས་པར་བྱ་ཞེ་ན། རྒྱུ་རྐྱེན་མེད་པས་མ་བྱས་པ། མཁན་པོ་དང་བྲལ་བས་མ་བཅོས་པ། རང་བཞིན་མ་འགག་པར་ཤར་བས་རང་བྱུང་བ་དང་གསུམ་གྱིས་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་ཅེས་པའི་མིང་འགྲུབ་པས་བསམ་པ་པོ་དང་རྗེས་སུ་མཐུན་པར་བཤད་དེ་བཀའ་སྩལ་ཏོ། །ཆོས་མཐུན་བརྩི་ནའང་། ཀུན་གཞི་དམིགས་པ་དང་རྣམ་པ་མ་ཆད་པ་དང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཡང་ཆོས་ཐམས་ཅད་ལ་ཁྱབ་ཅིང་རྣམ་པ་རྒྱ་མ་ཆད་པས་སོ། །དེ་བས་ན་ངོ་བོ་ཉིད་བསྟན་པ་དང་། ཚོལ་བའི་ཞེན་པ་དགག་པ་དང་། དངོས་པོ་ལ་གནས་པའི་དོན་དུ་འགྲེལ་ཏེ་འཆད་པའང་རྗེས་སུ་སྦྱར་རོ། །ཆོས་ཐམས་ཅད་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་རྫོགས་པ་ནི། ཡུལ་ཀུན་ལ་འཇུག་པར་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐད་ཅིག་ཡུད་ཙམ་དུ་མྱུར་བར་སྐྱེ་བ་ཉིད་དོ། །དེ་ཅི་ཡི་ཕྱིར་ཏེ་གཏན་ཚིགས་གང་ཞེ་ན། ཡིད་ཀྱི་རྣམ་ཤེས་ནི་ཐུན་མོང་དང་ཁྱད་པར་གྱི་ཡུལ་ཀུན་ཏུ་ཕྱི་ནང་གི་སྣང་བ་ཐམས་ཅད་ལ་གསལ་བར་འཇུག་པས། སྤྱི་དང་རང་གི་མཚན་ཉིད་ཀྱི་ཕྱི་ནང་ཀུན་ཏུ་སྣང་བའི་ཡིད་ཉིད་ཡེ་ཤེས་ཆེན་པོའི་ངོ་བོར་གསལ་བའི་ཕྱིར་ཐུགས་རྗེ་ཆེན་པོས་ཁྱབ་པར་ཤར་བའོ། །ཞེས་བཤད་ཅིང་བཀའ་སྩལ་ཏོ། །ཆོས་མཐུན་བརྩི་བའང་ཡིད་སྣ་ཚོགས་ཏེ་ཉོན་ཡིད་དང་སྒོ་ལྔའི་རྗེས་སུའང་འགྲོ་བ་བཞིན་ཀུན་ཏིང་ཡང་སྣ་ཚོགས་སྣང་བ་དང་དེ་ཏིང་གི་ཡང་རྗེས་སུ་འགྲོ་བའོ། །རྒྱུ་ཡི་ཏིང་ངེ་འཛིན་གྱི་རྣམ་པར་བཀོད་པ་ནི། རང་ཡུལ་ལ་འཇུག་པའི་རྣམ་པར་ཤེས་པ་སྒོ་ལྔ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། སྒོ་ལྔས་ཡུལ་གང་བཅད་པའི་བག་ཆགས་ནི། ཀུན་གཞིའི་བག་ཆགས་གསོག་པ་གང་གི་ཡང་མིང་ཐོགས་པར་བྱེད་པའི་རྒྱུར་ཡང་བཀོད་པ་ཡིན་པས་ཕྱི་ནང་མཐོ་དམན་ཐམས་ཅད་ཀུན་འབྱུང་བའི་རྒྱུ་ཞེས་སུའང་བཤད་ཅིང་བཀའ་སྩལ་བའི་ཕྱིར་རོ། །དེ་བས་ན་ཆོས་མཐུན་པའང་། དེ་ཉིད་ཡི་གེའི་རྣམ་པར་སྒོམ་པ་པོ་ལ་གསལ་བ་ནི། སྒོམ་པ་པོའི་རིག་པ་ཉིད་ཡི་གེར་བྱུང་བ་ཡང་ཤེས་པ་པོའི་ཡུལ་དུ་བག་ཆགས་ཉིད་སྣང བའོ། །ཤེས་པ་གསུམ་ཁོ་ནར་ངེས་པ་གཞག་པ་ནི། བཤད་པའི་དོན་གསུམ་དང་ཆོས་མཐུན་པས་བསྙད་ཀྱི་རྒྱ་ཆད་པར་འདོད་པ་ནི་མ་ཡིན་ནོ། །གསུམ་པ་ནི། གང་གི་དགོངས་པ། ཞེས་པ་ནས། མེད་མིན་ལས་ཀྱང་འདས། །ཞེས་པའི་བར་གྱིས་བསྟན་ཏེ། ཏིང་ངེ་འཛིན་གྱི་རང་བཞིན་གང་སྙམ་པ་ལ། ཐེག་མཆོག་ཆེན་པོ་གང་གི་ཏིང་ངེ་འཛིན་དགོངས་པ་དམ་པ་ཁྱད་པར་ཅན་གྱི་རང་བཞིན་ནི། རིག་པ་ཇི་བཞིན་པ་ནམ་མཁའི་འོད་བཞིན་སྟོང་པ་མ་ཡིན་པར་རིལ་རང་གསལ་བ་ཉིད་དེ་ཐམས་ཅད་དུ་ཀུན་ཏུ་གསལ་བ་ཡིན་ལ། ངོ་བོ་དམིགས་སུ་མེད་པས་ཐེར་ཟུག་པའང་མིན་ཏེ་རྟག་ཆད་ལས་འདས་པ་ཁོ་ནའོ། །དེ་ལྟར་དེ་གཉིས་ཀྱི་མཐའ་མེད་པས་དབུ་མར་ཡང་ཀུན་ཏུ་མི་དམིགས་པའོ། །དེ་བས་ན་བསམ་དུ་མེད་པ་དེ་ཉིད་ཀྱང་མ་ཡིན་གཞན་པའང་མ་ཡིན་པའི་སེམས་ཉིད་མི་རྟོག་པ་ཆེན་པོར་མ་འདྲེས་རྫོགས་པར་ཀུན་རིག་ཅིང་གསལ་བའི་ཕྱིར་འོད་གསལ་རྫོགས་པ་ཆེན་པོ་ཉིད་དེ། རྟག་ཆད་དང་བྲལ་བའི་ཕྱིར་ཡོད་པ་དང་མེད་པ་ལས་ཀྱང་གྲོལ་ལ། ཡོད་མིན་མེད་མིན་ལས་ཀྱང་འདས་ཏེ། ཅི་ཡང་གཟུང་དུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་ཏེ། འདི་གཉིས་ལས་མ་འདས་ན་དེའི་སྐྱེ་མཆེད་དུ་ལྟུང་ངོ་། །བཞི་པ་ལ་བཞི་སྟེ། སྐྱེ་བོ་དང་རྒྱུའི་ཐེག་པར་གོལ་བ། མུ་སྟེགས་དང་གཟུགས་མེད་དུ་གོལ་བ། གཟུགས་ཁམས་དང་ཉན་ཐོས་སུ་གོལ་བ། གོལ་བས་མ་རྟོགས་ཀྱང་ཆོས་ཉིད་མེད་པར་མི་འགྱུར་བའོ། །དང་པོ་ནི། གང་འདིར་ཚོར་འགྲོ། ཞེས་པ་ནས། ཕྱལ་པ་དམིགས་པ་གཅིག །ཅེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ཇི་བཞིན་དུ་བསྒོམ་པ་ལ་གནོད་པའི་སྐྱོན་དང་སྒྲིབ་པ་གང་སྙམ་པ་ལ། འདི་དག་ཀྱང་ལྷན་ཅིག་སྐྱེས་པའི་སྐྱོན་དང་། རྐྱེན་གྱིས་བསླད་པའི་སྐྱོན་དང་། ཆེད་དུ་བྱས་པའི་སྐྱོན་དུ་འགྲེལ་ཏེ་གོལ་ས་བཅུ་གཉིས་སུའང་གསུངས་སོ། །དེ་ལ་སྒོམ་པའི་སྐབས་གང་འདིར་རྣལ་འབྱོར་པ་སུ་ཡང་རུང་བ་ཞིག་ལ། བྱུང་ཚོར་གྱི་རྟོག་པ་ཕྲ་རགས་དང་། གསལ་མི་གསལ་དང་། ཆེ་ཆུང་དང་། རིང་ཐུང་དང་། མྱུར་བུལ་དུ་བྱུང་ནས་གཡེངས་པའི་རྗེས་སུ་འགྲོ་བ་ནི་སྐྱེ་བོ་མར་བས་འཇིག་རྟེན་ཐ་མལ་བར་གོལ་བར་འགྱུར་བ་དང་། གང་བྱུང་ཚོར་དེ་དག་སྐྱོན་དུ་བལྟས་ཏེ་འགོག་པར་བྱེད་པ་ནི་ཉན་རང་བྱིས་པའི་སྤྱོད་ཡུལ་དུ་གོལ་བས་འཛིན་ཆགས་ཀྱི་དབང་གིས་འགོག་པར་འགྱུར་ཏེ་དོན་ལ་ཤེད་མ་བྱེ་བ་དང་། འདིར་གང་བྱིང་རྨུགས་ཀྱིས་དྲན་པ་ཉམས་པའི་དབང་གིས་འཐིབས་པར་གྱུར་བ་འབེན་ཐིམ་པའི་མདའ་ལྟ་བུ་ནི་ལོག་སྲེད་ཅན་རྒྱང་འཕེན་དང་ཕྱལ་བར་གོལ་བའོ། །སེམས་ཡན་པར་བཏང་ནས་ཡལ་བར་འཇོག་པ་དང་། ཕྱལ་བ་དོན་མེད་པ་ནི་འཇིག་རྟེན་རང་ཀ་མར་གོལ་ཏེ་ཕྱལ་བའི་དབང་གིས་མེད་པར་འགྱུར་བའོ། །དམིགས་པ་རྩེ་གཅིག་ཏུ་འཛིན་པ་ནི་མཚན་མ་རྩེ་གཅིག་ཏུ་གོལ་བ་སྟེ། འཇིག་རྟེན་རང་གི་མཚན་མ་རྩེ་གཅིག་པའམ། སྤྱིར་དམིགས་པ་གཅིག་ལ་རྩེ་གཅིག་ཏུ་བྱེད་པའམ། ཐེར་ཟུག་གི་དབང་གིས་རྟག་པར་ཡང་འགྱུར་བའོ། །གཉིས་པ་ནི། གང་འདིར་ལྟ་བས་མདོངས། ཞེས་པ་ནས། ཐག་ཏུ་ངན་འགྲོར་འགྲོ། །ཞེས་པའི་བར་གྱིས་བསྟན་ཏེ། གང་འདིར་རྣལ་འབྱོར་ཆེན་པོའི་སྒོར་ཞུགས་ཀྱང་དོན་ཆེན་པོ་ལས་གོལ་ཏེ་ལོག་པར་ལྟ་བས་སྒྲིབ་པའི་ལོང་བ་ལྟ་བུར་དོན་ལ་མདོངས་པ་དག་ནི། བདག་ཏུ་འཛིན་པ་དང་མ་བྲལ་བའི་གཞི་ལ་བརྟེན་ནས་གྲུབ་མཐའ་སྒྲུབ་སྟེ། ཐེར་ཟུག་རྟག་པར་འདོད་པ་དང་། ཡང་ཚེ་སྔ་ཕྱི་ལ་སོགས་པ་ཡང་མེད་པར་འདོད་པའི་ལྟ་ངན་གྱི་ཤེས་པ་ཉམས་བཞིན་དེས་འབྲས་བུ་ཐོབ་བོ་བར་རྟོག་པ་ནི་མུ་སྟེགས་སུ་གོལ་བ་སྟེ་ངན་སོང་གི་རྒྱུའོ། །ཡང་འདི་དག་ནི་གཟུགས་མེད་པར་གོལ་བའང་ཡིན་ཏེ་བདག་འཛིན་ལ་བརྟེན་ནས་འཇིག་རྟེན་གྱི་གྲུབ་མཐའ་སྒྲུབ་སྟེ་འདི་ལ་རྟོག་པ་ནི། ཆོས་སོ་ཅོག་མཁན་པོ་ལ་རག་ལས་པར་ལྟ་ཞིང་འདུ་ཤེས་དེ་ཉིད་ཀྱིས་སྐྲག་ཅིང་སྐྱོ་ནས་ཅིའང་མེད་པ་ལ་དགའ་སྟེ་མེད་དོ་སྙམ་པ་ལ་མོས་པའི་དོན་དེ་བསམ་གཏན་དུ་སྒྲུབས་པར་བྱས་ནས་ཁམས་དེར་འགྲོ་བར་འགྱུར་བས་གཟུགས་མེད་པའི་ལྷར་སྐྱེ་སྟེ། དེ་ནས་བསྐལ་པའི་གྲངས་ཚང་བ་དང་། མྱ་ངན་ལས་འདས་པ་བྱ་བའང་མེད་དོ་སྙམ་པའི་བརྫུ་བའི་འདུ་ཤེས་གཡོས་ནས་ཐལ་བྱུང་དེ་མ་ཐག་ཏུ་ཏིང་ངེ་འཛིན་གྱི་ལུས་ཞིག་སྟེ་སྐད་ཅིག་ལ་དམྱལ་བར་ལྟུང་སྟེ་ངན་འགྲོར་འགྲོ་བ་ཡོད་པའི་ཕྱིར་རོ། །གསུམ་པ་ནི། མོས་པ་ཆུང་ངུ་། ཞེས་པ་ནས། མི་གཡོ་གནས་བཞི་པ། །ཞེས་པའི་བར་གྱིས་བསྟན་ཏེ། གཟུགས་ཁམས་སུ་གོལ་བ་གང་སྙམ་པ་ལ། མོས་པ་ཆུང་ངུ་ཉན་ཐོས་ཀྱི་གང་ཟག་ཐམས་ཅད་ནི། བསྒོམ་པའི་རྣམ་གྲངས་མང་མོད་ཀྱི། གཞི་གང་ཟག་ལ་བདག་མེད་པའི་ལྟ་བ་ལ་རྟེན་ནས་འདུས་བྱས་ཐམས་ཅད་ལ་སྤྱིའི་མཚན་ཉིད་རང་བཞིན་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་མཐོང་ནས་ཡུལ་དྲུག་པོ་གང་བཀག་པའི་འགོག་པ་ལ་ཞུགས་ནས་རྟོག་དཔྱོད་གཉིས་ཀ་ཡོད་པའམ། དཔྱོད་པ་ཡོད་ལ་རྟོག་པ་མེད་པ་འདི་ནི་བསམ་གཏན་དང་པོ་ཁོ་ནའོ། །ཕྱི་ནང་གི་ཆོས་ཐམས་ཅད་ཀུན་སྟོང་པར་བྱས་ནས་འདུ་ཤེས་སྦོམ་པོ་ལ་མི་ལྡང་བར་ཕྲ་བའི་སྟོང་པ་ལ་གནས་པ་ནི། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་བསམ་གཏན་གཉིས་པའོ། །འདི་ལ་རང་སའི་དྲན་པ་ཕྲ་མོའི་རྗེས་སུ་དཔྱོད་པ་ཙམ་ཡོད་ཀྱང་ས་འོག་མིའི་རྟོག་དཔྱོད་ལས་འདས་པ་ཡིན་ནོ། །སྟོང་པ་ཉིད་ལ་བསྒོམ་པ་ཀློང་དུ་གྱུར་པའི་ངེས་པ་བཞག་སྟེ། བདག་གི་གཟེངས་བདག་གིས་བསྟོད་ནས། ད་ནི་སྐྱེ་བ་ཟད་དོ། །བྱ་བ་བྱས་སོ། །ཁུར་བོར་བའོ་སྙམ་དུ་ཡིད་ལ་བྱེད་དེ། དཔྱོད་པ་མེད་ལ་དགའ་བ་སྐྱེད་པ་ཡོད་པ་ནི་བསམ་གཏན་གསུམ་པའོ། །དེ་ནས་བདག་ཉིད་ཀྱི་ཚོར་བ་དག་གམ། གཞན་རྒྱལ་བའི་བྱིན་གྱིས་རླབས་སམ། དགེ་བའི་བཤེས་གཉེན་གྱི་མཐུས་ཆོས་བསྟན་ཏེ། རྟོག་དཔྱོད་དང་དགའ་བ་གསུམ་ཆར་བོར་ནས་སྐྱོན་མེད་པར་སྟོང་པ་མི་གཡོ་བ་ལ་གནས་པ་ནི་བཏང་སྙོམས་ཅན་ཏེ་བསམ་གཏན་བཞི་པ་ཡིན་ནོ། །དེས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ལྟ་བའོ། །འདི་ནི་ཉན་ཐོས་དང་འཇིག་རྟེན་པ་ཐུན་མོང་དུ་འགྲེལ་ཏེ་དེ་དག་ཏུ་ལྟ་ན་དོན་ཆེན་པོ་ལས་གོལ་བའོ། །བཞི་པ་ནི། གང་ཡོད་མཐར་ཡང་། ཞེས་པ་ནས། མི་བརླག་མེད་མི་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། སུ་ཞིག་ཡང་དག་པའི་ཤེས་རབ་ཡོད་ན་མཐར་གསང་སྔགས་རྟོགས་པར་འགྱུར་བ་སྲིད་ཀྱི། ཤེས་རབ་མེད་ན་རྟོགས་པའི་གཞི་མེད་པས་མཐར་གསང་སྔགས་རྟོགས་པར་མི་འགྱུར་བའོ། །གཞན་དུ་ན་གང་ཡོད་པར་འཛིན་པའི་གང་ཟག་ལ་ནི། དེ་ཉིད་ཀྱི་རྒྱུས་མེད་པའི་མཐར་ཡང་ཤུགས་ཀྱིས་འགྱུར་བ་འོང་སྲིད་ཀྱི། གང་དམ་པ་དག་ཡོད་པར་འཛིན་པ་མེད་པར་འདུ་ཤེས་དང་བྲལ་ཏེ་ལྟ་བ་དང་རྟོགས་པའི་གནས་མེད་པ་ལ་ནི་དེ་ལ་ལྟོས་པའི་མེད་པའི་མཐར་རམ་མཐའ་མེད་པར་མི་འགྱུར་ཏེ། མཐའ་ལ་མི་གནས་པར་འགྱུར་བས་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱང་རྟོགས་པར་འགྱུར་རོ། །དེ་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་ཉིད་ཡེ་མེད་པ་ཞིག་གོ་བར་དོགས་པ་ལ། བཤད་པ་དེ་དག་ལྟར་གང་ཞིག་མཐའ་ལ་ཞེན་པ་དེས་མ་རིག་པའི་དབང་གིས་དེ་ཁོ་ན་ཉིད་གསལ་བར་མི་མཐོང་ལ་ཡང་དག་པར་མི་ཤེས་པར་ངེས་པས་དོན་ཇི་བཞིན་དུ་མི་རྟོགས་ཤིང་། དེའི་དོན་ལ་ཤ་ཐང་བར་འབད་དེ་བཙལ་པར་བྱས་པས་ཀྱང་ངོ་བོ་འདི་འདྲ་བར་རྙེད་པར་མི་འགྱུར་ན་ཡང་། སེམས་ཀྱི་དེ་ཁོ་ན་ཉིད་མེད་ཅིང་རླག་པར་མི་འགྱུར་བའི་ཕྱིར། ཆོས་ཉིད་གདལ་ཁྱབ་ཆེན་པོ་དེ་ལ་རྒྱུ་འབྲས་ཀྱི་ངོ་བོ་དབྱེར་མེད་ལྷུན་རྫོགས་ཆེན་པོ་ཡིན་ནོ། །དེ་བས་ན་ལ་ལ་དག་རྒྱུ་འབྲས་ཡོད་པར་ལྟ་བ་དང་། རྒྱུ་འབྲས་མེད་པར་ཞེན་པ་དག་གིས་མ་མཐོང་མ་རྙེད་པར་གྱུར་ཀྱང་། ཇི་བཞིན་པའི་དོན་ཆེན་པོ་མེད་པ་ཉིད་མིན་ཏེ། ངོ་བོ་ལ་འགྱུར་བ་མེད་པ་ཉིད་དོ། །དེའི་མཐུན་པའི་ཆོས་ཉེ་བར་བཟུང་བའི་དཔེ་ནི་དཔེར་ན་ལྕགས་བསྲེགས་པ་ལ་ཚ་བའི་དབལ་མེད་པར་སོང་བ་བཞིན་དང་། འབྱུང་བ་ཆེན་པོ་བཞི་མེད་དེ་སྟོང་པར་གྱུར་ན་ཡང་། ལྕགས་དེ་དང་ནམ་མཁའ་ནི་མེད་པ་མིན་པར་ཡོད་པ་ཇི་བཞིན་དུ། དམིགས་ལྟ་ཅན་གྱིས་མ་རྙེད་ཀྱང་། དེ་ཁོ་ན་ཉིད་ཀྱི་ཀློང་ནི་ཅིས་ཀྱང་མི་རླག་མི་ཤིགས་པའི་ངོ་བོ་བས་ནམ་ཡང་མེད་པར་མི་འགྱུར་རོ། །ལྔ་པ་ལ་བཞི་སྟེ། རང་བྱུང་རང་ཞིར་བཅོས་པ། དགག་སྒྲུབ་མེད་པར་བཅོས་པ། ཟུང་དུ་འབྲེལ་བར་རྟོགས་ཏེ་བཅོས་སུ་མེད་པར་བསྟན་པ། མ་བཅོས་པར་བཞག་པས་ཉམས་རྙེད་པར་བསྟན་པའོ། །དང་པོ་ནི། དྲུག་གི་སྤྱོད་ཡུལ། ཞེས་པ་ནས། སྤང་ཞིང་བཟློག་ཏུ་མེད། །ཅེས་པའི་བར་གྱིས་བསྟན་ཏེ། རྟོག་པའི་སྐྱོན་རྣམས་ཤེས་ན་ཇི་ལྟར་ཤེས་པར་བྱ་སྙམ་པ་ལ། བསྒོམ་པའི་ཚེ་གཟུགས་མཐོང་སྒྲ་ཐོས་ལ་སོགས་པ་རྣམ་པར་ཤེས་པ་ཚོགས་དྲུག་གི་རྟོག་པའི་སྤྱོད་ཡུལ་ཤར་བ་ནི་མཚན་མ་ཉིད་ཡིན་ཏེ། དེ་ལྟར་མཚན་མའི་དངོས་པོར་ཅི་བྱུང་ཅིར་སྣང་ཡང་། རང་བཞིན་ལ་རྟོགས་པའི་མཚན་མ་ཉིད་ཆུའི་རླབས་ལྟར་དེ་ཁོ་ན་ཉིད་དུ་རང་སྣང་བས་ན་མི་མཐུན་པའི་སྐྱོན་དུ་བསྙད་དུ་མེད་པའི་ཕྱིར། རྟོག་པ་ཉིད་མ་བཀག་པར་རང་ཅི་དགར་བཞག་པས་ཆོག་གི་དེ་བཟློག་ཅིང་སྤོང་བ་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྟོག་པ་ཀ་ནས་མ་གྲུབ་པས་མཚན་མའི་དངོས་པོ་དེ་ཉིད་ཡེ་ནས་མ་སྐྱེས་པའི་སྟོང་པ་ཆེན་པོའི་ཆོས་ཉིད་ཡིན་པས་དེ་ལ་སྤང་ཞིང་བཟློག་ཏུ་མེད་པའི་ཕྱིར་རོ། །དེས་ན་དེ་ལྟར་ཤེས་ནས་རང་བྱུང་རང་ཞིར་རྟོགས་པའི་སོ་ལས་མ་འདས་པར་བྱ་བ་ཉིད་དོ། །གཉིས་པ་ནི། ཐམས་ཅད་སེམས་ཀྱི། ཞེས་པ་ནས། གཉེན་པོ་བསྒོམ་མི་དགོས། །ཞེས་པའི་བར་གྱིས་བསྟན་ཏེ། དེས་ན་བཤད་པ་བཞིན་དུ་མཚན་མ་ཐམས་ཅད་སེམས་ཀྱི་ཆོས་ཉིད་དུ་གསལ་བར་ཚིག་ཙམ་མིན་པར་ཤེས་ཤིང་ལྟ་བས་ཐག་ཆོད་དེ་གནད་དུ་ཆུད་པ་ན་རྟོགས་པ་སྐྱེས་ཀྱང་རྟོག་པར་མཐོང་བ་མེད་པས། མ་བཅོས་པའི་ངང་ལ་རྟོག་པ་མི་འཆོས། ཀློང་ཆེན་པོའི་དབྱིངས་ལ་ཡེངས་པའི་ཡུལ་ཉིད་བྲལ་བས་རྟག་ཏུ་མ་ཡེངས་པར་གནས། གལ་ཏེ་ཡེངས་ཀྱང་ཆོས་ཉིད་དུ་གྲོལ་བར་ལམ་དུ་ཁྱེར་ཐུབ་པས་ཡེངས་པའི་ཐ་སྙད་ཀྱང་མེད་པར། སེམས་ལ་སྒྲིབ་པའང་མེད་དེ་ངང་གིར་རང་གསལ་བ་ནི་སྙོམས་པར་འཇུག་པ་ཆེན་པོ་ཞེས་བྱའོ། །དེ་བས་ན་རྟོག་རྒྱུན་མ་བཀག་ལ་མཐོང་ཐོས་མེད་པར་ཤེས་པའི་སྐྱེས་བུ་ལ། ཆུ་ཡིས་རླན་མི་ཚོལ་བ་ལྟར་རྩོལ་སྒྲུབ་ཀྱིས་ཆོས་ཉིད་ལ་འབད་པ་དང་། གསལ་ཞིང་ཐོབ་ཏུ་རེ་བ་དང་། ལྟུང་གོལ་གྱི་དོགས་པ་དང་བྲལ་བས་རྩོལ་སྒྲུབ་དང་རེ་དོགས་ཀྱིས་འཆིང་བ་ག་ལ་ཡོད་དེ་མེད་པས་ན། ནམ་དུའང་མི་མཐུན་པར་སྣང་བ་ལ་གཉེན་པོ་བརྟེན་པར་མི་བྱེད་ཅིང་སྒོམ་ཡང་མི་དགོས་པར་རྟོགས་པར་བྱའོ། །གལ་ཏེ་རྟོགས་པ་གནད་དུ་མ་ཆུད་པར་ཚུལ་ཆོས་པ་དག་ནི། སྦལ་བུས་ནམ་མཁའ་ལ་ལྡིང་པ་ལྟར་ཚི་ཆད་པར་འགྱུར་རོ། །དེ་བས་ན་སྤང་བྱ་མི་སྤོང་སྟེ་རྟོག་པས་འཆིངས་པའི་ཕྱིར་རོ། །གསུམ་པ་ནི། སྐྱོན་ཡོན་སྤོང་ལེན། ཞེས་པ་ནས། མེད་པས་སྦྱོང་དུ་མེད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་བས་ན་བསམ་གཏན་གྱི་སྐྱོན་དང་ཡོོན་ཏན་ལ་སྤོང་བ་དང་ལེན་པར་བྱེད་པ་དང་། བྱིང་རྒོད་ལ་སོགས་པ་རྣམས་རིལ་སྐབས་གང་འདིར་མ་འགགས་ལ། ངོ་བོ་དབྱེར་མེད་པས་རིས་སུ་ཆད་པའང་མེད་དེ། ཇི་བཞིན་པའི་ངོ་བོར་ཟུང་དུ་འབྲེལ་བར་གསལ་བ་ན་བྱུང་ཚོར་མ་བཀག་ལ་མི་གཡོ་བས་ཞི་གནས་དང་ལྷག་མཐོང་འབྲེལ་བར་གྱུར་ཏེ། དེ་ཉིད་ཀྱང་རང་རིག་པའི་སེམས་ཀྱི་ཆོས་ཉིད་ལས་རང་བྱུང་བར་ཤར་བའོ། །དེ་བས་ན་མ་བཅོས་པའི་ཉམས་རྙེད་དེ་རང་བྱུང་རང་ཞིར་མ་རྟོགས་ན། དཔེར་ན་དངོས་པོ་ཞིག་པས་ཀྱང་ནམ་མཁའ་མེད་པར་བརླག་པར་མི་འགྱུར་པ་དང་། བསྐལ་པར་འཁོར་བར་འཁྱམས་པས་ཀྱང་བྱང་ཆུབ་ཀྱི་སེམས་མི་སྟོར་བ་ལྟར་དུ་རྟོག་པ་རྣམས་སྤོང་བས་མི་སྤོངས་ཏེ། འདུ་ཤེས་ཉིད་ཀྱིས་འཆིང་བའི་ཕྱིར། མདོ་ལས་ཀྱང་། འདུ་ཤེས་འདི་ནི་སྤངས་སྙམ་དུ། །གང་གི་འདུ་ཤེས་འབྱུང་འགྱུར་བ། །འདུ་ཤེས་ལས་ནི་དེ་མི་ཐར། །ཞེས་གསུངས་སོ། །དེས་ན་སྒྲིབ་པ་མཐའ་ཡས་པ་ཐམས་ཅད་སེམས་ཀྱི་ཆོས་ཉིད་དུ་མ་ཤེས་ན་སྦྱང་ཞིང་བཀྲུས་པས་མི་འདག་སྟེ། རྩོལ་སྦྱོང་ཉིད་ལྟ་བའི་སྒྲིབ་པ་ཆེན་པོའོ། །དེ་བས་ན་མཐའ་བཞི་རང་གྲོལ་གྱི་སྟོང་ཉིད་ཟབ་མོ་ཆོས་ཉིད་གསང་བའི་དབྱིངས་སུ་ཤེས་པར་བྱའོ། །འོ་ན་ཐབས་དམ་པ་ཉིད་གང་ཞེ་ན། གང་སྟོང་པ་དངོས་པོ་ཞིག་པ་དང་། ཡོད་པ་དངོས་པོའི་སྣང་བ་དང་། ཆད་པ་དང་རྟག་པར་འཛིན་པ་ལ་སོགས་པའི་མཐའ་རྣམས་ངང་གིས་དག་པའི་ཚུལ་ནི་ཇི་ལྟ་བུ་ཡིན་ན། མཐའ་སྣང་ཐམས་ཅད་རིལ་ཆོས་ཉིད་དབྱིངས་ཀྱི་ཡེ་ཤེས་ཆེན་པོའི་ཀློང་དུ་གསལ་བར་རིག་པས་ཉི་ཚེ་བའི་སྟོང་པ་མ་ཡིན་ཞིང་། དེ་ཉིད་ལ་ངོ་བོའི་དངོས་པོ་འདི་འདྲར་མེད་པས་རྟག་པ་ཡོད་པའི་ཆོས་ཀྱང་མ་ཡིན་ཏེ་མཐའ་ཀུན་ལས་འདས་པའོ། །དེ་ལྟར་ན་ཐེར་ཟུག་གི་དངོས་པོ་མེད་པས་རྟག་པ་མ་ཡིན། འབྲས་བུའི་བདག་ཉིད་ཡིན་པས་ཆད་པའང་མ་ཡིན་ཏེ། ངོ་བོ་ཉིད་གང་ཡང་མ་བཀོལ་བ་ཉིད་ལ་དབྱིབས་དང་ཁ་དོག་མཚན་མ་དང་ཐ་སྙད་འདི་འདྲར་གཟུང་བ་ཅི་ཡང་མེད་པས་སྒྲིབ་པ་དང་བག་ཆགས་སྦྱང་དུ་ཡང་མེད་པ་ཉིད་དོ། །འདི་ནི་གོལ་ས་བཅད་པའི་གནད་ཆེན་པོའང་ཡིན་ནོ། །བཞི་པ་ནི། བྱ་བ་ཐམས་ཅད། ཅེས་པ་ནས། དམ་པའི་ཉམས་རྙེད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བས་ན། ལས་སུ་བྱ་བ་ཐམས་ཅད་ཡོངས་སུ་བཏང་ནས་གང་ཡང་རིག་པ་ལས་གཞན་དུ་མེད་པས་མི་ལེན་མི་སྤྱོད་པར་ཡེ་གདོད་ནས་མ་བཅོས་མ་བསླད་པའི་ཆོས་ཉིད་ཀྱི་ངང་དུ། རང་རིག་པ་ཅིར་ཡང་བཞག་ཏུ་མེད་པར་ཤེས་པ་ཉིད་བདེར་ཞེས་བདེ་བ་ཆེན་པོར་རང་བབ་ཏུ་བཞག་པ་ཡིན་པས་ན། དེ་ལྟར་གནད་དུ་ཆུད་ན་དེ་ལ་ཆོས་ཀྱི་དབྱིངས་སུ་འདུ་ཤེས་པ་དེ་ཡང་མེད་པས་ན་སྒྲིབ་བ་དེ་ཡང་མེད་པའམ། སེམས་དེ་ཉིད་མེད་པས་ན་སེམས་ལས་བྱུང་བ་དང་ཀུན་ཏུ་རྟོག་པ་དེ་ཡང་མེད་པར་ངེས་པའི་ཕྱིར་བཙལ་ཡང་མི་རྙེད་པའོ། །དེ་ལྟར་མ་ནོར་བར་རྟོགས་པ་ནི་དམ་པའི་ཉམས་ཀྱི་དགོངས་པའི་གདེངས་རྙེད་པ་སྟེ་བདེན་པ་ཆེན་པོ་མཐོང་བའོ། །དྲུག་པ་ནི། འདིར་ནི་ཐེག་ཆེན། ཞེས་པ་ནས། འབྱུང་བ་དེ་ལྟར་ངེས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟ་བུ་དམན་པའི་ཡུལ་མ་ཡིན་པར་བསྟན་པའི་ཕྱིར། འོ་ན་བློ་ཆེན་པོ་ཅིག་ཆར་བ་རྣམས་ཀྱི་དགོངས་པ་དམ་པ་དེ་ཉིད་བློ་ཆུང་རིམ་གྱིས་པ་ལའང་ངེས་པར་བསྟན་པར་བྱའམ་ཞེ་ན། དེ་ལྟར་མ་ཡིན་ཏེ། སྐབས་འདི་ནི་གསང་སྔགས་ཐེག་པ་ཆེན་པོའི་དོན་མཆོག་དམ་པ་ཡི་སྙིང་པོ་ཅིག་ཆར་བའི་དགོངས་དོན་ཟབ་མོ་ནི། རྒྱུའི་ཐེག་པ་རིམ་གྱིས་འཇུག་པ་བ་རང་གི་རྩོལ་མཐའི་ནད་ཆེན་གྱི་རིམས་ཀྱིས་སྒྲིབས་ནས་དོན་ཆེན་པོ་ཐོབ་པ་མ་ཡིན་པས་ཡང་དག་པར་རྟོགས་པར་མི་ནུས་སོ། །དེ་བས་ན་རིམ་གྱིས་པ་ཡི་ཚོགས་དྲུག་གཡེང་བའི་རྒྱུར་བཞག་པའི་བྱིང་རྒོད་ཅན་དུ་བསྟན་པ་ཉིད་ནི། བློ་མཆོག་ཅིག་ཆར་འཆར་བའི་སྐབས་སུ་དེ་ཉིད་ཇི་བཞིན་པ་དེ་ཁོ་ན་ཉིད་ལྷུན་གྱིས་རྫོགས་པའི་ཆོས་ཉིད་དུ་ཤར་བས་མ་བཀག་ལ་མི་གཡོ་བ་ཉིད་དུ་གསལ་བའོ། །དེས་ན་ཞེས་པས་སྙེགས་པ་ནི་འཇུག་སྒོ་གཉིས་གཅིག་གི་ནང་དུ་གཅིག་གྱུར་པས། བློ་ཆུང་བ་རིམ་གྱིས་འཇུག་པ་གང་དང་བློ་ཆེ་བ་ཅིག་ཆར་དུ་འཇུག་པ་གང་དག་གི་གདུལ་བྱའི་དངོས་པོ་རྣམས་ཀྱིས་བབ་ཅོལ་དུ་མི་འཇུག་པར་འཇུག་རིམས་དེ་དག་གིས་ཚུལ་དུ་རིམ་ཅིག་ཆར་གྱིས་རང་གི་བློས་ཇི་ལྟར་གོ་བའི་རྟོགས་ཚད་དང་མོས་པ་ཇི་ལྟ་བ་དེ་བཞིན་དུ་བསྟན་པ་ཆོས་ཀྱི་སྒོ་མོ་རིམས་པར་བསྟན་པ་གང་དང་ཅིག་ཆར་དུ་རྟོགས་ཐབས་བསྟན་པ་གང་དག་ལ་སོ་སོར་ཡིད་བརྟེན་པའི་ཡུལ་དུ་འབད་ནས་ཆུད་མི་ཟ་བར་བྱ་བའི་དོན་ཏོ། །དེ་བས་ན་སོ་སོར་ངེས་པའི་གཏན་ཚིགས་ཡང་། དེ་ལྟར་སྒོ་སོ་སོ་བར་སྤྱད་དགོས་པའི་དོན་གྱིས་སྒྲོན་མ་བཀོད་པའི་རྒྱལ་བ་དཔག་ཏུ་མེད་པ་མང་པོ་ཉིད་ཀྱིས། ཞིང་སོ་སོར་བཀའ་སྩལ་པའི་དམ་པའི་ཆོས་ཀྱི་སྒོ་དམ་པ་དང་། ཐབས་སྣ་ཚོགས་པ་ཇི་སྙེད་ཅིག་ཏུ་གསུངས་པ་རྣམས། གདུལ་བྱའི་བློ་རིམས་དང་བསྟུན་པས་གཅིག་ཏུ་ས་ཟིན་མེད་པར་ཕྱོགས་སུ་མ་ཆད་ཅིང་ངེས་པ་ཅན་དུ་གསུངས་པར་གཟུང་དུ་མེད་དེ། རང་རང་གང་ལ་ཇི་ལྟར་མོས་པ་འབྱུང་བ་དེ་ལྟར་གསུངས་པ་ཡིན་པས་དེ་ཁོ་ན་ལྟར་བདེན་པར་ངེས་པ་ཉིད་དུ་འགྱུར་རོ། །བདུན་པ་ལ་གསུམ་སྟེ། བར་དུ་གཅོད་པའི་སྐྱོན་བཅོས་པ། དུག་ལྔ་ལ་སོགས་ཉོན་མོངས་པ་བཅོས་པ། ཆེད་དུ་བྱས་པའི་སྐྱོན་བཅོས་པའོ། །དང་པོ་ནི། འདི་ལ་གང་འཇུག །ཅེས་པ་ནས། རང་བཞིན་དེ་བཞིན་ཉིད། །ཅེས་པའི་བར་གྱིས་བསྟན་ཏེ། བསྒོམ་པའི་ཚེ་བར་དུ་གཅོད་པའི་སྐྱོན་བསྟན་པའི་ཕྱིར། མ་ནོར་བའི་དོན་འདི་ལ་གང་འཇུག་སྟེ་སྒོམ་པའི་བསམ་པ་ལས་སུ་མི་རུང་བར་བྱེད་པའི་བར་དུ་གཅོད་པ་བགེགས་ཀྱི་རྣམ་གྲངས་ནི། ལེ་ལོ་གཉིས་བྱེད་པ་དང་། སྒོ་གསུམ་གྱི་བྱ་བ་མང་བ་དང་། ཤེས་པ་རྒོད་པ་དང་། བློ་གཡེང་བ་དྲུག་གི་དབང་དུ་གྱུར་བ་དང་། དོན་མི་གསལ་བར་སེམས་རྨུགས་པས་བྱིང་དབང་དུ་སོང་བ་དང་། དོན་གཅིག་གསལ་བར་འདོད་པའམ་འདོད་པ་ཆེ་བ་དང་། གཉིད་དབང་དུ་འགྲོ་བ་དང་། རྟགས་དང་མཚན་མ་ལ་རེ་བ་དང་། གོལ་ཞིང་ལྟུང་བ་དང་། རྟོག་པ་སྐྱེས་སུ་དོགས་པ་དང་། ངེས་པའི་དོན་ལ་ཐེ་ཚོམ་ཟ་བ་དང་། སེམས་ནང་དུ་འདུ་བའམ་དམིགས་པས་ནང་དུ་སྡུད་པ་དང་། སེམས་ཕྱི་རོལ་དུ་འཕྲོ་བ་དང་། ཆོས་སྤྱོད་ཀྱི་གཡེང་བ་ལ་མོས་པ་དང་། བསྒོམ་པའི་དོན་ལ་ཡིད་འབྱུང་སྐྱེས་པ་དང་། ཏིང་ངེ་འཛིན་གྱི་རོ་དགའ་བདེ་ལ་ཆགས་པ་དང་། ཅ་ཅོ་ལ་དགའ་བ་སྟེ་དངོས་བསྟན་བཅོ་ལྔའོ། །འོ་ན་དེ་དག་དགག་གམ་ཇི་ལྟར་བྱ་ཞེ་ན། བཅོས་པའི་ཐབས་དམ་པ་ནི། དེ་ཡང་བར་དུ་གཅོད་པའི་བདུད་རྣམས་ཀྱི་རང་བཞིན་སྐྱེས་བདོ་ཙམ་ཉིད་ན། མཐའ་རིལ་ལས་འདས་པའི་དེ་ཁོ་ན་ཉིད་མ་བཅོས་པའི་དེ་བཞིན་ཉིད་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་རང་བཞིན་ལས་སྐྱོན་རྡུལ་ཕྲན་ཙམ་ཡང་མེད་པའི་ཕྱིར། སྐྱེས་མ་ཐག་པ་ཚོར་བ་ཙམ་གྱིས་རྐུན་པོ་ཚོར་བ་ལྟར་དེ་ཁོ་ན་ཉིད་དུ་རང་གསལ་བ་དགག་དང་སྤང་དུ་མེད་པའོ། །འོ་ན་ཚོར་བ་ཞེན་པའི་དངོས་པོ་ཞིག་བརྟེན་ནོ་ཞེ་ན། དེ་ནི་བསྟེན་པ་མེད་དེ། ཅིར་ཡང་མ་ཚོར་བ་ཉིད་ཚོར་བ་ཆེན་པོ་བས་ཚོར་བ་གཅིག་ཅེས་ཀྱང་བྱའོ། །ཚོར་བ་ཉིད་ཡིད་ལ་བྱ་བ་མེད་པ་ཉིད་ཀྱིས་དག་གོ། །གཉིས་པ་ནི། དུག་ལྔ་ལ་སོགས། ཞེས་པ་ནས། རང་ཞི་དེ་བཞིན་ཉིད། །ཅེས་པའི་བར་གྱིས་བསྟན་ཏེ། བསྒོམ་པའི་ཚེ་ཉོན་མོངས་སྐྱེས་ན་ཇི་ལྟར་བྱ་ཞེ་ན། འདི་ལྟར་ཤེས་པར་བྱ་སྟེ། ཀུན་མཁྱེན་དམ་པ་རིན་པོ་ཆེས། དེ་ལ་སྐྱོན་ནི་རྣམ་པ་དྲུག །གློ་བུར་འདོད་ཆགས་ལྡང་བ་དང་། །ཞེ་སྡང་ཆེན་པོ་སྐྱེས་པ་དང་། །ང་རྒྱལ་ཕྲག་དོག་འཁྲུག་པ་དང་། །ལྟ་བ་སྙེམས་དང་དེ་དྲུག་གོ། །ཞེས་གསུངས་པ་ལྟར། དུག་ཆེན་ལྔ་ཡི་ཆགས་སྡང་སྐྱེས་པ་དང་། ལ་སོགས་པ་ཞེས་གཞན་བསྡུ་བ་ནི། དགོན་པར་སྐྱོ་བ་དང་། སྒྲིབ་པ་བཅུ་དང་ལྔ་དག་སྟེ། ཉོན་མོངས་པའི་རྟོག་ཚོགས་ཀུན་ཏུ་འབྱུང་བ་རྣམས་ཏེ། དེ་ཉིད་ཇི་ལྟར་ཞེས་པར་བྱ་བ་ནི། དེ་དག་ཉིད་དེ་ཁོ་ན་ཉིད་དང་ཉི་མ་དང་འོད་ཟེར་ལྟ་བུ་བས་མ་སྤངས་པར་རང་བྱུང་བ་ཉིད་རིག་པའི་ངང་དུ་རང་ཞི་བ་ནི་རང་རིག་དེ་བཞིན་ཉིད་དུ་རང་གྲོལ་བ་སྟེ་བཅོས་ཐབས་དམ་པར་འགྱུར་བ་རྗེས་སུ་མཐུན་པའོ། །གསུམ་པ་ནི། དམ་པའི་དོན་ལ། ཞེས་པ་ནས། ཁྱད་སྙེམས་བྱུང་ཞི་ཉིད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ཁོ་ན་ཉིད་དམ་པའི་དོན་མཆོག་སྒོམ་པ་ལ་གང་སྒྲིབ་པར་བྱེད་པ་ནི་རྣམ་གྲངས་བཅུ་སྟེ། སེམས་མི་གཡོ་བ་ལ་དགའ་བ་དང་། དོན་གསལ་བར་འདོད་པ་དང་། བདེ་བ་ཐོབ་པར་འདོད་པ་དང་། སྡུག་བསྔལ་བྲལ་བར་འདོད་པའམ། ཡང་ན་བདེ་བའི་རོ་ལ་ཆགས་པ་དང་། ལས་སུ་མ་རུང་དུ་དོགས་པས་རྩོལ་བའི་སྡུག་བསྔལ་དང་། རྟོག་པའི་རྐུན་བུ་མང་པོ་སྐྱེ་བའམ་དྲོད་རྟགས་སྐྱེ་བར་འདོད་པ་དང་། མངོན་ཤེས་གསལ་བར་འདོད་པ་དང་། མཚན་མའི་རྫུ་འཕྲུལ་འབྱིན་པར་འདོད་པ་དང་། དོན་ལ་ཞེན་པས་ངེས་པར་འཛིན་པ་དང་། གཞན་གྱི་ལྟ་བ་ཁྱད་དུ་གསོད་པ་དང་། རང་གི་ལྟ་བས་སྙེམས་པའོ། །དེ་དག་ཇི་ལྟར་བཅོས་ན། རང་བྱུང་རང་ཞི་ཆེན་པོ་ཉིད་གསལ་བར་བཞག་གོ། །དེ་ལྟ་བུ་རང་བྱུང་རང་ཞི་ཆེད་དུ་བསྟེན་པའང་མེད་པ་ཉིད་བཞག་པར་སྨྲའོ། །འདི་གསུམ་གྱི་སྐྱོན་དང་པོ་གཉིས་ནི་ཚོགས་ལམ་གྱི་རྣལ་འབྱོར་ལ་བར་དུ་གཅོད་ལ། གསུམ་པས་ནི་སྦྱོར་ལམ་དང་མཐོང་ལམ་ལ་ཉེ་བ་ནའང་བར་དུ་གཅོད་དོ། །བརྒྱད་པ་ལ་གསུམ་སྟེ། ཡོན་ཏན་དངོས་བཤད་པ། བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་རྟགས་དང་སྐྱོན་དུ་ཇི་ལྟར་འགྱུར་བ། མཚན་མ་རང་གྲོལ་ཞིང་གང་ལའང་དགའ་འགྱོད་མེད་ན་ཚད་དུ་ཕྱིན་པའོ། །དང་པོ་ནི། བསམ་གཏན་ཆེན་པོར། ཞེས་པ་ནས། མེད་ན་རང་བཞིན་ཉིད། །ཅེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་འབད་དེ་བསྒོམ་པའི་ཡོན་ཏན་ཉམས་བརྟན་པའི་ཚད་བསྟན་པ་ནི། ཇི་བཞིན་པའི་བསམ་གཏན་ཆེན་པོར་གདེང་དུ་ཆུད་དེ་ངེས་པར་གོམས་པའི་ཡོན་ཏན་གྱི་རྟགས་ཉིད་ནི་འདི་ལྟར་སྣང་བ་སྟེ། སྤྱོད་ལམ་བཞི་པོ་ཀུན་ཏུ་ལེགས་ཉེས་ཇི་སྤྱད་ཀྱང་རྟོགས་པའི་དོན་ལས་མི་ཉམས་པ་དང་། རྟགས་དང་འབྲས་བུ་ལ་རེ་བ་མེད་པ་དང་། ཁམས་གསུམ་འཁོར་བའི་གཡང་དུ་ལྷུང་བར་དོགས་པ་མེད་པ་དང་། གནས་གཅིག་ལས་མ་གཡོས་པར་ཞིང་ཁམས་ཐམས་ཅད་དུ་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་བཞིན་མངོན་དུ་གྱུར་བར་མཐོང་ཡང་དང་ཞིང་དགའ་བ་མི་སྐྱེ་བ་དང་། སྲིན་པོ་འབར་བ་མཐོང་ཡང་འཇིགས་པའི་སེམས་མི་གཡོ་བ་དང་། ལྷའི་བུ་མོ་འོངས་ཀྱང་ཆགས་པའི་འདུ་ཤེས་མི་སྐྱེ་བར་ཀུན་ཏུ་མི་ཆགས་པ་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་དབྱིངས་ལ་གནས་ཀྱང་འདུས་བྱས་ཆོས་སྤྱོད་རྒྱུན་མི་གཅད་པའམ། ཅི་སྤྱད་ཅི་བྱེད་རིལ་བདག་གི་མཛད་སྤྱོད་དམ་པ་བས་དགེ་བ་རྒྱུན་མི་འཆད་པ་དང་། འདོད་པ་ལྔ་ལ་སྤྱད་ཀྱང་གང་ལའང་དང་དུ་ལེན་པ་མེད་པས་ལེགས་ཉེས་ཀྱི་འབྲས་བུ་མི་འབྱིན་པ་དང་། ཕུང་པོ་ལ་གཞན་གྱིས་གཙེས་པ་དང་། ངག་མི་སྙན་པ་ཇི་ལྟར་བརྗོད་ཀྱང་ཡིད་སེམས་འཁྲུག་པ་མེད་ན་དེ་ནི་ཆོས་ཉིད་ཇི་བཞིན་པའི་རང་བཞིན་རིག་པ་དེ་བཞིན་ཉིད་དུ་གསལ་བའི་ཡོན་ཏན་སྣང་སྟེ་ནང་རྟགས་ཕྱི་རུ་འབྱུང་བའོ། །གཉིས་པ་ནི། རྣལ་འབྱོར་བདུད་ཀྱི། ཞེས་པ་ནས། ཤེས་པ་ལོག་པའི་བདུད། །ཅེས་པའི་བར་གྱིས་བསྟན་ཏེ། བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་བརྗོད་པ་གང་ཞེ་ན། དོན་ལས་སུ་རུང་བའི་རྣལ་འབྱོར་པ་ལ་སྐྱེ་བའི་བདུད་ཀྱི་སྤྱོད་ཡུལ་དུའང་འགྱུར་བས་ཆོ་འཕྲུལ་གྱི་རྟགས་ནི་བཅོ་བརྒྱད་ཡོད་དེ། དེ་ལ་འཛིན་ན་གཉིས་མེད་ཀྱི་བདུད་དུ་འཆད་པར་བྱེད་དོ། །དེའང་དངོས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དམ་པ་མང་པོ་བདག་གི་མདུན་དུ་འཁོད་པར་གྱུར་ཏེ་བདག་ཉིད་འདུན་པས་དེ་དག་ལས་ཆོས་ཉན་པར་མཐོང་བ་དང་གཅིག །བདག་ཉིད་ཆོས་ཀྱི་རྒྱལ་པོ་རྣམ་སྣང་ལྟ་བུར་སྟོན་པར་གྱུར་ནས་བྱང་ཆུབ་སེམས་དཔའ་མང་པོ་ལ་ཆོས་དམ་པར་སྨྲ་ཞིང་སྟོན་པ་མཐོང་བ་དང་གཉིས། བདག་ཉིད་ལས་སྐད་ཅིག་ལ་སངས་རྒྱས་ཀྱི་སྤྲུལ་པ་གྲངས་མེད་པ་འགྱེད་པ་མཐོང་བ་དང་གསུམ། རྒྱལ་བ་དམ་པས་གསུངས་ཤིང་སྨྲས་པའི་ཆོས་ཀྱི་སྒོ་དཔག་ཏུ་མེད་པའི་བསྟན་པ་ཀུན་བདག་གི་གསལ་བར་མཐོང་ཞིང་རྟོགས་པ་སྙམ་བྱེད་པ་དང་ནི། དུས་བཞིའམ་ཚེ་རབས་སྔ་ཕྱི་ཀུན་ཤེས་ཏེ་ཡིད་ལ་ས་ལེར་གསལ་ཞིང་མཐོང་སྙམ་བྱེད་པ་དང་ལྔ། འགྲོ་བ་རྒྱུ་དྲུག་གི་ལམ་ལ་གནས་པ་སྲིད་པ་བར་མ་ཀུན་སྲིན་བུ་ཡན་ཆད་གང་དུ་སྐྱེ་བ་དྲུང་ན་འཁོད་པ་བཞིན་ཡིད་ལ་སྣང་བ་དང་དྲུག །དེ་དག་ལས་ཉམ་ཐག་པ་རྣམས་ལ་གདུང་བའི་སྙིང་རྗེ་ཆེན་པོ་རང་དབང་མེད་པར་བྱིན་རླབས་ཀྱི་ཤུགས་ཀྱིས་འབྱུང་བ་དང་བདུན། ཉིན་དང་མཚན་མོ་མེད་པར་ཀུན་ཏུ་སྣང་ཞིང་གསལ་བའི་འོད་ཆེན་པོ་རབ་ཏུ་འབར་བར་མཐོང་བ་དང་བརྒྱད། བདག་གི་ལུས་འབྱུང་བ་དང་། ས་རྡོ་རི་བྲག་མེ་ཆུ་རྩིག་པ་སོགས་ཅི་ལའང་མི་རྡུགས་པར་ཐོགས་པ་མེད་པར་འགྲོ་བར་མཐོང་བ་དང་དགུ། ནམ་མཁའ་ལ་ས་ལ་བྱ་བ་བཞིན་འགྲོ་འདུག་དང་ཉལ་བ་སོགས་བྱེད་པར་ནུས་པ་དང་བཅུ། ཕྱོགས་བཅུའི་རྒྱལ་བ་དམ་པ་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཕྱག་གསེར་གྱི་མདོག་ཅན་བརྐྱངས་ནས་བདག་གི་སྤྱི་བོར་བཞག་ནས་ལུང་སྟོན་པར་མཐོང་བ་དང་བཅུ་གཅིག །འགྲོ་བ་སེམས་ཅན་ཀུན་གྱི་སྐད་དང་མཐུན་པ་ཉིད་དུ་ཆོས་སྟོན་ཅིང་སྨྲ་བར་ནུས་སོ་སྙམ་དུ་ཤེས་པ་དང་བཅུ་གཉིས། སྣོད་བཅུད་ཀྱི་དངོས་པོ་བརྟན་གཡོ་ཀུན་གྱིས་བདག་ལ་བསྟི་གནས་སུ་བཀུར་ཏེ་འདུད་ཕྱག་དང་བཀུར་སྟི་བྱེད་པར་མཐོང་བ་དང་བཅུ་གསུམ། སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་ལག་མཐིལ་ལྟར་མཉམ་པར་བཀོད་པ་མཐོང་བ་དང་བཅུ་བཞི། བདག་གི་སེམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ཐོགས་པ་མེད་པར་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གསལ་བར་སྣང་བར་རྟོགས་སྙམ་བྱེད་པར་དང་བཅོ་ལྔ། ང་ནི་ཏིང་ངེ་འཛིན་ལས་སུ་རུང་བས་ཅི་ལའང་ཐོགས་པ་མེད་པར་སེམས་ཅན་གྱི་དོན་ནུས་སྙམ་བྱེད་པ་དང་བཅུ་དྲུག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དམ་པ་མང་པོ་སྣང་བས་རིགས་ཀྱི་བུ་ཁྱོད་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་གྱི་དོན་ལ་འགྲོ་ཞིང་ཆོས་སྟོན་པར་རིགས་སོ། །ཞེས་བདག་ལ་བསྒོ་བར་མཐོང་བ་དང་བཅུ་བདུན། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་གྱི་གཙོ་བོ་ལྷ་ཀླུ་མཐུ་བོ་ཆེ་མང་པོས་བདག་ལ་མཆོད་པ་འབུལ་བར་མཐོང་བ་དང་བཅོ་བརྒྱད་དོ། །དེ་ལྟར་བཅོ་བརྒྱད་པོ་འདི་དག་ཇི་ལྟར་སྣང་ཡང་སེམས་ཉིད་རང་བཞིན་གྱི་འོད་གསལ་བའི་དོན་དུ་ཤེས་ཤིང་རྟོགས་ནས་མི་འཛིན་ཅིང་དགའ་བར་མི་བྱེད་ན་དམ་པའི་རྟགས་བཅོ་བརྒྱད་དུ་འགྱུར་ཏེ་སྣང་སྟོང་གི་ཞེན་པ་གང་ཡང་མེད་དོ། །གང་གིས་དེ་ལྟར་ཆོས་ཉིད་དུ་མི་ཤེས་པར་མཚན་མར་བཟུང་སྟེ་དངོས་པོར་ཞེན་པས་དགའ་བར་བྱེད་པ་ནི་དེ་ཁོ་ན་ཉིད་མཐོང་དུ་མི་སྟེར་བར་ལོག་པའི་བདུད་ཆེན་པོ་ཡིན་པས་བདུད་ཀྱི་སྤྱོད་ཡུལ་དུ་ཁས་བླངས་པའི་དོན་བཤད་པའོ། །དེ་བས་ན་རྟགས་དང་བདུད་ནི་ཐུན་མོང་པར་བསྟན་པའོ། །འདི་དག་བསམ་གཏན་ཉམས་ཀྱི་སྒྲོན་མ་དང་ཡང་གོ་རིམས་ཅུང་ཟད་མི་འདྲ་བ་ཙམ་ལས་དོན་ལ་ཁྱད་པར་མེད་དེ་ཚིག་ཀྱང་གཅིག་གོ། །གསུམ་པ་ནི། སྒོ་དྲུག་མཚན་མ། ཞེས་པ་ནས། རང་ཞི་དེ་ཉིད་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། སེམས་བཅོས་པའི་རྗེས་སུ་བསྟན་པའི་ཕྱིར། དབང་པོའི་སྒོ་དྲུག་གི་ཤེས་པས་རང་བཞིན་ལ་རྟོག་པའི་མཚན་མ་སྣ་ཚོགས་ཅི་ཞིག་སྐྱེས་ཀྱང་དེ་ཁོ་ན་ཉིད་དུ་རང་བྱུང་བས་དགག་ཏུའང་མེད་པར་རང་ཞི་ཡིན་ལ། མཐོང་ཞིང་ཐོས་པ་ལ་སོགས་པ་ཅི་དགར་བཞག་པ་ཉིད་མ་སྐྱེས་པའི་ཆོས་ཉིད་དུ་རྟོགས་པས་ན་དེ་ལ་སྤོང་རྒྱུ་དང་བཟློག་ཏུའང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཡང་རྟོག་པ་དེ་དག་གི་ངོ་བོའི་དེ་བཞིན་ཉིད་ལ་འདི་འདྲར་མི་ཟིན་པས་དགག་བྱ་ངང་གིས་བྲལ་བ་ནི་མ་བཅོས་མ་བསླད་པའི་ཆོས་ཉིད་མ་ནོར་བའི་དེ་ཁོ་ན་ཉིད་དོ། །འདས་དང་མ་འོངས་ད་ལྟར་གྱིས་བསྡུས་པའི་དུས་གསུམ་གྱི་ལས་དང་འབྲས་བུ་ཉེས་པ་དང་ལེགས་པའི་བཟང་ངན་གྱི་དངོས་པོར་གྱུར་བ་གང་ཅི་ལ་ཡང་ལེགས་ཤིང་བཟང་བ་ལ་དགའ་བ་དང་ངན་པ་མི་བཟང་བ་ལ་མི་དགའ་ཞིང་འགྱོད་པའི་གཉིས་རྟོག་བྱེད་པ་གང་ཡང་མེད་པར་གྱུར་པ་ཉིད་ཚད་དུ་ཕྱིན་པའོ། །དེའང་བཤད་པ་ལྟར་རང་བྱུང་རང་ཞི་སྟེ་དེ་ཉིད་དེ་བཞིན་ཉིད་དུ་རློམ་སེམས་པའང་བྲལ་བའི་ཐབས་ཆེན་པོར་གྱུར་པ་ཁོ་ན་ཡིན་ནོ། །འོན་ཀྱང་སྐྱོན་ནི་སྒོ་གཉིས་དང་ཐུན་མོང་ཡང་བཅོས་ཐབས་འདི་དག་ནི། ཅིག་ཆར་བའི་དབང་དུ་བཀའ་སྩལ་པ་སྟེ། རིམ་གྱིས་པའི་སྐྱོན་དང་དགག་ཐབས་ནི་ཅི་རིགས་སུ་བསྙད་དུ་ཡོད་ནའང་རྒྱུད་ཉིད་ཀྱི་བཀའ་ལུང་ལས་མ་གསུངས་པ་དང་། སྒྲ་ཡིས་འཇིགས་པ་མ་བསྙད་དོ། །གསུམ་པ་ལ་གཉིས་ཏེ། ལྟས་དངོས་བཤད་པ། ཆོ་འཕྲུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། འདིར་ནི་དམ་པར། ཞེས་པ་ནས། དམ་པའི་སྔ་ལྟས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་བསྒོམ་སྟེ་ཉམས་སུ་བླངས་པའི་འབྲས་བུ་ལ་སྦྱོར་བའི་སྔ་ལྟས་ཀྱི་དཔེ་གང་སྙམ་པ་ལ། དེ་ཡང་གནས་སྐབས་འདིར་ནི་རྒྱུ་ཡི་དུས་ན་ལྟ་བའི་ངོ་བོ་དམ་པར་གང་གིས་ངེས་པ་རྙེད་ནས་དོན་ལ་ཉེ་བའི་རྣལ་འབྱོར་གྱི་མཚན་མའི་སྔ་ལྟས་ལྔ་འབྱུང་བ་ནི། དཔེར་ན་ཆུ་དང་རླུང་དང་མེ་དང་གསེར་རྣམས་འབྱུང་བ་ག་ན་བར་དེ་དག་གི་སྔ་ལྟས་ཆུ་ཡོད་ན་རླབས་དང་སྤབས་དང་སྲོག་ཆགས་སྐྱར་ན་འདུ་ཞིང་འབྱུང་བ་དང་། རླུང་འབྱུང་བའི་སྔ་ལྟས་སྤྲིན་རྒྱུག་ལ་དུམ་བུར་འཆད་ཅིང་འཕྲོ་བ་དང་། མེ་ཡི་ལྟས་དུ་བ་འབྱུང་བ་དང་། རྩི་མཚལ་ལོ་མ་གང་དུ་ཡོད་པ་ན་གསེར་ཡོད་པར་ངེས་པ་བཞིན། བློ་མ་ནོར་བས་ལྟ་བ་དང་ཏིང་ངེ་འཛིན་གྱི་དོན་དམ་པར་ངེས་ནས་དོན་ལ་ཕེབས་ཤིང་གོམས་ན། བློ་དང་ལུས་དང་རྫས་དང་རྨི་ལམ་དང་འདུན་པ་ལྔ་ཡི་ལྟས་ཀྱི་དྲོད་རྟགས་དམ་པ་ངེས་པར་འབྱུང་ངོ་། །གལ་ཏེ་ལྟས་བྱུང་ཡང་རིག་པ་དམ་པར་གདེང་དུ་ཆུད་དེ་ལྟ་བ་མ་ངེས་པས་དངོས་པོར་ཞེན་པ་འབྱུང་ན་ནི་ཐམས་ཅད་བདུད་དུ་འགྲོ་བར་འགྱུར་རོ། །ལྟ་བ་དང་ཏིང་ངེ་འཛིན་གྱི་གདེང་དམ་པར་ཚུད་དེ་དོན་དུ་ངེས་པ་ན་ལྟས་ཆུང་ངུ་ཙམ་གང་ཞིག་བྱུང་བ་ཡན་ཆད་འབྲས་བུ་དམ་པ་འབྱུང་བའི་སྔ་ལྟས་སུ་ཤེས་པར་བྱ་སྟེ་བློ་རྩལ་གྱིས་བདེན་པ་མཐོང་བའི་དྲོད་རྟགས་སོ། །གཉིས་པ་ལ་ལྔ་སྟེ། བློ་རྩལ་གྱི་ཁྱད་པར་བསྟན་པ། སྣང་བ་ལུས་ཀྱི་སྔ་ལྟས། ངོ་མཚར་རྫས་རྙེད་ཀྱི་ཚུལ་རྟགས། འདུན་པ་མང་པོའི་སྔ་ལྟས། མཚན་མ་པྲའི་སྔ་ལྟས་བཤད་པའོ། །དང་པོ་ལ་གསུམ་སྟེ། བདེན་པ་མཐོང་བའི་ལྟས་བསྟན་པ། དྲོད་རྟགས་གསལ་བའི་རྩལ་བཤད་པ། ངག་བདེན་གྲུབ་པའི་ལྟས་བསྟན་པའོ། །དང་པོ་ནི། གང་གིས་དམ་པ། ཞེས་པ་ནས། རྒྱུ་བ་ཐམས་ཅད་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། བདེན་པ་མཐོང་བའི་རྟགས་བློ་རྩལ་གྱི་ཁྱད་པར་གང་སྙམ་པ་ལ། རྣལ་འབྱོར་པ་གང་གིས་ཆོས་ཉིད་མཆོག་ཏུ་གསང་བའི་དོན་ཟབ་མོ་དམ་པ་ཉིད་ཐོས་པ་ན་ཡང་མི་སྐྲག་ཅིང་མི་དངངས་པར་དགའ་བ་སྐྱེ་བ་ནི་དངོས་སུ་ས་བཞི་པ་ལ་སོགས་པར་ཐོབ་པ་དང་། གང་ཞིག་རིག་པ་ཕྱིན་ཅི་མ་ལོག་པས་གདལ་ཁྱབ་མཉམ་པ་ཆེན་པོའི་རང་རིག་དམ་པ་གསང་བའི་ཆོས་ཉིད་དུ་ཡང་དག་པར་ལྟ་བ་ལ་བརྟེན་ནས་སྤྱོད་ཡུལ་གྱི་དངོས་པོ་ཐམས་ཅད་དེ་ཁོ་ན་ཉིད་དམ་པ་འགག་པ་མེད་པའི་རང་སྣང་ཉིད་དུ་མཐོང་བ་དང་། དམ་པའི་སྣང་ཡུལ་ཐམས་ཅད་ངེས་པའི་ཀློང་དུ་གང་ཤར་རང་གྲོལ་དུ་གྱུར་པ་ཉིད་ཀྱིས་ཚིག་གི་རྣམ་གྲངས་མང་པོ་རྣམས་ཀྱང་མ་ནོར་བའི་དོན་དམ་པ་ཡང་དག་པར་སྡུད་ཤེས་པ་དང་། ལྟ་བ་དམ་པས་དོན་ངེས་པར་མཐོང་སྟེ་གནས་པ་ན། ཚིག་ལམ་གྱི་རྗེས་སུ་དེ་ཉིད་མི་འགྲོ་བས་ཚིག་ལ་དགའ་བ་མི་སྐྱེ་བ་དང་། དེ་ལྟར་མཐོང་བས་ཐམས་ཅད་རིལ་ཆོས་ཉིད་དམ་པར་གསལ་བའོ། །དེ་བས་ན་ཆོས་ཉིད་སྣང་བ་མེད་པའི་དམ་པར་ཆོས་ཅི་ཡང་མ་མཐོང་བ་ནི། གཉིས་སུ་སྣང་བ་མེད་པར་ཡང་དག་པའི་ཆོས་ཉིད་ཀྱི་བདེན་པ་མཐོང་བར་བསྟན་ཏེ། ཉམས་དྲོད་ཀྱང་ཐོབ་པར་འགྱུར་བ་ཡིན་ནོ། །འཆད་པའི་ཆོ་འཕྲུལ་རྣམས་རྒྱུ་གང་ལས་འབྱུང་སྙམ་པ་ལ། ཇི་ལྟ་བ་དེ་ཁོ་ན་ཉིད་གཏིང་ཕྱིན་པར་རྟོགས་པ་དེ་ཉིད་ནི། གང་ཡང་མ་བཀོལ་ཞིང་རིལ་གྱི་དངོས་གཞིར་གྱུར་བས་ཀུན་གྱི་རྒྱུ་ཡང་ཡིན་ཏེ། འཆད་པའི་ཆོ་འཕྲུལ་གྱི་རྒྱུ་བ་ཐམས་ཅད་འབྱུང་བའི་ཡང་རྒྱུའོ། །དེ་སྐད་དུ་རྩ་བའི་རྒྱུད་ལས། བློ་རྩལ་ལས་ཀྱི་ཁྱད་པར་གྱིས། །ཏིང་འཛིན་དྲོད་ཀྱི་སྔ་ལྟས་འབྱུང་། །ཡང་དག་བདེན་པའི་དོན་བསྟན་ན། །མི་སྐྲག་མི་སྔང་དགའ་བ་སྐྱེ། །ཡང་དག་དོན་ལ་ངེས་བལྟས་ན། །འཁོར་བའི་ཆོས་ལ་སྐྱོ་བ་སྐྱེ། །ཡང་དག་དོན་ལ་འདྲིས་པ་དང་། །རྣམ་གྲངས་ཆོས་ལ་དད་མི་འགྱུར། །ཡང་དག་དོན་ཉིད་མཐོང་བ་ན། །ཚིག་ལ་དགའ་བ་མི་སྐྱེ་ཞིང་། །དོན་ཉིད་ཉེ་བར་འཛིན་པར་བྱེད། །དོན་མཐོང་བ་དང་ཡེ་ཤེས་སྐྱེ། །ཡེ་ཤེས་སྐྱེས་པར་གྱུར་བ་དང་། །དངོས་པོར་སྣང་བ་ཐམས་ཅད་ཀུན། །སྒྱུ་མ་བཞིན་དུ་ཤེས་པར་འགྱུར། །སྒྱུ་མ་ཙམ་དུ་ཤེས་བ་ལ། །བརྟེན་ནས་ཆོས་ཉིད་དོན་བལྟས་ན། །སྣང་བ་མེད་པའི་དོན་ཉིད་ནི། །སྣང་བ་མེད་པར་མཐོང་བར་འགྱུར། །སྣང་མེད་སྲིད་པ་མཐོང་བའི་ཚེ། །ཆོ་འཕྲུལ་རྒྱུ་བ་ཐམས་ཅད་འབྱུང་། །དེ་ནི་བདེན་པའི་སྔ་ལྟས་སོ། །ཞེས་གསུངས་སོ། །གཉིས་པ་ནི། གཡོ་དང་དྲོད་ཐོབ། ཞེས་པ་ནས། འབྱུང་བའི་སྐྱེ་མཆེད་སྣང་། །ཞེས་པའི་བར་གྱིས་བསྟན་ཏེ། དྲོད་རྟགས་ཀྱི་རྣམ་གྲངས་དང་དཔེ་གང་སྙམ་པ་ལ། དྲུག་གམ་བརྒྱད་དུ་སྟོན་ཏེ། རྟོགས་པའི་དྲོད་རྟོགས་གཡོ་བ་དང་། དྲོད་རྣམ་པ་གསུམ་བྱུང་བ་དང་། དེ་ནས་དྲོད་ཐོབ་པ་དང་། དྲོད་བརྟན་པར་འབྱུང་བ་དང་། ཏིང་ངེ་འཛིན་གསལ་བའི་དྲོད་དམ་གཡོ་རྟགས་དང་། རྟགས་ཐོབ་ཅིང་བརྟན་པར་གྱུར་བ་རྣམས་ནི་འདི་ལྟར། ཉི་ཟེར་གྱི་རྡུལ་ཕྲན་ལྟ་བུར་མཐོང་བའི་དོན་ནི་གཡོ་བའི་རྟགས་སོ། །སྨིག་རྒྱུ་ལྟ་བུའི་དོན་ནི་དང་པོའི་དྲོད་དོ། །མཚོ་རླབས་ལྟ་བུ་ནི་དྲོོད་པར་པའོ། །ལུས་སེམས་རླུང་ལྟར་ཡངས་པ་ནི་ཐ་མའི་དྲོད་དེ་འདི་དག་དྲོད་གཡོ་བའི་རྣམ་གྲངས་ཏེ། དྲུག་ཏུ་བྱེད་ན་རྟགས་གཡོ་བ་དང་དྲོད་གཉིས་སུ་བརྩི་ལ། བརྒྱད་དུ་བྱེད་ན་དྲོད་གཡོ་བ་དང་བྱུང་བ་གསུམ་མོ། །དེ་ནས་ཡིག་འབྲུའི་འཕྲོ་འདུ་ཆར་གྱི་རྒྱུན་འབབ་བ་ལྟར་འབྱུང་བ་ནི་དྲོད་ཐོབ་པའོ། །ལུས་ནམ་མཁའ་ལ་སྤྲིན་བཞིན་ལྡིང་བ་ནི་དྲོད་བརྟན་པའོ། །ལུས་ཏཱ་ལ་གང་ཙམ་དུ་ནམ་མཁའ་ལ་འཕར་ཏེ་འགྲོ་བ་ནི་ཏིང་ངེ་འཛིན་གསལ་བའི་དྲོད་དམ་གཡོ་བའི་རྟགས་སོ། །སྤྱོད་ཡུལ་ཀུན་ས་གཡོ་བ་ལྟར་ཡོམ་ཡོམ་མེར་མེར་དུ་གྱུར་ན་རྟགས་ཆེན་དང་པོ་ཐོབ་པའོ། །དེ་བཞིན་དུ་མེ་རླུང་ས་ཆུའི་འབྱུང་བའི་སྐྱེ་མཆེད་གང་ལྟར་སྒོམ་བར་སྣང་དུ་བཏུབ་པ་ནི་རྟགས་བརྟན་པ་སྟེ། འདི་དག་མི་འགྱུར་བར་ཡོད་པ་ནི་བརྟན་པ་ཉིད་དོ། །སྔ་མའི་ལེའུ་གསུམ་པ་ལས་གསལ་བར་འབྱུང་སྟེ། དེ་ནས་ཉི་མའི་འོད་ཟེར་གྱི། །རྡུལ་ཕྲན་འདྲ་བའི་མཚན་མ་འབྱུང་། །དེ་ནི་གཡོ་བའི་སྔ་ལྟས་སོ། །དེ་ནས་སྨིག་རྒྱུ་ལྟ་བུར་འབྱུང་། །དང་པོའི་དྲོད་ཅེས་བྱ་བར་བཤད། །དེ་ནས་མཚོ་ཡི་རླབས་ལྟར་འབྱུང་། །བར་གྱི་དྲོད་ཅེས་བྱ་བར་བཤད། །དེ་ནས་རླུང་ཆེན་ལྟ་བུར་ཡང་། །ཐོགས་པ་མེད་པར་འབྱུང་བར་འགྱུར། །ཐ་མའི་དྲོད་ཅེས་བྱ་བར་བཤད། །དེ་ནས་ཡིག་འབྲུའི་དྲོད་སྤྲོས་པས། །ཆར་ཆེན་འབབ་པ་ལྟ་བུར་འབྱུང་། །དེ་ནི་ཐོབ་པའི་དྲོད་ཅེས་བཤད། །དེ་ནས་མཁའ་ལ་སྤྲིན་ལྡིང་བཞིན། །ཏིང་འཛིན་རྩལ་འཕང་མཐོ་བར་འགྱུར། །དེ་ནི་ཤིན་ཏུ་བརྟན་པའི་དྲོད། །དེ་ནས་ཏཱ་ལ་གཅིག་ཙམ་དུ། །བདག་གི་ལུས་ནི་དབང་མེད་པར། །མཁའ་ལ་འཕར་ཞིང་འཕགས་པར་རྩོལ། །འདི་ནི་ཤིན་ཏུ་གསལ་བའི་དྲོད། །དེ་ནས་ས་ཆེན་གཡོ་བ་ལྟར། །ཤིན་ཏུ་ཡམ་ཡོམ་མར་མེར་འབྱུང་། །འདི་ནི་དང་པོའི་རྟགས་ཞེས་བྱ། །དེ་ནས་ཏིང་འཛིན་རྩལ་སྦྱངས་ནས། །ཇི་ལྟར་དམིགས་པ་དེར་འགྲུབ་སྟེ། །མེ་ཡི་སྐྱེ་མཆེད་དེར་བསྒོམ་ན། །མེ་ཡི་རང་བཞིན་ཉིད་དུ་འགྱུར། །ཆུ་ཡི་སྐྱེ་མཆེད་དེར་སྒོམས་ན། །ཆུ་ཡི་སྐྱེ་མཆེད་ཉིད་དུ་གྱུར། །རླུང་གི་སྐྱེ་མཆེད་དེར་སྒོམས་ན། །རླུང་གི་སྐྱེ་མཆེད་ཉིད་དུ་འགྱུར། །ཡིག་འབྲུའི་སྐྱེ་མཆེད་དེར་སྒོམས་ན། །ཡིག་འབྲུ་གང་ལྟར་གསལ་བར་འགྱུར། །དེ་ལྟར་རྫས་ཀྱི་སྐྱེ་མཆེད་དུ། །གང་ལྟར་སྒོམ་པ་དེ་ལྟར་འགྱུར། །དེ་ནི་རྟགས་ཆེན་ཐོབ་པ་ཡིན། །ཞེས་གསུངས་པས་ཡིད་ཆེས་པར་བྱའོ། །གསུམ་པ་ནི། འབྱུང་རྒྱུན་ཟུག་རྔུ་། ཞེས་པ་ནས། ཡོངས་སུ་ནད་ཞི་བ། །ཞེས་པའི་བར་གྱིས་བསྟན་ཏེ། བློའི་རྩལ་རྫོགས་ནས་གང་གིས་ལས་གང་སྙམ་པ་ལ། མེ་ཕུང་དང་ཆུ་རླུང་གནོན་པ་དང་། རླུང་ཆེན་འབྱུང་བ་རྣམས་ཀྱི་རྒྱུན་དང་ནད་ཀྱི་ཟུག་རྔུ་ལ་སོགས་པ་དག་ལ་ཡང་གང་གིས་ཡོངས་སུ་ཞི་བར་གྱུར་ཅིག་ཅེས་བརྗོད་པས་ཞི་བ་དང་། ནད་པའི་ཚོགས་ལ་གང་ན་བར་སེ་གོལ་གཏོགས་ཤིང་སོས་ཤིག་པར་བརྗོད་པས་ནད་ཞི་བར་འགྱུར་བའི་ངག་གི་རྩལ་གྱིས་བདེན་པའི་ལྟས་འབྱུང་བ་སྟེ། དེ་ཉིད་ལས། བློ་ཡི་ཏིང་འཛིན་རྩལ་རྫོགས་ན། །ངག་གི་བདེན་པའི་རྩལ་འབྱུང་སྟེ། །སྲིད་པའི་མེ་ཆེན་མཐོང་བ་ན། །ཞི་བར་གྱུར་ཅིག་བྱས་པ་ཡིས། །དེ་ཉིད་དུ་ནི་ཞི་བར་འགྱུར། །ཆུ་རླུང་གནོད་པའི་རྒྱུན་བྱུང་ན། །ཆད་པར་གྱུར་ཅིག་བརྗོད་པ་ཡིས། །དེ་ཉིད་དུ་ནི་ཆད་པར་འགྱུར། །རླུང་ཆེན་གནོད་པའི་རྒྱུན་བྱུང་ན། །ཞི་བར་གྱུར་ཅིག་བརྗོད་པ་ཡིས། །དེ་ཉིད་དུ་ནི་ཆད་པར་འགྱུར། །ནད་པའི་ཚོགས་ནི་མཐོང་བ་ན། །གང་ན་ན་བའི་དམིགས་དེར་ནི། །སེ་གོལ་གཏོགས་པ་ཙམ་གྱིས་ནས། །ནད་རྣམས་ཞི་བར་འགྱུར་ཞེས་བརྗོད། །ནད་ཀྱི་ཚོགས་རྣམས་ཞི་བར་འགྱུར། །དེ་བཞིན་ངག་གིས་བརྗོད་བྱས་པས། །ཐམས་ཅད་མ་ལུས་འགྲུབ་པར་འགྱུར། །ཞེས་སོ། །གཉིས་པ་ནི། མུན་པའི་སྐྱེ་མཆེད། ཅེས་པ་ནས། པ་ལས་གང་འབྱིན་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལུས་ཀྱི་རྩལ་གང་ཞེ་ན། མུན་པའི་སྐྱེ་མཆེད་ཀྱི་གཉིད་ཆོམ་པ་དང་། ལུས་ཀྱི་བཟོད་པ་ཐོབ་པས། ཚ་གྲང་ལྕི་ཡང་སྙོམས་ཏེ་བཟོད་པ་ནི་དང་པོའི་དྲོད་དོ། །ཁམས་ཀྱི་ཟས་བྲལ་ཡང་མདངས་དང་དབང་པོ་གསལ་བ་དྲོད་གཉིས་པའོ། །ཤིང་བལ་ལྟ་བུར་ཡང་བ་དང་ཁམས་བདེ་མི་བདེ་མེད་པས་ནད་དང་བྲལ་ཞིང་བདེ་བ་ནི་དྲོད་བརྟན་པ་དང་གསུམ་མོ། །ལུས་ཀྱི་རྟགས་དྲོད་གཉིས་པ་འདི་ནི་ཏིང་ངེ་འཛིན་གྱི་རོ་ཚོར་བའི་རྟགས་སོ། །སྐྱིལ་ཀྲུང་གི་ཁྲུ་གང་ཙམ་དུ་འཕར་བ་དང་། ཏཱ་ལ་གང་ཙམ་དུ་འགྲོ་བ་རྟགས་ཐོབ་པའོ། །ནམ་མཁའ་ལ་གོམ་པས་འགྲོ་བ་དང་ཆུ་ལ་མི་བྱིང་ས་ལ་འཛུལ་བ་དང་མེས་མི་འཚིག་རླུང་འཆིང་བར་ནུས་པ་སོགས་འབྱུང་བ་ཀུན་ལ་ཐོགས་པ་མེད་པར་བདེ་བླག་ཏུ་འདོད་པ་ཇི་བཞིན་དུ་བསམ་རྒུ་ཀུན་འགྲུབ་པ་ནི་རྟགས་བརྟན་པའོ། །མཐུའི་རྩལ་གང་ཞེ་ན། གང་མིན་པའི་དངོས་པོ་ས་རྡོ་བྱེ་མ་ལས་གསེར་དངུལ་ལ་སོགས་པ་དངོས་པོ་གཞན་གང་དུ་བསྒྱུར་བ་དང་། གང་མེད་པ་ལས་དངོས་པོ་གང་འབྱིན་པ་སྐམ་ས་ལས་ཆུར་འབྱིན་པ་དང་། སོལ་བ་ལས་ལྗོན་ཤིང་སྐྱེད་པ་ལ་སོགས་པའོ། །གསུམ་པ་ནི། ཡིད་འོང་འདོད་གྲུབ་རྫས་མཆོག་རྙེད། །ཅེས་པས་བསྟན་ཏེ། ངོ་མཚར་རྫས་རྙེད་ཀྱི་ཚུལ་རྟགས་ནི་གང་སྙམ་པ་ལ། ནོར་བུ་ལ་སོགས་པ་ཡིད་དུ་འོང་བའི་ནོར་རྙེད་པ་དང་། སེམས་ལ་འདོད་རྒུ་ཐམས་ཅད་གྲུབ་ཅིང་འབྱུང་བ་དང་། རྫས་མཆོག་ངོ་མཚར་ཅན་རྙེད་པར་འགྱུར་བ་སྟེ། སྔ་མ་ལས། སྤྱོད་པའི་མཐུ་དང་རྩལ་རྫོགས་ན། །འབྱོར་པའི་ཡོན་ཏན་རྫོགས་འགྱུར་ཏེ། །ཡིད་དུ་འོང་བའི་ནོར་འབྱུང་ཞིང་། །འདོད་པ་བསམ་པ་ཐམས་ཅད་འགྲུབ། །རྫས་ཀྱི་མཆོག་ཏུ་གྱུར་པ་ཡི། །ངོ་མཚར་ཅན་ཡང་རྙེད་པར་འགྱུར། །དེ་དག་རུང་བའི་སྔ་ལྟས་སོ། །ཞེས་སོ། །བཞི་པ་ནི། ཀུན་དགའ་ཀུན་འདུད། ཅེས་པ་ནས། དབང་བསྒྱུར་མཆོག་གྲུབ་ལྟས། །ཞེས་པའི་བར་གྱིས་བསྟན་ཏེ། འགྲོ་གང་འདུན་པའི་སྔ་ལྟས་བསྟན་པའི་ཕྱིར། འགྲོ་བ་ཀུན་བདག་ལ་དགའ་བར་སེམས་པས་ཀུན་གྱིས་བདག་ཁུར་ཞིང་གུས་པས་འདུད་པ་དང་། བདག་ཀུན་གྱིས་ཡིད་དུ་འོང་ཞིང་འཐད་པ་དང་། བདག་གིས་ཀུན་ལ་ཇི་ལྟར་འདུལ་བ་ལྟར་དབང་བསྒྱུར་བའི་གཙོ་བོ་མཆོག་གྲུབ་པའི་ལྟས་ཀྱང་འབྱུང་བའོ། །དེ་དག་ལས་རྟགས་ནི། ལྷ་ལ་དམིགས་པ་ལས་དང་པོ་པ་ལའང་འབྱུང་ཞིང་། མི་རྟོག་པ་ལ་དམིགས་པ་ལས་ནི་ས་བཞི་པ་ཡན་ཆད་དུ་འབྱུང་ལ། ངག་གི་རྩལ་དང་མཐུ་ནི། ལམ་གྱི་རིམ་པ་ལས་འདུན་པ་ནས་སར་ཉེ་བ་ན་ཡང་འབྱུང་བའོ། །སྐབས་སུ་མཚན་མ་སོ་སོར་སྒྲུབས་པས་གྲུབ་པ་ནི། ས་བཞི་པ་ནས་ཡར་འབྱུང་ངོ་། །འདུན་པ་ལ་ནི་རྒྱ་ཆེ་ཆུང་སྦྱར་ཏེ། ངོ་མཚར་རྫས་ནི་དྲོད་རྟགས་ཐོབ་ནས་འབྱུང་བའོ། །ལྔ་པ་ལ་བརྒྱད་དེ། བག་ཆགས་བྱང་བའི་ལྟས་བརྒྱད། འཇིགས་པ་དང་བྲལ་བའི་ལྟས་བརྒྱད། །ས་ཐོབ་པའི་ལྟས་བདུན། ས་ནོན་པའི་ལྟས་བརྒྱད། སངས་རྒྱས་ཀྱི་སྲས་ཀྱི་ལྟས་བརྒྱད། ཆོས་ལ་དབང་ཐོབ་པའི་ལྟས་བཅོ་ལྔ། བདེན་པ་མཐོང་བའི་ལྟས་བརྒྱད། ལུང་ཆེན་ཐོབ་པའི་བཅུའོ། །དང་པོ་ནི། ཡུལ་ལ་སྔོན་དུ། ཞེས་པ་ནས། སྤྱོད་པ་དག་པའི་ལྟས། །ཞེས་པའི་བར་གྱིས་བསྟན་ཏེ། མཚན་མ་པྲའི་རྨི་ལྟས་གང་ཞེ་ན། བག་ཆགས་འབྱོང་བའི་ལྟས་ཐོག་མར་འཆད་དེ། ཡུལ་ལ་དངོས་པོར་ཀུན་ཏུ་བརྟགས་པའི་བག་ཆགས་ཀྱི་ཡུལ་རྣམས་འབྱང་བ་ལས་རྟགས་སྔོན་དུ་བྱུང་བའི་ལྟས་ནི། རྟག་པ་སྒྲེན་མོར་འབྱུང་བ་རྨི་བ་དང་། རྟག་པར་ཆུས་འཁྲུ་ཞིང་ཁྲུས་བྱེད་པར་རྨི་བ་དང་། དྲི་མ་རྣམ་པར་དག་པར་རྨི་བ་དང་། ཆུ་བོ་ཆེན་པོ་འབོགས་ཏེ་བརྒལ་བའི་བར་འགྱུར་བ་དང་། མཚོ་ཆུ་ལ་རྐྱལ་བ་དང་། ཆར་རྒྱུན་གྱིས་འཁྲུ་བ་དང་། བུམ་ཆུ་འབྱུང་བས་འཁྲུ་བ་དང་། མེ་དཔུང་གིས་བསྲེགས་པ་དག་རླུང་ཆེན་པོས་གཡེང་བར་བྱེད་པ་དང་། དེ་ཡིས་རྣམ་པར་འཐོར་བར་བྱ་བ་རྨི་བ་དང་བཅུ་པོ་འདི་དག་གང་རྣམས་ནི་སོ་སོའི་བག་ཆགས་རྣམས་སྦྱོང་བ་ཉིད་རྣམ་པར་དག་ཅིང་འབྱང་བའི་ལྟས་ཏེ་ས་བཅུའི་རིམ་པར་སྐྱེའོ། །ཞེས་འགྲེལ་ཆེན་ལས་སོ། །ཆོས་རྗེའི་ཕྱག་མཆན་ལས། རྣམ་གྲངས་བརྒྱད་ཀྱི་སྒྲེན་མོར་འབྱུང་བས་དང་པོ་དང་གཉིས་པར་སྦྱར་ཏེ་རྐྱེན་གྱིས་འགྱུར་བ་ལས་ཀྱི་བག་ཆགས་དག་པའི་ལྟས་དང་། ཁྲུས་བྱེད་པ་ས་གསུམ་པ་དང་ས་བཞི་པར་སྦྱར་ཏེ་མངོན་དུ་རྒྱུ་བའི་བག་ཆགས་རགས་པ་དག་པའི་རྟགས་དང་། རྣམ་པར་དག་པ་ས་ལྔ་པ་དང་སྦྱར་ཏེ་མངོན་དུ་རྒྱུ་བའི་བག་ཆགས་ཆ་ཕྲ་བ་དག་པའི་རྟགས་དང་། ཆུ་བོ་འབོགས་རྐྱལ་ས་དྲུག་པ་དང་སྦྱར་ཏེ་ཀུན་ཏུ་འགྲོ་བའི་བག་ཆགས་དག་པའི་རྟགས་དང་། ཆར་རྒྱུན་གྱིས་འཁྲུ་བ་ས་བདུན་པ་དང་སྦྱར་ཏེ་ལྷན་ཅིག་སྐྱེས་པའི་བག་ཆགས་དག་པའི་རྟགས་དང་། བུམ་ཆུ་འབྱུང་བ་ས་བརྒྱད་པ་དང་སྦྱར་ཏེ་བག་ལ་ཉལ་གྱི་བག་ཆགས་རགས་པ་དག་པའི་རྟགས་དང་། མེ་དཔུང་གིས་བསྲེགས་པ་ས་དགུ་པ་དང་སྦྱར་ཞིང་། རླུང་ཆེན་པོས་གཡེང་འཐོར་ས་བཅུ་པ་དང་སྦྱར་ཏེ་བག་ལ་ཉལ་བ་ཆ་ཕྲ་བ་ཤིན་ཏུ་རྣམ་པར་དག་པའི་རྟགས་སོ། །ཞེས་གསུངས། རྩ་བའི་རྒྱུད་ལས། མཚན་མ་པྲ་ཡི་རྨི་ལྟས་ཀྱང་། །ཤིན་ཏུ་རྒྱ་ཆེར་འབྱུང་བ་སྟེ། །རྣལ་འབྱོར་ཅན་གྱིས་ཤེས་པར་གྱིས། །བག་ཆགས་སྦྱང་བའི་སྔ་ལྟས་ཀྱང་། །རྟག་པ་གཅེར་བུར་འབྱུང་བ་དང་། །ཁྲུས་ཆེན་རྟག་ཏུ་བྱེད་པ་དང་། །དྲི་མའི་ཚོགས་རྣམས་དག་པ་དང་། །ཆུ་བོ་དག་ལ་རྒལ་བ་དང་། །མཚོ་ཆུ་དག་ལ་རྐྱལ་བ་དང་། །ཆར་གྱི་རྒྱུན་གྱིས་འཁྲུ་བ་དང་། །གཞན་གྱིས་བུམ་པ་གང་བའི་ཆུས། །བདག་གི་ལུས་ལ་ལྡུགས་པ་དང་། །མེ་དཔུང་ཆེན་པོས་བསྲེགས་པ་དང་། །ཤིན་ཏུ་མཐོན་པོའི་རྩེ་དག་ལས། །རླུང་གིས་ཤིན་ཏུ་གཡེང་ཞིང་འཐོར། །འདི་དག་བག་ཆགས་སྦྱོང་བའི་ལྟས། །ཞེས་གསུངས་ཏེ། དགུ་པོ་ས་དགུ་མན་ཆད་དང་སྦྱར་བར་གསུངས་སོ། །གཉིས་པ་ནི། གང་འདིར་འཇིགས་དང་། ཞེས་པ་ནས། བཅད་ལྟས་བཟང་པོ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ། གང་འདིར་འཇིགས་པ་དང་བྲལ་བའི་སྔ་ལྟས་བསྟན་པ་ཡང་། གཡུལ་འགྱེད་པ་ཞི་ནས་སླར་ལོག་པ་རྨི་བ་དང་། ནད་ཀྱི་ཟུག་རྔུ་བྱང་ཞིང་སོས་པ་དང་། བཙོན་ར་ལ་ཐ་མར་ཐར་བའམ་ཐག་པ་གྲོལ་བ་དང་། གཤེད་མའི་ལག་ནས་ཤོར་ཏེ་དེ་ལས་ཐར་བ་དང་། གཅན་གཟན་གདུག་པའི་ཚོགས་ཀྱི་ནང་ནས་འབྲོས་ཏེ་བྲལ་བ་དང་། དུག་ནད་སོས་ནས་ཞི་བ་རྨི་བ་དང་། བཅིངས་པ་ལས་གྲོལ་བ་དང་། ཐག་པ་བཅད་པ་རྨི་བ་རྣམས་འཇིགས་པ་དང་བྲལ་བའི་ལྟས་བཟང་པོ་ཡིན་ཏེ་ས་བརྒྱད་དང་རིམ་པར་སྦྱར་རོ། །ཡང་ན་དང་པོ་གསུམ་ས་ལྔ་པའི་བར་དུ་སྦྱར་ཏེ། གཡུལ་ཞི་བ་དང་པོ་དང་གཉིས་པར་ངན་འགྲོ་བའི་འཇིག་པ་ཆེན་པོ་ལས་ཐར་བ་དང་། ཟུག་རྔུ་བྱང་བ་གསུམ་པ་དང་བཞི་པར་འབྲིང་ལས་ཐར་བ་དང་། བཙོན་ལས་གྲོལ་བ་ལྔ་པར་ཆུང་ངུ་ལས་ཀྱང་གྲོལ་བའི་ལྟས་སོ། །གཤེད་མ་ལས་ཐར་བ་འཁོར་བའི་འཇིགས་པ་ཆེན་པོ་ལས་ཐར་བའོ། །གདུག་པའི་ཚོགས་བྲལ་བ་མཐོང་ལམ་གྱི་འདུ་བྱེད་ཆུང་ངུ་དང་བྲལ་བ་ས་བདུན་པའོ། །དུག་ནད་ཞི་བ་བརྒྱད་པར་མི་གཡོ་བ་ཐོབ་པའོ། །བཅིངས་པ་གྲོལ་བ་དགུ་པར་ཡེ་ཤེས་མངོན་དུ་བྱེད་པའོ། །ཐག་པ་བཅད་པ་བཅུ་པར་བག་ལ་ཉལ་གྱི་བཞི་རྩ་བཅད་པ་སྟེ། ཆོས་རྗེའི་ཕྱག་མཆན་ལྟར་རོ། །གསུམ་པ་ནི། ཁྱད་པར་དམ་པའི། ཞེས་པ་ནས། གོང་དུ་འཕར་བའི་ལྟས། །ཞེས་པའི་བར་གྱིས་བསྟན་ཏེ། ཁྱད་པར་དམ་པ་ཐོབ་པའི་སྔོན་དུ་བྱུང་བའི་ལྟས་བསྟན་པ་ནི། ཁྲི་རྐང་ལ་འཛེགས་དང་། ཤིང་ཕལ་པའི་སྐས་ལ་འཛེགས་དང་། ལྗོན་ཤིང་ལ་འཛེགས་པ་དང་། རཏྣའི་སྐས་ལ་འཛེགས་པ་དང་། གྱེན་དུ་འགྲོ་བ་དང་། རི་བོའི་རྩེ་ལ་འཛེགས་པ་དང་། མཆོད་རྟེན་ལ་འཛེགས་པ་དང་། ནམ་མཁའི་སྐས་ལ་འཛེགས་པ་དང་བརྒྱད་དེ། སྔ་མ་ལས། ས་རྣམས་ཐོབ་པའི་སྔ་ལྟས་ནི། །ཁྲི་རྐང་དག་ལ་འཛེགས་པ་དང་། །ཕལ་པའི་སྐས་ལ་འཛེགས་པ་དང་། །ལྗོན་ཤིང་དག་ལ་འཛེགས་པ་དང་། །གྱེན་དུ་ཤིན་ཏུ་འགྲོ་བ་དང་། །རི་བོའི་རྩེ་ལ་འཛེགས་པ་དང་། །རིན་ཆེན་སྐས་ལ་འཛེགས་པ་དང་། །མཆོད་རྟེན་དག་ལ་འཛེགས་པ་དང་། །ནམ་མཁའི་སྐས་ལ་འཛེགས་པ་རྣམས། །འདི་དག་དོན་གྱི་སྔ་ལྟས་ཡིན། །ཞེས་ལྟས་བརྒྱད་ས་བརྒྱད་དང་སྦྱར་བར་གསུངས་སོ། །ཆོས་རྗེའི་ཕྱག་མཆན་སོགས་ལས། ཤིང་དང་ལྗོན་ཤིང་གཅིག་ཏུ་བྱས་ནས་བདུན་དུ་བགྲང་སྟེ་རིགས་ཆེན་འབྱེད་པ་ནས་འབྱུང་བས་ས་བཞི་པ་ཡན་ཆད་ཀྱི་ལྟས་སུ་བཞེད་དེ་ས་གོང་ནས་གོང་དུ་འཕར་བའི་ལྟས་དམ་པར་འགྱུར་རོ། །བཞི་པ་ནི། གང་ལ་གནས་དང་། ཞེས་པ་ནས། གང་ལ་གནས་པའི་རྟགས། །ཞེས་པའི་བར་གྱིས་བསྟན་ཏེ། ས་གང་ལ་གནས་པ་དང་ས་གང་དེ་ཉིད་ནོན་པའི་རྟགས་བསྟན་པ་ཡང་། ཁྲི་མཐོན་པོའི་སྟེང་ལ་འདུག་པ་དང་། གླང་ཆེན་ཞོན་པ་དང་། སེང་ཆེན་ཞོན་པ་དང་། ཁྱུང་ཆེན་མཁའ་ལ་ལྡིང་བའི་འདབ་ཆགས་ཞོན་པ་དང་། མཆོད་རྟེན་གྱི་རྩེ་ལ་ཕྱིན་པ་དང་། རི་བོའི་རྩེའི་སྤོ་ལ་འདུག་པ་དང་། ནམ་མཁའི་དབྱིངས་ན་འདུག་པ་དང་། ལུས་ལས་སྤྲིན་དཔུང་འབྱུང་བ་དང་། ཉི་མ་དང་ཟླ་བའི་སྟེང་ལ་འདུག་པ་དང་དགུའོ། །འདི་དག་འགྱུར་དབང་མ་ངེས་པའི་ས་མ་གཏོགས་པ་དགུ་གང་འཐོབ་པར་ཡས་ནས་གོ་རིམས་སུ་སྦྱར་ཏེ་བཤད་པ་དང་འཆད་པ་ལའང་སྦྱར་རོ། །ཁ་ཅིག་ནི་འདི་དག་སྤྱིར་ས་ནོན་པའི་ལྟས་ཏེ་གོ་རིམས་མི་སྦྱར་ཞེས་ཀྱང་འཆད་པ་ཡོད་དེ་མི་རིགས་སོ། །ཆོས་རྗེའི་ཕྱག་མཆན་སོགས་ན། ལུས་ལས་སྤྲིན་འབྱུང་བ་དང་ཉི་ཟླ་ལ་འདུག་ཅིང་ཞོན་པ་རྣམས་གཅིག་གི་དབང་དུ་མཛད་དེ་གྲངས་བརྒྱད་དུ་བྱས་ནས་ས་དང་པོ་ནས་བརྒྱད་པ་མན་ཆད་དུ་སྦྱར་རོ། །རྩ་བའི་རྒྱུད་ལས། ས་རྣམས་ནོན་པའི་སྔ་ལྟས་ཀྱང་། །ཁྲི་མཐོན་སྟེང་ན་འདུག་པ་དང་། །གླང་པོ་ཆེ་ལ་ཞོན་པ་དང་། །སེང་གེ་དག་ལ་ཞོན་པ་དང་། །ཁྱུང་ཆེན་ལྡིང་ལ་ཞོན་པ་དང་། །མཆོད་རྟེན་ཁ་ལ་ཕྱིན་པ་དང་། །རི་བོའི་རྩེ་ལ་འདུག་པ་དང་། །ནམ་མཁའི་དབྱིངས་ན་འདུག་པ་དང་། །ལུས་ལས་སྤྲིན་ཕུང་འབྱུང་བ་དང་། །ཟླ་བའི་སྟེང་ན་འདུག་པ་དང་། །ཉི་མའི་སྟེང་ན་འདུག་པ་རྣམས། །རྣལ་འབྱོར་ས་ལ་གནས་པའི་རྟགས། །ཞེས་གསུངས་པས་སྔ་ལྟས་བཅུ་པོ་ས་བཅུ་རེ་རེ་ལ་སྦྱར་བར་བཤད་དོ། །ལྟས་དེ་དག་གང་ལ་བྱུང་བ་ནི་སའི་རིམ་པ་ནོན་ཏེ་གནས་པའི་རྟགས་སོ། །ལྔ་པ་ནི། དམ་པའི་རིགས་ཀྱི། ཞེས་པ་ནས། མེ་ཏོག་ཐོད་སྐྱེད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། དམ་པའི་རིགས་ཀྱི་སྔོན་དུ་བྱུང་བའི་སངས་རྒྱས་ཀྱི་སྲས་ཀྱི་སྔ་ལྟས་བསྟན་པ་ནི། རྒྱལ་པོས་བཀའ་ལ་བཏགས་པ་དང་། བཀའི་དབང་པོའམ་རྒྱལ་པོའི་བློན་པོ་དབང་ཅན་དུ་བསྐོས་པ་དང་། གཞན་ལ་དབང་བསྒྱུར་བར་བྱེད་པ་དང་། འཇིག་རྟེན་པ་སྐོས་ལ་འདེབས་པ་དང་། གཞན་གྱི་སྡེ་པ་དབང་དུ་སྡུད་པ་དང་། གཡུལ་འཐབ་པ་ལས་རྒྱལ་བ་དང་། བདག་ཉིད་རྒྱལ་པོར་གྱུར་པ་དང་། མགོ་ལ་མེ་ཏོག་གི་ཐོད་སྐྱེས་པའམ་བཅིངས་པ་དང་བརྒྱད་དེ། དེ་ཉིད་ལས། སངས་རྒྱས་སྲས་ཀྱི་སྔ་ལྟས་ནི། །རྒྱལ་པོས་བཀའ་ལ་བཏགས་པ་དང་། །བཀའ་ཡི་དབང་པོར་བསྐོས་པ་དང་། །གཞན་ལ་དབང་སྒྱུར་བྱེད་པ་དང་། །འཇིག་རྟེན་སྐོས་ལ་འབེབས་པ་དང་། །གཞན་གྱི་སྡེ་པ་དབང་སྡུད་དང་། །གཡུལ་ཆེན་དག་ལས་རྒྱལ་བ་དང་། །བདག་ཉིད་རྒྱལ་པོར་གྱུར་པ་དང་། །མགོ་ལ་མེ་ཏོག་སྐྱེད་པ་རྣམས། །རྒྱལ་བའི་སྲས་སུ་གྱུར་པའི་ལྟས། །ཞེས་གསུངས་ཏེ་མཆན་རྙིང་དུ་ས་བརྒྱད་པ་མན་ཆད་དང་སྦྱར་བར་བཤད་ཀྱང་། ཆོས་རྗེའི་ཕྱག་མཆན་དུ་ས་གསུམ་པ་ཡན་ཆད་ལ་སྦྱར་བར་གསུངས་པ་ཉིད་ལེགས་སམ་སྙམ་སྟེ་གཞུང་གི་དགོངས་པའོ། །དྲུག་པ་ནི། ཆོས་གང་དབང་སྒྱུར། ཞེས་པ་ནས། མེ་ཏོག་ཆར་འབེབས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཀྱི་དངོས་པོ་གང་ལ་དབང་ཐོབ་ཅིང་མངའ་དབང་སྒྱུར་བའི་སྔོན་དུ་བྱུང་བ་ཡི་ལྟས་བཅོ་ལྔ་ནི། གླེགས་བམ་ཟབ་མོ་རྙེད་པ་དང་། དེ་འབྲི་ཞིང་དེ་ལ་ལྟ་བར་བྱེད་པ་དང་། དེ་ལ་བསམ་དཔྱོད་བྱེད་པ་དང་། གཞན་ལ་འཆད་ཅིང་སྟོན་པ་དང་། དོན་གཏན་ལ་འབེབས་པ་དང་། མེ་ལོང་ལ་ལྟ་བ་དང་། ཤེལ་གྱི་བུམ་པ་གང་བ་ལ་ལྟ་རྟོག་བྱེད་ཅིང་བརྟགས་ཏེ་འཐུང་བ་དང་། རིན་པོ་ཆེ་ནོར་བུ་ཐུ་བ་དང་། འཁོར་ལོ་ལག་ཏུ་བབ་པ་དང་། ཉི་ཟླ་ཟིན་པ་དང་། རི་རབ་ཀླད་ལ་བསྐོར་བ་དང་། ནམ་མཁའ་གང་ལ་རྔ་དུང་དྲིལ་བུ་སོགས་རོལ་མོའི་སྒྲ་རྒྱས་ཏེ་སྟོང་གསུམ་གང་བ་ཐོས་པ་དང་། དངོས་པོ་མཐའ་དག་ཡི་གེར་མཐོང་བ་དང་། དེ་ཉིད་ཀླགས་པས་ངོ་མཚར་ཆེན་པོ་ཀུན་ལ་སྐྱེད་པ་དང་། ནམ་མཁའ་ལས་མེ་ཏོག་གི་ཆར་མགོ་ལ་འབེབས་པ་དང་བཅོ་ལྔའང་རིམ་པར་སྦྱར་བའོ། །དེའང་ཆོས་རྗེའི་ཕྱག་མཆན་ལས། གླེགས་བམ་རྙེད་པ་ས་དང་པོ། འབྲི་དཔྱོད་གཉིས་པ། གཞན་ལ་སྟོན་པ་གསུམ་པ། གཏན་འབེབས་བཞི་པ། མེ་ལོང་ལ་ལྟ་བ་ལྔ་པ། བུམ་ཆུ་འཐུང་བ་དྲུག་པ། ནོར་བུ་ཐུ་བ་བདུན་པ་དང་། འཁོར་ལོ་བབ་པ་བརྒྱད་པ། ཉི་ཟླ་ཟིན་པ་དགུ་པ། རི་རབ་བསྐོར་བ་མན་ཆད་ས་བཅུ་པ་དང་སྦྱར་རོ་ཞེས་གསུངས། རྩ་རྒྱུད་ལས་ནི། ཆོས་ལ་དབང་ཐོབ་སྔ་ལྟས་ནི། །གླེགས་བམ་ཟབ་མོ་རྙེད་པ་དང་། །དེ་བཞིན་འབྲི་བ་མང་པོ་དང་། །དེ་དག་ལ་ནི་དཔྱོད་པ་དང་། །གཞན་ལ་འཆད་ཅིང་སྟོན་པ་དང་། །དོན་ཉིད་གཏན་ལ་འབེབས་པ་དང་། །མེ་ལོང་དག་ལ་ལྟ་བ་དང་། །ཤེལ་གྱི་བུམ་པ་གང་བ་ལ། །ལྟ་ཞིང་བརྟགས་ཏེ་འཐུང་བ་དང་། །རིན་ཆེན་ནོར་བུ་ཐུ་བ་དང་། །འཁོར་ལོ་ལག་ཏུ་འབབས་པ་དང་། །ཉི་ཟླ་ལག་པས་ཟིན་པ་དང་། །རི་རབ་ཀླད་ལ་སྐོར་བ་རྣམས། །ཆོས་ལ་དབང་ཐོབ་སྔ་ལྟས་སོ། །ཞེས་གསུངས་ཏེ། རིག་འཛིན་ལྔའི་རྣལ་འབྱོར་བཅུ་གཅིག་ལ་སྦྱར་བར་གསུངས་སོ། །བདུན་པ་ནི། དམ་པ་མཐོང་བའི། ཞེས་པ་ནས། སྙིང་པོ་ལྟ་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། བདེན་པ་དམ་པ་མཐོང་བའི་སྔ་ལྟས་སུ་སྔོན་དུ་བྱུང་བ་ཡི་རྟགས་ནི། སྔོན་མ་མཐོང་བའི་ཡུལ་མཐོང་བ་དང་། སྟོང་གསུམ་རྒྱ་ཆེར་མཐོང་བ་དང་། གླིང་རྣམས་གཞན་དུ་བགྲོད་དེ་མཐོང་བ་དང་། རི་རབ་ཀྱི་རྩེར་རམ་ཁ་ལ་ཕྱིན་ནས་ཐམས་ཅད་མཐོང་བ་དང་། ནམ་མཁའ་མཐའ་ཡས་པ་ཉིད་རྒྱ་ཆེར་མཐོང་བ་དང་། རྒྱ་མཚོའི་གཏིང་དུ་ཕྱིན་པ་དང་། ལག་ན་སྒྲོན་མེ་ཐོགས་པ་དང་། སྣང་སྲིད་ཀུན་ལ་དཔྱོད་པ་དང་། ཉི་མའི་སྙིང་པོ་ལྟ་བ་དང་དགུའོ། །དེའང་ཆོས་རྗེའི་ཕྱག་མཆན་སོགས་སུ། སྒྲོན་མེ་ཐོགས་པ་དང་སྣང་སྲིད་དཔྱོད་པ་གཉིས་གཅིག་ཏུ་བྱས་ནས་རྣམ་གྲངས་བརྒྱད་དུ་མཛད་དེ། ནམ་མཁའ་མཐའ་མེད་མཐོང་བའི་བར་ས་གཉིས་པ་ནས་དྲུག་པའི་བར་དང་། དེ་ནས་རྒྱ་མཚོའི་གཏིང་དུ་ཕྱིན་པ་ཆོས་ཉིད་ཀྱི་དགོངས་པ་ཟབ་མོ་རྟོགས་པའི་ལྟས་ཏེ་ས་བདུན་པ། སྒྲོན་མེ་ཐོགས་ཏེ་སྣང་སྲིད་དཔྱོད་པས་བརྒྱད་པ་དང་དགུ་པ། ཉི་མའི་སྙིང་པོར་ལྟ་བ་རང་བྱུང་ཡེ་ཤེས་རྟོགས་པའི་ལྟས་ཏེ་ས་བཅུ་པ་དང་སྦྱར་བར་མཛད་དོ། །རྩ་རྒྱུད་ལས་ནི། བདེན་པ་མཐོང་བའི་སྔ་ལྟས་ཀྱང་། །སྔོན་མ་མཐོང་གི་ཡུལ་མཐོང་དང་། །སྟོང་གསུམ་རྒྱ་ཆེར་མཐོང་བ་དང་། །གླིང་རྣམས་གཞན་དུ་ཕྱིན་པ་དང་། །རི་རབ་ཁ་ལ་ཕྱིན་པ་དང་། །ནམ་མཁའ་རྒྱ་ཆེར་མཐོང་བ་དང་། །རྒྱ་མཚོའི་གཏིང་དུ་ཕྱིན་པ་དང་། ལག་ན་སྒྲོན་མ་ཐོགས་པ་དང་། །ཉི་མའི་སྙིང་པོ་ལྟ་བ་དང་། །སྣང་སྲིད་དཔྱོད་པར་བྱེད་པ་རྣམས། །ཆོས་ལ་དབང་ཐོབ་ལྟས་ཆེན་ཡིན། །ཞེས་གསུངས་ཏེ་ས་དགུ་པ་མན་ཆད་ཀྱི་བྱང་ཆུབ་ཀྱི་སེམས་དང་སྦྱར་བར་མཛད་དོ། །བརྒྱད་པ་ནི། ལུང་ཆེན་ཐོབ་པའི། ཞེས་པ་ནས། བགྲོ་བར་བྱེད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལུང་བསྟན་པ་ཆེན་པོ་ཐོབ་པའི་སྔ་ལྟས་སྔོན་དུ་བྱུང་བ་ནི། རོལ་མོ་རྣམས་ཀྱི་སྒྲ་ཐོས་པ་དང་། འབྲུག་གི་སྒྲ་གྲགས་པ་དང་། སེང་གེའི་ང་རོ་གྲགས་པ་དང་། ཆོས་ཀྱི་བགྲོ་བར་བྱེད་པའི་གཏམ་ཐོས་པ་དང་། གཟུགས་བརྙན་གྱི་སྐུ་ཞལ་འཛུམ་ཞིང་འོད་འབྱུང་བ་དང་། རྣམ་འདྲེན་སངས་རྒྱས་དམ་པའི་གསུང་ཐོས་ཤིང་སྐུ་མི་མཐོང་བ་དང་། ལྷ་མོ་རྣམས་གླུ་དབྱངས་སྒྲོགས་པ་དང་། གཞལ་ཡས་ཁང་དག་ལས་ཆོས་སྒྲ་འབྱུང་བ་དང་། གཅིག་ལ་གཅིག་གྲོགས་པོ་དམ་པ་ཞེས་འབོད་པ་འབྱུང་ཞིང་ཆོས་ཀྱི་དེ་ཉིད་བགྲོ་བར་བྱེད་པ་དང་དགུ་སྟེ་རྩ་བ་བརྒྱད་དང་ཡན་ལག་བཅུ་དྲུག་དྲུག་ཏུ་འགྱུར་བའོ། །དེའང་ལུང་བསྟན་པ་འདི་དག་ཆོས་རྗེའི་ཕྱག་མཆན་ལས། ས་གཉིས་པ་ནས་རིམ་པར་ས་དྲུག་པ་ལ་གཟུགས་བརྙན་ཞལ་འཛུམ་པ་དང་འོད་འབྱུང་བ་གཉིས་དང་གཞན་རྣམས་རེ་རེར་སྦྱར་ནས་གསུངས་སོ། །དགུའི་དབང་ལྟར་རྩ་རྒྱུད་ལས་ཀྱང་། ལུང་བསྟན་ཐོབ་པའི་སྔ་ལྟས་ནི། །རོལ་མོའི་སྒྲ་རྣམས་ཐོས་པ་དང་། །འབྲུག་གི་སྒྲ་ནི་གྲགས་པ་དང་། །སེང་གེའི་ང་རོ་གྲགས་པ་དང་། །ཆོས་ཀྱི་བགྲོ་བའི་གཏམ་ཐོས་དང་། །གཟུགས་བརྙན་ཞལ་ནི་འཛུམ་པ་དང་། །སངས་རྒྱས་གསུང་ཐོས་སྐུ་མི་མཐོང་། །ལྷ་མོ་གླུ་དབྱངས་སྒྲོགས་པ་དང་། །གཞལ་ཡས་དག་ལས་སྒྲ་འབྱུང་དང་། །གྲོགས་པོ་གྲོགས་པོ་ཞེས་བརྗོད་ཅིང་། །ཆོས་ཀྱི་བགྲོ་བ་བྱེད་པ་རྣམས། །ལུང་བསྟན་འབྱུང་བའི་སྔ་ལྟས་སོ། །ཞེས་སོ། །ལས་དང་པོ་པའི་སྐབས་ལམ་དུ་ཞུགས་ཏེ་རྣལ་འབྱོར་སྤྱོད་པའི་ཚེ་ན་རྨི་ལྟས་ལ་སོགས་པ་དེ་དག་བྱུང་ན་ཇི་ལྟར་ཤེས་པར་བྱ་བ་ནི། རྩ་བའི་རྒྱུད་ལས། དེ་ལ་སོགས་པའི་མཚན་མ་རྣམས། །ལྟས་ཆེན་ཀུན་ཏུ་སྣང་བ་དང་། །གང་ཟག་ལས་ཀྱི་དང་པོ་རྣམས། །རིག་འཛིན་སོ་སོའི་ས་བར་ནི། །འགྱུར་བའི་སྔ་ལྟས་བཤད་པ་ཡིན། །རྣལ་འབྱོར་ལས་ཀྱི་དང་པོ་ལ། །ལྟས་ཆེན་འདི་རྣམས་གང་འབྱུང་ཡང་། །འཁོར་བའི་འདུ་འཛི་ཀུན་བསལ་ནས། །དོན་ལ་རྟོགས་ཤིང་ས་རྣམས་སྦྱོང་། །དེས་ནི་དོན་ལ་རེག་པར་འགྱུར། །ཞེས་པའི་དོན་གྱིས་ལྟས་སྐྱེ་བའི་དུས་ནི། འདུན་པའི་རྣལ་འབྱོར་ལས་དང་པོ་པ་ལ་གནས་པའི་ཚེ་སྐྱེ་བར་གསུངས་ཏེ། དེ་ཡང་སྐབས་ཀྱིས་གཉིས་སུ་འགྱུར་ཏེ། གཞི་ལས་དང་པོ་པ་དང་། སྐབས་ཀྱི་ལས་དང་པོ་པའོ། །དེ་ལ་འདུན་པའི་རྣལ་འབྱོར་གཞིའི་ལས་དང་པོའི་དབང་དུ་ནི་སྔ་མར་སྦྱངས་པའི་རྒྱུས་ད་ལྟར་སྐད་ཅིག་ལ་གཞི་བར་སྣང་བའི་ཡང་ལྟས་དང་སྦྱར་ནས་ལྟས་དང་མཐུན་པའི་ས་གོང་མ་གང་ལའང་བགྲོད་པར་མི་འགལ་ཏེ། གཞི་ནས་བརྩམ་མི་དགོས་སོ། །ལྟས་ཀུན་ཀྱང་ད་ལྟར་ས་གར་འབྱུང་བ་དེ་སྐབས་འདིར་སྐྱེ་བ་མི་འགལ་ལོ། །དེ་བས་ན་རྩ་བའི་རྒྱུད་ལས། ངེས་པའི་སྔ་ལྟས་རྣམ་པ་ལྔ། །རྒྱུ་ཡི་དུས་ན་འབྱུང་བ་ནི། །ཞེས་པ་དང་། སོ་སོའི་ས་པར་ཞེས་སྔར་དྲངས་པའི་སྒྲས་ལྟས་རྣམས་ཀྱང་འཕགས་པ་དཀོན་མཆོག་བརྩེགས་པ་ལས། རྨི་ལམ་བརྒྱ་རྩ་བརྒྱད་གསུངས་པའི་རྩ་བ་ལས། ཡན་ལག་བྱེ་བ་རྣམས་མཐོ་དམན་དང་སྦྱར་བའི་ལྟས་སུ་གསུངས་པ་མཚུངས་པར་འདིར་ཡང་མི་རིགས་པ་མ་ཡིན་ཏེ། རྩ་བ་བརྒྱད་ཀྱི་དབང་དུ་ནི་བག་ཆགས་འབྱང་བའི་ལྟས་བྱུང་ན། འདུན་པའི་རྣལ་འབྱོར་པར་འགྱུར་རོ། །ས་ཐོབ་པ་དང་ཆོས་ལ་དབང་ཐོབ་པའི་ལྟས་བྱུང་ན། རིགས་ཆེན་འབྱེད་པའི་རྣལ་འབྱོར་འཐོབ་བོ། །ས་ནོན་པ་དང་། འཇིགས་པ་དང་བྲལ་བ་དང་། བདེན་པ་མཐོང་བའི་སྔ་ལྟས་བྱུང་ན། དབུགས་ཆེན་འབྱིན་པར་འགྱུར་རོ། །ལུང་བསྟན་ཐོབ་པའི་སྔ་ལྟས་བྱུང་ན། ལུང་ཆེན་ཐོབ་པའི་རྣལ་འབྱོར་དུ་འགྱུར་རོ། །སངས་རྒྱས་སྲས་ཀྱི་སྔ་ལྟས་བྱུང་ན། རྩ་ཆེན་རྫོགས་པའི་རྣལ་འབྱོར་དུ་འགྱུར་རོ། །དེས་ན་རྟགས་དང་པོའི་ས་གཅིག་ནས་དེ་དག་རེ་རེའང་སོ་སོ་བར་འགྱུར་བའི་ལྟས་ཡིན་པས། མཐུན་པར་འདུ་འཛི་བསལ་ལ་འབད་པར་བྱ་བའི་དོན་ནི། ཡན་ལག་གི་བཤད་པའི་དབང་དུ་སྔར་བསྟན་པ་ལྟར་གོ་རིམས་སུ་ས་བཅུ་དང་སྦྱར་ལ་འབད་དོ། །དེ་ནི་རྨི་ལམ་ལ་ཁྱད་པར་ཡོད་པའི་ཕྱིར་རེ་རེའི་ཡན་ལག་ཀྱང་ས་རྣམས་དང་སྦྱར་བར་བྱ་སྟེ། དེའི་ཕྱིར་ཆོ་འཕྲུལ་སྒྲུབ་པའི་ཏིང་ངེ་འཛིན་བརྒྱད་དང་། ཚོགས་ལ་སོགས་པ་གང་འདོད་པའི་རྒྱུ་དེ་ལ། ལས་དང་པོ་ལྷའི་རྣལ་འབྱོར་བརྟན་མ་ཐག་སྦྱར་བས་ཅིག་ཆར་ཚུལ་དུའང་འགྱུར་རོ། །སྐབས་ཀྱི་ལས་དང་པོ་པའི་དབང་དུ་ནི། ས་འོག་མ་ནས་གོང་མར་འཐོབ་མ་ཐག་པ་ནི་རང་གི་ལས་དང་པོ་པ་སྟེ། དེས་ན་རྨི་ལྟས་ཀྱང་གཅིག་ཏུ་མི་སྐྱེ་སྟེ། འོག་མ་ལ་གནས་ཙམ་ན་གོང་མར་འཐོབ་པའི་ལྟས་འབྱུང་བས་སྐབས་ལྔ་དང་བཅུ་གར་སྐྱེ་ཞེས་འཆད་དོ། །དེ་ལ་ལྟས་རྣམས་གཅིག་ཏུ་སྐྱེའོ་ཞེ་ནའང་། ལས་དང་པོར་ཤིན་ཏུ་མཐོ་བའི་ལྟས་འཆར་བའི་རྒྱུར་མི་རུང་བ་དང་། གལ་ཏེ་འཆར་དུ་རུང་ཡང་འོག་ནས་མ་བགྲོད་པར་ལྟས་དང་སྦྱར་ཏེ། གོང་མའི་ཡང་གོང་མར་བགྲོད་དུ་བཏུབ་ན། ལམ་རིམ་པར་བཞག་པ་ལའང་དགོས་པ་མེད་ལ། དེ་སྟེ་མིན་ན་རིམ་གྱིས་པ་དང་ཅིག་ཆར་བའང་བྱེ་བྲག་མེད་པར་འགྱུར་རོ་ཞེ་ན། དེ་ལྟར་བདེན་ནའང་ལྟས་རིམ་པ་སྐྱེ་བ་ཁོ་ནར་ངེས་ན། རྩ་བའི་རྒྱུད་ལས། ལས་དང་པོ་པ་ཁོ་ནར་སྐྱེ་བར་གསུངས་པའང་འགལ་བར་འགྱུར་བ། གོང་དུ་བཤད་པའི་དོན་གྱི་ཁོང་ཉིད་ཀྱི་འགྲེལ་ཏེ། ལམ་གཉིས་ནི་ཤེས་རབ་ལ་ཁྱད་པར་ཡོད་པས་ལྟས་ཀྱི་མཚན་མས་སྒྲུབ་སྟེ་འཕར་བའང་མཉམ་པ་མ་ཡིན་ནོ། །གཉིས་པ་ལ་བཞི་སྟེ། རྫུ་འཕྲུལ་གྱི་ཆོ་འཕྲུལ། རྗེས་སུ་བསྟན་པའི་ཆོ་འཕྲུལ། ཆོས་སྣང་བའི་ཆོ་འཕྲུལ། ཀུན་བརྗོད་པའི་ཆོ་འཕྲུལ་ལོ། །དང་པོ་ནི། རིག་འཛིན་དམ་པའི། ཞེས་པ་ནས། རྩལ་གྱིས་སྟོན་པར་ནུས། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ས་བགྲོད་པས་རིག་འཛིན་ཐོབ་ནས་མཐུའི་རྩལ་ཇི་ལྟ་བུ་འབྱུང་སྙམ་པ་ལ། དེ་ལྟར་རིག་འཛིན་དམ་པའི་ས་བཅུ་ལ་རྩལ་དང་སྦྱར་ཏེ་ལྟས་ཤར་ནས་བགྲོད་དེ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པའི་སྐབས་སུ་བྱིན་རླབས་མཐུ་ཡི་ཆོ་འཕྲུལ་འབྱུང་བ་ཡང་། རྣམ་གྲངས་བཞི་ལས། དང་པོ་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཏེ། ཉི་མ་དང་ཟླ་བ་ཞོན་ཏེ་འགྲོ་བ་དང་། རི་བོ་མཆོག་རབ་སྐེད་ནས་གསོར་བ་དང་། འཇིག་རྟེན་གྱི་ཁམས་རྒྱང་མར་འཕེན་པ་དང་། བསྲེག་པའི་བསྐལ་པ་གཞིལ་བ་ལ་སོགས་པའི་མཐུ་ཡི་ཆོ་འཕྲུལ་ཉི་ཤུ་ཐོབ་པ་ཐམས་ཅད་ཀུན་རྫུ་འཕྲུལ་གྱི་ཁྱད་པར་ལ་གནས་པའི་རྩལ་གྱིས་སྟོབས་ལས་སྟོན་པར་ནུས་པ་ཡིན་ཏེ། དེ་ཉིད་ལས། རིག་འཛིན་ས་ལ་གནས་པ་དང་། །ས་ལ་རྩལ་ཆེན་སྦྱོང་བའི་ཚེ། །རྩལ་གྱི་ཆོ་འཕྲུལ་སྣ་ཚོགས་འབྱུང་། །ཉི་ཟླ་ཞོན་ནས་འགྲོ་བ་དང་། །རི་རབ་སྐེད་ནས་གསོར་བ་དང་། །འཇིག་རྟེན་རྒྱང་མར་འཕང་བ་དང་། །སྲེག་པའི་བསྐལ་པ་གཞིལ་བ་ལ། །སོགས་པའི་ཆོ་འཕྲུལ་ཐམས་ཅད་ཀུན། །ཁྱད་པར་རྩལ་གྱིས་སྟོན་པར་ནུས། །དེ་ལ་སོགས་པའི་རྫུ་འཕྲུལ་རྣམས། །རྫུ་འཕྲུལ་གྱི་ནི་ཆོ་འཕྲུལ་ཡིན། །ཞེས་སོ། །གཉིས་པ་ནི། འདུལ་བའི་འགྲོ་བ། ཞེས་པ་ནས། དེ་ལྟར་སྟོན་པར་ནུས། །ཞེས་པའི་བར་གྱིས་བསྟན་ཏེ། གང་འདུལ་བའི་སྣོད་དུ་རུང་བའི་གདུལ་བྱའི་འགྲོ་བ་ཐམས་ཅད་ཀུན་ལ། རང་རང་སོ་སོའི་སྐད་དང་ཆོས་མཐུན་པར་ཇི་ལྟར་འདུལ་བའི་ཐབས་ཀྱི་སྒོ་ནི་སྣ་ཚོགས་པ་རྣམས་སུ་གང་ལ་གང་གིས་ཇི་ལྟར་འདུལ་བ་དེ་ལྟར་སྟོན་པར་ནུས་པ་ནི་གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཏེ། སྔ་མ་ལས། རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི། །འདུལ་བའི་འགྲོ་བ་ཐམས་ཅད་ལ། །སོ་སོའི་སྐད་དུ་ཆོས་མཐུན་པར། །འདུལ་བའི་སྒོ་ནི་སྣ་ཚོགས་སུ། །སོ་སོའི་སྐད་དུ་སྟོན་པར་ནུས། །དེ་དག་རྗེས་སུ་བསྟན་པ་ཡིན། །ཞེས་སོ། །གསུམ་པ་ནི། རྣལ་འབྱོར་རྩལ་གྱི། ཞེས་པ་ནས། རངས་པའི་རོ་མྱོང་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་མཆོག་གི་རྟོགས་པའི་ཏིང་ངེ་འཛིན་གྱི་རྩལ་གྱི་ཁྱད་པར་ལ་བརྟེན་པའི་ཐབས་ཀྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་གྱི་ཕྱི་ནང་ཐམས་ཅད་རབ་ཏུ་གཡོས་ནས་ཀྱང་གདུལ་བྱ་མ་ལུས་པ་ཐམས་ཅད་མཆོག་ཏུ་ངོ་མཚར་ཆེར་སྐྱེས་པར་གྱུར་ཏེ་དགའ་མགུ་དང་རངས་པའི་རོ་མྱོང་བར་འགྱུར་པ་ནི་ཆོས་སྣང་བའི་ཆོ་འཕྲུལ་ཉིད་ཡིན་ཏེ། དེ་ཉིད་ལས། ཆོས་ཀྱི་སྒོ་རྣམས་སྣང་བ་ཡི། །ངེས་པའི་ཆོ་འཕྲུལ་བསྟན་པ་ནི། །ཏིང་འཛིན་རྩལ་གྱི་ཁྱད་པར་གྱིས། །འཇིག་རྟེན་ཁམས་ཀུན་གཡོས་ནས་ཀྱང་། །ཐམས་ཅད་ངོ་མཚར་སྐྱེ་གྱུར་ཏེ། །སེམས་ཀྱི་བསམ་པ་རངས་བྱས་ནས། །སོ་སོ་དགའ་བའི་རོ་མྱོང་འགྱུར། །ཆོས་སྣང་བ་ཡི་ཆོ་འཕྲུལ་ཡིན། །ཞེས་སོ། །བཞི་པ་ནི། གསང་བའི་ཡི་གེ། ཞེས་པ་ནས། སྔགས་སུ་མ་གྱུར་མེད། །ཅེས་པའི་བར་གྱིས་བསྟན་ཏེ། གསང་བའི་ཡི་གེ་སྣ་ཚོགས་ཀྱི་ཕྲེང་བ་ལས། རྫུ་འཕྲུལ་ཆོས་ཀྱི་སྒྲ་དབྱངས་རྒྱ་མཚོ་རྣམ་པར་བསྒྲགས་པས་ཡོད་མཐོང་སྣང་གྲགས་ཀྱི་ཆོས་རྣམས་ཀུན་ཀྱང་གསང་སྔགས་མཚོན་པའི་སྒོར་སྣང་སྟེ་ཟབ་གསང་སྟོན་པའི་སྔགས་སུ་མ་གྱུར་པའི་བརྗོད་པ་གང་ཡང་མེད་པ་ནི་ཀུན་བརྗོད་པའི་ཆོ་འཕྲུལ་ཏེ། སྔ་མ་ལས། ཀུན་ནས་ཀུན་ཏུ་བརྗོད་པ་ནི། །གསང་བའི་ཡི་གེའི་ཕྲེང་བ་ལས། །རྫུ་འཕྲུལ་ཆོས་ཀྱི་སྒྲ་སྒྲོགས་པས། །མཐོང་ཡོད་སྣང་གྲགས་ཆོས་རྣམས་ཀུན། །ཀུན་ཀྱང་སྔགས་ཀྱི་སྒྲ་གྲགས་པས། །སྔགས་སུ་མ་གྱུར་གང་ཡང་མེད། །དེས་ན་རྩལ་གྱི་ཁྱད་པར་ལ། །སོགས་པའི་ཡོན་ཏན་ཐམས་ཅད་འབྱུང་། །ཞེས་སོ། །བཞི་པ་མཚན་བཅས་ཀྱི་ཏིང་ངེ་འཛིན་ལྷ་བསྒོམ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། རྣལ་འབྱོར་ཆེ་ཆུང་། ཞེས་པ་ནས། འཇུག་དང་ཅིག་ཆར་བ། །ཞེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་པས་ཀུན་བརྗོད་པ་ལ་སོགས་པ་བཞི་ཡི་རྒྱུ་བཟླས་པའི་འཕྲོ་འདུ་ལ་སོགས་པ་རྣམས། ལམ་པའི་ཤེས་རབ་ཆེ་ཆུང་གི་རིམ་པའི་ཁྱད་པར་ལས་བྱུང་བ་དག་ནི། མི་རྟོག་པའི་ཤེས་རབ་ལ་སྦྱངས་པས་བློ་གྲོས་ཀྱི་རྩལ་གྱི་ཁྱད་པར་དག་ལས་བྱུང་སྟེ་ལས་དང་སོ་སོའི་མཚན་མ་གྲུབ་པ་ཡིན་པས་སྣང་བ་ལ་རིམ་གྱིས་འཇུག་པའི་ས་ཡི་རིམ་པ་དང་། བློ་མཆོག་ཅིག་ཆར་དུ་འཇུག་པའི་ཁྱད་པར་གཉིས་སུ་བསྟན་པའོ། །གཉིས་པ་ལ་གསུམ་སྟེ། རིམ་གྱིས་པ་བསྟན་པ། ཅིག་ཆར་བ་བཤད་པ། ཆོ་འཕྲུལ་སྒྲུབ་པའི་ཏིང་ངེ་འཛིན་བཤད་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། དབུགས་ཀྱི་ཡུལ་དང་། ཞེས་པ་ནས། པ་ཡང་ཕྱག་རྒྱ་འབྱུང་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་རིམ་གྱིས་པ་དང་ཅིག་ཆར་བའི་ས་བཅུ་ཉིད་ཀྱི་ཁྱད་པར་གྱི་ཚུལ་བསྟན་པ་གང་སྙམ་པ་ལ། འདུན་པའི་རྣལ་འབྱོར་པས་དབུགས་ཀྱི་ཡུལ་ཙམ་དང་། ལས་དང་པོའི་རྣལ་འབྱོར་གྱིས་སྣ་ཡིས་དྲི་ཚོར་བ་ཚུན་ཆད་དང་། རིགས་ཆེན་པས་རྣ་བས་སྒྲ་ཐོས་པ་ཙམ་དང་། མཚན་མ་རྟགས་ཀྱི་རྣལ་འབྱོར་པས་མིག་གིས་གཟུགས་མཐོང་བ་ཙམ་དང་། ལ་སོགས་ཏེ་ཞེས་པས་བསྡུ་བ་སྤྱོད་པ་རྒྱུན་གྱི་རྣལ་འབྱོར་པས་གླིང་གཅིག་གང་བ་ཙམ་དང་། དབུགས་ཆེན་པས་ཁོར་ཡུག་ཆེན་པོས་ཁྱབ་པ་ཙམ་དང་། ལུང་ཆེན་པས་སྟོང་གསུམ་གྱི་ཁམས་གང་བ་ཙམ་དང་། རྩལ་ཆེན་པས་སེམས་ཀྱི་ཡུལ་དང་། བདེ་བ་ཆེན་པོས་ནམ་མཁའི་དབྱིངས་དང་། ལྷུན་གྱིས་གྲུབ་པས་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པར་ཁྱབ་པའི་བར་གསལ་བ་མན་ཆད་ཀྱི་གོ་རིམ་མདོར་བསྟན་པའོ། །དེ་ཉིད་སྒོམ་པའི་ཚུལ་གང་ཞེ་ན། བདག་གི་སྒོ་གསུམ་ལ་རང་བཞིན་ལྷུན་གྲུབ་ཏུ་ཡོད་པའི་ཡི་གེ་ཨ་མ་སྐྱེས་པ་དེ་ལས་ཏིང་ངེ་འཛིན་གྱི་དབང་བསྒྱུར་ཏེ་ཡི་གེ་སོ་སོར་གསལ་ནས་སེམས་ཉིད་ཡན་ལག་གི་ཡི་གེ་ཀ་ཁ་ལ་སོགས་པ་ལྷ་སོ་སོ་ཡི་རྩ་བའི་སྙིང་པོར་གྱུར་པ་དང་། ལ་སོགས་པ་ཞེས་དངོས་པོ་གཞན་བསྡུ་བའི་དོན་གྱིས་བསྐྱེད་པའི་སྙིང་པོ་དང་བཟླས་པའི་བསྙེན་སྔགས་ལས་དང་བཅས་པ་དང་། རྒྱུའི་ཡི་གེའམ་རྩ་བའི་སྙིང་པོའི་ཡིག་འབྲུ་ཐུགས་ཀར་གདན་གྱི་དཀྱིལ་དུ་གཞི་གཅིག་ཏུ་བཞག་པ་ལ་བཟླས་སྔགས་ཕྲེང་བ་དང་བཅས་པས་བསྐོར་བའོ། །དེ་དག་བསྒོམ་པའི་ཚུལ་གོང་འོག་གི་ཁྱད་པར་ནི། དེ་ནས་འཕྲོ་འདུའི་ཚད་རིང་ཐུང་དང་། སྐུ་ཕྱག་རྒྱའི་ཁྱོན་ཆེ་ཆུང་དང་། ལྷ་མང་པོ་བློས་མི་འཕྱོགས་པ་དང་འཕྱོགས་པས་ཚོམ་བུའི་གྲངས་མང་ཉུང་དུ་སྒོམ་པ་ཉིད་ཀྱང་དེ་བཞིན་ཏེ་རིམ་པ་ཡོད་པ་ཡིན་ནོ། །དེ་བས་ན་སྔར་ཚོགས་ཀྱི་དཀྱིལ་འཁོར་པའི་སྐབས་ཤིག་ཏུ་བཤད་པའང་གཙོར་སྤྱོད་པའི་དབང་ཙམ་སྟེ་ཐུན་མོང་དུ་འགྱུར་རོ། །དེ་ལྟར་བཤད་པ་འདི་ནི་ལས་དང་པོའི་རྣལ་འབྱོར་པ་ཡི་གེའི་ཕྱག་རྒྱ་ལ་འཇུག་པའི་བློ་རིམས་ཀྱི་དབང་དུ་བསྟན་པར་ངེས་ཏེ། དེ་ལྟར་མཐར་གྱིས་འདྲིས་ཤིང་གོམས་པར་བྱེད་པ་ཉིད་དུ་བསྟན་པའོ། །ལྟས་ཤར་ནས་མཐུའི་རྩལ་ཆོ་འཕྲུལ་བཤད་པ་རྣམས་ཀྱི་ཁྱད་པར་གྱི་རྒྱུ་མདོར་བསྟན་པའི་ཕྱིར། ཡི་གེ་ཀུན་རིག་པའི་ཡེ་ཤེས་ཀྱི་ངོ་བོར་གསལ་བ་ལས་ཕྱག་རྒྱའི་ལྷར་བསྐྲུན་ཏེ་ཡི་གེའི་གཟུགས་སུ་རང་ཤར་བར་བསྒོམ་པའོ། །ཚིག་ལྷག་མ་ནི། དེས་བདག་གཞན་གྱི་དོན་བྱེད་པ་ཉིད་ཀྱི་ཕྱིར་ཡང་དེ་ལས་འཕྲོ་འདུ་དང་བཅས་པའི་སྐུ་ཕྱག་རྒྱར་བསྐྱེད་དེ་སྒོམ་པ་འབྱུང་བའོ། །གཉིས་པ་ལ་བཞི་སྟེ། ས་དང་པོའི་ཏིང་ངེ་འཛིན་བསྟན་པ། ས་གཉིས་པའི་ཏིང་ངེ་འཛིན་བཤད་པ། ས་གསུམ་པ་དང་བཞི་པའི་ཏིང་ངེ་འཛིན་ཐུན་མོང་དུ་བསྟན་པ། ས་ལྔ་པ་ཡན་ཆད་ཀྱི་ཏིང་ངེ་འཛིན་བཤད་པའོ། །དང་པོ་ནི། འོག་ནས། དེས་ན་ཏིང་འཛིན་ཁྱད་པར། ཞེས་པ་ནས། ཁྱོན་ཡང་དེ་ཙམ་མོ། །ཞེས་པའི་བར་གྱིས་བསྟན་ཏེ། དེའི་ཚུལ་གང་ཞེ་ན། དེས་ན་ཞེས་ཚུལ་སྔ་མ་ལ་སྙེགས་པ་ནི་གཏན་ཚིགས་སུ་བཞག་པ་སྟེ། དོན་གྱི་གཙོ་བོ་ཏིང་ངེ་འཛིན་གྱི་ཁྱད་པར་ཡང་། ལྷ་དེ་ཉིད་དམ་དེ་ཁོ་ན་ཉིད་དོན་གྱི་ངོ་བོ་གཅིག་ལ་བསྒོམ་པར་བྱེད་མོད་ཀྱི། དོན་ཀྱང་མི་མཐུན་པའི་དོན་གྱིས་རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་རྩལ་འཕངས་ཆེ་ཆུང་དང་མཐོ་དམན་གྱི་ཁྱད་པར་ཅན་དུ་སྣང་བ་ནི་མི་གཅིག་བར་བསམ་པའི་ཡུལ་ནི་སྣ་ཚོགས་སུ་རང་བློ་དང་འཚམས་པར་སྒོམ་པའི་དོན་ཏེ། དེ་ཉིད་གསལ་བར་བསྟན་པ་གང་སྙམ་བ་ལ། ཁས་བླངས་པའི་ཐུན་མོང་མ་ཡིན་པའི་གསང་བའི་ལམ་འབའ་ཞིག་ཏུ་འཆད་པའི་དོན་ཉིད་དེ། དང་པོ་འགྱུར་དབང་མ་ངེས་པའི་ས་ལ་གནས་པ་ཡི་འབད་རྩོལ་ལྷུར་ལེན་པའི་བརྩམས་པ་ལས་ཀྱི་རྣལ་འབྱོར་པ་ཡིས། འདུན་པ་སེམས་པའི་རྣལ་འབྱོར་དང་། ལ་སོགས་པ་ཞེས་བཅོས་མའི་རྣལ་འབྱོར་དང་། ཕྲ་མེན་སྤྱོད་པའི་རྣལ་འབྱོར་དང་། ཚུལ་རྟགས་འཛིན་པའི་རྣལ་འབྱོར་དང་། མོས་པའི་རྣལ་འབྱོར་དང་། དགེ་བར་འདུན་པའི་རྣལ་འབྱོར་དང་རྣམ་གྲངས་དྲུག་པོ་དག་གི་སྐབས་སུ། དངོས་པོ་ལྷའི་དཀྱིལ་འཁོར་དུ་སྣང་བ་དང་། དེ་ཉིད་རང་སེམས་སྣང་བའི་དོན་ཡིད་ལ་བྱེད་པ་ཙམ་གྱི་ལྟ་བ་ཡིན་པས་ཤེས་རབ་ཀྱི་རྩལ་གྱི་འཕངས་དམས་པའམ་དམའ་བས་ན། ཏིང་ངེ་འཛིན་གྱི་རྩལ་ཡང་ཆུང་བ་སྟེ། དེ་ཁོ་ན་ཉིད་རང་གི་མཚན་ཉིད་མཐོང་བར་མི་འགྱུར་བས་ན། རང་གི་བསམ་པས་མོས་ཤིང་དད་པ་ཡི་རྟོག་པའི་ལྷ་གང་ལ་དམིགས་པ་ནའང་། ལྷ་དེ་ཡི་ས་བོན་ༀ་ཧཱུྃ་ལ་སོགས་པའི་རྩ་བའི་ཡི་གེ་གང་ཡིན་པ་ལས་རིགས་ཀྱི་ཁ་དོག་དང་དབྱིབས་ཀྱིས་རྣམ་པར་ཕྱེ་ནས་ནི། འཕྲོ་འདུ་བྱེད་པའི་ཐབས་ཀྱང་སྣ་ཡི་དབུགས་ལ་རྒྱུ་བ་དང་ཡིག་འབྲུ་མཐུན་པར་བྱས་ཏེ་འཕྲོ་བ་ཡང་ཕྱི་རོལ་དུ་དབུགས་དེ་ཡི་ཕྱིན་པས་ཡུལ་དུ་གྱུར་པ་ཚུན་ཆད་ཀྱི་ཚད་ཙམ་དུ་ཡབ་ཡུམ་གྱི་ཡི་གེ་ཟུང་སྒྲིལ་དུ་འོད་ཟེར་འབར་ཞིང་འཕྲོ་བ་གསལ་བར་བྱས་པ་ལས་འཕྲོ་འདུ་དང་བཅས་པས་དོན་རྫོགས་པ་དང་སླར་རང་གནས་སུ་འདུས་ནས་ནང་དུ་ཙིཏྟའི་དཀྱིལ་དུ་རྩ་བའི་ཡི་གེ་ལ་བསྟིམས་ནས་བྱིན་རླབས་གསལ་བར་བསྐྱེད་པར་བྱའོ། །སྐུ་ཡང་རང་གི་རྣམ་པར་སྨིན་པའི་ལུས་ཀྱི་ཆག་ཚད་དང་སྦྱར་ཏེ་ཁྲུ་བཞི་ཙམ་དུ་སྒོམ་པའི། ལྷ་གཅིག་གི་སྐུ་ཡི་ཁྱོན་ཡང་དེ་ཙམ་ཞིག་འཕྱོགས་པར་བསམ་ཞིང་སྒོམ་མོ། །གཉིས་པ་ནི། གཉིས་པའི་ས་ལ། ཞེས་པ་ནས། ཁྱོན་ཡང་དེ་ཙམ་མོ། །ཞེས་པའི་བར་གྱིས་བསྟན་ཏེ། ས་གཉིས་པར་གྱུར་པའི་རྟེན་པ་གཞི་ཡི་ས་ལ་གནས་པ་ཡི་རྣལ་འབྱོར་པས། བཀའ་སྡོད་ལས་ཀྱི་རྣལ་འབྱོར་དང་། ལ་སོགས་པ་ཞེས་དང་པོ་ལས་ཀྱི་རྣལ་འབྱོར་དང་། བསླབ་པར་སྦྱོར་བའི་རྣལ་འབྱོར་དང་། ངེས་པའི་རྣལ་འབྱོར་དང་རྣམ་པ་བཞི་པོ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྩལ་གྱི་ཁྱད་པར་ནི། རིགས་ཀྱི་ས་བོན་གང་ཡིན་པའི་རང་བཞིན་གྱི་ཡི་གེ་སྒོམ་པ་ལའང་འོད་ཟེར་འབར་ཞིང་འཕྲོ་བར་བཅས་ཏེ་སྒོམ་པ་དེ་ཡི་འཕྲོ་འདུ་ཡང་དྲི་འབྱུང་བའི་སྒོ་དྲི་མ་བསྣམས་པའི་སྣའི་ཡུལ་ནི་ཚུན་ཆད་ཙམ་དུ་གསལ་ཏེ་འཕྲོ་འདུ་གསལ་བར་བསྐྱེད་པ་ལས་སྐུ་ཡང་རང་གི་ཆག་ཚད་གཉིས་འགྱུར་དུ་བསྒྱུར་བའི་ཁྲུ་བརྒྱད་ཙམ་དུ་ལྷ་ཡབ་ཡུམ་གཉིས་ཡན་ལག་དང་བཅས་པའི་སྐུ་ཡི་ཁྱོན་ཡང་དེ་ཙམ་དུ་གསལ་ཞིང་སྒོམ་མོ། །གསུམ་པ་ནི། གསུམ་པའི་ས་ལ། ཞེས་པ་ནས། ཁྱོན་ཡང་དེ་ཙམ་མོ། །ཞེས་པའི་བར་གྱིས་བསྟན་ཏེ། འདིར་ས་གསུམ་པ་དང་བཞི་པའི་ངོ་བོ་བསྟན་པ་ནི། ལོ་ཙཱ་བས་རྩ་བ་དང་བཤད་རྒྱུད་གཉིས་ཀ་ལས་བཀའ་ཆགས་པའི་དོན་ཏེ། དེས་ན་གསུམ་པར་གྱུར་པའི་གལ་ཆེན་སྦྱོང་བའི་ས་ལ་གནས་པ་ཡི་རྣལ་འབྱོར་པ་ལ། རིགས་ཆེན་འབྱེད་པ་གཅིག་སྒོམ་ཞིང་། །ཞེས་པ་ལྟ་བུར། རིགས་ཆེན་འབྱེད་པའི་རྣལ་འབྱོར་གཅིག་ལས་མེད་པས། ལྷའི་ས་བོན་རྩ་བའི་ཡི་གེ་ཡང་ཆུ་དང་ཆབ་རོམ་ལྟར་རང་རིག་པ་ཉིད་ཡི་གེར་གསལ་བས་སྐུའི་ཁྱོན་ཆག་ཚད་བཞི་འགྱུར་ཙམ་དུ་བསྐྱེད་ནས་འོད་ཟེར་དང་བཅས་པའི་འཕྲོ་འདུ་སྒྲ་ཐོས་པའི་ཡུལ་ཚུན་ཆད་དུ་གསལ་བའོ། །བཞི་པའི་ས་ལ་གནས་པ་ཡི། །ཞེས་པ་ལྟ་བུར། ས་བཞི་པ་བསླབ་པ་རྒྱུན་གྱི་ས་ཡི་རྣལ་འབྱོར་པས་གསང་སྒོ་མཚོན་པའི་ལུང་གི་བཀའ་ཡི་སྒོ་ལ་རྟེན་པའི་རྣལ་འབྱོར་དྲོད་རྟགས་གཡོ་བ་དང་། ལ་སོགས་པའི་དོན་གྱིས་བསྡུ་བ། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དྲོད་རྟགས་ཐོབ་པ་དང་། མཚན་མ་རྟགས་ཀྱི་རྣལ་འབྱོར་དྲོད་རྟགས་ཤིན་ཏུ་བརྟན་པ་དང་གསུམ་སྟེ། རྣལ་འབྱོར་རྣམ་པ་གསུམ་པོ་རྣམས་སུ་དམིགས་པའི་ཏིང་ངེ་འཛིན་སྒོམ་པ་འདི་ལྟར་འདོད་དེ། ལྷ་ཡི་ས་བོན་གང་ཡིན་པ་ཡང་རིགས་ཀྱི་རང་བཞིན་གྱི་ཡི་གེར་བསྒྱུར་བར་བྱས་ཏེ་འོད་ཟེར་འབར་བ་དང་བཅས་ཏེ་གསལ་བར་སྒོམ་པ་ཡིས་དོན་གཉིས་སྒྲུབ་སྟེ། ཐོས་པའི་ཡུལ་ནི་ཚུན་ཆད་དུ། །ཞེས་པ་ས་གསུམ་པའི་འཕྲོ་འདུ་ཡིན་པས། ས་འདིར་ནི། གཟུགས་མཐོང་ཚད་ཀྱི་མཐོང་བའི་ཡུལ་ཚུན་ཆད་དུ་འཕྲོ་འདུ་གསལ་བར་བྱས་པ་ལས། ས་གསུམ་པ་ལ། རང་གི་ཆག་ཚད་བཞི་འགྱུར་ཙམ་གྱི་རིགས་གཅིག་འཁོར་དང་བཅས་པ་སྒོམ་པ་ཡིན་ཞིང་། བཞི་པ་འདིར་ནི། རིགས་གསུམ་འཁོར་དང་བཅས་པ་ཡི་ལྷ་རྣམས་ཆག་ཚད་བརྒྱད་འགྱུར་ཙམ་དུ་བསྐྱེད་དེ་སྐུ་ཡི་ཁྱོན་ཡང་དེ་ཙམ་ཉིད་དུ་གསལ་བར་བསྒོམ་མོ། །འོན་ཀྱང་རྣལ་འབྱོར་གསུམ་ཉིད་ལའང་དེ་གསལ་མི་གསལ་གྱི་ཆ་ཡོད་དེ་བཤད་པ་དང་འཆད་པར་སྦྱར་རོ། །བཞི་པ་ནི། དེ་བཞིན་རྣལ་འབྱོར། ཞེས་པ་ནས། ཁྱོན་གྱིས་གང་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་དུ་ས་ལྔ་པ་ལ་སོགས་རྣལ་འབྱོར་གྱི་རིམ་པ་བཞིན་དུ་ལྷ་ཡི་ཁྱད་པར་གང་ཡིན་པ་ཡང་ཡི་གེའི་རིམ་པ་བཞིན་དུ་སྦྱར་ནས་འཕྲོ་འདུའི་ཚད་ཀྱང་དེ་བཞིན་དུ་སྒོམ་པ་ཡིན་ཏེ་ས་ལྔ་པ་བསོད་ནམས་གཏེར་གྱི་ས་ལ་སྤྱོད་པ་རྒྱུན་གྱི་རྣལ་འབྱོར་པས་ལྷའི་སྐུ་ཆག་ཚད་བཅུ་དྲུག་འགྱུར་དུ་སྒོམས་ནས་འཕྲོ་འདུ་རྒྱང་གྲགས་གཅིག་ཚུན་ཚད་དོ། །འོ་ན་དེ་བས་འོག་གི་མཐོང་ཐོས་རིང་ངོ་ཞེ་ན། དེ་ནི་མཐོ་ས་དང་སྒྲ་ཆེན་པོའི་དབང་མ་ཡིན་ཏེ་རྣལ་མའི་དབང་དུ་བརྗོད་པའོ། །ས་དྲུག་པ་རྟེན་པས་ཁྱད་པར་དུ་འགྲོ་བའི་ས་ལ། དབུགས་ཆེན་འབྱིན་པའི་རྣལ་འབྱོར་དང་། རིགས་ཆེན་འབྱེད་པའི་རྣལ་འབྱོར་དང་། མཉམ་རྫོགས་ཆེན་པོའི་རྣལ་འབྱོར་དང་། ངེས་པར་སྤྱོད་པའི་རྣལ་འབྱོར་དང་། རྩལ་ཆེན་སྦྱོར་བའི་རྣལ་འབྱོར་དང་། ཡུལ་ལ་འཇུག་པའི་རྣལ་འབྱོར་དང་། རིག་པར་སྦྱོར་བའི་རྣལ་འབྱོར་དང་བདུན་ནི། སྐུའི་ཆག་ཚད་སུམ་ཅུ་རྩ་གཉིས་འགྱུར་དུ་གསལ་ལ། འཕྲོ་འདུ་དཔག་ཚད་གཅིག་ཚུན་དུ་གསལ་བའོ། །ས་བདུན་པ་དམིགས་པས་འབྲས་བུ་སྐྱེ་བའི་ས་ལ། གྲུབ་པའི་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། ངེས་པར་འབྱུང་བའི་རྣལ་འབྱོར་དང་གསུམ་གྱིས་འཕྲོ་འདུ་གླིང་གཅིག་ཚུན་ཆད་དུའོ། །ཁྱོན་ཆག་ཚད་དྲུག་ཅུ་རྩ་བཞི་འགྱུར་དུ་གསལ་བའོ། །བརྒྱད་པ་གནས་པ་མི་འགྱུར་བའི་ས་ལ། རྨད་བྱུང་རོལ་པའི་རྣལ་འབྱོར་དང་། ཚོགས་ཆེན་འདུས་པའི་རྣལ་འབྱོར་དང་། རྩལ་ཆེན་རྫོགས་པའི་རྣལ་འབྱོར་དང་གསུམ་གྱིས་འཕྲོ་འདུ་སེམས་ཀྱིས་ལྕོགས་ཚད་དམ་འཁོར་ཡུག་གཅིག་ཚུན་ཆད་དུ་གསལ་ལོ། །ཁྱོན་ནི་ཆག་ཚད་ཀྱང་སེམས་ཀྱི་ཡུལ་ཚུན་ཆད་དུའམ་བརྒྱ་ཉི་ཤུ་རྩ་བརྒྱད་འགྱུར་དུ་གསལ་ལོ། །ས་དགུ་པ་གདལ་བ་ཆོས་ཉིད་ཀྱི་ས་ལ། རོལ་པ་རྒྱན་གྱི་རྣལ་འབྱོར་དང་། བདེ་བ་ཆེན་པོའི་རྣལ་འབྱོར་དང་། ཐིག་ལེར་རྫོགས་པའི་རྣལ་འབྱོར་དང་གསུམ་གྱིས་འཕྲོ་འདུ་བྱེད་པའི་རིང་ཐུང་ཡང་། ནམ་མཁའི་ཁམས་གང་བ་ཚུན་ཆད་དེ། སྟོང་གསུམ་གཅིག་དང་བརྒྱ་སྟོང་བྱེ་བ་ལ་སོགས་པ་མཐའ་ཚད་མེད་པ་མ་ཆད་པར་གསལ་ལོ། །སྐུའི་ཁྱོན་ཡང་ནམ་མཁའི་ཁམས་སྐུ་ཡིས་གང་བའི་ངོ་བོ་ཉིད་དུ་སྒོམས་ཏེ། ས་འདིར་སྤྱོད་ཡུལ་ཡེ་ཤེ་སྒྱུ་མའི་ངོ་བོར་གསལ་བའི་ཕྱིར། རྩ་བའི་རྒྱུད་ལས། སྒྱུ་མའང་སྒྱུ་མ་ཡིན་སྤྱོད་པའོ། །ཞེས་པས་སོ། །ས་བཅུ་པ་རྫོགས་པ་སྤྱིར་ཆིབས་ཀྱི་ས་ལ་བདག་ཉིད་ཆེན་པོའི་རྣལ་འབྱོར་དང་། ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་། ཀློང་ཡངས་ཆུབ་པའི་རྣལ་འབྱོར་དང་གསུམ་གྱིས་ནི། སེམས་ཀྱི་དབྱིངས་ཁྱོན་ཚད་མེད་པ་ནི། སྐུ་ཡི་ཁྱོན་གྱི་ཁྱད་པར་ཡང་། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པར། །སྐུ་ཡི་ཁྱོན་གྱིས་གང་བར་བསྒོམ། །ཞེས་པ་འཕྲོ་འདུ་དང་ཁྱོན་གཉིས་ཀ་ས་དགུ་པར་སྦྱངས་པའི་སྟོབས་ལས་བྱུང་བའི་ཚད་དང་བྲལ་བའོ། །དེས་ན་ནམ་མཁའི་ཁོངས་སུ་ཆོས་ཉིད་མ་འདུས་པའི་ཁྱད་པར་ཡོད་པའོ། །བཤད་པ་དེ་ལྟར་རིམ་པ་བཞིན་དུ་སྦྱར་ནས་ཀྱང་སོ་སོའི་འཕྲོ་འདུ་གསལ་བར་གྱུར་བ་དང་། སེམས་ཀྱི་ཡུལ་ནི་ཇི་ཙམ་དུ་ཁྱབ་པར་སྤྲོ་ཞིང་སྐུ་ཡི་ཁྱོན་གྱི་ཁྱད་པར་ཡང་དེ་ལྟར་གསལ་ཏེ་མཐར་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པར་གདལ་བའི་བར་དུ་སྐུ་ཡི་ཁྱོན་གྱིས་གང་བར་བསྒོམ་པར་བྱེད་དེ་མཐར་ཕྱིན་པའོ། །འོ་ན་འདིར་ས་བཅུ་བསྐྱེད་པའི་རིམ་པ་ལ་འདི་ཁོ་ན་ལྟར་བརྒྱུད་པ་ནི་ཤིན་ཏུའང་ལམ་རིང་བས། རྒྱུའི་ཐེག་པ་དང་བྱེ་བྲག་མེད་པར་འགྱུར་རོ་ཞེ་ན། འདིར་ལན་གསོལ་པ། ཅིག་ཆར་ལྟ་ཅི་སྨོས། འདི་ལྟར་རིམས་ཀྱིས་སློབ་པ་ཡང་རྒྱ་གར་གྱི་འཕོང་སློབ་པ་དང་མཚུངས་ཏེ། འདིར་ས་དང་པོ་བརྟན་པར་བྱ་བའི་སྟོབས་ཀྱིས་གཉིས་པ་ཡན་ཆད་དུ་སྦྱངས་དགོས་ཀྱང་བྱིང་རྒོད་བྲལ་བས་དཀའ་བ་མེད་པར་གྱུར་པ་དང་། རྒྱུ་ལ་གནས་པ་ལྟར་བསོད་ནམས་ལ་རེ་བ་མེད་པས་བསྒོམ་པའི་ཏིང་ངེ་འཛིན་འབྲས་བུ་ལ་ལམ་དུ་བྱས་པ་ཉིད་ཀྱིས། ཚེ་འདི་ཉིད་ལ་ངེས་པར་འབྱུང་བས་ཐེ་ཚོམ་མེད་པ་དག་གོ། །གསུམ་པ་ནི། ཇི་ལྟར་གསེར་སྦྱངས། ཞེས་པ་ནས། སྦྱོངས་ལས་ཅིག་ཆར་དྲོད། །ཅེས་པའི་བར་གྱིས་བསྟན་ཏེ། རིམ་གྱིས་པས་འགྲུབ་ཏུ་བཏུབ་པའི་ཚུལ་གང་སྙམ་པ་ལ། མཐུན་པའི་དཔེ་ཉེ་བར་བཟུང་སྟེ་ཇི་ལྟར་གསེར་སྦྱངས་ཤིང་དྲི་མ་དག་པ་ན་ཁ་དོག་གསལ་ཞིང་འཚེར་བ་བཞིན་དུ། དེ་ལྟར་རིམ་པར་རིག་པའི་སེམས་ཉིད་རྩལ་སྦྱངས་པས་སྒྲིབ་པའི་དྲི་མ་རགས་པ་ནས་རིམ་པར་དག་པས་ཏིང་ངེ་འཛིན་དེ་ཉིད་གསལ་ཞིང་འཕྲོ་འདུ་སྦྱོར་བའི་ཏིང་ངེ་འཛིན་འདི་ལྟར་སྒོམས་ཏེ་རིམས་ཀྱིས་སྦྱོངས་ནས་གོམས་པ་ལས་མཇུག་ཏུ་ཅིག་ཆར་དུ་གསལ་བའི་དྲོད་ཐོབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དེ། ཤིང་ཐོག་མ་ལེ་ཀའི་འབྲུ་དང་འདྲའོ། །གཉིས་པ་ལ་གཉིས་ཏེ། ཉེ་བར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི་བདག་པོ། ཞེས་པ་ནས། འཕྲོ་འདུའི་རྒྱུན་ཞེས་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། ཅིག་ཆར་འཇུག་པའི་རྒྱུན་གྱི་ཏིང་ངེ་འཛིན་གང་སྙམ་པ་ལ། སྟོན་པ་གསང་བདག་སྐྱེས་བུས་སྡུད་པ་པོ་ལང་ཀའི་བདག་པོ་ལ་བོས་ཏེ། ཅིག་ཆར་བའི་མཚན་བཅས་ཀྱི་རྣལ་འབྱོར་ཉེ་བར་བསྟན་པ་འདི་ལྟ་སྟེ། བློ་ཆེ་བ་ལ་དོན་དང་འདུ་འབྲལ་མེད་པས་ཆོས་རྒྱུན་ཆེན་པོའི་ཏིང་ངེ་འཛིན་གྱི་ངོ་བོ་འདི་ནི་ཐོག་མར་གསང་བདག་ཉིད་ལ་སྟོན་པ་སེམས་དཔའ་རྡོ་རྗེའམ་རྡོ་རྗེ་སེམས་དཔའ་དམ་པས་བཤད་ཅིང་བཀའ་སྩལ་བར་མཛད་དེ། དོན་འདི་རྒྱུན་དུ་འབྲལ་བར་མེད་པ་ནི་རྒྱུན་གྱི་ཏིང་ངེ་འཛིན་ཆེན་པོའོ། །དེས་ན་ཏིང་ངེ་འཛིན་འདི་ཀུན་ཅིག་ཆར་བ་ལ་རེས་མོས་སུ་བསྟན་དུ་མེད་དེ། ལྷུན་གྱིས་གྲུབ་པའི་ཀློང་དུ་རིག་པ་འཕྲོ་འདུའི་ཐག་ཆོད་པས་རྒྱུན་གྱི་དུས་གཅིག་ཏུ་མི་གཡོ་བར་གསལ་བ་ཞེས་བྱའོ། །གཉིས་པ་ལ་བརྒྱད་དེ། བརྟན་པར་རྒྱུན་གྱི་ཏིང་ངེ་འཛིན། བདུད་རྩི་རྒྱུན་གྱི་ཏིང་ངེ་འཛིན། མཆོད་པ་རྒྱུན་གྱི་ཏིང་ངེ་འཛིན། སངས་རྒྱས་རྒྱུན་གྱི་ཏིང་ངེ་འཛིན། བཟླས་པ་རྒྱུན་གྱི་ཏིང་ངེ་འཛིན། སྦྱོར་བ་རྒྱུན་གྱི་ཏིང་ངེ་འཛིན ། སྒྲོལ་བ་རྒྱུན་གྱི་ཏིང་ངེ་འཛིན། དཀྱིལ་འཁོར་རྒྱུན་གྱི་ཏིང་ངེ་འཛིན་ནོ། །དང་པོ་ནི། ནམ་མཁའ་དོན་གྱི། ཞེས་པ་ནས། གསང་སྔགས་རྒྱུན་མི་འཆད། །ཅེས་པའི་བར་གྱིས་བསྟན་ཏེ། ཆོས་ཐམས་ཅད་རིལ་སེམས་ཉིད་འོད་གསལ་བའི་ངོ་བོར་གྱུར་པས། ནམ་མཁའ་དོན་གྱི་གླེགས་བམ་ལ་སྣ་ཚོགས་རིག་པས་ཡི་གེ་རང་གསལ་དུ་བྲིས་ཏེ་འབྱུང་བ་ཆེན་པོ་བཞི་ཡི་སྒྲ་བསྒྲགས་པས་སྒྲ་རིལ་གསང་བ་མཆོག་གི་རང་སྒྲ་སྟེ་ཐེག་ཆེན་གསང་སྔགས་ཀྱི་སྒྲ་དབྱངས་རྒྱུན་མི་འཆད་པ་ཉིད་དེ་བློ་ཆེ་བའི་ཏིང་ངེ་འཛིན་དང་དངོས་པོའི་གནས་ཐབས་སྟོན་པའོ། །གཉིས་པ་ནི། ཆོས་སོ་ཅོག་གི། ཞེས་པ་ནས། བདུད་རྩི་རྒྱུན་མི་འཆད། །ཅེས་པའི་བར་གྱིས་བསྟན་ཏེ། འཁོར་འདས་ཀྱི་ཆོས་སོ་ཅོག་གི་རང་བཞིན་ནི། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་པས་རྟག་ཆད་ཀྱི་འཇིགས་པ་ཐམས་ཅད་སེལ་བའི་སེམས་ཉིད་སྐྱེ་ཤིའི་མཐའ་ལས་འདས་པའི་བདུད་རྩི་ར་ས་ཡན་དུ་ངེས་པས་རང་བྱུང་དོན་གྱི་བདུད་རྩི་ཆེན་པོ་རྒྱུན་མི་འཆད་པ་གྱུར་པའོ། །གསུམ་པ་ནི། འཁོར་བ་རྒྱ་མཚོའི། ཞེས་པ་ནས། མཆོད་སྤྲིན་རྒྱུན་མི་འཆད། །ཅེས་པའི་བར་གྱིས་བསྟན་ཏེ། འཁོར་བ་རྒྱ་མཚོའི་ཡོ་བྱད་མ་ལུས་པ་རྣམས་ཀྱང་། མཉེས་བྱེད་མཆོད་པ་རྒྱ་མཚོའི་རང་བཞིན་དུ་བཀོད་པ་ཡིན་ཏེ། སྲིད་པ་རྒྱ་མཚོ་མཐའ་ཡས་པ་ཀུན་ཏུ་སྣང་བ་ཉིད་ཇི་བཞིན་པའི་གནས་སུ་སྟོབས་པ་ལས་སྤྱོད་ཡུལ་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར། ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱུན་མི་འཆད་པ་ཁོ་ནའོ། །བཞི་པ་ནི། ཀུན་གྱི་དེ་བཞིན། ཞེས་པ་ནས། སངས་རྒྱས་རྒྱུན་མི་འཆད། །ཅེས་པའི་བར་གྱིས་བསྟན་ཏེ། ཆོས་སོ་ཅོག་ཀུན་གྱི་རང་བཞིན་དེ་ཁོ་ན་ཉིད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་སུ་ངེས་པའི་ཕྱིར། ངང་ལས་ཤར་བའི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་མཐའ་གཉིས་ངང་གིས་བྲལ་བའི་ཕྱིར་སངས་རྒྱས་ཀྱི་སྙིང་པོ་ཆོས་སྐུ་ཆེན་པོར་སུས་ཀྱང་མ་བྱས་བྱས་པ་མེད་པར་རང་ཤར་བ་ལ་འགྲོ་བ་གང་ཞིག་བསམ་གྱིས་མི་ཁྱབ་པ་ཀུན་ཀྱང་རང་བྱུང་དོན་གྱི་སངས་རྒྱས་སྒོམ་པ་རྒྱུན་གྱི་ཏིང་འཛིན་དམ་པར་དུས་གསུམ་དུ་རྒྱུན་མི་འཆད་པ་ཉིད་དུ་མཇལ་བའོ། །ལྔ་པ་ནི། དངོས་པོ་བརྟན་གཡོ། ཞེས་པ་ནས། རྒྱ་མཚོ་རྒྱུན་མི་འཆད། །ཅེས་པའི་བར་གྱིས་བསྟན་ཏེ། དངོས་པོ་སྣོད་བཅུད་དུ་སྣང་བའི་བརྟན་གཡོ་ཐམས་ཅད་དང་། ལ་སོགས་པ་ཞེས་དེ་ལས་གྱུར་པ་རིལ་རང་བྱུང་རྒྱལ་བའི་དཀྱིལ་འཁོར་དུ་གནས་པའི་ཕྱིར་སྒྲ་སྐད་བསམ་གྱིས་མི་ཁྱབ་པར་ཇི་ལྟར་གྲགས་པ་ཀུན་ཀྱང་གསང་སྔགས་གསང་བ་དམ་པའི་ཚིག་ཏུ་ཤར་བར་རྟོགས་པས་བཟླས་པ་དང་བརྗོད་པ་རྒྱ་མཚོ་རྒྱུན་མི་འཆད་པར་གསལ་བའོ། །དྲུག་པ་ནི། དེ་དང་དེ་ཡི། ཞེས་པ་ནས། ཆེན་པོ་རྒྱུན་མི་འཆད། །ཅེས་པའི་བར་གྱིས་བསྟན་ཏེ། སྣོད་དུ་གྱུར་པ་དེ་དང་བཅུད་དུ་སྣང་བ་དེ་ཡི་ངོ་བོ་རིལ་ཉིད་དབྱིངས་མུ་མཐའ་མེད་པ་ཉིད་ལ། རང་གི་རིག་པའང་དེ་ཁོ་ན་ཉིད་ཡིན་པས་དངོས་པོ་གང་དང་དེ་ཉིད་རྟོགས་པར་བྱེད་པ་གང་གི་ཐབས་གཞན་སྦྱོར་བ་མེད་དེ། དེ་ཉིད་ཡེ་ནས་ཡིན་པར་ཐག་ཆོད་དེ་ཞན་དུ་མི་ཚོལ་བས་ཤེས་རབ་རང་རིག་མུ་མཐའ་བྲལ་བ་ལས། ཐབས་དེ་ཉིད་ཡེ་ཤེས་སུ་མ་འགགས་པར་རང་གསལ་བ་ཉིད་འདུ་འབྲལ་མེད་པར་རྟོགས་པས་ན་དུས་གསུམ་དུ་གཉིས་སུ་མེད་པས་སྦྱོར་བ་ཆེན་པོ་རྒྱུན་མི་འཆད་པར་འཇལ་བ་ཉིད་དོ། །བདུན་པ་ནི། སྲིད་གསུམ་བསྒྲལ་བའི། ཞེས་པ་ནས། ཆེན་པོ་རྒྱུན་མི་འཆད། །ཅེས་པའི་བར་གྱིས་བསྟན་ཏེ། སྲིད་པ་ཁམས་གསུམ་པོ་ཉིད་བསྒྲལ་བའི་ཞིང་དུ་གྱུར་པ་ཡིན་ཏེ་མཉམ་པ་ཉིད་དང་འགལ་བའི་རྟག་ཆད་ཀྱི་འཁྲུལ་མཐའ་འཛིན་པ་ཡིན་པས་འདི་དག་ཐམས་ཅད་སྟོང་པ་ཉིད་དུ་ཇི་ལྟ་བར་རྟོགས་པའི་ཤེས་རབ་མཆོག་ནི་དེ་དག་སྐད་ཅིག་གིས་མི་གནས་པར་བྱེད་པས་མཚོན་ཆའི་རྒྱལ་པོ་རབ་ཏུ་རྣོན་པོ་ཡིན་པས། རྟོགས་པ་དེ་ཡིས་འཇིག་རྟེན་གསུམ་པོ་ཐམས་ཅད་དངོས་པོ་མེད་པར་བསད་དེ་འབྲས་བུའི་ལས་མཐར་ཕྱིན་པའམ་མཐའ་ལས་འདས་པའི་ཡེ་ཤེས་སུ་བྱུང་ཐེབས་པས་ན། ཡེ་ནས་སྒྲོལ་བྱ་སྒྲོལ་བྱེད་མེད་པར་མཉམ་པའི་དབྱིངས་སུ་སྒྲོལ་བ་ཆེན་པོ་རྒྱུན་མི་འཆད་དེ་དེའི་ངང་ལས་འདའ་མ་མྱོང་བའོ། །བརྒྱད་པ་ལ་གཉིས་ཏེ། གཞལ་ཡས་ཁང་གི་ཏིང་ངེ་འཛིན། སྐུ་གདུང་རྒྱུན་གྱི་ཏིང་ངེ་འཛིན་ནོ། །དང་པོ་ལ་གཉིས་ཏེ། གཞན་ཡས་ཁང་གི་ངོ་བོ་བསྟན་པ། དེ་ཡི་དོན་རྫོགས་ལུགས་བཤད་པའོ། །དང་པོ་ནི། སྣང་སྲིད་དག་པའི། ཞེས་པ་ནས། དཀྱིལ་འཁོར་རྒྱུན་མི་འཆད། །ཅེས་པའི་བར་གྱིས་བསྟན་ཏེ། དཀྱིལ་འཁོར་གྱི་ངོ་བོ་སྣང་སྲིད་རྣམ་པར་དག་པའི་གཞལ་ཡས་ཁང་གི་གནས་སུ་གཞི་དོན་གྱི་ཀུན་གཞི་དཔལ་གྱི་མཎྜལ་ལ། རྣམ་ཤེས་ཚོགས་བརྒྱད་ཀྱིས་ཐིག་ཆེན་པོའི་སྲད་བུ་བརྒྱད་དུ་གསལ་བ་ཉིད། ཡེ་ཤེས་ཀྱི་ཚོགས་བརྒྱད་དུ་མ་སྤངས་རང་ཤར་བར་རྟོགས་ཏེ་ཐག་ཆོད་པས་རང་རིག་ཅིར་ཡང་གསལ་བར་ཡེ་ནས་བཏབ་པའི་དཀྱིལ་འཁོར་ཆེན་པོ་རྒྱུན་མི་འཆད་པར་མཇལ་བ་ཉིད་དོ། །གཉིས་པ་ནི། འོག་གི། དེ་བཞིན་ཉིད་ཀྱི། ཞེས་པ་ནས། རྒྱ་མཚོ་རྒྱུན་མི་འཆད། །ཅེས་པའི་བར་གྱིས་བསྟན་ཏེ། བཞུགས་གནས་གྱི་རྨང་གཞིའི་ངོ་བོ་དེ་བཞིན་ཉིད་ཀྱི་ས་གཞི་དེ་ཁོ་ན་ཉིད་དུ་ཡེ་ནས་གནས་པ་ལ། ཀུན་གཞི་མ་བཅོས་པའི་བཞུགས་གནས་ཇི་བཞིན་པ་ཡི་གཞལ་ཡས་ཁང་ཚད་དང་བྲལ་བའི་ངོ་བོ་ཉིད་དུ་རང་སྣང་བའི་རྨང་ནི་ཡང་དག་པའི་དོན་མ་ནོར་མ་བཅོས་པའི་རང་བཞིན་མི་འགྱུར་བའི་ཆོས་ཉིད་དུ་རང་སྣང་བའི་རྨང་ཆེན་གྱིས་བརྟེན་པ་ལ། རྩིག་པ་ནི། བྱང་ཆུབ་ཀྱི་སེམས་བཅུའི་རིམ་པ་བཤད་པ་བཞིན་གྱི་རྩིག་པ་ཆེན་པོས་གཏམས་པ་དང་། སྐར་མཐོང་ནི་རང་བྱུང་གི་ཡེ་ཤེས་ཆེན་པོ་ལ་ཡེ་ཤེས་ལྔ་ཡི་ངོ་བོ་ཐ་དད་མེད་པར་ཤར་བ་ཉིད་ཀྱི་དོན་ཏེ་ཕྱོགས་བཞི་ནས་དབུས་དང་ལྔར་སྣང་བའི་སྐར་མཐོང་དུ་གསལ་བའོ། །སྒོ་ནི། བསྡུ་བའི་དངོས་པོ་རྣམ་པ་བཞི་དང་། ཚད་མེད་པ་བཞི་དང་། རྣམ་པར་ཐར་པ་བཞིའི་སྒོ་བཞི་བསྣོལ་མ་རིམ་གསུམ་དུ་ཤར་བའོ། །དྲན་པ་ཉེ་བར་བཞག་པ་བཞི་དང་ཡང་དག་པར་སྤོང་བ་བཞི་ལྷུན་གྱིས་རྫོགས་པའི་ཕྱིར་ཕྱི་ནང་གི་ཐེམ་སྐས་བརྒྱད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞིའི་ཕྱིར་རྟ་བབས་རྣམ་བཞི་དག་གིས་བརྒྱན་པའོ། །མི་འཇིགས་པ་བཞི་ལྷུན་གྱིས་རྫོགས་པའི་ཕྱིར་སྟེང་གི་རིག་པའི་གདུང་ཆེན་བཞི་བསྣོལ་མའི་དོན་ལ། ཡང་དག་པའི་རྟོགས་ལ་སོགས་པ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་འབྲས་བུར་འདེགས་པས་བརྒྱད་ཀྱི་ཀ་བས་མཛེས་པར་གདུང་སྣ་ནས་བཏེགས་པའི་དོན་ཏོ། །རྒྱུ་རྐྱེན་ལས་མ་བྱས་པའི་རང་བྱུང་གི་ཡེ་ཤེས་ཆེན་པོའི་ངོ་བོ་ཉིད་རིལ་འདུས་པའི་དབུ་རྩེར་འཕགས་ཏེ་བླར་གྱུར་པ་ཉིད་དོ། །དོན་དམ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ལྷུན་གྱིས་རྫོགས་པས་བར་ཁྱམས་གཉིས་ཀྱིས་ངེས་པར་མཛེས་པའི་དོན་ཏོ། །རང་བྱུང་གི་ཡེ་ཤེས་འབྱུང་འཇུག་མེད་པའི་ངོ་བ ོ་ཐུགས་རྗེའི་ཀུན་ལ་སྙོམས་པས་ཅིར་ཡང་སྣང་བའི་ཡོན་ཏན་གཡོ་བ་མེད་པ་ལས་བྱིན་རླབས་ཀྱི་སྣང་བ་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་རྒྱན་གྱིས་མཛེས་པར་བརྒྱན་པའི་དོན་དང་། ཆོས་ཉིད་ཀྱི་ངོ་བོ་མུ་མཐའ་མེད་པར་གདལ་བའི་བྱིན་རླབས་ཀྱི་བླ་རེར་བྲེས་པའི་དོན་ཏོ། །དྲིལ་བུ་དང་གཡེར་ཁ་ལ་སོགས་པ་སིལ་སྙན་གྱི་སྒྲ་སྒྲོགས་པ་གསུང་ལྔ་ལྷུན་གྱིས་རྫོགས་པའི་བྱིན་རླབས་ཀྱིས་གསང་བའི་ཐེག་པ་སྟོན་པའི་ཐེག་ཆེན་སྔགས་ཀྱི་རང་སྒྲར་འཆར་བའི་དོན་ཏོ། །དེ་ལྟར་གདུལ་བྱའི་བསམ་པ་ལ་སྣང་བའི་དོན་མ་བྲལ་བར་དུས་ཀུན་ཏུ་གསལ་བའང་རྒྱུན་གྱི་བསམ་པ་སྟེ་དངོས་དོན་རྒྱུ་འབྲས་ཀྱི་ཆོས་དེ་དག་ལྷུན་གྱིས་རྫོགས་པའི་ངོ་བོར་གསལ་བའི་རིག་པ་ཉིད་རྒྱལ་བའི་བཞུགས་གནས་དམ་པར་གྱུར་པས་རྒྱུན་གྱི་བསམ་པ་ཆེན་པོར་འཆར་ཏེ། གནས་ལུགས་ཇི་བཞིན་བ་ཡེ་མ་བསླད་པར་ལྷུན་གྱིས་རྫོགས་པའི་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་ནི། རྒྱལ་བའི་བཞུགས་གནས་ཕོ་བྲང་གི་དོན་ཏེ། བཞུགས་གནས་འདིར་ནི་རྒྱལ་བ་རྣམས་བཞུགས་པ་ཉེ་བར་བཟུང་བའི་རིམ་པའི་དོན་དེ་ལྟར་ངོ་བོའི་ཚུལ་འདི་ལྟར་བཞུགས་པར་རིགས་ཏེ། ངོ་བོ་ཉིད་ཀྱི་དབྱིངས་ནི་མཐའི་དྲི་མ་དང་བྲལ་བས་སྤྱོད་ཡུལ་ཡོངས་སུ་དག་པས་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་ཀྱི་ངོ་བོའི་ཆོས་ཉིད་མ་བཅོས་མ་བསླད་པ་ཉིད་རིལ་གྱི་བཞུགས་གནས་སུ་གྱུར་པའི་ངང་ལས། ཀུན་གཞི་བྱང་ཆུབ་ཀྱི་སེམས་ཡོན་ཏན་རྒྱུ་དང་འབྲས་བུའི་ཆོས་ཇི་སྙེད་པར་མ་འདྲེས་སོ་སོར་གསལ་བ་ལ། ངོ་བོ་འདི་འདྲར་མི་ཟིན་པས་ཡོངས་རྫོགས་ཐིག་ལེ་ཉག་གཅིག་ཏུ་གྱུར་པ་ནི་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་ཆོས་ཆེན་པོ་གསང་སྔགས་བླ་ན་མེད་པའི་ཐེག་པ་ཆེན་པོ་ཉིད་དོ། །དོན་དེ་འདུ་བྱེད་སེམས་པ་ལ་སོགས་པ་ལྔ་བཅུ་རྩ་གཉིས་ཀྱི་སེམས་དཔའ་མཆོག་གི་འཁོར་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་མ་སྤངས་བྲལ་བའི་ཡིད་ཡང་དག་པའི་ཡེ་ཤེས་ཀྱིས་ཡུད་ཙམ་གྱི་ཡུན་ལ་དོན་མཐོང་བ་ཉིད་ཀྱིས་རྣ་བ་ལ་བརྟེན་ནས་སྒྲ་ཡང་ངེས་པར་ཆོད་དེ་ཐོས་པས་ན་བསྟན་པ་རྒྱ་མཚོ་ལྟ་བུའི་ཆོས་ཀྱི་མཆོག་ཡང་གསང་ངེས་པའི་སྙིང་པོ་ཡིན་པས་དོན་ཇི་ལྟ་བ་བཞིན་མཇལ་བ་ཉིད་རྒྱུན་མི་འཆད་ལ་བྲལ་བའང་མེད་པ་ནི་བཤད་པ་ལྟར་རྒྱུན་གྱི་ཏིང་ངེ་འཛིན་ཆེན་པོའོ། །གཉིས་པ་ལ་གསུམ་སྟེ། ཁམས་གསུམ་མཆོད་རྟེན་དུ་བསྟན་པ། ཕྱི་སྣོད་ཀྱི་འཇིག་རྟེན་མཆོད་རྟེན་དུ་བསྟན་པ། ནང་བཅུད་ཀྱི་སེམས་ཅན་མཆོད་རྟེན་དུ་བསྟན་པའོ། །དང་པོ་ནི། གོང་གི། འདོད་ཁམས་རྨང་གི། ཞེས་པ་ནས། ཆོས་སྐུ་རྒྱུན་མི་འཆད། །ཅེས་པའི་བར་གྱིས་བསྟན་ཏེ། འདོད་པའི་ཁམས་ཀྱི་རྨང་གི་རི་རབ་ཀྱི་གཞི་ལ། གཟུགས་ཀྱི་ཁམས་རྣམས་བང་རིམ་ཁྲི་འཕང་དུ་བརྟན་ཅིང་། གཟུགས་མེད་ཁམས་ཀྱི་བུམ་རྟེན་བུམ་པར་བཅས་པའི་ཁམས་གསུམ་གྱི་སྣོད་བཅུད་གཉིས་ཀའི་རིམ་པ་མ་སྤངས་བྲལ་བས་ཡེ་ཤེས་ཀྱི་ཁམས་གསུམ་ཉིད་གདུང་ཆེན་ཆོས་ཀྱི་སྐུར་མ་འགག་པར་གསལ་བ་ཉིད་དུས་གསུམ་རྒྱུན་མི་འཆད་པའི་རང་སྣང་དུ་མཇལ་བའོ། །གཉིས་པ་ནི། ནམ་མཁའི་མེ་ཆུ། ཞེས་པ་ནས། གདུང་ཆེན་རྒྱུན་མི་འཆད། །ཅེས་པའི་བར་གྱིས་བསྟན་ཏེ། ཕྱི་སྣོད་ཀྱི་གནས་འབྱུང་བ་ཆེན་པོ་ནམ་མཁའ་དང་མེ་ཆུ་ས་རླུང་ལྔ་པོ་རྣམས་ལས་གྲུབ་པའི་རྨང་གི་གླིང་བཞི་ནི་རི་རབ་ཀྱི་རྟེན་དུ་སྣང་ལ། བང་རིམ་གྱི་རྣམ་པ་ཅན་གྱི་གསེར་གྱི་རི་བདུན་དང་བཅས་པ་རྣམས་ཀྱི་རི་རབ་དེ་ཉིད་ཀྱི་འོག་གི་བང་རིམ་དང་ཁྲི་འཕང་དང་བརྟན་པར་གནས་ལ་རི་བོ་མཆོག་རབ་ཆེན་པོ་ཡར་འཕགས་པ་ནི་བུམ་རྟེན་དང་བུམ་པར་བཅས་པ་ཉིད་དེ། དེ་ལྟར་སྣང་བ་ཉིད་ཡེ་དག་པའི་ཡེ་ཤེས་ཀྱི་སྐུར་གསལ་བའི་དོན་ཇི་ལྟ་བར་མཇལ་བ་འདི་ཡང་གདུང་ཆེན་པོའི་ཆོས་སྐུ་རྒྱུན་མི་འཆད་པའོ། །གསུམ་པ་ནི། འཛུགས་པའི་ཡན་ལག །ཅེས་པ་ནས། ཅོད་པན་ཕྲེང་བས་ཀླུབས། །ཞེས་པའི་བར་གྱིས་བསྟན་ཏེ། ནང་བཅུད་ཀྱི་དབང་དུ་བྱས་ཏེ། འཛུགས་པར་བྱེད་པའི་རྐང་ལག་གི་ཡན་ལག་བཞི་ནི་རྨང་རྟེན་དང་། འཁོར་ལོ་རིམ་པར་རྟེན་པའི་རྒལ་ཚིགས་ཀྱི་ཚོགས་ཆེན་པོ་ཉིད་ཁྲི་འཕང་དུ་བརྟན་ལ། ཡན་ལག་གི་དང་པོ་མགོ་བོ་ཉིད་དབང་པོ་དང་ལྡན་པའི་བུམ་རྟེན་བུམ་པ་དང་བཅས་ཏེ། སྐྲའི་ལྕང་ལོ་ཅོད་པན་གྱི་ཕྲེང་བས་ཀླུབས་པའི་དངོས་པོའི་ལུས་ཉིད་ཡེ་མ་སྤངས་དག་པ་ཡེ་ཤེས་ཀྱི་ལུས་སུ་བྱུང་བ་ཉིད་སྐུ་གདུང་ཆེན་པོར་རྟོགས་པའོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། སྔར་གོང་ནས་བཞག་པའི། རྒྱ་མཚོ་གནོན་དང་། ཞེས་པ་ནས། ཡུལ་ལ་སོ་སོར་སྣང་། །ཞེས་པའི་བར་གྱིས་བསྟན་ཏེ། དེའང་ཆོ་འཕྲུལ་ཐ་དད་ལ་ཏིང་ངེ་འཛིན་དུ་བསྒོམ་པས་རྩལ་སྦྱང་བ་འགྲུབ་པའི་ཕྱིར། རྒྱ་མཚོ་རྐང་པས་གནོན་པའི་ཏིང་ངེ་འཛིན་ནི། བཤད་པ་ལྟར་རྣམ་གསུམ་རིམ་པར་བསྐྱེད་པའི་རྒྱུ་ལས་ལྷར་གསལ་བས། རྒྱ་མཚོ་རྡོ་རྗེ་གཏམས་པར་སྒོམས་ཏེ། དེ་གསལ་བ་སྟོབས་ཅན་དུ་གྱུར་བ་དང་། རྒྱ་མཚོ་རྐང་པས་བགྲོད་དེ། དེ་ལ་གནས་པའི་འགྲོ་བ་རྣམས་འོད་ཟེར་དུ་སྤྲུལ་པས་སྒོ་གསུམ་སྦྱངས་ཏེ་ཐར་པ་ལ་བསྐྱལ་བར་བྱ་བ་དང་། ནམ་མཁའི་སྐས་ལ་འཛེགས་པ་ནི། ལྷར་གསལ་བ་ལས་ནམ་མཁའ་ལ་ཧཱུྃ་ལས་རྡོ་རྗེའི་སྐས་དང་ས་གཞི་གོམས་པས་སྟོབས་ཅན་དུ་གྱུར་བ་དང་། ཕན་ཚུན་འགྲོ་བའི་ཚུལ་གྱིས་བགྲོད་ནས་སྣང་སྲིད་ལྟ་ཞིང་བཤད་པ་ལྟར་དེ་ན་གནས་པའི་འགྲོ་དོན་བྱ་བ་དང་། རླུང་འཆིང་བའི་ཏིང་ངེ་འཛིན་ནི། ནམ་མཁའི་གཞི་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་པའི་དབུས་སུ་བདག་གནས་ཏེ་བསྒོམ་པ་ཤིན་ཏུ་བརྟན་པ་དང་། ཟླ་བའི་འོག་ནས་ཡེ་ཤེས་ཀྱི་རླུང་གིས་བཏེགས་ཏེ་ཤིན་ཏུ་རླུང་མགྱོགས་པའི་ཤུགས་ཀྱིས་རྒྱལ་བའི་ཞིང་ཀུན་ཏུ་བགྲོད་པ་དང་། ནམ་མཁའི་གཏོས་རྡོ་རྗེ་གཏམས་པར་སྒོམས་ཏེ་རླུང་གིས་བསྒུལ་མི་ནུས་པར་བྱ་བ་དང་། ཆུ་བོ་ཆེན་པོའི་རྒྱུན་བཟློག་པའི་ཏིང་ངེ་འཛིན་ནི་རྗེས་སུ་མཐུན་པར་སྦྱར་བ་དང་། བསྲེག་པའི་བསྐལ་པ་གཞིལ་བ་ནི། བསྐལ་པའི་མེ་གཞིལ་བ་དང་དམྱལ་བའི་མེ་གཞིལ་བའོ། །བསྐལ་པའི་མེ་གཞིལ་བ་ནི། ལྷར་གསལ་བའི་སྡིགས་མཛུབ་ཀྱི་རྩེ་མོ་ལ། ཨ་ལས་ཟླ་བ་བསམ་པ་ཤིན་ཏུ་བརྟན་པ་ལས་ཆུ་རྒྱུན་ཕབ་ལ་གཞིལ་བའོ། །དམྱལ་བའི་མེ་གཞིལ་བ་ནི། རྣལ་འབྱོར་པའི་ལག་མཐིལ་དུ་འཁོར་ལོ་བསམ་པའི་ལྟེ་བ་ལ། ཨ་ལས་ཟླ་བའི་སྟེང་དུ་ཁཾ་སྔོན་པོ་བསམ་པ་ལས་བདུད་རྩིའི་ཆུ་རྒྱུན་ཕབ་ལ་དམྱལ་བའི་མེ་བསད་པ་དང་། ཉི་ཟླ་ཞོན་པ་ནི། ནམ་མཁའི་གཞི་ཉི་མའི་དཀྱིལ་འཁོར་མའི་ས་བོན་ལས་བསྐྱེད་པའི་དབུས་སུ་བདག་གནས་པར་བསྒོམ་པ་བརྟས་པ་དང་དེ་ལས་ཉི་མ་འབུམ་གྱི་འོད་བཀྱེ་ནས་མུན་པ་བསལ་བ་སྟེ་ཟླ་བའང་ཇི་ལྟར་རིགས་པར་སྦྱར་བ་དང་། འཇིག་རྟེན་རྒྱང་མར་འཕང་བ་ནི། རྣལ་འབྱོར་པའི་ལག་མཐིལ་དུ་སྟོང་གི་འཇིག་རྟེན་སྒོམས་པ་དེ་ཤིན་ཏུ་བརྟན་པ་དང་། ནམ་མཁའི་ཁམས་སུ་འཕངས་ཏེ་ས་ནས་སར་འཕར་བར་བྱ་སྟེ་འོག་ནས་འཆད་པར་འགྱུར་རོ། །གཞན་ཡང་ས་དང་ལུས་མི་དམིགས་པའི་སྟོབས་ཀྱིས་ས་ལ་བྱི་བ་ལྟར་འཛུལ་བ་དང་། རི་རབ་འདེགས་པ་དང་། སྟོང་གསུམ་ཡུངས་འབྲུར་རམ་དེ་ཙམ་དུ་འཇུག་ཅིང་ཚུད་པའི་ཚུལ་དུ་བྱ་བ་དང་། ཕ་རོལ་གྱི་དཔུང་གཞིག་ཅིང་གཞིལ་བ་དང་། གནས་རྣམས་སྤར་བ་དང་། ལ་སོགས་པ་ཞེས་དངོས་པོ་གཞན་བསྡུ་བ་ནི། གསོ་གསད་ཕམ་རྒྱལ་དང་དགུག་བཅིང་དགྲོལ་བ་ལ་སོགས་པའི་ལས་མཐའ་ཡས་པ་རྣམས་ཏེ། བསམ་བྱ་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་ཏིང་ངེ་འཛིན་ལ་གོམས་པ་ལས་སུ་རུང་བ་ཡི་སྐབས་ན་འགྲུབ་པས་རྣལ་འབྱོར་པ་རིག་པ་འཛིན་པའི་ས་ལ་ཏིང་ངེ་འཛིན་གྱི་རྩལ་ཆེན་པོ་སྦྱོང་བའི་ཕྱིར་བསམ་བྱ་དེ་དག་བསྒོམ་པར་ཟད་དོ། །ཆོ་འཕྲུལ་འདི་དག་ཡི་གེའི་རྣལ་འབྱོར་པས་ལྷ་དགུ་ཉིད་དང་བཅུ་ལ་གོམས་ནས་འགྲུབ་ལ། མཚན་མེད་པས་ཟག་མེད་མ་ཐོབ་བར་དུ་མི་འགྲུབ་སྟེ། ཕྱིའི་མངོན་རྟགས་ཤས་ཆེ་བས་སོ། །ཞེས་ཀུན་མཁྱེན་ཀཿཐོག་པ་ཆེན་པོས་གསུངས། དེས་ན་དཔེར་འཇིག་རྟེན་གྱི་བྱ་བ་བསྒྲུབ་པ་དང་འདྲ་བའོ། །དེ་དག་གི་རྒྱུ་དང་ཁྱད་པར་ཐུན་མོང་དུ་བསྟན་པའི་ཕྱིར། བཟླས་པ་མཐར་ཕྱིན་ཏེ་ཚད་དུ་ཕྱིན་པར་གྲུབ་པ་དང་། ཕྱག་རྒྱ་བཅིང་ཞིང་སྒོམ་པ་ཡོངས་སུ་རྫོགས་པ་དང་། ཏིང་ངེ་འཛིན་གྱི་བསམ་པ་ལས་སུ་རུང་བ་དང་། ལྟ་བས་སེམས་ཀྱི་དོན་མཐོང་ཞིང་རྟོགས་པ་དང་། ངག་གི་བདེན་པའི་ཚིག་གྲུབ་པ་དང་། འགྲོ་དོན་བྱ་བའི་ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པ་དག་ལ་བཤད་པའི་རྩལ་རྣམས་འབྱུང་བའང་གཞི་དོན་བསམ་བྱ་གཅིག་གི་ཡུལ་ལ་གོམས་པ་དང་མ་གོམས་པའི་བློའི་སྟོབས་ཀྱིས་སའི་ཁྱད་པར་གོང་འོག་སོ་སོར་སྣང་བར་འབྱུང་བའོ། །གཉིས་པ་ལ་བདུན་ཏེ། ནམ་མཁའི་སྐས་བགྲོད་པའི་ཏིང་ངེ་འཛིན། རྒྱ་མཚོ་གནོན་པའི་ཏིང་ངེ་འཛིན། རླུང་བཅིང་བ་དང་ཟླ་བ་ཞོན་པའི་ཏིང་ངེ་འཛིན། ཉི་མ་ཞོན་པའི་ཏིང་ངེ་འཛིན། ཆུ་རྒྱུན་བཟློག་པའི་ཏིང་ངེ་འཛིན། སྲེག་པའི་བསྐལ་པ་གཞིལ་བའི་ཏིང་ངེ་འཛིན། འཇིག་རྟེན་འཕང་བའི་ཏིང་ངེ་འཛིན་ནོ། །དང་པོ་ནི། རྡོ་རྗེ་ནམ་མཁའི། ཞེས་པ་ནས། དེ་ཡུལ་ཡངས་པར་འགྱུར། །ཞེས་པའི་བར་ཡིས་བསྟན་ཏེ། ལྟས་དང་སྦྱོར་བས་ཆོ་འཕྲུལ་དང་ས་གོང་མ་སྒྲུབས་པས་རྒྱལ་བར་བསྟན་པའི་ཕྱིར། མི་དམིགས་པའི་ངང་ལས་ནམ་མཁའ་ལ་ཧཱུྃ་ལས་རྡོ་རྗེའི་ཐེམ་པ་དང་སྐས་བསྒོམ་ནས་བརྟན་པ་དང་། ནམ་མཁའི་སྐས་དེར་བགྲོད་ནས་བདག་ནམ་མཁའི་དབྱིངས་ཀྱི་དབུས་སུ་འདུག་ཅིང་གནས་པར་གྱུར་ནས་སྣང་སྲིད་མཐའ་ཡས་ཐུག་པ་མེད་པ་ལ་བལྟ་བར་བྱས་པ་དེས་ནི་རྣལ་འབྱོར་པ་དེ་ཡིས་སེམས་ཀྱི་ཡུལ་ཡངས་ཤིང་རྒྱ་ཆེ་བར་འགྱུར་རོ། །དེ་ནི་བཤད་པ་བཞིན་ནམ་མཁར་བགྲོད་པའི་ཏིང་འཛིན་ནོ། །གཉིས་པ་ནི། རྒྱ་མཚོ་རྡོ་རྗེ། ཞེས་པ་ནས། དམ་པའི་རྡོ་རྗེ་བྱ། ཞེས་པའི་བར་གྱིས་བསྟན་ཏེ། རྐང་པའི་ཞབས་སུ་རྒྱ་མཚོ་ལ་རྡོ་རྗེ་རྒྱ་གྲམ་བསམ་པས་གཏམས་པ་དང་སྡིགས་མཛུབ་ལ་ཧཱུཾ་ལས་རྡོ་རྗེ་བསམ་པས་གཏམས་པ་གཉིས་བྱས་ཏེ། མཚོ་དེ་ལ་གནས་པའི་སེམས་ཅན་རྣམས་ལ། དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་བྱིན་གྱིས་བརླབས་པ་བརྟན་པར་བྱས་ཏེ། གདུལ་བྱ་ཐམས་ཅད་དམ་པའི་རྡོ་རྗེར་བྱ་ཞིང་དོན་བྱེད་པའོ། །གསུམ་པ་ནི། ནམ་མཁའ་དབྱིངས་ཀྱི། ཞེས་པ་ནས། ཀུན་ཏུ་བགྲོད་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། བདག་ཉིད་ནམ་མཁའ་དབྱིངས་ཀྱི་ལིང་ག་ལ་ཟླ་བའི་དཀྱིལ་འཁོར་ཀྱི་དབུས་སུ་གནས་པར་སྒོམ་པ་ཉིད། མྱུར་མགྱོགས་ཡེ་ཤེས་ཀྱི་རླུང་ཟླའི་འཕེེན་ཤུགས་ཀྱིས་ཞིང་ཁམས་རྣམ་ཀུན་ཏུ་བགྲོད་དེ་གདུལ་བྱའི་དོན་སྒྲུབ་པར་བྱ་བ་དང་། ནམ་མཁའི་གཏོས་རྡོ་རྗེས་གཏམས་པས་རླུང་མི་འགུལ་བའོ། །བཞི་པ་ནི། ནམ་མཁའི་དབྱིངས་ཀྱི། ཞེས་པ་ནས། གནས་རྣམས་ཐམས་ཅད་གསལ། །ཞེས་པའི་བར་གྱིས་བསྟན་ཏེ། ནམ་མཁས་ཀུན་ཏུ་དྭངས་པའི་དབྱིངས་ཀྱི་ལིང་ག་ལ་མུན་པ་གསལ་བའི་ཉི་མའི་དཀྱིལ་འཁོར་བསམ་ནས་དེའི་དབུས་སུ་རྣལ་འབྱོར་པ་གནས་པར་བྱས་ཏེ། ཉིད་ལ་ཉིད་ཤིན་ཏུ་གསལ་ཞིང་ངེས་པར་གྱུར་པ་དང་། ཕྱི་ནང་གི་མུན་པ་རྣམ་པར་དག་པའི་གནས་རྣམས་ཐམས་ཅད་སྣང་ཞིང་གསལ་བར་བྱེད་པའོ། །ལྔ་པ་ནི། འོག་གི། རྣལ་འབྱོར་སྡིགས་པའི། ཞེས་པ་ནས། མུན་པ་ཐམས་ཅད་བསལ། །ཞེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་པས་ཕྱག་གི་སྡིགས་པའི་མཛུབ་མོ་ལ་ཉི་མའི་དཀྱིལ་འཁོར་འོད་འབར་བ་རེ་བསམ་པ་ལས། དེའི་ཟེར་ལས་ཉི་མ་འབུམ་ཕྲག་མང་པོ་འཕྲོས་པས། ཕྱི་བསྐལ་པའི་མུན་པ་དང་ནང་མ་རིག་པའི་མུན་པ་ཐམས་ཅད་བསལ་ནས་འབྱུང་བའི་ཆུ་བོའི་རྒྱུན་དང་འཁོར་བའི་ཆུ་རྒྱུན་ཟློག་སྟེ་དོན་མཆོག་གསལ་བར་བྱེད་པའོ། །དྲུག་པ་ལ་གཉིས་ཏེ། ནང་གི་སྲེག་པ་གཞིལ་བ། ཕྱིའི་སྲེག་པ་གཞིལ་བའོ། །དང་པོ་ནི། རྣལ་འབྱོར་ལག་གི། ཞེས་པ་ནས། དམྱལ་བའི་མེ་ཆེན་གསད། །ཞེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་པས་ལག་གི་དཀྱིལ་འཁོར་གྱི་མཐིལ་དུ་འཁོར་ལོ་བསམ་པ་ལས། དེའི་ལྟེ་བར་ཨ་ལས་ཆུ་ཟླའི་དཀྱིལ་འཁོར་རབ་ཏུ་གསལ་བ་ལ་ཁཾ་སྔོན་པོ་བསམ་པས། དེ་ལས་བདུད་རྩིའི་ཆུ་བོ་ཆེན་པོའི་རྒྱུན་བྱུང་བས་སྲེག་ཅིང་འབར་བ་དམྱལ་བའི་མེ་ཆེན་པོ་གསད་དེ་རབ་ཏུ་ཞི་བར་བྱེད་པའོ། །གཉིས་པ་ནི། གོང་གི། རྣལ་འབྱོར་སྡིགས་མཛུབ། ཅེས་པ་ནས། སྲེག་པའི་བསྐལ་པ་གཞིལ། ཞེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་པས་སྡིགས་འཛུབ་ཀྱི་རྩེ་མོ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་འོད་འབར་བ་གསལ་ཏེ་ཤིན་ཏུ་བརྟན་པར་གྱུར་པ་དང་། དེ་ལས་ཆུ་རྒྱུན་ཕབ་བ་དེས་འཇིག་རྟེན་སྲེག་པའི་མེ་ཡི་བསྐལ་པ་གཞིལ་བར་བྱེད་པའོ། །བདུན་པ་ནི། རྣལ་འབྱོར་ལག་གི། ཞེས་པ་ནས། སར་ནི་སྤར་བར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་པས་ལག་གི་དཀྱིལ་འཁོར་གྱི་མཐིལ་དུ་སྟོང་གསུམ་གྱི་འཇིག་རྟེན་འཁོར་ཡུག་དང་བཅས་པ་སྒོམ་ཏེ་ཤིན་ཏུ་བརྟན་པ་ན་ནམ་མཁའི་ཁམས་སུ་རྒྱང་མར་འཕངས་ནས་ནི་དེ་ཡི་ཡོན་ཏན་གྱིས། དེ་ན་གནས་པའི་སེམས་ཅན་རྣམས་ཀྱང་རང་རང་གི་སྐལ་བ་བཞིན་ས་ནས་སར་ནི་སྤར་བར་བྱ་བའོ། །དེ་ལྟར་བཤད་པ་དང་མདོ་རྒྱས་ཀྱི་དབང་དུ་བཀའ་སྩལ་ཀྱང་བསམ་པ་ལ་མི་འདྲ་བ་མེད་པས་སྦྱར་ཏེ་ཤེས་པར་བྱའོ། །ལྔ་པ་མདོ་སེམས་སུ་འདུས་པར་བསྟན་པ་ནི། གཞན་ཡང་ལང་ཀའི། ཞེས་པ་ནས། ཏིང་འཛིན་སེམས་ཉིད་གཙོ། །ཞེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་ལང་ཀའི་བདག་པོ། ཞེས་བོས་ནས། ཏིང་ངེ་འཛིན་མི་མཐུན་པའི་དོན་ཀུན་གྱི་མདོ་གང་དུ་འདུས་པ་ངེས་པར་གཟུང་ནས་ཉེ་བར་བསྟན་པ་ནི། འདི་ཁོ་ནར་འདུས་པར་གསུངས་པས། སྟོན་པར་འགྱུར་པ་འདི་ཁོ་ན་ལྟར་ཤེས་པར་བྱའོ། །ཏིང་ངེ་འཛིན་གྱི་སྒོ་ཇི་སྙེད་ཅིག་ཏུ་བསྟན་པའི་རྩ་བ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་ངོ་བོ་ཉིད་ནི། མཚན་ཉིད་ཅིར་ཡང་སྣང་ལ་གཅིག་ཏུ་མ་ངེས་པར་གྱུར་པས་སྒྱུ་མའི་རང་བཞིན་དང་ཆོས་མཐུན་པར་ཁོ་ན་ཡིན་ཏེ། དེ་བས་ན་རིག་པས་ཇི་ལྟར་བརྟགས་ཤིང་བསྒོམ་པ་དེ་ལྟར་ཆོས་སྣ་ཚོགས་པ་རྣམས་སུ་སྣང་བའི་ཕྱིར་རྩ་བའི་མདོ་སེམས་སུ་ངེས་པའོ། །བསྒོམ་པའི་དོན་སྣ་ཚོགས་པ་ཇི་ལྟ་བུར་འབྱུང་ཞིང་ཤར་བའི་ཆོས་རྣམས་ཀུན། བསམ་པ་ཙམ་གྱིས་སྐད་ཅིག་དེ་མ་ཐག་བར་མངོན་དུ་མ་གྱུར་ཀྱང་། བསྒོམ་བྱ་དེ་ཁོ་ན་ཉིད་ལ་དངོས་པོ་ཇི་ལྟར་བསམ་ཞིང་གང་ལྟར་བརྟགས་པ་དེ་ལྟར་མཐུ་བརྟས་ཤིང་གོམས་པའི་དབང་གིས་ཅིར་ཡང་སྣང་དུ་བཏུབ་པར་འགྱུར་རོ། །དེ་ལྟར་གསལ་བ་ཡང་། འགྲོ་བའི་སྐྱེ་བོ་བརྟགས་པར་ཞེན་པས་གདོས་བཅས་ཀྱི་སྤྱོད་ཡུལ་ཅན་ལ་བེམས་པོ་ཐེར་ཟུག་ཏུ་སྣང་བས་ན་ཏིང་འཛིན་གྱི་འབྲས་བུ་མངོན་ཤེས་མེད་པའི་མཐོང་ཡུལ་དུ་མི་སྣང་ཡང་། མི་མཐུན་པ་སྟོན་པའི་དོན་ནི་ཡིད་ཀྱི་གཟུགས་ཅན་མངོན་ཤེས་ཡོད་པའི་སྡེ་བརྒྱད་ཀྱིས་མཐོང་ཞིང་། ཀུན་མཁྱེན་རྒྱལ་བ་དང་མངོན་ཤེས་ཅན་གྱི་དམ་པ་དག་ལ་སྣང་བའི་ཆ་ཡོད་པས་ཀྱང་གསལ་བར་བསྒོམ་དགོས་ཏེ། དེ་ལྟར་གསལ་པོར་ཡུན་བསྲིངས་ཏེ། བསྒོམ་བྱའི་དངོས་པོ་གང་ལ་ཡང་ནས་ཡང་དུ་བརྟགས་ཤིང་གོམས་པས་དེ་ལྟར་ཏིང་ངེ་འཛིན་དེ་ཡི་མཐུ་བརྟས་པར་གྱུར་ན། མཇུག་ཏུ་རིག་པའི་མངོན་སུམ་དུ་བྱས་པ་དེ་ཉིད་དབང་པོའི་མངོན་སུམ་དུ་གསལ་པོར་རེད་དེ་སྣང་བར་འགྱུར་བ་ངེས་པར་འབྱུང་བས་ཐེ་ཚོམ་མི་ཟ་བར་བསྒོམ་པར་བྱའོ། །ཡང་ན་མི་མཐུན་པ་སྟོན་པའི་དོན་ནི་མ་ནོར་བའི་ལམ་པ་ལ་སྣང་བཏུབ་པ་སྟེ། འགྲོ་བས་བརྟགས་པའི་རྟོག་ཡུལ་རིལ་རང་རྒྱུད་པ་གཞི་ནས་མེད་དེ་རང་རིག་པ་ཉིད་སྣང་བས་སྣང་བ་རིལ་རང་རིག་པའི་སྐུའི་ངོ་བོར་གསལ་བས་ཐ་དད་མེད་ཅིང་འབྲེལ་བ་ཅན་པས་མངོན་སུམ་བཞི་ཀར་གསལ་ཞིང་རིག་པའང་རིག་པ་ཉིད་སྣང་བ་སྟེ། རིག་པ་རིལ་གྱི་དངོས་གཞི་བས་གང་ལྟར་བསམ་པ་སྣང་ཞིང་དེ་ལ་འདྲིས་ཤིང་གོམས་པ་བརྟན་པ་དང་མཇུག་མངོན་ཤེས་དང་རྣམ་པ་ཐམས་ཅད་མཁྱེན་པ་འབྱུང་བར་འགྱུར་རོ། །དེའི་ཕྱིར་ཡོད་མེད་དང་ལེགས་ཉེས་ལ་སོགས་པ་མཐའ་གཉིས་པའི་ཆོས་སོ་ཅོག་གི་རང་བཞིན་རྣམས་རང་རྒྱུད་པ་མེད་པར་བརྟགས་པ་ཙམ་བརྡ་ཡིས་སྣང་བ་ལས་ངོ་བོ་མ་ངེས་པ་ནི། དཔེར་ན་ཆུ་ཁམས་ཀྱི་རྒྱུན་བརྟས་པ་ཉིད་འགྲོ་བར་བཏུབ་པ་དང་གྲང་རེག་གིས་ཆབ་རོམ་དུ་འགྱུར་བ་ལྟ་བུར་ངེས་པར་ཟད་དེ། འཁོར་འདས་ཅིར་ཡང་སྣང་བ་ཐམས་ཅད་རིལ་སེམས་ཉིད་འདི་ཡིས་དབང་དུ་བསྒྱུར་བར་བྱེད་ནས་སྣང་བར་འགྱུར་བའི་ཕྱིར་ཏེ། དེས་ན་རྩ་བ་ཏིང་ངེ་འཛིན་གྱི་སེམས་ཉིད་ལ་རག་ལས་པ་ཡིན་པས་འབྲས་བུའི་གཙོ་བོའི་རྒྱུ་ཁོ་ནར་གཞག་སྟེ་བསྟན་པར་མཛད་པའོ། །གསུམ་པ་ནི། དཔེར་ན་རྒྱ་མཚོར། ཞེས་པ་ནས། བྱ་བ་རབ་ཏུ་གཅེས། །ཞེས་པའི་བར་གྱིས་བསྟན་ཏེ། དཔེར་ན་རྒྱ་མཚོར་ཕྱིན་ཏེ་ནོར་བུ་ལེན་པའི་མི་དག་ནི། སྦྲུལ་དང་ཆུ་སྲིན་དང་སྦྲང་མ་ལ་སོགས་པ་ཤིན་ཏུ་གདུག་པའི་སྡུག་བསྔལ་ཀུན་ཁྱད་དུ་བསད་དེ་དཀའ་བས་ཉམས་སུ་བླངས་པས་དོན་འགྲུབ་པ་ཉིད་དེ། འདི་ནི་ཏིང་ངེ་འཛིན་གྱི་ཆོས་མཐུན་པ་སྟེ་དཀའ་བས་འབད་པར་བྱེད་པའོ། །དཔེ་དེ་བཞིན་དུ་མཚོན་པར་བྱ་བའི་དོན་ནི། རྣལ་འབྱོར་དམ་པ་བདེ་བ་ཆེན་པོའི་ཡེ་ཤེས་རབ་ཏུ་གསང་བ་ཉིད་ཡང་དག་པར་ཚོལ་བར་བྱེད་པ་དེ་ཡིས། རྣམ་པར་རྟོག་པ་བྱིང་རྨུགས་དང་འཕྱར་གཡེང་ལ་སོགས་པ་ཏིང་ངེ་འཛིན་གྱི་དགྲ་གཞོམ་པར་དཀའ་བའི་བྱེད་ལས་ཅན་འདི་དག་གཞོམ་སྟེ་དོན་ལ་མཁས་པས་ཉམས་སུ་བླངས་ན་ཏིང་ངེ་འཛིན་གྱི་བདེ་བ་དམ་པ་ཐོབ་ཅིང་རྙེད་ནས་ཡོན་ཏན་རྒྱ་མཚོ་ལྟ་བུའི་གཏེར་མཛོད་དུ་འགྱུར་རོ། །ཇི་སྐད་བསྟན་པ་འདི་ནི་ཏིང་ངེ་འཛིན་དམ་པ་ཡི་སྙིང་པོ་རབ་ཏུ་གསལ་བ་ཉིད་ཚུལ་བཞིན་དུ་ཉམས་སུ་བླངས་པའི་བསླབ་པ་ཕུལ་དུ་བྱུང་བ་སྟེ། དེ་ལྟར་སེམས་ཉིད་ཀྱིས་སྙིང་པོའི་དོན་ལ་གོམས་པར་བྱ་བའི་ལས་ལ་བརྩོན་པས་འབད་དེ་འདྲིས་པར་བྱ་བ་ཉིད་རབ་ཏུ་གཅེས་པ་ཡིན་ནོ། །ཞེས་གདམས་པར་མཛད་དོ། །བཞི་པ་ནི། གྲོགས་པོ་དག །ཅེས་པ་ནས། རྙེད་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཅེས་བོས་ནས། བཤད་པའི་དོན་བསྟན་པ་དེ་དག་ནི་ཉམས་སུ་ཏིང་ངེ་འཛིན་གྱིས་བླངས་པས་དགོངས་པའི་ཉམས་རྙེད་པ་ཉིད་དུ་ཤེས་པར་བྱའོ། །ཞེས་སྟོན་པ་གསང་བདག་ཆེན་པོས་དེ་སྐད་ཅེས་སྨྲས་ཏེ་དོན་བསྟན་པས། རིག་འཛིན་འགྲོ་བའི་ལུས་ཅན་གྱི་དམན་པ་དམ་པ་དེ་རྣམས་གང་གི་དགོངས་པ་དེ་ཁོ་ན་ཉིད་དམ་པའི་ཉམས་དྲོད་དྲུག་རྙེད་པར་གྱུར་ཏེ་མཐར་ཐུག་གི་རྟོགས་པའི་གདེང་ཐོབ་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། རྣལ་འབྱོར་པས་ལྟ་བ་རྟོགས་པའི་ངང་ལས་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས་དོན་གྱི་རྩལ་སྦྱངས་པས་འབྲས་བུ་མངོན་པར་འགྲུབ་པའི་ཚུལ་བསྟན་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་རྩ་གསུམ་པ་ཉིད་གསལ་བར་བཀྲོལ་ཏེ་བཤད་པའོ།། །།དགུ་པ་དོན་མན་ངག་གིས་སྒྲུབ་པ་གསེར་འགྱུར་གྱི་རྩི་ལྟར་བཤད་པ་ལ་བཞི་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། གཅེས་པར་གདམས་པ། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། དེ་བཞིན་ཉིད་དོ། །ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་ངེས་དོན་སྟོན་ནོ། །དེ་ཡང་སྤྱིར་མན་ངག་ལ་ལྔ་སྟེ། སྦྱངས་པའི་སྟོབས་ཀྱི་མན་ངག་སྦྱང་སྟོབས་ཆེ་ཆུང་དང་སྦྱར་བར་སྣོད་དང་བསྟུན་ཏེ་འཇུག་པ་དང་། འཇུག་པ་སྒོའི་མན་ངག་རང་རང་གི་བློས་གདམས་པའི་མཚོན་ཐབས་གང་མོས་སུ་འཇུག་པ་དང་། འགྲུབ་བྱེད་ཐབས་ཀྱི་མན་ངག་དོན་དང་ཡི་གེའི་རྣལ་འབྱོར་དང་། གྲུབ་པ་འབྲས་བུའི་མན་ངག་རང་སྣང་གི་སངས་རྒྱས་མངོན་དུ་བྱས་པ་དང་། ལ་བཟླ་བའི་མན་ངག་ལེའུ་འདི་ཉིད་ཀྱི་བསྟན་པའི་དོན་ནོ། །དེ་ལ་ཉམས་སུ་ཏིང་ངེ་འཛིན་གྱིས་བླང་པའང་དོན་ཆེ་ལ། དེ་ཉིད་ཚེགས་ཆུང་བར་བྱ་བའི་ཕྱིར། དེ་ནས་ཡང་སྟོན་པ་གསང་བ་བའི་བདག་པོ་འཆད་པའི་སྐྱེས་བུ་ཆེན་པོ་དེས། དམན་པའི་ལུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་རྗེས་སུ་བསྟན་ཏེ་བགྲོས་སོ། །གཏན་ཚིགས་བྱུང་ཁུངས་ཀྱི་གླེང་གཞིའི་དབང་དུ་གྲོགས་པོ་དག་ཅེས་བོས་ནས། གང་འདི་ལ་ཚེགས་བྱང་ཆུབ་བར་བྱ་བ་དོན་མན་ངག་གིས་སྒྲུབ་པ་ཉེ་བར་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། གང་བསྒོམ་བྱའི་དངོས་པོ་ཅི་ལ་ཡང་བསྒོམ་པའི་ཚེ་སེམས་ཀྱིས་ཆེད་དུ་ཐོབ་པར་བྱ་བའི་ཕྱིར་འབད་པ་དང་དམིགས་སུ་མེད་པའི་ཐབས་ཁྱད་པར་ཅན་ལས་གཞན་པ་མ་ཡིན་པ་ཉིད་དེ། དེ་ཡང་གང་ལ་སེམས་ཀྱིས་ཆེད་དུ་འབད་ཅིང་དམིགས་པའི་བྱ་བ་མེད་པ་དེ་ཉིད་གང་ཞེ་ན། ངོ་བོ་ཉིད་བསྟན་པ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་རྟོགས་ཏེ་དེ་ཁོ་ན་ཉིད་ཇི་ལྟ་བར་ཐག་ཆོད་པའི་ཐབས་དམ་པ་ཉིད་དོ། །དེས་ན་སེམས་ལུང་ཆེན་པོ་ལས། དོན་རྣམས་ཇི་བཞིན་མི་བསྐྱོད་དེ། །ཆོས་ཉིད་ནམ་མཁའ་ལྟ་བུའི་དངོས། །སྐྱོན་རྣམས་མ་ལུས་དག་པའོ། །བྱ་བའི་ཡུལ་རྣམས་ངང་གིས་སྟོང་། །བྱ་བ་མེད་པས་རང་བཞིན་གྲོལ། །ཞེས་སོ། །གཉིས་པ་ལ་བཞི་སྟེ། དོན་མན་ངག་གིས་ཟིན་པའི་ཡོ ན་ཏན་བསྟན་པ། དེ་ལྟར་མན་ངག་གིས་མ་ཟིན་པའི་སྐྱོན་བཤད་པ། ལ་བཟླ་བའི་དོན་གྱི་མན་ངག་གི་ངོ་བོ་བཤད་པ། དེ་བློ་ཆུང་བའི་ཡུལ་མ་ཡིན་པར་བསྟན་པའོ། །དང་པོ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ལ་སོགས་ཡོན་ཏན་དྲུག་གི་སྒོ་ནས་བསྟན་ཏེ། དེ་ཡང་ཞིབ་ཏུ་བསྟན་ན། ལྟ་བའི་ངེས་གསང་གིས་ཟིན་པའི་ཐབས་ཀྱི་ཡོན་ཏན། སྒོམ་པས་ཡོངས་གྲོལ་དུ་འཇུག་པའི་ཐབས་ཀྱི་ཡོན་ཏན། སྤྱོད་པས་དོན་ཆེན་པོར་བོགས་དབྱུང་བའི་ཐབས་ཀྱི་ཡོན་ཏན། རྟོགས་པའི་རྩལ་གྱིས་ཚེགས་དང་བྲལ་བའི་ཐབས་ཀྱི་ཡོན་ཏན། བློ་གྲོས་དམ་པའི་ཐབས་དང་ལྡན་པའི་མན་ངག་གི་ཡོན་ཏན། དེའི་ཕྱིར་མན་ངག་དག་གི་བབས་ལ་མཁས་ན་དོན་མཆོག་ཀུན་མ་བཙལ་ལྷུན་གྲུབ་ཏུ་འབྱུང་བའི་ཡོན་ཏན་ནོ། །དང་པོ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ནས། དུག་ལྔས་གནོད་མི་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། གཏན་ཚིགས་ཀྱིས་ཡིད་ཆེས་པར་བྱ་བ་ནི། འདི་ལྟ་སྟེ། དཔེར་ན་དུག་ཧ་ལ་ནག་པོ་ཡང་སྔགས་ཀྱིས་ཡོངས་སུ་ཟིན་པའི་ཐབས་ཀྱིས་སྤྱད་ན་དུག་གི་ནད་ཀྱིས་གང་ལ་ཡང་གནོད་པར་བྱེད་མི་ནུས་པ་ལྟར། དེ་ཁོ་ན་ཉིད་ཇི་བཞིན་པར་གདེང་ཆུད་པའི་དེ་བཞིན་ཉིད་ཀྱིས་རྟོགས་པས་ཟིན་པ་ཡི་ལྟ་བ་ཅན་ལ། ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་གི་དུག་གསུམ་མམ་ང་རྒྱལ་ཕྲག་དོག་དང་བཅས་པ འི་དུག་ཆེན་ལྔས་མི་ཚུགས་པས་གནོད་པར་མི་འགྱུར་ཏེ་དེ་ཉིད་ཡེ་ཤེས་ཆེན་པོའི་ཀློང་དུ་གསལ་བས་སླར་ལ་ལམ་དུ་འགྱུར་བའོ། །དེ་བས་ན་ཐག་ཆོད་པས་གང་ལའང་སྤང་བླང་མེད་པ་དེ་ཉིད་ཀྱང་མི་ལེན་མི་འདོར་བས་རྟོག་རྒྱུན་རིལ་དེ་བཞིན་ཉིད་ཀྱི་ངང་ལ་རྟོག་པ་སྐྱེས་ཀྱང་མི་འགེགས་ཤིང་ཞེ་སྡང་བར་ཡང་མི་བྱེད་ལ། མཐོང་ཐོས་ཀྱི་རྗེས་སུ་འབྲང་བར་བྱ་བའང་མེད་པར་རྟོགས་པའི་ཐབས་ཁྱད་པར་ཅན་ནི་ཤིན་ཏུ་གཅེས་པའི་ཕྱིར་འཆད་པ་ལྟར་དང་དུ་བླང་བར་བྱ་སྟེ། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། ཐབས་ཀྱི་རྒྱལ་པོར་གང་ཤེས་པ། །དེ་ཉིད་དོན་རྫོགས་ཐབས་ཀྱི་སྐུ། །མ་སྐྱེས་ཤེས་རབ་དོན་ཤེས་པས། །དེ་ཉིད་བཅོས་མེད་མན་ངག་ཚང་། །ཞེས་དང་། སྐྱོན་གྱི་རྒྱུ་ལས་མ་གཏོགས་པའི། །སངས་རྒྱས་གཞན་ནས་ཡོངས་མེད་དེ། །སྨན་མཆོག་བདུད་རྩི་འབྱུང་བ་ཡང་། །དུག་ཡོད་པ་ལས་སྨན་དུ་འབྱུང་། །དུག་ལ་སྨན་གྱི་རྒྱུ་མེད་ན། །ཐམས་ཅད་སྨན་ལ་སྨན་མིང་མེད། །ལེགས་པ་ཐམས་ཅད་འབྱུང་བ་ཡང་། །སྐྱོན་གྱིས་ལེགས་པར་འབྱུང་བར་བྱེད། །ཅེས་དང་། སྐྱོན་གྱི་རྒྱུ་འདི་མ་རིག་པ། །མ་རིག་པ་ནི་དབྱིངས་ཀྱི་མཛོད། །དེ་ཡི་གོང་ན་ཆེ་བ་མེད། །སྐྱོན་གྱི་རྒྱུན་ནི་འཛིན་རྟོག་གཉིས། །འཛིན་རྟོག་ཐབས་དང་ཤེས་རབ་ན། །སྐྱོན་གྱི་རྒྱུ་ལས་ཆེ་བ་མེད། །སྐྱོན་གྱི་རྒྱུ་ནི་ཉོན་མོངས་ལྔ། །ཉོན་མོངས་ཡེ་ཤེས་ལྔར་སྣང་ན། །སྐྱོན་གྱི་རྒྱུ་ལས་ཆེ་བ་མེད། །ཅེས་སོགས་ཤིན་ཏུ་མང་ངོ་། །གཉིས་པ་ནི། ཚིགས་བཅད་གཅིག་གི་འོག་ནས། དེ་བཞིན་ཉིད་ཀྱིས། ཞེས་པ་ནས། ཉོན་མོངས་རྣམ་པར་གྲོལ། །ཞེས་པའི་བར་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་བས་ན། ཇི་བཞིན་པའི་ངོ་བོར་ཐག་ཆོད་པའི་དེ་བཞིན་ཉིད་ཀྱིས་ཆོས་སོ་ཅོག་ཀུན་ལ་ཁྱབ་པས་ཐམས་ཅད་རིལ་དེ་ཉིད་ཀྱི་དོན་དུ་གནས་པར་གང་སུ་ཞིག་གིས་ཤེས་སམ་རྟོགས་པ་ན་ཉོན་མོངས་པའི་འཆིང་བ་ལྔ་གསུམ་ལ་སོགས་པ་ཉིད་རྣམ་པར་གྲོལ་བའི་ཡེ་ཤེས་སུ་ཤར་བར་འགྱུར་བ་ནི་ཡང་དག་པར་རྟོགས་པའི་ཡོན་ཏན་ཏེ། སེམས་ལུང་ཆེན་པོའི་མདོ་ལས། འགྲོ་བ་ཞི་བ་ཆེན་པོའི་ངང་། །དེ་ཕྱིར་རང་བཞིན་གྲོལ་བ་སྟེ། །གཞན་ནས་འབྱུང་བར་འགྱུར་མ་ཡིན། །རང་བྱུང་ཡེ་ཤེས་བཙལ་མེད་པས། །བཙལ་མེད་དམ་པ་ཞི་བ་ཡིན། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །སྣང་ཕྱིར་གྲོལ་བ་ཆེན་པོ་སྟེ། །གྲོལ་དང་མ་གྲོལ་གཉིས་མེད་དོ། །འཁོར་བ་མྱ་ངན་འདས་ཉིད་དུ། །གཉིས་སུ་སྒྲོ་བཏགས་ཡོད་མ་ཡིན། །དེ་ལྟ་བུར་ནི་སུས་མཐོང་བ། །མཚན་མའི་གཡུལ་ལས་རྒྱལ་བ་ཡིན། །དེ་ལྟ་བུ་ནི་སུས་འཛིན་པ། །སངས་རྒྱས་ཡིན་ཏེ་རྒྱལ་བའི་སྲས། །ཞེས་སོ། །གསུམ་པ་ནི། རྐང་པ་གཉིས་ཀྱི་འོག་ནས། རྣལ་འབྱོར་དེ་ཉིད། ཞེས་པ་ནས། གྱིན་འདའ་དོན་པོ་ཆེ། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། མན་ངག་དང་ལྡན་པའི་ཡོན་ཏན་ནི། རྣལ་འབྱོར་གང་ཞིག་མན་ངག་དམ་པའི་དེ་ཉིད་ལ་མཁས་པའི་སྐྱེས་བུ་བློ་དང་ལྡན་པས་འཆིང་བའི་ཆོས་ཉོན་མོངས་པའི་རྟོག་ཚོགས་རྣམས་ལ་ཐབས་ཀྱིས་ཟིན་པས་གང་ལྟར་སྤྱད་ཀྱང་སྤྱོད་ལ་མ་འགགས་སྤྱོད་རྒྱུས་མི་འཆིང་བར་མ་ཟད་དེ། དེ་ལ་ནི་ལས་གྲོལ་དུ་མ་གྱུར་པས་ཅི་སྤྱོད་ཚོགས་སུ་གྱུར་པས་རྣམ་གྲོལ་ཆེན་པོ་རང་བྱུང་གི་མྱ་ངན་ལས་འདས་པ་ཡང་གཞན་ནས་ཚོལ་བའི་སེམས་བྲལ་བས་ཚེགས་མེད་པའི་ཐབས་སྤྱོད་གྱིན་འདའ་ཙམ་གྱིས་ཀྱང་སྤྱོད་ཡུལ་རྒྱལ་བའི་ཞིང་ཁམས་ཡང་དག་པའི་ས་མཆོག་མ་བགྲོད་པར་ནོན་པས་དོན་པོ་ཆེའམ་དོན་ཆེན་པོ་བླ་ན་མེད་པའོ། །འོ་ན་མན་ངག་གི་སྤྱོད་པ་ཟིན་བྱེད་ཀྱི་ལྟ་བ་ཡིན་པས་བསླབ་པའང་དགུར་འགྱུར་རོ་ཞེ་ན། འདིར་རྟོགས་ན་འབད་པའང་བྱར་མེད་པའི་ཐབས་ཁྱད་པར་ཅན་ལ་ངོ་བོ་ངེས་པར་བཟུང་བས་ཐག་ལྟ་བས་བཅད་པ་དང་འདྲེ་བར་མི་འགྱུར་ཏེ་བསླབ་པ་ནི་བཅུ་ཉིད་དོ། །བཞི་པ་ནི། ཚིགས་བཅད་གཅིག་གི་འོག་ནས། ཐམས་ཅད་སྟོང་པར། ཞེས་པ་ནས། དཀའ་བའི་ལས་དང་བྲལ། །ཞེས་པའི་བར་རྐང་པ་བཞིས་བསྟན་ཏེ། ཆོས་ཐམས་ཅད་སྟོང་པ་ཆེན་པོར་ཡང་དག་པར་གདེངས་སུ་ཆུད་དེ་མ་ནོར་བར་ཤེས་པ་ཡི་སྐྱེས་བུ་དམ་པ་སྤྱོད་ཡུལ་དག་པར་རྟོགས་པའི་བློ་ཅན་ནི་རིལ་ད་ལྟ་ཉིད་དུ་མྱ་ངན་ལས་འདས་པ་ཉིད་དུ་གསལ་བ་སྟེ། དོན་དུ་གཉེར་བའི་ཚོལ་སེམས་ཀྱིས་བྱ་བའི་ལས་ལ་ཤ་ཐང་བའི་འབད་པ་དྲག་པོས་ཚེགས་ཆེན་གྱིས་དཀའ་བའི་ལས་དང་བྲལ་ཏེ་བྱ་རྩོལ་མང་པོའི་ལས་ཀྱི་ཀུན་སྤྱོད་ཉིད་མི་དགོས་པས་མན་ངག་ཅན་གྱི་བླ་མ་ལ་ལུས་སྲོག་གིས་བླུ་བར་བྱེད་པ་ནི་ངེས་པར་རིགས་ཤིང་འོས་པའོ། །ལྔ་པ་ནི། ཚིགས་བཅད་གཅིག་གི་འོག་ནས། དམ་པའི་བློ་གྲོས། ཞེས་པ་ནས། རང་བྱུང་གཞན་ལས་མིན། །ཞེས་པའི་བར་གྱིས་བསྟན་ཏེ། བཤད་པ་ལྟར་དམ་པའི་མན་ངག་བློ་དང་ལྡན་པར་བྱ་བ་དང་། གྲོས་ཀྱིས་ཆོད་པར་བྱ་བ་དང་། ཐབས་ཀྱིས་ཟིན་པར་བྱ་བའི་འཕྲུལ་གྱི་ངེས་གསང་དོན་གྱི་སྙིང་པོ་འདི་གསུམ་འཆང་སྟེ་གནད་ཀྱི་མན་ངག་ཡོད་ན་འཇིག་རྟེན་འཁོར་བ་དམན་པའི་གནས་ཀྱི་དངོས་པོ་འཁྲུལ་པའི་སྣང་བ་ཡང་ཡོངས་སུ་རྫོགས་པར་མཉམ་པའི་ཆོས་དབྱིངས་རང་བཞིན་མེད་པའི་ངང་དུ་རྟོགས་པའི་སྐྱེས་བུ་དམ་པ་ནི་འབྲས་བུ་ཆེན་པོར་མ་བྱས་པར་རང་ཤར་རང་གྲོལ་དུ་གསལ་བའི་དཔལ་དང་ལྡན་པར་འགྱུར་ཏེ། རྣམ་གྲོལ་དག་པ་ཆེན་པོའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཡིན་གྱི། རྒྱུ་རྐྱེན་དང་ངོ་བོ་གཞན་གྱིས་བྱས་པ་ལས་བྱུང་བ་མིན་ཏེ། སེམས་ལུང་ཆེན་པོའི་མདོ་ལས། འཁོར་བ་ཐམས་ཅད་བྱང་ཆུབ་སྟེ། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །ས་ཆུ་མེ་རླུང་ནམ་མཁའ་ཆེ། །དོན་ཉིད་ཡེ་ནས་སངས་རྒྱས་ཏེ། །སྣང་བ་ཉིད་ན་དག་པ་ཡིན། །སེམས་ཅན་ཐམས་ཅད་རང་བཞིན་གྲོལ། །དེ་ཕྱིར་ཆོས་ཉིད་གྲོལ་བ་ཡིན། །འགྲོ་བ་ཀུན་ལ་རང་བཞིན་གནས། །མི་ཤེས་པས་སུ་བསླད་མི་ནུས། །དེ་ལ་འཁྲུལ་འཁོར་འ བྱུང་བ་མིན། །ཕྱིན་ཅི་ལོག་གི་རྗེས་མི་འབྲང་། །ཕྱིན་ཅི་ལོག་ཏུ་རྣམ་བསླད་ཀྱང་། །གྲོལ་བ་རང་བཞིན་གཞན་ལས་མིན། །ཡང་དག་ཡེ་ཤེས་དག་པ་སྟེ། །ཆོས་རྣམས་ཐམས་ཅད་ངང་གིས་སྟོང་། །དེ་ཕྱིར་རང་བཞིན་བཅོམ་ལྡན་འདས། །ཞེས་སོ། །དྲུག་པ་ནི། ཚིགས་བཅད་གཉིས་ཀྱི་འོག་ནས། དེ་ཕྱིར་བློ་གྲོས། ཞེས་པ་ནས། ལྷུན་གྱིས་གྲུབ་པ་ཡིན། །ཞེས་པའི་བར་ཚིགས་བཅད་བཞི་ཡིས་བསྟན་ཏེ། དེ་ཕྱིར་ཞེས་སྙེགས་པས་སྔ་མ་གཏན་ཚིགས་སུ་གྱུར་པ་ནི། མཐའ་གང་ལའང་མི་གནས་པས་བྱ་བ་མེད་པའི་དོན་བསྟན་པ་ལ་སྙེགས་པའོ། །འོན་ཀྱང་མན་ངག་གི་བློ་གྲོས་ཐབས་གསུམ་འཆང་ཞིང་ལེགས་པར་ལྡན་ན། འབད་རྩོལ་གྱིས་སྒྲུབ་པའི་བརྩོན་འགྲུས་ཀྱིས་དོན་དུ་གཉེར་བ་དང་། ཕྱི་ནང་གི་ཡོ་བྱད་ལ་བརྟེན་པ་ཁོ་ན་གཙོར་མ་གསུངས་པས་བརྟེན་མི་དགོས་ཏེ་དེ་ལ་རག་མ ི་ལས་པས་སོ། །འོ་ན་སྐྱོན་དུ་དགག་གོ་ཞེ་ན། གལ་ཏེ་རྩོལ་སྒྲུབ་དང་ཡོ་བྱད་ལ་བརྟེན་པར་བྱས་ནའང་འགག་པ་མེད་དེ་རོལ་པ་ལ་དགག་བྱའང་མེད་པའི་ཕྱིར་རོ། །བརྟེན་པར་མ་བྱས་ནའང་དེ་ལྟར་དེ་ཁོ་ན་ཉིད་དུ་ངེས་པས་ཐག་རིང་བ་མེད་པའོ། །བཤད་པ་དེ་ལྟར་བློ་གྲོས་ཐབས་གསུམ་གྱི་མན་ངག་གི་དོན་དང་ལྡན་ན་མཚམས་མེད་ལྔ་ཡི་ལས་བྱེད་པ་དང་བསྒྲལ་བའི་ཞིང་བཅུར་གྱུར་པའི་སེམས་ཅན་ཀུན་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོ་དང་། དོན་དམ་ཆོས་ཉིད་རྟོགས་པའི་རྡོ་རྗེའི་མཚོན་རྣམ་པ་གཉིས་ཀྱིས་དངོས་པོར་སྤྱོད་པ་ཡན་ཆད་དུ་གསད་ཅིང་བསྒྲལ་ན་ཐུགས་རྗེ་དཔག་ཏུ་མེད་པའི་དགེར་ཞེས་དགེ་བར་འགྱུར་ལ། གལ་ཏེ་ཐུགས་རྗེ་དང་བྲལ་བས་མ་བསད་ན་དེ་ལྟར་མིན་པར་གཉིས་ཀ་ལྟུང་བའི་སྐྱོན་ནོ། །ཇི་བཞིན་པའི་དོན་རྟོགས་དཀའ་བར་བསྟན་པའི་ཕྱིར། ལམ་རིམ་ཀུན་གྱིས་དོན་དུ་གཉེར་ཞིང་ཆེད་དུ་བྱ་བའི་རྟོགས་བྱའི་དངོས་པོ་དམ་པ་ནི། གང་ཞིག་ཏུ་ངེས་ན་རང་གི་ཀུན་གཞི་བྱང་ཆུབ་སེམས་ཀྱི་ངོ་བོ་མུ་མཐའ་ལས་འདས་པའི་དབྱིངས་ཀྱི་ཆོས་ཉིད་རིལ་གྱི་འབྱུང་གནས་མཚན་གཞི་ལས་འདས་པ་ནི། རྣལ་འབྱོར་པ་དམིགས་ལྟ་ཅན་གང་ཞིག་གིས་བསྐལ་པ་གྲངས་མེད་དཔག་ཏུ་མེད་པ་ཉིད་དུ་སྲིད་པ་གསུམ་པོ་གཡེངས་བཤིགས་རྨལ་བར་བྱས་ཏེ་དཀྲུགས་པས་བསལ་བར་བྱས་ནས་ཡང་། དེེ་ཉིད་ཀྱི་ངོ་བོ་ལྷན་པ་མེད་པའི་དོན་ཏེ་རེག་ཅིང་རྟོགས་པར་འགྱུར་བ་མིན་ནོ། །འོ་ན་གཏན་ནས་རྟོགས་པར་བྱ་བའི་ཐབས་མེད་དོ་བར་དོགས་པ་ལ། ཟབ་མོ་གསང་བའི་སྒོ་ཇི་བཞིན་དུ་ངེས་པ་འདིར་ནི། རྣལ་འབྱོར་པ་བློ་གྲོས་ཐབས་གསུམ་གྱི་མན་ངག་དང་ལྡན་པ་ཞིག་ཏུ་གྱུར་པས། དོན་ཡང་དག་པ་ཉིད་དུ་རྟོགས་ན། དེ་ལ་ནི་དཔེར་ན་ཆུ་ཡིས་རླན་མི་ཚོལ་བ་ལྟར། བདག་ཉིད་དེ་ཁོ་ན་ཉིད་ཀྱི་བདག་ཉིད་པས་ཇི་བཞིན་པས་ཇི་བཞིན་པ་གསང་བའི་དོན་ཉིད་བཙལ་བའི་བྱ་བྱེད་དང་བྲལ་ཏེ་བྱ་བ་མེད་པའི་དགོངས་པ་ལ། ཡལ་བར་འདུག་པའང་གྱིན་འདའ་བའི་བཏང་སྙོམས་ཆེན་པོ་སྟེ། དེ་ལྟར་རང་རིག་པ་གཏིང་ནས་མཇལ་བས་དོན་ཆེན་པོ་མ་སྒྲུབ་པ་གྲུབ་ཅིང་མ་ཡེངས་པར་རྣལ་དུ་འབྱོར་ཏེ་འབད་པ་མེད་པར་ཐོབ་པའི་ཐབས་ཆེན་པོ་ཉལ་མོ་བཙུན་དུ་ཆོས་ཀྱི་དབྱིངས་དང་འདུ་འབྲལ་མེད་པར་མ་བཙལ་བར་འབྲས་བུ་ལྷུན་གྱིས་གྲུབ་པའི་ཐབས་མཆོག་དམ་པ་བླ་ན་མེད་པར་གྱུར་པ་ཡིན་ནོ། །དེ་ལྟར་ཡང་ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། བྱང་ཆུབ་སེམས་ཉིད་བདེ་ཆེན་པོ། །རྒྱུ་ཉིད་དག་པ་འབྲས་བུ་སྟེ། །ཚིག་དང་ཡི་གེ་ལས་འདས་པ། །བཙལ་མེད་ལྷུན་གྲུབ་རང་གནས་པའོ། །ཞེས་དང་། རྫོགས་ཆེན་འདི་ལ་གང་སྤྱོད་པ། །ཡེ་ཤེས་ཀུན་བཟང་ཉིད་ཡིན་པས། །བཟང་ངན་གཙང་སྨེ་གཉིས་སུ་མེད། །མན་ངག་དོན་དང་ལྡན་པའི་གདིང་། །སེམས་ལས་མ་ཡེངས་དགོངས་པའི་ཀློང་། །འདི་ལྟར་སྤྱོད་པའི་རྣལ་འབྱོར་པ། །སངས་རྒྱས་ཉིད་དུ་རང་གནས་པའོ། །ཞེས་སོགས་ཤིན་ཏུ་མང་ངོ་། །གཉིས་པ་ནི། དེ་བཞིན་ཉིད་ཀྱིས་མ་ཟིན་སོགས་སྐྱོན་བཞིའི་སྒོ་ནས་བསྟན་ཏེ། དེ་ཡང་རྣམ་གྲངས་ངོས་བཟུང་ན། མན་ངག་གི་ཐབས་ཀྱིས་མ་ཟིན་པའི་རྣམ་པར་དཀར་བའི་ལས་ཀྱིས་ཀྱང་གོ་འཕང་དམ་པར་མི་འགྱུར་བའི་ཚུལ། ཐབས་ཀྱི་མན་ངག་མེད་ན་ཡང་དག་པའི་སྤྱོད་པ་ལ་འབད་ཀྱང་རང་གི་རྟོག་པས་རང་འཆིང་ཚུལ། མན་ངག་གི་ཐབས་ཀྱིས་དོན་མཐོང་བ་མེད་པར་འཆིང་བའི་ལས་ལ་སྤྱད་ན་སླར་འཁོར་བར་ལྟུང་བ་ལས་ཐར་པ་མེད་ཚུལ། དེ་བས་ན་ཐབས་དང་མི་ལྡན་པ་འཆིང་བར་འགྱུར་གྱི་ཐབས་དང་ལྡན་ན་དེ་ལྟར་མི་འགྱུར་བའི་ཚུལ་བསྟན་པའོ། །དང་པོ་ནི། གོང་དུ་བཞག་པའི། དེ་བཞིན་ཉིད་ཀྱིས་མ་ཟིན། ཞེས་པ་ནས། དམ་པར་ག་ལ་འགྱུར། །ཞེས་པའི་བར་ཚིགས་བཅད་གཅིག་གིས་བསྟན་ཏེ། གལ་ཏེ་དོན་གྱི་མན་ངག་དང་ལྡན་པའི་དམིགས་མེད་པས་ཆོས་ཉིད་དེ་བཞིན་ཉིད་རྟོགས་པའི་ཐབས་ཀྱི་དགོངས་པའི་རྩི་མཆོག་ཉིད་ཀྱིས་མ་ཟིན་ན། རྣམ་པར་དཀར་བའི་ལས་ཀྱི་ཕྱོགས་བཟང་པོ་རྣམས་ལ་ཀུན་ཏུ་འབད་པར་སྤྱད་ཀྱང་། བདེ་འགྲོ་ལྷ་མིའི་གོ་འཕང་ཙམ་དུ་ངེས་པར་འབྱུང་བའི་ཐབས་སུ་རུང་གི། མཐར་ཐུག་གི་འབྲས་བུ་རྒྱལ་བའི་གོ་འཕང་དམ་པ་ཐོབ་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །གཉིས་པ་ནི། རྐང་པ་གཉིས་ཀྱི་འོག་ནས། གང་དེ་ཟིན་པར། ཞེས་པ་ནས། ལས་རྣམས་གྲོལ་མི་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། རྣལ་འབྱོར་པ་གང་སུ་ཞིག་གིས་ཉོན་མོངས་པ་དེ་ཉིད་ཆོས་ཉིད་ཀྱིས་ཟིན་ནས་རང་གྲོལ་བར་མ་ཤེས་པ་དེ་ཁོ་ན་ཉིད་མཐོང་བའི་བྱ་བ་མེད་པའི་ཐབས་དང་མ་ལྡན་ན། ཡང་དག་དམ་པའི་སྤྱོད་པ་སྒོ་གསུམ་དག་པའི་ལས་རྣམས་ལ་འབད་པར་བྱས་ཡང་དར་གྱི་སྲིན་བུ་བཞིན་དུ་རང་གི་ཆེད་དུ་བྱས་པའི་རྟོག་པ་དེས་བཅིངས་ནས་ཐར་པ་དམ་པའི་གོ་འཕང་དུ་རྣམ་པར་གྲོལ་བར་མི་འགྱུར་ཏེ། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པ་ལས། ཚི་ཆད་ལས་ལ་གྲུབ་པ་མེད། །གཞན་དུ་རྣལ་འབྱོར་མ་ཚོལ་ཅིག །དོན་མེད་སྒྲ་ཚིག་སྒྲ་ཕྱིར་འབྲངས། །ཐེག་པ་ངེས་མེད་ས་མ་ཟིན། །ངེས་པའི་མན་ངག་རྟོག་པར་གོལ། །དོན་མེད་དེ་འདྲ་མནོས་ན་འཁྱལ། །ཞེས་གསུངས་པ་ལྟར་མན་ངག་ཟབ་མོའི་གོལ་སར་ལྟུང་བ་སྲིད་པ་ཡིན་ནོ། །གསུམ་པ་ནི། ཚིགས་བཅད་གཅིག་གི་འོག་ནས། གང་འདིར་བློ་དང་། ཞེས་པ་ནས། ཐ་མར་འཁོར་བའི་དགོས། །ཞེས་པའི་བར་གྱིས་བསྟན་ཏེ། གསང་བ་ཟབ་མོ་བློ་དམན་པའི་ཡུལ་མ་ཡིན་པའི་ཕྱིར། གང་སུ་ཞིག་གིས་ཟབ་མོ་གསང་བའི་སྒོ་འདིར་དེ་བཞིན་ཉིད་མཐོང་བའི་བློ་གྲོས་ཀྱི་མིག་དང་མི་ལྡན་པས། སྤྱོད་པ་བློ་གྲོས་ཀྱི་སྤྱན་དང་ལྡན་པའི་ཚུལ་དུ་འཆོས་ཏེ་བྱ་བ་མེད་པར་འཇོག་པ་དང་། གང་འཆིང་བའི་ལས་ལ་སྤྱོད་པར་བྱེད་པ་དག་ནི། དོན་མཆོག་དམ་པའི་གོ་འཕང་དུ་རྣམ་པར་གྲོལ་བར་མི་འགྱུར་གྱི། སླར་ཡང་སྲིད་པར་འཆིང་བ་ཁོ་ན་ལས་མེད་པས་འདོད་པའི་གནས་ཀྱི་ཐ་མར་ངན་སོང་གསུམ་དུ་ལྟུང་ཞིང་འཁོར་བའི་དངོས་པོར་འགྱུར་གྱི། ཐར་ཞིང་གྲོལ་བར་མི་འགྱུར་རོ། །དེ་བས་ན་རིམ་སློབ་ཚད་དུ་ཕྱིན་པ་དང་ཅིག་ཆར་བའི་ཡུལ་དུ་གྱུར་པས་གང་ཟག་གཉིས་ཀའི་བསླབ་པར་བརྒྱུད་པ་དང་མངོན་སུམ་པའི་སྒོ་ནས་འགྱུར་རོ། །བཞི་པ་ནི། ཚིགས་བཅད་གཅིག་གི་འོག་ནས། དམ་པའི་བློ་གྲོས། ཞེས་པ་ནས། བྱེད་པའང་ལྟུང་བར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏེ། གལ་ཏེ་ཐབས་དང་ལྡན་ཀྱང་འཆིང་བ་ལ་སྤྱད་ན་གྲོལ་བར་མི་འགྱུར་རོ་སྙམ་དུ་དོགས་པ་ལ། བཤད་པ་ལྟར་དམ་པའི་བློ་དང་ལྡན་པར་བྱ་བ་དང་། གྲོས་ཀྱིས་ཆོད་པར་བྱ་བ་དང་། ཐབས་ཀྱིས་ཟིན་པར་བྱ་བའི་མན་ངག་དམ་པ་གསུམ་དང་མི་ལྡན་པར་མེད་པར་གྱུར་ན་དམན་སྤྱད་ཀྱིས་སླར་ཡང་འཆིང་བ་ཡིན་གྱི། གཞན་དུ་ན་ཟག་མེད་མངོན་དུ་བྱས་པའི་བྱང་ཆུབ་སེམས་དཔའ་དམ་པའི་སྐྱེས་བུ་སྒོམ་ལམ་པ་རྣམས་ཀྱང་ནི། སྙིང་རྗེ་ཆེན་པོས་གདུལ་བྱ་འདུལ་བའི་ཐབས་མཁས་ཀྱིས་དོན་མཛད་པའི་དབང་གིས་སྐྱེ་བ་རང་དབང་ཅན་དུ་བཞེས་ནས་སེམས་ཅན་དམན་པའི་ལུས་ཤན་པ་དང་། སྨད་འཚོང་ལ་སོགས་པ་ལྟ་བུའི་ཚུལ་དུ་སྟེན་པའམ་སྟོན་པར་བྱེད་པའང་ལྟུང་བར་འགྱུར་རིགས་ན་ཡང་མི་ལྟུང་བས་གསལ་ལོ། །དེ་བས་ན་ཐབས་དེ་དག་མི་ལྡན་ན་དེ་ཉིད་ཀྱང་ལྟུང་ངོ་། །གསུམ་པ་ནི། ཚིགས་བཅད་གཅིག་གི་འོག་ནས། གྲོལ་དང་མ་གྲོལ། ཞེས་པ་ནས། གྲོལ་མེད་གྲོལ་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་གྲོལ་བ་ཁོ་ནའོ་ཞེ་ན། གྲོལ་བར་འཛིན་པ་དང་མ་གྲོལ་བར་འཛིན་ཞིང་རྟོག་པ་དང་ལ་སོགས་པ་ཞེས་དངོས་པོ་གཞན་བསྡུ་བ་ནི། བཅིང་བ་དང་ཐར་བ་དང་། མཐོང་བ་དང་མ་མཐོང་བ་ལ་སོགས་པ་གཉིས་སུ་རྟོག་པར་བསྙད་པ་རིལ་ཐམས་ཅད་དེ། གང་ཕྱོགས་གཅིག་ཏུ་བསམ་པ་ངེས་པ་ཀུན་མཐའ་ལ་ཐུག་པ་ཞེས་བྱའོ། །དེ་བས་ན་རྣམ་པ་ཐམས་ཅད་ཀུན་མཁྱེན་པའི་ཡེ་ཤེས་མངའ་བ་རྣམས་ནི། གྲོལ་བ་ལ་གྲོལ་བར་འཛིན་པའང་བྲལ་བས་བཅིངས་པ་སྨོས་སུ་མེད་པའི་ཕྱིར་དབུ་མ་ཞིག་ཏུ་འཛིན་པའི་འདུ་ཤེས་པའང་མི་མངའ་བས་ཡང་དག་པའི་དོན་གྱི་དབུས་ལའང་གནས་པ་མིན་ཏེ། དེ་ལྟར་རྟོགས་ཏེ་རང་གསལ་ཡེ་ནས་མ་བཅོས་པའི་ངང་ལ་ནི་ཡེ་ནས་གྲོལ་བ་མངོན་དུ་བྱས་པ་ལས་གསར་དུ་གྲོལ་བར་འདོད་པའང་མེད་པ་ཉིད་དེ་དེ་ཉིད་ཐུག་པ་མེད་པའི་གྲོལ་བ་ཆེན་པོའོ། །དེས་ན་སེམས་ལུང་ཆེན་པོ་ལས། མཉམ་ཉིད་ཆོས་དབྱིངས་ཀུན་ཏུ་བཟང་། །ཕྱོགས་བྲལ་ཆོས་ཉིད་ཡོངས་རྫོགས་ཕྱིར། །དུས་གསུམ་རྣམ་པ་ཞི་བའི་ཚུལ། །མཉམ་པས་རིམ་པར་བཀོད་པ་མེད། །གཅིག་པས་ཕྱོགས་སུ་བསྔོ་དང་བྲལ། །དྲི་མེད་རང་བཞིན་དག་པའི་ཚུལ། །ཞེས་དང་། གླེང་བྲལ་འདི་ལ་གནས་པ་ཡིས། །རྣལ་འབྱོར་འདི་ནི་སྐལ་བ་བཟང་། །ཆོས་ཉིད་གཏེར་ལྡན་ནམ་མཁའི་ཚུལ། །རྣལ་འབྱོར་ཆོས་ཉིད་ཡིན་པའི་ཕྱིར། །བདག་དང་གཞན་དག་མེད་པའི་ཕྱིར། །བདག་དང་གཞན་དོན་མི་བྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །མི་གནས་དབྱིངས་ལས་ཅིར་སྣང་ཡང་། །སྣང་བ་སྒྱུ་མ་ཆེན་པོ་སྟེ། །ཡུལ་ལ་རོལ་པས་ལྷུན་གྱིས་གྲུབ། །ཅེས་སོ། །དེས་ན་གྲོལ་བར་འདོད་པ་ཉིད་ནི་འཆིང་བ་ཆེན་པོ་ཡིན་པས་མཆོག་གསང་རིན་པོ་ཆེ་སྣང་བའི་ཐབས་ཀྱི་མན་ངག་མཐར་ཐུག་པ་ལ་མཁས་པར་བྱ་སྟེ། ཡེ་ཤེས་རྫོགས་པ་ལས། ཡེ་ཤེས་རྫོགས་པ་བདེ་བ་ཆེ། །མཐའ་ཡས་འགྲོ་བ་ཀུན་ལ་ལྡན། །རིག་པ་དབྱེར་མེད་ཀུན་ཏུ་བཟང་། །གང་ཡང་མ་ཡིན་རིག་པར་གསལ། །རྩོལ་བའི་སེམས་བྲལ་མངོན་སངས་རྒྱས། །རྒྱུ་འབྲས་གཉིས་མེད་འགྱུར་བ་བྲལ། །རྣམ་བྱང་ཤེས་པ་རང་གནས་པ། །བྱེད་པ་ཉིད་ཀྱིས་མཐོང་བར་གྱིས། །ཞེས་གསུངས་པ་ལྟར་མན་ངག་གི་གནད་ཁྱད་པར་ཅན་ལ་བརྟེན་པ་གལ་ཆེའོ། །བཞི་པ་ནི། འདི་ནི་གསང་བ། ཞེས་པ་ནས། རྣམས་ལ་ཕན་ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ཏེ། མན་ངག་སྙིང་པོའི་དོན་འདི་ཉིད་བཙའ་བའི་ཕྱིར། དེ་ལྟར་མཐའ་རིལ་མ་སྤངས་ཀ་ནས་དག་པའི་དོན་མཆོག་ཟབ་མོ་འདི་ནི་བློ་ཆུང་གི་སྤྱོད་ཡུལ་དུ་མ་གྱུར་པའི་གསང་སྔགས་གསང་བ་དམ་པའི་དགོངས་དོན་བླ་མེད་མཆོག་ཏུ་གྱུར་པ་སྟེ། དེས་ན་ཐབས་ཀྱི་ཁྱད་པར་འདི་ལྟར་དུ་མ་རྟོགས་པའི་སྐྱེ་བོ་དང་། མུ་སྟེགས་ཀྱི་རིས་ཀུན་དང་། ཉན་ཐོས་ནས་ཡོ་ག་ཕྱི་པའི་བར་གྱི་བློ་ཆུང་བ་དེ་དག་ཀུན་ལ་མི་བསྟན་པར་རབ་ཏུ་གསང་བར་བྱའོ། །འོ་ན་བསྟན་མི་བཟོད་པའི་ངན་པ་ཞིག་གོ་ཞེ་ན། གསང་དོན་ཟབ་མོ་ནི་སྐྱོན་ཡོད་པའི་ཉེས་པས་བསྟན་དུ་མི་རུང་བར་སྙད་ཅན་དུ་གྱུར་པ་མ་ཡིན་ཏེ་བཤད་པ་ལྟར་དོན་དུ་མི་འགྱུར་བའི་བཞིའི་ཕྱིར་མཆོག་ཏུ་གཞན་དོན་དུ་མི་འགྱུར་བས་ན་མི་བསྟན་པར་བཀའ་རྒྱས་བཏབ་པ་སྟེ། བློ་ཆུང་རྣམས་ལ་བརྒྱུད་ནས་ཕན་གདགས་པའི་ཕྱིར་རོ། །གསུམ་པ་ནི། ཇི་ལྟར་མུན་པ། ཞེས་པ་ནས། འདིར་དག་རབ་ཏུ་གཅེས། །ཞེས་པའི་བར་གྱིས་བསྟན་ཏེ། དཔེ་ཇི་ལྟར་ན་མུན་པ་དང་དུག་དང་ལྕགས་ལ་སོགས་པའི་རྫས་རྣམས་སྨན་དང་སྣང་བ་དང་གསེར་དུ་གྱུར་བ་ན་ཡང་། ཐབས་མེད་ན་འགྲུབ་ཏུ་མི་བཏུབ་བའི་དཔེ་སྟེ། གོང་མ་གསུམ་གྱི་འགྱུར་རྫས་སམ་གསེར་འགྱུར་གྱི་རྩི་ལ་མཁས་པའི་མན་ངག་གི་གནད་མེད་པའི་མིས་དཀའ་བའི་ལས་ཆེན་སྣ་ཚོགས་པ་བྱས་ཏེ་སྡུག་བསྔལ་མང་པོ་སྤྱད་ཀྱང་མི་འགྲུབ་སྟེ། དེ་གསུམ་གྱི་འགྱུར་རྫས་སམ་ཁྱད་པར་དུའང་གསེར་འགྱུར་གྱི་རྩི་འཆང་བ་དང་མི་འཆང་བའི་ཚུལ་ཇི་ལྟ་བའོ། །དེས་ན་མཁས་པ་སུ་ཞིག་འགྱུར་རྩི་གསུམ་གྱི་མན་ངག་ད ང་ལྡན་པའི་མིས་ནི། ཚེགས་ཆེན་པོ་མེད་ཅིང་དཀའ་བ་སྣ་ཚོགས་མི་དགོས་པར་སྒྲོན་མ་དང་། སྔགས་སམ་རྩི་སྦྱོར་དང་། གསེར་འགྱུར་བྱེད་པའི་རྩི་ཡིས་ཐབས་ཆེན་པོ་གྱིན་འདའི་ཚུལ་གྱིས་ན་དེ་གསུམ་བསྒྱུར་བས་དུག་སྨན་དང་མུན་པ་སྣང་བ་དང་རྫས་རྣམས་གསེར་དུ་འགྱུར་བའི་དཔེ་ལྟར་དེ་བཞིན་དུ་མཚོན་པར་བྱ་བའི་དོན་ཡང་། རྣལ་འབྱོར་ཆེན་པོ་གང་གིས་འབྲས་བུ་བླ་ན་མེད་པའི་དོན་མཆོག་གསང་བ་ཡང་དག་པར་གྲུབ་པ་ཡང་། དེ་ཉིད་མཐོང་བའི་བློ་དང་གྲོས་དང་ཐབས་དག་དང་གང་དག་ཡང་དག་པར་མི་ལྡན་པ་དག་གིས་ནི་དཀའ་བ་སྣ་ཚོགས་པ་སྤྱད་དེ་བྱ་རྩོལ་གྱིས་འབད་ཀྱང་ངེས་པའི་དོན་གྲུབ་པ་མིན་ནོ། །གང་ཞིག་སེམས་ཀྱི་རང་བཞིན་ཤིན་ཏུ་རིག་ཅིང་ཤེས་པར་དཀའ་བའི་གསང་བ་མཆོག་གི་དོན་འདི་དམ་པ་སུས་རྟོགས་ཤིང་མཐོང་བ་དེ་ནི། བློ་གྲོས་ཐབས་ཀྱི་མན་ངག་གསུམ་དང་ལྡན་པ་སྟེ། དེ་ཡིས་གང་འདོད་པའི་དོན་མཆོག་གི་འབྲས་བུ་དམ་པ་གང་ཡིན་པ་དེ་ཡང་། དེ་དག་གིས་ཚེགས་ཆེན་པོ་མེད་པར་ཐབས་ཀྱི་མན་ངག་གི་གྱིན་འདས་ཀྱང་ངེས་པར་འགྲུབ་པ་ཡིན་ནོ། །ཁས་བླངས་པ་ལྟར་གཅེས་པར་གདམས་པའི་དོན་ཏེ། དེ་ལྟར་བསྒྲུབ་པའི་འབྲས་བུའི་དོན་རྣམས་ཡང་དག་པར་གྲུབ་པར་དམ་པ་གང་གིས་བྱེད་དེ་མངོན་དུ་གྱུར་པ་ནི་མན་ངག་གི་གསང་བ་ཟབ་མོ་བློ་གྲོས་ཐབས་གསུམ་གྱིས་ངེས་པར་འགྲུབ་པར་འགྱུར་བའི་ཕྱིར། གཏན་ཚིགས་ཚད་མར་འབྱུང་བའི་དགོས་པ་དེ་བས་ན་སྙིང་པོའི་དོན་མཆོག་གསང་བ་ཟབ་མོ་རྣམས་མན་ངག་གི་ཐབས་ཁྱད་པར་ཅན་གྱིས་གྲུབ་པར་འགྱུར་པ་ཡི་བསླབ་པ་འདི་དག་སྙིང་ནོར་དུ་བྱེད་པ་རབ་ཏུ་གཅེས་པ་ཡིན་ནོ། །ཞེས་གདམས་པར་མཛད་དེ། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། རང་བྱུང་རྒྱལ་པོ་སེམས་ཅན་ལ། །རིག་པའི་རྒྱལ་པོ་རྣམ་ཤེས་ཤར། །ཕུང་པོའི་ཐིག་ལེ་ཆེན་པོ་ལ། །རྣམ་པར་དག་པའི་ཐིག་ལེ་ཤར། །སྐྱེ་མཆེད་ཏིང་འཛིན་གསལ་བ་ལ། །ཐབས་ཀྱི་འཕྲོ་འདུ་གསལ་བར་སྟོན། །གང་ལ་དཔེས་བསྟན་དེ་བཞིན་དུ། །དེ་བཞིན་སེམས་ཅན་དཔེ་བསྟན་པར། །བདེ་བ་ཆེན་པོའི་མན་ངག་འབྱུང་། །དག་པས་བརྟགས་ཀྱང་ཀུན་ཀྱང་གཙང་། །རྟོགས་པས་བསམ་པས་གང་ཡང་འགྲུབ། །ཞེས་སོ། །དེས་ན་མན་ངག་གི་གནད་ལ་བརྟེན་ནས་དོན་མ་ནོར་བར་རྟོགས་པ་ནི་མཆོག་ཏུ་གལ་ཆེ་སྟེ། དེ་ཉིད་ལས། མཁས་པ་མི་གཙོ་རྟོགས་པ་གཙོ། །མཁས་པའི་ཚིག་གི་ཐན་ཡིན་ནོ། །རྟོགས་པས་ཆོས་ཉིད་ཀློང་ན་འཕྱོ། །བཤད་པ་མི་གཙོ་བསྒོམ་པ་གཙོ། །བཤད་པ་ཚིག་གི་བཤད་ར་ཡིན། །བསྒོམས་པས་ལྷ་དང་གཉིས་སུ་མེད། །བསྒྲུབ་པ་བས་ཀྱང་རྟོགས་པ་གཙོ། །རྟོགས་པ་གདེང་དུ་མ་ཆུད་ན། །བསྒྲུབ་པ་རྟོག་པའི་རྒྱུན་ལ་བསྒྲུབ། །བསྒོམ་པ་མཚན་མའི་ངང་ལ་བསྒོམ། །རྩོལ་བ་ཉོན་མོངས་ཞེན་པ་ཚོལ། །རྟོགས་པ་ཡེ་ནས་ཆེ་བ་ནི། །སྣང་སྲིད་རྟོགས་པས་ཡེ་ཤེས་ཆེ། །ཕྱི་ནང་རྟོགས་པས་ཐིག་ལེ་ཆེ། །ཆེ་ཆུང་རྟོགས་པས་མཉམ་ཉིད་ཆེ། །ཡང་དག་རྟོགས་པས་ཡེ་ཤེས་ཆེ། །བཟང་ངན་རྟོགས་པས་བདེ་ཆེན་ཆེ། །བྱ་བཙལ་རྟོགས་པས་བདེ་ཆེན་ཆེ། །བདེ་ཆེན་རྟོགས་པས་བྱང་ཆུབ་ཆེ། །རྟོགས་པའི་གླང་ཆེན་ཕྱོགས་རིས་མེད། །ཡང་དག་དོན་ལྡན་བསྙེན་བསྲིང་མེད། །བདེན་པའི་དོན་འཆང་འཛིན་རྟོག་མེད། །རང་བྱུང་རང་ཤར་བྱ་བཙལ་མེད། །ཐར་པའི་གནས་རིས་སྤང་ལེན་མེད། །དབྱིངས་ཀྱི་བདེ་གདལ་ཕྱོགས་རིས་མེད། །རྟོགས་ན་བཅོས་མེད་སྙིང་པོ་རྟོགས། །སྟོན་ན་རང་བྱུང་འབྲས་བུ་སྟོན། །ཐོབ་ན་རྣམ་དག་བཅོས་མེད་ཐོབ། །ཉི་མ་ཤར་བས་མུན་པ་སངས། །ཞེས་པ་ལ་སོགས་ཤིན་ཏུ་མང་ངོ་། །བཞི་པ་ནི། གྲོགས་པོ་དག །ཅེས་པ་ནས། གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཅེས་བོས་ནས། ཇི་སྐད་བགྲོས་པ་དེ་དག་ནི་ཚེགས་ཆུང་ལ་དོན་ཆེ་བ་མན་ངག་གི་ངོ་བོ་ཉིད་དུ་ཡང་དག་པར་ཤེས་ཤིང་རིག་པར་བྱའོ། །དེ་སྐད་ཅེས་སྟོན་པ་གསང་བདག་ཆེན་པོས་སྨྲས་ཏེ་བཀའ་སྩལ་པས། དམན་པ་དམ་པ་རྣམས་རྟོགས་པའི་བློ་དང་ལྡན། ཤེས་བྱ་གྲོས་ཀྱིས་ཆོད་དེ། མན་ངག་གི་ཐབས་ཀྱིས་ཟིན་ཏེ་གོ་ཞིང་རྟོགས་པའི་ཡོན་ཏན་དང་ལྡན་པར་གྱུར་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། རྟོགས་པའི་མན་ངག་གིས་འབྲས་བུའི་དོན་ཆེན་པོ་ངེས་པར་སྒྲུབ་པ་ཞེས་བྱ་བའི་ལེའུ་སྟེ་བདུན་ཅུ་རྩ་བཞི་པ་ཉིད་རྣམ་པར་བཤད་དེ་ལེགས་པར་བཀྲོལ་བའོ།། །།བཅུ་པ་མདོ་དོན་གཅིག་ཏུ་བསྡུ་བ་ལ་བསླབ་པ་ཚོང་པ་ཁེ་སྤོགས་སྡུད་པ་ལྟར་བཤད་པ་ལ་བཞི་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། བསླབ་པ་གཅེས་པར་གདམས་པ། ཞབས་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་། ཞེས་པ་ནས། འདི་ལྟ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། ལེའུ་འདིས་ངེས་དོན་སྟོན་ནོ། །དེ་ནས་ཡང་སྐྱེས་བུ་ཆེན་པོ་གསང་བ་པའི་བདག་པོ་དེས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་རྣམས་ལ་སྐུ་ཤིན་ཏུ་རྔམས་བརྗིད་ཀྱི་ཚུལ་དུ་བོས་ཏེ་སྨྲས་པ། ཀྱེ་གྲོགས་པོ་དམ་པ་དག མདོ་དོན་གཅིག་ཏུ་འདུས་པའི་བསླབ་པ་ཆེན་པོ་བཅུ་པའི་ངོ་བོ་ཉེ་བར་བསྟན་པ་ནི་གང་ཞེ་ན། འདི་ལྟ་སྟེ། ཞེས་པའོ། །གཉིས་པ་ལྔ་སྟེ། སྐུ་ལྔའི་དགོངས་པ་གཅིག་ཏུ་བསྡུས་ཏེ་བསྟན་པ། རིགས་ལྔའི་དགོངས་པ་གཅིག་ཏུ་བསྡུས་ཏེ་བསྟན་པ། ཞིང་ཁམས་ལྔ་བཅུ་རྩ་བརྒྱད་ཀྱི་སྒྲོན་མའི་དགོངས་པ་གཅིག་ཏུ་བསྡུས་ཏེ་བསྟན་པ། ཞིང་ཁམས་བསམ་གྱིས་མི་ཁྱབ་པའི་སྒྲོན་མའི་དགོངས་པ་གཅིག་བསྡུས་ཏེ་བསྟན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བྱ་བ་མེད་པ་ཡེ་ནས་སངས་རྒྱས་པར་བསྡུས་ཏེ་བསྟན་པའོ། །དང་པོ་ནི། འདི་སྐད་བདག་གིས། ཞེས་པ་ནས། རྒྱུན་གྱི་འབྱུང་བ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ལུང་བསྟན་བརྒྱུད་པའི་གླེང་གཞིའི་དབང་དུ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་གསང་བདག་ཆེན་པོ་ཉིད་ཀྱིས་སྐུ་གསུམ་མམ་བཞི་དང་ངོ་བོ་ཉིད་ཀྱི་སྐུ་ལས་ཐོས་པ་ཉིད་འཆད་པ་སྟེ་དེ་དག་བཤད་པ་བཞིན་འགྲེལ་ཏོ། །དེ་ཡང་རྒྱལ་བ་རེ་རེའི་དགོངས་པའི་མདོ་དོན་བསྡུས་པས་མཚན་ངེས་པར་འགྲུབ་པ་ནི། དེ་ཁོ་ན་ཉིད་ལྷུན་གྱིས་གྲུབ་པའི་ལམ་དང་འབྲས་བུ་རིལ་གྱི་དངོས་གཞི་བས་དེར་འདུས་པ་ཐུན་མོང་དུ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་སྐུ་ལྔ་ཐམས་ཅད་ཀྱི་དགོངས་པའི་གསང་བ་དཀྱིལ་འཁོར་གསུམ་དབྱེར་མེད་པར་ཆོས་ཉིད་རང་སྣང་དུ་མངོན་པར་གྱུར་པས་བཅོམ་ལྡན་འདས་ངོ་བོ་ཉིད་དག་པའི་ཆོས་ཉིད་ཀྱི་སྐུ་མ་འདྲེས་ཡོངས་རྫོགས་དག་པ་གཉིས་ལྡན་གྱི་གསང་སྔགས་ཇི་བཞིན་པ་ནི་རྒྱལ་བའི་སྤྱི་མྱེས་དམ་པར་གྱུར་པས། དབྱིངས་རྣམ་པར་དག་པ་ཆེན་པོ་དེ་ཉིད་དུ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་ཐམས་ཅད་ཀུན་གྱི་དགོངས་པའི་དངོས་གཞི་རབ་ཏུ་གསང་བ་མ་ལུས་པ་ཀུན་འདུས་ཤིང་རྫོགས་ལ་མཐའ་རིལ་ངག་གིས་དག་པའི་ངོ་བོར་གཅིག་དང་དུ་མ་ལས་འདས་པར་གྱུར་པའི་ཀློང་ཆེན་པོ་ནས། རྒྱུད་དག་པའི་དེ་བཞིན་གཤེགས་པ་རྒྱལ་བ་སྐྱོབ་པའི་དབང་ཕྱུག་ཐམས་ཅད་ཀྱིས་ཀྱང་དགོངས་པ་དེ་ཁོ་ན་ཉིད་ཀྱི་ངང་དེར་སོན་པར་གྱུར་ཏེ། རྒྱལ་བ་དེ་དག་རིལ་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཆོས་རྣམས་ཀྱི་དེ་ཁོ་ན་གཅིག་ཏུ་འདུས་པར་གྱུར་པའི་དོན་མཆོག་རབ་ཏུ་གསང་བ་ཉིད་ཇི་ལྟར་བཀའ་སྩལ་པ་བཞིན་དུ་མ་ནོར་བར་བཤད་པར་མཛད་པ་ནི། རང་བཞིན་གྱི་གཏན་ཚིགས་ལ་བརྟེན་ནས་དངོས་པོ་རྣམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་རང་རིག་པ་ཉིད་ནི་མཐའ་ཀུན་ལས་གྲོལ་བའི་རྣམ་པར་དག་པ་ཡིན་པས་ན་ཆོས་ཅན་ཐམས་ཅད་ཀུན་ཀྱང་དེ་ལྟར་རང་བཞིན་རྣམ་པར་དག་པ་ཡིན་ཏེ་ཆུ་གཤེར་བ་ཡིན་པས་རླན་དང་ཆབ་རོམ་ཡང་གཤེར་བ་ལྟ་བུའོ། །དོན་དེ་ནི་རྒྱལ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་མཐར་ཐུག་གི་དབྱིངས་མཆོག་དགོངས་པའི་ཞེ་ཕུགས་རབ་དང་ཁྱད་པར་དུ་གྱུར་པ་ཉིད་དོ། །ཞེས་བཅོམ་ལྡན་འདས་ངོ་བོ་ཉིད་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་ལས་རང་བཞིན་མཉམ་པ་ཆེན་པོའི་དགོངས་པ་དེ་སྐད་ཅེས་འབྱུང་བའོ། །དེ་ལྟར་ན་ཡང་འདི་ལྟ་སྟེ། དབྱིངས་དང་ཡེ་ཤེས་དུས་གསུམ་དུ་རང་གི་ངོ་བོས་དབྱེར་མི་ཕྱེད་པ་རྡོ་རྗེ་ལྟ་བུར་འདུ་འབྲལ་མེད་པའི་དམ་ཚིག་ཆེན་པོ་ནི། སྣང་སྟོང་གཉིས་སུ་མེད་པའི་རྡོ་རྗེ་གསང་བའི་དེ་བཞིན་ཉིད་ཀྱི་ངང་ལས་རང་བྱུང་རང་ཤར་བའི་དེ་ཉིད་ཡིན་པས་རྒྱུ་འབྲས་མེད་པའོ། །དེ་ཡང་རང་གི་སེམས་ཀྱི་ཆོས་ཉིད་མི་ཕྱེད་རྡོ་རྗེའི་དམ་ཚིག་ཏུ་ངེས་ནས་དགོངས་པ་དེ་ཉིད་ཇི་ལྟ་བར་ནི་མངོན་དུ་གྱུར་ཏེ་རང་རིག་འདུས་མ་བྱས་པའི་ངང་དུ་ལྷུན་གྱིས་གྲུབ་པར་རྟོགས་ན་འཕོ་འགྱུར་མེད་པས་ནམ་ཡང་འདུས་བྱས་ལྟར་འཇིག་པའི་དུས་མེད་པ་ཉིད་དོ། །གྲོགས་པོ་དག །བཅོམ་ལྡན་འདས་ཆོས་ཀྱི་སྐུ་རྣམ་པར་དག་པའི་ངོ་བོ་ཉིད་ལས་ཆོས་ཉིད་འགྱུར་བ་མེད་པའི་དགོངས་པ་དེ་སྐད་ཅེས་གསུངས་སོ། །གྲོགས་པོ་དག །དེ་ནས་ཡང་འདི་ལྟ་སྟེ། དུས་གསུམ་གྱི་རྒྱལ་བ་ཀུན་གྱི་དགོངས་པའི་ཐུགས་དམ་ཆེན་པོ་ནི། འཁོར་འདས་ཀྱི་དངོས་པོ་གཉིས་ཀྱི་ལོངས་སྤྱོད་ཐམས་ཅད་སེམས་ཀྱི་ཆོས་ཉིད་ཀྱི་རང་སྣང་དམ་པ་དེ་ཁོ་ན་ཉིད་ལས་རང་ཤར་ཞིང་དེ་ཉིད་དུ་རྫོགས་པས་ཐམས་ཅད་སེམས་ཀྱི་དབྱིངས་ལས་མི་གཞན་ཏེ་སེམས་ཉིད་ལས་གཞན་དུ་གྱུར་པའི་ཆོས་དོན་ལ་མེད་པས་བཙལ་ཡང་རྙེད་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བུའི་གཉིས་མེད་ཡུལ་དང་བྲལ་བའི་རོལ་པ་དེ་ལས་གང་དུ་ཡང་འདའ་བར་མི་འགྱུར་བར་རང་སྣང་བདེ་བ་ཆེན་པོར་གསལ་བའོ། །ཞེས་བཅོམ་ལྡན་འདས་རྫོགས་ལོངས་སྤྱོད་པ་ངོ་བོ་ཉིད་དག་པས་རང་སྣང་སྦྱོང་ཡུལ་ཕྲལ་བའི་དགོངས་པ་དེ་སྐད་ཅེས་གསུངས་སོ། །ཡང་གྲོགས་པོ་དག །འདི་ལྟ་སྟེ། རྒྱལ་བའི་དབང་པོ་དམ་པ་རྣམས་ཀྱིས་བཀའ་སྩལ་ཏེ་གསུངས་པའི་ཚིག་ནི་གང་ཞེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མི་ཕྱེད་ཅིང་མི་འཇིག་པའི་ངོ་བོ་ལས་མི་གཡོ་བར་དོན་མཛད་པའི་གོ་ཆ་ཆེན་པོའི་ཐུགས་དམ་བཅས་པ་ཡི་ཤིན་ཏུ་དམ་པའི་རྒྱལ་བའི་ཐ་ཚིག་འདི་ལྟར་ནི་ལམ་པས་ཀྱང་གལ་ཏེ་མ་སྤྱད་པར་འདས་ན་ལྟུང་ཞིང་བསྲེག་སྟེ་འཚིག་པར་འགྱུར་བ་ཁོ་ནའོ། །ཞེས་བཅོམ་ལྡན་འདས་གསང་བའི་སྐུ་ངོ་བོ་ཉིད་དག་པས་གསང་དོན་འདའ་བར་དཀའ་བའི་དགོངས་པ་དེ་སྐད་ཅེས་གསུངས་ཏེ་འདི་ནི་རྡོ་རྗེའི་སྐུའི་དགོངས་པ་ཡང་ཆ་མཐུན་པར་གསུངས་སོ། །ཡང་གྲོགས་པོ་དག །འདི་ལྟ་སྟེ། ཐེག་པ་ཆེན་པོ་མཉམ་པའི་དམ་ཚིག་ནི་རྒྱལ་བ་རྣམས་ཀྱི་ཐུགས་དམ་དམ་པ་སྟེ། མཉམ་པའི་དམ་ཚིག་འདི་ལས་མ་ཉམས་པར་བསྲུངས་པས་ཐེག་པ་ཆེན་པོའི་སྒོ་སོ་སོར་གྲགས་པ་ཀུན་གྱི་འདུལ་བའི་སྡོམ་པ་དང་། དམ་ཚིག་དམ་པ་མཐའ་ཡས་པ་ཀུན་ཐམས་ཅད་ནས་ཐམས་ཅད་དུ་བསྲུངས་ཤིང་དག་པར་གྱུར་པ་སྟེ། དེ་ལྟར་བསྲུང་བ་འདི་ཡི་དོན་དང་འཕྲད་ཅིང་ངེས་པར་རྟོགས་པ་ནི་ཤིན་ཏུ་རྙེད་བར་དཀའ་བའོ། །ཞེས་བཅོམ་ལྡན་འདས་སྤྲུལ་པའི་སྐུ་རྒྱུན་གྱི་འབྱུང་བ་ངོ་བོ་ཉིད་དག་པས་དམ་ཚིག་ཆེན་པོའི་དགོངས་མདོ་དེ་སྐད་ཅེས་གསུངས་སོ། །དེ་དག་ནི་རྒྱལ་བ་སྐུ་ལྔས་མཉམ་པ་ཆེན་པོའི་དམ་ཚིག་བསྟན་པའོ། །གཉིས་པ་ནི། ཀྱེ་གྲོགས་པོ་དག །ཅེས་པ་ནས། ཡོན་ཏན་གྱི་འབྱུང་གནས་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །ཅེས་པའི་བར་གྱིས་བསྟན་ཏེ། ཀྱེ་གྲོགས་པོ་དག་ཅེས་བོས་ནས་ཡང་འདི་ལྟ་སྟེ་མི་སྤངས་པའི་དམ་ཚིག་འདུས་པ་གང་ཞེ་ན། རྡོ་རྗེ་སེམས་དཔའི་དགོངས་པ་ནི། ཞེ་སྡང་རིལ་གྱི་ངོ་བོ་གསང་བའི་དབྱིངས་ལས་ཐ་དད་པ་མ་ཡིན་ཏེ་རང་རིག་པ་མཐའ་ལས་བྲལ་བའི་བྱང་ཆུབ་ཀྱི་སེམས་སུ་མཉམ་པས་ན་ཆོས་ཉིད་དེ་བཞིན་ཉིད་ལས་གཞན་པའི་རང་རྒྱུད་པ་མ་ཡིན་པས་དོན་ལ་གཉིས་སུ་མེད་པའོ། །དགོངས་པ་དེ་ལྟ་བུར་རྟོགས་ཏེ་ཞེ་སྡང་མ་སྤངས་བྲལ་བས་མནར་སེམས་ཀྱི་དངོས་པོ་བཅོམ་ནས་རང་རིག་པའི་ངང་དུ་རྣམ་པར་དག་པ་ནི་རྡོ་རྗེ་གསང་བའི་དམ་ཚིག་ཆེན་པོ་ཕུལ་དུ་བྱུང་བའོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །གྲོགས་པོ་དག །ཡང་འདི་ལྟ་སྟེ། འོད་མཐའ་ཡས་ཀྱི་དགོངས་པ་ནི། འདོད་ཆགས་ཀྱི་ཤེས་པ་དང་ཆགས་པའི་ཡུལ་གྱི་ངོ་བོ་ཉིད་ན། རང་བཞིན་ཡེ་ནས་མ་བཅོས་པའི་ཆོས་ཉིད་དུ་ཀ་ནས་དག་པ་གང་ཡིན་པ་སྟེ། དོན་ལ་གཉིས་སུ་མེད་པའི་དེ་བཞིན་ཉིད་བྱང་ཆུབ་ཀྱི་སེམས་སུ་རྟོགས་པ་ནི། འདོད་པའི་ལོངས་སྤྱོད་ལ་རོ་མྱོང་བ་དང་ཚོར་བའི་ངོ་བོ་མ་སྤངས་བྲལ་ཏེ་རྣམ་པར་དག་པས་སྤྱོད་ལ་མ་ཆགས་པའི་ཡེ་ཤེས་དང་ལྡན་ནས་ཟིན་ཆགས་ཀྱི་སྐྱོན་མེད་པ་ཉིད་རྡོ་རྗེ་གསང་བའི་དམ་ཚིག་དམ་པ་དེ་ཁོ་ན་ཉིད་དོ། །ཞེས་བཅོམ་ལྡན་འདས་འོད་མཐའ་ཡས་ངོ་བོ་ཉིད་རྣམ་པར་དག་པས་དེ་སྐད་ཅེས་གསུངས་སོ། །ཡང་འདི་ལྟ་སྟེ། རྣམ་པར་སྣང་མཛད་ཀྱི་དགོངས་པ་ནི། ཐ་སྙད་ཐམས་ཅད་རིལ་བྱང་ཆུབ་ཀྱི་སེམས་དེ་བཞིན་ཉིད་དེར་མཚུངས་ཤིང་ངོ་བོ་དེ་ཁོ་ན་ཉིད་དུ་གཅིག་པས་ཁྱད་པར་སོ་སོའི་བྱེ་བྲག་གི་རིས་སུ་འབྱེད་པ་དང་བྲལ་བས་དབྱེར་མེད་ཆེན་པོ་མཚན་ཉིད་སོ་སོར་མི་ཕྱེད་པའི་རྡོ་རྗེ་གསང་བའི་ནམ་མཁའ་གཉིས་སུ་མེད་པར་འོད་གསལ་བའི་ཡེ་ཤེས་ཡང་དག་པའི་གཏི་མུག་རྣམ་པར་དག་པས་རྨོངས་པའི་མུན་ནག་རྣམ་པར་གསལ་ཏེ་མ་རིག་པ་མ་སྤངས་བྲལ་བ་ཉིད་དུ་བསྟན་པའོ། །བཅོམ་ལྡན་འདས་སྣང་ཁྱབ་མཛད་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །ཡང་དོན་ཡོད་གྲུབ་པའི་དགོངས་པ་ནི་འདི་ལྟ་སྟེ། སེམས་ཀྱི་དེ་ཁོ་ན་ཉིད་སྤྲོས་པ་དང་བྲལ་བས་རྣམ་པར་དག་པ་ལ་ཕྱོགས་རིས་སུ་ཐུག་པའི་མཐའ་ཡི་མུ་མེད་ཅིང་རྒྱ་ཁྱོན་དང་བྲལ་བས་ཀློང་ཡངས་པ་ལ་ཕྲག་དོག་དང་དེ་ཉིད་སྤངས་པར་བརྗོད་པའི་ཚིག་གི་ལམ་གྱི་བརྗོད་པ་དང་ཡང་བྲལ་ཏེ་སྤྱོད་ཡུལ་དག་པས་ཀུན་ཏུ་བཟང་པོ་ལ་གང་ཡང་མ་བཀོལ་བར་ཡངས་པའི་དེ་བཞིན་ཉིད་ཀྱི་ངང་རྟོགས་པའི་ལམ་དུ་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་གཅིག་པས་ཕྲག་དོག་མ་སྤངས་བྲལ་ཏེ་བདེ་བ་ཆེན་པོའི་ཀློང་ཡངས་པར་དག་པར་སྤངས་པ་ཆེན་པོ་སྟེ། དེ་ཉིད་རྡོ་རྗེ་གསང་བའི་ཐེག་པ་ཆེན་པོའི་ཐབས་ཀྱི་དམ་ཚིག་དམ་པའོ། །ཞེས་བཅོམ་ལྡན་འདས་ཐམས་ཅད་གྲུབ་པ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །ཡང་རིན་ཆེན་འབྱུང་ལྡན་གྱི་དགོངས་པ་ནི་འདི་ལྟ་སྟེ། དངོས་པོ་གཉིས་པ་རིལ་མཉམ་པའི་དེ་བཞིན་ཉིད་དུ་བྱུང་ཐེབས་ཏེ་བྱང་ཆུབ་སེམས་ཀྱི་ངང་ལས་མེད་པས་ན་ང་ཡི་ལྟར་ཡིན་དང་མ་ཡིན་བྱ་བའི་བདེན་རྫུན་གྱི་ང་རྒྱལ་གཉིས་ལས་འདས་ཏེ་ངང་གིས་བྲལ་བ་ལ་ང་བདག་གི་ངོ་བོ་མེད་པར་རྟོགས་ནས་རྟོག་པས་མ་ཟིན་པ་ནི། མི་ཕྱེད་པའི་རྡོ་རྗེ་གསང་བའི་ངོ་བོ་མ་བཅོས་མ་བསླད་པའི་དེ་བཞིན་ཉིད་ཡིན་པས་དེ་ལ་ཁེངས་དྲེགས་ཀྱི་ང་བདག་ཏུ་འཛིན་པ་མེད་པས་ངོ་བོ་མི་འགྱུར་བ་ནི་ང་རྒྱལ་ཆེན་པོའི་རྡོ་རྗེ་ཐབས་ཀྱི་དམ་ཚིག་གོ། །ཞེས་བཅོམ་ལྡན་འདས་ཡོན་ཏན་ཀུན་གྱི་འབྱུང་གནས་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །འོ་ན་རིགས་ཀྱི་སྐུ་ལྔ་པོ་དེ་དག་བསྟན་པ་གཅིག་ཏུ་མཐུན་པར་གསུངས་ན། སྐུ་ལྔར་ཕྱེ་བ་ལ་དགོས་པ་མེད་དོ་ཞེ་ན། འཁོར་སོ་སོ་ལ་རིགས་སོ་སོས་འདུལ་བའི་དབང་གིས་བསྟན་པར་ཟད་ཀྱི། དོན་སོ་སོར་མི་གནས་པས་འགལ་བ་མེད་དོ། །དེ་བས་ན། འདི་དག་གཞི་དམ་ཚིག་གིས་གཟུང་བར་བསླབ་པའི་མདོ་འདུས་པར་ཡང་འགྲེལ་ཏོ། །གསུམ་པ་ཞིང་ཁམས་ལྔ་བཅུ་རྩ་བརྒྱད་ཀྱི་སྒྲོན་མའི་དགོངས་པ་ལ་གསུམ་སྟེ། སེམས་ཉིད་དཀྱིལ་འཁོར་གསུམ་དུ་བསྟན་པ། སེམས་ཉིད་གླེང་གཞིར་བསྟན་པ། སེམས་ཉིད་མཚན་ཉིད་གསུམ་དུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། གྲོགས་པོ་དག་གཞན་ཡང་། ཞེས་པ་ནས། དྲི་མེད་སྒྲ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །གཞན་ཡང་དྲི་མེད་སྒྲའི་དགོངས་པ་གང་ཞེ་ན་འདི་ལྟ་སྟེ། དབང་པོ་དྲུག་དང་ཡུལ་དྲུག་ལ་སོགས་པ་ཡོད་མཐོང་སྣང་གྲགས་ཀྱི་ཆོས་འཁྲུལ་པ་ལ་སྣང་ཞིང་གྲགས་སོ་ཅོག་གི་ཆོས་ཅན་རྣམས་ལ་བརྟགས་པས་རང་བཞིན་ལྷུན་གྲུབ་ཀྱི་རོལ་པ་ལ་ངོ་བོ་ཐ་དད་མི་མཐུན་པ་སྣ་ཚོགས་མཐའ་ཡས་ཇི་སྙེད་པ་མང་པོར་སྣང་ཀྱང་། རིལ་གྱི་རང་བཞིན་ཡེ་ཇི་བཞིན་པའི་ངང་དུ་འཕྲལ་དུ་མ་བཅོས་མ་བྱས་པར་ཡེ་ནས་དག་པའི་དེ་ཁོ་ན་ཉིད་གསང་བའི་ཆོས་ཉིད་ཀྱི་དབྱིངས་དེ་བཞིན་ཉིད་དུ་དྲི་མས་མ་སྒྲིབ་པར་གཉིས་སུ་མེད་པའི་བྱང་ཆུབ་སེམས་སུ་འོད་གསལ་བར་གྱུར་པས་རང་སྣང་རྣམ་པར་དག་པའི་རྒྱལ་བའི་ཞིང་ཁམས་ཀྱི་བཀོད་པའང་དེ་ལྟར་དཀྱིལ་འཁོར་གསུམ་གྱི་དེ་བཞིན་ཉིད་དུ་དག་པ་གང་ཡིན་པའོ། །ཞེས་བཅོམ་ལྡན་འདས་དྲི་མེད་སྒྲ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཡེ་ཇི་བཞིན་པའི་དཀྱིལ་འཁོར། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །དང་པོ་ནི། དེ་བཞིན་དུ་འདི་ལྟ་སྟེ། ཞེས་པ་ནས། དཀོན་མཆོག་སྤྲིན་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་དུ་རྒྱལ་བ་དཀོན་མཆོག་སྤྲིན་གྱི་དགོངས་པ་ནི་འདི་ལྟ་སྟེ། སྣ་ཚོགས་པའི་དངོས་པོ་ཀུན་ཏུ་མ་འགགས་པར་རང་ཤར་ཞིང་སྣང་བའི་ཡེ་ཤེས་འདི་ནི་སུས་ཀྱང་མ་བྱས་བར་རང་བྱུང་ཡེ་ཤེས་ཆེན་པོ་སྟེ། ཐམས་ཅད་དེ་ཉིད་དུ་འདུས་སོ། །དེས་ན་ཡེ་ཤེས་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་འབྱུང་བའི་གནས་ཀྱི་རྩ་བ་ཡིན་པས་ན། ཆོས་སོ་ཅོག་ཐམས་ཅད་རང་རིག་པ་བྱང་ཆུབ་ཀྱི་སེམས་ལས་རང་བྱུང་བའི་ཡེ་ཤེས་ཉིད་དུ་གཉིས་སུ་མེད་པར་རང་འཆར་བ་ནི་སྙིང་པོ་དང་ཆོས་ཐམས་ཅད་དང་འདུས་པས་དཀྱིལ་འཁོར་ཆེན་པོར་རྫོགས་པའི་རྩ་བའོ། །ཞེས་བཅོམ་ལྡན་འདས་དཀོན་མཆོག་སྤྲིན་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །གཉིས་པ་ནི། གཞན་ཡང་དགོངས་པ་ནི། ཞེས་པ་ནས། བཀོད་པའི་འབྱུང་གནས་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་བཀོད་པའི་འབྱུང་གནས་ཀྱི་དགོངས་པ་རྣམ་པར་བཤད་པ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་ནི་ཡེ་ནས་མ་བཅོས་པས་བྱེད་པ་པོར་མེད་པ་ལ་རང་བཞིན་མ་བསླད་པས་ཇི་བཞིན་པ་སྣང་ཞིང་གྲགས་པའི་ཆོས་སོ་ཅོག་ཀུན་གྱི་ཡང་གསང་གི་རྩ་བའི་སྙིང་པོ་དམ་པ་སྟེ། དེའི་མཚན་ཉིད་ནི་ངོ་བོ་བསྟན་དུ་མེད་པ་ལས་རང་རྩལ་དུ་བྱུང་བའི་ཆོས་སྣ་ཚོགས་ཅིར་ཡང་སྣང་ལ། དེ་ཉིད་ལའང་ངོ་བོ་ལ་སྣང་བ་མེད་པས་ཐམས་ཅད་མ་བསྒོས་པ་ནི་ཡེ་ཇི་བཞིན་པ་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་རྫོགས་པའོ། །ཞེས་བཅོམ་ལྡན་འདས་བཀོད་པའི་འབྱུང་གནས་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །གསུམ་པ་ནི། གཞན་ཡང་འདི་ལྟ་སྟེ། ཞེས་པ་ནས། སེང་གེ་སྒྲ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་སེང་གེའི་སྒྲའི་དགོངས་པ་ནི་འདི་ལྟ་སྟེ། དུས་གསུམ་དུ་འགག་པ་མེད་པར་རང་བྱུང་ཞིང་རང་གི་ངོ་བོ་རིག་པར་གསལ་བའི་སེམས་ཉིད་ཀྱིས་མ་བཅོས་མ་བསླད་པར་ཆོས་ཉིད་ཆེན་པོ་གསང་བའི་དབྱིངས་ཀྱི་དོན་ཉིད་ཐ་དད་པ་མེད་པར་གཉིས་མེད་དུ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ནི་དབྱིངས་དང་ཡེ་ཤེས་ཐབས་དང་ཤེ ས་རབ་གཉིས་སུ་མེད་པའི་རང་བཞིན་ཁོ་ན་སྟེ། དེ་ལྟར་གཉིས་སུ་མེད་པ འི་ངང་ལས་ཡང་དག་པའི་དོན་མ་ནོར་བར་མ་འདྲེས་ལྷུན་རྫོགས་སུ་ཤར་བ་ནི་རང་བཞིན་གྱི་དཀྱིལ་འཁོར་རང་གསལ་དུ་རྫོགས་པ་སྟེ་རྩ་བའི་དཀྱིལ་འཁོར་རྣམ་གསུམ་ཡང་དེ་ཁོ་ན་ཉིད་དོ། །ཞེས་བཅོམ་ལྡན་འདས་སེང་གེ་སྒྲ་ངོ་བོ་ཉིད་དག་པས་དེ་སྐད་ཅེས་གསུངས་སོ། །གཉིས་པ་སེམས་ཉིད་སྟོན་འཁོར་ཐ་དད་མེད་པར་གླེང་གཞིའི་མདོ་དོན་གཅིག་ཏུ་འདུ་བ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། གཞན་ཡང་བཅོམ་ལྡན་འདས་མཛེས་པའི་ཏོག །ཅེས་པ་ནས། ཉིད་གླེང་ཁོ་ནར་ཟད། །ཅེས་གསུངས་སོ། །ཞེས་པའི་བར་ཚན་གཉིས་ཀྱིས་བསྟན་ཏེ། གཞན་ཡང་བཅོམ་ལྡན་འདས་མཛེས་པའི་ཏོག་ངོ་བོ་ཉིད་དག་པས་ཉིད་ཀྱི་དགོངས་པ་གསུངས་པ། འཇིག་རྟེན་པའི་ཆོས་དང་འཇིག་རྟེན་ལས་འདས་པ་ཡི་ཆོས་རྣམས་ཀྱི། ཕྱི་མ་ལ་སྐྱེ་རྒ་ན་འཆི་དང་། འཇིག་ཆགས་སྟོངས་གནས་དང་བཅས་པ་དག་བྲལ་བར་བདེ་ཞིང་སྐྱིད་པའི་ལྷུན་ལ་གནས་པ་དང་། སྔ་མ་ལ་དེ་དག་གིས་མི་བདེ་བར་ཉམ་ཐག་པའི་རྣམ་པར་ནང་བ་རིལ་ཀུན་གྱི་ངོ་བོ་ཡང་སེམས་ཀྱི་དེ་བཞིན་ཉིད་དེ་ཁོ་ན་ཉིད་དུ་དབྱེར་མེད་པར་རོ་གཅིག་ཏུ་གྱུར་པས་ཚོར་བ་བདེ་སྡུག་ཉིད་མ་འགགས་པར་གང་ཡང་དམིགས་སུ་མེད་པར་རང་རིག་པ་གཅིག་གི་ངོ་བོར་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་མཛེས་པའི་རྒྱན་ངོ་བོ་ཉིད་དག་པས་ཉིད་ཀྱི་དགོངས་པ་ནི་འདི་སྐད་དུ། གསང་སྔགས་ཇི་བཞིན་བ་དེ་བཞིན་ཉིད་ཀྱི་དོན་ནི་གླེང་གཞིའི་ངོ་བོར་བསྟན་དུ་མི་བཏུབ་སྟེ། ཇི་སྟེ་ཞེ་ན། སྟོན་པ་དག་འཁོར་རིལ་དེ་བཞིན་ཉིད་དེ་ཁོ་ན་ཉིད་དུ་ཀུན་ནས་མཉམ་པར་གཅིག་པས་ན། སྟོན་པ་གང་གིས་འཁོར་གང་ལ་ཆོས་གང་ཞིག་བསྟན་ཏེ་བཤད་པ་དང་བྲལ་བའོ། །འོ་ན་གཏན་བཤད་པ་འགོག་གོ་ཞེ་ན། སྟོན་འཁོར་སོ་སོར་སྣང་བ་ཉིད་ངོ་བོ་ཐ་དད་མེད་པས་ཉིད་ལ་ཉིད་གླེང་ཞིང་འཆད་པ་ཁོ་ནར་ཟད་དེ་གླེང་གཞི་ཡང་འདུས་སོ། །ཅེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། དུས་ཀྱི་མཉམ་ཉིད་བཤད་པ། གནས་ཀྱི་རང་བཞིན་བསྟན་པ། བསྟན་པའི་དེ་ཉིད་བཤད་པའོ། །དང་པོ་ལ་གཉིས་ཏེ། དུས་ཀྱི་མཚན་ཉིད་མཉམ་པ་དངོས་བཤད་པ། དུས་བཞི་མཉམ་པར་རྟོགས་པའི་ཡོན་ཏན་བསྟན་པའོ། །དང་པོ་ནི། གཞན་ཡང་བཅོམ་ལྡན་འདས་དྲིའི་རྒྱལ་པོ། ཞེས་པ་ནས། བསྐལ་པ་དེ་སྐད་ཅིག །ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་བཅོམ་ལྡན་འདས་དྲིའི་རྒྱལ་པོ་ངོ་བོ་ཉིད་དག་པས་ཉིད་ཀྱི་དགོངས་པ་འདི་སྐད་དུ། དེ་བཞིན་ཉིད་ཀྱི་གནས་ལུགས་མུ་མཐའ་དང་བྲལ་བའི་དབྱིངས་ཀྱི་ངང་ཉིད་ལ། སྔ་ཕྱིའི་དུས་ཀྱི་རྒྱུད་གསུམ་དང་དུས་བཞིར་སྣང་བ་མ་འགགས་ཀྱང་ངོ་བོ་མི་དམིགས་ཏེ་རང་བཞིན་གང་དུའང་མ་གྲུབ་དོན་དང་རང་སྣང་གི་ཡེ་ཤེས་ཇི་ལྟ་བར་རིག་པའི་ངོ་བོ་རང་གསལ་དུ་ཁྱབ་ཅིང་གདལ་བའི་ཁྱད་པར་ལས། དུས་སྐད་ཅིག་དང་བསྐལ་པ་ཆེན་པོར་སྣང་བ་དང་། དེ་ཡི་ཡུན་དང་སྐད་ཅིག་མ་ཀུན་སེམས་ཉིད་དུ་དབྱེར་མེད་ཡིན་པས་སྡུད་པ་པོས་ཀྱང་བཀའ་རྣམས་བསྡུ་བར་བཏུབ་པའོ། །ཞེས་གསུངས་སོ། །གཉིས་པ་ནི། གཞན་ཡང་བཅོམ་ལྡན་འདས་སྙིང་རྗེའི། ཞེས་པ་ནས། ལྷུན་གྲུབ་ཚོགས་གཉིས་རྫོགས། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། གཞན་ཡང་བཅོམ་ལྡན་འདས་སྙིང་རྗེའི་རྒྱལ་པོ་ངོ་བོ་ཉིད་དག་པས་ཉིད་ཀྱི་དགོངས་པ་ནི་འདི་སྐད་དུ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀྱི་དངོས་པོ་དང་། དེ་གཉིས་དབྱེར་མེད་པའི་ཆོས་ཉིད་ཀྱི་ངོ་བོ་མི་འགྱུར་བས་རྟག་པ་ཆེན་པོ་ནི་དེ་བཞིན་ཉིད་དམ་དེ་ཁོ་ན་ཉིད་ཀྱི་དབྱིངས་རིལ་གྱི་འབྱུང་གནས་ཆེན་པོའི་ངོ་བོ་ཉིད་ཀྱི་ངང་དུ་རང་ཤར་ཏེ་ཡེ་ནས་མྱ་ངན་ལས་འདས་པར་གྱུར་པས་ན་སྲིད་པ་འཁོར་བའི་མིང་ཡང་མེད་པས་འབྲས་བུ་རང་བཞིན་ལྷུན་གྱིས་གྲུབ་སྟེ་ཚོགས་གཉིས་མ་བཙལ་བར་ཡེ་ནས་རྫོགས་པ་ཉིད་དོ། །ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཕྱིའི་ཡུལ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་བསྟན་པ། ཞིང་ཁམས་ཆོས་ཉིད་ཀྱི་ཡོན་ཏན་རིན་པོ་ཆེའི་སྤྲིན་དུ་བཀོད་པར་བཤད་པ། གཞལ་ཡས་ཁང་དེ་བཞིན་ཉིད་ལས་རྒྱལ་བའི་ཕོ་བྲང་དུ་བཀོད་པར་བསྟན་པའོ། །དང་པོ་ནི། ཡང་བཅོམ་ལྡན་འདས་དགའ་བའི་སྤྱན། ཞེས་པ་ནས། རྡོ་རྗེ་སྐྱེ་གནས་དམ། །ཞེས་གསུངས་སོ། །ཞེས་པའི་བར་དང་། ཚན་གཅིག་གི་འོག་ནས། ཡང་བཅོམ་ལྡན་འདས་གསེར་གྱི་འོད་ཟེར། ཞེས་པ་ནས། འཁོར་བའི་རང་བཞིན་མེད། །ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་དགའ་བའི་སྤྱན་ངོ་བོ་ཉིད་དག་པས་ཉིད་ཀྱི་དགོངས་པ་འདི་སྐད་དུ། འདུས་བྱས་དང་འདུས་མ་བྱས་པའི་ཆོས་སོ་ཅོག་གི་རང་བཞིན་ནི་དུས་གསུམ་དུ་ངོ་བོ་ཉིད་ཀྱིས་མི་རྙེད་པར་འབྱུང་འཇུག་མེད་པའི་མ་སྐྱེས་པ་ལས་ཐམས་ཅད་དུ་སྐྱེས་ཏེ་ཅིར་ཡང་སྣང་ལ། དེ་ལྟར་སྐྱེས་པ་ཉིད་ནའང་ངོ་བོ་སྐྱེ་བ་མེད་པ་ནི་བདེ་བ་ཆེན་པོའི་གནས་ཏེ། དེས་ན་རིགས་མཆོག་གཉིས་མེད་མཉམ་པ་དེ་ཉིད་ཇི་ལྟར་བར་རིག་ན་རྡོ་རྗེ་ཐེག་པའི་སྐྱེ་གནས་དམ་པར་གྱུར་པའོ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་གསེར་གྱི་འོད་ཟེར་ངོ་བོ་ཉིད་དག་པས་ཉིད་ཀྱི་དགོངས་པ་འདི་སྐད་དུ། དཔག་ཏུ་མེད་པའི་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ཀྱང་ངོ་བོ་ཇི་བཞིན་པའི་དེ་བཞིན་ཉིད་ཀྱི་ངང་ལ་མ་འདྲེས་ཡོངས་རྫོགས་སུ་བཞུགས་པས་དེ་བཞིན་ཉིད་དང་གཅིག་དང་དུ་མ་ལས་གྲོལ་བའི་ཚུལ་དུ་ཐམས་ཅད་ཀྱང་གཉིས་སུ་མེད་པའི་དེ་བཞིན་ཉིད་དང་ཐ་མི་དད་པར་བཞུགས་པས་ན་ཆོས་ཀྱི་དབྱིངས་ཀྱི་གནས་སམ་གཞལ་ཡས་ཁང་དམ་པ་དེ་ཉིད་དོ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་འོད་ཀྱི་དཔལ་ངོ་བོ་ཉིད་དག་པས་ཉིད་ཀྱི་དགོངས་པ་འདི་སྐད་དུ། འཁོར་བ་དང་ནི་མྱ་ངན་ལས་འདས་པའི་དངོས་པོ་གཉིས་པ་རིལ་དེ་ཁོ་ན་ཉིད་དུ་གནས་པས་སོ་སོར་ཐ་དད་དུ་སྣང་བའི་རང་རྒྱུད་པའི་དངོས་པོ་ཡོད་པ་མ་ཡིན་ཏེ། ཇི་བཞིན་པའི་ཆོས་ཉིད་དེ་བཞིན་ཉིད་དུ་ཡང་དག་པར་ངེས་པའི་དོན་རྟོགས་ན། རིག་པ་དེ་ལ་འཁོར་བའི་རང་བཞིན་མ་དག་པའི་སྣང་བ་མེད་པར་ཆོས་ཉིད་དུ་གསལ་བས་མྱ་ངན་ལས་འདས་པའང་འདི་ཉིད་ཡིན་པའོ། །ཞེས་གསུངས་སོ། །གཉིས་པ་ནི། གོང་གི། ཡང་བཅོམ་ལྡན་འདས་ཡོངས་སུ་དགོངས་པའི་རྒྱལ་པོ། ཞེས་པ་ནས། ཅི་ཡང་མེད། །ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་ཡོངས་སུ་དགོངས་པའི་རྒྱལ་པོ་ངོ་བོ་ཉིད་དག་པས་ཉིད་ཀྱི་དགོངས་པ་འདི་སྐད་དུ། ཆོས་སོ་ཅོག་དེ་བཞིན་ཉིད་དེ་ཁོ་ན་ཉིད་དུ་ཀུན་ནས་གནས་པའི་རིག་ཅིང་རྟོགས་ནས་གཉིས་མེད་དུ་ཐག་ཆོད་ན། དེ་བཞིན་ཉིད་མུ་མཐའ་མེད་པ་དེས་ཁྱབ་པའི་གར་གནས་པ་ཉིད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པའི་ཡོན་ཏན་ལྷུན་གྱིས་གྲུབ་པ་ཉིད་འདོད་རྒུ་འབྱུང་བ་རིན་ཆེན་གྱི་སྤྲིན་དུ་བཀོད་པ་ཡིན་པས་དེ་ལའང་དབྱིངས་ཀྱི་ངང་ལ་བཀོད་པར་བྱ་བ་ཅི་ཡང་མེད་པས་མ་བགྲོད་པར་ཕྱིན་པ་ཁོ་ནའོ། །ཞེས་གསུངས་སོ། །གསུམ་པ་ནི། འོག་ནས། ཡང་བཅོམ་ལྡན་འདས་ཞི་བའི་དབང་པོ། ཞེས་པ་ནས། ཀུན་བཀོད་དེར་གཅིག་གནས། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་ཞི་བའི་དབང་པོ་ངོ་བོ་ཉིད་དག་པས་ཉིད་ཀྱི་དགོངས་པ་འདི་སྐད་དུ། སེམས་ཉིད་དེ་བཞིན་ཉིད་ཀྱི་དེ་ཁོ་ན་ཉིད་ནི་མུ་མཐའི་ཚད་དང་བྲལ་བས། དཔག་ཅིང་གཞལ་བར་བྱེད་པའི་མཐའ་ལས་འདས་ཏེ་གཞལ་ཡས་ཁང་ཞེས་པའི་མིང་ཡང་འགྲུབ་པས་བཞུགས་ནས་དམ་པ་ཉིད་དེ་དཔག་ཏུ་མེད་པའི་རྒྱལ་བའི་ཕོ་བྲང་ཡིན་པས་དེ་ན་སངས་རྒྱས་རིལ་ཀུན་ཆེད་དུ་མ་བཙལ་བར་རང་སྣང་གི་བཀོད་པར་ལྷུན་གྱིས་གྲུབ་པའི་ངང་དེར་གཅིག་ཏུ་གནས་ཤིང་དབྱེར་མེད་པར་བཞུགས་པའི་དོན་དུ་ངེས་སོ། །ཞེས་གསུངས་སོ། །གསུམ་པ་ལ་གཉིས་ཏེ། བརྗོད་བྱ་དོན་གྱི་བསྟན་པ། རྗོད་བྱེད་ཚིག་གི་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྒྱ་ཆེ་བའི་བསྟན་པ། ཟབ་པའི་བསྟན་པ། གཉིས་སུ་མེད་པའི་བསྟན་པའོ། །དང་པོ་ནི། ཡང་བཅོམ་ལྡན་འདས་སྤྲིན་གྱི་དཔལ། ཞེས་པ་ནས། དམིགས་པ་བཞིན་དུ་འབྱུང་། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་སྤྲིན་གྱི་དཔལ་ངོ་བོ་ཉིད་དག་པས་ཉིད་ཀྱི་དགོངས་པ་འདི་སྐད་དུ། ཆོས་ཉིད་ཅི་ཡང་མེད་པ་ལས་ཆོས་ཐམས་ཅད་ཅིར་ཡང་འབྱུང་ཞིང་འཆར་བའི་ཆོ་འཕྲུལ་ཡང་། ཅིར་ཡང་འགྱུར་བའི་ཡེ་ཤེས་ཆེན་པོ་ཐམས་ཅད་ཀྱི་དངོས་གཞི་ངོ་བོ་མ་ངེས་པ་ཉིད་སྣང་བ་སྟེ། དེ་ལ་གདོས་པར་གྱུར་པའི་ཆོས་མེད་ཅིང་ཐེར་ཟུག་དང་བྲལ་བས་གང་ཇི་ལྟར་དམིགས་ཤིང་བསམ་པ་བཞིན་དུ་སྣ་ཚོགས་སུ་སྣང་བ་འབྱུང་བ་ནི་དཔེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཞེས་གསུངས་སོ། །གཉིས་པ་ནི། ཡང་བཅོམ་ལྡན་འདས་ཡིད་འོང་དབྱངས། །ཞེས་པ་ནས། རིག་ན་བདེ་ཆེན་གནས། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་ཡིད་འོང་དབྱངས་ངོ་བོ་ཉིད་དག་པས་ཉིད་ཀྱི་དགོངས་པ་འདི་སྐད་དུ། འཇིག་རྟེན་འཁོར་བའི་སྐྱེ་གནས་སུ་ཁ་བརྒྱུད་ཅིང་སྐྱེ་བར་བྱེད་པའི་རྩ་བ་ནི་མ་རིག་པའོ། །མ་རིག་པའི་ངོ་བོ་ཉིད་གདོད་ནས་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཡིན་པས་རྟེན་པ་ཡི་གཞི་དང་བསྐྱེད་པའི་རྩ་བ་མེད་པར་ཅི་ཡང་མི་འགོག་པའི་སྐད་ཅིག་མ་ཡིན་ལ། དོན་དེ་ཉིད་ཕྱིན་ཅི་མ་ལོག་པར་རིག་ཅིང་རྟོགས་ན་འཁོར་བ་ཉིད་བདེ་བ་ཆེན་པོའི་གནས་ཏེ། གཞན་དུ་བགྲོད་དུ་མེད་པའོ། །ཞེས་གསུངས་སོ། །གསུམ་པ་ནི། ཡང་བཅོམ་ལྡན་འདས་མེ་ལོང་འོད་སྣང་། ཞེས་པ་ནས། དེ་ཉིད་ཡང་དག་ལམ། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་མེ་ལོང་འོད་སྣང་ངོ་བོ་ཉིད་དག་པས། ཉིད་ཀྱི་དགོངས་པ་འདི་སྐད་དུ། སེམས་ཀྱི་དེ་ཁོ་ན་ཉིད་ལ་ཉོན་མོངས་པ་ལྔར་རྟོག་པ་དང་ཡེ་ཤེས་ལྔ་རུ་རྟོག་པ་གཉིས་ནི། སྤྲིན་དཀའ་ནག་གཉིས་ཀས་ཉི་མ་ལ་སྒྲིབ་པ་ལྟར། ཇི་བཞིན་པ་དེ་ལ་རྟོག་པ་བཟང་ངན་གཉིས་ཀ་སྒྲིབ་པ་ཡིན་པས་དེ་ཁོ་ན་ཉིད་མི་མཐོང་བ་དེས་ན། རྟོག་པ་དང་མི་རྟོག་པ་གཉིས་སུ་མེད་པར་གཉིས་ཀའི་ཐ་སྙད་ལས་གྲོལ་བ་ནི་མི་རྟོག་པ་ཆེན་པོ་ཉིད་དེ། དེ་ལྟར་རྟོགས་པ་ན་རྟོག་པ་དེ་ཡི་ངོ་བོ་ཉིད་ཡང་དག་པའི་ལམ་ཆེན་པོ་ཡིན་པས་ལམ་གཞན་ནས་བཙལ་དུ་མེད་པ་ཉིད་དོ། །ཞེས་གསུངས་སོ། །གཉིས་པ་ནི། ཡང་བཅོམ་ལྡན་འདས་ཟླ་འོད་དཔལ། ཞེས་པ་ནས། ཐེག་པ་ནི་ལས་མེད། །ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་ཟླ་འོད་དཔལ་ངོ་བོ་ཉིད་དག་པས་ཉིད་ཀྱི་དགོངས་པ་འདི་སྐད་དུ། ཐེག་པའི་སྒོ་ཇི་སྙེད་པ་དཔག་ཏུ་མེད་པར་བསྟན་པ་ཡང་ཇི་ལྟར་གདུལ་བྱའི་མོས་པ་ཐ་དད་པ་ལྟར་དྲང་ཞིང་ཁྲིད་པར་བྱ་བའི་ཐབས་སུ་རིམ་པ་སྣ་ཚོགས་སུ་བསྟན་པར་མཛད་པ་ཙམ་དུ་ཟད་པས། རྩ་བ་མཐར་ཐུག་ཐེག་པའི་ངེས་དོན་ནི་རྡོ་རྗེ་ཐེག་པ་ཉིད་ལས་མེད་པས་དེ་ལ་འདུས་པ་ཁོ་ནར་ཟད་དོ། །ཞེས་གསུངས་སོ། །གསུམ་པ་སེམས་ཉིད་མཚན་ཉིད་གསུམ་དུ་བསྟན་པ་ལ། རྒྱས་པར་བཤད་པ། དོན་བསྡུས་པའོ། །དང་པོ་ལ་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད། རྐྱེན་འཇུག་པའི་མཚན་ཉིད། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་དོ། །དང་པོ་ནི། ཡང་བཅོམ་ལྡན་འདས་ཉི་མའི་སྙིང་པོ་དཔལ། ཞེས་པ་ནས། དབང་སྒྱུར་ཐོབ་པ་ཡིན། །ཞེས་གསུངས་སོ། །ཞེས་པའི་བར་ཚན་པ་བཞིས་བསྟན་ཏེ། ཡང་བཅོམ་ལྡན་འདས་ཉི་མའི་སྙིང་པོ་དཔལ་ངོ་བོ་ཉིད་དག་པས་ཉིད་ཀྱི་དགོངས་པ་འདི་སྐད་དུ། གང་སུ་ཞིག་གིས་གསང་སྔགས་ཀྱི་ངོ་བོ་དེ་ཉིད་ཇི་ལྟ་བར་མཐོང་ཞིང་མཇལ་བའི་སྐད་ཅིག་དེ་མ་ཐག་པ་ལ་ཤེས་བྱ་དང་ལྟ་བ་ཟབ་མོ་མི་ཤེས་པའི་སྒྲིབ་པས་ཆོད་པའི་དྲྭ་བ་མ་རིག་པའི་ཆར་གཏོགས་པ་དེ་ཉིད་གཅོད་ཅིང་འཇོམས་པར་བྱེད་དོ། །དེ་ལྟ་བུ་ནི་ཁྱུང་དང་སེང་གེ་ཇི་བཞིན་དུ་མངལ་དང་སྒོ་ངའི་དཔེ་ལྟར་ལུས་ཀྱི་མངལ་གྱི་རྒྱ་མདུད་ཀྱིས་བསྒྲིབས་ཀྱང་། ཡང་དག་པའི་ས་ལ་ངེས་པར་འབྱུང་མ་རག་པའོ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་སྤོས་ཀྱི་རྒྱལ་པོའམ་གླང་པོ་ངོ་བོ་ཉིད་དག་པས་ཉིད་ཀྱི་དགོངས་པ་འདི་སྐད་དུ། རིག་པའི་སེམས་ཉིད་ལ་དབང་བསྒྱུར་ཐོབ་པའི་ཐབས་ཀྱི་ཡེ་ཤེས་ཀྱིས་སྣང་བ་གང་ཡང་མ་གྲུབ་པར་སྒྱུ་མའི་ཆོས་ལ་དབང་ཐོབ་པས་མུན་པ་ལ་སྣང་བ་འབྱུང་བ་ཇི་ལྟ་བ་བཞིན་དུ་འཁོར་བའི་མུན་པ་ཐམས་ཅད་ཡེ་ཤེས་ཆེན་པོས་དབང་བསྒྱུར་ཏེ་རང་རིག་པའི་ཆོས་ཉིད་ཀྱི་ཀློང་དུ་གསལ་བར་བྱེད་པ་ཡིན་ཀྱང་མིན་པ་ལས་ཡིན་པར་བསྒྱུར་བ་ནི་གང་ཡང་མེད་པའོ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་མངོན་པར་སྤྲོ་བའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། སྒྱུ་མ་ཙམ་དུ་སྣང་ལ་མི་དམིགས་པའི་དངོས་པོ་རྣམ་དག་ཡེ་ཤེས་སྒྱུ་མ་དང་ལོག་རྟོག་མཚན་མའི་སྒྱུ་མ་གཉིས་བཟང་ངན་དུ་སྣང་ཡང་གཉིས་ཀའི་ངོ་བོ་རང་བཞིན་གཉིས་སུ་མེད་པའི་དེ་བཞིན་ཉིད་དུ་གཅིག་པས་ན། དེ་གཉིས་མ་འགགས་ལ་མི་དམིགས་པ་གཉིས་སུ་ཤེས་ཤིང་རང་བཞིན་དབྱེར་མེད་པར་མཉམ་པ་ཉིད་དུ་རྟོགས་པ་ནི་ཚོགས་གཉིས་ལྷུན་རྫོགས་སུ་གྱུར་པའོ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་རིན་ཆེན་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། ཐ་སྙད་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པའི་ཆོས་འདི་རྣམས་ཇི་བཞིན་པ་དེ་བཞིན་ཉིད་ཀྱི་ངང་དུ་ཡེ་ནས་ཐ་མི་དད་པར་གཅིག་པས་ན། དམ་པ་གང་གིས་དེ་ལྟ་བུའི་དེ་བཞིན་ཉིད་ཀྱི་དོན་དེ་ཉིད་མ་ནོར་བར་ཤེས་ཤིང་རྟོགས་པ་ནི་ཆོས་རྣམས་ཀུན་ལ་དབང་སྒྱུར་བའི་མ་འདྲེས་ཡོངས་རྫོགས་རྟོགས་པ་ངེས་པར་ཐོབ་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། ཡང་བཅོམ་ལྡན་འདས་འོད་ཟེར་དཔལ། ཞེས་པ་ནས། རིག་པ་འཛིན་པ་ཉིད། །ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་འོད་ཟེར་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། སངས་རྒྱས་རྣམས་ཀྱི་དགོངས་པ་གསང་བ་འདི་ཉིད། ལྟ་བས་ཤེས་ཤིང་རྟོགས་ནས་སྒོམ་པས་གང་དེ་ལ་གང་གནས་པ་ནི་རང་བྱུང་གི་རིག་པ་ཉིད་ལ་དབང་ཐོབ་པའི་རྣལ་འབྱོར་པ་ཡིན་པས། དེ་ལྟར་དོན་བཞིན་དུ་ངེས་པར་རྟོགས་པ་ཉིད་ནི་རིག་པ་འཛིན་པའི་ས་མཆོག་དམ་པ་ཉིད་ཡང་དག་པར་ནོན་པ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་ལ་ལྔ་ཕྲག་ལྔ་ལས། ལྔ་ཕྲག་དང་པོ་ལའང་ལྔ་སྟེ། ཡོན་ཏན་མི་ཟད་པ་ལོགས་ནས་མི་འབྱུང་བ། ཞི་བའི་ལས་གྲུབ་པ། ཆོས་སྐུའི་གསུང་བཤད་པ། ཡོན་ཏན་རིན་ཆེན་གཏེར་དུ་བསྟན་པ། ལོངས་སྐུའི་གསུང་བཤད་པའོ། །དང་པོ་ནི། ཡང་བཅོམ་ལྡན་འདས་དཀའ་ཐུབ་རྒྱལ་པོ། ཞེས་པ་ནས། སྒྲུབ་པ་ག་ལ་ཡོད། །ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་དཀའ་ཐུབ་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། སེམས་ཀྱི་དེ་ཁོ་ན་ཉིད་ཇི་བཞིན་པའི་ངོ་བོ་མངོན་དུ་གྱུར་པ་ན་མེད་ལ་མི་ཟད་པར་འབྱུང་བ་ཡི་འབྲས་བུའི་རྒྱལ་པོར་ཆེ་བའི་ཡོན་ཏན་རྒྱུན་མི་ཆད་པར་ཅིར་ཡང་སྣང་ཞིང་ཀུན་ཏུ་འབྱུང་བ་ནི་རིན་ཆེན་མཆགོ་གི་གཏེར་ལ་དབང་བསྒྱུར་བ་ལྟ་བུར་གྱུར་པས་ཚོགས་ལ་རག་ལས་པ་མེད་པའོ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་གཙུག་ཏོར་སྙིང་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། ཇི་བཞིན་པའི་ཆོས་ཉིད་མ་བཅོས་པའི་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་ལ་ཡང་རང་རིག་པ་ཉིད་ཇི་བཞིན་པ་དེ་བཞིན་དུ་སྒོམ་པ་ཡིས་བློ་བཞག་སྟེ་གནས་པ་ཡིན་པས། བསྒོམ་བྱ་སྒོམ་བྱེད་མེད་པར་དེ་བཞིན་ཉིད་དུ་རང་གསལ་བའི་མི་རྟོག་པ་ཉིད་འབྲས་བུ་ཡིན་ལ། དེ་ཉིད་མ་ཡིན་པ་ཡི་བསྒྲུབ་པར་བྱ་བའི་འབྲས་བུ་དང་དེ་ལྟར་དོན་དུ་གཉེར་བའི་སྒྲུབ་པ་གཞན་ག་ལ་ཡོད་དེ་མེད་པ་ཉིད་དོ། །ཞེས་གསུངས་སོ། །གཉིས་པ་ནི། ཡང་བཅོམ་ལྡན་འདས་ངེས་པར་གཤེགས་ལ། ཞེས་པ་ནས། སྟོང་པར་ངང་གིས་སངས། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་ངེས་པར་གཤེགས་པ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། དཔེར་ན་ནམ་མཁའ་ལ་གློ་བུར་དུ་སྤྲིན་འཐིབས་ནས་སྒྲིབ་པ་ལྟར་དུ་སེམས་ཀྱི་དེ་ཁོ་ན་ཉིད་ལའང་མ་རིག་པའི་དབང་གིས་གློ་བུར་གྱི་རྟོག་པ་སྣ་ཚོགས་པས་སྒྲིབ་པ་ཡིན་པས་འཁོར་བའི་ཚུལ་གྱི་དཔེ་དོན་དང་། དེ་བཞིན་དུ་དཔེར་ན་ནམ་མཁའ་དག་པའི་ངང་དུ་སྤྲིན་སངས་ཏེ་མཁའ་དབྱིངས་དྭངས་པར་གསལ་བ་ལྟར། རྣམ་པར་རྟོག་པའི་ཟུག་རྔུ་གཟུང་བ་དང་འཛིན་པའི་སྒྲིབ་པ་རྣམས་ཆོས་ཉིད་སྟོང་པར་རྟོགས་ནས་རིག་པའི་མཁའ་ལ་ངང་གིས་སངས་པ་ཉིད་སྒྲིབ་པ་ལས་གྲོལ་ཏེ་ཞི་བའི་ཕྲིན་ལས་དག་པར་རྫོགས་པའི་དཔེ་དོན་དུ་བསྟན་པའོ། །ཞེས་གསུངས་སོ། །གསུམ་པ་ནི། ཡང་བཅོམ་ལྡན་འདས་ངེས་པར་གསུངས་པའི། ཞེས་པ་ནས། པ་ཉིད་རྒྱ་ཆེར་བཤད། །ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་ངེས་པར་གསུངས་པའི་ངོ་བོ་ཉིད་དག་པས་འདི་སྐད་དུ་བཀའ་སྩལ་པ། རྒྱུ་འབྲས་ཀྱི་ཐེག་པ་སྣ་ཚོགས་ཇི་སྙེད་པ་རྣམས། རྣམ་པར་དག་པའི་གསུང་གིས་བརྗོད་དེ་བཀའ་སྩལ་པ་ལྟར་སྣང་བ་ཀུན་ཀྱང་དོན་གྱི་ངོ་བོ་གསུང་ལྔ་མི་ཕྱེད་པའི་རྡོ་རྗེ་ལྟ་བུའི་ཆོས་སྐུའི་གསུང་ལ་རྫོགས་པ་ལ་འབྱུང་འཇུག་དང་འགྲོ་འོང་གི་སྤྲོས་པ་མེད་དོ། །དེ་ལྟར་འབྱུང་འཇུག་དང་འགྲོ་འོང་གི་སྤྲོས་པ་མེད་པ་ཉིད་སྐྱེ་མེད་ལྷུན་གྲུབ་ཀྱི་གསུང་མཆོག་དམ་པ་ཉིད་ཡིན་པས་བྲག་ཆ་ལྟར་འགྲོ་འོང་མེད་པར་གདུལ་བྱའི་ངོ་ལ་ཀུན་ཏུ་མ་འདྲེས་པར་དོན་སོ་སོར་གསལ་ཞིང་གདལ་ཁྱབ་ཆེན་པོའི་གསུང་དུ་ཤར་བས་ངོ་བོ་ཉིད་བརྗོད་པ་དང་བྲལ་བས་མ་གསུངས་པ་ཉིད་གདུལ་བྱའི་དོན་ཀུན་གྲུབ་པས་རྒྱ་ཆེར་བཤད་པའི་གསུང་གི་གསང་བ་ཟབ་མོ་རྒྱ་ཆེན་པོའི་ཕུལ་དུ་གྱུར་པ་ཉིད་དོ། །ཞེས་གསུངས་སོ། །བཞི་པ་ནི། ཡང་བཅོམ་ལྡན་འདས་བདེ་བ་ཆེན་པོ། ཞེས་པ་ནས། གཏེར་ལྡན་རིན་ཆེན་འབྱུང་། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་བདེ་བ་ཆེན་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། སྤྱད་པར་བྱ་བ་ཐམས་ཅད་པའི་ཡུལ་ཀུན་ལ་འཇུག་པ་ཡི་ཤེས་པ་ཡང་དོན་ཡང་དག་པའི་གསང་བ་ཆེན་པོ་རྟོགས་པ་ཟིན་ཆགས་མེད་པར་གང་ལ་ཡང་ཐོགས་པ་མེད་ཅིང་མ་ཆགས་པའི་དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་བློས། དངོས་པོར་སྣང་བ་ཇི་སྙེད་པ་ཀུན་ཇི་བཞིན་པའི་དེ་བཞིན་ཉིད་ཡིན་པའི་གཉིས་མེད་ཀྱི་དོན་དུ་དབང་སྒྱུར་ཏེ་གསལ་བར་བྱེད་དོ། །དེ་ལ་ནི་རྒྱལ་བའི་ཡོན་ཏན་ཟད་པ་མེད་པའི་གཏེར་དང་ལྡན་ཏེ་ནོར་བུ་རིན་ཆེན་ལས་དགོས་འདོད་འབྱུང་བ་ལྟ་བུའོ། །ཞེས་གསུངས་སོ། །ལྔ་པ་ནི། ཡང་བཅོམ་ལྡན་འདས་མེ་ཏོག་དབང་པོའི་དབྱངས། ཞེས་པ་ནས། འདོད་པ་སོ་སོར་མཇལ། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་མེ་ཏོག་དབང་པོ་དབྱངས་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། རྒྱལ་བ་རིལ་ཐམས་ཅད་ཇི་བཞིན་པ་དེ་བཞིན་ཉིད་ཀྱི་ངང་ལ་བཞུགས་པས་ན། དོན་གྱི་ངོ་བོ་ཉིད་ནི་འདི་ཁོ་ནའོ་ཞེས་དངོས་སུ་ཚིག་ཏུ་བརྗོད་དེ་མ་གསུངས་ཀྱང་། བདེ་བར་གཤེགས་པའི་སྙིང་པོའམ་ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ་པས་ངོ་བོ་གཅིག་གིས་བསྣུམས་པའི་རང་བཞིན་དང་བྱིན་རླབས་ཀྱིས་བདག་ཉ ིད་གཅིག་པར་འབྲེལ་བས་ཇི་ལྟར་འདོད་པ་བཞིན་དགོངས་པ་ལྷུན་གྱིས་གྲུབ་པ་ཉིད་སྣང་དུ་བཏུབ་པའི་དོན་གྱིས་ན་རྒྱུད་དག་པའི་མོས་པ་དང་འཚམས་པར་བློ་ལ་སོ་སོར་མཇལ་ཏེ་དགོངས་པ་གཉིས་མེད་དུ་ཤར་བར་འགྱུར་བས། ལོངས་སྤྱོད་རྫོགས་པས་གསུང་མཆོག་མི་སྨྲ་བར་ཇི་བཞིན་པའི་སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན་པའོ། །ཞེས་གསུངས་སོ། །ལྔ་ཕྲག་གཉིས་པ་ལ་ལྔ་སྟེ། སོ་སོར་རྟོག་པའི་ཡེ་ཤེས། མངོན་པར་བྱང་ཆུབ་པའི་སྐུའི་གསུང་། དྲག་པོའི་ཕྲིན་ལས་གྲུབ་པ། རྒྱས་པའི་ཕྲིན་ལས་རྫོགས་པ། སྤྲུལ་སྐུའི་གསུང་བསྟན་པའོ། །དང་པོ་ནི། ཡང་བཅོམ་ལྡན་འདས་གྲགས་པའི་དཔལ། ཞེས་པ་ནས། རང་བྱུང་ཡེ་ཤེས་ཉིད། །ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་གྲགས་པའི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། སངས་རྒྱས་དང་སེམས་ཅན་ལ་སོགས་པ་མཐོ་དམན་དུ་གྲགས་པའི་ཆོས་ཐམས་ཅད་ཀུན་ཀྱང་། བློའི་ངོ་ལ་མཐོན་པོ་མ་ལུས་པ་དང་དམའ་བ་ལུས་པ་མེད་པར་རང་སྣང་བ་ནའང་། རང་རིག་པ་དང་མ་རིག་པ་གཉིས་སུ་སོ་སོར་སྣང་བ་ནི་རྟོག་པ་ཉིད་ཡིན་ལ། དེ་དག་ཀུན་ཀྱང་ངོ་བོ་རང་བྱུང་ཆེན་པོའི་ཡེ་ཤེས་ཀྱི་ཀློང་ཉིད་དུ་སངས་རྒྱས་པར་ཀུན་ནས་མཉམ་པར་བསྟན་པ་ཡིན་ནོ། །ཞེས་ཐུགས་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་དེ་སྐད་དུ་གསུངས་སོ། །གཉིས་པ་ནི། ཡང་བཅོམ་ལྡན་འདས་སྤྲུལ་པའི་རྒྱལ་པོ། ཞེས་པ་ནས། གསུང་ཉིད་མི་གནས་པའོ། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་སྤྲུལ་པའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། ཡི་གེ་གསུང་གི་ཕྱག་རྒྱ་རྣམས་འདུས་པའི་རིགས་པའི་གསུང་གི་ཡེ་ཤེས་ཀྱང་བསྟན་པ་རྒྱ་མཚོའི་ཚིག་ལམ་ཀུན་འབྱུང་བའི་གཞི་ཡིན་ཏེ། དེ་ལས་གདུལ་བྱ་ལ་ཆོས་སྒོ་ཇི་སྙེད་དུ་གསལ་བའོ། །དེ་ཡང་ཡི་གེ་ཉིད་རང་རིག་པའི་ངང་དུ་ཡེ་ནས་དག་པས་བསྟན་པའི་ཚིག་ལམ་ཇི་སྙེད་པ་ཐམས་ཅད་ཀྱང་མཐའ་དག་པའི་ཕྱིར་གསུང་གི་ངོ་བོ་ཉིད་ལ་གསུང་གི་མཐའ་ཉིད་གང་ཡང་མི་གནས་ཤིང་མི་བརྟེན་པས་མཐའོ་ཅོག་དང་བྲལ་བའོ། །ཞེས་གསུངས་སོ། །གསུམ་པ་ནི། ཡང་བཅོམ་ལྡན་འདས་སྒྲ་དབྱངས་མི་ཟད་པ། ཞེས་པ་ནས། ངོ་བོ་ཉིད་དུ་བཅོམ། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་སྒྲ་དབྱངས་མི་ཟད་པ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཀྱི་ངང་དུ་ལྔ་ཕུང་གི་ངོ་བོ་ཉོན་མོངས་པའི་རྟོག་ཚོགས་རིལ་ཐམས་ཅད་རྣམ་པར་དག་སྟེ་བྱུང་ཐེབས་པས་དེ་ལྟར་མངོན་དུ་གྱུར་ནས་རྣམ་པར་རྟོག་པའི་ཕུང་པོ་ཉོན་མོངས་པའི་དྲི་མ་དང་བཅས་པའི་རྡུལ་རྣམས་གདོད་ནས་བྲལ་ཏེ་མ་བྱུང་བའི་ངག་དུ་སྐྱེ་འགག་མེད་པ་ཉིད་དུ་དབྱེར་མེད་པར་གྱུར་པ་ནི་རྟོགས་པ་ཐམས་ཅད་ངོ་བོ་ཉིད་དུ་བཅོམ་སྟེ་ཕྱི་ནང་གི་རྣམ་རྟོག་ཇི་སྙེད་པ་བསྒྲལ་བས་དྲག་པོའི་ཕྲིན་ལས་མཐར་ཕྱིན་པའོ། །ཞེས་གསུངས་སོ། །བཞི་པ་ནི། ཡང་བཅོམ་ལྡན་འདས་སྨན་གྱི་རྒྱལ་པོ། ཞེས་པ་ནས། མར་གྱིས་ཁྱབ་ལྟར་གནས། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་སྨན་གྱི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། མུ་མཐའ་མེད་ཅིང་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་རྡུལ་སྙེད་དུ་གྱུར་པ་ན། འགྲོ་བ་སེམས་ཅན་རྡུལ་ཕྲན་སྙེད་དུ་སྣང་བ་བསམ་ཡས་པ་ཇི་སྙེད་པར་གྱུར་པས་ཀུན་ལ་སེམས་ཀྱི་དེ་ཁོ་ན་ཉིད་མཐའ་རྣམ་པར་དག་པས་ཀུན་ཏུ་ཁྱབ་པར་ངོ་བོ་དེ་བཞིན་ཉིད་ཀྱི་སྙིང་པོར་ཡེ་སངས་རྒྱས་པར་རང་སྣང་བས་དཔེར་ན་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་ལྟར་གནས་པ་ཁོ་ནའོ། །ཞེས་གསུངས་སོ། །ལྔ་པ་ནི། ཡང་བཅོམ་ལྡན་འདས་གསེར་གྱི་འོད་འཕྲོ་བ། ཞེས་པ་ནས། ཀུན་ཐོས་རྣམ་པར་གྲོལ། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་གསེར་གྱི་འོད་འཕྲོ་བ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། དཔེར་ན་རྡུལ་ཕྲན་གཅིག་ཙམ་གྱི་མཚན་ཉིད་བསྟན་པས་གང་ཟག་གཅིག་དོན་ལ་དྲང་བར་དགོངས་ཏེ་ཉིད་ཀྱི་མདུན་དུ་ཚངས་པའི་གསུང་གི་ཚིག་གཅིག་བརྗོད་དེ་བཀའ་སྩལ་པ་ལས་ཀྱང་ལྷུན་གྱིས་གྲུབ་པའི་གསུང་གི་བྱིན་རླབས་ཀྱིས་དཔག་ཏུ་མེད་ཅིང་མཐའ་ཡས་པའི་གདུལ་བྱ་རྡུལ་སྙེད་ཙམ་དུ་གྱུར་པའི་རིགས་ཅན་དག་གིས་ཇི་ལྟར་འཚམས་པ་དེ་སྙེད་དུ་སོ་སོར་ཀུན་ནས་ཐོས་ཤིང་འདོད་པའི་དོན་དུ་གོ་བས་འཆིང་བ་ལས་དེ་ལྟར་རྣམ་པར་གྲོལ་ཏེ་ཐར་དུ་བཏུབ་པའོ། །ཞེས་གསུངས་སོ། །ལྔ་ཕྲག་གསུམ་པ་ལ་ལྔ་སྟེ། དབྱེར་མེད་རྡོ་རྗེའི་གསུང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དབང་གི་ཕྲིན་ལས་གྲུབ་པ། རྡོ་རྗེའི་སྐུ་བསྟན་པ། སྤྲུལ་པའི་སྐུ་བཤད་པའོ། །དང་པོ་ནི། ཡང་བཅོམ་ལྡན་འདས་བཀོད་པའི་རྒྱལ་པོ། ཞེས་པ་ནས། དངོས་མེད་དེ་བཞིན་ཉིད། །ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་བཀོད་པའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། རྒྱལ་བའི་གསུང་གཅིག་ཀྱང་ལྔ་ཡི་བདག་ཉིད་ཡིན་པས་སྤྲོས་བྲལ་རྡོ་རྗེའི་གསུང་མི་ཟད་པ་ཉིད་སྤྲོས་པས་འགྲིབ་པ་མེད་པར་ཇི་ལྟར་འདུལ་བ་བཞིན་བསམ་ཡས་པའི་གསུང་དུ་སྣང་ཞིང་འབྱུང་དུ་རུང་ལ། དེ་ཉིད་ཀྱང་མཐའ་གསུམ་དང་དབུས་ཀྱི་རྣམ་པ་ཀུན་མ་སྤངས་བྲལ་ཏེ་རིས་ཆད་དུ་སྣང་བ་མེད་པར་རང་བཞིན་གདལ་བ་ཆེན་པོར་ཀུན་ཏུ་ཁྱབ་པ་ལ་ཆེད་དུ་བྱས་པས་ཁྱབ་པ་དང་མ་ཁྱབ་པ་གང་ཡང་མེད་དེ་སྤྲོ་བསྡུ་དང་བྲལ་བ་དབྱེར་མེད་རྡོ་རྗེའི་གསུང་ངོ་། །དེ་ལ་གསུང་ཐ་དད་དུ་ཚངས་དབྱངས་སྣ་ཚོགས་སུ་གྲགས་ཀྱང་ངོ་བོའི་དངོས་པོ་མེད་པ་ནི་དེ་བཞིན་ཉིད་ཆོས་ཉིད་དོན་གྱི་གསུང་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། ཡང་བཅོམ་ལྡན་འདས་གསེར་གྱི་གཟུ་བ། ཞེས་པ་ནས། རང་རིག་རང་ཉིད་དོ། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་གསེར་གྱི་གཟུ་བ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། རང་བཞིན་གང་དུ་ཡང་མ་བཅོས་པ་ཡི་ཆོས་ཉིད་ཇི་བཞིན་པ་དེ་ཁོ་ན་ཉིད་ཀྱི་ངང་ལ་ཕྱོགས་བཅུ་དང་སྔ་ཕྱི་ཐ་སྙད་ཀྱི་དུས་བཞིའི་རིས་སུ་མེད་ལ་མ་འགགས་པར་ངོ་བོ་ལ་དབྱེ་བ་མེད་དོ། །དེ་ཉིད་ཆོས་ཐམས་ཅད་ཀྱི་ངོ་བོ་དེ་བཞིན་ཉིད་ཀྱི་དབྱིངས་སུ་རང་གསལ་དུ་ཤར་བ་ནི། དེ་ཁོ་ན་ཉིད་དུ་ངེས་པས་གཞན་མིན་ཏེ་རང་རིག་པའི་ཡེ་ཤེས་རབ་ཏུ་གསང་བ་རང་གི་ངང་ཉིད་དོ། །ཞེས་གསུངས་སོ། །གསུམ་པ་ནི། ཡང་བཅོམ་ལྡན་འདས་དཔལ་གྱི་རྒྱལ་པོ། ཞེས་པ་ནས། གཉིས་སུ་དབྱེར་མེད་དོ། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་དཔལ་གྱི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། དཀྱིལ་འཁོར་གསུམ་དབྱེར་མེད་པའི་དེ་ཁོ་ན་ཉིད་ནི་ཆོས་ཅན་དེ་སྙེད་པ་སྣ་ཚོགས་ཀྱི་རང་བཞིན་ཡིན་ཏེ། དེ་བས་ན་རྟོགས་པའི་རིག་པ་ལ་ཆོས་ཅན་དེ་སྙེད་པ་ཡང་དེ་ཁོ་ན་ཉིད་ངོ་བོར་གསལ་ཏེ་དབྱེར་མེད་པར་མཉམ་པ་ཡིན་པ་ལ་བྱིས་པ་དོན་ལ་ཤེད་མ་བྱེ་བ་རྣམས་ཀྱིས་ཡུལ་དང་ཡེ་ཤེས་གཉིས་སུ་བཟུང་ནས་དེ་ལ་ངན་རྟོག་ཅན་གྱི་གཟུང་འཛིན་དུ་བརྟགས་པར་བྱས་ཀྱང་ངོ་བོ་ལ་གཉིས་སུ་དབྱེ་བ་རྡུལ་ཙམ་ཡང་མེད་པར་དབྱེར་མེད་ཆེན་པོའི་ཆོས་ཉིད་དོ། །ཞེས་གསུངས་སོ། །བཞི་པ་ནི། ཡང་བཅོམ་ལྡན་འདས་སྣང་བ་བརྩེགས་པའི་དཔལ། ཞེས་པ་ནས། འཇིགས་པ་ག་ལ་ཡོད། །ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་སྣང་བ་བརྩེགས་པའི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། སྟོང་པ་ཆེན་པོ་ཆོས་ཉིད་ཀྱི་ནམ་མཁའི་རང་བཞིན་དུ་མི་མཐུན་པ་ཡི་སྤང་བྱ་རྟོག་པའི་ཚོགས་དང་གཉེན་པོ་ལམ་གྱི་ཡེ་ཤེས་གཉིས་ངོ་བོས་ཐ་མི་དད་པར་ཡེ་ནས་དབྱེར་མེད་པར་གཅིག་པས་ན་མི་མཐུན་པའི་གནོད་པས་འཇིགས་ཏེ་གཉེན་པོས་སྤངས་པར་བྱ་བའམ་གཞོམ་པར་བྱ་བ་ག་ལ་ཡོད་དེ་མེད་པར་ངེས་སོ། །ཞེས་བཀའ་སྩལ་ཏེ་གསུངས་སོ། །ལྔ་པ་ནི། ཡང་བཅོམ་ལྡན་འདས་མྱ་ངན་མེད་པའི་དཔལ། ཞེས་པ་ནས། དེར་སྣང་ཅི་ཡང་མེད། །ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་མྱ་ངན་མེད་པའི་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། ངང་ཆེན་པོའི་ངོ་བོ་ཉིད་རྟག་ཏུ་མི་འགྱུར་བའི་ཆོས་ཉིད་ནམ་མཁའི་རང་བཞིན་ལྟ་བུ་ཡིན་ཏེ། གདུལ་བར་བྱ་བ་ཡང་དག་པར་རྟོགས་པས་དག་པ་ཉིད་ལ་དག་པར་སྣང་བས་དོན་མཛད་པ་ཉིད་དང་། མ་རྟོགས་པས་རྟོག་པ་ཅན་དག་ལ་རྟོག་པ་ཅན་དུ་རྣམ་པར་སྣང་ནས་རྒྱུད་དང་མཐུན་པར་མཛད་པ་སྣ་ཚོགས་སུ་རང་སྣང་བར་སྤྲུལ་པའི་སྐུ་ཡིས་དོན་བྱེད་ཀྱང་། ཅིས་འདུལ་བ་ལ་ངོ་བོ་ཉིད་དེ་ལྟར་སྣང་ཞིང་འབྱུང་བའི་རྒྱུ་སྣང་བདོ་བ་ཙམ་ཉིད་ནའང་དེར་སྣང་བ་ལྟར་གྲུབ་པ་ཅི་ཡང་མེད་པས་རང་བཞིན་བཙལ་གྱིས་མི་རྙེད་པའོ། །ཞེས་རྟོགས་མ་རྟོགས་ལ་སྣང་ཚུལ་མི་འདྲ་བར་བྱུང་ཡང་ངོ་བོ་ལ་འཕེལ་འགྲིབ་མེད་པའི་དོན་དེ་སྐད་ཅེས་གསུངས་སོ། །ལྔ་ཕྲག་བཞི་པ་ལའང་ལྔ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས། ལྷུན་གྱིས་གྲུབ་པའི་ཕྲིན་ལས། ལོངས་སྤྱོད་རྫོགས་པའི་སྐུ། གཉིས་མེད་ཀྱི་ཡོན་ཏན་ལ་ཟད་འཕེལ་མེད་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་བསྟན་པའོ། །དང་པོ་ནི། ཡང་བཅོམ་ལྡན་འདས་དགའ་མཆོག་དཔལ། ཞེས་པ་ནས། མ་བསྒྲིབས་ནམ་མཁའ་ཆེ། །ཞེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཡང་བཅོམ་ལྡན་འདས་དགའ་མཆོག་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། རང་བཞིན་གཉིས་ཀྱི་ཆོས་རྣམས་ཐམས་ཅད་ཡེ་ནས་ངང་གིས་མ་བཅོས་པའི་ཐིག་ལེ་ཆེན་པོར་བྱུང་ཐེབས་པས་གཏན་ཚིགས་ཀྱིས་མ་བྱས་པར་ཡོང་གིས་རང་འོད་གསལ་བ་ནི་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་དེ། དེ་ཉིད་ཆོས་རྣམས་ཀུན་གྱི་སྙིང་པོ་དང་རྩ་བའི་བཅུད་མཆོག་མ་ནོར་བའི་དེ་ཁོ་ན་ཉིད་ཡིན་པས། སྒྲིབ་བྱེད་ངང་གིས་བྲལ་ཏེ་ཅིས་ཀྱང་མ་བསྒྲིབས་པའི་ཐིག་ལེ་ཉག་གཅིག་ནམ་མཁའ་མེ་ལོང་དུ་ཤར་བ་ལྟ་བུར་ཆོས་ཉིད་དབྱིངས་ཀྱི་ཀློང་ཆེ་བ་ལྔ་དང་ལྡན་པའི་གསང་བ་ཆེན་པོའོ། །ཞེས་གསུངས་སོ། །གཉིས་པ་ནི། ཡང་བཅོམ་ལྡན་འདས་གཟི་བརྗིད་དཔལ། ཞེས་པ་ནས། བགྲོད་དུ་ག་ལ་ཡོད། །ཅེས་གསུངས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་གཟི་བརྗིད་དཔལ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། ཇི་བཞིན་པ་མ་བསླད་པའི་ཆོས་ཉིད་ནི་རྫོགས་པ་སྤྱིར་ཆིབས་ཀྱིས་མཆོག་དམ་པ་སྟེ། དེ་ཉིད་ཇི་ལྟ་བར་རིག་ཅིང་གདེང་དུ་ཆུད་པ་ཉིད་ན་རང་སྣང་ཡེ་ཤེས་བླ་མའི་ས་ཆེན་མ་བགྲོད་པར་ནོན་ཏེ་ཡེ་ནས་དེ་བཞིན་ཉིད་ལ་གནས་པ་ཡིན་པས་ད་གདོད་ས་གཞན་ལ་འཕྲལ་དུ་བགྲོད་དུ་ག་ལ་ཡོད་དེ་མེད་ཅིང་བགྲོད་ཡང་མི་དགོས་པའོ། །ཞེས་གསུངས་སོ། །དེ་ཉིད་དེ་ཁོ་ན་ཉིད་དུ་སངས་རྒྱས་ཀྱི་ས་འདུས་པར་བཀའ་སྩལ་པ་སྟེ་བཤད་པ་དང་འཆད་པ་ལའང་དེ་ཁོ་ན་ཉིད་དུ་དངོས་པོ་གང་འདུས་པར་སྦྱར་བར་བྱའོ། །གསུམ་པ་ནི། ཡང་བཅོམ་ལྡན་འདས་སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན། ཞེས་པ་ནས། པ་ཡི་དཀྱིལ་འཁོར་ཉིད། །ཅེས་གསང་བའི་ཚིག་ཏུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། ཡེ་ནས་སྣང་སྟོང་གི་མཐའ་དང་བྲལ་བས་སྟོང་པ་ཉིད་ཀྱི་སྙིང་པོ་རང་བྱུང་འོད་གསལ་བའི་ངོ་བོ་ལ། གང་ཡང་མི་ལྡན་ལ་མ་བྲལ་བར་སྣ་ཚོགས་སུ་སྣང་བའི་འཁོར་གྱིས་བསྐོར་བ་ནི་སུས་ཀྱང་མ་བྱས་པར་རང་བྱུང་དུ་ཤར་བ་ཡིན་པའི་ཕྱིར་ཆོས་ཉིད་ཇི་བཞིན་པ་ཡི་ངང་དུ་རང་གསལ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ཉིད་ཀྱི་ངེས་ཚིག་ཀྱང་ཡང་དག་པར་སྒྲུབ་པའོ། །ཞེས་རང་བཞིན་གྱི་དཀྱིལ་འཁོར་ངང་དུ་གདལ་བར་གསང་བའི་ཚིག་ཏུ་བཀའ་སྩལ་པའོ། །བཞི་པ་ནི། ཡང་བཅོམ་ལྡན་འདས་ངན་སོང་ཐམས་ཅད་སྦྱོང་བ། ཞེས་པ་ནས། སྒྲུབ་ཏུ་ག་ལ་ཡོད། །ཅེས་གསང་བའི་ཚིག་ཏུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་ངན་སོང་ཐམས་ཅད་སྦྱོང་བའི་ངོ་བོ་ཉིད་དག་པ་གསང་བས་འདི་སྐད་དུ་གསུངས་པ། ཉོན་མོངས་པ་དང་ཡུལ་ལ་སོགས་པའི་ཟག་པ་ཀུན་དང་བྲལ་ཏེ་མེད་པའི་འབྲས་བུ་ཡེ་ཤེས་ཆེན་པོའི་དངོས་གྲུབ་ནི། དེ་བཞིན་ཉིད་ཀྱི་ངོ་བོ་དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་དངོས་གྲུབ་ཡིན་པས་དེའི་ངོ་བོ་ལ་ཡེ་ནས་གྲུབ་པས་ཟད་པ་དང་ལྟུང་བ་མེད་ཅིང་ཐོབ་པ་ལ་འཕེལ་བ་དང་འགྲིབ་པ་ཉིད་ཀྱི་རྒྱུ་མེད་དེ། ད་གདོད་སྒྲུབ་ཏུ་ག་ལ་ཡོད་དེ་མེད་པས་གཞན་ལས་མི་འཚོལ་བའོ། །ཞེས་སེམས་ཉིད་རྟོགས་ན་དངོས་གྲུབ་རིན་པོ་ཆེ་ལྟར་འཕེལ་འགྲིབ་མེད་པར་སྣང་བ་ཉིད་གསང་བའི་ཚིག་ཏུ་གསུངས་པའོ། །ལྔ་པ་ནི། ཡང་བཅོམ་ལྡན་འདས་འཇིག་རྟེན་ཀུན་གྱི་སློབ་དཔོན། ཞེས་པ་ནས། མི་གནས་བྱང་ཆུབ་སེམས། །ཅེས་གསང་བའི་ཚིག་ཏུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་འཇིག་རྟེན་ཀུན་གྱི་སློབ་དཔོན་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། འཇིག་རྟེན་གྱི་ཆོས་ཀུན་ཏུ་སྣང་བ་སྣ་ཚོགས་པ་ཉིད་སེམས་ཀྱི་དེ་ཁོ་ན་ཉིད་དུ་རང་བཞིན་མེད་པར་མཐའ་དང་བྲལ་བ་ཉིད་ཡིན་ཏེ། རྣམ་པར་གྲོལ་བ་མྱ་ངན་ལས་འདས་པ་ཞེས་བྱ་བའང་དེ་ཉིད་ལ་བརྗོད་པར་བྱ་བ་ཁོ་ན་སྟེ། དེས་ན་སྟོང་ཉིད་ཆེན་པོ་ནི་མཐའ་གཉིས་གང་གིས་ཀྱང་མ་གོས་པར་རང་བཞིན་རྣམ་པར་དག་པ་ཡིན་པས་དེ་ཉིད་བསྒོམ་པའི་ངོ་བོར་མི་ཟིན་པས་གང་དུའང་མི་གནས་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་འཛིན་མེད་དེ་བཞིན་ཉིད་དུ་མཉམ་པ་ཉིད་ཞེས་སུ་བྱའོ། །ཞེས་འོད་གསལ་སྟོང་པ་ཉིད་ལ་མཐའ་ཡིས་མ་གོས་པར་རྟོགས་པས་ཡེ་ཤེས་མཉམ་ཆེན་ཟབ་མོ་ཉིད་གསང་བའི་ཚིག་ཏུ་བསྟན་པའོ། །ལྔ་ཕྲག་ལྔ་པ་ལ་ལྔ་སྟེ། རྟོགས་པ་ཆོས་སྐུའི་ངོ་བོ་བསྟན་པ། ཡོན་ཏན་ལྷུན་རྫོགས་ཀྱི་རང་བཞིན་བཤད་པ། རང་སྣང་ངོ་བོ་ཉིད་ཀྱི་སྐུ། བྱ་བ་གྲུབ་པའམ་རང་བྱུང་ཡེ་ཤེས། གསང་བའི་ཐབས་ཀྱིས་མཚོན་པའི་རིག་པའི་གསུང་བཤད་པའོ། །དང་པོ་ནི། ཡང་བཅོམ་ལྡན་འདས་རྣམ་པར་རྒྱལ་བ། ཞེས་པ་ནས། ཤེས་པ་དེ་ལྟར་སྣང་། །ཞེས་གསང་བའི་ཚིག་ཏུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་རྣམ་པར་རྒྱལ་བ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། རྣམ་པར་རྟོག་པའི་ཆུ་བོ་རྒྱུན་ཆད་མེད་པར་འབྱུང་བའི་གཞི་མ་རིག་པ་དང་བཅས་པ་ཡི་རྐ་མགོ་དེ་ཉིད་ལྟ་བ་མཆོག་གིས་ཇི་བཞིན་པའི་སྟོང་པ་ཉིད་དུ་རྟོག་ནས་ཁྱབ་བདག་ཆོས་སྐུའི་ཞིང་དུ་མ་བསྒྱུར་ཏེ་ཡིན་དོན་མཆོག་ཉིད་རིག་པར་མ་བྱས་ན། འཁོར་བའི་རྒྱ་མཚོར་འཁྲུལ་པའི་རྦ་ཀློང་དུ་གཡེང་བར་འགྱུར་བ་ཡིན་པས་དེ་ནི་ཆོས་ཉིད་མི་ཤེས་པར་མ་རྟོགས་པའི་བློ་ལ་དེ་ལྟར་སྣང་བ་སྟེ། དེ་བས་ན་མ་ནོར་བར་རྟོགས་པ་ཤིན་ཏུ་གཅེས་སོ། །ཞེས་རྟོགས་ན་འཁོར་བའི་རྦ་ཀློང་རང་གྲོལ་ཆོས་སྐུར་འཆར་བའི་ཐབས་གསང་བའི་ཚིག་ཏུ་བཀའ་སྩལ་པའོ། །གཉིས་པ་ནི། ཡང་བཅོམ་ལྡན་འདས་མེ་ཏོག་བཀོད་པའི་རྒྱལ་པོ། ཞེས་པ་ནས། སངས་རྒྱས་ཀུན་གྱི་གནས། །ཞེས་གསང་བའི་ཚིག་ཏུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་མེ་ཏོག་བཀོད་པའི་རྒྱལ་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། ཇི་བཞིན་པར་ཡེ་ནས་གནས་པ་ཡི་ཆོས་ཉིད་དེ་བཞིན་ཉིད་ནི་ཆོས་ཐམས་ཅད་རིལ་གྱི་འབྱུང་གནས་དང་སྐྱེད་པར་བྱེད་པའི་དབྱིངས་མ་ཡུམ་ཆེན་མོ་ཡིན་པས་ཀུན་ཏུ་བཟང་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ། སེམས་ཅན་དང་སངས་རྒྱས་རིལ་ཀུན་གྱི་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ངོ་བོར་བཞུགས་པའི་གནས་ཆེན་པོའོ། །ཞེས་དུས་གསུམ་དུ་རྒྱལ་བ་ཀུན་སྐྱེད་པའི་ཡུམ་ཆེན་མོའི་ངོ་བོར་རྟོགས་པའི་ཐབས་ཆེན་གསང་བའི་ཚིག་ཏུའོ། །ཞེས་གསུངས་སོ། །གསུམ་པ་ནི། ཡང་བཅོམ་ལྡན་འདས་ཐམས་ཅད་སྣང་བ། ཞེས་པ་ནས། ལས་བྱུང་དངོས་མེད་སྐུ། །ཞེས་གསང་བའི་ཚིག་ཏུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་ཐམས་ཅད་སྣང་བ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། རྒྱན་སྟུག་པོ་བཀོད་པའི་ས་ལ་བཞུགས་པའི་རྒྱལ་བ་རྫོགས་པའི་སངས་རྒྱས་དང་། འགྲོ་བ་སེམས་ཅན་དུ་གྱུར་པའི་རྣམ་པ་ཇི་སྙེད་པ་ཐམས་ཅད་དག་དང་། སྣོད་བཅུད་ཀྱིས་བསྡུས་པའི་དངོས་པོ་བརྟན་གཡོ་ལ་སོགས་པ་ཀུན་ཀྱང་དངོས་གཞི་ཇི་བཞིན་པ་དེ་ཉིད་ལས་བྱུང་བས་མཚན་ཉིད་ཐམས་ཅད་པ་ཉིད་ཅིར་ཡང་སྣང་བ་ལ་དངོས་པོའི་ངོ་བོ་བསྟན་དུ་མེད་པ་ནི་སྐུ་རིལ་གྱི་གཞིའི་ཕྱིར་རོ། །ཞེས་གཞིའི་ངེས་ཚིག་དང་དགོས་པ་གསང་བའི་ཚིག་ཏུ་བསྟན་པའོ། །བཞི་པ་ནི། ཡང་བཅོམ་ལྡན་འདས་ཡིད་འོང་ངམ་ཡིད་དུ། ཞེས་པ་ནས། ཕྱིན་པའི་ཐབས་ཀྱིས་སོ། །ཞེས་གསང་བའི་ཚིག་ཏུའོ། །ཞེས་པའི་བར་གྱིས་བསྟན་ཏེ། འོ་ན་ཐབས་འགོག་གམ་ཞེ་ན། ཡང་བཅོམ་ལྡན་འདས་ཡིད་འོང་ངམ་ཡིད་དུ་འོང་བ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། ཡེ་ཤེས་དྲུག་པ་རང་བྱུང་གི་ཡེ་ཤེས་རིལ་གྱི་རྩ་བ་དང་གཞིར་གྱུར་པ་ནི། རང་གི་རིག་པ་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ལས་གཞན་མ་ཡིན་པས་ན་དེ་ཡི་གཞིའམ་རྩ་བ་ཉིད་གཉིས་སུ་མེད་པའི་སྙིང་རྗེ་ཆེན་པོའོ། །སྟེ་ཞེས་ཚིག་ལྷག་མ་དང་བཅས་པ་ནི། ཡེ་ཤེས་དེས་ཐམས་ཅད་རིལ་ཕ་རོལ་ཏུ་ཕྱིན་པའི་ས་ལམ་བཀོད་པར་རྫོགས་པར་བྱེད་པའི་ཐབས་ཀྱི་ཁྱད་པར་གྱིས་སོ། །ཞེས་མཆོག་ཏུ་ལྷག་པའི་དོན་ཏོ། །ཞེས་རྩ་བ་གཉིས་མེད་ཀྱི་ཡེ་ཤེས་སྙིང་རྗེ་ཆེན་པོ་ལ་འདུས་པར་སྟོན་པའི་གསང་བའི་ཚིག་ཏུ་བཀའ་སྩལ་པའོ། །ལྔ་པ་ནི། ཡང་བཅོམ་ལྡན་འདས་སེང་གེ་འབུམ་གཟུགས་ངོ་བོ་ཉིད་དག །ཅེས་པ་ནས། བློ་ཡིས་རིག་པ་མེད། །ཅེས་གསང་བའི་ཚིག་ཏུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་སེང་གེ་འབུམ་གཟུགས་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། ཚིག་དང་ཡི་གེ་སྒྲ་དང་ཐ་སྙད་ཇི་སྙེད་ཀྱིས་བསྡུས་པ་ཀུན་ངོ་བོ་དེ་བཞིན་ཉིད་ཀྱི་དོན་མ་བཅོས་པའི་ཆོས་ཉིད་དུ་རྟོགས་པར་བྱ་བ་དེ་ཡང་ཡི་གེ་མིང་ཚིག་ལ་སོགས་ཐབས་ཀྱི་སྒྲས་མཚོན་ནས་རྟོགས་པར་བྱེད་དེ་དོན་འཇལ་བར་བྱེད་པའང་སྒྲ་ཡིད་ལ་བྱེད་པ་ཡིན་ཏེ། དེས་ན་མིང་ཚིག་སྒྲ་ལ་མ་བརྟེན་པར་རྟོགས་པའི་ཉམས་དྲོད་བློ་ཡིས་རིག་པ་མེད་པས་མཛུབ་མོས་ཟླ་བ་ལྟར་དོན་མཚོན་པའི་སྒྲ་ལ་བརྟེན་ནས་རིག་པས་ཡང་དག་པར་མཇལ་བ་ཁོ་ནར་བཞག་པའོ། །ཞེས་རྟོག་གེའི་སྒྲ་ཡིད་ལ་བྱེད་པ་མེད་པར་མཛུབ་མོས་ཟླ་བ་མཚོན་པ་ལྟར་རྟོགས་པའི་ཐབས་ཀྱི་གསང་བ་མཆོག་ཏུ་སྟོན་པའི་ཚིག་ཏུ་བཀའ་སྩལ་པའོ། །དེ་དག་ཀྱང་སྐུ་གསུང་ཐུགས་ཡོན་ཏན་དང་ཕྲིན་ལས་ཉི་ཤུ་རྩ་ལྔར་ཤེས་པར་བྱའོ། །གཉིས་པ་ནི། ཡང་བཅོམ་ལྡན་འདས་ཐུབ་པའི་དབང་པོ། ཞེས་པ་ནས། སྟུག་པོ་བཀོད་པའི་གནས། །ཞེས་གསང་བའི་ཚིག་ཏུའོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བཅོམ་ལྡན་འདས་ཐུབ་པའི་དབང་པོ་ངོ་བོ་ཉིད་དག་པས་འདི་སྐད་དུ་གསུངས་པ། ཆོས་སུ་གྲགས་སོ་ཅོག་ཀུན་གྱི་ཆོས་ཀྱི་རང་བཞིན་ནི་ངོ་བོ་ཉིད་རང་རིག་པའི་ཕྱིར་དེ་བཞིན་ཉིད་ཀྱི་དེ་ཁོ་ན་ཉིད་ལས་མི་གཞན་པའི་དེ་ལྟར་ཤེས་པར་བྱེད་པའི་རྐྱེན་ཉིད་ཐར་པ་བྱང་ཆུབ་ཆེན་པོའི་ལམ་ཡིན་པས་ལམ་ཡང་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་འདི་ལས་གཞན་དུ་མེད་པའོ། །དེ་ཞེས་ལྷག་མ་ནི། ལམ་དེ་ལས་གྲུབ་པའི་འབྲས་བུ་སྟུག་པོ་བཀོད་པའི་གནས་ཀྱང་གཞན་དུ་མི་འཚོལ་བས་དུས་གསུམ་དུ་འཕོ་འགྱུར་མེད་པར་བརྗོད་པས་ཁྱད་པར་གྱི་ཆེ་བ་དང་ལྡན་པ་སྟེ། ཤིན་ཏུ་བློས་རེག་དཀའ་བའོ། །ཞེས་གཞི་ལམ་འབྲས་བུ་གསུམ་ཉིད་བདག་ཉིད་གཅིག་པར་འབྲེལ་བ་དང་ལྡན་པར་རྟོགས་པ་ཐུབ་པའི་དབང་པོའི་དགོངས་པ་འདུས་པའི་མཆོག་ཏུ་གསང་བའི་ཚིག་ཏུ་བཀའ་སྩལ་པའོ། །བཞི་པ་ཞིང་ཁམས་བསམ་གྱིས་མི་ཁྱབ་པའི་སྒྲོན་མའི་དགོངས་པ་གཅིག་ཏུ་བསྡུ་བ་ལ་བཞི་སྟེ། སེམས་ཉིད་དོན་གྱི་གཞིར་བསྟན་པ། སྙིང་པོའི་ལམ་དུ་བསྟན་པ། གྲུབ་པའི་འབྲས་བུར་བསྟན་པ། དེ་དག་གི་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་གྲོགས་པོ་དག །ཅེས་པ་ནས། མ་དག་གཉིས་སུ་སྣང་། །ཞེས་གསང་བ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་གསང་བ་པས་སྒྲོན་མ་དཔག་ཏུ་མེད་པའི་དགོངས་པ་བསྟན་པའི་ཕྱིར། ཀྱེ་གྲོགས་པོ་དག་ཅེས་བོས་ནས། གཞན་ཡང་ཕྱོགས་མི་མཐུན་པའི་དགོངས་པ་སྔར་བཤད་པ་དེ་དག་ལ་སོགས་པ་རྣམས་དང་དེ་མ་ཡིན་པ་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་རྡོ་རྗེ་སེམས་དཔའི་སྤྲུལ་པའི་སྒྲོན་མ་སྙེད་འབུམ་ཕྲག་བཅུ་བྱེ་བ་དང་། བྱེ་བ་བཅུ་ས་ཡ་སྙེད་ངོ་བོ་ཉིད་དག་པ་དང་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་བཞུགས་པ་མཐའ་ཐུག་པ་མེད་པའི་སོ་སོའི་གནས་ན་ཆོས་སྟོན་པ་མཚན་བརྗོད་པར་དཀའ་བ་ངོ་བོ་ཉིད་དག་པའི་རྒྱལ་བ་ཚད་མེད་པས་དགོངས་པ་གསང་བའི་དོན་ཟབ་མོ་ཐོས་པ་རྣམས་བགྲོ་བའི་ཚིག་ཀྱང་འདི་སྐད་དུ་གྲགས་པའོ། །དེ་དག་གང་ཞེ་ན། རྒྱལ་བ་ཇི་སྙེད་པ་ལས་ལ་ལ་དགར་བ་ནི་འདི་ལྟར་རེ་རེའི་དགོངས་པ་འཆད་པ་སྟེ། ཐེར་ཟུག་གི་རྟོག་པ་མེད་པའི་བྱང་ཆུབ་ཀྱི་སེམས་རང་རིག་པ་གང་དུའང་གོ་མི་འགག་པར་སྐད་ཅིག་མ་ཉིད་དུ་སྣང་བ་ནི། སེམས་ཅན་དང་སངས་རྒྱས་ཉིད་ཀྱི་འབྱུང་གནས་ཆེན་པོའི་དབྱིངས་སུ་གྱུར་པར་སྣང་ལ། དེའང་ཇི་བཞིན་པར་རིག་ཅིང་རྟོགས་པ་དང་མ་རིག་སྟེ་མ་རྟོགས་པ་གཉིས་ཀྱི་དབང་ཁོ་ནས་རིག་པ་དག་པ་དང་མ་དག་པ་གཉིས་སུ་སྣང་བ་ལས་རང་རྒྱུད་པ་ནི་མེད་པའོ། །ཞེས་དོན་གྱི་ངོ་བོ་ལ་ཐེར་ཟུག་པ་མེད་པས་གང་དུའང་སྣང་བཏུབ་པའི་མི་འགག་པའི་དགོངས་པ་མདོ་དོན་གཅིག་ཏུ་བསྡུ་བའི་གསང་བ་དམ་པར་བསྔགས་སོ། །གཉིས་པ་ལ་གཉིས་ཏེ། འཁོར་བའི་གཞི་བསྟན་པ། མྱ་ངན་ལས་འདས་པའི་གཞིར་བསྟན་པའོ། །དང་པོ་ནི། ཚན་གཅིག་གི་འོག་ནས། ལ་ལ་ནི་འདི་སྐད་དུ། དེ་ཉིད་ཅིར་ཡང་། ཞེས་པ་ནས། ཉིད་ནའང་སྣང་བ་མེད། །ཅེས་གསང་བ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྒྱལ་བ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། དེ་བཞིན་ཉིད་ནི་གང་དུའང་ཅིར་ཡང་མི་སྣང་བ་སྟེ་སྣང་མ་མྱོང་བའོ། །འགྱུར་བའི་དོན་ནི་གློ་བུར་གྱི་རྣམ་རྟོག་རྣམས་སྨིན་པས་བག་ཆགས་ཐ་དད་པའི་དངོས་པོར་ཅིར་ཡང་སྣང་བའོ། །འོ་ན་དེ་རྟག་པ་ཞིག་གོ་ཞེ་ན། རྣམ་རྟོག་དེ་ཁོ་ན་ཉིད་ཀྱི་རྒྱས་བཏབ་པས་དེ་ལྟར་སྣང་བར་ཟད་དེ། དེས་ན་སྣང་བདོ་བ་ཉིད་ནའང་དོན་ལ་སྣང་བ་མེད་པ་སྟེ་གཉིས་པ་ལས་གྲོལ་བའི་དོན་ཏོ། །ཞེས་རྟོག་པའི་སྣང་བའང་གཞི་ལས་མི་གཞན་པའི་གསང་བ་དམ་པར་བསྔགས་སོ། །གཉིས་པ་ལ་ལྔ་སྟེ། རྡོ་རྗེའི་རིགས་ཀྱི་གཞི། ལས་ཀྱི་རིགས་ཀྱི་གཞི། པདྨའི་རིགས་ཀྱི་གཞི། རིན་པོ་ཆེའི་རིགས་ཀྱི་གཞི། དེ་བཞིན་གཤེགས་པའི་རིགས་ཀྱི་གཞིར་བསྟན་པའོ། །དང་པོ་ནི། གོང་གི། ལ་ལ་ནི་འདི་སྐད་དུ། དེ་ཉིད་སྨྲ་བརྗོད། ཅེས་པ་ནས། སྤྲོས་མེད་རྡོ་རྗེའི་དོན། །ཞེས་གསང་བ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སྟོན་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། དེ་ཁོ་ན་ཉིད་ནི་སྨྲ་བསམ་བརྗོད་པ་མེད་པ་ལ་ཚིག་གིས་ངོ་བོ་ཇི་བཞིན་དུ་ལྷན་པར་གཏན་ལ་མི་ཕེབས་པ་ལས་འོན་ཀྱང་དེ་ཉིད་བརྒྱུད་པས་མཚོན་པའི་ཕྱིར་ན་ཚིག་གི་ཐ་སྙད་ཐ་དད་པར་བརྗོད་དེ་བཀའ་སྩལ་པ་ཉིད་དོ། །འོ་ན་སྒྲ་དོན་དུ་གསུངས་སམ་ཞེ་ན། གང་སྒྲ་ཚིག་ཏུ་བརྗོད་པ་དེ་ཉིད་ངང་རིག་པའི་དེ་བཞིན་ཉིད་ཡིན་པས་མཐའ་ཐམས་ཅད་དང་བྲལ་བའི་ཕྱིར་བརྗོད་པ་དེ་ཉིད་ལ་སྤྲོས་བརྗོད་ཅི་ཡང་མེད་དེ་གཉིས་སུ་མེད་པ་ནི་རྡོ་རྗེ་རིགས་ཀྱི་དགོངས་དོན་གསང་བའི་ཐེག་པ་ཆེན་པོའོ། །ཞེས་ཚིག་གིས་དངོས་སུ་མི་ཕེབས་ཀྱང་བརྒྱུད་ནས་མཚོན་དུ་བཏུབ་པས་གསང་བ་དམ་པར་བསྔགས་སོ། །གཉིས་པ་ནི། འོག་གི། ལ་ལ་ནི་འདི་སྐད་དུ། ཇི་བཞིན་པ་ཡི། ཞེས་པ་ནས། པོ་ཞིག་ག་ལ་ཡོད། །ཅེས་གསང་བ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྒྱལ་བ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། སེམས་ཀྱི་ཆོས་ཉིད་ཇི་བཞིིན་པ་ཡི་དེ་ཁོ་ན་ཉིད་ནི་སངས་རྒྱས་ཀྱིས་ཀྱང་བཅོས་ཏེ་བྱར་མེད་པའི་མ་བཅོས་པ་ཡིན་ན་བྱེད་པ་པོ་གང་གིས་བཅོས་ཏེ་སུ་ཡིས་བྱས་ཏེ་མ་བྱས་པས་ན་བྱེད་པ་པོ་ཞིག་ག་ལ་ཡོད་དེ་མེད་པའི་ཕྱིར་མ་བསླད་པ་ཁོ་ནར་གསུངས་སོ། །དེ་ཡང་བྱ་བྱེད་མ་དམིགས་པ་དང་། ངོ་བོ་མི་ཕྱེད་མི་ཟིན་པས་བྱར་མི་བཏུབ་པའི་ཕྱིར་རོ། །ཞེས་སེམས་ཀྱི་ཆོས་ཉིད་ལ་བྱེད་པ་པོ་མེད་པས་རྟག་ཆད་ལས་གྲོལ་བའི་གསང་བ་དམ་པར་བསྔགས་སོ། །གསུམ་པ་ནི། ལ་ལ་ནི་འདི་སྐད་དུ། ཡེ་ཤེས་ཅན་གྱི། ཞེས་པ་ནས། དག་པས་སྒྲིབ་པ་མེད། །ཅེས་གསང་བ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྣམ་འདྲེན་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཡེ་ཤེས་ཆེན་པོ་དང་ལྡན་པ་ཅན་གྱི་རྒྱལ་བ་ཉིད་དེའི་སྤྱོད་ཡུལ་ནི་དེ་བཞིན་ཉིད་ཀྱི་དབྱིངས་དེ་ཁོ་ན་ཉིད་ཡིན་པས་ན་དེ་ཁོ་ན་ཉིད་དེས་བསྣུམས་ཤིང་ཁྱབ་པ་གང་གི་ཆོས་རྣམས་རིལ་ཀུན་མཐས་མ་གོས་པར་རང་བཞིན་རྣམ་པར་དག་པས་ན་སྒྲིབ་པ་མེད་དེ་ཐམས་ཅད་ཀྱང་གསང་དོན་འབའ་ཞིག་པའོ། །ཞེས་ཡེ་ཤེས་ཆེན་པོས་ཀུན་ལ་ཁྱབ་ཀྱང་མཐས་མ་གོས་པར་དག་པའི་གསང་བ་དམ་པར་བསྔགས་སོ། །བཞི་པ་ནི། ལ་ལ་ནི་འདི་སྐད་དུ། དེ་ཉིད་མཚན་ཉིད། ཅེས་པ་ནས། ཟད་མི་ཤེས་པས་མཛོད། །ཅེས་གསང་བ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་བདེ་བར་གཤེགས་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཆོས་ཉིད་ཇི་བཞིན་པའི་དེ་ཁོ་ན་ཉིད་ནི་མཚན་ཉིད་ཐམས་ཅད་པ་ཡིན་པས་སྤྲོས་མཚན་གྱི་རྣམ་པའི་མཚན་ཉིད་མེད་པ་ལས་བསམ་གྱིས་མི་ཁྱབ་པའི་རྣམ་པའི་མཚན་ཉིད་ཀྱི་རྣམ་པ་སྣ་ཚོགས་པར་མ་འགགས་ཏེ་ཀུན་ཏུ་སྣང་བས་ཀུན་གྱི་འབྱུང་གནས་སུ་གྱུར་པའི་རྒྱུ་ཡི་དབྱིངས་ཀྱི་རང་བཞིན་ཁོ་ན་ཡིན་པས་ངོ་བོ་མེད་ལ་ཟད་མི་ཤེས་ཤིང་འཕེལ་བ་མེད་པས་ཟད་འཕེལ་དང་བྲལ་བའི་མཛོད་དུ་གྱུར་བའི་དོན་ཏོ། །ཞེས་དབྱིངས་མཚན་ཉིད་མེད་པ་ཉིད་མཚན་ཉིད་ཀུན་གྱི་རྒྱུར་གྱུར་པའི་གསང་བ་དམ་པར་བསྔགས་སོ། །ཡང་གོང་གི་གསུམ་པ་པདྨའི་རིགས་ཀྱི་མཚན་ཉིད་དག་པའི་གཞིའི་ཟུར་གཉིས་པ་ནི། ལ་ལ་ནི་འདི་སྐད་དུ། སྣ་ཚོགས་ཐེག་པའི། ཞེས་པ་ནས། མ་འདྲེས་ཡོངས་སུ་རྫོགས། །ཞེས་གསང་བ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་དེ་བཞིན་གཤེགས་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། རྣམ་གྲངས་སྣ་ཚོགས་ཀྱི་ཐེག་པའི་སྒོ་མང་པོའི་ལྟ་བ་རྟོགས་པའི་ཤེས་རབ་དང་། དམ་ཚིག་དང་འདུལ་བའི་སྡོམ་པ་སྲུང་བའི་ཉན་ཐོས་དང་། བྱང་སེམས་སོགས་ཀྱི་སྤྱོད་པར་བྱ་བ་ཀུན་ཀྱང་གསང་སྒོ་ཆེན་པོ་འདིར་དང་དུ་བླང་སྟེ་ཆེད་དུ་སྤྱད་པར་བྱ་བ་མ་ཡིན་ན་ཡང་། རིལ་ཐམས་ཅད་ཀུན་ཀྱང་བྱ་བ་མེད་པ་འ དི་ལས་ཤར་བས་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བ་ཡིན་ཏེ་དེ་དག་ལས་གུད་ན་མེད་པའི་ཕྱིར་རོ། །ཞེས་སྒོ་ཐམས་ཅད་གསང་བ་ཉིད་ཀྱི་སྒོར་འདུས་པའི་གསང་བ་དམ་པར་བསྔགས་སོ། །ལྔ་པ་ནི། ལ་ལ་ནི་འདི་སྐད་དུ། དེ་ལ་ཕྱོགས་དང་། ཞེས་པ་ནས། ཀྱིས་ནི་དེ་མིན་མཁྱེན། །ཞེས་གསང་བ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྒྱལ་བ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། མཉམ་པ་ཆེན་པོའི་དེ་ཉིད་ཀྱི་ངང་ལ་ཕྱོགས་བཅུ་དང་དུས་བཞིའི་ཐ་སྙད་ཀྱི་ཆོས་མེད་པར་མ་སྤངས་བྲལ་བ་ལ། འགྲོ་བ་གང་གིས་ཕྱོགས་དང་དུས་ཀྱི་དངོས་པོ་བཅུ་བཞིར་བརྟགས་པའི་དབང་ལས་དེ་ཉིད་རྟོག་པ་དེ་ལ་རྣམ་པར་མཐུན་པར་སྣང་བ་དེ་ལྟར་རྒྱལ་བ་སངས་རྒྱས་ཀྱིས་ནི་ངན་རྟོག་གི་འཛིན་པ་དེ་ཉིད་མི་མཁྱེན་པའི་ཕྱིར་ཏེ་ཐམས་ཅད་དེ་བཞིན་ཉིད་དུ་མཁྱེན་པའི་ཕྱིར་རོ། །འོན་ཀྱང་སངས་རྒྱས་སྤྲུལ་སྐུས་ཇི་སྙེད་པའི་ཆོས་ཀྱི་རང་སྣང་དུ་མི་གཟིགས་ཀྱང་ཀུན་ཏུ་བརྟགས་པའི་འཁྲུལ་ངོ་ལ་སྣང་ཚུལ་དང་དེ་ཉིད་འདུལ་བའི་ཁམས་དབང་བསམ་པ་དང་མཐུན་པའི་ཆོས་ཀྱི་སྒོ་རྣམས་མི་མཁྱེན་པ་མིན་ནོ། །ཞེས་རྒྱལ་བས་ངན་རྟོག་གི་དངོས་པོར་མི་མཁྱེན་པར་དེ་བཞིན་ཉིད་དུ་མཁྱེན་ཏེ་དེའི་ངང་དུ་གཤེགས་པའི་གསང་བ་དམ་པར་བསྔགས་སོ། །གཉིས་པ་སེམས་ཉིད་ལམ་དུ་བསྟན་པ་ལ་བཞི་སྟེ། ལྟ་བ་བསྟན་པ། བསྒོམ་པ་བསྟན་པ། ལྟ་སྒོམ་ཐུན་མོང་དུ་བསྟན་པ། ལྟ་སྒོམ་ཐུན་མོང་ལ་ཡོན་ཏན་ཐམས་ཅད་རྫོགས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། ལྟ་བ་མེད་པའི་སྐྱོན། ལྟ་བའི་ངོ་བོ་རྟོགས་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། ཡོངས་རྫོགས་ཀྱི་ལྟ་བ་མེད་པའི་སྐྱོན། མ་འདྲེས་ཀྱི་ལྟ་བ་མེད་པའི་སྐྱོན་ནོ། །དང་པོ་ནི། ཚན་གསུམ་གྱི་འོག་ནས། ལ་ལ་ནི་འདི་སྐད་དུ། སྣ་ཚོགས་སོ་སོར། ཞེས་པ་ནས། ངེས་པ་རྙེད་པ་མིན། །ཞེས་བཀའ་དམ་པར་གདམས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ཡང་སངས་རྒྱས་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དངོས་པོ་སྣ་ཚོགས་པ་རྣམས་ཀྱི་རང་གི་མཚན་ཉིད་སོ་སོར་མ་འདྲེས་པ་ཙམ་ཀུན་ནས་རིག་སྟེ་ཤེས་ཀྱང་ཇི་བཞིན་པ་ཡོངས་རྫོགས་ཆེན་པོའི་ངང་དུ་རྣམ་པར་གྲོལ་བར་མ་མཐོང་ནས་རང་རིག་རྣམ་པར་དག་པའི་ལམ་མེད་ན། ལམ་དམ་པ་མ་ནོར་བ་ཉིད་ལས་ཤིན་ཏུ་གོལ་བས་དུས་ནམ་དུ་ཡང་ངེས་དོན་དམ་པ་ཉིད་རྙེད་པ་མིན་པས་ཇི་བཞིན་པ་རྟོགས་པར་གྱིས་ཤིག་ཅེས། སོ་སོར་རྟོག་པའི་ཤེས་རབ་ཙམ་གྱིས་ངེས་དོན་མི་རྙེད་པས་མི་དམིགས་པའི་ཤེས་རབ་ལ་འདུས་པར་སྟོན་པའི་བཀའ་དམ་པར་གདམས་སོ། །གཉིས་པ་ནི། ཚན་གཅིག་གི་འོག་ནས། ལ་ལ་ནི་འདི་སྐད་དུ། སྣ་ཚོགས་སོ་སོར་མ་རིག །ཅེས་པ་ནས། སྨྲ་བ་རུང་མ་ཡིན། །ཞེས་ནན་ཏན་དམ་པར་གདམས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། འོན་ཏེ་བཤད་པ་ལྟར་རང་གི་མཚན་ཉིད་བཤད་པ་ཡང་དོན་མེད་པ་མ་ཡིན་པའི་ཕྱིར། སྟོན་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། དངོས་པོ་སྣ་ཚོགས་ཇི་སྙེད་པའི་མཚན་ཉིད་སོ་སོར་མ་ཤེས་ཏེ་རང་ས་ནས་ཡང་དག་པའི་དོན་དུ་མ་རིག་པར་ཀུན་ཁྱབ་གདལ་བ་ཆེན་པོའི་དེ་བཞིན་ཉིད་དུ་ངེས་པ་མི་རྙེད་དེ་དེ་ཁོ་ན་ཉིད་མ་ནོར་བར་མཐོང་དཀའ་བས་རྟོགས་པ་དེ་ཡང་གཅེས་སོ། །གལ་ཏེ་སྣ་ཚོགས་ཤེས་པ་ཁོ་ནས་ཆོག་གོ་ཞེ་ན། ཡོངས་རྫོགས་ཇི་བཞིན་པའི་བདེན་བ་དེ་ཉིད་ལ་ངེས་པ་མ་རྙེད་ནས་ཡང་དག་པར་མ་མཐོང་ན་ཐ་སྙད་སྣ་ཚོགས་སུ་སྨྲ་བ་ཉིད་མ་འདྲེས་པའི་ལྟ་བར་རུང་བ་མ་ཡིན་ཏེ་ཇི་ལྟར་བྱར་ཡང་དོན་མེད་པ་ཡིན་པས་དོན་གྱི་ཚིག་དང་ལྡན་པར་གྱིས་ཤིག་ཅེས་རྒྱལ་བའི་གསུང་གི་ངེས་པ་ཕྱོགས་གཅིག་ཏུ་མ་ངེས་པ་ལ་བརྟེན་ནས་མཐའ་དང་བྲལ་བའི་སྙིང་པོ་ལ་ནན་ཏན་དམ་པར་གདམས་སོ། །གཉིས་པ་ལ་གསུམ་སྟེ། ལྟ་བའི་ངོ་བོ་སྤྱིར་བཤད་པ། ཤེས་རབ་གསུམ་བྱེ་བྲག་ཏུ་བསྟན་པ། ལྟ་བའི་ངེས་ཚིག་བཤད་པའོ། དང་པོ་ནི། ལ་ལ་ནི་འདི་སྐད་དུ། མཁའ་ལ་འཇའ་སྣང་། ཞེས་པ་ནས། འབྱུང་བ་དེ་ལྟར་ཡིན། །ཞེས་དཔག་དཀའ་བ་དམ་པར་གདམས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྣམ་འདྲེན་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། དཔེར་ན་མཁའ་ལ་འཇའ་སྣང་གི་མཐུན་དཔེས་མཚོན་ཚུལ་ཇི་ལྟ་བ་བཞིན་དུ་བསམ་ཡས་མ་འདྲེས་པའི་ཆོས་རྣམས་ཆོས་ཉིད་བསམ་མེད་ཀྱི་ངང་དུ་ཡོངས་སུ་རྫོགས་པར་སྣང་བའང་ཚུལ་དེ་བཞིན་དུ་སྟོན་པ་ཡིན་ནོ། །དེ་བས་ན་རྒྱལ་བའི་གསུང་ཅིར་ཡང་གཅིག་ཏུ་ངེས་པ་མེད་པའི་རང་བཞིན་ཡིན་ཡང་། གསུང་དེ་ལས་གང་ཇི་ལྟར་འཚམས་པའི་འདུལ་བ་འབྱུང་བ་དེ་ལྟར་ཡང་དོན་དུ་འགྱུར་བ་ཡིན་པས་ངོ་བོ་དབྱེར་མེད་པའི་དེ་ཁོ་ན་ཉིད་དུ་ངེས་པའང་ཡིན་ནོ། །ཞེས་ལྟ་བ་རྟོགས་པའི་གདེང་མ་འདྲེས་ཡོངས་རྫོགས་ཀྱི་ཤེས་རབ་ལ་འདུས་པས་ཟབ་ཅིང་དཔག་པར་དཀའ་བ་དམ་པར་གདམས་སོ། །གཉིས་པ་ལ་གསུམ་སྟེ། ཐོས་པའི་ཤེས་རབ། བསམ་པའི་ཤེས་རབ། སྒོམ་པའི་ཤེས་རབ་བསྟན་པའོ། །དང་པོ་ནི། ལ་ལ་ནི་འདི་སྐད་དུ། ཀུན་གྱི་རྩ་བ། ཞེས་པ་ནས། ཀུན་ཤེས་ཤེས་རབ་མཆོག །ཅེས་ཤེས་རབ་མཆོག་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་ཐུབ་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཐེག་པའི་སྒོ་ཀུན་གྱི་གྲུབ་པའི་མཐའི་རྩ་བ་ནི་ཇི་བཞིན་པ་ཡིན་པའི་ཕྱིར་གསང་དོན་འདིར་བཅད་པས། འདི་ཡི་དོན་གང་གི་ཡང་དག་པར་རིག་པ་ཁོ་ན་བསྟན་པ་རྒྱ་མཚོ་ཐོས་པའི་མཆོག་དམ་པར་གྱུར་པའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ཀུན་འདི་ལས་ཤར་ཞིང་འབྱུང་བས་ན་འདི་ཉིད་མ་ནོར་བར་ཤེས་ཤིང་རྟོགས་པས་གཞན་ཀུན་ཀྱང་ལྷག་མ་མེད་པར་ཤེས་ཤིང་རྟོགས་པའི་ཤེས་རབ་ཀྱི་མཆོག་སྟེ། དེ་ལས་ལྷག་པའི་དོན་མེད་པའི་ཕྱིར་རོ། །ཞེས་གསང་དོན་ཇི་བཞིན་པར་ཐོས་པ་ལ་རྟོགས་པའི་གདེང་འདུས་པའི་ཤེས་རབ་མཆོག་དམ་པར་བསྔགས་སོ། །གཉིས་པ་ནི། ལ་ལ་ནི་འདི་སྐད་དུ། གསང་བའི་ནང་ན། ཞེས་པ་ནས། དམ་པ་རྣམས་ཀྱིས་བསྔགས། ཞེས་གསང་བ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྣམ་འདྲེན་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། གསང་བའི་ཐེག་པའི་ནང་ན་ཡང་བླར་གྱུར་པའི་གསང་ཆེན་སྙིང་པོའི་ཐེག་པ་འདི་ཉིད་མཐོང་བར་བྱ་བ་དང་བྲལ་བ་ཉིད་ཀྱིས་རང་གི་ངོ་བོ་ཉིད་ཀྱང་འདི་འདྲར་མི་མཐོང་མི་རྙེད་པར་གྱུར་ན། ཐ་དད་གཞན་གྱིས་ཚོལ་བས་མཐོང་ཞིང་རྙེད་པར་ག་ལ་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ། །དེ་ལྟར་རེག་དཀའ་བ་དེ་ཉིད་གསང་བ་དོན་གྱི་མཆོག་ཏུ་དམ་པ་རྣམས་ཀྱིས་ལེགས་པར་བསྔགས་ཏེ་བསྟན་པའོ། །ཞེས་ཐེག་པའི་མཆོག་རྙེད་པར་དཀའ་བས་ཚོལ་བས་མི་རྙེད་པ་ཉིད་བསམ་པའི་ཤེས་རབ་ཀྱི་སྙིང་པོ་གསང་བ་དམ་པར་བསྔགས་སོ། །གསུམ་པ་ནི། ལ་ལ་ནི་འདི་སྐད་དུ། ཆོས་རྣམས་ཀུན་གྱི། ཞེས་པ་ནས། དམ་པ་དོན་པོ་མཆོག །ཅེས་དམ་པ་ཆེན་པོར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སྟོན་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཆོས་རྣམས་ཀུན་གྱི་བཅུད་ཀྱི་སྙིང་པོ་ལྷུན་གྱིས་གྲུབ་པའི་ངོ་བོ་འདི་ནི། དཔེར་ན་གསེར་ས་ལེ་སྦྲམ་དང་ནམ་མཁའ་བཞིན་དུ་མི་འགྱུར་བ་ཡིན་པས་འཕོ་འགྱུར་དང་བྲལ་ཏེ་མི་ནུབ་པའི་རྒྱལ་མཚན་ཆེན་པོ་ངོ་བོ་སྟོར་རླག་གིས་བྲལ་བ་མེད་པའི་ཕྱིར་གྱི་གཏན་ཚིགས་དེ་བས་ན། ཤེས་པར་བྱ་བ་དང་མཐོང་བར་བྱ་བའི་ཆོས་རིལ་ཀུན་གྱི་སྙིང་པོ་དམ་པ་ཕུལ་དུ་བྱུང་བའི་དོན་ཆེན་པོ་མཆོག་ཏུ་གྱུར་པ་བླ་ན་མེད་པའོ། །ཞེས་ཤེས་བྱ་དང་ཐོབ་བྱ་ཀུན་གྱི་མཆོག་ཏུ་རྟོགས་པར་བྱ་བའི་དམ་པ་ཆེན་པོར་བསྔགས་སོ། །གསུམ་པ་ལྟ་བའི་ངེས་ཚིག་ནི། ཚན་སོ་དྲུག་གི་འོག་ནས། ལ་ལ་ནི་འདི་སྐད་དུ། ཆོས་ཀུན་མི་མཐོང་། ཞེས་པ་ནས། རྟོག་པ་གློ་བུར་ཡིན། །ཞེས་མ་བསླད་པ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྒྱལ་བ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ལྟ་བའི་ངོ་བོ་དཀྱིལ་འཁོར་གསུམ་དབྱེར་མེད་པ་ཡིན་པས་ཆོས་སོ་ཅོག་ཀུན་ཀྱང་མི་མཐོང་ཆོས་ཉིད་ཀྱང་མི་མཐོང་བས་སེམས་ཅན་གྱི་སེམས་ཡང་མི་མཐོང་ལ་ཕྱོགས་གཅིག་པའི་སངས་རྒྱས་ཀྱང་མི་མཐོང་སྟེ། རིལ་གདོད་ནས་མ་དམིགས་པའི་ཕྱིར་རོ། །དེ་ལྟར་གང་གིས་མཐོང་བ་དེ་ནི་རང་རིག་པ་ཡུལ་མེད་པར་རང་གསལ་བའི་དོན་དམ་པ་ཉིད་ཡང་དག་པར་མཐོང་བའོ། །ཞེས་ཡུལ་དུ་མ་མཐོང་བ་ཉིད་མཐོང་བ་ཡོངས་སུ་དག་པར་བསྔགས་སོ། །ཡང་སྟོན་མཆོག་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཇི་བཞིན་པ་ཕྱི་མོའི་ཆོས་ཉིད་ནི་ཡེ་ནས་ངོ་བོ་མ་བཅོས་པར་རང་རིག་མ་འདྲེས་ཡོངས་རྫོགས་ཉིད་ཇི་ལྟ་བ་བཞིན་དུ་གསལ་བ་ཡིན་ལ། དེ་ཉིད་ངོ་བོ་མི་ཟིན་ཅིང་སྐྱེ་ཤི་མེད་པས་མི་སྐྱེ་བ་དང་མི་འགག་པའི་ཡེ་ཤེས་ཆེན་པོར་རྣམ་པ་ཀུན་མཁྱེན་དུ་རང་གསལ་བ་སྟེ། གདོད་ནས་སུས་ཀྱང་མ་བྱས་པར་རྒྱུ་རྐྱེན་དང་བྲལ་བར་རང་བྱུང་བ་ཁོ་ན་ཡིན་ནོ། །འོ་ན་དངོས་པོ་བཟང་ངན་དུ་སྣང་བ་འདི་ཅི་ཉེས་ཞེ་ན། འཁྲུལ་པ་དག་གིས་རྣམ་པར་རྟོག་པ་བརྟས་པས་ལྟོས་པའི་གློ་བུར་བར་སྣང་བ་ཉིད་ཡིན་ནོ། །ཞེས་སྐྱེ་ཤི་མེད་པའི་དོན་རྟོགས་ན་མ་བཅོས་པའི་དགོངས་པ་འཁྲུལ་པས་མ་བསླད་པ་དམ་པ་ཡིན་པར་བསྔགས་སོ། །གསུམ་པ་ནི། སྔར་སྒོམ་པའི་ཤེས་རབ་ཀྱི་འཕྲོར། ལ་ལ་ནི་འདི་སྐད་དུ། ཐོག་མ་མེད་ནས། ཞེས་པ་ནས། ཉིད་དུ་རྣམ་པར་བསྒྲལ། །ཞེས་གསང་བ་དམ་པར་བསྔགས་སོ། །ཞེས་པའི་བར་དང་། འོག་གི་ལྟ་བའི་ངེས་ཚིག་གི་འཕྲོ་ནས། ལ་ལ་ནི་འདི་སྐད་དུ། དེ་ཉིད་དེ་དང་། ཞེས་པ་ནས། བྱ་བ་ག་ལ་ཡོད། །ཅེས་ཡེ་ནས་སངས་རྒྱས་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྣམ་འདྲེན་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཡུན་ཐོག་མ་མེད་པ་ཇི་སྙེད་ནས་བསགས་ཤིང་བརྩེགས་པ་ཡི་རྣམ་རྟོག་གི་སྒྲིབ་པའི་སྤྲིན་དཔུང་དཔག་ཏུ་མེད་པ་རྣམས་སྟོང་པ་ཆེན་པོ་ཉིད་གདེང་དུ་གྱུར་པའི་སྐད་ཅིག་ཏུ་གསལ་བའི་རིག་པ་ཡིས་ཀྱང་དེ་བཞིན་ཉིད་ཇི་བཞིན་པའི་ངང་དུ་རྣམ་པར་བསྒྲལ་བས་རང་གསལ་དུ་ཡོངས་སུ་དག་གོ། །ཞེས་ཐོག་མ་མེད་པའི་སྒྲིབ་པ་སྟོང་པའི་གདེང་གིས་འདག་པས་གསང་བ་དམ་པར་བསྔགས་སོ། །ཡང་རྒྱལ་བ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། གསང་སྔགས་ཀྱི་ངོ་བོ་སེམས་ཀྱི་དེ་ཁོ་ན་ཉིད་སྒྲིབ་པ་མེད་པའི་དཀྱིལ་འཁོར་འོད་གསལ་བ་དེ་ཡི་རྟོགས་པ་དང་གང་ལྡན་པ་དེ་ནི་འགྲོ་བ་དམན་པའི་ལུས་ལ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ཅན་ཡིན་པས། དེ་མ་ཡིན་པའམ་དེ་ལ་མ་གཏོགས་པ་ཡི་འབྲས་བུ་གང་ཞིག་ཡུལ་གཞན་ན་ཡོད་པ་ལས་རྒྱལ་བ་སངས་རྒྱས་ཉིད་ཀྱིས་ཀྱང་བགྲོད་པར་མཐར་ཕྱིན་ནས་ཐོབ་པར་བྱ་བ་ག་ལ་ཡོད་དེ་མེད་པས་རང་བྱུང་རྟོགས་པ་ཉིད་ལས་གཞན་ན་མི་བརྙེས་སོ། །ཞེས་འོད་གསལ་རྟོགས་ན་འདི་ཉིད་ཡེ་ནས་སངས་རྒྱས་པའི་དགོངས་པ་དམ་པར་བསྔགས་སོ། །ཞེས་ཡོན་ཏན་རང་རྫོགས་སུ་འགྲེལ་ཏོ། །གཉིས་པ་ལ་ལྔ་ཏེ། རྟོགས་ན་བསྒོམ་པའི་ཡོན་ཏན། མ་རྟོགས་ནས་བསྒོམ་པའི་སྐྱོན། བསྒོམ་པའི་ངོ་བོ། བསྒོམ་པའི་གོལ་ས། སྒོམ་གྱི་ཁྱད་པར་བསྟན་པའོ། །དང་པོ་ནི། གོང་དུ་བཞག་པའི། ལ་ལ་ནི་འདི་སྐད་དུ། བསམ་གྱིས་མི་ཁྱབ་ཀུན་ཤེས། ཞེས་པ་ནས། ཐམས་ཅད་མཁྱེན་པ་ཡིན། །ཞེས་གསང་བ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སྟོན་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རང་བཞིན་འོད་གསལ་ཀུན་གྲོལ་ཆེན་པོར་ཤེས་ཏེ་ལྟ་བས་ཐག་ཆོད་ནས་བསམ་དུ་མེད་པར་དེ་བཞིན་ཉིད་དུ་གཞག་སྟེ་སྒོམ་ན་དཔག་ཏུ་མེད་པའི་ཐོབ་བྱའི་ཡོན་ཏན་རིལ་རང་ལས་མ་བཙལ་བར་འབྱུང་ཞིང་འཆར་ཏེ། དེ་ཉིད་རྒྱལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་དུ་བྱས་པ་ཡིན་ནོ། །ཞེས་ལྟ་བས་ཐག་ཆོད་ནས་སྒོམ་པའི་ཡོ ན་ཏན་གྱི་གསང་བ་དམ་པར་བསྔགས་སོ། །གཉིས་པ་ནི། ལ་ལ་ནི་འདི་སྐད་དུ། བསམ་གྱིས་མི་ཁྱབ། ཅེས་པ་ནས། སྐྱེ་མཆེད་ཉིད་དུ་འགྱུར། །ཞེས་ཀུན་ནས་བརྩེ་བ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སངས་རྒྱས་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། འོ་ན་མ་རྟོགས་པར་སྒོམ་ན་མི་འཐོབ་བམ་ཞེ་ན། གང་དག་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་མི་ཤེས་པར་དོན་མ་རྟོགས་ཏེ་བསམ་དུ་མེད་པའི་ངང་དུ་གང་འཇོག་སྟེ་སྒོམ་པ་ཡི་བྱིས་པ་དེ་ནི་བླུན་པས་སྒོམ་པ་དོན་མེད་པ་སྟེ་འདུ་ཤེས་མེད་པ་དང་མུན་པའི་སྐྱེ་མཆེད་བཞིའི་གནས་སུ་ལྟུང་བ་ཉིད་དུ་འགྱུར་བར་ངེས་པའོ། །ཞེས་མ་རྟོགས་པར་སྒོམ་པའི་གཡང་ས་ཉིད་ཀུན་ནས་བརྩེ་བ་དམ་པས་གདམས་པར་བསྔགས་སོ། །དེ་བས་ན་དང་པོར་རྟོགས་པ་གཅེས་སོ། །གསུམ་པ་ནི། ལ་ལ་ནི་འདི་སྐད་དུ། བསམ་མེད་བསམ་གྱིས། ཞེས་པ་ནས། མཐོང་བས་ཞི་གནས་པ། །ཞེས་པའི་བར་གྱིས་བསྟན་ཏེ། བདེ་གཤེགས་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཐབས་དང་ལམ་གྱི་སྒོ་མཐའ་ཡས་པ་ཀུན་ཀྱང་བསམ་དུ་མེད་པའི་ཆོས་ཉིད་ཀྱི་ངང་དུ་བསམ་གྱིས་མི་ཁྱབ་པའི་ཆོས་ཀུན་མ་འདྲེས་ཡོངས་རྫོགས་སུ་ལྷག་པར་མཐོང་བས་ཞི་བ་ཆེན་པོའི་དབྱིངས་སུ་གནས་པ་ན་ཞི་གནས་དང་ལྷག་མཐོང་དབྱེར་མེད་པའི་ཏིང་ངེ་འཛིན་ཡིན་པས་དེ་ལ་འདུས་པ་ཁོ་ནའོ། །བཞི་པ་ནི། རྣམ་རྟོག་སྤོང་ལེན། ཞེས་པ་ནས། སྒྲིབ་པ་མུ་མཐའ་ཡས། །ཞེས་བཤེས་གཉེན་དམ་པ་ཉིད་དུ་གདམས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་གནས་པའི་ཚེ་ན་རྣམ་རྟོག་གི་སྐྱོན་སྤོང་བ་དང་རྟོག་མེད་ལེན་པར་གང་གིས་འདོད་པར་བྱེད་པ་དེ་དག་ཉིད་ནི་མུན་པའི་རྩ་བ་ཡིན་པའི་ཕྱིར་ཤིན་ཏུ་བསལ་བར་དཀའ་བའི་སྒྲིབ་པ་མུ་མཐའ་ཡས་ཤིང་འཐུག་པར་འགྱུར་བའི་དོན་ཏོ། །དེ་བས་ན་སྤང་ལེན་མེད་པར་ཐག་བཅད་དོ། །ཞེས་ལམ་མཐའ་ཡས་པ་ཀུན་ཞི་གནས་དང་ལྷག་མཐོང་དུ་འདུས་པས་དེ་ཉིད་བསལ་བཞག་དང་བྲལ་བར་སྦྱོང་བའི་ཐབས་ཀྱི་གདམས་པ་བཤེས་གཉེན་དམ་པ་ཉིད་དུ་གདམས་སོ། །ལྔ་པ་ནི། ཚན་གཅིག་གི་འོག་ནས། ལ་ལ་ནི་འདི་སྐད་དུ། སྣ་ཚོགས་རིམས་ཀྱིས། ཞེས་པ་ནས། པ་ཡི་དུག་ཆེན་ཡིན། །ཞེས་ཁྱད་པར་དམ་པར་གདམས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་གཤེགས་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། རིམ་གྱིས་པ་དང་ཅིག་ཆར་བའི་སྒོ་གཉིས་ནི། རང་རང་ལྟར་མ་སྤྱད་པར་བསྣོལ་ན་གཉིས་ཀ་ཉམས་པར་འགྱུར་བ་ཐབས་སྣ་ཚོགས་སུ་རིམས་ཀྱིས་འཇུག་པ་དག་གི་སློབ་ཚུལ་ནི། རྟོགས་པ་ཅིག་ཆར་བས་བསམ་མེད་དུ་འཇོག་པའི་བློ་ཡི་ནད་དུ་འགྱུར་ལ། བསམ་དུ་མེད་པའི་ཆོས་ཉིད་ཡོངས་སུ་རྫོགས་པའི་དོན་ནི་བློས་མི་འཁྱུད་པས་རིམས་ཀྱིས་པ་ཡི་དུག་ཆེན་པོར་འགྱུར་བ་ཡིན་ནོ། །དེ་བས་ན་རིམས་ཀྱིས་པས་བསམ་མེད་མི་མཐོང་བས་གསང་བའི་ལམ་གྱི་ཁྱད་པར་བཤད་པའོ། །ཞེས་ཁྱད་པར་དམ་པ་སྟོན་པའི་མཇུག་གི་སྒྲ་དོན་ནི་ངོ་ཏི་བསྟན་པ་སྟེ་བཤད་པ་དང་འཆད་པར་འགྱུར་བ་རིལ་ལ་གདམས་པར་སྦྱར་དགོས་སོ། །གསུམ་པ་ནི། ཚན་དྲུག་གི་འོག་ནས། ལ་ལ་ནི་འདི་སྐད་དུ། ཇི་སྙེད་བསམ་གྱིས། ཞེས་པ་ནས། ཆེན་པོའི་བསམ་གཏན་ཡིན། །ཞེས་རྣལ་འབྱོར་དམ་པར་གདམས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། རྣམ་འདྲེན་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཇི་སྙེད་པའི་ཆོས་རྣམས་ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གསང་བ་རྟོགས་ཏེ་ཆོས་ཀུན་སྟོང་པར་རིག་སྟེ་ངེས་དོན་གནད་དུ་ཆུད་ན། མི་དེ་ནི་འགྲོ་བ་མིའི་ལུས་སུ་སྣང་ཡང་སེམས་ཉིད་དོན་གྱི་དགོངས་པ་ནི་སངས་རྒྱས་ཀུན་དང་མཉམ་པར་སྦྱོར་བས་རྒྱལ་བའི་དགོངས་པ་མི་གཡོ་བའི་རྣལ་འབྱོར་ཆེན་པོའི་ངང་ལ་བཞུགས་པའི་བསམ་གཏན་ཡིན་པས་ལྷག་པའི་མིང་འཐོབ་བོ། །ཞེས་ཆོས་ཉིད་ཀྱི་གནད་ཆུད་ན་སེམས་སངས་རྒྱས་ཀྱི་དགོངས་པར་གནས་པའི་རྣལ་འབྱོར་དམ་པར་གདམས་སོ། །བཞི་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ཚན་བཅོ་ལྔའི་འོག་ཏུ། ལ་ལ་ནི་འདི་སྐད་དུ། དེ་ཉིད་དེ་ལས། ཞེས་པ་ནས། རྣམ་གསུམ་ཡོངས་སུ་རྫོགས། །ཞེས་བསླབ་པ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སངས་རྒྱས་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། དེ་ལྟར་ངེས་པར་ཆོས་ཉིད་ཀྱི་དོན་རྟོགས་པའི་གདེང་དེ་ཉིད་ལས་མ་ཉམས་ཏེ་ངང་ལས་འགྱུར་བ་མེད་ན་ཆེད་དུ་ཚུལ་ཁྲིམས་སྲུང་བ་ལ་སོགས་པའི་དྲན་བསམ་དང་རྟོག་པ་རྒྱུ་བ་མེད་པ་ཡི། རྟེན་གཞི་ལྷག་པའི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ལྟ་སྒོམ་གཉིས་ཏེ། བསླབ་པ་རྣམ་པ་གསུམ་ཀ་དུས་གཅིག་ཏུ་ཡོངས་སུ་རྫོགས་པའོ། །ཞེས་རྟོགས་པའི་གདེང་ལ་བསླབ་པ་གསུམ་རྫོགས་པའི་དགོངས་པ་དམ་པར་བསྔགས་སོ། །གཉིས་པ་ལ་གསུམ་སྟེ། ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ་རྫོགས་པ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྫོགས་པ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྫོགས་པར་བསྟན་པའོ། །དང་པོ་ནི། ལ་ལ་ནི་འདི་སྐད་དུ། དེ་ཉིད་ལས་མཐའ། ཞེས་པ་ནས། མཐའ་ཡས་བརྗོད་མི་ལང་། །ཞེས་བཀྲི་དྲང་རྒྱུད་པ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་ཐུབ་དབང་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། དེ་ཁོ་ན་ཉིད་ཀྱི་དོན་ཉམས་སུ་བླང་བའི་ལས་ཀྱི་མཐའ་མ་རྣམ་རྟོག་མ་བཀག་མི་གཡོ་བའི་ཞི་གནས་དང་། མཉམ་པ་ཆེན་པོ་ལྷག་པའི་དོན་ཅིར་ཡང་མ་མཐོང་བར་མཐོང་བའི་ལྷག་མཐོང་གཉིས་མི་གཡོ་བཞིན་དུ་གསལ་བར་མཁྱེན་པས་ཟུང་དུ་འབྲེལ་བར་འདྲེས་པ་ཡི་སྡེ་གསུམ་པོ་དེར་ཏིང་ངེ་འཛིན་བསླབ་པ་རིལ་ངེས་པར་རྫོགས་ཤིང་འདུས་པས་ན། ཏིང་འཛིན་དམ་པའི་ཡོན་ཏན་འབུམ་ཕྲག་མཐའ་ཡས་བརྗོད་ཀྱིས་མི་ལང་སྟེ་གྲངས་ལས་འདས་པའི་སྒོ་ཡང་བློ་དང་མཐུན་པར་དྲང་དོན་དུ་བསྟན་པའོ། །ཞེས་བཀྲི་དྲང་གི་ཐབས་ཐམས་ཅད་ཟུང་འཇུག་ལ་འདུས་པའི་བརྒྱུད་པ་དམ་པར་བསྔགས་སོ། །གཉིས་པ་ནི། ལ་ལ་ནི་འདི་སྐད་དུ། ཚིག་ལ་དབང་བས། ཞེས་པ་ནས། གོ་བ་ཐོས་པའི་མཆོག །ཅེས་ཐོས་པ་རྒྱ་མཚོ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སྐྱོབ་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཚིག་ལ་དབང་ཐོབ་པས་ཚིག་སྣ་ཚོགས་སུ་བསྒྱུར་ཞིང་སྤྲོས་ན་ཡང་། ཚིག་མུ་མཐའ་ཡས་པས་དོན་གཅིག་ཏུ་བསྡུ་ན་ཡང་མི་འདུས་ཏེ་སྡུད་མི་ཤེས་པས་དོན་མེད་ལ། དོན་ཇི་ལྟ་བར་མཇལ་བ་བཞིན་ཚིག་གཅིག་གི་རྣམ་པར་འཕྲུལ་ཏེ་ཇི་སྙེད་དུ་སྤྲོས་པར་གྱུར་ན་ཡང་དེ་ལྟར་བརྗོད་པས་དེའི་མཐའ་དེ་ནི་ཟད་པའང་མེད་ལ་དོན་དང་ཡང་འགལ་བར་མི་འགྱུར་བས་རང་དབང་ཐོབ་པའོ། །ཞེས་ཚིག་ལ་དབང་ཐོབ་ན་གསུང་མི་ཟད་པ་དམ་པ་ཐོབ་པར་བསྔགས་སོ། །ཡང་རྒྱལ་བ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། སྨྲ་བརྗོད་ཀྱི་ཚིག་དང་ཡི་གེའི་སྒྲ་ལ་གང་དགའ་ཞིང་ཞེན་པ་གང་དག་གིས་རྒྱལ་བའི་དགོངས་པ་གསང་དོན་ཟབ་མོ་དཔོག་པར་མི་ནུས་པས་ཚིག་ཚོགས་རྒྱ་མཚོ་ཐོས་ཀྱང་ཐོས་པ་ཆེ་བ་མིན་ཏེ་དོན་མེད་དོ། །འོ་ན་ཐོས་པ་ཆེ་བའི་མཆོག་གང་ཞེ་ན། མ་ནོར་བའི་ཚིག་གཅིག་གོ་བས་སེམས་ཀྱི་ཆོས་ཉིད་མཐོང་བ་ནི་ཐོས་པ་རྒྱ་མཚོ་བསགས་པའི་འབྲས་བུ་བས་མཆོག་དང་ཕུལ་དུ་གྱུར་པའོ། །ཞེས་སྒྲ་ཚིག་ལ་ཞེན་པའི་ཐ་སྙད་ཀྱིས་དོན་མི་དཔོག་ཀྱང་ཚིག་སྡེབ་ལེགས་པ་གཅིག་རིག་ན་ཀུན་གྱི་དོན་གོ་བས་ཐོས་པ་རྒྱ་མཚོོ་དམ་པར་བསྔགས་སོ། །གསུམ་པ་ལ་གསུམ་སྟེ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སོ། །དང་པོ་ལ་གཉིས་ཏེ། ཐུན་མོང་གི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། ཐུན་མོང་མ་ཡིན་པའི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སོ། །དང་པོ་ནི། ལ་ལ་ནི་འདི་སྐད་དུ། ཁྱབ་དང་མི་གནས། ཞེས་པ་ནས། འདོན་བརྗོད་འདྲི་ཀློག་མཆོག །ཅེས་སྤྱོད་པ་དམ་པར་བསྔགས་སོ། །ཞེས་པའི་བར་དང་། ཚན་པ་ལྔའི་འོག་ནས། ལ་ལ་ནི་འདི་སྐད་དུ། དངོས་པོ་མེད་པའི། ཞེས་པ་ནས། ཡང་དག་མཆོག་ཏུ་བཤད། །ཅེས་མཆོད་པ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། རྣམ་འདྲེན་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཤེས་རབ་ཆེན་པོས་གང་ལའང་ཟིན་ཆགས་མེད་པར་ཁྱབ་པ་ནི་སྦྱིན་པ་དང་། རང་རིག་པ་མཐའ་གང་ལའང་བརྟེན་པ་མེད་པས་མི་གནས་པ་ཚུལ་ཁྲིམས་སོ། །བདག་གཞན་གང་དུའང་རྣམ་པར་མི་རྟོག་པ་བཟོད་པ་དང་། མཉམ་པའི་ངང་ནས་རང་རིག་པས་འདུ་འབྲལ་མེད་པས་མ་བྲལ་བ་བརྩོན་འགྲུས་སོ། །ངང་གིས་གཡོ་བ་མེད་པས་མི་གཡོ་བ་བསམ་གཏན་དང་། ཅི་ལའང་ཆགས་ཞེན་མེད་པས་མ་ཆགས་པ་ཤེས་རབ་སྟེ། དེ་ཉིད་ལས་ནི་ལྷག་པའི་དོན་གཞན་གང་ཡང་མེད་དེ། དེས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡང་ངོ་བོ་ཉིད་ནི་དེ་ཁོ་ན་ཉིད་རྟོགས་པའོ། །ཞེས་མ་ནོར་བའི་རྟོགས་པ་ཆེན་པོ་ལ་རྫོགས་པའི་བར་ཕྱིན་དྲུག་གིས་བདག་གཞན་གྱི་དོན་མཐར་སོན་པའམ་མཐར་ཕྱིན་པར་བྱེད་པའི་དམ་པར་བསྔགས་སོ། །ཡང་སྟོན་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཁ་ཏོན་འདོན་པ་དང་། སྙིང་པོའི་བཟླས་བརྗོད་དང་། ཡི་གེ་འདྲི་བ་དང་། གསུང་རབ་ཀློག་པ་ལ་སོགས་པའི་ཆོས་སྤྱོད་རྣམ་པ་བཅུ་ལ་ཞེན་པས་དོན་མ་གོ་བར་ཡང་དག་པའི་རྟོགས་པ་མེད་བཞིན་འབད་པར་བྱེད་པ་ནི། དཔེར་ན་དམུས་ལོང་གིས་རྟ་རྒོད་རྒྱུག་པ་དང་འདྲ་བར་ཚི་ཆད་ཅིང་ཆུད་ཟ་བར་འགྱུར་རོ། །འོ་ན་མ་ནོར་བ་གང་ཞེ་ན། སེམས་ཀྱི་དབྱིངས་ཀྱིས་སེམས་ཉིད་ཀྱི་དབྱིངས་ལ་རང་རིག་པ་ཉིད་དུ་ཡི་གེར་བྲིས་ཏེ་རང་ཤར་བའི་སེམས་ཉིད་དབྱིངས་ལ་གསལ་བའི་དོན་མཆོག་གང་ཉིད་ཡང་དག་པར་རིག་ཅིང་མ་ནོར་བར་གོ་ན་དེ་ནི་འདོན་བརྗོད་དང་འདྲི་ཀློག་རྒྱ་མཚོའི་ཚོགས་ཀྱི་བླ་མར་གྱུར་པའི་མཆོག་དང་སྙིང་པོ་དམ་པའོ། །དེ་བས་ན་སྤྱོད་པ་ཡོང་དེར་འདུས་པའོ། །ཞེས་ཆོས་སྤྱོད་བཅུ་ལ་ཞེན་པས་དོན་མ་གོ་བ་ལོང་བ་རྟ་རྒྱུག་དང་འདྲ་བས་རྟོགས་པའི་མཛད་སྤྱོད་ཀྱི་དོན་ལ་སྤྱོད་པས་ལ་དོར་བ་ཡང་འདུས་པའི་དམ་པར་རབ་ཏུ་བསྔགས་སོ། །ཐུབ་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། བདེན་པ་གཉིས་པོ་གང་དུའང་ངོ་བོ་མི་ཟིན་པས་དངོས་པོ་མེད་པའི་གསང་དོན་གྱི་ངོ་བོ་ཉིད་དེ་ཕྱིན་ཅི་མ་ལོག་པར་མཐོང་ཞིང་རིག་ན་རིག་པའི་ངོ་བོ་ཉིད་ཀྱང་མི་ཟིན་པས་དམིགས་པ་མེད་དེ། དེ་ལ་དྲན་ཡུལ་དང་དྲན་མཁན་མེད་པས་ཡུལ་དུ་བྱ་བ་དང་ཡུལ་ཅན་གྱི་བྱེད་པ་མེད་པར་གྲོལ་བ་ཡིན་པས་བཀུར་ཞིང་མཆོད་པར་བྱ་བའི་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཡང་རང་རིག་པ་དང་དབྱེར་མེད་པར་མཉམ་པ་ཉིད་དུ་གསལ་བ་ལ་ཡེངས་པ་དང་བྲལ་བར་རྗེས་སུ་དྲན་པ་ནི་དགོངས་པ་དམ་པ་རྨད་དུ་བྱུང་བའོ། །ཞེས་དཀོན་མཆོག་གསུམ་རང་རིག་པར་མཉམ་པར་རྟོགས་པ་ཉིད་ཏིང་ངེ་འཛིན་དམ་པར་བསྔགས་སོ། །ཡང་སངས་རྒྱས་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། མཆོད་པའི་གནས་དམ་པ་དཀོན་མཆོག་གསུམ་ཉིད་གཞན་དུ་དམིགས་པའི་ཐ་སྙད་དུ་འདུ་ཤེས་པ་ཡང་བྲལ་བས་ཡེ་ནས་མེད་པ་ལ་འཕྲལ་དུའང་གདགས་པའི་མིང་མེད་ཅིང་ཚིག་གི་ལམ་དང་བྲལ་ཏེ་སྤྲོས་མཚན་ལས་འདས་པས་དཀོན་མཆོག་གསུམ་དང་རང་རིག་པ་གཉིས་མེད་དུ་རྟོགས་ཏེ་བླ་ན་མེད་པ་འདུས་མ་བྱས་པ་ཡི་དགོངས་པར་མཇལ་བ་ནི་ཟག་པ་མེད་པའི་མཆོད་པ་ཆེན་པོར་ཡང་དག་པའི་གསང་བ་མཆོག་ཏུ་བཤད་ཅིང་བསྟན་པའོ། །ཞེས་རྣམ་གསུམ་ངང་གི་ཐིག་ལེར་མཉམ་པ་ཉིད་དུ་རྟོགས་ན་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པར་བསྔགས་སོ། །གཉིས་པ་ནི། ཚན་གཉིས་ཀྱི་འོག་ནས། ལ་ལ་ནི་འདི་སྐད་དུ། མི་མཐུན་གཉེན་པོ། ཞེས་པ་ནས། འདས་པར་ག་ལ་འགྱུར། །ཞེས་དབུས་མཐར་མི་དམིགས་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། བདེ་གཤེགས་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཇི་བཞིན་པའི་ངང་ལ་མི་མཐུན་པའི་སྒྲིབ་པ་དང་གཉེན་པོ་ཡེ་ཤེས་གཉིས་རིས་སུ་ཕྱེ་བར་མི་དམིགས་པས་མི་རྟོག་པ་སྟེ། དེ་ལྟར་རྟོགས་ནས་སྒོམ་པ་ན། རིལ་ཇི་བཞིན་པའི་སྟོང་པ་ཉིད་ཀྱི་ངོ་བོ་དབྱིངས་ཀྱི་ཆོས་ཉིད་དུ་གྱུར་པ་ལ་དེའི་རྗེས་སུ་འཇུག་པའི་གནས་པ་པོ་གང་ཡིན་པ་དེ་དག་གིས་ཀྱང་སྒྲིབ་པ་ལ་གཉེན་པོ་བསྟེན་ཏེ་སྦྱང་བསྒྱུར་དུ་བྱ་བ་ཅི་ཡང་མེད་དེ། ངོ་བོ་མི་ཕྱེད་པའི་ཟབ་མོའི་དོན་དུ་རྟོགས་པའི་ཕྱིར་རོ། །ཞེས་སྒྲིབ་པ་གཉེན་པོས་སྦྱང་དུ་མེད་པར་ལ་གཅད་པ་དམ་པར་བསྔགས་སོ། །ཡང་སྐྱོབ་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། དངོས་པོའི་རྣམ་པ་ཐམས་ཅད་ཀྱི་ཆོས་ཉིད་ནི་རང་བཞིན་མ་བཅོས་པ་ཡིན་པས། དེ་ལྟར་གནས་ལུགས་ཇི་བཞིན་པ་ཡི་དོན་དེ་ཉིད་ཇི་ལྟ་བ་དེ་བཞིན་དུ་རྟོགས་ཤིང་རང་རིག་པ་ཉིད་ན་བླ་ན་མེད་པ་ཡི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཆེན་པོའང་དེ་ཉིད་ཡིན་པས་སེམས་བསྐྱེད་པའང་འདུས་པའོ། །ཞེས་ཇི་བཞིན་པ་རྟོགས་ལ་སེམས་བསྐྱེད་པ་གཉིས་ཀྱང་ལྷུན་རྫོགས་སུ་འདུས་པའི་དམ་པར་བསྔགས་སོ། །ཡང་དེ་བཞིན་བཤེགས་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། རང་གི་རིག་པ་ཉིད་བསྒོམ་བྱ་ཡིན་པས་ཡུལ་ཅི་ལའང་མི་སེམས་ཤིང་ཡིད་ལ་བྱ་བ་དང་བྲལ་བས་མི་གཡོ་བར་རྩོལ་བའི་བསམ་པ་མི་ལྡང་ཞིང་འདུ་ཤེས་གང་དུའང་མ་སྐྱེས་པས་མི་རྟོག་པར་གནས་ཤིང་ངང་གིས་གཡོ་བ་མེད་པས་རྣམ་པར་མི་གཡེང་བ་ཡི་རང་བཞིན་ཐམས་ཅད་ཀུན་གྱི་ངོ་བོ་རང་གསལ་བས་གང་ཡང་མ་བཀོལ་ལ་མ་འདྲེས་ཡོངས་རྫོགས་སུ་ཁྱབ་པར་གདལ་བའི་དབྱིངས་ཆེན་པོར་ཀུན་ཤོང་བས་བྱ་བཙལ་མེད་པ་ནི་གསང་སྔགས་ཐེག་པའི་རྒྱལ་པོ་ཀུན་གྱི་མཆོག་དང་ཕུལ་དུ་གྱུར་པ་ཉིད་དོ། །ཞེས་ཐེག་པ་ཆེན་པོའི་ངེས་དོན་ཇི་བཞིན་དུ་རྟོགས་ན་དགོངས་པ་ཀུན་ནས་འདུས་པའི་གསང་བ་དམ་པ་ཡིན་པར་བསྔགས་སོ། །རྒྱལ་བ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཐེག་པ་ཆེན་པོ་གསང་བའི་སྙིང་པོ་འདི་ཡི་ཐུན་མོང་མིན་པ་མཆོག་གི་ལུགས་ཀྱིས་ནི། མཐའ་བསལ་བའི་དབུ་མར་རྟེན་མི་འཆའ་བས་ངོ་བོ་ཉིད་མི་དམིགས་པར་མཐའ་རིལ་ལས་འདས་ཤིང་གྲོལ་བའོ། །དེ་བས་ན་གང་གི་སྐབས་འདིར་གསང་སྔགས་པར་ཁས་འཆེས་ནས་མ་སྐྱེས་པའི་དབུ་མར་ལྟ་ཞིང་འདོད་པ་དང་བཅས་པ་དག་ནི་ལྟ་བ་དེ་ཉིད་ཀྱིས་བཅིངས་ནས་མཐའ་ལས་འདས་པར་ག་ལ་འགྱུར་ཏེ་མི་འགྱུར་བས་དོན་ཆེན་པོ་མི་མཐོང་བའོ། །ཞེས་ཐེག་ཆེན་གསང་བ་དམ་པར་ཁས་འཆེས་ཀྱང་དབུ་མར་གོལ་ན་དགོངས་པ་ཀུན་འདུས་སུ་མི་འཐད་པས་དབུས་མཐར་མི་དམིགས་པའི་གསང་བའི་སྙིང་པོ་དམ་པར་བསྔགས་སོ། །གཉིས་པ་ནི། གོང་དུ་དགེ་བ་ཆོས་སྐད་ཀྱི་སྤྱོད་པར་བསྔགས་པའི་འཕྲོ་ནས། ལ་ལ་ནི་འདི་སྐད་དུ། མཚན་མར་བྱས་དང་སྣང་བའི་ཆོས། །ཞེས་པ་ནས། འགྲོ་དོན་རྒྱ་མཚོ་རྫོགས། །ཞེས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསྔགས་སོ། །ཞེས་པའི་བར་དང་། གོང་གི་སྔར་གྱི་འཕྲོར། ལ་ལ་ནི་འདི་སྐད་དུ། འཁོར་བ་ཇི་སྲིད་ཡོད་བར་དུ། །ཞེས་པ་ནས། རྒྱུན་མི་འཆད་པར་བསྐོར། །ཞེས་གསང་བ་དམ་པའི་ཐེག་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། སེམས་ཀྱིས་མཚན་མར་བཟུང་བར་བྱས་པ་དང་། དེ་ཡི་དབང་གིས་དགེ་བའི་རྩ་བར་སྣང་བའི་ཆོས་སོ་ཅོག་ཀུན་ཀྱང་། རང་གི་མཚན་ཉིད་མ་འདྲེས་ལ་ངོ་བོ་དེ་ཁོ་ན་ཉིད་དུ་དབྱེར་མེད་པར་ཡོངས་སུ་རྫོགས་པ་ཡི་ཆོས་ཉིད་ཆེན་པོར་དཔེར་ན་ནམ་མཁའ་དྭངས་པའི་ངང་ལ་འཇའ་ཚོན་བཀྲ་བ་ལྟར་མཉམ་པ་ཉིད་ཀྱི་ཀློང་དུ་རྣམ་པར་རིག་ཅིང་རྟོགས་པས་མཇལ་བ་ནི་དགེ་རྩ་བསྔོ་བ་ཀུན་གྱི་ནང་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོས་པའི་མཆོག་དང་ཕུལ་དུ་གྱུར་པ་ཉིད་དོ། །ཞེས་བྱང་ཆུབ་སྙིང་པོར་རིག་ན་དགེ་རྩ་བསྔོ་བ་ཀུན་གྱི་དམ་པར་གྱུར་པས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་མཆོག་ཏུ་བསྔགས་སོ། །ཡང་སྐྱོབ་པ་ལ་ལ་ནི་འདི་སྐད་དུ་གསུངས་སྟེ། གོལ་བའི་རྒྱུ་ནི་ཆོས་ཐམས་ཅད་རིལ་གང་ཡང་རང་རིག་པའི་སེམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ཡིན་བཞིན་དུ། ངང་དེ་ལ་གཟུང་འཛིན་གཉིས་དང་མཐའ་རུ་སྣང་བའི་སྤྲོས་པ་གཉིས་སམ་བཞི་ལ་སོགས་པར་གང་གིས་ལྟ་ཞིང་ཞེན་པ་ནི། མ་རིག་པས་མདོངས་ཏེ་འཁྲུལ་པར་འཕྱན་པས་ཕྱིན་ཅི་ལོག་ཏུ་གོལ་ཞིང་ནོར་བ་ཡིན་ཏེ། དེ་ནི་དོན་ལ་གོལ་བའི་ནང་ན་ཡང་ཐེག་ཆེན་གསང་སྔགས་དམ་པའི་ལམ་གྱི་སྙིང་པོ་ལས་ལོག་སྟེ་གོལ་བ་ཡིན་ནོ། །ཞེས་གསང་སྔགས་མ་རྟོགས་ན་གོལ་ས་ཆེ་བར་བསྟན་ཏེ་གདམས་ངག་གིས་དོན་བྱེད་ཚུལ་དམ་པར་བསྔགས་པ་གསུངས་སོ། །ཡང་རྣམ་འདྲེན་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། གང་དག་རྫས་དང་ཡོ་བྱད་དང་ཤེས་རབ་དང་ཏིང་ངེ་འཛིན་འཚོགས་པའི་རྒྱུ་རྐྱེན་རྟེན་འབྲེལ་གྱི་མཐུ་ལ་བརྟེན་ནས་རིམས་ཀྱིས་འགྲུབ་པར་བསྟན་པ་ནི། བྱིས་པ་དམན་པ་བློ་ཆུང་བའི་རྨོངས་པ་དག་དོན་ལ་དྲང་ཕྱིར་ཁྲིད་པའི་ཐབས་སུ་གསུངས་པ་ཉིད་དེ། གལ་ཏེ་བློ་མཆོག་གང་གིས་དོན་ཆེན་པོ་མ་བཅོས་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་འདི་ལེགས་པར་གོ་ཞིང་རྟོགས་པ་ལ་ནི། རྟེན་འབྲེལ་དང་རྒྱུ་འབྲས་ཀྱི་རིམ་པའི་ལམ་སྔ་ཕྱིའི་ཁྱད་པར་རིམས་ཀྱིས་པ་ལྟར་མེད་དེ་ངེས་དོན་མ་ནོར་བ་ཇི་བཞིན་པའི་དོན་ཉིད་མཐོང་བའོ། །ཞེས་མཚན་མ་ལ་བརྟེན་ནས་མི་འགྲུབ་པས་གཉིས་མེད་ཀྱི་དོན་ལ་དྲང་བའི་ངེས་པ་དམ་པར་བསྔགས་སོ། །ཡང་སངས་རྒྱས་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། རང་གསལ་ལྷུན་གྱིས་གྲུབ་པའི་ཆོས་ཉིད་མ་བཅོས་པ་རང་སྣང་དེ་བཞིན་ཉིད་ཀྱི་ངང་འདི་ལས་སྐལ་པ་དང་འཚམས་པར་ཡིད་དང་མཐུན་པ་བཞིན་དུ་རྣམ་འཕྲུལ་ཅིར་ཡང་འབྱུང་ཞིང་རང་སྣང་བ་ཡི་ཆོ་འཕྲུལ་སྣ་ཚོགས་འབྱུང་བ་ཡིན་པས་འབྲེལ་བ་གཉིས་ཀྱི་སྒོ་ན ས་གདུལ་བྱ་སེམས་ཅན་རྣམས་ལ་ཇི་ལྟར་འདུལ་བ་དང་མཚུངས་པར་སྐུ་མཐོང་བ་དང་གསུང་ཐོས་པར་སྣང་ནས་འགྲོ་དོན་ལྷུན་ཏུ་གྲུབ་མཛད་པའོ། །ཞེས་ཕྲིན་ལས་ཐམས་ཅད་སྐད་ཅིག་མའམ་བྱེད་པ་པོའི་རྒྱུ་མེད་པ་ལས་འབྲེལ་སྣང་ཐབས་ཀྱི་སྒོ་ལས་འཕྲུལ་པའི་གསང་བ་དམ་པར་བསྔགས་སོ། །ཡང་བཅོམ་ལྡན་འདས་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། རང་བཞིན་གྱི་ཟབ་པ་ནམ་མཁའ་ལྟ་བུ་དང་། རྣམ་གྲངས་རྟོགས་དཀའ་བས་ཟབ་པ་འབྱུང་བ་དང་རྟེན་འབྲེལ་གྱི་མཚན་ཉིད་ལྟ་བུ་དང་། དབྱེར་མེད་པས་ཟབ་པ་མཐའ་བྲལ་ངེས་པའི་སྙིང་པོ་རྟོགས་པར་དཀའ་བའི་རྣལ་མ་དང་གསུམ་ལས། འདིར་ཐ་མ་གསང་སྔགས་ཀྱི་དོན་ཟབ་མོ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་དགོངས་པའི་སྤྱོད་ཡུལ་མཐར་ཐུག་པ་འདིར་ནི་འགྲོ་བ་རིལ་ཡང་གསང་སྔགས་གསང་བའི་དབྱིངས་ན་རང་བཞིན་གྱིས་གནས་ཤིང་མ་བཀོལ་བར་རྫོགས་པ་ཡི་དོན་མཐོང་ན། སེམས་ཅན་ཐམས་ཅད་ཀུན་ཀྱང་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་གསང་བའི་སྙིང་པོ་ཉིད་དུ་སངས་རྒྱས་པར་མཐོང་བར་གྱུར་པ་ལ་ཐམས་ཅད་ཆོས་ཉིད་དུ་གསལ་ཏེ། འཁོར་བ་མིང་ཡང་མེད་པས་འགྲོ་དོན་རྒྱ་མཚོ་བྱས་ཟིན་པར་ཡོངས་སུ་རྫོགས་ཏེ་སླར་ཡང་བྱ་བ་མེད་པའོ། །ཞེས་ཐམས་ཅད་ལྷུན་གྱིས་གྲུབ་པས་འཁོར་བ་མིང་ཡང་མེད་དེ་འགྲོ་དོན་བྱས་ཟིན་པའི་རྟོགས་པ་དམ་པར་བསྔགས་སོ། །ཡང་ཐུབ་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། དངོས་པོ་སྣ་ཚོགས་སུ་སྣང་བའི་སེམས་ཉིད་གསང་སྔགས་ཀྱི་རང་བཞིན་ཡིན་པས་འཁོར་བའི་ངོ་བོ་ཉིད་གསང་བ་དམ་པར་ཤར་ཏེ་འཁོར་བ་ཇི་སྲིད་ཡོད་ཀྱི་བར་དུ་བསྟན་པའི་སྙིང་པོ་དྲི་བྲལ་ཉིད་སྒྲིབ་མེད་རང་གསལ་གྱི་ཉི་མར་ངོ་བོས་ཐ་མི་དད་པར་ཤར་བས་རང་བཞིན་ཆོས་ཉིད་ཀྱི་འཁོར་ལོ་འདི་ལ་དར་ནུབ་མེད་པར་རང་སྣང་མི་ནུབ་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བས་དོན་མཛད་པར་བསྟན་པའོ། །ཞེས་རང་བཞིན་གྱི་ཆོས་འཁོར་ལ་ནུབ་པ་མེད་པར་དོན་མཛད་པའི་གསང་བ་དམ་པའི་ཐེག་པར་བསྔགས་སོ། །གསུམ་པ་ལ་གཉིས་ཏེ། ངེས་པའི་སྡོམ་པ་དངོས་བསྟན་པ། དག་པ་ཆེན་པོའི་བཤགས་པ་བཤད་པའོ། །དང་པོ་ནི། ཚན་ཉེར་བདུན་གྱི་འོག་ཐུན་མོང་གི་དགེ་བ་ཆོས་སྡུད་ཀྱི་མཇུག་ནས། ལ་ལ་ནི་འདི་སྐད་དུ། བསྐལ་པ་བྱེ་བ་དཔག་མེད་དུ། །ཞེས་པ་ནས། གཅིག་གིས་ཡོངས་སུ་སངས། །ཞེས་གསང་བ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་ཐུབ་དབང་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། བསྐལ་བ་ཆེན་པོ་བྱེ་བ་གྲངས་ཚད་དཔག་ཏུ་མེད་པའི་བར་དུ་ལྟ་བ་ཕྱིན་ཅི་ལོག་ཅིང་མངོན་པར་ཞེན་པའི་རྨོངས་མུན་གྱི་སྒྲིབ་པ་དུག་གསུམ་ཕྲ་རགས་དང་། ལས་དང་ཉོན་མོངས་ཤེས་བྱའི་སྒྲིབ་པ་གསུམ་དང་། རྫས་བེམས་གུད་ན་འདུག་པར་ཀུན་ཏུ་བརྟགས་པའི་རྟོག་པ་གསུམ་ཡང་དེ་ཁོ་ན་ཉིད་ཇི་བཞིན་པ་མི་དམིགས་མ་འགགས་གཉིས་མེད་ཀྱི་ངོ་བོ་མ་ནོར་བར་ཚུལ་བཞིན་དུ་རྟོགས་པའི་སྐད་ཅིག་མ་ཙམ་གྱི་ཡུན་སྒྲིབ་པ་རིལ་ཀུན་སེམས་ཉིད་དུ་གསལ་བར་མཐོང་བ་གཅིག་གིས་མ་བསྒྱུར་བར་ཡེ་ཤེས་དེ་བཞིན་ཉིད་དུ་དྭངས་ཤིང་ཡོངས་སུ་སངས་པར་འགྱུར་བའི་ཕྱིར་གཉེན་པོ་མི་དགོས་སོ། །ཞེས་ངེས་པར་རྟོགས་པའི་སྐད་ཅིག་གིས་སྒྲིབ་པ་ངང་དྭངས་སུ་སངས་པའི་གསང་བ་དམ་པར་བསྔགས་སོ། །གཉིས་པ་ནི། ལ་ལ་ནི་འདི་སྐད་དུ། མུན་པས་འཐིབས་པ། ཞེས་པ་ནས། ཀུན་གྱི་མཆོག་ཏུ་བཤད། །ཅེས་ཚངས་པ་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སྟོན་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། གང་དག་སྔར་མ་རྟོགས་པའི་དབང་གིས་སྒྲིབ་པའི་མུན་པས་རྒྱུད་ནོན་ཏེ་ཀུན་ནས་འཐིབས་པ་གང་དེ་དག་གང་གིས་ཀྱང་མ་ནོར་བའི་ལམ་ཉིད་ཐག་ཆོད་པར་བྱས་ཏེ་མི་གཡོ་མི་རྟོག་པར་དེ་ཁོ་ན་ཉིད་ལ་ལྟ་ཞིང་བསྒོམ་ན། དེ་ཉིད་ཅིར་ཡང་མ་མཐོང་བར་མཐོང་བའི་བྱིན་རླབས་ཀྱིས་སྒྲིབ་པའི་ཚོགས་ཀྱི་མུན་པ་ཐམས་ཅད་རྣམ་པར་དག་པར་སངས་པ་ནི། འགྱོད་ཚངས་ཀྱི་བཤགས་པ་ཀུན་གྱི་ཡང་མཆོག་དང་ཕུལ་དུ་གྱུར་པར་བཤད་དོ། །ཞེས་དེ་ཁོ་ན་ཉིད་རྟོགས་ཤིང་བསྒོམ་ན་བཤགས་པའི་མཆོག་ཡིན་པས་ཡོངས་སུ་དག་པའི་ཚངས་པ་དམ་པར་བསྔགས་སོ། །གསུམ་པ་འབྲས་བུར་བསྟན་པ་ལ་བདུན་ཏེ། རིགས་ལྔར་བསྟན་པ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་བཤད་པ། ཡེ་ཤེས་ལྔར་བསྟན་པ། འབྱུང་བ་ལྔ་རིགས་ཀྱི་ཡུམ་ལྔར་བཤད་པ། འདོད་ཡོན་ལྔར་ལོངས་སྤྱད་ལྔར་བསྟན་པ། ཡང་དག་པའི་དུག་ལྔ་ཡེ་ཤེས་ཀྱི་དོན་དུ་བཤད་པ། འབྲས་བུ་བསྡུས་ཏེ་བསྟན་པའོ། །དང་པོ་ནི། གོང་གི་སྔར་གྱི་འཕྲོར། ལ་ལ་ནི་འདི་སྐད་དུ། མི་འགྱུར་མི་འཇིག་རྡོ་རྗེའི་དོན། །ཞེས་པ་ནས། མ་བཅོས་དེ་བཞིན་ཉིད། །ཅེས་ཡང་ངེས་པ་དམ་པར་བསྟན་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་འདྲེན་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། དེ་ཁོ་ན་ཉིད་ནི་རིགས་ལྔའི་ཡང་དངོས་གཞི་ཡིན་པའི་ཕྱིར། ཇི་བཞིན་པའི་ངང་ནི་མི་འགྱུར་བ་དང་མི་ཤིགས་པས་ན་འདུས་བྱས་ལྟར་མི་འཇིག་པ་ནི་རྡོ་རྗེའི་རིགས་ཀྱི་དོན་ཡིན་ནོ། །ཡོན་ཏན་སྣ་ཚོགས་པ་ཀུན་ལྷུན་རྫོགས་སུ་འབྱུང་བ་ནི་རིན་པོ་ཆེ་ཡི་རིགས་དམ་པའོ། །མཐས་མ་གོས་པས་མ་ཆགས་རྣམ་པར་དག་པའི་ཆོས་ནི་པད་མོ་ཉིད་ཀྱི་རིགས་མཆོག་གོ། །ལས་རྣམ་བཞི་ཐམས་ཅད་དང་འབྲས་བུ་ལྷུན་གྱིས་གྲུབ་པས་དོན་མི་འགོག་པའི་ཆོས་དེ་མཛད་པ་མཆོག་ཏུ་ཆེ་བའི་ལས་ཀྱི་རིགས་སོ། །ཕྱིན་ཅི་ལོག་པ་དང་བྲལ་བས་མ་ནོར་བའི་དོན་ཡེ་ནས་མ་བསླད་པས་མ་བཅོས་པ་ལ་རིལ་གཉིས་མེད་དུ་འདུས་པའི་ཕྱིར་དེ་བཞིན་ཉིད་ཀྱི་རིགས་དམ་པའོ། །དེ་ལྟར་འབྲས་བུའི་ངོ་བོ་རིགས་ལྔ་ཡང་རང་རིག་གི་རང་སྣང་དུ་རྫོགས་སོ། །ཞེས་དེ་ཁོ་ན་ཉིད་དུ་རིགས་ལྔ་ཡང་འདུས་པའི་ངེས་པ་དམ་པར་བསྟན་ཏོ། །གཉིས་པ་ནི། ལ་ལ་ནི་འདི་སྐད་དུ། སྟོང་ཉིད་གཟུགས་མེད། ཅེས་པ་ནས། གང་ཐབས་ཕྲིན་ལས་མཛད། །ཅེས་ཆོ་འཕྲུལ་སྣ་ཚོགས་འབྱུང་བར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྒྱལ་བ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། བཤད་པ་དེ་བས་ན་འབྲས་བུའི་མཚན་ཉིད་ལྔའི་ཡང་བདག་ཉིད་དུ་བསྟན་པའི་ཕྱིར། མཐའ་ཀུན་གྱིས་སྟོང་པ་ཉིད་དངོས་པོ་དང་བྲལ་བས་གཟུགས་མེད་པ་ནི་ཆོས་ཀྱི་སྐུའོ། །གསུང་ལྔ་རྫོགས་པས་གཞན་དུ་སྨོན་པ་མེད་པར་ཡིད་ལས་འདས་པ་ནི་རྣམ་པར་གྲོལ་བའི་གསུང་ངོ་། །དེ་ཁོ་ན་ཉིད་ནི་དེ་ཉིད་ཀྱི་མཚན་མའང་མེད་པར་རྟོག་པ་ལས་འདས་པའི་ཕྱིར་ཀུན་གྲོལ་ཆེན་པོའི་བཞུགས་སོ། །རྣམ་པར་རྟོག་པ་མི་མངའ་བས་རྟོག་པ་མེད་པར་གདུལ་བྱ་ཀུན་གྱི་འདོད་པ་འབྱུང་ཞིང་རེ་བ་སྐོང་བས་ཡོན་ཏན་གྱི་མཛོད་དམ་པའོ། །ཇི་ལྟར་འདུལ་བ་ལྟར་དོན་བྱེད་པའི་ཐབས་ཀྱི་གར་ཐབས་སྣ་ཚོགས་པ་མ་ངེས་ཅིར་ཡང་སྣང་བས་ཕྲིན་ལས་ཀྱི་མཛད་པའང་འདུས་པའི་ཕྱིར་ཡོན་ཏན་དེ་ལྔ་ཡང་རང་རིག་པ་སྙིང་པོ་བྱང་ཆུབ་ལ་རྫོགས་པ་ཡིན་ནོ། །ཞེས་འབྲས་བུ་ལྔའི་བདག་ཉིད་ཀྱི་ཆོ་འཕྲུལ་སྣ་ཚོགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་འབྱུང་བར་ཡང་བསྔགས་སོ། །གསུམ་པ་ནི། ལ་ལ་ནི་འདི་སྐད་དུ། མི་རྟོག་ཆོས་ཀྱི། ཞེས་པ་ནས། ཀུན་གྱི་རང་བཞིན་མཁྱེན། །ཞེས་ཡེ་ཤེས་རྒྱུན་དུ་འཆར་བར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སྟོན་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། བཤད་པ་དེ་བཞིན་དུ་ཡེ་ཤེས་ལྔའི་ངོ་བོ་ཡང་ཡིན་པས་དེ་ཁོ་ན་ཉིད་ནི་མི་རྟོག་པར་མ་བཅོས་པའི་ཆོས་ཉིད་ཀྱི་གཟུགས་བརྙན་ཡུལ་མེད་དུ་མཁྱེན་པས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གསལ་ལོ། །ཆེ་ཆུང་དང་བཟང་ངན་དང་རློམ་སེམས་རིལ་དང་བྲལ་ཏེ་གཉིས་སུ་མེད་པས་ཐམས་ཅད་དེ་བཞིན་ཉིད་དུ་མཁྱེན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཆོས་སྣ་ཚོགས་ཀྱི་སྤྱི་དང་རང་གི་མཚན་ཉིད་ཐམས་ཅད་མ་འདྲེས་པར་མཁྱེན་པས་སོ་སོར་རྟོག་པའི་ཡེ་ཤེས་སོ། །བདག་དང་གཞན་གྱི་བྱ་བ་ཀུན་ཐུགས་རྗེའི་ངང་ལ་རྫོགས་ཏེ་ནན་ཏན་ཆེན་པོ་མ་བརྩལ་བར་ཁྱབ་ཅིང་འཇུག་པ་ཉིད་གྲུབ་པར་མཛད་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡེ་ཉིད་ནས་མཐའ་གཉིས་ཀུན་གྱི་རང་བཞིན་སྟོང་པ་ཉིད་དུ་གསལ་བར་མཁྱེན་ཏེ་ཕྱོགས་རིས་བྲལ་བའི་ཐིག་ལེར་རྫོགས་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱང་ཡིན་ནོ། །ཞེས་དེ་ཁོ་ན་ཉིད་རྟོགས་པའི་ངོ་བོར་དགོངས་པ་ཡེ་ཤེས་ལྔ་རྒྱུན་དུ་འཆར་བར་བསྔགས་སོ། །བཞི་པ་ནི། ལ་ལ་ནི་འདི་སྐད་དུ། སྣང་སྟོང་གོ་འབྱེད། ཅེས་པ་ནས། ཐོགས་མེད་འཐོར་བའི་རླུང་། །ཞེས་ཐམས་ཅད་འབྱུང་བར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་ཀུན་མཁྱེན་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། སེམས་ཀྱི་ངོ་བོ་ཇི་བཞིན་པའི་ངང་ལས་སྣང་སྟོང་གི་ཆོས་རྣམས་ཀྱི་གོ་འབྱེད་ཅིང་སྣང་ལ་ཀུན་ལ་ཁྱབ་པར་སྣུམས་ཤིང་གསལ་བས་ནམ་མཁའ་ཡང་ཡིན་ནོ། །རིལ་ངང་དུ་ཐེག་པའི་ཐིག་ལེ་ཆེན་པོ་དེར་རྫོགས་ཏེ་དབྱིངས་ལ་ཀུན་རྟེན་པའི་གཞིར་གནས་པས་ས་ཡང་ཡིན་ནོ། །གང་དུ་ཡང་མི་གཡོ་བས་ཞི་བར་གནས་ཏེ་རྡུལ་དང་བྲལ་བ་ས་རྣམ་པར་དག་པ་ནི་ཆུ་ཆེན་པོ་ཉིད་དོ། །ལྷག་མཐོང་གི་ཡེ་ཤེས་ཆེན་པོས་མི་བསྒྲིབས་པར་གསལ་བས་འོད་ཟེར་འབར་བའི་མེའོ། །ཤེས་བྱ་རིལ་ལ་ཐོགས་པ་མེད་པར་རང་རིག་པའི་མངོན་སུམ་དུ་གསལ་བ་ལ་ཟིན་ཆགས་ཐམས་ཅད་འཐོར་ཏེ་དག་པའི་ཀློང་དུ་སྤྲོས་མཐའ་མེད་པར་བྱེད་པས་རླུང་ཆེན་པོའོ། །ཞེས་ཆོས་ཐམས་ཅད་ཡེ་ཤེས་ཀྱི་འབྱུང་བ་ཆེན་པོ་ལྔར་འདུས་པར་རབ་ཏུ་བསྔགས་སོ། །ལྔ་པ་ནི། ལ་ལ་ནི་འདི་སྐད་དུ། མ་འདྲེས་ཡོངས་རྫོགས། ཞེས་པ་ནས། དོན་ལ་རེག་པ་ཉིད། །ཅེས་ཡོན་ཏན་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྣམ་འདྲེན་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཆོས་སོ་ཅོག་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བ་ནི་སྟོང་པ་ཆེན་པོའི་གཟུགས་སོ། །རིལ་ལ་ཁྱབ་པར་གསལ་བའི་རང་བཞིན་རིག་པ་ལ་གཉིས་མེད་དུ་གོ་བར་བརྡ་སྤྲོད་པའི་ཚུལ་གྱིས་མཇལ་བཏུབ་པས་སྒྲའོ། །ངོ་བོ་ཉིད་རྡུལ་དང་བྲལ་ཏེ་དང་བས་ཤེས་རབ་ཚིམ་པར་བྱེད་པས་ཆོས་ཉིད་ཀྱི་དྲིའོ། །དོན་མཆོག་མཉམ་པ་ཉིད་ཀྱི་བཅུད་དམ་པ་ཉམས་སུ་མྱོང་བས་རོའོ། །ཟུག་རྔུ་ཐམས་ཅད་དང་བྲལ་བའི་བདེ་ཆེན་མཆོག་གི་དོན་ལ་བློས་རེག་པ་མེད་པ་ཉིད་རེག་བྱའོ། །ཞེས་འདོད་ཡོན་ལྔ་རང་རིག་གི་ཡོན་ཏན་དམ་པར་བསྔགས་སོ། །དེ་བས་ན་འདོད་ཡོན་ལྔ་ཡང་དེ་ཁོ་ན་ཉིད་དུ་འདུས་སོ། །དྲུག་པ་ལ་གཉིས་ཏེ། སྤྱིར་བསྟན་པ། ཡེ་ཤེས་ལྔ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ལ་ལ་ནི་འདི་སྐད་དུ། ཅིར་ཡང་མི་སེམས། ཞེས་པ་ནས། མི་འགྱུར་གཞན་ཕྲག་དོག །ཅེས་བླངས་དོར་མེད་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སྟོན་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། དེ་ཁོ་ན་ཉིད་ཀྱི་ངང་གིས་ཅིར་ཡང་མི་སེམས་པས་རིས་སུ་མི་འབྱེད་པའི་མཉམ་པ་ནི་གཏི་མུག་ཡིན་ལ། སྣང་སྟོང་གི་མཐའ་ཡི་དངོས་པོ་དང་དངོས་མེད་ཀུན་དེ་ཁོ་ན་ཉིད་ཀྱི་ངང་དུ་བཅོམ་སྟེ་ཚར་གཅོད་པས་ཞེ་སྡང་ཉིད་དང་། ཐམས་ཅད་ཡེ་ནས་འབྱམས་པའི་ཆོས་ཉིད་མ་ནོར་བའི་བདག་ཉིད་དུ་གསལ་ཏེ་ཟླ་མེད་པས་ང་རྒྱལ་བདག་ཉིད་ཆེ་བ་དང་། བདེ་བ་ཆེན་པོ་ཉིད་དངོས་པོ་རིལ་དང་རང་བཞིན་མི་ཕྱེད་པ་རྗེས་སུ་ཆགས་པ་ཉིད་འདོད་ཆགས་དང་། ལོག་རྟོག་དང་མཐའི་སྐྱོན་གང་དུ་ཡང་མི་འགྱུར་ཞིང་གཞན་གྱི་ལྟ་བ་སྣ་ཚོགས་ཀུན་མ་སྤང་མི་ཆུད་པའི་ཕྱིར་ཕྲག་དོག་གོ། །ཞེས་ཉོན་མོངས་པ་ལྔ་ཡང་རང་རིག་པའི་ཡེ་ཤེས་སུ་བླང་དོར་མེད་པར་འདུས་པར་བསྔགས་སོ། །གཉིས་པ་ལ་ལྔ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས། མེ་ལོང་ལྟ་བུའི་ཡེ་ཤེས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། སོ་སོར་རྟོག་པའི་ཡེ་ཤེས། བྱ་བ་གྲུབ་པའི་ཡེ་ཤེས་སོ། །དང་པོ་ནི། ལ་ལ་ནི་འདི་སྐད་དུ། ཀུན་གྱི་རང་བཞིན། ཞེས་པ་ནས། དབྱེ་བ་རྡུལ་ཡང་མེད། །ཅེས་བདུད་རྩི་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྒྱལ་བ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཆོས་རྣམས་ཀུན་གྱི་རང་བཞིན་བདག་ཉིད་ཆེན་པོ་གཅིག་ཉིད་ཤེས་ཤིང་རྟོགས་པས་དེ་ཉིད་ཀྱི་དབང་དུ་ཐམས་ཅད་འདུས་ཏེ་ཀུན་ལ་དབང་བསྒྱུར་ཐོབ་པས་ན་རིམ་པ་དབང་གིས་བགྲོད་པ་ཡང་ཡེ་དབང་ཆེན་པོར་རྫོགས་ཤིང་འདུས་པའོ། །ཞེས་ཤེས་རབ་ཀྱི་རྩལ་ལ་རིམ་པ་དབང་གིས་བགྲོད་པ་ཡང་འདུས་པ་དམ་པར་བསྔགས་སོ། །ཐུབ་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། དངོས་པོ་གཉིས་པ་ཐམས་ཅད་རིལ་གྱི་དོན་ཀུན་འདུས་པའི་རང་བཞིན་ཉིད་རིག་པའི་མདོ་ཡི་རྒྱུད་ཆེན་པོ་འདི་ཉིད་ཡིན་ཏེ། རྒྱུད་འདིའི་ངོ་བོ་གསང་བ་དམ་པས་ཆོས་ཀུན་ལ་བསྣུམས་པར་ཁྱབ་ཅིང་གནས་ལ་ངོ་བོ་བརྟགས་པར་མི་ནུས་པས་གཏིང་དཔག་དཀའ་བ་ཟབ་མོ་ནི་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་གྱི། གཞན་གྱིས་ཤིན་ཏུ་རྟོགས་པར་དཀའ་བའི་རྡོ་རྗེ་ཀུན་ཏུ་བཀོད་པའི་རྒྱུད་ཀྱང་དེ་ཁོ་ན་ཉིད་རང་བཞིན་གྱི་རྣལ་འབྱོར་སྒྲོ་སྐུར་མེད་པར་གྲུབ་པའི་ལུང་ཆེན་པོ་འདིའོ། །ཞེས་རང་བཞིན་གྱི་རྒྱུད་ལ་རྐྱེན་གྱི་རྒྱུད་ཡང་འདུས་པས་མི་ཕྱེད་པའི་བཀའ་དམ་པར་བསྔགས་སོ། །འདྲེན་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། དེ་ཁོ་ན་ཉིད་ཐིག་ལེ་ཆེན་པོའི་ངང་དེར་ནི་ཆོས་ཀུན་མཉམ་པར་གཅིག་པས་བདག་དང་གཞན་གྱི་རིས་ཉིད་དུ་སྣང་བ་མེད་པས་མཐའ་རྣམས་སྟོང་པ་ཉིད་དུ་ངང་གིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་ནམ་མཁའ་ལ་གཙང་སྨེར་རྟོག་པའི་དྲི་མའི་དབྱེ་བ་རྡུལ་ཙམ་ཡང་མེད་པས་བདུད་རྩི་ཆེན་པོའོ། །ཞེས་གཙང་སྨེ་མེད་པར་རྟོགས་ན་བདུད་རྩི་དམ་པའི་སྨན་ཡིན་པར་བསྔགས་སོ། །གཉིས་པ་ནི། ལ་ལ་ནི་འདི་སྐད་དུ། བྱང་ཆུབ་སྙིང་པོ། ཞེས་པ་ནས། མི་བསྐྱོད་ཉམ་མི་ང་། །ཞེས་རེ་དོགས་མེད་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སངས་རྒྱས་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ངོ་བོ་ཉིད་ཀྱི་སྐུ་ལྔ་ལྷུན་གྱིས་གྲུབ་པས་བྱང་ཆུབ་སྙིང་པོ་མཐའི་སྐྱོན་གྱི་ས་རྡུལ་དང་བྲལ་བས་དྭངས་པ་ལ་རྣམ་པར་རྟོག་པའི་རྡུལ་གྱིས་ག་ལ་འགོ་སྟེ། བཟང་ངན་གྱི་རྟོག་པ་དེ་ཉིད་བྱང་ཆུབ་ཀྱི་སེམས་ཆེན་པོར་འུབ་ཆུབ་ཅིང་གཉིས་མེད་ཀྱི་ངང་དུ་གཅིག་པར་གྲོལ་བས་ཅིས་ཀྱང་མི་བསྐྱོད་དེ་འཕོ་འགྱུར་མེད་པར་ཉམ་མི་ང་ཞིང་གཡོ་བ་མེད་པའི་དོན་ཏོ། །ཞེས་རེ་དོགས་མེད་པའི་དགོངས་པ་དམ་པར་བསྔགས་སོ། །གསུམ་པ་ནི། ལ་ལ་ནི་འདི་སྐད་དུ། རྣམ་རྟོག་མཚན་མའི། ཞེས་པ་ནས། འཇིག་པར་ག་ལ་འགྱུར། །ཞེས་རང་བཞིན་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སྟོན་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། ཐེག་པ་མཆོག་གི་དོན་རྟོགས་པ་ནི་རྣམ་པར་རྟོག་པའི་སྒྲིབ་པ་མཚན་མའི་རི་བོ་འདི་ཉིད་གཞན་དུ་སྤང་དུ་མེད་དེ། དཔེར་ན་སེང་གེའི་ཁོག་པ་སེམས་ཅན་གཞན་གྱིས་འཇིག་པར་མི་ནུས་ཀྱང་རང་ལས་བྱུང་བས་འཇིག་པ་ལྟར་ཇི་བཞིན་པའི་སྟོང་པ་ཉིད་ཆེན་པོའི་ངང་དུ་སྒྲིབ་པ་ཉིད་རང་བཞིན་རང་གྲོལ་ཉིད་དུ་མ་ཞིག་ན། གཉེན་པོ་གཞན་གྱིས་འཇིག་པར་ག་ལ་འགྱུར་ཏེ་མི་འགྱུར་བས་གཉེན་པོས་སེལ་བར་མི་བཞེད་དོ། །ཞེས་མཚན་མ་རང་གྲོལ་གྱི་དགོངས་པ་ལ་གཉེན་པོ་མེད་པར་རང་བཞིན་དམ་པར་བསྔགས་སོ། །བཞི་པ་ནི། ལ་ལ་ནི་འདི་སྐད་དུ། བདེ་ཆེན་རྣམ་པར། ཞེས་པ་ནས། རྣམ་པར་རྟོག་པ་མེད། །ཅེས་ཡོངས་སུ་རྟོག་པ་ལས་འདས་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྒྱལ་བ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། བདེ་བ་ཆེན་པོ་འཛིན་རྟོག་དང་བྲལ་ཏེ་རྣམ་པར་རྟོག་པ་མེད་པས་ན་ལེགས་ཉེས་གཉིས་ཀ་རུ་འཛིན་པའི་རྣམ་པར་རྟོག་པ་ནི་རང་རྩལ་དུ་དག་པར་མངོན་ལ། དེ་བས་ན་རང་རིག་པ་བདེ་བ་ཆེན་པོར་ངེས་པའི་ཀློང་ལས་མ་ཉམས་པར་ཞུགས་ན། མཐའ་སྣང་གང་ཞིག་ཏུའང་རྟོག་པའི་རྣམ་པར་རྟོག་པ་ནི་མེད་དེ་མ་སྤངས་བྲལ་བ་ཁོ་ནའོ། །ཞེས་སྣང་བ་བདེ་བ་ཆེན་པོ་ལས་མ་ཉམས་ན་ཡོངས་སུ་རྟོག་པ་ལས་འདས་ཏེ་མ་སྤངས་རང་གྲོལ་གྱི་དགོངས་པ་དམ་པར་བསྔགས་སོ། །ལྔ་པ་ནི། ལ་ལ་ནི་འདི་སྐད་དུ། དེ་ཉིད་ཕྱིན་ཅི། ཞེས་པ་ནས། དེ་ལ་འདའ་མི་བྱ། །ཞེས་དམ་ཚིག་དམ་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་རྣམ་འདྲེན་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། སེམས་ཀྱི་དེ་ཁོ་ན་ཉིད་དེ་ཕྱིན་ཅི་མ་ལོག་པར་རྟོགས་ནས་གང་བསྲུང་བར་བྱ་བ་ལ་བློས་མི་རྟོག་ཅིང་གང་ལ་ཡང་མི་གནས་པར་བསྒོམ་པའི་ཚེ་ན། ལེ་ལོ་དང་གཡེང་བ་དྲུག་ནི་རྣལ་འབྱོར་གྱི་ནོར་འཕྲོག་པའི་དགྲ་ཡིན་པས་སྐྱོན་དུ་མི་འཛིན་པར་དབང་དུ་ཡང་མི་བཏང་ཞིང་བསྲུང་བར་བྱ་དགོས་ཏེ་ཟབ་མོ་དེ་བཞིན་ཉིད་ཀྱི་དོན་དེ་ལས་འདའ་བར་མི་བྱ་སྟེ་དམ་ཚིག་མི་ཉམས་པར་བྱའོ། །ཞེས་དགྲ་བཞི་བཟློག་པའི་དམ་ཚིག་ནི་བསྲུང་བའི་མཆོག་དང་དམ་པར་བསྔགས་སོ། །བདུན་པ་ནི། འོག་ཏུ་མཇུག་རྫོགས་སུ་ཉེ་བ་ན། ལ་ལ་ནི་འདི་སྐད་དུ། བརྟན་གཡོ་དཀྱིལ་འཁོར་ཕྱག་རྒྱར་རྫོགས། །ཞེས་པ་ནས། བལྟས་སྣང་འབྲས་བུའོ། །ཞེས་གསང་སྔགས་དམ་པའི་ཚིག་གོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སྐྱོབ་བ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། སྣོད་བཅུད་བརྟན་གཡོ་ཐམས་ཆད་སེམས་ཀྱི་ཆོས་ཉིད་མཐའ་དང་བྲལ་བ་ཡིན་པས་དེ་ཉིད་ལྷའི་དཀྱིལ་འཁོར་ཡེ་ཤེས་ཀྱི་ཕྱག་རྒྱར་རང་ཤར་དུ་རྫོགས་པའི་ཕྱིར། འགྲོ་བའི་རྟོག་འཛིན་དང་སྒྲ་མཐའ་རྣམས་རིམ་པ་བཞིན་དུ་ཏིང་ངེ་འཛིན་དང་གསང་སྔགས་སྙིང་པོའི་རྒྱུན་དུ་སངས་རྒྱས་པའོ། །དེ་བས་ན་ངོ་བོ་ཉིད་མེད་པའི་རྒྱུ་ལས་ཅིར་ཡང་བཏགས་པ་ལྟར་ཆགས་པ་རྣམས་ནི་བསྟན་པ་གསུམ་མཚོན་པའི་ཚིག་ཏུ་ཤར་བས་རྒྱལ་བའི་བསྟན་པ་ཉིད་དོ། །གང་ལྟར་བསམས་ཤིང་དོན་དུ་གཉེར་ཏེ་བསྒྲུབ་པས་འགྲུབ་པ་དང་བལྟས་པ་ལྟར་སྣང་བ་ནི་རིལ་འབྲས་བུའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཡིན་པ་དང་། གཞན་དུ་མི་རྙེད་པའི་ཕྱིར་རོ། །དེ་ནི་གསང་སྔགས་ཀྱི་ངོ་བོ་ཉིད་བསྟན་པས་མཚོན་པའོ། །ཞེས་གསང་སྔགས་དམ་པའི་ཚིག་གོ། །བཞི་པ་དེ་དག་གི་དོན་བསྡུས་ཏེ་བསྟན་པ་ནི། གོང་དུ་བཞག་པའི། ལ་ལ་ནི་འདི་སྐད་དུ། དཔག་ཏུ་མེད་པའི་འཇིག་རྟེན་དུ། །ཞེས་པ་ནས། དོན་ནི་གཅིག་ཏུ་ཟད། །ཅེས་དགོངས་པ་གཅིག་ཏུ་འདུས་པར་བསྔགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡང་སྟོན་པ་ལ་ལ་ནི་འདི་སྐད་དུ་གསུངས་ཏེ། གདུལ་བྱའི་གནས་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་མང་པོ་ཉིད་དུ་སྟོན་མཆོག་སྤྲུལ་པའི་སྒྲོན་མ་མང་པོ་བསམ་གྱིས་མི་ཁྱབ་པས་ཐེག་པའི་སྒོ་ཇི་སྙེད་པ་ཡི་ཆོས་མང་པོར་གསུངས་ཏེ་ཚད་ལས་འདས་པར་བསྟན་པ་མཐའ་ཡས་པའི་དོན་ནི་དེ་ཁོ་ན་ཉིད་ཇི་བཞིན་པ་ལས་ལྷག་པ་མེད་པས་དགོངས་པ་དམ་པ་བྱང་ཆུབ་ཀྱི་སེམས་གཅིག་ཏུ་འདུས་པར་ཟད་དོ། །ཞེས་ཐེག་པའི་སྒོ་དུ་མ་བསྟན་ཡང་ངེས་དོན་ཐེག་པ་མཆོག་གི་དགོངས་པ་གཅིག་ཏུ་འདུས་པ་ཁོ་ནར་ངེས་པར་བསྔགས་སོ། །ལྔ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བྱ་བ་མེད་པ་ཡེ་ནས་སངས་རྒྱས་པར་བསྡུས་ཏེ་བསྟན་པ་ནི། འོག་ནས། ཀྱེ་གྲོགས་པོ་དག །དེ་ལྟར་ན། ཞེས་པ་ནས། ལྷུན་དང་བར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། སྟོན་པ་འཆད་པའི་སྐྱེས་བུས། ཀྱེ་གྲོགས་པོ་དག །ཅེས་བོས་ནས་བཤད་པ་ལ་སྙེགས་པའི་ཚུལ་དེ་ལྟར་ན། དུས་གསུམ་གྱི་རྒྱལ་བ་རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་གསང་བ་དམ་པ་དེ་ཁོ་ན་ཉིད་ལས་ཇི་སྐད་གསུངས་པ་སྤྱིའི་དོན་དུ་ཐོས་པ་ནི་འདི་སྐད་དུ་ངེས་ཏེ། འཁོར་བའི་ཆོས་ཐམས་ཅད་དང་མྱ་ངན་ལས་འདས་པར་གྱུར་པའི་ཆོས་ཐམས་ཅད་དུ་སྣང་བ་བསམ་ཡས་ཇི་སྙེད་པ་བརྗོད་པ་ལས་འདས་པ་རིལ་ནི་གདུལ་བྱའི་ངོ་ལ་ཚིག་གི་ཐ་སྙད་ལས་བཏགས་པའི་ཡོད་པ་ཙམ་དག་ལས་ངོ་བོ་འདི་འདྲར་བཟུང་དུ་མེད་དེ་མཐའ་ཐམས་ཅད་དང་བྲལ་བའི་ཆོས་སྐུ་ཆེན་པོར་སངས་རྒྱས་པ་འདི་ལ། འཕྲལ་དུ་རྩོལ་བའི་དགག་སྒྲུབ་ཀྱི་བྱ་བ་བྱས་ཏེ་ཐོབ་པར་བྱ་བ་ཅི་ཡང་མེད་དེ། ཆོས་སོ་ཅོག་གི་རང་བཞིན་གདོད་ནས་དེ་ལྟ་བུའི་ངོ་བོ་ཉིད་དུ་ཡེ་སངས་རྒྱས་ཏེ་འཕོ་འགྱུར་མེད་པར་གནས་པའོ། །ཞེས་པའི་དོན་གྱི་དགོངས་པ་མཐར་ཐུག་ངེས་པའི་གསང་བ་ཆེན་པོར་ཡང་དག་པར་ངེས་པའོ། །ཨ་ཧོཿ ཞེས་པའི་ཡི་གེ་གཉིས་ནི་ངོ་བོ་མེད་པ་ཉིད་ཅིར་ཡང་སྣང་བས་གཉིས་མེད་དུ་བསྟན་པའོ། །ཞེས་དེ་སྐད་སྟོན་པའི་རྒྱལ་བ་རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་རིལ་གྱི་ངོ་བོའང་གཅིག་དང་དུ་མའི་ཆོས་ཀྱི་ཚིག་གི་ཐ་སྙད་ལས་གྲོལ་བས་མཐའ་ཀུན་ལས་འདས་ཏེ། རང་བཞིན་བདག་ཉིད་ཆེན་པོར་དབྱེར་མེད་པའི་ངང་གིས་བདེ་སྡུག་གི་ཐ་སྙད་མེད་ཅིང་རྒྱུ་འབྲས་དང་ཆོས་སོ་ཅོག་མ་འདྲེས་ཡོངས་སུ་རྫོགས་པའི་ཕྱོགས་བྲལ་བདེ་བ་ཆེན་པོའི་ངོ་བོ་ལྷུན་མཉམ་ཡངས་པའི་ཆོས་ཉིད་རང་སྣང་གི་དེ་ཁོ་ན་ཉིད་མངོན་དུ་གྱུར་པས། གང་དང་ཡང་མ་བྲལ་ལ་རྣམ་གྲངས་ལྷན་མི་གཅིག་པར་མ་གོས་དྲི་རྡུལ་བྲལ་བའི་དྭངས་པ་ཆེན་པོའི་ངོ་བོར་བཞུགས་པར་གྱུར་ཏོ། །གསུམ་པ་བསླབ་པ་གཅེས་པར་གདམས་པ་ནི། དེ་ནས་ཡང་གསང་བའི། ཞེས་པ་ནས། གཅིག་ཏུ་འདུས་པར་གསུངས། །ཞེས་པའི་བར་གྱིས་བསྟན་ཏེ། བསླབ་པ་ཐ་མའི་དཔེ་དོན་གསལ་བར་བསྟན་པའི་ཕྱིར། རྒྱལ་བ་རིལ་གྱི་དགོངས་པ་ཐོས་པ་མ་ནོར་བར་འགྲོས་པའི་རྗེས་ཐོག་དེ་ནས་ཡང་མདོ་དོན་གཅིག་ཏུ་བསྡུ་བའི་བསླབ་པ་ཉིད་གཅེས་པར་དཔེས་བསྟན་པ་སྐྱེས་བུ་གསང་བ་པའི་བདག་པོ་ཉིད་ཀྱིས་ཚིགས་སུ་བཅད་དེ་སྨྲས་ཤིང་གསུངས་པ་ནི། དཔེར་ན་ཆོས་མཐུན་པའི་དོན་ཚོང་པ་ཀུན་ཏུ་རྒྱུ་བའི་མི་དག་གིས་རང་རང་གི་ཁེ་འདོད་པའི་ཡུལ་མང་པོ་ཉིད་དུ་གང་འགྲོ་བ་རྣམས་ཀྱང་བགྲོད་པའི་ཡུལ་གྱི་རྣམ་པ་མཐའ་ཡས་པ་ཡོད་ཀྱང་ཐ་མ་བགྲོད་ཡུལ་ཀུན་གྱི་ལམ་གྱི་འདུ་ས་རང་གི་གནས་ཁང་གཅིག་ལས་མེད་པས་དེར་འདུ་བ་ལྟར། དཔེ་དེ་བཞིན་དུ་ལམ་པས་བསླབ་པ་བཅུའི་གཅིག་མ་གཏོགས་པར་བསམ་གྱིས་མི་ཁྱབ་པའི་རྣམ་གྲངས་ཀྱི་ཆོས་སྒོ་ཐེག་པའི་རིམ་པ་དང་ལམ་གྱི་བགྲོད་ཚུལ་བསམ་ཡས་པ་ཇི་སྙེད་པ་རྣམས་ཀྱང་མི་ཤེས་པ་རྣམས་བཀྲི་བས་ཐབས་ཀྱིས་དོན་ལ་དྲང་བའི་ཚིག་ཙམ་དུ་བསྟན་པ་ཡིན་པས་དེ་དག་ངེས་པའི་ལམ་དམ་པ་ཀུན་གྱི་སྙིང་པོ་གསང་བ་མ་ཡིན་ནོ། །ཏེ་ཞེས་ལྷག་མ་ནི། དེ་རིལ་གྱི་བསམ་པའི་ཡུལ་གྱི་རྩ་བ་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་གསང་བ་དམ་པའི་དོན་དུ་ཀུན་ཀྱང་གཅིག་པར་འདུས་པའོ། །དེས་ན་དེ་ནི་ཐམས་ཅད་ཀྱི་དངོས་གཞི་བས་དེ་ཉིད་རྟོགས་ན་བསླབ་པ་རིལ་ཆུབ་པའི་དོན་ཏོ། །དེའི་ཕྱིར་ན་དོན་རྣམས་གཅིག་ཏུ་སྡུད་པ་ཡི་བསླབ་པར་བྱ་བ་འདི་ཉིད་ཀུན་གྱི་བསླབ་བྱའི་སྙིང་པོ་དམ་པ་མཆོག་སྟེ། ངེས་པར་ཆོས་ཉིད་ཀྱི་ངོ་བོ་ཐིག་ལེ་ཉག་གཅིག་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་ལས་གཞན་མེད་པའི་ཕྱིར་ན། ཀུན་འདུས་དམ་པའི་བསླབ་པ་ལ་སློབ་པ་གཅེས་སོ། །འདི་ཁོ་ན་གཅེས་པ་ཅིའི་ཕྱིར་སྙམ་པ་ལ། བསླབ་པ་དམ་པ་འདིར་བཤད་པ་ལྟར་རྒྱལ་བའི་དགོངས་པ་མ་འདུས་པ་མེད་པས་ཀུན་གྱི་རྩ་བ་རང་རིག་པ་འདི་ཉིད་མ་ནོར་བར་ཤེས་ན། དོན་ལ་མཁས་པའི་དམ་པ་དེ་ཡི་ཡེ་ཤེས་ནི་གྲངས་དང་ཚད་ཀྱིས་གཟུང་བའི་མཐའ་ཡས་པར་ཤེས་བྱའི་དཀྱིལ་འཁོར་ཁྱབ་པ་ཡིན་ཏེ། དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དངོས་ཉིད་དུ་གྱུར་པ་ཡིན་པས་མདོ་དོན་འདི་ཉིད་གཅིག་ཏུ་འདུས་པར་གསུངས་པ་ཁོ་ནར་ཤེས་པར་བྱ་སྟེ། གྲལ་གྱི་ཐ་མར་ངེས་པའང་དེའི་ཕྱིར་རོ། །བཞི་པ་ཞབས་བསྡུ་བ་ནི། གྲོགས་པོ་དག །ཅེས་པ་ནས། རྙེད་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། གྲོགས་པོ་དག །ཅེས་བོས་ནས། བསླབ་པ་བཅུ་པོ་ཇི་ལྟར་བཤད་པའི་ངོ་ཏི་བསྟན་པ་དེ་དག་ནི་སྐུ་ལྔའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཆོས་ཉིད་དེ་ཁོ་ན་ཉིད་གཅིག་ཏུ་འདུས་པར་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་ངེས་པ་དམ་པར་བཤད་པ་སྟེ། ཆོས་ཐམས་ཅད་ཀྱི་མདོ་དོན་སེམས་ཀྱི་དེ་ཁོ་ན་ཉིད་གཅིག་ཏུ་འདུས་པར་བཤད་པ་དེ་ཁོ་ན་ལྟར་ཤེས་པར་བྱའོ། །སྐྱེས་བུ་ཆེན་པོས་དེ་སྐད་ཅེས་སྨྲས་ཏེ་བསླབ་པ་བཅུའི་ངོ་ཏི་བགྲོས་ཤིང་བཀའ་སྩལ་པས་དམན་པ་དམ་པ་རིག་འཛིན་མི་ཡི་ཐོད་པ་ཅན་ལ་སོགས་པས་ཆོས་རྣམས་མ་འདྲེས་ཡོངས་སུ་རྫོགས་པའི་དོན་གཅིག་ཏུ་ངེས་པར་དམ་པའི་གདེངས་ཆེན་པོ་མཐར་ཐུག་པ་ཉིད་རྙེད་པར་གྱུར་ཏོ། །ཞེས་བགྲོས་པའི་ཡོན་ཏན་བསྟན་པའོ། །དེ་ལ་ཀུན་མཁྱེན་དམ་པ་རིན་པོ་ཆེའི་ཞལ་ནས། འོ་ན་ལྟ་བས་ཐག་བཅད་པར་བསླབ་པ་དང་། དོན་མན་ངག་གིས་སྒྲུབ་པར་བསླབ་པ་དང་། མདོ་དོན་གཅིག་ཏུ་འདུ་བར་བསླབ་པ་གསུམ་ལ་ཁྱད་ཅི་ཡོད་ཅེ་ན། ཐག་ལྟ་བས་བཅད་པ་ནི། ཤེས་བྱ་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པའོ། །དོན་མན་ངག་གིས་སྒྲུབ་པ་ནི། སྤྱོད་ལམ་ཐམས་ཅད་ལྟ་བའི་རྩིས་ཟིན་པས་མཚན་མ་རང་ཁ་མར་མི་འགྱུར་བའོ། །མདོ་དོན་གཅིག་ཏུ་བསྡུ་བ་ནི། ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་ཉིད་དུ་འདུས་པའོ། །ཞེས་བཀའ་སྩལ་བར་མཛད་དོ། །ཨེ་མ་ལུང་མཆོག་དཔལ་ལྡན་འདུས་པ་མདོའི། །བསླབ་པའི་མཐའ་བཅུ་ངེས་པའི་ཆིངས་ཆེན་འདི། །སྒྱུ་འཕྲུལ་དྲྭ་བའི་བསླབ་བྱའི་ཡང་སྙིང་སྟེ། །ཐེག་མཆོག་རྒྱལ་པོར་འཇུག་པའི་གསང་སྒོ་ཡིན། །དེ་ཕྱིར་འདི་ན་ཕྱི་མའི་ཕྱི་མ་ཡི། །བཀའ་ཡི་ངེས་གསང་བཤད་པའི་རྒྱུད་ཆེན་གྱི། །དགོངས་དོན་འཁྲུལ་མེད་བརྒྱུད་པའི་བཀའ་སྲོལ་བཞིན། །མན་ངག་ཚད་མར་བསྟེན་ནས་གསལ་བར་བཤད། །རི་བོང་འཛིན་པས་མཚན་མོའི་མུན་ཆ་བསལ། །རྟ་བདུན་དབང་པོས་གླིང་བཞི་རིམ་སྣང་བྱས། །ལུང་རིགས་ཚད་མས་དོན་གྱི་མཇུག་སྡུད་བཀྲལ། །ངེས་གསང་འཛིན་པ་རྣམས་ལ་དགྱེས་མཆོད་འབུལ། །ཅེས་ཀྱང་སྨྲས་སོ། །གསུམ་པ་མཇུག་གི་དོན་ལ་གཉིས་ཏེ། འཁོར་གྱིས་གུས་པས་བསྟོད་ཚུལ། ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ་གཉིས་ཏེ། བསྟོད་པ་དངོས་བཤད་པ། མཛད་པ་ཆོས་ཉིད་དུ་གྲོལ་ཞིང་བྱིན་རླབས་ལྷ་མི་ལ་གྲགས་པའོ། །དང་པོ་ལ་གཉིས་ཏེ། ཉེ་བར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས། ཞེས་པ་ནས། མངོན་པར་བསྟོད་པ། ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་སྟོན་པ་གསང་ཆེན་བཀའི་སྡུད་པ་པོ་འཆད་པའི་སྐྱེས་བུ་གསང་བ་པའི་བདག་པོ་ཆེན་པོ་དེ་ཉིད་ལ། འཁོར་དམན་པ་དམ་པ་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་གསང་དོན་རྨད་དུ་བྱུང་བའི་མདོ་ཆེན་པོ་བཀའ་སྩལ་བ་ལ་དགའ་བའི་སེམས་ཀྱིས་ཡིད་ཤིན་ཏུ་རངས་ཏེ། དྲིན་ལན་གྱི་ཚུལ་དུ་སྐུ་ལྔ་དང་ལྡན་པའི་ཡོན་ཏན་གྱི་སྒོ་ནས་གུས་པ་ཆེན་པོས་མངོན་པར་བསྟོད་པ་ནི། གཉིས་པ་ལ་གཉིས་ཏེ། སྟོན་པ་སྐུ་ལྔའི་བདག་ཉིད་དུ་བསྟོད་པ། བསྟན་པ་ཆེ་བ་བདུན་དང་ལྡན་པར་བསྟོད་པའོ། །དང་པོ་ནི། ཨེ་མའོ་སྐྱེས་ཆེན། ཞེས་པ་ནས། སངས་རྒྱས་ཀུན་གྱི་དངོས། །ཞེས་པའི་བར་གྱིས་བསྟན་ཏེ། ཨེ་མའོ། ཞེས་ཤིན་ཏུ་ངོ་མཚར་བའི་ཚིག་གིས་དབུ་དྲངས་ཏེ། དུས་གསུམ་ཀུན་ཏུ་གསང་སྔགས་ཀྱི་མངའ་བདག་ཏུ་གྱུར་པ་མཐུ་རྩལ་ཁྱད་པར་དུ་འཕགས་པར་གྱུར་པས་ངོ་མཚར་རྨད་དུ་བྱུང་བའི་སྟོན་པ་འཆད་པའི་སྐྱེས་བུ་ཆེན་པོའི་སྐུ་གསང་བའི་ཐེག་པ་སྔགས་ཀྱི་མཆོག་གི་བདག་པོ་ཆེན་པོ་ཁྱོད་ཉིད་ཡིན་ནོ། །ཞེས་སྐུའི་སྒོ་ནས་བསྟོད་པའོ། །ཤེས་རབ་ཀྱི་རྩལ་འབར་ཆེན་པོ་ཁྱད་པར་ཅན་གྱིས་གསང་སྔགས་གསང་བ་དམ་པ་སྨྲ་ཞིང་སྟོན་པའང་དཔེར་ན་གངས་ཀྱི་སེང་གེའི་སྒྲ་ཡི་ང་རོ་ལྟར་ཟིལ་གྱིས་གནོན་པའི་གསུང་མཆོག་རབ་ཏུ་བརྗིད་པ་མངའ་བའོ། །ཞེས་གསུང་གི་སྒོ་ནས་བསྟོད་པའོ། །ཁྱོད་ནི་གསང་སྔགས་ཟབ་མོ་མ་འདྲེས་ཡོངས་སུ་རྫོགས་པའི་དེ་ཁོ་ན་ཉིད་ཀྱི་ངོ་བོར་གྱུར་པས་རྒྱལ་བ་རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས་པ་མ་ལུས་པ་ཀུན་གྱི་ཐུགས་ཀྱི་བདག་ཉིད་ཆེན་པོའང་ཡིན་ནོ། །ཞེས་ཐུགས་ཀྱི་སྒོ་ནས་བསྟོད་པའོ། །ཁྱོད་ནི་གསང་བ་ཇི་བཞིན་པའི་ངོ་བོ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀུན་བས་སྔོན་རོལ་དུ་ཡེ་ནས་ངོ་བོ་ཉིད་སྐུར་བྱུང་བའི་ཡོན་ཏན་ལྷུན་གྱིས་རྫོགས་པའི་རྒྱལ་བ་རིལ་གྱི་སྟོན་པ་ཡིན་པས། ཁྱོད་ཉིད་ནི་ཆོས་ཀྱི་སྐུ་རུ་མངོན་པར་བྱང་ཆུབ་པའི་སངས་རྒྱས་ཀུན་གྱི་མེས་པོ་ཆེན་པོའང་ཡིན་ནོ། །ཞེས་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །ཟླ་དང་བྲལ་བས་གཉེན་པོ་མེད་པའི་བདག་ཉིད་ཅན་གྱི་དཔལ་ལྡན་ལོངས་སྤྱོོད་རྫོགས་པའི་སྐྱེས་བུ་དམ་པ་ཉིད་དུ་ངེས་པས་མཐུ་སྟོབས་ཀྱི་ཁྱད་པར་ཆེ་བའི་མཆོག་ཏུ་གྱུར་པས་རྒྱལ་པོ་དང་འདྲ་བའི་རྗེ་བཙུན་དམ་པའི་སྐུ་མཆོག་ཕུལ་དུ་བྱུང་བའང་ཁྱོད་ཉིད་ཡིན་ནོ། །ཞེས་ཕྲིན་ལས་ཀྱི་སྒོ་ནས་བསྟོད་པའོ། །སྤྲུལ་པའི་སྐུའི་བཀོད་པ་ཐུན་མོང་དང་ཁྱད་པར་དུ་སྟོན་པའི་དུས་གསུམ་གྱི་བདེར་གཤེགས་རྣམ་པར་འདྲེན་པའི་རྒྱལ་བ་ཀུན་གྱི་ཡང་དག་པའི་བཤེས་གཉེན་གསང་སྔགས་དམ་པ་འཆད་པའི་མངའ་བདག་འགྲོ་བ་འདུལ་བའི་ཐབས་མཆོག་དཔག་ཏུ་མེད་པའི་སྤྲིན་དཔུང་གི་བདག་ཉིད་ཀྱང་སྟོན་པ་དམ་པ་ཁྱོད་ཉིད་དོ། །ཞེས་མཁྱེན་པའི་སྒོ་ནས་བསྟོད་པའོ། །གསང་བའི་མངའ་བདག་སེམས་དཔའ་ཆེན་པོའི་ཆ་ལུགས་སུ་ཞུགས་པ་ཁྱོད་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གཅིག་དུ་མ་དང་བྲལ་བའི་ཚུལ་གྱིས་རྫོགས་པས་སངས་རྒྱས་ཀུན་གྱི་དངོས་གཞི་སྐུ་ལྔ་དང་མི་ཕྱེད་པའི་བདག་ཉིད་ཀྱང་སྟོན་མཆོག་དམ་པ་ཁྱོད་དོ། །ཞེས་ངོ་བོའི་སྒོ་ནས་བསྟོད་པའོ། །དེ་ལྟ་བུའི་ངོ་བོ་མངོན་དུ་བྱེད་པའི་ཐབས་ཀྱི་གར་མཁན་ཆེན་པོ་ལགས་པས་གསང་བའི་སྐུ་ལ་བསྟོད་པའང་ཡིན་ནོ། །གཉིས་པ་ནི། ཀུན་གྱི་འབྱུང་གནས། ཞེས་པ་ནས། མངོན་པར་བསྟོད་དོ། །ཞེས་པའི་བར་གྱི་བསྟན་ཏེ། རྟོགས་པའི་རྒྱུད་འདི་ལ་འཁོར་གྱིས་བསྟོད་པ་ནི་གང་ཞེ་ན། ཤིན་ཏུ་གསང་བའི་བཀའ་དམ་པ་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་བའི་རྒྱུད་འདི་ནི། བསྟན་པ་ཀུན་གྱི་འབྱུང་གནས། ཆོས་ཐམས་ཅད་ཀྱི་མེ་ལོང་རབ་ཏུ་གསལ་བ། བཀའི་ཕྱོགས་ཀུན་གསལ་བར་བྱེད་པས་ལུང་གི་སྤྱི་འགྲེལ། གསང་བ་ཆེན་པོའི་དོན་ཇི་བཞིན་པར་ངེས་པའི་མདོ་ཡིན་པས་དོན་གྱི་མཇུག་སྡུད་ཆེན་པོ་ཡིན་ནོ་བར་བསྟོད་པ་སྟེ་བཤད་པ་བཞིན་ནོ། །དེ་ལྟ་བུའི་ཐེག་པ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་བླ་མེད་རྨད་དུ་བྱུང་བའི་ཐེག་པའི་ཡང་རྩེ་འདི་ཉིད་བདག་ཅག་དང་ལྷ་མིའི་ཡུལ་དུ་གྲགས་པ་ངོ་མཚར་མཆོག་ཏུ་ཆེ་བའོ། །དེས་ན་མན་ངག་ཐམས་ཅད་ཀྱི་རྩ་བ་གསང་བ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བ་འདི་ཉིད་བྱུང་ཚུལ་བཅུ་གཉིས་ཀྱི་དུས་སུ་དུས་ཐམས་ཅད་དུ་འབྱུང་བ་དེ་ནི་ངོ་མཚར་རབ་ཏུ་ཆེའོ། །ཞེས་པའི་དོན་ཏོ། །ཨ་ཧོཿ ཞེས་པ་གཉིས་མེད་ཀྱི་དོན་མཆོག་སྟོན་པའི་རྒྱུད་ཐོས་པས་དགའ་བ་སྟེ། ངེས་པ་དོན་གྱི་རྒྱུད་ཀྱི་ནང་ན་ཡང་མཆོག་དང་དམ་པ་ཡིན་ནོ་བར་མངོན་པར་བསྟོད་པ་ཆེད་དུ་བརྗོད་པ་ཉིད་དོ། །གཉིས་པ་ནི། དེ་ནས་ཅང་མི་དམིགས། ཞེས་པ་ནས། གྲགས་པར་གྱུར་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་སྤྲོས་མཐའ་ཅང་མི་དམིགས་པར་ཆོས་ཉིད་ཀྱི་ངང་དུ་གྱུར་ཏེ། འཁོར་རྣམས་ཀྱིས་ཆོས་ཀྱི་སྐུ་ཆེན་པོ་མངོན་དུ་བྱས་པའི་ཕྱིར་རོ། །ལུང་བསྟན་བརྒྱུད་པའི་གླེང་གཞིའི་དབང་གིས་གནས་ཀྱི་དངོས་པོ་རི་མ་ལ་ཡའི་རྩེ་གང་དུ། གསང་བདག་སྐྱེས་བུས་གསང་བ་དམ་པ་ལང་ཀའི་མངའ་བདག་ལ་སོགས་པ་ལ་ངེས་པར་བགྲོས་ཏེ་བཀའ་སྩལ་པའི་གསང་བའི་གསང་བ་དམ་པ་འདི་དག །བྱིན་གྱིས་བརླབས་པའི་རྩལ་གྱིས་ལྷ་དང་མིའི་འཇིག་རྟེན་གྱི་ཁམས་རྣམས་ཀུན་ཏུ་རྒྱ་ཆེར་ཁྱབ་པར་གྲགས་ཤིང་། ཤིན་ཏུའང་དེ་ལ་མོས་ཏེ་སྤྱོད་པར་དགའ་བས་དམ་པར་བྱེད་པའི་ཕྱིར་ཡོངས་སུ་གྲགས་པར་གྱུར་པ་སྟེ། དེ་ལྟར་གྲགས་པ་ལ་དམ་པའི་རིགས་ཅན་ལྔ་དང་། དམན་པའི་ལུས་ཅན་སོ་སོས་བཟུང་ནས་མི་ནུབ་པར་བྱེད་པའི་ཕྱིར་ཆེད་དུ་གཏད་པ་མ་སྨོས་པའི་དོན་ཏོ། །ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། རྫོགས་པའི་སངས་རྒྱས་ཀུན་གྱི་དགོངས་པ་སེམས་ཀྱི་དེ་ཁོ་ན་ཉིད་གཅིག་ཏུ་འདུས་པར་བསྟན་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་རྩ་ལྔ་པ་ཉིད་གསལ་བར་འགྲེལ་ཏེ་དགོངས་དོན་ཇི་ལྟ་བ་བཞིན་དུ་ལེགས་པར་བཤད་པའོ།། །།ཚུལ་དེ་དག་གི་སྒོ་ནས་ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས། སྟོན་པ་ཕྱག་ན་རྡོ་རྗེས་རྒྱལ་བ་སྐུ་ལྔ་པོ་གང་གི་དགོངས་པ་འཁོར་དམ་པའི་རིགས་ཅན་ལྔ་ལ་རྣམ་པར་བགྲོས་པ་ན་ཡང་མ་ལ་ཡའི་རྩེར་འབྱུང་བའི་གཏམ་རྒྱུད་བརྗོད་པའི་ཚུལ་གྱིས་བརྗོད་བྱ་ཆོས་ཉིད་དོན་གྱི་ཕྱག་རྒྱའི་ཡེ་ཤེས་མ་འདྲེས་ཡོངས་རྫོགས་སུ་རྗོད་བྱེད་དགོངས་པ་འདུས་པའི་གསང་བ་ཆེན་པོའི་ཐབས་ཀྱི་ལུང་གིས་དུས་སྟོན་མཆོག་ཐུབ་པའི་དབང་པོ་འདས་ནས་ལོ་ཉེར་བརྒྱད་དུ་གྱུར་པ་ན་ལེགས་པར་རྣམ་པར་བགྲོས་ཏེ་གསལ་བ་བསྟན་པ་སྟེ། བྱུང་ཚུལ་བསྟན་པ་བཅུ་གཉིས་པའི་ཐ་མ་ཉིད་ཡོངས་སུ་རྫོགས་པའོ། །འོ་ན་ཁྱོད་ཀྱིས་རྩ་བཤད་དུ་འཇོག་ཚུལ་འདི་ལྟར་ན། ཀུན་འདུས་ཀྱང་རྩ་རྒྱུད་དུ་བྱེད་པ་ནི་འགལ་བར་འགྱུར་ཏེ། དེར་བྱུང་ཚུལ་བཅུ་གཉིས་མ་བསྟན་པའི་ཕྱིར་ཞེ་ན། གཏན་མ་བསྟན་པ་ཡང་མིན་ཏེ། དེ་ཉིད་ལས། གཞན་གྱི་དོན་དུ་འབྱུང་ཞིང་འགྲོ་བའི་ཚུལ་དང་མཐུན་པའི་ཕྱིར་གནས་སུ་བསྐྱོད་པ་དང་། མཉམ་པར་གྱུར་པ་དང་། མཛེས་པར་གཤེགས་པ་དང་། སྤྲོ་བར་སྤྱོད་པ་དང་། གསང་བར་སྦྱོར་བ་དང་། མཚན་མ་བཅོམ་པ་དང་། མཛད་པ་མེད་པ་དང་། སེང་གེའི་གསུང་སྒྲ་དང་། ངེས་པར་རྫོགས་པ་དང་། རྗེས་སུ་འབྱུང་བ་དང་། ཚམ་ངམ་ཆེན་པོ་སྤྲུལ་པ་མཛད་པ་དང་། ཡོངས་སུ་དག་པའི་ཕྱིར་འབྱུང་ཚུལ་ཆེན་པོ་ཞེས་བྱའོ། །ཞེས་གསུངས་པས། ཚུལ་འདི་ཉིད། མཛད་པ་བཅུ་གཉིས་དང་། བྱུང་ཚུལ་བཅུ་གཉིས་དང་། དོན་མཛད་ཚུལ་བཅུ་གཅིག་རྣམས་སུ་བཤད་པའི་ཕྱིར་རོ། །དེའང་གནས་སུ་བསྐྱོད་པ་ནི་ལྷུམས་སུ་ཞུགས་པ་དང་། རྨོངས་པ་གདུང་བ་སེལ་བའི་བྱུང་ཚུལ་དང་། འགྲོ་དོན་ལ་གཤེགས་པའོ། །མཉམ་པར་གྱུར་པ་ནི། སྐུ་བལྟམས་པ་དང་། སྒྲོན་མ་བཀོད་པའི་བྱུང་ཚུལ་དང་། ཕྱོགས་རིས་མེད་པར་དོན་མཛད་པའོ། །མཛེས་པར་གཤེགས་པ་ནི། གོམ་པ་བོར་བ་དང་། ངེས་བ་རྙེད་པའི་བྱུང་ཚུལ་དང་། སྐུ་གསུང་ཐུགས་ཀྱི་མཛད་པའོ། །སྤྲོ་བར་སྤྱོད་པ་ནི། གཞོན་ནུའི་རོལ་རྩེད་མཛད་པ་དང་། སྙིང་པོ་བྱང་ཆུབ་ཏུ་ངེས་པའི་བྱུང་ཚུལ་དང་། གདུལ་བྱ་དགའ་བའི་མཛད་པའོ། །གསང་བར་སྦྱོར་བ་ནི། ཁབ་བཞེས་པ་དང་། དགོངས་པ་ངེས་པར་འགྲེལ་བའི་བྱུང་ཚུལ་དང་། གསང་སྔགས་ལ་བསྐུལ་བའོ། །མཚན་མ་བཅོམ་པ་ནི། རབ་ཏུ་བྱུང་བ་དང་། གདུལ་བྱ་སྐབས་ལ་བབ་པའི་བྱུང་ཚུལ་དང་། སྐུའི་ངོ་བོ་གང་དུའང་མ་ངེས་པའོ། །མཛད་པ་མེད་པ་ནི། དཀའ་ཐུབ་མཛད་པ་དང་། བྱིན་གྱིས་བརླབས་ཀྱི་བྱུང་ཚུལ་དང་། རྩོལ་བ་མི་མངའ་བའོ། །སེང་གེའི་གསུང་སྒྲ་ནི། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བརྒྱུད་པ་ཐབས་ཀྱི་གྲགས་པའི་བྱུང་ཚུལ་དང་། ཟིལ་གྱིས་གནོན་པའོ། །ངེས་པར་རྫོགས་པ་ནི། སངས་རྒྱས་པ་དང་། ལུང་ཆེན་ངེས་པར་བསྟན་པའི་བྱུང་ཚུལ་དང་། གདུལ་དཀའ་འདུལ་བའི་མཛད་པའོ། །རྗེས་སུ་འབྱུང་བ་ནི། ཡིག་རྩིས་སྦྱང་བ་དང་། གང་གི་ཆེད་དུ་མཛད་པའི་བྱུང་ཚུལ་ལོ། །ཚམ་ངམ་ཆེན་པོ་སྤྲུལ་པ་མཛད་པ་ནི། བདུད་བཏུལ་བ་དང་། ལས་རྒྱུད་ཡོངས་སུ་གཅོད་པའི་བྱུང་ཚུལ་དང་། སྔ་མ་དང་འདི་གཉིས་སྤྲུལ་པ་འགྱེད་པའི་མཛད་པའོ། །ཡོངས་སུ་དག་པ་ནི། མྱ་ངན་འདས་པ་དང་། དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་དང་། ཞིང་དང་སྤྱོད་ཡུལ་ཀུན་ཏུ་དོན་མཛད་པ་རྣམས་སུ་མཁས་གྲུབ་སྔ་མ་དག་ལ་ཡོངས་སུ་གྲགས་པའི་ཕྱིར་རོ། །དེ་ལྟར་མ་འདྲེས་ཡོངས་སུ་རྫོགས་པའི་རྩ་བ་དང་བཤད་པའི་རྒྱུད་ཀྱི་ཟབ་ཅིང་རྒྱ་ཆེ་བའི་ཚུལ་གྱི་ངེས་གསང་བླ་ན་མེད་པ་ལ་བློ་གྲོས་ཀྱི་མཁྱེན་རྩལ་མཆོག་ཏུ་ཡངས་ཤིང་རྒྱས་པར་བྱས་ཏེ་རྒྱལ་བ་ཀུན་གྱི་དགོངས་པའི་གནད་ཀུན་འདུས་པའི་བཀའི་གསང་མཛོད་རྨད་དུ་བྱུང་བ་ལ་མི་འཕྲོགས་པའི་ངེས་པ་ཆེན་པོས་གཞན་དྲིང་མི་འཇོག་པར་ཡང་དག་པར་འཇུག་པར་བྱའོ། །གཉིས་པ་ལ་གཉིས་ཏེ། རྣམ་འདྲེན་བཞི་པའི་ལུང་བསྟན་བརྒྱུད་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བགྲོས་པའི་མཛད་བྱང་བསྟན་པ། མདོ་ཆེན་པོ་ཉིད་ལོ་པཎ་གང་གི་བཀའ་དྲིན་གྱིས་འཕགས་ཡུལ་དང་བྲུ་ཤའི་ཡུལ་ནས་བོད་ཡུལ་དུ་ཇི་ལྟར་ཞུས་ཏེ་གཏན་ལ་ཕབ་པའི་བསྒྱུར་བྱང་བཤད་པའོ། །དང་པོ་ནི། སངས་རྒྱས་ཀུན་གྱི་དགོངས་པ། ཞེས་པ་ནས། ཡོངས་སུ་བགྲོས་པ་རྫོགས་སོཧ྅྅྅། །ཞེས་པའི་བར་གྱིས་བསྟན་ཏེ། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ། ཞེས་པ་ལེའུ་ཐ་མའི་དོན་ཉིད་ཀྱིས་འགྲེལ་ཏོ། །ཐེག་པ་ཆེན་པོའི་མངོན་པར་རྟོགས་པ། ཞེས་པ་ནི། གསང་ཆེན་ཐེག་མཆོག་དམ་པ་སྒྲོ་སྐུར་མེད་པར་མ ཚོན་པར་བྱེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་མེ་ལོང་། ཞེས་པ་ལོག་པའི་ལམ་དང་ཡང་དག་པའི་ལམ་ཀུན་གསལ་བར་སྟོན་པའི་ཕྱིར་རོ། །བཀའ་ཐམས་ཅད་ཀྱི་འགྲེལ་པ། ཞེས་པ་བཀའ་རིལ་གྱི་དོན་ཀུན་འདིས་མ་འདྲེས་ཡོངས་རྫོགས་ཀྱི་གསང་བ་ཆེན་པོར་གཏན་ལ་འབེབས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཀུན་གྱི་དགོངས་པ་དམ་པ་གསང་བ། ཞེས་པ་གསང་སྔགས་མཐར་ཐུག་པ་དེ་བློས་རེག་ཅིང་བསྟན་པ་དང་བརྟག་པར་དཀའ་བའོ། །སྟོན་པ་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། གནས་དྲག་ཤུལ་ཅན་གྱི་རི་གནོད་སྦྱིན་འདུ་ཞིང་སྲིན་པོའི་འཁྲ་ས་མ་ལ་ཡའི་རྩེར། སྡུད་པ་པོ་ལང་ཀའི་མངའ་བདག་ཆེན་པོ་ལ་སོགས་པ་འཁོར་དམན་པའི་ལུས་ཅན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བསྟན་པའི་གསང་བ་ཆེན་པོ་རྒྱ་ཆེར་ཡོངས་སུ་བགྲོས་ཏེ་བཀའ་སྩལ་པ་ཉིད་ཀྱི་དོན་ནི་མདོ་རྒྱུད་ཆེན་པོ་ཆོས་ཀྱི་མེ་ལོང་འདི་ཉིད་ཡིན་ནོ། །དེ་ལྟ་བུའི་གསང་བ་མཆོག་གི་ཐེག་པའི་རྒྱལ་པོ་ཉིད་ལྷག་མ་མེད་པར་ཡོངས་སུ་རྫོགས་སོ྅྅྅ཧ། །ཞེས་མ་ཚང་བ་མེད་པར་བཤད་ཅིང་གཏན་ལ་དབབ་ཟིན་པའི་དོན་ཏོ། །གཉིས་པ་ནི། རྒྱ་གར་གྱི་མཁན་པོ། ཞེས་པ་ནས། ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། དང་པོ་རྒྱ་གར་གྱི་མཁན་པོ་ཆེན་པོ་པཎྜི་ཏ་དྷརྨ་བོ་དྷི་དང་། བོད་ཀྱི་ལོ་ཙཱ་བ་དམ་པ་ཆེ་བཙན་སྐྱེས་ཀྱིས་རྒྱ་གར་ལས་བྲུ་ཤའི་སྐད་དུ་བསྒྱུར་ལ། དེ་ནས་རིང་ལུགས་པ་ཆེན་པོ་པཎྜི་ཏ་དྷ་ན་རཀྵི་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དམ་པ་ཆེ་བཙན་སྐྱེས་ཀྱིས། བྲུ་ཤའི་ཡི་གེ་ལས་བྲུ་ཤའི་ཡུལ་གྱི་ཁྲོམ་དུ། བོད་ཀྱི་ཡི་གེར་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །བཀའ་འདི་ལ་དབུ་ཞབས་སུ་རྩ་བ་བྱུང་ཚུལ་བཅུ་གཉིས་དང་། ལེའུ་བདུན་ཅུ་རྩ་ལྔ་པ། བམ་པོ་བཅུ་དང་། ཤོ་ལོ་ཀ་གཉིས་བརྒྱ་ལྔ་བཅུ་རྩ་གཉིས་སོ། །འདིར་ཀུན་མཁྱེན་དམ་པ་རིན་པོ་ཆེའི་ཕྱག་མཆན་གྱི་མཇུག་ཏུ། མདའ་གླན་ཡང་ཁྱེད་དམ་པའི་རྗེ་གསུམ་གྱི། ཕྱག་དཔེ་འགྲེལ་ཆེན་ཀུན་དོན་ལ། །ལྷ་རྗེ་ཟུར་གྱིས་ནན་ཆགས་བྱས། །གོང་བུ་བ་དག་ཤངས་པ་ལ། །ཕྱིས་ནི་ཡང་དག་ཞུས་པའོ། །རྗེས་སུ་ལྷ་རྗེ་རྣམ་གཉིས་ལ། །བདེ་གཤེགས་ཀྱིས་ཞུས་དམ་པ་ལ། །ལྡོམ་པོ་བདག་གིས་ཞུས་པའོ། །ཞེས་གསུངས་པས། གསང་བདག་ཆེན་པོ་སྒྲོ་ཕུག་པས་སྔོན་དུ་མདའ་གླན་ཡང་ཁྱེད་གསུམ་ལ་གསན་པ་ནན་ཆགས་སུ་བྱས་པ་ནི་གཙོ་བོར་འགྲེལ་ཆེན་མུན་པའི་གོ་ཆའི་ལུགས་ཡིན་ལ། ཕྱིས་སུ་གོང་བུ་བ་དང་ཤངས་པ་ལས་གསན་པ་ནི་གཙོ་བོར་ལུང་བསྟན་སྐོར་གྱི་ལུགས་ཡིན་ནོ། །དེ་རྗེས་ལྷ་རྗེ་སྨར་དང་གཙང་པ་རྣམ་གཉིས་ལ་ཀུན་མཁྱེན་དམ་པ་བདེ་གཤེགས་ཀྱིས་ཞུས་ཤིང་། ཆོས་རྗེ་དམ་པ་རིན་པོ་ཆེ་ལ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ཞུས་པར་གསུངས་པའོ། །སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་ཞལ་ནས། སྔོན་སྨོན་ཐུགས་བསྐྱེད་སྐྱ་རེངས་ཁ་ལོ་ཡིས། །ཉེར་དྲངས་ངེས་གསང་བསྟན་མཆོག་མཁའ་དབྱིངས་སུ། །ལེགས་བཤད་འདོད་རྒུའི་སྣང་བ་འབུམ་འཇོ་བས། །ཆོས་ཀྱི་རྒྱ་མཚོ་ཉིན་མོར་བྱེད་གང་རྒྱལ། །ཞེས་བསྔགས་པ་ལྟར་པཎ་ཆེན་སི་ཏུ་རིན་པོ་ཆེས་དྭགས་ལྷ་སྒམ་པོའི་ཕྱག་དཔེ་མཆན་ཅན་གདན་དྲངས་པའི་གཤམ་དུ། ལྷ་རྗེ་སྒྲོ་ཕུག་པ་མདའ་ཚ་ཧོར་པོའི་མཆན་འབྲིང་པོ་ལ་མདའ་གླན་ཡང་ཁྱེད་གསུམ་གྱི་གསུང་སྒྲོས་ཀྱིས་ཞབས་ཏོག་བག་ཙམ་བྱས་ཏེ། གྲུ་གུའི་བནྡེ་དབུས་པ་ཇོ་འབུམ་གྱིས་བལྟས་པས་ཆོག་པར་ནན་ཏན་བགྱིས་པ་ལགས་སོ། །འགྲོ་དོན་དུ་གྱུར་ཅིག །ཅེས་གསུངས་སོ། །ཡང་དཔེ་རྙིང་མཆན་མ་གཅིག་གདན་དྲངས་པའི་མཇུག་ཏུ། མདོ་ཆེན་པོའི་འགྲེལ་པའི་བྱེ་བྲག་བཞི་ལས་མཁས་པ་ཆེན་པོ་སྠི་ར་མ་ཏིའི་ལུགས་ལྟར་འགར་སྟོན་བཟང་པོ་ལས་རོང་ཟོམ་པཎྜི་ཏས་གསན་ཞིང་དེ་ལས་རུ་ཡོང་རིན་ཆེན་འབར་གྱིས་ཞུས་པ་ལ་བདག་འདྲ་འབྲོམ་སྟོན་འཐེང་པོས་ཞུས་ཏེ་ཕྱག་དཔེ་མཆན་བཅས་གསར་དུ་བཞེངས་པར་གསུངས་སོ། །དེ་ལ་སོགས་པ་ཕྱག་དཔེ་རྙིང་པ་མཆན་ཅན་བཞི་སྟེ་མཆན་འགྲེལ་ལྔ་དང་། གཙང་དང་འཇང་ཡུལ་ནས་མདོ་འགྲེལ་མུན་པའི་གོ་ཆ་སྤྱན་དྲངས་པ་དང་། གཞན་ཡང་ཀུན་མཁྱེན་དམ་པ་རིན་པོ་ཆེའི་མདོ་ཡི་ཁོག་དབུབ་བཀའ་འགྲེལ། སྐུ་བཞིའི་གླེང་འགྲེལ་དང་བསྡུས་དོན་རྣམས་སྤྱན་དྲངས་པ་ལས། བདག་གིས་བཀའ་འགྲེལ་མུན་པའི་གོ་ཆ་དང་ཕྱག་མཆན་རྣམས་ཀྱིས་གཞི་བྱས། ཆོས་རྗེའི་བསྡུས་དོན་ལྟར་དཀའ་འགྲེལ་ཡང་སྐབས་སུ་ལེགས་པར་སྦྱར་ནས་ཚད་མའི་ལུང་གིས་བརྒྱན་ཏེ་རང་བཟོ་མེད་པར་ཡིད་ཆེས་ངེས་པའི་གདེང་དང་ལྡན་པར་བྲིས་པ་ཁོ་ན་ཡིན་ནོ། །འདིར་སྨྲས་པ། རྣམ་འདྲེན་ཤཱཀྱའི་ཏོག་དང་གསང་བའི་བདག་པོ་རྡོ་རྗེ་འཛིན་པའི་རྒྱལ། །ཡང་སྤྲུལ་དཔའ་བོ་དགའ་རབ་རྡོ་རྗེ་ཐེག་མཆོག་བསྟན་པའི་ཤིང་རྟ་ཆེ། །མཁྱེན་གཏེར་ཐུགས་རྗེའི་དབང་ཕྱུག་དམ་པ་རིགས་བདག་བསྟན་འགྲོའི་དཔལ་མགོན་མཆོག །བཀའ་དྲིན་གཞལ་མེད་སྐྱབས་གནས་གང་ལ་མི་ཕྱེད་དད་པས་སླར་བཏུད་ཏེ། །སྐུ་བཞིའི་ཁྱབ་བདག་ལྷུན་རྫོགས་དག་པའི་ངོ་བོ་ཡེ་ཤེས་སྒྱུ་འཕྲུལ་སྤྲོ་བའི་དཔྱིད། །ཆོས་ཉིད་དབྱིངས་སུ་གཅིག་དང་ཐ་དད་མེད་བཞིན་མཛད་པའི་རོལ་མོ་འབྱམས་ཀླས་པར། །ཀུན་ནས་འགྱེད་པའི་མངོན་རྫོགས་རིག་པའི་སྟོན་པ་རྨད་བྱུང་ཆེ་བའི་སྙིང་པོ་ཅན། །གཞི་རྩ་ཀུན་གྲོལ་རང་བྱུང་དོན་གྱི་འདྲེན་པ་ངང་གི་ཐིག་ལེར་ཆེས་བཀྲ་བའི། །ཕྱོགས་དུས་རྒྱལ་བའི་ཡེ་ཤེས་བདག་ཉིད་མངའ་དབང་ཡོངས་རྫོགས་མགོན་པོ་དེས། །ཆོས་དབྱིངས་རབ་འབྱམས་ཞིང་རྣམས་ཀུན་ཏུ་སྒྲོན་མ་བཀོད་པའི་དཀྱིལ་འཁོར་ན། །རྒྱལ་ཚབ་སྐྱེས་བུའི་རྣམ་འཕྲུལ་དུ་མས་རྒྱུན་དང་གནས་སྐབས་བཅུ་གཉིས་སུ། །གསང་སྔགས་ཀུན་གྱི་དེ་ཉིད་བགྲོད་ནས་གཏན་ལ་ངེས་པར་དབབ་པའི་ཚུལ། །སྐུ་བཞིའི་སྟོན་པ་གདུལ་བྱའི་སྣོད་བཞིར་མཚོན་པའི་ཚིག་བཞིས་བསྟན་པ་གང་། །རྒྱུད་ཀྱི་རྒྱལ་པོ་ལུང་གི་སྤྱི་འགྲེལ་མན་ངག་ཀུན་གྱི་རྩ་བ་མཆོག །བསྟན་པའི་འབྱུང་གནས་ཆོས་ཀྱི་མེ་ལོང་དོན་གྱི་མཇུག་སྡུད་ཐེག་པའི་རྩེ། །ཆེ་བ་བདུན་ལྡན་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ། །རིག་འཛིན་ཀླུ་དབང་འབུམ་གྱི་གཙུག་རྒྱན་སྙན་རྒྱུད་དམ་པའི་དེད་དཔོན་གྱིས། །ཉེར་བླངས་སྐལ་ལྡན་དབུལ་བ་སེལ་སླད་གསང་བའི་མཛོད་དུ་རྒྱས་བཏབ་པ། །རྣམ་པར་འབྱེད་པའི་བློ་གྲོས་ལྡེའུ་མིག་རྡོ་རྗེ་རྣོན་པོས་བྱིན་པ་ལས། །སངས་རྒྱས་ཡེ་ཤེས་ཉིན་བྱེད་ཤར་བས་གངས་ཅན་མུན་པའི་གོ་སྐབས་འཕྲོག །དཔལ་མཆོག་དེ་དང་དཔལ་གཞན་གྱིས་བརྒྱན་བརྟན་པའི་འཁོར་ལོ་ཟུར་ཕུད་ཅན། །ཀུན་མཁྱེན་བླ་མ་ཤེས་རབ་སེང་གེས་ཕུལ་བྱུང་བཀའ་ཡི་སྒྲོམ་ཆེན་པོས། །ལེགས་པར་བཤད་པའི་སྒོ་མང་ཕྱེས་ཏེ་བོད་ཆེན་ལྗོངས་ཀྱི་འཛིན་མའི་གཞིར། །འཆད་ཉན་སྤྲིན་གྱི་སྣང་བས་ཁྱབ་ཅིང་ཀུན་ནས་ཡོངས་སུ་རྒྱས་པར་བྱས། །འོན་ཀྱང་དུས་མཐའི་རླུང་ཤུགས་བདོ་བས་ཆུ་ལྷའི་འཕང་པར་སྤྱན་དྲངས་ཤིང་། །བཤད་སྒྲུབ་འོད་སྣང་ཡོངས་སུ་བསྡུས་ནས་རིང་ཞིག་ལོན་པ་དེ་ལྟ་ནའང་། །ཆོས་ཀྱི་རྒྱ་མཚོ་བསྲུབ་པའི་ཐུགས་བསྐྱེད་རི་ལྟར་བརྟན་པའི་ཕྲིན་ལས་ཀྱིས། །སླར་ཡང་འགྲེལ་ཆེན་པདྨོའི་གཉེན་འདི་ལས་འཕྲོའི་མཁའ་ལ་གསལ་བར་གྱུར། །དེ་ཚེ་མཚུངས་མེད་དམ་པའི་མགོན་རྣམས་ཀྱིས། །འདི་དོན་འགྲེལ་པས་གསལ་བར་གྱིས་ཤིག་ཅེས། །བཀའ་ལུང་ཀུན་གསལ་ནོར་བུའི་འོད་ཀྱི་ཟེར། །བདག་བློ་དད་པའི་གེ་སར་ལ་ཕོག་པས། །ཐེག་མཆོག་རྒྱལ་པོ་ལུང་ཆེན་གསང་བའི་ཁང་བཟང་ཡ ངས་པར་རིགས་ལྡན་བློ་ཡི་སྨིན་ལེགས་མ། །ལུང་དང་བརྒྱུད་པའི་གསུང་སྒྲོས་མང་པོས་རྒྱན་གྱིས་ཉེར་སྤྲས་ལྷག་བསམ་ཟུར་མིག་གཡོ་བཞིན་དུ། །དཀྱིལ་འཁོར་རྣམ་གསུམ་མ་འདྲེས་རྫོགས་པས་རིགས་པའི་རྒྱུད་མང་རྣམ་དཔྱོད་སོར་མོས་བསྣུན་ནས་ཀྱང་། །དཔལ་ལྡན་མདོ་ཡི་རྣམ་བཤད་གསལ་བར་མགྲིན་པའི་གླུ་དབྱངས་སྙན་པ་འདི་ཀོ་དེང་འདིར་སྤེལ། །ཚུལ་འདི་མདོ་སྔགས་བསྟན་པའི་ཡང་བཅུད་དེ། །ལེགས་པར་རྟོགས་ན་རྩོལ་བཅས་ཐེག་པའི་ཏོག །ལུང་ཆེན་གསང་བའི་དགོངས་པ་མཐར་ཐུག་སྟེ། །བློ་གྲོས་ནམ་མཁའི་མཐའ་ལྟར་དཔག་པར་དཀའ། །དེ་ཕྱིར་དོན་འདིར་མ་འདྲེས་ཡོངས་རྫོགས་པའི། །ངེས་པ་རྙེད་ཚེ་མཆོག་ཏུ་གསང་བ་ཡི། །འོད་གསལ་རྡོ་རྗེ་སྙིང་པོའི་སྒོར་ཞུགས་ཏེ། །ཟབ་མོའི་དགོངས་པར་ཚད་མའི་མིག་སྒྲུབས་མཛོད། །བློ་གསལ་བློ་ཡི་བློ་གྲོས་རྒྱས་པ་ན། །ཆོས་དང་ཆོས་མཆོག་ཆོས་ཀྱི་བཅུད་ལ་དབང་། །དེ་བས་དེ་བཞིན་དེ་གནད་ངེས་རྣམས་ཀྱིས། །ལེགས་གསུང་ལེགས་བཤད་ལེགས་རྒུའི་མཛོད་འདི་ལོངས། །འདི་ལ་རང་བཟོའི་དྲི་མ་མ་མཆིས་ཏེ། །རྒྱལ་བའི་སྤྱོད་ཡུལ་དཔགས་དཀའི་གནས་ཡིན་ཕྱིར། །བྱིས་པའི་བློ་ཅན་བདག་འདྲས་སྨོས་ཅི་ཚལ། །དེས་ན་ནོངས་པར་གྱུར་གང་མཐོལ་ཞིང་འཆགས། །གསང་ཆེན་རྒྱུད་ལུང་རྒྱ་མཚོའི་ཡང་སྙིང་དགོངས་པ་ཀུན་འདུས་ཡིད་བཞིན་ནོར། །ཟབ་མོའི་ལུང་གི་སྣང་བ་ལ་བརྟེན་དངོས་སྟོབས་རིགས་པའི་འཕྲུལ་ཐབས་ཀྱིས། །ལེགས་པར་དྲངས་ནས་མ་འདྲེས་གསལ་བའི་རྒྱལ་མཚན་རྩེ་མོར་ཡོངས་མཆོད་འདིས། །བློ་ལྡན་ཡོད་ན་ཟབ་དོན་འདོད་རྒུའི་གྲུ་ཆར་འབེབས་ཤིང་སྙོམས་པར་འགྱེད། །ལེགས་བྱས་དགེ་བ་སྟོན་ཀའི་ཟླ་འདྲ་དྲི་མེད་དེས། །མཁའ་ཁྱབ་འགྲོ་ཀུན་ལམ་མཆོག་སྣང་བས་ཡོངས་གྲོལ་ནས། །འབད་རྩོལ་མེད་པར་རྩལ་ཆེན་རྫོགས་པའི་སར་སྨིན་ཏེ། །སྒྲོལ་བྱེད་རྒྱལ་པོ་ཐུགས་རྗེའི་མཆོག་གི་གནས་ཐོབ་ཤོག །ཁྱད་པར་དུ་ཡང་ཟབ་གསང་ཆོས་ཀྱི་བཅུད་མཆོག་འདིར། །ལེགས་པར་ཞུགས་ནས་ཐོས་བསམ་སྒོམ་གསུམ་ལ་བརྟེན་ཏེ། །འཆད་རྩོམ་ཉན་པའི་རྣམ་ཐར་བཟང་པོར་ངེས་གྱུར་ཀུན། །འགལ་རྐྱེན་མེད་པར་ལེགས་ཚོགས་མཐའ་དག་འཕེལ་གྱུར་ཅིག །བདག་ཀྱང་དེང་ནས་རྫོགས་པ་སྤྱིར་ཆིབས་ཀུན་འདུས་ཤིང་དགོངས་ཀློང་དག་པའི་མཁའ་དབྱིངས་ལ། །རང་དབང་བསྒྱུར་ཏེ་གང་ལ་གང་འདུལ་ཐབས་སྤྲིན་རོལ་པས་ཟབ་རྒྱའི་ཆོས་ཚུལ་ཐམས་ཅད་ལ། །རྨོངས་པ་མེད་པར་བསྟན་པའི་ཡང་སྙིང་མདོ་སྒྱུ་སེམས་གསུམ་འོད་གསལ་སྙིང་པོའི་ཐེག་མཆོག་བཅས། །ཀུན་ནས་ཀུན་ཏུ་གསལ་བར་འགྲེལ་ཞིང་རབ་འབྱམས་ཞིང་དུ་ཡོངས་སུ་འགྲོ་བའི་དཔལ་ཐོབ་ཤོག །གདོད་ནས་རྣམ་དག་རྒྱལ་བའི་ཡེ་ཤེས་འདུས་མ་བྱས་པའི་ཆོས་སྐུ་དང་། །འགྲོ་བའི་རང་བཞིན་སེམས་ཀྱི་དཀྱིལ་འཁོར་ངོ་བོ་ཉིད་ཀྱི་འོད་གསལ་བ། །གཉིས་སུ་མ་དམིགས་དབྱེ་བ་བྱར་མེད་སོ་སོ་མ་ཡིན་འདུས་མ་ཡིན། །བདེན་པ་དེས་ཀྱང་ཡེ་སངས་རྒྱས་པའི་གནས་ལུགས་རྟོགས་པའི་ཤིས་པ་སྩོལ། །རྒྱུད་ཀྱི་སྟོན་པ་སྐུ་ལྔའི་རྒྱལ་བ་རྒྱལ་ཚབ་འཆད་པའི་སྐྱེས་བུའི་བཀའ། །གསང་ཆེན་ལུང་གི་བསྟན་པའི་མཛོད་ཁང་ཁྱད་པར་བདུན་ལྡན་འདུས་པ་མདོ། །གང་གི་དགོངས་དོན་ཇི་བཞིན་རྟོགས་ནས་གསལ་མཛད་དམ་པའི་རིགས་ཅན་སོགས། །མཆོག་གསུམ་རིན་ཆེན་འོད་ཀྱི་སྣང་བས་དགེ་ལེགས་རྒྱས་པའི་བཀྲ་ཤིས་སྩོལ། །ཉིན་མོར་བཀྲ་ཤིས་མཚན་ཡང་བཀྲ་ཤིས་ཉིན་མཚན་ཀུན་ཏུ་དགེ་ལེགས་ཀྱི། །བཀྲ་ཤིས་འཕེལ་བས་དུས་རྣམས་རྟག་ཏུ་མཆོག་གནས་དམ་པའི་དཔལ་གསུམ་གྱིས། །བཀྲ་ཤིང་བཟང་པོས་ཕྱོགས་ཀུན་ཡོངས་ཁྱབ་ཐེག་ཆེན་ལུང་དོན་རབ་གསལ་ཏེ། །ཟབ་མོ་གསང་བའི་ཆོས་མཛོད་རྒྱས་ནས་མི་ནུབ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་དཔལ་གྱི་མདོ་དགོངས་པ་འདུས་པའི་འགྲེལ་པ་རྣལ་འབྱོར་ཉི་མ་གསལ་བར་བྱེད་པའི་གཟི་ལྡན་འཆར་ཁའི་འོད་སྣང་རིག་འཛིན་བརྒྱུད་པའི་ཞལ་ལུང་ཞེས་བྱ་བ་འདི་ཉིད། སྐྱབས་རྗེ་འཁོར་ལོའི་མགོན་པོ་བཀའ་དྲིན་མཚུངས་མེད་ཐུབ་བསྟན་དུལ་བའི་སྡེ་རྡོ་རྗེ་ལེགས་བཤད་རྩལ་གྱིས་སྔ་མོ་ཞིག་ནས་བཀའ་སྩལ་སྤྱི་བོར་སོན་པ་བཞིན། རྗེས་སུ་མཆོག་སྤྲུལ་ཕྱག་ཚ་རིན་པོ་ཆེ་ནས་ཆ་རྐྱེན་སྦྱར་བའི་ཞལ་བཞེས་དང་བཅས་པས་བསྐུལ་ཚེ་མཁན་ཆེན་རིན་པོ་ཆེའི་ཞལ་ནས་སླར་ཡང་ངེས་པར་བྲི་དགོས་ཞེས་ཕེབས་པ་ལྟར། རིགས་བདག་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་དང་། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་གཞན་ཕན་བཟང་པོ་རྣམས་ཀྱིའང་གྱ་ནོམ་པའི་སྐྱེས་དང་བཅས་ཏེ་བསྐུལ་བའི་བཀའ་ལུང་གཙུག་གི་རྒྱན་དུ་བཅིང་ཞིང་། གྲུབ་དབང་ཐམས་ཅད་མཁྱེན་པའི་ཞལ་ནས་ཀྱང་བཀའི་གནང་བ་དངོས་སུ་ཐོབ་པས་ཤིན་ཏུ་བྲི་འདུན་ཡིད་ལ་བཅག་ཀྱང་། བར་སྐབས་སུ་མཐུན་རྐྱེན་དཀོན་པར་མཐོང་ནས་འཇོག་པར་སེམས་པའི་ཚེ། སྐྱབས་རྗེ་སི་ཏུ་རིན་པོ་ཆེའི་ཡང་སྲིད་བྱམས་ཆེན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་གང་གི་མཁྱེན་པའི་ཐུགས་ཀྱི་རྗེས་སུ་དགོངས་ཏེ་མཐུན་རྐྱེན་གནང་བའི་ཞལ་བཞེས་དང་ཆབ་གཅིག་བྲི་གཞིའི་ཤོག་བུ་ལྡེབ་བདུན་ཅུའི་ནང་ཙམ་དང་བཅས་པར་བཀའ་ཡིས་བསྐུལ་བ་ནན་ཟབ་སླར་གནང་མཛད་པ་བཞིན། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་དང་། སྐུ་ཆེན་རིན་པོ་ཆེ་རིག་པ་འཛིན་པ་དཔལ་ཆེན་ཆེ་མཆོག་དྲག་པོ་རྩལ། སྐྱབས་རྗེ་འབྲུག་པ་རིན་པོ་ཆེའི་རིགས་སྲས་དམ་པ་འགྱུར་མེད་རྡོ་རྗེ་རྣམས་ཀྱིས་དངོས་རྫས་དང་བཅས་ཏེ་བཀའི་གནང་བསྐུལ་སྩལ་ཞིང་། མཆོག་སྤྲུལ་བློ་གྲོས་བཤད་སྒྲུབ་ཉི་མ་དང་། མཁན་སྤྲུལ་བྱང་ཆུབ་རྡོ་རྗེ་ཟུང་ནས་དངོས་པོའི་སྐྱེས་དང་བཅས་པས་བསྐུལ་བ་ནན་ཏན་མཛད་པ་དང་། ཆོས་ཀྱི་མཆེད་པོ་མཁན་ཆེན་པདྨ་རབ་རྒྱས་དང་། འཇམ་དཔལ་རྒྱ་མཚོ་རྣམ་གཉིས། བྱང་རེབ་ཀོང་ནས་ཨ་ལགས་རྫོང་སྔོན་གྱི་སྤྲུལ་སྐུ་ཀུན་མཁྱེན་ངག་དབང་བློ་བཟང་སོགས་དམ་པ་དུ་མས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། སྐྱབས་མཆོག་པཎ་གྲུབ་རྣམ་གཉིས་ཀྱི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་བཙུན་གཟུགས་ཐུབ་བསྟན་མཁྱེན་བརྩེ་བློ་གྲོས་ཐིག་ལེ་རྫོགས་པ་རྩལ་ཞེས་འབོད་པའི་སྦྲང་འཁྱམས་འོན་པ་རོལ་མོ་མཁན་གྱི་བརྟུལ་ཞུགས་ཅན་དེས་འོག་མིན་ཆེན་པོ་དཔལ་ཀཿཐོག་གི་ཡང་དབེན་གསེར་ཁང་རི་ཁྲོད་ཕྲིན་ལས་ཀུན་ཁྱབ་གླིང་དུ་དབུ་བརྩམས་ནས་བླ་མའི་གདན་ས་ལྗོན་པ་ལུང་གི་དབེན་ཁྲོད་ཁུ་བྱུག་རོལ་པའི་ལྗོངས་ཞེས་གྲགས་པའི་རང་ཉིད་སྡོད་གནས་ཀྱི་ཁང་པ་གསར་པར་ལུང་རྟོགས་སྤྲུལ་པའི་སྐུས་མཐུན་རྐྱེན་མཛད་ཅིང་བྲི་གཞིའི་ཤོག་བུ་ཡང་གནང་བ་ལ་བརྟེན་ནས་ཅི་རིགས་བྲིས་ཚེ་བར་སྐབས་སུ་ཉེར་འཚེའི་ཚ་གདུང་ཅུང་ཟད་བྱུང་བ་ན། སྐྱབས་མཆོག་གྲུབ་དབང་འགྲོ་འདུལ་དཔའ་བོ་རྡོ་རྗེའི་གདན་ས་ཨ་འཛོམ་ཆོས་སྒར་ཆེན་པོའི་གྲུབ་རི་དུང་དཀར་གཡས་འཁྱིལ་གྱི་དབེན་རྩེར་མིག་སྨན་ཐིག་ལེའི་ལྡིང་ཁང་ལ་གནས་ཏེ་རིགས་བདག་མཆོག་སྤྲུལ་རིན་པོ་ཆེས་ཤོག་བུ་མང་པོ་དང་མཐུན་རྐྱེན་ལེགས་པར་གནང་བའི་ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་ནས་ཟླ་བ་བཞིའི་བར་དུ་བྲིས་ཤིང་། སླར་ཡང་ཀུན་གཟིགས་ཡང་སྤྲུལ་རིན་པོ་ཆེའི་བཀའ་དོན་ལྟར་དཔལ་ཀཿཐོག་གི་གསེར་ཁང་ཡང་དབེན་བདུད་འདུལ་ཕྲིན་ལས་ཀུན་ཁྱབ་གླིང་དུ་དམ་པ་ཉིད་ཀྱིས་མཐུན་རྐྱེན་མཛད་ཅིང་ཤོག་བུ་གནང་བའི་བཀའ་དྲིན་ལས་གཞུང་དོན་དངོས་ལེགས་པར་ཚང་བའི་བར་དུ་བྲིས་ནས། དེ་རྗེས་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་ཆེན་གྱི་དབེན་གནས་བརྡ་གོ་འོད་གསལ་ཐེག་མཆོག་གླིང་གི་ཡང་དབེན་ལྷའི་བཀྲ་ཤིས་ལྷུན་པོའི་རི་ངོགས་ཙནྡན་ལྗོན་བཟང་འཁྲིགས་པའི་མ་ལ་ཡ་ཡི་ནགས་ཁྲོད་གཉིས་པ་ལྷ་བྱ་སྐད་སྙན་ཚལ་གྱི་བསྟི་གནས་མཚོ་གོང་དགེ་འཕེལ་ཆོས་སྒང་གི་སྒྲུབ་ཁང་ལྷག་པའི་ལྷ་མཆོག་དཔལ་ཆེན་བཞད་པས་ཐེལ་སྡིངས་ལུང་ཆེན་འདུས་པ་མདོ་ཡི་ཁང་བཟང་གཙུག་ལག་རྒྱ་མཚོས་བརྒྱན་པའི་བསམ་འགྲུབ་ནོར་བུའི་གླིང་མཆོག་དམ་པ་སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་ཡང་སྲིད་སོགས་མཆོག་སྤྲུལ་གསུམ་གྱིས་གསར་དུ་བཞེངས་པའི་རྡོ་རྗེའི་ཁྱུང་བྲག་གི་རྫོང་གནས་དགེ་བར་མཁས་ཤིང་གྲུབ་པའི་དབང་ཕྱུག་དཔལ་ཆེན་འདུས་པ་ཆོས་ཀྱི་གླང་པོའི་ཐུགས་བསྐྱེད་དུས་སུ་སྨིན་པའི་རྟེན་འབྲེལ་བཟང་པོས་མཚམས་སྦྱར་ཏེ། ཛ་ལནྡྷ་རའི་རྒྱན་མཆོག་དམ་པ་ཡང་སྤྲུལ་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་ཀྱི་བཀའ་ལུང་བཞིན་དུ་རབ་རྒྱལ་ཆུ་འབྲུག་ལོའི་ཟླ་༨ཚེས་༡༣ཕུན་སུམ་ཚོགས་པ་ལ་མཇུག་ཡོངས་སུ་རྫོགས་པར་བགྱིས་པ་འདིས་ཀྱང་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་རིང་ལུགས་རྨད་དུ་བྱུང་བ་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།སྐྱབས་རྗེ་ཐམས་ཅད་མཁྱེན་པ་རིགས་བདག་བྱམས་ཆེན་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་པོ་ཉིད་ཀྱིས་གཙང་བཀྲ་ཤིས་ལྷུན་པོར་དཔལ་ལྡན་སྔགས་ཀྱི་སྲུང་མས་བརྡ་ལུང་དང་མཐུན་པར་མདོ་འགྲེལ་མུན་པའི་གོ་ཆ་ཕྱག་ཏུ་སོན་པའི་ཚེ་ཞལ་ནས་ཆེད་དུ་བརྗོད་པ་བཀའ་སྩལ་པ། འོག་མིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ། །རྒྱུད་ཀྱི་སྟོན་པ་ཀུན་བཟང་ཐུགས་གསང་མཛོད། །རིགས་ལྔའི་རྒྱལ་བ་ལྷུན་གྱིས་གྲུབ་པར་སྟོན། །དེ་ལས་སྤྲུལ་སྐུ་ཐུབ་ཆེན་དཔའ་བོ་ཡི། །ཐུགས་མཚོའི་ནོར་དབྱིག་འགྲོ་བའི་བསོད་ནམས་དཔལ། །གསང་བདག་དཔའ་བོས་རིགས་ཅན་སེམས་དཔའ་ལ། །ཡོངས་སུ་བགྲོ་བའི་ཆོས་ཀྱི་དགའ་སྟོན་མཆོག །འཛམ་བུའི་གླིང་ན་གདམས་ངག་རབ་ཀྱི་ཕུལ། །འདི་ནི་སྔོན་བྱོན་དམ་པའི་ཚོགས་རྣམས་ཀྱི། །ཐུགས་དམ་དཔག་བསམ་ཐར་འདོད་ངལ་འཚོའི་གཞི། །སྐལ་བཟང་དམ་པའི་སྙིང་ནོར་ཡིན་ངེས་ཕྱིར། །འབྲི་ཀློག་འཆད་ཉན་སྒོམ་པ་བསྟེན་འཚལ་ལོ། །སརྦ་མངྒ་ལ་ཤྲཱི་དཱ་ཀ་ལྱ་ནཱྃ་བྷ་ཝསྟུ། ཞེས་གསུངས་སོ།། །།