cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་ལྔ་པ།

གླེགས་བམ། ཅེ༽

གཞན་ཕན་འོད་ཟེར།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་འགྲེལ་པ་ཀུན་བཟང་དགོངས་རྒྱན། གཞན་ཕན་འོད་ཟེར།

གླེགས་བམ་དང་པོ།
ས རྦ དྷ རྨ མ ཧཱ ས ནྟི བོ དྷི ཙི ཏྟ ཀུ ལ ཡ རཱ ཛ ཊཱི ཀ ས མ ནྟ ར ཤ ཡཱ ལཾ ཀཱ ར ན མ བི ཧ ར ཏི སྨ།
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་འགྲེལ་པ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་ཨརྻ་མཉྫུ་ཤྲཱི་ཡེ། ཤེས་བྱའི་མཁའ་དབྱིངས་སྒྲིབ་པ་མེད་སྤྱན་ཇི་སྙེད་ཇི་བཞིན་གཟིགས་གྱུར་ཅིང་། །ཕན་བདེའི་འོད་ཟེར་ཤིན་ཏུ་མཐའ་ཡས་ས་གསུམ་སྐྱེ་རྒུའི་བླ་མར་གཤེགས། །གདོད་མའི་མགོན་པོ་ཀུན་ཏུ་བཟང་དེ་སྐུ་གསུམ་མཛད་པའི་ཕྲིན་ལས་ཅན། །མ་ལུས་སྲིད་ཞིའི་དཔལ་དུ་གྱུར་ལ་ཀུན་ནས་དགའ་བའི་གཙུག་གིས་མཆོད། །གང་གི་རང་བཞིན་གདོད་ནས་སྤྲོས་བྲལ་ནང་གསལ་ཆོས་སྐུའི་རང་གདངས་ཉིད། །མ་འགགས་ཡེ་ཤེས་ཀུན་ནས་རང་གསལ་ཐུགས་རྗེའི་རོལ་པའི་ཆ་གང་ཞིག །བརྗོད་མེད་བརྗོད་པ་ཀུན་གྱི་གཞིར་གྱུར་བརྗོད་བྲལ་ཨ་ཏིའི་རྒྱུད་རྒྱལ་ཉིད། །ཞུ་དང་སྡུད་པོའི་ཚུལ་དུ་རང་སྣང་སེམས་དཔའ་རྡོ་རྗེ་ཉིད་ལ་འདུད། །དག་པ་གཉིས་ལྡན་ཆོས་སྐུའི་དབྱིངས་ནས་མཁྱེན་བརྩེའི་འོད་ཟེར་སྟོང་འབར་བ། །གདུལ་བྱའི་དཔལ་དུ་འགོག་མེད་འཆར་མཛད་ཐུགས་བསྐྱེད་སྨོན་པའི་རྣམ་འགྲོས་ཅན། །འགྲོ་བའི་ཡིད་ཀྱི་མུན་པ་མ་ལུས་ཅིག་ཅར་སེལ་བའི་རྟ་བདུན་དབང་། །དགའ་རབ་དཔའ་བོ་དགྱེས་པ་རྡོ་རྗེས་བྱང་ཆུབ་བར་དུ་བདག་རྒྱུད་སྐྱོངས། །མཁྱེན་རབ་ཡེ་ཤེས་ཐུགས་ཀྱི་མཁའ་ལ་བརྩེ་བའི་སྤྲིན་ཚོགས་རབ་འཁྲིགས་ཤིང་། །མཐུ་སྟོབས་ནུས་པའི་གློག་གི་ཕྲེང་བས་རྣམ་བཞིའི་ཕྲིན་ལས་རབ་ཏུ་ངོམ། །གསང་ཆེན་དབྱར་རྔའི་སྒྲ་ཆེན་སྒྲོགས་བཞིན་ཕན་བདེའི་གྲུ་ཆར་འབེབ་མཁས་པ། །མཁས་གྲུབ་ཡོངས་ཀྱི་གཙུག་གི་རྒྱན་གཅིག་རྒྱལ་དབང་པདྨས་ཤིས་པ་སྩོལ། །མདོ་རྒྱུད་སྤྱི་དང་ཁྱད་པར་ངེས་གསང་རྫོགས་པ་ཆེ། །གངས་ལྗོངས་སྣང་བའི་དཔལ་དུ་འདྲེན་པའི་ཤིང་རྟ་མཆོག །ཤྲཱི་སེང་བཱི་མ་བཻ་རོ་གཡུ་སྒྲ་སྐ་ཅོག་སོགས། །བསྒྱུར་མཛད་སྤྲུལ་པའི་ལོ་པཎ་རྣམས་ཀྱང་གཙུག་ཏུ་མཆོད། །ཡེ་གྲོལ་ལྟ་བའི་རྩལ་ཆེན་རབ་རྫོགས་པས། །ཐེག་མཆོག་གངས་རིའི་སྤོ་ལ་གནས་བཅས་ཏེ། །རྣམ་དཔྱོད་རིགས་པའི་གཡུ་རལ་སྤྲུགས་མཛད་པ། །སྨྲ་བའི་སེང་གེ་རོང་ཟོམ་ཆེན་པོར་འདུད། །གདོད་མའི་མགོན་པོའི་ཡེ་ཤེས་རང་རྩལ་ཉིད། །ཐུགས་རྗེ་སྤྲུལ་པའི་ངོ་བོར་ཡོངས་ཤར་ནས། །སྒྲིབ་བྲལ་ཆོས་སྐུའི་རང་ཞལ་སྟོན་མཛད་པ། །ཀློང་ཆེན་རབ་འབྱམས་སྙིང་གི་པདྨོར་རོལ། །རབ་འབྱམས་རྩ་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག །གང་འདུལ་གདུལ་བྱའི་དཔལ་དུ་ཡོངས་སྣང་བ། །བཀའ་དྲིན་འགྲན་བྲལ་རྩ་བའི་བླ་མ་དེ། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བརྟེན། །ཀུན་ཏུ་བཟང་མོའི་ཡེ་ཤེས་སྒྱུ་འཕྲུལ་གར། །སྲིད་ཞིར་དབང་བསྒྱུར་རྒྱལ་ཀུན་སྐྱེད་པའི་ཡུམ། །ཀ་དག་དབྱིངས་ཀྱི་རྗེ་མོ་རལ་གཅིག་མས། །དེང་འདིར་བཀའ་འདི་བཀྲོལ་ལ་གནང་བ་སྩོལ། །སེམས་ཉིད་རང་བཞིན་གཟོད་ནས་འོད་གསལ་རང་བཞིན་གཞི་ཡི་ཀུན་ཏུ་བཟང་། །མཉམ་ཉིད་དྲི་མེད་ཆོས་སྐུའི་མཁའ་དབྱིངས་སྤྲོས་ཀུན་རབ་ཞིའི་ངང་ཉིད་ལས། །གདངས་ཀྱི་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཡུལ་དྲུག་མཛིན་པའི་རྣམ་པར་ཤེས། །གཟུང་དང་འཛིན་པ་གཉིས་སུ་མེད་གང་ཀུན་བྱེད་རྒྱུད་རྒྱལ་གསལ་བར་བྱ། །འདིར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་རྩ་བ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། བསྟན་པ་ཐམས་ཅད་ཀྱི་སྙིང་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བཀའ་ཐམས་ཅད་ཀྱི་འགྲེལ་བ། ལྟ་བ་ཐམས་ཅད་ཀྱི་མེ་ལོང་། རྒྱུད་དང་མདོ་སྡེ་ཀུན་གྱི་སྤྱི་འགྲེལ། ཆོས་ཐམས་ཅད་ཀྱི་མདོ། རྒྱལ་བ་ཐམས་ཅད་བསྐྱེད་པར་བྱེད་པའི་ཡུམ། མ་རིག་པའི་མུན་པ་སེལ་བར་བྱེད་པ། ཡེ་ཤེས་ཆེན་པོའི་སྣང་བ་འཆར་བར་བྱེད་པ། ཉོན་མོངས་པའི་ཕྲེང་ཐག་གཅོད་པར་བྱེད་པ། སྡུག་བསྔལ་གྱི་རྒྱ་མཚོ་འདྲལ་བར་བྱེད་པ། མ་བཅོས་དོན་གྱི་ལུང་། སྐལ་ལྡན་ཐམས་ཅད་དུས་གཅིག་ལ་གྲོལ་བར་བྱེད་པའི་རྒྱུད། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ། ལྟ་བ་ནམ་མཁའ་དང་མཉམ་པ། སེམས་ཉིད་བྱ་བཙལ་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་འཆད་པར་བྱེད་པ་ལ་གསུམ་སྟེ། བཤད་པ་ལ་འཇུག་པའི་རྒྱུ་དང་། རྒྱུད་དངོས་ཇི་ལྟར་བཤད་པ། ཡོངས་སུ་རྫོགས་པའི་དོན་ནོ། །དང་པོ་ལ་གཉིས་ཏེ། མཚན་གྱི་དོན་དང་། ཕྱག་གི་དོན་ནོ། །དང་པོ་ལ་མཚན་རྒྱ་སྐད་ལྟར་སྨོས་པ་དང་། བོད་སྐད་ལྟར་སྨོས་པ། སྐད་གཉིས་ཤན་སྦྱར་བ། མཚན་གྱི་དོན་བཤད་པ་དང་བཞི་ལས། དང་པོ་ནི། རྒྱ་གར་གྱི་ཡུལ་ན་སྐད་རིག་ཆེན་པོ་མི་འདྲ་བ་བཞི་ཡོད་པ་ལས་ཁྱད་པར་དུ་འཕགས་པ་ལེགས་སྦྱར་སཾ་སྐྲྀ་ཏ་ལྷའི་སྐད་དུ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་མཚན་ལ། སརྦ་དྷརྨ་མ་ཧཱ་སནྟི་བོ་དྷི་ཙི ཏྟ་ཀུ་ལ་ཡ་རཱ་ཛཱ། ཞེས་གསུངས་ལ། གཉིས་པ་དེ་བོད་སྐད་དུ་བསྒྱུར་ན་ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ། ཞེས་གསུངས་ཏེ། གསུམ་པ་སྐད་དེ་གཉིས་ཤན་སྦྱར་ན། སརྦ་དྷརྨ་ནི་ཆོས་ཐམས་ཅད་དང་། དེ་བཞིན་ཏུ་མ་ཧཱ་སནྟི་རྫོགས་པ་ཆེན་པོ། བོ་དྷི་ཙིཏྟ་བྱང་ཆུབ་ཀྱི་སེམས། ཀུ་ལ་ཡ་རཱ་ཛཱ་ཀུན་བྱེད་རྒྱལ་པོ་ཞེས་པའོ། །བཞི་པ་མཚན་དེའི་དོན་ནི། སྤྱིར་མཚན་གྱི་འདོགས་ཚུལ་ལ་ས་ལུ་ལྗོང་པའི་མདོ་ཅེས་པ་ལྟ་བུ་དཔེ་ལ་བཏགས་པ་དང་། ཤེར་ཕྱིན་འབུམ་པ་ལྟ་བུ་ཚད་ཀྱི་སྒོ་ནས་བཏགས་པ་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལྟ་བུ་གང་ཟག་གི་མིང་གིས་བཏགས་པ་དང་། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ཞེས་པ་ལྟ་བུ་བྱེད་ལས་ལས་བཏགས་པ་དང་། ལང་ཀར་གཤེགས་པའི་མདོ་ལྟ་བུ་ཡུལ་གྱི་སྒོ་ནས་བཏགས་པ་དང་། ཡབ་སྲས་མཇལ་བའི་མདོ་ལྟ་བུ་དུས་ཀྱི་སྒོ་ནས་བཏགས་པ་དང་། ཏིང་འཛིན་རྒྱལ་པོའི་མདོ་ལྟ་བུ་དོན་གྱི་སྒོ་ནས་བཏགས་པ་རྣམས་ཡོད་པ་ལས། འདིར་ནི་བརྗོད་བྱའི་དོན་གྱི་སྒོ་ནས་མཚན་བཏགས་པ་སྟེ། འདི་ལྟར་གཞི་ལམ་འབྲས་བུའི་བསྡུས་པའི་ཆོས་ཐམས་ཅད་ད་ལྟའི་རང་སེམས་མ་བཅོས་མཉམ་པ་ཆེན་པོ་ཀ་དག་སྐྱེ་བ་མེད་པ་འདི་ཉིད་ཀྱི་ཀློང་དུ་རང་བྱུང་ལྷུན་གྲུབ་ཀྱི་ཚུལ་དུ་མ་འདྲེས་པར་ཡོངས་སུ་རྫོགས་ཤིང་འདུས་པས་ན་རྫོགས་པ་ཞེས་གསུངས་ཏེ། མདོ་བཅུ་ལས། སྣང་སྲིད་སྣོད་བཅུད་ཐམས་ཅད་དང་། །སངས་རྒྱས་སེམས་ཅད་ཐམས་ཅད་དང་། །བསྟན་པའི་ཐེག་པ་ཐམས་ཅད་ཀུན། །སེམས་ཉིད་རྫོགས་ཆེན་འདི་ལ་འདུས། །ཞེས་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། རྫོགས་ཆེན་ཐེག་པའི་ངེས་ཚིག་ནི། རིག་པ་བྱ་བྲལ་ངང་ལ་ཡེ་ཤེས་རྫོགས་པས་རྫོགས། །བསྒོམ་པ་རྟོག་མེད་ངང་ལ་ཡེ་ཤེས་དྲི་མེད་རྫོགས་པས་རྫོགས། །སྤྱོད་པ་བཅོས་མེད་ངང་ལ་ཡེ་ཤེས་བརྡལ་བ་རྫོགས་པས་རྫོགས། །ལྟ་བ་དགག་བསྒྲུབ་མེད་པའི་ངང་ལ་ཡེ་ཤེས་རྟོགས་མེད་རྫོགས་པས་རྫོགས། །འབྲས་བུ་དམིགས་མེད་ངང་ལ་ཡེ་ཤེས་ཉི་ཤུ་རྩ་ལྔ་རྫོགས་པས་རྫོགས། །ཞེས་སོགས་གསུངས་པ་ལྟར་ལ། དེ་ལྟ་བུའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྲིད་ཞི་ཀུན་ཁྱབ་ཆེན་པོ་འདི་ལས་ཐོབ་བྱའི་འབྲས་བུ་མཐར་ཐུག་པ་གཞན་མེད་པ་དང་ཐེག་པ་ཀུན་གྱི་རྩེ་མོར་གྱུར་པ་ཡིན་པས་ན་ཆེན་པོ་ཞེས་གསུངས་ཏེ། དེ་ཉིད་ལས། ཐེག་པ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །གནས་ལུགས་དོན་ལ་ཡེངས་བ་མེད་པས་ཆེ། །ལྟ་བ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །སྒོམ་པ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །སྤྱོད་པ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །འབྲས་བུ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །འགྱུར་མེད་ངང་ལ་འགག་མེད་རྩོལ་བས་ཆེ། །འཛིན་མེད་ངང་ལ་རྟོག་མེད་གསལ་བས་ཆེ། །ཞེན་མེད་ངང་ལ་ཆགས་མེད་གསལ་བས་ཆེ། །བརྗོད་མེད་ངང་ལ་བདེ་ཆེན་གསལ་བས་ཆེ། །རྣམ་དག་བྱང་ཆུབ་བརྡལ་བའི་སྙིང་པོ་ཡིན་པས་ཆེ། །བྱ་བཙལ་བྲལ་བའི་རིག་པ་དངོས་མེད་ཡིན་པས་ཆེ། །བདེ་ཆེན་ངང་ལས་མི་གཡོ་མཉམ་པར་གནས་པས་ཆེ། །སྙིང་པོའི་དོན་ལ་མི་གཡོ་མཉམ་པར་གནས་པས་ཆེ། །འཛིན་པའི་སྤྱོད་ཡུལ་མ་ཡིན་ཀུན་ལ་ཡོད་པས་ཆེ། །ཚིག་དང་ཡི་གེས་གཏན་ལ་མི་ཕེབ་ཀུན་གྱི་སྙིང་པོ་ཡིན་པས་ཆེ། །ཞེས་པ་དང་། ཐིག་ལེ་ཀུན་གསལ་ལས། རྫོགས་པ་ནི་ལྷག་མ་མ་ལུས་པའོ། །ཆེན་པོ་ནི་མ་བྱས་པ་དང་གོང་ན་མེད་པའོ། །ཞེས་གསུངས་པ་ལྟར་ལ། དེ་ལྟ་བུའི་སྟོང་གསལ་འདུས་མ་བྱས་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ལ་ཡེ་ནས་གཟུང་འཛིན་མཚན་མའི་ཆོས་ཀྱི་མ་གོས་པས་བྱང་བ་དང་། ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པས་ཆུབ་ཅེས་གསུངས་ཤིང་། ཐུགས་རྗེ་འགག་པ་མེད་པའི་རྩལ་གདངས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་རྩལ་སྣང་འགགས་མེད་དུ་གསལ་བས་སེམས། ཞེས་གསུངས་ཏེ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རང་བྱུང་ཡེ་ཤེས་གཞི་ཀློང་ཡངས་པ་ལ། །ཡེ་ནས་དྲི་མེད་འཁོར་བས་མ་གོས་བྱང་། །ཡོན་ཏན་ལྷུན་གྲུབ་རྒྱུ་འབྲས་འདས་པས་ཆུབ། །རང་རིག་སྙིང་པོ་འོད་གསལ་དག་པས་སེམས། །ཞེས་གསུངས་སོ། །གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་ཉིད་འཁོར་འདས་ཀྱི་ཆོས་མ་ལུས་མི་ལུས་ལུས་པ་མེད་པ་ཀུན་གྱི་བྱེད་པ་པོར་གྱུར་པའམ་འདི་ཉིད་ཀྱི་རྩལ་ལས་ཤར་བའི་མཉམ་པ་ཆེན་པོ་གཅིག་གི་རང་བཞིན་ཡིན་ཞིང་རང་གི་ངོ་བོ་ཡེ་ནས་ལྷུན་གྲུབ་འདུས་མ་བྱས་པ་ཡིན་པས་རྒྱུ་རྐྱེན་གཞན་གང་གིས་ཀྱང་བྱ་མི་དགོས་པར་བྱེད་པའི་མཁན་པོ་ཀུན་ལས་རྒྱལ་པོ་རུ་གྱུར་པ་ཡིན་ཕྱིར་བླང་དོར་འབད་རྩོལ་དང་བྲལ་བར་བསྟན་པ་སྟེ། དེ་ལྟར་དོན་གྱི་སྒོ་ནས་མཚན་སྨོས་པའོ། །དེ་ལྟར་ཡང་རྒྱུད་འདི་ཉིད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །མ་ལུས་ཀུན་བྱས་བྱེད་ཅིང་བྱེད་འགྱུར་ཏེ། །ཉིད་ལ་བྱ་མི་དགོས་ཏེ་ལྷུན་གྲུབ་པས། །ཀུན་བྱེད་རྒྱལ་པོ་ཞེས་སུ་བསྟན་པ་ཡིན། །ཞེས་སོ། །དེ་ལྟར་མཚན་བཏགས་ཞིང་ཀླད་དུ་སྨོས་པའི་དགོས་པ་ནི། དབང་པོ་རབ་ཀྱིས་ཆོས་ཐམས་ཅད་ཡེ་ནས་བྱ་བཙལ་མེད་པར་བྱང་ཆུབ་སེམས་ཀྱི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་གོ་ནས་རྒྱུད་དོན་ཡོངས་སུ་རྟོགས་པའི་དགོས་པ་དང་། དབང་པོ་འབྲིང་གིས་དོན་གྱི་ཕྱོགས་ཙམ་རྟོགས་པའི་དགོས་པ་དང་། དབང་པོ་ཐ་མས་ཀྱང་སྨན་སྣོད་ལ་ཁ་བྱང་བཏགས་པ་ལྟར་གླེགས་བམ་བཙལ་སླ་བའི་དགོས་པ་ཡོད་དོ། །གཉིས་པ་ཕྱག་གི་དོན་ནི། དེ་ལ་བཅོམ་ལྡན་འདས་ཞེས་པ་ནི་སྤྱིར་བདུད་བཞི་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་བཅོམ་པ་ནི་སྤངས་པ་ཕུན་སུམ་ཚོགས་པ་དང་། ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ་ནི་རྟོགས་པ་ཕུན་སུམ་ཚོགས་པ་དང་། འཁོར་འདས་དང་རྟག་ཆད་ལ་སོགས་པའི་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པ་ནི་ཞི་བའི་མཚན་ཉིད་ཅན་ཏེ། ཕལ་པོ་ཆེ་ལས། སྲིད་དང་ཞི་ལས་རྣམ་གྲོལ་ཞིང་། །ཡོན་ཏན་རྒྱ་མཚོ་གཉིས་སུ་མེད། །སྤྲོས་པ་ཀུན་ལས་རབ་འདས་པའི། །བཅོམ་ལྡན་འདས་ནི་མཁའ་རབ་ཞི། །ཞེས་གསུངས་ལ། དེ་ལས་ཀྱང་འདིར་ཆོས་སྐུ་ལ་སྦྱར་ན། རིག་པ་བྱང་ཆུབ་ཀྱི་སེམས་སྐྱེ་འགགས་མཚན་མའི་ཆོས་སུ་མ་གྲུབ་པས་སྐྱེ་ཤི་དང་བྲལ་བའི་ཕྱིར་འཆི་བདག་གི་བདུད་བཅོམ། ཡུལ་མེད་ཟང་ཐལ་ཆེན་པོའི་ངོ་བོར་གནས་པས་ལྷ་བུའི་བདུད་བཅོམ། རང་བྱུང་འདུས་མ་བྱས་པའི་བདག་ཉིད་ཡིན་པས་ཕུང་པོའི་བདུད་བཅོམ། ཀ་དག་གཞི་རྩ་དང་བྲལ་བའི་བདག་ཉིད་ཡིན་པས་ཉོན་མོངས་པའི་བདུད་བཅོམ་པ་སྟེ། ཐིག་ལེ་ཀུན་གསལ་ལས། ཆོས་སྐུ་སྐྱེ་མེད་འགགས་པ་མེད་པས་འཆི་བདག་གི་བདུད་བཅོམ། མཚན་མ་མེད་པས་ཕུང་པོའི་བདུད་བཅོམ། དེ་གཉིས་སུ་མེད་པས་ཉོན་མོངས་པའི་བདུད་དང་ལྷའི་བུའི་བདུད་བཅོམ། དེ་ནི་ངང་གིས་བཅོམ་པ་ཡིན་ནོ། །ཞེས་གསུངས་ལ། ལེགས་པའི་ཡོན་ཏན་དྲུག་གི་བདག་ཉིད་སྐུ་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་ཡེ་ནས་བཞུགས་པ་ནི་ལྡན་པའི་དོན་ཏེ། དེ་ཉིད་ལས། ཆོས་སྐུ་ཡོན་ཏན་སྒོ་ཡངས་བས། །ཡེ་ཤེས་ལྔ་དང་སྐུ་ལྔ་ལྡན། །ཞེས་པ་སྟེ། དེ་ཡང་ལེགས་པའི་ཡོན་ཏན་དྲུག་ནི། སམྦུ་ཊ་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་ལྡན་ཞེས་བྱ། །ཞེས་པས་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་དབང་ཕྱུག་ནི་ངོ་བོ་ཉིད་ཀྱིས་དག་པ་ཆོས་ཀྱི་སྐུ་དང་ཆོས་དབྱིངས་ཡེ་ཤེས་སོ། །མཚན་དཔེའི་གཟུགས་བཟང་བ་ནི་ལོངས་སྤྱོད་རྫོགས་སྐུ་དང་མེ་ལོང་ཡེ་ཤེས་སོ། །ལེགས་པའི་ཡོན་ཏན་ཀུན་གྱི་དཔལ་དང་ལྡན་པ་ནི་མངོན་པར་བྱང་ཆུབ་པའི་སྐུ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཕྱོགས་བཅུའི་ཞིང་རྣམས་ཀུན་ཏུ་གྲགས་ཤིང་སྣང་བ་དང་། ཇི་ལྟ་ཇི་སྙེད་མཁྱེན་པའ་ིཡེ་ཤེས་དང་ལྡན་པ་ནི་སྤྲུལ་པའི་སྐུ་དང་སོ་སོར་རྟོགས་པའི་ཡེ་ཤེས་སོ། །འགྲོ་བའི་དོན་ལ་གཡེལ་བ་མེད་པའི་བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་དབྱིངས་ལས་འཕོ་འགྱུར་མེད་པ་མི་འགྱུར་རྡོ་རྗེའི་སྐུ་དང་ཕྲིན་ལས་ཚད་མེད་པས་འགྲོ་དོན་རྩོལ་མེད་དུ་མཛད་པ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །འདས་ནི་འཁོར་འདས་གང་གི་ཕྱོགས་སུ་མ་ལྷུང་ཞིང་སྤྲོས་པའི་མཚན་མ་ཀུན་ལས་འདས་པའི་དོན་ཡིན་ཏེ། དེ་ཉིད་ལས། ཆོས་སྐུ་མཐའ་རྣམས་ཀུན་ལས་འདས། །ཞེས་གསུངས་སོ། །ཡང་རྣམ་པ་གཅིག་ཏུ་ན། གནས་ལུགས་ཇི་བཞིན་རྟོགས་པའི་ཤེས་རབ་ཀྱིས་མ་རིག་ལོག་རྟོག་གི་བདུད་བཅོམ་ཞིང་མཁྱེན་པའ་ིཡེ་ཤེས་དང་ལྡན་པ་དང་། གཟུང་འཛིན་རྣམ་རྟོག་གི་མཐའ་ལས་འདས་པས་ན་ཡང་དེ་སྐད་ཅེས་གསུངས་ཏེ། དེ་ཉིད་ལས། རྟོགས་པའི་ཤེས་རབ་ཀྱིས་ལོག་པར་རྟོག་པའི་བདུད་བཅོམ་སྟེ། མཁྱེན་པའི་སྟོབས་དང་ལྡན་པ་སྟེ། གཟུང་འཛིན་གྱི་མཐའ་ལས་འདས་པས་ན་བཅོམ་ལྡན་འདས་སོ། །ཞེས་གསུངས་སོ། །དེ་ལྟར་སྤང་རྟོགས་ཀྱི་ཡོན་ཏན་མཐའ་ཕྱིན་པའི་བདག་ཉིད་ཅན་གདོད་ནས་ཡེ་སངས་རྒྱས་པའི་རང་བཞིན་རིག་པ་བྱང་ཆུབ་ཀྱི་སེམས་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོའམ་འཁོར་འདས་ཀྱི་ཆོས་ཀུན་ལ་དབང་བསྒྱུར་བར་བྱེད་པས་ཀུན་བྱེད་རྒྱལ་པོ་དེ་ལ་རྣམ་སྣང་སྤྲུལ་པའི་ལོ་ཙཱ་ཆེན་པོས་འགྱུར་ལ་བར་ཆད་མེད་ཅིང་མཐར་ཕྱིན་པའི་ཕྱིར་དུ་འཁོར་གསུམ་དམིགས་མཐའ་དང་བྲལ་བས་ཕྱག་འཚལ་ལོ་ཞེས་རྒྱུད་འདི་བསྒྱུར་བའི་ཐོག་མར་འགྱུར་ཕྱག་མཛད་པ་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། བསོད་ནམས་བསགས་པའི་མི་དག་ལ། །གཞན་ལས་གྱུར་པའི་གནོད་པའམ། །ལྷ་འམ་བདུད་ཀྱི་རིགས་རྣམས་ཀྱིས། །བར་ཆད་བྱ་བར་མི་ནུས་སོ། །ཞེས་ཡུལ་ཁྱད་པར་ཅན་ལ་ཕྱག་མཛད་པས་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་བསོད་ནམས་དང་ལྡན་པ་ལ་གཞན་གྱིས་བར་ཆད་མི་ནུས་པས་སོ། །གཉིས་པ་ལ་གསུམ་སྟེ། རྩ་རྒྱུད་ཐོས་པའི་ཤེས་རབ་ལ་གདམས་པ་དང་། ཕྱི་མ་བསམ་བྱུང་གི་ཤེས་རབ་ལ་གདམས་པ་དང་། ཕྱི་མའི་ཕྱི་མ་བསྒོམ་བྱུང་གི་ཤེས་རབ་ལ་གདམས་པའོ། །དང་པོ་ལ་གསུམ་སྟེ། གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་མདོར་བསྟན་པ་དང་། བསྟན་པ་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱས་པར་བཤད་པ་དང་། སྙིང་པོ་ཕུན་སུམ་ཚོགས་པའི་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གླེང་གཞི་དང་། གླེང་བསླང་བའོ། །དང་པོ་ལ་གཉིས་ཏེ། ཕུན་སུམ་ཚོགས་པ་ལྔ་ཡི་རང་བཞིན་མདོར་བསྟན་པ་དང་། དེའི་བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་འདི་སྐད་ཅེས་སྨོས་པ་ནི་འོག་ནས་འབྱུང་བའི་རྒྱུད་དོན་ཡོངས་སུ་རྫོགས་པ་ལ་གོ་དགོས་པས་ཆོས་ཕུན་སུམ་ཚོགས་པ་བསྟན་ལ། བཤད་པའ་ིཚིག་གིས་སྡུད་པ་པོ་སེམས་དཔའ་རྡོ་རྗེ་ཉིད་སྟོན་པ་ཕུན་སུམ་ཚོགས་པ་ཉིད་ཡིན་པར་ཞལ་གྱིས་བཞེས་པས་སྟོན་འཁོར་གཉིས་ཀ་བསྟན་པ་སྟེ། དེ་ལ་ཐོས་པ་ཞེས་མི་སྨོས་པ་ནི་ཐེག་པ་ཐུན་མོང་པའི་སྐབས་སུ་སྟོན་འཁོར་རྒྱུད་ཐ་དད་དུ་སྣང་བ་ལས་ཁྱད་པར་དུ་འཕགས་པ་འདིར་སྟོན་འཁོར་དབྱེར་མེད་དུ་སྟོན་པའི་ཚིག་ཡིན་པར་སྔོན་གྱི་མཁས་དབང་རིག་འཛིན་གོང་མ་རྣམས་ཀྱིས་གསུངས་པ་ལྟར་འདིར་ཡང་ཡིན་དེ། འོག་མིན་ཆོས་སྐུའི་ཞིང་ཁམས་དེ་ན་བདག་གཞན་ཐ་དད་དུ་ཕྱེ་བ་མེད་པར་ཆོས་ཐམས་ཅད་སྟོན་པ་ཀུན་བྱེད་རྒྱལ་པོའི་ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་གཅིག་གི་རང་བཞིན་དུ་བསྟན་པའི་ཕྱིར་ཏེ། འདི་ཉིད་ལས། ང་ནི་ཡེ་ནས་ཀུན་བྱེད་རྒྱལ་པོ་ཡིན། །སྟོན་པ་བསྟན་པ་འཁོར་དུས་ངེས་བྱས་ནས། །སྟོན་པའི་སྟོན་པ་ཡང་ནི་ང་ཡིས་བྱེད། །བསྟན་པ་ང་ཡི་རང་བཞིན་དེ་སྟོན་ལ། །འཁོར་ཡང་ང་ཡི་ངོ་བོ་དེ་བྱུང་ནས། །དུས་གནས་ང་ཡི་རང་བཞིན་དེ་རྒྱུད་ནི། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ལས། །ང་མིན་ཆོས་ནི་གཅིག་ཀྱང་བསྟན་པ་མེད། །སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉིད་ཀྱང་། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པའི་ཕྱིར། །ཁྱོད་ཀྱང་ང་ལས་ང་ཡིས་ཕྱུང་བ་ཡིན། །ཀུན་བྱེད་ང་ནི་ཆོས་ཀྱི་སྙིང་པོར་ཞོག །ཅེས་གསུངས་པ་ལྟར་དང་། དུས་ན་ཞེས་པས་དུས་བཞི་མཉམ་པ་ཆེན་པོ་ཀ་དག་སྐྱེ་བ་མེད་པའི་ངང་ན་འཁོར་འདས་དང་དུས་གསུམ་གྱི་དབྱེ་བ་མེད་པས་འོད་གསལ་བསམ་གྱིས་མི་ཁྱབ་པའི་དུས་ཕུན་སུམ་ཚོགས་པ་བསྟན་ལ། དེ་ལྟར་ཆོས་ཀྱི་སྐུ་ཡི་སྟོན་འཁོར་བསྟན་པ་རྣམས་གང་དུ་སྣང་བའི་གནས་དེ་ཉིད་ཆོས་དབྱིངས་དོན་གྱི་འོག་མིན་ཆེན་པོར་ལྷུན་གྱིས་གྲུབ་པ་ཡིན་པས་ན་གནས་ཕུན་སུམ་ཚོགས་པ་ཉིད་དོན་གྱི་ཤུགས་ལས་བསྟན་པ་སྟེ། དེ་ལྟ་བུའི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་ཆོས་སྐུའི་ཞིང་ཁམས་དེ་ཉིད་ཕྱོགས་ག་ཤེད་ན་གནས་རིས་ཆད་ཅན་དུ་ཅི་ཡང་མེད་པར་ནམ་མཁའི་ཁམས་དང་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པར་ཆོས་སྐུའི་ཞིང་ཁམས་ཀྱིས་ཁྱབ་ཅིང་། ཆོས་སྐུའི་གར་ཁྱབ་པར་ལོངས་སྐུ་དང་སྤྲུལ་སྐུའི་ཞིང་ཁམས་ཀྱང་འགོག་པ་མེད་པས་དཔེར་ན་དུང་ལ་སེར་སྣང་ལྟར་དུ་སེམས་ཅན་རྣམས་ལ་རང་རང་གི་རྟོག་པའི་དབང་གིས་མ་དག་པ་ལྟར་དུ་སྣང་ན་ཡང་དོན་ལ་མ་དག་པའི་ཆོས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་པར་སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཆེན་པོ་གཅིག་གི་རང་བཞིན་ལས་མ་འདས་པས་ན་ངོ་བོ་ལ་དག་པ་ཉག་གཅིག་གི་རང་བཞིན་ཡིན་ཏེ། འདི་ལྟར་དྲི་མ་མེད་པར་གྲགས་པའི་མདོ་ལས། བཙུན་པ་ཤཱ་རིའི་བུས་སྨྲས་པ། བདག་གིས་ས་ཆེན་པོ་འདི་མཐོ་དམན་དང་གཡང་ས་དང་ལྗན་ལྗིན་གྱིས་གང་བར་མཐོང་ངོ་ཞེས་ཟེར་རོ། །སངས་རྒྱས་མྱ་ངན་མེད་པའི་ཞིང་ནས་འོངས་པའི་ཚངས་པ་རལ་པ་ཅན་གྱིས་སྨྲས་པ། བདག་གིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་འདི་ཉིད་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་བཞིན་ཏུ་ཡོངས་སུ་དག་པར་མཐོང་ངོ་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་སངས་རྒྱས་ཀྱི་ཞིང་འདིའི་རང་བཞིན་བསྟན་པར་མཛད་པས། ཐམས་ཅད་ཀྱིས་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་ཡོངས་སུ་དག་པར་མཐོང་བར་གྱུར་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་སྟེ། ཁྱོད་རྣམས་ཀྱིས་མི་མཐོང་ངོ་། །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་གནས་ལུགས་མཐར་ཐུག་པའི་དབང་དུ་ན་དེ་ལྟར་དག་དང་མ་དག་གི་དབྱེ་བ་ཙམ་ཡང་མེད་པར་སྤྲོས་པའི་མཚན་མ་ཐམས་ཅད་ངང་གིས་ཞི་བ་ཆོས་སྐུ་ཐིག་ལེ་ཉག་གཅིག་གིས་རབ་ཏུ་ཕྱེ་བ་ཙམ་ལས་ཅི་ཡང་མེད་དེ། བང་མཛོད་འཕྲུལ་གྱི་ལྡེ་མིག་ལས། རྒྱུ་ཉིད་གསེར་དུ་གཅིག་པ་ལས། །བཟོ་ཡི་ལས་ཀྱིས་བསྒྱུར་བྱས་ཏེ། །ཆོལ་ཟངས་དྲི་སྣོད་བྱས་ཙམ་ན། །གསེར་ཡང་ངན་པའི་རྒྱུ་རུ་སྣང་། །སྐུ་གཟུགས་མཆོད་རྟེན་བྱས་ཙམ་ན། །གསེར་ཡང་བཟང་པོའི་རྫས་སུ་སྣང་། །གསེར་གྱི་རྒྱུ་ལ་བཟང་ངན་མེད། །དེ་བཞིན་ཆོས་ཉིད་རྒྱུད་གཅིག་པས། །རྣམ་རྟོག་འཁྲུལ་པས་བརྟགས་ཙམ་ན། །ཡུལ་ཡང་མ་དག་འཇིག་རྟེན་ཁམས། །ངན་གྲོག་གཡང་ས་ལུང་ཁུང་སྣང་། །ཡེ་ཤེས་ཅན་གྱི་ངོ་གང་ལ། །ཡུལ་ཡང་ཞིང་ཁམས་དག་པ་སྟེ། །བདེ་བ་ཅན་གྱི་གནས་སུ་སྣང་། །ཆོས་ཉིད་རང་གི་ངོ་བོ་ལ། །སྣང་དང་མི་སྣང་གཉིས་སུ་མེད། །ཅེས་གསུངས་སོ། །དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་བཟང་ངན་དང་ཐ་དད་དུ་གྲུབ་པ་མེད་པར་སེམས་ཉིད་ཀུན་བྱེད་རྒྱལ་པོ་གཅིག་གི་བདག་ཉིད་ཡིན་པའི་ཕྱིར་ན་ད་ལྟ་སེམས་ཅན་རྣམས་ཀྱི་དབང་པོ་སྒོ་ལྔར་སྣང་བ་འདི་ལས་ཕུན་སུམ་ཚོགས་པ་ལྔ་ཞིང་གཞན་དུ་མེད་པར་ལ་བཟླ་བར་ཡང་གསུངས་ཏེ། ལ་ཟློ་གསང་བའི་འཁོར་ལོ་ལས། སྟོན་པ་དང་ནི་བསྟན་པ་འཁོར་དུས་གནས། །རང་བྱུང་ཆོས་ཀྱི་དབྱིངས་སུ་ལ་བཟླས་པས། །རང་བྱུང་ངོ་བོ་མངོན་དུ་ཕྱུང་བ་ལ། །ཕུན་སུམ་ཚོགས་པ་རྣམ་པ་ལྔ་པོ་ཡང་། །རང་ལ་རྫོགས་ཤིང་རང་ལ་ཚང་བར་སྟོན། །རང་ལ་དམིགས་སུ་མེད་པར་དབྱིངས་སུ་ལ་ཟློ་ཡིན། ཞེས་དང་། མིག་གི་དབང་པོས་གཟུགས་རྣམས་ཅིར་ཡང་སྟོན། །ཀུན་བྱེད་རྒྱལ་པོའི་སྐུ་རུ་བསྟན་པ་ཡིན། །དེ་ལས་གཞན་པའི་སྟོན་པ་དམིགས་སུ་མེད། །དེ་ལས་སྟོན་པ་རང་ལ་ཚང་ཞེས་གསུངས། །ལྕེས་ནི་སྣང་སྲིད་ཚིག་དང་ཡི་གེར་བརྗོད། །སྒྲ་རྣམས་བསྒྲགས་པ་སྟོན་པའི་གསུངས་ཡིན་པས། །བསྟན་པའི་ཆོས་ཞེས་ཀུན་ལ་གྲགས་པ་ཡིན། །རྣ་བས་སྒྲ་རྣམས་ཇི་ལྟར་གསན་པ་ཡང་། །ཀུན་བྱེད་རྒྱལ་པོའི་སྒྲ་བསྒྲགས་གསན་པ་ལས། །དེ་ལས་གཞན་པའི་སྒྲ་ནི་ཐོས་པ་མེད། །དེ་ཐོས་འཁོར་གྱི་དམ་པར་བྱུང་བ་ཡིན། །དྲི་རྣམས་སྣ་ཚོགས་ཇི་ལྟར་བྱུང་བ་ཡང་། །སྣ་ཡི་དབང་པོ་གཅིག་ལས་མ་འདས་པས། །དབྱེར་མེད་དུས་གསུམ་གཅིག་ཏུ་བསྟན་པ་ཡིན། །མིག་དང་རྣ་བ་སྣ་དང་ལྕེ་ལ་སོགས། །ཐམས་ཅད་ལུས་ལ་གནས་པས་གནས་སུ་བསྟན། །ལུས་གནས་པ་ལ་ཀུན་ཀྱང་གནས་པ་ལས། །ལུས་མི་གནས་ན་སུ་ཡང་གནས་པ་མེད། །དེ་བས་ལུས་འདི་གནས་སུ་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས་ཏེ། གནས་དང་འཁོར་ཕུན་སུམ་ཚོགས་པའོ། །དང་པོ་ནི། དེ་ལ་སྤྱིར་འོག་མིན་ཞེས་པའི་དོན་ནི་དེ་ཉིད་ལས་གོང་ན་གཞན་མེད་པའམ་འོག་ཏུ་མ་གྱུར་བའི་དོན་ཡིན་ལ། དེ་ལ་བྱེ་བྲག་ཏུ་དབྱེ་ན། ཆོས་དབྱིངས་དོན་གྱི་འོག་མིན་དང་། རིག་པའི་འོག་མིན་དང་། རྟགས་ཀྱི་འོག་མིན་དང་། གསང་བའི་འོག་མིན་དང་། རྟོག་པའི་འོག་མིན་དང་། འཇིག་རྟེན་གནས་ཀྱི་འོག་མིན་དང་དྲུག་ཏུ་གསུངས་པ་ལས་འདི་ནི་སྔ་མ་གཉིས་ཏེ། ཆོས་དབྱིངས་མཛོད་འགྲེལ་ལས། ཆོས་སྐུའི་གནས་བསམ་བརྗོད་ལས་འདས་པ་ཆོས་དབྱིངས་དོན་གྱི་འོག་མིན་ནོ། །ཞེས་དང་། གསང་འགྲེལ་ཕྱོགས་བཅུ་མུན་སེལ་ལས། རིག་པའི་འོག་མིན་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པའི་རིག་པའི་ཡེ་ཤེས་ཏེ། དག་པ་གཉིས་ལྡན་གྱི་ཆོས་སྐུའི་བཞུགས་གནས་ཡིན་ཞིང་འདིའི་གོང་ན་རིག་པ་གཞན་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ལ། དེ་ཡང་ཡུལ་ཡུལ་ཅན་ཐ་དད་དུ་གྲུབ་པ་མེད་པར་ཡེ་ནས་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་གནས་ལུགས་དེ་ཉིད་གཟུང་འཛིན་མཚན་མའི་སྤྲོས་པ་གང་གི་ཡང་འོག་ཏུ་མ་གྱུར་པས་ན་འོག་མིན། རྒྱལ་བ་ཐམས་ཅད་གནས་ལུགས་དེ་ཉིད་ཀྱི་ངང་ལས་སྐད་ཅིག་ཀྱང་མི་གཡོ་བར་བཞུགས་པས་གནས་ཞེས་གསུངས་སོ། །ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ཆོས་ཉིད་སྐྱེ་བ་མེད་པ་དེ་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་ལས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་འབྱུང་བའ་ིགནས་སུ་གྱུར་པས་ན་དུས་གསུམ་རྒྱལ་བའི་བསྐྱེད་ཡུམ་སྟོང་ཆེན་རྡོ་རྗེ་བཙུན་མོའི་མཁའ་ཡང་དེ་ཉིད་ཡིན་ལ། ཇི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་ཡང་ཆོས་ཉིད་སྐྱེ་བ་མེད་པ་དེ་ཉིད་ཀྱི་ངང་ལས་འབྱུང་ཞིང་གནས་ཀྱང་དེའི་ངང་ལས་འདའ་བ་མེད་པར་གནས་པ་དང་། གྲོལ་ཀྱང་དེའི་ངང་དུ་གྲོལ་བས་དབྱིངས་ཉིད་ཀྱི་ཀློང་ཞེས་གསུངས་ཏེ། ཆོས་དབྱིངས་མཛོད་ལས། མཉམ་ཉིད་གཅིག་ལ་ཅིར་སྣང་འབྱུང་བས་དབྱིངས། །ཡོན་ཏན་ཐམས་ཅད་བསྐྱེད་པར་བྱེད་པས་གཞི། །ཐམས་ཅད་བྱ་བྱེད་མེད་པར་གྲོལ་བས་ཀློང་། །ཀུན་འབྱུང་སྙིང་པོར་ཤར་བས་བྱང་ཆུབ་སེམས། །མཁའ་འདྲ་གདོད་ནས་དག་པ་ཤེས་པར་བྱ། །ཞེས་པ་ལྟར་རོ། །དེས་ན་དེ་ལྟ་བུའི་ཆོས་དབྱིངས་དོན་གྱི་འོག་མིན་ཆེན་པོ་དེ་ཉིད་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་བཞུགས་གནས་ཡིན་པར་གསུངས་ཏེ། རྒྱུད་འདི་ཉིད་ལས། སྟོན་པ་ཆོས་སྐུའི་གནས་ནི་འདི་ལྟ་སྟེ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །ཡང་དག་དོན་གྱི་འོག་མིན་དེ་རུ་བཤད། །ཅེས་གསུངས་པ་དེ་ལྟ་བུའི་ཞིང་ཁམས་དེ་ན་ཡེ་ཤེས་རང་སྣང་བ་ལ་ཆགས་ཐོག་གི་སྒྲིབ་པ་མི་མངའ་བའི་འོད་གསལ་བའི་གཞལ་ཡས་ཁང་ན་ཞེས་འདིར་སངས་རྒྱས་ཀྱི་རང་སྣང་ཉག་གཅིག་ཡིན་པས་དེ་ལ་གཟིགས་བྱ་གཟིགས་བྱེད་སོགས་གཉིས་ཆོས་གང་ཡང་མི་མངའ་བས་དཀྱིལ་འཁོར་གྱི་དབྱིབས་དང་བཀོད་པ་རྒྱན་དང་ཁ་དོག་ལ་སོགས་པ་མཚན་མ་རིས་ཆད་ཅན་དུ་སྣང་བ་ཡང་མེད་མོད། འོན་ཀྱང་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོའི་རྩལ་ལས་རང་ཤར་བའ ི་འོད་གསལ་ལྷུན་གྲུབ་ཀྱི་བཀོད་པ་ཚད་མེད་པས་བརྒྱན་པའི་གཞལ་མེད་ཁང་ན་སྟོན་འཁོར་ཐམས་ཅད་སྣང་ཆ་མ་འདྲེས་པར་བཞུགས་ཡོད་པར་ཡང་གསུངས་ཏེ། རྫོགས་པ་ཆེན་པོ་བཀྲ་ཤིས་མི་འགྱུར་བའི་རྒྱུད་ལས། ཆོས་ཀྱི་དབྱིངས་ཀྱི་ངང་དཔེ་ལས། བདེ་བར་གཤེགས་པ་བཅོམ་ལྡན་འདས། །སངས་རྒྱས་ཀུན་ཏུ་བཟང་པོ་དཔལ། །རྡོ་རྗེ་སྐུ་གསུང་ཐུགས་ཀྱི་བདག །བདེ་ཆེན་ལྷུན་གྱིས་རྫོགས་པ་ཡིས། །ཕྱོགས་དུས་བདེ་གཤེགས་ཀུན་བདག་ཉིད། །དཀྱིལ་འཁོར་ཆེན་པོས་མཛེས་པར་བརྒྱན། །སྣང་བ་རྣམ་པར་འཕྲུལ་བ་ཡི། །མ་འགགས་ཆེ་བར་རབ་ཏུ་བཀོད། །དཀྱིལ་འཁོར་ཀུན་འབྱུང་བཟང་མོའི་མཁའ། །ཀུན་བཟང་ཆོ་འཕྲུལ་མ་འགགས་པར། །སྣ་ཚོགས་ཁ་དོག་རྣམ་གསལ་ཞིང་། །སྣ་ཚོགས་དབྱིབས་བརྒྱན་ཐ་དད་པའི། །སོ་སོའི་བྱ་རྩལ་འགགས་མེད་ཆོས། །སྒྲིབ་མེད་ནོར་བུའི་མདངས་ལྟ་བུ། །ཞེས་དང་། གཏིང་རྫོགས་ཀྱི་རྒྱུད་ལས། བཅོམ་ལྡན་འདས་དཔལ་ཀུན་རིག་རྒྱལ་པོ་སྟེ། །རང་བྱུང་སེམས་ལ་ངོ་བོ་ཉིད་ཀྱི་སྐུ། །དེ་ཉིད་ཆོས་སྐུ་སྟོན་པ་ཀུན་ཏུ་བཟང་། །འོག་མིན་བདེ་ཆེན་གནས་མཆོག་ཆོས་ཀྱི་དབྱིངས། །ཕྱི་ནང་མེད་པར་མཛེས་ཤིང་འོད་གསལ་བའི། །ཡིད་བཞིན་རྒྱན་གྱི་སྤྲས་ཤིང་བལྟ་ན་སྡུག །ཡངས་དོག་མེད་པའི་གཞལ་ཡས་ཁང་ན་བཞུགས། །ཞེས་གསུངས་པ་དེས་ན་ཚུར་མཐོང་གི་བློས་མཐའ་གཅིག་ཏུ་གཞལ་བའི་ཡུལ་ལས་འདས་པའོ། །གཉིས་པ་འཁོར་ཕུན་སུམ་ཚོགས་པ་ལ་གསུམ་སྟེ། སྣང་སྲིད་གདོད་ནས་དག་པ་སྐུ་གསུམ་གྱི་འཁོར་དང་། ལམ་མངོན་པར་སྣང་བ་རྣལ་འབྱོར་བཞིའི་འཁོར་དང་། འབྲས་བུ་གཞི་ཐོག་ཏུ་གྲོལ་བ་དུས་གསུམ་སངས་རྒྱས་ཀྱི་འཁོར་རོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། དེ་ལྟ་བུའི་ཆོས་དབྱིངས་དོན་གྱི་འོག་མིན་ན་བཞུགས་པའི་སྐུ་གསུམ་གྱི་རྒྱལ་བ་མ་ལུས་པའི་སྟོན་པ་རང་བྱུང་གི་སངས་རྒྱས་ཀུན་བྱེད་རྒྱལ་པོ་ཉིད་ལ། རང་སྣང་མ་འགགས་པའི་རྩལ་ལས་རང་ཤར་བའི་འཁོར་གྱི་ཚོགས་ནི་སྟོན་པ་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་རང་བཞིན་གྱི་འཁོར་ཆོས་ཀྱི་སྐུ་ཞེས་བྱ་བ་དང་། ཉིད་ཀྱི་ངོ་བོ་ཉིད་ཀྱི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བ་དང་། ཉིད་ཀྱི་ཐུགས་རྗེ་ཡེ་ཤེས་ཀྱི་འཁོར་སྤྲུལ་པའི་སྐུ་ཞེས་བྱ་བ་སྟེ། དེ་ལྟར་སྟོན་པ་ཉིད་ཀྱི་ཐུགས་རིག་པ་རང་བྱུང་གི་རྩལ་ལས་མངོན་དུ་ཕྱུང་བའམ་མངོན་དུ་སྣང་བའི་འཁོར་སྐུ་གསུམ་པོ་ནི་འཆད་འགྱུར་འདི་ལྟ་སྟེ་ཞེས་སོ། །གཉིས་པ་ལ་གསུམ་སྟེ། རང་བཞིན་གདོད་ནས་དག་པ་སྟོང་པ་ཉིད་ཆོས་སྐུའི་འཁོར་དང་། ངོ་བོ་འབྱུང་བ་ལྔར་སྣང་བ་གསལ་སྟོང་ལོངས་སྤྱོད་རྫོགས་པའི་སྐུའི་འཁོར་དང་། ཐུགས་རྗེ་རིག་པའི་ཡེ་ཤེས་ཁམས་གསུམ་སེམས་ཅན་དུ་སྣང་བ་སྤྲུལ་སྐུའི་འཁོར་རོ། །དང་པོ་ནི། དེ་ལ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་གནས་ལུགས་སམ་རང་བཞིན་ཡོད་མེད་དང་རྟག་ཆད་སྐྱེ་འགག་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་འཁོར་ནི་ཆོས་ཀྱི་སྐུ་ཞེས་བྱ་བའི་འཁོར་དང་། ཞེས་འདིར་རང་བཞིན་སྟོང་པ་དང་ངོ་བོ་གསལ་བའི་ཆ་ལ་བཞག་པའི་ཚུལ་ནི། གནས་ལུགས་རིན་པོ་ཆེའི་མཛོད་ལས། རང་བཞིན་སྟོང་ངོ་བོ་གསལ་བ་ནི་གཤིས་དང་དེའི་སྙིང་པོར་དབྱེ་བའི་སྐབས་ཡིན་ལ། ངོ་བོ་སྟོང་རང་བཞིན་གསལ་བ་ནི་དབྱིངས་དང་དབྱིངས་ཀྱི་སྙིང་པོ་སྟོན་པར་ཕྱེ་ཡང་། དོན་ལ་སྟོང་པ་ཆོས་སྐུ། གསལ་བ་ལོངས་སྐུ། འཆར་ཚུལ་སྤྲུལ་སྐུར་གཅིག་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ནི། བྱང་ཆུབ་ཀྱི་སེམས་ཉིད་ཀྱི་ངོ་བོ་སྣང་སྲིད་དག་པ་ཆེན་པོར་རང་ཤར་བ་ནི་རང་ལས་ཤར་བའི་སྣང་བ་ལ་རང་གི་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུའི་འཁོར་དུ་བཞག་པ་སྟེ། དེ་ཡང་སྙིང་པོ་རང་བྱུང་གི་ཡེ་ཤེས་སྟོན་པ་ཀུན་བྱེད་ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་སྲ་ཞིང་འཐས་པའི་མཚན་ཉིད་དང་ལྡན་པས་ཐམས་ཅད་བརྟེན་པའི་དོན་བྱེད་པ ས་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་རླན་ཞིང་གཤེར་བའི་མཚན་ཉིད་དང་ལྡན་པས་ཐམས་ཅད་སྡུད་པའི་དོན་བྱེད་པ་ཆུ་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་ཚ་ཞིང་བསྲེག་པའི་མཚན་ཉིད་དང་ལྡན་པས་ཐམས་ཅད་སྨིན་པའི་དོན་བྱེད་པ་མེ་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཞིང་གཡོ་བའི་མཚན་ཉིད་དང་ལྡན་པས་ཐམས་ཅད་འདེགས་པའི་དོན་བྱེད་པ་རླུང་ཞེས་བྱ་བའི་འཁོར་དང་། ཉིད་ཀྱི་ངོ་བོའི་འཁོར་ལོངས་སྤྱོད་རྫོགས་པའི་སྐུ་ཀུན་ལ་ཁྱབ་ཅིང་ཐོགས་རེག་མེད་པའི་མཚན་ཉིད་དང་ལྡན་པས་ཐམས་ཅད་ལ་གོ་འབྱེད་པའི་དོན་བྱེད་པ་ནམ་མཁའ་ཞེས་བྱ་བའི་འཁོར་དང་ལྔ་པོ་དེ་ནི་བྱང་ཆུབ་སེམས་ཀྱི་ངོ་བོ་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུར་ཡེ་ནས་སངས་རྒྱས་པ་ཡིན་པར་གསུངས་སྟེ། མདོ་བཅུ་ལས། སྣང་བའི་ཆོས་དང་སྲིད་པའི་ཆོས། །དེ་ཡང་སྣང་བའི་འབྱུང་ཆེན་ལྔ། །ནམ་མཁའ་སྣང་བྱེད་ཁྱབ་པ་སྟེ། །སེམས་ཉིད་མ་བསྒྲིབ་ཀུན་ལ་ཁྱབ། །དེ་བས་ནམ་མཁའ་བྱང་ཆུབ་སེམས། །སྣང་བྱེད་ཁྱབ་པས་མངོན་སངས་རྒྱས། །འདེགས་པར་བྱེད་པའི་འབྱུང་བ་རླུང་། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་རླུང་། །ཡེ་ཤེས་རླུང་གི་ཀུན་འདེགས་པས། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །ཐམས་ཅད་སྡུད་པའི་འབྱུང་བ་ཆུ། །ཡེ་ཤེས་ཐུགས་རྗེའི་རླན་གྱིས་སྡུད། །དེ་བས་བྱང་ཆུབ་སེམས་ཀྱི་ཆུ། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །མངོན་སུམ་སྣང་བ་སྲ་བྱེད་པ། །ཐམས་ཅད་འདེགས་པའི་བྱང་ཆུབ་སེམས། །དེ་བས་སེམས་ཀྱི་ས་དེ་ལ། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །ཐམས་ཅད་དྲོད་སྙོམ་ཚ་བའི་མེ། །པདྨ་རྣམ་དག་ཡེ་ཤེས་དེ། །དེ་བས་སེམས་ཉིད་རྣམ་དག་པས། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །འབྱུང་ཆེན་ལྔ་ཡི་སངས་རྒྱས་ལྔ། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། གོང་དུ་བསྟན་པའི་འཁོར་དེ་དག་ལས་གཞན་ཡང་སེམས་ཉིད་རང་བྱུང་གི་རོལ་པ་ཐུགས་རྗེ་འགྱུར་བ་མེད་པའི་ཡེ་ཤེས་ཀྱི་རྣམ་འཕྲུལ་མངོན་དུ་ཕྱུང་བའི་སྤྲུལ་པའི་འཁོར་ནི་འདི་ལྟ་སྟེ། འདོད་པའི་འདོད་ཆགས་དང་ལྡན་པས་འདོད་པའི་ཁམས་ཀྱི་གནས་རིས་ཉི་ཤུའི་སེམས་ཅན་ཞེས་བྱ་བའི་འཁོར་དང་། བསམ་གཏན་གྱི་བདེ་བ་དང་ལྡན་པའི་དངས་མ་འོད་ཀྱི་ལུས་དང་ལྡན་པས་གཟུགས་ཀྱི་ཁམས་ཀྱི་གནས་རིས་བཅུ་བདུན་གྱི་སེམས་ཅན་ཞེས་བྱ་བའི་འཁོར་དང་། གནས་གཟུགས་རག་པ་དང་བྲལ་བས་གཟུགས་མེད་པའི་ཁམས་ཀྱི་སྐྱེ་མཆེད་མུ་བཞིའི་སེམས་ཅན་ཞེས་བྱ་བའི་འཁོར་དང་། གསུམ་པོ་དེ་ནི་སྤྲུལ་སྐུའི་འཁོར་ཡིན་ནོ། །འདི་ལྟར་ཁམས་གསུམ་ན་འཁོར་བའི་སེམས་ཅན་རང་རྒྱུད་པ་དེ་དག་སངས་རྒྱས་རང་སྣང་གི་འཁོར་དུ་ཇི་སྟར་འཐད་སྙམ་ན། འདིར་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བཟང་ངན་གཉིས་སུ་མེད་པར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རོལ་རྩལ་མཉམ་པ་ཆེན་པོ་གཅིག་གི་རང་བཞིན་ཡིན་པས་ཆོས་དབྱིངས་དོན་གྱི་འོག་མིན་ན་ཆོས་སྐུ་གདོད་མའི་མགོན་པོ་དང་འབྱེད་པ་མེད་པར་ཐབས་གཅིག་ཏུ་བཞུགས་པ་ཡིན་པར་གསུངས་ཏེ། དེ་ཉིད་ལས། འོག་མིན་ཆོས་ཉིད་ཀྱི་མཁའ། དབྱིངས་ཉིད་ཀྱི་ཀློང་། ཆོས་ཉིད་ཀྱི་གནས། རང་བྱུང་མ་བསྒྲིབས་པའི་གཞལ་ཡས་ཁང་ན་དུས་གསུམ་གཅིག་པའི་སངས་རྒྱས་དང་། མི་སྐྱེ་ལམ་ལ་བལྟ་བའི་རྣལ་འབྱོར་པ་རྣམས་དང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ངེས་པ་ཐོབ་པ་རྣམས་དང་། སྙིང་པོས་བསྡུས་པའི་སྲིད་པ་གསུམ་ཡན་ཆད། འབྱེད་པ་མི་མངའ་བའི་ཐུགས་རྗེའི་དབང་གིས་ཐབས་གཅིག་གོ། །ཞེས་གསུངས་ལ། དེ་བཞིན་དུ་ཁམས་གསུམ་པོ་འདི་ཉིད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་སྐུ་གསུང་ཐུགས་སུ་སངས་རྒྱས་པར་ཡང་གསུངས་ཏེ། དེ་ལས། ཁམས་གསུམ་གནས་ཀྱང་འདི་འདྲ་སྟེ། །འདོད་པའི་ཁམས་ནི་མ་རིག་པ། །ཕྱེ་བ་མེད་པར་ཀུན་ལ་རྨོངས། །མི་རྟོག་གཏི་མུག་ཆོས་ཀྱི་སྐུ། །གཟུགས་ཀྱི་ཁམས་ནི་ཆགས་པའི་གནས། །ང་རྒྱལ་ཆགས་པ་མངོན་གྲུབ་པས། །གཟུགས་ལ་ང་རྒྱལ་བལྟ་མི་ངོམ། །ལྟུང་བ་ཆགས་མེད་ཡེ་ཤེས་སྐུ། །གཟུགས་མེད་ཁམས་ནི་དངོས་མ་གྲུབ། །ཡིད་ཡུལ་ཆོས་ལ་མུ་བཞི་བལྟ། །གཟུང་འཛིན་མེད་པར་རིག་པའི་ཆོས། །མིང་དང་མཚན་མའི་ཡུལ་འདས་ཐུགས། །དེ་བས་སྣང་སྲིད་སྣོད་བཅུད་ཀུན། །བྱང་ཆུབ་སྐུ་གསུང་ཐུགས་སུ་འདུས། །ཞེས་གསུངས་པ་དེས་ན་བཟང་ངན་བླང་དོར་དུ་བསྟན་པ་ཐམས་ཅད་ཐེག་པ་འོག་མའི་ལུགས་ཡིན་པས་འདིར་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་དེ་ལས་ཁྱད་པར་དུ་འཕགས་སོ། །གཉིས་པ་རྣལ་འབྱོར་བཞིའི་འཁོར་ནི། བཞི་རང་བཞིན་གྱིས་རྣམ་པར་དག་པའི་འཁོར་དེ་ལས་གཞན་ཡང་ལམ་མངོན་པར་སྣང་བའི་འཁོར་ནི་འདི་ལྟར་ཆོས་ཐམས་ཅད་གདོད་ནས་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ཀྱི་རང་བཞིན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་རང་བཞིན་དམིགས་བསམ་བརྗོད་བྲལ་ཐམས་ཅད་དང་བྲལ་བ་ལ་བལྟ་བྱ་བ་བལྟ་བྱེད་གཉིས་སུ་གྲུབ་པ་མེད་ཀྱང་གདུལ་བྱའི་རིམ་པས་དེ་ལ་ལྟ་བའི་འཁོར་རྣམ་པ་བཞི་ནི་འདི་ལྟ་སྟེ། ཐེག་པ་ཐམས་ཅད་ཀྱི་རྩེ་མོར་གྱུར་ཅིང་མཚན་མ་མེད་པའི་རྫོགས་རིམ་མཐར་ཐུག་པ་ཡིན་ཤིན་ཏུ་རྣལ་འབྱོར་ཨ་ཏི་ཡོ་ག་ཞེས་བྱ་བའི་འཁོར་དང་། ཀུན་གསལ་ལས། མ་བ སྐྱེད་རྫོགས་དང་དེ་ཡིན་དོན་ལ་འཇུག་པའི་ཕྱིར། །རྫོགས་པ་ཨ་ནུའི་མིང་གི་ངེས་ཚིག་ཡིན། །ཞེས་པ་ལྟར་སྙིང་པོ་བརྗོད་པ་ཙམ་གྱིས་ལྷ་ཡོངས་སུ་རྫོགས་པར་བསྒོམ་པས་སམ། ཤེས་རབ་རྗེས་ཆགས་ཀྱི་ལམ་གཙོ་བོས་སྟོན་པས་ཡོངས་སུ་རྣལ་འབྱོར་རམ་རྗེས་སུ་རྣལ་འབྱོར་ཨ་ནུ་ཡོ་ག་ཞེས་བྱ་བའི་འཁོར་དང་། ཤིན་ཏུ་རྒྱས་པ་ཆེན་པོའི་བསྐྱེད་རིམ་ཉིད་གཙོ་བོར་སྟོན་པས་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་ཞེས་བྱ་བའི་འཁོར་དང་། ཕྱིའི་སྤྱོད་འགྲོགས་ཙམ་དུ་བྱས་ནས་ནང་སེམས་ཀྱི་སྒོམ་པ་གཙོ་བོར་སྟོན་པས་སེམས་དཔའི་རྣལ་འབྱོར་ཕྱི་རྒྱུད་སྡེ་གསུམ་ཞེས་བྱ་བའི་འཁོར་དང་བཞི་པོ་དེ་ནི་འོག་ནས་ཀྱང་རྒྱས་པར་འབྱུང་ངོ་། །གསུམ་པ་གོང་གི་སྐུ་གསུམ་འཁོར་གྱི་དོན་བསྡུ་བ་ནི། གོང་དུ་བསྟན་པ་དེ་ལྟར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གདོད་ནས་རང་བྱུང་སྟོང་གསལ་ཐུགས་རྗེ་ཁྱབ་བརྡལ་ཆེན་པོ་ཉིད་ཀྱི་རང་བཞིན་གནས་ལུགས་ཆོས་ཀྱི་སྐུ་དང་། ཉིད་ཀྱི་ངོ་བོ་སྣང་ལུགས་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཉིད་ཀྱི་ཐུགས་རྗེ་འཆར་ལུགས་སྤྲུལ་པའི་སྐུ་གསུམ་གྱི་རང་བཞིན་སྟོན་པ་ཀུན་བྱེད་ཉིད་ལས་སྟོན་འཁོར་ཐ་དད་དུ་མ་གྲུབ་ཅིང་འབྱེད་པ་མི་མངའ་བས་ཐབས་གཅིག་གོ་ཞེས་ལྷན་གཅིག་ཏུ་མཉམ་པ་ཆེན་པོར་དགྱེས་པར་བཞུགས་སོ། །ས་བཅད་འདི་ཅུང་ཟད་དཀྲུགས་ནས་རྣལ་འབྱོར་བཞིའི་མཐར་གསུངས་པ་ནི་སྣང་ཚུལ་ཙམ་ལ་ལམ་མངོན་པར་སྣང་བའི་ཆ་ནས་རྣལ་འབྱོར་བཞི་ལོགས་སུ་བགྲངས་ཀྱང་དོན་ལ་སྐུ་གསུམ་ལས་མ་འདས་པར་སྟོན་པའི་ཆེད་ཡིན་པར་མངོན་ནོ། །གསུམ་པ་དུས་གསུམ་སངས་རྒྱས་ཀྱི་འཁོར་ནི། དེ་ལྟར་གཞི་རང་བཞིན་གྱིས་དག་པ་དང་ལམ་མངོན་པར་སྣང་བའི་འཁོར་དེ་དག་ལས་གཞན་ཡང་རྩོལ་སྒྲུབ་བླང་དོར་ལ་ལྟོས་པ་མེད་པར་ཡེ་གདོད་མ་ཉིད་ནས་གཟུང་འཛིན་རྣམ་རྟོག་གི་དྲི་མས་མ་གོས་ཤིང་ཡོན་ཏན་ཐམས་ཅད་ལྷུན་གྱིས་རྫོགས་པར་མངོན་པར་སངས་རྒྱས་པའི་བདག་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་རང་བཞིན་མ་ནོར་བར་རྟོགས་པས་ཡང་སངས་རྒྱས་པའི་འཁོར་ནི་འདི་ལྟ་སྟེ། སྔར་བྱོན་འདས་པའི་སངས་རྒྱས་བྱང་ཆུབ་ཀྱི་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བའི་གདོད་མའི་འོད་གསལ་ཆེན་པོ་ཉིད་ཀྱི་ངང་ལ་སྐྱེ་འགགས་འཕོ་འགྱུར་དང་བྲལ་བར་རྟག་ཏུ་གནས་ཤིང་བཞུགས་པའི་འཁོར་དང་། ད་ལྟར་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐས་ཀླས་པར་སྐུ་འཚོ་ཞིང་གཞེས་ཏེ་མངོན་སུམ་དུ་བཞུགས་པའི་སངས་རྒྱས་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་ཐུགས་རྗེའི་རྩལ་འགགས་པ་མེད་པ་ལས་ཤར་བ་རྣམས་ཀྱིས་གདུལ་བྱའི་སེམས་ཅད་མ་ལུས་པ་ཀུན་གྱི་དོན་རྟག་ཁྱབ་ལྷུན་གྲུབ་ཀྱི་ཚུལ་དུ་དངོས་སུ་མཛད་པའི་འཁོར་དང་། སླད་ནས་སམ་ཕྱི་ནས་འབྱོན་པའི་སངས་རྒྱས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་རང་བཞིན་མངོན་སུམ་དུ་རྟོགས་པ་ལས་འབྱུང་བར་འགྱུར་བའི་འཁོར་དང་། རྣམ་པ་གསུམ་པོ་དེ་ཡང་ནི་རིག་པ་རང་བྱུང་གི་ཡེ་ཤེས་སམ་བྱང་ཆུབ་ཀྱི་སེམས་ཀྱི་དབྱིངས་ན་དུས་གསུམ་འདུ་འབྲལ་མེད་པར་དབྱེར་མེད་གཅིག་ཏུ་བཞུགས་པས་འབྱེད་པ་མི་མངའ་བའི་རང་བཞིན་གྱིས་ཐབས་གཅིག་པར་བཞུགས་སོ་ཞེས་གསུངས་སོ། །དེ་ལྟར་སྔར་མདོར་བསྟན་གྱི་སྐབས་སུ་བསྟན་པ་དང་སྟོན་པ་དུས་ཕུན་སུམ་ཚོགས་པ་གསུམ་གཙོ་བོར་བསྟན་ནས་གཞན་གཉིས་ཤུགས་ལ་བསྟན་པ་དང་། རྒྱས་བཤད་ཀྱི་སྐབས་འདིར་གནས་དང་འཁོར་ཕུན་སུམ་ཚོགས་པ་གཉིས་གཙོ་བོར་བསྟན་ཏེ་གཞན་གསུམ་ཤུགས་ལ་བསྟན་པའོ། །དེ་ལྟར་ཕུན་སུམ་ཚོགས་པ་ལྔ་པོ་བསྟན་པའི་དགོས་པ་ཡང་། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། སྟོན་པ་ཕུན་སུམ་ཚོགས་པ་སྨོས་པའི་དགོས་པ་ནི། གང་ཟག་རིག་བཅོས་མ་ཡིན་པར། །སངས་རྒྱས་ཞལ་ནས་གསུངས་པར་ཡིད་ཀྱང་ཆེས། །མི་བསླུ་བདེན་པའི་གཏན་ཚིག་དག་ཏུ་འགྱུར། །བསྟན་པ་ཕུན་སུམ་ཚོགས་པ་སྨོས་པའི་དགོས་པ་ནི། བབ་བཅོལ་མ་ཡིན་དོན་དང་ལྡན་པར་ཡིད་ཀྱང་ཆེས། འདུས་པའི་འཁོར་ཚོགས་སྨོས་པའི་དགོས་པ་ནི། ཀུན་གྱི་ཐུན་མོང་མ་ཡིན་པའི། ངེས་པར་སྟོན་པས་གསུངས་པར་ཡིད་ཀྱང་ཆེས། གནས་ཀྱི་བྱེ་བྲག་གསུངས་པའི་དགོས་པ་ནི། གཞན་དུ་བསྟན་པའི་སྙིང་པོ་མ་གསུངས་པར། །ངེས་པའི་གནས་དེར་གསུངས་པར་ཡིད་ཀྱང་ཆེས། །གནས་ཀྱི་བྱེ་བྲག་གསུངས་པའི་དགོས་པ་ནི། །གཞན་དུ་བསྟན་པའི་སྙིང་པོ་མ་གསུངས་པར། །ངེས་པའི་གནས་དེར་གསུངས་པར་ཡིད་ཀྱང་ཆེས། །དུས་ཀྱི་ཕུན་སུམ་ཚོགས་པ་སྨོས་པའི་དགོས་པ་ནི། །གནས་སྐབས་སྔ་ཕྱི་མ་བརྒལ་བར། །དུས་ཚོད་མཚུངས་ཤིང་ཟིན་པས་ཡིད་ཀྱང་ཆེས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་གླེང་བ སླང་བ་ལ་གསུམ་སྟེ། སྟོན་པས་དགོངས་དོན་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ། དེ་ལས་ཉིད་ཀྱི་ཐུགས་རྗེ་རིག་པའི་འཁོར་སེམས་དཔའ་རྡོ་རྗེ་སྤྲུལ་ཏེ་བཀོད་པ། དེ་ཉིད་ཀྱིས་ཞུས་ཤིང་ལན་གསུངས་པའོ། །དང་པོ་ནི། དེ་ལྟར་གླེང་གཞི་ཕུན་སུམ་ཚོགས་པ་མངོན་པར་སྣང་བ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རང་སྣང་མ་བཅོས་དོན་གྱི་འཁོར་ཚོགས་ཐམས་ཅད་སྟོན་པ་ཉིད་ཀྱི་རང་བཞིན་རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ནང་དབྱིངས་ཀ་དག་ཆེན་པོ་གཅིག་ཏུ་བྱིན་གྱིས་བརླབ་པའི་ཕྱིར་དུ་རྩལ་སྣང་འགགས་པ་མེད་པའི་འཁོར་ཐམས་ཅད་ཀུན་རྫོགས་མཉམ་པ་ཆེན་པོ་སྤྲོས་བྲལ་ཐིག་ལེའི་རང་བཞིན་ཆོས་སྐུ་ཀུན་བྱེད་ཉིད་ཀྱི་སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི་ཐུགས་དམིགས་བསམ་བརྗོད་པ་ལས་འདས་པའི་དབྱིངས་ལ་ཐིམ་པར་མཛད་དོ། །ཞེས་ཕྱི་གསལ་རྩལ་སྣང་གི་རོལ་པ་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་མ་བཅོས་མཉམ་པ་ཆེན་པོའི་ཏིང་ངེ་འཛིན་གྱི་ངང་ལ་གཉིས་མེད་དུ་མཉམ་པར་བཞག་པའོ། །ཚུལ་དེ་ཡང་དོན་གསལ་ལས། དེའི་ཚེ་བཅོམ་ལྡན་འདས་རིག་སྟོང་ཀུན་ཏུ་བཟང་པོ་དེ་ཉིད་འཁོར་ཤེས་རིག་སྣ་ཚོགས་པ་རྣམས་བྱིན་གྱིས་རློབས་པའི་ཕྱིར། འཁོར་ཐམས་ཅད་ཉིད་ཀྱི་ཐུགས་ལ་ཐིམ་ཞིང་སོགས་གསུངས་པ་ལྟར་རོ། །དེ་ལྟར་སྟོན་པ་ཉིད་ཀྱིས་དགོངས་དོན་ལ་མཉམ་པར་བཞག་པའི་ངང་ནས་འཁོར་རྣམས་ཀྱི་ཐུགས་ལ་རིག་པ་རང་བྱུང་གི་ཡེ་ཤེས་བསྒྲིབས་མེད་མངོན་སུམ་དུ་གསལ་བར་མཛད་དོ་ཞེས་རྩལ་ལས་ཤར་བའི་རོལ་བའི་ཡེ་ཤེས་ཐམས་ཅད་རང་བྱུང་གི་ཡེ་ཤེས་གཅིག་གི་ངོ་བོར་གྱུར་བའོ། །དེ་ལྟར་འོད་གསལ་བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བར་མཛད་པ་དེ་ནས་སྙིང་པོ་བྱང་ཆུབ་སེམས་ཀྱི་རྩལ་སྣང་གི་ཆོས་ཐམས་ཅད་དབྱིངས་ཆོས་ཉིད་སྐྱེ་བ་མེད་པ་གཅིག་གི་རང་བཞིན་དུ་ལྡན་པར་བྱ་བའི་ཕྱིར་དུ་རྩལ་སྣང་གི་རོལ་པ་དེ་ཐམས་ཅད་ཀ་དག་སྐྱེ་བ་མེད་པའི་ངང་དུ་བསྡུས་ནས་ནང་དབྱིངས་ཐིག་ལེ་ཆེན་པོ་ཉག་གཅིག་ཏུ་བཞུགས་སོ་ཞེས་སྔ་མ་བྱང་ཆུབ་སེམས་ཀྱི་ངོ་བོ་ལྷུན་གྲུབ་འོད་གསལ་གྱི་ཆ་ནས་དང་། ཕྱི་མ་འདི་བྱང་ཆུབ་སེམས་ཀྱི་རང་བཞིན་སྐྱེ་མེད་ཀ་དག་གི་ཆ་ནས་བསྟན་ཡང་དོན་ལ་ཐ་དད་མེད་པར་དབྱིངས་ཡེ་གཉིས་སུ་མེད་པའི་དགོངས་དོན་ལ་མཉམ་པར་བཞག་པའོ། །གཉིས་པ་ནི། དགོངས་དོན་ལ་མཉམ་པར་བཞག་པ་དེ་ནས་སྟོན་པ་ཉིད་དང་ལྷན་གཅིག་པའི་རིག་པའི་འཁོར་སེམས་དཔའ་རྡོ་རྗེ་དེ་ཉིད་སྟོན་པ་ཉིད་ཀྱི་ཐུགས་རང་བཞིན་སྤྲོས་པ་དང་བྲལ་བ་ཐིག་ལེ་ཆེན་པོ་གཅིག་ཏུ་བཞུགས་པའི་དགོངས་པ་མི་གཡོ་བའི་ངང་དེ་ལས་གཟུགས་སྐུའི་རོལ་བར་བྱུང་བའམ་ཆོས་ཉིད་ཀྱི་རང་མདངས་སུ་ཤར་ནས། བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་བྱེད་རྒྱལ་པོའི་སྤྱན་སྔར་རྒྱལ་སྲས་སེམས་དཔའ་རྡོ་རྗེ་ཉིད་རྩོལ་མེད་ཨ་ཏིའི་ཐེག་པ་འབྱུང་བའི་དུས་ལ་བབ་པར་མཁྱེན་པས་ཐུགས་ཤིན་ཏུ་དགྱེས་ཤིང་དགའ་བའི་སེམས་ཀྱིས་མཚན་དཔའི་གཟི་བྱིན་རབ་ཏུ་འབར་བའི་ཞལ་དང་བའི་མདངས་ཕྱུང་སྟེ་འཁོད་པས་བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་བྱེད་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་སྐྱེ་མེད་དོན་གྱི་གསུང་གིས་སྨྲས་པ། སྟོན་པ་རང་ཉིད་ཀྱི་རྩལ་ལས་བྱུང་བའི་སེམས་དཔའ་རྡོ་རྗེ་ཉིད་སྒྲ་ཚིག་བརྗོད་པ་ལས་འདས་པ་ཡང་གསང་ཨ་ཏི་ཡོ་གའི་རྒྱུད་སྡེ་རྣམས་གསུང་བར་བསྐུལ་བ་པོ་འཁོར་གྱི་ཚུལ་དུ་རང་སྣང་བ་ལ་དགྱེས་ཤིང་ངོ་མཚར་བས་ཨེ་མ་ཧོ་ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ། རྩོལ་བྲལ་ཨ་ཏིའི་ཆོས་སྟོན་པའི་དུས་ལ་བབས་པར་གཟིགས་ནས་ཡེ་ཤེས་ལྔ་དང་ལྡན་པའི་ཐུགས་ཟག་མེད་རང་བྱུང་གི་ཡེ་ཤེས་ཉིད་དགྱེས་ཤིང་དགའ་བའི་སེམས་སྐྱེས་པ་ལ་ངོ་མཚར་བའི་གསུང་གིས་ཨེ་མ་ཧོ་ཞེས་བརྗོད་པ་དང་། མཚན་དཔེའི་ཞལ་གྱི་དཀྱིལ་འཁོར་སྟོན་ཟླ་གསལ་བའི་ངོས་ལྟར་དང་བའི་མདངས་ཕྱུང་བ་ལ་ངོ་མཚར་བས་ཨེ་མ་ཧོ་ཞེས་པ་དང་། དེ་ཡང་གཞན་དུ་གྲུབ་པ་མེད་པར་གཞི་མེད་རྩ་བ་དང་བྲལ་བ་རིག་པ་རང་བྱུང་གི་ཡེ་ཤེས་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ལས་གཞི་སྣང་ལྷུན་གྲུབ་ཀྱི་སྣང་ཆར་སེམས་དཔའ་རྡོ་རྗེ་ཁྱོད་ཉིད་ཆོས་ཉིད་རྫོགས་པ་ཆེན་པོའི་དགོངས་པ་ཕྱི་རབས་རྗེས་འཇུག་རྣམས་ལ་སྣང་བའི་དོན་དུ་གཟུགས་སྐུའི་ངོ་བོར་བྱུང་བ་ཨེ་མ་ཧོ་སྟེ་ངོ་མཚར་རོ། །ཞེས་གསུངས་པས་སྟོན་པའི་ཚིག་གི་མདུན་བསུ་བའི་སྒོ་ནས་གོ་ཕྱེས་སོ། །གསུམ་པ་ལ་གཉིས་ཏེ། ཆོས་ཀུན་གྲུབ་བསལ་མེད་པ་ཡེ་ནས་ཐིག་ལེ་གཅིག་གི་རང་བཞིན་ལ་ཕུན་སུམ་ཚོགས་པ་ལྔ་ཇི་ལྟར་འཐད་ཞུས་པ་དང་། དབྱིངས་གཅིག་དེ་བཞིན་ཉིད་ཆོས་ཐམས་ཅད་ཀྱི་འབྱུང་གནས་སམ་ངོ་བོར་གནས་པ་དེའི་འཐད་པ་ཀུན་བྱེད་ཉིད་དུ་གསུངས་ཚུལ་ལོ། །དང་པོ་ནི། དེ་ལྟར་སྟོན་པའི་ཚིག་གིས་མདུན་བསུས་པའི་རྗེས་དེ་ནས་སེམས་དཔའ་རྡོ་རྗེ་སྟོན་པ་ཀུན་བྱེད་རྒྱལ་པོ་ལ་གླེང་སློང་བའི་ཚིག་དངོས་སུ་ཞུས་པ། ཀྱེ་ཞེས་རང་ལས་མཐོ་བའམ་ཆེ་བ་ལ་འབོད་པའི་ཚིག་སྟེ། དེ་ཡང་དོན་ལ་སྟོན་འཁོར་དགོངས་པ་དབྱེར་མེད་ཡིན་པས་མཐོ་དམན་དང་བཟང་ངན་སོགས་མེད་ཀྱང་སྣང་བའི་ངོས་ནས་སྟོན་པ་དང་འཁོར་ལྟར་སྣང་བའི་ཕྱིར་དེ་ལྟར་གསུངས་པ་དང་། ཕྱི་རབས་རྗེས་འཇུག་རྣམས་ཀྱིས་ཆོས་སྨྲ་བའི་བླ་མ་ལ་གུས་པ་བྱེད་དགོས་པར་ཡང་དོན་གྱིས་སྟོན་ཏོ། །དེ་ལྟར་གུས་པའི་ཚིག་གིས་མདུན་བསུས་ནས་སྟོན་པའི་སྟོན་པ་ཞེས་སྟོན་པ་སྐུ་གསུམ་གྱི་ཡང་སྟོན་པར་གྱུར་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ལགས་ཞེས་སྨོས་པ་སྟེ། དེ་ལ་སྐུ་གསུམ་གྱི་སྟོན་པ་གང་ཞེ་ན་ནང་རྒྱུད་སྡེ་གསུམ་གྱི་སྟོན་པ་ཆོས་ཀྱི་སྐུ་དང་། ཕྱི་རྒྱུད་སྡེ་གསུམ་གྱི་སྟོན་པ་ལོངས་སྐུ་དང་། མཚན་ཉིད་སྡེ་གསུམ་གྱི་སྟོན་པ་སྤྲུལ་པའི་སྐུ་སྟེ་གསུམ་ཡིན་ལ། འོ་ན་ཀུན་བྱེད་རྒྱལ་པོ་རང་ཉིད་ཆོས་སྐུ་མིན་ནམ་དེ་ཆོས་སྐུའི་སྟོན་པར་ཇི་ལྟར་འགྱུར་སྙམ་ན། འདིར་སྟོན་པ་ཀུན་བྱེད་རྒྱལ་པོ་ནི་ཡེ་ནས་འཁྲུལ་མ་མྱོང་བའི་སངས་རྒྱས་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་སྔོན་རོལ་དུ་མངོན་པར་བྱང་ཆུབ་པ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཡིན་པར་གསུངས་ཏེ། རྨད་བྱུང་རྒྱལ་པོ་ལས། ཐོག་མ་ཀུན་གྱི་སྔོན་རོལ་དུ། །རང་སྣང་གཞི་ལ་མཐར་ཕྱིན་ཏེ། །སྔར་སངས་སྔ་ནས་རྒྱས་པའི་ཕྱིར། །ཐོག་མའི་ཀུན་ཏུ་བཟང་པོ་ནི། །འཁོར་འདས་ཀུན་གྱི་སྟོན་པར་ཤར། །ཞེས་གསུངས་ལ། ངའི་འཁོར་དུ་གསུངས་པའི་སྐུ་གསུམ་ནི་སྟོན་པ་དེ་ཉིད་ཀྱིས་ལམ་མངོན་པར་བསྟན་པ་ལ་བརྟེན་ནས་ཕྱི་ནས་སངས་རྒྱས་པ་རྣམས་ཏེ། ཀུན་མཁྱེན་བླ་མས། སྟོན་པ་འདི་ཡོད་པས་འཁོར་འདས་གདོད་མར་གྲོལ་བའི་ལམ་སྟོན་པ་བྱུང་སྟེ་དུས་གསུམ་གྱི་རྒྱལ་བ་བྱུང་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་འཇིག་རྟེན་དུ་སངས་རྒྱས་འབྱུང་བའང་མི་རིགས་ཏེ། ཐམས་ཅད་སེམས་ཅན་དུ་མཉམ་པ་ལ་གཅིག་གིས་གཅིག་ལ་ལམ་སྟོན་པར་མི་ཤེས་པ་ཉིད་དང་། ལ་ལ་སངས་རྒྱས་ཤིང་ལ་ལ་འཁོར་བ་མི་རིགས་སོ། །ཞེས་གསུངས་སོ། །དེ་ལྟ་བུའི་སངས་རྒྱས་ཐམས་ཅད་ཀྱི་སྟོན་པ་གདོད་མའི་མགོན་པོ་ཀུན་བྱེད་རྒྱལ་པོ་ཉིད་ལ་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་ཏེ། ཅི་སྟོན་པ་ཉིད་ཀྱང་མཚན་རྟོག་གི་སྤྲོས་པའི་གྲྭ་ཟུར་ཐམས་ཅད་དང་བྲལ་བས་ཀུན་ཟླུམ་ཐིག་ལེ་ཆེན་པོ་ཉག་གཅིག་སྤྲོས་པ་མེད་པས་གཉིས་སྣང་གི་ཡུལ་དུ་གྲུབ་པ་མེད་དམ་སྟེ་མེད་པ་ཞིག་ཡིན་ནམ། ཉིད་ཀྱི་རྩལ་ལས་ཤར་བའི་འཁོར་རྣམས་ཀུན་ཀྱང་ཐིག་ལེ་སྤྲོས་མེད་ཀྱི་རང་བཞིན་ཉིད་དམ། གཞན་ཡང་ཀུན་བྱེད་ཉིད་ཀྱིས་བསྟན་པ་དམ་པའི་ཆོས་ཀུན་ཀྱང་ཐིག་ལེ་སྤྲོས་མེད་ཉིད་དམ། ཕུན་སུམ་ཚོགས་པ་རྣམས་སྣང་བའི་དུས་དང་གནས་ཉིད་ཀྱང་ཐིག་ལེ་སྤྲོས་མེད་ཀྱི་རང་བཞིན་མཚན་མའི་ཡུལ་མེད་པ། བློས་གཞལ་དུ་མེད་པ། ངག་གིས་བརྗོད་དུ་མེད་པ། དཔེ་ཡིས་མཚོན་དུ་མེད་པ་སོགས་སྣང་བའི་ཆོས་གང་དུའང་གྲུབ་པ་མེད་དམ་སྟེ། དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཕུན་སུམ་ཚོགས་པ་ཀུན་ཀྱང་ཡེ་ནས་སྤྲོས་པའི་གྲ་ཟུར་ཐམས་ཅད་དང་བྲལ་བས་སྤྲོས་མེད་ཐིག་ལེའི་རང་བཞིན་གྲུབ་བསལ་འཕོ་འགྱུར་མེད་པ་ཞིག་ཡིན་ན། དེ་ལས་ཆེས་ཟབ་པའི་དོན་ཞིག་མི་སྲིད་པས་སྐུ་གསུམ་གྱི་སྟོན་པའི་སྟོན་པས་འཁོར་རྣམས་ལ་ཆོས་ཅི་ཞིག་སྟོན་པར་མཛད་དེ་སྤྲོས་པ་མེད་པ་ཐིག་ལེའི་རང་བཞིན་ཡིན་པའི་ཕྱིར་དང་། ཉིད་ཀྱི་འཁོར་དུ་ལྷན་གཅིག་ཏུ་འདུས་ཤིང་འཁོར་བའི་དོན་ནི་ཅི་ལ་འཁོར་ཞིང་འཚོགས་ཏེ་སྤྲོས་པ་མེད་པ་ལ་དེ་ལྟར་མི་འཐད་པའི་ཕྱིར་དང་། གལ་ཏེ་འཁོར་དུ་འདུས་སུ་ཆུག་ཀྱང་དེ་ལ་བསྟན་པ་ཅི་ཞིག་སྟོན་པར་བྱེད་དེ་སྨྲ་བརྗོད་ཀྱི་སྤྲོས་པ་མེད་པའི་ཕྱིར་དང་། སྟོན་འཁོར་བསྟན་པ་གསུམ་པོ་ལྷན་དུ་ཚོགས་པའི་དུས་དང་གནས་ནི་གཅིག་པ་རུ་ཇི་ལྟ་བུ་ཡི་ཕྱིར་ན་འགྱུར་ཏེ་ཆོས་ཉིད་ཡེ་ནས་གཅིག་དང་ཐ་དད་ལ་སོགས་པའི་དམིགས་བསམ་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །དེས་ན་ཚུལ་ཇི་ལྟ་བུ་ཡིན་པ་སྟོན་པ་ཉིད་ཀྱིས་གསུངས་པར་མཛད་དུ་གསོལ་ཞེས་ཞུས་སོ། །གཉིས་པ་ནི། དེ་ལྟར་འཁོར་གྱིས་ཞུས་པའི་དོན་སྟོན་པ་ཉིད་ཀྱི་གསན་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སླར་ཡང་སེམས་དཔའ་རྡོ་རྗེ་ལ་སྒྲ་ཚིག་དང་བྲལ་བའི་བརྗོད་མེད་དོན་གྱི་གསུང་གིས་འདི་སྐད་ཅེས་གསུངས་སོ། །སྟོན་འཁོར་དགོངས་པ་དབྱེར་མེད་ལ་མཆོག་དམན་མེད་པའི་ཕྱིར་ཀྱེ་ཞེས་པའི་འབོད་ཚིག་སྦྱར་ཏེ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་སྒྲ་ལ་ཆུག་ཅིག་གམ་སྒྲ་ལ་གཏད་ནས་དོན་མ་ནོར་བར་ཟུང་ཞིག་དང་། སྟོན་པ་ཀུན་བྱེད་དེས་ཇི་ལྟར་ཞུས་པའི་ཟབ་མོའི་དོན་རྣམས་ཆོས་ཉིད་དོན་གྱི་རང་སྒྲར་སྤྲོས་ནས་བཤད་ཀྱིས་ཞེས་སྣོད་ཀྱི་སྐྱོན་དང་བྲལ་བས་ཉན་པར་བསྐུལ་བའི་ཚུལ་གྱིས་གང་ཞིག་གསུང་བའི་དོན་ནི། ཀྱེ་སེམས་དཔའ་ཆེན་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་ཀྱི་རང་བཞིན་ནི་དབྱིངས་གཅིག་དེ་བཞིན་ཉིད་ཆོས་རྣམས་ཐམས་ཅད་ཀུན་གྱི་འབྱུང་གནས་སུ་གྱུར་པ་སྙིང་པོ་སྟེ་ངོ་བོར་གནས་པ་ཡིན་ཀྱང་འཁོར་འདས་ཀྱི་ཆོས་རྣམས་སྣང་བའི་དུས་ཉིད་ནས་སྙིང་པོ་བྱང་ཆུབ་ཀྱི་སེམས་ཉིད་ནི་གང་དུའང་མ་སྤྲོས་ཤིང་འགྱུར་བ་མེད་པའི་ཕྱིར་ན་ཡེ་ནས་ཆོས་ཉིད་མཉམ་བརྡལ་ཆེན་པོ་ཀུན་ཁྱབ་ཐིག་ལེ་ཉག་གཅིག་གི་རང་བཞིན་དུ་གནས་པ་ཡིན་ཏེ། ཅིའི་ཕྱིར་ན་ཐིག་ལེ་ཞེས་པ་ནི་ཡེ་ཤེས་སྤྲོས་པ་ཡི་གྲྭ་ཟུར་མེད་པའི་ཆོས་ཉིད་འགྱུར་བ་མེད་པ་སྲིད་ཞི་ཀུན་ཁྱབ་ཆེན་པོའི་དོན་ཡིན་པའི་ཕྱིར་ཏེ། ཀུན་གསལ་ལས། ཐིག་ལེ་ཐམས་ཅད་ནི། མི་འགྱུར་བ་མི་འགག་པ་ཁྱབ་པར་བཤད་དོ། །ཞེས་གསུངས་སོ། །དེ་བཞིན་དུ་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་དང་ནི་དེ་དག་གིས་གསུངས་པའི་བསྟན་པ་རྒྱུ་འབྲས་ཀྱི་ཐེག་པ་རྣམས་དང་། སྟོན་པ་གསུམ་པོ་དེ་ཉིད་ཀྱི་འདུས་པའི་འཁོར་རྣམས་དང་དེ་རྣམས་ལྷན་དུ་ཚོགས་པའི་དུས་དང་གང་དུ་ཚོགས་པའི་གནས་ཕུན་སུམ་ཚོགས་པས་བསྡུས་པའི་ཆོས་ཐམས་ཅད་སྙིང་པོ་ཀུན་བྱེད་རྒྱལ་པོ་ང་ལས་བྱུང་བས་ན་ཡེ་ནས་སྤྲོས་བྲལ་ཐིག་ལེ་ཡི་ངོ་བོར་བརྗོད་པ་སྟེ། དེ་ཡང་རྒྱུ་མཚན་ཅིའི་ཕྱིར་ན་དེ་དག་གང་ལས་བྱུང་བའི་གཞི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་སྤྲོས་མེད་ཐིག་ལེ་ཡི་ངོ་བོ་ཉིད་ཡིན་པར་བསྟན་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །ལེའུའི་མཚན་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་གླེང་གཞི་དང་གླེང་སློང་གཉིས་ཀ་ཡིན་ཀྱང་བརྗོད་བྱ་མིང་གི་ཆ་ནས་གླེང་གཞིའི་སྒྲར་སྨོས་པ་སྟེ་དེ་ཡང་གང་ཞིག་གླེང་བ་ནི་བསྟན་པ་རྒྱུད་ཀྱི་དོན་ལ་དེ་ཉིད་འབྱུང་བའི་གཞིར་གྱུར་པས་དེ་སྐད་དུ་སྨོས་ལ་ལེའུ་ནི་སྡེ་ཚན་སོ་སོ་མ་འདྲེས་པར་མཚམས་གཅོད་པའི་དོན་ཏེ། དེ་ལས་རིགས་ཀྱི་བུ་ལེའུ་ཞེས་པ་ནི། སོ་སོའི་ས་མཚམས་དང་ཆོས་གཞན་དང་མ་འདྲེས་ཏེ། གང་མཚོན་པའི་དོན་གཙོར་བཤད་པའོ། །ཞེས་སོ། །དེ་ལས་འདིར་ལེའུ་བརྒྱད་ཅུ་རྩ་བཞི་ཡོད་པའི་ནང་ནས་ཐོག་མ་ཡིན་པས་ན་དང་པོའི་འགྲེལ་བའོ།། །།དོན་གཉིས་པ་བསྟན་པ་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱས་པར་བཤད་པ་ལ་གསུམ་སྟེ། ཕུན་སུམ་ཚོགས་པ་ལྔའི་རང་བཞིན་ཇི་ལྟར་བཀོད་ཅིང་བྱུང་བའི་ཚུལ་བསྟན་པ། གནས་ལུགས་རྒྱ་ཆེར་བཤད་པ། ཚིག་དོན་བསྡུས་ཏེ་དགྲོལ་བའོ། །དང་པོ་ལ་གཉིས་ཏེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་ཕུན་སུམ་ཚོགས་པ་ལྔར་བཀོད་ཚུལ་བསྟན་པ་དང་། དེ་ཉིད་གཤིས་ཀུན་བྱེད་དེ་བཞིན་ཉིད་ཀྱི་ངང་ལས་བྱུང་ཚུལ་བཤད་པའོ། །དང་པོ་ནི་ལེའུ་གཉིས་པས་བསྟན་པ་ལའང་གཉིས་ཏེ། ལེའུ་ལ་འཇུག་པའི་རྒྱུའི་ཚུལ་གྱིས་མདོར་བསྟན་པ་དང་། དེ་ཉིད་རྒྱ་ཆེར་བཤད་པས་རྒྱས་པར་བསྟན་པའོ། །དང་པོ་ནི། དེ་ལྟར་གླེང་གཞི་ཕུན་སུམ་ཚོགས་པའི་སྒོ་ནས་སྟོན་འཁོར་གཉིས་ཀྱིས་གླེང་བསླང་བའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཉིད་ལས་བྱུང་བའི་རང་བཞིན་དམིགས་བསམ་སྤྲོས་པ་དང་བྲལ་བའི་ངོ་བོར་གཟིགས་པའི་དགོངས་པ་ལས་མི་གཡོ་བའི་ཏིང་ངེ་འཛིན་སྟོང་གསལ་བརྗོད་མེད་བློ་འདས་ཆེན་པོའི་རང་བཞིན་ཅན་གྱི་ཏིང་ངེ་འཛིན་ཅེས་བྱ་བ་ལ་མཉམ་པར་བཞག་ནས་གནས་པར་མཛད་དོ། །གཉིས་པ་རྒྱས་པར་བཤད་པ་ལའང་གསུམ་སྟེ། རིག་པའི་སེམས་དཔའ་ཉིད་འཁོར་དུ་བཀོད་པའི་དོན་ཞུས་པ། དེ་བཞིན་ཉིད་ཀྱི་སྟོན་པའི་ངང་ལས་ཕུན་སུམ་ཚོགས་པས་བསྡུས་པའི་ཆོས་ཉིད་བཀོད་པ། དེའི་དོན་དྲི་ལན་དུ་བཤད་པའོ། །དང་པོ་ནི། སྟོན་པས་དགོངས་དོན་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དེ་ནས་འཁོར་གྱི་ཚོགས་རྣམས་ཆོས་དབྱིངས་མཉམ་པ་ཆེན་པོའི་ངང་དུ་རང་བཞིན་གཅིག་ཏུ་བཞུགས་པ་ལས་སེམས་དཔའ་རྡོ་རྗེ་དགོངས་པའི་ཀློང་ནས་རྩལ་གྱི་ངོ་བོར་ལངས་ནས་སྟོན་པ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་ཞལ་མངོན་སུམ་དུ་ཕྱོགས་པའི་མདུན་དུ་སྐུ་གངས་དཀར་ཤེལ་གྱི་རི་བོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བུའི་ཞལ་གྱི་མདངས་ཕྱུང་སྟེ་མི་འགྱུར་བརྟན་པའི་རི་རབ་བཞིན་དུ་འཁོད་ནས་སྐྱེ་མེད་རང་བྱུང་གི་ཡེ་ཤེས་ཀྱི་གསུང་ཕྱུང་སྟེ་ཞུས་པ། ཀྱེ་ཆོས་ཉིད་འདུས་མ་བྱས་པའི་སྐུ་ཅན་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། སྟོན་པ་ཁྱོད་ཀྱི་འཁོར་དུ་ཉིད་ཀྱི་ཐུགས་རྗེ་ཡེ་ཤེས་ཀྱི་རྩལ་ལས་ཤར་བའི་བདག་ཅག་རིག་པའི་སེམས་དཔའ་རྣམས་འདུས་ཤིང་འཁོད་པ་སྟེ་ལྷན་དུ་ཚོགས་པ་ལགས་ན། བདག་ཅག་འདུས་པ་རྣམས་ཀྱིས་ནི་འཚལ་བའམ་ཤེས་པར་བྱ་བའི་དོན་ནི་ཆོས་རྣམས་ཀྱི་གནས་ལུགས་བསལ་བཞག་བྲལ་བའི་ཡེ་ཤེས་རྫོགས་པ་ཨ་ཏི་ཡོ་གའི་དགོངས་པ་དེ་ཅི་ལྟ་བུ་ཞིག་མཆིས་པའམ་བདག་ཅག་རྣམས་ཀྱིས་ཤེས་པར་འཚལ་བའི་དགོངས་དོན་དེ་ནི་སྟོན་པ་ཀུན་བྱེད་ཁྱོད་ཀྱིས་བསྟན་པར་མཛད་དུ་གསོལ་ཞེས་ཞུས་སོ། །གཉིས་པ་ལ་བཞི་སྟེ། གདོད་མའི་གཞི་ཀུན་བྱེད་ཉིད་སྐུ་གསུམ་དུ་བཀོད་པ། དེ་ལས་རང་བྱུང་གི་ཡེ་ཤེས་ལྔ་བཀོད་པ། དེ་ལས་སྲིད་གསུམ་སྣོད་བཅུད་ཀྱི་རང་བཞིན་བཀོད་པ། དེ་ལྟར་དག་མ་དག་སྣ་ཚོགས་སུ་སྣང་དུས་ཉིད་ནས་རང་བཞིན་སྤྲོས་པའི་མཐའ་བྲལ་དུ་གནས་པའོ། །དང་པོ་ནི། སེམས་དཔའ་རྡོ་རྗེས་དགོས་དོན་ཞུས་པའི་རྗེས་དེ་ནས་གདོད་མའི་གཞི་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་རང་བཞིན་ཆོས་ཉིད་ཡེ་སྟོང་ཆེན་པོ་སྤྲོས་བྲལ་ཀ་དག་གི་རང་བཞིན་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ནི་སྟོང་པ་ཆོས་ཀྱི་སྐུ་དང་། ཉིད་ཀྱི་ངོ་བོ་འོད་གསལ་ལྷུན་གྲུབ་ཀྱི་སྣང་བ་མ་འགག་ཅིར་ཡང་འཆར་བའི་གཞིར་གནས་པ་ནི་གསལ་བ་ལོངས་སྐུ་དང་། ཉིད་ཀྱི་ཐུགས་རྗེ་རིག་པའི་ཡེ་ཤེས་གསལ་སྟོང་ཟུང་འཇུག་གི་རྩལ་ལས་ཅིར་ཡང་འཆར་བའི་ཡེ་ཤེས་ནི་གཉིས་མེད་སྤྲུལ་པའི་སྐུ་སྟེ་གསུམ་པོ་དེ་ཕུན་སུམ་ཚོགས་པའི་ཆོས་ཐམས་ཅད་ཀྱི་འཆར་གཞི་དབྱིངས་དེ་བཞིན་ཉིད་ཀྱི་རང་བཞིན་དུ་བཀོད་པ་སྟེ་ཞེས་ནང་གསལ་གྱི་ཡེ་ཤེས་གསུམ་པོ་དེ་ཆོས་ཐམས་ཅད་ཀྱི་འཆར་གཞི་བསྟན་པ་ཡིན་ཏེ། མཐར་ཐུག་དོན་གྱི་སྙིང་པོ་ལས། འཁོར་དང་འདས་པ་གང་གིས་ཀྱང་། །གོས་པ་མེད་པའི་སྔོན་རོལ་ན། །རང་བྱུང་ཡེ་ཤེས་ཀ་དག་ཉིད། །ངོ་བོ་སྟོང་པ་མཚོན་བརྗོད་འདས། །རང་བཞིན་འོད་ལས་གཏིང་གསལ་ཚུལ། །ཐུགས་རྗེ་རིག་པའི་སྙིང་པོ་ཅན། །ནང་དབྱིངས་ཀ་དག་ཆེན་པོར་གནས། །ངོ་བོ་སྐུར་གནས་འཕོ་འགྱུར་མེད། །རང་བཞིན་འོད་ལས་གསུང་ཉིད་འཆར། །ཐུགས་རྗེ་ཐུགས་ཏེ་རིག་པར་གནས། །སྐུ་རུ་ནས་ཀྱང་ཞལ་ཕྱག་མེད། །འོད་དུ་གནས་ཀྱང་ཁ་དོག་མེད། །རིག་པར་གནས་ཀྱང་འཕྲོ་འདུ་མེད། །རང་ངོ་ནང་གསལ་འཆར་གཞིའི་ཆ། །སྐུ་ལས་སྐུ་གསུམ་ཉིད་དང་ནི། །འོད་ལས་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཐུགས་རྗེ་རིག་པ་ཡེ་ཤེས་སུ། །ངང་གི་འཆར་བའི་གཞི་མོར་གནས། །འདི་ནི་གདོད་མའི་གནས་ལུགས་སོ། །ཞེས་སོ། །གཉིས་པ་ནི། དེ་ལྟ་བུའི་སྟོང་གསལ་ཐུགས་རྗེ་གསུམ་པོ་དེ་ལས་ཆོས་ཐམས་ཅད་བཀོད་པ་ནི་ཞེས་སྤྱིར་བསྟན་ནས་བྱེ་བྲག་ཏུ་སྟོན་པ་ཀུན་བྱེད་ཉིད་ཀྱི་ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་རྩལ་འགགས་པ་མེད་པ་ལས་རང་བྱུང་གི་ཡེ་ཤེས་ཆེན་པོ་ལྔ་བྱུང་བ་ནི་འདི་ལྟ་སྟེ་སེམས་ཁོང་ནས་འཁྲུགས་པའི་བདག་ཉིད་ཅན་གྱི་མནར་སེམས་པའི་ཞེ་སྡང་རང་ཀ་མར་སྣང་བ་འདི་ཉིད་རྒྱུ་རྐྱེན་ལ་ལྟོས་པ་མེད་པར་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡི་རྩལ་འགགས་པ་མེད་པ་རང་གསལ་གྱི་ཚུལ་དུ་ཤར་བ་ཡིན་པས་སྤོང་འགོག་སྦྱངས་བསྒྱུར་སོགས་ལ་མི་ལྟོས་པར་ཡེ་ནས་རང་བྱུང་ཡེ་ཤེས་ཀྱི་ངོ་བོར་མངོན་དུ་ཕྱུང་བ་སྟེ། དགའ་རབ་རྡོ་རྗེས། ཆགས་སྡང་ང་རྒྱལ་ཕྲག་དོག་རྨོངས། །རང་རིག་ཤར་ཕྱིར་དོན་མི་སྤོང་། །ཞེས་དང་། འདི་ལས་ཀྱང་། རང་བྱུང་རྒྱུ་རྐྱེན་མེད་པར་བྱུང་བ་ཡིན། །ཡེ་ཤེས་འགགས་པ་མེད་པར་གསལ་བ་ཡིན། །ཞེས་གསུངས་པ་ལྟར་དང་། དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་ཏེ། ཡུལ་དང་དུ་ལེན་པའི་རང་བཞིན་ཅན་གྱི་འདོད་ཆགས་རང་བྱུང་ཡེ་ཤེས་ཆེན་པོ་དང་། བླང་དོར་མི་འབྱེད་པའི་རང་བཞིན་ཅན་གྱི་གཏི་མུག་རང་བྱུང་ཡེ་ཤེས་ཆེན་པོ་དང་། དམིགས་ཡུལ་ཁོང་དུ་མི་ཤོང་བའི་རང་བཞིན་ཅན་ཕྲག་དོག་རང་བྱུང་ཡེ་ཤེས་ཆེན་པོ་དང་། སེམས་མཐོ་བའི་རྣམ་པ་ཅན་གྱི་ང་རྒྱལ་རང་བྱུང་ཡེ་ཤེས་ཆེན་པོ་དང་ལྔ་མངོན་དུ་བྱུང་ངོ་། །གསུམ་པ་ནི། དེ་ལྟ་བུའི་རང་བྱུང་གི་ཡེ་ཤེས་རྣམ་པ་ལྔ་པོ་དེའི་རྩལ་ལས་རྒྱན་གྱི་རྒྱུ་འབྱུང་བ་ཆེན་པོ་ལྔ་ནི་ཕྱུང་སྟེ་ཞེས། དེ་ལ་རྒྱན་གྱི་རྒྱུ་ཞེས་གསུངས་པ་ནི་འབྱུང་བ་ཆེན་པོ་ལྔ་པོ་དེ་ཉིད་རང་བྱུང་ཡེ་ཤེས་ཀྱི་རྩལ་གྱི་རོལ་པའམ་རྒྱན་དུ་ཤར་བ་ཡིན་པས་རྒྱན་ཞེས་གསུངས་ཏེ། ཟབ་མོ་ཡང་ཏིག་ལས། དེ་ཡང་རིག་པའི་རང་གཟུགས་སྟོང་གསལ་ཟང་ཐལ་ཆེན་པོ་ཅིར་ཡང་མ་གྲུབ་པའི་ངང་ནས། ལྷུན་གྲུབ་འོད་ལྔའི་རྩལ་ལས། ཕྱི་ཡུལ་སྣང་ལུས་དང་བཅས་པར་གྲུབ་པས་རང་སྣང་གི་རྒྱན་དུ་ཤར། ཡེ་ཤེས་ཀྱི་རོལ་བར་ཤར། འགག་མེད་ཀྱི་རྩལ་དུ་ཤར་ཡང་། །སྣང་ལ་བདེན་པས་མ་གྲུབ་པ། །དཔེ་རྨི་ལམ་གྱི་སྣང་བ་ཡུལ་མེད་རང་སྣང་གི་རྩལ་དང་རྒྱན་དང་རོལ་བར་ཤར་བ་བཞིན་ནོ། །ཞེས་གསུངས་ལ། དེ་ལྟར་འབྱུང་བ་ལྔ་པོ་དེ་འབྱུང་འགྱུར་ཀུན་གྱི་རྒྱུ་ཡིན་ཞིང་ཁྱབ་པ་རྒྱ་ཆེ་བས་རྒྱུ་ཆེན་པོ་ཞེས་གསུངས་སོ། །གཞན་ཡང་མཐར་མེ་ཆུ་རླུང་གིས་འཇིག་ཅིང་སྟོང་པར་བྱེད་པ་ཕྱི་སྣོད་དང་དེ་ལ་རྟེན་དང་བརྟེན་པའི་ཚུལ་དུ་གནས་པས་ནང་བཅུད་དེ་སྣོད་བཅུད་ཀྱིས་བསྡུས་པའི་འཇིག་རྟེན་གྱི་ཁམས་ཆེན་པོ་གསུམ་ནི་བཀོད་དེ། དེ་ལས་བྱེ་བྲག་ཏུ་རང་བྱུང་ཡེ་ཤེས་ཀྱི་རྒྱན་གྱི་རྒྱུའི་ལུས་སྔ་དུས་གཅིག་ཏུ་བླང་བ་ནི་འདི་ལྟ་སྟེ་ཞེས་འབྱུང་ལྔའི་རང་བཞིན་ལས་གྲུབ་པའི་རྒྱུད་ལྔའི་སེམས་ཅན་ནམ་འགྲོ་བ་དྲུག་གི་ལུས་སྣང་བར་བསྟན་པ་སྟེ། དེ་ཡང་རྒྱན་གྱི་རྒྱུའི་ལུས་སྲ་བའི་ཁམས་ས་ཞེས་བྱ་བའི་ལུས་དང་། དེ་བཞིན་དུ་རྒྱན་གྱི་རྒྱུའི་ལུས་རླན་ཞིང་གཤེར་བའི་ཁམས་ཆུ་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུའི་ལུས་དྲོད་ཀྱི་ཁམས་མེ་ཞེས་བྱ་བའི་ལུས་དང་། རྒྱན་གྱི་རྒྱུའི་ལུས་གཡོ་བའི་ཁམས་རླུང་ཞེས་བྱ་བའི་ལུས་དང་། རྒྱན་ཀྱི་རྒྱུའི་ལུས་བུ་ག་ནམ་མཁའ་ཡི་ཁམས་ཞེས་བྱ་བའི་ལུས་རེ་རེ་ལ་ལྔ་ག་ཚང་བས་གཅིག་ཏུ་འདུས་པ་རིགས་དྲུག་གི་ལུས་ཐམས་ཅད་བླངས་བའམ་སྣང་བར་གྱུར་ཏོ། །དེ་དག་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་ཡིན་པ་ལ་ཡེ་ཤེས་ལྔའི་རིགས་སོ་སོར་ཕྱེ་སྟེ་སྣང་བ་ནི། རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་གསལ་སྟོང་ཞེ་སྡང་གི་རང་བཞིན་ཡུལ་ཡོངས་སུ་འཇོམ་པར་བྱེད་པ་རྡོ་རྗེའི་རིགས་དང་། རང་བྱུང་འགག་པ་མེད་པའི་ཡེ་ཤེས་བདེ་སྟོང་འདོད་ཆགས་ཀྱི་རང་བཞིན་ཡུལ་ལ་ཡིད་འོང་གི་རྣམ་པས་དང་དུ་ལེན་པ་པདྨའི་རིགས་དང་། རང་བྱུང་དམིགས་གཏད་དང་བྲལ་བའི་ཡེ་ཤེས་རིག་སྟོང་གཏི་མུག་གི་རང་བཞིན་ཀུན་གྱི་ཁྱབ་བྱེད་དུ་གྱུར་པས་བུདྡྷའི་རིགས་དང་། རང་བྱུང་མཉམ་པ་མེད་པའི་ཡེ་ཤེས་དྲན་སྟོང་ཕྲག་དོག་གི་རང་བཞིན་དམིགས་ཡུལ་ཁོང་དུ་མི་ཤོང་བས་ལས་ཀྱི་རིགས་དང་། རང་བྱུང་སྐྱེ་བ་མེད་པའི་ཡེ་ཤེས་སྣང་སྟོང་ང་རྒྱལ་གྱི་རང་བཞིན་ཆེ་བའི་ཡོན་ཏན་ལ་དམིགས་ནས། གཞན་ལས་མཐོ་བར་བལྟ་བས་རིན་པོ་ཆེའི་རིགས་དང་། དེ་ལྟ་བུའི་རང་བྱུང་ཡེ་ཤེས་ལྔའི་རིགས་ཅན་གྱི་ལུས་བླང་བ་ནི་རྒྱུད་ལྔས་བསྡུས་པའི་འགྲོ་བ་རྣམས་ཀྱི་ལུས་དང་སོ་སོར་སྦྱར་ཏེ། མདོ་བཅུ་ལས། སྲིད་གསུམ་ལམ་ལྔའི་ཆོས་ལྔ་ཡང་། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །དེ་ཡང་ཇི་ལྟ་བུ་ཞེ་ན། །བསྐམ་ཆགས་ལྔ་ཡི་རྣམ་སྨིན་གྱིས། །ལམ་སྒོ་ལྔ་རུ་ཞུགས་ཕྱིན་ན། །མི་བདེ་སྡུག་བསྔལ་ལྔ་ལ་སྤྱད། །ཞེ་སྡང་ལམ་གྱིས་སྒོར་ཞུགས་པས། །དམྱལ་བའི་གནས་སུ་ཚ་གྲང་སྤྱོད། །སྔ་ཕྱི་མེད་པའི་ཆོས་སྤྱོད་ཀྱང་། །སྔ་མའི་ལས་ཀྱི་རྣམ་སྨིན་གྱིས། །ཚ་དང་གྲང་བའི་ཉམས་མྱོང་སྟེ། །སྙིང་པོ་བྱང་ཆུབ་སེམས་དེ་ལ། །ཚ་གྲང་ཉམས་དེས་བསྐྱོད་པ་མེད། །དེ་བས་ཞེ་སྡང་མི་གནས་སྟོང་། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །འདོད་ཆགས་ལམ་གྱི་སྒོར་ཞུགས་པས། །ཡི་དྭགས་གནས་ན་བཀྲེས་སྐོམ་སྤྱོད། །བསྔོས་པས་ཚིམ་པའི་ཆོས་ཡོད་ཀྱང་། །སྔ་མའི་ལས་ཀྱི་རྣམ་སྨིན་གྱིས། །བཀྲེས་དང་སྐོམ་པའི་ཉམས་མྱོང་སྟེ། །སྙིང་པོ་བྱང་ཆུབ་སེམས་དེ་ལ། །བཀྲེས་དང་སྐོམ་པས་བསྐྱོད་པ་མེད། །དེ་བས་འདོད་ཆགས་མི་གནས་སྟོང་། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །གཏི་མུག་ལམ་གྱི་སྒོར་ཞུགས་པས། །བྱོལ་སོང་གནས་ན་གླེན་ལྐུགས་སྤྱོད། །རིག་པ་ཕྲ་མོའི་ཆོས་སྤྱོད་དེ། །སྔ་མའི་ལས་ཀྱི་རྣམ་སྨིན་གྱིས། །བླུན་ཞིང་ལྐུགས་པའི་ཉམས་མྱོང་སྟེ། །སྙིང་པོ་བྱང་ཆུབ་སེམས་དེ་ལ། །བླུན་ལྐུག་ཉམས་དེས་བསྐྱོད་པ་མེད། །དེ་བས་གཏི་མུག་མི་གནས་སྟོང་། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །ཕྲག་དོག་ལམ་གྱི་སྒོར་ཞུགས་པས། །མི་ཡི་གནས་སུ་དགེ་སྡིག་སྤྱོད། །དགེ་སྡིག་ལས་ཀྱི་ཆོས་ཡོད་ཀྱང་། །མི་དགེ་ཤས་ཆུང་རྣམ་སྨིན་གྱིས། །མི་རྟག་འགྱུར་བའི་ཉམས་མྱོང་སྟེ། །སྙིང་པོ་བྱང་ཆུབ་སེམས་དེ་ལ། །མི་རྟག་ཉམས་དེས་བསྐྱོད་པ་མེད། །དེ་བས་ཕྲག་དོག་མི་གནས་སྟོང་། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །ང་རྒྱལ་ལམ་གྱི་སྒོར་ཞུགས་པས། །ལྷ་ཡི་གནས་དང་ལོངས་སྤྱོད་ཀྱིས། །མ་རིག་ལྟུང་བའི་སྡུག་བསྔལ་མྱོང་། །བསམ་པས་འགྲུབ་པའི་ཆོས་སྤྱོད་ཀྱང་། །མ་རིག་ལེ་ལོའི་རྣམ་སྨིན་གྱིས། །ལྟུང་བའི་སྡུག་བསྔལ་ཉམས་མྱོང་སྟེ། །སྙིང་པོ་བྱང་ཆུབ་སེམས་དེ་ལ། །ལྟུང་བའི་ཉམས་ཀྱིས་མི་བསྐྱོད་དེ། །དེས་ན་ང་རྒྱལ་མི་གནས་སྟོང་། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །ཞེས་གསུངས་པ་དེ་ལྟ་བུའི་ཕྱིར་ན་ཞེ་སྡང་ལ་སོགས་པའི་རང་བྱུང་ཡེ་ཤེས་ལྔ་པོ་དེ་ལས་བྱུང་བའི་རྒྱན་གྱི་རྒྱུ་འབྱུང་བ་ལྔའི་ལུས་ཅན་གྱི་འགྲོ་བ་ལམ་རྒྱུད་ལྔའི་སེམས་ཅན་དུ་སྣང་བ་འདི་རྣམས་ཀྱང་དོན་ལ་གདོད་ནས་སྐྱེ་བ་མེད་པ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རོལ་པའམ་རྒྱན་དུ་བཀོད་པ་ཡིན་པས་ན་འཁོར་བའི་ཆོས་སུ་སྣང་བ་འདི་ཐམས་ཅད་སྐྱེ་འགག་འགྲོ་འོང་དང་བྲལ་བ་རང་བྱུང་ཡེ་ཤེས་གཅིག་གི་བདག་ཉིད་དུ་སངས་རྒྱས་པར་བསྟན་ཏོ། །དེ་ཉིད་ལས། བསྐམ་ཆགས་ལྔ་ལས་འབྱུང་ལྔ་གྲུབ། །འབྱུང་བ་ལྔ་ལས་རང་བྱུང་སྐྱེས། །སྣང་བའི་ཆོས་དང་སྲིད་པའི་ཆོས། །མི་རྟོག་པ་ཡི་རྒྱུ་རྐྱེན་གྱིས། །བསྐྱེད་ནས་ཇི་ལྟར་འབྱུང་ན་ཡང་། །དོན་དམ་སྐྱེ་བ་མེད་པས་ན། །སྤྲོས་པ་མེད་པའི་དོན་དུ་བསྟན། །ཅེས་གསུངས་སོ། །བཞི་པ་ནི། དེ་ལྟར་སྐུ་གསུམ་ཡེ་ཤེས་ལྔ་སྲིད་གསུམ་སྣོད་བཅུད་ལ་སོགས་པ་དག་པ་དང་མ་དག་པ་སྣ་ཚོགས་སུ་བཀོད་ཅིང་སྣང་བའི་དུས་ཉིད་ནས་གང་གིས་འགོད་པ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེ་ཉིད་ཀྱང་སྟོན་པ་ཉིད་ཀྱི་རང་བཞིན་འཁོར་འདས་སྣ་ཚོགས་སུ་སྣང་བ་འདི་ཀུན་གྱི་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཡེ་སྟོང་སྐྱེ་བ་མེད་པའི་ངང་ཚུལ་ལས་སྐད་ཅིག་ཀྱང་གཡོ་བ་མེད་ལ་དེ་ཉིད་ཀྱིས་གང་ཞིག་བཀོད་པ་ཡི་ཆོས་རྣམས་ཀྱང་དེ་བཞིན་དུ་བཞུགས་སོ་ཞེས་ཆོས་ཉིད་སྐྱེ་བ་མེད་པ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ལས་གཡོ་བ་མེད་པར་བསྟན་ཏོ། །གསུམ་པ་དེའི་དོན་དྲི་ལན་གྱི་ཚུལ་དུ་བཤད་པ་ལ་གསུམ་སྟེ། དེ་ལྟར་བཀོད་པའི་དོན་དྲི་བ་དང་། གང་གིས་བཀོད་པ་མཚན་གྱི་དོན་རྒྱ་ཆེར་བཤད་པའོ། །དང་པོ་ནི། དེ་ལྟར་ཕུན་སུམ་ཚོགས་པའི་ཆོས་རྣམས་བཀོད་པ་དེ་ནས་སེམས་དཔའ་རྡོ་རྗེ་དེ་ཉིད་བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་བྱེད་རྒྱལ་པོའི་སྤྱན་སྔར་སླར་ཡང་གུས་འདུད་དང་བཅས་པས་འདུག་ནས་ཞུས་པ། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། ཉིད་ཀྱི་ཐུགས་ཉག་གཅིག་སྤྲོས་པ་དང་བྲལ་བ་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་འགྱུར་བ་མེད་པའི་དབྱིངས་ལས། རང་བྱུང་གི་ཡེ་ཤེས་རྣམ་པ་ལྔ་རྩོལ་མེད་དུ་བྱུང་ནས་དེ་ལས་རྒྱན་གྱི་རྒྱུ་འབྱུང་བ་ཆེན་པོ་ལྔ་བྱུང་ནས་ནི། དེ་ལ་བརྟེན་ཏེ་ཡེ་ཤེས་ལྔ་ཡི་རིགས་ཅན་གྱིས་ལུས་ལྔ་བླངས་བའམ་བཀོད་པ་འདིས། སྟོན་པ་ཀུན་བྱེད་རྒྱལ་པོའི་མཛད་པ་ཕྲིན་ལས་ཀྱི་དགོས་པ་ཅི་ཞིག་ཆེ་བའམ་དགོས་པ་ཅི་ཞིག་ཡོད་ལགས་ཞེས་ཞུས་སོ། །གཉིས་པ་ནི། སེམས་དཔའ་རྡོ་རྗེས་ཕུན་སུམ་ཚོགས་པ་བཀོད་པའི་དགོས་དོན་ཇི་ལྟར་ཡིན་ཞུས་པའི་རྗེས་དེ་ནས་སྟོན་པ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སླར་ཡང་ལན་གསུངས་པ་ནི། ཀྱེ་རིག་པའི་ངོ་བོ་རྒྱལ་སྲས་སེམས་དཔའ་ཆེན་པོ་དེ་ལྟར་ཕུན་སུམ་ཚོགས་རྣམས་བཀོད་པའི་དགོས་པ་ནི། འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནི་ཀུན་བྱེད་རྒྱལ་པོ་བྱེད་མཁན་ང་ལས་ནི་མ་གཏོགས་པ་ཡི་བྱེད་མཁན་གཞན་ན་སུ་ཡང་མེད་དོ་ཞེས་ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་གཞི་མེད་རྩ་བྲལ་ཆེན་པོའི་ཀློང་ནས་ཤར་བའི་མེད་སྣང་སྟོང་གཟུགས་ཙམ་ལས་བདེན་པར་གྲུབ་པའི་དངོས་པོ་གཅིག་ཀྱང་མེད་པར་བསྟན་ཏོ། །དེས་ན་ཆོས་རྣམས་ཀྱི་ཆོས་ཉིད་གནས་ལུགས་འདུས་མ་བྱས་པ་ཁྱབ་བརྡལ་ནམ་མཁའ་ལྟ་བུའི་རང་བཞིན་བྱེད་པ་པོ་ཡང་ནི་སྟོན་པ་ང་ཡི་རང་བཞིན་གདོད་ནས་དེ་ལྟར་གནས་པ་ལས་གཞན་དུ་ཅི་ཡང་མེད་ལ། སྐུ་གསུམ་སྟོན་པ་གསུམ་ཡང་འགོད་པར་བྱེད་པ་པོ་ང་ཡི་རང་བཞིན་དང་ངོ་བོ་དང་ཐུགས་རྗེ་གསུམ་གྱི་རྩལ་ལས་དེ་ལྟར་ཤར་བ་མ་གཏོགས་བྱེད་མཁན་གཞན་མེད་ལ། རྒྱལ་བ་སྐུ་གསུམ་པོ་དེ་དག་གི་འཁོར་གྱི་ཚོགས་སུ་འདུས་པ་ཡང་འགོད་པར་བྱེད་པ་པོ་སྔར་སྨོས་པ་ལྟར་སྟོན་པ་ང་ལས་མེད་པ་དང་། དེ་བཞིན་དུ་སྟོན་པ་སྐུ་གསུམ་གྱིས་བསྟན་པའི་ཆོས་ཚུལ་ཉིད་འགོད་པ་ཡང་ཀུན་བྱེད་ང་ཡི་རྩལ་ལས་རང་ཤར་བ་མ་གཏོགས་གཞན་མེད་དོ་ཞེས་ཆོས་ཐམས་ཅད་ལ་བཟང་ངན་དབྱེ་བསལ་མེད་པར་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་གསུངས་པས་ཡེ་ནས་ཀུན་བྱེད་ཀུན་ཏུ་བཟང་པོའི་དགོངས་ཀློང་ལས་མ་འདས་པར་བསྟན་པའོ། །གསུམ་པ་ནི། དེ་ལྟར་ཆོས་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པའི་རྒྱུ་མཚན་དེས་ན་སེམས་དཔའ་རྡོ་རྗེ་ཁྱོད་ལ་སྟོན་པ་ཀུན་བྱེད་ང་ཡིས་ནི་ང་ཡི་རང་བཞིན་ནམ་ཡིན་ལུགས་མ་ནོར་བ་ཇི་ལྟ་བ་བཞིན་དུ་ཁྱོད་ལ་བསྟན་པར་བྱ་སྟེ་དེ་བསྟན་པས་ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པར་འགྱུར་བའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ལ་རང་བཞིན་མ་བཅོས་པའི་དོན་ནི་རྣམ་པ་གསུམ་ཡོད་དེ། ང་ཡི་རང་བཞིན་རྣམ་པ་གསུམ་པོ་དེ་གང་ཞེ་ན་བྱང་བའི་རང་བཞིན་དང་། ཆུབ་པའི་རང་བཞིན་དང་། སེམས་ཀྱི་རང་བཞིན་དང་རྣམ་པ་གསུམ་ཡིན་ནོ། །དེ་ལ་བྱང་བ་དག་གི་རང་བཞིན་བསྟན་པ་ནི་སྟོན་འཁོར་བསྟན་པ་སྟེ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་གྱི་རང་བཞིན་ཆོས་ཉིད་ཀ་དག་དྲི་བྲལ་གྱི་ངོ་བོར་གནས་པ་འདི་ཉིད་ནི་བྱང་བའི་དོན་ཡིན་ལ། ཆུབ་པ་དག་གི་རང་བཞིན་བསྟན་པ་ནི་དགོས་པ་ཐམས་ཅད་ཕུན་སུམ་ཚོགས་པ་སྟོན་འཁོར་བསྟན་པ་རྣམ་པ་གསུམ་གྱིས་ཞེས་སྟོན་པ་སྣང་བས་གདུལ་བྱས་བླང་དོར་གྱི་དམིགས་འབྱེད་པའི་དགོས་པ་དང་། འཁོར་ཡོད་པས་ལམ་བསྟན་པ་དོན་མེད་དུ་མི་འགྱུར་བའི་དགོས་པ་དང་། བསྟན་པ་ཡོད་པས་སྟོན་འཁོར་ཚོགས་པ་དོན་མེད་དུ་མི་འགྱུར་བར་གདུལ་བྱའི་དོན་ཡོངས་སུ་རྗོགས་པའི་དགོས་པ་གསུམ་ཡོད་པས་དེ་ལྟར་གསུངས་ལ། དེ་ལྟ་བུའི་ཕུན་སུམ་ཚོགས་པ་གསུམ་གྱིས་ནི་ནམ་མཁའ་ཡི་ཁམས་བཞིན་དུ་གདུལ་བྱ་སེམས་ཅན་གྱི་ཁམས་ཀུན་ལ་ཁྱབ་པར་གནས་ཤིང་སྣང་བའི་རང་བཞིན་འོད་གསལ་བའི་ཆ་ནས་ཆུབ་པའི་དོན་དང་། སེམས་ཞེས་བྱ་བའི་རང་བཞིན་བསྟན་པ་ནི་བྱང་ཆུབ་སེམས་ཀྱི་རྩལ་ཐུགས་རྗེའི་རོལ་པ་མི་འགག་པར་ཤར་བའི་སྣང་སྲིད་འཁོར་འདས་ཀྱི་ཆོས་མ་ལུས་པ་ཐམས་ཅད་ཀུན་བྱེད་རྒྱལ་པོ་ཡི་ཐུགས་རྗེའི་རོལ་རྩལ་ཡིན་པའི་ཆ་ནས་ནི་སེམས་ཞེས་བྱ་སྟེ། དེ་ལྟར་ན་བྱང་བ་དང་ཆུབ་པ་དང་སེམས་གསུམ་པོ་དེ་ཉིད་རང་བཞིན་སྟོང་པ་ཆོས་སྐུ་དང་། ངོ་བོ་གསལ་བ་ལོངས་སྐུ་དང་། །ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ་གསུམ་གྱི་ཆ་ལ་བཏགས་པ་ཡིན་ཏེ། ཀུན་གསལ་ལས། བྱང་ཆོས་སྐུ། ཆུབ་ལོངས་སྐུ། སེམས་སྤྲུལ་སྐུའོ། །ཞེས་སོ། །དེས་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཀུན་དེ་གསུམ་གྱི་གདངས་ལས་ཤར་བ་ཡིན་པས་ཀུན་བྱེད་རྒྱལ་པོས་བྱས་པ་ཡིན་ཞིང་། དེ་ལྟར་ན་འཁོར་འདས་ཐམས་ཅད་སྣང་དུས་ཉིད་ནས་རང་བཞིན་ངོ་བོ་ཐུགས་རྗེ་སྟེ་སྐུ་གསུམ་གྱི་ངང་ལས་འདའ་བ་མེད་པས་བླང་དོར་བསལ་བཞག་གི་འབད་རྩོལ་གང་ཡང་མི་དགོས་པར་མ་བཅོས་ཡེ་བབ་སོར་བཞག་གི་དགོངས་པ་ལ་རྟག་ཏུ་གནས་ཤིང་དེ་ལས་འདའ་བ་མེད་པ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་གནས་ལུགས་སུ་འཁོར་འདས་ཀྱི་ཆོས་མ་ལུས་པ་བྱས་པའི་དགོས་པ་ཡིན་ནོ། །ཞེས་གསུངས་སོ། །ལེའུའི་མཚན་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཉིད་ཀྱི་རང་མདངས་མངོན་དུ་ཕྱུང་ནས་བསྟན་པའི་ལེའུ་སྟེ་གཉིས་པའི་འགྲེལ་བའོ། །དོན་གཉིས་པ་བྱུང་ཚུལ་བཤད་པ་ནི། ལེའུ་གསུམ་པས་བསྟན་པ་ལའང་གཉིས་ཏེ། ལེའུ་ལ་འཇུག་པའི་རྒྱུའི་དོན་མདོར་བསྟན་པ་དང་། དེ་གཉིས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ཕུན་སུམ་ཚོགས་པས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཇི་ལྟར་བཀོད་ཚུལ་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སྲིད་ཞི་གཉིས་ཀྱི་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྔོན་རོལ་དུ་དེ་དག་ཀུན་གྱི་བྱེད་པ་པོ་སྙིང་པོ་རང་བྱུང་གི་ཡེ་ཤེས་རིག་པ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་ང་ཉིད་བྱུང་བ་ཡི་ཚུལ་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། སྟོན་པ་ཉིད་ཀུན་གྱི་སྔོན་རོལ་ནས་གཞི་དེ་བཞིན་ཉིད་དུ་གནས་ཚུལ། སྣང་བརྟགས་ཡེ་ཤེས་ལས་འཕྲོས་པའི་ཆོས་ཀྱི་དྲི་ལན། ཐམས་ཅད་རང་བྱུང་གི་ཡེ་ཤེས་གཅིག་གི་རོལ་པར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་རིག་པ་སྟོང་གསལ་འགག་མེད་ལ་ཡིད་ཅེས་བརྗོད་པ་དེ་ཉིད་རྣ་བའི་དབང་པོ་ལ་ཞུགས་ཤིང་གཏོད་ཅིག །རྣ་བའི་དབང་པོ་ཡེ་ཤེས་པས་ཇི་སྐད་བརྗོད་པའི་ཚིག་གི་སྒྲ་དོན་ལ་རྟོགས་པར་གྱིས་ཤིག་དང་བཤད་པར་བྱའོ། །ཞེས་ཉན་པར་བསྐུལ་ཏེ། ཀྱེ་སེམས་དཔའ་ཆེན་པོ་སྟོན་པ་ང་ནི་ཀུན་བྱེད་རྒྱལ་པོ་སྟེ་ཞེས་ཆོས་ཀུན་གྱི་བྱེད་པ་པོ་མཆོག་ཏུ་བསྟན་པ་དང་། ང་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཞེས་པས་ཆོས་ཀུན་གྱི་སྙིང་པོའམ་གནས་ལུགས་སུ་བསྟན་ནས། དེ་ལྟ་བུའི་སྟོན་པ་ཀུན་ཏུ་བཟང་པོ་རང་བྱུང་གི་ཡེ་ཤེས་ང་མ་བྱུང་བའམ་མེད་པ་ཡི་སྔོན་རོལ་ན། སྣང་སྲིད་སྣོད་བཅུད་ལ་སོགས་པའི་སྐུ་གསུམ་གྱི་ཆོས་རྣམས་འབྱུང་བའི་སྙིང་པོ་མེད་ཅིང་མ་གྲུབ་ལ་ཞེས་གདོད་མའི་སྤྱི་གཞིའི་དུས་ན་འཁོར་འདས་མིང་མེད་ཆེན་པོའི་རང་བཞིན་དུ་བསྟན་པ་སྟེ། དེ་བཞིན་དུ་སྟོན་པ་ང་ཉིད་མེད་པ་ཡི་སྔོན་རོལ་ན་ཆོས་ཀུན་ལ་དབང་བསྒྱུར་བར་བྱེད་པའི་རྒྱལ་པོ་མེད་པ་དང་། ང་མེད་པ་ཡི་སྔོན་རོལ་ན་ཀུན་བྱེད་རྒྱལ་པོ་དེས་གང་ལ་དབང་བསྒྱུར་བར་བྱའི་སྟོན་པ་སྐུ་གསུམ་ཞེས་བྱ་བ་ཡང་ཡེ་ནས་མེད་པ་དང་། ང་མེད་པ་ཡི་སྔོན་རོལ་ན་སྐུ་གསུམ་གྱི་སྟོན་པ་ངོས་བསྟན་པ་དམ་པའི་ཆོས་ཞེས་བྱ་བ་ཡང་ཡེ་ནས་མེད་པ་དང་། ང་མེད་པ་ཡི་སྔོན་རོལ་ན་ཆོས་དེ་རྣམས་གང་ལ་སྟོན་པའི་ཡུལ་འདུས་པའི་འཁོར་ཚོགས་ཞེས་བྱ་བ་དེ་ཐམས་ཅད་ཡེ་ནས་མེད་པས། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཆོས་རྣམས་ལ་ཡོད་མེད་དང་བཟང་ངན་བླང་དོར་སོགས་ཀྱི་ཚུལ་ཇི་ལྟ་བུ་ཡིན་ནམ་སྙམ་པའི་རྟོག་པ་མ་སྐྱེ་ཞིག་ཅེས་གསུངས་ལ། དེ་ལྟར་ཆོས་གཞན་རྣམས་ཡོད་མེད་སོགས་སྤྲོས་པའི་མཐའ་གང་དུའང་གྲུབ་པ་མེད་པར་མ་ཟད་སེམས་དཔའ་ཆེན་པོ་ཁྱོད་ཉིད་ཀྱང་སྟོན་པ་ཀུན་བྱེད་ང་ཡི་ངོ་བོ་ལས་རྩལ་དུ་ཤར་བའི་སྤྲུལ་པ་ལས་ཡོད་པ་ཙམ་མ་ཡིན་པས་ཀུན་བྱེད་རྒྱལ་པོ་ང་ནི་གདོད་མའི་གཞི་དབྱིངས་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་ལས་གཡོ་བ་མེད་པར་གནས་པའོ། །ཞེས་གསུངས་སོ། །དེ་ལྟར་ཡང་མདོ་བཅུ་ལས། བྱང་ཆུབ་སེམས་ཀྱི་བདེ་ཆེན་ལས། །རྣམ་པར་དག་པའི་ཆོས་ཉིད་ལ། །སྣང་དང་སྲིད་པ་གཉིས་སུ་མེད། །སྣོད་དང་བཅུད་ཀྱང་གཉིས་སུ་མེད། །སངས་རྒྱས་སེམས་ཅན་གཉིས་ཀྱང་མེད། །དགེ་དང་སྡིག་པ་གཉིས་ཀྱང་མེད། །ཕྱི་ནང་སྨོས་པའི་ཆོས་ཀྱང་མེད། །མེད་པའི་དོན་གྱི་སྙིང་པོ་ལ། །ཡོད་པའི་སྒྲོ་སྐུར་གདབ་མི་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྣང་བརྟགས་ཡེ་ཤེས་ལས་འཕྲོས་པའི་ཆོས་ཀྱི་དྲི་ལན་ལ་གཉིས། ཕུན་སུམ་ཚོགས་པ་ལྔ་གཅིག་ཐ་དད་ཀྱི་དྲི་ལན་དང་། བགྲོད་ལམ་དེ་བཞིན་ཉིད་ཀྱི་དྲི་ལན་ནོ། །དང་པོ་ལ་གཉིས་ཏེ། འཁོར་གྱིས་དྲི་བ་དང་། ཆོས་ཅན་ཐ་དད་དུ་སྣང་ཡང་ཆོས་ཉིད་དེ་བཞིན་ཉིད་གཅིག་ལས་མ་འདས་པར་བསྟན་པའོ། །དང་པོ་ནི། སྟོན་པའི་གནས་ཚུལ་བསྟན་པའི་རྗེས་དེ་ནས་སེམས་དཔའ་རྡོ་རྗེས་སྟོན་པ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སླར་ཡང་ཞུས་པ། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་རིག་པ་རང་བྱུང་གི་ཡེ་ཤེས་ཁྱོད་ནི་ཡེ་གདོད་མ་ནས་འཁོར་འདས་ཀྱི་ཆོས་ཀུན་གྱི་སྤྱི་གཞི་ཆོས་ཀྱི་དབྱིངས་ནམ་མཁའ་ཆེན་པོ་ལྟ་བུ་ཡིན་ཞིང་། སྐུ་གསུམ་གྱི་སྟོན་པ་དང་ནི་དེ་དག་གི་བསྟན་པ་དང་འཁོར་དང་ལ་སོགས་པའི་ཁུངས་ནས་དུས་དང་གནས་མ་ལུས་པ་ཡང་ཆོས་རྣམས་ཀུན་བྱེད་པའི་མཁན་པོ་སྟོན་པ་བྱང་ཆུབ་ཀྱི་སེམས་ཁྱོད་ཀྱིས་བྱས་པ་ཡིན་པས་ན། ཕུན་སུམ་ཚོགས་པ་ལྔས་མ་བསྡུས་པའི་ཆོས་གཅིག་ཀྱང་མེད་ཕྱིར་ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ་ཀུན་བྱེད་མཁན་ཀུན་བྱེད་རྒྱལ་པོ་ཁྱོད་ཀྱིས་བྱས་པར་སྣང་ན། ཁྱོད་ཀྱིས་བྱས་པའི་སྟོན་པ་སྐུ་གསུམ་པོ་དེ་རང་བཞིན་གཅིག་གམ་རྣམ་པ་དུ་རུ་ཡོད་པ་དང་། དེ་བཞིན་དུ་སྟོན་པ་དེ་དག་གི་བསྟན་པ་གཅིག་གམ་རྣམ་པ་དུ་རུ་ཡོད་པ་དང་། འཁོར་རྣམས་ཀྱང་གཅིག་གམ་རྣམ་པ་དུ་རུ་ཡོད་ཅེས་ཞུས་སོ། །འདི་སྐབས་གཞུང་ན་ཕུན་སུམ་ཚོགས་པ་གསུམ་ལས་མ་བསྟན་ཀྱང་། ཀུན་མཁྱེན་བླ་མས་ས་བཅད་དུ་ཕུན་སུམ་ཚོགས་པ་ལྔ་གཅིག་ཐ་དད་ཀྱི་དྲི་ལན་དང་གསུངས་པས་དུས་དང་གནས་གཉིས་ཀྱང་ཤུགས་བསྟན་དུ་བཞེད་པར་གསལ་ལོ། །གཉིས་པ་ནི། དེ་ལྟར་ཞུས་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་སླར་གསུངས་པ། ཀྱེ་སེམས་དཔའ་རྡོ་རྗེ་འདི་ལྟར་ཆོས་ཉིད་ཀྱི་ངོས་ནས་རང་བྱུང་གི་ཡེ་ཤེས་འོད་གསལ་བདེ་གཤེགས་སྙིང་པོ་དབྱིངས་ཡེ་ཟུང་དུ་འཇུག་པ་འདི་ཉིད་འཁོར་འདས་ཀུན་གྱི་སྟོན་པར་སྣང་བ་གཅིག་པུ་ལས་ཐ་དད་པའི་དབྱེ་བ་མེད་མོད། འོན་ཀྱང་ཆོས་ཅན་སྣང་བའི་ངོས་ནས་སྟོན་པ་ང་ཡི་རང་བཞིན་ནམ་གཤིས་ལུགས་རང་བཞིན་ངོ་བོ་ཐུགས་རྗེ་སྟེ་རྣམ་པ་གསུམ་གྱི་རྩལ་ལས་སྣང་བ་ལ་སྟོན་པའི་གྲངས་ནི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་རྣམ་པ་གསུམ་དུ་བྱུང་བ་དང་། ང་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་དུ་རྣམ་དབྱེར་མེད་པ་གཅིག་པུའི་རང་བཞིན་དུ་བཞུགས་པ་ལས་ཐ་དད་པ་མེད་ལ། དེ་བཞིན་དུ་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན་གྱི་ཆོས་ཉིད་དེ་བཞིན་ཉིད་ཀྱང་ང་ཉིད་ཀྱི་རང་བཞིན་རིག་པ་བྱང་ཆུབ་ཀྱི་སེམས་འདི་ལས་གཞན་དུ་མེད་དོ། །དེ་ལྟ་ན་ཡང་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་གདུལ་བྱ་རྣམས་རིམ་གྱིས་དྲངས་པའི་ཐབས་སུ་རང་རང་གི་འཁོར་གྱི་ཚོགས་ལ་ཀུན་འབྱུང་འདྲེན་པའི་ཐེག་པ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ། དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟེ་བསྟན་པ་རྣམ་པ་གསུམ་དུ་བསྟན་པ་ཡིན་ཞིང་། སྟོན་པ་སྐུ་གསུམ་གྱི་འཁོར་ཚོགས་ཀྱང་ཀུན་བྱེད་ང་ཡི་དབྱིངས་སྐྱེ་བ་མེད་པ་གཅིག་གི་རང་བཞིན་དུ་གནས་པ་ལས་མངོན་དུ་ཕྱུང་ནས་ནི་སྣང་བ་ཡིན་པས་དེ་ལྟར་སྣང་བའི་དུས་ཉིད་ནའང་ང་ཡི་རང་བཞིན་འོད་གསལ་བའི་སྣང་བ་གཅིག་ཏུ་བསྟན་པའི་ཕྱིར་ན་ཐ་དད་ཀྱི་དབྱེ་བ་མེད་པར་ཀུན་བྱེད་ང་ཡི་འཁོར་དུ་ཀུན་ཀྱང་གཅིག་པ་ཡིན་མོད། སྣང་ཚུལ་ལ་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་གདུལ་བར་བྱ་བའི་འཁོར་གྱི་བྱེ་བྲག་རྣམ་པ་གསུམ་དུ་ཡོད་དོ། །ཞེས་གསུངས་སོ། །གཉིས་པ་བགྲོད་ལམ་དེ་བཞིན་ཉིད་ཀྱི་དྲི་ལན་ལ་གཉིས་ཏེ། དེ་བཞིན་ཉིད་ཀུན་བྱེད་རྒྱལ་པོའི་སར་བགྲོད་ལམ་ཡོད་མེད་ཀྱི་དྲི་ལན། སྐུ་གསུམ་སྟོན་པའི་སར་བགྲོད་པའི་ལམ་བཤད་པའོ། །དང་པོ་ལ་གཉིས་ཏེ། དྲི་བ་དང་། གཤིས་ལ་ལམ་མེད་པར་བཤད་པའོ། །དང་པོ་ནི། སེམས་དཔའ་རྡོ་རྗེ་ཡང་སྟོན་པ་ཀུན་བྱེད་ཉིད་ལ་ཞུས་པ་འདི་ལྟར། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། སྟོན་པ་ཁྱོད་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱི་བསྟན་པ་ལ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཁྱོད་ཉིད་ཀྱི་སར་འགྲོ་བའི་ལམ་ནི་ཡོད་དམ་མེད། གལ་ཏེ་མེད་ན་ཁམས་གསུམ་གྱི་སེམས་ཅན་རྣམས་ཀུན་བྱེད་ཁྱོད་ཀྱི་སའམ་ཀུན་བཟང་ཆོས་སྐུའི་ས་རུ་ཕྱིན་པར་འགྱུར་རམ་འོན་ཏེ་མི་ཕྱིན་པར་འགྱུར། གལ་ཏེ་བགྲོད་པའི་ལམ་ཡོད་ན་ལམ་དེ་ཉིད་བགྲོད་པའི་སྒོ་ནས་འབྲས་བུའི་སར་ཕྱིན་ནམ་འོན་ཏེ་མ་བགྲོད་པར་ཕྱིན་པ་ཡིན་ཞེས་དྲིས་སོ། །གཉིས་པ་ནི། དེ་ལྟར་དྲིས་པ་ལ་སྟོན་པས་ལན་ཏུ་གསུངས་པ་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱི། བསྟན་པ་ལ་ཀུན་བཟང་གདོད་མའི་མགོན་པོ་ང་ཡི་ས་རུ་བགྲོད་པར་བྱེད་པའི་ལམ་ནི་མེད་དེ། ཅིའི་ཕྱིར་ན་ཆོས་ཐམས་ཅད་ང་ཡི་རང་བྱུང་གི་ཡེ་ཤེས་འོད་གསལ་འདུས་མ་བྱས་པ་གདོད་ནས་ལྷུན་གྲུབ་ཆེན་པོའི་རང་བཞིན་དུ་བསྟན་པ་ཡིན་པ་དེ་ལས་གཞན་དུ་བགྲོད་དེ་འགྲོ་ས་མེད་པའི་ཕྱིར་རོ་ཞེས་སོ། །གཉིས་པ་ལ་གསུམ་ཏེ། ལམ་ལྔ་བསྟན་པ། དེའི་ངེས་ཚིག་དྲི་བ། ལན་གསུངས་པའོ། །དང་པོ་ནི། དེ་ལྟར་རང་བྱུང་གི་ཡེ་ཤེས་ལས་གཞན་པའི་ལམ་མེད་པའི་རྒྱུ་མཚན་དེ་བས་ན་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་དེ་ཡི་འཁོར་དུ་འདུས་པ་རྣམས་ལ་གཤིས་ཆོས་ཉིད་འདུས་མ་བྱས་པའི་ངོས་ན་རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་ཡེ་ནས་སྒྲིབ་བྲལ་ཀ་དག་གི་ངོ་བོར་གནས་པས་རྣམ་པར་ཐར་པའི་ལམ་ནི་ཡེ་ཤེས་རྣམ་པ་ལྔ་པོ་འདི་ལས་གཞན་དུ་མེད་པ་སྟེ། འདི་ཉིད་ཁོ་ན་དུས་གསུམ་དུ་གཤེགས་བཞུགས་འབྱོར་འགྱུར་གྱི་སངས་རྒྱས་ཀུན་གྱི་ལམ་དུ་བསྟན་པ་ཡིན་ནོ། །དེ་ལ་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ལྔ་ཡི་ལམ་ལྔ་པོ་དེ་ནི་གང་ཞེ་ན། འདི་ལྟར་ཆོས་ཉིད་ཀྱི་ངང་ལས་ནམ་ཡང་མི་འདའ་བའི་འདོད་ཆགས་དང་ནི། གཟུང་འཛིན་གྱི་ཆོས་ལ་མི་གནས་པས་ཞེ་སྡང་དང་། བླང་དོར་གྱི་རྟོག་པ་མེད་པས་གཏི་མུག་དང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་རྣམས་ཀུན་ལས་ཁྱད་པར་དུ་གྱུར་པས་ང་རྒྱལ་དང་ནི། ཆོས་ཉིད་ཀྱི་ཕྲག་ཏུ་མཚན་མའི་ཆོས་མི་ཤོང་བའི་ཕྲག་དོག་དང་རྣམ་པ་ལྔ་སྟེ། དེ་ལྟ་བུའི་རང་བྱུང་ཡེ་ཤེས་རྣམ་པ་ལྔ་པོ་དེ་ནི་སྐུ་གསུམ་གྱི་སྟོན་པའི་འཁོར་རྣམས་ཀུན་གྱི་ལམ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། སླར་ཡང་འཁོར་གྱིས་ཞུས་པ། སྐུ་གསུམ་གྱི་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས་དེ་ལྟར་རང་བྱུང་ཡེ་ཤེས་ཀྱི་ལམ་ལྔ་སྐུ་གསུམ་གྱི་སྟོན་པའི་འཁོར་རྣམས་ལ་བསྟན་པ་ཡིན་ན། འོ་ན་དེ་ལ་རང་བྱུང་ཞེས་བྱ་བ་དེ་ནི་ཚུལ་ཇི་ལྟར་བྱུང་བ་ལ་དེ་ལྟར་བརྗོད་པ་ལགས་པ་དང་། དེ་བཞིན་དུ་ཡེ་ཤེས་ཞེས་བྱ་བའི་མིང་གི་བརྗོད་པ་དེ་གཏན་ཚིག་གམ་རྒྱུ་མཚན་ཅི་ལ་གདགས་པ་དང་། ལམ་ཞེས་བགྱི་བའམ་བཏགས་པའི་དོན་ནམ་རྒྱུ་མཚན་ནི་གང་ལ་དགོངས་ནས་དེ་ལྟར་བསྟན་པར་བགྱི་བའི་ཚུལ་རྣམས་རྒྱས་པར་དབྱེ་བའི་སྒོ་ནས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་ལ་སོགས་ཞེས་པའི་ཁུངས་ནས་དེ་ལྔ་ཡི་རྩལ་ལས་ཤར་བའི་ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་དོན་ལ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལས་མ་འདས་པས་ཀུན་ཀྱང་བསྡུས་ལ། དེ་དག་ཐམས་ཅད་ཚུར་བསྡུས་ན་རང་བྱུང་གི་ཡེ་ཤེས་ལྔ་པོ་དེ་ལ་འདུས་པས་རྣམ་པ་ལྔ་པོ་དེ་ལམ་ལྔ་ཡིན་པའི་དོན་ནི་སྟོན་པ་ཉིད་ཀྱིས་བཤད་དུ་གསོལ། ཞེས་ཞུས་སོ། །གསུམ་པ་ནི། སྟོན་པ་ཀུན་བྱེད་ཉིད་ཀྱིས་ཇི་ལྟར་དྲིས་པའི་དོན་བཀའ་སྩལ་པ་ཀྱེ་སེམས་དཔའ་ཆེན་པོ་རང་བྱུང་ཡེ་ཤེས་རྣམ་པ་ལྔ་པོ་དེ་ཡི་ལམ་གྱི་ངེས་ཚིག་ནི། འདི་ལྟ་སྟེ་རང་བྱུང་ཞེས་སུ་བརྗོད་པ་ནི་རྒྱུ་རྐྱེན་གང་གིས་གསར་དུ་བསྐྱེད་པ་མེད་པར་ཡེ་ནས་རང་བྱུང་འདུས་མ་བྱས་པ་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་འགག་མེད་དུ་ཤར་ཞིང་བྱུང་བ་ཡིན་ལ་ཞེས་ངོ་བོ་སྐྱེ་མེད་ཀྱི་ཆ་ནས་བསྟན་པ་དང་། ཡེ་ཤེས་ཞེས་པ་ནི་གདོད་ནས་འགག་པ་མེད་པར་རང་བཞིན་གྱིས་འོད་གསལ་མ་བཅོས་ལྷུན་གྲུབ་ཆེན་པོར་བསྟན་པ་ཡིན་ནོ་ཞེས་གདངས་འགག་མེད་ཀྱི་ཆ་ནས་བསྟན་པ་སྟེ། དེས་ན་གསལ་སྟོང་དབྱེར་མེད་པ་རང་བྱུང་ཡེ་ཤེས་ཆེན་པོ་སྤྲོས་བྲལ་མཚན་མ་མེད་པའི་རང་བཞིན་དུ་གནས་པ་ཡིན་ལ། དེ་ལྔ་ལ་ལམ་དུ་བཞག་པའི་རྒྱུ་མཚན་ནི་བགྲོད་བྱ་བགྲོད་བྱེད་ཐམས་ཅད་རྒྱུ་རྐྱེན་གྱིས་གསར་དུ་བསྐྱེད་པ་མེད་པར་མ་བཅོས་ཡེ་ཤེས་བླ་མའི་ས་རུ་ཡེ་ནས་ལྷུན་གྱིས་གྲུབ་ཟིན་པས་ན་ད་གསར་དུ་བགྲོད་མི་དགོས་ཏེ། ནམ་མཁའི་མཐའ་དང་མཉམ་པ་ལས། རྟོག་པས་མ་བཅོས་བླ་མའི་ས། །འཁོར་བ་ཉིད་ན་ཡེ་སངས་རྒྱས། །ཞེས་སོ། །རྒྱུ་མཚན་དེས་ན་མ་བགྲོད་མི་བགྲོད་བགྲོད་པར་མི་འགྱུར་བའི་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ལྔ་ལ་ལམ་ལྔར་བཤད་པ་ཡིན་ཏེ་འཁོར་འདས་ཐམས་ཅད་སྣང་བའི་རྒྱུའམ་འཆར་བའི་ལམ་ནི་འདི་ལྔ་ཡིན་པའི་ཕྱིར་ཏེ། ཀུན་གསལ་ལས། སྐྱེ་དང་བརྟེན་པ་མི་འབྲལ་བས། །འཁོར་དང་མྱ་ངན་འདས་པའི་ལམ། །ཞེས་པ་ལྟར་ལ་དེ་ལྟ་བུའི་ཡེ་ཤེས་ལྔ་པོ་ཡི་སོ་སོའི་ངེས་ཚིག་ནི། དེ་ལ་འདོད་པ་ཞེས་སྨོས་པ་ནི་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་རང་བྱུང་ཡེ་ཤེས་ཆེན་པོ་རིགས་པ་བྱང་ཆུབ་སེམས་ཀྱི་བདག་ཉིད་གཅིག་ཏུ་འདོད་པའམ་གྲུབ་པ་ཡིན་ལ། ཆགས་པ་ནི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བདག་ཏུ་འདོད་པའམ་བདག་ཉིད་ཆེན་པོའི་ངོ་བོར་བཞག་པ་དེ་ལ་ཆགས་པའམ་དེ་ལས་འདའ་བ་མེད་པ་དང་། ཞི་བ་ཞེས་པ་ནི་བློའམ་སེམས་ཀྱི་མིང་ཡིན་ཞིང་སེམས་དེ་ནི་གདོད་ནས་སྐྱེ་བ་མེད་པའི་རང་བཞིན་ལ་གནས་པ་དང་། སྡང་བ་ནི་སེམས་ཀྱི་ཆོ་འཕྲུལ་འཁོར་བའི་སྣང་བ་སྣ་ཚོགས་སུ་ཤར་བ་དེ་གནས་ལུགས་ལ་གྲུབ་པ་མེད་པས་སྡང་ཞིང་རྒྱབ་ཀྱིས་ཕྱོགས་པ་ཡིན་ནོ། །གཏི་མུག་ཅེས་པ་ནི་རྣམ་པར་མི་རྟོག་པ་ཡི་ཏིང་ངེ་འཛིན་གྱིས་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཀྱི་ངོ་བོར་གྱུར་པ་དེའི་ངང་ལ་དབྱེ་བསལ་གང་ཡང་མེད་པ་དང་། ང་ཞེས་བརྗོད་པ་ནི་གནས་ལུགས་མ་ནོར་བ་ཡི་རང་བཞིན་བྱང་ཆུབ་ཀྱི་སེམས་ཉིད་ཡིན་ལ། དེ་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་དུ་ཡེ་ནས་གནས་པས་མ་དག་མཚན་མའི་ཆོས་དང་རྩོལ་བཅས་ཀྱི་ཐེག་པ་ཀུན་ལས་རྒྱལ་བར་བྱེད་པ་དང་། ཕྲག་དོག་ཞེས་པ་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་སྤྲོས་བྲལ་བློ་འདས་ཆེན་པོ་གཅིག་ཏུ་གནས་པ་ལ་ཡོད་མེད་དང་རྟག་ཆད་ཡིན་མིན་ལ་སོགས་པའི་སྒྲོ་སྐུར་འདེབས་པ་ཐམས་ཅད་གནས་ལུགས་ཀྱི་ངང་ལ་དེ་ལྟར་གྲུབ་པ་མེད་པས་ཕྲག་དོག་བྱེད་པའམ་ཆོས་ཉིད་ཀྱི་ཕྲག་ཏུ་མཚན་མའི་ཆོས་མི་ཤོང་བར་དོག་པའོ། །དེ་ལྟར་འཕྲུལ་ལྡེ་ལས། སེམས་དཔའ་རྡོ་རྗེས་ཡང་གསོལ་བ། །ཉིད་ཀྱི་བྱང་ཆུབ་སེམས་གཅིག་ནི། །ཉོན་མོངས་དུག་ལྔའི་རང་བཞིན་ས། །དེ་དོན་བདག་གིས་རྟོགས་གྱུར་ཏེ། །འདོད་པ་སྲིད་གསུམ་སངས་རྒྱས་འདོད། །ཆགས་པ་ཆོས་ཉིད་ངང་ལ་ཆགས། །སེམས་ནི་འདོད་ཆགས་ཡིན་པར་རྟོགས། །ཞེ་བ་བྱང་ཆུབ་དོན་ལ་ཞེ། །སྡང་བ་འཁོར་བའི་ཆོས་ལ་སྡང་། །སེམས་ནི་ཞེ་སྡང་ཡིན་པར་རྟོགས། །གཏི་བ་ཆོས་ཉིད་དོན་ལ་གཏི། །མུག་པ་འཁོར་བའི་ཆོས་ལ་མུག །སེམས་ནི་གཏི་མུག་ཡིན་པར་རྟོགས། །ང་ནི་བྱང་ཆུབ་སེམས་ཡིན་ལ། །རྒྱལ་ནི་ཐེག་པ་ཀུན་ལས་རྒྱལ། །སེམས་ནི་ང་རྒྱལ་ཡིན་པར་རྟོགས། །ཕྲག་ནི་ཆོས་ཉིད་དབྱིངས་ཀྱི་ཕྲག །དོག་པ་མཚན་མ་ཀུན་ལ་དོག །སེམས་ནི་ཕྲག་དོག་ཡིན་པར་རྟོགས། །ཞེས་གསུངས་སོ། །ཚུལ་དེ་དག་གི་བགྲོད་དུ་མེད་པའི་རང་བྱུང་ཡེ་ཤེས་ཀྱི་ལམ་ལྔ་ཡི་ངེས་ཚིག་བསྟན་པ་ཡིན་ནོ། །གསུམ་པ་ཐམས་ཅད་རང་བྱུང་ཡེ་ཤེས་སུ་བསྟན་པ་ལ་གཉིས་ཏེ། ཁམས་གསུམ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་དང་། དེའི་ངེས་ཚིག་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག་ཇི་ལྟར་སྣང་ཞིང་སྲིད་པས་བསྡུས་པ་འཁོར་བའི་ཆོས་དང་ཞི་བ་མྱང་འདས་ཀྱི་ཆོས་རྣམས་ཐམས་ཅད་ཀུན་རང་བྱུང་ཡེ་ཤེས་ཀྱི་ལམ་ལྔ་པོ་འདི་ལས་བྱུང་བ་ཡིན་པས་ན་འདི་ལྟར་འདོད་པའི་ཁམས་སུ་སྣང་བ་འདི་ཉིད་ཀྱང་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་དེ་ལྟར་སྣང་བ་ཡིན་ཞིང་། གཟུགས་ཀྱི་ཁམས་ཀྱང་རང་བྱུང་གི་ཡེ་ཤེས་ཀྱི་རང་རྩལ་མངོན་དུ་སྣང་བ་ཡིན་པ་དང་། གཟུགས་མེད་པའི་ཁམས་ཀྱང་རང་བྱུང་ཡེ་ཤེས་ཡིན་ཏེ། དེ་རྒྱུ་མཚན་ཅིའི་ཕྱིར་ན་ཐམས་ཅད་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ང་ཡིས་བྱས་པ་ཡིན་པའི་ཕྱིར་ན་ངས་བྱས་པའི་ཆོས་འཁོར་འདས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་ངོ་བོར་ཡེ་ནས་གནས་པར་བཤད་པ་སྟེ། ཁམས་གསུམ་གྱི་སེམས་ཅན་མཐོ་རིས་གསུམ་དང་ངན་འགྲོ་གསུམ་སྟེ་རྒྱུད་དྲུག་གིས་བསྡུས་པ་ཐམས་ཅད་ཀུན་ཀྱང་རང་བྱུང་གི་ཡེ་ཤེས་མིན་པ་གཅིག་ཀྱང་ཡོད་པར་ཀུན་བྱེད་རྒྱལ་པོ་ངས་མ་བཤད་དེ། དེས་ན་ཁམས་གསུམ་རྒྱུད་དྲུག་ཏུ་སྣང་བ་དེ་ལས་མ་གཏོགས་པ་ཡི་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀུན་གྱི་མེས་པོ་སྟོན་པ་ཀུན་བྱེད་རྒྱལ་པོ་ངས་མ་བཤད་དོ་ཞེས་སོ། །གཉིས་པ་ནི། དེ་ལ་ཁམས་གསུམ་ཞེས་བྱ་བའི་ངེས་ཚིག་གང་ཞེ་ན་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ལ་སྟོང་གསལ་ཐུགས་རྗེ་སྟེ་ཆོས་ཉིད་རྣམ་པ་གསུམ་དུ་བསྟན་པ་སྟེ། དེ་ལ་རང་བཞིན་གདོད་ནས་སྐྱེ་བ་མེད་པའམ་མ་སྐྱེས་པ་ཡི་ཆོས་ཉིད་སྤྲོས་པ་དང་བྲལ་བས་དངོས་པོའི་ཆོས་སུ་མི་སྣང་བའི་ཆ་ནས་བྱང་ཆུབ་ཀྱི་སེམས་དེ་ལ་ནི་གཟུགས་མེད་ཀྱི་ཁམས་ཞེས་སུ་བསྟན་པ་ཡིན་ལ། ངོ་བོ་སྣང་ཆ་མ་འགག་པར་སྐྱེ་བའི་ཆོ་འཕྲུལ་གཟུགས་སུ་སྣང་བ་ཡི་ཆ་ནས་ནི་བྱང་ཆུབ་ཀྱི་སེམས་དེ་ནི་གཟུགས་ཀྱི་ཁམས་ཞེས་སུ་བསྟན་པ་ཡིན་པ་དང་། ཐུགས་རྗེ་མ་འགག་པའི་རྩལ་སྣང་ཡེ་ཤེས་ཀྱི་ངོ་བོ་མངོན་དུ་ཕྱུང་ནས་འབྲས་བུ་བདེ་སྡུག་དང་རྒྱུ་དགེ་སྡིག་གི་ལས་སྣ་ཚོགས་སུ་སྣང་བ་དེ་ཉིད་ཐུགས་རྗེས་ཟད་པར་བྱ་བའི་ཕྱིར་འདོད་པའི་ཁམས་ནི་རང་རྩལ་འགག་པ་མེད་པའི་ཐུགས་རྗེས་མངོན་དུ་ཕྱུང་ཞིང་སྤྲུལ་པར་ཤར་བ་ཡིན་པའི་ཕྱིར་དེ་ལྟར་དུ་བསྟན་ཏོ་ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་ཀུན་བྱེད་རྒྱལ་པོས་བྱས་པ་ལས་ཇི་ལྟར་བྱུང་བའི་ཁུངས་བསྟན་པའི་ལེའུ་སྟེ་གསུམ་པའི་འགྲེལ་བའོ། །དོན་གཉིས་པ་གནས་ལུགས་རྒྱ་ཆེར་བཤད་པ་ལ་གསུམ་སྟེ། ཆོས་ཐམས་ཅད་གདོད་ནས་དག་པ་ཀུན་བྱེད་ཉིད་དུ་བསྟན་པ། ཆོས་ཉིད་སྒྲུབ་བསལ་ལས་འདས་པར་བསྟན་པ། བྱ་བཙལ་མཚན་མའི་ཡུལ་ལས་གྲོལ་བའོ། །དང་པོ་ལ་དབྱིངས་ཀྱི་ལེའུ་བདུན་ལས། དང་པོ་རྩ་བ་སེམས་སུ་འདུས་པ་ཀུན་བྱེད་མངོན་དུ་ཕྱུང་བའི་ལེའུ་བཞི་པ་ལ་གཉིས་ཏེ། འདུག་ཚུལ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི་བྱུང་ཚུལ་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་རང་བཞིན་གསལ་བར་བྱེད་པའི་མཚན་གྱི་ཆོས་རྒྱ་ཆེར་བཤད་པ་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཐམས་ཅད་ཀུན་བྱེད་ཉིད་དུ་འདུས་པར་རྟོགས་ཤིག་པར་གདམས་པ། དེའི་དོན་བཤད་པ། དེ་ཉིད་རྟོགས་ན་ཐམས་ཅད་ལྷུན་རྫོགས་གཅིག་ཏུ་གྲུབ་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉོན་ཅིག །སྟོན་པ་ཀུན་བྱེད་ང་ནི་ཡེ་ནས་རྒྱུ་རྐྱེན་གང་གིས་ཀྱང་འདུས་མ་བྱས་པ་རང་བྱུང་གི་ཡེ་ཤེས་ཏེ་ཞེས་མཚན་གྱི་རྣམ་གྲངས་དང་པོ་བསྟན་པ་དང་། ང་ནི་ཡེ་ནས་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཀུན་གྱི་སྙིང་པོའམ་བཅུད་ཡིན་ནོ་ཞེས་མཚན་གྱི་རྣམ་གྲངས་གཉིས་པ་དང་། ང་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ཡིན་ནོ་ཞེས་མཚན་གྱི་རྣམ་གྲངས་གསུམ་པ་སྟེ། དེ་ལྟར་ང་ཡི་མཚན་གྱི་རྣམ་གྲངས་རྣམ་པ་གསུམ་པོ་འདི་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་རྟོགས་པར་གྱིས་ཤིག་དང་། ང་ཡི་མཚན་རྣམ་པ་གསུམ་པོ་འདི་ཡི་དོན་སེམས་དཔའ་རྡོ་རྗེས་མ་ནོར་བར་རྟོགས་པར་གྱུར་ན་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་མ་ལུས་པ་ཡི་རང་བཞིན་རྟོགས་པར་འགྱུར་གྱིས་དེའི་ཕྱིར་ན་མཚན་གྱི་དོན་འདི་རྣམས་ཇི་བཞིན་ཏུ་བསྟན་པར་བྱའོ་ཞེས་སོ། །གཉིས་པ་ལ་གསུམ་སྟེ། ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་བཤད་པ། དེ་ཉིད་ཕུན་སུམ་ཚོགས་པ་ཀུན་གྱི་རང་བཞིན་ཏུ་བསྟན་པ། མཚན་གྱི་ངེས་ཚིག་བཤད་པའོ། །དང་པོ་ནི། དེ་ལ་ང་ཞེས་བྱ་བའི་དོན་ནི་སྙིང་པོ་ཡི་དོན་སྟེ། དེ་གང་གི་སྙིང་པོ་ཡིན་ཞེ་ན་འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་འབྱུང་གནས་སུ་གྱུར་པས་སྙིང་པོ་ཡིན་པ་དང་། རང་བྱུང་ཞེས་ནི་བྱ་བ་ནི་དང་པོར་བསྐྱེད་པའི་རྒྱུ་དང་ཐ་མ་འཇིག་པའི་རྐྱེན་མེད་པའི་རང་བཞིན་འདུས་མ་བྱས་པའི་ཆོས་ཉིད་ཆོས་ཅན་སྣང་བའི་དངོས་པོ་ཀུན་གྱི་སྙིང་པོ་འམ་གནས་ལུགས་ཡིན་པས་སྒོ་གསུམ་གྱི་རྩོལ་སྒྲུབ་ཀུན་ལས་འདས་པ་ཡི་དོན་ཡིན་པ་དང་། ཡེ་ཤེས་ཞེས་ནི་བྱ་བ་ཡི་དོན་ནི་སྐྱེ་བ་མ་གྲུབ་པས་མཐར་འགག་པ་མེད་ཅིང་རང་བཞིན་འདུས་མ་བྱས་པ་ལ་བསྒྲིབ་བྱ་སྒྲིབ་བྱེད་ཀྱི་ཆོས་སུ་གྲུབ་པ་མེད་པས་མ་བསྒྲིབས་པས་སམ་ཡང་ན་སྐྱེ་བའི་ཆོ་འཕྲུལ་འགག་པ་མེད་ཅིང་རང་བཞིན་འོད་གསལ་གྱི་སྣང་ཆ་མ་སྒྲིབ་པས་ཆོས་ཀུན་མ་ལུས་པའི་རོལ་པ་རྩལ་སྣང་འགག་མེད་དུ་སྟོན་པར་བྱེད་པའོ། །གཉིས་པ་ནི། ང་ཞེས་འདོགས་པའི་ཡུལ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་རིག་པ་བྱང་ཆུབ་ཀྱི་སེམས་ལ་འདོགས་པར་བྱ་བ་ཡིན་ལ། ཡེ་ནས་ཞེས་བྱ་བའི་དོན་འདི་ནི་དང་པོ་ཞེས་སམ་ཐོག་མ་ཉིད་ནས་གནས་པའི་དོན་དང་། ཆོས་ཀུན་ཞེས་སུ་ནི་བརྗོད་པར་བྱ་བ་ཡི་དོན་ནི་འཁོར་འདས་ཀྱི་ཆོས་མ་ལུས་པ་སྟེ། དེ་དག་ཚུར་བསྡུས་ན་ཕུན་སུམ་ཚོགས་པ་ལྔར་འདུས་པས་འདིར་དེའི་སྒོ་ནས་བསྟན་པ་ནི་སྟོན་པ་སྐུ་གསུམ་པོ་ཀུན་ཀྱང་ཆོས་ཉིད་ཡེ་སྟོང་ཆེན་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་ལ། དེ་བཞིན་དུ་སྟོན་པ་དེ་དག་གིས་བསྟན་པ་རྣམ་པ་གསུམ་པོ་ཀུན་ཀྱང་ཆོས་ཉིད་གཉུག་མའི་ཡེ་ཤེས་འདི་ལས་གཞན་དུ་ཡོད་པ་མ་ཡིན་ཞིང་། འཁོར་རྣམས་དང་གནས་དུས་ཀུན་ཀྱང་ཆོས་ཉིད་སྟོང་གསལ་བརྗོད་མེད་བློ་འདས་ཆེན་པོའི་རང་བཞིན་ཉིད་ཡིན་ཏེ། དེས་ན་ཆོས་ཉིད་སྟོང་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་མ་ཡིན་པའི་འཁོར་འདས་ཀྱི་ཆོས་གཅིག་ཀྱང་མེད་པར་བསྟན་པའོ། །སྙིང་པོ་ཞེས་བྱ་བའི་དོན་འདི་ནི་ཆོས་རྣམས་ཐམས་ཅད་གང་ལས་འབྱུང་བའི་སྙིང་པོ་སྟེ། ཇི་ལྟར་ན་བྱང་ཆུབ་སེམས་ཀྱི་རང་བཞིན་ཅིར་ཡང་གྲུབ་པ་མེད་པ་ལས་ཅིར་ཡང་འཆར་བའི་ཚུལ་དུ་སྐུ་གསུམ་གྱི་སྟོན་པ་གསུམ་ཡང་དེ་ལས་བྱུང་བ་དང་། སྟོན་པ་དེ་དག་གིས་གསུངས་པའི་བསྟན་པ་གསུམ་ཡང་དེ་ལས་བྱུང་བ་དང་དེ་དག་ལ་འདུས་པའི་འཁོར་དང་གང་དུ་བཞུགས་པའི་གནས་དང་སྟོན་འཁོར་ཚོགས་པའི་དུས་རྣམས་ཀྱང་དེ་ལས་བྱུང་བའི་ཕྱིར་ན་བྱང་ཆུབ་ཀྱི་སེམས་འདི་ནི་ཆོས་ཐམས་ཅད་གང་ལས་འབྱུང་བའི་སྙིང་པོ་ཡིན་པར་བཤད་པ་ཡིན་ནོ། །གསུམ་པ་ལ་གཉིས་ཏེ། ཕུན་སུམ་ཚོགས་པའི་ངེས་ཚིག་དང་། །བྱང་ཆུབ་སེམས་ཀྱི་ངེས་ཚིག་གོ། །དང་པོ་ནི། འདི་ལྟར་སྟོན་པ་རང་བྱུང་གི་ཡེ་ཤེས་ང་ནི་ཆོས་རྣམས་ཀུན་གྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་ཉིད་ཡིན་ལ་དེ་ཉིད་ཀྱིས་སྲིད་དང་ཞི་བའི་ཆོས་རྣམས་མ་ལུས་པ་ཀུན་བྱེད་པ་ཡིན་ཏེ། དེས་ན་ཀུན་ཞེས་བྱ་བའི་དོན་ནི་ཆོས་རྣམས་ཐམས་ཅད་ཀུན་ཡིན་ལ། ཆོས་རྣམས་ཀུན་ཞེས་སུ་བརྗོད་པ་དེ་ཡང་གང་དང་གང་ལ་བརྗོད་པ་ཡིན་ཞེ་ན། དེ་ནི་ཚུར་བསྡུ་ན་ཕུན་སུམ་ཚོགས་པ་ལྔས་མ་བསྡུས་པའི་ཆོས་གང་ཡང་མེད་པས་ན་སྟོན་པ་དང་ནི་དེ་དག་གི་བསྟན་པ་དང་འཁོར་དང་གནས་དང་དུས་ནི་ཐམས་ཅད་ལ་ཀུན་ཞེས་པའི་མིང་འཇུག་པའོ། །བྱེད་ཅེས་སུ་བྱ་བ་ནི་དེ་དག་བྱེད་པའི་མཁན་པོ་ཡི་དོན་བསྟན་པ་སྟེ། དེས་ན་སྐུ་གསུམ་གྱི་སྟོན་པ་དང་ནི་དེ་རྣམས་ཀྱིས་བསྟན་པའི་ཆོས་ཐེག་པ་གསུམ་དང་གདུལ་བྱའི་འཁོར་དང་བཞུགས་པའི་གནས་དང་ཕུན་སུམ་ཚོགས་པའི་དུས་སྟེ་རྣམ་པ་ལྔ་པོ་ནི་མ་ལུས་པ་ཀུན་བྱེད་པའི་མཁན་པོ་ཡིན་པས་ན་རང་བྱུང་ཡེ་ཤེས་དེ་ལ་མཁན་པོ་ཞེས་བརྗོད་པ་ཡིན་ནོ། །རྒྱལ་པོ་ཞེས་སུ་ནི་བྱ་བ་ཡི་དོན་ནི་སྙིང་པོ་རང་བྱུང་གི་ཡེ་ཤེས་སྟོང་གསལ་བརྗོད་བྲལ་དེ་ཉིད་ནི་ཚུལ་གང་གིས་ཀྱང་བཅོས་བསྒྱུར་བྱེད་མི་ནུས་པས་བྱེད་པའི་མཁན་པོ་ཀུན་ལས་རྒྱལ་ཏེ་གང་གིས་ཀྱང་དབང་བྱེད་པའི་ཡུལ་དུ་མ་གྲུབ་པ་དང་། ཕར་ཆོས་རྣམས་ཐམས་ཅད་བྱེད་མཁན་རང་བྱུང་གི་ཡེ་ཤེས་འདི་ཉིད་གཅིག་པུ་ལས་མེད་པས་ན་ཆོས་རྣམས་ཀུན་ལས་ཀྱང་རྒྱལ་བས་ན་རྒྱལ་པོ་ཞེས་གསུངས་སོ། །འདི་ལ་ས་བཅད་དུ་ཕུན་སུམ་ཚོགས་པའི་ངེས་ཚིག་ཅེས་གསུངས་ཕུན་སུམ་ཚོགས་པ་ཀུན་བྱེད་པའི་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་ངེས་ཚིག་གསུངས་པའོ། །གཉིས་པ་ནི། དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་ངེས་ཚིག་ནི་ཇི་ལྟར་ཡིན་ཞེ་ན། འདི་ལྟར་བྱུང་བ་ཞེས་བྱ་བའི་དོན་ནི་འདི་ལྟ་སྟེ། ཆོས་རྣམས་ཐམས་ཅད་འབྱུང་བའི་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ནི་ཚོགས་གཉིས་སོགས་རྒྱུ་རྐྱེན་ལ་བརྟེན་ནས་གསར་དུ་དག་པར་བྱས་ལྟ་བུ་མ་ཡིན་པར་རིག་པ་རང་བྱུང་གི་ངོ་བོར་ཡེ་ནས་རྣམ་པར་དག་པ་ཡིན་པས་རྒྱུ་ཀུན་བྱེད་རྒྱལ་པོ་དེས་བྱས་པ་ཡི་ཆོས་རྣམས་ཀུན་ཀྱང་སྤྱོད་ཡུལ་ཀུན་ཏུ་རྣམ་པར་དག་པའི་ཀུན་བཟང་བདེ་བ་ཆེན་པོ་ཀ་དག་སྤྲོས་པ་དང་བྲལ་བའི་ཀློང་ཉིད་དུ་རྣམ་པར་དག་པ་ཉག་གཅིག་ཏུ་གནས་པས་བྱང་ཞེས་བྱ་བར་བཤད་པ་ཡིན་ལ། ཆུབ་ཅེས་བྱ་བ་ནི་འདི་ལྟ་སྟེ། སྙིང་པོ་རང་བྱུང་གི་ཡེ་ཤེས་ཀུན་ཁྱབ་བདེ་བར་གཤེགས་པའི་སྙིང་པོ་དེས་རང་གི་རྩལ་ལས་ཤར་བའི་ཆོས་སྣང་བ་འབྱུང་ལྔས་བསྡུས་པ་དང་ནི། སྲིད་པ་ཕུང་ལྔས་བསྡུས་པ་དང་། དེ་བཞིན་དུ་ཕྱི་སྣོད་དང་ནང་བཅུད་ཀྱིས་བསྡུས་པ་དང་། དུས་གསུམ་དུ་བྱོན་པའི་སངས་རྒྱས་ཐམས་ཅད་དང་། ཁམས་གསུམ་གྱིས་བསྡུས་པའི་རྒྱུད་དྲུག་གི་སེམས་ཅན་རྣམས་དང་། དེ་བཞིན་ཉིད་སོགས་འདུས་མ་བྱས་ནི་ཐམས་ཅད་ལ་སྟེ། མདོར་ན་འདུས་བྱས་འདུས་མ་བྱས་ཀྱིས་བསྡུས་པའི་ཆོས་ཀུན་ལ་སྙིང་པོ་ཆོས་ཉིད་ཀྱི་ཚུལ་དུ་ཆུབ་སྟེ་ནམ་མཁའི་ཁམས་བཞིན་དུ་ཁྱབ་པར་གནས་པ་དེས་ན་ཆུབ་ཅེས་བྱ་བར་བཤད་པ་དང་། སེམས་ཞེས་བརྗོད་པ་ཉིད་ཀྱི་དོན་ནི་འདི་ལྟ་སྟེ། སྙིང་པོ་རང་བྱུང་གི་ཡེ་ཤེས་དེའི་རྩལ་གདངས་འགག་པ་མེད་པ་སོ་སོར་རྟོག་པའི་ཤེས་རབ་མ་འགགས་པར་གསལ་བ་དེས་སྣང་སྲིད་སྣོད་བཅུད་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་ཅིང་དབང་བསྒྱུར་བའི་སྒོ་ནས་གསལ་བར་གཅོད་པ་དེས་ན་སེམས་ཞེས་བྱ་བར་བཤད་དོ། །དེ་ལྟར་རྒྱུ་རྐྱེན་མེད་པའི་རང་བྱུང་ཡེ་ཤེས་ཆེན་པོ་ཆོས་ཀུན་གྱི་སྙིང་པོ་འམ་སྙིང་པོའི་ཚུལ་དུ་བཞུགས་པ་དེས་སྣང་སྲིད་འཁོར་འདས་ཀུན་ལ་དབང་བསྒྱུར་ཞིང་ཐམས་ཅད་བྱེད་པ་ཡིན་ནོ་ཞེས་འཇུག་བསྡུས་པའོ། །གསུམ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་རིག་པ་རང་བྱུང་གི་ཡེ་ཤེས་ང་ཡི་རང་བཞིན་ཆོས་སྐུ་སྟོང་གསལ་ཆེན་པོ། གང་ཡིན་གྱི་གཟའ་གཏད་མེད་པ། འདི་ཡིན་གྱི་ངོས་བཟུང་མེད་པ། བྱ་རྩོལ་གྱི་ཡུལ་དུ་མེད་པ། མཚན་འཛིན་གྱི་བློ་དང་བྲལ་བ། གཉིས་སྣང་གི་མཐའ་ལས་གྲོལ་བ། གཉིས་མེད་ཀྱི་ངོ་བོ་མེད་པ། སྣང་བ་ལ་རང་བཞིན་མེད་པ། སྟོང་པ་ལ་འགག་པ་མེད་པ། ཟུང་འཇུག་གི་གཞི་རྩ་མེད་པ། བཟང་ངན་དང་བླང་དོར་མེད་པ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ཁྱབ་བརྡལ་ནམ་མཁའ་ལྟ་བུའི་རང་བཞིན་འདིའི་ལྟ་བ་བཞིན་དུ་རྟོགས་པར་གྱུར་ན་སྐུ་གསུམ་གྱི་སྟོན་པ་ཀུན་གྱི་ཆོས་ཉིད་ཀྱང་རྟོགས་པར་འགྱུར་ལ། དེ་དག་གི་བསྟན་པ་ཀུན་གྱི་དོན་ཀྱང་རྟོགས་པར་འགྱུར་བ་དང་། འཁོར་གྱི་བསམ་པ་ཡི་བྱེ་བྲག་མ་ལུས་པ་ཡང་རིག་པར་འགྱུར་ལ། དུས་དང་གནས་ཀུན་གྱི་རང་བཞིན་ཀྱང་གཅིག་ཏུ་འགྱུར་བའི་ཆོས་ཉིད་དབྱེ་བསལ་མེད་པའི་དོན་རིག་པར་འགྱུར་ཏེ། འདི་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ཀུན་ཀྱང་ཀུན་བྱེད་ང་ཡི་རྩལ་དང་རོལ་པར་ཤར་བ་ཁོ་ན་ཡིན་པས་སོ། །དེ་ལྟར་རིག་ཅིང་རྟོགས་པ་ལ་དགོས་པའམ་ཡོན་ཏན་ཅི་ཡོད་སྙམ་ན། ང་ཡི་རང་བཞིན་ཡིན་ལུགས་མ་ནོར་བ་འདི་ཇི་བཞིན་དུ་རིག་ཅིང་རྟོགས་པར་གྱུར་ན་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་གྲོལ་བསལ་བཞག་དང་བྲལ་བའི་ཚུལ་མ་ནོར་བར་རིག་པར་འགྱུར་བས་བྱ་བྱེད་རྩོལ་སྒྲུབ་ཀྱི་སྦྲོས་པ་ཀུན་ལས་འདས་ཏེ། རེ་དོགས་དང་དགག་སྒྲུབ་གང་ཡང་མེད་པ་མི་རྩོལ་ལྷུན་གྱིས་གྲུབ་པའི་ཚུལ་དུ་ཀུན་བཟང་ཆོས་སྐུའི་རྒྱལ་ས་རུ་ད་ལྟ་ཉིད་ནས་གཏན་སྲིད་ཟིན་པར་འགྱུར་རོ། །ཞེས་གསུངས་སོ། །ལེའུའི་མཚན་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ང་ཉིད་ཀྱི་མཚན་གྱི་དོན་རྒྱ་ཆེར་བཤད་པའི་ལེའུ་སྟེ་བཞི་པའི་འགྲེལ་པའོ།། །།གཉིས་པ་ཐམས་ཅད་ཀུན་བྱེད་ཉིད་ལས་བྱུང་བའི་ལེའུ་ལྔ་པ་ལ་གཉིས་ཏེ། འཇུག་ཚུལ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་མཚན་གྱི་རྣམ་གྲངས་བཤད་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཐུགས་སྲས་སེམས་དཔའ་རྡོ་རྗེ་ལ་སོགས་པའི་འཁོར་ཚོགས་རྣམས་ལ་སྟོན་པ་ཉིད་ཀྱི་རང་བཞིན་བསྟན་པའི་མདོ་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་ཉིད་རྫོགས་པ་ཆེན་པོའི་དགོངས་པ་གཅིག་ཏུ་འདུས་པའི་དོན་འདི་བསྟན་ཏོ། །གཉིས་པ་ལ་གསུམ་སྟེ། དབྱིངས་དེ་བཞིན་ཉིད་ལས་ཐེག་པ་དུ་མར་བསྟན་ཡང་རང་བཞིན་ཆོས་ཉིད་ལས་མ་གཡོས་པ། དེའི་དོན་ནམ་མཁའ་ལྟ་བུར་བསྟན་པ། ཀུན་དཔེ་ཆོས་ཉིད་དུ་ངེས་པར་བྱེད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག་སྟོན་པ་རང་བྱུང་གི་ཡེ་ཤེས་ང་ཡི་རང་བཞིན་འདི་ལྟ་སྟེ་ཡོད་ནི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རིག་པ་རང་བྱུང་གི་ཡེ་ཤེས་གཅིག་ལས་མེད་པ་སྟེ་ཆོས་ཐམས་ཅད་ཡེ་ནས་མ་གྲུབ་པར་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་རང་བཞིན་དུ་གནས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་སེམས་ཅན་རྣམས་ཀྱིས་རྒྱུ་ལྷན་གཅིག་སྐྱེས་པ་དང་རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པ་གཉིས་ཀྱིས་དབང་གིས་ཡོད་པ་ཆོས་ཉིད་ཀྱི་དོན་མ་རྟོགས་པར་མེད་པ་འཁོར་བའི་འཁྲུལ་སྣང་སྣ་ཚོགས་ལ་སྤྱོད་པ་ལ་གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་རྟོགས་བྱེད་ཀྱི་ཐབས་སུ་གདུལ་བྱ་རང་རང་གི་བློ་དང་འཚམས་པར་བསྟན་པའི་ཐེག་པའི་རྣམ་གྲངས་ནི་འཇིག་རྟེན་པའི་ཐེག་པ་དང་འཇིག་རྟེན་ལས་འདས་པའི་ཐེག་པ་རྣམ་པ་གཉིས་སུ་བསྟན་པ་ཡིན་ཏེ་མདོ་བཅུ་ལས། གཉིས་ནི་རྣམ་པའི་བྱེ་བྲག་སྟེ། །ཐེག་པ་རྣམ་པ་གཉིས་སུ་བསྟན། །འཇིག་རྟེན་པ་ཡི་ཐེག་པ་དང་། །འཇིག་རྟེན་འདས་པའི་ཐེག་པ་གཉིས། །ཞེས་གསུངས་པ་ལྟར་ལ་དེ་ལས་འཇིག་རྟེན་འདས་པའི་ཐེག་པ་ལ་ནང་གསེས་ཀྱི་དབྱེ་བ་དུ་ཞིག་བྱུང་ན་ནི་གདུལ་བྱ་དབང་པོ་རབ་འབྲིང་ཐ་མ་གསུམ་ལ་རབ་ཀྱི་རབ་སོགས་ནང་གསེས་གསུམ་གསུམ་དབྱེ་བའི་དགུ་ཡོད་པ་ལ་ལྟོས་ནས་ཐེག་པ་རིམ་པ་དགུ་རུ་བྱུང་བ་ཡིན་ཀྱང་དེ་རྣམས་ཐམས་ཅད་ཚུར་བསྡུས་ན་སྣོད་བཅུད་ཐམས་ཅད་ནམ་མཁའི་ཀློང་དུ་འདུས་པ་ལྟར་ཐེག་པའི་རྣམ་གྲངས་དེ་རྣམས་ཀྱང་འདུས་ནི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་རྫོགས་པ་ཆེན་པོར་དབྱེ་བསལ་མེད་པར་གཅིག་ཏུ་འདུས་པ་ཡིན་ཏེ། དེ་ཉིད་ལས། སྣང་སྲིད་སྣོད་བཅུད་ཐམས་ཅད་དང་། །སངས་རྒྱས་སེམས་ཅན་ཐམས་ཅད་དང་། །བསྟན་པའི་ཐེག་པ་ཐམས་ཅད་ཀུན། །སེམས་ཉིད་རྫོགས་ཆེན་འདི་ལ་འདུས། །འདི་ལ་གནས་ཤིང་འདི་དོན་སྟོན། །འདི་ནི་ཀུན་བཟང་ང་ཡིན་ཏེ། །སངས་རྒྱས་ཀུན་གྱི་སྟོན་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་ལྟར་ཐེག་པ་ཀུན་གྱི་དོན་རྫོགས་པ་ཆེན་པོར་འདུས་པ་ཡིན་ན་འོ་ན་རྫོགས་པ་ཆེན་པོའི་དོན་ནི་ཇི་ལྟ་བུ་ཞིག་ཡིན་སྙམ་ན་དེ་ནི་སྔར་བསྟན་པའི་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ཏེ་ཞེས་ཆོས་རྣམས་ཀྱི་གནས་ལུགས་རིག་པ་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་ངོས་བཟུང་བ་དང་། དེའི་མཚན་ཉིད་བསྟན་པའི་ཕྱིར་དུ་བྱང་ཆུབ་ཀྱི་སེམས་དེ་གནས་ནི་ཆོས་ཉིད་སྐྱེ་བ་མེད་པ་སྟོང་ཆེན་དབྱིངས་ཀྱི་ངང་ལ་རྟག་ཏུ་གནས་ཤིང་དེ་ལས་འདའ་བ་མེད་ལ། གསལ་ནི་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་འོད་གསལ་ལྷུན་གྲུབ་ཀྱི་སྣང་ཆ་འགག་པ་མེད་པར་དབྱིངས་སྐྱེ་བ་མེད་པའི་ནམ་མཁའ་ལ་ཡེ་ནས་སྒྲིབ་པ་མེད་པར་གསལ་བ་ཡིན་ལ། ཁྱབ་ནི་ཆོས་ཀྱི་དབྱིངས་དང་ནམ་མཁས་གར་ཁྱབ་པའི་ཕྱི་ནང་སྣོད་བཅུད་ཀྱི་ཁམས་ཀུན་ལ་ཆོས་ཉིད་ཀྱི་ཚུལ་དུ་ཡེ་ནས་འདུ་འབྲལ་མེད་པར་ཁྱབ་པ་དང་། དེའི་གདངས་འགག་པ་མེད་པའི་རོལ་རྩལ་ལས་བྱུང་བ་ནི་སྣང་སྲིད་སྣོད་བཅུད་སོགས་འཁོར་འདས་ཀུན་གྱི་རྣམ་རོལ་དུ་བྱུང་བ་ཡིན་ཀྱང་། དེ་ལྟ་ནའང་རང་གི་ངོ་བོ་འདི་ལྟ་བུའོ་ཞེས་བསྟན་དུ་གཏུབས་པའི་རང་བཞིན་ཅན་མཚན་མའི་དངོས་པོ་ཅན་དུ་གྲུབ་པ་གང་ཡང་མེད་ལ། དེས་ན་རྟོག་མེད་ཀྱི་ཤེས་པས་མངོན་སུམ་དུ་མཐོང་དུ་ཡང་མེད་དེ་དམིགས་པའི་ཡུལ་དུ་གྲུབ་པའི་རང་མཚན་དང་བྲལ་བའི་ཕྱིར་དང་། རྟོག་བཅས་ཀྱི་བློ་ཡིས་ལུང་དང་གཏན་ཚིག་སོགས་ལ་བརྟེན་ནས་རྗེས་དཔག་གི་ཚུལ་དུ་ཤེས་སུ་ཡང་མེད་དེ་ཚིག་ཏུ་བརྗོད་པར་བྱེད་པར་གཞན་སེལ་དོན་སྤྱིའི་ངོ་བོ་ཙམ་དུའང་གྲུབ་པ་མེད་པའི་ཕྱིར་རོ། །རྒྱུ་མཚན་དེ་ལྟ་བུའི་ཕྱིར་ན་བསྐྱེད་བྱེད་ཀྱི་རྒྱུ་ལས་མ་བྱུང་བ་རང་བྱུང་འདུས་མ་བྱས་པ་ཆོས་ཀུན་གྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡོད་མེད་ཡིན་མིན་འཁོར་འདས་བཟང་ངན་ལ་སོགས་སྤྲོས་པའི་མཐའ་གང་དུ འང་གྲུབ་པ་མེད་པས་འདི་དང་འདི་ལྟ་བུའོ་ཞེས་སྒྲ་ཚིག་གི་སྒྲོས་ཀྱིས་བཏགས་པ་ཀུན་དང་བྲལ་བས་ཆོས་ཉིད་དམིགས་བསམ་ལས་འདས་པ་མཐའ་གྲོལ་ཕྱོགས་ཡན་ཆེན་པོའི་རང་བཞིན་དུ་བསྟན་པ་ཡིན་ནོ། །གསུམ་པ་ཀུན་དཔེ་ཆོས་ཉིད་དུ་ངེས་པར་བྱེད་པ་ལ་གཉིས་ཏེ། དཔེ་དོན་རྟགས་གསུམ་གྱིས་ངེས་པར་བྱ་བ་དང་། དེ་ལས་གཞན་པའི་དཔེས་མི་རྟོགས་པར་བསྟན་པའོ། །དང་པོ་ནི། གོང་དུ་བཤད་པའི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་དོན་འདི་ངེས་པར་སྟེ་མ་ནོར་བ་ཇི་ལྟ་བ་བཞིན་དུ་རྟོགས་པར་འདོད་ན་དཔེ་དོན་རྟགས་གསུམ་གྱི་སྒོ་ནས་རྟོགས་པར་བྱ་དགོས་ཏེ། དེ་ལ་སེམས་ཉིད་རང་བྱུང་གི་ཡེ་ཤེས་མཚོན་པར་བྱེད་པའི་དཔེ་ནི་ནམ་མཁའ་ལྟ་བུར་བརྟགས་པར་བྱ་སྟེ། བྱང་ཆུབ་སེམས་ཀྱི་མདོ་ལས། ཆོས་ཀུན་དཔེ་ནི་ནམ་མཁའ་འདྲ། །ནམ་འཁའ་དག་ལས་ཐམས་ཅད་འབྱུང་། །ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས། །ཐམས་ཅད་འབྱུང་བས་ནམ་མཁའ་འདྲ། །རྒྱུ་མེད་པ་ཡི་བྱང་ཆུབ་སེམས། །མ་སྐྱེས་པས་ན་ནམ་མཁའ་འདྲ། །རྐྱེན་མེད་པ་ཡི་བྱང་ཆུབ་སེམས། །མི་འཇིག་པས་ན་ནམ་མཁའ་འདྲ། །གཉེན་པོ་མེད་པའི་བྱང་ཆུབ་སེམས། །ཐམས་ཅད་འཇོམས་པས་ནམ་མཁའ་འདྲ། །མཚོན་དུ་མེད་པའི་བྱང་ཆུབ་སེམས། །བསྟན་དུ་མེད་པའི་ནམ་མཁའ་འདྲ། །མ་སྒྲིབ་པ་ཡི་བྱང་ཆུབ་སེམས། །ཀུན་ཏུ་གསལ་བས་ནམ་མཁའ་འདྲ། །ཐམས་ཅད་བསྐྱེད་པའི་བྱང་ཆུབ་སེམས། །སྣང་སྲིད་བསྐྱེད་པས་ནམ་མཁའ་འདྲ། །རང་བྱུང་ཟབ་མོའི་དོན་གཞིག་ན། །དོན་དམ་མ་སྐྱེས་ནམ་མཁའ་འདྲ། །སྣང་དང་སྲིད་དང་ཡོད་པ་དང་། །བཏགས་ཤིང་ཆགས་པའི་ཆོས་རྣམས་ཀུན། །དོན་དམ་རང་བཞིན་མ་སྐྱེས་པས། །སྐྱེ་མེད་དཔེ་ནི་ནམ་མཁའ་འདྲ། །ནམ་མཁའ་ལྟ་བུའི་ཆོས་ཀུན་བརྟགས། །ཞེས་གསུངས་ལ། དཔེ་དེས་མཚོན་པར་བྱ་བའི་དོན་ནི་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དམ་འབྱུང་གནས་སུ་གྱུར་བས་ཆོས་ཀྱི་དབྱིངས་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གདོད་ནས་སྐྱེ་བ་མེད་པའི་རང་བཞིན་དུ་མངོན་པར་སངས་རྒྱས་པའི་བདག་ཉིད་དུ་ཤེས་པར་བྱ་སྟེ། དེ་ལས། དཔེ་དེ་འདྲ་བའི་དོན་ཆོས་ནི། །ཡིན་པ་དག་ལ་དོན་ཞེས་གདགས། །དོན་ནི་སྐྱེ་བ་མེད་པ་ཡིན། །སྐྱེ་མེད་པ་ཡི་རང་བཞིན་ནི། །རྒྱུ་མེད་པ་ལས་སྐྱེ་མེད་པས། །སེམས་ལ་རྒྱུ་མེད་སྐྱེ་བ་མེད། །སྲིད་པའི་ཆོས་ལ་རྒྱུས་བསྐྱེད་ཀྱང་། །ཆོས་ཀྱི་དབྱིངས་ལ་རྒྱུ་མེད་པས། །སྐྱེ་བ་མེད་པའི་དོན་ཡིན་ནོ། །ཐམས་ཅད་ཆོས་ནི་སྐྱེ་བ་མེད། །སྐྱེ་མེད་བྱང་ཆུབ་མངོན་སངས་རྒྱས། །ཞེས་སོ། །དེ་ལྟར་སེམས་ཉིད་འདུས་མ་བྱས་པའི་རང་བཞིན་ཆོས་དབྱིངས་སྐྱེ་བ་མེད་པ་སྤྲོས་བྲལ་ནམ་མཁའ་ལྟ་བུའི་རང་བཞིན་ཏེ་ངེས་པར་བྱེད་པའི་རྟགས་ནི་སེམས་ཉིད་གདོད་ནས་སྐྱེ་བ་མེད་པ་དེ་ཉིད་ཀྱི་གདངས་རྩལ་འགག་པ་མེད་པར་རང་ཤར་བའི་ངོ་བོ་ཉིད་དེ། དེ་ལྟར་ཡང་ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། །རྟགས་ནི་རྩལ་ལས་ཅིར་ཡང་འཆར་བ་སྟེ། །ཤར་བའི་དུས་ན་ཤར་ས་ཤར་མཁན་མེད། །ཤར་ཞེས་མིང་ཙམ་བརྟགས་ན་ནམ་མཁའ་འདྲ། །རིས་མེད་མཉམ་པ་ཆེན་པོར་འུབ་ཆུབ་བོ། །ཞེས་གསུངས་སོ། །དེ་ལྟར་དཔེ་དོན་རྟགས་གསུམ་གྱིས་སྣང་སྲིད་ཀྱི་ཆོས་ཐམས་ཅད་ནམ་མཁའ་ལྟ་བུའི་ཆོས་ཉིད་སྐྱེ་མེད་བསམ་བརྗོད་དང་བྲལ་བའི་རང་བཞིན་ལ་ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན་པར་བྱེད་ཅིང་། མཚན་འཛིན་གྱི་རྟོག་པའི་ཡུལ་དུ་དམིགས་སུ་མེད་པའི་ཆོས་ཉིད་ལ་སྣང་ཡང་རང་བཞིན་མེད་པའི་རྩལ་སྣང་འགག་པ་མེད་པའི་རྟགས་ཀྱི་ངོ་བོ་ངོས་བཟུང་གི་ཚུལ་དུ་དམིགས་སུ་མེད་པར་མཚོན་ཏེ་བསྟན་པར་བྱ་ཞིང་། ཚིག་ཏུ་བརྗོད་དུ་མེད་པའི་དོན་ཆོས་ཉིད་བསམ་བརྗོད་ལས་འདས་པ་ལ་སྨྲ་བསམ་བརྗོད་པ་དང་བྲལ་བའོ་ཞེས་པ་ལྟ་བུའི་བརྗོད་དུ་མེད་པའི་ཚིག་གིས་བརྗོད་དེ་དམིགས་མེད་སྤྲོས་བྲལ་དོན་གྱི་ངོ་བོར་བསྟན་པ་ཡིན་ནོ། །དེ་ལྟར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་གནས་ལུགས་ཏེ་དཔེ་དོན་རྟགས་གསུམ་དུ་བསྡུས་ཏེ་བསྟན་པའི་དོན་འདི་ཡིས་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ནམ་དོན་གྱི་ངོ་བོ་འགྲེལ་ཞིང་བསྟན་པ་སྟེ། དེས་ན་དཔེ་དོན་རྟགས་གསུམ་པོ་འདི་ཡིས་ཀུན་དོན་སྐྱེ་བ་མེད་པ་ཀུན་བྱེད་ང་ཡི་དོན་འདི་ཡང་དག་པར་རྟོགས་པར་གྱིས་ཤིག་ཅེས་པའོ། །གཉིས་པ་ནི། གོང་དུ་ཇི་སྐད་བཤད་པའི་དཔེ་དོན་རྟགས་གསུམ་པོ་འདི་ཡིས་ཀུན་བྱེད་རྒྱལ་པོ་ང་ཡི་དོན་སྟོང་གསལ་སྤྲོས་པ་དང་བྲལ་བའ ི་ཡེ་ཤེས་ཏེ་རྟོགས་པར་བྱེད་དགོས་ཀྱི་གལ་ཏེ་དཔེ་དོན་རྟགས་གསུམ་པོ་འདི་ལྟ་བུ་ཡིས་ང་ཡི་དོན་འདི་མ་རྟོགས་ན་དེ་ལས་གཞན་པའི་དོན་གྱི་གནས་ལུགས་འདི་མཚོན་བྱེད་ཀྱི་དཔེ་དང་བརྗོད་བྱེད་སྒྲ་ཚིག་ཅི་དང་གང་བསྟན་ཀྱང་ང་ཉིད་བྱང་ཆུབ་སེམས་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་དགོངས་པ་དང་འཕྲད་པར་མི་འགྱུར་ཏེ། ཅིས་ཕྱིར་ན་དམིགས་བསམ་སྤྲོས་པ་དང་བྲལ་བའི་ངང་ཚུལ་དེ་ལས་བརྒལ་ཏེ་གཞན་དུ་ཇི་ལྟར་བསམ་ཇི་ལྟར་བརྟགས་ཀྱང་ཀུན་བྱེད་ང་ཡི་དགོངས་པ་བརྗོད་མེད་བློ་འདས་ཆེན་པོ་ལས་གཞན་དུ་གོལ་ལ་ང་ཡི་རང་བཞིན་ཡིད་དཔྱོད་མཚན་མའི་རྟོག་པས་བསྒྲིབས་ཏེ་མི་སྣང་བ་ཡིན་པས་ན་ཆོས་རྣམས་ཀྱི་སྙིང་པོ་རིག་པ་རང་བྱུང་གི་ཡེ་ཤེས་ཇི་བཞིན་པ་མཐོང་བར་མི་འགྱུར་རོ། །ཞེས་གསུངས་སོ། །ལེའུའི་མཚན་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དོན་གྱི་འགྲེལ་བའི་ལེའུ་སྟེ་ལྔ་པའི་འགྲེལ་བའོ།། །།གསུམ་པ་ཀུན་བྱེད་དེ་བཞིན་ཉིད་ཕུན་སུམ་ཚོགས་པའི་ངོ་བོར་བསྟན་པའི་ལེའུ་དྲུག་པ་ལ་གཉིས་ཏེ། འཇུག་ཚུལ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ཐེག་པ་ཐམས་ཅད་ཀྱི་སྤྲོ་གཞི་ཆོས་ཉིད་རྫོགས་པ་ཆེན་པོ་ཀུན་དོན་སྐྱེ་བ་མེད་པའི་རང་བཞིན་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཉིད་ཀྱི་རང་བཞིན་ལ་ཡེ་ནས་མ་བཙལ་ལྷུན་གྱིས་གྲུབ་པས་རྩོལ་བྲལ་རྫོགས་པ་ཆེན་པོ་ཡི་དོན་དེ་བསྟན་པར་བྱེད་པའི་ཚིག་འདི་སྐད་དུ་གསུངས་སོ། །གཉིས་པ་ལ། གཉིས་ཏེ། ཀུན་གྱི་ཐོག་མར་གཤིས་དེ་བཞིན་ཉིད་ཡེ་ནས་གནས་པའི་རང་བཞིན་བསྟན་པ་དང་། དེ་ཉིད་དྲི་ལན་གྱི་ཚུལ་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ཇི་སྐད་བཤད་པའི་ཚིག་འདི་ཉོན་ལ་ཡིད་ལ་ཞོག་ཅིག་ཀུན་བྱེད་རྒྱལ་པོ་ང་ཡིས་ནི་ང་ཡི་ངོ་བོར་ཤར་བའི་ཆོས་རྣམས་ཐམས་ཅད་དང་པོར་རོལ་རྩལ་འགག་པ་མེད་པའི་རྟེན་འབྲེལ་དུ་བཀོད་པ་ལ་དོན་གྱི་དགོས་པ་ཅི་ཞིག་ཡོད་སྙམ་ན། ང་ཡི་ངོ་བོ་ཕུན་སུམ་ཚོགས་པ་ལྔའི་ཆོས་རྣམས་མངོན་དུ་ཕྱུང་བ་ལ་སྟོན་པ་ང་ཡི་ངོ་བོ་ཇི་བཞིན་པ་སེམས་དཔའ་རྡོ་རྗེ་ཁྱོད་ལ་སོགས་པའི་འཁོར་ཚོགས་རྣམས་ལ་བསྟན་པར་བྱ་བའི་དགོས་པ་ཡོད་ལ། དེ་ལྟར་ངོ་བོ་བསྟན་པ་ལ་བརྟེན་ནས་ང་ཡི་རང་བཞིན་ཀྱང་བསྟན་པར་འགྱུར་ཏེ། འདི་ལྟར་ངོ་བོ་སྣང་བའི་ཆོས་མངོན་སུམ་པ་འདི་རྣམས་ལ་བརྟེན་ནས་ནི་དེ་ཉིད་རང་བཞིན་མེད་པར་སྟོན་པའི་ཚིག་དང་སྒྲས་ཀྱང་རང་བཞིན་སྐྱེ་བ་མེད་པའི་དོན་ཏེ་མཚོན་པར་བྱས་ནས་བྱང་ཆུབ་སེམས་ཀྱི་ངོ་བོ་འདི་ལྟར་སྣང་བའི་ཆོས་རྣམས་ཀྱི་གནས་ལུགས་ཇི་བཞིན་པ་བསྟན་པར་བྱས་པས་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་སྟོང་གསལ་བརྗོད་པ་དང་བྲལ་བ་རང་བྱུང་ཡེ་ཤེས་ཉག་གཅིག་གི་རང་བཞིན་དུ་མཐོང་བར་འགྱུར་ཏེ། དགའ་རབ་རྡོ་རྗེས། སྣང་དེ་ཅིས་ཕྱིར་སྟོང་པའི་ཕྱིར། །སྟོང་དེ་ཅིས་ཕྱིར་སྣང་བའི་ཕྱིར། །ཅེས་གསུངས་པ་ལྟར་ལ་འདི་ནི་ཐུན་མོང་གི་ཐེག་པ་ལས་ཀྱང་གསུངས་ཏེ། ཇི་སྐད་དུ། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་དག་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་གསུངས་ཞིང་དཔལ་ལྡན་ན་གཱ་ཱརྫུ་ནས་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་དབབ་པར་བྱེད་པའི་རྟེན་འབྱུང་ཆེན་པོའི་རིག་པའི་གནད་ཀྱང་ཚུལ་དེ་ཉིད་ལ་ཐུག་པའོ། །དེ་ལྟར་བྱང་ཆུབ་སེམས་ཀྱི་རང་བཞིན་རིག་སྟོང་འདུས་མ་བྱས་པ་དམིགས་མཚན་སྤྲོས་པ་དང་བྲལ་བའི་ཚུལ་དེ་བསྟན་པར་བྱས་པས་ཆོས་ཐམས་ཅད་ཨ་དོན་སྐྱེ་བ་མེད་པའི་རང་བཞིན་མ་བཅོས་མཉམ་པ་ཆེན་པོའི་དོན་དེ་མངོན་སུམ་ཐད་དྲང་དུ་རིག་པར་གྱུར་བ་དང་། དེ་ཉིད་སྟོན་པར་བྱེད་པའི་ཚིག་རྣམས་ངག་ཏུ་བརྗོད་པར་བྱས་པས་ཕྱི་རབས་རྗེས་འཇུག་རྣམས་ཀྱིས་ཀྱང་དོན་རྣམས་ཐམས་ཅད་སྒྲར་བརྗོད་པ་ཐོས་པའི་སྒོ་ནས་ཨ་ཏི་རྫོགས་པ་ཆེན་པོའི་དགོངས་པ་ཇི་བཞིན་རྟོགས་པའི་དགོས་པ་ཡོད་དོ། །ཞེས་གསུངས་ནས་དོན་ལ་སྒྲ་ཚིག་བསམ་བརྗོད་དང་བྲལ་བ་བརྗོད་མེད་བློ་ལས་འདས་པ་མཚོན་པའི་བརྡར་ཅང་མི་གསུང་བར་ཆོས་ཐམས་ཅད་ཀྱི་ངོ་བོར་གཉིས་མེད་མཉམ་པ་ཉིད་ཀྱི་དགོངས་པ་ལ་བཞུགས་སོ། །གཉིས་པ་ལ་གསུམ་སྟེ། དྲིས་པའི་དོན་ཞུས་ཅིག་པར་གདམས་པ་དང་། ཞུས་པ་དངོས་དང་། དེའི་ལན་རྒྱ་ཆེར་གསུངས་པའོ། །དང་པོ་ནི། དེ་ནས་བཀའ་ཡི་བསྡུ་པ་པོ་སེམས་དཔའ་རྡོ་རྗེ་དེ་ཉིད་འཁོར་གྱི་ནང་ནས་རང་གི་གདན་ལས་ལངས་ནས་སྟོན་པ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་ཞལ་དུ་བྱད་ཀྱི་མདངས་ཕྱུང་སྟེ་འཁོར་པས་སྟོན་པ་ཀུན་བྱེད་རྒྱལ་པོས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ང་ཡི་ཞལ་ལ་འཛུམ་པའི་མདངས་ཀྱིས་ལྟ་ཞིང་འཁོད་པ་དེ་ཁྱོད་ཀྱིས་དོན་ཟབ་མོ་ཅི་དང་གང་ཞུ་བར་འདོད་པ་དེ་ང་ལ་གསོལ་ཅིག་དང་ཇི་ལྟར་ཞུས་པའི་དོན་རྣམས་ལུང་བསྟན་པར་བྱའོ། །ཅེས་གསུངས་སོ། །གཉིས་པ་ནི། སྟོན་པས་ཞུས་ཅིག་པར་གནང་བ་སྩལ་བ་དེ་ནས་སེམས་དཔའ་རྡོ་རྗེས་ཞུས་པ། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས་འདི་ལྟར་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་རྣམས་ཐམས་ཅད་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཁྱོད་ཀྱི་རང་བཞིན་ཡེ་སྟོང་སྤྲོས་པ་དང་བྲལ་བ་ཡིན་ན་ཁྱོད་ཀྱི་ངོ་བོ་སྟོན་པ་དང་བསྟན་པ་དང་འཁོར་དང་གནས་དུས་རྣམས་སུ་བཀོད་པ་ལ་དགོས་པ་ཅི་ཞིག་ཡོད་པ་ལགས་དེ་རྣམས་ལྷན་གཅིག་ཏུ་ཕུན་སུམ་ཚོགས་པའི་དགོས་པ་ཅི་ཞིག་ཡོད་པ་ལགས་ཞེས་ཞུས་སོ། །གསུམ་པ་ལན་ལ་ལྔ་སྟེ། དེ་བཞིན་ཉིད་ཕུན་སུམ་ཚོགས་པའི་རང་བཞིན་དུ་མདོར་བསྟན་པ་དང་། གནས་དང་གཞལ་ཡས་ཁང་བྱེ་བྲག་ཏུ་བཤད་པ། འཁོར་དང་སྟོན་པ་སོ་སོར་བརྗོད་པ། སྲིད་པའི་ཁམས་རྒྱས་པར་བསྟན་པ། ཆོས་ཕུན་སུམ་ཚོགས་པ་ཇི་ལྟར་བཀོད་པའོ། །དང་པོ་ནི། དེ་ལྟར་འཁོར་གྱིས་ཕུན་སུམ་ཚོགས་པའི་དགོས་དོན་ཞུས་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཇི་ལྟར་དྲིས་པའི་དོན་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག་འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་སྟོན་འཁོར་གནས་དུས་ལ་སོགས་པའི་ཕུན་སུམ་ཚོགས་པར་བཀོད་པ་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཉིད་ཡེ་ནས་ཕུན་སུམ་ཚོགས་པའི་རང་བཞིན་དུ་གནས་པ་ཡིན་ཏེ། དེ་ལྟ་བུའི་ང་ཡི་རང་བཞིན་ཕུན་སུམ་ཚོགས་པ་ལྔར་གནས་པའི་ཚུལ་འདི་སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟན་པར་བྱའོ་ཞེས་སོ། །གཉིས་པ་ལ་གཉིས་ཏེ། དེ་བཞིན་ཉིད་བྱང་ཆུབ་ཆེན་པོའི་གནས་དང་། སྟོང་གསལ་རང་བྱུང་ཡེ་ཤེས་ཀྱི་གཞལ་ཡས་ཁང་པའོ། །དང་པོ་ནི། འདི་ལྟར་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་སྟོང་གསལ་བརྗོད་མེད་བསམ་འདས་ཀྱི་ཡེ་ཤེས་འདི་ཉིད་དབྱིངས་སྤྲོས་པ་དང་བྲལ་བ་ཆོས་ཉིད་དེ་བཞིན་ཉིད་དང་ཡེ་ནས་དབྱེར་མི་ཕྱེད་པའམ་འདུ་འབྲལ་མེད་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་གནས་ཆེན་པོ་འདི་ཉིད་ཀུན་བྱེད་ང་ཡིས་བྱས་པ་ཡིན་ལ། ཀུན་བྱེད་བྱང་ཆུབ་ཀྱི་སེམས་རིག་པ་རང་བྱུང་གི་ཡེ་ཤེས་ང་ཉིད་གདོད་ནས་འཕོ་འགྱུར་མེད་པར་བཞུགས་པ་ལས་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་གནས་དེ་ན་གཞན་མཚན་མའི་སྤྲོས་པ་ཅན་གྱི་སྟོན་འཁོར་སུ་ཡང་མི་བཞུགས་ཞིང་མེད་པས་ཆོས་ཉིད་མཉམ་པ་ཆེན་པོ་གཅིག་གི་རང་བཞིན་དུ་གནས་སོ། །གཉིས་པ་ནི། ཀུན་བྱེད་ང་ཡི་རང་བཞིན་ཟང་ཐལ་གཉུག་མའི་ཡེ་ཤེས་སྒྲིབ་བྱེད་གང་གིས་མ་བསྒྲིབས་པར་འཁོར་འདས་ཀུན་ལ་ཁྱབ་པས་སྟོང་ཞིང་གསལ་བའི་རང་བཞིན་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངོ་བོར་གནས་པ་དེ་ནི་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་ཡིན་ལ་དེ་ན་ཡང་སྟོན་པ་རང་བྱུང་གི་ཡེ་ཤེས་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཉིད་ལས་གཞན་སུ་ཡང་མི་བཞུགས་པས་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་རང་བཞིན་ཡིན་ནོ། །གསུམ་པ་ལ་གསུམ་སྟེ། སྲིད་གསུམ་སེམས་ཅན་དང་། དུས་གསུམ་སངས་རྒྱས་ཀྱི་འཁོར་གྱི་རང་བཞིན་དང་། མི་གནས་སྤྲོས་པ་དང་བྲལ་བ་སྟོན་པའི་རང་བཞིན་ནོ། །དང་པོ་ནི། འདི་ལྟར་སྟོན་པ་ཀུན་བྱེད་ང་ནི་ཆོས་ཐམས་ཅད་འབྱུང་བའི་སྙིང་པོ་ཡིན་པའི་རྒྱུ་མཚན་དེ་བས་ན་འབྱུང་བ་ཆེན་པོ་ལྔ་དང་ཁམས་གསུམ་རྒྱུད་དྲུག་གི་སེམས་ཅན་རྣམས་ནི་ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ལས་གཞན་དུ་ལོག་ན་མེད་པས་ཡེ་ནས་ང་ཡི་རང་བཞིན་དུ་གནས་པ་ཉིད་ང་ཡིས་ངོ་བོ་སྣང་བའི་ཆོས་སུ་རྩོལ་མེད་དུ་བཀོད་པ་ཡིན་ནོ་ཞེས་པའོ། །དེ་ལྟར་ཡང་ཆོས་ཆེན་པོ་རྨད་དུ་བྱུང་བ་ལས། སེམས་དཔའ་ཆེན་པོ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ལས་བྱུང་ཞིང་། ཐུགས་ཉིད་ལས་མ་གྱུར་བ་མེད་དོ། །དེ་བཞིན་གཤེགས་པ་རྣམས་ཟད་པའི་མཐའ་མེད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཡང་ཟད་ཅིང་མེད་པའི་དུས་མེད་དོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ལ་ཟད་ཅིང་སྟོང་པའི་དུས་མེད་པ་ནི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་ཡིན་ཏེ། སྐུ་གསུང་ཐུགས་ཟད་ཅིང་སྟོང་པའི་དུས་མེད་པ་ཉིད་རྨད་དུ་བྱུང་བ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། རྒྱུ་མཚན་དེས་ན་འདས་མ་འོང་ད་ལྟ་སྟེ་དུས་གསུམ་གྱི་སངས་རྒྱས་དང་ཁམས་གསུམ་གྱི་བསྡུས་པའི་སེམས་ཅན་འདི་མ་ལུས་པ་ཡང་སྟོན་པ་ང་ཡི་རང་བཞིན་ཁྱོད་ལ་མངོན་དུ་བསྟན་པ་ཡིན་གྱི་གཞན་ནི་ཅི་ཡང་མེད་དོ། །ཅེས་གསུངས་པ་སྟེ། མདོ་བཅུ་ལས། སངས་རྒྱས་སྐུ་དང་ཡེ་ཤེས་དང་། །སེམས་ཅན་ལུས་དང་བག་ཆགས་དང་། །སྣང་དང་སྲིད་པའི་ཆོས་རྣམས་ཀུན། །བྱང་ཆུབ་སེམས་དང་དབྱིངས་སུ་འདུས། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། དེ་ལ་སྟོན་པ་ང་ཡི་རང་བཞིན་ནི་ཇི་ལྟ་བུ་ཡིན་ཞེ་ན། དེ་ནི་ཡེ་ནས་མ་སྐྱེས་ཞིང་སྤྲོས་པའི་མཐའ་ཀུན་དང་བྲལ་བའི་ཕྱིར་ན་གང་ལའང་མི་གནས་ཤིང་དམིགས་པའི་སྤྱོད་ཡུལ་ཀུན་ལས་འདས་པ་ཡིན་པ་དང་མཚན་མ་རིས་ཅན་དུ་མི་སྣང་བའི་ངོ་བོ་ཡིན་པས་ཏིང་ངེ་འཛིན་གྱིས་བསྒོམ་སྒྲུབ་བྱེད་པ་ལ་སོགས་པའི་ཡུལ་ལས་ཀྱང་འདས་པ་ཡིན་ནོ། །བཞི་པ་ནི། གོང་དུ་བསྟན་པ་དེ་ལྟ་བུའི་ཕྱིར་ན་ཀུན་བྱེད་ང་ཡི་རང་བཞིན་དངོས་སུ་ནི་སེམས་དཔའ་རྡོ་རྗེ་ཁྱོད་ལ་མི་སྣང་ཡང་ང་ཡི་ངོ་བོ་རོལ་རྩལ་འགག་པ་མེད་པའི་ཆ་འདི་ཁྱོད་ལ་སྣང་བར་བྱས་པས་དེ་ལ་བརྟེན་ནས་ང་ཡི་རང་བཞིན་མ་ནོར་བར་རྟོགས་པའི་དགོས་པ་ཡོད་པས་འདི་ལྟར་དུ་རྟོགས་པར་གྱིས་ཤིག །དེ་ཡང་འདི་ལྟར་འདོད་ཁམས་དང་གཟུགས་ཁམས་གཟུགས་མེད་ཀྱི་ཁམས་གསུམ་དང་འབྱུང་བ་ཆེན་པོ་ལྔ་དང་རྒྱུད་དྲུག་གི་འགྲོ་བ་རྣམས་སུ་སྣང་བའི་རང་བཞིན་འདི་ཉིད་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ཤེས་ལྔ་པོ་འདི་ལས་བྱུང་བ་ཡིན་ཏེ། ཚུལ་དེ་ཇི་ལྟར་བྱུང་ན་རྒྱུ་རྐྱེན་མེད་པའི་རང་བྱུང་གི་ངོ་བོ་ཆོས་རྣམས་ཀྱི་སྙིང་པོ་ཡེ་ཤེས་རྣམ་པ་ལྔ་པོ་འདི་ཉིད་མངོན་དུ་བྱུང་ཞིང་སྣང་བས། ཡེ་ཤེས་ལྔ་པོ་དེ་ཡི་རྩལ་ལས་ཡུལ་གཟུགས་སྒྲ་ལ་སོགས་པ་ལྔ་ཡང་གསལ་བར་བྱུང་ལ། དེ་བྱུང་བས་ཡུལ་ལྔ་པོ་དེ་ལ་བརྟེན་ནས་ཡུལ་ཡིད་འོང་ལ་འདོད་པའི་སྲེད་པ་དང་ཡིད་དུ་མི་འོང་པ་ལ་འཇིགས་སྲེད་ལ་སོགས་པ་དུག་ལྔའི་ངོ་བོར་གྱུར་པ་ཕྲ་བའི་ཆ་འདོད་པ་ལྔ་བྱུང་བ་དང་། དེ་ཉིད་ཇེ་རགས་སུ་སོང་བའི་སྐམ་ཞིང་ཆགས་པའི་ཉོན་མོངས་པ་ལྔ་བྱུང་ནས་ཆགས་པ་ལྔ་པོ་དེ་ཡི་དབང་གིས་དགེ་སྡིག་མི་གཡོ་བའི་ལས་གསུམ་བསགས་པ་དང་། དེ་ལྟར་ལས་བསགས་པ་དེ་དག་སོ་སོར་སྨིན་པའི་འབྲས་བུ་ནི་ལྷ་ལ་སོགས་པ་འགྲོ་བ་དྲུག་གི་ཁྱད་པར་གནས་རིས་དང་བདེ་སྡུག་ཚེ་ཚད་ལ་སོགས་པ་མི་འདྲ་བ་སོ་སོར་སྣང་བའི་ངོ་བོ་མ་འགག་པར་འདི་ལྟར་དུ་སྣང་བ་ཐམས་ཅད་ཀུན་བྱེད་ང་ཡིས་སེམས་དཔའ་རྡོ་རྗེ་ཁྱོད་ལ་ང་ཡི་ངོ་བོ་བསྟན་པ་ཡིན་ནོ་ཞེས་སྣང་སྲིད་འཁོར་འདས་ཐམས་ཅད་སེམས་ཉིད་ཀྱི་རོལ་པ་ལས་གཞན་དུ་མེད་པར་བསྟན་པའོ། །ལྔ་པ་ལ་བཞི་སྟེ། ཐེག་པའི་རང་བཞིན། དེ་ཉིད་གང་གིས་བསྟན་པ། སྣོད་མིན་ལ་གསང་བ། རྣམ་གྲངས་རྒྱ་ཆེར་བཤད་པའོ། །དང་པོ་ནི། འདི་ལྟར་ཆོས་ཕུན་སུམ་ཚོགས་པ་རྣམས་ཀྱང་ཀུན་བྱེད་བྱང་ཆུབ་སེམས་ཀྱིས་བཀོད་པ་ཡིན་ཏེ། དེ་ཡང་ཇི་ལྟར་ན་སྟོན་པ་སྐུ་གསུམ་གྱིས་སོ་སོའི་རང་འབྲས་ངེས་པར་ཐོབ་པར་བྱེད་པས་ངེས་ཐོབ་ཀྱི་ཐེག་པ་རྣམ་པ་དྲུག་ཏུ་བསྟན་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་སྐུ་གསུམ་གྱི་བསྟན་པ་ཐམས་ཅད་དོན་ལ་ཀུན་བྱེད་ང་ཡིས་བསྟན་པ་ཁོ་ན་ཡིན་མོད། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་དེ་ལྟར་མ་མཐོང་སྟེ་སྟོན་པ་སྐུ་གསུམ་དང་། ཀུན་བྱེད་བྱང་ཆུབ་ཀྱི་སེམས་གཉིས་ཐ་དད་དུ་བཟུང་ན་ཡང་དོན་ལ་སྟོན་པ་ཀུན་བྱེད་ང་ཡི་རྩལ་ལས་ཤར་བའི་སྟོན་པ་སྐུ་གསུམ་པོ་དེ་རེ་རེ་བཞིན་དུ་ཀུན་བྱེད་ང་ཡི་རང་བཞིན་ནས་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཀ་དག་དབྱིངས་ཀྱི་ཆ་རེ་རེ་ཡོད་ལ། དེ་རེ་རེ་བཞིན་དུ་ང་ཡི་ངོ་བོ་མི་འདྲ་བ་རེ་རེ་སྣང་སྟེ། དེ་ཡང་མཚན་ཉིད་ཐེག་པའི་སྐབས་སུ་སྤྲུལ་སྐུ་ཐུབ་པའི་དབང་པོ་ལྟ་བུའི་སྐུ་རེ་དང་ནི། །མཚན་ཉིད་སྡེ་གསུམ་ལྟ་བུའི་གསུང་རེ་དང་། ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་ཀྱི་ཐུགས་རེ་སྣང་བ་དང་། ཕྱི་རྒྱུད་ཀྱི་སྐབས་སུ་ལོངས་སྐུ་རྣམ་པར་སྣང་མཛད་ལྟ་བུའི་སྐུ་རེ་དང་། ཀྲྀ་ཡོག་སྡེ་གསུམ་ལྟ་བུའི་གསུང་རེ་དང་། ཡེ་ཤེས་རྣམ་ལྔ་ལྟ་བུའི་ཐུགས་རེ་སྣང་བ་དང་། ནང་རྒྱུད་ཀྱི་སྐབས་སུ་ཁྱབ་བདག་རིགས་དྲུག་པ་ལྟ་བུའི་སྐུ་རེ་དང་། མ་ཧཱ་ཨ་ནུ་ལྟ་བུའི་གསུང་རེ་དང་། དབྱིངས་ནང་གསལ་གྱི་ཡེ་ཤེས་གསུམ་ལྟ་བུའི་ཐུགས་རེའམ། ཡང་ན་མདོ་བཅུ་ལས། སེམས་ཉིད་སྐུ་གསུང་ཐུགས་འདི་ཡིས། །སྐུ་གཅིག་སྐུ་གསུང་ཐུགས་སྟོན་ཏེ། །དེ་ཡང་ཇི་ལྟ་བུ་ཞེ་ན། །སྤྲུལ་པ་སྐུ་ཡི་རང་བཞིན་ནི། །བདེན་པ་བཞི་ཡི་ཆོས་ཉིད་ལ། །དབུ་ཟླུམ་ཞབས་རྗེན་བརྟུལ་ཞུགས་ཀྱིས། །འདུལ་བ་དགྲ་བཅོམ་ཤཱཀྱ་ཐུབ། །སྤྲུལ་པ་སྐུ་ཡི་རང་བཞིན་ནོ། །སྤྲུལ་པ་གསུང་གི་རང་བཞིན་ནི། །བརྒྱད་ཁྲི་བཞི་སྟོང་གསུངས་པ་དང་། །དབྱེ་བསྡུ་རྒྱུ་འབྲས་གཉེན་པོ་ལ། །དགོངས་ཏེ་སྡེ་སྣོད་གསུམ་གསུངས་པ། །སྤྲུལ་པ་གསུང་གི་རང་བཞིན་ནོ། །སྤྲུལ་པ་ཐུགས་ཀྱི་རང་བཞིན་ནི། །ཆོས་ཉིད་སྟོང་པ་བདེན་གཉིས་ཀྱིས། །རྟོག་པ་ཀུན་ཏུ་འོད་ཀྱི་ས། །མི་དམིགས་ཡེ་ཤེས་མངོན་པ་ཐུགས། །སྤྲུལ་པ་ཐུགས་ཀྱི་རང་བཞིན་ནོ། །ལོངས་སྤྱོད་རྫོགས་སྐུའི་རང་བཞིན་ནི། །གཟའ་སྐར་དུས་ཚིག་བཟང་སྒོ་ནས། །དག་པ་གསུམ་སྤྱོད་རིགས་གསུམ་བསྒྲུབ། །རྒྱན་དང་ཆ་ལུགས་རྡོ་རྗེ་འཛིན། །ལོངས་སྤྱོད་སྐུ་ཡི་རང་བཞིན་ནོ། །ལོངས་སྤྱོད་གསུང་གི་རང་བཞིན་ནི། །ཀྲྀ་ཡ་ཡོ་ག་ཕྱི་ནང་གསུམ། །དམ་ཚིག་བསྒྲུབ་དང་གྲུབ་པ་ཡིས། །ཏནྟྲ་སྡེ་གསུམ་གསུངས་པ་ནི། །ལོངས་སྤྱོད་གསུང་གི་རང་བཞིན་ནོ། །ལོངས་སྤྱོོད་ཐུགས་ཀྱི་རང་བཞིན་ནི། །མཚན་མེད་སྒོ་ནས་སྟུག་པོ་བཀོད། །ཕྱག་རྒྱ་བཞི་ལྡན་དཔལ་བེའུ་ནི། །ལོངས་སྤྱོད་ཐུགས་ཀྱི་རང་བཞིན་ནོ། །ཆོས་ཀྱི་སྐུ་ཡི་རང་བཞིན་ནི། །སྐུ་གསུམ་ས་ཡི་ལམ་སྦྱངས་ནས། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །བདག་ཉིད་ཆེན་པོར་ཆོས་སྐུར་འདོད། །ཆོས་ཀྱི་སྐུ་ཡི་རང་བཞིན་ནོ། །ཆོས་ཉིད་གསུང་གི་རང་བཞིན་ནི། །བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཆོས་ཉིད་གསུང་གི་རང་བཞིན་ནོ། །ཆོས་ཉིད་ཐུགས་ཀྱི་རང་བཞིན་ནི། །གཟུང་འཛིན་མེད་པའི་བྱང་ཆུབ་སེམས། །སྒྲོ་སྐུར་བྲལ་བའི་ཡེ་ཤེས་ཐུགས། །ཡེ་ནས་རང་བྱུང་ཡེ་ཤེས་སོ། །ཆོས་སྐུ་ཐུགས་ཀྱི་རང་བཞིན་ནོ། །ཆོས་སྐུའི་རང་བཞིན་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་འབྱུང་གནས་འདི། །ཐེག་པ་དགུ་ཡི་སྙིང་པོ་སྟེ། །ང་ལས་མ་བྱུང་གཅིག་ཀྱང་མེད། །ད་ནི་ཀུན་གྱི་རང་བཞིན་སྟོན། །ཐམས་ཅད་ང་ཡིན་ཤེས་པར་བྱ། །ཞེས་གསུངས་པ་དེ་ལྟ་བུའི་སྐུ་གསུམ་གྱི་གདུལ་བྱའི་འཁོར་ཀུན་གྱིས་དེ་ལྟར་མཐོང་བའི་ངོ་བོ་མི་འདྲ་བ་རེ་རེ་ཡོད་པའོ། །དེས་ན་དེ་ལྟར་སྣང་བ་དེ་ཡང་གཞན་ཞིག་མིན་པར་ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ཡིན་གྱིས་གནས་ལུགས་ཡང་དག་པ་ཆོས་རྣམས་ཀུན་གྱི་ངོ་བོ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ངས་བསྟན་པ་མིན་པའི་ཆོས་ནི་གཅིག་ཀྱང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་སྤྲོས་པའི་མཚན་མ་མེད་པ་དོན་དམ་དབྱིངས་ཀྱི་ངོ་བོ་ཡང་ང་ཉིད་ཡིན་ལ། དེའི་རྩལ་ལས་ཤར་བའི་སྐུ་གསུམ་གྱི་སངས་རྒྱས་ཀུན་གྱི་འབྱུང་གནས་ཆེན་པོ་ཡང་ང་ཉིད་ཡིན་པས་གཞན་དུ་མེད་པ་དང་། དབྱིངས་དེ་ཉིད་ཀྱི་རོལ་པ་ཁམས་གསུམ་དང་རྒྱུད་དྲུག་གིས་བསྡུས་པའི་འགྲོ་བ་མ་ལུས་པ་ཡང་ཀུན་བྱེད་ང་ལས་ཤར་བ་ཡིན་ལ། འགྲོ་བ་དེ་དག་གི་བདེ་བ་དང་སྡུག་བསྔལ་རྣམས་དང་དེའི་རྒྱུ་ལས་དགེ་སྡིག་སོགས་ཀྱི་ཁྱད་པར་མི་འདྲ་བ་སྣ་ཚོགས་སུ་སྣང་བ་སྟེ་ཀུན་ཀྱང་ཡང་དག་དོན་གྱི་གནས་ལུགས་མ་ནོར་བ་ང་ཡི་ཐུགས་རྗེ་ཡི་རོལ་རྩལ་འགགས་མེད་དུ་བསྟན་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངོ་བོར་ཡེ་ནས་སངས་རྒྱས་པ་ཡིན་ཀྱང་འདི་ལྟར་བློ་དང་ཁམས་དབང་ཤིན་ཏུ་དམན་པས་རྒྱུ་དང་འབྲས་བུའི་བླང་དོར་ལ་ཞེན་པའི་ཐེག་པ་འོག་མའི་རིགས་ཅན་རྣམས་ལ་ཀུན་བྱེད་ང་ཡི་ལུང་ཆོས་ཐམས་ཅད་ཡེ་ནས་རིག་པ་བྱང་ཆུབ་སེ མས་ཀྱི་ངོ་བོར་གྲོལ་ཟིན་པས་ད་གསར་དུ་རྒྱུ་འབྲས་འབད་རྩོལ་ལ་ལྟོས་མི་དགོས་པའི་དོན་ཟབ་མོ་འདི་བསྟན་པར་མི་བྱ་བར་གསང་བར་བྱ་སྟེ། གལ་ཏེ་མ་གསང་བར་ང་ཡི་ལུང་འདི་ངེས་པར་ཏེ་སྒྲ་ཇི་བཞིན་དུ་བསྟན་པར་བྱས་ན་དགེ་སྡིག་གི་ལས་ལ་རྒྱུ་འབྲས་ཀྱི་སྨིན་སོ་བསླུ་མེད་དུ་ཡོད་དོ་ཟེར་ནས། རྒྱུ་འབྲས་རྩོལ་སྒྲུབ་ཀུན་ལས་འདས་པ་གནས་ལུགས་ཡང་དག་པའི་དོན་ཀུན་བྱེད་ང་ཡི་དགོངས་པ་ལ་རྒྱུ་འབྲས་བླང་དོར་ལ་སོགས་པ་ཡོད་པར་སྒྲོ་འདོགས་པ་དང་། ངེས་གསང་སྙིང་པོའི་ཆོས་ལ་ལམ་ཡང་དག་མིན་པར་སྐུར་བ་བཏབ་ཏེ་ལོག་རྟོག་སྣ་ཚོགས་པའི་དྲྭ་བར་ཚུད་པས་ཡང་དག་དོན་གྱི་གནས་ལུགས་ཀུན་བྱེད་ང་དང་ཇི་སྲིད་སྐལ་པའི་ཡུན་དུ་འཕྲད་པར་མི་འགྱུར་བའི་ཉེན་ཆེན་པོ་ཡོད་པ་ཡིན་ནོ། །ཞེས་སོ། །བཞི་པ་རྣམ་གྲངས་རྒྱ་ཆེར་བཤད་པ་ལ་ལྔ་སྟེ། ཐམས་ཅད་ཀུན་བྱེད་ཉིད་ཀྱི་བྱས་པ། ཀུན་བྱེད་དེ་བཞིན་ཉིད་ཀྱི་རོལ་པ་ལས་གཞན་དུ་བརྟགས་པས་འཁྲུལ་བ། རང་བཞིན་གཅིག་ལ་སྣང་སྲིད་འཁོར་འདས་ཐམས་ཅད་བརྟེན་ཚུལ། དེ་ཉིད་མ་རྟོགས་པས་རྣལ་མའི་དོན་དང་མི་འཕྲད་པ། ཐམས་ཅད་བྱང་ཆུབ་སེམས་སུ་བསྟན་པའོ། །དང་པོ་ནི། འདི་ལྟར་སྟོན་པ་ང་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཏེ་དེ་ཡང་བྱང་ཆུབ་ཀྱི་སེམས་ལ་ཀུན་བྱེད་རྒྱལ་པོ་ཞེས་སུ་ཅིའི་ཕྱིར་བརྗོད་སྙམ་ན་དེ་ནི་ཆོས་ཐམས་ཅད་ཀུན་བྱེད་པའི་རྒྱལ་པོ་ཡིན་པའི་ཕྱིར་ན་དེ་ལྟར་བརྗོད་པ་སྟེ་ཞེས་འདིར་ཆོས་ཐམས་ཅད་ཀྱི་བྱེད་པོ་ཡིན་པར་གསུངས་པ་དེ་ཉིད། ཇི་སྐད་དུ། ས་ནི་ཆུ་ལ་ཆུ་རླུང་དང་། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་པ་བརྟེན། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་པ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་འོད་གསལ་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་གསུངས་པ་ལྟར་སེམས་ཉིད་འོད་གསལ་བ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རྩལ་ལས་རོལ་བའི་ངོ་བོར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་འགགས་མེད་ཤུགས་འབྱུང་གི་ཚུལ་དུ་ཤར་ཞིང་དེ་ལྟར་ཤར་བའི་དུས་ཉིད་ནས་ཆོས་ཉིད་ཡེ་སྟོང་ཆེན་པོ་སེམས་ཉིད་འོད་གསལ་བའི་དབྱིངས་ནས་འདའ་བ་མེད་པ་གཞི་མེད་སྟོང་གཟུགས་ཀྱི་རོལ་པ་ཙམ་ལ་གོ་བར་བྱ་སྟེ་དཔེར་ན་ནམ་མཁས་ཆོས་ཐམས་ཅད་འབྱུང་བའི་གོ་འབྱེད་པར་བྱེད་དོ་ཞེས་པ་ལྟ་བུའོ། །འདི་ཉིད་ལས། ཁམས་གསུམ་ཆེན་པོ་ལྔ་དང་རྒྱུད་དྲུག་རྣམས། །སྣང་བའི་རང་བཞིན་བྱང་ཆུབ་སེམས་ལྔ་ལས། །རང་བྱུང་སྙིང་པོ་ཡེ་ཤེས་ལྔ་བྱུང་བས། །ཡེ་ཤེས་ལྔ་ཡི་ཡུལ་ལྔ་གསལ་བྱུང་བས། །འདོད་པ་ལྔ་བྱུང་ཆགས་པ་ལྔ་བྱུང་ནས། །ཆགས་ལྔ་སོ་སོར་སྨིན་པའི་འབྲས་བུ་ནི། །འགྲོ་བ་དྲུག་གི་ཁྱད་པར་སོ་སོར་སྣང་། །ཞེས་པ་ལ་སོགས་པས་བསྟན་པ་ལྟར་ལ་རྒྱས་པར་ན་གཞི་ལས་གཞི་སྣང་འཆར་ཚུལ་གྱི་སྒོ་ནས་ཤེས་པར་བྱ་དགོས་ཀྱི་དེ་ལས་གཞན་དུ་ཕྱི་རོལ་པས་དབང་ཕྱུག་དང་གཙོ་བོ་སོགས་སྣོད་བཅུད་ཀྱི་བྱེད་པ་པོར་རློམ་པ་ལྟ་བུར་བྱང་ཆུབ་ཀྱི་སེམས་ཞེས་པ་ངོ་བོ་འགྱུར་བ་མེད་པའི་རྟག་པ་ཡང་ཡིན་ལ་འཁོར་འདས་ཐམས་ཅད་བྱེད་པའི་དངོས་པོ་ཞིག་ཀྱང་ཡོད་པར་བཟུང་ན་ནི་ཕྱིིན་ཅི་ལོག་ཏུ་འཁྱམས་པའོ། །དེ་ལྟར་ངེས་པར་བྱས་ནས་དེ་ཡང་ཆོས་གང་དང་གང་བྱས་པ་ཡིན་ཞེ་ན་དུས་གསུམ་གྱི་སངས་རྒྱས་འགྲོ་བའི་དེད་དཔོན་དུ་བྱོན་པ་རྣམས་ཀྱང་བྱང་ཆུབ་སེམས་ཀྱིས་བྱས་པ་ཡིན་ལ། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱང་བྱང་ཆུབ་སེམས་ཀྱིས་བྱས་པ་ཡིན་པ་དང་། སྣང་སྲིད་སྣོད་བཅུད་ཀུན་ཀྱང་བྱང་ཆུབ་སེམས་ཀྱིས་བྱས་པ་ཡིན་ལ། རྒྱུ་འབྲས་དང་དཔེ་དོན་གཏན་ཚིགས་རྣམས་ཀྱང་། རྒྱུ་དང་འབྲས་བུ་མི་འགལ་པར་མཐུན་པ་དང་། དཔེ་དང་དོན་མི་འགལ་བར་མཐུན་པ་དང་། སྒྲུབ་བྱེད་ཀྱི་གཏན་ཚིགས་ཀྱང་བསྒྲུབ་བྱའི་དོན་དང་མི་འགལ་བར་མཐུན་པར་བྱས་པ་ཡིན་ཏེ། དེ་ཡང་རྒྱུ་ཡི་དུས་ན་འབྱུང་བ་ཆེན་པོ་རྣམ་པ་ལྔ་བྱས་པ་ཡིན་ལ། འབྲས་བུའི་དུས་ན་རྒྱུ་འབྱུང་བ་དེ་དང་ངོ་བོའི་མཚན་ཉིད་མཐུན་པ་འབྱུང་འགྱུར་གྱི་དངོས་པོ་ཁམས་གསུམ་སེམས་ཅན་རྣམས་ཀྱི་གནས་ལུས་ལོངས་སྤྱོད་རྣམས་དང་། རྣམ་པར་ཤེས་པ་རྣམས་ཀྱང་རང་རང་གི་རྒྱུ་དང་མཐུན་པར་བྱས་པ་དང་། དཔེ་ཡི་དུས་ན་ཆོས་ཀུན་སྐྱེ་མེད་དུ་མཚོན་པར་བྱེད་པའི་དཔེ་ནམ་མཁའ་ལྟ་བུའོ་ཞེས་སྟོན་པར་བྱེད་པའི་དཔེ་དེ་ཡང་ཀུན་བྱེད་ང་ཡིས་བྱས་པ་ཡིན་ལ། དོན་གྱི་ངོ་བོ་སྟོན་པའི་དུས་ན་ཆོས་ཐམས་ཅད་ཀུན་དོན་སྐྱེ་བ་མེད་པའི་རང་བཞིན་དུ་སྟོན་པར་བྱེད་པ་དང་། རྟགས་ཀྱི་དུས་ན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རོལ་རྩལ་འགག་པ་མེད་པ་དང་། གཏན་ཚིགས་ཀྱི་དུས་ན་རང་བྱུང་གི་ཡེ་ཤེས་ཡིན་པར་སྟོན་པའི་གཏན་ཚིགས་ཀྱིས་ཆོས་ཀུན་སྐྱེ་མེད་དུ་བསྒྲུབ་པར་བྱ་བ་སྟེ། དེ་ཡང་ངག་དོན་དུ་འགོད་ན་འདི་ལྟར། བྱང་ཆུབ་སེམས་ཀྱི་རོལ་རྩལ་ལས་ཤར་བའི་འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཆོས་ཅན། གདོད་ནས་སྐྱེ་བ་མེད་པ་གཞི་མེད་རྩ་བྲལ་ཆེན་པོ་ནམ་མཁའ་ལྟ་བུའི་རང་བཞིན་ཡིན་ཏེ། ཀུན་བྱེད་བྱང་ཆུབ་ཀྱིས་བྱས་པ་ཡིན་པའི་ཕྱིར། ཞེས་པ་སྟེ་དེ་ལྟར་བྱང་ཆུབ་སེམས་ཀྱིས་བྱས་པ་ཡིན་ན་ཆོས་ཀུན་སྐྱེ་མེད་དུ་གྲུབ་པའི་རྒྱུ་མཚན་ནམ་གཏན་ཚིགས་ཅི་ཡོད་སྙམ་ན། དེ་ནི་འདི་ལྟར་བྱང་ཆུབ་ཀྱི་སེམས་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་རང་བྱུང་གི་ཡེ་ཤེས་ཡིན་པའི་གཏན་ཚིགས་ཀྱིས་གྲུབ་ཏེ། འདི་ལྟར་རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་རང་བྱུང་ཡིན་ན་སྐྱེ་བ་མེད་པ་ཡིན་པར་གྲུབ་ལ། དེ་ལྟར་རྒྱུ་བྱང་ཆུབ་ཀྱི་སེམས་སྐྱེ་མེད་དུ་གྲུབ་ན་དེའི་བྱས་པའམ་རྩལ་ལས་ཤར་བའི་ཆོས་ཀུན་ཀྱང་སྐྱེ་མེད་དུ་གྲུབ་པའི་གནད་ཀྱིས་ཏེ། མདོ་བཅུ་ལས། རྩ་བ་བྱང་ཆུབ་སེམས་འདི་ནི། །ཀུན་གྱི་རང་བཞིན་འདིས་བྱས་པས། །ཐམས་ཅད་བྱེད་པའི་རྒྱལ་པོ་ཡིན། །བྱེད་པའི་རྒྱལ་པོས་ཀུན་བྱས་པས། །དངོས་སུ་གྲུབ་པ་གང་ཡང་མེད། །ཅེས་གསུངས་སོ། །འདི་ལ་ཀུན་མཁྱེན་ཆེན་པོས་ཆོས་དབྱིངས་མཛོད་འགྲེལ་དུ། རིག་པའི་ངོ་བོ་ཆོས་ཅན། སྐྱེ་མེད་ནམ་མཁའ་ལྟར་བསམ་བརྗོད་ལས་འདས་པའི་ཐ་སྙད་དུ་བརྗོད་དུ་རུང་སྟེ། ཁྱོད་དང་ངོ་བོ་གཅིག་ངང་ནས་རྩལ་དུ་ཤར་བའི་སེམས་ལ་ངོ་བོ་ངོས་བཟུང་གང་ཡང་མེད་པར་ནམ་མཁའ་ལྟར་ཡེ་སྟོང་སྤྲོས་པ་དང་བྲལ་བར་གྱུར་པའི་ཕྱིར། ཞེས་གསུངས་པ་རྩལ་ལས་ཤར་བའི་ཆོས་ལ་སྐྱེ་བ་མེད་པའི་རྟགས་ཀྱིས། འཆར་གཞིའི་རིག་པ་ཉིད་དེ་སྐྱེ་མེད་དུ་སྒྲུབ་པ་ཡིན་ལ། འདིར་ནི་འཆར་གཞིའི་རིག་པ་སྐྱེ་བ་མེད་པའི་རྟགས་ཀྱིས། དེ་ལས་ཤར་བའི་ཆོས་རྣམས་སྐྱེ་མེད་དུ་བསྒྲུབ་ཚུལ་ལས་དོན་འདྲའོ། །དེ་ལྟར་རྒྱུ་འབྲས་དཔེ་དོན་གཏན་ཚིགས་ཐམས་ཅད་མཐུན་པའམ་མཚུངས་པར་བྱས་པས་ན་བྱང་ཆུབ་སེམས་ཀྱིས་ཆོས་ཅན་སྣང་བའི་དངོས་པོ་ཀུན་བྱས་ཀྱང་། ཆོས་ཉིད་བྱང་ཆུབ་ཀྱི་སེམས་རང་གི་ངོ་བོ་གཅིག་པུ་ནི་སུས་ཀྱང་མ་བྱས་པ་སྟེ། ཆོས་ཅན་ཀུན་བྱས་པ་ནི་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་རང་བཞིན་གཞི་མེད་རྩ་བ་དང་བྲལ་བ་འཁོར་འདས་མིང་མེད་ཆེན་པོ། ཡེ་གྲོལ་ཀ་དག་གི་རང་བཞིན། མཐའ་གྲོལ་ཕྱོགས་ཡན་ཆེན་པོ། རྒྱ་གྲོལ་གཏད་ཡལ་ཆེན་པོ། ཕྱི་ནང་ཡུལ་མེད་ཆེན་པོ། སྐྱེ་མེད་རང་བྱུང་གི་ཡེ་ཤེས་ཁྱབ་བརྡལ་བློ་ལས་འདས་པ། ཡུལ་མེད་ཟང་ཐལ་གྱི་ངོ་བོ། མ་བཅོས་མཉམ་པ་ཆེན་པོའི་ངོ་བོ་རུ་བྱས་པ་ཡིན་ལ། ཆོས་ཉིད་བྱང་ཆུབ་ཀྱི་སེམས་རང་གི་ངོ་བོ་གཅིག་པུ་སུས་ཀྱང་མ་བྱས་པ་ཉིད་ལ་ནི་བྱ་བའི་ཡུལ་མེད། བྱེད་པའི་ཆོས་མེད། བྱ་མི་བྱའི་རྩིས་མེད་པས་ན་གང་ཡང་བྱ་མི་དགོས་པར་ཡེ་ནས་ལྷུན་གྲུབ་ཆེན་པོའི་རང་བཞིན་དུ་བསྟན་ཏེ། དུས་གསུམ་ཆིག་ཆོད་ལས། འཁོར་འདས་ཀུན་གྱི་གཞི་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་གཞི་ནི་ལྷུན་གྱིས་གྲུབ། །ལྷུན་གྱིས་གྲུབ་པའི་དོན་ནི་མ་སྐྱེས་པས། །སྐྱེ་མེད་ལྷུན་གྲུབ་སྔ་ཕྱི་ཐོག་མཐའ་བྲལ། །འཁོར་འདས་ཀུན་གྱི་ངོ་བོ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་ངོ་བོ་མ་ངེས་ཤར། །ངེས་པ་མེད་པའི་གཞི་ནི་ལྷུན་གྱིས་གྲུབ། །ངེས་པ་མེད་པའི་དོན་ནི་མ་སྐྱེས་པས། །སྐྱེ་མེད་མ་ངེས་སྔ་ཕྱི་ཐོག་མཐའ་བྲལ། །འཁོར་འདས་ཀུན་གྱི་དོན་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་དོན་ནི་སྐྱེ་བ་མེད། །སྐྱེ་བ་མེད་པའི་རང་བཞིན་ལྷུན་གྱིས་གྲུབ། །སྐྱེ་བ་མེད་པའི་ངོ་བོ་མ་ངེས་ཏེ། །སྐྱེ་བ་མེད་པའི་དོན་ནི་མ་སྐྱེས་པས། །སྐྱེ་མེད་མ་སྐྱེས་སྔ་ཕྱི་ཐོག་མཐའ་བྲལ། །ཞེས་གསུངས་སོ། །གཉིས་པ་ལ་ལྔ་སྟེ། དེ་ཉིད་མ་རིག་པས་སྲིད་པར་འཁྱམས་པ། དེ་བཞིན་ཉིད་དུ་བླང་དོར་བྱས་པའི་ཉེས་དམིགས། རྒྱུ་འབྲས་ཀྱི་འཁྲུལ་བ་རྒྱུན་མི་འཆད་པ། བླང་དོར་མེད་པའི་དོན་མི་མཐོང་བ། རྩོལ་སྒྲུབ་འདས་པའི་ཆོས་ཉིད་ལས་རིང་བའོ། །དང་པོ་ནི། འདི་ལྟར་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ཡེ་སྟོང་སྤྲོས་བྲལ་ཆེན་པོ་དགག་སྒྲུབ་སྤང་བླང་དང་བྲལ་བ། དམིགས་གཏད་དང་ངོས་བཟུང་ལས་འདས་ཤིང་རེ་དོགས་དང་རྩོལ་སྒྲུབ་ཀྱི་ཡུལ་ལས་འདས་པའི་གནས་ཚུལ་མ་བཅོས་ཇི་བཞིན་པ་ལ་མ་བརྟགས་པའམ་དོན་དེ་མ་ཤེས་པར། ང་ཡི་བྱས་པའི་ཆོས་འཁོར་འདས་ཀྱི་སྣང་བ་མེད་སྣང་སྟོང་པའི་རང་གཟུགས་སྒྱུ་མའི་གྲོང་ཁྱེར་ལྟ་བུ་ལ་བདག་གཞན་དང་བཟང་ངན་བདེན་རྫུན་དང་དགའ་སྡུག་ལ་སོགས་པ་སྣ་ཚོགས་སུ་མི་བདེན་པ་ལ་བདེན་པར་བཟུང་། མ་འཁྲུལ་པ་ལ་འཁྲུལ་བར་བཟུང་། ངེས་པ་མེད་པ་ལ་ངེས་བཟུང་བྱེད། མིན་པ་ལ་ཡིན་པར་བཟུང་། མི་འཐད་པ་ལ་འཐད་པར་བཟུང་ཞིང་ཡིན་མིན་ངེས་ངེས་ལྟར་བརྟགས་ཞིང་ཞེན་པས་དགྲ་གཉེན་ལ་སོགས་པའི་ཡུལ་ལ་སྐམ་ཞིང་ཆགས་པའི་ཉོན་མོངས་དུག་ལྔ་རང་རྒྱུད་དུ་སྐྱེ་ཞིང་དེའི་དབང་གིས་རྒྱུད་དྲུག་འཁོར་བའི་སྣང་བ་འདི་ཐམས་ཅད་བདེན་བདེན་ལྟར་འགྲུབ་པའི་ཚུལ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། སྣང་བར་མེད་ལ་སྣ་ཚོགས་སྣང་བར་ཤར། །སྟོང་བར་མེད་ལ་མཐའ་དབུས་ཁྱབ་པར་གདལ། །གཟུང་འཛིན་མེད་ལ་ང་བདག་སོ་སོར་ཞེན། །གཞི་རྩ་མེད་ལ་ཚེ་རབས་བརྒྱུད་མར་སྣང་། །དགག་སྒྲུབ་མེད་ལ་བདེ་སྡུག་བླང་དོར་བྱེད། །ཕར་བལྟས་སྐྱེ་འགྲོའི་སྣང་བ་མཚར་རེ་ཆེ། །མི་བདེན་བདེན་པར་ཞེན་པས་བདེན་བདེན་འདྲ། །མ་འཁྲུལ་འཁྲུལ་པར་ཞེན་པས་འཁྲུལ་འཁྲུལ་འདྲ། །ངེས་མེད་ངེས་པར་བཟུང་བས་ངེས་ངེས་འདྲ། །ཡིན་མིན་ཡིན་པར་བཟུང་བས་ཡིན་ཡིན་འདྲ། །མི་འཐད་འཐད་པར་བཟུང་བས་འཐད་འཐད་འདྲ། །སྣ་ཚོགས་ཅོལ་ཆུང་ཡུལ་གྱིས་སེམས་ཁྲིད་ནས། །དོན་མེད་རིག་པ་སྐད་ཅིག་བརྒྱུད་མར་མཐུད། །ཉིན་ཞག་ཟླ་བ་ལོ་དང་མི་ཚེ་འདས། །གཉིས་མེད་གཉིས་སུ་བཟུང་བས་འགྲོ་བ་བསླུས། །ཞེས་གསུངས་ལ། དེ་ལྟར་ཞེན་ཅིང་ཆགས་པའི་ཡུལ་དུ་གྱུར་པ་སྣང་སྲིད་སྣོད་བཅུད་ཀྱི་དངོས་པོ་འདི་རྣམས་ནི་དོན་ལ་མི་རྟག་སྒྱུ་མའི་རང་བཞིན་ལྟ་བུ་ལས་བདེན་པར་གྲུབ་པ་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་མེད་པར་སྐད་ཅིག་གིས་འཇིག་པར་འགྱུར་བ་ཞིག་ཡིན་ནའང་། ཐོག་མེད་ནས་གོམས་པའི་ཨ་འཐས་ཞེན་འཛིན་གྱི་དབང་གིས་དེ་ལྟར་བདེན་མེད་ཡིན་པའི་ཚུལ་ལ་འདྲིས་ཆ་མེད་པས་མི་ཤེས་པའི་འགྲོ་བ་རྣམས་ནི་ཡང་དག་ལྟ་བའི་འདྲེན་བྱེད་ལྡོངས་པས་ཁུངས་ལོང་ངམ་དམུད་ལོང་ལྟ་བུའི་རང་བཞིན་ཡིན་ནོ་ཞེས་སོ། །གཉིས་པ་ནི། དེས་ན་ཆོས་ཐམས་ཅད་ཆོས་སྐུ་ཀུན་བྱེད་རྒྱལ་པོས་བྱས་པ་ཡིན་པས་བཟང་ངན་བླང་དོར་མེད་པར་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་ལས་འདའ་བ་མེད་ཀྱང་། དེ་ལྟར་མ་རྟོགས་པའི་ཐེག་པ་འོག་མ་པ་རྣམས་ཀྱིས་བླང་དོར་བྱས་པའི་ཉེས་དམིགས་ནི། འདི་ལྟར་ཉན་རང་རྣམས་ཀྱིས་ཆོས་ཐམས་ཅད་ཀུན་བྱེད་རྒྱལ་པོས་བྱས་པ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པར་མི་ཆ་བའམ་ཐག་མ་ཆོད་པར་མིག་སོགས་དབང་པོ་དྲུག་ལ་གཟུགས་སོགས་ཡུལ་དྲུག་གི་རྣམ་པ་མི་འགག་པར་རང་བྱུང་ཡེ་ཤེས་ཀྱི་རོལ་པར་ཤར་ཞིང་སྣང་བ་ལ་ཟག་བཅས་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས། དེའི་རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་པ་རྣམས་སྤང་བའི་ཕྱིར་དུ་དབང་པོ་ལ་བརྟེན་པའི་ཚོགས་དྲུག་གི་ཤེས་པ་ཡུལ་ལ་འཇུག་ཏུ་མི་སྟེར་བར་འགེགས་པར་བྱེད་པའི་ཐབས་ལ་བརྟེན་པ་དེས་ནི་ཡུལ་དང་ཡུལ་ཅན་ལ་སོགས་པའི་ཆོས་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱིས་བྱས་པ་ཡེ་ཤེས་ཉག་གཅིག་གི་རོལ་པ་ཡིན་པར་མི་ཆ་བས་བླང་དོར་བྱས་པའི་དབང་གིས་མཐར་ཐུག་ཉན་རང་གི་དགྲ་བཅོམ་ཐོབ་པར་གྱུར་ཀྱང་མ་རིག་བག་ཆགས་ཀྱི་ས་དང་། ཟག་མེད་ཀྱི་ལས་དང་། ཡིད་ཀྱི་རང་བཞིན་གྱི་ལུས་དང་། བསམ་མི་ཁྱབ་འགྱུར་གྱི་འཆི་འཕོ་རྣམས་ཡོད་པར་གསུངས་པ་བཞིན་སྐྱེ་འགག་མཚན་མའི་སྤྲོས་པ་མེད་པ་རང་བྱུང་འདུས་མ་བྱས་པའི་བདག་ཉིད་མ་བཙལ་ལྷུན་གྱིས་གྲུབ་པའི་འབྲས་བུ་ནི་ལམ་དེ་ལ་བརྟེན་ནས་ཐོབ་པ་མེད་དོ། །གསུམ་པ་ནི། དེ་བཞིན་དུ་ཆོས་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་ཞིང་། བྱང་ཆུབ་ཀྱི་སེམས་ནི་ངེས་པ་དོན་གྱི་བདེན་པ་ཐིག་ལེ་ཉག་གཅིག་གི་རང་བཞིན་ཡིན་པ་ལ་མཚན་ཉིད་བྱང་ཆུབ་སེམས་དཔའི་ཐེག་པ་བ་རྣམས་ཀྱིས་དེ་ལྟར་མ་ཤེས་པར་ཀུན་རྫོབ་སྒྱུ་མ་ལྟར་བུ་དང་དོན་དམ་ནམ་མཁའ་ལྟ་བུའི་བདེན་པ་གཉིས་སུ་སོ་སོར་དབྱེ་བའི་རྟོག་པ་བྱུང་ཞིང་དེ་ལ་བརྟེན་ནས་རྒྱུ་འབྲས་བླང་དོར་གྱི་སྒོ་ནས་ལམ་བསྒྲུབ་པར་བྱེད་ན་ཡང་ཀུན་བྱེད་ང་ཡིས་བྱས་པའི་ཆོས་ཉིད་ལ་དོན་དམ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་སུ་གྲུབ་པ་མེད་པས་ན། གང་ཟག་གི་བློ་ལ་དེ་འདྲའི་རྟོག་པ་བྱུང་བས་ཆོས་ཉིད་རང་གི་ངོ་བོ་ལ་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་གྱི་རྒྱུ་འབྲས་སྐྱེ་འགག་གི་དངོས་པོ་ཞིག་ཡོངས་མི་མངའ་བའམ་ཡོངས་སུ་གྲུབ་པར་མི་འགྱུར་ཏེ་ཆོས་ཉིད་རང་གི་ངོ་བོ་སུས་ཀྱང་བསྒྱུར་དུ་མི་བཏུབ་པའི་ཕྱིར་རོ། །དེས་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་འབྲས་བུ་རང་གནས་ཕྱལ་བའི་ཡེ་ཤེས་དེ་རྒྱུ་འབྲས་བླང་དོར་ཅན་གྱི་ལམ་ལ་ཞུགས་པའི་གང་ཟག་དེ་ལ་མཐོང་བའི་སྐལ་བ་མེད་དེ། རྒྱུ་འབྲས་ཀྱི་འཁྲུལ་བ་རྒྱུན་མི་འཆད་པའི་ཕྱིར་རོ། །བཞི་པ་ནི། འདི་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་གྲོལ་ཅོག་བཞག་ཆེན་པོའི་ངོ་བོར་གནས་པ་ལས་གཞན་པའི་འབྲས་བུ་ཞིག་ཐོབ་ཏུ་མེད་པ་ལ་མེད་པར་མ་ཤེས་པར་ཕྱི་རྒྱུད་སྡེ་གསུམ་གྱིས་གསར་བྱུང་གི་འབྲས་བུ་ཞིག་ཚོལ་བ་ཡི་ཆེད་དུ་སྒོ་གསུམ་མ་དག་པའི་ཆ་སྦྱངས་ཤིང་དག་པའི་ངོ་བོ་ལྷའི་སྐུ་གསུང་ཐུགས་སུ་བསྒོམ་པའི་ཏིང་ངེ་འཛིན་མངོན་བྱང་ལྔའི་ཚུལ་གྱིས་བསྒོམ་པ་དང་། ཆོས་ཉིད་དེ་བཞིན་ཉིད་ལ་ཆོ་འཕྲུལ་འབྱུང་བའི་ཡུལ་དང་འབྱུང་བའི་དངོས་པོ་གང་ཡང་མ་གྲུབ་པས་མི་འབྱུང་བའི་རང་བཞིན་ཡིན་པ་ལ་དེ་ལྟར་མ་རྟོགས་པས་ཏིང་འཛིན་ལྷའི་ཆོ་འཕྲུལ་སོགས་ཆོ་འཕྲུལ་བཞིའི་མཚོན་པའི་ལམ་གྱི་ཡན་ལག་ཀུན་བསྒོམ་པ་ལ་མངོན་པར་འཆེལ་བའི་བླང་དོར་མངའ་བས་ན་བླང་དོར་མེད་པའི་འབྲས་བུ་ཐོབ་པ་མེད་པར་བསྟན་པའོ། །ལྔ་པ་ནི། དོན་རང་བྱུང་གི་ཡེ་ཤེས་གཅིག་གི་ངོ་བོ་ལ་མ་ཧཱ་ཨ་ནུ་གཉིས་ཀྱིས་ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་འཛིན་སོགས་ཏིང་ངེ་འཛིན་རྣམ་པ་གསུམ་སྒོམ་པར་བྱེད་པས་གཞི་བྱས་ཏེ། བསྙེན་སྒྲུབ་ཀྱི་ཡན་ལག་རྣམ་པ་བཞི་ཅི་ཙམ་སྒྲུབ་པའི་ཡུན་དང་བསྟན་ཏེ་རིམ་པར་སྒོམ་པར་བྱེད་པས་གཞུང་བསྲངས་བ་སོགས་རྩོལ་སྒྲུབ་ཀྱི་སྒོ་ནས་འབྲས་བུ་ཐོབ་པར་རེ་བས་རྫོགས་ཆེན་རྩོལ་སྒྲུབ་ལས་འདས་པའི་འབྲས་བུ་བྱར་མེད་རེ་དོགས་དང་བྲལ་བའི་དགོངས་པ་ནི་དེ་ལ་ཡང་མེད་པར་གསུངས་ཏེ། མདོ་བཅུ་ལས། དཔེར་ན་ཕྱི་ནང་ཆོས་རྣམས་ཀུན། །གང་རྒྱུ་དེ་ལ་གྲུབ་པ་ནི། །རྒྱུ་འབྲས་གཅིག་པའི་དོན་ཡིན་ཏེ། །འགྲོ་བའི་སེམས་ཀྱི་ཕྱིན་ཅི་ལོག །བརྐམ་ཆགས་ལྔ་ཡི་སྡུག་བསྔལ་རྒྱུས། །འབྲས་བུ་ཟད་མེད་རྒྱུད་ལྔར་འཁོར། །དེ་ལ་འབྲས་བུར་མིང་མི་གདགས། །སྡུག་བསྔལ་ཀུན་འབྱུང་འགོག་པའི་ལམ། །སྤང་དང་འགོག་དང་སེལ་བ་དང་། །ལམ་ལ་མངོན་དུ་བྱེད་པ་ཡང་། །ཉོན་མོངས་ལྔ་བཅོམ་འབྲས་བུ་སྟེ། །མི་སྐྱེ་མི་འགག་འབྲས་བུ་མིན། །བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །མདོ་ཆེན་བཞི་ཡི་དོན་རྟོགས་ཏེ། །ཆོས་ཉིད་སྟོང་པའི་འབྲས་བུ་དེ། །རྒྱུ་འབྲས་འདས་པའི་འབྲས་བུ་མིན། །ཕྱི་ཡི་ཏན་ཏྲ་སྡེ་གསུམ་ཡང་། །བྱང་ཆུབ་ཡན་ལག་ཀུན་བསྒོོམས་ནས། །རྡོ་རྗེ་འཛིན་དང་སྟུག་པོ་བཀོད། །ཐོབ་པ་རྡོ་རྗེའི་འབྲས་བུ་སྟེ། །བླང་དོར་མེད་པའི་འབྲས་བུ་མིན། །ནང་པ་བསྐྱེད་དང་རྫོགས་པ་ནི། །རྣམ་པ་གསུམ་གྱི་དོན་སྦྱར་ན། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་བསྒྲུབ་བཞི་ཡི་ཆོ་གས་ནི། །བདག་ཉིད་ལྷུན་གྲུབ་བྱེད་པའང་། །རྩོལ་སྒྲུབ་འདས་པའི་འབྲས་བུ་མིན། །ཞེས་སོ། །གསུམ་པ་རང་བཞིན་གཅིག་ལ་སྣང་སྲིད་འཁོར་འདས་ཐམས་ཅད་བརྟེན་ཚུལ་ལ་བཞི་སྟེ། དབྱིངས་ལྷུན་གྲུབ་ཆེན་པོ། དཔེ་ནམ་མཁའ་ལྟ་བུ། སྣང་སྲིད་ཡེ་ནས་སངས་རྒྱས། །དེའི་དཔེ་དོན་སྦྱར་བའོ། །དང་པོ་ནི། དེ་ལ་དབྱིངས་སྟོང་གསལ་འགག་པ་མེད་པའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་ནི་གདོད་ནས་ལྷུན་གྱིས་གྲུབ་པས་བྱ་བྱེད་ཀུན་དང་བྲལ་བ་ངོ་བོ་སྐྱེ་བ་མེད་པ་དཔེས་མཚོན་དུ་མེད་པ་མིང་ཚིག་གིས་གདགས་སུ་མེད་པའོ་ཞེས་པ་དེ་ལྟ་བུའི་སྨྲ་བསམ་བརྗོད་པ་དང་བྲལ་བའི་ཚིག་དེ་བརྗོད་པས་ཡོད་པར་སྒྲོ་འདོགས་པ་དང་མེད་པར་སྐུར་བ་འདེབས་པ་གཉིས་དང་བྲལ་བའི་བརྗོད་མེད་བློ་འདས་ཆེན་པོ་དེ་རིག་པར་བྱེད་ཅིང་དེ་ལས་གཞན་དུ་བྱ་བྱེད་རྩོལ་སྒྲུབ་ཐམས་ཅད་དང་བྲལ་བ་ནི་མ་བཅོས་ལྷུན་གྱིས་གྲུབ་པའི་འབྲས་བུ་སྟེ། དེ་ཉིད་ལས། སེམས་ཉིད་རང་བྱུང་ཡེ་ཤེས་ལ། །ཡེ་ནས་བཙལ་ཞིང་བསྒྲུབ་མེད་པས། །རྩོལ་སྒྲུབ་གཉིས་ཀྱི་སྤྲོས་དང་བྲལ། །ལྷུན་གྱིས་གྲུབ་པའི་འབྲས་བུ་ཡིན། །ཞེས་པ་ལྟར་རོ། །གཉིས་པ་ནི། འདི་ལྟར་སྣང་སྲིད་འཁོར་འདས་སུ་སྣང་བའི་ཆོས་འདི་ཐམས་ཅད་ཀུན་ནི་གཞན་དུ་གྲུབ་པ་ཅི་ཡང་མེད་པར་བྱང་ཆུབ་སེམས་ཀྱི་རང་བཞིན་མེད་སྣང་སྟོང་གཟུགས་ཀྱི་རོལ་པ་ཙམ་ཡིན་ལ་བྱང་ཆུབ་ཀྱི་སེམས་དེ་མཚོན་པར་བྱེད་པའི་དཔེ་ནི་ཆོས་ཀུན་སྐྱེ་མེད་དུ་སྟོན་པར་བྱེད་པའི་དཔེ་ནམ་མཁའ་ལྟ་བུའི་རང་བཞིན་དུ་ཆོས་ཐམས་ཅད་ཀུན་འབྱུང་བའི་གཞི་དབྱིངས་རིག་པ་བྱང་ཆུབ་སེམས་ཀྱི་དོན་ཡང་གདོད་ནས་སྐྱེ་བ་མེད་པ་གཞི་མེད་རྩ་བྲལ་གྱི་རང་བཞིན་དུ་དེ་བཞིན་དུ་མཚོན་པར་བྱེད་པ་ཡིན་ནོ། །དེ་ལྟར་ཡང་ལ་ཟློ་ལས། ཆོས་ཉིད་བྱང་ཆུབ་སེམས་ནི་ནམ་མཁའ་འདྲ། །ནམ་མཁའ་ཀུན་ཁྱབ་བདག་ཏུ་འཛིན་པ་མེད། །ཆོས་ཉིད་བྱང་ཆུབ་སེམས་ཀྱང་ཀུན་གྱི་རང་བཞིན་ཏེ། །བདག་དང་བདག་ཏུ་གྲུབ་པ་རྡུལ་ཙམ་མིན། །ནམ་མཁའི་ངང་ན་སྣ་ཚོགས་ཀུན་ཁྱབ་གནས། །འཁོར་དང་མྱང་འདས་ཆོས་ཉིད་དབྱེར་མི་ཕྱེད། །སྣ་ཚོགས་ཇི་ལྟར་ཤར་ཡང་ནམ་མཁའི་ངང་དུ་རྫོགས། །ངན་རྟོག་བདེ་དང་སྡུག་བསྔལ་ཆོས་རྣམས་ཀྱང་། །སེམས་ཉིད་སྐྱེ་མེད་དབྱིངས་སུ་མ་རྫོགས་མེད། །ཅེས་གསུངས་པ་བཞིན་ནོ། །གསུམ་པ་ནི། གོང་དུ་བཤད་པ་དེ་ལྟ་བུའི་གཞི་དབྱིངས་ལྷུན་གྲུབ་ཆེན་པོ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ངོ་བོ་གདོད་ནས་སྐྱེ་བ་མེད་པ་ནམ་མཁའི་དཔེས་མཚོན་ཏེ་བསྟན་པ་དེ་ཉིད་ཀྱི་རྩལ་ལས་ཤར་བའི་སྣང་སྲིད་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ཡིན་ཏེ། སྒྱུ་འཕྲུལ་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མ་མ་ཀི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་དང་། རྫོགས་པ་རང་བྱུང་ལས། ནམ་མཁའི་མཐའ་ཀླས་འཇིག་རྟེན་ན། །སྲིད་གསུམ་སེམས་ཅན་མ་ལུས་ཀུན། །གཟུགས་སུ་སྣང་བ་ཇི་སྙེད་པ། །སྣ་ཚོགས་ཕྱག་རྒྱའི་དཀྱིལ་འཁོར་ཏེ། །སྒྲ་རུ་གྲགས་པ་ཅི་སྙེད་པ། །ཐམས་ཅད་མ་ལུས་སྔགས་ཀྱི་ཚིག །སེམས་ཀྱི་རྟོག་པ་ཇི་སྙེད་པ། །ཏིང་འཛིན་འབུམ་ཕྲག་བསམ་ཡས་ཏེ། །དགེ་དང་མི་དགེའི་ལས་གང་རྣམས། །ཐམས་ཅད་སངས་རྒྱས་མཛད་སྤྱོད་དེ། །ཀུན་ནས་ཀུན་ཏུ་ཐམས་ཅད་ཀུན། །དངོས་པོ་ལ་སོགས་བརྟན་གཡོ་ཀུན། །ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཏེ། །ཞེས་གསུངས་པ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ནམ་མཁའ་རླུང་ཆུ་ས་མེ་ཡི་རྣམ་པར་སྣང་བའི་འབྱུང་བ་ལྔ་པོ་འདི་ཡང་རིག་པ་བྱང་ཆུབ་ཀྱི་སེམས་གདོད་མའི་ཆོས་སྐུ་ཆེན་པོའི་རང་བཞིན་ལས་གཞན་དུ་མ་དག་པའི་སྣང་བ་རྡུལ་ཕྲ་རབ་ཙམ་ཡང་མེད་པར་ཡེ་གདོད་མ་ཉིད་ནས་ངོ་མཚར་རྨད་བྱུང་གི་བཀོད་པ་མངོན་པར་སངས་རྒྱས་པའི་བདག་ཉིད་ཡིན་པ་དང་། དེ་བཞིན་དུ་སྲིད་པ་གསུམ་དང་ལམ་རྒྱུད་ལྔ་དང་འགྲོ་བ་དྲུག་གི་སྣང་བ་ཐམས་ཅད་མ་ལུས་པ་ཡང་དགེ་སྡིག་གི་རྣམ་པར་སྨིན་པའི་ལས་ཀྱིས་མི་བསྐྱོད་པའམ་མི་གོས་པས་ན་སྡིག་པས་ངན་དུ་མི་འགྲོ་སྲིད་གསུམ་ཀ་དག་གི་རང་བཞིན། དགེ་བས་བཟང་དུ་མི་འགྲོ་ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ། དགེ་སྡིག་གཉིས་སུ་མེད་པ་གཞི་མེད་རྩ་བྲལ་གྱི་རང་བཞིན། ཐམས་ཅད་མངོན་སངས་རྒྱས་པས་བཟང་ངན་སྤང་བླང་དང་བྲལ་བ། རེ་དོགས་རྩོལ་སྒྲུབ་ལས་འདས་པས་བྱར་མེད་ཡེ་གྲོལ་གྱི་ཀློང་ཆེན་པོ་སྟེ། མདོར་ན་ཁམས་གསུམ་གྱིས་བསྡུས་པ་འགྲོ་བའི་གནས་རིས་དྲུག་གི་སེམས་ཅན་འདི་ཐམས་ཅད་ཡེ་ནས་བྱང་ཆུབ་སེམས་ཀྱི་རང་བཞིན་རྒྱལ་བ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་གསུམ་གྱི་ངོ་བོ་སྟེ། དེ་ཡང་འདོད་ཁམས་སྣང་བའི་རང་བཞིན་སྐུ་རྡོ་རྗེ་གཟུགས་ཁམས་གསལ་བའི་རང་བཞིན་གསུང་རྡོ་རྗེ། གཟུགས་མེད་མི་སྣང་བའི་རང་བཞིན་ཐུགས་རྡོ་རྗེ་འམ། ཡང་ན་ལུས་སྣང་བ་འདོད་པའི་སྲིད་པ་སྐུ་རྡོ་རྗེ། ངག་ཕྱེད་སྣང་གཟུགས་ཀྱི་སྲིད་པ་གསུང་རྡོ་རྗེ། ཡིད་མི་སྣང་བ་གཟུགས་མེད་པའི་སྲིད་པ་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་སངས་རྒྱས་པ་ཡིན་ཏེ། ཀློང་ཆེན་རབ་འབྱམས་ལས། འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །ལྔའམ་ཡེ་ཤེས་བཞི་ཡིས་ཁྱབ། །འདོད་པའི་ཁམས་ཀྱང་ཀུན་ཏུ་བཟང་པོ་ང་། །གཟུགས་མེད་ཁམས་ཀྱང་ཀུན་ཏུ་བཟང་པོ་ང་། །གཟུགས་ཀྱི་ཁམས་ཀྱང་ཀུན་ཏུ་བཟང་པོ་ང་། །ངས་ཁྱབ་ཐམས་ཅད་བདེ་གཤེགས་སྙིང་པོའམ། །ཀུན་གྱི་ཐིག་ལེ་ས་བོན་ཚུལ་དུའོ། །ཞེས་གསུངས་སོ། །བཞི་པ་ནི། དེ་ལྟར་སྣང་སྲིད་ཐམས་ཅད་ཡེ་ནས་བྱང་ཆུབ་སེམས་ཀྱི་ཀློང་དུ་མངོན་པར་སངས་རྒྱས་པ་དེ་བས་ན་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་འདི་ཐམས་ཅད་ཀུན་ནམ་མཁའི་ངང་ན་མི་གནས་པ་གཅིག་ཀྱང་མེད་པ་བཞིན་དུ་ཆོས་དབྱིངས་འདུས་མ་བྱས་པ་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་པོ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཕྱོགས་མེད་ཀུན་ཁྱབ་བརྡལ་བའི་ས་གཞི་ལ། །འཁོར་འདས་རིས་མེད་བྱང་ཆུབ་སེམས་ཀྱི་མཁར། །ཆོས་ཉིད་ཀློང་ཡངས་རྩེ་མོ་ལྷུན་མཐོ་ཞིང་། །མ་བྱས་རང་བཞིན་ཕྱོགས་བཞི་ཡངས་པའི་དཀྱིལ། །རིམ་རྩོལ་བྲལ་བའི་འཇུག་སྒོ་ཤིན་ཏུ་ཡངས། །ལྷུན་གྲུབ་འབྱོར་བའི་བཀོད་པས་བརྒྱན་པ་དེར། །རང་བྱུང་ཡེ་ཤེས་རྒྱལ་པོ་གདན་ལ་བཞུགས། །འདུ་འཕྲོར་སྣང་བ་ཡེ་ཤེས་རྩལ་རྣམས་ཀུན། །བློན་པོར་གྱུར་པས་ཡུལ་ལ་དབང་བསྒྱུར་ཞིང་། །རང་གནས་བསམ་གཏན་བཙུན་མོ་དམ་པ་དང་། །དགོངས་པ་རང་ཤར་སྲས་དང་བྲན་གཡོག་བཅས། །བདེ་ཆེན་ཀློང་དཀྱིལ་རང་གསལ་རྟོག་པ་མེད། །མི་གཡོ་བསམ་བརྗོད་བྲལ་བའི་ངང་ཉིད་ལས། །སྣང་སྲིད་སྣོད་བཅུད་ཀུན་ལ་མངའ་དབང་བསྒྱུར། །ཆོས་དབྱིངས་ཡངས་པའི་ཡུལ་ཁམས་རྒྱ་ཆེའོ། །ཞེས་གསུངས་པ་ལྟར་ཡུལ་གྱི་རང་བཞིན་རྒྱ་ཆེ་བས་སངས་རྒྱས་དང་སེམས་ཅན་སྣང་སྲིད་དང་སྣོད་བཅུད་ཀུན་ཀྱང་བཟང་ངན་དབྱེ་བསལ་མེད་པར་ཆོས་ཉིད་མཉམ་པ་ཆེན་པོ་གཅིག་གི་ཀློང་དུ་གནས་པ་ཡིན་པས་ན་དཔེ་ནམ་མཁའ་དང་ཆོས་མཚུངས་སུ་བསྟན་པ་ཡིན་ནོ། །བཞི་པ་དེ་ཉིད་མ་རྟོགས་པས་རྣལ་མའི་དོན་དང་མི་འཕྲད་པ་ནི། དེ་ལྟར་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་ལས་འདའ་བ་མེད་པ་དེའི་ཕྱིར་ན་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ལ་འཁོར་འདས་དང་བཟང་ངན་སོགས་གཉིས་ཆོས་སུ་གྲུབ་པ་རྡུལ་ཕྲ་བ་ཙམ་ཡང་མེད་ལ། དེ་མེད་པས་དམིགས་པའི་སྤྱོད་ཡུལ་ཐམས་ཅད་ལས་འདས་ཞིང་། སྒྲོ་སྐུར་ཀུན་དང་བྲལ་བ་ཞིག་ཡིན་པ་ལ་གལ་ཏེ་རྣལ་འབྱོར་པ་གང་གིས་སྨྲ་བསམ་བརྗོད་པ་དང་བྲལ་ཞིང་ཡོད་མེད་སྒྲོ་སྐུར་ལོགས་པའི་རྟོག་པས་བསླད་པ་མེད་པའི་རང་བཞིན་སྙིང་པོ་བྱང་ཆུབ་ཀྱི་སེམས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་གནས་ལུགས་འདི་མ་མཐོང་ན། དེ་ལས་གཞན་དུ་འབད་རྩོལ་ཇི་ཙམ་བྱས་ཀྱང་བསྐལ་པ་དུ་མར་སྟེ་བསྐལ་པ་མང་པོའི་ཡུན་དུ་ཡང་དག་གི་དོན་དང་འཕྲད་པར་མི་འགྱུར་བས་ན་རྒྱུ་འབྲས་རྩོལ་སྒྲུབ་དང་བྲལ་བའི་བྱར་མེད་ཡེ་གྲོལ་ཆེན་པོ་གསང་ཆེན་ཨ་ཏིའི་དགོངས་པ་འདི་ལ་ཡིད་ཆེས་ཀྱི་དད་པ་དང་ལྡན་པས་བརྩོན་པར་གདམས་པའོ། །ལྔ་པ་ཐམས་ཅད་བྱང་ཆུབ་སེམས་སུ་བསྟན་པ་ལ་གསུམ་སྟེ། རྩ་བ་ཀུན་བྱེད་ཉིད་དུ་བསྟན་པ། དེ་ལས་ཐེག་པའི་འཕྲོ་ཚུལ། ཇི་ལྟར་སྣང་ཡང་རྩ་བ་ཆོས་ཉིད་ལས་གཞན་མ་ཡིན་པའོ། །དང་པོ་ནི་འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཅན་གྱི་སྣང་བ་མི་འདྲ་བ་སྣ་ཚོགས་སུ་སྣང་བ་ཀུན་ཀྱང་། གང་ལས་བྱུང་བའི་གཞི་འམ་རྩ་བ་སེམས་ཉིད་བདེ་གཤེགས་སྙིང་པོ་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་གཉིས་སུ་གྲུབ་པ་མེད་པར་བྱང་ཆུབ་ཀྱི་སེམས་གཅིག་པུའི་རང་བཞིན་ཡིན་ཞིང་། དེ་ལྟ་བུའི་སངས་རྒྱས་དང་སེམས་ཅན་སྣང་སྲིད་དང་སྣོད་བཅུད་ཀུན་སྟེ། མདོར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་གང་ལས་འབྱུང་བའི་གཞི་མ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཆོས་ཀུན་གྱི་སྙིང་པོ་རང་བྱུང་གི་ཡེ་ཤེས་དེ་ཡི་རང་གི་ངོ་བོ་ལ་གཅིག་ཏུ་གྲུབ་པའི་ཆོས་ཀྱང་མེད་ན་གཉིས་དང་གསུམ་ལ་སོགས་པ་དུ་མའི་ཆོས་སུ་གྲུབ་པ་ཇི་ལྟར་ཡོད་དེ་མེད་མོད། འོན་ཏེ་དེའི་རྩལ་ལས་ཤར་བའི་ཆོས་ཅན་གྱི་ངོས་ནས་བསྒྲངས་ན་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་སྟེ། འདི་ལྟར་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་སོགས་ཞི་བ་མྱ་ངན་ལས་འདས་པའི་ཆོས་ཁམས་རྒྱ་མཚོ་ལྟ་བུ་དང་། སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་སོགས་འཁོར་བའི་ཆོས་སུ་སྣང་བ་ཇི་སྙེད་པ་ཀུན་ཀྱང་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཏེ། མདོ་བཅུ་ལས། བྱང་ཆུབ་སེམས་ཀྱི་དོན་འདི་ལ། །གཅིག་ནི་ཀུན་གྱི་རང་བཞིན་ཏེ། །ཆོས་ཀྱི་དབྱིངས་སམ་བྱང་ཆུབ་སེམས། །ཡིན་པས་རྩ་བའི་དོན་དུ་བཞག །གཅིག་པའི་དོན་ནི་འདི་ལྟ་སྟེ། །སངས་རྒྱས་སྐུ་དང་ཡེ་ཤེས་དང་། །སེམས་ཅན་ལུས་དང་བག་ཆགས་དང་། ། སྣང་དང་སྲིད་པའི་ཆོས་རྣམས་ཀུན། །བྱང་ཆུབ་སེམས་དང་དབྱིངས་སུ་འདུས། །ཞེས་གསུངས་སོ། །དེ་ཡང་བྱང་ཆུབ་སེམས་ཀྱི་མདོ་དེ་ཉིད་ལས། འདི་སྐད་དུ། ཆོས་ཀུན་རྩ་བ་སེམས་སུ་གཅིག །རྩ་བ་གཅིག་ལ་དོན་གཉིས་ནི། །བདེ་དང་སྡུག་བསྔལ་ཐེག་པ་གཉིས། །ཕུན་སུམ་ཚོགས་པ་གསུམ་ཚང་བས། །ཡོ་ག་བཞི་ཡི་བྱེ་བྲག་བྱེད། །ཁྱད་པར་འཕགས་པའི་ཆེ་ལྔ་སྟོན། །གོལ་སྒྲིབ་དྲུག་དྲུག་སྐྱོན་ཡོན་སེལ། །གཏན་ལ་རྣམ་པ་བདུན་གྱིས་འབེབས། །ངེས་པའི་མན་ངག་བརྒྱད་དུ་སྟོན། །བདེན་པའི་ཚིག་དགུ་མཐུན་སྨྲས་ནས། །ཡོངས་སུ་རྫོགས་པའི་མདོ་བཅུ་ནི། །གཅིག་གི་རང་བཞིན་སྟོན་པར་བྱེད། །ཅེས་གསུངས་པ་ལྟར་གཅིག་མདོ་བྱང་ཆུབ་སེམས་ཀྱི་མདོ་ལ་སོགས་པ་རྣམ་པ་བཅུ་བསྟན་པ་ལས་ས་བཅད་འདིའི་ཁུངས་ནས་གཅིག་མདོ་བྱང་ཆུབ་སེམས་ཀྱི་མདོ་ཉིད་བསྟན་པ་ཡིན་ནོ། །གང་དུ་བསྟན་པ་དེ་ལྟར་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པའི་རྒྱུ་མཚན་དེས་ན་གཉིས་ཆོས་ཀྱི་སྣང་བ་ཐམས་ཅད་གཉིས་མེད་བྱང་ཆུབ་སེམས་ཀྱི་ཀློང་དུ་ཡེ་ནས་གྲོལ་ཟིན་པ་ཡིན་པས་གཟུང་འཛིན་མཚན་མའི་སྤྲོས་པ་ཀུན་དང་བྲལ་བ་ཡིན་ལ། དེ་ལྟ་བུའི་གཟུང་འཛིན་ཀུན་དང་བྲལ་བ་རང་བྱུང་གི་ཡེ་ཤེས་བཅོས་བསྒྱུར་སྤང་བླང་ལས་འདས་པའི་དོན་དེ་གང་ཟག་གང་གིས་གྲུབ་པ་ཡིན་ཀྱང་། དེ་ལྟར་གྲུབ་པའི་གང་ཟག་དེས་ནི་ལམ་དང་འབྲས་བུའི་ཡོན་ཏན་མ་ལུས་པ་ཀུན་གྲུབ་པ་ཡིན་ཏེ་ཆོས་ཐམས་ཅད་ཀྱི་རྩ་བ་རིག་པ་རང་བྱུང་གི་ཡེ་ཤེས་གདོད་ནས་ཡེ་སངས་རྒྱས་པའི་རང་བཞིན་ཅན་དེ་མངོན་དུ་གྲུབ་པས་སོ། །གཉིས་པ་ལ་བརྒྱད་དེ། ཐེག་པ་དུ་མ་སྟོན་པའི་རྒྱུ་བརྗོད་པ། ཕུན་སུམ་ཚོགས་པ་གསུམ་དུ་སྣང་ཚུལ། རྣལ་འབྱོར་བཞིར་དབྱེ་བ། ཆེ་བ་ལྔར་བསྟན། སྒྲོ་སྐུར་བསལ་བ། རྩོལ་སྒྲུབ་ཏུ་ཞེན་པ་དོར་བ། ཐེག་པ་དགུར་དབྱེ་བ། དོན་བསྡུ་བའོ། །དང་པོ་ནི། འོ་ན་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་ཡིན་ན་དེ་ལ་དུ་མར་བསྒྲངས་ཤིང་བསྟན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། འདི་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་མདོ་རྩ་གཅིག་པུ་རུ་ཆོས་ཐམས་ཅད་ཡེ་ནས་འདུས་ཤིང་གཉིས་སུ་མེད་པ་ཡིན་མོད། འོན་ཀྱང་དེ་ཡི་དོན་ལ་སེམས་ཤིང་བཟང་ངན་བླང་དོར་ཡོངས་སུ་རྟོག་པ་ལ་དགའ་བས་ཏེ་དགའ་བའི་གདུལ་བྱ་སྤྲོས་པ་ལ་འཆེལ་བ་རྣམས་ཀྱི་ངོར་ཐེག་པའི་རྣམ་གྲངས་རྣམ་པར་བསྒྲངས་ཤིང་བསྟན་པ་ནི། འཇིག་རྟེན་པ་དང་མྱ་ངན་ལས་འདས་པའི་ཐེག་པ་གཉིས་དང་གཞན་ཡང་ཐེག་པའི་རིམ་པ་དགུ་ལ་སོགས་པའི་གྲངས་ལ་དགའ་བ་རྣམས་རྫོགས་པ་ཆེན་པོའི་དོན་ལ་རིམ་གྱིས་དྲང་བའི་ཆེད་དུ་ཀུན་བྱེད་ང་ཡིས་བསྟན་པ་ཡིན་ནོ་ཞེས་གཉིས་མདོ་རྣམ་པར་བགྲངས་བའི་མདོའི་དོན་བསྟན་པའོ། །གཉིས་པ་ནི། ཆོས་རྣམས་ཀྱི་གནས་ལུགས་ཇི་བཞིན་པའི་རང་བཞིན་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་རང་བཞིན་དུ་གནས་པ་ལ་ལྡོག་ཆའི་སྒོ་ནས་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ལ་སྟོང་གསལ་ཐུགས་རྗེ་ཡི་རང་བཞིན་རྣམ་པ་གསུམ་དུ་སྣང་བས་རང་བཞིན་གསུམ་པོ་དེ་ཉིད་ཀྱི་རྩལ་ལས་ནི་རྩོལ་མེད་ཤུགས་འབྱུང་དུ་བཀོད་པའི་ངོ་བོ་སྟོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་དང་། བསྟན་པ་ཕུན་སུམ་ཚོགས་པ་དམ་ཆོས་དང་། འཁོར་ཕུན་སུམ་ཚོགས་པ་དགེ་འདུན་གྱི་ངོ་བོ་ཡིན་པས་མཆོག་གསུམ་གྱི་རང་བཞིན་དུ་སྣང་བ་སྟེ། དེ་རྣམས་ནི་ཐེག་པའི་རིམ་པ་རྣམས་གང་ལས་འབྱུང་བའི་གཞི་ཕུན་སུམ་ཚོགས་པའི་ཆོས་རྣམས་ཇི་ལྟར་སྣང་བའི་ཚུལ་ཉིད་དོ་ཞེས་གསུམ་མདོ་ཕུན་སུམ་ཚོགས་པའི་མདོ་ཉིད་བསྟན་པའོ། །གསུམ་པ་ནི། འདི་ལྟར་བྱང་ཆུབ་ཀྱི་སེམས་གཉིས་སུ་དབྱེ་བ་མེད་པར་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་གཅིག་གི་རང་བཞིན་ལ་ལམ་ལ་བསྒྲོད་པར་བྱེད་པའི་རྣལ་འབྱོར་བ་ཀུན་འབྲེལ་ཞིང་ཉམས་སུ་བླང་བས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རྣལ་མ་གཅིག་པུའི་རང་བཞིན་ལ་བློ་འབྱོར་ཚུལ་གྱི་སྒོ་ནས་སེམས་དཔའི་རྣལ་འབྱོར་ཕྱི་རྒྱུད་སྡེ་གསུམ་དང་། རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་དང་། རྗེས་སུ་རྣལ་འབྱོར་ཨ་ནུ་ཡོ་ག་དང་། ཤིན་ཏུ་རྣལ་འབྱོར་ཨ་ཏི་ཡོ་ག་སྟེ་དབྱེ་བ་རྣམ་པ་བཞི་རུ་བྱུང་བ་ཡིན་ན་ཡང་། དེ་དག་གིས་རྟོགས་བྱ་ཆོས་ཀྱི་དབྱིངས་སམ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ལ་ཐ་དད་མེད་པས་རྣལ་འབྱོར་རྣམ་པ་བཞི་པོ་དེ་ཡི་ཡུལ་དུ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་འདི་ཉིད་གཅིག་པུ་བསྟན་པ་ཡིན་ནོ་ཞེས་དེས་ནི་བཞི་མདོ་བྱེ་བྲག་འབྱེད་པའི་མདོའི་དོན་བསྟན་པའོ། །བཞི་པ་ནི། འདི་ལྟར་ངོ་བོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་གི་རང་བཞིན་ཡིན་པ་ལ་ལྡོག་པས་དབྱེ་ན་ཆེ་བ་རྣམ་པ་ལྔར་བསྟན་ཏེ། ཇི་ལྟར་སྣང་བའི་ཆོས་ཐམས་ཅད་སྤོང་འགོག་སྦྱོང་ལ་མི་ལྟོས་པར་མངོན་སུམ་པར་སངས་རྒྱས་པའི་ཆེ་བས་ནི་མཚན་ཉིད་སྡེ་གསུམ་ལས་གྲོལ་ཞིང་ཁྱད་པར་འཕགས་པ་དང་། ཕྱི་རྒྱུད་ཀྱི་སྐབས་སུ་གཟུང་འཛིན་གྱི་རྟོག་པ་ལོག་པ་དོར་བྱར་ལྟ་བའི་ཆོས་དེ་ཉིད་ཡེ་ནས་སངས་རྒྱས་པ་ཡིན་པའི་ཆེ་བས་ནི་ཀྲྀ་ཡོག་སྡེ་གསུམ་ལས་ཁྱད་པར་དུ་འཕགས་པ་དང་། དེ་ཡང་རྩོལ་སྒྲུབ་ཀྱི་གཞན་དབང་ལ་རག་མ་ལུས་པར་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བས་ནི་མ་ཧཱ་ཡོ་ག་ལས་ཁྱད་པར་འཕགས་པ་དང་། དེ་ཡང་རྒྱུ་འབྲས་ཀྱི་མཚན་མ་ཀུན་ལས་འདས་དེ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བས་ནི་ཨ་ནུ་ཡོ་ག་ལས་ཁྱད་པར་འཕགས་པ་དང་། སངས་རྒྱས་ཞེས་པ་དེ་ཡང་མིང་གི་བླ་དྭགས་ཙམ་ལས་མེད་པས་སངས་རྒྱས་མེད་པའི་ཆེ་བས་ནི། ཨ་ཏི་ཡོ་ག་རང་གི་ཆོས་ཐམས་ཅད་སངས་རྒྱས་པར་བལྟ་བའི་ཞེན་པ་དང་བྲལ་ནས་ལ་བཟླ་བ་སྟེ། རིན་པོ་ཆེའི་རྒྱན་ལས། མངོན་པར་སངས་རྒྱས་ཆེ་བས་ནི། །གསུམ་གྲོལ་རང་གཞུང་ཨ་ཏི་དངོས། །ཐམས་ཅད་དེ་ཡིན་བླང་དོར་བྲལ། །ཡོ་ག་ཨ་ཏི ར་ལ་བཟླའོ། །རྩོལ་སྒྲུབ་མི་གནས་བདག་ཉིད་ཆེ། །མ་ཧཱ་ཨ་ཏིར་ལ་བཟླའོ། །ཆོས་དབྱིངས་ངང་ལས་རྒྱུ་འབྲས་འདས། །ཨ་ནུ་ཨ་ཏིར་ལ་བཟླའོ། །ཐམས་ཅད་བླ་དྭགས་རྒྱས་བཏབ་པས། །སངས་རྒྱས་མེད་པའི་ཆེ་བ་སྟེ། །ཨ་ཏི་ཡོ་གའི་ཨ་ཏིའོ། །ཞེས་གསུངས་ཏེ། དེ་ལྟར་ཆེ་བ་ལྔ་བསྟན་པ་དེ་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་དེ་ལྟ་བུའི་ཡོན་ཏན་ལྔ་དང་ཡེ་ནས་ལྡན་པ་ཡིན་པས་རང་བཞིན་ལྔ་པོ་དེ་ལ་ཆེ་བ་ལྔར་མིང་དུ་བཏགས་ནས་བསྟན་པ་ཡིན་ཏེ་འདིས་ནི་ལྔ་མདོ་ཆེ་བ་ལྔ་ཡི་མདོ་བསྟན་པའོ། །ལྔ་པ་ནི ། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་ངེས་པའི་དོན་གྱི་བདེན་པ་གཅིག་གི་རང་བཞིན་ཡིན་པ་ལ་ཐེག་པ་འོག་མ་པ་རྣམས་ཀྱིས་དེ་ལྟར་མ་རྟོགས་པར་རང་རང་གི་གྲུབ་མཐའ་ལ་ཞེན་ནས་དངོས་པོའི་གནས་ཚུལ་དང་མཐུན་པའི་ཡང་དག་པའི་དོན་ཡིན་མིན་དུ་ལྟ་བའི་དགག་སྒྲུབ་ཀྱི་སྒྲོས་ཏེ་སྒྲོ་བཏགས་སྣ་ཚོགས་པ་བྱུང་བས་གོལ་ས་དང་སྒྲིབ་པ་རྔམ་པོ་ཆེ་དང་ཐེ་ཚོམ་གྱི་རྟོག་པ་བསམ་ཡས་པ་ཞིག་བྱུང་བ་ཀུན་ནི་ཚུར་བསྡུ་ན་ངེས་ཐོབ་ཀྱི་ཐེག་པ་དྲུག་ལ་ལྟོས་པའི་གོལ་སྒྲིབ་དྲུག་ཏུ་བསྟན་པ་དེ་དག་གི་གཉེན་པོ་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་རྩོལ་སྒྲུབ་དང་བློ་རྣམ་པར་རྟོག་པའི་ཡུལ་ལས་འདས་པའི་རང་བཞིན་མ་ནོར་བར་མཐོང་བས་སེལ་བར་བྱེད་པ་ཡིན་ནོ་ཞེས་པ་སྟེ་དེ་ནི་དྲུག་མདོ་གོལ་སྒྲིབ་བསྟན་པའི་མདོའི་དོན་ནོ། །དེས་ན་དེ་ལྟ་བུའི་ཡོད་མེད་སྒྲོ་སྐུར་གྱི་མཐའ་ལ་ཞེན་པ་དང་ཐེ་ཚོམ་གྱི་རྟོག་པ་ཐམས་ཅད་བསལ་བའི་ཕྱིར་དུ་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ཉིད་རྒྱུ་འབྲས་སྤང་བླང་ཐམས་ཅད་ལས་འདས་པས་ཅིར་ཡང་རྣམ་པར་མི་རྟོག་པས་སམ་མི་རྟོག་པའི་ཚུལ་གྱིས་མ་ནོར་ཇི་བཞིན་དུ་ངེས་པའི་ལུང་དེ་གཏན་ལ་འབེབས་པར་གསུངས་པ་ནི་བདུན་མདོ་གཏན་ལ་འབེབས་པའི་མདོ་ལས་བསྟན་ཏེ། དེ་ལྟར་ཡང་བྱང་ཆུབ་སེམས་ཀྱི་མདོ་དེ་ལས། ལུང་གསུམ་མན་ངག་བཞི་བདུན་གྱིས། །ངེས་པར་གཏན་ལ་འབེབས་པར་བཤད། །ཅེས་གསུངས་པ་ལྟར་ལུང་གསུམ་དང་མན་ངག་བཞི་སྟེ་བདུན་གྱི་གཏན་ལ་དབབས་པར་གསུངས་ཏེ། དེ་ལ་ལུང་གསུམ་ནི་སྙན་ཁུངས་བརྒྱུད་པའི་ལུང་དང་། མངོན་དུ་ཕྱུང་བའི་ལུང་དང་། གཏན་ལ་འབེབས་པའི་ལུང་གསུམ་སྟེ། དེ་ལས་དང་པོ་ལའང་ཆོས་སྐུའི་བྱིན་གྱིས་རླབས་ཀྱིས་བཤད་པ་ལ་སོགས་པ་སྟོན་པ་སྐུ་གསུམ་གྱིས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་རྣམས་གསུངས་པ་ནི་འཕགས་པའི་ཡེ་ཤེས་ཀྱི་སྙན་ཁུང་དུ་རྒྱུད་པ་དང་། སངས་རྒྱས་རབ་བདུན་ལ་སོགས་པས་འཁོར་གྱིས་གང་ཟག་རྣམས་ཀྱི་སྐལ་པ་དང་འཚམས་པར་ཐེག་པ་ཐུན་མོང་པའི་ཆོས་རྣམས་གསུངས་པ་གང་ཟག་རྣ་བའི་དབང་པོ་བརྒྱུད་པ་སྟེ་གཉིས་སུ་གསུངས་ལ། གཉིས་པ་ནི་ཆོས་ཉིད་མངོན་དུ་ཕྱུང་བའི་ལུང་ཐེག་པའི་རིམ་པ་རྣམས་ཏེ་དེ་ཡང་ཚིག་དང་ཡི་གེས་མཚོན་དུ་ཡོད་པར་གསུངས་པ་ཐམས་ཅད་དྲང་བའི་ལུང་དང་། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་སྒྲ་དང་ཚིག་གིས་མཚོན་དུ་མེད་པར་བསྟན་པ་རྣམས་ངེས་པའི་ལུང་དང་རྣམ་པ་གཉིས་སུ་གསུངས་སོ། །གསུམ་པ་ནི་རྩོལ་བཅས་ཀྱི་ཐེག་པ་འོག་མ་པ་རྣམས་ཀྱིས་ཆོས་ཉིད་ཀྱི་དོན་ཇི་བཞིན་གཏན་ལ་མ་ཕེབ་པ་ཨ་ཏི་རྫོགས་པ་ཆེན་པོས་ཆོས་ཐམས་ཅད་རྒྱུ་འབྲས་སྤང་བླང་ལ་མི་ལྟོས་པར་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་ཏུ་འདུས་པར་བསྟན་པས་ཆོས་རྣམས་ཀྱིས་ཡིན་ལུགས་ཇི་བཞིན་པར་གཏན་ལ་ཕེབ་པར་བསྟན་པའོ། །མན་ངག་བཞི་ལ་བཞི་ཚན་གཉིས་སུ་གསུངས་པ་ལས། དང་པོ་བཞི་ནི་ངེས་པ་བཞི་ཡི་མན་ངག་དང་། མི་རིག་རིག་པར་བཤད་པ་གསུམ་དང་། སྐབས་དང་ཕྱག་རྒྱའི་མན་ངག་གཉིས་དང་། དེ་ཉིད་ལམ་གྱི་མན་ངག་དང་བཞིའོ། །དེ་ལས་དང་པོ་ངེས་པ་བཞི་ནི་ཡེ་ཤེས་ལ་སྤང་ལེན་མེད་པར་ངེས་པ་དང་། སྙིང་རྗེ་ཕྱོགས་རིས་མེད་པར་ངེས་པ་དང་། འབྱུང་ལྔ་སངས་རྒྱས་ཉིད་དུ་ངེས་པ་དང་། རྒྱུ་རྐྱེན་བྲལ་བའི་སེམས་ལ་གཉེན་པོ་མེད་པར་ངེས་པ་བཞིའོ། །མི་རིགས་རིགས་པར་བཤད་པ་གསུམ་ནི། སེམས་ལས་མ་བྱུང་བའི་སངས་རྒྱས། རྒྱུ་ལས་མ་བྱུང་བའི་འབྲས་བུ། ལུང་ལས་མ་བྱུང་བའི་མན་ངག་གསུམ་འོག་མའི་བློ་ལ་མི་འཐད་ཅིང་རྫོགས་པ་ཆེན་པོའི་མན་ངག་གིས་རིགས་ཤིང་འཐད་པར་བཤད་པའོ། །སྐབས་དང་ཕྱག་རྒྱའི་མན་ངག་ལས་སྐབས་ཉི་ཤུ་རྩ་བདུན་ནི། ཆོས་ཉིད་ཀྱི་སྐབས་དང་། རང་བཞིན་དུ་གནས་པའི་སྐབས་དང་། བཙལ་བ་དང་བྲལ་བའི་སྐབས་ལ་སོགས་པ་ཉེར་བདུན་སྟེ། དེ་ཉིད་ལས། ཅི་ལྟར་སྣང་བའི་ཆོས་རྣམས་ཀུན། །ཡེ་ནས་འདུས་བྱས་མ་ཡིན་པས། །ཆོས་ཉིད་དག་ཏུ་གནས་པ་དེ། །ཆོས་ཉིད་སྐབས་ཞེས་བསྟན་པ་ཡིན། །ཞེས་སོགས་ཀྱིས་བསྟན་པ་ལྟར་ལ། ཕྱག་རྒྱ་ཉེར་ལྔ་ནི། མཚན་མའི་ཡུལ་ལས་འདས་པའི་ཕྱག་རྒྱ་དང་། ཐབས་ཤེས་གཉིས་སུ་མེད་པའི་ཕྱག་རྒྱ། དབྱིངས་ཡེ་གཉིས་སུ་མེད་པའི་ཕྱག་རྒྱ་ལ་སོགས་པ་སྟེ། དེ་ལས་མཚན་མའི་ཡུལ་ལ་མི་གནས་ཏེ། ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཐབས་དང་ཤེས་རབ་གཉིས་མེད་པ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ཅེས་པ་ལ་སོགས་པས་བསྟན་པ་ལྟར་རོ། །དེ་ཉིད་ལམ་གྱི་མན་ངག་ལ་རྣལ་འབྱོར་རྣམ་པ་བཞི་པོ་རེ་རེ་བཞིན་དུ་སེམས་དང་ཆོས་དང་ཡེ་ཤེས་དང་ངོ་བོ་དག་གི་མན་ངག་བཞི་ར ེར་ཕྱེ་བས་དེ་ཉིད་རྣམ་པ་བཅུ་དྲུག་ཏུ་གསུངས་ཏེ། དེ་ལས་ཤིན་ཏུ་རྣལ་འ བྱོར་དེ་ཉིད་ནི། རྣམ་པ་བཞི་རུ་བགྲངས་པར་བྱ། །སངས་རྒྱས་སེམས་ཅན་རྒྱུད་དྲུག་ཀུན། །མ་བཅོས་སེམས་ཀྱི་དེ་ཉིད་དོ། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །མ་བཅོས་ཆོས་ཀྱི་དེ་ཉིད་དོ། །དུས་གསུམ་བསྐྱོད་པ་ངེས་པ་ནི། །མ་བསྒྲིབས་ཡེ་ཤེས་དེ་ཉིད་དོ། །ཐམས་ཅད་ཡོངས་སུ་རྫོགས་པ་ནི། །ངོ་བོ་དག་གི་དེ་ཉིད་དོ། །ཀུན་ཏུ་རྣལ་འབྱོར་དེ་ཉིད་ནི། །རྣམ་པ་བཞི་རུ་བགྲང་བར་བྱ། །ཆོས་དབྱིངས་ཇི་ལྟར་རིག་པ་དེ། །དེ་ནི་སེམས་ཀྱི་དེ་ཉིད་ཡིན། །དབྱིངས་ཉིད་ཅིར་ཡང་བཅོས་མེད་པས། །དེ་ནི་ཆོས་ཀྱི་དེ་ཉིད་ཡིན། །དབྱིངས་དང་ཡེ་ཤེས་གསལ་བ་ནི། །དེ་ནི་ཡེ་ཤེས་དེ་ཉིད་ཡིན། །དབྱིངས་དང་ཡེ་ཤེས་གཉིས་མེད་པས། །དེ་ནི་ངོ་བོ་དེ་ཉིད་ཡིན། །རྣལ་འབྱོར་ཆེན་པོའི་དེ་ཉིད་ཀྱང་། །རྣམ་པ་བཞི་རུ་ཤེས་པར་བྱ། །ཡི་གེ་ཧཱུཾ་ལ་སོགས་པ་ནི། །དེ་ལས་ཐམས་ཅད་བསྐྱེད་པ་ནི། །སེམས་ཀྱི་དེ་ཉིད་ཡིན་པར་བཤད། །ཕུང་པོ་འབྱུང་བ་རྣམ་ཤེས་ཡུལ། །སྣང་ལ་རང་བཞིན་མེད་པས་ནི། །ཡེ་ནས་ཆོས་ཉིད་དེ་ཉིད་ཡིན། །དེ་ལྟར་མ་བསྒྲིབས་གསལ་བ་ནི། །ཡེ་ཤེས་དག་གི་དེ་ཉིད་ཡིན། །བདག་ཉིད་ཆེན་པོར་གྲུབ་པ་ནི། །ངོ་བོ་དག་གི་དེ་ཉིད་དོ། །སེམས་དཔའི་རྣལ་འབྱོར་དེ་ཉིད་ཀྱང་། །རྣམ་པ་བཞི་རུ་བགྲང་བར་བྱ། །གང་ཞིག་ཏིང་འཛིན་སྡོམ་གནས་ནས། །སྡོམ་དེ་ཡིད་ལ་གང་གནས་པ། །སེམས་ཀྱི་དེ་ཉིད་ཡིན་པར་བཤད། །ཏིང་འཛིན་ཆགས་པ་མེད་པ་ནི། །ཆོས་ཀྱི་དེ་ཉིད་ཡིན་པར་བཤད། །རིགས་དང་ཁ་དོག་སོ་སོར་གསལ། །ཡེ་ཤེས་དག་གི་དེ་ཉིད་ཡིན། །རིགས་བཞི་ཕྱག་རྒྱ་ཆེན་པོ་བཞི། །ངོ་བོ་དག་གི་དེ་ཉིད་ཡིན། །དེ་ཉིད་རྣམ་པ་བཅུ་དྲུག་ནི། །ལམ་གྱི་ལུང་དུ་ཤེས་པར་བྱ། །ཞེས་གསུངས་སོ། །བཞི་ཚན་གཉིས་པ་ནི། བྱང་ཆུབ་སེམས་ཀྱི་མན་ངག་དང་། །སྦྱོར་བ་མེད་པའི་མན་ངག་དང་། །དུས་གསུམ་གཏན་ཚིག་མན་ངག་དང་། །ལུང་ཆེན་ཁུངས་ཀྱི་མན་ངག་བཞི་ལས། དང་པོ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སྙིང་པོ་བྱང་ཆུབ་ཀྱི་སེམས་ཉིད་གཟུང་འཛིན་སྤྲོས་པའི་མཚན་མ་ཀུན་ལས་འདས་པས་བླང་དོར་ཐམས་ཅད་དང་བྲལ་བར་བསྟན་པའོ། །གཉིས་པ་ནི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་གཉིས་ཆོས་སུ་གྲུབ་པ་གང་ཡང་མེད་པས་ཐབས་དང་ཤེས་རབ། དབྱིངས་དང་ཡེ་ཤེས། ཡུལ་དང་ཡུལ་ཅན། རྒྱུ་དང་འབྲས་བུ་ལ་སོགས་གཉིས་སུ་སྦྱར་བ་གང་ཡང་མེད་པར་བསྟན་པའོ། །གསུམ་པ་ནི་སེམས་ཉིད་སྐྱེ་འགག་མེད་པ་འདུས་མ་བྱས་པའི་རང་བཞིན་ལ་དུས་གསུམ་གྱི་དབྱེ་བ་མེད་པར་བསྟན་པའོ། །བཞི་པ་ནི་སེམས་ཉིད་རྫོགས་པ་ཆེན་པོས་ཆོས་ཐམས་ཅད་གཏན་ལ་འབེབས་པར་བསྟན་པ་སྟེ་རྒྱས་པར་རྒྱུད་དེ་ལས་རྟོགས་པར་བྱའོ། །དྲུག་པ་ནི། གོང་དུ་བསྟན་པ་དེ་ལྟར་བྱང་ཆུབ་སེམས་ཀྱི་གཤིས་ལུགས་སྒྲོ་སྐུར་དང་བྲལ་བར་མ་ནོར་ངེས་པའི་དོན་ཇི་བཞིན་དུ་གཏན་ལ་ཕབ་པ་དེ་ཉིད་ལ་ཡིད་ཆེས་མངོན་སུམ་དུ་བསྟན་པའི་ཕྱིར་དུ་རང་བཞིན་བཅུ་ལ་རྩོལ་ཞིང་བསྒྲུབ་ཏུ་མེད་པར་ལ་དོར་བར་བྱེད་པའི་མན་ངག་ནི། དེ་ཉིད་ལས། སེམས་ཀྱི་རང་བཞིན་འདི་ལྟ་སྟེ། །ལུང་ཆེན་རྣམ་པ་བཅུར་སྣང་སྟེ། །རྫོགས་ཆེན་ཤིན་ཏུ་རྣལ་འབྱོར་གྱི། །ལྟ་བ་བསྒོམ་དུ་མེད་པ་ཡིན། །དམ་ཚིག་བསྲུང་དུ་མེད་པ་ཡིན། །ཕྲིན་ལས་བཙལ་དུ་མེད་པ་ཡིན། །ཡེ་ཤེས་སྒྲིབ་པ་མེད་པ་ཡིན། །ས་ལ་སྦྱངས་དུ་མེད་པ་ཡིན། །ལམ་ལ་བགྲོད་དུ་མེད་པ་ཡིན། །ཕྲ་བ་གཟུང་འཛིན་བྲལ་བ་ཡིན། །རྒྱུད་ཀྱི་རང་བཞིན་འབྲེལ་བ་ཡིན། །ལུང་གི་རང་བཞིན་ཐོག་ཏུ་འབེབས། །མན་ངག་དག་གིས་ལ་ཡང་བཟླ། །རྫོགས་ཆེན་ཤིན་ཏུ་རྣལ་འབྱོར་གྱི། །རང་བཞིན་བཅུ་ནི་དེ་ལྟར་རོ། །ཞེས་གསུངས་པ་ལྟ་བུའི་ཡིད་ཆེས་པ་ཡི་ངེས་པའི་ལུང་བཅུ་བསྟན་པ་ཡིས་བླང་དོར་རྩོལ་སྒྲུབ་ཀྱི་བྱ་བ་མེད་པའི་དོན་བསྟན་པ་དེ་ལ་ཡིད་ཆེས་པའི་ངེས་ཤེས་གཏིང་ནས་འདྲོངས་པའི་ཕྱིར་དུ་བརྒྱད་མདོ་ངེས་པར་བསྟན་པའི་མདོ་ལས་མེད་པའི་མན་ངག་རྣམ་པ་བརྒྱད་དང་། ངེས་པ་ལྔ་དང་མ་ངེས་གསུམ་སྟེ་བརྒྱད་ཚན་གཉིས་སུ་བསྟན་ཏེ། དེ་ལ་མེད་པའི་མན་ངག་བརྒྱད་ནི། དེ་ལས་སེམས་ལ་སྐྱེ་འཇིག་མེད་པ་དང་། དོན་ལ་བསྒོམ་དུ་མེད་པ་དང་། །སྤྱོད་པ་བླང་དོར་མེད་པ་དང་། །ལམ་ལ་བསྒྲོད་དུ་མེད་པ་དང་། །རྣམ་པ་བགྲང་དུ་མེད་པ་དང་། །སེམས་ལ་ངོ་བོ་མེད་པ་དང་། །ཆོས་ཉིད་མཚོན་དུ་མེད་པ་དང་། །སྒྲོ་སྐུར་གདགས་སུ་མེད་པ་བརྒྱད། །ཅེས་དེ་དག་གི་རྒྱུ་མཚན་དང་བཅས་གསུངས་སོ། །བརྒྱད་ཚན་གཉིས་པ་ལ་ངེས་པ་ལྔ་དང་། མ་ངེས་པ་གསུམ་སྟེ་བརྒྱད་ལས། ངེས་པ་ལྔ་ནི། ཡང་དེ་ལས། ངེས་པ་ལྔ་ནི་གང་ཞེ་ན། དུས་ལ་ཁྱད་པར་མེད་པར་ངེས། །བླ་མ་མཆོད་པར་མཉམ་པར་ངེས། །མཆོད་པ་བསྔོ་རུ་མེད་པར་ངེས། །དཀའ་སླ་མཚོན་དུ་མེད་པར་ངེས། །བདེ་དང་སྡུག་བསྔལ་རྒྱུ་མཐུན་ངེས། །ཞེས་དང་། མ་ངེས་གསུམ་ནི། དེ་ལས། ཆོས་ཀྱི་རང་བཞིན་མ་ངེས་དང་། །བློ་ཡི་རང་བཞིན་མ་ངེས་དང་། །ཡེ་ཤེས་རང་བཞིན་མ་ངེས་གསུམ། །ཅེས་གསུངས་ལ་རྒྱས་པར་རྒྱུད་དེ་ཉིད་དུ་བལྟ་བར་བྱའོ། །བདུན་པ་ནི། འདི་ལྟར་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལ་རྒྱུ་འབྲས་བླང་དོར་ཅིར་ཡང་མི་དམིགས་པས་དེ་ལ་བགྲོད་པར་བྱེད་པའི་ཐེག་པའི་དབྱེར་མེད་པར་གྲུབ་ཀྱང་གདུལ་བྱ་རྣམས་ཀྱི་ཆོས་ཉིད་ཀྱི་དོན་རང་རང་གིས་ཇི་ལྟར་མཐོང་ཚུལ་བཞིན་བདེན་པའི་ངག་གིས་ཐེག་པའི་ཚིག་དགུ་སྨྲས་པ་ནི་ཆོས་རྣམས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་གཅིག་པོ་ལ་སོ་སོའི་བློས་མཐོང་བའི་ཚུལ་གྱིས་ཡུལ་དགུ་བྱུང་བ་བཞིན་རྣལ་འབྱོར་རང་རེས་ཏེ་རང་རང་སོ་སོས་ཇི་ལྟར་མཐོང་བའི་དོན་རྣམས་བརྗོད་བྱེད་ཀྱི་བདེན་པའི་ཚིག་དགུ་སྨྲས་པ་དེ་ཐམས་ཅད་དོན་ལ་སེམས་ཉིད་རྫོགས་པ་ཆེན་པོའི་བྱིན་བརླབ་ལས་བྱུང་བ་ཡིན་པར་དགུ་མདོ་ཐེག་པ་ཡས་འབུབས་ཀྱི་མདོ་ལས་གསུངས་ཏེ། དེ་ཉིད་ལས། ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག །ཆོས་ཉིད་རང་བཞིན་སེམས་ཉིད་དེ། །སེམས་ཉིད་རང་བཞིན་རྫོགས་པ་ཆེ། །རྫོགས་ཆེན་ཆོས་ཉིད་སྐྱེ་མེད་ལས། སྐྱེ་བའི་ཆོ་འཕྲུལ་འབྱུང་བའི་ཕྱིར། །ལོངས་སྤྱོད་རྫོགས་སྐུ་སྤྲུལ་པའི་སྐུ། །སུམ་བརྒྱད་དགུ་ཕྲུག་རྣམ་སྤྲུལ་པ། །ཚིག་དང་ཡི་གེ་དགུར་གྲགས་ཏེ། །ཐེག་པ་རྣམ་པ་དགུ་རུ་བསྟན། །དེ་ཡང་གང་དང་གང་ཞེ་ན། །ཉན་ཐོས་རང་རྒྱལ་ཐེག་ཆེན་གསུམ། །སྤྲུལ་པའི་སྐུ་ཡི་གསུང་དུ་བསྟན། །ཀྲྀ་ཡ་ཡོ་ག་ཕྱི་བ་གསུམ། །ལོངས་སྤྱོད་རྫོགས་སྐུའི་བསྟན་པར་གྲགས། །བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ། །ཆོས་ཀྱི་སྐུ་ཡི་གསུང་དུ་བསྟན། །སྐུ་གསུམ་ཡཱ་ན་རྣམ་པ་དགུ། །རྫོགས་པ་ཆེན་པོའི་བྱིན་གྱིས་རློབས། །ཞེས་གསུངས་སོ། །བརྒྱད་པ་ནི། དེ་ལྟར་དབྱེ་བ་སྣ་ཚོགས་བྱས་ཀྱང་དོན་ལ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་སྲིད་ཞི་ཀུན་ཁྱབ་ཆེན་པོ་རིག་པ་རང་བྱུང་གི་ཡེ་ཤེས་ང་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལུས་པ་མེད་པར་འདུས་ཤིང་རྫོགས་པའི་ཕྱིར་ན་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་གྲོལ་བསམ་བརྗོད་ལས་འདས་པའི་དོན་བཅོས་བསྒྱུར་སྤང་བླང་དང་བྲལ་བ་འདི་ཉིད་ཇི་བཞིན་དུ་ཤེས་ན་ཆོས་ཐམས་ཅད་ཀུན་རང་བྱུང་ཡེ་ཤེས་ཆེན་པོའི་བདག་ཉིད་དུ་གདོད་ནས་མངོན་པར་སངས་རྒྱས་པའི་ཚུལ་ཀྱང་ཤེས་པར་འགྱུར་བས་ན་འདི་ཉིད་ཤིན་ཏུ་གལ་ཆེ་བར་ཤེས་པར་གྱིས་ཤིག་ཅེས་པ་སྟེ། དེ་ལྟར་ཡང་བཅུ་མདོ་ཡོངས་སུ་རྫོགས་པའི་མདོ་ལས། ཅི་ལྟར་སྣང་བའི་ཆོས་རྣམས་ནི། །བྱང་ཆུབ་སེམས་ལ་རྫོགས་པའི་ཕྱིར། །བྱང་ཆུབ་སེམས་འདི་ཤེས་པར་གྱིས། །བྱང་ཆུབ་སེམས་འདི་ཤེས་པ་དང་། །ཆོས་ཀུན་རང་ལ་རྫོགས་པར་ཤེས། །རང་ལས་བྱུང་བའི་ཆོས་རྣམས་ཀུན། །རང་བྱུང་ཡེ་ཤེས་སེམས་སུ་ཤེས། །རང་བྱུང་བྱང་ཆུབ་སེམས་འདི་ལ། །མ་ཡིན་པ་ཡི་ཆོས་མེད་པས། །སེམས་མ་ཡིན་གྱི་ཆོས་ཡོད་མིན། །ཞེས་གསུངས་ལ། དེ་ཡང་འདིར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ལ་ཆོས་ཐམས་ཅད་རྫོགས་པར་གསུངས་པ་དེ་ཉིད་ཀུན་བཟང་གདོད་མའི་མགོན་པོའི་ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་ཞེས་པ་ཞིང་གཞན་དུ་མེད་པར་ད་ལྟ་སེམས་ཅན་རྣམས་ཀྱི་རང་རང་གི་རྒྱུད་ན་སེམས་ཀྱི་ཆོས་ཉིད་རིག་པ་བདེ་གཤེགས་སྙིང་པོ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གསལ་ཁྱབ་ནམ་མཁའ་ལྟ་བུའི་རང་བཞིན་དུ་བཞུགས་པ་འདི་ཉིད་སྐུ་གསུམ་གྱི་རྒྱལ་བ་མ་ལུས་པའི་ཐུགས་རང་བྱུང་གི་ཡེ་ཤེས་དང་ཡེ་ནས་དབྱེར་མེད་གཅིག་གི་ངོ་བོར་གནས་ཤིང་དེའི་ཀློང་དུ་འཁོར་འདས་ཀྱི་ཆོས་ཀུན་ཀྱང་མ་བཅོས་མཉམ་པ་ཆེན་པོའི་ངོ་བོར་རྫོགས་པ་ཡིན་པར་བསྟན་པ་སྟེ། དེ་ཉིད་ལས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་རྫོགས་པར་བསྟན་པའི་འཕྲོར་འདུས་པའི་འཁོར་ཚོགས་རྣམས་ཀྱིས་སླར་ཡང་ཞུས་པ། ཨེ་མ་ཧོ། སེམས་དཔའ་རྡོ་རྗེ་ཀུན་ཏུ་བཟང་། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སེམས་ཡིན་སེམས་མིན་ཆོས་མེད་ན། །བདག་ཅག་འདུས་པའི་ཚོགས་ཀྱི་སེམས་སུ་ཡང་། །ཆོས་ཀུན་རབ་ཏུ་འདུས་ལགས་སམ། །ཞེས་ཞུས་སོ། །དེ་ལས་སེམས་དཔའ་ཆེན་པོས་དོན་འདི་གསུངས་སོ། །ཀྱེ། འདུས་པའི་ཚོགས་ཆེན་འདི་རྟོགས་ལ། །འདི་ཡི་དོན་ཀུན་རིག་པར་གྱིས། །སྣང་ཆོས་རྒྱུ་ནི་འབྱུང་ཆེན་ལྔ། །འབྱུང་ལྔ་རྒྱུ་ནི་བྱང་ཆུབ་སེམས། །སེམས་ཀྱིས་ཆོས་རྣམས་སྣང་བར་བྱེད། །སེམས་མི་སྣང་ལ་ཆོས་མི་སྣང་། །དེས་ན་ཆོས་རྣམས་སེམས་སུ་འདུས། །སེམས་ལ་གཅིག་ལས་ཡོད་མ་ཡིན། །སེམས་གཅིག་ཀུན་ལ་ཁྱབ་པའི་ཕྱིར། །སངས་རྒྱས་ཡེ་ཤེས་ཐུགས་ཀྱང་སེམས། །སེམས་ཅན་བག་ཆགས་ཡིད་ཀྱང་སེམས། །སངས་རྒྱས་ཉིད་ལ་མི་རྟོག་རྒྱས། །སེམས་ཅན་རང་རྟོགས་བག་ཆགས་བསྒྲིབ། །རང་བྱུང་སེམས་དེ་མི་གཉིས་གཅིག །གཅིག་ཕྱིར་དུས་གསུམ་སངས་རྒྱས་དང་། །འདུས་ཚོགས་ཁྱེད་སེམས་དབྱེར་མེད་པས། །སེམས་ཉིད་རྫོགས་པ་ཆེན་པོ་ནི། །ཡོངས་སུ་རྫོགས་པའི་མདོ་ཞེས་བྱ། །ཞེས་གསུངས་སོ། །གསུམ་པ་ཇི་ལྟར་སྣང་ཡང་རྩ་བ་ཆོས་ཉིད་ལས་གཞན་མ་ཡིན་པར་བསྟན་པ་ལ་གཉིས་ཏེ་ཐམས་ཅད་སེམས་ཀྱི་རང་བཞིན་དུ་བསྟན་པ་དང་། སེམས་ལས་གཞན་པའི་ཆོས་སུ་མ་གསུངས་པའོ། །དང་པོ་ནི། གོང་དུ་བཤད་པ་དེ་ལྟར་ཆོས་རྣམས་ཀུན་གྱི་རྩ་བ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་པའི་ཕྱིར་ན་སྣང་སྲིད་སྣོད་བཅུད་ལ་སོགས་པ་ཇི་ལྟར་སྣང་བ་ཐམས་ཅད་ཀུན་བྱེད་ང་ཡི་ངོ་བོ་སྣང་བ་ཡིན་ལ་ཆོས་ཉིད་སྐྱེ་མེད་ཀྱི་དབྱིངས་ལས་རྩལ་སྣང་འགག་མེད་ཀྱི་རོལ་པ་ཇི་ལྟར་བྱུང་བ་ཐམས་ཅད་སྟོན་པ་ཀུན་བྱེད་ང་ཡི་ཆོ་འཕྲུལ་ལམ་སྤྲུལ་པ་ཡིན་པ་དང་། དེ་བཞིན་དུ་ཟིན་པ་དང་མ་ཟིན་པའི་སྒྲ་ཚིག་ཇི་ལྟར་བྱུང་ཞིང་གྲག་པར་སྣང་བ་ཐམས་ཅད་ཀུན་སྟོན་པ་ང་ཡི་བྱང་ཆུབ་སེམས་ཀྱི་དོན་བརྗོད་དུ་མེད་པའི་ཀློང་ནས་ཆོས་ཉིད་ཀྱི་རང་སྒྲ་བརྗོད་བྱེད་ཀྱི་ཚིག་དང་ཡི་གེའི་སྒྲར་བྱུང་བ་ཡིན། དུས་གསུམ་གྱི་རྒྱལ་བ་སངས་རྒྱས་རྣམས་ཀྱི་སྐུ་དང་ཡེ་ཤེས་ལ་སོགས་པའི་ཡོན་ཏན་རྣམས་དང་། སེམས་ཅན་རྣམས་ཀྱི་གནས་དོན་ལུས་ཀྱི་རྣམ་པ་མངོན་སུམ་དུ་སྣང་བ་དེ་དང་མངོན་དུ་མ་སྨིན་པ་བག་ཆགས་ཀྱི་ཚུལ་དུ་ཡོད་པ་ལ་སོགས་པ་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་ངོ་བོ་ཡེ་ནས་དེ་ལྟར་གནས་པ་ཡིན་པར་གསུངས་པའོ། །གཉིས་པ་ནི། དེས་ན་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་རང་གི་སེམས་ལས་བྱུང་ཞིང་སེམས་ཉིད་ཀྱི་ངོ་བོར་མ་གཏོགས་པ་ཡི་ཆོས་གཞན་རྣམས་ནི་གཅིག་ཀྱང་ཡོད་དོ་ཞེས་སྟོན་པ་ང་ཉིད་ལས་བྱུང་བའི་སངས་རྒྱས་སྔར་འདས་པ་རྣམས་ལ་ཀུན་བྱེད་རྒྱལ་པོ་ང་ཡིས་ལུང་མ་བསྟན་ལ། ད་ལྟར་དངོས་སུ་བཞུགས་པ་དང་སླད་ཀྱིས་འབྱོན་པ་ཡི་སངས་རྒྱས་རྣམས་ལ་ཡང་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ཀྱི་ལུང་མི་སྟོན་ནོ་ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྩ་བ་གཅིག་པའི་ལེའུ་སྟེ་དྲུག་པའི་འགྲེལ་བའོ།། །།བཞི་པ་ཆོས་ཐམས་ཅད་གཉིས་སུ་མེད་པའི་རང་བཞིན་རང་སེམས་སྟོན་པར་མངོན་དུ་ཕྱུང་བའི་ལེའུ་བདུན་པ་ལ་གཉིས་ཏེ། ལེའུའི་དོན་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་སེམས་སུ་གཅིག་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱིས་བྱས་པ་ཡི་རྒྱུ་ལས་བྱུང་བའི་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་སོ་སོར་རྣམ་པར་དབྱེ་བ་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཆོས་ཉིད་དམིགས་སུ་མེད་པ་ལས་ཆོས་ཅན་སྣང་བའི་རང་བཞིན་བཀོད་པའི་ཚུལ་གསུངས་པ་བསྟོད་ཅིང་དྲི་བའི་ཚུལ་གྱིས་འཁོར་འདས་ཀྱི་རང་བཞིན་ཞུ་བ། དེའི་ལན་རྒྱ་ཆེར་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཞེས་པོས་ནས། འདི་ལྟར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་སྤང་བླང་བཅོས་བསྒྱུར་ཐམས་ཅད་དང་བྲལ་བ་ཆོས་ཉིད་ཡེ་ཇི་བཞིན་པ་ཡི་ངོ་བོ་སྟེ་དེ་ལྟ་བུའི་གཤིས་ལུགས་འགྱུར་བ་མེད་པ་ཆོས་ཉིད་ཇི་བཞིན་པ་གཉིས་ཆོས་སུ་གྲུབ་པ་མེད་པའི་རང་གནས་ཕྱལ་བའི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོ་ལ་འཁོར་འདས་ཀྱི་རོལ་པ་ཅིར་ཡང་མི་འགག་པས་སྣང་བའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཡིན་མོད། འོན་ཀྱང་དེ་ལྟར་དུ་སྣང་བའི་དུས་ཉིད་ནས་གཟུང་འཛིན་གྱི་མཚན་མར་སྣང་བའི་རྣམ་པ་ཀུན་ཡོངས་ཀྱིས་ཏེ་ཡེ་ནས་མེད་པ་སྤྲོས་བྲལ་ནམ་མཁའ་བཞིན་དུ་རང་བྱུང་འདུས་མ་བྱས་པ་སྐྱེ་མེད་བསམ་ཡུལ་དང་བྲལ་བར་ཡེ་ནས་གནས་པ་ཡིན་ཏེ། འཕྲུལ་ལྡེ་ལས། དཔེར་ན་ནམ་མཁའི་གཟུགས་གཅིག་ལ། །ཆུ་ནང་གཟུགས་བརྙན་བསམ་མི་ཁྱབ། །དེ་བཞིན་རིག་པ་གཅིག་པ་ལ། །རིགས་པའི་རྩལ་ཤུགས་བསམ་མི་ཁྱབ། །དཔེར་ན་ཆུ་ནང་ཟླ་བ་ཡང་། །སྣང་ཡང་དེ་ལ་རང་བཞིན་མེད། །དེ་བཞིན་རིག་པའི་རྩལ་སྣང་བ། །སྣང་ཡང་དེ་ལ་རང་བཞིན་མེད། །ཅེས་གསུངས་སོ། །དེས་ན་ཆོས་ཉིད་ཐིག་ལེ་ཉག་གཅིག་ཏུ་གནས་པ་དེ་ལ་མཚན་འཛིན་གྱི་དམིགས་པའི་ཡུལ་ལས་འདས་པའི་ཕྱིར་ན་གཅིག་ཅེས་བརྗོད་པ་ལ་སོགས་པའི་གྲངས་ཀྱིས་བསྒྲངས་ཞིང་ཐ་དད་དུ་དབྱེ་བ་བྱར་མེད་མོད། འོན་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོ་ལ་བསྒྲངས་ཞིང་མཚོན་དུ་མེད་པ་དེ་ལྟ་ནའང་སེམས་ཀྱིས་བྱས་པའི་སྣང་བ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ལ་དབྱེ་བའི་རྣམ་གྲངས་མང་དུ་བྱུང་བ་ཡིན་ནོ། །དེ་ཡང་སེམས་ཀྱིས་བྱས་པ་ཡི་ཆོས་དེ་གང་དང་གང་ཡིན་ཞེ་ན་འདི་ལྟར་སྣང་ཞིང་སྲིད་པའི་དངོས་པོ་སྣོད་བཅུད་དུ་སྣང་བ་རྣམས་དང་། དེ་བཞིན་དུ་དག་པ་སངས་རྒྱས་རྣམས་ཀྱི་སྐུ་དང་ཡེ་ཤེས་དང་མ་དག་སེམས་ཅན་རྣམས་ཀྱི་གནས་ལུས་ལོངས་སྤྱོད་སོགས་སུ་སྣང་བ་འདི་ཐམས་ཅད་ལ་བྱེད་པོ་གཞན་གང་ཡང་མེད་པར་སེམས་ཀྱི་རང་བཞིན་གདོད་ནས་སྐྱེ་བ་མེད་པའི་རང་མདངས་ངོ་བོ་འགགས་པ་མེད་པའི་གདངས་རྩལ་དེ་ལས་བྱས་ཤིང་ཆོས་ཅན་སྣང་བའི་རང་བཞིན་སྣ་ཚོགས་སུ་བཀོད་པ་ཡིན་ལ། དེས་ན་སེམས་ཀྱིས་བྱས་ནས་ཀུན་ལ་མངོན་དུ་ཕྱུང་སྟེ་བསྟན་པ་ནི་སྣང་བ་སྣོད་ཀྱི་འཇིག་རྟེན་འབྱུང་བ་ཆེན་པོ་ལྔ་དང་། སྲིད་པ་བཅུད་ཀྱི་སེམས་ཅན་འགྲོོ་བ་རིགས་དྲུག་ཏུ་སྣང་བ་རྣམས་དང་། གདུལ་བྱའི་སེམས་ཅན་དེ་ཡི་དོན་མཛད་པའི་སངས་རྒྱས་ལོངས་སྐུ་དང་སྤྲུལ་སྐུ་སྟེ་གཟུགས་སྐུ་རྣམ་པ་གཉིས་སུ་སྣང་བ་ཐམས་ཅད་ནི་གཞན་དུ་ཅི་ཡང་མེད་པར་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་སྐྱེ་བ་མེད་པ་ལས་རྩལ་སྣང་འགག་མེད་ཀྱི་ངོ་བོར་མངོན་སུམ་དག་ཏུ་ཕྱུང་ནས་གྲངས་སུ་བགྲངས་བའི་རྣམ་པར་བསྟན་པ་ཡིན་པར་ཤེས་པར་བྱའོ། །ཞེས་བཀའ་རྩལ་ཏོ། །གཉིས་པ་ནི། དེ་ལྟར་ཆོས་ཅན་གྱི་ངོ་བོ་ཇི་ལྟར་བཀོད་ཚུལ་བསྟན་པ་དེ་ནས་སེམས་དཔའ་རྡོ་རྗེས་རྣམ་པར་བསྒྲངས་པའི་མདོའི་དོན་ཞུས་པ། ཀྱེ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཡི་ངོ་བོ་ཅིར་ཡང་མ་གྲུབ་པ་རང་བཞིན་སྐྱེ་མེད་ཀྱི་གདངས་ལས་རོལ་པ་འགག་མེད་ཀྱི་རྣམ་པ་འཁོར་འདས་ཀྱི་ཆོས་ཀུན་མངོན་དུ་བྱུང་ཞིང་སྣང་བ་ལ་ངོ་མཚར་བས་ཨེ་མ་ཧོ་ཞེས་པ་དང་། དེ་ལྟར་སྣང་བའི་དུས་ཉིད་ནས་མ་དག་མཚན་མའི་ཆོས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་དག་པ་ཉག་གཅིག་གི་རོལ་པར་ཤར་བ་ལ་ངོ་མཚར་བས་ཨེ་མ་ཧོ་ཞེས་པ་དང་། དེ་ལྟ་བུའི་ཆོས་རྣམས་ཀྱི་སྣང་གཞིར་གྱུར་པ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཁྱོད་ཀྱི་རང་བཞིན་དེ་ཡོད་ནི་གཅིག་ཀྱང་གྲུབ་པ་མེད་པ་ཡེ་ནས་རྣམ་པར་དག་པ་ཡིན་པ་ལ་སྣང་ནི་འཁོར་འདས་ཀྱི་ཆོས་སྣ་ཚོགས་སུ་སྣང་ཞིང་མཉམ་རྫོགས་ལྷུན་གྲུབ་ཆེན་པོར་གནས་པ་དེ་ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་གིས་མདུན་བསུས་ཏེ། དང་པོར་འཁོར་འདས་གང་ཡང་མ་བྱུང་བའི་ཐོག་མར་གཞི་དབྱིངས་ཁྱབ་གདལ་ཆེན་པོ་བྱང་ཆུབ་ཀྱི་སེམས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ནས་གཞི་སྣང་ལྷུན་གྲུབ་ཀྱི་རོལ་པ་རང་རྩལ་འགགས་མེད་ཀྱི་རྣམ་པར་ལངས་ནས་མངོན་དུ་སྣང་བ་ལ་རང་དང་ཆོས་རྣམས་ཐམས་ཅད་ཐ་དད་དུ་བཟུང་བས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་གཅིག་གི་རོལ་རྩལ་ཡིན་པ་རང་ངོ་མ་ཤེས་ནས་འཁྲུལ་པར་གྱུར་ན་ཡང་། ལས་དང་སྐལ་བར་ལྡན་པས་ད་ལྟ་ཀུན་མཁྱེན་རྒྱལ་བའི་དབང་པོ་སྟོན་པ་ཀུན་བྱེད་ཁྱོད་ཀྱི་འཁོར་དུ་འདུས་པ་ཡིན་ནའང་། ཉིད་ལ་ཆོས་ཉིད་ཟབ་མོའི་དོན་དེ་ཇི་བཞིན་དུ་ཞུ་བའི་དམིགས་ནི་མི་ཆ་བས་སམ་ཞུ་བར་མ་ནུས་པ་ལ་སྟོན་པ་ཀུན་མཁྱེན་གྱིས་དགོངས་པ་རང་བྱུང་དུ་བཀའ་སྩལ་པ་སྣང་སྲིད་འཁོར་འདས་ཀྱིས་ཆོས་རྣམས་ཐམས་ཅད་མདོ་རྩ་གཅིག་ཏུ་འདུས་པར་སྟོན་པའི་ཕྱིར་དུ་ནི་གཅིག་མདོ་བྱང་ཆུབ་སེམས་ཀྱི་མདོ་གོང་དུ་བསྟན་པ་དེ་ལྟར་བཀའ་སྩལ་པ་ཡིན་ན་དེ་ལྟར་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་གཅིག་ཡིན་པ་ལ་ལྷུན་གྲུབ་སྤྱི་གཞིའི་ངང་ནས་ཐུགས་རྗེའི་རོལ་པ་སོ་སོར་སྣང་བ་གཉིས་སུ་བསྟན་པ་ཡི་རྣམ་པ་གྲངས་སུ་བསྒྲངས་པའི་དོན་འདི་ཇི་ལྟར་ལགས་པ་གསུང་དུ་གསོལ་ཞེས་ཞུས་སོ། །གསུམ་པ་དེའི་ལན་རྒྱ་ཆེར་བཤད་པ་ལ་དྲུག་སྟེ། ཀུན་གྱི་ཐོག་མར་ལྷུན་གྲུབ་སྤྱི་གཞི་བསྟན་པ། དེ་ལས་ཐུགས་རྗེ་རིག་པ་ཉིད་ཤར་བས་སོ་སོར་སྣང་བའི་དོན་ཉོན་ཅིག་པར་གདམས་པ། བློ་ལ་ལྟོས་པའི་ཆོས་ཚུལ་དབྱེ་བ། རྒྱུ་འབྲས་ཐེག་པའི་རང་བཞིན་བསྟན་པ་ཐམས་ཅད་ཀུན་འདུས་རྫོགས་པ་ཆེན་པོར་གཏན་ལ་ཕབ་པ། དེ་ཉིད་རྟོགས་པའི་གང་ཟག་བསྔགས་པའོ། །དང་པོ་ནི། དེ་ལྟར་སེམས་དཔའ་རྡོ་རྗེས་རྣམ་པར་བགྲངས་བའི་མདོ་ཞུས་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཇི་ལྟར་ཞུས་པའི་དོན་དེ་བཀའ་སྩལ་པ་ནི། ཀྱེ་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ནི་སེམས་ཅན་ཀུན་གྱི་རྒྱུད་ལ་ཡེ་ནས་འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་པ་ཡིན་ཀྱང་རང་སྣང་རང་ངོ་མ་ཤེས་པའི་དབང་གིས་མངོན་དུ་མི་སྣང་བར་བག་ཆགས་འཁྲུལ་པའི་སྦུབས་སུ་གནས་པ་ཡིན་ཏེ། རང་བྱུང་བདེ་བའི་འཁོར་ལོ་ལས། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །སེམས་ཅན་ལུས་ཀྱི་ཚོར་བ་ལ། །རང་རིག་ཡེ་ཤེས་རྒྱུན་མི་འཆད། །འདུ་འབྲལ་མེད་པས་ཡེ་ནས་གནས། །དེ་ཕྱིར་ཉོན་མོངས་སྦུབས་ནང་ན། །ཀུན་བཟང་ཡེ་ཤེས་སེམས་ལ་གནས། །ངེས་དོན་ལུང་བསྟན་དོན་རྟོགས་ནས། །དེ་དོན་གཞན་ནས་བསྒྲུབ་མི་དགོས། །སེམས་ཅན་བྱང་ཆུབ་སུ་འདོད་པ། །ཀུན་གཞིའི་གསེབ་ནས་དོལ་ཚོལ་ལ། །དེ་ཡི་ངང་ལ་གནས་པར་གྱིས། །དེ་དོན་རྒྱལ་བའི་དགོངས་པ་ཡིན། །བདེ་གཤེགས་རྣམས་ཀྱི་སྙིང་པོ་ཡང་། །སེམས་ཅན་ལུས་ལ་ཡོད་མོད་ཀྱང་། །ཤེས་པ་མ་མཐོང་ཙམ་དུ་བས། །དེ་མཐོང་ངེས་པའི་གདམས་ངག་ལ། །ཤེས་པ་རྟག་ཏུ་འབྲལ་བ་མེད། །ད་ཡང་འདུས་པའི་སྙིང་པོ་ཉོན། །མ་རིག་འཁྲུལ་པ་ཡོང་བཞིན་དུ། །འབྲས་བུ་སངས་རྒྱས་ཐུགས་ལ་གནས། །དེ་ཕྱིར་གཞན་ནས་འབྱུང་བ་མེད། །ཐོག་མ་མ་ཡིན་དུས་འདིར་རང་། །དེ་ཡང་རང་རིག་ཡེ་ཤེས་ནི། །ཏིལ་ལ་མར་གྱིས་ཁྱབ་པ་བཞིན། །འགྲོ་དྲུག་ཀུན་ལ་རང་རིག་ཁྱབ། །སྐྱེ་འགག་མེད་པར་རྒྱུན་དུ་གནས། །ཞེས་དང་། ཀློང་ཆེན་རབ་འབྱམས་ལས། བདེ་བར་གཤེགས་པའི་སྙིང་པོ་ངས། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །ཏིལ་ལ་མར་གྱིས་ཁྱབ་བཞིན་གནས། །ཐམས་ཅད་བྱམས་པའི་སེམས་ཀྱིས་ཉིད། །རྒྱུ་རྐྱེན་མེད་པའི་སྙིང་པོ་སྟེ། །ཞེས་གསུངས་ལ། དེ་ལྟ་བུའི་གཞི་གནས་ཆོས་སྐུའི་རིག་པ་དེ་མངོན་དུ་གྱུར་པ་ལས་གཞན་པའི་སངས་རྒྱས་ཞིག་མེད་པས་ན་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ང་ནི་དུས་གསུམ་དུ་གཤེགས་ཤིང་བྱོན་པའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་མ་བཅོས་ལྷུན་གྱིས་གྲུབ་པའི་སྙིང་པོའང་ཡིན་ཏེ། དེ་ཉིད་ལས། སངས་རྒྱས་སེམས་ཅན་མེས་པོ་ང་། །ང་ནི་རང་བྱུང་ཡེ་ཤེས་ཏེ། །ང་ནི་ཆོས་ཀུན་སྙིང་པོ་ཡིན། །ང་ནི་ཀུན་གནས་རྩ་བ་བཞིན། །སྙིང་པོ་རང་བྱུང་ཡེ་ཤེས་ངས། །སྣང་བ་དང་ནི་སྲིད་པ་དང་། །སྣོད་དང་བཅུད་ཀྱིས་བསྡུས་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཁམས་གསུམ་རྒྱུད་དྲུག་སེམས་ཅན་དང་། །དེ་བཞིན་དུ་ནི་ཐམས་ཅད་ལ། །མ་ལུས་ཀུན་ཁྱབ་འུབ་ཆུབ་བོ། །ཞེས་དང་། སྔ་མ་ལས། རང་རྒྱུད་རིག་པའི་ཡེ་ཤེས་ནི། །སྤྲིན་མེད་མཁའ་ལ་ཉི་ཤར་བཞིན། །འདུས་མ་བྱས་པའི་ཀློང་དཀྱིལ་ན། །རང་རིག་ཡེ་ཤེས་ཆོས་སྐུ་བཞུགས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། དེ་ལྟ་བུའི་སྙིང་པོ་རང་བྱུང་གི་ཡེ་ཤེས་ང་ནི་ཐུགས་རྗེའི་རྩལ་གདངས་འགག་པ་མེད་པ་འོད་གསལ་ལྷུན་གྲུབ་ཀྱི་སྣང་ཆ་ཐམས་ཅད་ཀྱི་འཆར་གཞིའི་ངོ་བོ་སྤྲོས་བྲལ་དབྱིངས་ཀྱི་རང་བཞིན་གདོད་ནས་སྐྱེ་བ་མེད་པ་སྟེ། དེ་ལས་གདུལ་བྱའི་འགྲོ་བ་རྣམས་ལ་འདུལ་བྱེད་ཀྱི་ཐབས་ཐེག་པའི་རྣམ་གྲངས་གང་ལ་འགྲོ་བ་གང་ཞིག་དགའ་ཞིང་སྤྲོ་བའི་དུས་སུ་ནི་རང་སྣང་ཕྱོགས་ལྷུང་དང་བྲལ་བ་འཛིན་མེད་སྤྲོ་བསྡུ་བྲལ་བའི་ངང་ལས་གདུལ་བྱ་གང་ཞིག་ཐེག་པ་གང་ལ་དགའ་བ་ཡི་དོན་བྱའི་སྟེ་དོན་བསྒྲུབ་པར་བྱ་བའི་ཕྱིར་དུ་ཀུན་བྱེད་ང་ཡི་རོལ་རྩལ་དུ་ཐེག་པའི་རྣམ་གྲངས་སོ་སོར་བྱུང་བའམ་བྱས་པའི་དོན་བསྟན་པར་བྱ་བ་ཡིན་གྱིས་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཚུལ་བཞིན་དུ་ཉོན་ཅིག་ཅེས་གདམས་པའོ། །གསུམ་པ་བློ་ལ་ལྟོས་པའི་ཆོས་ཚུལ་དབྱེ་བ་ལ་གསུམ་ཏེ། ཤིན་ཏུ་སྤྲོས་པ་མེད་པ་ལ་ཆོས་གཅིག་དང་བཞིན་གྱིས་རྣམ་པར་དག་པར་བསྟན་པ། སྣ་ཚོགས་སྤྲོས་པ་ལ་དགའ་བའི་ངོར་ཐེག་པ་དུ་མ་བཤད་པ། དེ་གཉིས་ཀྱི་རང་བཞིན་དབྱེ་བ་ཐ་དད་དུ་སྨོས་ཀྱང་དོན་ལ་གཅིག་ཏུ་འདུ་བའི་རྒྱུ་མཚན་དགོད་པའོ། །དང་པོ་ནི། དེ་ལ་གང་ཟག་དབང་པོ་ཡང་རབ་ཤིན་ཏུ་སྤྲོས་པ་མེད་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་དོན་ལ་དགའ་བའི་རྣལ་འབྱོར་པ་དེ་ལ་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་སྤྲོས་བྲལ་སྟོང་གསལ་རང་བྱུང་གི་ཡེ་ཤེས་གཅིག་ཏུ་འདུས་པའི་ཕྱིར་ན་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་གཅིག་པུ་བསྟན་པ་སྟེ། དེ་ཡང་སེམས་ཀྱི་ངོ་བོ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་རྣམ་དག་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལ་ཀུན་བྱེད་རྒྱལ་པོ་ཞེས་པའི་མིང་གིས་མཚོན་ཏེ་བསྟན་པ་བཞིན་དུ་རྟོགས་པས་རྩོལ་སྒྲུབ་གཞན་ལ་རག་མ་ལུས་པར་གྲོལ་བར་འགྱུར་ཏེ། རིག་པ་རང་ཤར་ལས། རིག་པའི་ཆོས་ཉིད་དབྱེ་བ་ན། །གཅིག་ལ་ཐམས་ཅད་རྫོགས་པའོ། །ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་ཡང་། །གཅིག་མ་ཤེས་པས་བྱུང་བ་སྟེ། །གཅིག་ཤེས་པས་ནི་གྲོལ་བར་འགྱུར། །ཞེས་གསུངས་སོ། །གཉིས་པ་ནི། དེ་ལས་གཞན་པ་མཚན་མ་གྲངས་ཀྱི་ཆོས་སྣ་ཚོགས་ལ་དགའ་བ་ཡི་གདུལ་བྱ་རྣམས་ལ་ནི་སྟོན་པ་ཀུན་བྱེད་རྒྱལ་པོས་བྱས་པའམ་རྩལ་གྱི་ཆོ་འཕྲུལ་དུ་ཤར་བ་ཡི་ཐེག་པ་སྣ་ཚོགས་བརྗོད་ཀྱིས་མི་ལང་བར་བསྟན་པ་དེ་ཡང་ཀུན་བྱེད་ང་ཡི་རང་བཞིན་ལས་ལྷུན་གྲུབ་རྩལ་གྱི་རོལ་པ་འགགས་མེད་སྣ་ཚོགས་སུ་བསྟན་པ་ཡིན་ནོ། །གསུམ་པ་ནི། འོན་ཀྱང་དེ་ལྟར་གདུལ་བྱའི་བློ་ལ་ལྟོས་ནས་སྤྲོས་བཅས་དང་སྤྲོས་མེད་ཀྱི་དབྱེ་བ་ཐ་དད་དུ་བསྟན་ཀྱང་དོན་ལ་དེ་ལྟར་ཐ་དད་དུ་གྲུབ་པ་མེད་དེ་འདི་ལྟར་ཤིན་ཏུ་སྤྲོས་པ་མེད་པའི་ཆོས་གཅིག་ཏུ་བསྟན་པ་ནི་ཀུན་བྱེད་ང་ཉིད་ཅེས་ངོས་བཟུང་གི་ཚིག་གིས་བསྟན་པ་སྟེ། དེ་ལྟ་བུའི་ཚིག་གིས་བརྗོད་པར་བྱ་བའི་ཡུལ་དེ་གང་ཞེ་ན་ཆོས་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་སམ་རིག་པ་རང་བྱུང་གི་ཡེ་ཤེས་མ་བཅོས་ཇི་བཞིན་པ་སྟེ། དེའི་རྩལ་འགགས་པ་མེད་པ་ལས་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་བྱུང་བ་ནི་སྟོན་པ་ཀུན་བྱེད་ང་ཡིས་གདུལ་བྱའི་བློ་དང་འཚམས་པར་བྱས་པ་སྟེ། རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། སེམས་ཅན་བློ་འདི་མ་ཟད་པས། །ཐེག་པ་ཟད་པ་མེད་པར་གསུངས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི། །གཉེན་པོར་ཆོས་སྒོ་དེ་སྙེད་གསུངས། །ཞེས་གསུངས་པ་ལྟར་རོ། །དེས་ན་ང་ཡི་བྱས་པའི་ཆོས་ལ་ཐེག་པའི་དབྱེ་བ་ཐ་དད་དུ་བགྲངས་བ་ཡིན་ལ། དེ་ལྟར་གྲངས་ཀྱིས་བསྒྲངས་པའི་དོན་ནི་གཅིག་དང་གཉིས་ཞེས་དབྱེ་བ་ཐ་དད་དུ་སྨྲས་པ་ཡིན་ཀྱང་དངོས་པོའི་གཤིས་ལ་གཉིས་ཆོས་ཀྱི་དབྱེ་བ་གང་ཡང་མེད་པས་གྲངས་ཀྱི་མཐའ་ནི་ཆོས་ཉིད་སྤྲོས་པ་དང་བྲལ་བ་བློས་བསམ་གྱིས་མི་ཁྱབ་ཅིང་ངག་གིས་བརྗོད་དུ་མེད་པ་ལ་ཐུག་པ་ཡིན་ཞིང་དེ་ལྟ་བུའི་སྨྲ་བསམ་བརྗོད་དུ་མེད་པ་ཡི་རང་བཞིན་དེ་ནི་ཆོས་རྣམས་ཀྱི་སྙིང་པོའམ་གཤིས་ལུགས་ཇི་བཞིན་པ་ཡིན་པས་གནས་སྐབས་སུ་གདུལ་བྱའི་བློ་ལ་ལྟོས་ནས་དབྱེ་བ་ཐ་དད་དུ་བསྟན་པ་དེ་དག་ཀུན་ཀྱང་མཐར་ཐུག་གི་དོན་ལ་ཆོས་ཉིད་བརྗོད་དུ་མེད་པ་སྙིང་པོ་རང་བྱུང་གི་ཡེ་ཤེས་གཅིག་ཏུ་འདུ་ཞིང་ཐེག་པའི་དབྱེ་བ་ཐ་དད་དུ་མེད་པར་བསྟན་ཏེ། དེ་ཉིད་ལས། བློ་མེད་འཁྲུལ་ཆོས་སངས་པ་ན། །ཐེག་པ་མེད་ཅིང་འཇུག་པ་མེད། །ཅེས་སོ། །བཞི་པ་རྒྱུ་འབྲས་ཐེག་པའི་རང་བཞིན་བསྟན་པ་ལ་གསུམ་སྟེ། རྒྱུ་འབྲས་ཀྱི་ཐེག་པ་བདེན་གཉིས་སུ་དབྱེ་བས་མདོར་བསྟན། མཚན་ཉིད་ཀྱི་ཐེག་པ་རྒྱུར་བཞག་པའི་ཚུལ་དང་། སྔགས་ཀྱི་ཐེག་པ་འབྲས་བུར་བཞག་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། འདི་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་ངོ་བོ་གཅིག་ཏུ་བསྟན་པ་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཡིན་ལ་དེས་བྱས་པའི་ཆོས་ནི་རྣམ་པ་གཉིས་སུ་དབྱེ་བས་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པ་སྟེ་རྣམ་པ་གཉིས་སུ་ཡོད་པ་ལས་གནས་ལུགས་དོན་དམ་པའི་བདེན་པ་རྒྱུ་འབྲས་གཉིས་མེད་དུ་སྟོན་པ་གསང་སྔགས་རྡོ་རྗེའི་ཐེག་པ་དང་། སྣང་ཚུལ་ཀུན་རྫོབ་ཀྱི་བདེན་པ་རྒྱུ་འབྲས་བླང་དོར་ཅན་དུ་སྟོན་པ་མཚན་ཉིད་རྒྱུ་ཡི་ཐེག་པ་སྟེ་དེ་ལྟར་རྒྱུ་འབྲས་ཀྱི་ཐེག་པ་གཉིས་པོ་བདེན་པ་རྣམ་པ་གཉིས་ཀྱིས་ཞེས་གཉིས་ཀྱི་སྒོ་ནས་དབྱེ་བར་བྱ་ཞིང་འཆད་འགྱུར་ལྟར་སོ་སོའི་དཔེ་དོན་དང་མཐུན་པར་རྟགས་དང་གཏན་ཚིགས་ཀྱིས་ཡོངས་སུ་བརྟགས་ཏེ་ངེས་པའི་ལུང་རྡོ་རྗེའི་ཐེག་པ་དང་། དྲང་བའི་ལུང་མཚན་ཉིད་ཐེག་པ་གཉིས་སུ་དབྱེ་བར་བཤད་དོ། །གཉིས་པ་ལ་གསུམ་སྟེ། རྒྱུ་སྔ་མ་ལས་འབྲས་བུ་ཕྱིས་གྲུབ་པའི་རྒྱུ་མཚན་དགོད་པ། དེ་ཉིད་དྲང་བའི་དོན་དུ་བསྟན་པ། འཁོར་འདས་བླང་དོར་དུ་བཤད་པའོ། །དང་པོ་ནི། དཔེར་ན་རྒྱུ་ནི་འབྱུང་བ་ཆེན་པོ་ས་ཆུ་སོགས་རྣམ་པ་ལྔ་ལ་འབྲས་བུ་ཁམས་གསུམ་གྱི་སེམས་ཅན་རྣམས་གྲུབ་ཅིང་སྣང་བ་ཡིན་པའི་རྒྱུ་མཚན་དེ་ལྟ་བུས་ཕྱིར་ན་དོན་ཁམས་གསུམ་ཀྱི་སེམས་ཅན་རྣམས་རྒྱུ་རུ་བྱས་ནས་ལམ་ཉམས་སུ་བླང་བས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པོ་ཞེས་མིང་བཏགས་ཏེ་རྒྱུ་འབྲས་ཀྱི་དཔེ་དོན་གཉིས་པོ་དེ་ལྟ་བུ་རུ་གཏན་ཚིགས་ཀྱིས་བརྟགས་ཏེ་བསྟན་པ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པའོ། །གཉིས་པ་ནི། དེ་ལྟར་རྒྱུ་ནི་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱིས་ལམ་ཚོགས་གཉིས་ལ་རིམ་པར་སློབ་པའི་སྒོ་ནས་སྐལ་པ་གྲངས་མེད་མང་པོའི་མཐར་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་དེ་གདོད་འགྲུབ་པར་ལུང་བསྟན་པ་དེ་ལྟ་བུ་ནི་གདུལ་བྱ་རྣམས་རིམ་གྱིས་དྲང་བའི་ཆེད་དུ་བསྟན་པ་དགོངས་པ་ཅན་གྱི་ལུང་དུ་བཤད་པ་ཡིན་ཏེ་གཞི་འབྲས་དབྱེར་མེད་དུ་སྟོན་པར་བྱེད་པའི་ངེས་དོན་ཟབ་མོའི་ལུང་དང་འགལ་བའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་རྒྱུ་འབྲས་རྣམ་པ་གཉིས་སུ་དབྱེ་བར་བྱ་བ་ལ་རྒྱུ་ནི་འབྱུང་བ་ཆེན་པོ་རྣམ་པ་ལྔ་ཡིན་ལ། རྒྱུ་དེས་བྱས་པའི་ཆོས་སྣང་སྲིད་སྣོད་བཅུད་སྣ་ཚོགས་སུ་ནི་སྣང་བ་འདི་ཐམས་ཅད་ནི་དོན་ལ་སེམས་ཉིད་རང་བྱུང་གི་ཡེ་ཤེས་འགྱུར་བ་མེད་པའི་རྩལ་མངོན་དུ་ཕྱུང་བ་ཡིན་ཀྱང་སེམས་ཅན་རྣམས་ཀྱི་རང་ངོ་མ་ཤེས་པའི་དབང་གིས་རིགས་དྲུག་གི་སྣང་བ་སྣ་ཚོགས་སུ་ཤར་བ་ལ་མཚན་ཉིད་ཐེག་པ་བས་དངོས་པོ་རང་མཚན་པར་བལྟས་ནས་རྒྱུ་འབྲས་བླང་དོར་ལ་བརྩོན་པར་བྱེད་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་བཞི་སྟེ། གཤིས་མ་རིག་པས་འཇིག་རྟེན་དུ་གྲུབ་པ་དང་། དེ་ཉིད་འཁྲུལ་བས་སྡུག་བསྔལ་དུ་གྲུབ་པས་འཁོར་བ་སྤང་བྱར་བསྟན་པ་དང་། མྱ་ངན་ལས་འདས་པ་བླང་བྱར་བཤད་པ་དང་། ཐེག་པ་དེའི་ངེས་ཚིག་བརྗོད་པའོ། །དང་པོ་ནི། དེ་ལྟར་སྣོད་བཅུད་སྣ་ཚོགས་སུ་སྣང་བ་དེ་དག་ཐམས་ཅད་གནས་ལུགས་དེ་བཞིན་ཉིད་ཀྱི་རང་བཞིན་དུ་མ་གཏོགས་པའི་གཟུང་འཛིན་མཚན་མའི་ཆོས་སུ་གྲུབ་པ་གང་ཡང་མེད་ཀྱང་སེམས་ཅན་རྣམས་ཀྱིས་དེ་ལྟར་དུ་མ་རྟོགས་པར་རྒྱུ་ལྷན་གཅིག་སྐྱེས་པའི་མ་རིག་པ་དང་། སྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པ་གཉིས་ཀྱི་དབང་གིས་ཡང་དག་པའི་དོན་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་གཟུང་འཛིན་གྱིས་གཟུགས་སྒྲ་ལ་སོགས་པའི་ཡུལ་དྲུག་གི་ཆོས་ལ་ངེས་པར་བརྟགས་ཞིང་ཞེན་པ་མཐུ་བལྟས་པས་རིགས་དྲུག་གི་གནས་སྣོད་མི་བརྟན་པར་འཇིག་པ་དྲུག་དང་དེ་ལ་བརྟེན་ཅིང་གནས་པ་ཡི་བཅུད་འགྲོ་བ་དྲུག་གི་གནས་ལུས་སྣ་ཚོགས་སུ་སྣང་བ་ལ་སྣོད་དང་བཅུད་ཀྱི་འཇིག་རྟེན་དུ་གྲུབ་པ་ཞེས་སུ་བཤད་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་གཟུགས་སོགས་ཡུལ་དྲུག་པོ་ལ་ཞེན་ཅིང་ཆགས་པ་དྲུག་ལ་བརྟེན་ནས་ཉོན་མོངས་པ་སེར་སྣ་ལ་སོགས་པ་སྐམ་ཆགས་དྲུག་སྐྱེ་ཞིང་དེ་དག་གི་སྒོ་ནས་ལས་སྣ་ཚོགས་བསགས་པའི་དབང་གིས་རིགས་དྲུག་གི་སྡུག་བསྔལ་འཇིགས་སུ་རུང་ཞིང་ཡ་ང་བ་མྱོང་བ་ལ་མྱ་ངན་མྱ་ངན་ཞེས་སུ་བཏགས་ཤིང་དེ་ཉིད་སྤང་བྱའི་རང་བཞིན་དུ་བཤད་དོ། །གསུམ་པ་ནི། དེ་ལྟ་བུའི་རིགས་དྲུག་གི་སྡུག་བསྔལ་ཟབ་ཅིང་རྒྱ་ཆེ་ལ་ཡུན་རིང་བའི་མྱ་ངན་གྱིས་གདུང་བའི་སྟེང་དུ་སྡུག་བསྔལ་ཕྱི་མ་ཕྱི་མས་གཙེས་ཤིང་མྱ་ངན་ཆེན་པོས་གདུང་བ་ལས་འདས་ཤིང་ཐར་བ་མངོན་དུ་ཐོབ་པ་ཞེས་བྱ་བ་ནི་ཡུལ་དྲུག་གི་ཆོས་ལ་ཞེན་ཅིང་ཆགས་པའི་སེམས་ཀྱི་མི་རྟོག་ཅིང་ལས་ཉོན་བག་ཆགས་དང་བཅས་པ་ཟད་པས་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་རིགས་དྲུག་འཁོར་བའ ི་གནས་སུ་མི་སྐྱེ་སྟེ་རྒྱུ་མེད་པའི་ཕྱིར་རོ། །དེས་ན་རིགས་དྲུག་གི་སྡུག་བསྔལ་དྲུག་པོ་དེ་ལས་འདས་པའི་ཕྱིར་ན་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་དེ་ལ་བྱ་ཞིང་བརྗོད་པ་ཡིན་ནོ། །བཞི་པ་ནི། དེ་ལ་མཚན་ཉིད་རྒྱུ་ཡི་ཐེག་པ་ཞེས་བརྗོད་པའི་ངེས་ཚིག་ནི་དབྱིངས་སྤྲོས་པ་དང་བྲལ་བའི་གནས་ལུགས་ཇི་བཞིན་པ་སྙིང་པོ་བྱང་ཆུབ་ཀྱི་སེམས་ལས་རྒྱུ་རྐྱེན་རྩོལ་བའི་སྒོ་ནས་མ་བཙལ་བར་རང་བཞིན་དུ་ཤར་བ་ཡི་རྒྱུ་འབྱུང་བ་ཆེན་པོ་ལྔ་པོ་ཡང་རང་རང་གི་མཚན་ཉིད་མེའི་རང་བཞིན་ཚ་ཞིང་བསྲེགས་པ་ལ་སོགས་པ་རང་རང་གིས་འཛིན་པ་ཡིན་ལ། དེ་ལྟ་བུའི་རྒྱུ་འབྱུང་བ་དང་བཅས་པའི་ཆོས་ཐམས་ཅད་གང་ལས་འབྱུང་བའི་སྙིང་པོ་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་རང་གི་མཚན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བས་དམིགས་སུ་མེད་པའི་ངོ་བོ་འཛིན་པ་དེ་ལ་མཚན་ཉིད་མཚན་ཉིད་ཅེས་སུ་བཤད་པ་དང་། དེ་ཡང་བསྐྱེད་བྱེད་ཀྱི་རྒྱུ་གཞན་ལ་མ་ལྟོས་པར་བྱང་ཆུབ་སེམས་ཀྱི་རྩལ་ལས་རང་བཞིན་དུ་ཤར་བའི་འབྱུང་བ་ཆེན་པོ་ལྔས་སྣང་སྲིད་ཀྱི་ཆོས་ཀུན་བསྐྱེད་པའི་ཕྱིར་ན་སྙིང་པོ་ཡིན་པར་བཤད་པ་སྟེ། སྙིང་པོ་དེ་ཡིས་བསྐྱེད་པའི་འབྲས་བུ་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱང་དོན་ལ་རྒྱུ་ལས་མ་བྱུང་བའི་རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་ཡིན་ཀྱང་། དེ་ལྟར་ཡིན་པར་མ་ཤེས་པའམ་མི་རྟོག་པར་རྒྱུ་འབྲས་རྩོལ་སྒྲུབ་ལ་སྤྱོད་པའི་ལམ་དེ་ལ་རྒྱུར་བལྟས་ནས་རྒྱུ་དེ་ཉམས་སུ་བླང་བ་ལས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ལ་སོགས་པ་འབྱུང་བར་འདོད་པས་རྒྱུ་ཞེས་མིང་དུ་བཏགས་པ་ཡིན་ཞིང་། དེ་ལྟར་རྒྱུ་ལ་རྩོལ་བས་འབྲས་བུ་བྱང་ཆུབ་གསུམ་པོ་གང་ཞིག་ཐོབ་པར་བྱེད་པའི་ལམ་དེ་ལ་ཐེག་པར་བཤད་པ་སྟེ་དེས་ན་མཚན་ཉིད་རྒྱུ་ཡི་ཐེག་པ་ཞེས་གསུངས་སོ། །དེ་ལྟ་བུའི་ཐེག་པ་དེ་ལ་དབྱེ་ན་ལས་ཉོན་སྤོངས་བར་བྱེད་པ་ཉན་ཐོས་དང་། འགེགས་པར་བྱེད་པ་རང་རྒྱལ་དང་། སྦྱོང་བར་བྱེད་པ་བྱང་སེམས་ཀྱི་ཐེག་པ་ཞེས་བྱ་བ་རྣམ་པ་གསུམ་པོ་དེ་རྣམས་སུ་བསྟན་པ་ཡིན་ནོ། །གསུམ་པ་སྔགས་ཀྱི་ཐེག་པ་འབྲས་བུར་བཞག་པའི་ཚུལ་ལ་གཉིས་ཏེ། འབྲས་བུར་བཞག་པའི་ངེས་ཚིག་དང་། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་སྔགས་ཀྱི་ཐེག་པ་ལ་འབྲས་བུ་ཞེས་སུ་མིང་གིས་བཏགས་པ་ཡི་ངེས་ཚིག་ནི་ཆོས་རྣམས་ཀྱི་སྙིང་པོ་རང་བྱུང་གི་ཡེ་ཤེས་སམ་བྱང་ཆུབ་ཀྱི་སེམས་ནི་རྒྱུ་དང་དེ་ལས་མཐར་ཐུག་གི་འབྲས་བུར་སྟེ་འབྲས་བུ་འབྱུང་བར་བཤད་པ་དེ་ཡང་དོན་ལ་རྒྱུ་འབྲས་ཐ་དད་དུ་མེད་པར། དཔེར་ན་རྫས་ཀྱི་རྡོ་རྗེ་དེ་ཉིད་གང་གིས་ཀྱང་གཞོམ་གཞིག་མི་ནུས་པ་ལྟར་དོན་ཆོས་ཉིད་སྙིང་པོའི་རང་བཞིན་སྟོང་གསལ་སྤྲོས་མཐའ་དང་བྲལ་བ་དེ་ལ་ནི་འདུས་བྱས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་དང་པོར་སྐྱེ་བ་དང་ཐ་མ་འཇིག་པ་མེད་པའི་རང་བཞིན་ཡིན་པས་སྟོང་ཆེན་འདུས་མ་བྱས་པའི་ཡེ་ཤེས་འབྲས་བུའི་ངོ་བོར་གནས་པ་དེ་ལ་རྡོ་རྗེ་ཞེས་བཏགས་པ་དེ་ཉིད་ལམ་དུ་བྱེད་པའི་ཕྱིར་ན་འབྲས་བུ་རྡོ་རྗེའི་ཐེག་པ་ཞེས་སུ་བཤད་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་གཉིས་སྤྱིར་བསྟན་པ་དང་། ནང་པ་སྔགས་ཀྱི་ཐེག་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གོང་དུ་བཤད་པའི་མཚོན་བྱ་དོན་གྱི་རྡོ་རྗེ་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་མངོན་དུ་སྒྲུབ་པར་བྱེད་པའི་ཐེག་པ་དེ་ལ་ཡང་ཕྱི་ནང་གཉིས་སུ་ཡོད་པ་ལས། དང་པོ་ཐུབ་པ་ཆགས་བྲལ་གྱི་རྣམ་པས་དངོས་སུ་གསུངས་པ་ཕྱི་མཚན་ཉིད་ཀྱི་ཐེག་པ་དང་ཚུལ་མཐུན་པར་ཕྱིའི་སྤྱོད་པ་གཙོ་བོར་སྟོན་པས་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཞེས་གྲགས་པ་ཀྲྀ་ཡ་དང་རྣལ་འབྱོར་གྱི་རྒྱུད་གཉིས་ཀྱིས་རང་གི་སྒོ་གསུམ་ལྷའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་གྱི་བདག་ཉིད་ཡེ་ཤེས་ཀྱི་ངོ་བོར་ནི་བསྒྲུབ་པའི་ཕྱིར་དུ་ལྟ་སྤྱོད་བླང་དོར་ལ་བརྩོན་པར་བྱས་པའི་སྒོ་ནས་ནི་འབྲས་བུ་མཐར་ཐུག་ལྷ་སྐུ་སྣང་ཡང་རང་བཞིན་མེད་པ་ཆུ་ཟླ་བཞིན་དུ་གྲུབ་པར་འདོད་པའོ། །འདིར་ཕྱི་རྒྱུད་གཉིས་སུ་བསྟན་པ་ནི། རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། ཨུ་པ་ཡ་ལ་ལྟ་བ་གཞུང་ཚུགས་མེད། །ཅེས་གསུངས་པ་ལྟར་ཨུ་པ་ཡའི་སྤྱོད་པ་ཀྲྀ་ཡ་དང་། ལྟ་བ་ཡོ་ག་ལས་གཞན་དུ་མེད་པའི་ཕྱིར་ན་འདིར་ཀྲི་ཡོག་གཉིས་སུ་གསུངས་སོ། །གཉིས་པ་ནང་བ་ལ་གསུམ་སྟེ། བསྐྱེད་རྫོགས་གཉིས་ཀྱི་རང་བཞིན་བརྗོད་པ་དང་། ཨ་ཏི་གཉིས་སུ་མེད་པའི་རང་བཞིན་བསྟན་པ་དང་། དེ་ལ་ཐེག་པ་འོག་མ་དྲངས་པའི་ཕན་ཡོན་བཤད་པའོ། །དང་པོ་ནི་འདི་ལྟར་སྣང་ཚུལ་ལ་འཁོར་བའི་ཆོས་ཕུང་ཁམས་སྐྱེ་མཆེད་དུ་སྣང་བའི་དངོས་པོ་འདིར་ཐམས་ཅད་གནས་ཚུལ་ལ་ཡེ་ནས་དག་པ་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་རང་བཞིན་ཡིན་པར་ཤེས་པའི་ལྟ་བ་དང་ལྡན་པས་ཆོས་གང་ལའང་བླང་དོར་མེད་པར་འཇུག་ནུས་པའི་ནང་པ་བླ་ན་མེད་པའི་ཐེག་པ་ལས་བསྐྱེད་པ་མ་ཧཱ་ཡོ་ག་བས་ནི་ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ལོངས་སྐུ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། སྤྲུལ་སྐུ་རྒྱུ་ཡི་ཏིང་ངེ་འཛིན་གྱི་རིམ་པ་གསུམ་ལ་བརྟེན་ནས་སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་བསྒོམ་ཞིང་བསྒྲུབ་པ་དང་། ཨ་ནུ་ཡོ་གས་ལྷའི་སྙིང་པོའམ་རྩ་སྔགས་བརྗོད་པ་ཙམ་ལ་བརྟེན་པ་ཡིས་བདག་ཉིད་ལྷའི་དཀྱིལ་འཁོར་དུ་བསྒོམ་པར་བྱེད་པ་སྟེ། དེ་ཡང་ཡུལ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་རྒྱུ་དང་ཡུལ་ཅན་རང་བྱུང་གི་ཡེ་ཤེས་འབྲས་བུ་གཉིས་ཡེ་ནས་དབྱེར་མེད་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བལྟ་ཞིང་བསྒོམ་པར་བྱེད་དོ། །གཉིས་པ་ནི། ཨ་ཏི་ཡོ་གས་བླང་དོར་དང་བསྐྱེད་རྫོགས་ལ་སོགས་པའི་ཐབས་ཚུལ་གང་ལའང་མི་བརྟེན་པར་གཉིས་སུ་མེད་པའི་རང་བཞིན་སེམས་ཉིད་རང་བྱུང་གི་ཡེ་ཤེས་མ་བཅོས་རྣལ་དུ་འཇོག་པ་ལས་བྱ་བྱེད་གང་ལ་ཡང་ལྟོས་པ་མེད་པ་འདི་ནི་ཆོས་ཀུན་གྱི་སྙིང་པོར་གྱུར་པ་ཡིན་པས་ན་རེ་དོགས་རྩོལ་སྒྲུབ་ལ་སོགས་པའི་བྱ་བ་གང་ཡང་མེད་པར་མ་བཅོས་ལྷུན་གྲུབ་ཀྱི་ངང་དུ་འཇོགས་པ་ཡིན་པའི་ཕྱིར་ན་མཛད་སྤྱོད་ཀྱི་འཕྲིན་ལས་བསྒྲུབ་པ་ཀུན་ལས་འདས་པའི་བྱར་མེད་བློ་འདས་ཆེན་པོའི་རང་བཞིན་དུ་བརྟན་པ་ཡིན་ནོ། །གསུམ་པ་ཨ་ཏི་ཡོ་ག་ལ་ཐེག་པ་འོག་མ་དྲངས་པའི་ཕན་ཡོན་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། གོང་དུ་བསྟན་པ་དེ་ལྟ་བུའི་སྤང་བླང་གི་བྱ་བ་གང་ཡང་མེད་པ་ངེས་གསང་ཨ་ཏི་ཡོ་གའི་ལམ་གྱི་རྩོལ་མེད་རང་བབས་ཀྱི་བདེ་བ་དེ་ཉིད་བླང་དོར་རྩོལ་སྒྲུབ་ལ་ཞེན་པས་སྤོང་བར་བྱེད་པའི་ཐེག་པ་འོག་མ་པ་རྣམས་ལ་རེ་དོགས་ཀྱི་བྱ་བ་གང་ལ་ཡང་མི་རྩོལ་བར་བྱར་མེད་བདེ་བའི་ངང་ལ་གནས་པར་བྱེད་པའི་ལུང་ཐེག་མཆོག་རྫོགས་པ་ཆེན་པོའི་དགོངས་དོན་འདི་མངོན་དུ་བསྟན་ནས་ལྷུན་གྲུབ་གདོད་མའི་ས་ལ་བཀོད་པར་བྱའོ། །ཞེས་སོ། །གཉིས་པ་ནི། དེ་ཡང་མཚན་ཉིད་ཐེག་པའི་ལམ་ནས་བསྐལ་པ་གྲངས་མེད་གསུམ་དང་ཕྱི་རྒྱུད་པས་མི་ཚེ་བདུན་སོགས་དང་ནང་རྒྱུད་གཉིས་ཀྱིས་ལམ་ནས་དབང་པོ་རབ་ཀྱི་ཟླ་བ་དྲུག་དང་འབྲིང་གིས་ལོ་གཅིག་དང་ཟླ་བ་བཞི་ཐ་མས་ཟླ་བ་བཅུ་དྲུག་གི་ཡུན་ལ་རྩོལ་བར་བྱེད་པའི་རྩོལ་བཅས་ཀྱི་ཐེག་པ་ཅན་རྣམས་ལ་བྱར་མེད་རྫོགས་པ་ཆེན་པོའི་གནས་ལུགས་མ་བཅོས་པའི་ངོ་བོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་བསྟན་པར་བྱས་པས། འདི་ལྟར་སྣང་བའི་ཆོས་ཐམས་ཅད་གདོད་ནས་ཡེ་གྲོལ་ཆེན་པོའི་ངོ་བོར་སངས་རྒྱས་ཟིན་པ་ལ་བླང་དོར་རྩོལ་སྒྲུབ་ཀྱིས་བཅོས་སུ་མེད་པར་རྟོགས་ནས་མི་རྩོལ་ལྷུན་གྱིས་གྲུབ་པའི་བདེ་བ་ལ་གནས་པར་འགྱུར་བའི་དགོས་པའམ་ཕན་ཡོན་ཡོད་པར་གསུངས་པའོ། །ལྔ་པ་ཐམས་ཅད་ཀུན་འདུས་རྫོགས་པ་ཆེན་པོར་གཏན་ལ་ཕབ་པ་ནི། དེ་ལྟ་བུའི་ཐེག་པ་ཀུན་གྱི་ཡང་རྩེ་ཆོས་ཉིད་རྫོགས་པ་ཆེན་པོ་གནས་ལུགས་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཡི་ཀློང་ལ་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མ་རྫོགས་པ་གང་ཡང་མེད་པས་རྫོགས་པ་ཆེན་པོ་ཞེས་གསུངས་ཏེ། མདོ་བཅུ་ལས། རྫོགས་པ་ཆེན་པོའི་རང་བཞིན་ནི། །སངས་རྒྱས་རྫོགས་ལ་སེམས་ཅན་རྫོགས། །འཇིག་རྟེན་རྫོགས་ལ་འདས་པ་རྫོགས། །བདེ་དང་སྡུག་བསྔལ་གཉིས་མེད་རྫོགས། །ཐེག་པ་རྫོགས་ལ་ཆོས་ཉིད་རྫོགས། །ཡོད་པའི་མཐའ་རྫོགས་མེད་མཐའ་རྫོགས། །གཅིག་རྫོགས་ཀུན་རྫོགས་ཐམས་ཅད་རྫོགས། །ཅེས་གསུངས་པ་ལྟར་གཅིག་རྫོགས་ཆོས་ཐམས་ཅད་རིག་པའི་ངང་དུ་ཐ་དད་མེད་པར་རྫོགས་པ་དང་། གཉིས་རྫོགས་སེམས་ཀྱིས་བྱས་པ་འཁོར་འདས་གཉིས་སུ་སྣང་བ་ཐམས་ཅད་རྫོགས་པ་དང་། ཀུན་རྫོགས་ཕུན་སུམ་ཚོགས་པའི་ཆོས་ཐམས་ཅད་མ་རྫོགས་པ་མེད་པས་ན་ཐེག་པ་འོག་མའི་ལམ་ནས་འབད་རྩོལ་གྱིས་བསྒྲུབས་པའི་ལམ་འབྲས་ཀྱིས་ཡོན་ཏན་ཐམས་ཅད་བྱ་བྱེད་ཀྱི་རྩོལ་བ་གང་ལ་ཡང་མ་ལྟོས་པར་ད་ལྟ་ཉིད་ནས་སྙིང་པོ་རིག་པའི་ཀློང་དུ་ཕུན་སུམ་ཚོགས་པར་རྫོགས་པས་རྩོལ་མེད་བདེ་བ་ཆེན་པོའི་ངང་དུ་གནས་པ་སྟེ། དེ་ཡང་སྣང་སྲིད་འཁོར་འདས་སུ་སྣང་བའི་ཆོས་དག་པ་དང་མ་དག་པའི་རྣམ་པར་ཤར་བ་ཐམས་ཅད་དོན་ལ་རང་བྱུང་གི་ཡེ་ཤེས་གཅིག་གི་ངང་དུ་རྫོགས་པ་ཡིན་ཏེ། ཅིའི་ཕྱིར་ན་ཆོས་དེ་དག་ཐམས་ཅད་བྱུང་ཡང་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་ལས་བྱུང་བ་དང་གནས་ཀྱང་བྱང་ཆུབ་སེམས་ཀྱི་ངང་དུ་གནས་པ་དང་གྲོལ་ཡང་བྱང་ཆུབ་སེམས་ཀྱི་ངང་ལ་གྲོལ་ཞིང་དེ་ལས་འདའ་བ་མེད་པས་ན་སྙིང་པོ་བྱང་ཆུབ་ཀྱི་སེམས་སུ་རྫོགས་པ་ཡིན་ལ། གཉིས་རྫོགས་སེམས་ཀྱི་བྱས་པ་ནི་འཇིག་རྟེན་པ་འཁོར་བའི་ཆོས་སུ་སྣང་བ་སྣང་སྲིད་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐེག་པའི་རྣམ་གྲངས་དང་། དེ་དག་གི་བརྗོད་བྱ་གཞི་ལམ་འབྲས་བུའི་བསྡུས་སོ་ཅོག་ཐམས་ཅད་གཞན་དུ་ཅི་ཡང་མེད་པར་སེམས་ཀྱིས་བྱས་ཤིང་སེམས་ལ་སྣང་བ་སེམས་ཀྱི་བག་ཆགས་ལས་བྱུང་བ་ཡིན་ཀྱང་དོན་ལ་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་ན་མེད་སྣང་སྟོང་གཟུགས་ཀྱི་རོལ་པ་ཙམ་ལས་ཡོད་མ་མྱོང་པས་དེས་ངང་དུ་རྫོགས་པ་དང་། ཀུན་རྫོགས་པ་ནི་རྒྱལ་བ་སྐུ་གསུམ་གྱིས་བསྡུས་པའི་སྟོན་པ་ལ་སོགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཡེ་ནས་རིག་པའི་རང་བཞིན་སྟོང་པ་ཆོས་སྐུ་གསལ་བ་ལོངས་སྐུ་ཐུགས་རྗེ་འགགས་པ་མེད་པ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་དུ་གནས་པའི་རང་རྩལ་འགགས་པ་མེད་པར་ཤར་ཞིང་དེའི་ངང་ལ་རྫོགས་པ་ཡིན་ནོ། །དེས་ན་སྤྲོས་པ་མེད་པའི་གང་ཟག་ཆོས་ཉིད་ཉག་གཅིག་གི་དོན་ལ་དགའ་བའི་དབང་པོ་ཡང་རབ་རྣམས་ལ་རང་བྱུང་གི་ཡེ་ཤེས་གཅིག་གི་ངང་ལ་ཆོས་ཐམས་ཅད་ཀུན་ཡོངས་སུ་འདུས་ཤིང་རྫོགས་པའི་ལུང་བྱར་མེད་ལྷུན་གྱིས་གྲུབ་པའི་དོན་འདི་བསྟན་པ་ཡིས་རྩོལ་སྒྲུབ་ཀྱི་གདུང་བ་མེད་པར་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་འདི་ལ་ད་ལྟ་ཉིད་ནས་གནས་པའི་དགོས་པ་ཡོད་ལ། ཀུན་རྫོགས་པ་ཡི་ལུང་ཐེག་པའི་རྣམ་གྲངས་སྣ་ཚོགས་པ་ཡི་དོན་འདི་ཐེག་པ་ཐུན་མོང་པའི་རིགས་ཅན་རྣམས་ལ་བསྟན་པ་ཡིས་འགྲོ་བ་ཐམས་ཅད་ཨ་ཏི་ཡོ་ག་ལ་རིམ་གྱིས་དཀྲི་བའི་སྒོ་ནས་འགྲོ་བའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་དེ། དེ་ཉིད་ལས། ཡོངས་སུ་རྫོགས་པའི་མདོ་འདི་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྔར་གྲུབ་དགོངས་པ་འདི་ཡིས་གྲུབ། །ད་ལྟར་བཞུགས་པའི་རྣལ་འབྱོར་པ། །མི་ཡེངས་དགོངས་ལམ་འདི་ལ་གནས། །སླད་ནས་འབྱོན་པའི་གདུང་འཚོབ་རྣམས། །དགོངས་པའི་ལུང་བསྟན་འདི་ཡིས་མཛད། །ཅེས་གསུངས་སོ། །དྲུག་པ་དེ་རྟོགས་པའི་གང་ཟག་ལ་བསྔགས་པ་ནི། དེ་ལྟ་བུའི་ཆོས་ཉིད་རྫོགས་པ་ཆེན་པོ་བླང་དོར་བྱ་རྩོལ་མེད་པའི་དོན་འདི་ལ་གང་ཟག་གང་ཞིག་གནས་པ་ཡི་རྣལ་འབྱོར་པ་དེ་ཡི་ལུས་འདི་གང་ཟག་ལྷ་དང་མི་ཡི་རིག ས་གང་དུ་གཏོགས་པ་དེ་ཉིད་དུ་སྣང་བ་ཡིན་ཡང་རུང་ཐུགས་སམ་དགོངས་པ་ནི་ཆོས་ཉིད་འགྱུར་བ་མེད་པ་རིག་པ་བྱང་ཆུབ་སེམས་ཀྱི་གནས་ལུགས་མངོན་དུ་གྱུར་པའི་སངས་རྒྱས་དངོས་ཡིན་པས་གང་ཟག་དམ་པ་འདི་ཡིས་གདུལ་བྱ་སེམས་ཅན་རྣམས་ཀྱིས་དོན་མཛད་པར་བྱས་ན་གདུལ་བྱ་དེ་དག་རྩོལ་བཅས་ཐེག་པའི་ལམ་གྱིས་གདུང་བ་དང་བྲལ་ནས་བླང་དོར་རྩོལ་སྒྲུབ་མི་བྱེད་པར་རྩོལ་མེད་བདེ་བ་ཆེན་པོ་འབྲས་བུ་ཡེ་ཤེས་བླ་མའི་ས་ལ་ད་ལྟ་ཉིད་ནས་གནས་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ཉིད་ལས། གང་སུ་འདི་ལ་གནས་པ་ཡི། །དེ་ནི་རྣལ་འབྱོར་ཆེན་པོ་ཡིན། །ལུས་ནི་གང་ཟག་འཇིག་རྟེན་ཡང་། །སེམས་དགོངས་རྫོགས་ཆེན་སངས་རྒྱས་ཡིན། །འདི་ཡིས་སེམས་ཅན་དོན་བྱས་ཀྱང་། །དོན་ལ་ནོར་བ་ངེས་མི་འགྱུར། །ཡིན་པ་དག་ལ་ནོར་བ་མེད། །ངེས་པ་དག་ལ་ཐེ་ཚོམ་མེད། །རྫོགས་པ་ཆེན་པོའི་ལུང་འདི་ལ། །ཡོད་མེད་ཚིག་དང་མ་ངེས་པའི། །དོན་ལ་འདའ་བ་མི་མངའ་བས། །བརྗོད་པའི་ཚིག་ལས་འདའ་མི་མངའ། །ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྣམ་གྲངས་བསྡུས་པའི་ལེའུ་སྟེ་བདུན་པའི་འགྲེལ་བའོ།། ༈ །།ལྔ་པ་སེམས་ཉིད་ལས་གཞན་པའི་སངས་རྒྱས་ལོགས་སུ་མ་གྲུབ་པའི་གཏན་ཚིག་དོན་གྱི་ལེའུ་བརྒྱད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་བྱང་ཆུབ་སེམས་ལས་མངོན་དུ་ཕྱུང་བའི་ཆོས་རྣམ་པར་དབྱེ་བ་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་བྱས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དུ་གཅིག་པ་ལས་དེ་བཞིན་ཉིད་ལ་སྟོན་འཁོར་བསྟན་པ་ཡི་རང་བཞིན་གསུམ་དུ་སྣང་བར་འགྱུར་བ་ཡི་འཆར་གཞིའི་རང་བཞིན་ངོ་བོ་ཐུགས་རྗེ་གསུམ་དུ་ཡོད་པ་ལས་ཕུན་སུམ་ཚོགས་པ་གསུམ་པོ་དེ་སོ་སོར་དངོས་སུ་སྣང་བ་ཡི་ཚུལ་འོག་ནས་འཆད་འགྱུར་འདི་གསུངས་སོ། །གཉིས་པ་རྒྱས་བཤད་ལ་གསུམ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ལས་ཆོས་ཐམས་ཅད་བཀོད་པའི་ཚུལ་དང་། རྣལ་འབྱོར་བཞིའི་དབྱེ་བ་སྣང་ཚུལ། རྣལ་འབྱོར་གོང་འོག་གི་ཁྱད་པར་བསྟན་ཚུལ་ལོ། །དང་པོ་ལ་ལྔ་སྟེ། སྐུ་གསུམ་དུ་བཀོད་པའི་ཚུལ། དེས་བསྟན་པ་རྒྱུ་འབྲས་སོ་སོར་དབྱེ་བ། དེ་དག་ཀྱང་དབྱིངས་དེ་བཞིན་ཉིད་དུ་བསྟན་པ། དེ་བཞིན་ཉིད་ཀྱི་དབྱེ་བ། ངོ་བོ་གཅིག་གི་རང་བཞིན་ལས་རྣལ་འབྱོར་བཞི་ཇི་ལྟར་སྣང་ཚུལ་ལོ། །དང་པོ་ལ་གསུམ་སྟེ། སེམས་ཉིད་དེ་བཞིན་ཉིད་ཕུན་སུམ་ཚོགས་པར་ཡེ་ནས་བཀོད་ཚུལ། སྐུ་གསུམ་རྣམ་པར་དབྱེ་བ། ཐུགས་རྗེ་རང་བྱུང་གི་ཡེ་ཤེས་འཁོར་འདས་གཉིས་སུ་སྣང་ཚུལ་ལོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་སྟོན་པ་ཀུན་བྱེད་ང་ཡི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་ཉིད་དེ་བཞིན་ཉིད་ལས་ནི་སྟོན་འཁོར་བསྟན་པ་སྟེ་ཕུན་སུམ་ཚོགས་པ་གསུམ་དུ་སྣང་བ་ཡིན་ཏེ། དེ་ལ་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ཉིད་གདོད་ནས་ཇི་ལྟར་གནས་པ་དེ་བཞིན་ཏུ་མ་སྐྱེས་མ་འགགས་པ་ཆོས་ཉིད་འདུས་མ་བྱས་པའི་རང་བཞིན་དུ་གནས་པ་ལ་ནི་ཆོས་ཉིད་དེ་བཞིན་ཉིད་དུ་བརྗོད་པ་ཡིན་ལ་དེ་ཉིད་རྟོགས་བྱའི་ཡུལ་དུ་སྣང་བའི་ཆ་ནས་བསྟན་པ་ཕུན་སུམ་ཚོགས་པར་བཞག་པ་སྟེ། དེ་ལྟ་བུའི་ཡུ ལ་དེ་འཁོར་འདས་ཀུན་གྱི་གནས་ལུགས་སམ་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་སྤྲོས་བྲལ་བློ་ལས་འདས་པ་ཡིན་པས་དེའི་ངོ་བོ་ཇི་བཞིན་པ་ནི་གཞན་གྱིས་ཚིག་དང་ཡི་གེས་མཚོན་ཏེ་བསྟན་དུ་མེད་པའི་ཕྱིར་ན། མ་ནོར་ངེས་པའི་སློབ་དཔོན་རིག་པ་རང་བྱུང་གི་ཡེ་ཤེས་ཀྱིས་རང་གི་རང་ལ་ངོ་བོ་དེ་བསྟན་པས་རྟོགས་པ་ཡིན་པར་གསུངས་ཏེ། དེ་ཉིད་ལས། དུས་གསུམ་སྟོན་པ་གང་གིས་ཀྱང་། །བསྟན་པའི་རང་བཞིན་འདི་ཡིན་ཞེས། །ཚིག་དང་ཡི་གེས་བརྗོད་པ་མེད། །མ་གསུངས་མི་གསུང་གསུང་མི་འགྱུར། །ཁྱེད་ཀྱི་རང་བཞིན་བསྟན་པའོ། །ཡེ་ཤེས་ཐུགས་ཀྱི་རིག་པ་ཡིས། །རང་གི་རང་བཞིན་ངོ་བསྟན་ཏེ། །དེ་མཐོང་བསྟན་པས་དེ་འདུས་པས། །དེ་ལ་དེ་བསྟན་དེ་ཡང་མཐོང་། །དེ་ནི་བསྟན་པ་ཞེས་སུ་བཤད། །ཅེས་གསུངས་སོ། །གཉིས་པ་ནི། དེ་ལྟ་བུའི་བསྟན་པ་ཕུན་སུམ་ཚོགས་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་དེ་བཞིན་ཉིད་དུ་གནས་པ་དེ་ལ་རྒྱུ་འབྲས་ཀྱི་ཐེག་པ་བ་ཀུན་ཀྱང་བརྟགས་པར་བྱས་ནས་ཡུལ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དེ་ལ་ལྟ་བར་བྱེད་པ་ལ། དེ་ཉིད་སྟོན་པ་པོའམ་རྟོགས་བྱེད་ཀྱི་ཡེ་ཤེས་མཐའ་ཐུག་པ་སེམས་ཉིད་འོད་གསལ་བའི་ངོ་བོ་ལས་དང་ཉོན་མོངས་ལ་སོགས་པ་གང་གིས་ཀྱང་མ་བསྒྲིབས་པའི་རང་བྱུང་གི་ཡེ་ཤེས་ཉིད་ཀྱི་རྩལ་ལས་ནི་རྒྱུ་འབྲས་ཀྱི་སྟོན་པ་སྐུ་གསུམ་དུ་སྣང་སྟེ། དེ་ལས། རང་རིག་ཡེ་ཤེས་རིག་པའི་རྒྱལ། །རང་བཞིན་རྣམ་པ་གསུམ་སྣང་སྟེ། །མི་གནས་སེམས་ཀྱི་རང་བཞིན་དང་། །རང་བྱུང་ཡེ་ཤེས་རང་བཞིན་ནི། །ཐུགས་རྗེ་སྤྲུལ་པའི་རང་བཞིན་ནོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །མི་གནས་ཆོས་ཀྱི་སྐུ་རུ་བཞུགས། །རང་བྱུང་ཡེ་ཤེས་རང་བཞིན་ནི། །རྫོགས་པའི་ལོངས་སྤྱོད་སྐུ་རུ་བཞུགས། །ཐུགས་རྗེ་སྤྲུལ་པའི་རང་བཞིན་ནི། །རྣམ་པ་ཅིར་ཡང་སྤྲུལ་ཏེ་བཞུགས། །ཞེས་སོ། །དེ་ཡང་ཇི་ལྟར་སྣང་བའི་ཚུལ་ནི་ལ་ལ་སྟེ་སོ་སོའི་སྐྱེ་བོ་ལས་དག་པ་བ་རྣམས་ལ་མཚན་ཉིད་རྒྱུ་ཡི་ཆོས་སྟོན་པ་སྤྲུལ་སྐུའི་རྣམ་པར་སྣང་བ་དང་། གདུལ་བྱ་ལ་ལ་སྟེ་ས་ཐོབ་ཀྱི་འཕགས་པ་རྣམས་ལ་གཞི་འབྲས་དབྱེར་མེད་དམ་རྒྱུ་འབྲས་འབྲེལ་བའི་ཆོས་ཀྱི་སྟོན་པ་ལོངས་སྐུའི་རྣམ་པར་སྣང་བ་དང་། ས་ཐོབ་ཀྱི་སེམས་དཔའ་ལ་ལ་ཞེས་རྒྱུན་མཐའ་བ་རྣམས་དང་ཁྱད་པར་སངས་རྒྱས་རང་སྣང་གི་འཁོར་རྣམས་ལ་སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་འབྲས་བུའི་ངོ་བོར་སྟོན་པ་ཆོས་སྐུའི་རྣམ་པར་སྣང་བ་ཡིན་ཏེ། དེ་ཉིད་ལས། མི་གནས་ཆོས་སྐུར་བཞུགས་ཙམ་ན། །འཁོར་ཡང་བྱང་ཆུབ་སེམས་སུ་བཞུགས། །བྱང་ཆུབ་སེམས་ཀྱི་འཁོར་རྣམས་ལ། །སྤྲོས་པ་མེད་པའི་དོན་ཡང་སྟོན། །ལོངས་སྤྱོད་རྫོགས་སྐུར་བཞུགས་ཙམ་ན། །འཁོར་ཡང་བྱང་ཆུབ་སེམས་དཔའི་འཁོར། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །སྐུ་དང་ཡེ་ཤེས་རྫོགས་པར་སྟོན། །སྣ་ཚོགས་སྤྲུལ་སྐུར་བཞུགས་ཙམ་ན། །འཁོར་ཡང་རྒྱུད་དྲུག་སེམས་ཅན་འཁོར། །རྒྱུད་དྲུག་སེམས་ཅན་འཁོར་རྣམས་ལ། །ཡིད་བཞིན་དབང་པོ་གང་འཐད་སྟོན། །ཅེས་གསུངས་སོ། །གསུམ་པ་ནི། དེ་བཞིན་ཉིད་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཡི་ཐུགས་རྗེ་ཡི་རོལ་རྩལ་འགགས་པ་མེད་པའི་ཆ་མངོན་དུ་ཕྱུང་བ་ཡི་སྟོང་གསལ་འགགས་པ་མེད་པའི་རང་བྱུང་གི་ཡེ་ཤེས་རྣམ་པ་ལྔ་ལས་བྱུང་བའི་རིགས་ལྔས་བསྡུས་པའི་སངས་རྒྱས་རྣམས་དང་རྒྱུད་ལྔས་བསྡུས་པའི་སེམས་ཅན་རྣམས་ནི་རྒྱུ་འབྲས་ཀྱི་ཐེག་པ་རྣམས་བསྟན་པའི་ཡུལ་དང་། སྐུ་གསུམ་གྱི་སྟོན་པའི་འཁོར་དུ་སྣང་བ་ཡིན་ཏེ། དེ་ཉིད་ལས། སྟོན་པ་ཆོས་ཀྱི་སྐུ་འཁོར་ནི། །དུས་གསུམ་སངས་རྒྱས་བཞུགས་པ་དང་། །ཁམས་གསུམ་རྒྱུད་དྲུག་སེམས་ཅན་དེ། །འཕགས་པའི་ཐུགས་རྗེའི་སེམས་ཅན་ལ། །འབྲེལ་བ་ཕུན་སུམ་ཚོགས་པར་བཤད། །སྟོན་པ་ལོངས་སྤྱོད་སྐུའི་འཁོར་ནི། །མི་རྟོག་ཏིང་འཛིན་བཅུ་སྦྱངས་པའི། །ས་ལ་གནས་པའི་བྱང་ཆུབ་ས། །ཉོན་མོངས་མི་གནས་ཤེས་བྱ་སྦྱང་། །ཡེ་ཤེས་ཚོགས་དང་ཐུགས་རྗེ་འབྲེལ། །དེས་ན་ཕུན་སུམ་ཚོགས་ཅེས་བྱ། །སྟོན་པ་སྤྲུལ་བའི་སྐུ་འཁོར་ནི། །སྐུ་སྤྲུལ་ཐུགས་རྗེ་དྲུག་སྣང་བས། །འཁོར་ཡང་རྒྱུད་དྲུག་སེམས་ཅན་ནོ། །ལས་དང་ཐུགས་རྗེ་འབྲེལ་བ་ནི། །འཁོར་ནི་ཕུན་སུམ་ཚོགས་ཅེས་བྱ། །ཞེས་གསུངས་སོ། །གཉིས་པ་ནི། གོང་དུ་བཤད་པ་དེ་ལྟ་བུ་ཡི་འཁོར་གྱི་ཚོགས་རྣམས་ལ་རྒྱུ་དང་འབྲས་བུའི་ཆོས་རྣམས་གསལ་བར་མཛད་པའི་སྟོན་པ་སྐུ་གསུམ་གྱིས་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་ཡུལ་གཅིག་གི་རང་བཞིན་ལ་འཁོར་གྱི་གདུལ་བྱ་རྣམས་ཀྱི་ཁམས་དབང་གིས་ལྟ་བ་མཐོ་དམན་སོ་སོར་མི་འདྲ་བས་དེ་དག་རྗེས་སུ་འཛིན་ཕྱིར་གདུལ་བྱ་ལ་ལ་ཉན་ཐོས་ཀྱི་རིགས་ཅན་རྣམས་ཀུན་འབྱུང་ལས་ཉོན་གྱི་ཆ་རྣམས་སྤོང་བར་བསྟན་པ་དང་། རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ལ་ལས་དང་ཉོན་མོངས་ཐམས་ཅད་རྟེན་འབྲེལ་ལུག་ལྡོག་གི་ཚུལ་གྱིས་འགེགས་པར་བྱེད་པའི་ཡུལ་དུ་བསྟན་པ་དང་། གདུལ་བྱ་ལ་ལར་སྟེ་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ལ་མ་དག་ཀུན་རྫོབ་ཀྱི་སྣང་བ་འཁྲུལ་བའི་ཆ་ཐམས་ཅད་ཆོས་དབྱིངས་སྐྱེ་བ་མེད་པའི་ངང་དུ་སྦྱོང་ཞིང་དག་པའི་སྒོ་ནས་ལམ་རིམ་གྱིས་བསྒྲོད་དེ་སངས་རྒྱས་པར་བསྟན་པ་དང་། གསང་སྔགས་ཀྱི་རིགས་ཅན་ལ་ལར་སྟེ་བྱེད་རྒྱུད་ཀྱི་ཐེག་པ་བ་རྣམས་ལ་མ་དག་སྒོ་གསུམ་གྱི་ཆ་ཐམས་ཅད་དག་པ་ལྷའི་སྐུ་གསུང་ཐུགས་སུ་བྱིན་གྱིས་རླབས་པས་དག་པའི་ངོ་བོར་སྒྲུབ་པར་བསྟན་པ་དང་། ལ་ལར་སྟེ་རྣལ་འབྱོར་གྱི་ཐེག་པ་བ་རྣམས་ལ་ལྟ་སྤྱོད་ཡང་དག་པ་བླང་ཞིང་དེའི་མི་མཐུན་ཕྱོགས་ཐམས་ཅད་དོར་བར་བྱ་བའི་ལམ་གྱིས་འབྲས་བུ་གྲུབ་པ་བསྟན་པ་དང་། ལ་ལར་སྟེ་གསང་སྔགས་བླ་མེད་ཀྱི་སྣོད་དུ་གྱུར་པ་རྣམས་ལ་རང་རྒྱུད་གདོད་ནས་དག་པ་ལྷའི་རང་བཞིན་དུ་གནས་པ་ཉིད་ལམ་བསྐྱེད་རྫོགས་ཟབ་མོས་མངོན་དུ་བསྒྲུབ་པར་བསྟན་པ་སྟེ། མདོར་ན་ལམ་དེ་དག་ཀུན་ཀྱང་རྒྱུ་ལམ་ལ་བརྩལ་ཞིང་འབྲས་བུ་བསྒྲུབ་ཏུ་ཡོད་པར་བསྟན་པ་ཡིན་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་ཐེག་པ་ལས་གཞན་དུ་གྱུར་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ཀུན་བྱེད་བྱང་ཆུབ་ཀྱིས་སེམས་ལས་མངོན་དུ་ཕྱུང་བའི་སྟོན་པ་སྐུ་གསུམ་གྱི་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་སྔགས་ཀྱི་རིགས་ཅན་རྣམས་ལ་དགོངས་ནས་དེ་དག་གི་བློ་དང་འཚམས་པར་རྒྱུ་འབྲས་ཀྱི་ཆོས་རྣམས་སོ་སོར་བསྟན་ན་ཡང་དོན་ལ་རྒྱུ་དང་འབྲས་བུ་རྣམ་པ་གཉིས་ཀ་ཉིད་ཀྱང་གང་ལས་སྣང་བའི་གཞི་ཆོས་ཉིད་དེ་བཞིན་ཉིད་ལས་གཡོས་པ་རྡུལ་ཙམ་ཡང་མེད་པར་སྟོན་པ་ཀུན་བྱེད་ང་ཡི་ལུང་བསྟན་ཏོ། །ཞེས་སོ། །བཞི་པ་ནི། དེ་ལྟ་བུའི་ཕུན་སུམ་ཚོགས་པ་ཀུན་གྱི་རང་བཞིན་ཆོས་ཉིད་དེ་བཞིན་ཉིད་དེ་རང་གི་ངོ་བོ་ནི་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་དམིགས་པའི་ཡུལ་ལས་འདས་པས་དབྱེ་བ་མེད་ན་ཡང་། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་པས། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བྱ། །ཞེས་གསུངས་པ་དང་། ཚུལ་མཐུན་པར་ཆོས་ཅན་སྣང་བའི་ངོས་ནས་དབྱེ་ན་འདི་ལྟ་སྟེ་རྒྱལ་བ་སྐུ་གསུམ་གྱི་སྟོན་པར་སྣང་བ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་ཡང་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་རིག་པ་བྱང་ཆུབ་ཀྱི་སེམས་སྐུ་གསུམ་འདུ་འབྲལ་མེད་པའི་ངོ་བོ་ཡིན་ལ། ངས་བྱས་འཁོར་འདས་ཀྱི་ཆོས་ཀུན་ཀྱང་དབྱིངས་སྤྲོས་པ་དང་བྲལ་བ་དེ་བཞིན་ཉིད་ཀྱི་ངང་ལས་རྩལ་སྣང་འགག་པ་མེད་པ་སྟོང་གཟུགས་སྒྱུ་མའི་ཆོ་འཕྲུལ་དུ་ཤར་བ་ཙམ་ཡིན་པས་དེ་ལས་གཞན་དུ་མེད་ལ། དེ་ལ་ཀུན་བྱེད་ཉིད་ཀྱིས་བྱས་པའི་ཆོས་དེ་སོ་སོར་དབྱེ་ན་གང་དང་གང་ཡིན་ཞེ་ན། ཕྱི་ཡུལ་གྱི་རྣམ་པར་སྣང་བ་གཟུགས་སྒྲ་ལ་སོགས་པ་དྲུག་པོ་རྣམས་ཀྱང་ཀུན་བྱེད་ང་ཡིས་བྱས་པ་ཡིན་ནོ་ཞེས་འདི་དག་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རྩལ་ལས་རོལ་བར་ཤར་བ་ཙམ་ཡིན་པས་དེ་ལྟར་གསུངས་པའི་ཚུལ་འདི་འོག་མ་རྣམས་ལ་ཡང་འདྲེ་བར་བྱས་ནས། དེ་བཞིན་དུ་མིག་ལ་སོགས་པའི་དབང་པོ་དྲུག་ཏུ་སྣང་བ་འདི་ནི་ང་ཡི་རང་སྣང་མ་འགག་པར་ཆོས་རྣམས་སྒྲིབ་མེད་མངོན་སུམ་དུ་རིག་ཅིང་ཤེས་པ་ཡི་ངོ་བོ་ཡིན་པ་དང་། མིག་གི་རྣམ་པར་ཤེས་པ་སོགས་རྣམ་པར་ཤེས་པའི་ཚོགས་རྣམས་ནི་ཀུན་བྱེད་ང་ཡི་རང་བྱུང་གི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པ་དང་། འབྱུང་བ་ཆེན་པོ་ལྔ་ཡང་སྣོད་བཅུད་ཀུན་གྱི་བརྟེན་པའི་གཞི་དང་བསྐྱེད་པའི་རྒྱུ་རུ་གྱུར་པའི་ཕྱིར་སྣོད་བཅུད་ཐམས་ཅད་འདི་ལྔ་ཡི་རང་བཞིན་ལས་མ་འདས་པ་སྟེ་དེ་ལྟར་སྣོད་བཅུད་ཀུན་གྱི་རྒྱུ་འབྱུང་བ་ལྔ་ཡིན་ན་ཡང་འབྱུང་བ་དེ་དག་ཀྱང་བྱང་ཆུབ་ཀྱི་སེམས་དེ་བཞིན་ཉིད་ལས་གཞན་དུ་མེད་པ་དང་། ཐུགས་རྗེ་འགག་པ་མེད་པ་རང་བྱུང་གི་ཡེ་ཤེས་ལྔ་ཡི་རྩལ་ལས་ཁམས་གསུམ་རྒྱུད་དྲུག་གི་སེམས་ཅན་རྣམས་བྱུང་བ་ཡང་དེ་བཞིན་ཉིད་ཀྱི་ངོ་བོར་བཤད་པ་མ་གཏོགས་གཞན་དུ་རྡུལ་ཙམ་ཡང་མེད་དེ། ཀློང་ཆེན་ལས། ཀློང་ཆེན་གཅིག་པོ་ཀུན་ཡིན་པས། །ཐམས་ཅད་ཀུན་གྱི་དངོས་གཞིར་ཤར། །ཕྱོགས་འཛིན་གང་ཡང་མ་སྤངས་པས། །ཕྱོགས་མེད་ཀུན་ཏུ་ཤར་བ་ཡིན། །ཟང་ཐལ་ཡིན་པས་ཀུན་ཏུ་ཤར། །མུ་མཐའ་མེད་པ་ཆོས་ཀྱི་དབྱིངས། །ཞེས་གསུངས་པ་བཞིན་ནོ། །ལྔ་པ་ནི། འོ་ན་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་གཅིག་གི་རང་བཞིན་ལས་མེད་ན་དེ་ལ་རྣལ་འབྱོར་རྣམ་པ་བཞི་ཡིས་སོ་སོའི་རྟོགས་ཚུལ་མི་འདྲ་བ་ཐ་དད་པ་རྣམས་ཇི་ལྟར་བྱུང་སྙམ་ན། དེ་བཞིན་ཉིད་ཀྱི་རང་བཞིན་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་ཉིད་དེ་ངོ་བོ་གཉིས་སུ་གྲུབ་པ་མེད་པ་ཉིད་ནི་དམིགས་མཚན་བློ་ཡི་སྤྱོད་ཡུལ་ཀུན་ལས་འདས་པ་སྟེ། དེས་ན་རྣམ་པའི་དབྱེ་བ་ཐ་དད་ཀྱི་ཆོས་སུ་གྲུབ་པ་གང་ཡང་མེད་པར་རང་གི་རང་བཞིན་ནི་ཆོས་ཉིད་རང་བྱུང་ཡེ་ཤེས་གཅིག་ཏུ་གནས་པ་ཡིན་ཀྱང་དེ་ལ་རྣལ་འབྱོར་གྱི་ལམ་རྣམ་པར་བཞག་པ་བཞི་ཕྱུང་བ་ནི་རྣལ་འབྱོར་རྣམ་པ་བཞི་ཡི་རིགས་ཅན་གྱི་གདུལ་བྱ་རྣམས་ཀྱི་བསམ་པའི་དབང་ལས་དེ་ལྟར་བྱུང་བ་ཡིན་ནོ། །གཉིས་པ་རྣལ་འབྱོར་བཞིའི་དབྱེ་བ་ལ་གསུམ་སྟེ། རྣལ་འབྱོར་བཞི་སེམས་ཉིད་གཅིག་ལ་དབྱེ་བ། དབྱེ་བ་བཞིའི་རང་བཞིན་ངེས་པར་བྱ་བ། དེ་དོན་དབྱེ་བ་བཞི་བཞིས་རྒྱ་ཆེར་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་རྣལ་འབྱོར་རྣམ་པ་བཞི་ཡི་དབྱེ་བ་ལ་ཉོན་ཅིག་དེ་ལ་ཆོས་ཐམས་ཅད་ཀུན་གྱི་འབྱུང་གནས་སྙིང་པོ་བྱང་ཆུབ་ཀྱི་སེམས་ཡེ་ཇི་བཞིན་པར་གནས་པ་འདི་ནི་ཆོས་རྣམས་ཀུན་གྱི་ཆོས་ཉིད་དེ་བཞིན་ཉིད་མ་བཅོས་རྣལ་མའི་ངོ་བོ་སྟེ་གནས་ལུགས་ཇི་བཞིན་པ་ཡིན་ལ། དེ་ཉིད་སངས་རྒྱས་སྒམ་པོས་བཟང་དུ་མ་བཅོས་སེམས་ཅན་བསྒྲིམ་པོས་ངན་དུ་མ་བཅོས་པར་རང་གི་ངོ་བོ་ཇི་ལྟ་བ་དེ་བཞིན་ཉིད་དུ་ཡེ་ནས་གནས་པ་ཡིན་ཀྱང་། གདུལ་བྱ་གང་ཟག་རྣམས་ཀྱི་བློའི་རྩལ་འཕང་མི་འདྲ་བའི་དབང་གིས་ཤིན་ཏུ་རྣལ་འབྱོར་ཨ་ཏི་ཡོ་ག་དང་ཡོངས་སུ་རྣལ་འབྱོར་ཨ་ནུ་ཡོ་ག་དང་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་དང་སེམས་དཔའི་རྣལ་འབྱོར་ཕྱི་རྒྱུད་སྡེ་གསུམ་སྟེ། དེ་ལྟ་བུའི་རྣལ་འབྱོར་པ་རྣམ་པ་བཞིས་ཆོས་ཀུན་གྱི་སྙིང་པོ་དོན་གྱི་གནས་ཚུལ་རྣལ་མ་བྱ་བྲལ་ལྷུན་རྫོགས་ཆེན་པོ་སྤྲོས་པ་མེད་པའི་དབྱིངས་ལ་བལྟས་ཤིང་བརྟགས་པས་མཐོང་ཚུལ་མི་འདྲ་བའི་ཡུལ་ནི་རྣམ་པ་བཞི་རུ་བྱུང་བ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ཡོ་ག་མ་ཧཱ་ཨ་ནུ་གསུམ་གྱིས་རྣལ་མའི་དོན་མི་རྟོགས་པར་བཤད་པ་དང་། ཨ་ཏི ས་མ་བཅོས་རྣལ་དུ་འབྱོར་བའི་ངོ་བོར་བཤད་པའོ། །དང་པོ་ནི། དེ་ལ་སེམས་དཔའི་རྣལ་འབྱོར་སྔགས་ཕྱི་པ་གསུམ་གྱིས་ནི་ཆོས་ཉིད་དོན་དམ་པའི་གནས་ལུགས་ལ་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་འདི་ཐམས་ཅད་དོན་དམ་མཚན་མ་མེད་པའི་བྱིན་རླབས་ལས་སྣང་བ་ཡིན་པས་རིགས་གསུམ་ལྷའི་ངོ་བོའམ་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ལྟ་བ་ཡིན་ཏེ། གལ་པོ་ལས། ཡོ་གའི་ཐེག་པར་གནས་འདོད་པས། །འོག་མིན་རྡོ་རྗེ་དབྱིངས་སུ་ལྟ། །ཞེས་གསུངས་པ་ལྟར་འདོད་པ་ཡིན་མོད། འོན་ཀྱང་སྣང་ཚུལ་འཁྲུལ་བའི་ངོས་ནས་ཕྱི་ཡུལ་དང་ནང་དབང་པོར་འབྲེལ་བའི་གཟུང་འཛིན་མ་དག་པའི་ཆོས་སུ་མཐོང་ནས་མངོན་པར་བྱང་ཆུབ་པ་ལྔ་དང་ཆོ་འཕྲུལ་རྣམ་པ་བཞིས་སྣོད་བཅུད་ཐམས་ཅད་དག་པ་ལྷའི་སྐུ་གསུང་ཐུགས་སུ་བསྒོམས་ཞིང་བྱིན་གྱིས་བརླབས་ནས་བདག་དམ་ཚིག་སེམས་དཔའི་ངོ་བོར་གནས་པ་དང་ལྷ་ཡེ་ཤེས་པ་གཉིས་བཟང་ངན་ཅན་དུ་ལྟ་བར་བྱེད་པ་དེས་ནི་སྙིང་པོ་དོན་གྱི་གནས་ལུགས་རྣལ་མ་བཟང་ངན་བླང་དོར་མེད་པའི་ཚུལ་མཐོང་བ་མེད་པས། དེ་འདྲེའི་བཟང་ངན་བླང་དོར་དུ་ལྟ་བ་དེ་བོར་ལ་གནས་ལུགས་མ་བཅོས་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་སེམས་དཔའ་ཡི་རྣལ་འབྱོར་རྣམས་ཀྱིས་ཞོག་ཅིག་ཅེས་གདམས་སོ། །ཡང་དོན་གྱི་སྙིང་པོ་རྣལ་མ་བྱ་རྩོལ་མེད་པ་ལ་རྣལ་འ བྱོར་ཆེན་པོ་མ་ཧཱ་ཡོ་ག་བ་རྣམས་ཀྱིས་མཐོང་བ་ནི་ཡེ་ནས་རང་རྒྱུད་དག་པའི་ངོ་བོ་གདན་གསུམ་ལྷའི་དཀྱིལ་འཁོར་དུ་གནས་པ་ལ། དེ་ཉིད་མངོན་དུ་བྱེད་པའི་ཐབས་སུ་རྒྱུ་ཏིང་ངེ་འཛིན་རྣམ་པ་གསུམ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་རྫོགས་པར་བསྒོམས་པར་བྱས་ཏེ་བསྒྲུབ་པ་ལ་བསྙེན་པ་དང་ཉེ་བསྙེན་སྒྲུབ་པ་དང་སྒྲུབ་ཆེན་བཞི་ཡི་ཡན་ལག་རྫོགས་པར་བྱས་ནས་འོད་ཟེར་འཕྲོ་འདུ་སོགས་ཀྱིས་བདག་ཉིད་ཡེ་ནས་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བཞུགས་པ་ཉིད་མངོན་དུ་འགྲུབ་པར་ལྟ་བ་དེས་ཀྱང་ཆོས་ཉིད་དོན་གྱི་སྙིང་པོ་རྣལ་མ་རྩོལ་སྒྲུབ་ལས་འདས་པའི་དོན་ནི་མཐོང་བ་མེད་པའི་ཕྱིར་ན། མ་བཅོས་དེ་བཞིན་ཉིད་ཀྱི་ངང་དུ་རྣལ་འབྱོར་ཆེན་པོ་ཡི་དགོངས་པ་དེ་ཉིད་ཞོག་ཅིག །དེ་བཞིན་དུ་གནས་ལུགས་དོན་གྱི་སྙིང་པོ་མ་བཅོས་དེ་བཞིན་ཉིད་ཀྱི་རང་བཞིན་རྣལ་མ་རྒྱུ་འབྲས་བྱ་རྩོལ་མེད་པ་ཉིད་ལ་ཡོངས་སུ་རྣལ་འབྱོར་ཨ་ནུ་ཡོ་ག་བ་རྣམས་ཀྱིས་མཐོང་བ་ནི། དབྱིངས་སྐྱེ་མེད་སྤྲོས་པ་དང་བྲལ་བ་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ནི་གནས་ལུགས་སྙིང་པོ་མ་བཅོས་པའི་རྣལ་མ་ངོ་བོ་རྟོགས་བྱའི་ཡུལ་ལམ་རྒྱུར་མཐོང་ལ། དེས་སྣང་ཆ་ཡེ་ཤེས་ཆེན་པོ་ཀུན་ཏུ་བཟང་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནི་ཡུལ་ཇི་བཞིན་པ་རྟོགས་པའི་རྣལ་མའི་འབྲས་བུར་མཐོང་བ་སྟེ་དེ་ལྟར་སྙིང་པོ་རང་བྱུང་གི་ཡེ་ཤེས་དེ་བཞིན་ཉིད་གཅིག་ལ་རྒྱུ་འབྲས་གཉིས་སུ་མཐོང་བ་ལ་ཨ་ནུ་ཡོ་ག་བས་ཀྱང་རྒྱུ་འབྲས་གཉིས་ལས་འདས་པའི་ཆོས་ཉིད་རྣལ་མ་མ་བཅོས་པའི་དོན་ནི་མཐོང་བ་མེད་པའི་ཕྱིར་ན། རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་མ་བཅོས་དེ་བཞིན་ཉིད་ཀྱི་ངང་དུ་ཡོངས་སུ་རྣལ་འབྱོར་པ་རྣམས་ཀྱིས་ཞོག་ཅིག་ཅེས་སོ། །གཉིས་པ་ནི། གནས་ལུགས་དོན་དམ་གྱི་བདེན་པ་ཆོས་རྣམས་ཀུན་གྱི་སྙིང་པོ་རྣལ་མ་བྱ་རྩོལ་གྱིས་བཅོས་སུ་མེད་པ་ལ་ཤིན་ཏུ་རྣལ་འབྱོར་ཨ་ཏི་ཡོ་ག་བ་རྣམས་ནི་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་སྐུ་གསུམ་ཡེ་ནས་ལྷུན་རྫོགས་ཆེན་པོ་ལ་སྤང་བླང་བཅོས་བསྒྱུར་སྤུ་ཙམ་མི་དགོས་པར་ཡེ་གྲོལ་བསལ་བཞག་མེད་པའི་ལྟ་བ་བློ་འདས་རྫོགས་པ་ཆེན་པོའི་རང་བཞིན་དུ་མཐོང་བ་དེས་བྱང་ཆུབ་ཀྱི་སེམས་ནི་ཆོས་ཀུན་གྱི་ཆོས་ཉིད་དམ་སྙིང་པོར་མཐོང་ཞིང་། སྙིང་པོ་དེ་ཉིད་བླང་དོར་རྩོལ་སྒྲུབ་ལ་སོགས་པ་གཉེན་པོ་གང་གིས་ཀྱང་མ་བཅོས་པའི་དོན་གྱི་གནས་ལུགས་རྣལ་མར་མཐོང་བས་ན ། དེ་ནས་གཞན་དུ་ལྟ་བ་ཞིག་ཡེ་ནས་བསྒོམ་དུ་མེད་པར་ཐག་ཆོད་པས་ལྷུན་འབྱམས་ཡངས་པ་ཆེན་པོར་རང་བབས་སུ་བཞག་པ་ལས་གཞན་པའི་སྒོམ་བྱ་ཅི་ཡང་མེད་པ་དང་། ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ལ་དམ་ཚིག་བསྲུང་མཚམས་ལས་འདས་པས་ཡེ་ནས་བསྲུང་དུ་མེད་པར་བཞག་པ་དང་། ཐམས་ཅད་ཡེ་ནས་རང་བྱུང་ཡེ་ཤེས་ཆེན་པོའི་ངོ་བོར་སངས་རྒྱས་པ་ལ་བྱ་བྱེད་ཀྱི་རྩོལ་བ་མི་མངའ་བས་ཕྲིན་ལས་ཡེ་ནས་བཙལ་དུ་མེད་པར་ཤེས་པས་མ་བཅོས་རང་བབས་སུ་བཞག་པས་མཚོན་རང་བཞིན་བཅུ་པོ་ཀུན་ལ་རྩོལ་ཞིང་བསྒྲུབ་ཏུ་མེད་པར་རྟོགས་པ་སྟེ། དེ་ལྟར་སྒོམ་སྒྲུབ་སྤང་བླང་གི་རྩོལ་བ་སྤུ་ཙམ་མེད་པར་རང་བབས་རང་གནས་སུ་བཞག་པས་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ལ་ཇི་ལྟ་བ་བཞིན་དུ་རྣལ་དུ་འབྱོར་བ་ཡིན་པས་འདི་ནི་རྣལ་འབྱོར་ཀུན་གྱི་ནང་ནས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བླ་ན་མེད་པ་སྟེ། དོན་གསལ་ལས། རྣལ་འབྱོར་ཆེན་པོ་བསྒོམ་ལས་འདས་པར་རྟོགས། །རྟོགས་པའི་དོན་ལ་བྱ་རྩོལ་མི་མངའ་བར། །རང་གདངས་ཆེན་པོའི་ངང་ལ་གནས་པ་ནི། །རྣལ་འབྱོར་དབང་ཕྱུག་ཆེན་པོ་བྱ་རྩོལ་འདས་པ་ཡིན། །ཅེས་སོ། །གསུམ་པ་དེ་དོན་དབྱེ་བ་བཞི་བཞིས་རྒྱ་ཆེར་བཤད་པ་ལ་བཞི་སྟེ། སེམས་དཔའི་རྣལ་འབྱོར། རྣལ་འབྱོར་ཆེན་པོ། ཡོངས་སུ་རྣལ་འབྱོར་ཤིན་ཏུ་རྣལ་འབྱོར་གྱི་དོན་རྣལ་འབྱོར་བཞི་ལྡན་དུ་རྒྱ་ཆེར་བཤད་པའོ། །དང་པོ་ནི། དེ་ལ་རྣལ་འབྱོར་རྣམ་པ་བཞི་པོའི་ལྟ་བའི་བྱེ་བྲག་སོ་སོར་དབྱེ་བ་ནི་ཡུལ་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་བཞིན་ཉིད་གཅིག་ཡིན་པ་ལ་བློ་རྣལ་དུ་འབྱོར་ཚུལ་གྱི་སྒོ་ནས་རྣམ་པ་བཞི་ཡོད་པ་དེ་རེ་རེ་ལ་ཡང་ནང་གསེས་སུ་བཞི་བཞིར་དབྱེ་བ་ཡི་ཚུལ་ནི་འདི་ལྟར། དང་པོ་སེམས་དཔའི་རྣལ་འབྱོར་ལ་ནང་གི་བྱེ་བྲག་ཏུ་རྣལ་འབྱོར་རྣམ་པ་བཞིར་དབྱེ་བ་ནི། ཕྱི་ཡུལ་དང་ནང་དབང་པོ་སོགས་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་པ་དང་བྲལ་བ་དོན་དམ་མཚན་མ་མེད་པའི་རང་བཞིན་དུ་གཏན་ལ་ཕབས་ནས་ཆོས་ཉིད་རྣམ་པར་མི་རྟོག་པའི་དོན་ལ་གཅིག་ཏུ་སེམས་པར་བྱེད་པའི་རྒྱུ་མཚན་ངེས་ན་སེམས་དཔའི་རྣལ་འབྱོར་ཉིད་དུ་བཤད་པ་ཡིན་ལ། དེ་ལྟ་བུའི་དོན་དམ་མཚན་མ་མེད་པའི་སྣང་ཆ་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་མངོན་པར་བྱང་ཆུབ་པ་ལྔ་ཡི་སྒོ་ནས་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྒོམས་པ་ལ་གནས་གསུམ་བྱིན་གྱིས་བརླབས་པ་དང་ཏིང་འཛིན་བྱིན་རླབས་དབང་བསྐུར་མཆོད་པ་སྟེ་ཆོ་འཕྲུལ་བཞི་མངོན་དུ་འབྱིན་ཅིང་བསྒོམ་པ་རྣམས་ནི་བསྐྱེད་པའི་ཆར་གྱུར་པ་ཡིན་པས་དེ་ཡི་ཆ་ནས་ནི་རྣལ་འབྱོར་ཆེན་པོ་ཞེས་སུ་བཤད་པ་དང་། སྐུ་གསུང་ཐུགས་ཕྲིན་ལས་ཏེ་ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པས་སྒོ་གསུམ་བྱ་བ་དང་བཅས་པ་ལྷའི་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པར་ཡོངས་སུ་བསྒྱུར་བར་བྱེད་པ་ལ་ནི་ཡོངས་སུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན་ལ། མཐར་རིལ་འཛིན་དང་རྗེས་གཞིག་གང་རུང་གི་ལྷ་ཡེ་ཤེས་པ་དང་བདག་དམ་ཚིག་པ་གཉིས་ཀ་རང་བཞིན་མེད་པ་མི་དམིགས་སྤྲོས་པ་དང་བྲལ་བའི་ལྟ་བ་ཡི་ངང་ལ་འཇོག་པ་ནི་ཤིན་ཏུ་རྣལ་འབྱོར་གྱི་དགོངས་པ་ཡིན་པར་སེམས་དཔའ་ཡི་རྣལ་འབྱོར་རྣམས་བཞེད་དོ། །དེ་ལྟ་བུའི་སེམས་དཔའི་རྣལ་འབྱོར་བ་དེ་ཉིད་འཁོར་འདས་དང་གཙང་རྨེ་ལ་སོགས་པའི་བླང་དོར་གཉིས་སུ་ལྟ་བ་ཡིན་པས་ན་བླང་དོར་མེད་པའི་རྣལ་འབྱོར་ཆོས་ཉིད་ཇི་བཞིན་པའི་དོན་དེ་མ་མཐོང་བར་གསུངས་པའོ། །གཉིས་པ་ནི། དེ་བཞིན་དུ་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་ལ་ནང་གསེས་ཀྱི་བྱེ་བྲག་བཞིར་དབྱེ་བ་ནི་གང་ཞེ་ན། དང་པོར་སྟོང་ཆེན་དེ་བཞིན་ཉིད་དང་ཀུན་སྣང་སྙིང་རྗེ་ཆེན་པོ་དང་རྒྱུ་ཡི་ཡི་གེ་བསྒོམ་པ་སྟེ་ཏིང་འཛིན་རྣམ་པ་གསུམ་གྱི་དོན་ལ་སེམས་པར་བྱེད་པ་ལ་ནི་སེམས་དཔའི་རྣལ་འབྱོར་ཞེས་སུ་བཤད་པ་ཡིན་ལ། རང་རྒྱུད་ཀྱི་ཕུང་ཁམས་གཤེགས་པ་གཤེགས་མ། དབང་ཡུལ་སེམས་དཔའ་སེམས་མ། ཡན་ལག་ཁྲོ་བོ་ཁྲོ་མོའི་རང་བཞིན་དུ་དག་པས་ཡེ་ཤེས་ཀྱི་ལྷའི་ངོ་བོ ར་ལྟ་བར་བྱེད་པ་ཡི་ཆ་ནས་རྣལ་འབྱོར་ཆེན་པོ་ཞེས་སུ་བཤད་པ་དང་། དེ་ནས་བསྙེན་སྒྲུབ་རྣམ་པ་བཞི་ཡི་ཡན་ལག་ཡོངས་སུ་རྫོགས་པར་བྱེད་པ་ནི་ཡོངས་སུ་རྫོགས་པའི་རྣལ་འབྱོར་ཞེས་སུ་བཤད་པ་ཡིན་ལ། ཆོས་ཐམས་ཅད་བདག་ཉིད་ཆེན་པོར་གཏན་ལ་འབེབ་པའི་གཏན་ཚིགས་ལྟ་བུའི་རང་བྱུང་ཡེ་ཤེས་གཅིག་གི་རང་བཞིན་དུ་ལྟ་བ་ལ་ནི་ཤིན་ཏུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན་མོད། འོན་ཀྱང་གནས་ཚུལ་ལ་དེ་ལྟར་འདོད་པ་ལས་སྣང་ཚུལ་ལ་མ་དག་དྲི་མའི་ཆ་ཚོགས་བརྒྱད་ཡུལ་དང་བཅས་པ་སྦྱངས་བྱར་བལྟས་ཏེ། དེ་ཉིད་སྦྱོངས་པའི་རྩོལ་སྒྲུབ་ལ་གནས་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་ཆོས་ཉིད་རྣལ་མ་ཇི་བཞིན་དུ་མཐོང་བ་མིན་ནོ། །གསུམ་པ་ནི། ཡོངས་སུ་རྣལ་འབྱོར་ཨ་ནུ་ཡོ་ག་ལ་ཡང་བྱེ་བྲག་བཞིར་ལྟ་བ་གང་ཞེ་ན། འདི་ལྟར་མ་ཧཱ་ཡོ་ག་ལྟར་དུ་ཏིང་འཛིན་རྣམ་གསུམ་སོགས་ཀྱི་རིམ་པས་བདག་ཉིད་ལྷའི་སྐུར་མི་བསྐྱེད་པར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཀློང་ན་རང་རྒྱུད་མ་དག་པ་རྡུལ་ཙམ་ཡང་མེད་པར་ཆོས་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་དག་པར་བཞུགས་པའི་ཚུལ་ལ་སེམས་པར་བྱེད་པའི་ཕྱིར་ན་དེ་ཙམ་གྱི་སྒོ་དང་བསྟུན་ནས་སེམས་དཔའི་རྣལ་འབྱོར་ཞེས་སུ་བཤད་པ་ཡིན་ལ། གོང་དུ་བཤད་པའི་ཏིང་འཛིན་རྣམ་གསུམ་སོགས་ཀྱིས་དང་པོར་གཙོ་བོ་ཡབ་ཡུམ་བསྐྱེད་པ་དང་། དེ་ནས་ཡབ་ཡུམ་གཉིས་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བའི་སྒོ་ནས་འཁོར་གྱི་ལྷ་ཚོགས་བསྐྲུན་པ་ལྟ་བུའི་རྩོལ་བ་ཆེན་པོ་ལ་མི་ལྟོས་པར། ལྷའི་སྙིང་པོ་རྩ་སྔགས་བརྗོད་པ་ཙམ་གྱིས་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྒོམས་པའི་ཕྱིར་ན། རྣལ་འབྱོར་ཆེན་པོའི་དགོངས་པ་དང་མཐུན་པར་བཤད་པ་ཡིན་ནོ། །རྩ་རླུང་གི་བྱེད་པ་སོགས་ལ་བརྟེན་ནས་མ་དག་ཐ་མལ་གྱི་སྣང་བ་ཐམས་ཅད་གདོད་ནས་རང་བཞིན་མེད་པའི་ཆོས་ཉིད་བདེ་བ་ཆེན་པོའི་ཀློང་དུ་སྦྱོངས་ཞིང་དག་པའི་རང་བཞིན་དུ་སྤྱོད་པས་ཡོངས་སུ་རྣལ་འབྱོར་ཉིད་དུ་བཤད་པ་དང་། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་རྒྱུ་དབྱིངས་དང་འབྲས་བུ་ཡེ་ཤེས་གཉིས་དབྱེར་མེད་པ་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ལྟ་བའི་ཕྱིར་ན་ཤིན་ཏུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན་མོད། དེས་ཀྱང་རྒྱུ་འབྲས་ལས་འདས་པའི་དོན་རྣལ་མ་ཇི་བཞིན་པ་མཐོང་བ་མིན་ཏེ་རྒྱུ་འབྲས་གཉིས་སུ་ལྟ་བ་དང་བཅས་པའི་ཕྱིར་རོ། །བཞི་པ་ནི། ཐེག་པའི་ཡང་རྩེ་ཤིན་ཏུ་རྣལ་འབྱོར་ཨ་ཏི་ཡོ་ག་ལ་བྱེ་བྲག་ཏུ་རྣལ་འབྱོར་རྣམ་པ་བཞི་རུ་དབྱེ་བ་ནི་རིག་པ་བྱང་ཆུབ་ཀྱི་སེམས་གཅིག་ལ་ལྡོག་ཆས་དབྱེ་བ་སྟེ། དེ་ཡང་སེམས་པའི་རྣལ་འབྱོར་གྱི་སྐབས་སུ་དག་པ་ལྷའི་སྐུ་གསུང་ཐུགས་གསུམ་དང་མ་དག་ཐ་མལ་གྱི་སྒོ་གསུམ་ལ་བླང་དོར་གཉིས་སུ་ལྟ་བ་དེ་དོན་བླང་དོར་མེད་པའི་གནས་ལུགས་བྱང་ཆུབ་ཀྱི་སེམས་གཅིག་གི་བདག་ཉིད་ཡིན་པ་དེ་ཡི་ཆ་ནས་ནི་སེམས་དཔའི་རྣལ་འབྱོར་ཞེས་སུ་བཤད་པ་ཡིན་ལ། རྣལ་འབྱོར་ཆེན་པོས་བསྙེན་སྒྲུབ་རྣམ་བཞི་སོགས་ཀྱི་ལམ་ལ་རྩོལ་སྒྲུབ་བྱེད་པ་དེ་ཡང་ཨ་ཏིའི་རྩོལ་སྒྲུབ་ལས་འདས་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་བསྟན་པ་དེ་ལ་ནི་རྣལ་འབྱོར་ཆེན་པོ་ཞེས་སུ་བཤད་པ་ཡིན་ནོ། །ཨ་ནུས་རྒྱུ་དབྱིངས་དང་འབྲས་བུ་ཡེ་ཤེས་གཉིས་སུ་ལྟ་བ་དེ་ཡང་འདིར་རྒྱུ་འབྲས་གཉིས་ལས་འདས་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཏུ་རྟོགས་པ་དེ་ཡི་ཆ་ནས་ནི་ཡོངས་སུ་རྣལ་འབྱོར་ཞེས་སུ་བཤད་པ་ཡིན་ནོ། །ཆོས་ཐམས་ཅད་གདོད་ནས་ཡེ་གྲོལ་ཀ་དག་ཆེན་པོ་ཡིན་མིན་གང་གི་ཕྱོགས་སུ་སྒྲོ་དང་སྐུར་བ་འདེབས་པ་སོགས་མཚན་འཛིན་རྟོགས་པ་ཀུན་ལས་འདས་པའི་དབྱིངས་སུ་ལ་བཟླ་བའི་ཕྱིར་ན་ཤིན་ཏུ་རྣལ་འབྱོར་ཞེས་སུ་ཀུན་བྱེད་རྒྱལ་པོ་ང་ཡིས་བཤད་པ་ཡིན་ནོ། །དེ་ལྟ་བུའི་ཡོ་ག་བཞི་པོ་དེ་དག་ཆེ་བ་ལྔ་དང་སྦྱར་ན་ཆེ་བ་ཉི་ཤུར་དབྱེ་བར་གསུངས་ཏེ། དེ་ཡང་སངས་རྒྱས་མེད་པའི་ཆེ་བ་བཞི་ནི་ཡོ་ག་བཞི་ཡི་ལ་བཟླ་བཞི་དང་། མངོན་པར་སངས་རྒྱས་པའི་ཆེ་བ་བཞི་ནི། ཡོ་ག་བཞི་ཡི་ཨ་ཏི་བཞི་དང་། ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ་བཞི་ནི། ཡོ་ག་བཞི་ཡི་ཨ་ནུ་བཞི་དང་། བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ་བཞི་ནི་ཡོ་ག་བཞི་ཡི་མ་ཧཱ་བཞི་དང་། དེ་ཡིན་པར་སངས་རྒྱས་པའི་ཆེ་བ་བཞི་ནི་ཡོ་ག་བཞི་ཡི་ཡོ་ག་བཞི་རུ་གསུངས་ཏེ། མདོ་བཅུ་ལས། སངས་རྒྱས་མེད་པའི་ཆེ་བཞི་ནི། །ཡོ་ག་བཞི་ཡི་ལ་བཟླའོ། །མངོན་པར་སངས་རྒྱས་ཆེ་བཞི་ནི། །ཡོ་ག་བཞི་ཡི་ཨ་ཏི་བཞི། །ཆོས་དབྱིངས་སངས་རྒྱས་ཆེ་བཞི་ནི། །ཡོ་ག་བཞི་ཡི་ཨ་ནུ་བཞི། །བདག་ཉིད་སངས་རྒྱས་ཆེ་བཞི་ནི། །ཡོ་ག་བཞི་ཡི་མ་ཧཱ་བཞི། །དེ་ཡིན་སངས་རྒྱས་ཆེ་བཞི་ནི། །ཡོ་ག་བཞི་ཡི་ཡོ་ག་བཞིའོ། །ཞེས་གསུངས་ལ། དེ་ཡང་ཆེ་བ་ལྔ་ལ་གནས་སྐབས་འགྱུར་བའི་ཆེ་བ་དང་། མཐར་ཐུག་ངེས་པའི་ཆེ་བ་གཉིས་སུ་ཡོད་པ་ལས་འདིར་ཡོ་ག་བཞི་ལ་སོ་སོར་སྦྱར་བ་ནི་གནས་སྐབས་འགྱུར་བའི་ཆེ་བ་དང་རྫོགས་པ་ཆེན་པོའི་ཐུན་མིན་གྱི་ཆེ་བ་ལྔ་ནི་མཐར་ཐུག་གི་ཆེ་བ་ཡིན་པར་ཤེས་པར་བྱ་སྟེ། དོན་གསལ་ལས། གནས་སྐབས་འགྱུར་བའི་ཆེ་བ་རྣམས། །ཐེག་པ་སོ་སོའི་ཆེ་བ་ཡིན། །མཐར་ཐུག་ཆེ་བ་རྣམ་པ་ལྔ། །ཡེ་ནས་འདུ་འབྲལ་མེད་པ་ཡིན། །ཅེས་གསུངས་སོ། །གསུམ་པ་རྣལ་འབྱོར་གོང་འོག་གི་ཁྱད་པར་བཤད་པ་ལ་གཉིས་ཏེ། རྣལ་འབྱོར་གོང་མ་གསུམ་གྱིས་སེམས་ཉིད་རྣལ་མའི་དོན་ཅིག་ཆར་དུ་མི་རྟོགས་པ་དང་། ཨ་ཏིས་རྟོགས་པའི་ཚུལ་བསྟན་པའོ། །དང་པོ་ནི་དེ་ལྟ་བུའི་རྣལ་འབྱོར་རྣམ་པ་བཞི་ལས་ཡོངས་སུ་རྣལ་འབྱོར་ལ་སོགས་པ་འོག་མ་གསུམ་པོ་ལ་ཡེ་ནས་འཁྲུལ་མ་མྱོང་བའི་རང་བྱུང་ཡེ་ཤེས་ཆེ་བའམ་ཆེན་པོ་བཅོས་བསྒྱུར་སྤུ་ཙམ་མི་དགོས་པར་བཞུགས་པའི་ཚུལ་ད་ལྟ་ཐད་ཀར་དུ་ངོ་སྤྲོད་པར་བྱེད་པའི་མན་ངག་དང་མི་ལྡན་པས་ལམ་ལྔ་ལ་རིམ་གྱིས་བསྒྲོད་པར་བྱེད་ཅིང་འགྱུར་བ་མ་ངེས་པའི་ས་ལ་སོགས་པ་སོ་སོའི་གཞུང་ནས་གསུངས་པའི་ས་རྣམས་ལ་རང་རང་གི་ངོ་སྐལ་གྱི་སྒྲིབ་པ་སྦྱོང་བར་བྱེད་པ་དང་། ལམ་གྱི་གྲོགས་སུ་དམ་ཚིག་གི་རིམ་པ་རྣམས་མི་ཉམས་པར་ཚུལ་བཞིན་དུ་བསྲུང་བ་དང་། རང་རང་གིས་ཇི་ལྟར་གཏན་ལ་ཕབ་པའི་ལྟ་བ་དེའི་ངང་དུ་སེམས་གནས་ཐབས་དགུ་ལ་སོགས་པས་སྒོམ་པར་བྱེད་པ་ཡིན་པས་ན། འདི་ལྟར་ཨ་ཏི་ཡོ་གའི་ལམ་གྱི་གོམ་པ་དྲག་དལ་ཞེས་པ་ཅིག་ཆར་གྱི་དོན་ཡིན་པས་སྐད་ཅིག་གཅིག་གིས་བྱེ་བྲག་བྱེད་པས་ཤུགས་དྲག་ཅིང་རླབས་ཆེ་བ་དང་རྩོལ་སྒྲུབ་ཀྱི་ངལ་བ་མེད་པར་བྱར་མེད་བག་ཡོངས་སུ་གནས་པས་དལ་བའི་རང་བཞིན་གྱི་ལྟ་སྤྱོད་ཁྱད་པར་ཅན་དེ་འདྲ་བ་ཡོད་པ་མ་ཡིན་པར་གསུངས་སོ། །གཉིས་པ་ནི། རྣལ་འབྱོར་འོག་མ་གསུམ་གྱིས་སེམས་ཉིད་རྣལ་མའི་དོན་ཅིག་ཆར་དུ་རྟོགས་པ་མེད་པའི་རྒྱུ་མཚན་དེ་བས་ན་ཤིན་ཏུ་རྣལ་འབྱོར་ཨ་ཏི་ཡོ་གའི་ལྟ་སྤྱོད་ནི་དེ་ལྟ་བུ་མ་ཡིན་པར་ཆོས་ཐམས་ཅད་ཡེ་ནས་རང་བྱུང་གི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ཀྱིས་བྱས་ཤིང་དེའི་ངང་དུ་གདོད་ནས་སངས་རྒྱས་པའི་རང་བཞིན་ཡིན་པའི་ཕྱིར་རེ་དོགས་དང་རྩོལ་སྒྲུབ་ཀྱི་བློ་མེད་ལ། དེ་མེད་པས་ལམ་ལ་མི་བསྒྲོད་ཅིང་ས་ལ་སྦྱོང་བར་མི་བྱེད་དེ་རྫོགས་པ་སྤྱིར་ཆུབ་ཀྱི་སའམ་ཆོས་ཉིད་དབྱེ་བ་མེད་པའི་ས་ལ་ཡེ་ནས་ཕྱིན་ཟིན་པའི་ཕྱིར་དང་། དེ་བཞིན་དུ་དམ་ཚིག་མི་བསྲུང་ཞིང་ལྟ་བ་སྒོམ་པར་མི་བྱེད་དེ། ཅིས་ཕྱིར་གོང་དུ་སྨོས་པ་ལྟར་རང་བྱུང་ཡེ་ཤེས་བྱང་ཆུབ་ཆེན་པོའི་ལམ་ནས་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཀུན་འབྱུང་ཞིང་དེ་ཉིད་ཀྱི་ངོ་བོ་ལས་གཞན་དུ་མེད་པའི་ཕྱིར་ན་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་རང་བཞིན་ལ་བྱང་ཆུབ་ཉིད་ཀྱིས་མི་བགྲོད་པའམ་བགྲོད་མི་དགོས་ཏེ་གང་དུ་བགྲོད་པའི་ཡུལ་དུ་གྱུར་པའི་ས་དང་བགྲོད་པར་བྱེད་པ་པོ་གཉིས་ཀ་བྱང་ཆུབ་ཀྱི་སེམས་ཉིད་ལས་གཞན་དུ་མེད་པའི་ཕྱིར་དང་། བྱང་ཆུབ་ཉིད་ཀྱི་ངོ་བོར་གྱུར་པའི་ས་ལ་བྱང་ཆུབ་ཉིད་ཀྱིས་སྒྲིབ་པ་མི་སྦྱོང་སྟེ་ཐམས་ཅད་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་ཡིན་པ་ལ་སྦྱང་བྱ་སྦྱོང་བྱེད་ཐ་དད་དུ་མེད་པའི་ཕྱིར་དང་། དམ་ཚིག་གི་རང་བཞིན་ཡང་ཡེ་ནས་བསྲུང་མཚམས་ལས་འདས་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད་ལས་ཡོད་པ་མ་ཡིན་པས་ན་བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་ཀྱིས་དེ་ཡང་མི་བསྲུང་སྟེ་བསྲུང་བྱ་བསྲུང་བྱེད་གཉིས་སུ་མེད་པའི་ཕྱིར་དང་། བསྒོམ་པར་བྱ་བའི་ཡུལ་དང་སྒོམ་པའི་རང་བཞིན་ཡང་བྱང་ཆུབ་ཀྱི་སེམས་ཉིད་ཡིན་གྱིས་དེ་ལས་གཞན་དུ་ཡོད་པ་མ་ཡིན་པས་བྱང་ཆུབ་ཉིད་ཀྱིས་བྱང་ཆུབ་ཉིད་ལ་བསྒོམ་དུ་མེད་དེ་བསྒོམ་བྱ་སྒོམ་བྱེད་ཐ་དད་དུ་མེད་པ་དང་རང་གིས་རང་ཉིད་བསྒོམ་མི་དགོས་པའི་ཕྱིར་དང་། ལྟ་བའི་ཡུལ་གཏན་ལ་དབབ་པར་བྱ་བ་དང་ནི་གཏན་ལ་འབེབ་བྱེད་ཡུལ་ཅན་གྱི་ཡེ་ཤེས་གཉིས་ཀ་བྱང་ཆུབ་ཀྱི་སེམས་ཉིད་ཡིན་ཞིང་དེ་ལས་གཞན་དུ་མེད་པས་ན་བྱང་ཆུབ་ཉིད་ཀྱིས་ཉིད་ལ་བལྟ་བར་བྱར་མེད་པ་སྟེ་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་ཤིན་ཏུ་རྣལ་འབྱོར་ཨ་ཏི་ཡོ་གའི་ལྟ་སྤྱོད་ཐམས་ཅད་བྱ་རྩོལ་མེད་པར་ཡེ་ནས་ལྷུན་གྱིས་གྲུབ་པའི་རང་བཞིན་ཅན་འདི་ནི་རང་བྱུང་རིག་པའི་ཡེ་ཤེས་མ་བཅོས་ཐད་ཀར་ངོ་འཕྲོད་པའི་གོམ་པ་དྲག་དལ་ཅན་དེ་ནི་ཀུན་བྱེད་རྒྱལ་པོ་ང་ཡི་གོམ་པའམ་བསྒོམ་པ་རེ་དོགས་རྩོལ་སྒྲུབ་ལས་འདས་པ་ཁོ་ན་ཡིན་གྱིས་རྒྱུ་འབྲས་རྩོལ་སྒྲུབ་ལ་ཞེན་པའི་ཐེག་པ་ཅན་གྱི་གང་ཟག་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་མིན་ནོ། །ཞེས་གསུངས་སོ། །ལེའུའི་མཚན ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཉིད་ཀྱི་རང་བཞིན་གཅིག་ལས་ཆོས་ཉིད་ཀྱི་ཡུལ་ཀུན་ལ་བཀོད་པའི་ལེའུ་སྟེ་བརྒྱད་པའི་འགྲེལ་བའོ།། ༈ །།དྲུག་པ་སེམས་ཉིད་སྐྱོན་ཡོན་ལས་འདས་པས་གོལ་སྒྲིབ་གཞི་ནས་དག་པའི་ལེའུ་དགུ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ཆོས་ཉིད་དེ་བཞིན་ཉིད་གཅིག་ལས་རང་བཞིན་གསུམ་དུ་སོ་སོར་སྣང་བའི་ཚུལ་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རྒྱུ་འབྲས་ཀྱི་ཐེག་པ་འོག་མ་པ་རྣམས་ཀྱིས་རང་རང་གིས་བགྲོད་པར་བྱ་བའི་ལམ་དེ་དག་སེམས་ཉིད་མ་བཅོས་རྣལ་མའི་དོན་ཇི་བཞིན་མ་རྟོགས་པར་ནོར་བ་ཡིན་པས་རྫོགས་པ་ཆེན་པོའི་ལམ་ལས་གོལ་ས་དང་སྒྲིབ་པར་གྱུར་པ་ལས་སེམས་ཉིད་རང་གི་ངོ་བོ་ལ་གོལ་སྒྲིབ་གཞི་ནས་མི་སྲིད་པའི་ཚུལ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བདུན་ཏེ། གཤིས་སེམས་ཉིད་ཀུན་བྱེད་ཉིད་སྦྱངས་བསྒྲོད་སྤང་གཉེན་ལས་འདས་པས་གོལ་སྒྲིབ་གདོད་ནས་དག་པའི་རང་བཞིན་བསྟན་པ། དེ་ཉིད་མ་རྟོགས་པའི་རྩོལ་སྒྲུབ་ཅན་ལ་གོལ་སྒྲིབ་བྱུང་ཚུལ། རྣལ་མའི་དོན་ལ་གོལ་སྒྲིབ་མེད་པའི་འཐད་པ། རྩོལ་སྒྲུབ་ཅན་ལ་གོལ་སྒྲིབ་བྱུང་བའི་རྒྱུ་མཚན། བྱང་ཆུབ་ཀྱི་སེམས་རྩོལ་སྒྲུབ་ཀུན་ལས་འདས་ཚུལ། རང་བཞིན་བཅུས་རྩོལ་བའི་ཉེས་པ། རྩོལ་སྒྲུབ་ཀུན་ལས་འདས་པའི་རང་བཞིན་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཞེས་བོས་ནས་འདི་ལྟར་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་སྐྱོན་ཐམས་ཅད་ཡེ་དག་དང་ཡོན་ཏན་ཐམས་ཅད་ལྡན་གྱི་རང་བཞིན་ཅན་འདི་ཉིད་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་གྱི་འབྱུང་གནས་ཡིན་པ་དང་ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་དུ་ཁྱབ་ཅིང་གནས་པས་ཆོས་རྣམས་མ་ལུས་པ་ཡི་སྙིང་པོའམ་ངོ་བོ་སྟེ། དེ་ཡི་རང་བཞིན་ནི་ཡེ་གདོད་མ་ཉིད་ནས་མ་སྐྱེས་པའི་ཆོས་ཉིད་སྤྲོས་བྲལ་ཀ་དག་གི་ངོ་བོ་རྣམ་པར་དག་པ་ཡིན་པས་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཀྱི་དྲི་མ་མེད་ཅིང་བླང་དོར་རྩོལ་སྒྲུབ་ཐམས་ཅད་ལས་འདས་པ་ཡིན་ཕྱིར་ད་གསར་དུ་ཚོགས་གཉིས་བསགས་པ་དང་སྒྲིབ་པ་སྦྱང་བ་ལ་སོགས་པའི་སྒོ་ནས་བགྲོད་པར་བྱེད་པའི་ས་ལམ་ཐམས་ཅད་དང་བྲལ་བ་ཡིན་ལ། དེ་ལྟར་ས་ལམ་བགྲོད་དུ་མེད་པའི་རྒྱུ་མཚན་དེ་བས་ན་དེའི་ལྡོགས་ཕྱོགས་སུ་གྱུར་པའི་གོལ་ས་ཡང་མེད་ཅིང་། སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཆོས་ཐམས་ཅད་ཀྱི་འབྱུང་གནས་རང་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཡེ་ནས་སངས་རྒྱས་པའི་ངོ་བོར་ལྷུན་གྱིས་གྲུབ་ཟིན་པས་གཞན་ནས་བཙལ་དུ་མེད་པར་གསུངས་སོ། །དེ་ལྟར་ཡང་གཏིང་རྫོགས་ལས། གཞན་ལས་མ་བཙལ་རང་ལས་རྙེད་པའི་ཕྱིར། །གཉེན་པོས་མ་བསྐྱེད་རང་བཞིན་ཡིན་པས་ན། །ལུས་ངག་ཆེད་དུ་བཙལ་དུ་མེད་པའི་ཕྱིར། །མ་བཙལ་ལྷུན་གྱིས་གྲུབ་པར་ཡིད་ཀྱང་ཆེས། །ཞེས་པ་ལྟར་རོ། །གཉིས་པ་དེ་ཉིད་མ་རྟོགས་པའི་རྩོལ་སྒྲུབ་ཅན་ལ་གོལ་སྒྲིབ་བྱུང་ཚུལ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། འདི་ལྟར་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཀུན་སྙིང་པོ་བྱང་ཆུབ་ཀྱི་སེམས་ལས་ལོགས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་པར་དེ་ཉིད་གཅིག་པུའི་རང་བཞིན་ཡིན་ཀྱང་། ཐེག་པ་འོག་མའི་བློ་ཅན་གྱི་གང་ཟག་རྣམས་ཀྱིས་དེ་ལྟར་མ་ཤེས་པས་བྱང་ཆུབ་ཀྱི་སེམས་གཅིག་པུ་ལ་དབྱེ་བའི་སྒོ་རང་བཞིན་བཅུ་རུ་རྣམ་པར་བགྲང་བས་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་ལས་གཞན་དུ་གོལ་ཞིང་སྙིང་པོ་རྣལ་མའི་དོན་ཉིད་མི་མཐོང་བའི་སྒྲིབ་པ་བྱུང་བ་ཡིན་ཏེ། མདོ་བཅུ་ལས། རང་བཞིན་བཅུ་རུ་བགྲངས་བ་ནི། །སེམས་ཀྱི་ཆ་ཡི་བྱེ་བྲག་སྟེ། །སེམས་ཅན་བློ་ལ་སྣང་བས་བགྲངས། །སེམས་ལ་བགྲངས་བས་གོལ་སྒྲིབ་བྱུང་། །བགྲངས་དུ་མེད་ལ་གོལ་སྒྲིབ་མེད། །བགྲངས་ཏེ་མ་ཤེས་གོལ་སྒྲིབ་ཡིན། །བགྲངས་ཡོད་མཐོང་བས་གོལ་སྒྲིབ་ཡིན། །སེམས་གཅིག་བྱང་ཆུབ་སྙིང་པོ་ལ། །ལྟ་བའི་ཁྱད་པར་དགུ་བགྲངས་ནོར། །ཞེས་སོགས་གསུངས་པ་ལྟར་ལ། འོ་ན་ཨ་ཏི་ཡོ་ག་རང་གི་སྐབས་ན་ཡང་རང་བཞིན་བཅུ་རུ་བགྲངས་དུ་མེད་དམ་དེ་གོལ་སྒྲིབ་ཇི་ལྟར་ཡིན་སྙམ་ན། འདིར་ཨ་ཏི་ཡོ་གའི་གཞུང་ནས་རང་བཞིན་བཅུ་རུ་བགྲངས་བ་ནི་སྙིང་པོ་བྱང་ཆུབ་ཀྱི་སེམས་གཅིག་ལ་མ་བཅོས་ལྷུན་གྲུབ་ཀྱི་ཚུལ་དུ་ཡོན་ཏན་གྱི་ཆེ་བ་བཅུ་རུ་སྣང་བའི་ཚུལ་བསྟན་པ་ཙམ་ལས། དངོས་པོ་ཐ་དད་པ་བཅུ་བགྲང་བ་མ་ཡིན་ཏེ། དེ་ཉིད་ལས། རང་བཞིན་མ་བཅོས་བཅུ་བགྲངས་བ། །བགྲངས་པ་མ་ཡིན་ངོ་བོ་གཅིག །ངོ་བོ་གཅིག་ལ་རང་བཞིན་བཅུ། །བྱང་ཆུབ་སེམས་ཀྱི་ཆེ་བར་བགྲངས། །ཡོན་ཏན་བཅུ་རུ་སྣང་མོད་ཀྱི། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །དུས་གསུམ་བཞུགས་པའི་སངས་རྒྱས་ཀྱིས། །སྔ་རབས་འདས་པས་སྔར་མ་བགྲངས། །ད་ལྟར་བཞུགས་པས་བགྲངས་མི་བྱ། །སླད་ཀྱིས་བྱོན་པའི་སངས་རྒྱས་རྣམས། །སེམས་ཉིད་འདི་ལ་བགྲངས་མི་བྱེད། །བགྲངས་མེད་སེམས་ཀྱི་རང་བཞིན་ལ། །གཅིག་སྟེ་རྣམ་པ་བགྲངས་དུ་མེད། །བགྲངས་དུ་མེད་པའི་སྙིང་པོ་ལ། །གོལ་ས་སྒྲིབ་པ་གཉིས་མེད་དེ། །སེམས་ལ་བགྲངས་དུ་མེད་པའོ། །ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་ཆོས་ཐམས་ཅད་ཡེ་ནས་རིག་པའི་ངང་དུ་རྫོགས་ཞིང་རིག་པ་སྐུ་གསུམ་གྱི་བདག་ཉིད་དུ་སངས་རྒྱས་ཟིན་པ་དེ་ལས་གཞན་ས་ལམ་ལ་རྩོལ་སྒྲུབ་ཀྱིས་བགྲོད་དུ་མེད་པ་ལ་བགྲོད་པར་འདོད་པས་ཐེགས་པ་འོག་མའི་ལམ་དུ་གོལ་ས་བྱུང་ཞིང་། རྫོགས་པ་ཆེན་པོའི་གནས་ལུགས་དམིགས་མེད་ཁྱབ་བརྡལ་ཆེན་པོའི་རང་བཞིན་ཡིན་པ་ལ་ཐེག་པ་རང་རང་གི་ལྟ་བའི་དོན་ལྟར་བལྟས་པས་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་ཞལ་མ་མཐོང་བར་སྒྲིབ་པ་ཡི་དྲི་མ་བྱུང་བ་ཡིན་ནོ། །དེ་ཡང་གོལ་སྒྲིབ་གཉིས་པོ་འདིས་ཁྱད་པར་ནི་ཐེག་པ་གོང་མའི་དོན་མ་ཤེས་པ་སྒྲིབ་པ་དང་འོག་མའི་ལམ་དུ་ནོར་བ་གོལ་ས་ཡིན་པར་གསུངས་ཏེ། དེ་ལས། གོང་མ་མ་ཤེས་སྒྲིབ་པར་བཤད། །འོག་མའི་ལམ་ནོར་གོལ་ས་སྟེ། །ཞེས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སེམས་དཔའ་ཀྲི་ཡ། ཨུ་པ། ཡོ་ག་བཞིའི་སྒྲིབ་པ་དང་། མ་ཧཱ་ཨ་ནུ་གཉིས་ཀྱི་གོལ་བ་རྒྱས་པར་བཤད་པའོ། །དང་པོ་ནི། འདི་ལྟར་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དུ་བཟང་ངན་དང་དབྱེ་བ་མེད་པར་ཐམས་ཅད་མཉམ་ཉིད་གཅིག་གི་རང་བཞིན་ཡིན་པ་ལ་རྒྱུ་ཕ་རོལ་དུ་ཕྱིན་པ་བཅུ་ལ་སྤྱད་པས་དེའི་འབྲས་བུ་རྣམས་ཕྱི་མར་རམ་མ་འོང་པ་ན་འབྱུང་བར་འདོད་པ་བྱང་ཆུབ་སེམས་དཔའི་ཐེག་པ་བ་རྣམས་ནི་བསམ་པ་སྨོན་འཇུག་གི་སེམས་རྣམ་པ་གཉིས་བསྐྱེད་ཅིང་སྦྱོར་བ་ཕ་རོལ་དུ་ཕྱིན་པ་དྲུག་གམ་བཅུ་ཡིས་བསྡུས་པའི་ཚོགས་གཉིས་རྒྱ་མཚོ་ལྟ་བུ་ལ་བསླབས་པའི་སྒོ་ནས་ས་བཅུ་རིམ་གྱིས་བགྲོད་ཏེ་འབྲས་བུ་སངས་རྒྱས་ཀྱི་ས་ཐོབ་པར་འདོད་པ་དེ་ཡིས་བསྐལ་པ་གྲངས་མེད་གསུམ་གྱི་བར་དུ་ཨ་ཏི་རྫོགས་པ་ཆེན་པོའི་དོན་ལས་གཞན་དུ་གོལ་ནས་ཆོས་ཉིད་སྙིང་པོའི་དོན་སྒྲིབ་པར་བྱེད་པ་དང་། དེ་བཞིན་ཀྲྀ་ཡ་སྟེ་བྱ་བའི་རྒྱུད་ཀྱིས་ཕྱི་ནང་རྟོག་པ་གསུམ་པོ་ལྷ་དང་དཀྱིལ་འཁོར་དག་པ། རྫས་དང་ཡོ་བྱད་དག་པ་སྔགས་དང་ཏིང་འཛིན་དག་པ་སྟེ་དག་པ་རྣམ་པ་གསུམ་གྱི་ཚུལ་གྱིས་ལམ་སྒྲུབ་པར་བྱེད་ཅིང་། དེ་ཡང་མཚན་བཅས་ལྷའི་རྣལ་འབྱོར་ལ་དབང་ཐོབ་ཅིང་སེམས་བསྐྱེད་དང་ལྡན་པས་མངོན་པར་བྱང་ཆུབ་པ་ལྔ་དང་ཆོ་འཕྲུལ་རྣམ་པ་བཞིའི་སྒོ་ནས་སམ་སྟོང་པ་ཡི་གེ་སྒྲ་གཟུགས་ལ་སོགས་པ་ཀྲྀ་ཡ་ལྷ་དྲུག་གི་ཚུལ་གྱིས་རིགས་གསུམ་གྱི་ལྷ་བསྒོམ་པ་དང་མཚན་མེད་ཀྱི་རྣལ་འབྱོར་ལྷ་སྣང་མི་དམིགས་པར་བསྡུས་ནས་དོན་དམ་སྟོང་པ་ཉིད་དག་པ་མཐའ་བཞི་བྲལ་བའི་ངང་ལ་འཇོག་པ་དང་། རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པ་ཐམས་ཅད་མི་ཉམས་པ་ཚུལ་བཞིན་དུ་བསྲུང་ཞིང་དག་པར་བྱེད་པ་ཡིན་ན་ཡང་། འབད་རྩོལ་བླང་དོར་ལ་ཞེན་པ་དང་བཅས་པ་ཡིན་པས་མི་ཚེ་བདུན་གྱི་བར་དུ་རྫོགས་པ་ཆེན་པོའི་ལམ་ལས་གོལ་ཞིང་སྒྲིབས་པ་ཡིན་ལ། ཨུ་པ་ཡ་སྟེ་སྤྱོད་པའི་རྒྱུད་དུ་དབང་དང་དམ་ཚིག་དང་ལྡན་པས་མཚན་བཅས་དང་མཚན་མེད་གྱི་རྣལ་འབྱོར་ལ་བརྩོན་པ་སོགས་རྒྱུ་ལམ་ལ་སྤྱོད་ཀྱང་འབྲས་བུ་རྡོ་རྗེ་འཆང་གི་ས་ཐོབ་པར་ལྟ་བ་ནི། ལྟ་བ་ཡོ་ག་དང་སྤྱོད་པ་ཀྲྀ་ཡ་ལྟར་སོ་སོ་ཐ་དད་དུ་བཟུང་ཞིང་གཉིས་སུ་བལྟས་པ་ཡིས་ཆོས་གཉིས་སུ་མེད་པ་བྱང་ཆུབ་སེམས་ཀྱི་གནས་ལུགས་མཐོང་བ་ལ་མི་ཚེ་གསུམ་དུ་སྒྲིབས་ཤིང་གོལ་བ་དང་། ཡོ་ག་སྟེ་རྣལ་འབྱོར་རྒྱུད་ཀྱིས་ཆོས་རྣམས་ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་ཡིན་པ་ལ་རང་ལམ་གྱི་དབང་དང་ལྟ་སྤྱོད་དམ་ཚིག་ལ་སོགས་པ་ལ་བརྟེན་ནས་ཆོས་ལ་བཟང་ངན་དུ་ལྟ་ཞིང་བླང་དོར་བྱེད་པ་དེ་ཡིས་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ཏུ་མ་མཐོང་ཞིང་བདག་དང་ལྷ་གཉིས་སུ་མཐོང་བས་ན། དེ་ལྟ་བུའི་བཟང་ངན་བླང་དོར་གྱི་ཞེན་པ་དང་མ་བྲལ་བར་དུ་སྙིང་པོ་བྱང་ཆུབ་ཀྱི་ལམ་ལས་གོལ་ཞིང་བསྒྲིབས་པ་ཡིན་ནོ། །གཉིས་པ་མ་ཧཱ་ཨ་ནུ་གཉིས་ཀྱི་གོལ་ས་རྒྱས་པར་བཤད་པ་ནི། དེ་ཡང་མ་ཧཱ་ཡོ་ག་བས་ཀུན་བྱེད་རྒྱལ་པོ་རང་བྱུང་གི་ཡེ་ཤེས་གཅིག་ལ་སྣོད་འབྱུང་བ་ལྔ་ཡུམ་ལྔ། བཅུད་ཕུང་པོ་ལྔ་ཡབ་ལྔ། རྒྱུད་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔའི་རང་བཞིན་ཡིན་པ་གསུམ་བསྒོམ་པས་བླང་དོར་རྩོལ་སྒྲུབ་ཀུན་དང་བྲལ་བ་རང་བཞིན་རྫོགས་པ་ཆེན་པོའི་ལུང་ལས་གཞན་དུ་གོལ་བར་གྱུར་པ་ཡིན་ནོ་ཞེས་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་འཁོར་གྱི་ཚོགས་ལ་ལུང་སྟོན་ཅིག་ཅེས་པ་དང་། ཨ་ནུ་ཡོ་ག་བས་ཇི་ལྟར་སྣང་ཞིང་སྲིད་པའི་ཆོས་རྣམས་ལ། སྙིང་པོ་དེ་བཞིན་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མ་རྟོགས་པར་དབྱིངས་སྟོང་པ་ཉིད་དང་ཡེ་ཤེས་གསལ་བའི་ཆ་གཉིས་ཀྱི་སྔ་མ་རྒྱུ་དང་ཕྱི་མ་འབྲས་བུ་སྟེ་རྒྱུ་འབྲས་གཉིས་སུ་བལྟས་པའི་ཕྱིར་ན། རྒྱུ་ཡི་ཆ་ལ་འབྲས་བུ་བསྐྱེད་པར་སྒྲོས་འདོགས་པ་དང་འབྲས་བུའི་ཆ་ལ་རྒྱུ་ལ་ལྟོས་དགོས་པར་སྐུར་བ་འདེབས་པ་ཡིན་པས། རྒྱུ་འབྲས་བླང་དོར་ལས་འདས་པར་ཆོས་ཐམས་ཅད་གདོད་ནས་སྐྱེ་འགག་དང་བྲལ་བར་རང་བྱུང་ཡེ་ཤེས་ཀྱི་ངོ་བོར་མ་རྟོགས་པས་སྒྲོ་སྐུར་གཉིས་དང་བྲལ་བ་རྫོགས་ཆེན་ཨ་ཏིའི་དགོངས་དོན་ལ་ཡིད་ཆེས་ཚུལ་བཞིན་མ་འདྲོང་གི་བར་དུ་ཆོས་ཉིད་ཇི་བཞིན་པའི་དོན་མི་རྟོགས་པར་སྒྲིབ་པར་གསུངས་སོ། །གསུམ་པ་དོན་བསྡུ་ལ་གཉིས་ཏེ། སོ་སོའི་ཐེག་པ་དྲུག་གོལ་སྒྲིབ་ཡིན་པའི་རྒྱུ་མཚན་དང་། མཐར་འཛིན་བྱེད་པའི་གཉིས་བཅས་ཐམས་ཅད་གོལ་སྒྲིབ་ཉིད་དུ་བཤད་པའོ། །དང་པོ་ནི། ཆོས་ཐམས་ཅད་ཡེ་སངས་རྒྱས་པའི་རང་བཞིན་ལས་གཞན་པའི་འབྲས་བུ་ཞིག་ཐོབ་ཏུ་མེད་པའི་རང་བཞིན་ཡིན་པ་ལ་དེ་ལྟར་མ་རྟོགས་པར་ལམ་གྱི་འབད་རྩོལ་ལ་བརྟེན་ནས་རང་རང་གི་ལམ་གྱི་འབྲས་བུ་ངེས་པར་ཐོབ་ཏུ་ཡོད་པར་འདོད་པ་རྣམ་པ་དྲུག་ནི། འབྲས་བུ་མངོན་དུ་ཐོབ་པར་བྱེད་པའི་རྒྱུ་ལ་གཞི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་གཏན་ལ་ཕབ་ནས་ལམ་ཚོགས་གཉིས་ཟུང་འཇུག་ཉིད་དུ་བསྒྲུབ་པའི་ཚུལ་ཉིད་ཀྱིས་འབྲས་བུ་སངས་རྒྱས་ཉིད་ཐོབ་པར་བྱེད་པ་མཚན་ཉིད་ཐེག་པ་དང་། དག་པ་རྣམ་པ་གསུམ་གྱི་སྒོ་ནས་ལམ་ལ་སྤྱད་པས་འབྲས་བུ་ཐོབ་པར་འདོད་པ་ཀྲྀ་ཡ་བ་དང་། ལྟ་སྤྱོད་སོ་སོས་ཏེ་མི་མཐུན་པ་ཆ་གཉིས་སུ་ཉམས་སུ་བླང་བས་འབྲས་བུ་ཐོབ་པར་འདོད་པ་ཨུ་པ་ཡ་དང་། ལྷ་དང་རྟོག་པ་གཙང་དང་རྨེ་བ་ལ་སོགས་བཟང་ངན་བླང་དོར་དུ་སྤྱད་པས་འབྲས་བུ་ཐོབ་པར་འདོད་པ་ཡོ་ག་བ་དང་། སྣོད་བཅུད་རྒྱུད་རྣམས་ལྷའི་རང་བཞིན་དུ་རིག་ཅིང་རྟོགས་པ་དེ་ཉིད་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་སྒོ་ནས་བསྒོམས་པས་འབྲས་བུ་ཐོབ་པར་འདོད་པ་མ་ཧཱ་ཡོ་ག་དང་། རྒྱུ་འབྲས་གཉིས་ཀྱི་རང་བཞིན་དབྱིངས་ཉིད་དང་ཡེ་ཤེས་སུ་སོ་སོར་བལྟས་ནས་ལམ་སྒྲུབ་པ་ཡིས་འབྲས་བུ་ཐོབ་པར་འདོད་པའི་ཐེག་པ་ཨ་ནུ་སྟེ་ངེས་པ་ཐོབ་པའི་ཐེག་པ་རྣམ་པ་དྲུག་པོ་དེ་ནི་རྫོགས་པ་ཆེན་པོའི་ལམ་གྱི་གོལ་ས་དྲུག་དང་། སྒྲིབ་པ་དྲུག་དྲུག་སྟེ། སྙིང་པོ་བྱང་ཆུབ་ཀྱི་སེམས་ལས་གཞན་དུ་གོལ་ཞིང་སྒྲིབ་པའི་སྐྱོན་དང་བཅས་པ་ཡིན་པས། རང་འབྲས་ངེས་པ་རེ་ཐོབ་ཏུ་ཡོད་པར་འདོད་པའི་ཐེག་པ་དྲུག་གི་གོང་མ་ལ་ལྟོས་ནས་འོག་མ་གོལ་སྒྲིབ་ཏུ་གྱུར་པའི་སྐྱོན་དང་འོག་མ་འོག་མ་ལ་ལྟོས་ནས་གོང་མ་གོང་མ་ཡོན་ཏན་དུ་གྱུར་ཚུལ་གསལ་བར་གསུངས་པ་ཡིན་ནོ། །གཉིས་པ་མཐར་འཛིན་བྱེད་པའི་གཉིས་བཅས་གོལ་སྒྲིབ་ཉིད་དུ་བཤད་པ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་བས་རྟོག་དཔྱོད་ཀྱི་ཡུལ་ལས་འདས་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལ་བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས་བསྒོམ་པར་བྱེད་པ་ཉིད་ཀྱང་རྫོགས་པ་ཆེན་པོའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་གོལ་ས་དང་སྒྲིབ་པ་ཡིན་ལ། དེ་བཞིན་དུ་ཀྲྀ་ཡཱ་བས་ཆོས་ཉིད་ཡེ་ནས་གཟུང་འཛིན་བྲལ་བའི་རང་བཞིན་ཡིན་པ་ལ་ད་གདོད་གཟུང་འཛིན་གཉིས་དག་པའི་ཐབས་ལ་བརྩོན་ཅིང་སྒོམ་པར་འདོད་པ་དེ་ཉིད་ཀྱང་གཤིས་ཀྱི་གོལ་ས་དང་སྒྲིབ་པར་བཤད་པ་དང་། ཨུ་པ་ཡས་བྱང་ཆུབ་སེམས་ཀྱི་ངོ་བོ་སྤྲོས་མེད་ཐིག་ལེ་ཉག་གཅིག་གི་དོན་ཡིན་པ་ལ་ལྟ་བ་དང་སྤྱོད་པ་གཉིས་ཆ་མཉམ་དུ་འབྲེལ་བ་ཅན་དུ་བསྒོམ་པར་འདོད་པ་དེ་ཉིད་ཀྱང་གོལ་ས་དང་སྒྲིབ་པའི་སྐྱོན་ཡིན་པར་བཤད་དོ། །གཞན་ཡང་ཡོ་ག་བས་ལྟ་སྤྱོད་བླང་དོར་ཅན་དུ་ལྟ་བ་དང་། མ་ཧཱ་ཡོ་གས་རྩོལ་སྒྲུབ་ཀྱི་སྒོ་ནས་ལམ་བསྒོམ་པ་དང་། ཨ་ནུ་ཡོ་གས་དབྱིངས་དང་ཡེ་ཤེས་རྒྱུ་འབྲས་གཉིས་སུ་ལྟ་ཞིང་ལམ་བསྒོམ་པ་ཀུན་ལས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་འདི་འདས་པ་ཡིན་པས་དེ་དག་ཀུན་ཀྱང་གོལ་སྒྲིབ་ཏུ་བཤད་པ་ཡིན་ཏེ། མདོ་བཅུ་ལས། མདོ་སྡེ་བྱང་ཆུབ་སེམས་དཔའ་ནི། །ཀུན་ཏུ་འོད་ཀྱི་ས་འདོད་པས། །བདེན་པ་གཉིས་ཀྱི་རྟོག་དཔྱོད་པས། །ཆོས་ཉིད་སྟོང་པ་ནམ་མཁར་རྟོགས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། ། རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས། །རྟོག་དཔྱོད་འདས་ལ་མདོ་སྡེས་བསྒྲིབས། །རྫོགས་ཆེན་རྟོག་དང་དཔྱོད་པ་ནི། །མདོ་སྡེ་དག་ཏུ་གོལ་བར་བཤད། །ཀྲྀ་ཡ་རྡོ་རྗེ་འཛིན་འདོད་པ། །དག་པ་རྣམ་གསུམ་སྒོར་ཞུགས་ནས། །ཆོས་ཉིད་དག་པ་འཛིན་པ་སྟེ། །གཟུང་འཛིན་དག་པའི་ཡུལ་ལ་གནས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཟུང་འཛིན་འདས་པའི་བྱང་ཆུབ་སེམས། །གཟུང་འཛིན་འདས་ལ་ཀྲི་ཡས་བསྒྲིབས། །རྫོགས་ཆེན་གཟུང་དང་འཛིན་བྱེད་པ། །ཀྲྀ་ཡཱ་དག་ཏུ་གོལ་བར་བཤད། །ཨུ་པ་ཡ་ཡི་ལྟ་སྤྱོད་ནི། །ཀྲྀ་ཡཱ་སྤྱོད་ཅིང་ཡོ་ག་བསྒྲིབས། །ལྟ་སྤྱོད་འབྲེལ་བའི་དོན་མེད་པས། །གཉིས་སུ་མེད་པའི་དོན་མ་རྟོགས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །གཉིས་སུ་མེད་ལ་ཨུ་པས་བསྒྲིབས། །རྫོགས་ཆེན་གཉིས་སུ་འབྱེད་པ་ནི། །ཨུ་པ་ཡ་རུ་གོལ་བར་བཤད། །ཡོ་ག་སྟུག་པོ་བཀོད་འདོད་པས། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཕྱག་རྒྱ་བཞི་ལ་གཙོར་བྱེད་པ། །བླང་དོར་མེད་ལ་འཇུག་མ་ནུས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །བླང་དོར་མེད་ལ་ཡོ་གས་བསྒྲིབས། །རྫོགས་ཆེན་བླང་དང་དོར་བྱེད་པ། །ཡོ་ག་དག་ཏུ་གོལ་བར་བཤད། །མ་ཧཱ་རྡོ་རྗེ་འཆང་འདོད་པ། །ཏིང་འཛིན་རྣམ་གསུམ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་བསྒྲུབ་རྣམ་བཞིའི་སྒྲུབ་པར་བྱེད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་སྒྲུབ་འདས་ལ་མ་ཧཱས་བསྒྲིབས། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་པ་འདོད་པས། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །རྒྱུ་ནི་དག་པའི་དབྱིངས་སུ་བལྟ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་བལྟ། །ཨ་ཏི་ཡོ་གའི་བྱང་ཆུབ་སེམས། །རྒྱུ་འབྲས་དག་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་བལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཐེག་པ་དག་གི་གོལ་སྒྲིབས་སོ། །ཞེས་སོ། །དེས་ན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་དམིགས་མཚན་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་ཞེན་འཛིན་གྱི་རྩོལ་བ་གང་ཡང་མི་མངའ་བས་མི་རྩོལ་མི་བསྒྲུབ་པའི་རང་བཞིན་ཅན་ཡིན་ཀྱང་། དེ་ལྟ་བུའི་གནས་ལུགས་འགྱུར་མེད་བདེ་བ་ཆེ་བའམ་ཆེན་པོའི་གནས་ལུགས་གདོད་ནས་བསལ་བཞག་བྲལ་བའི་རང་བཞིན་འདི་ལ་ཐེག་པ་འོག་མ་ཀུན་གྱིས་བླང་དོར་རྩོལ་སྒྲུབ་བྱས་པའི་དབང་གིས་གོལ་ཞིང་སྒྲིབ་པ་ཡིན་ནོ། །གསུམ་པ་རྣལ་མའི་དོན་ལ་རྩོལ་སྒྲུབ་མེད་པར་བསྟན་པ་ནི། འདི་ལྟར་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་ཆོས་ཉིད་ཡངས་པ་ཆེན་པོ་དཔེ་ནམ་མཁའ་ལྟ་བུ་སྟེ། དེ་ལྟར་ནམ་མཁའ་ལྟ་བུ་ཡི་སེམས་ཉིད་སྐྱེ་བ་མེད་པ་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་གདོད་ནས་ཡེ་སངས་རྒྱས་པའི་བདག་ཉིད་དེ་ལ་ལྟ་བས་གཏན་ལ་ཕབ་ནས་བསྒོམ་དུ་མེད་དེ་དམིགས་མེད་བློ་ལས་འདས་པའི་ཕྱིར་དང་དམ་ཚིག་བསྲུང་དུ་མེད་དེ་ཡེ་ནས་འདའ་ཉམས་དང་བྲལ་བའི་ཕྱིར་དང་། དོན་གཉིས་ལྷུན་གྱིས་གྲུབ་པས་ཕྲིན་ལས་བཙལ་དུ་མེད་པ་དང་སྒྲིབ་གཉིས་གཞི་ནས་གྲོལ་བས་ཡེ་ཤེས་སྒྲིབ་པ་མེད་པ་དང་། མ་བགྲོད་ཡེ་ནས་ནོན་པས་ས་ལ་སྦྱང་དུ་མེད་པ་དང་། འབྲས་བུ་གཞི་ལ་རྫོགས་པས་བགྲོད་པའི་ལམ་ལྔ་ཡང་མེད་པ་དང་། གཟུང་འཛིན་གདོད་ནས་དག་པས་ཕྲ་བ་ཆོས་ཉིད་ཙམ་ཡང་མེད་པ་དང་། སེམས་ཉིད་གཅིག་གི་རང་བཞིན་ལ་ཐ་དད་གཉིས་སུ་གྲུབ་པ་མེད་པས་རྒྱུད་ཀྱི་འབྲེལ་བ་མེད་པ་དང་། བྱང་ཆུབ་སེམས་ལས་གཞན་པའི་ངེས་པའི་ལུང་གིས་གཏན་ལ་འབེབས་པ་མེད་པ་དང་། སེམས་ཉིད་ཡེ་ན་སྒྲོ་སྐུར་ལས་འདས་པས་མན་ངག་གིས་ལ་བཟླར་ཏེ་ལ་བཟླ་བར་བྱ་བ་ཙམ་ཡང་མེད་པ་དེ་ནི་ཨ་ཏི་རྫོགས་པ་ཆེན་པོའི་རིག་པ་བྱང་ཆུབ་སེམས་ཀྱི་ལྟ་བ་རྒྱུ་འབྲས་རྩོལ་སྒྲུབ་ཐམས་ཅད་དང་བྲལ་བ་ཡིན་པར་གསུངས་པའོ། །དེ་ལྟར་རྫོགས་ཆེན་བྱང་ཆུབ་སེམས་ཀྱི་གནས་ལུགས་ལ་རང་བཞིན་བཅུའི་རྩོལ་ཞིང་བསྒྲུབ་ཏུ་མེད་པའི་ཚུལ་ཀྱང་དེ་ཉིད་ལས། རྫོགས་ཆེན་ཤིན་ཏུ་རྣལ་འབྱོར་གྱི། །ལྟ་བ་བསྒོམ་དུ་མེད་པ་ཡིན། ། དམ་ཚིག་བསྲུང་དུ་མེད་པ་ཡིན། །ཕྲིན་ལས་བཙལ་དུ་མེད་པ་ཡིན། །ཡེ་ཤེས་སྒྲིབ་པ་མེད་པ་ཡིན། །ས་ལ་སྦྱང་དུ་མེད་པ་ཡིན། །ལམ་ལ་བསྒྲོད་དུ་མེད་པ་ཡིན། །ཕྲ་བ་གཟུང་འཛིན་བྲལ་བ་ཡིན། །རྒྱུད་ཀྱི་རང་བཞིན་འབྲེལ་བ་ཡིན། །ལུང་གི་རང་བཞིན་ཐོབ་ཏུ་འབེབས། །མན་ངག་དག་གིས་ལ་ཡང་བཟླ། །རྫོགས་ཆེན་ཤིན་ཏུ་རྣལ་འབྱོར་གྱི། །རང་བཞིན་བཅུ་ནི་དེ་ལྟར་རོ། །ཞེས་གསུངས་པ་ནི་བྱང་ཆུབ་ཀྱི་སེམས་གཅིག་པུ་ལ་ལྡོག་པས་ཕྱེ་བ་ཙམ་ལས་མེད་པར་བསྟན་པའོ། །བཞི་པ་རྩོལ་སྒྲུབ་ཅན་ལ་གོལ་སྒྲིབ་བྱུང་བའི་རྒྱུ་མཚན་ནི། བློའི་སྤྱོད་ཡུལ་ལས་འདས་པས་ལྟ་བས་བལྟར་མེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་གཅིག་ལ་བྱིས་པའི་བློ་ཅན་རྣམས་ཀྱིས་བཏགས་པའི་ཐེག་པ་དྲུག་གི་སྒོམ་བྱེད་ཀྱི་བློ་དྲུག་དུ་བྱུང་བས། ཨ་ཏི་ཡེ་གྲོལ་ཆེན་པོའི་ལམ་ལས་གཞན་དུ་ཐེག་པ་འོག་མའི་ལམ་ལ་གོལ་ས་དང་གནས་ལུགས་ཀྱི་རང་ཞལ་ལ་བསྒྲིབས་པའི་ལྟ་བའི་གོལ་སྒྲིབ་བྱུང་བ་ཡིན་ནོ། །དེ་བཞིན་དུ་བསྲུང་བྱ་བསྲུང་བྱེད་ལས་འདས་པས་དམ་ཚིག་བསྲུང་དུ་མེད་པའི་རང་བཞིན་ཆོས་ཉིད་ཐིག་ལེ་ཉག་གཅིག་ལ་འོག་མའི་ཐེག་པ་དྲུག་གིས་རང་རང་གི་སྡོམ་པ་མི་འདྲ་བ་དྲུག་བསྲུང་བས་རྫོགས་ཆེན་བསྲུང་དུ་མེད་པའི་དམ་ཚིག་ལས་འོག་མའི་ལམ་ལ་གོལ་ས་དང་ཡེ་བསྲུང་ཆེན་པོའི་དོན་ལ་སྒྲིབ་པའི་དམ་ཚིག་གི་གོལ་སྒྲིབ་བྱུང་བ་དང་། དོན་གཉིས་བསྒྲུབ་པའི་ཕྲིན་ལས་བཙལ་དུ་མེད་པར་ཆོས་ཉིད་གཅིག་གི་རང་བཞིན་ཡིན་པ་ལ་ཐེག་པ་འོག་མ་རྣམས་ཀྱིས་སོ་སོའི་ལམ་གྱི་ཕྲིན་ལས་ཀྱི་མཛད་པ་དྲུག་ལ་བརྩོལ་སྒྲུབ་བྱས་པས་བྱར་མེད་ཀྱི་ལམ་ལ་གོལ་ས་དང་དེ་ལ་བསྒྲིབས་པར་གྱུར་པའི་ཕྲིན་ལས་ཀྱི་གོལ་སྒྲིབ་བྱུང་བ་དང་། གདོད་ནས་རང་བཞིན་གྱིས་འོད་གསལ་ཞིང་གཟུང་འཛིན་གྱི་བསྒྲིབས་པ་མེད་པའི་རང་བྱུང་གི་ཡེ་ཤེས་གཅིག་ལ་ཐེག་པ་འོག་མའི་བློས་བཏགས་ཀྱི་ཡེ་ཤེས་དྲུག་གི་འཛིན་པ་བྱུང་བས་འོག་མའི་ལམ་ལ་གོལ་ས་དང་རིག་པའི་རང་ཞལ་ལ་བསྒྲིབ་པའི་ཡེ་ཤེས་ཀྱི་གོལ་སྒྲིབ་བྱུང་བ་དང་། བསྒྲིབ་པ་ཡེ་ནས་མེད་པས་སྦྱངས་བར་བྱར་མེད་པའི་མ་བཅོས་ཡེ་ཤེས་བླ་མའི་ས་གཅིག་གི་བདག་ཉིད་ཡིན་པ་ལ་བསྒྲིབས་པ་སྦྱངས་བའི་སྒོ་ནས་ས་བཅུ་རིམ་གྱིས་ཐོབ་པར་ཞེན་པ་དྲུག་ཏུ་བྱུང་བས་འོག་མའི་ལམ་ལ་གོལ་བ་དང་རྫོགས་ཆེན་དོན་ལ་བསྒྲིབས་པའི་ས་ཡི་གོལ་སྒྲིབ་བྱུང་བ་དང་། ལམ་ལ་བསྒྲོད་དུ་མེད་པར་གཞི་འབྲས་དབྱེར་མེད་ཆེན་པོ་གཅིག་གི་རང་བཞིན་ཡིན་པ་ལ་ལམ་བགྲོད་པར་འདོད་པའི་འོག་མའི་ཐེག་པ་དྲུག་ཏུ་བྱུང་བས་འོག་མའི་ལམ་ལ་གོལ་ཞིང་གོང་མའི་རང་བཞིན་ལ་སྒྲིབ་པའི་ལམ་གྱི་གོལ་སྒྲིབ་བྱུང་བ་དང་། དངོས་པོའི་ཆོས་ཉིད་གང་དུ་ཡང་མ་གྲུབ་པས་གཟུང་བའི་ཡུལ་དུ་མེད་པ་ཆོས་དབྱིངས་གཅིག་གི་རང་བཞིན་ཡིན་པ་ལ་འཛིན་བྱེད་ཡུལ་ཅན་གྱི་དབྱེ་བ་དྲུག་ཏུ་བྱུང་བས་ལ་གོལ་ལ་བསྒྲིབས་ཕྲ་བ་ཆོས་ཉིད་ཀྱི་གོལ་སྒྲིབ་བྱུང་བ་དང་། ཆོས་ཐམས་ཅད་ལ་འབྲེལ་བྱ་འབྲེལ་བྱེད་ཐ་དད་དུ་མ་གྲུབ་པར་གཉིས་མེད་བློ་འདས་ཆེན་པོ་གཅིག་གི་རང་བཞིན་ལ་ཆོས་དང་ཆོས་ཅན་འཁོར་བ་དང་མྱང་འདས་གཞི་ལམ་འབྲས་བུ་སོགས་གཉིས་བཅས་འབྲེལ་བ་ཅན་དུ་འཛིན་པ་དྲུག་ཏུ་བྱུང་བས་ལ་གོལ་ལ་བསྒྲིབས་འབྲེལ་བའི་དོན་ཅན་རྒྱུད་ཀྱི་གོལ་སྒྲིབ་བྱུང་བ་དང་། རང་བྱུང་ཡེ་ཤེས་ཆེན་པོ་བདེན་པ་དབྱེར་མེད་གཅིག་ལས་མེད་པ་ལ་ཐེག་པ་སོ་སོའི་རྟོགས་ཚུལ་གྱིས་གཏན་ལ་དབབ་བྱའི་ངེས་པའི་བདེན་པ་དྲུག་ཏུ་བྱུང་བས་ལ་གོལ་ལ་བསྒྲིབས་ལུང་གི་གོལ་སྒྲིབ་བྱུང་བ་དང་། ངག་ཚིག་གིས་བརྗོད་དུ་མེད་པའི་ཆོས་ཉིད་གཅིག་གི་རང་བཞིན་པ་ལ་བརྗོད་བྱེད་ཀྱི་ཐེག་པ་དྲུག་ཏུ་བྱུང་བས་འོག་མའི་སྒྲ་ཚིག་མཚན་མའི་ཡུལ་དུ་ཞེན་པའི་ལམ་ལ་གོལ་བ་དང་རྫོགས་ཆེན་བརྗོད་མེད་ཀྱི་དོན་ལ་བསྒྲིབས་པའི་མན་ངག་གི་གོལ་སྒྲིབ་བྱུང་བ་ཡིན་ནོ་ཞེས་པའོ། །ལྔ་པ་བྱང་ཆུབ་ཀྱི་སེམས་རྩོལ་སྒྲུབ་ཀུན་ལས་འདས་པ་ནི། འདི་ལྟར་ཆོས་རྣམས་མ་ལུས་པ་ཀུན་གྱི་སྙིང་པོ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་འདི་ནི་ཡེ་གདོད་ནས་རང་གི་རང་བཞིན་འབད་རྩོལ་ལ་མ་ལྟོས་པར་ལྷུན་གྱིས་གྲུབ་ཟིན་པ་ཡིན་པས་ན། ཕྱི་ནས་ལྟ་བ་དང་དམ་ཚིག་ལ་སོགས་པ་རང་བཞིན་བཅུ་ཡིས་གཞན་ནས་བཙལ་ཞིང་སྒྲུབ་པར་བྱེད་མི་དགོས་པར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ནི་དུས་དང་རྣམ་པ་ཀུན་ཏུ་རྒྱུ་རྐྱེན་རྩོལ་སྒྲུབ་གང་ལའང་མི་ལྟོས་པ་དཔེ་ནམ་མཁའ་ཇི་འདྲ་བ་དེ་བཞིན་མཐོང་ཐོས་ལ་སོགས་པའི་དམིགས་པའི་སྤྱོད་ཡུལ་ཀུན་དང་བྲལ་བ་ཡིན་ལ་དེས་ན་ནམ་མཁའ་དག་ལ་མཁས་བླུན་ཀུན་གྱིས་ཀྱང་བྱ་བ་གང་ཡང་རྩོལ་བར་མི་བྱེད་ཀྱང་ནམ་མཁའ་དག་ལ་སུ་ཀུན་གྱིས་ཀྱང་རྩོལ་བར་བྱ་རུ་མ་དམིགས་ལ། དེ་ལྟར་ནམ་མཁའ་རང་ཉིད་མ་གྲུབ་ཅིང་གཞི་མེད་རྩ་བྲལ་གྱི་རང་བཞིན་ཡིན་པས་སུ་ཀུན་གྱིས་བྱས་ཤིང་རྩོལ་སྒྲུབ་བྱེད་པའི་ཡུལ་ཀུན་ལས་འདས་པ་དེ་བཞིན་དུ་ཀུན་བྱེད་སྙིང་པོ་བྱང་ཆུབ་ཀྱི་སེམས་ང་ཉིད་ཚུལ་མཐོང་གི་ཤེས་པའི་སྤྱོད་ཡུལ་ཀུན་ལས་འདས་ཤིང་མ་གྲུབ་པའི་ཕྱིར་ན། ཀུན་བྱེད་གདོད་མའི་གཤིས་ལུགས་རིག་པ་རང་བྱུང་གི་ཡེ་ཤེས་ང་ལ་ལྟ་བས་བལྟར་མེད་ལ་ཡིད་ཀྱིས་བསྒོམ་དུ་ཡེ་ནས་མེད་དེ་བསྒམ་བྱ་ཡུལ་དང་སྒོམ་བྱེད་ཀྱི་བློ་གཉིས་དང་བྲལ་བའི་ཕྱིར་དང་། དེ་བཞིན་དུ་གོང་དུ་བསྟན་པའི་རང་བཞིན་བཅུ་པོ་དེས་ཀྱང་ནི་བློ་འདས་གཉུག་མའི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བ་ང་ལ་འབད་རྩོལ་གྱི་བྱ་བ་ཅི་ཡང་བྱ་རུ་ཡོད་པ་མ་ཡིན་ནོ། །ཞེས་སོ། །དྲུག་པ་རང་བཞིན་བཅུའི་རྩོལ་བའི་ཉེས་པ་ནི། དེ་ལྟར་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ཡེ་ནས་བྱ་རྩོལ་གྱི་ཡུལ་ལས་འདས་པ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུའི་ཐེག་པ་ཅན་སྔགས་འོག་མ་བ་རྣམས་ཀྱི་རང་བཞིན་བཅུ་པོ་དེ་ཡིས་རང་བྱུང་རིག་པ་བྱང་ཆུབ་ཀྱི་སེམས་ང་ལ་རྩོལ་སྒྲུབ་ཆེན་པོས་བཙལ་བར་བྱས་པའི་སྒོ་ནས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་དང་ང་ཡི་རང་བཞིན་ཆོས་དབྱིངས་དམིགས་མཐའ་དང་བྲལ་བ་མཐོང་བར་འདོད་པས་ཨ་ཏི་ཡེ་གྲུབ་ཆེན་པོའི་དོན་ལས་ཉམས་པར་གྱུར་པ་དཔེར་ན་ནམ་འཁའ་ལ་གོམ་པ་བོར་ཞིང་འགྲོ་བར་འདོད་པའི་གང་ཟག་དེ་ས་ལ་ལྟུང་བ་མ་གཏོགས་མཁའ་ལ་འགྲོ་བའི་ཡུལ་མེད་པ་བཞིན་དུ་རང་བཞིན་བཅུ་པོས་ས་ལམ་བགྲོད་པར་འདོད་པས་ཐེག་པ་འོག་མའི་ལམ་དུ་ལྟུང་ཞིང་གོལ་བར་འགྱུར་རོ་ཞེས་གསུངས་པའོ། །བདུན་པ་རྩོལ་སྒྲུབ་ཀུན་ལས་འདས་པའི་རང་བཞིན་བཤད་པ་ལ་བཞི་སྟེ། ཡེ་ནས་གང་དུའང་དམིགས་པ་ཐམས་ཅད་ལས་འདས་པ། གཟུང་འཛིན་གཉིས་བཅས་ལས་འདས་པས་ཡེ་ནས་བྱ་བ་རྩལ་མེད་པར་ལ་བཟླ་བ་གོལ་སྒྲུབ་ཀྱི་ངེས་ཚིག་བཤད་པ། ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་བསྟན་པའོ། །དང་པོ་ལ་ལྔ་སྟེ། སེམས་ཉིད་ལྟ་སྒོམ་ལས་འདས་པ། །བསྲུང་སྡོམ་རྩོལ་སྒྲུབ་ལས་འདས་པ། །སྒྲིབ་མེད་སྦྱངས་བསྒྲོད་ལས་འདས་པ། །གཞི་བྲལ་ངོས་བཟུང་ལས་འདས་པ། །མཆོག་གསང་སྤྲོས་པ་ལས་འདས་པའོ། །དང་པོ་ནི། དེ་ལ་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ཇི་ལྟར་གནས་པའི་ཚུལ་མ་ནོར་ངེས་པར་བྱེད་པའི་ཐབས་སུ་མན་ངག་དོན་གྱི་ཁུངས་སམ་ལུང་ཟབ་མོ་བསྟན་པ་ནི་ང་ནི་རང་བཞིན་བཅུ་པོས་རྩོལ་ཞིང་སྒྲུབ་པའི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར་ན་བལྟ་བྱ་ལྟ་བྱེད་ཀྱི་ཚུལ་དུ་མཚན་འཛིན་དམིགས་པའི་བློ་ཡིས་ལྟ་བ་བསྒོམ་དུ་མེད་པ་ཡིན་ཞིང་། དེ་བཞིན་ཏུ་དམ་ཚིག་ཕྲིན་ལས་ལ་སོགས་པ་རང་བཞིན་བཅུ་ག་ལ་རྩོལ་བར་འདོད་པ་ཐམས་ཅད་ལྟ་བ་བསྒོམ་དུ་མེད་པ་དེ་བཞིན་དུ་ངལ་བ་ཚི་ཆད་ཀྱི་རྒྱུ་ཙམ་ལས་དོན་འབྲས་ཐོབ་ཏུ་མེད་པའི་རྒྱུ་མཚན་དེ་ཉིད་ཀྱིས་ན་རང་བཞིན་བཅུ་ལ་རྩོལ་སྒྲུབ་བྱས་པས་དོན་ཡོད་པར་མ་རྟོགས་ཤིག །རྒྱུ་མཚན་དེས་ན་སེམས་ཉིད་ནམ་མཁའ་ལྟ་བུ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་ལ་ནི་ཡོད་མེད་དང་སྣང་སྟོང་སོགས་གང་དུ་བལྟས་པས་ཀྱང་མཐོང་བའི་ཡུལ་དུ་གྲུབ་པ་མེད་པས། དམིགས་མཚན་སྤྲོས་པའི་སྤྱོད་ཡུལ་གང་དུའང་ལྟ་བར་མ་བྱེད་པར་གཤིས་ལུགས་བཅོས་བསྒྱུར་དང་བྲལ་བ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་རང་བབས་སུ་ཞོག་ཅིག་ཅེས་ལྟ་བ་སྒོམ་དུ་མེད་པར་གདམས་ཏེ། ཀློང་ཆེན་རབ་འབྱམས་ལས། བྱང་ཆུབ་སེམས་ལ་བཙལ་དུ་ཡེ་ནས་མེད། །ཇི་བཞིན་ངང་ལ་མ་བཅོས་གང་དགར་ཐོང་། །བདག་གཞན་ཡུལ་ཅན་ཡེ་ནས་མེད་པས་ན། །མཉམ་པ་རིས་མེད་རིག་པ་གང་དགར་ཐོང་། །རྟག་ཏུ་དེ་དང་འདུ་འབྲལ་མེད་པས་ན། །གཉིས་སུ་ཡུལ་མེད་རིས་མེད་གང་དགར་ཐོང་། །ཞེས་པ་ལྟར་དང་། མདོ་བཅུ་ལས། སྙིང་པོ་བྱང་ཆུབ་རང་བཞིན་ལ། །གཞན་དུ་བལྟ་བའི་ཡུལ་མེད་པས། །ལྟ་བ་བསྒོམ་དུ་མེད་པ་ཡིན། ཅེས་སོ། །གཉིས་པ་ནི། རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ནི་གདོད་ནས་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བ་མ་སྐྱེས་ཀ་ནས་དག་པ་ཡིན་པས་ལས་ཉོན་གྱི་ཟག་པ་དང་བྲལ་བར་བྱ་བའི་རྒྱུ་སྡོམ་པ་དང་དམ་ཚིག་བསྲུང་བར་བྱ་བ་གང་ཡང་མེད་པས་ཐེག་པ་འོག་མ་ལྟར་དུ་སྡོམ་པ་དང་ནི་ཚུལ་ཁྲིམས་བསྲུང་མི་དགོས་ཞེས་དམ་ཚིག་བསྲུང་དུ་མེད་པར་བསྟན་པ་དང་། ཀློང་ཆེན་རབ་འབྱམས་ལས། གཅིག་ལ་ཀུན་རྫོགས་མ་སྤངས་རང་སར་གྲོལ། །སངས་རྒྱས་སྐུ་དང་སེམས་ཅན་ཉོན་མོངས་ལུས། །ཇི་ལྟར་སྣང་བ་ཐམས་ཅད་རིག་པའི་རྒྱན། །ཉོན་མོངས་དུག་ལྔ་ཡེ་ཤེས་བདུད་རྩི་སྟེ། །འཁོར་བའི་གཡང་ས་བྱང་ཆུབ་ལམ་དུ་དྲངས། །དུག་གསུམ་སྐུ་གསུམ་ཀློང་དུ་གཏན་སྤྲུགས་ཏེ། །སྐྱེ་ཤི་རྩད་གཅོད་ཁམས་གསུམ་ཡོངས་སུ་གྲོལ། །ཞེས་གསུངས་པ་ལྟར་ཁམས་གསུམ་རྒྱུད་དྲུག་གི་འགྲོ་བ་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སྙིང་པོར་ཡེ་ནས་ལྷུན་གྱིས་གྲུབ་ཅིང་སངས་རྒྱས་ཟིན་པའི་ཕྱིར་ན་དེ་ལས་གཞན་དུ་ཕྲིན་ལས་ཞིག་རྩོལ་བར་དང་ནི་འབད་པས་བསྒྲུབ་པ་བྱ་མི་དགོས་སོ་ཞེས་ཕྲིན་ལས་བསྒྲུབ་ཏུ་མེད་པར་བསྟན་པ་སྟེ། སྔ་མ་ལས། སྙིང་པོ་བྱང་ཆུབ་སེམས་དེ་ལ། །གཟུང་འཛིན་མེད་པའི་རང་བཞིན་གྱིས། །དམ་ཚིག་བསྲུང་དུ་མེད་པ་ཡིན། །སྙིང་པོ་བྱང་ཆུབ་སེམས་དེ་ལ། །ལྷུན་གྱིས་གྲུབ་པའི་རང་བཞིན་གྱིས། །ཕྲིན་ལས་བཙལ་དུ་མེད་པ་ཡིན། །ཅེས་གསུངས་སོ། །གསུམ་པ་ནི། སྙིང་པོ་རང་བྱུང་གི་ཡེ་ཤེས་ལ་མ་རིག་པའི་མུན་པས་སྒྲིབ་པ་གདོད་ནས་མེད་པའི་ཕྱིར་ན། ཀུན་མཁྱེན་བླ་མས། འདི་ནི་ཉི་མའི་སྙིང་པོ་དེ་ཉིད་དོན། །རང་བཞག་འོད་གསལ་མི་གཡོ་གནས་པར་འདོད། །གཞན་ནི་སྤྲིན་དང་མུན་སེལ་རྩོལ་སྒྲུབ་ཀྱིས། །ཉི་མ་གདོད་སྒྲུབ་བྱེད་དང་མཚུངས་པར་བསྟན། །ཞེས་གསུངས་པ་བཞིན་དུ་དཔེར་ན་ཉི་མའི་ངོས་ལ་སྤྲིན་གྱིས་སྒྲིབ་པ་ཡོད་མ་མྱོང་པའི་ཕྱིར་སྤྲིན་བསལ་ནས་ཉི་མ་གསལ་བར་བསྐྱེད་དུ་མེད་པ་ལྟར་རང་བྱུང་རིག་པའི་ཡེ་ཤེས་ཡེ་ནས་འོད་གསལ་བའི་རང་བཞིན་དུ་གནས་པ་དེ་ལ་ནི་གསར་དུ་བླང་དོར་རྩོལ་སྒྲུབ་ཀྱི་སྒོ་ནས་ལས་ཉོན་གཟུང་འཛིན་གྱི་སྒྲིབ་པ་བསལ་ཞིང་ཡེ་ཤེས་ཀྱི་རང་བཞིན་གསལ་བར་བསྐྱེད་དུ་མེད་དོ་ཞེས་ཡེ་ཤེས་བསྐྱེད་དུ་མེད་པར་བསྟན་པ་དང་། སྲིད་པ་གསུམ་གྱིས་བསྡུས་པའི་འགྲོ་བ་ཐམས་ཅད་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་ཡི་ས་རུ་ཡེ་ཐོག་མའི་དུས་ནས་གནས་ཤིང་དེ་ལས་སྐད་ཅིག་ཀྱང་གཡོ་བ་མེད་པའི་ཕྱིར་ན་སྒྲིབ་པ་སྦྱངས་བ་སོགས་འབད་རྩོལ་གྱི་སྒོ་ནས་བསྒྲོད་པར་བྱེད་པའི་ས་ཡི་གོ་རིམ་ཀྱང་ནི་ཡོད་པ་མ་ཡིན་ནོ། །ཞེས་ས་ལ་སྦྱང་དུ་མེད་པ་དང་། ཀུན་བྱེད་ང་ཡིས་འཁོར་འདས་ཀུན་ལ་ཡེ་ནས་ཁྱབ་ཅིང་དབྱེར་མེད་པར་གནས་པའི་ཕྱིར་ན་ཆོས་རྣམས་ཀུན་གྱི་གནས་ལུགས་འགྱུར་བ་མེད་པའི་ཡེ་ཤེས་སྲིད་ཞི་ཀུན་ཁྱབ་ཆེན་པོ་ང་ལ་གཞན་དུ་བགྲོད་པར་བྱ་བའི་ལམ་ལྔ་ཡང་ཡོད་པ་མིན་པའི་ཚུལ་ཤེས་པར་བྱའོ་ཞེས་ས་ལམ་ལ་བགྲོད་དུ་མེད་པར་བསྟན་པ་སྟེ། མདོ་བཅུ་ལས། སྙིང་པོ་བྱང་ཆུབ་སེམས་འདི་ལ། །སྒྲིབ་པ་མེད་པའི་རང་བཞིན་གྱིས། །ཡེ་ནས་རང་བྱུང་ཡེ་ཤེས་ཡིན། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །ཐམས་ཅད་འདི་ལ་གནས་པའི་ཕྱིར། །ས་ཞེས་བྱ་བ་སྦྱང་དུ་མེད། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །གཞན་དུ་བགྲོད་དུ་མེད་པའི་ཕྱིར། །ལམ་ལ་བགྲོད་དུ་མེད་པ་ཡིན། །ཅེས་གསུངས་སོ། །བཞི་པ་ནི། ཆོས་ཉིད་སྙིང་པོ་རང་བྱུང་གི་ཡེ་ཤེས་ང་ནི་ཡེ་ནས་ཕྱིར་བཟུང་བ་དང་། ནང་འཛིན་པའི་སེམས་གཉིས་དང་བྲལ་བའི་གཞི་གྲོལ་བློ་ལས་འདས་པ་ཡིན་པའི་ཕྱིར་ན་ཕྲ་བ་ཆོས་ཉིད་ཀྱི་རང་བཞིན་ཞེས་པ་ཙམ་དུ་ཡང་ནི་མིང་དུ་གདགས་པ་དང་སེམས་ཀྱི་དམིགས་གཏད་སོགས་སུ་བྱ་བའི་ཡུལ་དུའང་གྲུབ་པ་མེད་དོ་ཅེས་ཕྲ་བ་ཆོས་ཉིད་མེད་པ་བསྟན་པ་དང་། གང་སྣང་ཇི་ཤར་ཐམས་ཅད་ཀུན་བྱེད་རྒྱལ་པོའི་སྐུ་ཡི་བཀོད་པ་ཡིན་པས་སྙིང་པོ་ང་ཡི་གཟུགས་ཀྱིས་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཀུན་ལ་མ་ཁྱབ་པ་མེད་པར་ཁྱབ་ཅིང་དབྱེར་མེད་པའི་ཕྱིར་ན་འཁོར་འདས་གཉིས་ཤེས་བྱ་བ་སོགས་གཉིས་ཆོས་ཐམས་ཅད་ཡེ་ནས་ཡོད་པ་མ་ཡིན་པས་འབྲེལ་བྱ་དང་འབྲེལ་ཡུལ་མེད་པའོ་ཞེས་འབྲེལ་བ་རྒྱུད་ཀྱི་རང་བཞིན་མེད་པར་བསྟན་པ་སྟེ། དེ་ཉིད་ལས། སྙིང་པོ་བྱང་ཆུབ་སེམས་འདི་ནི། །ཡེ་ནས་ཆོས་ཉིད་ཡིན་པའི་ཕྱིར། །ཕྲ་བ་དག་གི་རང་བཞིན་ཡིན། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །སངས་རྒྱས་སེམས་ཅན་གཉིས་སྣང་བ། །འབྲེལ་བ་རྒྱུད་ཀྱི་རང་བཞིན་ཡིན། །ཅེས་པའི་ལུང་འདི་ཉིད་ཀྱིས་སྒྲུབ་པའི་ཚུལ་དུ་བསྟན་པ་ནི་བྱང་ཆུབ་སེམས་ལ་ལྡོག་པའི་ཆ་ནས་དབྱེ་ན་ཡོན་ཏན་དེ་དག་ཚང་ཚུལ་བསྟན་པ་དང་། འདིར་གཞུང་ལས་དགག་པའི་ཚུལ་གྱིས་བསྟན་པ་ནི་ཐེག་པ་འོག་མས་བརྟགས་པ་ལྟ་བུའི་རང་རྒྱུད་པ་མེད་པར་བསྟན་པ་གཉིས་འགལ་མེད་དུ་གོ་བར་བྱའོ། །ལྔ་པ་ནི། ཀུན་བྱེད་ང་ནི་ཡེ་གདོད་ནས་རང་བྱུང་ཡེ་ཤེས་ཆེན་པོ་རྒྱུ་རྐྱེན་གང་ལ་མི་ལྟོས་པར་འགྱུར་མེད་འདུས་མ་བྱས་པའི་རང་བཞིན་ཡིན་ཞིང་ཇི་ལྟར་སྣང་བའི་ཆོས་ཀུན་ཀྱང་དེའི་རང་བཞིན་དུ་གཏན་ལ་ཕེབས་ཟིན་པ་ཡིན་པའི་ཕྱིར་ན་ང་ལ་ཟབ་མོའི་ལུང་གཞན་གྱིས་གཏན་ལ་དབབ་ཏུ་མེད་དོ་ཞེས་ངེས་པའི་ལུང་མེད་པར་བསྟན་པ་དང་། ང་ནི་འཁོར་འདས་ཀུན་གྱིས་སྙིང་པོ་གནས་ལུགས་བྱང་ཆུབ་ཀྱི་སེམས་རང་བཞིན་རྫོགས་པ་ཆེན་པོ་ཡེ་བབས་སྤྲོས་པ་དང་བྲལ་བའི་བདག་ཉིད་དུ་ལ་བཟླས་ཟིན་པ་ཡིན་པས། དེ་བས་ལྷག་པར་གྱུར་པའི་གསང་བའི་མན་ངག་ཆེས་ཟབ་པ་ཞིག་གཞན་ན་བཙལ་དུ་ཡོད་པ་མ་ཡིན་ནོ་ཞེས། མན་ངག་བཙལ་དུ་མེད་པར་བསྟན་པ་སྟེ། དེ་ལས། རང་བྱུང་ཡེ་ཤེས་སྙིང་པོ་འདིས། །ཆོས་ཀུན་གཏན་ལ་འབེབས་པའི་ཕྱིར། །ལུང་གི་ཐོག་ཏུ་འབེབས་པ་ཡིན། །རང་བྱུང་ཡེ་ཤེས་སྙིང་པོ་འདི། །སྒྲོ་སྐུར་ཀུན་དང་བྲལ་བའི་ཕྱིར། །ལ་ཟློ་བ་ཡི་མན་ངག་ཡིན། །ཅེས་གསུངས་ཏེ། དེ་ལྟར་ས་བཅད་ལྔ་པོ་དེས་སྙིང་པོ་བྱང་ཆུབ་སེམས་ཀྱི་གནས་ལུགས་ལ་རང་བཞིན་བཅུ་ཡིས་དམིགས་སུ་མེད་པར་བསྟན་པ་ཡིན་ནོ། །གཉིས་པ་གཟུང་འཛིན་གཉིས་བཅས་ལས་འདས་པས་ཡེ་ནས་བྱ་བཙལ་མེད་པར་ལ་བཟླ་བ་ནི། དེ་ལྟར་ན་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་ནི་ངོ་བོས་མི་སྟོང་བ་རྟག་པ་ཐེར་ཟུགས་སུ་ཡོད་པར་སྒྲོ་འདོགས་པ་དང་། སྐུ་དང་ཡེ་ཤེས་ཐམས་ཅད་ཡེ་ནས་ལྷུན་གྲུབ་རྫོགས་པ་ཆེན་པོར་གྲུབ་ཟིན་པ་ལ་མེད་པར་སྐུར་བ་འདེབས་པ་སོགས་གཟུང་འཛིན་མཚན་མའི་སྤྲོས་པ་ཀུན་ལས་འདས་པའི་ཕྱིར། བྱར་མེད་ཡེ་སངས་རྒྱས་པའི་ངང་དུ་ཆོས་རྣམས་ཀུན་གྱི་ལ་ནི་ང་ཡིས་བཟླས་པ་ཡིན་ནོ་ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ་འོད་གསལ་འདུས་མ་བྱས་པ་ཀུན་ཁྱབ་ནམ་མཁའ་ལྟ་བུའི་རང་བཞིན་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་མེད་པ་ཡི་ཡུལ་ལམ་ང་ཡི་རང་བཞིན་དུ་མ་གྱུར་པའི་ཆོས་ནི་གཞན་གང་ཡང་མེད་པས་དེ་ལས་གཞན་དུ་ལྟ་བ་རང་བྱུང་གི་ཡེ་ཤེས་ལ་བསྒོམ་པས་བཟང་དུ་འགྲོ་བ་མེད་པར་ཡེ་གྲོལ་བྱར་མེད་ཆེན་པོར་ལ་ཡང་བཟླས་ཟིན་པ་དང་། དེ་བཞིན་དུ་ཡེ་མེད་སྟོང་པ་ཀ་དག་ཆེན་པོ་གཅིག་པུའི་བདག་ཉིད་རང་གནས་ཕྱལ་བའི་ཡེ་ཤེས་འོད་གསལ་ལྷུན་གྱིས་གྲུབ་པའི་རང་བཞིན་ང་ཉིད་ལས་གཞན་དུ་བསྲུང་བྱའི་ཆོས་དང་སྲུང་བྱེད་ཀྱི་བློ་ཡང་མ་གྲུབ་པས་བསྲུང་དུ་མེད་པའི་ཕྱིར་དམ་ཚིག་དང་སྡོམ་པ་བསྲུང་དུ་མེད་པར་ལ་ཡང་བཟླས་ཟིན་པ་དང་། སྣང་སྤྱོད་ཐམས་ཅད་ང་ཡི་ཕྲིན་ལས་རྩོལ་མེད་ལྷུན་གྱིས་གྲུབ་པའི་རང་བཞིན་ཡིན་པ་དེ་ལས་གཞན་དུ་གདུལ་བྱ་འདུལ་བའི་ཕྲིན་ལས་ཞིག་བཙལ་དུ་མེད་པའི་ཕྱིར་ན་ཕྲིན་ལས་བཙལ་དུ་མེད་པར་ལ་ཡང་བཟླས་ཟིན་པ་དང་། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་བྱེད་ང་ཡི་ངོ་བོ་ཡེ་ཤེས་བླ་མའི་ས་ལ་ད་ལྟ་ཉིད་ནས་གནས་ཡོད་པ་འདི་ལས་གཞན་དུ་གནས་པ་གཅིག་ཀྱང་མེད་པའི་ཕྱིར་ན་ད་གསར་དུ་ས་རྣམས་རིམ་གྱིས་ཐོབ་པ་ལ་ལྟོས་པ་མེད་པས་ས་ལ་སྦྱང་དུ་མེད་པར་ལ་ཡང་བཟླས་པ་དང་། ཡེ་གྲོལ་ཀ་དག་ཆེན་པོ་འོད་གསལ་འཕོ་འགྱུར་མེད་པའི་སེམས་ཉིད་ཀུན་བྱེད་རྒྱལ་པོ་ང་ལ་ལས་ཉོན་གཟུང་འཛིན་གྱི་མུན་པས་སྒྲིབ་པ་ཡེ་ནས་མེད་པའི་ཕྱིར་ན་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་རྒྱུ་རྐྱེན་ཀུན་ལས་འདས་པ་ཡིན་པར་ལ་ཡང་བཟླས་ཟིན་པ་དང་། ང་ཡི་ངོ་བོ་དང་རྩལ་དང་རོལ་པས་བསྡུས་པའི་ཆོས་ཐམས་ཅད་ནི་རྒྱུ་རྐྱེན་གྱིས་བསྐྱེད་པ་ལྟར་སྣང་དུས་ཉིད་ནས་མ་སྐྱེས་ཤིང་འགག་པ་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར་ན་ཕྲ་བ་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཡང་ང་ཉིད་ཡིན་པར་ལ་ཡང་བཟླས་ཟིན་པ་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀུན་བྱེད་ང་ཡི་ངོ་བོ་ཟུང་འཇུག་མི་སློབ་པའི་ལམ་ལ་གནས་ཟིན་པ་ལས་གཞན་དུ་ལམ་ཇེ་བཟང་དུ་འགྲོ་བའི་སྒོ་ནས་གོང་ནས་གོང་མར་བགྲོད་དུ་མེད་པའི་ཕྱིར་ལམ་ལ་བགྲོད་དུ་མེད་པར་ལ་ཡང་བཟླས་པ་དང་། དག་པ་སངས་རྒྱས་ལྟར་སྣང་བ་དང་མ་དག་སེམས་ཅན་ལྟར་སྣང་བ་དང་སྣང་ཞིང་སྲིད་པས་བསྡུས་པའི་སྣོད་བཅུད་ཀྱི་ཆོས་ཀུན་སྙིང་པོ་བྱང་ཆུབ་ཀྱི་སེམས་གདོད་ནས་ཡེ་སངས་རྒྱས་པ་ང་ཡི་རྩལ་ལས་བྱུང་བའི་རང་བཞིན་ཡིན་པ་ལ་ཁྱད་པར་མེད་པའི་ཕྱིར་ན་སངས་རྒྱས་དང་སེམས་ཅན་ཡེ་ནས་བཟང་ངན་གཉིས་སུ་མེད་པར་འཁོར་འདས་དབྱེར་མེད་ཆེན་པོ་ལ་ཡང་བཟླས་ཟིན་པ་དང་། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཆེན་པོ་གཅིག་པུའི་བདག་ཉིད་དུ་གཏན་ལ་འབེབས་ཤིང་སྣང་སྲིད་ཀྱི་སྤྲོས་པ་ཐམས་ཅད་ཅིག་ཆར་དུ་གཅོད་པའི་ཕྱིར་ན་ཨ་ཏི་གསང་ཆེན་སྙིང་པོ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་འདི་ཉིད་ལུང་ཐམས་ཅད་ཀྱི་ནང་ནས་ཆེན་པོའམ་རྒྱལ་པོ་ཡིན་ལུང་ཇི་བཞིན་པའི་ཐོག་ཏུ་འབེབས་པར་བྱེད་པ་ཡིན་པར་ལ་ཡང་བཟླས་པ་དང་། ཕྱི་ནང་སྣོད་བཅུད་ཀྱི་ཆོས་རྣམས་ཐམས་ཅད་སྙིང་པོ་ང་ཡི་རང་བཞིན་སྐྱེ་མེད་ཡེ་སྟོང་ཆེན་པོ་མ་བཅོས་དེ་བཞིན་ཉིད་ལས་གཞན་དུ་མེད་པའི་ཕྱིར་ན་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ང་ཉིད་ཀྱི་ཀློང་ཆོས་དབྱིངས་ཡངས་པ་ཆེན་པོའི་ངང་དུ་འཁོར་འདས་སུ་སྣང་བའི་ཆོས་ཐམས་ཅད་བཟང་ངན་དང་དབྱེ་བསལ་ཕྱོགས་རིས་དང་དམིགས་གཏད། འཁོར་འདས་དང་བདེ་སྡུག །དགག་སྒྲུབ་དང་སྤང་བླང་མེད་པར་ཡེ་ནས་གྲོལ་ཟིན་པ་ཡིན་པས་ན་སྟོན་པ་ཀུན་བྱེད་ང་ནི་ཆོས་རྣམས་མ་ལུས་པ་ཀུན་གྱི་ལ་བཟླ་ཡིན་པར་གསུངས་ཏེ། ཀློང་ཆེན་རབ་འབྱམས་ལས། དབྱིངས་ལ་དབྱིངས་ཤར་དབྱིངས་ཀྱི་ཀློང་དུ་གྲོལ། །མཁའ་ལ་གྲོལ་ལོ་མཉམ་པ་ཉིད་དུ་གྲོལ། །དབྱིངས་སུ་གྲོལ་ལོ་བཟང་ངན་མེད་པར་གྲོལ། །ཀློང་དུ་གྲོལ་ལོ་མཐོ་དམན་མེད་པར་གྲོལ། །གཅིག་ཏུ་གྲོལ་ལོ་སྐྱེ་ཤི་མེད་པས་གྲོལ། །གཅིག་གི་དབྱིངས་སུ་འབད་མེད་རྩོལ་མེད་གྲོལ། །མི་གནས་རང་དག་མ་སྤངས་རང་སར་གྲོལ། །མི་མཉམ་གྲོལ་ཡང་མཉམ་པའི་དབྱིངས་སུ་གྲོལ། །གྲོལ་བའི་དུས་ན་རང་གྲོལ་རང་ས་ཟིན། །གྲོལ་དང་མ་གྲོལ་དབྱིངས་ལ་ཡེ་མེད་པས། །ཇི་ལྟར་གྲོལ་ཡང་རང་སར་རང་ལ་གྲོལ། །ཀུན་ཀྱང་རོ་གཅིག་མཉམ་པའི་དབྱིངས་སུ་གྲོལ། །ལུགས་ཟློག་མེད་པར་དབྱིངས་སུ་གྲོལ་བའོ། །ཆོས་ཉིད་ཀློང་དུ་གྲོལ་ལོ་དབྱེ་བསལ་མེད། །རྩོལ་བ་མེད་པར་གྲོལ་ལོ་སྒྲུབ་ཏུ་མེད། །ངེས་པ་མེད་པར་གྲོལ་ལོ་གཟའ་གཏད་མེད། །ལྷུན་གྱིས་གྲུབ་པར་གྲོལ་ལོ་ཕྱོགས་རིས་མེད། །མཚན་མ་ཐམས་ཅད་རང་སར་གྲོལ་བའི་ཕྱིར། །བྱང་ཆུབ་སེམས་ལ་གྲོལ་དང་མ་གྲོལ་མེད། །ནམ་མཁའི་ཀློང་ན་ཇི་ལྟར་བྱས་ཀྱང་གྲོལ། །ལྷུན་གྲུབ་ཀློང་ལ་གང་ལྟར་བྱས་ཀྱང་གྲོལ། །ཀུན་ཀྱང་འདྲའོ་གཞན་མེད་ཡེ་ནས་གྲོལ། །སྤང་བླང་མེད་པར་རང་སར་རང་ཤར་གྲོལ། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་དབྱིངས་སུ་ཡེ་གྲོལ་བསྐྱར་གཞི་མེད་པར་ལ་བཟླ་བར་གསུངས་པའོ། །གསུམ་པ་གོལ་སྒྲིབ་ཀྱི་ངེས་ཚིག་བཤད་པ་ལ་བཞི་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བ་དེ་ཉིད་སྤང་བར་གདམས་པའོ། །དང་པོ་ནི། དེ་ལ་གོལ་ས་དང་སྒྲིབ་པ་ཞེས་བྱ་བའི་རྒྱུ་མཚན་ནམ་ངེས་ཚིག་ནི་འདི་ལྟར་ཁམས་གསུམ་ན་གནས་པའི་སེམས་ཅན་ཡིན་ནོ་ཅོག་གི་རྒྱུད་ན་ཆོས་སྐུ་ཀུན་བྱེད་རྒྱལ་པོ་རིག་པ་རང་བྱུང་གི་ཡེ་ཤེས་ང་ཉིད་བྲི་གང་འཕོ་འགྱུར་དང་བྲལ་བར་ལྷུན་གྲུབ་ཡེ་སངས་རྒྱས་པའི་བདག་ཉིད་དུ་བཞུགས་པ་ཡིན་ཀྱང་རང་ངོ་རང་གིས་མ་ཤེས་པས་འཁོར་བའི་འཁྲུལ་སྣང་དུ་མ་ལ་སྤྱོད་ཅིང་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཞིག་བླང་དོར་བྱ་རྩོལ་ལ་བརྟེན་ནས་གཞན་དུ་ཚོལ་བར་བྱེད་པ་ནི་འོད་གསལ་སྙིང་པོའི་དོན་ལ་སྒྲིབ་པའི་ངོ་བོར་བཤད་པ་ཡིན་ཏེ། རྒྱལ་ཚབ་ཆེན་པོས། ཇི་ལྟར་མི་དབུལ་ཁྱིམ་ནང་རིན་ཆེན་གཏེར། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་དེ་མ་ཤེས་ཤིང་གཏེར་དེས་ཡང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བསལ་དང་བཞག་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདིས་མྱོང་ངོ་། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་རང་བྱུང་གི་ཡེ་ཤེས་དེ་ཉིད་རང་ངོ་མ་ཤེས་པའི་དབང་གིས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་ཉིད་ཡེ་ནས་འབྲལ་མེད་ལྷུན་གྲུབ་ཏུ་ཡོད་པ་ལ་ཡིད་མ་ཆེས་པར་དེ་ལས་གཞན་དུ་རྒྱུ་རྐྱེན་རྩོལ་སྒྲུབ་ཀྱི་སྒོ་ནས་འབྲས་བུ་སྔོན་མེད་གསར་བྱུང་ཞིག་ཐོབ་པར་རེ་ཞིང་བཙལ་བས་ཐེག་པ་འོག་མའི་ལམ་དུ་གོལ་ས་བྱུང་བ་ཡིན་ཏེ། མདོ་བཅུ་ལས། སྒྲིབ་པ་སྒྲིབ་པ་ཞེས་བྱ་བ། །རིག་ཤེས་བྱ་བའི་ཡུལ་དེ་ལ། །མ་རིག་མ་ཤེས་མ་རྟོགས་པ། །སྒྲིབ་པ་སྒྲིབ་པ་ཞེས་སུ་བཤད། །གོལ་ས་གོལ་ས་ཞེས་བྱ་བ། །དཔེར་ན་དོན་ཡོད་ལམ་ཞུགས་པས། །ཤར་གྱི་དོན་ཡོད་ནུབ་ལམ་ཕྱིན། །ནུབ་ཕྱིན་ཤར་གྱི་དོན་མི་འགྲུབ། །སྤྲོས་པ་མེད་པའི་དོན་བཤོར་བས། །མཚན་མ་དག་གི་ལམ་ལ་བསྒྲོད། །སྒྲོ་སྐུར་བྲལ་བའི་ཆོས་ཉིད་ལ། །ཚིག་དང་ཡི་གེ་བརྗོད་པས་གོལ། །བརྗོད་ཡོད་རྟོག་པ་སྒྲིབ་པ་ཡིན། །ཞེས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ནི། དེ་ལྟ་བུའི་སྒྲིབ་པ་དེ་ལ་དབྱེ་ན་ལས་ཀྱི་སྒྲིབ་པ་དང་ཤེས་བྱ་ཡི་སྒྲིབ་པ་རྣམ་པ་གཉིས་སུ་བསྟན་ཏེ། དེ་ཡང་རང་བྱུང་རིག་པའི་ཡེ་ཤེས་ཀྱི་རང་ཞལ་མངོན་སུམ་དུ་མ་མཐོང་བའམ་མ་རིག་པ་ནི་ལས་ཀྱི་སྒྲིབ་པ་ཡིན་ཏེ། ཇི་ལྟར་ན་མཚན་ཉིད་ཐེག་པའི་ལམ་གྱིས་བདེན་པ་གཉིས་ཀྱི་དོན་ལ་རྟོག་ཅིང་དཔྱོད་པའི་ལས་ལ་རྩོལ་བས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་དོན་ཇི་བཞིན་མི་མཐོང་བར་སྒྲིབ་པར་བྱེད་པ་དང་། དེ་བཞིན་དུ་ཀྲྀ་ཡ་བས་དག་པ་རྣམ་པ་གསུམ་གྱི་ལས་ལ་རྩོལ་བས་དང་། ཨུ་པ་ཡས་ལྟ་སྤྱོད་ཟུང་འབྲེལ་གྱི་ལས་ལ་རྩོལ་བ་དང་། ཡོ་ག་བས་བླང་དོར་གཉིས་ཀྱི་ལས་ལ་རྩོལ་བ་དང་། མ་ཧཱས་བསྙེན་སྒྲུབ་བཞི་ཡི་ལས་ལ་རྩོལ་བ་དང་། ཨ་ནུས་དབྱིངས་དང་ཡེ་ཤེས་ཀྱི་སྒོར་ཞུགས་ནས་བདེ་སྟོང་ལྷན་གཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་པའི་ལས་ལ་རྩོལ་བ་དང་། ཐེག་པ་རང་རང་གི་ལས་དེ་ལ་ཞེན་པས་བཙལ་མེད་རྫོགས་པ་ཆེན་པོའི་གནས་ལུགས་ཇི་བཞིན་མི་མཐོང་བར་སྒྲིབ་པར་བྱེད་པའི་ཆ་ནས་ལས་ཀྱི་བསྒྲིབ་པར་བཤད་པ་ཡིན་ལ་དེའི་དབང་གིས་རིག་པའི་རྩལ་ལས་ཤར་བའི་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཡེ་གྲོལ་ཀ་དག་ཆེན་པོ་ཡིན་པར་མ་ཤེས་པར་གཟུང་འཛིན་ཐ་དད་དུ་བལྟས་པ་ནི་ཤེས་བྱའི་སྒྲིབ་པ་ཡིན་པ་སྟེ། དེ་བས་ན་ཇི་ལྟར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཀུན་སྙིང་པོ་བྱང་ཆུབ་སེམས་ཀྱི་ངོ་བོ་ལས་གཞན་དུ་བླང་དོར་གྱི་ཡུལ་གང་ཡང་མེད་པར་བས་ཀྱང་ཚུལ་དེ་ལྟར་དུ་མ་རིག་པ་དང་མ་ཤེས་པ་ནི་སྒྲིབ་པ་གཉིས་ཀྱི་ངོ་བོར་བཤད་ལ། དེ་ལྟར་ཆོས་ཐམས་ཅད་སྙིང་པོ་རང་བྱུང་གི་ཡེ་ཤེས་སྒྲིབ་མེད་བསལ་བཞག་བྲལ་བའི་ཆོས་ཉིད་རྩོལ་སྒྲུབ་བྲལ་བ་ཡིན་པར་མ་ཤེས་པས་རང་བཞིན་བཅུ་ལ་སོ་སོར་ཞེན་ནས་བཙལ་ཞིང་བསྒྲུབ་པར་བྱེད་པ་དེ་ནི་ཐེག་པ་འོག་མའི་ལམ་དུ་ལྟུང་བའི་ཆ་ནས་རྫོགས་པ་ཆེན་པོའི་གོལ་སར་གྱུར་བ་ཡིན་པར་སྟོན་པ་ཀུན་བྱེད་ངས་བཤད་དོ་ཞེས་པ་སྟེ་དེ་ཉིད་ལས། རང་བཞིན་བཅུ་པོའི་ངོ་བོ་ནི། །སྙིང་པོ་བྱང་ཆུབ་སེམས་ཡིན་ཏེ། །ཡ་ན་འདུན་གྱི་གོ་སྐབས་སུ། །རང་གི་རང་བཞིན་མ་ཤེས་ན། །སྒྲིབ་པ་སྒྲིབ་པ་ཞེས་སུ་བཤད། །རང་གི་རང་བཞིན་མ་ཤེས་ནས། །འོག་མ་འོག་མ་ཡིན་སྨྲ་ན། །གོལ་ས་གོལ་ས་ཞེས་སུ་བཤད། །ཅེས་གསུངས་སོ། །གསུམ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཇི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ནི་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་གི་རང་རྩལ་ཡིན་གྱིས་གཞན་དུ་གྲུབ་པ་རྡུལ་ཙམ་ཡང་ཡོད་པ་མིན་མོད། འོན་ཀྱང་དེ་ལ་བཟང་ངན་དང་རང་གཞན་སོགས་སུ་ཞེན་ནས་རྟོག་པར་བྱེད་ན། དེ་ལྟར་རྟོག་ཅིང་ཞེན་པ་དེ་ཡིས་ནི་རང་གི་རང་ཞལ་ལ་རང་གིས་སྒྲིབས་པ་སྟེ། རང་གི་རང་བཞིན་སྙིང་པོ་བྱང་ཆུབ་སེམས་ཀྱི་གཤིས་ལུགས་ཇི་ལྟ་བ་ཉིད་གང་ཟག་དེ་ཡིས་ཤེས་པ་མིན་ལ་དེས་དབང་གིས་གཞན་དུ་བཙལ་བས་གོལ་ས་ཡང་འབྱུང་བ་ཡིན་ནོ་ཞེས་སོ། །བཞི་པ་དེ་ཉིད་སྤང་བར་གདམས་པ་ལ་གཉིས་ཏེ། ངོ་བོ་རང་སེམས་ཡིན་པས་ཡེ་བདེ་གོལ་སྒྲིབ་ལས་འདས་པ་དང་། དེ་ཉིད་བྱ་བཙལ་ལས་འདས་པར་བཞག་པས་གོལ་སྒྲིབ་གང་ཡང་མེད་པར་བསྟན་པའོ། །དང་པོ་ནི། གོང་དུ་བཤད་པའི་རྒྱུ་མཚན་དེས་ན་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་སེམས་དཔའ་རྡོ་རྗེ་ཉིད་ཅེས་ཞུ་བ་པོས་མཚོན་ནས་སེམས་ཅན་ཐམས་ཅད་ཀྱིས་རང་གི་སེམས་ཉིད་ཀྱི་རྩལ་འགགས་མེད་དུ་རང་ལ་སྣང་བ་ཡིན་པ་མ་གཏོགས་རང་ཉིད་ལས་གཞན་པའི་ཆོས་ཞིག་ཡོད་པ་མིན་པར་ཤེས་པར་གྱིས་ལ་འཁོར་འདས་ཀྱི་ཆོས་འདི་རྣམས་ལ་ཚུར་མཐོང་གི་བློས་མི་རྟོག་ཅིང་རང་བཞིན་བཅུ་ཡིས་རྩོལ་བར་མི་བྱེད་པར་རྟོག་མེད་མཉམ་པ་ཉིད་ཀྱི་ངང་དུ་མ་བཅོས་རང་བབས་སུ་གནས་པས་བྱ་བྱེད་ཀྱི་གདུང་བ་མེད་པར་བདེ་བར་མནོས་ཤིག་དང་གོལ་སྒྲིབ་ཐམས་ཅད་ལས་འདས་པ་ཡིན་ནོ་ཞེས་གདམས་པ་སྟེ། རྩལ་རྫོགས་ཀྱི་རྒྱུད་ལས། ཨེ་མ་སངས་རྒྱས་སེམས་དཔའི་རིགས། །དོན་གྱི་དགོངས་པ་ངེས་བསྟན་གྱིས། །ལེགས་པར་ཟུང་ཞིག་རྡོ་རྗེ་འཆང་། །ཡུལ་ལ་རྟོགས་བྱེད་མི་སྣང་བས། །སེམས་ཀྱི་འཛིན་པས་ང་མི་བསྒྲིབ། །ཡེ་ཤེས་ཆོས་ལས་འདས་པས་ན། །སྣ་ཚོགས་བློ་ཡིས་ང་མི་བསྒྲིབ། །སྣང་ཡུལ་གཉིས་སུ་མི་འཛིན་པས། །རྣམ་ཤེས་བརྒྱད་ཀྱིས་ང་མི་བསྒྲིབ། །སངས་རྒྱས་སེམས་ཅན་མི་འབྱེད་པས། །བཟང་ངན་གཉིས་ཀྱི་ང་མི་བསྒྲིབ། །སྟོང་གསལ་གཉིས་སུ་མི་འབྱེད་པས། །བྱིང་རྒོད་གཉིས་ཀྱི་ང་མི་བསྒྲིབ། །བྱ་བྱེད་གཉིས་སུ་མི་འཛིན་པས། །ཐེག་པའི་རྩོལ་བས་ང་མི་བསྒྲིབ། །རྟོགས་དང་མ་རྟོགས་གཉིས་མེད་པས། །ཡིན་མིན་གཉིས་ཀྱིས་ང་མི་བསྒྲིབ། །ཤེས་དང་མ་ཤེས་གཉིས་མེད་པས། །བློ་དངོས་གཉིས་ཀྱིས་ང་མི་བསྒྲིབ། །ཕྱོགས་དང་རིས་སུ་མི་འཛིན་པས། །དགྲ་གཉེན་གཉིས་ཀྱིས་ང་མི་བསྒྲིབ། །མཐའ་དང་དབུས་སུ་མི་འབྱེད་པས། །གོལ་སྒྲིབ་གཉིས་ཀྱིས་ང་མི་བསྒྲིབ། །ཅེས་པ་ལ་སོགས་པས་བསྟན་པ་བཞིན་ནོ། །གཉིས་པ་ནི། འོ་ན་བདེ་བར་མནོས་ཤིག་ཅེས་གདམས་པར་མཛད་ན་དེ་ལ་བདེ་བའི་དོན་ལ་གནས་པས་གོལ་སྒྲིབ་ཐམས་ཅད་ལས་འདས་པའི་ཚུལ་ནི་ཇི་ལྟ་བུ་ཡིན་ཞེ་ན། དེ་ནི་འདི་ལྟ་སྟེ་ཡེ་གྲོལ་ཕྱོགས་ཡན་ཆེན་པོའི་དགོངས་པ་འདི་ལ་ལྟ་བ་དང་དམ་ཚིག་ལ་སོགས་པས་ལམ་གྱི་རང་བཞིན་ཐེག་པ་ཀུན་ལ་ཁྱབ་པས་ཆེན་པོ་བཅུ་ཞེས་གསུངས་པ་དེ་ཡིས་འབད་རྩོལ་གང་ཡང་མི་དགོས་པས་ན་ལུས་ངག་གི་བྱ་བྱེད་གང་ཡང་མེད་པར་སྣང་བ་རྒྱ་ཡན། ཤེས་པ་རང་གྲོལ་རིག་པ་གཏད་མེད་དུ་བཏང་ནས་རང་བཞིན་ཆེན་པོ་བཅུ་ལ་བླང་དོར་རེ་དོགས་ཀྱིས་མ་བཙལ་བས་གོལ་ས་དང་སྒྲིབ་པ་དྲུག་དྲུག་བཅུ་པོ་ཡི་ཞེས་ངེས་ཐོབ་ཀྱི་ཐེག་པ་དྲུག་པོ་རེ་རེ་བཞིན་ལྟ་བ་དང་། དམ་ཚིག་དང་། ཕྲིན་ལས་དང་། ཡེ་ཤེས་དང་། ས་དང་། ལམ་དང་། ཆོས་ཉིད་དང་། རྒྱུད་དང་། ལུང་དང་། མན་ངག་གི་གོལ་སྒྲིབ་བཅུ་རེར་ཕྱེ་བས་ཨ་ནུ་ལ་གོལ་ས་མ་ཧཱ་ལ་སོགས་པ་འོག་མ་ལྔ་པོའི་རང་བཞིན་བཅུར་གོལ་བའི་ཆས་དབྱེ་བས་ལྔ་བཅུ་དང་། སྒྲིབ་པ་གོལ་མ་ཨ་ཏིའི་རང་བཞིན་བཅུ་ལ་བསྒྲིབ་པའི་ཆ་བཅུ་ཡོད་པས་དྲུག་ཅུ་དང་། དེའི་འགྲོས་ཀྱིས་མ་ཧཱ་ཡོ་གར་གོལ་ས་བཞི་བཅུ་དང་སྒྲིབ་པ་ཉི་ཤུ་སྟེ་དྲུག་ཅུ་དང་། ཡོ་ག་ལ་གོལ་སྒྲིབ་གཉིས་ཀ་སུམ་ཅུ་རེ་སྟེ་དྲུག་ཅུ་དང་། ཨུ་པ་ལ་གོལ་ས་ཉི་ཤུ་དང་སྒྲིབ་པ་བཞི་བཅུ་སྟེ་དྲུག་ཅུ་དང་། ཀྲྀ་ཡ་ལ་གོལ་ས་བཅུ་དང་སྒྲིབ་པ་ལྔ་བཅུ་སྟེ་དྲུག་ཅུ་དང་། མདོ་སྡེ་ལ་སྒྲིབ་པ་དྲུག་ཅུ་ཡོད་པས་དེ་ལྟར་དྲུག་ཅུ་ཚན་དྲུག་སྡོམ་པས་སུམ་བརྒྱ་དྲུག་ཅུ་ཡི་གོལ་སྒྲིབ་མཐའ་ཡས་པ་ཀུན་འབྱུང་བ་མེད་པར་མ་ཟད་ལྟ་བ་ཡེ་འབྱམས་ཆེན་པོའི་དགོངས་པ་རང་བྱུང་ཡེ་ཤེས་ཀྱི་རང་བཞིན་མངོན་དུ་འགྱུར་བས་རྩོལ་གྲུབ་ཀུན་ལས་འདས་ཏེ་བདེ་བར་གནས་པ་ཡིན་པར་གསུངས་ཏེ། ཀློང་ཆེན་རབ་འབྱམས་ལས། མཚན་ཉིད་མ་འགགས་སྣ་ཚོགས་ཅིར་ཡང་འཆར། །དབང་པོ་གཅེར་མཐོང་ཅིར་སྣང་ཆོས་ཉིད་གསལ། །སྣང་བ་རྒྱ་ཡན་རིག་པ་གང་དགར་བདེ། །མ་བཅོས་རྣལ་འདུག་རིག་པ་ཁོང་ཀློད་བདེ། །ཤེས་པ་བག་ཡང་བྱར་མེད་སྐྱེས་བུ་བཞིན། །གྲིམ་ལྷོད་མེད་པར་ལུས་སེམས་གང་དགར་བཞག །སུས་ཀྱང་མ་བཅོས་རང་གིས་རང་ཉིད་གསལ། །རྩོལ་སྒྲུབ་མེད་པར་ཆོས་ཉིད་བདེ་གདལ་བས། །ཡེ་ནས་ཡིན་པས་བཅོས་སུ་ག་ལ་ཡོད། །གཅིག་པུར་མ་བཅོས་གློད་ན་རང་གྲོལ་བདེ། །ཞེས་གསུངས་པ་བཞིན་ནོ། །བཞི་པ་ཐམས་ཅད་བྱང་ཆུབ་སེམས་སུ་བསྟན་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཇི་ལྟར་སྣང་ཞིང་སྲིད་པའི་ཆོས་རྣམས་ཐམས་ཅད་ཀུན་རང་གི་རང་བཞིན་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་རྩལ་འབའ་ཞིག་མངོན་དུ་ཕྱུང་གིས་ཏེ་མངོན་དུ་བྱུང་བ་ཙམ་ལས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་འདི་མ་ཡིན་པར་ཉིད་ཀྱི་རང་བཞིན་ལས་གཞན་པའི་རང་མཚན་གྱི་ཆོས་སུ་གྲུབ་པ་ནི་གཞན་ཞིག་ན་ཡོད་པར་མ་བཤད་པས་འདི་ལྟར་སྣང་བའི་ཆོས་རྣམས་ལ་གཞན་དུ་མ་རྟོགས་ཤིག་པར་ཀུན་བྱེད་ང་ཉིད་ཀྱིས་ལུང་སྟོན་པ་ཡིན་པས། སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཡང་རབ་ཨ་ཏིའི་སྐལ་བ་དང་ལྡན་པའི་འཁོར་གྱི་ཚོགས་དངོས་སུ་འདུས་པ་རྣམས་ལ་ངས་ཇི་ལྟར་ལུང་བསྟན་པ་བཞིན་དུ་ལུང་སྟོན་པ་དང་ཕྱི་རབས་རྗེས་འཇུག་གི་ཚོགས་རྣམས་ལ་ཡང་དེ་བཞིན་དུ་ལུང་སྟོན་ཅིག །ཅེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་གོལ་སྒྲིབ་སྐྱོན་སེལ་གྱི་ལེའུ་སྟེ་དགུ་པའི་འགྲེལ་པའོ།། །།བདུན་པ་ཐམས་ཅད་བྱང་ཆུབ་སེམས་སུ་འདུས་ཤིང་སེམས་ལ་སྣང་བའི་ལེའུ་བཅུ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་གོལ་སྒྲིབ་སྤང་ཚུལ་དང་བཅས་པ་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་རང་བཞིན་སྟོང་གསལ་ཐུགས་རྗེ་གསུམ་གྱི་རྩལ་ལས་སྟོན་འཁོར་བསྟན་པ་སྟེ་ཕུན་སུམ་ཚོགས་པ་གསུམ་དུ་སྣང་བའི་ཚུལ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཕུན་སུམ་ཚོགས་པའི་རང་བཞིན་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཀུན་བྱེད་ང་ཡི་རང་བཞིན་ལས་སྐུ་གསུམ་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་བྱུང་བའི་ཚུལ་འདི་ཉོན་ཅིག །དེ་ཡང་ཇི་ལྟར་ཞེ་ན་ཀུན་བྱེད་ང་ལ་སྟོན་པ་དང་བསྟན་པ་ལ་སོགས་པ་ཐམས་ཅད་འདུས་ཤིང་ཚོགས་པའི་ཕྱིར་ན་དེ་ཕྱིར་སྟོན་འཁོར་ལ་སོགས་པའི་ཆོས་རྣམས་ལ་ཕུན་སུམ་ཚོགས་པ་ཞེས་བྱ་བར་བཤད་ལ། ཀུན་བྱེད་ང་ཡི་རང་བཞིན་སྟོང་པ་དང་གསལ་བ་དང་ཐུགས་རྗེ་རིག་པའི་ཆ་རྣམ་པ་གསུམ་ལས་སྐུ་གསུམ་གྱི་སྟོན་པ་རྣམས་དང་དེ་དག་གི་བསྟན་པ་དང་སོ་སོའི་འཁོར་རྣམས་བྱུང་བའི་ཕྱིར་ན་འཁོར་འདས་ཀྱི་ཆོས་རྣམས་ཀུན་བྱེད་པའི་རྒྱལ་པོ་ཉིད་ཅེས་ནི་རྒྱུ་མཚན་དེ་ལ་བརྟེན་ནས་བཏགས་པ་ཡིན་ནོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། ཀུན་བྱེད་ཀྱི་རང་བཞིན་ལས་ཕུན་སུམ་ཚོགས་པ་བྱུང་བར་བསྟན་པ་དང་། ཀུན་བྱེད་ཉིད་ལ་ཕུན་སུམ་ཚོགས་པ་ཐམས་ཅད་ཚང་བར་བསྟན་པའོ། །དང་པོ་ལ་བདུན་ཏེ། སྟོན་པ། བསྟན་པ། འཁོར། གནས། ཞིང་ཁམས། དུས། བཤད་ལུགས་ཕུན་སུམ་ཚོགས་པ་རྒྱ་ཆེར་བཤད་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དང་། རང་བཞིན་ནོ། །དང་པོ་ནི། དེ་ལ་སྙིང་པོ་བྱང་ཆུབ་ཀྱི་སེམས་ལས་ཕུན་སུམ་ཚོགས་པ་རྣམས་ཇི་ལྟར་བྱུང་བའི་ཚུལ་ལས་དང་པོར་སྟོན་པ་ཕུན་སུམ་ཚོགས་པ་ཇི་ལྟར་སྣང་བའི་ཚུལ་ནི་སྟོན་པ་ཀུན་བྱེད་ང་ཡི་སྙིང་པོ་རང་བྱུང་གི་ཡེ་ཤེས་འགྱུར་བ་མེད་པ་ལྷུན་གྲུབ་རྩལ་གྱི་ཀློང་ལས་འགགས་པ་མེད་པའི་རང་བཞིན་རྣམ་པ་གསུམ་དུ་བྱུང་བ་དེ་ནི་སྐུ་གསུམ་གྱི་སྟོན་པ་རྣམ་པ་གསུམ་དུ་བསྟན་པ་ཡིན་ཏེ། དེ་ཡང་སངས་རྒྱས་ཆོས་ཀྱི་སྐུ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་འཕོ་འགྱུར་དང་བྲལ་བ་དང་། རིག་རྩལ་འཛིན་མེད་རང་བྱུང་གི་ཡེ་ཤེས་འོད་གསལ་འདུས་མ་བྱས་པའི་ངོ་བོ་ལོངས་སྤྱོད་རྫོགས་པ་ཡི་སྐུ་དང་། རྟོག་བྲལ་བློ་ལས་འདས་པའི་ཡེ་ཤེས་ཐུགས་རྗེ་ཀུན་ཁྱབ་ཡེ་རྫོགས་ཆེན་པོ་སྤྲུལ་པའི་སྐུ་དང་རྣམ་པ་གསུམ་དུ་བསྟན་པ་ཡིན་ནོ། །གཉིས་པ་རང་བཞིན་ནི། དེ་ལྟ་བུའི་སྐུ་གསུམ་པོ་དེ་ཡི་རང་བཞིན་ནམ་མཚན་ཉིད་བསྟན་པ་ནི་འདི་ལྟར། དང་པོ་ཆོས་ཀྱི་སྐུ་ཡི་རང་བཞིན་ཇི་ལྟར་ཡིན་པ་བསྟན་པ་ནི་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་རང་བཞིན་གདོད་ནས་མ་སྐྱེས་ཤིང་འགགས་པ་མེད་པས་སྐྱེ་མེད་སྤྲོས་པ་དང་བྲལ་བ་གཟུང་འཛིན་གྱི་མཚན་མ་ཀུན་དང་བྲལ་བའི་རང་བཞིན་མི་རྟོག་མཉམ་པ་ཆེན་པོ་ཀ་དག་གི་ངོ་བོར་བཞུགས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཡི་རང་བཞིན་བསྟན་པ་ནི་ཇི་ལྟར་ན་བྱང་ཆུབ་སེམས་ཀྱི་ངོ་བོ་གསལ་བའི་ཆ་གཉིས་སྣང་འཛིན་བྲལ་གྱི་ཀློང་ནས་རང་གདང་འགག་མེད་ཀྱི་རང་རྩལ་གཟུགས་སྒྲ་དྲི་རོ་ལ་སོགས་པ་འདོད་པའི་ལོངས་སྤྱོད་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པར་འགགས་མེད་རང་རྩལ་དུ་རྫོགས་ཤིང་རང་སྣང་རྒྱན་དུ་ཤར་བའི་ཚུལ་གྱིས་ལོངས་སྤྱོད་པར་བཞུགས་པ་དང་། གང་འདུལ་སྤྲུལ་པའི་སྐུ་ཡི་རང་བཞིན་ཇི་ལྟར་བསྟན་པ་ནི་ཐུགས་རྗེའི་རིག་རྩལ་གོ་མ་འགགས་པའི་ཆ་ལས་གདུལ་བྱ་གང་ལ་ཐབས་གང་གིས་ཚུལ་ཇི་ལྟར་འདུལ་བའི་སྒྱུ་འཕྲུལ་གྱི་རོལ་པ་ཚད་མེད་པའི་སྐུ་རུ་སྤྲུལ་ནས་བཞུགས་པ་སྟེ། བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཆོས་ཀྱི་སྐུ་རུ་བཞུགས་ཙམ་ན། །མི་རྟོག་མཉམ་པའི་ངོ་བོར་བཞུགས། །ལོངས་སྤྱོད་རྫོགས་སྐུར་བཞུགས་ཙམ་ན། །སྣ་ཚོགས་ཆོས་ལ་ལོངས་སྤྱོད་ཅིང་། །མ་སྤངས་ཡེ་ཤེས་རྒྱན་དུ་བཞུགས། །སྤྲུལ་པའི་སྐུ་རུ་བཞུགས་ཙམ་ན། །གང་ལ་གང་དགོས་དེར་སྤྲུལ་ནས། །དགོས་པ་ཕུན་སུམ་ཚོགས་པར་བཞུགས། །ཞེས་གསུངས་སོ། །གཉིས་པ་བསྟན་པ་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟ་བུའི་སྐུ་གསུམ་གྱི་སྟོན་པ་གསུམ་པོ་དེ་ཡི་བསྟན་པ་ནི་ཇི་ལྟར་ཞེ་ན་དེ་ལ་སྤྲུལ་སྐུའི་བསྟན་པ་ནི་ཕྱི་མཚན་ཉིད་སྡེ་གསུམ་དང་། ལོངས་སྐུའི་བསྟན་པ་ནི་ནང་ཀྲྀ་ཡོག་སྡེ་གསུམ་དང་། ཆོས་སྐུའི་བསྟན་པ་ནི་གསང་བ་ནང་རྒྱུད་སྡེ་གསུམ་སྟེ་རྣམ་པ་གསུམ་དུ་བསྟན་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་བསྟན་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། གསང་བ་གསུམ་སྤྱིར་བསྟན་པ་དང་། མ་ཧཱ། ཨ་ནུ། ཨ་ཏི་གསུམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ལ་སྟོན་པ་ཆོས་སྐུའི་བསྟན་པ་རྣམ་པ་གསུམ་ནི་གང་ཡིན་ཞེ་ན་འདི་ལྟ་སྟེ། འོག་མའི་ཐེག་པ་བ་རྣམས་ཀྱིས་ཤིན་ཏུ་རྟོགས་པར་དཀའ་ཞིང་བློའི་སྤྱོད་ཡུལ་དུ་མ་གྱུར་པས་གསང་བ་གསུམ་གྱི་རང་བཞིན་དུ་བསྟན་པ་སྟེ། དེ་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་གཞི་ཡི་རང་བཞིན་གཉུག་མ་དོན་གྱི་ཡེ་ཤེས་སམ་ཆོས་ཉིད་རྣམ་དག་གི་རང་བཞིན་དེ་ཇི་ལྟར་རྟོགས་པའི་ཚུལ་ནི་མ་ཧཱ་ཡོ་ག་བས་ཆོས་ཐམས་ཅད་ཀྱི་རང་བཞིན་གནས་ལུགས་དོན་དམ་པའི་བདེན་པ་དཀོར་བདུན་ངོ་བོ་ཉིད་མེད་པར་ལྷུན་གྱིས་གྲུབ་པ་དང་། དེའི་སྣང་ཆ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དག་པ་ལྷའི་རང་བཞིན་དུ་གནས་པ་གཉིས་ཡེ་ནས་གཉིས་སུ་མེད་པས་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བར་རྟོགས་པ་དང་། ཨ་ནུ་ཡོ་ག་བས་འཁོར་འདས་སུ་སྣང་བའི་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་དབྱིངས་སྤྲོས་པ་དང་བྲལ་བའི་ངོ་བོར་གནས་པ་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང་། དེའི་སྣང་ཆ་རིག་རྩལ་འགག་པ་མེད་པའི་རོལ་པ་རིས་མེད་མཉམ་པ་ཆེན་པོར་ཁྱབ་གདལ་དུ་ཤར་བ་ནི་ཀུན་ཏུ་བཟང་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། དབྱིངས་དང་ཡེ་ཤེས་དེ་གཉིས་ཡེ་ནས་དབྱེར་མེད་པ་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། དེ་ལྟ་བུའི་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་རྟོགས་པ་དང་། ཨ་ཏི་ཡོ་ག་བས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ངོ་བོ་ཡེ་སྟོང་སྤྲོས་པ་དང་བྲལ་བ་ཀ་དག་སྐྱེ་བ་མེད་པའི་རང་བཞིན་འོད་གསལ་བའི་སྣང་ཆ་ཐམས་ཅད་ལྷུན་གྲུབ་འདུས་མ་བྱས་པའི་རང་བཞིན་དུ་གནས་པ་གཉིས་དབྱེར་མེད་པའི་རྩལ་སྣང་འཁོར་འདས་ཀྱི་རོལ་པ་སྣ་ཚོགས་སུ་འཆར་བས་ཐུགས་རྗེ་ཀུན་ཁྱབ་ཀྱི་རང་བཞིན་ཅན་ཏེ། དེ་ལྟ་བུའི་རིག་པ་སྐུ་གསུམ་གྱི་ངོ་བོར་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་བདག་ཉིད་དུ་རྟོགས་པ་སྟེ། དེ་ལྟར་རྟོགས་ཚུལ་གྱི་རིམ་པ་གསུམ་དུ་ཡོད་པ་ལས་གསང་བ་བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པ་མ་ཧཱ་ཡོ་ག་དང་། རབ་ཏུ་གསང་བ་མཚན་བཅས་རྫོགས་པའི་རིམ་པ་གཙོ་བོར་སྟོན་པ་ཨ་ནུ་ཡོ་ག་དང་། ཤིན་ཏུ་གསང་བ་ཡང་གསང་བླ་ན་མེད་པ་མཚན་མེད་རྫོགས་པ་ཆེན་པོའི་རང་བཞིན་མ་ནོར་བར་རྟོགས་པ་ཨ་ཏི་ཡོ་ག་དང་གསུམ་པོ་དེ་གང་ཟག་དབང་པོ་རྣོན་པོའི་རིགས་ཅན་རྣམས་ལས་ཀུན་གྱི་སྤྱོད་ཡུལ་དུ་གྱུར་བ་མ་ཡིན་པས་ན་གསང་བར་བཤད་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། མ་ཧཱ། ཨ་ནུ། ཨ་ཏི་གསུམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་མ་ཧཱ་ཡོ་གའི་འཇུག་སྒོ་ནི་དབང་བཞིས་རང་རྒྱུད་སྨིན་པར་བྱེད་པ་སྟེ། སྒྱུ་འཕྲུལ་ལས། སློབ་དཔོན་གསང་བ་ཤེས་ར བ་དང་། །དེ་མ་ཐག་པ་བཞིན་པ་སྟེ། །ཞེས་གསུངས་པ་ལྟར་ལ། དེ་ཡང་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གསང་བ་སྒྱུ་འཕྲུལ་དྲྭ་བ་ལྟར་ན། དེ་ཉིད་ལས། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །ཞེས་པ་ལྟར་རང་དོན་ནུས་པའི་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ་དང་། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་སྟེ་དབང་མཆོག་བཅོ་བརྒྱད་དུ་གསུངས་པ་སོགས་རྒྱུད་སྡེ་སོ་སོའི་དབང་བཞི་ལ་དབྱེ་བསྡུའི་ཁྱད་པར་མང་དུ་ཡོད་ལ། སྒྲུབ་སྡེ་ཐམས་ཅད་ཀྱི་སྤྱི་བཀའ་བཀའ་བརྒྱད་བདེ་གཤེགས་འདུས་པ་ལྟར་ན་གདུལ་བྱ་ཞེ་སྡང་ཅན་སྒྲོལ་བ་ལམ་དུ་ཁྱེར་བའི་ཕྱིར་ཕྱི་དབང་རྫས་ལ་བརྟེན་ནས་བསྐུར་བ། ང་རྒྱལ་ཅན་ལྷ་ལམ་དུ་ཁྱེར་བའི་ཕྱིར་ནང་དབང་ལུས་ལ་བརྟེན་ནས་བསྐུར་བ། འདོད་ཆགས་ཅན་སྦྱོར་བ་ལམ་དུ་ཁྱེར་བའི་ཕྱིར་གསང་དབང་ཡུན་ལ་བརྟེན་ནས་བསྐུར་བ། གཏི་མུག་ཅན་རྣམ་རྟོག་ལམ་དུ་ཁྱེར་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དབང་སེམས་ལ་བརྟེན་ནས་བསྐུར་བ་བཞི་ཡོད་ལ། སྒྲུབ་སྡེའི་དགོས་བཀའ་ཡང་ཕུར་མ་གཤིན་སོགས་ལ་སོ་སོའི་ཟབ་ཁྱད་སྒྲུབ་དབང་གི་ལུགས་སུ་བསྐུར་བ་མང་དུ་ཡོད་ཀྱང་སྤྱི་རིགས་ནས་བསྡུ་ན་བླ་མེད་ཀྱི་དབང་ཐམས་ཅད་དབང་བཞིའི་ཁུངས་སུ་འདུས་པར་གསུངས་སོ། །འདི་དག་གི་བྱ་བའི་འཇུག་སྒོ་ནི་ལེའུ་སོ་བརྒྱད་པ་ནས་སྟོན་ལ། ཚུལ་ཁྲིམས་ནི་ལེའུ་ཞེ་དྲུག་པར་སྟོན་པས་འདིར་མ་སྤྲོས་སོ། །ལྟ་བ་ནི་གོང་དུ་བསྟན་པ་ལྟར་ཆོས་ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་པར་གཏན་ལ་འབེབས་པའོ། །བསྒོམ་པ་ནི། དོན་དམ་པར་ཆོས་ཐམས་ཅད་ཡེ་སྟོང་སྐྱེ་བ་མེད་པའི་ངོ་བོར་གནས་པས་བསྐྱེད་བྱ་སྐྱེད་བྱེད་གཉིས་སུ་མེད་པའི་རང་བཞིན་ཡིན་པ་ལ་ཀུན་རྫོབ་སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་ཕྲ་རགས་ཏེ་ཏིང་ངེ་འཛིན་གྱི་རིམ་པ་གསུམ་དང་བསྙེན་སྒྲུབ་ཡན་ལག་དང་བཅས་པའི་ཚུལ་གྱིས་སྣོད་བཅུད་དག་པ་ལྷའི་དཀྱིལ་འཁོར་དུ་བསྐྱེད་པའི་རིམ་པ་གཙོ་བོར་སྟོན་ཅིང་རྫོགས་རིམ་ཀྱང་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པ་སོགས་ལ་བརྟེན་ནས་ལམ་བསྒྲུབ་པ་དང་། སྤྱོད་པ་ནི་ཆོས་ཐམས་ཅད་ལ་བླང་དོར་མེད་པའི་ངང་ནས་སྦྱོར་སྒྲོལ་ལ་སོགས་པའི་སྤྱོད་པ་རླབས་པོ་ཆེ་ལ་བསྟེན་ནས། འབྲས་བུ་ནི་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་རྣམ་པ་བཞི་དང་། མཐར་ཐུག་གི་འབྲས་བུ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པར་འདོད་པ་སྟེ། དེ་ལྟ་བུའི་གསང་བ་མཆོག་གི་དོན་སྟོན་པར་བྱེད་པ་དེ་ནི་བསྐྱེད་རིམ་གཙོ་བོར་སྟོན་པས་གསང་བ་བསྐྱེད་པའི་རིམ་པ་ཞེས་སུ་བཤད་པའོ། །གཉིས་པ་ཨ་ནུ་ཡོ་ག་ལ། དང་པོ་འཇུག་སྒོ་ནི། ཀུན་འདུས་རིག་པའི་མདོ་ལས། ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་པ་ལྟར། ཨ་ནུ་ཡོ་གའི་དཀྱིལ་འཁོར་དུ་ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག །སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ། གསང་དབང་རྫོགས་པའི་ཆུ་བོ་གཉིས་བཅས་དབང་མཆོག་སུམ་ཅུ་རྩ་དྲུག་གིས་སྨིན་པར་བྱེད་པ་ཡིན་ནོ། །ལྟ་བ་ནི་ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་པས་གསང་བ་མཚན་བཅས་རྫོགས་པའི་རིམ་པ་གཙོ་བོར་སྟོན་པས་སམ་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་རྫོགས་པར་བསྒོམ་པས་རྫོགས་པ་ཨ་ནུ་ཡོ་ག་ཞེས་སུ་བསྟན་པ་ཡིས་ཆོས་ཐམས་ཅད་རིག་སྟོང་གཉིས་སུ་མེད་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གཏན་ལ་ཕབ་པ་ནི་གོང་དུ་བསྟན་པ་ལྟར་ཡིན་ལ། སྒོམ་པ་ནི་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཐོག་མར་གང་ལས་སྣང་བའི་གཞི་ནང་གི་ལུས་ཀྱི་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་རྡོ་རྗེ་བཞིའི་རང་བཞིན་དུ་རྟོགས་པའི་ཤེས་རབ་ལ་བརྟེན་ནས་མ་ཧཱ་ཡོ་ག་ལྟར་ཏིང་ངེ་འཛིན་གསུམ་གྱིས་ལྷ་བསྐྱེད་པའི་སྤྲོས་པ་ལ་མི་རྟོག་ཅིང་། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ་སོ་སོར་རྟོག་མི་དགོས་པར་ནང་གི་རྩ་རླུང་ཐིག་ལེ་རྣམས་ལམ་དུ་སློང་ན་ཐམས་ཅད་དག་པ་ཡེ་ཤེས་སུ་འཆར་བ་དང་མ་སློང་ན་མ་དག་འཁོར་བའི་སྣང་བ་དབང་མེད་དུ་འབྱུང་བར་ཤེས་ནས་རྩ་རླུང་ཐིག་ལེ་ལ་བརྟེན་པའི་རྡོ་རྗེའི་བཟླས་པ་དང་ལུས་ཀྱི་འཁྲུལ་འཁོར་དང་སྦྱོར་བ་བཞི་ལྡན་གྱི་རླུང་བུམ་པ་ཅན་དུ་བསྒོམ་པ་དང་། ཁྱད་པར་དུ་རང་ལུས་དང་གཞན་ལུས་ཀྱི་ཐབས་ལ་བརྟེན་ནས་བདེ་སྟོང་ལྷན་གཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པའི་མཚན་བཅས་ཀྱི་རྫོགས་རིམ་གཙོ་བོར་བསྒོམ་པ་དང་། ལྷ་སྒོམ་པའི་ཚུལ་ཀྱང་ཏིང་ངེ་འཛིན་དང་ཤེས་རབ་ཟབ་མོ་དང་ལྡན་པས་ལྷའི་ས་བོན་ནམ་སྙིང་པོ་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་རང་རྒྱུད་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྣམ་པར་དག་པ་ཡེ་ནས་ལྷར་བཞུགས་པ་ཉིད་ཆུ་ལས་ཉ་འཕར་བ་ལྟར་སྐད་ཅིག་གིས་གསལ་བར་བྱས་ནས་རང་གི་ལུས་ཀྱི་གནས་ལུགས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ཡིན་པས་སྐྱེ་མཆེད་རྣམས་དག་པ་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་དང་། སྤྱོད་པ་ནི། སྤྱི་མདོ་དགོངས་འདུས་ལས། བྱིན་གྱིས་རླབས་ཀྱི་སྤྱོད་པ་དང་། །དབང་བསྒྱུར་ཐབས་ཀྱི་སྤྱོད་པ་སྟེ། །དཔེར་ན་ནམ་མཁའ་རྒྱལ་པོའམ། །ཇི་ལྟར་མེ་དཔུང་ཆུ་བོ་འདྲ། །ཞེས་གསུང་པ་ལྟར་དབྱིངས་ཡེ་གཉིས་མེད་དུ་རྟོགས་པའི་བྱིན་རླབས་ཀྱི་སྤྱོད་པ་ནམ་མཁའ་ལྟ་བུ། དུག་ལྔ་ཡེ་ཤེས་སུ་དབང་བསྒྱུར་བའི་སྤྱོད་པ་རྒྱལ་པོས་མངའ་རིས་ལ་དབང་བསྒྱུར་བ་ལྟ་བུའམ་མེ་དཔུང་གིས་བུད་ཤིང་བསྲེག་པ་ལྟ་བུ། སྲིད་ཞི་མཉམ་ཉིད་དུ་རྟོགས་པའི་ལྟ་བ་དང་ལྡན་པས་སྤྱོད་པ་བླང་དོར་གཉིས་སུ་མེད་པའི་ཐབས་ཀྱི་སྤྱོད་པ་རྒྱུན་མི་ཆད་པ་ཆུ་བོའི་རྒྱུན་ལྟ་བུ་རྣམས་སོ། །འབྲས་བུ་ནི། དེ་ལྟ་བུ་རྣལ་འབྱོར་ཟབ་མོ་ལ་བརྟེན་ནས་འདུན་པ་སེམས་པའི་རྣལ་འབྱོར་ལ་སོགས་པའི་ལམ་ལྔ་དང་འགྱུར་དབང་མ་ངེས་པའི་ས་ལ་སོགས་པ་ས་བཅུ་གཅིག་པོ་མྱུར་དུ་བགྲོད་ནས་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་བདེ་བ་ཆེན་པོ་སངས་རྒྱས་རྡོ་རྗེ་འཆང་གི་སྐུ་མངོན་དུ་ཐོབ་པར་འདོད་པ་དེ་ནི་ནང་གི་ཤེས་རབ་དང་ཏིང་འཛིན་ལ་བརྟེན་པའི་ལམ་གསང་བ་ཡོངས་སུ་རྫོགས་པ་ཡིན་པར་བཤད་པའོ། །གསུམ་པ་ཨ་ཏི་ཡོ་ག་ནི། ཤིན་ཏུ་གསང་བ་ཐེག་པའི་རྩེ་རྒྱལ་རྫོགས་པ་ཆེན་པོ་ཇི་ལྟར་བསྟན་པ་ཡི་ཚུལ་ལ། དང་པོ་འཇུག་སྒོ་ནི། དབང་རྫོགས་པ་རང་བྱུང་ལས། སྤྲོས་བཅས་སྤྲོས་པ་མེད་པ་དང་། ། ཤིན་ཏུ་སྤྲོས་མེད་རབ་སྤྲོས་མེད། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་པ་ལྡན་ལ་སྨིན་པར་བྱ། །ཞེས་གསུངས་པ་ལྟར་དབང་བཞི་པ་ལ་ནང་གསེས་སུ་ཕྱེ་བའི་སྤྲོས་བཅས་བུམ་པའི་དབང་དང་། སྤྲོས་མེད་གསང་བའི་དབང་། ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་། རབ་ཏུ་སྤྲོས་མེད་དོན་དམ་ཚིག་གི་དབང་བཞིའམ་རིག་པའི་རྩལ་དབང་ལ་རྟེན་ནས་སྨིན་པར་བྱེད་པའོ། །ལྟ་བ་ནི་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ནི་རྩ་བ་རང་བྱུང་གི་ཡེ་ཤེས་སྙིང་པོ་བྱང་ཆུབ་སེམས་སུ་འདུས་ཤིང་བྱང་ཆུབ་ཀྱི་སེམས་སྐུ་གསུམ་ལྷུན་གྱིས་གྲུབ་པའི་བདག་ཉིད་དུ་གནས་པ་ནི་སྤང་བླང་བསལ་བཞག་ཐམས་ཅད་དང་བྲལ་བ་ཡིན་པས་མ་ཧཱ་ཡོ་ག་ལྟར་ཏིང་འཛིན་རྣམ་པ་གསུམ་གྱིས་བྱང་ཆུབ་ཀྱི་སེམས་གསར་དུ་མ་བསྐྱེད་ལ། ཨ་ནུ་ཡོ་ག་ལྟར་སྙིང་པོ་ཡིག་འབྲུ་བརྗོད་པའི་སྒོ་ནས་ལྷའི་དཀྱིལ་འཁོར་དུ་རྫོགས་པར་མ་བྱས་པར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ནི་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རང་བཞིན་མ་བཙལ་ལྷུན་གྱིས་གྲུབ་པས་རྫོགས་པ་ཆེན་པོ་སྟེ། དེ་ལྟ་བུའི་སྙིང་པོ་བྱང་ཆུབ་ཀྱི་སེམས་ང་ལ་མ་རྫོགས་པ་ཡི་འཁོར་འདས་ཀྱི་ཆོས་དེ་ནི་གང་ཡང་མེད་ལ། ང་ཡི་རང་བཞིན་སྐུ་གསུམ་གྱི་ལྡོག་པས་རྣམ་པ་གསུམ་དུ་བསྟན་པ་ནི་དོན་ལ་རྫོགས་ཆེན་བྱང་ཆུབ་ཀྱི་སེམས་སུ་ངོ་བོར་དབྱེར་མེད་པ་གཅིག་པུའི་རང་བཞིན་ལ་ལྡོག་པ་ཙམ་དུ་དེ་ལྟར་གསུམ་དུ་བསྟན་པ་སྟེ། དེས་ན་ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཡེ་ནས་སངས་རྒྱས་པར་ལྟ་བ་ཡིན་ནོ། །སྒོམ་པ་ནི་དེ་ལྟ་བུའི་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་རིག་པར་བྱང་ཆུབ་ཀྱི་སེམས་དེ་ལ་རྩོལ་བས་སྒོམ་དུ་མེད་ཅིང་ཡེངས་སུ་ཡེ་ནས་མེད་པའི་རང་བཞིན་བབ་ཀྱི་བསམ་གཏན་ངང་བཞག་ཆུ་བོའི་རྒྱུན་གྱི་ཏིང་ངེ་འཛིན་དང་ལྡན་པའོ། །སྤྱོད་པ་ནི་ཅིར་སྣང་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ཉག་གཅིག་ཏུ་ཤར་བས་ཆེད་དུ་རྩོལ་བའི་བླང་དོར་གང་ཡང་མེད་པར་ལྷུན་འབྱམས་བྱར་མེད་ཆེན་པོ་གང་ཤར་ཤུགས་འབྱུང་གི་ཚུལ་ཀྱིས་སྤྱོད་པ་སྟེ། འཕྲུལ་ལྡེའུ་ལས། ཨ་ཏི་ཡོ་གའི་སྤྱོད་པ་ནི། ལྟ་སྒོམ་སྲོག་དང་ལྡན་པ་ཡིས། །ཤུགས་ལས་བྱུང་བའི་སྤྱོད་པ་ནི། །ཇི་ལྟར་སྨྱོན་པའི་སྤྱོད་པ་བཞིན། །གང་ལའང་ཐོགས་པ་མེད་པར་སྤྱོད། །ཅེས་གསུངས་པ་ལྟར་རོ། །འབྲས་བུ་ནི་ཡེ་ནས་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པའི་ཚུལ་དུ་གནས་པ་ཉིད་ཇི་ལྟ་བ་བཞིན་དུ་མངོན་དུ་ཐོབ་པར་འདོད་པ་དེ་ནི་ཤིན་ཏུ་གསང་བ་རྫོགས་པ་ཆེན་པོར་བཤད་པའོ། །དེ་ལྟ་བུའི་ཤིན་ཏུ་གསང་བ་ལས་ཀྱང་ཡང་གསང་བླ་ན་མེད་པ་མ་ཧཱ་ཨ་ནུ་ཨ་ཏི་གསུམ་པོ་དེ་ནི་སྟོན་པ་ཆོས་ཀྱི་སྐུའི་བསྟན་པ་ཡིན་པར་བཤད་པའོ། །གཉིས་པ་ལོངས་སྐུའི་བསྟན་པ་བཤད་པ་ལ་གཉིས་ཏེ། ནང་པ་གསུམ་སྤྱིར་བསྟན་པ་དང་། ཀྲི་ཡ། ཨུ་པ། ཡོ་ག་གསུམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ལ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་བསྟན་པ་ནི་ཕྱི་ནང་གི་ཆོས་རྣམས་ལ་བླང་དོར་གྱི་བྱ་བ་བྱེད་པའི་ཕྱིར་ན་ཕྱི་བྱ་བ་དང་ཕྱིའི་དཀའ་ཐུབ་ལ་བརྟེན་ནས་ནང་གི་དོན་རིག་པར་བྱེད་པས་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཞེས་གྲགས་པ་ཀྲྀ་ཡ་ཨུ་པ་ཡོ་ག་ཡི་སྡེ་གསུམ་དུ་བསྟན་པ་སྟེ་དེ་དག་ནི་སྟོན་པ་ལོངས་སྐུའི་བསྟན་པ་ཡིན་ནོ་ཞེས་སྤྱིར་བསྟན་པའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ་ལས། དང་པོ་ཀྲྀ་ཡ་ནི། འདི་ལྟར་ལུས་ངག་གི་བྱ་བ་ཁྲུས་དང་གཙང་སྦྲ་ལ་སོགས་པ་བྱེད་པའི་རྟོག་པ་ཅན་གྱི་སྡེ་བ་བྱ་བའི་རྒྱུད་ཀྱི་ཐོག་མའི་འཇུག་སྒོ་ནི། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་གསུངས་པ་ལྟར་བུམ་པའི་དབང་གིས་ཆོས་སྐུ་དང་ཅོད་པཎ་དབང་གིས་གཟུགས་སྐུའི་ནུས་པ་འཇོག་པ་རྩ་བའི་དབང་དང་། དེའི་འཁོར་དུ་མེ་ཏོག་གང་ལ་ཕོག་པའི་ལྷ་ཡི་བཟླས་ལུང་སྦྱིན་པ་རྡོ་རྗེ་སློབ་མའི་དབང་དང་། བར་ཆད་ཞི་ཞིང་བགེགས་གཞོམ་པ་བྱ་བ་བཀྲུ་བསྲུང་བའི་དབང་དང་། འབྱོར་པ་རྒྱས་བྱེད་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་རྣམས་བསྐུར་བའོ། །ལྟ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཡོད་མེད་སྣང་སྟོང་གི་སྤྲོས་པའི་མཐའ་བཞི་དང་བྲལ་བའི་སྣང་ཆ་ཀུན་རྫོབ་རིགས་གསུམ་ལྷའི་རང་བཞིན་དུ་བལྟས་ཏེ་བསྒོམ་ན་མཐར་ཐུག་རང་ཉིད་ལྷ་དེ་དང་དེའི་ངོ་བོར་འགྱུར་དུ་རུང་བའི་ངེས་ཤེས་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་སྒོམ་པ་ནི་མཚན་བཅས་དང་མཚན་མེད་གཉིས་ལས། དང་པོར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་ཏེ་ཏིང་འཛིན་གྱི་ངང་ནས་མཚན་བཅས་ལྷའི་ཏིང་འཛིན་ཇི་ལྟར་བསྒོམ་པར་བྱ་བའི་ཚུལ་ནི་ཤ་ཆང་སྒོག་ཙོང་ལ་སོགས་པ་སྤང་ཞིང་ཁྲུས་དང་གཙང་སྦྲ་ལ་གནས་པ་ཕྱི་རྫས་དང་ཡོ་བྱད་དག་པ། བཟླས་བརྗོད་དང་བསམ་གཏན་གྱི་དེ་ཁོ་ན་ཉིད་ནི་ནང་སྔགས་དང་ཏིང་འཛིན་དག་པ་དང་། བདག་དང་ལྷའི་དེ་ཁོ་ན་ཉིད་ནི་གསང་བ་རྟོག་ཚོགས་ལྷ་དང་དཀྱིལ་འཁོར་དུ་ད ག་པ་སྟེ་དག་པ་གསུམ་དང་ལྡན་པར་སྒོམ་དགོས་པས། དེ་ཚུལ་ལ་འཇུག་པ་ན་བླང་དོར་ལ་རྣམ་པར་རྟོག་པའི་སྒོ་ནས་ཕུར་བུ་དང་པ་སངས་སོགས་གཟའ་སྐར་བཟང་བ་དང་མགོ་དང་རྒྱལ་ལ་སོགས་པ་རྒྱུ་སྐར་བཟང་བ་དང་ཡར་གྱི་ཚེས་བརྒྱད་ལ་སོགས་པ་དུས་ཚོད་བཟང་པོའི་འཕྲོད་སྦྱོར་དང་བསྟུན་པའི་སྒོ་ནས་འཇུག་ཅིང་། དེ་ཡང་དེ་ཁོ་ན་ཉིད་བཞིའི་སྒོ་ནས་བསྒོམ་པར་གསུངས་པ་ལས། དང་པོ་བདག་གི་དེ་ཁོ་ན་ཉིད་ནི་ལྟ་བའི་ངང་དུ་འཇོག་པ་སྟེ་གོང་དུ་བསྟན་པ་ལྟར་ལ། གཉིས་པ་ལྷའི་དེ་ཁོ་ན་ཉིད་ནི་སྤྱིར་ཀྲྀ་ཡ་ལྷ་དྲུག་ཏུ་གྲགས་པ། ཇི་སྐད་དུ། སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་ལྷ་དྲུག་གོ། །ཞེས་པས་སྟོང་པའི་ལྷ་བདག་གི་དེ་ཁོ་ན་ཉིད་ལྟ་བའ་ིངང་ལ་འཇོག་པ་དང་། ཡི་གེའི་ལྷ་ཀུན་རྫོབ་ཟླ་དཀྱིལ་གྱི་རྣམ་པར་བསྒོམ་པ་དང་། སྒྲའི་ལྷ་ནི་དེའི་སྟེང་དུ་བཟླ་བྱའི་སྔགས་རང་སྒྲ་སྒྲོག་པར་བསྒོམ་པ་དང་། གཟུགས་ཀྱི་ལྷ་ཟླ་དཀྱིལ་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་སྟེ་སྔགས་ཕྲེང་ཟླ་དཀྱིལ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རིགས་གསུམ་གྱི་ལྷ་གང་ཡིན་གྱི་སྐུར་བསྒོམ་པ་དང་། ཕྱག་རྒྱའི་ལྷ་དེ་ལ་རིགས་གང་ཡིན་གྱི་ལྷས་དམ་རྒྱས་འདེབས་པ་དང་། མཚན་མའི་ལྷ་ནི་སྤྱོད་ལམ་ཀུན་ཏུ་ལྷ་དེའི་སྣང་བ་དང་མི་འབྲལ་བ་སྟེ་དེ་ལྟར་དུ་བསྒོམ་པར་གསུངས་ཀྱང་། སྐབས་འདིར་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་བསྒོམ་པར་གསུངས་པ་གང་ལྟར་ཡང་དབྱེ་བསྡུ་ཙམ་ལས་དོན་གནད་མཐུན་པ་འདྲ་ལ། དེ་ལ་མངོན་བྱང་ལྔ་ནི། སྟོང་པ་ཉིད་དང་། གདན་ཟླ་བ་དང་། གསུང་ཡིག་འབྲུ་དང་། ཐུགས་ཕྱག་མཚན་དང་། སྐུ་ཡོངས་རྫོགས་ལས་མངོན་པར་བྱང་ཆུབ་པ་ལྔ་དང་ནི། ལྷ་གཙོ་འཁོར་ཡོངས་རྫོགས་སུ་བསྒོམ་པ་ནི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། ལྷ་དེ་དག་ལ་རང་རང་གི་རིགས་ཀྱིས་བྱིན་གྱིས་བརླབ་པ་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་དང་། རང་རིགས་ཀྱི་སྐུ་དང་ཡེ་ཤེས་དང་གཟུང་དང་ཏིང་ངེ་འཛིན་དང་ལྡན་པས་དབང་བསྐུར་བ་ནི་དབང་བསྐུར་བའི་ཆོ་འཕྲུལ་དང་། ཕྱག་མཆོད་བསྟོད་པ་བྱ་བ་ནི་མཆོད་པའི་ཆོ་འཕྲུལ་སྟེ། དེ་ལྟ་བུའི་ཆོ་འཕྲུལ་བཞི་ལ་སོགས་པའི་ཐབས་སྣ་ཚོགས་ཀྱིས་བདག་དམ་ཚིག་པ་དང་ཡེ་ཤེས་ཀྱི་ལྷ་གཉིས་ནི་རྗེ་བོ་དང་ཁོལ་པོའི་ཚུལ་དུ་བསྒོམ་ཞིང་། ལྷ་མཉེས་པའི་ཆེད་དུ་ཕྱག་འཚལ་བ་དང་དག་པ་གསུམ་ལྡན་གྱིས་མཆོད་པ་འབུལ་བ་སོགས་ཡན་ལག་བདུན་པ་དང་བསྟོད་པ་རྣམས་བྱ་བའོ། །གསུམ་པ་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ནི། བསམ་གཏན་ཕྱི་མའི་རྒྱུད་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ཞེས་གསུངས་པས། གཞི་དང་པོ་ནི་ལྷ་ཡེ་ཤེས་པ་མདུན་དུ་བསྒོམ་པ། ཕྱི་མ་ནི་བདག་ཉིད་ལྷར་གསལ་བ། སེམས་ནི་དེ་དག་གི་ཐུགས་ཀར་ཟླ་དཀྱིལ་བསམ་པ། སྒྲ་ནི་དེའི་སྟེང་དུ་སྔགས་ཕྲེང་རང་སྒྲ་སྒྲོགས་པར་བསམ་པ་སྟེ། དེ་ལྟར་ཡན་ལག་བཞི་པོ་མ་ཉམས་པར་བཟླས་པ་བྱ་བའོ། །བཞི་པ་བསམ་གཏན་གྱི་དེ་ཁོ་ན་ཉིད་ནི། དེ་ཉིད་ལས། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲར་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐས་ཐར་བ་སྟེར་བར་བྱེད། །འདི་དག་དེ་ཉིད་གསུམ་པོ་ཡིན། །ཞེས་པས་དེ་ཉིད་གསུམ་ལས་དང་པོ་མེར་གནས་ནི་བདག་མདུན་གྱི་ཐུགས་ཀར་མེ་འབར་བའི་དབུས་སུ་ཟླ་བ་ལ་སྔགས་ཕྲེང་བཀོད་ནས་སྲོག་སྡོམ་པའི་སྦྱོར་བས་བསྒོམ་པ་སྟེ་དེས་ནི་ལས་གཞིའི་དངོས་གྲུབ་འགྲུབ་པའོ། །དེ་ཉིད་གཉིས་པ་སྒྲ་གནས་ནི་སྔགས་ཀྱི་ཡི་གེ་རྣམས་ལས་རང་སྒྲ་དྲིལ་བུའི་སྒྲ་ལྟར་བསམ་པའོ། །དེས་ནི་རྣལ་འབྱོར་སྟེ་ཞི་གནས་སྐྱེ་བའི་རྟེན་བྱེད་པའོ། །དེ་ཉིད་གསུམ་པ་སྒྲ་མཐའ་ནི་སྒྲ་ཡི་རྒྱུན་ཇེ་ཕྲར་སོང་ནས་མཐར་མི་དམིགས་པར་འཇོག་པ་སྟེ་དེས་ནི་ཐར་པ་སྟེ་ལྷག་མཐོང་སྐྱེ་བའི་རྟེན་བྱེད་པའོ། །གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། དེ་ལྟར་བཟླས་སྒོམ་གྱི་རྗེས་སུ་གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་དགེ་བསྔོ་རྣམས་བྱས་མཐར་ལྷ་སྣང་མི་དམིགས་པར་བསྡུས་ནས་སྟོང་པ་ཉིད་མཚན་མ་མེད་པར་བསྒོམ་པའོ། །སྤྱོད་པ་ནི་ཁྲུས་གསུམ་བྱེད་པ་དང་། གོས་གསུམ་བརྗེ་བ་ལ་སོགས་པ་གཙང་སྦྲ་སྤྱོད་ཅིང་སྦྱིན་སྲེག་དང་མཆོད་པ་སོགས་སྔགས་འགྲུབ་བྱེད་ཀྱི་ཆོ་གའི་ཡན་ལག་རྣམས་ལ་བརྩོན་པར་བྱེད་པའོ། །འབྲས་བུ་ནི་དེ་ལྟ་བུའི་མཚན་བཅས་དང་མཚན་མེད་ཀྱི་ལམ་ལ་བརྟེན་ནས་འབྲར་བུ་གཞན་ནས་ཐོབ་ཏུ་མེད་ཀྱང་ཡོད་པར་ལྟ་བའི་བློས་སྐུ་རིགས་རྣམ་སྣང་། གསུང་རིགས་སྣང་མཐའ། ཐུགས་རིགས་མི་བསྐྱོད་པ་སྟེ་རིགས་གསུམ་རྡོ་རྗེ་འཛིན་པའི་སའམ་སངས་རྒྱས་ཀྱི་གོ་འཕང་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་དངོས་གྲུབ་འདོད་པ་སྟེ། འདི་བས་ཀུན་རྫོབ་དང་དོན་དམ་གཉིས་ཀ་སྒྱུ་མར་བཤད་ཅེས་པའི་དོན་ནི། དམ་པ་རིན་པོ་ཆེའི་ཐེག་སྤྱིའི་འགྲེལ་བར། ལྟ་བ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སྒྱུ་མ་རྨི་ལམ་ཙམ་དུ་ཆོས་ཅན་དང་དངོས་པོར་སྣང་བ་འདི་རྣམས་དོན་ལ་སེམས་ཡིན་ཅིང་སེམས་ཉིད་ཀྱང་གདོད་མ་ནས་སྟོང་ཞིང་སྐྱེ་བ་མེད་པ་དོན་དམ་པར་སྤྲོས་པའི་མཐའ་ཡོད་མེད་རྟག་ཆད་བཞི་དང་བྲལ་བ་ལས་ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ་སྣང་བའོ་ཞེས་དང་། ཀུན་རྫོབ་སྒྱུ་མའི་མཚན་ཉིད་ནི་འཁྲུལ་བའི་ངོ་ལ་ཇི་ལྟར་སྣང་ཡང་དེ་ཉིད་དེ་བཞིན་གཤེགས་པ་རིགས་གསུམ་མགོན་པོའི་ངོ་བོ་ཉིད་ཡིན་ཏེ། ཞེས་སོགས་གསུངས་པ་ལྟར་དོན་དམ་དུ་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བཞིན་དུ་སྒྱུ་མ་ལྟ་བུའི་སྣང་བ་མི་འགག་པས་སྒྱུ་མ་ལྟ་བུ་དང་། ཀུན་རྫོབ་རིགས་གསུམ་ལྷའི་རྣམ་པར་སྣང་བ་ཡང་སྒྱུ་མ་ལྟ་བུར་བཤད་པའམ། ཡང་ན་ཀུན་རྫོབ་ལ་ཡང་ལོག་གཉིས་སུ་ཕྱེ་བའི་སྔ་མ་མཐོ་འཇམ་རྩུབ་པའི་དངོས་པོ་རྣམས་རིགས་གསུམ་མགོན་པོའི་རང་བཞིན་དུ་འདོད་པ་ཡང་དག་ཀུན་རྫོབ་བམ་དོན་དམ་པ་དང་ཕྱི་མ་དབུ་མ་མན་ཆད་ཀྱི་ཡང་ལོག་གི་ཀུན་རྫོབ་ཏུ་བཞག་པ་རྣམས་ཏེ་དེ་གཉིས་ཀ་སྒྱུ་མ་ལྟ་བུའི་རང་བཞིན་དུ་བཤད་པ་སྟེ། དོན་གཅིག་གོ། །གཉིས་པ་ཨུ་པ་ཡ་ནི། ལྟ་བ་ཡོ་ག་དང་སྤྱོད་པ་ཀྲྀ་ཡ་ལྟར་གཉིས་སུ་འབྱེད་པར་བྱེད་པས་གཉིས་ཀའི་རྒྱུད་ཅེས་བྱ་བར་གྲགས་པ་དེ་ཡི་འཇུག་སྒོ་ནི། ཡེ་ཤེས་ཐིག་ལེ་ལས། རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་དུ་རབ་ཏུ་གསལ། །ཞེས་གསུངས་པ་ལྟར་ཆུ་དང་ཅོད་པཎ་གྱི་སྟེང་དུ་སྤྱོད་རྒྱུད་རང་གི་དགོས་དབང་། རྡོ་རྗེ་དྲིལ་བུ་མིང་དབང་རྣམས་དང་། མེ་ལོང་མིག་ཐུར་ཆོས་བཤད་རྗེས་གནང་སོགས་མཐའ་བརྟེན་དང་བཅས་པར་བསྐུར་བའོ། །ལྟ་བ་ནི། དཀའ་བ་དཔལ་བརྩེགས་ཀྱི་ལྟ་རིམ་ལས། གཉིས་ཀའི་རྒྱུད་ཀྱི་འདོད་པ་ནི། །ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཞེས་གསུངས་པ་ལྟ་བུ་ལས་བྱེ་བྲག་ཆོས་ཀྱི་དབྱིངས་མཐའ་ཐམས་ཅད་དང་བྲལ་བ་དང་གཉིས་སུ་མེད་པ་རིག་པ་ཡེ་ཤེས་ཀྱི་བྱིན་རླབས་རིགས་བཞིའི་ལྷར་ཤར་བ་ཉིད་སྤུན་གྲོགས་ཀྱི་ཚུལ་དུ་བསྒོམ་ན་མཐར་ཐུག་རང་ཉིད་ལྷ་དེ་དང་དེའི་ངོ་བོར་འགྲུབ་ཏུ་རུང་བའི་ཚུལ་ལ་ཡིད་ཆེས་ཀྱི་ལྟ་བ་དང་ལྡན་པའོ། །སྒོམ་པ་ལ་མཚན་བཅས་མཚན་མེད་གཉིས་ལས། དང་པོ་ནི་རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་ཉིད། །ཤིན་ཏུ་བསྡམས་པའི་ཡིད་ལས་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཞེས་གསུངས་པ་ལྟར་བདག་གནས་རྣལ་འབྱོར་རྣམས་སྔོན་དུ་འགྲོ་བས། ཡི་གེ་དང་པོ་དོན་དམ་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་ངང་ལས་དེའི་སྣང་ཆ་ཀུན་རྫོབ་ཟླ་དཀྱིལ་གྱི་རྣམ་པར་བསྒོམ་པ། ཡི་གེ་གཉིས་པ་དེའི་སྟེང་དུ་བཟླ་བྱའི་སྔགས་རང་སྒྲ་སྒྲོག་པར་བསམ་པ། གཞི་དང་པོ་སྔགས་ཕྲེང་ཟླ་དཀྱིལ་བཅས་པ་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷར་བསྒོམ་ནས་སྔགས་རྒྱ་སོགས་ཀྱིས་བྱིན་གྱིས་རློབ་པ། གཞི་གཉིས་པ་ཡེ་ཤེས་པ་མདུན་དུ་གསལ་བའི་ཐུགས་ཀར་ཟླ་དཀྱིལ་ལ་སྔགས་ཕྲེང་བཀོད་ནས་སྲོག་བསྡམ་ཞིང་དམིགས་པ་རྩེ་གཅིག་པས་བཟླས་པ་བྱེད་པའོ། །མཚན་མེད་ཀྱི་རྣལ་འབྱོར་ནི་ཕུང་སོགས་སྐྱེ་མེད་དུ་དཔྱད་པས་རྟོགས་པ་འཇུག་པའི་སེམས། དེ་མི་རྟོག་པའི་ངོ་བོར་མངོན་སུམ་དུ་རྟོགས་པ་གནས་པའི་སེམས། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་ཆེན་པོས་རྗེས་སུ་འཇུག་པ་ལྡང་བའི་སེམས་ཏེ། དེ་ལྟར་འཇུག་གནས་ལྡང་གསུམ་དང་སྦྱར་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །སྤྱོད་པ་ནི་སྤྱོད་རྒྱུད་དང་མཐུན་པར་ཁྲུས་དང་གཙང་སྦྲ་སོགས་གྲོགས་ཙམ་དུ་བསྟེན་པའོ། །འབྲས་བུ་ནི་གནས་སྐབས་སུ་མངོན་ཤེས་ལ་སོགས་པ་ཐུན་མོང་གི་གྲུབ་པ་དང་མཐར་ཐུག་རིགས་བཞིའི་སངས་རྒྱས་སུ་འགྲུབ་པར་འདོད་པ་སྟེ། འོན་ཀྱང་རྫོགས་པ་ཆེན་པོས་ཡས་ནས་གཞལ་ན་ལྟ་སྤྱོད་གོང་འོག་གི་ཚུལ་གཉིས་ལ་བརྟེན་ནས་འདོད་པའི་དོན་རིགས་བཞི་རྡོ་རྗེ་འཛིན་པའི་དོན་གཅིག་བསྒྲུབ་པར་བྱེད་པ་དེ་ཡང་རྒྱུ་ལྟ་སྤྱོད་གཉིས་སུ་ཡོད་པར་ཞེན་པའི་སྤྱོད་པས་འབྲས་བུ་སྔོན་མེད་པའམ་གཞི་ལ་མ་གྲུབ་པའི་དོན་ཞིག་སྒྲུབ་པར་བྱེད་པས་ན་དཔེར་ན་རྟེན་མེད་པའི་ནམ་མཁའ་སྟོང་པ་ལ་གཅན་གཟན་སྤྱང་མོ་ཉུང་བར་བྱས་ཀྱང་བཟའ་བའི་དངོས་པོ་ཅི་ཡང་ཐོབ་ཏུ་མེད་པ་དང་འདྲ་བ་སྟེ། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། གཉིས་མེད་རང་གསལ་ཉག་གཅིག་ལ། །ངེས་མེད་གཉིས་ཀྱི་ཆ་འཛིན་ཅིང་། །དོན་ལ་ངེས་པའི་འབྲས་བུ་གཅིག །འདོད་པ་འཁྲུལ་པའི་རིགས་ཅན་ཏེ། །གཉིས་ཀྱིས་གཉིས་མེད་ཇི་ལྟར་སྙེད། །ཅེས་གསུངས་པ་ལྟར་རོ། །གསུམ་པ་ཡོ་ག་ནི། ལྟ་སྤྱོད་ལ་བླང་དོར་གྱི་སྒོ་ནས་འཇུག་པར་བྱེད་པའི་ཐེག་པ་ཕྱི་རྒྱུད་སྡེ་གསུམ་ཞེས་བྱ་བའི་ནང་ནས་སེམས་ཀྱི་སྒོམ་པ་གཙོ་བོར་འདོད་པས་གསང་བ་རྣལ་འབྱོར་གྱི་རྒྱུད་ཀྱི་ཐོག་མའི་འཇུག་སྒོ་ནི། ཡེ་ཤེས་ཐིག་ལེ་ལས། ཕྱིར་མི་ལྡོག་པ་བུམ་པའི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་གསུངས་པ་ལྟར་རིག་པའི་དབང་ལྔའི་སྟེང་དུ་སློབ་དཔོན་གྱི་དབང་དྲུག་བསྐུར་བ་སྟེ། དེ་ཡང་རིག་དབང་ངམ་སློབ་མའི་དབང་ལྔ་ནི། དཀྱིལ་འཁོར་དུ་ཞུགས་ཤིང་དམ་ཚིག་དང་སྡོམ་པ་བཟུང་། ཡེ་ཤེས་པ་དབབ་ཅིང་མེ་ཏོག་དོར་བས་ལྷག་པའི་ལྷ་ངེས་པར་བྱས་ཏེ། ལས་བུམ་གྱི་ཁྲུས་སྔོན་དུ་འགྲོ་བས་ལྷ་བུམ་གྱི་དབང་དང་། རིགས་གང་ཡིན་གྱི་ཅོད་པཎ་དང་། དེའི་རིག་ཀྱི་རྡོ་རྗེ་དང་། དེའི་ཡུ་བ་བྱས་པའི་དྲིལ་བུ་དང་། རང་རིགས་དང་མཐུན་པའི་མིང་དབང་རྣམས་སོ། །དཔོན་སློབ་ཀྱི་དབང་དྲུག་ནི། ཕྱིར་མི་ལྡོག་པའི་དབང་དམ་ཚིག་གསུམ་བཟུང་བ། གསང་བའི་དབང་། རྗེས་གནང་། ལུང་བསྟན། དབུགས་དབྱུང་། གཟེང་བསྟོད་རྣམས་ཏེ་སྡོམ་པས་དབང་བཅུ་གཅིག་པོ་རྣམས་བསྐུར་བ་སྟེ། འདིར་གསང་བའི་དབང་ཡང་བླ་མེད་ཀྱི་གསང་དབང་དང་མི་མཚུངས་པར་དཀྱིལ་འཁོར་དུ་གསང་བའི་འཇུག་པས་ཞུགས་ཤིང་མཐོང་བ་ལ་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་དང་། དཀྱིལ་འཁོར་གྱི་དེ་ཉིད་བཅུ་དང་ལས་ཀྱི་རིམ་པ་བསྟན་པར་བྱ་བ་ལ་གསང་དབང་དུ་གསུངས་སོ། །ལྟ་བ་ནི་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་འོད་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་འདོད་ལ། ཀུན་རྫོབ་ཏུ་སྣང་བའི་དངོས་པོ་ཐམས་ཅད་ཆོས་ཉིད་རྟོགས་པའི་བྱིན་རླབས་ལས་ཡང་དག་པའི་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སྣང་བའི་ཕྱིར་ན། སྐྱེ་བོས་བརྟགས་པའི་སྣང་བ་རང་རྒྱུད་པ་ཐམས་ཅད་དོན་ལ་མ་གྲུབ་པར་འདོད་དེ། ལྟ་རིམ་ལས། ཡོ་ག་དོན་དམ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་པའི་བྱིན་བརླབས་ལྷར་སྣང་བ། །དེ་ཕྱིར་སྐྱེ་བོ་ལྟར་སྣང་འཁྲུལ། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་བའི་དབང་དུ་ན། ཀུན་གཟིགས་མི་ཕམ་པའི་ཞལ་ནས། མཉམ་ཉིད་ཀྱི་ལྟ་བ་གོང་མ་གཉིས་ལས་ཁྱད་པར་འཕགས་པའི་དབང་གིས་བདག་དང་ལྷ་དོན་ལ་མཉམ་པར་མཐོང་བའི་ངེས་ཤེས་ཀྱིས་ཀུན་རྫོབ་ཏུ་ཡང་ཆུ་ལ་ཆུ་བཞིན་མཉམ་པར་བྱས་ཏེ་བསྒོམས་ན། ཆོས་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་ཡིན་པས་ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན་ཇི་ལྟར་དམིགས་པའི་ལྷ་མངོན་དུ་གྲུབ་པའི་ཕྱིར་ལྷའི་སྐུ་གསུང་ཐུགས་དང་ཕྲིན་ལས་ཀྱི་བདག་ཉིད་ཕྱག་རྒྱ་བཞི་ཡི་ངོ་བོར་འབད་པས་བསྒྲུབ་པས་དེ་ཡི་ངོ་བོར་འགྲུབ་པའི་ངེས་པ་ཁྱད་པར་ཅན་གྱི་ལྟ་བ་དང་ལྡན་པའོ། །ཞེས་གསུངས་པ་ལྟར་གོང་མ་གཉིས་ལས་བདེན་པ་གཉིས་ཀ་ཁྱད་པར་དུ་འཕགས་པར་ཤེས་པར་བྱའོ། །སྒོམ་པ་ལ་མཚན་བཅས་དང་མཚན་མེད་གཉིས་ལས་དང་པོ་ནི། རྡོ་རྗེ་རྩེ་མོ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་དང་། །ཐེ་ཚོམ་ལྡན་པ་ཉིད་དང་ནི། །བཀའ་བཞིན་དུ་ནི་མི་བྱེད་དང་། །དད་པ་མེད་པས་འགྲུབ་མི་འགྱུར། །ཞེས་གསུངས་པའི་སྐྱོན་བཞི་དང་བྲལ་བའི་ལྡོག་ཕྱོགས་ཡོན་ཏན་བཞི་ལྡན་གྱི་གང་ཟག་གིས་སྐྱབས་སེམས་སོགས་སྔོན་དུ་འགྲོ་བས། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་སྟོང་པ་ཉིད་ཀྱི་ངང་ལས་མངོན་བྱང་ལྔ་ཡི་སྒོ་ནས་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་ཏིང་ངེ་འཛིན་དང་གནས་གསུམ་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དང་མཆོད་པའི་ཆོ་འཕྲུལ་གྱིས་དཀྱིལ་འཁོར་ཐམས་ཅད་བྱིན་གྱིས་བརླབས་ཏེ་བདག་དང་ལྷ་ཡེ་ཤེས་སེམས་དཔར་ཏེ་སེམས་དཔའ་གཉིས་དབྱེར་མེད་དུ་བསྒོམ་པར་བྱས་ནས། མཆོད་པའི་བྱེ་བྲག་མེ་ཏོག་ལ་སོགས་པ་ཕྱིར་ཡི་མཆོད་པ། སྒེགས་སོགས་ནང་གི་མཆོད་པ་རིག་མ་བཅུ་དྲུག་གསང་བ་ཡི་མཆོད་པ་གསུམ་གྱིས་མཆོད་ནས། སྐུ་ཉིད་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ་དང་། ཕྲིན་ལས་ལས་ཀྱི་ཕྱག་རྒྱ་སྟེ་བཞི་ཡིས་རང་གི་སྒོ་གསུམ་བྱ་བ་དང་བཅས་པ་ལ་ལྷའི་སྐུ་གསུང་ཐུགས་མཛད་པ་དང་བཅས་པས་རྒྱས་བཏབ་སྟེ་དམ་ཡེ་གཉིས་མེད་ཀྱི་ངང་ནས་བཟླས་པ་ལ་བརྩོན་པ་སྟེ། འདི་ལ་གཙོ་བོ་ཙམ་སྐྱེད་པ་དང་པོའི་སྦྱོར་བ། གཙོ་འཁོར་ཡོངས་རྫོགས་བསྐྱེད་པ་དཀྱིལ་འཁོར་རྒྱལ་མཆོག་དང་། ཡེ་ཤེས་པ་གཞུགས་པ་སོགས་ལས་རྒྱལ་མཆོག་སྟེ་དེ་ལྟ་བུའི་སྒོ་ནས་ཏིང་ངེ་འཛིན་ལ་བརྩོན་པ་ནི་རགས་པ་ལྷ་ལ་དམིགས་པ་དང་། རྡོ་རྗེ་ལ་སོགས་པའི་ཕྱག་མཚན་ཤིན་ཏུ་ཕྲ་བ་སྣ་རྩེ་སོགས་སུ་བསྒོམས་ནས་མཐར་མི་རྟོག་པར་འཇོག་པ་ནི་ཕྲ་བ་ཕྱག་མཚན་ལ་དམིགས་པ་རྣམ་པ་གཉིས་སུ་གསུངས་སོ། །གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། དོན་དམ་མཚན་མ་མེད་པའི་གནས་ལུགས་དང་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷ་སྣང་གཉིས་ཀ་གཉིས་སུ་མེད་པའི་ངང་ལ་མཉམ་པར་འཇོག་པའོ། །སྤྱོད་པ་ནི་གཙང་སྦྲ་ལ་སོགས་པ་ཕྱིའི་ཀུན་སྤྱོད་གྲོགས་ཙམ་དུ་བྱས་ནས་གཙོ་བོར་ནང་གི་ཏིང་ངེ་འཛིན་ཟབ་མོ་དང་ལྡན་པའི་སྒོ་ནས་དངོས་གྲུབ་བསྒྲུབ་པའོ། །འབྲས་བུ་ནི་ཇི་ལྟར་འདོད་པའི་དོན་གནས་སྐབས་སུ་ཐུན་མོང་གི་དངོས་གྲུབ་དང་མཐར་ཐུག་མཆོག་གི་དངོས་གྲུབ་རིགས་ལྔ་སྟུག་པོ་བཀོད་པའི་ས་ལ་མངོན་པར་སངས་རྒྱས་པ་ཐོབ་ཏུ་རེ་བ་དང་ལྡན་པས། ཆགས་ཐོགས་མེད་པའི་འབྲས་བུ་ཡེ་ནས་གྲུབ་ཟིན་པ་དེ་ལ་རྩོལ་བའི་རེ་བ་འཇོག་པའི་ཏིང་ངེ་འཛིན་འདི་ཡིས་ཀྱང་ལྟ་སྤྱོད་བླང་དོར་བྱེད་པས་བླང་དོར་མེད་པའི་དོན་གྲུབ་པ་མེད་པ་སྟེ། ཀློང་ཆེན་རབ་འབྱམས་ལས། དུས་དང་གྲངས་ལ་ལྟོས་པའི་ཐེག་དམན་རྣམས། །མཁའ་ལ་ཤར་བའི་འཇའ་ཚོན་འཛིན་པ་ལྟར། །ཐུག་པའི་མཐའ་མེད་ཟིན་པའི་དུས་མེད་པས། །ནན་གྱིས་རང་སེམས་བྱར་མེད་རྩོལ་བས་བཅིང་། །ཞེས་གསུངས་སོ། །དེ་ལྟར་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་ཀྱི་རྒྱུད་སྡེ་གསུམ་པོ་དེ་ནི་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་བསྟན་པ་ཡིན་པར་བཤད་དོ། །གསུམ་པ་སྤྲུལ་སྐུའི་བསྟན་པ་བཤད་པ་ལ་བཞི་སྟེ། ཕྱི་པ་གསུམ་སྦྱིར་བསྟན་པ། གང་གི་དོན་དུ་གསུངས་པའི་རྒྱུ་མཚན། འདུལ་བ་མདོ་སྡེ་མངོན་པ་གསུམ་གྱི་དབྱེ་བ་དོན་བསྡུ་བའོ། །དང་པོ་ནི། དེ་ལ་སྟོན་པ་སྤྲུལ་པའི་སྐུ་ཡི་བསྟན་པ་ནི་གང་ཞེ་ན། རང་གི་ཡོངས་འཛིན་རྫོགས་པའི་སངས་རྒྱས་སོགས་ལ་ཇི་ལྟར་ཉན་ཅིང་ཐོས་པའི་དོན་གཞན་ལ་སྟོན་ཅིང་སྒྲོགས་པར་བྱེད་པས་ན་ཐོས་སྒྲོགས་སམ་ཉན་ཐོས་དང་། སྲིད་པ་ཐ་མའི་ཚེ་དགེ་བའི་བཤེས་གཉེན་གཞན་ལ་མི་བརྟེན་པར་རང་གི་བྱང་ཆུབ་རང་གིས་ཐོབ་པར་བྱེད་པས་རང་རྒྱལ་དང་། ཐེག་པ་དམན་པ་ལས་དམིགས་པ་ཆེན་པོ་ལ་སོགས་པ་ཆེན་པོ་བདུན་གྱིས་འཕགས་པ་ཐེག་པ་ཆེན་པོ་བྱང་ཆུབ་བསྒྲུབ་པའི་ཆེད་དུ་བྱ་དཀའ་བའི་སྤྱོད་པ་ལ་སེམས་མི་ཞུམ་པར་དཔའ་བས་བྱང་ཆུབ་སེམས་དཔའི་མདོ་སྡེ་གསུམ་ལ་ཕྱི་མཚན་ཉིད་ཐེག་པ་ཞེས་བཞག་པ་སྟེ། དེ་ཡང་སོ་སོའི་ལམ་དེས་རང་འབྲས་མཚོན་པར་བྱེད་པས་མཚན་ཉིད་ཐེག་པའམ་ཕྱིའི་ཀུན་སྤྱོད་གཙོ་བོར་སྟོན་པས་ཕྱི་པ་ཞེས་སུ་བཤད་པ་སྟེ་གསུམ་དུ་ཡོད་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པའི་འཇུག་སྒོ་ནི། ཡང་འབྱེད་འཕྲུལ་སྡེ་ལས། ཉན་ཐོས་བདེན་བཞིའི་སྒོ་ནས་འཇུག །ཞེས་གསུངས་པ་ལྟར་འཕགས་པའི་བདེན་པ་བཞི་ལ་བླང་དོར་འཇུག་ལྡོག་གི་སྒོ་ནས་འཇུག་པའོ། །ལྟ་བ་ནི་སྤྱིར་ཉན་ཐོས་ལ་ནང་གི་དབྱེ་བ་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ་གཉིས་སུ་ཡོད་ཀྱང་ཐུན་མོང་དུ་གཟུང་འཛིན་དུ་སྣང་བའི་དངོས་པོ་འདི་ཐམས་ཅད་ལ་གཉེན་པོས་བཅོམ་པ་དང་བློས་གཞིག་ཅིང་དཔྱད་པར་བྱས་ན་རགས་པའི་སྣང་བ་ཐམས་ཅད་དོན་ལ་མ་གྲུབ་པར་དུ་མ་དང་སྐད་ཅིག་མའི་རང་བཞིན་ཡིན་པས་གང་ཟག་གི་བདག་དང་མཚན་ཉིད་མི་མཐུན་པའི་ཕྱིར་ཕུང་པོ་བདག་མིན་ལ་དེ་ལས་གཞན་དུ་ཡང་བདག་ཡོད་པར་མི་དམིགས་པས་ན་གང་ཟག་གི་བདག་མེད་པར་རྟོགས་ཀྱང་། གཟུང་འཛིན་རགས་པའི་རྩོམ་གཞི་ཆ་མེད་གཉིས་དོན་དམ་དུ་ཡོད་པར་འདོད་ཅིང་ཀུན་བྱང་གི་ཆོས་ཐམས་ཅད་གཞི་མེད་དུ་མ་རྟོགས་པས་ཆོས་ཀྱི་བདག་ཡོད་པར་ལྟ་བ་སྟེ། ཀུན་གསལ་ལས། གང་ཟག་བདག་མེད་རྟོག་ཀྱང་ཆོས་ཉིད་བདག་མ་སྤངས། །ཆོས་ཀྱི་བདག་ནི་གཟུང་འཛིན་གཉིས་སུ་སྣང་། །འཛིན་པའི་རྒྱུན་རྟོག་སྐད་ཅིག་འགགས། །རྟག་ཆད་གཉིས་ལས་འདས་པ་ལྟར། །དཔེར་ན་ཆུ་བོ་གང་གཱ་བཞིན། །གཟུང་བྱ་ཀུན་རྫོབ་ཕར་བསལ་ནས། །དོན་དམ་རྔུལ་ཕྲན་རྫས་སུ་འདོད། །དཔེར་ན་གཡག་རྔ་ནེ་སེང་བཞིན། །མདོ་སྡེ་བྱེ་བྲག་རྣམ་གཉིས་འདོད། །ཅེས་སོ། སྒོམ་པ་ནི་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་ལ་སོགས་པ་དུག་གསུམ་གྱི་གཉེན་པོ་སོ་སོར་དང་ཐུན་མོང་དུ་བསམ་གཏན་དང་རྣམ་ཐར་སོགས་ཞི་གནས་དང་བདེན་བཞི་རྣམ་པ་བཅུ་དྲུག་བསྒོམ་པ་ལྷག་མཐོང་རྣམས་སོ། །སྤྱོད་པ་ནི་སོ་སོར་ཐར་པའི་ཚུལ་ཁྲིམས་ཡོངས་སུ་དག་པར་བསྲུང་བ་དང་སྦྱང་བའི་ཡོན་ཏན་བཅུ་གཉིས་ལ་གནས་པར་བྱེད་པའོ། །འབྲས་བུ་ནི་གནས་སྐབས་ཀྱི་འབྲས་བུ་རྒྱུན་ཞུགས་ལ་སོགས་པ་བདུན་དང་མཐར་ཐུག་གི་འབྲས་བུ་དགྲ་བཅོམ་པ་ཉིད་ཐོབ་པའོ། །གཉིས་པ་རང་རྒྱལ་གྱི་ཐེག་པའི་འཇུག་སྒོ་ནི། སྔ་མ་ལས། རང་རྒྱལ་རྟེན་འབྲེལ་སྒོ་ནས་འཇུག །ཅེས་གསུངས་པ་ལྟར་རྟེན་འབྲེལ་བཅུ་གཉིས་ལ་ལུགས་འབྱུང་ལྡོག་ཏུ་རྟོག་ཅིང་དཔྱོད་པའི་སྒོ་ནས་འཇུག་པ་དང་། ལྟ་བ་ནི་གང་ཟག་གི་བདག་མེད་རྟོགས་པ་ཉན་ཐོས་དང་འདྲ་བ་ལ། ཆོས་ཀྱི་བདག་ལས་ནང་གི་ཤེས་པ་སྐད་ཅིག་མར་སྐྱེས་པའི་རྟེན་འབྲེལ་གྱི་དབང་གིས་ཕྱི་རོལ་གྱི་སྣང་བ་རྨི་ལམ་གྱི་རོལ་པ་ལྟར་སྣང་བ་ཙམ་ལས་རྡུལ་ཕྲན་ཆ་མེད་ཀྱང་མ་གྲུབ་པར་རྟོགས་ཀྱང་གཟུང་བའི་དངོས་པོ་དེ་དག་གི་སྣང་གཞི་ཤེས་པ་སྐད་ཅིག་ཆ་མེད་བདེན་གྲུབ་ཏུ་འདོད་པས་བདག་མེད་ཕྱེད་གཉིས་ཙམ་རྟོགས་པ་སྟེ། ཀུན་གསལ་ལས། གང་ཟག་བདག་མེད་གོང་མཐུན་དེས་རྟོགས་ནས། །ཆོས་ཀྱི་ཁམས་ལ་ཕྱོགས་གཅིག་བདག་མེད་པ། །དེ་ཉིད་མཚན་མར་ངོས་འཛིན་པ། །རང་རྒྱལ་ཞེས་འདོད་ལྟ་བ་ཡིན། །ཅེས་པ་ལྟར་རོ། །སྒོམ་པ་ནི་བདེན་པ་བཞི་དང་རྟེན་འབྲེལ་ལུགས་འབྱུང་བཀག་ནས་ལུགས་ལྡོག་གི་གནད་ལ་ངེས་པ་འདྲོང་བའི་ཚུལ་གྱིས་བསྒོམ་པའོ། །སྤྱོད་པ་ནི་ངག་གི་ཆོས་མི་གསུང་པར་ལུས་ཀྱི་བརྡས་ཆོས་སྟོན་ཅིང་རྗུ་འཕྲུལ་ཡ་མ་ཟུང་གི་སེམས་ཅན་ལ་ཕན་འདོགས་པ་སྟེ། མངོན་རྟོག་རྒྱན་ལས། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་ནི་དེ་ལྟར་སྣང་། །ཞེས་སོ། །འབྲས་བུ་ནི་ཡིད་བཞིན་བདེ་བ་མཆོག་གི་སའམ་རང་རྒྱལ་དགྲ་བཅོམ་པའི་གོ་འཕང་ཐོབ་པའོ། །གསུམ་པ་བྱང་ཆུབ་སེམས་དཔའི་ཐེག་པའི་འཇུག་སྒོ་ནི། ཡང་འབྱེད་ལས། མདོ་སྡེ་བདེན་གཉིས་སྒོ་ནས་འཇུག །ཅེས་གསུངས་པ་ལྟར་ཀུན་རྫོབ་ཏུ་སེམས་ཅན་རྣམས་ཀྱི་དོན་དུ་སྨོན་འཇུག་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་བརྟེན་ནས་བྱང་ཆུབ་ཆེན་པོའི་ལམ་ལ་འཇུག་པ་དང་། དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པ་སྤྲོས་བྲལ་སྟོང་པ་ཉིད་དུ་ཤེས་པའི་སྒོ་ནས་འཇུག་པར་བྱེད་པའོ། །ལྟ་བ་ནི། ཆོས་དང་གང་ཟག་གི་བདག་མེད་གཉིས་ཀ་རྟོགས་པ་སྟེ། དེ་ཡང་ཐེག་པ་ཆེན་པོའི་མདོ་སྡེ་ཟབ་པ་དང་རྒྱ་ཆེ་བའི་ཕྱོགས་སོ་སོར་བཀྲལ་ཚུལ་གྱི་དབང་གིས་དབུ་མ་དང་སེམས་ཙམ་པ་གཉིས་སུ་ཡོད་པ་ལས། དང་པོ་སེམས་ཙམ་པ་ནི་འདི་ལྟར་གཟུང་འཛིན་གཉིས་སུ་སྣང་བའི་ཆོས་འདི་དག་ཐམས་ཅད་ནི་དོན་ལ་གྲུབ་པ་མེད་པ་ཀུན་ཏུ་བརྟགས་པ་ཙམ་གྱིས་རང་བཞིན་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་འདོད་ལ། དེ་དག་གང་ལས་སྣང་བའི་གཞི་གཞན་དབང་གི་ཤེས་པ་མཐར་ཐུག་པ་རང་རིག་རང་གསལ་ཙམ་དོན་དམ་པར་གྲུབ་པར་འདོད་པ་དང་། དེའི་སྟེང་ན་གཟུང་འཛིན་ཀུན་བརྟགས་ཀྱི་ཆ་བདག་གཉིས་ཀྱིས་སྟོང་པའི་ཆོས་དབྱིངས་དེ་བཞིན་ཉིད་ཆོས་ཉིད་ཀྱི་ཚུལ་ཏུ་ཡོད་པ་ནི་ཡོངས་གྲུབ་སྟེ་དེ་གཉིས་ནི་ཆོས་ཅན་དང་ཆོས་ཉིད་དོན་དམ་དུ་འདོད་པ་སྟེ། དེ་ལ་ཡང་ཡུལ་གྱི་རྣམ་པ་སྣ་ཚོགས་སུ་སྣང་བ་འདི་རྣམས་ཐ་སྙད་དུ་ཤེས་པའི་རང་བཞིན་དུ་བདེན་པར་འདོད་པ་རྣམ་བདེན་པ་དང་། མི་བདེན་པ་རྫུན་སྣང་ཙམ་དུ་འདོད་པ་རྣམ་རྫུན་པ་གཉིས་དང་རྣམ་བདེན་པ་ལའང་ཤེས་པས་ཡུལ་ཤེས་ཚུལ་གྱི་སྒོ་ནས་ནང་གསེས་ཀྱི་དབྱེ་བ་གསུམ་དུ་ཡོད་དོ། །གཉིས་པ་དབུ་མ་པས་ནི་གཟུང་འཛིན་གཉིས་སྟོང་གི་ཤེས་པ་ཙམ་ཡང་བདེན་གྲུབ་ཏུ་མི་འདོད་པར་ཆོས་ཐམས་ཅད་སྟོང་བཞིན་དུ་སྣང་བའི་རྟེན་འབྱུང་ཟབ་མོའི་དོན་ལ་ཡིད་ཆེས་པའི་ལྟ་བ་དང་ལྡན་པ་སྟེ། དེ་ལ་ཡང་བདེན་གཉིས་དབྱེར་མེད་དུ་རྟོགས་པའི་བློའི་རྩལ་འཕང་གིས་ཐལ་རང་གཉིས་སུ་ཡོད་པ་ལས། དང་པོ་རང་རྒྱུད་པས་ནི་གནས་སྐབས་སུ་བདེན་གཉིས་སོ་སོར་ཕྱེ་བའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ཡིན་ཀྱང་། ཀུན་རྫོབ་ཏུ་ཐ་སྙད་ཀྱི་དངོས་པོ་རྣམས་ཀྱིས་རང་རང་གི་མཚན་ཉིད་འཛིན་ཅིང་མི་བསླུ་བ་དོན་བྱེད་ནུས་པའི་ངོ་བོར་ཡོད་པར་འདོད་པ་དང་། མཐར་ཐུག་བདེན་གཉིས་སོ་སོའི་འཛིན་པ་དང་བྲལ་ནས་བདེན་གཉིས་དབྱེར་མེད་ཆེན་པོར་ལ་ཟློ་བར་བྱེད་པས་ན། ལམ་རིམ་གྱིས་པ་ལྟ་བུ་ཡིན་པར་གསུངས་པ་སྟེ། དེ་ལའང་རང་རྒྱུད་གོང་འོག་སོགས་ནང་གི་དབྱེ་བ་དུ་མ་ཡོད་དོ། །གཉིས་པ་ཐལ་འགྱུར་པས་ནི་དང་པོ་ཉིད་ནས་ཆོས་ཐམས་ཅད་ཡོད་མེད་ཡིན་མིན་ལ་སོགས་པའི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་རྣམ་གྲངས་མིན་པའི་དོན་དམ་བདེན་གཉིས་དབྱེར་མེད་ཆེན་པོར་གཏན་ལ་འབེབ་པར་བྱེད་པས་ན་ལམ་ཅིག་ཆར་བ་ལྟ་བུ་ཡིན་པར་གསུངས་སོ། །དེ་ལྟ་བུའི་དབུ་སེམས་གཉིས་ཀའི་སྒོམ་པ་ནི་ཐེག་ཆེན་གྱི་ས་བཅུ་ལམ་ལྔ་དང་འབྲེལ་བའི་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པ་དང་། སྤྱོད་པ་ནི་ཕ་རོལ་དུ་ཕྱིན་པ་དྲུག་གིས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་སྤྱོད་པས་འབྲས་བུ་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པ་སྟེ། དེ་ལྟ་བུའི་མཚན་ཉིད་སྡེ་གསུམ་པོ་དེ་ནི་སྟོང་པ་སྤྲུལ་པའི་སྐུ་ཡི་བསྟན་པ་ཡིན་ནོ། །གཉིས་པ་ནི། དེ་ཡང་མཚན་ཉིད་སྡེ་གསུམ་པོ་དེ་ཉིད་དོན་གང་གི་ཆེད་དུ་གསུངས་པ་ཡིན་ཞེ་ན་འདི་ལྟར་སྟོན་པ་ཀུན་བྱེད་ང་ཡི་ངོ་བོ་གཅིག་གི་རྩལ་སྣང་ལས་ཕྱི་འདོད་ཡོན་ལྔ་དང་ནང་ཡེ་ཤེས་ལྔ་ཡི་ངོ་བོར་རང་ཤར་དུ་ཕྱུང་བ་ལ། རང་སྣང་དུ་མ་ཤེས་པར་གཟུང་འཛིན་རྒྱང་ཆད་དུ་བལྟས་པའི་དབང་གིས་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་རང་རྒྱུད་པའི་རྣམ་པར་བྱུང་སྟེ་དེའི་སྒོ་ནས་དགེ་སྡིག་གི་ལས་སྣ་ཚོགས་བསགས་པའི་འབྲས་བུ་འགྲོ་དྲུག་གི་འཁྲུལ་སྣང་ཚད་མེད་པ་མཆེད་པ་ཡིན་པས། དེ་དག་གི་རྒྱུ་ཉོན་མོངས་པ་དུག་གསུམ་པོ་དེ་འདུལ་བ་ཡི་གཉེན་པོར་གསུངས་པ་ཡི་ནི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་གྲངས་སུ་གསུངས་པ་སྟེ། དེ་ལ་འདོད་པའི་ཡོན་ཏན་རྣམ་པ་ལྔ་རུ་བྱུང་བ་ནི་གང་ཞེ་ན་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་སྟེ་རྣམ་པ་ལྔ་ཡིན་ལ། དེ་ལྔ་པོ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གཉིས་མེད་ཡེ་ཤེས་ཆེན་པོའི་རང་མདངས་སུ་མ་ཤེས་པར་ཕྱི་རོལ་དུ་ཞེན་ཅིང་ཆགས་པ་ལས་ཡུལ་ལྔ་པོ་ཡིད་དུ་འོང་བ་ལ་བརྟེན་ནས་འདོད་ཆགས་དང་ཡིད་དུ་མི་འོང་བ་ལ་བརྟེན་ནས་ཞེ་སྡང་དང་བར་མ་ལ་བརྟེན་ནས་གཏི་མུག་རྣམ་པ་གསུམ་བྱུང་བ་ལ། དེ་དག་འདུལ་བའི་གཉེན་པོར་སྟོན་པ་སྤྲུལ་པའི་སྐུ་ཉིད་ཚངས་སྤྱོད་ཆགས་བྲལ་གྱི་རྣམ་པར་སྣང་ནས་ཆོས་ཀྱི་རྣམ་གྲངས་བསྡུ་ན་སྡེ་སྣོད་རྣམ་པ་གསུམ་དུ་བསྟན་པ་ཡིན་ནོ། །གསུམ་པ་ནི། དེ་ལ་སྡེ་སྣོད་གསུམ་ནི་གང་ཡིན་ཞེ་ན་འདི་ལྟར་ཉོན་མོངས་པ་འདོད་ཆགས་ཀྱི་རྟོག་པ་ཉི་ཁྲི་ཆིག་སྟོང་འདུལ་བའི་གཉེན་པོར་གསུངས་པ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བ་ཡི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས་པ་ཡིན་ལ། ཉོན་མོངས་པ་གཏི་མུག་གི་རྟོག་པ་ཉི་ཁྲི་ཆིག་སྟོང་འདུལ་བའི་གཉེན་པོར་གསུངས་པ་ནི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས་པ་དང་། ཉོན་མོངས་པ་ཞེ་སྡང་གི་རྟོག་པ་ཉི་ཁྲི་ཆིག་སྟོང་འདུལ་བའི་གཉེན་པོར་གསུངས་པ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས་པ་དང་། དུག་གསུམ་ཆ་མཉམ་གྱི་རྟོག་པ་ཉི་ཁྲི་ཆིག་སྟོང་འདུལ་བའི་གཉེན་པོ་རུ་སྡེ་སྣོད་གསུམ་ལས་བརྗོད་བྱ་གཙོ་ཆེ་ཆུང་མེད་པར་ཆ་མཉམ་པའི་སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས་པ་སྟེ། དེ་ལྟར་ན་ཉོན་མོངས་པའི་ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་ཡིན་ཏེ། ཚུལ་འདི་ལྟར་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས་ཀྱང་། མ་རིག་ལུས་ཅན་འཁྲུལ་པའི་སེམས་ཅན་ལ། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གནས་པ་ཡིན། །གཉེན་པོ་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱང་བཤད། །ཆོས་སྒོ་བསམ་འདས་དེ་སྙེད་ཀྱང་། །སྡེ་སྣོད་གསུམ་གྱིས་འདུལ་བ་ཡིན། །འདོད་ཆགས་གཉེན་པོར་འདུལ་བ་དང་། །གཏི་མུག་གཉེན་པོར་མདོ་སྡེ་དང་། །ཞེ་སྡང་གཉེན་པོར་མངོན་པ་རྣམས། །ཀུན་ཀྱང་ཉི་ཁྲི་ཆིག་སྟོང་སྟེ། །དུག་གསུམ་ཆ་སྙོམས་སྡེ་སྣོད་གསུམ། །ཆ་སྙོམ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་གསུངས་སོ། །བཞི་པ་དོན་བསྡུ་ལ་ལྔ་སྟེ། གྲངས། ཐེག་པ། གསུང་རབ། རྒྱུ་འབྲས། གང་གིས་གསུངས་པའི་དོན་བསྡུ་པའོ། །དང་པོ་ནི། དེ་ལྟར་མདོར་ན་གོང་དུ་བསྟན་པ་ལྟར་སྡེ་སྣོད་གསུམ་ལ་ཉི་ཁྲི་ཆིག་སྟོང་ཚན་བཞི་གསུངས་པ་རྣམས་སྡོམ་པས་སྤྱི་རུ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་གྲངས་སུ་གསུངས་པ་དེ་མ་ལུས་པ་ཡང་དོན་དུ་དུག་གསུམ་གྱི་རང་བཞིན་ཅན་གྱི་ཉོན་མོངས་པའི་རྟོག་པ་དེ་རྣམས་གཉེན་པོས་འདུལ་བ་ཁོ་ནའི་ཕྱིར་དུ་གསུངས་པ་ཡིན་ནོ། །གཉིས་པ་ནི། དེ་ལྟ་བུའི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་ཐམས་ཅད་ཚུར་བསྡུ་ན་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་སྟེ་མཚན་ཉིད་རྒྱུ་ཡི་ཐེག་པ་རྣམ་པ་གསུམ་དུ་འདུ་བ་སྟེ། བང་མཛོད་འཕྲུལ་ལྡེ་ལས། དབང་པོ་ཐ་མའི་དོན་དུ་ནི། །སྡེ་སྣོད་གསུམ་གྱི་ཐེག་པ་བསྟན། །ཞེས་གསུངས་པ་ལ། དེ་ལྟར་ན་ཐེག་པ་གསུམ་པོ་དེ་རྣམས་ཆོས་ཀྱི་སྒོ་ནི་མདོ་སྡེ་དང་འདུལ་བ་མངོན་པ་གསུམ་དུ་བསྟན་པ་དེ་ནི་བསྡུས་པའི་དོན་ནོ་ཞེས་བསྟན་པ་ཡིན་ནོ། །གསུམ་པ་ནི། དེ་ལྟ་བུའི་མཚན་ཉིད་མདོ་སྡེ་ཡི་ཐེག་པ་དེ་ལ་ཡང་ཕར་དབྱེ་བའི་དབང་དུ་ན་གསུང་རབ་རྣམས་བཤད་ལུགས་མི་འདྲ་བའི་སྒོ་ནས་ཡན་ལག་བཅུ་དང་གཉིས་སུ་ཡོད་དེ། འཕགས་པ་འཇམ་དཔལ་གྱིས་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལས། འབྲིང་ནི་རྣམ་པ་བཅུ་གཉིས་ཏེ། །མདོ་དང་དབྱངས་དང་ལུང་དུ་བསྟན། །ཚིག་བཅད་ཆེད་བརྗོད་གླེང་གཞིའི་སྡེ། །རྟོགས་བརྗོད་དེ་བྱུང་སྐྱེས་པའི་རབས། །རྒྱས་དང་རྨད་བྱུང་གཏན་ལ་ཕབ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །ཞེས་གསུངས་པ་ལྟར་ཚིག་མདོར་བསྡུས་ཤིང་དོན་སྡེ་ཚན་དུ་བཅད་དེ་བཤད་པ་མདོ་ཡི་སྡེ་དང་། ཚིག་ལྷུག་པའི་སྒོ་ནས་རྒྱས་པར་གསུངས་པ་དེ་དག་སླར་ཡང་ཚིགས་སུ་བཅད་པའི་དབྱངས་ཀྱི་བསྙད་དེ་བཤད་པ་ནི་དབྱངས་བསྙད་དང་། མ་འོངས་པ་ན་འབྱུང་འགྱུར་གྱི་ཆོས་གང་ཞིག་ལུང་བསྟན་པ་རྣམས་ནི་ལུང་དུ་བསྟན་པ་དང་། དང་པོ་ནས་ཚིགས་སུ་བཅད་པ་ཁོ་ནས་གསུངས་པ་ནི་ཚིག་བཅད་དང་། གཞན་གྱིས་མ་བསྐུལ་བར་སྟོན་པ་ཉིད་ཀྱིས་ཆེད་དུ་བཀའ་རྩལ་བ་ནི་ཆེད་བརྗོད་དང་། གླེང་གཞི་ལ་བརྟེན་ནས་རྒྱ་ཆེར་གསུངས་པ་ནི་གླེང་བཞི་དང་། གང་ཟག་ད་ལྟ་བ་འགའ་ཞིག་གི་ངོ་མཚར་གྱི་ལོ་རྒྱུས་བཤད་པ་ནི་རྟོགས་བརྗོད་དང་། སྔོན་བྱུང་གི་ཆོས་རྣམས་ཀྱི་ལོ་རྒྱུས་གསུངས་པ་ནི་དེ་ལྟ་བུ་བྱུང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བའི་ཕྲེང་བ་བཤད་པ་ནི་སྐྱེས་རབས་དང་། ཟབ་ཅིང་རྒྱ་ཆེ་བའི་ཆོས་གང་ཞིག་ཤིན་ཏུ་རྒྱས་པའི་སྒོ་ནས་ཚད་མེད་པར་གསུངས་པ་ནི་ཤིན་ཏུ་རྒྱས་པ་དང་། ཤིན་ཏུ་ངོ་མཚར་བའི་ཆོས་སྔར་མ་གྲགས་པ་ལྟ་བུ་གསུངས་པ་ནི་རྨད་དུ་བྱུང་བ་དང་། བརྗོད་བྱ་གང་ཞིག་ཕྲ་ཞིབ་ནས་སོ་སོར་གཏན་ལ་ཕབས་ཏེ། བཤད་པ་ནི་གཏན་ལ་དབབ་པའི་སྡེ་སྟེ། དེ་ལྟར་བཅུ་གཉིས་སུ་བསྟན་པ་ནི་འབྲིང་དུ་བསྟན་པ་ཡིན་ནོ། །དེ་དག་བསྡུ་ན་སྡེ་སྣོད་གསུམ་དུ་འདུ་བའི་ཚུལ་ཀྱང་། དེ་ཉིད་ལས། བསྡུས་པ་སྡེ་སྣོད་གསུམ་དག་སྟེ། །མདོ་སྡེ་འདུལ་བ་ཆོས་མངོན་ནོ། །དེ་ཡང་རྣམ་པ་བཞི་ཡིན་ཏེ། །གང་གསུངས་གང་དུ་གང་གི་ཕྱིར། །ཚུལ་ནི་ཇི་ལྟར་བསྡུས་པའོ། །གང་ནི་བཅུ་དང་གཉིས་བཤད་པའོ། །གང་དུ་སྡེ་སྣོད་གསུམ་དུའོ། །གང་ཕྱིར་རྣམ་པ་གསུམ་ཡིན་ཏེ། །གཉེན་པོའི་དོན་ཕྱིར་གསུམ་ཉིད་དང་། །བསླབ་གསུམ་རྒྱུད་ལ་སྐྱེ་ཕྱིར་གསུམ། །ཆོས་དང་ཆོས་ཕྱིར་བསྡུ་བ་གསུམ། །ཞེས་གསུངས་པ་ལྟར་གང་ཞིག་བསྡུ་བ་ནི་གསུངས་རབས་ཡན་ལག་བཅུ་གཉིས་སོ། །གང་དུ་བསྡུ་ན་སྡེ་སྣོད་རྣམ་པ་གསུམ་དུ་བསྡུ་བ་དང་། རྒྱུ་མཚན་ནམ་དགོས་པ་གང་གི་ཕྱིར་བསྡུ་ན། ཐེ་ཚོམ་དང་སྤྱོད་པ་དང་ལྟ་བ་ཕྱིན་ཅི་ལོག་གསུམ་མམ་དུག་གསུམ་གྱི་གཉེན་པོའི་དོན་གྱི་ཕྱིར་སོགས་རྣམ་པ་གསུམ་གྱི་ཕྱིར་དུ་བསྡུ་བ་ཡིན་ཞིང་། ཇི་ལྟར་བསྡུ་བའི་ཚུལ་ལ་རྣམ་པ་གཉིས་སུ་གསུངས་ཏེ་བརྗོད་བྱའི་དོན་གྱི་སྒོ་ནས་བསྡུ་བ་དང་། བརྗོད་བྱེད་ཚིག་གི་སྒོ་ནས་བསྡུ་བའོ། །དང་པོ་དོན་གྱི་སྒོ་ནས་བསྡུ་བ་ནི་གང་ཞེ་ན། བསྒོམ་པ་གཙོ་བོར་སྟོན་པ་མདོ་སྡེ་དང་། བསྲུང་སྡོམ་གཙོ་བོར་སྟོན་པ་འདུལ་བ་དང་། ལྟ་བ་གཙོ་བོར་སྟོན་པ་མངོན་པའོ། །ལུང་གོང་གི་འཕྲོས་ལས། བསྡུ་ཚུལ་ལ་ནི་རྣམ་གཉིས་ཏེ། །དོན་དང་ཚིག་གི་སྒོ་ནས་སོ། །དོན་ལ་རྣམ་པ་གསུམ་བཤད་དེ། །སྒོམ་པ་གཙོར་སྟོན་མདོ་ཡི་སྡེ། །བསྲུང་སྡོམ་གཙོར་སྟོན་འདུལ་བ་ཡིན། །ལྟ་བ་གཙོར་སྟོན་མངོན་པ་ཡིན། །ཞེས་གསུངས་ཞིང་། ཚིག་གི་སྒོ་ནས་བསྡུ་བ་ལ་ཐེག་པ་ཆུང་ངུའི་བསྡུ་ཚུལ་དང་། ཐེག་པ་ཆེན་པོའི་བསྡུ་ཚུལ་དང་། གཉིས་གའི་ཐུན་མོང་གི་བསྡུ་ཚུལ་གསུམ་ལས། དང་པོ་ལྟར་ན། སྔ་མ་ལྔ་མདོ་སྡེ་དང་། དེ་རྗེས་གླེང་གཞི་ལ་སོགས་པ་རྣམ་པ་བཞི་འདུལ་བ་དང་། རྒྱས་པ་དང་རྨད་བྱུང་གཏན་དབབ་གསུམ་མངོན་པའོ། །གཉིས་པ་ཐེག་ཆེན་ལྟར་ན། རྒྱས་པ་དང་རྨད་བྱུང་གཉིས་མདོ་སྡེ་དང་། མདོ་སྡེ་ནས་སྐྱེས་རབས་ཀྱི་བར་དགུ་ནི་འདུལ་བ་དང་། གཏན་ལ་ཕབ་པ་མངོན་པ་ཡིན་པར་གསུངས་ལ། ཐུན་མོང་བ་ལྟར་ན་དང་པོ་ལྔ་ནི་མདོ་སྡེ་དང་། དེ་རྗེས་གླེང་གཞི་ལ་སོགས་པ་དྲུག་ནི་འདུལ་བ་དང་། གཏན་དབབ་ནི་མངོན་པ་སྟེ། ལུང་གོང་གི་འཕྲོར། ཚིག་བསྡུ་རྣམ་པ་གསུམ་ཡིན་ཏེ། །ཐེག་པ་ཆེ་ཆུང་ཐུན་མོང་གསུམ། །མདོ་སོགས་རིམ་ལྔ་མདོ་ཡི་སྡེ། །དེ་རྗེས་རྣམ་བཞི་འདུལ་བ་སྟེ། །ཐ་མ་གསུམ་ནི་མངོན་པའོ། །དེ་ནི་ཐེག་པ་ཆུང་ངུ་ཡིན། །རྒྱས་དང་རྨད་བྱུང་མདོ་ཡི་སྡེ། །མདོ་སོགས་དགུ་ནི་འདུལ་བ་ལ། །གཏན་ལ་ཕབ་པ་མངོན་པ་སྟེ། །དེ་ནི་ཐེག་པ་ཆེན་པོའི་གཞུང་། །དང་པོ་ལྔ་ནི་མདོ་ཡི་སྡེ། །དེ་རྗེས་དྲུག་ནི་འདུལ་བ་ཡིན། །ཐ་མ་མངོན་པ་ཐུན་མོང་གཞུང་། །ཞེས་གསུངས་སོ། །དེ་ལྟར་ན་གསུང་རབས་ཡན་ལག་བཅུ་གཉིས་སུ་གསུངས་པ་དེ་ནི་སྡེ་སྣོད་གསུམ་པོ་དེ་ལས་འབྲིང་དུ་སོ་སོར་དབྱེ་བའི་དོན་དུ་བསྟན་པ་ཡིན་ལ། རྒྱས་པར་ནི་གོང་དུ་བཤད་པ་ལྟར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་རྣམས་ཏེ། དེ་ཉིད་ལས། དེ་ལས་རྒྱས་པར་གསུངས་པ་ནི། །དུག་གསུམ་ཉོན་མོངས་ཆ་མཉམ་པའི། །གཉེན་པོ་བརྒྱད་ཁྲི་བཞི་སྟོང་ངོ་། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་སྟོན་པའོ། །ཞེས་གསུངས་སོ། །བཞི་པ་རྒྱུ་འབྲས་ནི། དེ་ལྟ་བུའི་སངས་རྒྱས་སྤྲུལ་པའི་སྐུས་གསུངས་པའི་མཚན་ཉིད་ཐེག་པ་གསུམ་གྱིས་བསྟན་བྱའི་གཙོ་བོ་ནི། དུག་གསུམ་གྱི་རྒྱུ་ལ་སྤྱད་པ་ལས་འབྲས་བུ་ཞེ་སྡང་གིས་དམྱལ་བ་དང་། འདོད་ཆགས་ཀྱིས་ཡི་དྭགས་དང་། གཏི་མུག་གིས་འབྲས་བུ་དུད་འགྲོ་སྟེ་ངན་སོང་གསུམ་དུ་སྐྱེ་བ་ཡིན་པས་དེ་དག་སྤང་བྱའོ་ཞེས་སྤང་ཐབས་དང་བཅས་པ་བསྟན་པའི་སྒོ་ནས། སེམས་ཅན་རྣམས་རྒྱུ་དུག་གསུམ་པོ་དེ་ལས་བཟློག་ཏེ་ཡང་དག་པའི་ལམ་ལ་དཀྲི་བའི་ཆེད་དུ་ལས་དཀར་ནག་ལ་སྤྱོད་པའི་དབང་གིས་དགེ་སྡིག་གཉིས་ཀྱི་འབྲས་བུ་རིམ་པ་ལྟར་མཐོ་རིས་དང་ངན་སོང་རྣམ་པ་གཉིས་པོ་ཞེས་དགེ་སྡིག་དེ་དག་ལ་བླང་དོར་བྱེད་པའི་ཚུལ་ནི་མཚན་ཉིད་རྒྱུ་ཡི་ཐེག་པ་གསུམ་པོ་དེ་ལས་རབ་ཏུ་བསྒྲགས་པ་ཡིན་ནོ་ཞེས་འདིས་རྒྱུ་ཡི་ཐེག་པ་ཞེས་པའི་རྒྱུ་མཚན་ཀྱང་བསྟན་པ་ཡིན་ཏེ། བང་མཛོད་འཕྲུལ་སྡེ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ནི། །དགེ་སྡིག་ལས་ཀྱི་རྒྱུ་བྱས་པས། །འབྲས་བུ་བདེ་དང་སྡུག་བསྔལ་འདོད། །ཆོས་སྤྱོད་དགེ་བས་རྒྱུ་བྱས་ནས། །དེ་ཉིད་ལམ་དུ་ཁྱེར་བའི་ཕྱིར། །རྒྱུ་ཡི་ཐེག་པ་བསྟན་པ་ཡིན། །ཞེས་པ་ལྟར་རོ། །ལྔ་པ་ནི། དེ་ལྟར་རྒྱུ་འབྲས་ལ་བླང་དོར་གྱིས་བརྩོན་པར་བྱེད་པའི་ཐེག་པ་འདི་ནི་སྟོན་པ་སྤྲུལ་པའི་སྐུ་རྣམས་ཀྱིས་སྔར་ཡང་གསུངས་པ་དང་། ད་ལྟར་ཕྱོགས་བཅུའི་ཞིང་ན་སྐུ་འཚོ་ཞིང་མངོན་སུམ་དུ་བཞུགས་པ་རྣམས་ཀྱིས་གསུང་བཞིན་པ་དང་། ཕྱིས་སུ་འབྱོན་པར་འགྱུར་བ་རྣམས་ཀྱིས་ཀྱང་གསུང་བར་འགྱུར་ལ། དགེ་སྡིག་བླང་དོར་བྱེད་པ་འདི་ལྟ་བུ་ཡི་དོན་ཐམས་ཅད་སྨྲ་བསམ་བརྗོད་དུ་མེད་པ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བྱེད་པའི་དོན་དུ་གསུངས་པ་ཀུན་བྱེད་ཆོས་སྐུའི་བསྟན་པ་འདི་ནི་སྤྲུལ་སྐུའི་སྟོན་པ་རྣམས་ཀྱི་སྔ་མ་འདས་པའི་དུས་སུ་མ་གསུངས་ལ། ད་ལྟར་མི་གསུང་སྟེ། དེ་བཞིན་དུ་སྟོན་པ་སྤྲུལ་པའི་སྐུ་ཡིས་ཕྱིས་ཀྱང་གསུང་པར་མི་འགྱུར་བ་དེ་བས་ན་སྤྲུལ་པའི་སྐུ་ཡི་བསྟན་པ་ནི་མཚན་ཉིད་རྒྱུ་ཡི་ཐེག་པ་གསུམ་པོ་འདི་ཉིད་ཡིན་པར་བཤད་དོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་རྒྱ་ཆེར་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་གྱི་འཁོར་རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་སྟོང་གསལ་ཐུགས་རྗེ་སྟེ་རྣམ་པ་གསུམ་གྱི་རྩལ་ལ་འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་དུ་ཤར་ཞིང་བྱུང་བ་སྟེ། དེ་ལྟ་བུའི་སྐུ་གསུམ་སྟོན་པ་གསུམ་གྱི་འཁོར་རྣམས་རིམ་པ་བཞིན་དུ་བསྟན་པ་ནི་འདི་ལྟར་རོ་ཞེས་མདོར་བསྟན་པའོ། །གཉིས་པ་ལ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་འཁོར་གསུམ་ལས། དང་པོ་ཆོས་སྐུའི་འཁོར་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་སྟོན་པ་ཆོས་ཀྱི་སྐུ་ཡི་འཁོར་རྣམས་བསྟན་པ་ནི་གང་ཞེ་ན། ཀུན་བྱེད་རྒྱལ་པོ་ང་ཡིས་བྱས་ཤིང་རང་རྩལ་ལས་སྤྲུལ་པའི་འཁོར་ནི་སྲིད་ཞི་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀུན་རང་བྱུང་སྙིང་པོ་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་གདོད་མའི་མགོན་པོ་ཆོས་ཀྱི་སྐུ་ཡི་འཁོར་ཡིན་པས་ན། རིག་པ་བྱང་ཆུབ་ཀྱི་སེམས་རང་ངོ་ཤེས་པའི་སངས་རྒྱས་དང་། རང་ངོ་མ་ཤེས་པས་འཁྲུལ་པ་ལྟར་སྣང་བའི་སེམས་ཅན་གྱི་ཁམས་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པ་འདི་ཐམས་ཅད་ཀུན་སྟོན་པ་ཆོས་ཀྱི་སྐུ་ཡི་འཁོར་དུ་མ་འདུས་པ་གཅིག་ཀྱང་མེད་པས་ཐམས་ཅད་ཆོས་ཀྱི་སྐུ་ཡི་འཁོར་དུ་བཤད་དོ་ཅེས་གསུངས་སོ། །གཉིས་པ་ལོངས་སྐུའི་འཁོར་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག་བྱང་ཆུབ་སེམས་ཀྱི་ངོ་བོ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་འཁོར་རྣམས་བསྟན་པ་ནི། མོས་པས་སྤྱོད་པ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞི་ཡི་ས་ལ་བརྟེན་ནས་འཇིག་རྟེན་ལས་འདས་པ་ཡི་ས་དང་པོ་རབ་ཏུ་དགའ་བའི་ས་མནན་པ་ནས་བཟུང་སྟེ་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་གྱི་ས་པ་ཡི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་ནི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་འཁོར་དུ་བསྟན་པ་ཡིན་ནོ། །གསུམ་པ་སྤྲུལ་སྐུའི་འཁོར་ནི། ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཐུགས་རྗེའི་རོལ་རྩལ་སྟོན་པ་སྤྲུལ་པའི་སྐུ་ཡི་འཁོར་རྣམས་བསྟན་པ་ནི། འདི་ལྟར་དངོས་པོའི་གནས་ཚུལ་ལ་ཕྱིན་ཅི་ལོག་པར་རྟོགས་པ་ལ་ཕྱ་དང་དབང་ཕྱུག་གཙོ་བདག་ལ་སོགས་པ་རྟག་པར་ལྟ་བ་མུ་སྟེགས་པ་དང་། ཚེ་སྔ་ཕྱི་དང་ལས་འབྲས་སོགས་མེད་པར་ལྟ་བས་ཆད་ལྟ་མུར་ཐུག་པ་གཉིས་དང་། གྲུབ་མཐས་བློ་མ་བསྒྱུར་ཞིང་ལས་འབྲས་ཡོད་མེད་སོགས་ཅི་ཡང་མ་རྟོགས་པ་ལ། ཕྱི་མ་རྒྱང་དུ་འཕེན་ཞིང་ཚེ་འདི་གང་ལ་བཙན་ཕྱུག་ལ་སོགས་པ་བསྒྲུབ་པའི་ཆེད་དུ་མཆོད་སྦྱིན་ཕྲ་མོ་བྱེད་པ་དང་ཕ་མེས་ཀྱི་མཚུན་གསོལ་བ་དང་མོ་བོན་གཡང་བླན་ལ་སོགས་པ་ཚེ་འདིར་ཕན་པ་འབའ་ཞིག་བསྒྲུབ་པར་བྱེད་པ་རྒྱང་འཕེན་དང་། འཇིག་རྟེན་ཐ་མལ་པ་རྣམས་ལས་ཀྱང་ཤིན་ཏུ་གླེན་ཞིང་རྨོངས་པ་ཕྱུག་ལྟ་བུ་རྒྱུ་འབྲས་དང་སྤང་བླང་ཅི་ཡང་མི་ཤེས་པས་ལྟ་བ་དང་གྲུབ་མཐའ་འདི་ཡིན་གྱི་ངེས་པ་མེད་པ་ཕྱལ་བ་སྟེ་རྣམ་པ་བཞི་པོ་འདི་ཉིད་བླ་མེད་བྱང་ཆུབ་ཀྱི་ལམ་ལ་མ་ཞུགས་ཤིང་ཕྱིན་ཅི་ལོག་པའི་ལམ་ལ་གཏན་དུ་གོལ་བར་གྱུར་པས། དེ་དག་གི་ཁམས་དང་དབང་པོ་སེམས་ཀྱི་བྱེ་བྲག་རྣམས་ཡང་དག་པའི་ལམ་དུ་བསྒྱུར་བར་བྱེད་ཅིང་ཟག་མེད་རང་བྱུང་གི་ཐུགས་རྗེ་ཡིས་བྱིན་གྱིས་བརླབས་ནས་ལས་ལ་རིམ་གྱིས་དྲངས་བར་མཛད་པའི་འཁོར་དགེ་སློང་ཕོ་མོ་གཉིས་དང་དགེ་བསྙེན་ཕོ་མོ་གཉིས་ཏེ་རྣམ་པ་བཞི་པོ་དེ་ནི་སྟོན་པ་སྤྲུལ་པའི་སྐུ་ཡི་འཁོར་དུ་བསྟན་པ་ཡིན་ནོ་ཞེས་གསུངས་སོ། །བཞི་པ་གནས་ཕུན་སུམ་ཚོགས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་གནས་རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག་ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱི་བཞུགས་པའི་གནས་གང་ཞིག་སྐུ་གསུམ་པོ་སོ་སོར་ང་རེ་ཡི་ཞེས་རང་རང་གི་གནས་ཀྱི་ཁྱད་པར་བསྟན་པ་ནི་འཆད་འགྱུར་འདི་ཉིད་དོ་ཞེས་མདོར་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ཆོས་སྐུའི་གནས་ནི། དེ་ལ་སྟོན་པ་ཆོས་ཀྱི་སྐུའི་གནས་ཀྱི་མཚན་ཉིད་ནི་འདི་ལྟ་སྟེ། གཟུང་འཛིན་གྱི་རྟོག་པ་གང་གི་ཡང་འོག་ཏུ་མ་གྱུར་པའི་ཕྱིར་ན་འོག་མིན་གྱི་གནས་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། དེ་ནི་རྟོག་པའི་གྲྭ་ཟུར་ཤིན་ཏུ་ཕྲ་བ་ལས་ཀྱང་འདས་ཤིང་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་པ་ཡིན་པས་ཡང་དག་དོན་གྱི་འོག་མིན་ཞེས་བཤད་པའི་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རང་བཞིན་དེ་རུ་སྟོན་པ་ཆོས་ཀྱི་སྐུ་ཉིད་དུས་གསུམ་འཕོ་འགྱུར་བྲལ་བའི་ངོ་བོར་བཞུགས་པས་ན་དེ་ལྟ་བུའི་གནས་དེ་ནི་སྟོན་པ་ཆོས་ཀྱི་སྐུའི་བཞུགས་གནས་སུ་བཤད་དོ། །གཉིས་པ་ལོངས་སྐུའི་གནས་ནི། འདི་ལྟར་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་གནས་བསྟན་པ་ནི། འཇིག་རྟེན་གྱི་གནས་གཟུགས་སུ་སྣང་བའི་མཚན་མ་ཀུན་གྱི་སྟེང་དུ་གྱུར་པ འམ་མཚན་མའི་སྤྱོད་ཡུལ་ཀུན་ལས་འདས་པ་འཇིག་རྟེན་གནས་ཀྱི་འོག་མིན་ཁང་བུ་བརྩེགས་པ་ཡི་གཞལ་ཡས་ཁང་ཆེན་པོ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་རིགས་དག་རབ་སྤང་བའི། །འོག་མིན་ཆེན་པོའི་གནས་མཆོག་ན། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་དུ་མ་རྣམ་སྤངས་པ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཏེ། །གདོད་ནས་ཐེག་ཆེན་མཛོད་ཉིད་ཕྱིར། །སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྣང་བར་མཛད། །ཅེས་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། །དེ་དག་གོང་ན་སྲིད་པ་ཐ་མའི་གནས། །འོག་མིན་རྣམ་མཛེས་ས་བཅུ་ཐོབ་པའི་གནས། །དྭངས་ཤིང་གསལ་ལ་ཡོངས་སུ་རྫོགས་པ་ཡིན། །ཅེས་གསུངས་པ་དེ་ནི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུའི་བཞུགས་གནས་ཀྱི་འོག་མིན་ཏུ་བཤད་པའོ། །གསུམ་པ་སྤྲུལ་སྐུའི་གནས་ནི། དེ་ལ་སྟོན་པ་སྤྲུལ་པའི་སྐུ་ཡི་གནས་བསྟན་པ་ནི་གང་ཡིན་ཞེ་ན། འདི་ལྟར་མཆོག་གི་སྤྲུལ་པའི་སྐུ་ནི་སངས་རྒྱས་རབས་བདུན་ནམ་དཔའ་བོ་བདུན་ཞེས་ཤཱཀྱ་ཐུབ་པ་དང་རྣམ་གཟིགས་གཙུག་ཏོར་ཅན་ལ་སོགས་པ་སྟེ། དེ་དག་གི་གནས་ནི་རྒྱ་གར་བྱ་རྒོད་ཕུང་པོའི་རི་དང་མ་ག་དྷཱ་ཡི་གནས་ལ་སོགས་པ་ཡིན་པར་བསྟན་ཏེ། མདོར་ན་མི་མཐུན་ཕྱོགས་ཀྱི་དྲི་མས་ཤིན་ཏུ་དབེན་པའི་ཡང་དག་པའི་ཐུགས་རྗེ་ཡི་རོལ་པར་སྤྲུལ་པ་སྣ་ཚོགས་ཚད་མེད་པར་སྣང་བ་རྣམས་ནི་གནས་འདི་ན་བཞུགས་དང་འདིར་མི་བཞུགས་ཞེས་པའི་ངེས་པ་མེད་པར་གདུལ་བྱ་གང་ཞིག་གནས་གང་དུ་ཐབས་ཅི་ལྟ་བུའི་འདུལ་བའི་དུས་ལ་བབ་པ་ན་གནས་དེ་དང་དེ་ཉིད་དུ་གང་འདུལ་གྱི་རོལ་པ་སྒྱུ་མའི་ཆོ་འཕྲུལ་ལྟར་སྣང་བ་ཡིན་ནོ། །ཞེས་གསུངས་སོ། །ལྔ་པ་ཞིང་ཁམས་ཕུན་སུམ་ཚོགས་པ་རྒྱ་ཆེར་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་ཞིང་ཁམས་རྒྱ་ཆེར་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་ཆེན་པོ་ཉོན་ཅིག་སྙིང་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེེད་ང་ལས་བྱུང་བའི་སྐུ་གསུམ་གྱི་སྟོན་པ་གསུམ་པོ་དེ་ཡི་གདུལ་བར་བྱ་བའི་ཞིང་ཁམས་ཀྱི་ཁྱད་པར་བསྟན་པ་ནི་འདི་ལྟར་རོ། །ཞེས་སོ། །གཉིས་པ་སྐུ་གསུམ་གྱི་ཞིང་ཁམས་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ནི། འདི་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་བྱུང་བ་ཆོས་སྐུ་ཡི་སྟོན་པ་གང་གི་འདུལ་བྱའི་ཞིང་ཁམས་ནི་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་མཐའ་ཡིས་ཀླས་པ་དང་ནམ་མཁའ་ཁམས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ལ་ཇི་ལྟར་ཁྱབ་པ་དེ་ཐམས་ཅད་སངས་རྒྱས་ཆོས་ཀྱི་སྐུ་ཡི་འདུལ་བའི་གནས་སུ་གྱུར་པ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ཞེས་བྱ་བ་ཡིན་ནོ། །དེ་ཡང་ཀློང་ཆེན་རབ་འབྱམས་ལས། ཆོས་སྐུའི་སྟོན་པ་རིག་སྟོང་དང་། །ཆོས་སྐུའི་གནས་ནི་འོག་མིན་ཉིད། །ཆོས་སྐུའི་འདུལ་ཞིང་ནམ་མཁའི་ཁམས། །ཆོས་སྐུའི་འཁོར་ནི་རིག་པའི་མདངས། །ཆོས་སྐུའི་བསྟན་པ་རྣམ་པ་བཞི། །མ་ཧཱ་ཨ་ནུ་ཨ་ཏི་དང་། །ཨ་ཏི་ཆེན་པོ་རྣམ་པ་བཞི། །ཞེས་པ་ལྟར་རོ། །འདིར་ཨ་ཏི་ཆེན་པོ་ནི་ཐོད་རྒལ་ལ་གསུངས་སོ། །གཉིས་པ་ནི། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུའི་འདུལ་བའི་ཞིང་ཁམས་ནི་གང་ཞེ་ན་སྟོན་པ་ཀུན་བྱེད་ང་ལས་བྱུང་བའི་རང་མདངས་འགག་པ་མེད་པའི་རོལ་པ་ཡུལ་སྣང་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་པོ་ཇི་ལྟར་འདོད་པའི་ཡོན་ཏན་གྱིས་བརྒྱན་པའི་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ནི་སྟོན་པ་ལོངས་སྤྱོད་རྫོགས་པས་གདུལ་བའི་ཞིང་ཁམས་ཏེ། དེ་ལ་ནང་གསེས་སུ་རྣམ་སྣང་གང་ཆེན་མཚོ་གཅིག་གི་སྐུ་ལུས་ཀྱི་ཆ་ལ་བརྟེན་པའི་ཞིང་གི་བཀོད་པ་ཐམས་ཅད་སྡོམ་པ་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་གསུངས་པ་དང་། དེ་འདྲ་རིགས་ལྔ་ཀ་ལ་ཚངས་པ་ལྔ་སྒྲའི་ཞིང་ཁམས་ཞེས་པ་སྟེ་དེ་ལྟ་བུའི་ནམ་མཁའི་དབྱིངས་ཐམས་ཅད་མ་ཁྱབ་པ་མེད་པ་རྣམས་ནི་ལོངས་སྐུའི་བསྟན་པའི་ཞིང་ཁམས་ཏེ། དེ་ཉིད་ལས། ལོངས་སྐུའི་སྟོན་པ་གངས་ཆེན་མཚོ། །ལོངས་སྐུའི་གནས་ནི་ཁང་བུ་བརྩེགས། །ལོངས་སྐུའི་འདུལ་ཞིང་སྣང་བ་རྣམས། །འདོད་པའི་ལོངས་སྤྱོད་ཁྱབ་ཚད་ཡིན། །ལོངས་སྤྱོད་རྫོགས་པའི་འཁོར་ནི་འདི་ལྟ་སྟེ། །མོས་སྤྱོད་བཞི་ཡི་ས་ལས་རབ་འདས་ནས། །དང་པོ་རབ་ཏུ་དགའ་བའི་ས་གནོན་ཏེ། །ས་བཅུ་ཆོས་ཀྱི་སྤྲིན་ལ་གནས་རྣམས་ཡིན། །འདུལ་ཞིང་སྣང་བ་གསལ་བས་ཁྱབ་ཚད་ཏེ། །བསྟན་པ་ཀྲྀ་ཡ་ཨུ་པ་ཡོ་གའོ། །ཞེས་སོ། །གསུམ་པ་ནི། དེ་བཞིན་དུ་སྟོན་པ་སྤྲུལ་པའི་སྐུ་ཡི་འདུལ་བར་བྱ་བའི་ཞིང་ཁམས་ནི། མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་གསུངས་པ་ལྟ་བུའི་སྟོང་གསུམ་གྱི་སྟོང་ཆེན་པོ་གཅིག་ན་གླིང་བཞི་རི་རབ་ལ་སོགས་པ་བྱེ་བ་ཕྲག་བརྒྱ་རེ་ཡོད་པ་དེ་སངས་རྒྱས་སྤྲུལ་པའི་སྐུ་གཅིག་གི་འདུལ་ཞིང་ཡིན་པས་ན་ལྷོ་ཕྱོགས་འཛམ་བུའི་གླིང་ནི་བྱེ་བ་ཕྲག་བརྒྱ་ཞེས་མཆོག་གི་སྤྲུལ་སྐུ་རྣམས་ཀྱི་བཞུགས་གནས་དངོས་ཀྱིས་མཚོན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བྱ་རང་རང་གི་ལས་དང་སྐལ་བ་དང་མཚམས་པར་རང་བྱུང་ཡེ་ཤེས་ཀྱི་རྩལ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་རྒྱུད་དྲུག་གམ་འགྲོ་བ་དྲུག་གི་སེམས་ཅན་རྣམས་འདུལ་བར་བྱེད་པ་ཡིན་ལ། དེ་ལྟ་བུའི་སྟོང་གསུམ་པོ་དེ་ནི་སྤྲུལ་སྐུའི་སྟོན་པ་གཅིག་གི་འདུལ་ཞིང་ཡིན་པ་དེ་བཞིན་དུ། གཞན་ཡང་དེ་དང་མཐུན་པའི་ཕྱོགས་བཅུའི་ཞིང་གི་བྱེད་བྲག་འཇིག་རྟེན་གྱི་ཁམས་ཚད་མེད་བསམ་གྱིས་མི་ཁྱབ་པ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱང་སྟོན་པ་སྤྲུལ་པའི་སྐུའི་འདུལ་ཞིང་དུ་བསྟན་པ་ཡིན་ཏེ། སྔ་མ་ལས། སྤྲུལ་སྐུའི་གནས་ནི་ངེས་མེད་བྱ་རྒོད་རི། །སྟོན་པ་རབ་བདུན་ཤཱཀ་ཐུབ་ལ་སོགས་པ། །འདུལ་ཞིང་བྱེ་བ་ཕྱག་བརྒྱའི་འཛམ་གླིང་སྟེ། །འཁོར་ནི་ལྷ་མི་མུ་སྟེགས་བསྟན་གསོ་རྣམས། །དབང་པོ་སེམས་བསྒྱུར་ཐུགས་རྗེའི་བྱིན་རླབས་ནས། །དགེ་སློང་ཕོ་མོ་དགེ་བསྙེན་ཕོ་མོ་བཞི། །མ་ངེས་སྣ་ཚོགས་སྤྲུལ་སྐུའི་འཁོར་ཡིན་ཏེ། །བསྟན་པ་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། །སྐུ་གསུམ་སྟོན་གནས་འཁོར་བསྟན་བཤད་པ་ཡིན། །ཅེས་གསུངས་པ་བཞིན་ནོ། །དྲུག་པ་དུས་ཕུན་སུམ་ཚོགས་པ་ནི། གོང་དུ་བསྟན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ལས་བྱུང་བའི་སྟོན་པ་ཆོས་ལོངས་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་པོ་དེ་ནི་གང་ལས་བྱུང་བའི་རྒྱུ་ཡང་ཐ་དད་མེད་པར་གཅིག་ཏུ་མཐུན་ཅིང་འབྲས་བུ་རང་གི་ངོ་བོ་ལ་ཡང་བཟང་ངན་མེད་པར་མཐུན་ལ་རང་བཞིན་ཡང་ཐ་དད་མེད་པར་གཅིག་པ་སྟེ། དེ་ཡང་རྒྱུ་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་སུ་སྐུ་གསུམ་པོ་ཀུན་མཐུན་ལ། རྒྱུ་དེ་ཉིད་ཀྱི་རྩལ་ལས་ཤར་བའི་འབྲས་བུ་སངས་རྒྱས་ཡིན་པར་ཡང་སྐུ་གསུམ་པོ་ཀུན་ཀྱང་མཐུན་པ་དང་། དེ་གསུམ་གྱི་རང་བཞིན་ཆོས་ཉིད་དབྱིངས་ཀྱི་ངོ་བོ་ཆོས་སྐུ་འདུས་མ་བྱས་པའི་བདག་ཉིད་ཡང་གཅིག་ལས་ཐ་དད་མེད་པར་བསྟན་པ་དེ་ཉིད་ཀྱི་ཕྱིར་ན་སྐུ་གསུམ་པོ་དེས་གདུལ་བྱ་རྣམས་འདུལ་བའི་དུས་ལ་སྔ་ཕྱི་སོ་སོར་ཕྱེ་བ་མེད་པར་གཅིག་ཏུ་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ཡང་བང་མཛོད་འཕྲུལ་སྡེ་ལས། སྟོན་པ་སྐུ་གསུམ་ཚུར་བསྡུ་ན། །རྒྱུ་ཡི་དུས་ན་བྱང་ཆུབ་སེམས་སུ་ཀུན་ཀྱང་གཅིག །འབྲས་བུའི་དུས་ན་སངས་རྒྱས་ཡིན་པར་ཀུན་ཀྱང་གཅིག །འདུས་པའི་དུས་ན་སྔ་ཕྱི་མེད་པར་ཀུན་ཀྱང་གཅིག །ཆོས་སྐུའི་རང་བཞིན་ངོ་བོར་རང་བཞིན་མེད་པར་གཅིག །ཅེས་གསུངས་སོ། །བདུན་པ་བཤད་ལུགས་ཕུན་སུམ་ཚོགས་པ་རྒྱ་ཆེར་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། སྟོན་པ་རང་བྱུང་གི་ཡེ་ཤེས་ཆོས་སྐུ་ཀུན་བྱེད་རྒྱལ་པོས་རང་གི་རིག་རྩལ་ལས་ཤར་བའི་འཁོར་ལ། ཀྱེ་སེམས་དཔའ་ཆེན་པོ་ཡང་ཉོན་ཅིག་ཅེས་བོས་ནས་ཀུན་བྱེད་རྒྱལ་པོ་ང་ལས་བྱུང་བ་ཡི་སྐུ་གསུམ་གྱི་སྟོན་པ་གསུམ་པོ་དེ་ཡིས་རང་རང་གི་འཁོར་རྣམས་ལ་སྙིང་པོའི་ཆོས་ཀྱི་རང་བཞིན་ཚུལ་ཇི་ལྟ་བུ་ཡི་སྒོ་ནས་བཤད་པའི་ལུགས་སམ་གསུངས་པའི་ཚུལ་ནི་གང་ཞེ་ན། འདི་ལྟར་སྟོན་པ་ཆོས་ཀྱི་སྐུས་ནི་ཉིད་ཀྱི་ཐུགས་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་ལས་སྐྱེ་བའོ་ཆོ་འཕྲུལ་དུ་ཤར་བའི་སྣང་བ་ཐམས་ཅད་སྒྲ་ཚིག་གིས་བརྗོད་པ་ལ་མི་ལྟོས་པར་སྐྱེ་མེད་ཡེ་སྟོང་ཆེན་པོའི་དགོངས་པའི་བྱིན་གྱིས་ཡེ་ནས་བརླབས་པའི་ཚུལ་གྱིས་བཤད་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཡིས་ནི་འདི་ལྟར་སྣང་བའི་ཆོས་ཐམས་ཅད་འདོད་ཡོན་ལྔའི་རང་བཞིན་དུ་མ་སྤངས་རྒྱན་དུ་རོལ་བའི་ཚུལ་གྱིས་ཡེ་ནས་རང་རྩལ་དུ་རྫོགས་པར་རང་གི་ངོ་བོས་མཚོན་ཏེ་བཤད་པའམ་སྟོན་པར་བྱེད་པ་དང་། སྟོན་པ་སྤྲུལ་པའི་སྐུ་ཡིས་ནི་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གིས་བརྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་རྣམས་བསྡེབས་སྦྱོར་ལེགས་པའི་སྒོ་ནས་གདུལ་བྱའི་གང་ཟག་རྣམས་ཀྱི་རྣ་བའི་དབང་པོར་ཚིག་གི་དོན་རྣམས་ནོར་འཁྲུལ་མེད་པར་སྟོན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ནི། དེ་ལ་སྟོན་པ་ཆོས་ཀྱི་སྐུ་ཡིས་བྱིན་གྱིས་བརླབས་ཀྱིས་ཇི་ལྟར་བཤད་པ་ཡི་ཚུལ་ནི། ཀུན་བྱེད་ང་ཡི་རང་བཞིན་གདོད་ནས་སྐྱེ་བ་མེད་པ་མཐའ་གྲོལ་བློ་འདས་ཆེན་པོའི་དོན་སྟོན་འཁོར་དགོངས་པ་དབྱེར་མེད་ཀྱི་ངང་ནས་བསྟན་པ་སྟེ། དེ་ཡང་སྒྱུ་འཕྲུལ་ལས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་གསུངས་བ་ལྟར་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་ཇི་ལྟར་སྣང་སྲིད་སྣོད་བཅུད་དུ་ཤར་བ་ཐམས་ཅད་ཀུན་ཆོས་ཉིད་སྤྲོས་པ་དང་བྲལ་བ་དེ་ཉིད་ཀྱི་ངོ་བོ་རྩལ་སྣང་འགག་པ་མེད་པའི་ཐུགས་རྗེ་ཡི་ཆོ་འཕྲུལ་དུ་ཕྱུང་བ་སྟེ། དེ་ཡང་སྣང་དུས་ཉིད་ནས་རང་བཞིན་སྟོང་པའི་དབྱིངས་ཆོས་སྐུ་སྐྱེ་བ་མེད་པའི་དགོངས་པ་ལས་སྐད་ཅིག་ཀྱང་གཡོ་བ་མེད་པ་དེ་བཞིན་དུ་འཁོར་རྣམས་ཀྱི་བློ་ལ་རང་གསལ་བ་ལ་ཆོས་སྐུས་བྱིན་གྱིས་བརླབས་ཀྱིས་བཤད་ཅེས་བྱའོ། །ཚུལ་དེ་ལྟར་དོན་གསལ་ལས་ཀྱང་། ཆོས་སྐུའི་ཕུན་སུམ་ཚོགས་པ་ལྔ། །སྟོན་པ་འགྱུར་མེད་ཆོས་ཀྱི་སྐུ། །བསྟན་པ་མི་ནུབ་རྒྱལ་མཚན་ནི། །གསང་བ་རིག་པའི་རྒྱུད་ཆེན་ལྔ། །འདུས་པའི་འཁོར་ཚོགས་ཉིད་ལས་མི་གཞན་པ། །རིགས་ལྔ་བདེ་གཤེགས་འོད་དུ་འབར་བ་ལྔ། །བཞུགས་གནས་སྐྱེ་མེད་ཆོས་ཀྱི་དབྱིངས། །དུས་ནི་འདས་དུས་མ་བྱོན་སྔོན་རོལ་ནས། ། རྟོག་མེད་སྟོན་པས་བྱིན་གྱིས་བརླབས་ཀྱིས་བཤད། །ཉིད་ལས་མི་གཞན་སྐུ་ལྔ་རང་རང་གིས། །རྒྱུད་ཆེན་བྱིན་གྱིས་རླབས་ཀྱིས་སོ། །ཞེས་སོ། །གཉིས་པ་ནི། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་ནི་ཚིག་དང་ཡི་གེའི་སྒོ་ནས་མི་འཆད་པར་ལོངས་སྐུ་རང་གི་སྐུ་ཡི་ཆ་བྱད་དམ་ངོ་བོ་སྟོན་པར་བྱེད་པ་སྟེ། དེ་ཡང་ཇི་ལྟར་ན་གང་ཞིག་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་སྟེ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཡི་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ཐམས་ཅད་ཡེ་ཤེས་རང་གསལ་ཆེན་པོའི་ངོ་བོ་མ་བཙལ་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས་པ་འདི་ལས་གཞན་ན་རྒྱལ་བ་ལོངས་སྐུའི་དགོངས་པ་གང་ཡང་མེད་པར་སྟོན་པ་ན་ལོངས་སྐུ་རང་གི་སྐུ་ཡི་ངོ་བོས་བཤད་ཅེས་ཀུན་བྱེད་ང་ཡིས་བཤད་པ་ཡིན་ནོ། །ཞེས་པ་སྟེ། དེ་ཉིད་ལས། སྟོན་པས་ལོངས་སྐུའི་ཕུན་སུམ་ཚོགས་པ་ལྔ་གསུངས་སོ། །སྟོན་པ་རིགས་ལྔ་བདེ་བར་གཤེགས་པ་ལྔ་བསྟན་པ་གསང་བའི་རྒྱུད་ཆེན་ལྔ། འདུས་པའི་འཁོར་ནི་སེམས་དཔའ་སེམས་མའི་ཚོགས། །བཞུགས་པའི་གནས་ནི་ཡེ་ཤེས་གཞལ་མེད་འོད་ཀྱི་ཀློང་། །དུས་ནི་དེ་རྣམས་རིག་པ་ཡུལ་དུ་ཤར་བའི་ཚེ། །ཚིག་དང་ཡི་གེའི་སྒོ་ནས་མི་འཆད་པར། །སྐུ་ཡི་ཆ་བྱད་སྒོ་ནས་སྟོན། །ཅེས་སོ། །གསུམ་པ་ནི། སྟོན་པ་སྤྲུལ་པའི་སྐུ་ཡིས་ཚིག་དང་ཡི་གེའི་སྡེབ་སྦྱོར་ལེགས་པ་ལ་བརྟེན་ནས་ཇི་ལྟར་བཤད་པ་ཡི་ཚུལ་ནི་གང་ཞེ་ན། ཇི་ལྟར་སྣང་བའི་ཆོས་ཕྱི་ནང་སྣོད་བཅུད་ཀྱི་བསྡུས་པ་འདི་རྣམས་ཐམས་ཅད་ཀུན་ཡེ་ནས་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་ངོ་བོར་གྱུར་པ་རང་བྱུང་ཡེ་ཤེས་ཀྱི་རྩལ་མདངས་འགགས་མེད་དུ་ཤར་བ་ལས་གཞན་དུ་མེད་ཀྱང་། དེ་ཐད་དྲང་དུ་སྟོན་པར་མཛད་པས་གདུལ་བྱ་རྣམས་ཀྱི་མ་རིག་སྟེ་རྟོགས་པར་མི་ནུས་པ་དེས་ན་སྟོན་པ་ཐབས་ལ་མཁས་པས་བསྟན་པ་དམ་པའི་ཆོས་ཞེས་བྱ་བའི་ཐེག་པའི་ཁྱད་པར་མི་འདྲ་བ་གདུལ་བྱ་རང་རང་གི་ཇི་ལྟར་འདོད་པའི་བློ་དང་འཚམས་པར་སྡེ་སྣོད་གསུམ་གྱི་ཆོས་རྣམས་སྤྲུལ་པས་བརྗོད་བྱའི་དོན་རྣམས་ཚིག་དང་ཡི་གེར་སྡེབས་ཏེ། སྒྲ་ཡི་ངོ་བོར་ཚངས་པའི་དབྱངས་ཀྱིས་བརྗོད་པས། རྗོད་བྱེད་ཚིག་གི་སྒྲ་དེས་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བའི་དོན་དེ་དང་དེ་གོ་བར་བྱས་ནས་བསྟན་པ་ཡིན་པས་གང་ཞིག་བསྟན་པར་བྱ་བའི་དོན་དེ་ཐམས་ཅད་སྟོན་པ་སྤྲུལ་པའི་སྐུས་ཚིག་གི་སྒྲ་སྡེབས་སྦྱོར་ལེགས་པ་དེ་ཡིས་བཤད་པ་ཡིན་ལ། དེ་ལས་བྱེ་བྲག་ཏུ་ཀུན་ཏུ་བཟང་པོ་ཆོས་སྐུའི་སྟོན་པ་དེ་ཉིད་མཚན་རྫོགས་སྤྲུལ་པའི་སྐུ་རྡོ་རྗེ་འཆང་གི་རྣམ་པར་བཞེངས་ནས་རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་རྣམས་ཇི་ལྟར་གསུངས་པའི་ཚུལ་ནི། སྟོན་པ་སྤྲུལ་སྐུའི་ཕུན་སུམ་ཚོགས་པ་ལྔ་གསུངས་པ། སྟོན་པ་རྡོ་རྗེ་འཆང་ཆེན་ངས། བསྟན་པའི་སྙིང་པོ་གསང་བའི་རྒྱུད་ཆེན་ལྔ། །དེ་སོགས་ཕྱི་ནང་གསང་བས་བསྡུས་པ་རྣམས། །ཐུགས་ཀྱི་ཀློང་དུ་ཤེས་རབ་ཆེན་པོས་བཀྲོལ། །མགུལ་གྱི་བུམ་པར་ཡེ་ཤེས་རླུང་གིས་དྲིལ། །ཞལ་གྱི་ལྗགས་ལ་མ་འདྲེས་གསལ་བར་བཀྲམ། །ཚེམས་ཀྱི་བར་ནས་ཚིག་དོན་སོ་སོར་བཤད། །ཡན་ལག་དྲུག་ཅུ་སྡེབས་སྦྱོར་ལེགས་པར་བཤད། །ཁྱུང་ཆེན་ལྡིང་ཐབས་དོན་གྱི་སྤྱི་ཁོག་ཕུབ། །སྟག་མོའི་མཆོང་སྟབས་དཀྱུས་ཀྱི་ས་ཆེན་བཅད། །རུ་སྦལ་འགྲོས་ཀྱིས་ཚིག་གི་འབྲུ་རྣམས་བཅོམ། །སེང་གེའི་གདངས་སྐད་ལྟ་བས་ཐེག་བརྒྱད་ཟིལ་གྱིས་མནན། །གླག་མོ་གཟན་འཇུག་ལྟ་བུས་མན་ངག་འདྲིལ། །འདུས་པའི་འཁོར་ཚོགས་སངས་རྒྱས་རབ་བདུན་ལ། །ལྷ་གནས་གསུམ་དུ་བདུད་རྩིའི་ཆར་ཆེན་ཕབ། །པདྨ་བརྩེགས་པའི་གནས་མཆོག་རྣམ་གསུམ་མོ། །ཅེས་སོ། །གཉིས་པ་ཀུན་བྱེད་ཉིད་ལ་ཕུན་སུམ་ཚོགས་པ་ཚང་བར་བསྟན་པ་ལ་གསུམ་སྟེ། ཕུན་སུམ་ཚོགས་པའི་ཚང་ཚུལ་རྒྱུ་མཚན་དང་བཅས་པས་མདོར་བསྟན། སྣང་ཚུལ་དབྱེ་བ་དང་བཅས་པས་རྒྱས་པར་བཤད། བཀོད་ཚུལ་རང་བཞིན་དང་བཅས་པས་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཕུན་སུམ་ཚོགས་པ་གསུམ་གྱི་ཚང་ཚུལ། ཐ་དད་དུ་སྨོས་ཀྱང་གཅིག་ཏུ་འདུ་བའི་རྒྱུ་མཚན། དེ་དག་གི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། སྟོན་པ་བསྟན་པ་འཁོར་གྱི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་བཀའ་ཡི་སྡུད་པ་པོ་སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག་དང་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ང་ནི་སྟོན་པ་སྐུ་གསུམ་གྱི་ཕུན་སུམ་ཚོགས་པ་མ་ལུས་པའི་ངོ་བོ་དབྱེར་མེད་གཅིག་གི་བདག་ཉིད་ཡིན་པའི་ཚུལ་འདི་ལྟ་བུ་སྟེ་ཞེས་སེམས་ཅན་རྣམས་ཀྱི་ད་ལྟའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ལས་གཞན་ན་སྟོན་པ་སྐུ་གསུམ་ཞིག་བཙལ་དུ་མེད་པར་མདོར་བསྟན་པའོ། །གཉིས་པ་ལ་སྟོན་༡ འཁོར་༣བསྟན་༢ པ་གསུམ་ལས། དང་པོ་སྟོན་པའི་རང་བཞིན་རྒྱས་པར་བཤད་པ་ནི། དེ་ལ་སྟོན་པ་སྐུ་གསུམ་པོ་ཐམས་ཅད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གཅིག་གི་ངོ་བོ་ཡིན་ཚུལ་ཇི་ལྟར་ཞེ་ན། འདི་ལྟར་གནས་ལུགས་དོན་གྱི་ཡེ་ཤེས་མི་རྟོག་མཉམ་པ་ཆེན་པོ་བརྗོད་མེད་བློ་འདས་བྱ་རྩོལ་ལས་འདས་པའི་རང་བཞིན་ཉིད་དུ་གནས་པ་དེ་ནི་ཆོས་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུ་ཡི་ངོ་བོ་ཡིན་ལ། དེའི་རང་བཞིན་འོད་གསལ་བའི་ཡེ་ཤེས་ཀྱི་རང་རྩལ་རྩོལ་མེད་ཤུགས་འབྱུང་གི་ཚུལ་དུ་རང་སྣང་ཞིང་བྱུང་བའི་སྐྱེ་བའི་ཆོ་འཕྲུལ་དུ་ཤར་བའི་གཟུགས་སྒྲ་དྲི་རོ་ལ་སོགས་པ་ཇི་སྙེད་པ་དེ་ཐམས་ཅད་ནི་མ་སྤངས་རིག་པའི་རྒྱན་དུ་ཤར་བ་ཡིན་པའི་ཕྱིར་ན། དེ་ནི་འདོད་པ་ཡི་ཡོན་ཏན་རྣམ་པ་ལྔ་པོ་འབད་མེད་དུ་འབྱུང་བའི་རང་བཞིན་ཅན་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། དམིགས་མེད་ཐུགས་རྗེ་ཆེན་པོའི་རང་རྩལ་འགགས་པ་མེད་པས་གདུལ་བྱ་རྣམས་ཇི་ལྟར་འདུལ་བའི་སྐལ་བ་དང་མཚམས་པར་སེམས་ཅན་གྱི་དོན་མཛད་པ་དེ་ནི་སྤྲུལ་པའི་སྐུ་ཡི་ངོ་བོ་ཡིན་པ་སྟེ། དེ་ལྟར་ན་སྟོན་པ་ཀུན་བྱེད་རྒྱལ་པོའི་རང་བཞིན་སྟོང་གསལ་ཐུགས་རྗེ་རྣམ་པ་གསུམ་གྱིས་གདུལ་བྱ་གང་ལ་སྟོན་པ་གང་གིས་འདུལ་བའི་སྐུར་སྟོན་པར་མཛད་པ་དེ་ལས་གཞན་ན་སྟོན་པ་སྐུ་གསུམ་ཞེས་བྱ་བ་གང་ཡང་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། དེ་བཞིན་དུ་བསྟན་པ་དམ་པའི་ཆོས་ཀྱང་གཞན་དུ་མེད་པར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་བརྗོད་དུ་མེད་པའི་གནས་ལུགས་འོད་གསལ་སྤྲོས་པ་དང་བྲལ་བའི་དོན་དེ་ནི་བརྗོད་མེད་ཆོས་སྐུའི་བསྟན་པ་ཡིན་ལ། དེ་ལྟ་བུའི་བརྗོད་མེད་བློ་ལས་འདས་པའི་དོན་དེ་གཟུགས་སྐུའི་སྟོན་པ་གཉིས་ཀྱིས་གདུལ་བྱ་སོ་སོ་རང་རང་གང་ལ་གང་འཚམས་པར་བསྟན་པ་དེ་ཡིས་སེམས་ཅན་རྣམས་ཀྱི་དོན་འབད་མེད་དུ་མཛད་པ་དེ་ནི་ལོངས་སྐུ་དང་སྤྲུལ་སྐུའི་བསྟན་པ་ཕུན་སུམ་ཚོགས་པར་གསུངས་སོ། །གསུམ་པ་ནི། སྐུ་གསུམ་གྱི་སྟོན་པ་དེ་ཡི་འཁོར་གྱི་རང་བཞིན་བསྟན་པ་ནི་གང་ཡིན་སྙམ་ན། དེ་ལ་ཆོས་སྐུའི་འཁོར་ནི་གང་ཞིག་བྱང་ཆུབ་སེམས་ཀྱི་རྩལ་འགག་པ་མེད་པ་ལ་རང་སྣང་བའི་ཆོས་རྣམས་ཐམས་ཅད་དང་། ལོངས་སྐུའི་འཁོར་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་གང་ཞིག་འོག་མིན་ཆེན་པོར་འདུས་ནས་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པ་རྣམས་དང་། སྤྲུལ་སྐུའི་འཁོར་ནི་སྟོན་པ་སྤྲུལ་པའི་སྐུ་ཉིད་གང་དུ་སྣང་བའི་གནས་བྱ་རྒོད་སྤུང་རི་ལ་སོགས་པ་དེ་ལ་འདུས་ནས་དམ་པའི་ཆོས་ལ་ལོངས་སྤྱོད་ཅིང་སྟོན་པ་དེ་ཡི་གདུང་འཚོ་བ་པ་དང་བརྒྱུད་པ་འཛིན་པ་དེ་ལ་ཕུན་སུམ་ཚོགས་པའི་འཁོར་ཞེས་སུ་བརྗོད་པར་བྱ་བ་ཡིན་ནོ། །གཉིས་པ་ནི། སྙིང་པོ་རང་བྱུང་གི་ཡེ་ཤེས་ང་ཡི་རང་བཞིན་ནི་སྐུ་གསུམ་གྱི་རྒྱལ་བ་མ་ལུས་པའི་སྟོན་པ་ཕུན་སུམ་ཚོགས་པའི་ཆོས་ཀུན་བྱེད་པའི་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ཏེ། དེ་ལྟ་བུའི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་ལ་དབྱེ་བ་རྣམ་པ་གསུམ་དུ་བསྒྲངས་བ་ནི་འདི་ལྟ་སྟེ། གང་ཞེ་ན་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་རང་གི་ངོ་བོ་དང་། ང་ཡི་རང་བཞིན་དང་། ང་ཡི་བྱས་པའི་ཆོས་དང་རྣམ་པ་གསུམ་མོ། །དེ་ལ་ང་ཉིད་ཀྱི་ངོ་བོ་ནི་སྐུ་གསུམ་གྱི་སྟོན་པ་ཀུན་བྱེད་པའི་རྒྱལ་པོ་སྟེ་དུས་གསུམ་སངས་རྒྱས་ཀུན་གྱི་མེས་པོ་ཡིན་ལ། ང་ཡི་རང་བཞིན་ནི་འཇུག་སྒོ་དང་ལྟ་བ་དང་དམ་ཚིག་དང་སྤྱོད་པ་ལ་སོགས་པ་རྣམ་པ་བཅུར་བསྟན་པ་དེ་ནི་རྒྱལ་བའི་བསྟན་པ་ཀུན་གྱི་སྙིང་པོར་བཤད་པ་དང་། ཀུན་བྱེད་ང་ཡི་བྱས་པའི་ཆོས་རྣམས་ནི་གང་ཞེ་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དོན་ལ་སྔ་ཕྱི་མེད་པར་འདུས་མ་བྱས་ཡེ་འབྱམས་མཉམ་པ་ཆེན་པོ་གཅིག་ན་བཞུགས་པའི་སངས་རྒྱས་དང་། འདོད་གཟུགས་མེད་ཀྱི་ཁམས་གསུམ་ན་གནས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་གང་ཇི་སྙེད་པ་ཐམས་ཅད་ཀུན་བཟང་ངན་གྱི་དབྱེ་བ་མེད་པར་རང་སྣང་ཉག་གཅིག་ཡིན་པས་འཁོར་གྱི་དམ་པར་བྱས་པ་སྟེ། དེ་ལྟར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གཅིག་གིས་ཕུན་སུམ་ཚོགས་པ་ཐམས་ཅད་ཚང་བར་བྱས་པ་ཡིན་པས་ན་འཁོར་གྱི་གདུལ་བྱ་རྣམས་ལ་བསྟན་པ་བྱང་ཆུབ་སེམས་ཀྱི་རང་བཞིན་སྟོན་པར་མཛད་པ་ལ་གང་ཞིག་ཚང་དགོས་པ་སྟོན་འཁོར་བསྟན་པ་གསུམ་པོ་ཀུན་བྱས་ཤིང་ཕུན་སུམ་ཚོགས་པར་མཛད་པའོ། །གསུམ་པ་ནི། དེ་ལྟར་བྱང་ཆུབ་སེམས་ཀྱི་རང་བཞིན་བརྗོད་མེད་དོན་གྱི་གནས་ལུགས་གང་ཞིག་སྟོན་པར་བྱེད་པ་ལ་གང་དག་མེད་ན་མི་འབྱུང་བས་ཚང་དགོས་པ་ནི་སྟོན་པར་བྱ་བའི་ཆོས་དང་། དེ་ཉིད་གང་གིས་སྟོན་པ་པོ་དང་། དེས་གང་ལ་སྟོན་པའི་ཡུལ་འཁོར་གསུམ་སྟེ། དེ་ལྟ་བུའི་དགོས་པ་ཀུན་མ་ཚང་བ་མེད་པར་ཚོགས་པ་ལ་ཀུན་བྱེད་ང་ཡི་ཕུན་སུམ་ཚོགས་པར་བཤད་དོ་ཞེས། སྟོན་པའི་རང་བཞིན་རྣམ་པ་གསུམ་དུ་བསྟན་ཏོ། །འདི་ལྟར་སྐྱེ་མེད་འཕོ་འགྱུར་དང་བྲལ་བ་ཆོས་ཀྱི་སྐུ་དང་། ཡེ་ཤེས་གསལ་བའི་སྣང་ཆ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་རྗེའི་རོལ་རྩལ་འགགས་མེད་དུ་ཤར་བ་སྤྲུལ་པའི་སྐུ་སྟེ། དེ་ལྟ་བུའི་སྐུ་གསུམ་པོ་གང་གིས་འདུལ་བར་བྱ་བའི་གདུལ་བྱ་རྣམས་ཀྱི་ངོར་སྟོན་པ་སྐུ་གསུམ་དུ་སྣང་བ་དེ་ལ་སྐུ་གསུམ་པོ་རང་རང་ཉིད་དང་མཐུན་པའི་གནས་དང་དུས་དང་འཁོར་དང་བསྟན་པ་ཐམས་ཅད་མ་ཚང་བ་མེད་པས་ཕུན་སུམ་ཚོགས་པར་སྣང་བ་ཡིན་ནོ་ཞེས་པ་སྟེ། མདོ་བཅུ་ལས། སྟོན་པ་བྱང་ཆུབ་སྙིང་པོ་ནི། །ཆོས་ཉིད་དབྱིངས་ཀྱི་གནས་ཆེན་དུ། །སངས་རྒྱས་སེམས་ཅན་འཁོར་ཚོགས་ནས། །སྔ་ཕྱི་མེད་པའི་བསྟན་པ་ནི། །རང་རིག་ཡེ་ཤེས་རིག་པའི་རྒྱལ། །རང་བཞིན་རྣམ་པ་གསུམ་སྣང་སྟེ། །མི་གནས་སེམས་ཀྱི་རང་བཞིན་དང་། །རང་བྱུང་ཡེ་ཤེས་རང་བཞིན་དང་། །ཐུགས་རྗེ་སྤྲུལ་པའི་རང་བཞིན་ནོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །མི་གནས་ཆོས་ཀྱི་སྐུ་རུ་བཞུགས། །རང་བྱུང་ཡེ་ཤེས་རང་བཞིན་ནི། །རྫོགས་པའི་ལོངས་སྤྱོད་སྐུ་རུ་བཞུགས། །ཐུགས་རྗེ་སྤྲུལ་པའི་རང་བཞིན་ནི། །རྣམ་པ་ཅིར་ཡང་སྤྲུལ་ཏེ་བཞུགས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྣང་ཚུལ་དབྱེ་བ་དང་བཅས་པས་རྒྱས་པར་བཤད་པ་ལ་གསུམ་སྟེ། སྟོན་པ་གསུམ་གྱི་སྣང་ཚུལ། །སྐུ་གསུམ་མཛད་པའི་འཕྲོ་ཚུལ། །དཀོན་མཆོག་གསུམ་གྱི་ཚང་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུ་སྣང་བས་རྒྱས་པར་བཤད་པའོ། །དང་པོ་ནི། སྐུ་གསུམ་གྱི་སྟོན་པའི་ཡང་སྟོན་པར་གྱུར་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ངས་ང་ཡི་རང་བཞིན་གཅིག་ལ་དབྱེ་བ་རྣམ་པ་གསུམ་དུ་བསྟན་པ་དེ་གང་ཡིན་ཞེན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་གྱི་རྣམ་པར་ཤར་བ་འདི་རྣམས་ཡིན་ནོ། །གཉིས་པ་ནི། འོ་ན་སྟོན་པ་སྐུ་གསུམ་པོ་དེ་ནི་ཇི་ལྟ་བུ་ཞེ་ན། འདི་ལྟར་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་གདོད་ནས་མ་སྐྱེས་ཤིང་ཡུལ་སེམས་གཟུང་འཛིན་དང་བྲལ་བའི་རང་བཞིན་སྤྲོས་བྲལ་འདུས་མ་བྱས་པ་ཀ་དག་རང་བྱུང་གི་ཡེ་ཤེས་སྐྱེ་མེད་བསམ་བརྗོད་ལས་འདས་པ་དེ་ནི་འཁོར་གྱི་དང་པོ་སྟོན་པ་ཆོས་སྐུར་ཤར་བ་ཡིན་ལ་དེ་ལྟ་བུའི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྐྱེ་བ་མེད་པའི་ཀློང་ལས་སྐྱེ་བའིི་ཆོ་འཕྲུལ་འོད་གསལ་ལྷུན་གྱིས་གྲུབ་པ་ཡེ་ཤེས་རང་བྱུང་ཀུན་ཏུ་བཟང་པོའི་རོལ་པར་ཤར་བ་དེ་ནི་འདོད་ཡོན་ལྔའི་རང་བཞིན་ཟག་མེད་བདེ་བ་ཆེན་པོར་ལོངས་སྤྱོད་པས་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་རུ་ཤར་བ་དང་། གདུལ་བྱའི་མོས་པ་སྣ་ཚོགས་དང་མཐུན་པར་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་པའི་རོལ་པ་ཚད་མེད་པ་བྱུང་ནས་ནི། གདུལ་བྱ་དེ་ཡི་རང་རང་སོ་སོའི་སྐལ་བ་དང་མཐུན་པར་སེམས་ཅན་ཀུན་ཀྱང་ཚོམ་པར་བྱེད་པ་དེ་ནི་སྣ་ཚོགས་སྤྲུལ་པའི་སྐུ་ཞེས་སུ་བཤད་པ་ཡིན་ནོ། །གཉིས་པ་ལ་བཞི་སྟེ། འཁོར་གྱི་སྣང་བ་དང་མཐུན་པར་སྟོན་པའི་སྣང་ཚུལ། དེའི་བློ་དང་མཐུན་པར་བསྟན་པའི་སྣང་ཚུལ། སྐུ་གསུམ་གང་ལ་སྣང་བའི་རང་བཞིན། ཕྲིན་ལས་གང་དུ་འཇུག་པའི་དུས་ཚིགས་སོ། །དང་པོ་ནི། དེ་ལྟ་བུའི་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་ཞེས་ཡོངས་སུ་གྲགས་པ་དེ་རྣམས་འཁོར་གྱི་ཕྱོགས་གང་དུ་མཐོང་ཞིང་སྣང་བར་མཛད་པ་ཡི་ཚུལ་ནི་འདི་ལྟར་ཆོས་སྐུའི་འཁོར་ནི་དུས་གསུམ་གྱིས་སངས་རྒྱས་རྣམས་དང་། ལོངས་སྐུའི་འཁོར་ནི་འཕགས་པའི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། སྤྲུལ་སྐུའི་འཁོར་ནི་སྦྱོར་ལམ་བཟོད་པ་ཐོབ་པ་ལ་སོགས་པ་ནས་ཁམས་གསུམ་རྒྱུད་དྲུག་གི་འགྲོ་བ་རྣམས་ཏེ། དེ་ལྟ་བུའི་འཁོར་གསུམ་པོའི་སྣང་བ་དང་མཐུན་པར་སྐུ་གསུམ་དུ་སྣང་ཞིང་གདུལ་བྱ་རང་རང་གི་བློ་དང་གང་ཞིག་འཐད་པའམ་འཚམས་པར་སྣང་བའི་སྟོན་པ་སོ་སོའི་སྐུ་ལ་འཁོར་གྱི་ཚུལ་དུ་དེ་རྣམས་འདུས་ནས། སྟོན་འཁོར་དེ་རྣམས་རང་རང་དང་མཐུན་པའི་གནས་སུ་བསྟན་པ་དམ་པའི་ཆོས་ཀྱི་དོན་རྣམས་སྟོན་པར་མཛད་ཅིང་བཞུགས་པ་སྟེ། སྔ་མ་ལས། མི་གནས་ཆོས་སྐུར་བཞུགས་ཙམ་ན། །འཁོར་ཡང་བྱང་ཆུབ་སེམས་སུ་བཞུགས། །བྱང་ཆུབ་སེམས་ཀྱི་འཁོར་རྣམས་ལ། །སྤྲོས་པ་མེད་པའི་དོན་ཡང་སྟོན། །ལོངས་སྤྱོད་རྫོགས་སྐུར་བཞུགས་ཙམ་ན། །འཁོར་ཡང་བྱང་ཆུབ་སེམས་དཔའི་འཁོར། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །སྐུ་དང་ཡེ་ཤེས་རྫོགས་པར་སྟོན། །སྣ་ཚོགས་སྤྲུལ་སྐུར་བཞུགས་ཙམ་ན། །འཁོར་ཡང་རྒྱུད་དྲུག་སེམས་ཅན་འཁོར། །རྒྱུད་དྲུག་སེམས་ཅན་འཁོར་རྣམས་ལ། །ཡིད་བཞིན་དབང་པོ་གང་འཐད་སྟོན། །ཅེས་སོ། །གཉིས་པ་ནི། སྟོན་པ་གསུམ་པོ་དེ་ཡི་བསྟན་པའི་རང་བཞིན་ཡང་ནི་སྐུ་གསུམ་གྱི་སྟོན་པ་རྣམས་གདུལ་བྱ་དང་འཚམས་པར་སྣང་བའི་ཚུལ་དེ་དང་འདྲ་བ་སྟེ། འདི་ལྟར་སྐུ་གསུམ་པོ་གང་གིས་རང་རང་གི་འཁོར་རྣམས་ལ་ཆོས་གང་ཞིག་སྟོན་པ་ཡི་ཚུལ་ནི་གདུལ་བྱ་གང་ལ་ཐབས་གང་གིས་འདུལ་བའི་དོན་རྣམས་ཀྱིས་ཞེས་བསྟན་བྱ་ཆོས་ཀྱི་དོན་ཅི་ལྟ་བུས་འདུལ་བར་ནུས་པ་དེ་བཞིན་དུ་འཁོར་གྱི་ཐོག་མ་དུས་གསུམ་གྱི་སངས་རྒྱས་ནས་འགྲོ་བ་ལྷ་མི་ཡི་བར་གྱི་འཇིག་རྟེན་ལས་དག་པ་རྣམས་ལ་དེ་དང་མཐུན་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐེག་པའི་རྣམ་གྲངས་ཚད་མེད་པར་བསྟན་པས་གདུལ་བྱ་རྣམས་འདུལ་བའི་ཕྱིར་ན་གང་འདུལ་གྱི་ཆོས་ཀྱི་རྣམ་གྲངས་ཚད་མེད་པས་བསྟན་པ་ཕུན་སུམ་ཚོགས་པ་ཞེས་སུ་བཤད་པ་ཡིན་ནོ། །གསུམ་པ་ནི། དེ་ཡང་འདི་ལྟར་སྤྲོས་པའི་མཐའ་གང་ལའང་མི་གནས་པའི་ཆོས་སྐུ་བྱ་བཙལ་དང་བྲལ་བའི་དབྱིངས་སྒྲིབ་མེད་འོད་གསལ་ཟང་མ་ཐལ་བྱུང་གི་ཀློང་ན་བཞུགས་པ་ཡིས། འཁོར་དུས་གསུམ་གྱི་སངས་རྒྱས་རྣམས་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དགོངས་པ་ལ་བཟང་ངན་མེད་པར་ཁྱབ་གདལ་ལྷུན་འབྱམས་ཆེན་པོར་འབྱམས་ཀླས་སུ་གྱུར་པ་ལ། ཆོས་སྨྲ་བརྗོད་བསམ་ཡུལ་ལས་འདས་པ་སྤྲོས་མེད་རང་བྱུང་གི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་ནི་སྟོན་པ་ཆོས་ཀྱི་སྐུས་སྐྱེ་མེད་དགོངས་པའི་དབྱིངས་ནས་བསྟན་པ་དང་། ཆོས་དབྱིངས་འོད་གསལ་བའི་ཡེ་ཤེས་འགགས་པ་མེད་པའི་ངོ་བོ་ལོངས་སྤྱོད་རྫོགས་པའི་སྐུ་དབང་ཕྱུག་ཆེན་པོའི་འོག་མིན་ན་བཞུགས་པ་ཡིས། འཁོར་ས་བཅུ་ན་བཞུགས་པ་ཡི་བྱང་ཆུབ་སེམས་དཔའ་སྒྲིབ་མེད་རང་བྱུང་གི་ཆོས་ཀྱི་སྤྲིན་གྱིས་ཁྱབ་པ་རྣམས་ལ། ཆོས་རང་བྱུང་དབྱིངས་ཀྱི་ངོ་བོ་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལ་སྐུ་དང་ཡེ་ཤེས་ཐམས་ཅད་གདོད་ནས་འབྲལ་བ་མེད་པར་དབྱེར་མེད་མཉམ་པ་ཆེན་པོའི་བདག་ཉིད་དུ་དགོངས་པ་བརྡའི་གསུང་གི་བཤད་པ་དང་། རང་གདངས་འགག་པ་མེད་པའི་ཐུགས་རྗེ་འཕོ་འགྱུར་དང་བྲལ་བའི་ཡེ་ཤེས་ཅིར་ཡང་འཆར་དུ་རུང་བས་སྣ་ཚོགས་ངེས་པ་མེད་པའི་སྤྲུལ་པ་ཡི་སྐུ་ཡིས། འཁོར་བཟོད་པ་ཐོབ་པ་ལ་སོགས་པ་གནས་གང་ན་ལྷན་དུ་འདུས་པའི་འཁོར་དེ་རྣམས་ལ་ཆོས་འོད་གསལ་དབྱིངས་ཀྱི་སྒྲོམ་བུ་ལས་བྱུང་བའི་ཐེག་པའི་རྣམ་གྲངས་མ་ངེས་པ་གང་ལ་གང་གིས་འདུལ་བའི་དོན་ཡང་གདུལ་བྱ་རང་རང་གི་བློ་དང་འཚམས་པར་བསྟན་ཏོ། །བཞི་པ་ནི། དེ་ལ་སྟོན་པ་ཀུན་བྱེད་ཉིད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ལྷན་དུ་རྫོགས་ནས་ཕྲིན་ལས་རྩོལ་མེད་དུ་འཇུག་པའི་དུས་སྔོན་གྱི་སྨོན་ལམ་རྣམ་དག་བཏབ་པ་སོགས་ལས་འཕྲོ་བཟང་པོའི་རྐྱེན་གྱིས་དུས་གཞན་གྱིས་བར་མ་ཆོད་པར་སྟོན་པ་ཕུན་སུམ་ཚོགས་པ་ཀུན་བྱེད་རྒྱལ་པོ་ང་དང་། ང་ཡི་ཐུགས་རྗེ་འགག་པ་མེད་པའི་རྩལ་གྱི་རོལ་པ་ཕྲིན་ལས་ཀྱི་བྱེད་པ་པོ་སེམས་དཔའ་རྡོ་རྗེའི་རྣམ་པར་སྣང་བའི་དུས་ལ་བབ་པ་ལྟར་ཀུན་བྱེད་དེས་བསྟན་པའི་ཆོས་ཐམས་ཅད་འཁོར་གྱི་ནང་ནས་སེམས་དཔའ་རྡོ་རྗེ་ཁྱོད་བཀའ་ཡི་སྡུད་པ་པོའི་ཚུལ་དུ་སྣང་བ་འཁོར་ཕུན་སུམ་ཚོགས་པ་དང་། བསམ་བརྗོད་ཀུན་ལས་འདས་པ་འོད་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་གཉིས་སུ་མེད་པའི་དོན་ཉིད་སྟོན་པ་ཀུན་བྱེད་ང་ཡིས་ཇི་ལྟར་བསྟན་པ་ནི་ཆོས་ཕུན་སུམ་ཚོགས་པ་སྟེ། དེ་ལྟར་སྟོན་འཁོར་བསྟན་པ་གསུམ་པོ་ཚོགས་པས་དུས་དང་གནས་ཀྱི་རང་བཞིན་ཡང་དེ་ལ་ངང་གིས་ཚང་བའི་ཕྱིར་ན་དེའི་རྩལ་ལས་གདུལ་བྱ་རང་རང་གི་སྐལ་བ་དང་འཚམས་པར་སྐུ་གསུམ་གྱི་བསྟན་པ་རྣམས་སྣང་བ་ཡིན་པས་དེ་ནི་ཕྲིན་ལས་འཇུག་པའི་དུས་ཚིགས་སུ་བསྟན་པ་ཡིན་ནོ། ། ཡང་དེ་ཉིད་ལས། ཀུན་གྱི་སྟོན་པ་བྱང་ཆུབ་སེམས། །སྟོན་པས་བསྟན་པའི་འཁོར་ཚོགས་པས། །དུས་དང་གནས་ནི་རང་བཞིན་འདུས། །ཞེས་པ་ལྟར་རོ། །གསུམ་པ་ནི། གོང་དུ་བསྟན་པ་དེ་ལྟ་བུའི་སྟོན་པ་དང་བསྟན་པ་འཁོར་ཕུན་སུམ་ཚོགས་པ་རྣམ་པ་གསུམ་པོ་དེ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་དུ་ཡེ་ནས་འབྱུང་བར་དཀོན་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ངོ་བོ་ཉིད་དུ་བསྟན་པ་དང་། ཀུན་བྱེད་རྒྱལ་པོ་ང་ཡི་གསང་གསུམ་འགྱུར་བ་མེད་པའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དང་གཉིས་སུ་མེད་པར་བཤད་པ་སྟེ། དེ་ལ་སྟོན་པ་ཀུན་གྱི་ནང་ནས་བླ་ན་མེད་ཅིང་འབྱུང་བར་དཀོན་པའི་སངས་རྒྱས་དཀོན་མཆོག་ནི་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་པའི་སྐུ་སྟེ་རྣམ་པ་གསུམ་ཡིན་ལ། བསྟན་པ་དམ་པའི་ཆོས་རྣམས་ཀྱི་ནང་ནས་ཤིན་ཏུ་འབྱུང་བར་དཀོན་པའི་གསུང་མཆོག་ནི་བསྟན་པ་ཀུན་གྱི་སྙིང་པོ་འོད་གསལ་བྱང་ཆུབ་སེམས་ཀྱི་རང་བཞིན་བརྡའ་ཚིག་གིས་བརྗོད་དུ་མེད་པའི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་གསུང་མཆོག་གང་ཞིག་སྐུ་གསུམ་གྱི་གསུང་གི་རང་བཞིན་ཅན་དུ་སྣང་བའོ། །འཁོར་གྱི་དགེ་འདུན་དཀོན་པའི་ངོ་བོ་ནི་སྐུ་གསུམ་གྱི་འཁོར་དུ་འདུས་པ་རྣམས་ཏེ། དེ་ནི་སྟོན་པ་ཀུན་བྱེད་རྒྱལ་པོའི་ཐུགས་མཆོག་ཟབ་གསལ་གཉིས་སུ་མེད་པ་ཀུན་ཁྱབ་མཉམ་བརྡལ་ཆེན་པོ་སྤྲོ་བསྡུ་དང་བྲལ་བའི་རང་བཞིན་ཉིད་དེ། དེ་ལྟ་བུའི་འཁོར་གྱི་ངོ་བོ་དགེ་འདུན་དཀོན་མཆོག་དེ་ལ་ནི་རང་རང་གང་ལ་གང་དགོས་པའི་ཆོས་རྣམས་སོ་སོའི་བློ་དང་གང་འཚམས་པ་དེ་བཞིན་དུ་སྟོན་པར་བྱེད་པ་ཡིན་པར་གསུངས་པའོ། །གསུམ་པ་བཀོད་ཚུལ་རང་བཞིན་དང་བཅས་པས་མཇུག་བསྡུ་བ་ལ་གཉིས་ཏེ། སྟོན་པ་བསྟན་པ་འཁོར་གསུམ་གྱི་རང་བཞིན་བཀོད་ཚུལ་དང་། ཀུན་བྱེད་ཉིད་ཀྱི་རང་བཞིན་ནོ། །དང་པོ་ནི། དེ་ལ་ཕུན་སུམ་ཚོགས་པ་གསུམ་པོ་དེ་ཉིད་གང་གིས་ཇི་ལྟར་བཀོད་པའི་ཚུལ་ནི་འདི་ལྟར་གསུངས་ཏེ། ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ཏེ་སྤྲོས་བྲལ་ཐིག་ལེ་ཆེན་པོ་གཅིག་གི་རང་བཞིན་ཡིན་པ་ལ། གདུལ་བྱ་རྣམས་ཀྱི་ངོར་སྟོན་པ་སྐུ་གསུམ་གྱི་རྣམ་པར་སྣང་བ་ཡང་ཆོས་ཐམས་ཅད་ཀུན་བྱེད་པའི་རྒྱལ་པོ་སྟོན་པ་ངས་བྱས་ནས་མངོན་དུ་བསྟན་པ་ཡིན་ནོ། །ཞེས་འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་པོ་བསྟན་ནས། དེས་བསྟན་པ་དམ་པའི་ཆོས་སྐུ་གསུམ་སྟོན་པའི་གསུང་གསུམ་དུ་བཀོད་པ་ནི་ཕྱི་མཚན་ཉིད་སྡེ་གསུམ་དང་ནང་ཀྲྀ་ཡོག་སྡེ་གསུམ་དང་གསང་བ་ནང་རྒྱུད་སྡེ་གསུམ་དུ་བཀོད་པ་དེ་ལ་ནང་གསེས་སུ་རྣམ་པ་གསུམ་གསུམ་དུ་ཕྱེ་བས་ཐེག་པའི་རིམ་པ་དགུར་གྲགས་པ་སྟེ། དེ་ཡང་སྤྲུལ་པའི་སྐུ་རྣམས་ཀྱི་ཐུགས་རྗེས་གདུལ་བྱ་རྣམས་ཇི་ལྟར་འདུས་པར་བྱེད་པའི་ཆོས་ཉན་རང་བྱང་སེམས་ཏེ་མཚན་ཉིད་སྡེ་གསུམ་དུ་བསྒྲགས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུས་བྱ་བ་བྱེད་པའི་ཕྱི་རྒྱུད་ལ་ནང་གསེས་སུ་ཕྱི་ཀྲྀ་ཡ་ནང་ཨུ་པ་གསང་བ་ཡོ་ག་ཡི་ཐེག་པ་གསུམ་དུ་སྒྲོགས་ཅིང་སྟོན་པ་དང་། སྟོན་པ་ཆོས་ཀྱི་སྐུ་ཡི་ཐུགས་ཀྱི་གསང་བ་ཟམ་མོ་ཤིན་ཏུ་རྟོགས་པར་དཀའ་བའི་རང་བཞིན་ཅན་མངོན་དུ་སྟོན་པར་བྱེད་པའམ། སྡེ་སྣོད་གསུམ་གྱི་ནང་ནས་མངོན་པར་གཏོགས་པ་མ་ཧཱ་ཨ་ནུ་ཨ་ཏི་སྟེ་ནང་རྒྱུད་སྡེ་གསུམ་པོ་སྒྲོགས་ཅིང་སྟོན་པ་སྟེ། དེ་ལྟ་བུའི་སྐུ་གསུམ་གྱི་བསྟན་པའི་ངོ་བོ་ཕྱི་དང་ནང་དང་གསང་བ་གསུམ་པོ་དེ་ནི་གདུལ་བྱའི་སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་ཡིད་གསུམ་དང་། སྟོན་པ་ཀུན་བྱེད་ཉིད་ཀྱི་སྐུ་གསུང་ཐུགས་གསུམ་ཡེ་ནས་དབྱེར་མི་ཕྱེད་པ་དེ་ཡི་རྩལ་ལས་འཕྲོས་པས་རྣམ་པ་དགུར་བྱུང་བ་ཡིན་ཏེ། གསང་བ་སྤྱི་རྒྱུད་ལས། སྐུ་གསུམ་བྱིན་བརླབས་ཐེག་པ་དགུ། །སེམས་ཉིད་སྐུ་གསུང་ཐུགས་ཡིན་པས། །སྐུ་གཅིག་སྐུ་གསུང་ཐུགས་ཡིན་པས། །སྤྲུལ་པ་སྐུ་ཡི་རང་བཞིན་དང་། །སྤྲུལ་པ་གསུང་གི་རང་བཞིན་དང་། །སྤྲུལ་པ་ཐུགས་ཀྱི་རང་བཞིན་ནོ། །ལོངས་སྤྱོད་སྐུ་ཡི་རང་བཞིན་དང་། །ལོངས་སྤྱོད་གསུང་གི་རང་བཞིན་དང་། །ལོངས་སྤྱོད་ཐུགས་ཀྱི་རང་བཞིན་ནོ། །ཆོས་ཉིད་སྐུ་ཡི་རང་བཞིན་དང་། །ཆོས་ཉིད་གསུང་གི་རང་བཞིན་དང་། །ཆོས་ཉིད་ཐུགས་ཀྱི་རང་བཞིན་ནོ། །ཞེས་སོ། །དེ་ལྟ་བུའི་ཐེག་པ་དགུ་པོ་དེ་ལ་བརྟེན་ནས་ཐེག་པ་དགུ་པོ་སོ་སོའི་ལྟ་བའི་ལ་བཟླ་དགུ་དང་ཡིད་ཆེས་ཀྱི་ལུང་དོན་དགུ་དང་བགྲོད་བྱའི་ས་ལམ་དགུ་པོ་དེ་རྣམས་བགྲོད་པ་ཡིས ། མཐར་འོད་གསལ་འདུས་མ་བྱས་པ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་བསམ་བརྗོད་ལས་འདས་པ་ཇི་བཞིན་དུ་སྟོན་པར་བྱེད་པའི་ཐེག་གཅིག་ཨ་ཏི་ཡོ་ག་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས་ལ་བགྲོད་པར་བྱེད་པའོ། །ཞེས་ཐེག་པ་དེ་དག་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་སུ་བགྲོད་པའི་ལམ་སྟེགས་སུ་བཤད་པ་སྟེ། ཀློང་ཆེན་རབ་འབྱམས་ལས། ཡོད་ནི་གཅིག་ལས་མེད་པ་ལ། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །མཐོང་ནི་སྣང་བ་དགུ་རུ་མཐོང་། །དེ་ཡིས་གང་བྱས་ལས་འབྲས་ཀུན། །རྫོགས་ཆེན་ང་ཡི་སོ་ནམ་ཡིན། །ཅེས་གསུངས་སོ། །འོ་ན་སྔར་རྩོལ་བཅས་ཀྱི་ཐེ ག་པ་བརྒྱད་པོ་རྫོགས་པ་ཆེན་པོའི་གོལ་སར་གསུངས་པ་དང་འདིར་ལམ་སྟེགས་སུ་བཤད་པ་གཉིས་མི་འགལ་ལམ་སྙམ་ན། མི་འགལ་ཏེ་སྔར་གོལ་སར་གསུངས་པ་ནི་རྫོགས་པ་ཆེན་པོའི་ལམ་དུ་ཞུགས་ནས་དེའི་ལྟ་སྤྱོད་མ་རྟོགས་པར་འོག་མའི་ལྟ་སྤྱོད་ལྟར་སྤྱད་ན་གོལ་སར་འགྱུར་བར་གསུངས་ལ། འདིར་ལམ་སྟེགས་སུ་བཤད་པ་ནི་འོག་མའི་ཐེག་པ་རང་རང་གི་ལམ་དུ་ཞུགས་ནས་དེའི་ལྟ་སྤྱོད་བཞིན་སྤྱད་དེ་རིམ་གྱིས་རྫོགས་ལ་འཇུག་ན་ལམ་སྟེགས་སུ་བཤད་པ་ཡིན་ནོ། །གཉིས་པ་ནི། དེ་ལྟ་བུའི་ཕུན་སུམ་ཚོགས་པའི་ཆོས་མ་ལུས་པ་ཀུན་གྱི་སྙིང་པོ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་རང་གི་རང་བཞིན་ནི་དགག་སྒྲུབ་སྤང་བླང་ལ་སོགས་པའི་བྱ་བྱེད་གང་ཡང་མེད་པར་ཁྱབ་གདལ་ནམ་མཁའ་ལྟ་བུའི་རང་བཞིན་དུ་བཞུགས་པ་བསམ་བརྗོད་དང་རྩོལ་སྒྲུབ་ཀུན་གྱི་ཡུལ་ལས་འདས་པ་གཉུག་མ་རང་བྱུང་གི་ཡེ་ཤེས་ཆགས་ཐོགས་དང་བྲལ་བ་ཡིན་པས་ས་ལམ་བགྲོད་པ་ལ་ལྟོས་པ་མེད་པར་སྙིང་པོ་བྱང་ཆུབ་ཀྱི་ས་ལ་ཡེ་ནས་ཕྱིན་པ་ཡིན་ནོ། །ཞེས་གསུངས་སོ། །མདོ་བཅུ་ལས། ཡེ་ནས་རང་བྱུང་ཡེ་ཤེས་ལ། །ཆོས་ཀུན་དུས་གསུམ་སྒྲིབ་མེད་པས། །སྤོང་དང་ལེན་པ་མི་མངའ་སྟེ། །རང་བྱུང་ཡེ་ཤེས་འགྱུར་མེད་གནས། །ཞེས་དང་། སྙིང་པོ་དོན་གྱི་རྒྱུད་ལས། དུས་གསུམ་རྣམ་དག་རིག་པ་དབྱེར་མེད་པས། །རིག་པ་དབྱེར་མེད་གཅིག་ཏུ་ལྷུན་གྱིས་རྫོགས། །མ་བསགས་མ་སྦྱངས་ཡེ་སངས་རྒྱས་པའི་ཀློང་། །མཐའ་བྲལ་རིག་པའི་ཀློང་ལ་བསམ་ཞིང་བརྗོད་དུ་མེད། །ཡེ་ནས་ཀུན་རྫོགས་བདག་ཉིད་ལྷུན་རྫོགས་དང་། །ས་ལ་མི་བགྲོད་ལམ་ལ་མི་སྦྱོང་སྟེ། །མི་རྟོག་ཏིང་འཛིན་སྦྱོང་བ་སྒྱུ་མའི་ནང་། །མ་བཙལ་རང་བཞིན་བཞག་པས་གྲུབ་པ་ཡིན། །ཅེས་གསུངས་པ་བཞིན་ནོ། །དེ་ལྟར་མངོན་དུ་ཕྱུང་བའི་མདོ་ལུང་བཅུ་དགོས་པ་དང་བཅས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་ངོ་བོ་ཐུགས་རྗེ་གསུམ་གནས་ལུགས་ཇི་ལྟ་བ་ཉིད་གསལ་བར་སྟོན་པས་དམུས་ལོང་མིག་ཕྱེ་བ་ལྟར་བཤད་པ་ཡིན་ནོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཕུན་སུམ་ཚོགས་པ་ཤིན་ཏུ་དཀོན་པའི་ལེའུ་སྟེ་བཅུ་པའི་འགྲེལ་པའོ།། ༈ །།དོན་གཉིས་པ་ཆོས་ཉིད་སྒྲུབ་བསལ་ལས་འདས་པར་བཤད་པ། ཀུན་འདུས་རིན་པོ་ཆེའི་ལེའུ་སུམ་ཅུའི་བསྟན་པ་ལ་གསུམ་སྟེ། དེ་ཉིད་ངེས་པའི་ལེའུ་བཅུ། རྒྱུ་འབྲས་འདས་པའི་ལེའུ་བཅུ། མ་བཙལ་རྫོགས་པའི་ལེའུ་བཅུའོ། །དང་པོ་ལ་བཅུ་ལས། དང་པོ་ཆོས་ཐམས་ཅད་ཀུན་བྱེད་ཉིད་དུ་ངེས་པའི་ལེའུ་བཅུ་གཅིག་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ཀུན་བྱེད་རྒྱལ་པོས་ཆོས་ཐམས་ཅད་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་དུ་བཀོད་པར་གསུངས་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཀྱིས་བྱས་ཤིང་སེམས་ལ་སྣང་བ་སེམས་ཀྱི་རང་བཞིན་ལས་གཞན་དུ་མེད་ལ། སེམས་ཀྱང་གཟུང་འཛིན་རྣམ་རྟོག་གི་ཆོས་སུ་གྲུབ་པ་མེད་པར་ཡེ་ནས་རང་བྱུང་ཡེ་ཤེས་ཆེན་པོའི་ངང་ཚུལ་ལས་འདའ་མ་མྱོང་བའི་ཕྱིར་ན་ཆོས་ཀུན་གྱི་རྩ་བ་རིག་པ་བྱང་ཆུབ་སེམས་སུ་བསྡུས་པ་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཐམས་ཅད་ཀུན་བྱེད་ཉིད་དུ་འདུ་ཚུལ་མདོར་བསྟན་པ། དེའི་རང་བཞིན་རྒྱས་པར་བཤད་པ། །དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག་འདི་ལྟར་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་ཀྱི་གཤིས་ལུགས་འགྱུར་བ་མེད་པའི་རང་བཞིན་དང་། དེ་དག་གང་ལས་བྱུང་བའི་རྩ་བ་ནི་འདི་ལྟ་སྟེ། གང་ཞེ་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ནི་ཆོས་ཀུན་གྱི་རང་བཞིན་ཆོས་ཉིད་འཕོ་འགྱུར་དང་བྲལ་བའི་བདག་ཉིད་ཡིན་པ་སྟེ། སྟོན་པ་ང་ཡི་རང་བཞིན་ཡེ་གྲོལ་བློ་ལས་འདས་པ་འདི་ལས་ནི་ཐ་དད་དུ་གྱུར་པའི་ཆོས་གཞན་དུ་གྲུབ་པ་རྡུལ་ཙམ་མེད་པ་དེས་ན། ཆོས་སྐུ་ལ་སོགས་པའི་སྟོན་པ་སྐུ་གསུམ་པོ་ང་ཡི་རང་བཞིན་ཡིན་ལ། དེ་བཞིན་དུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱང་ང་ཡི་རང་བཞིན་ཡིན་པ་དང་། ལམ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ང་ཡི་རང་བཞིན་ཡིན་པ་དང་། སེམས་དཔའི་རྣལ་འབྱོར་ལ་སོགས་པའི་རྣལ་འབྱོར་རྣམ་པ་བཞི་པོ་ཡང་ང་ཡི་རང་བཞིན་ཡིན་ལ། འདོད་ཁམས་དང་གཟུགས་ཁམས་དང་གཟུགས་མེད་པའི་ཁམས་གསུམ་པོ་ཡང་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་དུ་བསྟན་པ་ཡིན་ལ། ས་སོགས་འབྱུང་བ་ཆེན་པོ་ལྔ་ཡང་སྟོན་པ་ང་ཡི་རང་བཞིན་ཡིན་པ་དང་། འགྲོ་བ་རྒྱུད་དྲུག་གི་སེམས་ཅན་རྣམས་ཀྱང་ང་ཡི་རང་བཞིན་ཡིན་ལ། རི་གླིང་ལ་སོགས་པ་འདི་ལྟར་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ལྟར་སྣང་བ་ཐམས་ཅད་ཀྱང་ང་ཡི་རང་བཞིན་ཡིན་ལ། དེ་ལ་བརྟེན་པ་ན་སྲིད་པ་བཅུད་ཀྱི་འགྲོ་བ་ཐམས་ཅད་ཀྱང་ང་ཡི་རང་བཞིན་ཡིན་པ་དང་། མདོར་ན་ཕྱི་ནང་སྣོད་བཅུད་གཉིས་ཀྱིས་བསྡུས་པ་འདི་ཐམས་ཅད་སྟོན་པ་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ཡིན་པའི་ཕྱིར་ན། ཀུན་བྱེད་ང་ཡི་རང་བཞིན་རིག་པ་བྱང་ཆུབ་ཀྱི་སེམས་ཡེ་སྟོང་སྤྲོས་པ་དང་བྲལ་བ་འདི་ལས་ནི་གཞན་དུ་གྱུར་པའི་ཆོས་གང་ཡང་མེད་པས་ཆོས་རྣམས་ཀུན་གྱི་རྩ་བ་ཀུན་བྱེད་ང་ལ་འདུས་ཤིང་། ང་ཡི་རྩལ་ལས་མ་བྱུང་བའམ་མ་འདུས་པ་ཡི་ཆོས་ནི་གཅིག་ཀྱང་མེད་དོ་ཞེས་མདོར་བསྟན་པ་སྟེ། ཚུལ་དེ་ལྟར་རིན་ཆེན་སྤུངས་པ་ལས་ཀྱང་། འབྱུང་བ་ས་ཆུ་མེ་རླུང་ཀྱང་། །བདག་ཉིད་ཆེན་པོའི་དེ་བཞིན་ཉིད། །འགྲོ་བའི་རྒྱུད་དྲུག་སྣང་བ་ཡང་། །དག་པའི་ཡེ་ཤེས་རྒྱུ་ཡི་དང་། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །དང་པོ་རྒྱུ་མེད་དབྱིངས་ལས་བྱུང་། །ཐ་མ་རྒྱུ་མེད་དབྱིངས་སུ་ཐིམ། །ཞེས་པ་ལྟར་རོ། །གཉིས་པ་ལ་གསུམ་སྟེ། སྟོན་པ་དུས་དང་ཆོས་ཉིད་ཀུན་བྱེད་ཉིད་དུ་བཤད་པ། རྣལ་འབྱོར་ཁམས་གསུམ་རྒྱུད་དྲུག་ཀུན་བྱེད་ཉིད་དུ་བཤད་པ། སྐུ་གསུམ་དང་དུས་གསུམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་བྱེད་ཉིད་དུ་བཤད་པའོ། །དང་པོ་ནི། དེ་ལ་དང་པོ་སྟོན་པ་སྐུ་གསུམ་ཉིད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཇི་ལྟར་ཡིན་ན། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་སྟོང་པའི་ཆ་ཆོས་སྐུ་ཟག་མེད་ཡེ་ཤེས་ཀྱི་ངོོ་བོ་གདོད་ནས་མ་སྐྱེས་ཤིང་ཀ་དག་སྤྲོས་པ་དང་བྲལ་བའི་རང་བཞིན་དང་། དེའི་སྣང་ཆ་རང་བྱུང་འོད་གསལ་བའི་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ་རྟག་བརྟན་འཕོ་འགྱུར་དང་བྲལ་བ་ལས་སྐྱེ་བའི་རོལ་པ་འགགས་མེད་རང་བྱུང་གི་ཆོ་འཕྲུལ་དུ་ཤར་བ་དང་། དེའི་རྩལ་སྣང་སྤྲུལ་སྐུ་ཐུགས་རྗེའི་རང་བཞིན་འབད་མེད་ཤུགས་འབྱུང་གི་རོལ་པ་འགགས་པ་མེད་པ་རྣམ་པ་གསུམ་དུ་བྱུང་བ་དེ་ནི་སྐུ་གསུམ་གྱི་སྟོན་པ་གསུམ་གྱི་རང་བཞིན་ཡིན་ལ། དེ་བཞིན་དུ་སྔར་འདས་པའི་དུས་དང་བར་པ་ད་ལྟ་ཡི་དུས་དང་ཕྱི་པ་མ་འོང་བའི་དུས་གསུམ་པོ་ཡང་། སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་ཡེ་ནས་དུས་གསུམ་འཕོ་འགྱུར་དང་བྲལ་བས་ཀུན་བཟང་ཡངས་པ་ཆེན་པོའི་ཀློང་ན་དུས་བཞི་མཉམ་ཉིད་གཅིག་ཏུ་གནས་པའི་རང་བཞིན་ལས་གཞན་དུ་མེད་དེ། དེ་ཉིད་ལས། ང་ནི་དུས་གསུམ་རྟག་པར་བཞུགས། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །དྲི་མེད་རང་བྱུང་འོད་གསལ་བ། །དུས་གསུམ་གཅིག་སྟེ་རྟག་པར་བཞུགས། །ཞེས་གསུངས་པ་ལྟར་དུས་གསུམ་དུ་བྱོན་པའི་སངས་རྒྱས་ཐམས་ཅད་ཀྱང་སྙིང་པོ་བྱང་ཆུབ་ཀྱི་སེམས་དུས་བཞི་མཉམ་པ་ཆེན་པོ་གཅིག་ཏུ་གནས་པའི་ཕྱིར་ན། དེ་ལྟ་བུའི་དུས་གསུམ་པོ་དེ་ཡང་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་དུ་བསྟན་པ་ཡིན་པ་དང་། ང་ཉིད་གཟུང་འཛིན་ཡེ་བྲལ་ཆེན་པོའི་དགོངས་པར་རང་ཤར་པས་བྱང་བ་དང་། ནམ་མཁའ་བཞིན་དུ་འཁོར་འདས་ཀུན་ལ་མཉམ་བརྡལ་དུ་ཁྱབ་ཅིང་རིག་པའི་ཀློང་དུ་རྫོགས་པས་ཆུབ་པ་དང་། གཞི་ཀློང་རྣམ་པར་དག་པའི་རྩལ་འགགས་མེད་རང་བྱུང་དུ་ཤར་བའི་སྣང་སྲིད་ཀྱི་ཆོས་རྣམས་ཀུན་གྱི་སྙིང་པོ་བྱེད་པའི་ཕྱིར་ན་ཆོས་ཐམས་ཅད་ཀྱི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱང་ཀུན་བྱེད་ང་ཡི་རང་བཞིན་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ནི། གཞན་ཡང་ཀུན་བྱེད་ང་ནི་རྒྱུ་རྐྱེན་གང་ལ་མ་ལྟོས་པར་རང་བྱུང་འདུས་མ་བྱས་པ་སྤྲོས་བྲལ་ཐིག་ལེ་ཉག་ཅིག་ཏུ་གནས་པ་ཡིན་ལ། ང་ཡི་རང་བཞིན་མཁའ་ཁྱབ་དབྱིངས་ཀྱི་རྡོ་རྗེ་ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་རྣལ་མ་ལ་སེམས་དཔའི་རྣལ་འབྱོར་ལ་སོགས་པ་རྣམ་པ་བཞི་པོའི་རང་རིག་པའི་ཡེ་ཤེས་ཀྱི་བློ་ཡང་དག་པར་འབྱོར་པ་ཡི་སྒོ་ནས་བཞིར་དབྱེས་ཀྱང་དོན་ལ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་དོན་རྣལ་མ་གཅིག་ཏུ་འབྱོར་བ་ལས་ཐ་དད་མེད་པ་དེས་ན་རྣལ་འབྱོར་བཞི་ཡང་ཀུན་བྱེད་ང་ཡི་རང་བཞིན་ཡིན་པར་བཤད་པ་དང་། ཀུན་བྱེད་ང་ཡི་ལུས་སྣང་བ་འདོད་པའི་སྲིད་པ་ངག་ཕྱེད་སྣང་གཟུགས་ཀྱི་སྲིད་པ་ཡིད་མི་སྣང་བ་གཟུགས་མེད་པའི་སྲིད་པ་གསུམ་ཡིན་པ་ལས་གཞན་གང་ཡང་མེད་པས་ཁམས་གསུམ་པོ་དང་པོ་བྱུང་ཡང་ང་ཡི་རང་བཞིན་དེ་ལས་བྱུང་བ་དང་། འདུས་ཀྱང་ང་ཡི་རང་བཞིན་སྒོ་གསུམ་པོ་དེ་ལ་འདུས་པ་དང་། ཡིན་ཡང་ང་ཡི་ངོ་བོ་སྟོང་གསལ་ཐུགས་རྗེ་གསུམ་པོ་དེ་ཉིད་ཡིན་པས་ན་ཁམས་གསུམ་པོ་ཐམས་ཅད་ང་ཡི་རང་བཞིན་ཡིན་པར་བཤད་དེ། བང་མཛོད་འཕྲུལ་ལྡེ་ལས། བྱང་ཆུབ་སེམས་ཀྱི་ཆོས་ཉིད་ནི། །མ་སྐྱེས་སྟོང་པ་སྐྱེ་བ་མེད། །དེ་ནི་གཟུགས་མེད་ཁམས་ཡིན་ནོ། །སྐྱེ་བའི་ཆོ་འཕྲུལ་གཟུགས་སྣང་བ། །དེ་ནི་གཟུགས་ཀྱི་ཁམས་ཡིན་ཏེ། །འདོད་སྤྱོད་སྙིང་རྗེའི་ཀུན་འདུས་པ། །དེ་ནི་འདོད་པའི་ཁམས་སུ་ཡིན། །ཞེས་སོ། །དེ་བཞིན་དུ་ཀུན་བྱེད་ང་ཡི་རང་བཞིན་སྟོང་གསལ་འགག་པ་མེད་པའི་རང་མདངས་སུ་ཤར་པའི་འབྱུང་བ་ཆེན་པོ་རྣམ་པ་ལྔ་ནི་ང་ཡི་ངོ་བོ་ཡེ་ཤེས་རྣམ་པ་ལྔ་ཡི་རང་མདངས་མངོན་དུ་ཕྱུང་བ་སྟེ། སྔ་མ་ལས། རང་ལས་བྱུང་བའི་ཡེ་ཤེས་ལྔ། །གསང་བའི་དཀྱིལ་འཁོར་ཐུགས་ཀྱི་མཚོན། །མཚན་ཉིད་མེ་ཆུ་ས་རླུང་ལྔ། །རང་ལས་བྱུང་བའི་ཆོས་ཉིད་དེ། །ཞེས་གསུངས་པ་ལྟར་ཏེ་དེས་ན་གསལ་ལ་གོ་ཕྱེ་བའི་རང་བཞིན་ནམ་མཁའ་དང་ཡང་ཞིང་གཡོ་བའི་མཚན་ཉིད་རླུང་དང་རླན་ཞིང་སྡུད་པའི་རང་བཞིན་ཆུ་དང་སྲ་ཞིང་རྟེན་པའི་མཚན་ཉིད་ས་དང་སྨིན་ཅིང་དྲོ་བའི་མཚན་ཉིད་ཅན་མེ་ཡི་རྣམ་པར་སྣང་བ་ལྔ་ཡང་ཀུན་བྱེད་ང་ཡི་རང་བཞིན་མངོན་དུ་ཕྱུང་སྟེ་བསྟན་པ་ཡིན་ལ། ཀུན་བྱེད་ང་ཡི་རིག་རྩལ་འགག་མེད་ཀྱི་ཐུགས་རྗེས་མངོན་དུ་ཕྱུང་ནས་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་རྣམ་པ་ལྔ་བསྟན་པ་ནི། ངོ་མ་ཤེས་པའི་དབང་གིས་འགྲོ་བ་རིགས་དྲུག་གི་སེམས་ཅན་དུ་སྣང་བ་མ་ལུས་པ་ཡང་དོན་ལ་ཀུན་བྱེད་ང་ཡི་རང་བཞིན་གདོད་ནས་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་འགགས་མེད་ཀྱི་རོལ་བར་བསྟན་པ་ཡིན་པ་སྟེ། མདོར་ན་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ལས་ལོགས་སུ་མ་གྱུར་པའི་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པ་ཡི་ཆོས་འདི་ཐམས་ཅད་ཀུན་རྒྱུ་རྐྱེན་གྱི་བྱེད་པ་གཞན་མེད་པར་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་ལས་ཆོས་ཐམས་ཅད་རང་བྱུང་དུ་ཤར་བ་ཡིན་པས་ཀུན་བྱེད་ངས་བྱས་པ་ཡིན་པ་དང་ང་ལས་བྱུང་བའི་སྣང་བ་ཡིན་པའི་ཕྱིར་ན་སྙིང་པོ་རང་བྱུང་གི་ཡེ་ཤེས་ངོར་མ་འདུས་པའི་ཆོས་ནི་གཅིག་ཀྱང་མེད་དེ་མདོ་བཅུ་ལས། སངས་རྒྱས་སྐུ་དང་ཡེ་ཤེས་དང་། །སེམས་ཅན་ལུས་དང་བག་ཆགས་དང་། །སྣང་དང་སྲིད་པའི་ཆོས་རྣམས་ཀུན། །བྱང་ཆུབ་སེམས་དང་དབྱིངས་སུ་འདུས། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། སྟོན་པ་བྱང་ཆུབ་ཀྱི་སེམས་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་ཡང་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ལྷུན་གྲུབ་རྣམ་པ་གསུམ་ལས་གཞན་དུ་མེད་པས་སྟོན་པ་སྐུ་གསུམ་ཡང་རང་བྱུང་གི་ཡེ་ཤེས་ཉིད་དུ་བསྟན་ཏེ། བང་མཛོད་འཕྲུལ་ལྡེ་ལས། མི་གཡོ་རང་བཞིན་གནས་པ་ཆོས་སྐུ་ཡིན། །གསལ་ལ་རྟོག་པ་མེད་པས་ལོངས་སྐུ་ཡིན། །སེམས་ལ་དབང་ཐོབ་ཅིར་ཡང་བསྒྱུར་ནུས་པས། །དེ་ནི་ཐུགས་རྗེ་སྤྲུལ་པའི་སྐུ། །ཞེས་སོ། སྔ་བ་འདས་པའི་དུས་དང་བར་མ་ད་ལྟ་ཡི་དུས་དང་ཕྱི་བ་མ་འོང་པའི་དུས་ཏེ་དུས་གསུམ་གྱི་དབྱེ་བ་རྣམ་པ་གསུམ་པོ་གཅིག་ཏུ་འདྲེས་པའི་དུས་བཞི་ཆོས་ཉིད་ཀྱི་དབྱིངས་ན་དགོངས་ཀློང་དབྱེར་མེད་གཅིག་ཏུ་གནས་པའི་སངས་རྒྱས་ཐམས་ཅད་ཀྱང་སྔ་ཕྱི་དུས་ཀྱི་དབྱེ་བ་མེད་པར་ཀུན་བྱེད་རྒྱལ་པོའི་རང་བཞིན་དུ་གནས་པ་དང་། གཟུང་འཛིན་རྟོག་པའི་དྲ་བ་ཅི་རིགས་པ་དང་བྲལ་བའི་སར་གནས་ཀྱི་བྱང་ཆུབ་སེམས་དཔའ་མ་ལུས་པ་ཡང་ཀུན་བྱེད་ང་ཡི་རང་བཞིན་བསལ་བཞག་བྲལ་བའི་ཆོས་ཉིད་མངོན་དུ་བསྒྲུབ་པར་བྱེད་པ་ལ་སེམས་མི་སྐྲག་ཅིང་དཔའ་བར་བྱེད་པ་ལས་གཞན་དུ་མེད་པ་དང་། སེམས་དཔའི་རྣལ་འབྱོར་ལ་སོགས་པ་རྣལ་འབྱོར་རྣམ་པ་བཞི་ཡིས་ཆོས་ཉིད་རྣལ་མའི་དོན་ལ་བློ་ཇི་བཞིན་དུ་རྣལ་མར་འཇོག་པ་ཡང་ཀུན་བྱེད་ང་ཡི་རང་བཞིན་བྱང་ཆུབ་སེམས་ཀྱི་ངང་ལ་རྣལ་དུ་འཇོག་པར་བྱེད་པ་ཡིན་པས་ན་དེ་དག་ཐམས་ཅད་ཀུན་བྱེད་ཉིད་དུ་འདུས་པ་ཡིན་ཏེེ། ནམ་མཁའི་མཐའ་དང་མཉམ་པ་ལས། །སངས་རྒྱས་ཀུན་དང་དེ་ཡི་སྲས། །ཀུན་ཀྱང་རྩ་བ་བྱང་ཆུབ་སེམས། །བཅོས་མེད་རིག་པའི་དོན་རྟོགས་ནས། །རང་གསལ་ཡེ་ཤེས་འོད་ལ་བཞུགས། །ཞེས་པ་ལྟར་རོ། །གསུམ་པ་ནི། དེ་ལྟར་མདོར་ན་སྟོན་པ་ཀུན་བྱེད་རྒྱལ་པོས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་བྱས་པ་བཞིན་དུ་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀུན་བྱེད་རྒྱལ་པོ་ཉིད་ལ་ལྷུན་གྲུབ་རྫོགས་པ་ཆེན་པོའི་ཚུལ་དུ་འདུས་ཤིང་གནས་པ་ཡིན་ནོ་ཞེས་གསུངས་སོ། །རིན་པོ་ཆེ་རྒྱས་པའི་རྒྱུད་ལས། ཐམས་ཅད་བྱང་ཆུབ་སེམས་ལས་བྱུང་བའི་སྣང་བ་སྟེ། །དེ་ལས་མ་གཏོགས་དངོས་པོ་གང་ཡང་མེད། །ཅེས་གསུངས་པ་ལྟར་རོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཉིད་ཁོ་ནར་འདུས་པའི་ལེའུ་སྟེ་བཅུ་གཅིག་པའི་འགྲེལ་བའོ།། ༈ །།དོན་གཉིས་པ་སེམས་ཉིད་ཀུན་བྱེད་རྒྱལ་པོ་རྒྱུད་ལུང་ཀུན་གྱི་རྩ་བ་ཡིན་པའི་ལེའུ་བཅུ་གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཆེན་པོ་རྩ་བ་བྱང་ཆུབ་སེམས་སུ་འདུས་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ང་ཡིས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གང་ལས་བྱུང་ཞིང་སྣང་བ་ཀུན་བྱེད་ཉིད་ཀྱི་རང་བཞིན་ཡིན་པར་སྟོན་པའི་ཁུངས་ཀྱི་མདོ་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཀུན་གྱི་ལུང་ཁུངས་ཀུན་བྱེད་ཉིད་དུ་ཕྱིར་བསྟན་པ། དེའི་རང་བཞིན་རྒྱས་པར་བཤད་པ། ཀུན་བྱེད་ཉིད་དུ་འདུ་བས་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཀུན་བྱེད་ང་ནི་ཆོས་ཀུན་གྱི་རང་བཞིན་གཏན་ལ་འབེབ་པར་བྱེད་པའི་ལུང་ཁུངས་ཡིན་པ་སྟེ། དེས་ན་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་དུས་དང་རྣམ་པ་ཐམས་ཅད་དུ་སྟོན་པ་ཀུན་བྱེད་ང་ལས་བྱུང་བ་ཡིན་པར་ཤེས་པར་གྱིས་ཤིག །དེ་ལྟར་སེམས་དཔའ་རྡོ་རྗེ་རང་གིས་ཇི་ལྟར་ཤེས་ཤིང་རྟོགས་པ་བཞིན་དུ་སྲིད་དང་ཞི་བས་བསྡུས་པའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་ཅིང་ཐམས་ཅད་གཏན་ལ་འབེབ་པར་བྱེད་པས་སྤྱི་ཁུངས་ཆེན་པོ་ཡིན་པའི་ཚུལ་འདི་ཉོན་ལ་གདུལ་བྱ་གཞན་རྣམས་ལ་ཡང་ཆོས་རྣམས་ཐམས་ཅད་འདི་ལྟར་དུ་ལུང་སྟོན་པར་མཛོད་ཅིག་ཅེས་སོ། །གཉིས་པ་ལ་བདུན་ཏེ། ལུང་ཆེན་ཀུན་གྱི་རྒྱལ་པོར་བསྟན་པ། མན་ངག་ཀུན་གྱི་རྩ་བར་བཤད་པ། མདོ་རྒྱུད་ཀུན་གྱི་སྤྱི་འགྲེལ་ཡིན་པ། བསྟན་པ་ཀུན་གྱི་ཡང་རྩེར་བརྗོད་པ། ཐེག་པ་ཀུན་གྱི་ཉིང་ཁུར་གསུངས་པ། ཡེ་ཤེས་ཆེན་པོའི་སྣང་བ་མཆེད་པ། ཀུན་རྟོག་ཉོན་མོངས་དྲྭ་བ་གཅོད་པའོ། །དང་པོ་ནི། འདི་ལྟར་ཐེག་པ་འོག་མ་པ་རྣམས་ཀྱི་ལུགས་ལྟར་སྤོང་འགོག་སྦྱངས་བགྲོད་སོགས་ཀྱི་རྩོལ་སྒྲུབ་ལ་མི་ལྟོས་པར་ཆོས་ཐམས་ཅད་གདོད་ནས་གཉིས་མེད་ཡེ་ཤེས་ཆེན་པོ་གཅིག་གི་རང་བཞིན་ཡིན་པས་དགག་སྒྲུབ་སྤང་བླང་གང་ཡང་མི་དགོས་པའི་ཚུལ་དྲང་ཐད་དུ་སྟོན་པར་བྱེད་པ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ང་ནི་སྐུ་གསུམ་གྱི་རྒྱལ་བ་རྣམས་ཀྱིས་ལུང་ཆེན་པོ་གསུངས་པ་ཀུན་གྱི་ནང་ནས་རྒྱལ་པོ་ལྟ་བུ་ང་ཡིན་པས། ཀུན་བྱེད་བྱང་ཆུབ་སེམས་ཀྱི་ངེས་པའི་ལུང་འདི་ལ་བརྟེན་ནས་སྟོན་པ་སྐུ་གསུམ་པོ་ཡང་དང་པོ་ཀུན་བཟང་གདོད་མའི་མགོན་པོའམ་དང་པོའི་སངས་རྒྱས་ང་ལས་བྱུང་བ་ཡིན་ལ། དེ་ལ་ལུང་ཞེས་བྱ་བ་དེ་གང་ཞེ་ན་ལུང་ཞེས་པ་ནི་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་གསུངས་པའི་བཀའ་ལ་གདགས་ཞིང་དེ་ཐམས་ཅད་གང་ལས་འབྱུང་བའི་ཁུངས་དང་ཀུན་གྱི་ནང་ནས་རྩོལ་མེད་ཡེ་སངས་རྒྱས་པའི་དགོངས་པ་སྟོན་པས་རྒྱལ་པོ་ལྟ་བུ་ནི་ཀུན་བྱེད་ང་ཉིད་ཡིན་པར་ཤེས་པར་གྱིས་ཤིག །ཅེས་པའོ། །གཉིས་པ་ནི། དེ་བཞིན་དུ་མན་ངག་ཀུན་གྱི་རྩ་བའམ་བསྟན་དོན་མཐར་ཐུག་པ་ཡང་ཆོས་རྣམས་ཀུན་གྱི་གནས་ལུགས་སྐུ་གསུམ་ལྷུན་གྲུབ་ཆེན་པོ་བྱང་ཆུབ་ཀྱི་སེམས་ང་ཉིད་ཡིན་པས་ན་སེམས་ཉིད་སྐྱེ་བ་མེད་པའི་གནས་ལུགས་འདི་ལས་མ་གཏོགས་པ་ཡི་ཆོས་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་དང་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་ཀུན་བྱེད་ང་ཡིས་ཡང་དག་པར་བསྟན་པ་མེད་དོ། །གསུམ་པ་ནི། གསང་སྔགས་ཀྱི་རྒྱུད་དང་ཟབ་རྒྱས་ཀྱི་མདོ་སྡེ་ཀུན་གྱི་བརྗོད་བྱ་མཐར་ཐུག་གཏན་ལ་འབེབ་པར་བྱེད་པའི་ཀུན་གྱི་སྤྱི་འགྲེལ་ཆེན་པོ་ཡང་ཀུན་བྱེད་རྒྱལ་པོ་འདི་ཉིད་ཡིན་པ་དང་། རྒྱུད་སྡེ་ཕྱི་ནང་དང་མདོ་སྡེ་མཚན་ཉིད་ཀྱི་ཐེག་པ་རྣམས་སྟོན་པའི་སྐུ་གསུམ་གྱི་སྟོན་པ་གསུམ་ཡང་ཀུན་བྱེད་ང་ཡི་རང་བཞིན་མངོན་དུ་ཕྱུང་བ་ཡིན་པ་དེས་ན་སྟོན་པ་དང་ནི་བསྟན་པ་དམ་པའི་ཆོས་གཉིས་ཀ་ཡི་སྤྱི་འགྲེལ་ཡིན་ནོ་ཞེས་དེ་དག་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རྩལ་འགག་པ་མེད་པ་ལས་སྣང་བར་བྱས་པས་ཀུན་གྱི་འབྱུང་གནས་ཡིན་པ་དང་མདོ་རྒྱུད་དེ་དག་གི་བརྗོད་བྱ་མཐར་ཐུག་པ་ཡང་ཀུན་བྱེད་ཉིད་ཡིན་པའི་ཕྱིར་ཏེ། བང་མཛོད་ལས། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་ག ནས་གཏན་ལ་འབེབས་པའི་ཕྱིར། །ཀུན་གྱི་སྤྱི་འགྲེལ་ཡིན་པར་ཡིད་ཀྱང་ཆེས། །ཞེས་སོ། །བཞི་པ་ནི། ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ང་ནི་བསྟན་པ་དམ་པའི་ཆོས་མ་ལུས་པ་ཀུན་གྱི་ཡང་རྩེ་ཡིན་པར་ཡང་བཤད་དེ། དེས་ཚུལ་ཇི་ལྟར་ཞེ་ན་ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་བསྟན་པའི་ཆོས་འདུལ་བ་མདོ་སྡེ་མངོན་པ་གསུམ་དང་སྔགས་ཀྱི་ཏན་ཏྲ་ཆེན་པོ་སོ་སོའི་སྡེ་ནི་འབུམ་སྡེ་དང་དེ་དག་གི་བརྗོད་བྱ་ཤིན་ཏུ་ཟབ་པ་སྤྲོས་བཅས་བསྐྱེད་པའི་རིམ་པ་དང་སྤྲོས་མེད་རྫོགས་པའི་རིམ་པ་སྟོན་པར་བྱེད་པའི་གསང་བ་བླ་ན་མེད་པ་ལ་སོགས་པ་མདོར་ན་རྩོལ་སྒྲུབ་ཅན་གྱི་ཐེག་པ་ཀུན་ཀྱང་འདིར་རྩོལ་སྒྲུབ་ལས་འདས་པ་སྤྲོས་བྲལ་བློ་འདས་ཡེ་འབྱམས་ཆེན་པོ་ང་ཡི་ས་ལ་བགྲོད་དགོས་ཤིང་། དཔེར་ན་དམའ་བའི་ལུང་ནས་ལྷུན་པོའི་རྩེ་མོ་མཐོང་བར་མི་ནུས་པ་ལྟར་རྩོལ་སྒྲུབ་ཅན་གྱི་ཐེག་པ་དེ་ཉིད་ཀྱིས་རྩོལ་སྒྲུབ་ཀུན་ལས་འདས་པ་སྟོང་གསལ་ཐུགས་རྗེ་ཀུན་ཁྱབ་ཀྱི་རང་བཞིན་ཅན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཉིད་མི་མཐོང་བ་དེས་ན་བསྟན་པ་ཀུན་གྱི་ཡང་རྩེ་ཡིན་པར་བཤད་དེ། དེ་ཉིད་ལས། རྒྱུ་འབྲས་ཐེག་པ་ཀུན་ལས་ཁྱད་འཕགས་པས། །ཐེག་པའི་ཡང་རྩེ་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་པ་ལྟར་རོ། །འདི་ལ་ཀུན་མཁྱེན་ཆེན་པོས། ཐེག་པ་ཀུན་གྱི་རྩེ་མོ་གསང་སྔགས་ཀྱི་ཐེག་པ་ཡིན་ལ་དེའི་ཀྱང་རྩེ་མོ་རྫོགས་པ་ཆེན་པོ་ཡིན་པས་ཐེག་པའི་ཡང་རྩེ་ཡིན་པར་གསུངས་སོ། །ལྔ་པ་ནི། ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ང་ནི་རྒྱུ་འབྲས་ཀྱི་ཐེག་པ་ཀུན་གྱི་ཉིང་ཁུའམ་ཡང་ཞུན་ལྟ་བུ་ཡིན་པར་ཡང་བཤད་དེ། འདི་ལྟར་སྟོན་པ་གསུམ་གྱི་ཆོས་ལམ་སྟེགས་ཙམ་ལ་གནས་པའི་ཀུན་འབྱུང་འདྲེན་པའི་ཐེག་པ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ། མ་ཧཱ་ཨ་ནུ་གཉིས་དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟེ། དེ་ལྟ་བུའི་ཐེག་པ་གསུམ་པོ་ཐམས་ཅད་ངེས་པ་དོན་གྱི་སྙིང་པོ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་མཐར་ཐུག་པར་གནས་པར་བྱེད་པ་ཡི་ཐེག་པ་གཅིག་ལས་མེད་ལ་ངེས་པའི་ཐེག་པ་གཅིག་པོ་དེ་ནི་རྒྱལ་བ་ཀུན་གྱིས་བགྲོད་པ་གཅིག་པུ་པ་ཐེག་གཅིག་བྱང་ཆུབ་སེམས་ཀྱི་ས་འདི་ཉིད་ཡིན་པའི་ཕྱིར་ན་དེ་ནི་ཐེག་པ་ཀུན་གྱི་ཉིང་ཁུར་གྱུར་པས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གང་ནས་གཤེགས་པའི་ཤུལ་ལམ་ཆེན་པོ་ཡིན་པར་བཤད་དེ། དེ་ཉིད་ལས། དུས་གསུམ་སངས་རྒྱས་ཀུན་གྱི་ལམ་ཡིན་པས། །རྣམ་དག་ལམ་ཆེན་ཡིན་པར་ཡིད་ཀྱང་ཆེས། །ཞེས་པ་ལྟར་རོ། །དྲུག་པ་ནི། ཀྱེ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ནི་ནམ་མཁའི་དབྱིངས་མ་ལུས་པ་ཁྱབ་ཅིང་མཐའ་ཡས་པའི་འགྲོ་བ་ཀུན་གྱི་རྒྱུ་ལྷན་སྐྱེས་དང་རྐྱེན་ཀུན་བརྟགས་ཀྱི་མ་རིག་པ་ཡི་མུན་པའི་སྤྲིན་ཚོགས་ཤིན་ཏུ་སྟུག་ཅིང་སྤང་དཀའ་བ་མ་ལུས་པ་ཀུན་བསལ་བར་བྱས་ནས་མཁྱེན་པའི་ཡེ་ཤེས་འོད་གསལ་ཆེན་པོའི་སྣང་བ་ཕྱོགས་མེད་དུ་མཆེད་པར་བྱེད་པ་ཡིན་ཏེ། དེ་ཡང་ཚུལ་ཇི་ལྟ་བུ་ཡི་སྒོ་ནས་མ་རིག་པའི་མུན་པ་སེལ་ཞིང་ཡེ་ཤེས་ཀྱི་སྣང་བ་མཆེད་པར་བྱེད་པ་ལགས་ཞེས་བསྟན་པ་ཡིན་ཞེ་ན། ཇི་ལྟར་སྣང་སྲིད་སྣོད་བཅུད་དུ་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་གཞན་དུ་ཅི་ཡང་མེད་པར་རིག་པ་བྱང་ཆུབ་སེམས་ཀྱི་ཆོས་ཉིད་སྟོང་ཆེན་དེ་བཞིན་ཉིད་ཀྱི་རྩལ་མ་འགགས་པར་ཤར་བའི་སྣང་བ་ཡིན་པ་ལ་སེམས་ཅན་རྣམས་ཀྱིས་དེ་ལྟར་དུ་མ་རིག་སྟེ། ཆོས་ཅན་སོ་སོའི་མཚན་མར་ཞེན་ཅིང་ཆགས་པའི་མ་རིག་གཟུང་འཛིན་གྱི་རྟོག་པའི་མུན་པར་འཐིབ་པ་ཡི་དབང་གིས་ཁམས་གསུམ་འཁོར་བའི་དུཿཁས་རྟག་ཏུ་གདུང་བ་ལ། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱིས་བྱས་པའམ་ཐོག་མའི་འོད་གསལ་གཞི་དབྱིངས་ཆེན་པོའི་གདངས་འགགས་པ་མེད་པའི་རྩལ་གཞི་སྣང་ཕྱིར་གསལ་གྱི་རྣམ་པར་ཤར་བ་ཡིན་པའི་ཕྱིར་ན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རྩལ་སྣང་དུ་ཆོས་ཐམས་ཅད་ཤར་ཞིང་། དེ་ལྟར་ཤར་བའི་དུས་ཉིད་ནས་གཞི་མེད་རྩ་བྲལ་ཆེན་པོའི་རང་བཞིན་ཆོས་དབྱིངས་སྐྱེ་བ་མེད་པའི་དབྱིངས་སུ་ཡེ་གྲོལ་དུ་སོང་བའི་ཚུལ་རིག་ཅིང་རྟོགས་པར་བྱས་ནས། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་ལ་བདག་གཞན་དང་ཡུལ་ཡུལ་ཅན་ལ་སོགས་པར་སོ་སོར་རྟོག་པའི་གཟུང་འཛིན་གྱི་མུན་པ་དེ་ཉིད་བསལ་བར་བྱས་ནས་ཀྱང་། སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་འོད་གསལ་ཆེན་པོ་གཞི་རྫོགས་འཕོ་འགྱུར་དང་བྲལ་བ་ནམ་མཁའ་ལྟ་བུའི་སྣང་བ་མཆེད་པར་བྱེད་པ་དེས་ན་མ་རིག་པའི་མུན་པ་ཐམས་ཅད་སྒྲིབ་བྲལ་ཟང་ཐལ་ཆེན་པོར་སེལ་བའམ་དངས་ཤིང་རང་བྱུང་ཡེ་ཤེས་ཀྱི་སྣང་བ་མཆེད་ཅིང་རྒྱས་པར་བྱེད་དོ་ཅེས་བྱ་བར་བསྟན་པའོ། །བདུན་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ངས་ནི་འགྲོ་བ་རྣམས་ཀྱི་རྒྱུད་ཀྱི་བླང་དོར་རྩོལ་སྒྲུབ་ལ་ཞེན་པ་ལ་སོགས་པའི་རྣམ་པར་རྟོག་པའི་དྲྭ་བ་མ་ལུས་པ་དྲལ་བར་བྱས་ནས་ནི་དུག་ལྔའི་ཉོན་མོངས་པ་ཡི་འཛིན་ཞེན་གྱི་སྲིད་པའི་ཕྲེང་ཐག་མ་ལུས་པ་རྩ་བ་ནས་གཅོད་པར་བྱེད་པ་ཡིན་ཏེ། དེ་ཡང་ཚུལ་ཇི་ལྟར་ཞེ་ན་ཕྱི་ནང་སྣོད་བཅུད་དུ་སྣང་བའི་ཆོས་འདི་དག་ཐམས་ཅད་ལ་རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ཀྱིས་རང་སེམས་ལས་གཞན་དུ་རྟོག་པའི་དབང་གིས་དགག་སྒྲུབ་དང་བླང་དོར་སྣ་ཚོགས་སུ་བྱེད་དེ། དེ་ཡང་བློ་དམན་ཉན་རང་གི་རིགས་ཅན་ལ་ལས་འདོད་ཡོན་དང་ཉོན་མོངས་པ་སོགས་ལ་ཐར་བའི་སྲོག་ལ་རྒོལ་པའི་དུག་ཏུ་མཐོང་ནས་དེ་ཉིད་གཉེན་པོས་སྤོང་བ་དང་འགོག་པར་བྱ་བའི་ཡུལ་དུ་རྟོག་ཅིང་འཛིན་ལ་གནས་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་བ་ལ་ལས་སེམས་ཆགས་ཞིང་ཞེན་པ་ཡི་ཡུལ་དུ་མཐོང་ནས་དེ་ལས་བཟློག་པའི་ཕྱིར་དུ་ཀུན་རྫོབ་སྒྱུ་མ་ལྟ་བུ་དང་དོན་དམ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བདེན་པ་གཉིས་ཀྱི་ཚུལ་དུ་གཏན་ལ་ཕབ་ཏེ་གང་ལའང་མ་ཆགས་པ་ཡི་ཐབས་ལ་རྟོག་ཅིང་དཔྱོད་པ་ཡི་ལམ་ལ་གནས་པར་བྱེད་པ་དང་། ལ་ལས་ཏེ་ཀྲྀ་ཡོག་སྡེ་གསུམ་གྱི་ཐེག་པ་བ་རྣམས་ཀྱིས་གཟུང་འཛིན་གྱི་དྲི་མ་རྣམ་པར་དག་པར་བྱ་བའི་ཡུལ་དུ་མཐོང་ནས་དག་པ་གསུམ་དང་བདག་གནས་ཡོ་བྱད་ཐམས་ཅད་བྱིན་གྱིས་རླབས་པ་དང་ཆོ་འཕྲུལ་གྱིས་ཏེ་ཆོ་འཕྲུལ་བཞི་ལ་སོགས་པའི་ཐབས་ཀྱི་ལྷ་དང་བདག་གཉིས་རྗེ་དང་ཁོལ་གྱི་ཚུལ་ལམ་སྤུན་ནམ་གྲོགས་ཀྱི་ཚུལ་དུ་རྟོག་ཅིང་སྒོམ་པར་བྱེད་པ་དང་། ལ་ལས་ཏེ་མ་ཧཱ་དང་ཨ་ནུའི་ལམ་དུ་ཞུགས་པ་རྣམས་ཀྱིས་ཆོས་ཐམས་ཅད་རང་གི་ངོ་བོས་དག་པ་ཆེན་པོ་ཡི་རང་བཞིན་ཡིན་པ་ལ་འོན་ཀྱང་གཟུང་འཛིན་གྱི་དྲི་མས་བསྒྲིབ་པ་ཡོད་པའི་ཕྱིར་དེ་ཉིད་བསལ་ནས་དག་པ་མངོན་དུ་འགྱུར་བའ ི་ཕྱིར་དུ་བསྙེན་སྒྲུབ་རྣམ་པ་བཞིས་སྒྲུབ་པར་འདོད་པའི་རྟོག་པ་ཡིད་ལ་བྱེད་པ་སྟེ། དེས་ན་འོག་མའི་ཐེག་པ་བརྒྱད་པོ་དེ་དག་ཐམས་ཅད་རྟོག་པའི་དྲྭ་བར་ཚུད་པ་ལ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡིས་སྣང་སྲིད་འཁོར་འདས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རྩལ་སྣང་མཉམ་ཉིད་གཅིག་གི་ངོ་བོར་གདོད་ནས་ཡེ་སངས་རྒྱས་པར་སྟོན་པའི་སྒོ་ནས་སེམས་ཉིད་རང་རིག་པའི་ཡེ་ཤེས་ལས་གཞན་མ་ཞིག་ཡིན་པར་རྟོག་པའི་དྲྭ་བ་ཐམས་ཅད་རིག་སྟོང་ཡེ་ཤེས་ཆེན་པོའི་མཚོན་གྱིས་དྲལ་བར་བྱས་ནས་ནི། འདི་ལྟར་སྣང་བའི་ཡུལ་ལ་ང་བདག་སོ་སོར་རྟོག་པའི་ཞེན་འཛིན་ཉོན་མོངས་པའི་ཕྲེང་ཐག་མ་ལུས་པ་གཅོད་པར་བྱེད་ཅེས་གསུངས་སོ། །དེ་ལྟར་ཡང་མདོ་བཅུ་ལས། སྤང་འགེག་སྦྱང་ཞིང་བགྲོད་པ་དང་། །གཟུང་འཛིན་བླང་དོར་བྱ་བ་དང་། །ལྟ་སྒོམ་རྩོལ་སྒྲུབ་བྱར་མེད་དེ། །ལམ་དང་གཉེན་པོས་བཅོས་མེད་པར། །བྱང་སེམས་ཀུན་བཟང་རང་བཞིན་དུ། །ང་ཡིས་བསྟན་པའི་དོན་འདི་ནི། །བྱང་ཆུབ་སེམས་ཀྱི་ལུང་ཆེན་ཡིན། །རྒྱུད་དང་མདོ་སྡེའི་སྤྱི་འགྲེལ་ཡིན། །མན་ངག་ཀུན་གྱི་རྩ་བ་ཡིན། །གསུང་རབ་ཀུན་གྱི་སྙིང་པོ་ཡི། །བསྟན་པ་ཀུན་གྱི་ཡང་རྩེ་ཡིན། །ཐེག་པ་ཀུན་གྱི་ཉིང་ཁུ་ཡིན། །མ་རིག་པ་ཡི་མུན་སེལ་ཡིན། །རྟོག་པའི་དྲྭ་བ་འདི་ཡིས་སེལ། །ཉོན་མོངས་འཕྲེང་ཐག་འདི་ཡིས་གཅོད། །ཅེས་གསུངས་སོ། །གསུམ་པ་དོན་བསྡུ་བ་ནི། ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ང་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་བྱ་རྩོལ་བྲལ་བའི་རང་བཞིན་ཡིན་པའི་ཕྱིར་ན། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ང་ཡི་རང་བཞིན་ཆོས་དབྱིངས་སྤྲོས་བྲལ་ཆེན་པོའི་ངོ་བོ་བརྗོད་བྲལ་འདུས་མ་བྱས་པའི་གནས་ལུགས་འདི་ཚུལ་བཞིན་དུ་རྟོགས་པར་གྱིས་ལ། ཇི་ལྟར་སྣང་བའི་ཆོས་འཁོར་འདས་ལམ་གསུམ་གྱིས་བསྡུས་པ་འདི་རྣམས་ཐམས་ཅད་ཀུན་ཀུན་བྱེད་ང་ལས་གཞན་དུ་མེད་པར་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་རང་བཞིན་བློ་འདས་མཉམ་པ་ཆེན་པོ་རུ་ལུང་སྟོན་པར་མཛོད་ཅིག་དང་། སེམས་དཔའ་རྡོ་རྗེ་ཁྱོད་ཀྱི་ང་ཡི་ངེས་པ་དོན་གྱི་ལུང་རྩོལ་སྒྲུབ་བྲལ་བའི་རང་བཞིན་འདི་འཁོར་གྱི་ཚོགས་ལ་བསྟན་པར་གྱུར་ན་ཁྱོད་ལ་དད་པས་འདུས་པའི་འཁོར་ཚོགས་ཐམས་ཅད་ཀྱིས་ཆོས་ཉིད་རྩོལ་སྒྲུབ་དང་བྲལ་བ་ཀུན་བྱེད་ང་ཡི་རང་བཞིན་ཇི་བཞིན་རྟོགས་པར་གྱུར་ནས་འདུས་པའི་འཁོར་ཚོགས་ཀུན་ཀྱང་སྟོན་པ་ང་ཡི་རང་བཞིན་དང་དབྱེར་མེད་པ་ཉིད་དུ་འགྱུར་བ་ཡིན་ལ། དེ་ལྟར་ཀུན་ཀྱང་རང་བྱུང་ཡེ་ཤེས་ཆེན་པོ་ཀུན་བྱེད་ང་ཡི་རང་བཞིན་དུ་གྱུར་པ་དེའི་ཚེ་ན་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ། འགྲོ་བ་ཀུན་ཀྱང་ཉན་རང་ལྟར་སྡུག་ཀུན་གྱི་ངོ་བོར་བལྟས་ནས་སྤོང་ཞིང་འགོག་པར་མི་བྱེད་ལ། བྱང་སེམས་ལྟར་བདེན་པ་གཉིས་སུ་ལྟ་བས་ཆོས་ཉིད་དུ་སྦྱོང་བར་མི་བྱེད་ལ། ཕྱི་རྒྱུད་ལྟར་གཙང་སྦྲས་ལྷ་རྣམས་མཉེས་པར་བྱེད་པ་དང་དག་པ་གསུམ་དང་བྱིན་གྱིས་རློབ་པ་སོགས་ཀྱི་བླང་དོར་མི་བྱེད་ཅིང་། ནང་རྒྱུད་འོག་མ་གཉིས་ལྟར་ཏིང་ངེ་འཛིན་གྱིས་སེམས་རྟོག་ཚོགས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྐྱེད་པ་སོགས་ཀྱིས་རྩོལ་བ་དང་སྒྲུབ་པར་མི་བྱེད་པར་རྩོལ་མེད་བདེ་བ་ཆེན་པོའི་ས་ལ་གནས་པར་འགྱུར་ལ། དེ་ལྟར་ཀུན་བྱེད་རྒྱལ་པོའི་རང་བཞིན་འདི་རྟོགས་པར་གྱུར་ཚེ་རྩོལ་སྒྲུབ་མི་དགོས་པའི་རྒྱུ་མཚན་ཅི་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ཀུན་བྱེད་ང་ཡི་རང་བཞིན་གདོད་ནས་ཡེ་གྲོལ་བྱར་མེད་ཆེན་པོ་རུ་བྱས་ཟིན་པས་ཀུན་བྱེད་ང་རུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་ཡེ་ཀློང་ཆེན་པོར་སྣང་བ་ཨ་འཐས་ཀྱི་གོལ་སྒྲིབ་མེད་པར་ཕྱམས་བརྡལ་དུ་དེངས་ཤིང་། དེ་ཡང་སྟོང་པ་ཕྱང་ཆད་ལྟ་བུ་མ་ཡིན་པར་ཀ་དག་དང་ལྷུན་གྲུབ་དབྱེར་མེད་པའི་གཤིས་ལུགས་བློ་འདས་སྤྲོས་པ་དང་བྲལ་བ་ཡེ་གྲོལ་མཉམ་པ་ཉིད་ཀྱི་རང་བཞིན་དུ་གྲུབ་ཟིན་པས་ཡེ་ནས་མཉམ་པ་ཉིད་ཀྱི་རང་བཞིན་དུ་བཞུགས་པ་ང་ཡིས་ད་གཟོད་སྤང་བླང་བྱ་རྩོལ་ལ་བརྟེན་ནས་མཉམ་པ་ཉིད་དུ་སྒྲུབ་པར་བྱ་མི་དགོས་ཏེ། ཀུན་མཁྱེན་བླ་མས། ཐམས་ཅད་ཡེ་ནས་དབྱིངས་སུ་གྲོལ་ཟིན་པས། །ད་གཟོད་འབད་པས་སུས་ཀྱང་གྲོལ་མི་དགོས། །དེ་ལ་འབད་རྩོལ་བྱས་ཀྱང་དོན་མེད་པས། །མ་བྱེད་མ་བྱེད་རྩོལ་ཞིང་སྒྲུབ་མ་བྱེད། །ཅེས་གསུངས་པ་ལྟར་རྩོལ་སྒྲུབ་ཀྱི་སྒོ་ནས་མཉམ་ཉིད་ཆོས་སྐུའི་དགོངས་པ་ཞིག་ད་གསར་དུ་སྒྲུབ་པར་བྱ་མི་དགོས་པར་ཀུན་ཏུ་བཟང་པོའམ་ཀུན་བྱེད་ཆོས་སྐུའི་སྟོན་པ་ང་ཡིས་སྔར་ནས་ལུང་བསྟན་ཟིན་པ་ཡིན་ནོ། །ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ངེས་པར་ལུང་ཁུངས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའི་འགྲེལ་བའོ།། ༈ །།དོན་གསུམ་པ་སེམས་ཉིད་ཀུན་བྱེད་ངེས་པར་བཤད་པའི་ལེའུ་བཅུ་གསུམ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་སེམས་ཉིད་ཀུན་བྱེད་རྒྱལ་པོ་རྒྱུད་ལུང་ཀུན་གྱི་རྩ་བ་ཡིན་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རང་ཉིད་སྐུ་གསུམ་གྱི་རྒྱལ་བའི་བཀའ་ལུང་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་ན། ཐེག་པ་གོང་འོག་གི་ཆོས་ཐམས་ཅད་ཀྱི་སྤྱི་ཡི་ལུང་ཆེན་པོ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཐེག་པ་འདི་ཉིད་ཚུལ་ཇི་ལྟར་བཤད་པའི་བཤད་ལུགས་འདི་ལྟར་དུ་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། འཆད་ཚུལ་ལྔ་ཡི་རྣམ་གྲངས་བསྟན་པ། གོ་རིམ་བརྗོད་པ། དགོས་ཆེད་བཤད་པ། ངེས་ཚིག་སྨོས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྙིང་པོ་བྱང་ཆུབ་ཀྱི་སེམས་པ་ནི་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ཀྱི་སྤྱི་ཡི་ལུང་ཆེན་པོ་ཡིན་པའི་ཕྱིར་ན་ཐེ་ཚོམ་གྱི་སྒྲོ་འདོགས་སེལ་བར་བྱེད་པའི་གཏན་ཚིགས་དོན་གྱི་བཤད་ལུགས་རྣམ་པ་ལྔ་ནི་འོག་ནས་འབྱུང་བ་འདི་ལྟར་སྤྱི་དོན་རྣམ་པ་ལྔ་ཡིས་བཤད་པ་སྟེ། གང་ཞེ་ན་ཁུངས་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་དུ་ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པ་དང་། ཆོས་ཀུན་སེམས་སུ་རྟོགས་པའི་ཕྱིར་དུ་རྩ་བ་དོན་གྱི་བཤད་ལུགས་བསྟན་པ་དང་། ཐེག་པའི་ཤན་ཐང་འབྱེད་པའི་ཕྱིར་དུ་ཡོ་ག་དོན་གྱི་བཤད་ལུགས་བསྟན་པ་དང་། རྩོལ་སྒྲུབ་བྱ་མི་དགོས་པའི་ཕྱིར་དུ་དགོས་པ་དོན་གྱི་བཤད་ལུགས་བསྟན་པ་དང་། དོན་ཉིད་ཇི་བཞིན་རྟོགས་པར་བྱ་བའི་ཕྱིར་དུ་ཚིག་གི་དོན་གྱི་བཤད་ལུགས་བསྟན་པ་དང་རྣམ་པ་ལྔའོ། །གཉིས་པ་ནི། དེ་ལ་མན་ངག་ཟབ་མོ་འདི་ཉིད་འཆད་པའི་ཚེ་ན་ཆོས་ཟབ་མོ་ཇི་ལྟར་བྱུང་བའི་ལོ་རྒྱུས་བསྙད་པར་མ་བྱས་ན་གདུལ་བྱ་རྣམས་ཡིད་མི་ཆེས་པའི་སྐྱོན་དུ་འགྱུར་བར་གསུངས་ཏེ། བང་མཛོད་འཕྲུལ་ལྡེ་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་གསུངས་པ་དེ་ལྟར་བུའི་ཕྱིར་ན་དང་པོ་གདུལ་བྱ་རྣམས་ལ་ཡིད་ཆེས་པ་ཡི་ཁུངས་བསྟན་པའི་ཕྱིར་དུ་བསྟན་པའི་སྙིང་པོ་འདི་ཉིད་ཇི་ལྟར་བྱུང་བའི་ལོ་རྒྱུས་ཀྱི་དོན་གྱི་བཤད་ལུགས་བསྟན་པར་བྱ་ལ། དེའི་རྗེས་སུ་སྣང་སྲིད་ཀྱི་ཆོས་ཀུན་རྩ་བ་ཆོས་ཉིད་བྱང་ཆུབ་སེམས་སུ་འདུས་པར་རྟོགས་པའི་དགོས་པ་ཡོད་པའི་ཕྱིར་ན་དེས་ན་རྩ་བའི་དོན་དེ་བསྟན་པར་བྱ་བ་དང་། དེ་ནས་རྩ་བ་དེ་ལས་འཕྲོས་པའི་ཐེག་པའི་ཁྱད་པར་སོ་སོར་འབྱེད་པའི་ཕྱིར་དུ་ཡོ་ག་དོན་གྱི་རྩ་བ་བསྟན་པར་བྱ་ལ། འོན་ཀྱང་གདུལ་བྱའི་བློ་རིམ་ལ་ལྟོས་ནས་ཐེག་པའི་རྣམ་གྲངས་དེ་ལྟར་བསྟན་ཀྱང་དངོས་དོན་ལ་རྩོལ་སྒྲུབ་གང་ཡང་བྱ་མི་དགོས་པར་རྩོལ་མེད་ཡེ་སངས་རྒྱས་པར་བསྟན་པའི་ཕྱིར་དུ་དགོས་ཆེད་དོན་གྱི་བཤད་ལུགས་བསྟན་པའི་དགོས་པ་དེ་རུ་བསྟན་པ་ཡིན་ལ། དེ་ནས་དེ་ལྟ་བུའི་རྩོལ་སྒྲུབ་ཀུན་ལས་འདས་པ་མི་རྟོག་མཉམ་པ་ཉིད་ཀྱི་དོན་དེ་མཚོན་བྱེད་ཚིག་ལ་བརྟེན་ནས་རྟོགས་པར་བྱ་བའི་ཕྱིར་དུ་དེའི་རྗེས་སུ་ཚིག་གི་དོན་དེ་ཇི་ལྟ་བ་བཞིན་ཏུ་སྒྲ་རུ་བརྗོད་པར་བྱ་བ་ཡིན་ནོ། །དེ་ལྟར་ཡང་ལུང་སྔ་མའི་འཕྲོས་ལས། རྩ་བའི་དོན་གྱིས་མ་བཤད་ན། །ཆོས་རྣམས་སེམས་སུ་མི་འདུས་པས། །མཐའ་ཡས་པ་ཡི་སྐྱོན་དུ་འགྱུར། །ཡོ་གའི་དོན་གྱིས་མ་བཤད་ན། །ཐེག་པའི་ཤན་ཐང་མི་ཕྱེད་པས། །ཁྱད་མི་ཕྱེད་པའི་སྐྱོན་དུ་འགྱུར། །དགོས་ཆེད་དོན་གྱིས་མ་བཤད་ན། །རྩོལ་སྒྲུབ་བྱ་བཙལ་མ་བྱས་པར། །སངས་རྒྱས་ས་ལ་དོན་མེད་འགྱུར། །ཚིག་གི་དོན་གྱིས་མ་བཤད་ན། །ཚིག་དང་དོན་དུ་མི་བསྡེབ་པས། །འབྲུ་མི་ཆོམ་པའི་སྐྱོན་དུ་འགྱུར། །དེ་བཟློག་བཤད་པའི་ཡོན་ཏན་ཡིན། །ཅེས་གསུངས་སོ། །གསུམ་པ་ལ་ལྔ་སྟེ། ལོ་རྒྱུས་དོན་གྱི་དགོས་ཆེད་བཤད་པ། རྩ་བའི་དོན་གྱི་དགོས་ཆེད་བཤད་པ། ཡོ་ག་དོན་གྱི་དགོས་ཆེད་བཤད་པ། དགོས་ཆེད་དོན་གྱི་དགོས་ཆེད་བཤད་པ། ཚིག་གི་དོན་གྱི་དགོས་ཆེད་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ལོ་རྒྱུས་དོན་གྱི་བཤད་ལུགས་ཀྱི་དགོས་པ་བསྟན་པ་ནི། དང་པོར་འདུས་པའི་འཁོར་རྣམས་ཡིད་ཆེས་པ་ཡི་སྒོ་ནས་འཇུག་པའི་དགོས་པ་ཡོད་པས་བསྟན་པ་འདི་ཉིད་གང་ལས་བྱུང་བའི་ཁུངས་བསྟན་པའི་ཕྱིར་དུ་ལོ་རྒྱུས་དོན་གྱི་བཤད་ལུགས་བསྟན་པ་ནི་ཇི་ལྟར་ཞེ་ན་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡའ་བརྒྱུད། གང་ཟག་སྙན་བརྒྱུད་གསུམ་གྱི་སྒོ་ནས་བཤད་པ་སྟེ། དེ་ཡང་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཀློང་ཡང་དག་དོན་གྱི་འོག་མིན་ཆེན་པོ་རུ། སྟོན་པ་ཡེ་སངས་རྒྱས་པའི་བདག་ཉིད་བཅོམ་ལྡན་འདས་ཀུན་བྱེད་རྒྱལ་པོ་དེ་ཉིད་དགོངས་པ་དོན་གྱི་ཆོས་ཉིད་ལས་བཞེངས་ཏེ། འོག་མིན་ཁང་བུ་བརྩེགས་པའི་གཞལ་མེད་ཁང་ཆེན་པོར། ཉིད་ལས་མི་གཞན་པའི་འཁོར་རིགས་ལྔའི་སངས་རྒྱས་དང་རྒྱལ་སྲས་སེམས་དཔའ་ལ་སོགས་པ་སྤྱི་དང་། ཁྱད་པར་དུ་ཉིད་ཀྱི་ཐུགས་རང་བྱུང་གི་ཡེ་ཤེས་ལས་རང་ཤར་བའི་བཀའ་ཡི་སྡུད་པ་པོ་སེམས་དཔའ་རྡོ་རྗེ་ལ་བརྗོད་མེད་དོན་གྱི་གསུང་གིས་དགོངས་པ་དབྱེར་མེད་ཀྱི་ངང་ནས་བཤད་པ་ནི་སྟོན་པ་ཆོས་ཀྱི་སྐུས་རང་བཞིན་བྱིན་གྱིས་བརླབས་ཀྱིས་བཤད་ལུགས་ཏེ། རྒྱན་ལས། བྱིན་རླབས་ཆོས་སྐུ་དོན་གྱིས་གསུང་། །བརྗོད་མེད་དོན་གྱིས་བྱིན་གྱིས་བརླབས། །དོན་གྱི་མི་གཉིས་བརྒྱུད་པ་ཅན། །ཐ་སྙད་བྲལ་བའི་དོན་མཚོན་པ། །མན་ངག་ཚད་མས་རང་མཚན་སྟོན། །ཅེས་གསུངས་པ་དང་དེ་ནས་སྟོན་པ་སེམས་དཔའ་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་སོགས་པ་ལ་ཐུགས་ཀྱི་དགོངས་པ་དང་སྐུ་ཡི་བརྡའ་ཐབས་ལ་བརྟེན་པའི་དགོངས་པ་བརྡ་ཡི་གསུང་རང་གི་ངོ་བོས་མཚོན་ཏེ་བརྡ་བྲལ་རང་གྲོལ་གྱི་མན་ངག་རང་མཚན་ཡུལ་མེད་དུ་རྟོགས་པར་མཛད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུས་རང་གི་ངོ་བོ་བསྟན་པའི་བཤད་ལུགས་ཏེ། དེ་ཉིད་ལས། ལོངས་སྐུས་དགོངས་པ་བརྡ་སྒོ་ནས། །རང་གི་ངོ་བོས་རང་ཤར་མཚོན། །ངོ་བོས་མི་གཉིས་མ་ནོར་ངེས། །བརྡ་བྲལ་རང་གྲོལ་རང་རིག་ཉམས། །རང་མཚན་ཡུལ་མེད་རང་ཤར་པའོ། །ཞེས་པ་དང་། སྤྲུལ་པའི་སྐུ་རིག་འཛིན་དགའ་རབ་རྡོ་རྗེས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལ་སྒྲ་ཚིག་སྡེབ་སྦྱོར་ལེགས་པས་བཤད་པ་ནི་སྤྲུལ་པའི་སྐུས་དོན་གྱི་སྒྲ་ཚིག་སྡེབ་པའི་སྒོ་ནས་བཤད་ལུགས་སོ། །དེ་ལས། སྤྲུལ་པའི་དབང་པོས་ཚངས་པའི་དབྱངས། །ཚིག་ཏུ་སྡེབ་ལེགས་དོན་ཀུན་མཚོན། །བརྒྱུད་པས་བརྡ་སྤྲོད་ཡི་གེར་བཀོད། །སྤྱི་ཙམ་ཡིད་ཆེས་རྫོགས་ལུང་ཡིན། །ལོ་རྒྱུས་དོན་གྱི་བཤད་པའོ། །ཞེས་གསུངས་སོ། །དེ་ལྟར་ལོ་རྒྱུས་དོན་གྱིས་བཤད་པའི་དགོས་པ་ཡང་། ཀུན་གསལ་ལས། ལོ་རྒྱུས་དོན་ལ་རྣམ་གསུམ་སྟེ། གང་ཟག་དག་གིས་འཕྲལ་ལ་བྱས་པ་མ་ཡིན་པར། །དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་བརྒྱུད་ལས་བཤད། །སངས་རྒྱས་ཞལ་ནས་གསུངས་པས་ཡིད་ཆེས་འགྱུར། །ངེས་པ་དོན་གྱི་འཁོར་ཡིན་པས། །རིག་འཛིན་བརྡ་ཡི་བརྒྱུད་པས་བཤད། །ལྡེམ་པོའི་དོན་ལ་དགོངས་པ་མ་ཡིན་པར། །ངེས་པའི་དོན་དུ་གསུངས་པས་ཡིད་ཆེས་འགྱུར། །དེ་བཞིན་བཤད་པའི་དུས་སུ་གང་ཟག་རྣ་བར་བརྒྱུད་ནས་བཤད། །བརྒྱུད་པ་འབྲེལ་མ་ཆད་པས་ངེས་པར་ཡིད་ཆེས་འགྱུར། །ཞེས་གསུངས་ལྟར། སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་རྣམ་པ་གསུམ་གྱི་རྩལ་ལས་རང་ཤར་བའམ། ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་རིམ་པ་ལྟར་རང་བཞིན་བྱིན་གྱིས་རླབས་དང་ནི་རང་གི་ངོ་བོ་དང་སྒྲ་ཚིག་ལེགས་པ་དག་གིས་ཇི་ལྟར་གསུངས་པའི་ཚུལ་གྱིས་བསྟན་པ་གང་ལས་བྱུང་བའི་ཁུངས་བཤད་པ་དེས་ནི་གདུལ་བྱ་རྣམས་ཡིད་ཀྱང་ཆེས་པར་འགྱུར་བས་མན་ངག་གི་སྣོད་དུ་རུང་བའི་དགོས་པ་ཡོད་པར་གསུངས་པའོ། །གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག་ཆོས་ཐམས་ཅད་ཀྱི་རྩ་བ་དོན་གྱི་བཤད་ལུགས་ཀྱི་དགོས་པ་བསྟན་པ་ནི། འདི་ལྟར་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པ་ཡི་ཆོས་ཐམས་ཅད་དང་དག་པ་སངས་རྒྱས་དང་མ་དག་སེམས་ཅན་གྱིས་བསྡུས་པ་འདི་ཐམས་ཅད་ཀུན་ཀྱང་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡིས་བྱས་པ་ཡིན་པའི་ཕྱིར་ན་ཆོས་དེ་རྣམས་ཐམས་ཅད་སྙིང་པོ་རང་བྱུང་གི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་ཆོས་སྐུ་ཐིག་ལེ་ཉག་གཅིག་འདི་ལས་མ་གཏོགས་པ་དེ་ལས་གཞན་དུ་གྱུར་པའི་ཆོས་མ་དག་པ་ཞེས་བྱ་བ་ཞིག་ཡེ་ནས་གྲུབ་པ་མེད་པའི་ཚུལ། བང་མཛོད་འཕྲུལ་ལྡེ་ལས། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །ཡོད་ནི་གཅིག་ལས་མེད་པ་ལ། །བྱུང་ནི་སྣང་སྲིད་ཀུན་ཏུ་བྱུང་། །ཁྱབ་ནི་སྣོད་བཅུད་ཀུན་ལ་ཁྱབ། །བསྟན་ནི་ཐེག་པ་དགུ་རུ་བསྟན། །འདུས་ནི་བྱང་ཆུབ་སེམས་སུ་འདུས། །ཡིན་ནི་ཆོས་ཀྱི་སྐུ་ཡིན་ཏེ། །བསྟན་དུ་མེད་པས་དངོས་པོ་མེད། །གཟུང་དུ་མེད་པས་ཡུལ་ལས་འདས། །མཚོན་དུ་མཚུངས་པ་གང་ཡང་མེད། །ཅེས་གསུངས་པ་དེ་ལྟ་བུའི་ཕྱིར་ན་འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་ཀྱང་རྩ་བ་བྱང་ཆུབ་སེམས་སུ་ཡེ་ནས་སངས་རྒྱས་པར་བསྟན་པའི་ཕྱིར་དུ་རྩ་བ་དོན་གྱི་བཤད་ལུགས་གསུངས་པ་དེ་ནི་དགོས་ཆེད་དེ་ལྟ་བུ་དང་ལྡན་པར་བསྟན་པ་ཡིན་ནོ། །གསུམ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག་ཡོ་ག་དོན་གྱི་བཤད་ལུགས་འདིའི་དགོས་ཆེད་བསྟན་པ་ནི་ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་བསྟན་པའི་ཆོས་གང་ཞིག་ལོངས་སྤྱོད་རྫོགས་པའི་སྐུ་དང་ཆོས་ཀྱི་སྐུའི་བསྟན་པ་ཡི་ཏན་ཏྲ་ཕྱི་ནང་ལ་སོགས་པའི་ཡོ་ག་ཡི་སྡེ་རྣམས་ལ། ནང་གསེས་སུ་ཐེག་པ་འོག་མ་རྣམས་ལ་ཡང་སོ་སོའི་མཐོ་དམན་གྱི་ཁྱད་པར་མི་འདྲ་བའི་བྱེ་བྲག་དུ་མ་ཡོད་མོད་ཀྱིས། འོན་ཀྱང་དེ་དག་ཐམས་ཅད་ཚུར་བསྡུ་ན་བླང་དོར་ཅན་ཐམས་ཅད་རྣལ་འབྱོར་ཡོ་ག་དང་རྩོལ་སྒྲུབ་ཅན་རྣམས་མ་ཧཱ་ཡོ་གར་འདུ་བ་དང་རྒྱུ་འབྲས་སུ་འདོད་པ་ཐམས་ཅད་ཨ་ནུ་ཡོ་གར་འདུ་བ་དང་། བླང་དོར་རྩོལ་སྒྲུབ་རྒྱུ་འབྲས་ཐམས་ཅད་ལས་གྲོལ་བ་ཐམས་ཅད་ཨ་ཏི་ཡོ་གར་འདུ་བས་ཡོ་ག་རྣམ་པ་བཞིར་བསྡུས་པ་སྟེ། རྒྱན་ལས། ཡོ་ག་རྣམ་པ་བཞིར་བཤད་པ། །ཐེག་པ་ཀུན་གྱི་བསྡུ་ས་ཡིན། །ཡོ་ག་བླང་དོར་སྤྱོད་པ་ཅན། །མ་ཧཱ་ཡོ་ག་རྩོལ་ཞིང་བསྒྲུབ། །ཨ་ནུ་ཡོ་ག་རྒྱུ་འབྲས་འདོད། །ཨ་ཏི་ཡོ་ག་དེ་ལས་གྲོལ། །ཞེས་གསུངས་པ་ལྟར་ལ། དེས་ན་ཡོ་ག་སྔ་མ་གསུམ་པོ་དེ་སྤང་བླང་རྩོལ་སྒྲུབ་དང་བཅས་པ་ཡིན་ལ། རྒྱུ་འབྲས་བྱ་རྩོལ་ཀུན་ལས་འདས་པ་ཀུན་བྱེད་རྒྱལ་པོ་ང་ཡི་བསྟན་པ་ནི་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་དོན་ཏེ་འདི་ནི་ཐེག་པ་ཀུན་གྱི་ཤན་འབྱེད་པར་བྱེད་པ་དང་། རྒྱུ་འབྲས་རྩོལ་སྒྲུབ་གང་ལའང་ལྟོས་མི་དགོས་པ་བྱ་བྲལ་རྫོགས་པའི་ལུང་ཆེན་པོ་ཡིན་ནོ་ཞེས་བཤད་དགོས་པ་དེས་ན་དོན་འདི་ནི་ཡོ་གའི་དོན་གྱིས་བཤད་པའི་དགོས་པ་བསྟན་པ་ཡིན་ནོ་ཞེས་བྱའོ། །བཞི་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དགོས་ཆེད་དོན་གྱི་བཤད་ལུགས་ཀྱི་དགོས་པ་བསྟན་པ་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་གནས་ལུགས་བྱར་མེད་རྫོགས་པ་ཆེན་པོའི་དགོངས་པ་ཕྱིན་ཅི་མ་ལོག་པ་ང་ལ། ཡིད་དངས་ཤིང་དད་པ་ཡི་དབང་གིས་ད་ལྟ་བྱར་མེད་ཡེ་གྲོལ་ཆེན་པོ་གསང་ཆེན་ཨ་ཏིའི་དགོངས་དོན་མ་ནོར་བར་རྟོགས་ནུས་པའི་ལས་དང་སྐལ་བ་བཟང་པོ་དང་ལྡན་པའི་ཤིན་ཏུ་རྣལ་འབྱོར་དབང་པོ་ཡང་རབ་ཏུ་གྱུར་པ་རྣམས་ལ་རྒྱུད་འདི་ཉིད་བསྟན་པར་བྱས་ན། ཡེ་གྲོལ་ཀ་དག་ཆེན་པོའི་ནམ་མཁའ་ཡི་ཀློང་དུ་གློ་བུར་རྟོག་པས་བསྐྲུན་པའི་གཟུང་འཛིན་གྱི་སྤྲིན་ཚོགས་ཐམས་ཅད་རང་དེངས་ལ་སོང་སྟེ། བལྟ་བྱ་ལྟ་བྱེད་ཀྱི་བློ་དང་བྲལ་བས་ལྟ་བ་སྒོམ་དུ་མེད་པ་དང་། བསྲུང་མཚམ་འདའ་ཉམས་དང་བྲལ་བས་དམ་ཚིག་བསྲུང་དུ་མེད་པ་དང་། ཡེ་ནས་ལྷུན་གྱིས་གྲུབ་པས་ཕྲིན་ལས་བཙལ་དུ་མེད་པ་དང་། མ་བགྲོད་ཡེ་ནས་ཕྱིན་པས་ལམ་ལ་བགྲོད་དུ་མེད་པ་དང་། གདོད་ནས་ཡེ་སངས་རྒྱས་པས་ས་ལ་སྦྱངས་དུ་མེད་པ་དང་། དེ་བཞིན་དུ་རྒྱུ་དགེ་སྡིག་དང་འབྲས་བུ་བདེ་སྡུག་མེད་པ་དང་། གནས་ལུགས་དོན་དམ་དང་ནི་སྣང་ཚུལ་ཀུན་རྫོབ་ཀྱི་བདེན་པ་རྣམ་པ་གཉིས་ཀྱང་མེད་པ་དང་། ཕྱི་སྣང་བ་ཐམས་ཅད་ཟང་མ་ཐལ་བྱུང་ནང་རྟོག་པ་ཐམས་ཅད་ཤར་གྲོལ་རིས་མེད་དུ་དག་པས་བསྐྱེད་རྫོགས་ལ་སོགས་པ་གང་ཡང་བསྒོམ་ཞིང་བསྒྲུབ་ཏུ་མེད་པར་མཐོང་བ་དང་། དེ་བཞིན་དུ་ཐེག་པ་སོ་སོའི་ལམ་དུ་སེམས་བསྐྱེད་པ་མེད་ཅིང་སྤང་བྱ་དང་གཉེན་པོ་ལ་སོགས་པ་མདོར་ན་བྱ་བྱེད་རྩོལ་སྒྲུབ་གང་ཡང་མེད་པར་མཐོང་བ་ཡི་སྒོ་ནས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་མ་བཅོས་གཉུག་མའི་ཡེ་ཤེས་མངོན་དུ་མཐོང་བ་ཡི་དོན་ཆེན་པོ་དེ་ལྟ་བུ་ཡི་དགོས་ཆེད་ཡོད་པར་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །ལྔ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །བརྗོད་བྱེད་ཚིག་གི་དོན་གྱི་བཤད་པའི་དགོས་པ་བསྟན་པ་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ནི་ཡེ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་ལ། ཇི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས་བསྟན་པ་ཐམས་ཅད་ནི་ཀུན་བྱེད་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་ཏེ། འོན་ཀྱང་གདུལ་བྱ་རྣམས་ལ་དོན་དེ་ཚིག་དང་ཡི་གེ་ལ་བརྟེན་ནས་སྒྲ་རུ་མ་བསྒྲགས་དུ་ཟིན་ན་གང་ཟག་རྣམས་ཀྱི་ཡིད་ཀྱི་དབང་པོ་ལ་བརྟེན་པའི་རིག་པ་ཡིས་རང་སྟོབས་ཀྱིས་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་གབ་ནས་ཡེ་གསང་ཐབས་ཀྱིས་ཆོད་པ་དེ་རྟོགས་པར་མི་ནུས་ཤིང་མི་སྣང་བ་དེས་ན་དེ་ཉིད་རྟོགས་པའི་ཆེད་དུ་ཚིག་དང་ཡི་གེ་ལ་བརྟེན་ནས་སྒྲ་རུ་བསྒྲགས་པ་ཡིན་པའི་རྒྱུ་མཚན་དེས་ན་འདི་ནི་ཚིག་གི་དོན་གྱི་དགོས་པ་བཤད་པ་ཡིན་ཏེ། བང་མཛོད་འཕྲུལ་ལྡེ་ལས། ཆོས་ཉིད་དོན་གྱི་ངོ་བོ་དེ། །ཚིག་དང་ཡི་གེ་ལས་འདས་ཤིང་། །བརྗོད་པས་ཐོག་ཏུ་མི་ཕེབ་སྟེ། །རང་གི་ངོ་བོ་བརྗོད་མེད་ཀྱང་། །མཐུན་པའི་ཚིག་གིས་མ་མཚོན་ན། །དོན་གྱི་ངོ་བོ་རྟོགས་མི་འགྱུར། །ཆོས་རྣམས་ཐམས་ཅད་བརྡར་བསྟན་གྱིས། །ཡིད་ཀྱི་དབང་པོ་རྣ་བར་ཆུག །རྣ་བའི་དབང་པོ་སྒྲ་ལ་ཉོན། །དཔེར་ན་མེ་ཉིད་འདོད་པས་ཀྱང་། །མེ་འདོད་ཚིག་ཏུ་མ་བརྗོད་ན། །མེ་དང་འཕྲད་པ་ཤིན་ཏུ་དཀའ། །མེ་འདོད་ཚིག་ཏུ་བརྗོད་པས་ཀྱང་། །མེ་དང་འཕྲད་པར་ཐེ་ཚོམ་མེད། །དེ་བཞིན་ཆོས་ཉིད་རྟོགས་འདོད་པས། །རང་བཞིན་མེད་པའི་ཆོས་ཉིད་ལ། །རང་བཞིན་མེད་པས་མཚོན་དེ་བསྟན། །བརྗོད་དུ་མེད་པའི་ཆོས་ཉིད་དེ། །བརྗོད་མེད་ཚིག་གིས་མཚོན་ཏེ་བསྟན། །ཅེས་གསུངས་པ་བཞིན་ནོ། །བཞི་པ་ལ་ལྔ་སྟེ། ལོ་རྒྱུས། རྩ་བ། ཡོ་ག །དགོས་ཆེད། ཚིག་གི་དོན་གྱི་ངེས་ཚིག་སྨོས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། ལོ་རྒྱུས་དོན་གྱི་བཤད་པ་ཞེས་པ་དེ་གང་དང་གང་གི་ལོ་རྒྱུས་བཤད་པ་ཡིན་ཅེ་ན། འདིར་ནི་སྐུ་གསུམ་གྱི་སྟོན་པ་དང་ནི་བསྟན་པ་དང་འཁོར་གསུམ་གྱི་ལོ་རྒྱུས་བཤད་པའི་ཕྱིར་ན་དེ་སྐད་ཅེས་གསུངས་ཏེ། དེ་ལ་སྟོན་པ་ནི་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་རང་བཞིན་རྣམ་པ་གསུམ་གྱི་རྩལ་ལས་འཁོར་གྱི་རང་བཞིན་སྐུ་གསུམ་གྱི་སྟོན་པ་རྣམས་བྱུང་བ་དང་། སྐུ་གསུམ་གྱི་སྟོན་པའི་བཤད་ལུགས་ནི་ཆོས་སྐུས་བྱིན་གྱིས་བརླབས་ཀྱིས་བཤད་པ་ལ་སོགས་པ་གོང་དུ་བསྟན་པ་རྣམ་པ་གསུམ་པོ་དེ་ཉིད་དུ་འདུས་པ་ཡིན་པས། དེ་ནི་གང་གིས་སྟོན་པར་མཛད་པ་པོ་སྐུ་གསུམ་གྱི་སྟོན་པ་རྣམས་དང་གང་ལ་བསྟན་བྱའི་ཡུལ་དེ་དག་གི་འཁོར་རྣམས་དང་། གང་ཞ ིག་བསྟན་པར་བྱ་བ་ཐེག་པ་གསུམ་གྱི་ལོ་རྒྱུས་རྣམས་བཤད་པ་ཡིན་པས་དེས་ན་ལོ་རྒྱུས་དོན་གྱི་བཤད་ལུགས་ཞེས་བྱའོ། །གཉིས་པ་ནི། རྩ་བའི་དོན་གྱི་བཤད་པ་ཞེས་པ་དེ་ཆོས་གང་དང་གང་གི་རྩ་བ་བཤད་པ་ཡིན་སྙམ་ན། དེ་ནི་སྟོན་པ་ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་ཇི་སྐད་བསྟན་པའི་ཆོས་རྣམས་ཐམས་ཅད་ཀུན་གྱི་བརྗོད་བྱའི་རྩ་བའམ་སྙིང་པོ་མཐར་ཐུག་པ་བྱང་ཆུབ་སེམས་སུ་བསྟན་པའི་ཕྱིར་ན། བྱང་ཆུབ་ཀྱི་སེམས་དེ་ཉིད་སྐུ་གསུམ་གྱི་སྟོན་པ་དང་ནི་བསྟན་པ་དང་འཁོར་རྣམས་ཐམས་ཅད་ཀྱི་སྣང་གཞིའམ་རྩ་བར་བསྟན་པ་ནི་རྩ་བ་དོན་གྱི་བཤད་པའི་གཏན་ཚིགས་སམ་ངེས་ཚིག་བསྟན་པ་ཡིན་ནོ། །གསུམ་པ་ནི། ཀུན་བྱེད་ང་ཡི་རང་བཞིན་ཆོས་ཉིད་དེ་བཞིན་ཉིད་དབྱེ་བསལ་མེད་པ་གཅིག་པུའི་བདག་ཉིད་ཡིན་པ་ལ་རྣལ་འབྱོར་རྣམ་པ་བཞི་པོའི་སོ་སོས་རྟོགས་ཚུལ་མི་འདྲ་བའི་དབང་གིས་ཡོ་གའི་མཐོ་དམན་གྱི་བྱེ་བྲག་གམ་ཁྱད་པར་ནི། རྟོགས་བྱ་ལྟ་བ་ཡི་ཁྱད་པར་སྤྱད་བྱ་སྤྱོད་པ་ཡི་ཁྱད་པར་བསྲུང་བྱ་དམ་ཚིག་གི་ཁྱད་པར་དང་ལམ་ཇི་ལྟར་སྒྲུབ་པ་ཡི་ཁྱད་པར་དང་། འབྲས་བུ་ཐོབ་པའི་དུས་ཀྱི་ཁྱད་པར་ལ་སོགས་པ་མི་མཐུན་པའི་ཁྱད་པར་གོང་འོག་སོ་སོའི་བྱེ་བྲག་དེ་ཐམས་ཅད་ཤིན་ཏུ་རྣལ་འབྱོར་རྩོལ་སྒྲུབ་ཀུན་ལས་འདས་པའི་ཐེག་པས་སོ་སོར་འབྱེད་ཅིང་སྟོན་པར་བྱེད་པ་དེས་ན་ཡོ་གའི་དོན་གྱི་བཤད་པའི་གཏན་ཚིགས་བསྟན་པ་ཡིན་ནོ། །བཞི་པ་ནི། དགོས་ཆེད་དོན་གྱི་ངེས་ཚིག་བསྟན་པ་ནི་གང་ཞེ་ན། དགོས་པ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀུན་གྱིས་རང་གི་སེམས་ཀྱི་གཤིས་ལུགས་ཆོས་ཉིད་དེ་བཞིན་ཉིད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ཇི་བཞིན་དུ་མཐོང་བར་གྱུར་ན། ཆེད་ནི་མངོན་པར་རྫོགས་པ་སངས་རྒྱས་པ་ཞེས་པའི་དོན་དེ་ཚིག་གི་སའམ་ལམ་ཙམ་ལ་མི་གནས་ཏེ་ད་ལྟ་ཉིད་ནས་རང་སེམས་ཆོས་སྐུའི་རང་ཞལ་མངོན་དུ་མཐོང་ནས་ཤིན་ཏུ་རྣལ་འབྱོར་གྱི་དགོངས་པ་མ་བགྲོད་ཡེ་ནས་ཕྱིན་པའི་དོན་ཐོབ་པ་ཡི་ཆེད་ཡིན་ལ། འོན་ཀྱང་རྫོགས་པ་ཆེན་པོའི་དོན་ལ་ཚེ་སྔོན་སྦྱངས་པའི་ལས་འབྲེལ་མེད་པས་ཤིན་ཏུ་སྐལ་པ་ཆུང་བ་ཐེག་པ་དམན་པའི་རིགས་ཅན་རྣམས་ལ་ནི། རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་བསལ་བཞག་དང་བྲལ་བའི་ཚུལ་མ་གབ་པར་མངོན་དུ་ཕྱུང་ནས་བསྟན་ན་ཡང་རེ་ཞིག་མི་རྟོགས་ཏེ། དཔེར་ན་གང་ཟག་གང་ཞིག་ནོར་བུ་རིན་པོ་ཆེ་རིན་ཆེན་དབང་གི་རྒྱལ་པོ་འདོད་པ་དེ་ཡིས་ཤིང་གི་བཟོས་པའི་ནོར་བུ་ལ་བྱི་དོར་བྱས་པས་ནོར་བུའི་རང་བཞིན་དུ་མི་འགྱུར་བ་བཞིིིན་དུ་དམན་པའི་རིགས་ཅན་སྐལ་པ་ཆུང་བ་དོན་གཉིས་ལྷུན་གྲུབ་ཀྱི་འདོད་དགུར་འབྱུང་བའི་ཡོན་ཏན་དང་མི་ལྡན་པས་ཤིང་གི་ནོར་བུ་དང་འདྲ་བ་དེ་ཐེག་མཆོག་རྫོགས་པ་ཆེན་པོ་ངེས་གསང་རྡོ་རྗེ་སྙིང་པོའི་རྒྱལ་མཚན་གྱི་རྩེ་མོར་གནས་ཞིང་དོན་གཉིས་ལྷུན་གྲུབ་གྱི་ཆར་ཆེན་པོ་རྩོལ་མེད་ཤུགས་འབྱུང་དུ་འབེབ་པར་བྱེད་པའི་ཡང་རབ་ཨ་ཏིའི་རྣལ་འབྱོར་དུ་འབྱུང་དུ་མེད་པ་ཡིན་ནོ། །དེ་ལྟ་ན་ཡང་ཚེ་སྔོན་རང་བཞིན་རྫོགས་པ་ཆེན་པོའི་ཆོས་དང་བླ་མ་ལ་དད་ཅིང་མོས་པ་བྱས་པ་ལ་སོགས་པའི་ལས་འཕྲོ་བཟང་པོ་དང་ལྡན་པས་ད་ལྟ་ཀུན་བྱེད་ཆོས་སྐུའི་དགོངས་པ་མ་ནོར་ཇི་བཞིན་དུ་རྟོགས་པའི་སྐལ་པ་དང་ལྡན་པའི་ཤིན་ཏུ་རྣལ་འབྱོར་གྱི་གང་ཟག་རྣམས་ལ་བྱར་མེད་ཡེ་གྲོལ་ཆེན་པོའི་དོན་འདི་བསྟན་པར་བྱས་ན། ཐེག་པ་འོག་མ་ལྟར་དུ་ལྟ་བ་རྟོགས་པ་དང་དམ་ཚིག་བསྲུང་བ་དང་ཕྲིན་ལས་བསྒྲུབ་པ་དང་ས་ལམ་བགྲོད་པ་དང་སེམས་བསྐྱེད་པ་དང་རྒྱུ་འབྲས་བླང་དོར་དང་སྒོམ་སྒྲུབ་ཀྱི་རྩོལ་བ་དང་། སྤང་བྱ་དང་དེའི་གཉེན་པོ་བརྟེན་པ་ལ་སོགས་པ་གང་ཡང་མེད་པ་དང་། དོན་དམ་དང་ཀུན་རྫོབ་རྣམ་པ་གཉིས་ཀྱིས་བསྡུས་པའི་དགག་སྒྲུབ་བླང་དོར་གྱི་ཡུལ་གང་ཡང་མེད་པར་མཐོང་ནས་རྩོལ་མེད་ཡེ་སངས་རྒྱས་པའི་དགོངས་པ་མངོན་དུ་འགྱུར་བ་དེས་ན་གང་ཟག་དབང་པོ་ཡང་རབ་རྣམས་ཀྱིས་སེམས་ཀྱིི་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་མཐོང་བར་འགྱུར་བ་དེ་བས་ན་དེ་ལྟ་བུ་ལ་དགོས་པའི་དགོས་ཆེད་ཡོད་པའི་ཕྱིར་ན་དེ་ལྟར་དུ་བརྗོད་པ་ཡིན་ནོ། །ཞེས་གསུངས་སོ། །འདིས་གང་ཟག་དབང་པོ་ཡང་རབ་ཞེས་པ་ཡང་རི་རབ་ཀྱི་རྡུལ་ཕྲན་བརྩི་ནུས་པ་དང་སྐལ་པ་སྐད་ཅིག་མར་བརྩི་བ་དང་ཤྭ་ལོ་ཀ་མང་པོ་བློ་ལ་འཛིན་ནུས་པའི་བློ་རིག་གསལ་བ་ཙམ་མིན་པར། ཕྱོགས་ཞེན་གྱི་མཐའ་ལ་མ་ལྷུང་བར་ཤེས་བྱའི་སྤྱི་རྒྱ་རླབས་ཀྱིས་གཅོད་ཅིང་གནས་ལུགས་ཡང་དག་པའི་དོན་རྟོགས་ནུས་པའི་དོན་དུ་ཨ་ཏི་ཡོ་ག་འདི་ཉིད་བསྟན་པར་གསུངས་ཏེ། རྒྱན་ལས། དགོས་ཆེད་དབང་པོ་ཡང་རབ་སྟེ། །རི་རབ་རྡུལ་དུ་བརྩི་བ་དང་། །བསྐལ་ཆེན་སྐད་ཅིག་མར་བརྩི་ཞིང་། །བློ་ལ་ཤྭ་ལོ་ཀ་འདོན་ཞིང་། །ཐ་སྙད་བྱེ་བྲག་ཤེས་པ་དག །ཡང་རབ་མ་ཡིན་དོན་ལ་རྩིང་། །དོན་གྱི་གནས་ལུགས་མཐར་ཕྱིན་གོ། །ཕྱོགས་སུ་བློ་གྲོས་མ་ལྷུང་པར། །སྤྱི་སར་བཞག་ནས་ཐུན་མོང་བློས། །ཤེས་བྱ་གཅོད་ཅིང་རྟོགས་ནུས་པའི། །དོན་དུ་དཔའ་བོས་གསུངས་པ་ཡིན། །ཅེས་གསུངས་པ་བཞིན་ནོ། །ལྔ་པ་ནི། ཚིག་གི་དོན་གྱིས་བཤད་པའི་དགོས་པའི་ངེས་ཚིག་གམ་གཏན་ཚིགས་བསྟན་པ་ནི། ལྟ་བ་སྒོམ་དུ་མེད་པ་ལ་སོགས་པའི་དོན་ནམ་རང་བཞིན་བཅུ་པོ་མེད་པར་རྩོལ་བྲལ་ལྷུན་གྲུབ་ཏུ་སྟོན་པར་བྱེད་པའི་སྒྲ་དང་ཚིག་རྣམས་བརྗོད་པར་བྱེད་པ་སྟེ། དེ་ལྟར་ཚིག་ཏུ་བརྗོད་ཅིང་བཤད་པས་བྱ་རྩོལ་མེད་པའི་ཆོས་ཉིད་གཞི་རྫོགས་པ་ཆེན་པོ་དོན་མཐོང་བར་གྱུར་ནས། རང་བཞིན་བཅུ་ཡིས་བྱ་བཙལ་མི་དགོས་པའི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཡོན་ཏན་ཐམས་ཅད་ཉི་མ་དང་ཟེར་བཞིན་ཡེ་ནས་རང་ཆས་ལྷུན་གྲུབ་ཆེན་པོའི་ཚུལ་དུ་ཡོད་པ་དེ་ད་ལྟ་ཉིད་ནས་མངོན་དུ་ཐོབ་པར་འགྱུར་བའི་དགོས་པ་ཡོད་པས་དེས་ན་ཚིག་གི་དོན་གྱི་དགོས་པ་བསྟན་པ་ཡིན་ནོ་ཞེས་གསུངས་སོ། །དེ་ཡང་ཚིག་གི་སྒོ་ནས་ཇི་ལྟར་བཤད་པའི་ཚུལ་ཀྱང་དབང་པོ་རབ་ལ་མཚན་གྱི་དོན་ཙམ་བསྟན་པས་རྒྱུད་དབུ་ཞབས་ཀྱི་དོན་ཀུན་རྟོགས་པར་འགྱུར་བ་དང་། དབང་པོ་འབྲིང་ལ་རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་སློང་། འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན། རྒྱུད་ཀྱི་དགོས་འགྲེལ། འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་སྟེ་སྤྱི་དོན་རྣམ་པ་ལྔའི་སྒོ་ནས་བཤད་པ་དང་། དབང་པོ་ཐ་མ་རྣམས་ལ་རྒྱུད་ཀྱི་ཚིག་དོན་སོ་སོར་བཀྲོལ་ཏེ་བཤད་པར་གསུངས་ལ། དེ་ཡང་དོན་གྱི་འགྲེལ་བ་ལྔའི་སྒོ་ནས་བཤད་པར་བྱ་བ་སྟེ། དེ་གང་ཞེ་ན། མདོ་བཅུ་ལས། འགྲེལ་ལྔ་གང་དང་གང་ཞེ་ན། །ཚེག་བར་འབྲུ་ཡི་འགྲེལ་པ་དང་། །དཔེ་དོན་རྒྱུ་འབྲས་འགྲེལ་བ་དང་། །གཏན་ཚིགས་དོན་གྱི་འགྲེལ་པ་དང་། །འབྱེད་པར་བྱེད་པའི་འགྲེལ་པ་དང་། །སྡུད་པར་བྱེད་པའི་འགྲེལ་པའོ། །ཞེས་གསུངས་པ་ལྟར་ཚིག་གི་དོན་རྣམས་འཁྲུགས་པ་སྡེ བ་ཅིང་འཐོར་བ་སྡུད་པ་དང་དངོས་སུ་མི་གསལ་བ་རྣམས་ཚིག་གོང་འོག་གི་ཤུགས་ཀྱིས་དབྱུང་བ་ལ་སོགས་པའི་སྒོོ་ནས་བཀྲལ་ཏེ་བཤད་པ་ནི་ཚེག་བར་འབྲུ་ཡི་འགྲེལ་པ་དང་། དེ་ཉིད་ལས། དེ་འདྲ་དེ་བཞིན་དེ་ལྟར་གསུམ། །དཔེ་རུ་བསྟན་པའི་འགྲེལ་པའོ། །དེ་བས་དེ་ཕྱིར་དེས་ན་གསུམ། །གང་ཡིན་དོན་དེ་དེ་མཐོང་ན། །གཏན་ཚིགས་བསྟན་པའི་འགྲེལ་པའོ། །དེ་ནས་དེ་ཡང་དེ་ལས་གསུམ། །རྒྱུ་འབྲས་བསྟན་པའི་འགྲེལ་པའོ། །དེ་ཡིན་དེ་མིན་ཡིད་ཆེས་ན། །དོན་གྱི་འགྲེལ་པ་ཡིན་པར་བཤད། །འབྲུ་དང་ཡན་ལག་གཅིག་ལ་ཡང་། །དཔེ་དོན་དེ་ལྟར་ཡོད་པས་ན། །དེ་བཞིན་འབྲུ་ལག་ཀུན་ལ་བརྟགས། །དཔེ་དོན་རྒྱུ་འབྲས་འགྲེལ་བར་བཤད། །ཅེས་པ་ལྟར་ཡི་གེའི་འབྲུ་དང་ཡན་ལག་ལ་བརྟགས་ཏེ་དཔེ་དོན་དང་རྒྱུ་འབྲས་གཏན་ཚིགས་རྣམས་སོ་སོར་མ་ནོར་བར་བཤད་པ་ནི་དཔེ་དོན་རྒྱུ་འབྲས་ཀྱི་འགྲེལ་བ་དང་། ཐེ་ཚོམ་གྱི་དོན་ལ་ཚད་མ་གསུམ་གྱིས་བརྟགས་ཏེ་དོན་མ་ནོར་བ་མངོན་དུ་འབྱིན་ཅིང་ཡིད་ཆེས་ཀྱི་ངེས་པ་བསྐྱེད་པ་ནི་གཏན་ཚིགས་དོན་གྱི་འགྲེལ་པ་དང་། གོང་དུ་བཤད་པའི་སྤྱི་དོན་རྣམ་པ་ལྔ་ལྟ་བུའི་རེས་དང་སྡེ་ཚན་སོ་སོར་འབྱེད་ཅིང་དཀྱུས་ཀྱིས་ས་བཅད་དེ་བཤད་པ་ནི་འབྱེད་པར་བྱེད་པའི་འགྲེལ་བ་དང་། ཆོས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་བྱ་རྩོལ་བྲལ་བའི་རང་བཞིན་དུ་སྟོན་པ་ལྟ་བུ་རང་གི་རྒྱུད་ཐོག་ཏུ་དབབ་ཅིང་ཉམས་སུ་བླང་བའི་དོན་མན་ངག་ཏུ་དྲིལ་བ་ནི་སྡུད་པར་བྱེད་པའི་འགྲེལ་བ་སྟེ། དེ་ཉིད་ལས། ཚིག་དང་འབྲུ་ཡི་དོན་འདི་ནི། །ཚིག་བར་འབྲུ་ཡི་འགྲེལ་བར་བཤད། །འདྲ་དང་ཡིན་མིན་དོན་འདི་ནི། །དཔེ་དོན་རྒྱུ་འབྲས་འགྲེལ་བར་བཤད། །བརྟགས་ཏེ་གཏན་ཚིགས་དོན་འབྱིན་ན། །གཏན་ཚིགས་ངག་གི་འགྲེལ་པར་བཤད། །སོ་སོའི་སྡེ་དང་རིས་འབྱེད་ན། །ས་གཅོད་པ་ཡི་འགྲེལ་བར་བཤད། །རྩ་བ་གཅིག་ཏུ་དོན་སྟོན་ན། །སྡུད་པར་བྱེད་པའི་འགྲེལ་བར་བཤད། །ཅེས་གསུངས་པ་དེ་ལྟ་བུའི་དོན་གྱི་འགྲེལ་པ་ལྔའི་སྒོ་ནས་བཤད་པར་བྱའོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སེམས་ཀྱི་བཤད་ལུགས་ཀྱི་ལེའུ་སྟེ་བཅུ་གསུམ་པའི་འགྲེལ་པའོ།། ༈ །།དོན་བཞི་པ་སེམས་ཉིད་ཀུན་བྱེད་རྒྱུ་འབྲས་བྱ་བཙལ་ལས་འདས་པའི་དོན་སྣོད་མིན་ལ་ངེས་པར་གསང་བའི་ལེའུ་བཅུ་བཞི་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་བཤད་ཐབས་རྣམ་པ་ལྔ་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་རང་བཞིན་གཉིས་མེད་བློ་འདས་ཆེན་པོ་ནང་གསལ་གཞོན་ནུ་བུམ་སྐུའི་དགོངས་པ་འདི་ཉིད་སྐུ་གསུམ་གྱི་སྟོན་པ་ནས་ཁམས་གསུམ་སེམས་ཅན་གྱི་བར་ཀུན་ལ་མི་བསྟན་པར་གསང་བ་དམ་པར་བྱེད་དགོས་པའི་ཚུལ་གྱི་གདམས་ངག་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། ཀུན་བྱེད་བྱང་ཆུབ་ཀྱི་སེམས་གསང་བར་གདམས་པ། སྒྲ་ཇི་བཞིན་པ་བསྟན་པའི་ཉེས་པ། གསང་མི་གསང་གི་ཁྱད་པར་བསྟན་པ། དབང་པོ་ཡང་རབ་ལ་མི་གསང་བར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ནི་དུས་དང་རྣམ་པ་ཀུན་ཏུ་གསང་བའི་ཡུལ་རྣམ་པ་བཞི་པོ་འདི་ལ་མི་སྨྲ་བར་གསང་བ་དམ་པར་བྱའོ། །ཞེས་སྤྱིར་བསྟན་ནས་བྱེ་བྲག་ཏུ་ཡུལ་གང་དང་གང་ལ་གསང་བར་བྱ་ཞེ་ན། གང་ལ་གསང་བའི་ཡུལ་ནི་ཀུན་བྱེད་ང་ཡི་རྩལ་ལས་བྱུང་བའི་སྐུ་གསུམ་གྱི་སྟོན་པ་རྣམས་ལ་ང་ཡི་རང་བཞིན་མ་སྐྱེས་མི་འགགས་མ་དེས་རྣམ་པ་གསུམ་པོ་འདི་ཉིད་མི་བསྟན་པར་གསང་དགོས་པ་དང་། དེ་བཞིན་དུ་ང་ཡི་དོན་གཉིས་མེད་བྱང་ཆུབ་ཀྱི་སེམས་ཇི་བཞིན་དུ་རྟོགས་པས་མཐར་ཕྱིན་འབྲས་བུའི་ས་ལ་གནས་པའི་དུས་གསུམ་གྱི་སངས་རྒྱས་རྣམས་ལ་ཡང་ང་ཡི་རང་བཞིན་མི་བསྟན་པར་གསང་བར་བྱ་ལ། ང་ལ་ཆོས་ཉན་ཅིང་ལྷན་གཅིག་ཏུ་འདུས་པ་ཉིད་ལས་མི་གཞན་པའི་འཁོར་ཚོགས་ཐམས་ཅད་ཡང་ང་ཡི་རང་བཞིན་བསྟན་པར་གསང་བར་བྱ་བ་དང་། ཀུན་བྱེད་ང་ཡིས་བྱས་པའི་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་ང་ཡི་རང་བཞིན་མི་བསྟན་པར་གསང་བར་བྱའོ་ཞེས་སོ། །གཉིས་པ་ལ་བཞི་སྟེ། སྐུ་གསུམ་སྟོན་པ་མེད་པས་ཕུན་སུམ་ཚོགས་པར་མི་འགྱུར་བ། སྟོང་གསུམ་ཐུགས་རྗེ་མེད་པས་འགྲོ་དོན་མི་འབྱུང་བ། སྟོན་གསུམ་བསྟན་པ་མེད་པས་ཐེག་པའི་ཁྱད་པར་མེད་པ། ཐེག་གསུམ་ཉམས་ལེན་མེད་པས་འཁོར་བའི་སྡུག་བསྔལ་མི་གྲོལ་བའོ། །དང་པོ་ནི། གོང་དུ་བསྟན་པ་དེ་ལྟར་གསང་དགོས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐུ་གསུམ་གྱི་སྟོན་པ་ལ་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་མ་གསང་བར་སྒྲ་ཇི་བཞིན་དུ་བསྟན་པར་བྱས་ན། ནང་གསལ་སྤྲོས་པ་དང་བྲལ་བའི་དོན་ཇི་བཞིན་མངོན་དུ་བྱས་ནས་སྐུ་གསུམ་སྟོན་པ་གསུམ་གྱི་སྣང་ཆ་ཡེ་ཤེས་ཕྱིར་གསལ་གྱི་རང་བཞིན་ང་ཡི་རྩལ་ལས་འབྱུང་བའམ་འཕྲོ་བར་མི་འགྱུར་ལ། སྐུ་གསུམ་གྱིས་སྟོན་པ་དེ་རྣམས་ང་ལས་མ་བྱུང་ན། སྐུ་གསུམ་གྱི་བསྟན་པ་གསུམ་གྱི་ངོ་བོར་གྱུར་པའི་ཐེག་པ་གསུམ་དང་འཁོར་གསུམ་ལྷན་དུ་ཕུན་སུམ་ཚོགས་པར་མི་འགྱུར་ལ། བསྟན་གསུམ་ཐེག་པ་གསུམ་དང་འཁོར་གསུམ་པོ་རྣམས་མ་ཚོགས་ན་སྐུ་གསུམ་གྱི་སྟོན་པ་གསུམ་པོ་སངས་རྒྱས་དཀོན་མཆོག་དང་བསྟན་གསུམ་ཐེག་པ་དམ་ཆོས་དཀོན་མཆོག་དང་འཁོར་ཚོགས་འདུས་པ་དགེ་འདུན་དཀོན་མཆོག་སྟེ་དེ་ལྟ་བུའི་དཀོན་མཆོག་གསུམ་པོ་འཇིག་རྟེན་གྱི་ཁམས་སུ་འབྱུང་བར་མི་འགྱུར་ལ། མཆོག་གསུམ་པོ་དེ་འཇིག་རྟེན་དུ་མ་བྱོན་ནས་མུན་པའི་སྐལ་བ་འབའ་ཞིག་ཏུ་གྱུར་ན་འཇིག་རྟེན་སྐྱེ་བོ་རྣམས་ཀྱིས་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་རང་སྟོབས་ཀྱི་རྙེད་པར་མི་འགྱུར་བས་ན་བླ་མེད་བྱང་ཆུབ་ཀྱི་དོན་མཐའ་ཡས་པའི་འགྲོ་བ་ཀུན་གྱིས་རིག་ཅིང་ཐོབ་པ་མེད་པའི་སྐྱོན་དུ་འགྱུར་བ་དེས་ན་གསང་དགོས་པར་གདམས་པ་ཡིན་ནོ། །གཉིས་པ་ནི། ཀུན་བྱེད་ང་ལས་བྱུང་བའི་དུས་གསུམ་གྱི་སངས་རྒྱས་རྣམས་ལ་ང་ཡི་རང་བཞིན་གསུམ་མམ་དབྱིངས་ནང་གསལ་གྱི་ཡེ་ཤེས་གསུམ་དབྱེར་མེད་པའི་གནས་ལུགས་ཏེ་མ་གསང་བར་བསྟན་པར་གྱུར་ན་གང་འདུལ་ཐུགས་རྗེའི་རོལ་པ་སྐུ་གསུམ་གྱི་སྟོན་པ་གསུམ་པོ་གདུལ་བྱའི་དོན་ལ་འབྱུང་བ་མེད་པས་འགྲོ་དོན་རྒྱུན་ཆད་དེ་སངས་རྒྱས་དང་སེམས་ཅན་ཐུགས་རྗེའི་འབྲེལ་བ་མེད་པའི་སྐྱོན་དུ་འགྱུར་རོ། །དེས་ན་སྟོན་པ་ཀུན་ཏུ་བཟང་པོས་འགྲོ་དོན་ཐུགས་རྗེས་མི་འདོར་བའི་ཆེད་དུ་ཉིད་ཀྱི་ངོ་བོ་དུས་གསུམ་གྱི་རྒྱལ་བ་རྣམས་ལ་དབྱིངས་ནང་གསལ་སྤྲོས་པ་དང་བྲལ་བ་སྐུ་གསུམ་དབྱེར་མི་ཕྱེད་པའི་རང་བཞིན་ཏེ་མ་བསྟན་པའམ་དེ་ཉག་གཅིག་ཏུ་མ་མཛད་པར་སྐུ་གསུམ་གྱི་རོལ་པ་ཕྱི་གསལ་གདུལ་བྱའི་དོན་དུ་མངོན་ཏུ་ཕྱུང་བར་བསྟན་པ་ཡིན་ཏེ། ཀློང་ཆེན་རབ་འབྱམས་ལས། ས་ལམ་ཆིག་ཆོད་ཀུན་བཟང་ངས། །ཡེ་ཤེས་རྣམ་གསུམ་བསྟན་པ་དང་། །གདུལ་བྱ་མ་དག་དྲང་བའི་ཕྱིར། །སྟོན་པ་རྣམ་པ་གསུམ་དུ་བྱུང་། །གནས་ཀྱང་རྣམ་པ་གསུམ་ཡིན་ཏེ། །འདུལ་ཞིང་རྣམ་པ་གསུམ་དུ་བཤད། །འཁོར་ཡང་རྣམ་པ་གསུམ་ཡིན་ཏེ། །བསྟན་པ་དག་ཀྱང་རྣམ་པ་གསུམ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། ང་ལ་ཆོས་ཉན་པའི་ཕྱིར་དུ་འདུས་པའི་འཁོར་གྱི་ཚོགས་རྣམས་ལ་ང་ཡི་རང་བཞིན་མ་གསང་བར་བྱེ་བྲག་མེད་པར་བསྟན་པར་གྱུར་ན་གང་ཟག་རྣམས་ཀྱི་ཁམས་དང་མོས་པའི་བྱེ་བྲག་སྣ་ཚོགས་པ་ཡིན་པས་རང་རང་གི་བློ་དང་འཚམས་པར་མ་བསྟན་པས་གདུལ་བྱའི་རྒྱུད་ཆུད་ཟ་བར་འགྱུར་བ་དང་། དེ་ཉིད་ལས། སྤྲོས་ལ་དགའ་བའི་གང་ཟག་ལ། །སྤྲོས་པ་ཅན་གྱིས་ཆོས་ཀྱིས་འདུལ། །ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། །གང་ཟག་དབང་པོ་དམན་ལ་བཤད། །ཀྲྀ་ཡ་ཨུ་པ་ཡོ་ག་གསུམ། །གང་ཟག་དབང་པོ་འབྲིང་ལ་བཤད། །མ་ཧཱ་ཨ་ནུ་ཨ་ཏི་གསུམ། །གང་ཟག་དབང་པོ་རབ་ལ་བཤད། །ཅེས་གསུངས་པ་ལྟར་སྐུ་གསུམ་གྱི་སྟོན་པ་གསུམ་གྱིས་གདུལ་བྱའི་བློ་རིམ་དང་འཚམས་པར་བསྟན་པའི་ཐེག་པ་གོང་འོག་གི་ལྟ་གྲུབ་སོགས་ཀྱི་ཁྱད་པར་ཕྱེད་པར་མི་འགྱུར་བའི་སྐྱོན་ཡོད་པ་དེས་ན་གསང་བར་གདམས་པའོ། །བཞི་པ་ནི། ང་ཡིས་བྱས་པའི་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་ང་ཡི་རང་བཞིན་མ་གསང་བར་ཐུགས་རྗེས་བསྟན་པར་གྱུར་ན། དེ་ལས་གཞན་དུ་སྐུ་གསུམ་གྱི་སྟོན་པ་གསུམ་གྱི་ཐེག་པ་གསུམ་གྱི་ལམ་བསྟན་པའི་གནས་མེད་པར་འགྱུར་ལ། དེ་ལྟར་སྟོན་པ་གསུམ་གྱིས་བསྟན་པའི་གནས་མེད་པར་གྱུར་ན། སྟོན་པ་ཀུན་བྱེད་ང་ཡིས་བྱས་པའི་ཆོས་རྣམས་ལ་སྟོན་འཁོར་བསྟན་པ་ཕུན་སུམ་ཚོགས་པ་ཞེས་སུ་རྒྱུ་མཚན་ཅི་ལ་བརྟེན་ལ་གང་ཟག་སུ་ཞིག་གིས་འདོགས་པར་བྱེད་དེ་འདོགས་པའི་གནས་མེད་ཅིང་། བསྟན་པ་འབྱུང་བའི་རྒྱུ་ཕུན་སུམ་ཚོགས་པ་རྣམས་མེད་པར་གྱུར་ན་གདུལ་བྱའི་སེམས་ཅན་རྣམས་ཀྱིས་ཐེག་གསུམ་གྱི་ཉམས་ལེན་མི་ཤེས་པས་འཁོར་བའི་སྡུག་བསྔལ་ལས་མི་གྲོལ་བའི་སྐྱོན་དང་། མ་ཟད་རྫོགས་པ་ཆེན་པོའི་དོན་ཀྱང་ཁོང་དུ་མི་ཆུད་པར་སྒྲོ་དང་སྐུར་བ་བཏབ་པས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་གསུངས་ཏེ། རིན་པོ་ཆེ་སྤུངས་པ་ལས། ཚིག་འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ནང་དུ་རྡུལ་ཙམ་ཡང་བརྗོད་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན་བློ་ཆུང་བའི་ཕྱིར་ཏེ། དེ་དག་རྣམས་ཀྱིས་ཚིག་འདི་ཀུན་ཐོས་པས་སྐྲག་པ་དང་། དངངས་པ་དང་། བརྒྱལ་བར་འགྱུར་ཏེ། གསང་སྔགས་རྣམས་ལ་མི་མོས་ཏེ། །ཡིད་ཕྱིར་ལྡོག་ནས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོར་དེ་ཉམས་སུ་མྱོང་བར་འགྱུར་བས་ན། བསྟན་ཅིང་ཐོས་པ་ལྟ་ཅི་སྨོས་ཏེ་རླུང་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱའོ། །ཞེས་དང་། འདི་ཉིད་ལས་ཀྱང་། རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ལ། །ཀུན་བྱེད་ང་ཡི་ལུང་འདི་བསྟན་མི་བྱ། །ང་ཡི་ལུང་འདི་ངེས་པར་བསྟན་བྱས་ན། །དགེ་སྡིག་ལས་ལ་རྒྱུ་འབྲས་ཡོད་ཟེར་ནས། །ཡང་དག་ང་ལ་སྒྲོ་དང་སྐུར་བཏབ་པས། །ཡང་དག་ང་དང་ཡུན་དུ་འཕྲད་མི་འགྱུར། །ཞེས་གསུངས་པ་དེ་ལྟ་བུའི་སྐྱོན་རྣམས་སྤང་བའི་ཕྱིར་དུ་གསང་བར་གདམས་པའོ། །གསུམ་པ་ནི། རྒྱུ་མཚན་དེས་ན་གདོད་མའི་མགོན་པོ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་ཡིས་ནི་ང་ཡི་རང་བཞིན་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྤང་བླང་བསལ་བཞག་དང་བྲལ་བའི་དོན་དེ་སྟོན་པ་ང་ཡི་མངོན་དུ་ཕྱུང་ནས་ནི་ང་ཉིད་རང་ལ་ང་ཡི་རང་བཞིན་རིག་པ་སྐུ་གསུམ་གྱི་བདག་ཉིད་ཅན་དེ་ང་ཡིས་བསྟན་པ་མ་གཏོགས། ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་ལ་སོགས་པའི་འཁོར་རྣམས་ལ། ང་ཡི་རང་བཞིན་བསྟན་པའི་བཀའ་ལུང་ནི་ཀུན་བྱེད་རྒྱལ་པོ་ངས་མ་ཕོག་པས་ན་བསྟན་པར་མི་བྱའོ་ཞེས་སོ། །བཞི་པ་ནི། དེ་ལ་བསྟན་པར་བྱ་བའི་ཡུལ་སྟོན་པ་སྟོན་པ་ཀུན་བྱེད་ཉིད་ལ་བསྟན་པར་གསུངས་ན་སྟོན་པ་ཉིད་ཀྱི་རང་བཞིན་ཏེ་གང་ཡིན་ཞེ་ན། ཤིན་ཏུ་རྣལ་འབྱོར་གྱི་རིགས་ཅན་གང་ཟག་ལས་བཟང་སྐལ་བར་ལྡན་པ་རྣམས་ནི་ཀུན་བྱེད་ང་ཡི་རང་བཞིན་ཡིན་ལ། དེ་ལྟ་བུའི་གང་ཟག་དེའི་མཚན་ཉིད་ཀྱང་། འདི་ཉིད་ལས། དད་དང་དམ་ཚིག་བརྩོན་འགྲུས་ཆེ་བ་དང་། །སྙིང་རྗེ་ཡི་རང་སྐྱོ་དང་ཡིད་རྟོག་མེད། །ལུས་དང་བུ་དང་ཆུང་མ་བྲན་དང་ནོར། །གང་ལའང་མ་ཆགས་དད་དང་དགའ་བས་འབུལ། །འདི་དག་དད་དང་དམ་ཚིག་རྟགས་ཡིན་པས། །སྙིང་པོའི་དོན་དང་ལྡན་པ་སྦྱིན་པར་བྱ། །ཞེས་གསུངས་པ་ལྟ་བུ་ཡིན་པས་ན་དེ་ལ་ཀུན་བྱེད་ང་ཡི་རང་བཞིན་འདི་ཉིད་མི་གསང་བར་བསྟན་པར་བྱ་བ་ཡིན་ནོ། །ཞེས་ཡང་རབ་ཨ་ཏིའི་རིགས་ཅན་རྣམས་ལ་བསྟན་པར་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྐལ་མེད་ལ་གསང་བར་གསུངས་པའི་ལེའུ་སྟེ་བཅུ་བཞི་པའི་འགྲེལ་བའོ།། ༈ །།དོན་ལྔ་པ་ཀུན་བྱེད་མངོན་དུ་བྱུང་ནས་ཆོས་ཐམས་ཅད་འགྲེལ་བའི་ལེའུ་བཅོ་ལྔ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི་དེ་ལྟར་རྒྱུ་འབྲས་བྱ་བཙལ་ལས་འདས་པའི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གསང་བ་དམ་པ་མཆོག་ཏུ་གདམས་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་ལུང་ཆེན་པོ་ཕུན་སུམ་ཚོགས་པས་བསྡུས་པའི་ཆོས་སྣང་སྲིད་འཁོར་འདས་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་མངོན་དུ་ཕྱུང་བ་ཡིན་པར་གསུངས་པའི་ངེས་པ་དོན་གྱི་ལུང་འདི་བསྟན་ཏོ། །གཉིས་པ་ལ་གསུམ་སྟེ། སྟོན་པ་འཁོར་དང་བསྟན་པ་གསུམ་མངོན་དུ་ཕྱུང་སྟེ་གདམས་པ། དེ་ཉིད་ཀུན་བྱེད་ལས་གཞན་དུ་མི་ཚོལ་བར་བསྒྲགས་པ། དེ་ཐམས་ཅད་སེམས་ཉིད་དེ་བཞིན་ཉིད་ཀུན་བྱེད་ཉིད་ཀྱི་རང་བཞིན་དུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཕུན་སུམ་ཚོགས་པ་གསུམ་མངོན་དུ་ཕྱུང་བ། ཇི་ལྟར་ཕྱུང་ཚུལ་བསྟན་པ་དེ་ཉིད་གཞན་ལ་བསྟན་པར་གདམས་པའོ། །དང་པོ་ལ་གཉིས་ཏེ། མངོན་དུ་ཕྱུང་ཚུལ་མདོར་བསྟན་པ་དང་། དབྱེ་བས་རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ནི་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་རྩལ་འགག་མེད་ཀྱི་རང་མདངས་མངོན་དུ་ཕྱུང་བ་ནི་བསྡུ་ན་རྣམ་པ་གསུམ་དུ་བསྟན་ཏེ། དེ་ལ་ང་ཡི་རང་བཞིན་རྣམ་པ་གསུམ་སྟོན་པར་ངས་མངོན་དུ་ཕྱུང་སྟེ་བསྟན་པ་ནི་གང་ཞེ་ན་གདུལ་བྱའི་བློ་དང་བསྟུན་པའི་ཐེག་པ་སོ་སོའི་དོན་རྣམས་སྟོན་པར་མཛད་པའི་སྟོན་པ་སྐུ་གསུམ་དང་། དེ་དག་གིས་ཇི་ལྟར་བསྟན་པའི་དོན་དེ་ཇི་བཞིན་དུ་རིག་ཅིང་རྟོགས་པར་འདོད་པའི་འཁོར་གྱི་ཚོགས་རྣམས་དང་། དེ་རྣམས་ལ་ཐེག་པ་སོ་སོའི་དགོངས་དོན་མ་ནོར་བར་ངེས་པའི་དོན་དུ་གསུངས་པ་དང་གསུམ་པོ་དེ་ནི་སྟོན་པ་ཀུན་བྱེད་ང་ཡིས་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་ནས་མངོན་དུ་ཕྱུང་སྟེ་བསྟན་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། རྣམ་གྲངས་རང་བཞིན་དང་བཅས་པས་སྟོན་པ་མངོན་དུ་ཕྱུང་ཚུལ། ངོ་བོ་དབྱེ་བ་དང་བཅས་པས་འཁོར་ཉིད་མངོན་དུ་ཕྱུང་ཚུལ། ངོ་བོ་རང་བཞིན་ཐུགས་རྗེ་དང་བཅས་པས་ངེས་པའི་དོན་ཉིད་མངོན་དུ་ཕྱུང་ཚུལ་ལོ། །དང་པོ་ནི་དེ་ལ་མ་ནོར་ངེས་པའི་དོན་རྒྱལ་བ་སྐུ་གསུམ་གྱི་བསྟན་པ་རྣམས་སྟོན་པར་མཛད་པའི་སྟོན་པ་མ་གབ་མངོན་དུ་ཕྱུང་བ་ནི་གང་ཞེ་ན། ནང་རྒྱུད་སྡེ་གསུམ་གྱི་སྟོན་པ་ཆོས་ཀྱི་སྐུ་དང་། ཕྱི་རྒྱུད་སྡེ་གསུམ་གྱི་སྟོན་པ་ལོངས་སྤྱོད་རྫོགས་པ་དང་། མཚན་ཉིད་སྡེ་གསུམ་གྱི་སྟོན་པ་སྤྲུལ་པའི་སྐུ་དང་རྣམ་པ་གསུམ་ཡིན་ལ། དེ་རྣམས་ནི་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་གྱི་རྣམ་པར་ཤར་བ་སྟེ། དེ་ལྟ་བུའི་ཐེག་པ་གསུམ་གྱི་དོན་རྣམས་མ་ནོར་བར་སྟོན་པར་མཛད་པ་ཡི་སྟོན་པ་གསུམ་པོ་དེ་ཡི་རང་བཞིན་གང་ཡིན་པ་ནི་གཟུང་འཛིན་གཉིས་དང་བྲལ་བའི་གནས་ལུགས་མཐར་ཐུག་པ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་དབྱིངས་སྐྱེ་བ་མེད་པ་ཀ་དག་དྲི་བྲལ་གྱི་ཆ་ཆོས་ཀྱི་སྐུ་དང་། ཀུན་བྱེད་ང་ཡི་ངོ་བོ་རང་གདངས་འགག་པ་མེད་པ་ལྷུན་གྲུབ་འོད་གསལ་གྱི་ཆ་སྟོན་པ་ལོངས་སྤྱོད་རྫོགས་པ་དང་། རྩལ་སྣང་མ་འགགས་ཐུགས་རྗེའི་རོལ་པ་གང་འདུལ་ངེས་མེད་སྒྱུ་མའི་རང་བཞིན་གྱིས་འགྲོ་བའི་དོན་རྩོལ་མེད་དུ་མཛད་པ་ནི་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་པོ་དེ་ནི་གཞན་དུ་ཅི་ཡང་མེད་པར། སྟོན་པ་ཀུན་བྱེད་ཉིད་ཀྱི་ཐུགས་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་སྟོང་གསལ་ཐུགས་རྗེ་གསུམ་པོ་དེ་ལས་རང་མདངས་ཕྱི་གསལ་གྱི་ཚུལ་དུ་མངོན་དུ་ཕྱུང་བ་ཡིན་པའི་རྒྱུ་མཚན་དེས་ན་སྐུ་གསུམ་གྱི་སྟོན་པ་གསུམ་ཡང་ཀུན་བྱེད་རྒྱལ་པོ་ཉིད་ཀྱིས་རང་གི་རང་བཞིན་མངོན་དུ་ཕྱུང་བ་ཁོ་ནའོ། །གཉིས་པ་ནི། སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་ཇི་ལྟར་བསྟན་པའི་ཐེག་པ་གསུམ་གྱི་དོན་དེ་རིག་ཅིང་རྟོགས་པར་འདོད་པ་ཡི་འཁོར་རྣམས་མངོན་དུ་ཕྱུང་བ་ནི། དབྱེ་ན་སྟོན་པ་གསུམ་གྱི་དབྱེ་བས་དེ་དག་གི་འཁོར་ཀྱང་རྣམ་པ་གསུམ་དུ་བསྟན་པ་སྟེ། དེ་ཡང་གང་ཞེ་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ཐེག་པ་གསུམ་གྱི་ཆོས་རྣམས་བསྟན་པ་ཡི་འཁོར་དེ་ཡི་བྱེ་བྲག་ནི་འདི་ལྟར། དུས་གསུམ་ན་བཞུགས་པའི་སངས་རྒྱས་རྣམས་དང་། ཁམས་གསུམ་ན་གནས་པའི་སེམས་ཅན་ཀུན་ཏེ་དེ་དག་ཐམས་ཅད་ཡེ་ནས་ཆོས་ཉིད་རྣམ་པར་མི་རྟོག་པ་མཉམ་ཉིད་བདེ་བ་ཆེན་པོའི་ངང་ལས་སྐད་ཅིག་ཀྱང་གཡོ་བ་མེད་པར་ཆོས་དབྱིངས་དོན་གྱི་འོག་མིན་ཆེན་པོ་ན་གཞི་རྫོགས་འཕོ་འགྱུར་བྲལ་བར་གནས་པ་ནི་ཆོས་སྐུའི་འཁོར་དུ་བསྟན་པ་སྟེ། ཀློང་ཆེན་རབ་འབྱམས་ལས། སྟོན་པ་རིག་སྟོང་ཀུན་ཏུ་བཟང་པོ་ཉིད། མ་བཅོས་སྤྲོས་བྲལ་བྱང་ཆུབ་སྙིང་པོའི་ངང་ལ་རང་ཤར་ཏེ། ཞལ་ཕྱག་གི་རྣམ་པར་བཞེངས་ནས། སྔོན་དུ་བྱུང་བའི་འཁོར་ནི་ཉིད་ཀྱི་ངོ་བོ་ཆོས་ཀྱི་སྐུ་དང་། ཉིད་ཀྱི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཉིད་ཀྱི་ཐུགས་རྗེ་སྤྲུལ་པའི་སྐུ་དང་། ཞི་ཁྲོའི་སངས་རྒྱས་དཔག་ཏུ་མེད་པ་དང་། ཁྱད་པར་སྐུའི་འཁོར་རྡོ་རྗེའི་རིགས་དང་། རིན་ཆེན་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། བདེ་གཤེགས་རིགས་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། བྱང་ཆུབ་སེམས་དཔའ་དང་། ས་ཆུ་མེ་རླུང་ནམ་མཁའ་དང་། འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་པའི་ཁམས་དང་ཤིན་དུ་རྣལ་འབྱོར་དང་། ཡོངས་སུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། སེམས་དཔའི་རྣལ་འབྱོར་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བ་དང་། དག་པ་དང་། མ་དག་པ་དང་། སྒྲོ་སྐུར་ཅན་དང་། ཕྱི་བའི་འཁོར་སྤྱི་དང་། དབང་ཕྱུག་ཆེན་པོ་དང་། མུ་སྟེགས་དང་། མུར་ཐུག་དང་། རྒྱང་འཕེན་དང་། ལྷ་དང་ལྷ་མ་ཡིན་དང་། མི་དང་དྲི་ཟ་དང་བཅས་པའོ། །གསུང་གི་འཁོར་ནི་ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའ་དང་། ཀྲྀ་ཡ་དང་། ཨུ་པ་དང་། ཡོ་ག་དང་། མ་ཧཱ་དང་། ཨ་ནུ་དང་། ཨ་ཏི་དང་། ཨ་ཏི་ཆེན་པོ་དང་། རྡུལ་དང་། མུན་པ་དང་། སྙིང་སྟོབས་དང་། ཕྱིའི་རྟག་ཆད་མུ་བཞིའོ། །ཐུགས་ཀྱི་འཁོར་ནི། གསལ་སྟོང་དང་། སྣང་སྟོང་དང་། བདེ་སྟོང་དང་། གྲགས་སྟོང་དང་། རིག་སྟོང་དང་བཅས་ཏེ། ཉིད་ཀྱི་རང་བཞིན་དང་། ངོ་བོ་དང་། ཐུགས་རྗེ་དང་། ཆོས་ཉིད་ཀྱི་རྡོ་རྗེ་འདུས་མ་བྱས་པ་རྣམས་དང་མི་འབྱེད་ཅིང་། འབྱེད་པ་མི་མངའ་བ། མཉམ་རྫོགས་ལྷུན་གྲུབ་ཀློང་ཡངས་ན་ཐབས་གཅིག་ཏུ་གཉིས་སུ་མེད་པར་བཞུགས་སོ། །ཞེས་དང་། མདོ་བཅུ་ལས། སྟོན་པ་ཆོས་ཀྱི་སྐུའི་འཁོར་ནི། །དུས་གསུམ་བཞུགས་པ་ཐམས་ཅད་དང་། །ཁམས་གསུམ་རྒྱུད་དྲུག་སེམས་ཅན་དེ། །འཕགས་པའི་ཐུགས་རྗེས་སེམས་ཅན་ལ། །འབྲེལ་པ་ཕུན་སུམ་ཚོགས་པར་བཤད། །ཅེས་གསུངས་སོ། །དེས་ན་འཁོར་འདས་ཀྱི་ཆོས་དེ་རྣམས་ནི་ཀུན་བྱེད་ང་ཡིས་མངོན་དུ་ཕྱུང་བའི་ཆོས་ཀྱི་སྐུའི་འཁོར་ཡིན་ནོ། །ལོངས་སྐུའི་འཁོར་ནི་དབང་པོ་ལྔ་ལ་སྣང་བའི་ཡུལ་གྱི་རྣམ་པ་གཟུགས་སྒྲ་དྲི་རོ་ལ་སོགས་པའི་རྣམ་པར་སྣང་བ་འདི་རྣམས་ལ་བརྟེན་ནས་ཆགས་སོགས་ཉོན་མོངས་པའི་རྟོག་པ་མི་སྐྱེ་བའམ་སྐྱེར་མི་འཇུག་པར་ཆོས་ཉིད་རྣམ་པར་མི་རྟོག་པའི་དོན་བསྒོམ་ཞིང་། དེ་ཡང་རང་གི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཉིད་ལ་བདེན་པ་གཉིས་སུ་དབྱེ་བ་མེད་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་རང་བཞིན་ཡིན་པ་ལ་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་དང་ཆོས་ཉིད་དོན་དམ་པའི་བདེན་པ་གཉིས་ཀྱི་རང་བཞིན་དུ་རྟོག་ཅིང་དཔྱོད་པར་བྱེད་པ་དེའི་དབང་གིས། དང་པོ་རབ་ཏུ་དགའ་བའི་ས་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་དུ་བྱང་ཆུབ་སེམས་ཀྱི་ངོ་བོ་ཇི་ལྟ་བ་བཞིན་དུ་མ་མཐོང་བར་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་པོ་ཅི་རིགས་པས་བསྒྲིབས་པར་གྱུར་པའི་ས་བཅུ་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡི་འཁོར་རྣམས་དང་། ཐུགས་རང་བྱུང་ཡེ་ཤེས་ལྔ་ཡི་རང་མདངས་མ་འགགས་པ་ལོངས་སྤྱོད་པའི་ཡུལ་འདོད་ཡོན་རྣམ་པ་ལྔར་ཤར་བ་མ་སྤང་རྒྱན་དུ་མཐོང་བས་གཉིས་སུ་མེད་པར་རོལ་བའི་ལོངས་སྐུའི་སྟོན་པ་རྣམས་ཏེ། དེ་ལྟ་བུའི་ལོངས་སྐུའི་སྟོན་འཁོར་རྣམ་པ་གཉིས་ཀྱང་རང་བྱུང་ཀུན་ཏུ་བཟང་པོ་སྟོན་པ་ཀུན་བྱེད་ང་ཡི་ངོ་བོར་ཡེ་ནས་གནས་པ་ཉིད་མངོན་དུ་ཕྱུང་བ་ཡིན་ནོ། །དེ་ཉིད་ལས། སྟོན་པ་ལོངས་སྤྱོད་སྐུའི་འཁོར་ནི། །མི་རྟོག་ཏིང་འཛིན་བཅུ་སྦྱངས་པའི། །ས་ལ་གནས་པའི་བྱང་ཆུབ་པ། །ཉོན་མོངས་མི་གནས་ཤེས་བྱ་སྦྱངས། །ཡེ་ཤེས་ཚོགས་དང་ཐུགས་རྗེ་འབྲེལ། །དེས་ན་ཕུན་སུམ་ཚོགས་ཞེས་བྱ། །ཞེས་སོ། །སྤྲུལ་སྐུའི་འཁོར་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་ལ་དངོས་པོའི་གནས་ཚུལ་དང་མི་མཐུན་པའི་རིག་པ་ལྟར་སྣང་བ་ཡིད་ཀྱི་དབང་པོའམ་རྣམ་པར་རྟོག་པ་དེས་སོ་སོར་བརྟགས་ཤིང་དཔྱད་པས་ཕྱིན་ཅི་ལོག་ཏུ་མཐོང་བའི་ཤེས་པ་དེ་ལ་ཚད་མར་བཟུང་ནས་གྲུབ་མཐའ་ཕྱིན་ཅི་ལོག་པ་ལ་ཞེན་པའི་ཕྱི་རོལ་པ་རྣམས་ཀྱི་ལ་ལས་ཕྱྭ་དང་དབང་ཕྱུག་ལ་སོགས་པ་རྟག་པ་ཉིད་དུ་མཐོང་བ་དང་། ལ་ལས་རྒྱུ་འབྲས་དང་སྔ་ཕྱིའི་སྲིད་པ་ལ་སོགས་པ་མེད་པར་སྟོང་བ་ཕྱང་ཆད་པར་མཐོང་བ་སོགས་རྒྱུ་འབྲས་ཀྱི་དངོས་པོ་ཐམས་ཅད་ལོག་པར་མཐོང་བ་ཡི་གྲུབ་མཐའ་ཐམས་ཅད་ཚུར་བསྡུ་ན། མུ་སྟེགས་མུར་ཐུགས་ཕྱལ་བ་རྒྱང་འཕེན་སྟེ་རྣམ་པ་བཞིས་བསྡུས་པ་ཡིན་པས་དེ་དག་རྣམས་ཀྱི་རྒྱུད་སྟོན་པ་སྤྲུལ་པའི་སྐུས་ཐུགས་རྗེས་བྱིན་གྱིས་བརླབས་ཏེ་ཕྱིན་ཅི་ལོག་པའི་ལམ་ནས་བཟློག་སྟེ། རྒྱུ་དགེ་སྡིག་དང་འབྲས་བུ་བདེ་སྡུག་ལ་བླང་དོར་བྱེད་པའི་ཚུལ་མ་ནོར་བར་ལུང་བསྟན་པའི་སྒོ་ནས་སྒོ་གསུམ་གྱི་སྡིག་པའི་ལས་སྤོང་ཞིང་སེམས་དགེ་བའི་ལམ་ལ་གནས་པའི་འཁོར་དགེ་སློང་ཕ་མ་གཉིས་དང་དགེ་བསྙེན་ཕ་མ་གཉིས་ཏེ་རྣམ་པ་བཞི་པོ་ནི་བསྐལ་པ་ཆེན་པོ་གསུམ་ལ་སོགས་པ་ཡུན་རིང་པོའི་བར་དུ་རྒྱུ་འབྲས་རྩོལ་སྒྲུབ་ཀྱིས་ས་ལ་གནས་པའི་འཁོར་རྣམས་ཏེ། དེ་ལྟར་ཡང་། ཀློང་ཆེན་རབ་འབྱམས་ལས། འཁོར་ནི་ལྷ་མི་མུ་སྟེགས་བསྟན་གསོ་རྣམས། །དབང་པོ་སེམས་བསྒྱུར་ཐུགས་རྗེའི་བྱིན་རླབས་ནས། །དགེ་སློང་ཕོ་མོ་དགེ་བསྙེན་ཕོ་མོ་བཞི། །མ་ངེས་སྣ་ཚོགས་སྤྲུལ་སྐུའི་འཁོར་ཡིན་ཏེ། །ཞེས་གསུངས་པ་དེ་ལྟ་བུའི་སྤྲུལ་པའི་སྐུའི་འཁོར་དང་སྟོན་པ་གཉིས་སུ་སྣང་བ་ཡང་གཞན་མིན་པར་ཀུན་བྱེད་ང་ཡིས་ཐུགས་རྗེའི་རང་མདངས་མངོན་དུ་ཕྱུང་བ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་ནི། གོང་དུ་བསྟན་པ་དེ་ལྟ་བུའི་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་རང་རང་གི་འཁོར་ཚོགས་རྣམས་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་སོ་སོ་རང་རིག་པའི་ཡུལ་ཅན་གྱི་ངོ་ལ། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་རྩལ་ལས་ཤར་བའི་བསྟན་པ་ཡང་དག་པ་ངེས་པའི་དོན་ཅན་གྱི་ཐེག་པ་རྣམས་བསྟན་པར་མཛད་པ་ལྟར་འཁོར་རྣམས་ཀྱིས་རང་རང་ལ་ཇི་ལྟར་བསྟན་པའི་དོན་མ་ནོར་བར་མཐོང་བའི་ལུང་དང་རྟོགས་པའི་བསྟན་པ་དེ་ཡང་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ངོ་བོ་མངོན་དུ་ཕྱུང་བ་ཡིན་པར་གསུངས་ཏེ། མདོ་བཅུ་ལས། ཡེ་ཤེས་ཐུགས་ཀྱི་རིག་པ་ཡིས། །རང་གི་རང་བཞིན་ངོ་བསྟན་ཏེ། །དེ་མཐོང་བསྟན་པས་དེ་འདུས་པས། །དེ་ལ་དེ་བསྟན་དེ་ཡང་མཐོང་། །དེ་ནི་བསྟན་པ་ཞེས་སུ་བཤད། །ཅེས་སོ། །གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ་མངོན་དུ་ཕྱུང་བ་ཞེས་བྱ་བ་དེ་བྱེད་པ་པོ་གང་གིས་ཆོས་གང་ཞིག་ཚུལ་ཇི་ལྟར་མངོན་དུ་ཕྱུང་བ་ཡིན་སྙམ་ན། དེ་ནི་བྱེད་པ་པོ་གང་གིས་མངོན་དུ་ཕྱུང་ན་སྟོན་པ་ཀུན་བྱེད་ང་ཡིས་མངོན་དུ་ཕྱུང་བ་ཡིན་ལ། གང་ཞིག་མངོན་དུ་ཕྱུང་བ་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས་གནས་ལུགས་མ་བཅོས་པ་དེ་ཁོ་ན་ཉིད་ཀྱི་རང་བཞིན་དེ་མངོན་དུ་ཕྱུང་བ་ཡིན་ནོ། །དེ་གང་གི་དོན་དུ་མངོན་དུ་ཕྱུང་བ་ཡིན་སྙམ་ན་རྟོགས་པར་བྱ་བའི་ཡུལ་ཆོས་ཉིད་དེ་བཞིན་ཉིད་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ལ་སོ་སོར་ལྟ་བ་དང་རྟོགས་པར་བྱེད་པ་ཡི་སྐུ་གསུམ་གྱི་སྟོན་པའི་འཁོར་གྱི་ཚོགས་རྣམས་ཀྱི་དོན་དུ་མངོན་དུ་ཕྱུང་བ་ཡིན་ལ། ཚུལ་ཇི་ལྟར་མངོན་དུ་ཕྱུང་ན་ཐེག་པའི་རིམ་པ་གང་ཞིག་ལ་ལ་བདེན་པ་བཞི་ལ་བླང་དོར་དུ་བྱ་བའི་སྒོ་ནས་ཀུན་ཉོན་ཕྱོགས་ཀྱི་ཆོས་རྣམས་སྤོང་བའི་དོན་དུ་ཕྱུང་པ་དང་། ལ་ལ་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ་བསྒོམ་པའི་སྒོ་ནས་སྡུག་ཀུན་གྱི་ཆོས་རྣམས་འགེགས་པར་བྱེད་པའི་དོན་དུ་ཕྱུང་བ་དང་། ལ་ལ་བདེན་གཉིས་ཀྱི་ངོ་བོར་གྱུར་པའི་ཆོས་རྣམས་ལ་བླང་དོར་དུ་སྤྱོད་པའི་དོན་དུ་ཕྱུང་བ་གསུམ་ནི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་དང་། ལ་ལ་གཟུང་འཛིན་གྱི་རྟོག་པ་རྣམས་དག་པར་བྱེད་པའི་དོན་དུ་ཕྱུང་བ་དང་། ལ་ལ་ལྷ་དང་གཙང་བའི་རིགས་རྣམས་བླང་བ་དང་རྟོག་པ་དང་རྨེ་བའི་རིགས་རྣམས་དོར་བར་བྱ་བའི་དོན་དུ་ཕྱུང་བ་ནི་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་དང་། ལ་ལར་བདག་ཉིད་ཡེ་ནས་དག་པ་ལྷ་དང་དཀྱིལ་འཁོར་གྱི་ངོ་བོར་གནས་པ་ལམ་བསྐྱེད་རྫོགས་ལ་བརྟེན་ནས་མངོན་དུ་བྱེད་པའི་དོན་དུ་ཕྱུང་བ་ནི་དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟེ། དེ་ལྟར་མངོན་དུ་ཕྱུང་བ་བཞིན་དུ་འཁོར་རྣམས་ཀྱིས་ཀྱང་ལ་ལས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་མངོན་དུ་སྣང་བའི་ཆོས་རྣམས་སྤང་བར་བྱ་བའི་ཡུལ་དུ་མཐོང་བ་དང་། ལ་ལས་དགག་པའི་ཡུལ་དུ་མཐོང་བ་དང་། ལ་ལས་གཉེན་པོ་ལ་སྤྱོད་པའི་ཡུལ་དུ་མཐོང་བ་དང་། ལ་ལས་དག་བྱའི་སྟེ་དག་པར་བྱ་བའི་ཡུལ་དུ་མཐོང་བ་དང་། ལ་ལས་བླང་དོར་དུ་བྱ་བའི་ཡུལ་དུ་མཐོང་བ་དང་། ལ་ལས་བདག་ཉིད་ཆེན་པོར་དབང་བསྡུའི་སྟེ་དབང་དུ་བསྡུ་བར་བྱ་བའི་ཡུལ་དུ་མཐོང་བ་སྟེ་རྒྱས་པར་ན་དུག་སྡོང་གི་སྟོང་ཐུན་དང་སྦྱར་ཏེ་གསུངས་པ་ལྟར་ཤེས་པར་བྱ་སྟེ། དེ་ལྟར་རྒྱུ་དང་འབྲས་བུའི་སྟོན་པ་གསུམ་པོ་ཡི་འཁོར་ཚོགས་རྣམས་ཀྱིས་དེ་ལྟར་མཐོང་བའོ། །གསུམ་པ་ནི། ཀྱེ་སེམས་དཔའ་ཆེན་པོ། དེ་ལྟར་ཆོས་ཐམས་ཅད་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་མངོན་དུ་ཕྱུང་བ་ཡིན་པའི་ཚུལ་འདི་ཉིད་ནི་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་འཁོར་རྣམས་ལ་དེ་བཞིན་ཏུ་ངེས་པར་ལུང་སྟོན་ཅིག །དེ་ཡང་ཀུན་བྱེད་ང་ནི་སེམས་དཔའ་རྡོ་རྗེ་ཁྱེད་ཀྱི་ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་སྟེ་དེ་ལས་ཐ་དད་དུ་མེད་པས་ན། སྟོན་པ་ང་ཡི་རང་བཞིན་མངོན་དུ་བྱུང་བ་གང་ཡིན་པ་དེ་སེམས་དཔའ་ཆེན་པོ་ཁྱེད་ཀྱི་རང་བཞིན་མངོན་དུ་ཕྱུང་བ་ཡང་ཡིན་ལ། དེ་ལྟར་ཆོས་ཐམས་ཅད་ཁྱེད་ཀྱི་རང་བཞིན་མངོན་དུ་ཕྱུང་བ་ཡིན་པར་བསྟན་པའི་ཚུལ་དེས་ནི། སེམས་དཔའ་ཆེན་པོས་རང་གི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་སྤྲོས་བྲལ་བློ་ལས་འདས་པའི་གནས་ལུགས་མ་བཅོས་ཡེ་སངས་རྒྱས་པའི་ཚུལ་དེ་རང་ངོ་ཤེས་པར་གྱིས་ཤིག །དེ་བཞིན་དུ་ཕྱི་ནང་སྣོད་བཅུད་དུ་སྣང་བའི་ཆོས་ཕུན་སུམ་ཚོགས་པ་གསུམ་གྱིས་བསྡུས་པ་འདི་དག་ཐམས་ཅད་རང་གི་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་འགག་པ་མེད་པའི་རྩལ་ལས་ཤར་བ་ཡིན་པར་ཡང་ཤེས་པར་གྱིས་ལ། དེ་ལྟར་སེམས་དཔའ་ཉིད་ཀྱིས་ཇི་ལྟར་རྟོགས་པ་ལྟར་རྒྱུ་འབྲས་ཀྱི་སྟོན་པ་གསུམ་གྱི་འཁོར་རྣམས་ལ་ཡང་དེ་བཞིན་དུ་ལུང་སྟོན་ཅིག །ཅེས་གསུངས་སོ། །གཉིས་པ་དེ་ཉིད་རང་སེམས་ལས་གཞན་དུ་མི་ཚོལ་བར་འཁོར་གྱིས་བསྒྲགས་པ་ལ་གསུམ་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་སེམས་ཉིད་དུ་བསྟན་པ། སེམས་ལས་གཞན་དུ་བཙལ་བའི་ཉེས་པ། རང་བཞིན་རྫོགས་པ་ཆེན་པོ་ཡང་རབ་པའི་གང་ཟག་ལ་སྣང་ཚུལ་ལོ། །དང་པོ་ནི། སྟོན་པ་ཀུན་བྱེད་ཉིད་ཀྱིས་སེམས་དཔའ་རྡོ་རྗེ་ལ་ཉིད་ཀྱི་རང་བཞིན་འཁོར་ཚོགས་རྣམས་ལ་སྟོན་ཅིག་པར་བསྐུལ་བ་དེ་ནས་སེམས་དཔའ་རྡོ་རྗེ་དེས་རྒྱུ་འབྲས་ཀྱི་ཐེག་པ་ལ་གནས་པའི་སྟོན་འཁོར་རྣམས་ལ་སྟོན་པ་ཀུན་བྱེད་ཉིད་ཀྱིས་ཇི་ལྟར་གདམས་པའི་དོན་དེ་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཇི་ལྟར་ཞེ་ན་ཀྱེ་རྒྱུ་དང་འབྲས་བུའི་ཐེག་པ་ལ་སྤྱོད་པའི་སྐུ་གསུམ་གྱི་སྟོན་པ་དང་འཁོར་དུ་སྣང་བ་རྣམས་ཞེས་བོས་ནས། རྒྱལ་བ་སྐུ་གསུམ་གྱི་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཉིད་ཀྱིས་སྣང་སྲིད་སྣོད་བཅུད་ལ་སོགས་པའི་ཆོས་ཀུན་བྱས་ཤིང་མངོན་དུ་ཕྱུང་སྟེ། དེ་ཡང་སྟོན་པ་དང་བསྟན་པ་དང་འཁོར་གྱི་རང་བཞིན་དུ་ཕུན་སུམ་ཚོགས་པར་བྱས་ལ། དེ་ལྟ་བུའི་ཕུན་སུམ་ཚོགས་པ་གསུམ་མངོན་དུ་ཕྱུང་བ་དེ་གཞན་ཞིག་མ་ཡིན་པར་ཀུན་བྱེད་རྒྱལ་པོ་རང་གི་རང་བཞིན་མངོན་དུ་ཕྱུང་བ་ཡིན་པ་དང་། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་གང་ཡིན་པར་དེ་འཁོར་གྱི་རང་བཞིན་ཡང་ཡིན་པར་བསྟན་པས་དེ་བས་ན། ཚུལ་དེ་བཞིན་དུ་རྒྱུ་འབྲས་ཀྱི་སྟོན་འཁོར་ཁྱེད་རྣམས་ཀྱིས་རང་བྱུང་གདོད་མའི་མགོན་པོ་ཀུན་བྱེད་ཀུན་ཏུ་བཟང་པོ་དེ་ཉིད་གཞན་དུ་མེད་པར་རང་གི་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཀུན་ཤེས་ཀུན་རིག་གི་བདག་ཉིད་ཅན་འདི་ཉིད་ཡིན་པར་རྟོགས་པར་གྱིས་ལ། ཕུན་སུམ་ཚོགས་པ་གསུམ་གྱིས་བསྡུས་པའི་འཁོར་འདས་ཀྱི་ཆོས་འདི་དག་ཐམས་ཅད་ཀྱང་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་འགག་པ་མེད་པའི་རྩལ་སྣང་རང་ལ་ཤར་བ་ཡིན་པར་རྟོགས་པའི་སྒོ་ནས། ཆོས་དེ་དག་ཐམས་ཅད་ལ་རང་ལས་གཞན་ཡིན་པར་བཟུང་སྟེ་གཟུང་འཛིན་ཐ་དད་དུ་མ་རྟོག་པར་རང་གི་སེམས་ཉིད་ཀྱི་རྩལ་སྣང་ཡིན་པར་ཀུན་གྱིས་རྟོགས་པར་གྱིས་ཤིག །ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཉིད་དང་ཡེ་ནས་དབྱེར་མེད་པའི་དོན་དེ་ཇི་བཞིན་དུ་མངོན་དུ་འགྱུར་རོ་ཞེས་གདམས་སོ། །ཚུལ་དེ་ལྟར་སློབ་དཔོན་ཆེན་པོས་ཀྱང་། ད་ལྟའི་ཤེས་རིག་མ་འགག་ས་ལེ་བ། །ཀུན་བཟང་གདོད་མའི་མགོན་པོ་དེ་ཀའོ། །ཞེས་དང་། བྱང་ཆུབ་ཀྱི་སེམས་རྨད་བྱུང་ལས། །སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ལས་བྱུང་ཞིང་ཐུགས་རྨད་དུ་བྱུང་བར་མ་གྱུར་པ་མེད་དོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལ་དྲུག་སྟེ། གཉིས་མེད་བྱང་ཆུབ་ཀྱི་སེམས་ལ་སྤང་གཉེན་རང་མཚན་དུ་ཞེན་པས་ཉན་ཐོས་པས་རྣལ་མིའི་དོན་མི་མཐོང་བ། དགག་སྒྲུབ་གཉིས་མེད་ཀྱི་སེམས་ལ་སྤངས་འགེགས་མཚན་མར་ཞེན་པ་རང་རྒྱལ་ཆོས་ཉིད་ལས་རིང་བ། སེམས་ཉིད་སྒྲུབ་གསལ་ལས། འདས་པ་སྦྱང་བགྲོད་བྱ་བཙལ་དུ་གནས་པའི་བྱང་སེམས་སྐྱེ་མེད་དང་རིང་བ། ཆོས་ཉིད་དག་གྲོལ་ལས་འདས་པ་ཕྱི་ནང་དག་པར་སྦྱོར་བའི་ཀྲྀ་ཡ་གནས་ལུགས་དང་འགལ་བ། བླང་དོར་གཉིས་མེད་ཀྱི་དོན་ལ་ཏིང་འཛིན་བླང་དོར་དུ་ཞེན་པའི་ཡོ་ག་གཉིས་མེད་ལས་རིང་བ ། ལྷུན་གྲུབ་རྩོལ་སྒྲུབ་ལས་འདས་པའི་ཀུན་བྱེད་བྱ་རྩོལ་བསྐྱེད་རྫོགས་ལ་ཞེན་པའི་མ་ཧཱ་ཨ་ནུ་བ་སྙིང་པོ་ཡེ་ཤེས་ལས་རིང་བའོ། །དང་པོ་ནི། དེ་ལྟར་ཆོས་རྣམས་རང་གི་རང་བཞིན་ཡིན་པར་མ་ཤེས་ན་ཅིར་འགྱུར་སྙམ་ན། དེ་ལ་ཉན་ཐོས་རྣམས་ཀྱིས་ཆོས་ཐམས་ཅད་རང་གི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད་ཡིན་པར་མ་རྟོགས་ཏེ་སྒྲིབ་པར་བྱེད་པའི་ཚུལ་ནི། བརྟགས་བྱའི་ཡུལ་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་དེ་ཐམས་ཅད་རང་སེམས་དེ་བཞིན་ཉིད་ཀྱི་རང་བཞིན་གཟུང་འཛིན་གཉིས་མེད་ཀྱི་ངོ་བོ་ཡིན་པ་ལ་གང་ཟག་གི་བདག་མེད་ཙམ་དུ་རྟོགས་པ་ལས་ཆོས་ཀྱི་བདག་རང་བཞིན་མེད་པར་མ་རྟོགས་པར་ཕྱི་གཟུང་བ་རྡུལ་ཕྲན་ཆ་མེད་དང་། ནང་འཛིན་པ་སྐད་ཅིག་ཆ་མེད་ཀྱིས་བརྩམ་པའི་གཟུང་འཛིན་ཐ་དད་དུ་བལྟ་ཞིང་། ཡུལ་དེ་ཐམས་ཅད་སྡུག་ཀུན་གཉིས་ཀྱིས་བསྡུས་པས་གནོད་པའི་རང་བཞིན་དུ་གྱུར་པས་ཕུང་པོ་ལྔ་ལ་གཤེད་མ་རལ་གྲི་ཐོག་པ་དང་ཁམས་རྣམས་ལ་སྦྲུལ་གདུགས་ལྟ་བུར་བལྟ་བ་སོགས་མདོར་ན་དགྲ་དང་ཚེར་མ་ལྟ་བུར་བརྟགས་ནས་སྤང་བྱར་ལྟ་བའི་ཕྱིར་ན་རང་གི་རང་བཞིན་སྤང་གཉེན་གཉིས་དང་བྲལ་བའི་ཆོས་ཉིད་དེ་སྤངས་ནས་བསྐལ་པ་བརྒྱ་ཕྲག་སོགས་ཡུན་རིངས་སུ་སྟེ་ཡུན་རིངས་པོའི་བར་དུ་ཆོས་ཉིད་སྤྲོས་པ་དང་བྲལ་བ་རང་གི་སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི་རང་ཞལ་མི་མཐོང་བར་འགྱུར་ལ། དེ་ལྟར་རང་གི་སེམས་ཀྱི་ཆོས་ཉིད་དེ་མ་མཐོང་ན་བསྐལ་པ་བརྒྱ་ཕྲག་སོགས་ཡུན་རིངས་སུ་རང་གི་རང་བཞིན་རིག་པ་བྱང་ཆུབ་ཀྱི་སེམས་དེ་མི་མཐོང་བར་སྤོངས་བར་འགྱུར་བས་བྱ་རྩོལ་གཉིས་མེད་ཆོས་སྐུ་བདེ་བ་ཆེན་པོའི་གོ་འཕང་དེ་མི་ཐོབ་པར་གསུངས་སོ། །ཚུལ་འདི་ལྟར་སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། གང་ཟག་བདག་མེད་རྟོགས་ཀྱང་ཆོས་ཀྱི་བདག་མ་སྤངས། །ཆོས་ཀྱི་བདག་ནི་གཟུང་འཛིན་གཉིས་སུ་སྣང་། །འཛིན་པའི་རྒྱུན་རྟོག་སྐད་ཅིག་འགགས། །རྟག་ཆད་གཉིས་ལས་འདས་པར་བལྟ། །དཔེར་ན་ཆུ་བོ་གང་གཱ་བཞིན། །གཟུང་བྱ་ཀུན་རྫོབ་རྣམ་པར་གསལ། །དོན་དམ་རྡུལ་ཕྲན་རྫས་སུ་འདོད། །དཔེར་ན་གཡག་རྔ་ནེ་སེང་བཞིན། །མདོ་སྡེ་བྱེ་བྲག་གཉིས་སུ་འདོད། །ཉན་ཐོས་ཞེ་འདོད་ཡིན་པས་ན། །གཉིས་མེད་བདེ་ཆེན་དོན་དང་འགལ། །ཞེས་གསུངས་སོ། །གཉིས་པ་ནི། དེ་བཞིན་དུ་རང་རྒྱལ་རྣམས་ཀྱིས་ཡུལ་དེ་ཐམས་ཅད་རང་གི་སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་དུ་མ་རྟོགས་པར་ཡུལ་དེ་ཕྱི་ནང་རྟེན་འབྲེལ་བཅུ་གཉིས་སྔ་མ་སྔ་མ་རྐྱེན་དང་ཕྱི་མ་ཕྱི་མ་རྐྱེན་ཅན་གྱི་ཚུལ་དུ་བྱུང་བའི་སྡུག་ཀུན་གཉིས་ཀྱི་མཚན་ཉིད་ཅན་དགྲར་གྱུར་པའི་རང་བཞིན་དུ་བརྟགས་ནས། རྟེན་འབྲེལ་ལུགས་འབྱུང་བཅུ་གཉིས་ལུགས་ལྡོག་གི་ཚུལ་དུ་བསྒོམས་པས་རང་གི་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་བཀག་པར་བྱེད་པ་དེས་ན། བསྐལ་པ་བརྒྱ་ཕྲག་ཡུན་རིངས་སུ་ཆོས་ཉིད་རང་གི་རང་བཞིན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་དེ་མི་མཐོང་ལ། དེ་ལྟར་རང་གི་སེམས་ཀྱི་ཆོས་ཉིད་སྐྱེ་འགག་དང་བྲལ་བའི་དོོན་དེ་མ་མཐོང་ན། བསྐལ་པ་བརྒྱ་ཕྲག་ཡུན་རིངས་སུ་རང་གི་བྱང་ཆུབ་སེམས་ཀྱི་ངོ་བོ་དེ་རང་ཉིད་ཀྱིས་འགེགས་པར་བྱས་པས་ཡེ་ནས་བྱ་རྩོལ་མེད་པ་བདེ་ཆེན་འགྱུར་བ་མེད་པའི་གོ་འཕང་དེ་མི་ཐོབ་བོ། །དེ་ལས། གང་ཟག་བདག་མེད་གོང་མཐུན་ངེས་རྟོགས་ལ། །ཆོས་ཀྱི་ཁམས་ལ་ཕྱོགས་གཅིག་བདག་མེད་ལྟ། །དེ་གཉིས་མཚན་མར་ངེས་འཛིན་པ། །རང་རྒྱལ་ཞེ་འདོད་ལྟ་བ་ཡིས། །གཉིས་མེད་བདེ་ཆེན་དོན་ལས་ཉམས། །ཞེས་སོ། །གསུམ་པ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་བས་ཚོགས་དྲུག་གི་ཡུལ་དུ་སྣང་བའི་ཕྱི་ནང་གི་ཆོས་དེ་ཐམས་ཅད་རང་གི་སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་མ་རྟོགས་པར་ཡུལ་དང་ཡུལ་ཅན་དུ་སྣང་བའི་ཆོས་དེ་རྣམས་ཆོས་ཉིད་སྐྱེ་བ་མེད་པའི་རང་བཞིན་དུ་སྦྱངས་བར་བྱ་བའི་ཡུལ་དུ་མཐོངས་ནས་རང་གི་རིག་པའི་རང་བཞིན་དེ་རྩོལ་སྒྲུབ་ཀྱིས་སྦྱོང་བར་བྱེད་པའི་སྒོ་ནས་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་པར་འདོད་པའི་ཞེ་འདོད་དང་བཅས་པ་དེས་ན། བསྐལ་པ་ཆེན་པོ་གྲངས་མེད་གསུམ་སོགས་ཀྱི་བར་དུ་ཆོས་ཉིད་རང་གི་ངོ་བོ་གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་མི་མཐོང་ལ། དེ་ལྟར་རང་གི་སེམས་ཉིད་ཆོས་ཉིད་གཉུག་མའི་ཡེ་ཤེས་གདོད་ནས་བསལ་བཞག་བྲལ་བའི་རང་བཞིན་མ་མཐོང་སྟེ་སྒྲིབས་པར་གྱུར་པ་དེས་ན་རང་གི་སེམས་ཉིད་སྦྱང་བགྲོད་གང་ཡང་མི་དགོས་པར་གདོད་ནས་སྐྱེ་བ་མེད་པ་ཡེ་བབ་སོར་བཞག་ཆེན་པོའི་ལྟ་བའི་གདེང་དང་བྲལ་བར་འགྱུར་རོ། །དེ་ཉིད་ལས། བདག་གཉིས་བྲལ་བར་བལྟ་ཞིང་བདེན་གཉིས་ཚུལ་དུ་འདོད། །དོན་དམ་སེམས་སུ་བལྟ་བ་དང་། །ཀུན་རྫོབ་སྐུར་བ་མི་འདེབས་པ། །དཔེར་ན་རྨི་ལམ་སྨིག་རྒྱུ་བཞིན། །བྱང་ཆུབ་སེམས་དཔའི་ལྟ་བ་ཡིན། །གཉིས་མེད་ཡེ་ཤེས་དོན་ལས་གོལ། །ཞེས་གསུངས་སོ། །བཞི་པ་ནི། ཀྲྀ་ཡ་སྟེ་བྱ་བའི་རྒྱུད་ཀྱིས་ཡུལ་ཕྱི་ནང་སྣོད་བཅུད་དུ་སྣང་བའི་ཆོས་དེ་རྣམས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ནས་གཟུང་འཛིན་གཉིས་དང་བྲལ་བས་རྣམ་པར་དག་པའི་རང་བཞིན་ཡིན་པ་ལ་དེ་ལྟར་མ་རྟོགས་པར་གཟུང་འཛིན་གཉིས་ཀྱི་དྲི་མ་ཡོད་པར་མཐོང་ནས། ཕྱི་རྫས་དང་ཡོ་བྱད་དག་པ་ལ་སོགས་པ་ཕྱི་ནང་རྟོག་པ་ཐམས་ཅད་དག་པ་གསུམ་གྱིས་ཉམས་སུ་ལེན་པར་བྱེད་ཅིང་། བདག་དང་ལྷ་གཉིས་རྗེ་དང་བྲན་གྱི་ཚུལ་དུ་བསྒོམ་པ་དང་། སྤྱོད་པ་ཁྲུས་དང་གཙང་སྦྲ་ལ་སོགས་པས་དག་པའི་ངོ་བོར་སྒྲུབ་པར་བྱེད་པ་དེས་ཀྱང་ཡེ་ནས་དག་པའི་ངོ་བོ་རང་གི་སེམས་ཀྱི་ཆོས་ཉིད་མ་མཐོང་བ་ཡིན་ལ། དེ་ལྟར་རང་སེམས་དག་པ་ཆེན་པོའི་རང་ཞལ་མ་མཐོང་བར་དེ་དང་བྲལ་བའི་ཕྱིར་ན། མི་ཡི་སྐྱེ་བ་ཚེ་རབས་བདུན་གྱི་བར་དུ་ཞེས་པ་འདི་རིག་འཛིན་གྲུབ་པའི་ཚེ་བསྐལ་པ་རེ་ཐུབ་པས་བྱ་རྒྱུད་རང་ལམ་ནས་བསྐལ་ཆེན་བརྒྱད་ན་འབྲས་བུ་ཐོབ་པར་བཤད་པ་དང་དོན་གནད་གཅིག་པར་གསུངས་པས། དེའི་བར་དུ་རང་གི་སེམས་ཀྱི་ཆོས་ཉིད་གནས་ལུགས་དག་གྲོལ་ལས་འདས་པ་དེ་མི་མཐོང་བར་གསུངས་པའོ། །དེ་ལས། མི་རྟོག་སྐྱེ་འགག་མེད་པའི་ངང་ལས་མ་གཡོས་ཀྱང་། །སེམས་དཔའ་རྣམ་གཉིས་རྗེ་དང་བྲན་དུ་བལྟ། །ཀྲི་ཡའི་ལྟ་བ་ཞེ་འདོད་དང་བཅས་པས། །ཀུན་བཟང་བདེ་ཆེན་དོན་དང་འགལ། །ཞེས་གསུངས་སོ། །ལྔ་པ་ནི། ཕྱི་རྒྱུད་གོང་མ་གཉིས་ཀྱིས་ཡེ་ནས་བཟང་ངན་བླང་དོར་གཉིས་སུ་གྲུབ་པ་མེད་པའི་རིག་པ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་མདངས་སུ་ཤར་བའི་ཆོས་འདི་རྣམས་ལ་ལ་ལ་བླང་བར་བྱ་བ་དང་ལ་ལ་མ་དག་མཚན་མའི་དངོས་པོ་དོར་བར་བྱ་བའི་ཡུལ་དུ་མཐོང་ནས་བཟང་ངན་སྤང་བླང་གཉིས་དང་བྲལ་བའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་གི་རང་བཞིན་ཉིད་ཡིན་པ་ལ་མཚན་བཅས་དང་མཚན་མ་མེད་པའི་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པའི་རྩོལ་སྒྲུབ་ཀྱིས་བླང་དོར་བྱས་པ་ཡིན་ལ། དེ་ལྟར་རང་གིས་རང་གི་སེམས་ཉིད་གཅིག་གི་ངོ་བོ་ལ་བླང་དོར་གཉིས་སུ་མཐོང་ཞིང་དགག་སྒྲུབ་བྱས་པ་དེའི་དབང་གི་སྐྱེ་བ་བར་མ་ཆོད་པའི་ཚུལ་གྱིས་ལམ་ལ་སྦྱང་བརྩོན་བྱས་ཀྱང་མི་ཚེ་གསུམ་གྱི་བར་དུ་རང་གི་སེམས་ཉིད་བླང་དོར་གཉིས་སུ་མེད་པའི་གནས་ལུགས་དེ་མི་མཐོང་བའི་ཉེས་པ་དང་བཅས་པའོ། །དོན་གསལ་ལས། མི་རྟོག་ངང་ལས་མ་གཡོས་སྐྱེ་འགག་བྲལ་བཞིན་དུ། །སེམས་དཔའ་རྣམ་གཉིས་སྤུན་དང་གྲོགས་པོར་བལྟ། །ཨུ་པ་ཡོ་གའི་འདོད་པ་ཡིས། །དབྱེར་མེད་ཡེ་ཤེས་བདེ་ཆེན་དོན་ལས་འགལ། །ཞེས་སོ། །དྲུག་པ་ནི། འདི་ལྟར་མ་ཧཱ་དང་ཨ་ནུ་གཉིས་ཀྱིས་ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ་པའི་རང་བཞིན་རྩོལ་སྒྲུབ་ལས་འདས་པའི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ལ་རང་རང་གི་ལྟ་བ་དང་མཐུན་པར་བསྐྱེད་རྫོགས་རྣམ་པ་གཉིས་ཀྱིས་བཙལ་ཞིང་སྒྲུབ་པའི་ཡུལ་དུ་མཐོང་ནས། ཀུན་རྫོབ་དང་དོན་དམ་གྱི་སེམས་རྣམ་པ་གཉིས་བསྐྱེད་པ་ལ་སོགས་པའི་སྒོ་ནས་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་གཅིག་གི་རང་བཞིན་དུ་དབང་དུ་སྡུད་པའམ་དབང་བསྒྱུར་བར་བྱས་ཏེ་དག་མཉམ་བདེ་བ་ཆེན་པོའི་བདག་ཉིད་དུ་སྒྲུབ་པར་བྱེད་པ་སྟེ། དེ་ལྟར་རང་གི་ཆོས་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་ཡེ་ནས་བཙལ་དུ་མེད་པ་ལྷུན་འབྱམས་བདེ་བ་ཆེན་པོ་ལ་བཙལ་བས་གསར་དུ་གྲུབ་པར་འདོད་པའི་ཕྱིར་ན་བཅུ་དྲུག་ཟླ་བས་སམ་ཟླ་བ་བཅུ་དྲུག་ལ་སོགས་པའི་ཚེས་ཚོམ་བུ་ཚོགས་བསྒྲུབ་བྱས་པ་ལ་བརྟེན་ནས། ཚེ་ལ་དབང་བའི་རིག་འཛིན་གྲུབ་སྟེ་སྐྱེ་བ་བཅུ་དྲུག་གི་ཡུན་དུ་ཕྱིར་བསྣུར་བའི་ལོ་སྟོང་དང་བརྒྱ་ཚོ་བཅུ་དྲུག་གི་ལོ་ཡི་བར་དུ་རིག་འཛིན་གྱི་ལུས་དེ་ཡིས་ནི་ཆ་ལུགས་ལོངས་སྐུ་ཡི་ཚུལ་གཟུང་ནས་ནི་རང་གི་སེམས་ཉིད་འོད་གསལ་བའི་ཡེ་ཤེས་ལྷུན་གྲུབ་རྩོལ་སྒྲུབ་ལས་འདས་པ་དེ་གཟོད་རྟོགས་པར་བྱེད་དགོས་པས་སྙིང་པོ་ཡེ་ཤེས་ལས་གོལ་ཞིང་རིང་བར་གསུངས་ཏེ། དེ་ཉིད་ལས། མ་སྐྱེས་འགག་པ་མེད་ཅིང་མི་རྟོག་གཡོ་བ་མེད་བཞིན་དུ། །ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོར་བལྟ། །མ་ཧཱ་ཞེ་འདོད་མཚན་མར་འཛིན། །སྤྲོས་བྲལ་བདེ་བ་ཆེན་པོའི་དོན་ལས་གོལ། །མ་གཡོས་མི་རྟོག་སྐྱེ་འགག་མེད་བཞིན་དུ། །དབྱིངས་དང་ཡེ་ཤེས་ལྷ་དང་ལྷ་མོར་འཛིན། །ཨ་ནུའི་ཞེ་འདོད་ལྟ་བ་ཡིན། །དངོས་མེད་ཟང་ཐལ་རང་སྣང་བདེ་ཆེན་དོན་ལས་གོལ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཡང་རབ་པའི་གང་ཟག་ལ་སྣང་ཚུལ་ནི། དེ་ལྟར་རྩོལ་སྒྲུབ་ཅན་གྱི་ཐེག་པ་ལ་གནས་པའི་གང་ཟག་རྣམས་ཀྱིས་རང་སེམས་ཆོས་སྐུའི་རང་ཞལ་རང་གིས་བསྒྲིབ་པའི་རྒྱུ་མཚན་དེས་ན། རང་གི་སེམས་ཀྱི་ཆོས་ཉིད་སྐྱེ་བ་མེད་པ་གདོད་མའི་འོད་གསལ་ཆེན་པོ་མངོན་དུ་ཕྱུང་བ་འདི་ཡིས་རྒྱུ་དང་འབྲས་བུ་ལ་རྟོག་པར་བྱེད་པའི་རྩོལ་སྒྲུབ་ཅན་དེ་རྣམས་ལ་ཕན་པ་མེད་ཀྱང་། སྔོན་གྱི་ལས་འཕྲོ་བཟང་བ་དང་ད་ལྟར་སྐལ་བར་ལྡན་པ་ཡི་གང་ཟག་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་ཨ་ཏི་རྫོགས་པ་ཆེན་པོའི་དགོངས་དོན་ཇི་བཞིན་དུ་རྟོགས་པར་ནུས་པའི་ཡང་རབ་མཆོག་ལྡན་རྣམས་ཀྱིས་ད་ལྟ་ཉིད་ནས་བྱར་མེད་བློ་འདས་ཆེན་པོའི་དགོངས་པ་མངོན་དུ་གྱུར་ནས་ཁམས་གསུམ་འཁོར་བའི་གཡང་ས་རིག་པའི་རླབས་ཀྱིས་གཅོད་པའི་དགོས་ཆེད་ཡོད་པ་དེས་ན་དེ་ལྟ་བུའི་དོན་དུ་མངོན་དུ་ཕྱུང་བ་ཡིན་ནོ། །ཞེས་སེམས་དཔའ་རྡོ་རྗེས་གསུངས་སོ། །གསུམ་པ་དེ་ཐམས་ཅད་སེམས་ཉིད་དེ་བཞིན་ཉིད་ཀུན་བྱེད་ཉིད་ཀྱི་རང་བཞིན་དུ་བསྟན་པ་ལ་བཞི་སྟེ། རྒྱུ་འབྲས་ཀྱི་ཐེག་པས་མི་རྟོགས་པ། ཇི་བཞིན་པའི་གནས་ལུགས་བཤད་པ། ཕུན་སུམ་ཚོགས་པའི་རང་བཞིན་མངོན་དུ་ཕྱུང་ཚུལ། དེའི་འཐད་པ་རྒྱ་ཆེར་བཤད་པའོ། །དང་པོ་ནི། དེ་ལྟར་སྟོན་འཁོར་བསྟན་པ་ཐམས་ཅད་རང་སེམས་ལས་གཞན་དུ་མི་ཚོལ་བར་གདམས་པ་དེ་ནས་སྟོན་པ་ཀུན་བྱེད་རྒྱལ་པོ་ཉིད་ཀྱིས་སེམས་དཔའ་རྡོ་རྗེ་ལ་སོགས་པའི་འཁོར་གྱི་ཚོགས་ལ་རྒྱུ་འབྲས་ཀྱི་ཐེག་པ་འོག་མ་པ་རྣམས་ཀྱི་སེམས་ཉིད་མངོན་དུ་བྱུང་ཡང་མི་རྟོགས་པར་ལུང་བསྟན་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཡེ་བབ་ཀ་དག་ཆེན་པོ་ཟབ་གསལ་གཉིས་སུ་མེད་པའི་ཆོས་ཉིད་མངོན་དུ་ཕྱུང་ཞིང་བསྟན་པ་འདི་ནི་གཞན་དུ་མེད་པར་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་གདོད་ནས་སྐྱེ་བ་མེད་པ་འདི་ཉིད་ཡིན་ཀྱང་། གོང་དུ་བསྟན་པའི་རྒྱུ་དང་འབྲས་བུ་ཡི་ཐེག་པ་ཅན་རྣམས་ཀྱིས་རང་སེམས་མངོན་དུ་ཕྱུང་བ་ཡིན་པར་མ་རྟོགས་ཏེ། ཐེག་པ་རང་རང་གི་ལམ་ལ་ཞེན་ནས་ཉན་རང་རྣམས་ཀྱིས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ་སྤོངས་ཞིང་འགེགས་པར་བྱས་པས་བསྐལ་པ་གྲངས་མེད་ཡུན་རིངས་སུ་སྤོང་འགེགས་ཀྱི་ལམ་དེ་ལ་གནས་པ་ལས་མཐར་འབྲས་བྱང་ཆུབ་ཆེན་པོ་མི་ཐོབ་པ་དང་། བྱང་སེམས་རྣམས་ཀྱིས་སྒྲིབ་གཉིས་སྦྱོང་ཤིང་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་པ་ལ་བསྐལ་པ་གྲངས་མེད་གསུམ་དུ་གནས་པ་དང་། ཀྲྀ་ཡ་བས་དག་པར་བྱེད་པའི་ཁྲུས་དང་གཙང་སྦྲའི་སྤྱོད་པ་ལ་ཞེན་པས་མི་ཚེ་བདུན་གྱི་བར་དུ་སྒྲིབ་པ་དང་། ཡོ་ག་བས་སྒོ་གསུམ་བྱིན་གྱིས་རློབས་པ་དང་ཆོ་འཕྲུལ་བཞི་ལ་སོགས་པའི་སྒོ་ནས་བླང་དོར་ཅན་གྱི་ལམ་ལ་གནས་པས་ནི་མི་ཚེ་གསུམ་གྱི་བར་དུ་ཐོགས་པ་དང་། མ་ཧཱ་དང་ཨ་ནུ་བས་ཆོས་ཐམས་ཅད་ཏིང་ངེ་འཛིན་གྱིས་དབང་དུ་སྡུད་ཅིང་བདག་ཉིད་ཆེན་པོའི་ངོ་བོར་སྒྲུབ་པར་འདོད་པས་ལོ་སྟོང་དང་བརྒྱ་ཕྲག་དྲུག་ཏུ་སྟེ་ལོ་སྟོང་དྲུག་བརྒྱའི་བར་དུ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་ཆ་ལུགས་འཛིན་པ་དེ་ཡིས་རང་གི་སེམས་ཉིད་སྙིང་པོའི་ཡེ་ཤེས་དེ་གཟོད་རྟོགས་པར་བྱེད་དགོས་པ་ཡིན་ལ། དེ་ལྟ་བུའི་ཐེག་པ་འོག་མའི་བློ་ཅན་དེ་དག་ཀུན་གྱིས་ཀྱང་ཀུན་བྱེད་ཆོས་སྐུའི་དགོངས་པ་རང་སེམས་སྐྱེ་བ་མེད་པའི་དོན་དེ་ནམ་ཞིག་རྟོགས་པའི་དུས་ན་འོག་མའི་རྩོལ་སྒྲུབ་ཀུན་དང་བྲལ་ནས་མི་རྩོལ་མི་འབད་པར་བདེ་ཆེན་འགྱུར་བ་མེད་པའི་ས་ཐོབ་པར་འགྱུར་ཏེ། དེ་ཡང་འོག་མའི་ཐེག་པའི་ལམ་ནས་རྒྱུ་འབྲས་རྩོལ་སྒྲུབ་བྱས་པས་དེ་ལྟར་ཐོབ་པ་མིན་པར་ཡེ་ནས་རིག་པ་རང་གི་ངོ་བོ་རྩོལ་མེད་ཡེ་སངས་རྒྱས་པའི་བདག་ཉིད་དུ་གནས་པ་རྣལ་འབྱོར་བས་མངོན་དུ་མཐོང་བ་ཙམ་སྟེ། མུ་ཏིག་ཕྲེང་བའི་རྒྱུད་ལས། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་དང་། དཔལ་ས་ར་ཧས། གདོད་ནས་སྐྱེ་མེད་དེ་བཞིན་ཡིན་པ་ལ། །དེ་རིང་དཔལ་ལྡན་བླ་མས་བསྟན་པས་རྟོགས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལ་བརྒྱད་དེ། སེམས་ཉིད་རྩོལ་སྒྲུབ་ལས་འདས་པས་ཡེ་ནས་བྱང་ཆུབ་དུ་བསྟན་པ། གང་ལྟར་བརྟགས་པ་རང་བཞིན་གྱིས་སྟོང་པས་ཐེག་པ་འོག་མ་མིང་གིས་འཁྲུལ་པ། རེ་དོགས་རྩོལ་སྒྲུབ་ལས་འདས་པས་ཐ་མལ་བཟོ་མེད་དུ་བཞག་པ། སངས་རྒྱས་རང་སེམས་ཡིན་པས་གཞན་དུ་མི་བཙལ་བར་གདམས་པ། བཙལ་ན་དེ་ཉིད་གོལ་བས་ཚོལ་མཁན་དོན་མེད་དུ་བསྟན་པ། རྩེ་གཅིག་སེམས་གནས་ལ་ཞེན་པ་འཆིང་བའི་ཐེག་པར་བརྗོད་པ། རྣལ་དོན་བློ་ཆུང་ལ་བསྟན་ན་ཆོས་སྤོང་སྒྲོ་སྐུར་ལ་གནས་པ། རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པས་རང་སེམས་ཆོས་སྐུར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་རྒྱུ་འབྲས་བླང་དོར་གྱི་ལམ་སྟོན་པར་བྱེད་པ་ཉན་རང་གི་ཐེག་པ་ནས་སྔགས་ཀྱི་ཐེག་པ་ཆེན་པོ་རྫོགས་པ་ཨ་ནུ་ཡོ་གའི་བར་གྱིས་བསྟན་པ་བཞིན་དུ་ཆོས་ཉིད་སྙིང་པོའི་ཡེ་ཤེས་རིག་པ་བྱང་ཆུབ་ཀྱི་སེམས་འདི་ནི་རྒྱུ་འབྲས་རྩོལ་སྒྲུབ་ཀྱིས་གསར་དུ་ཐོབ་པར་བྱེད་དགོས་པ་མ་ཡིན་གྱིས། ཀུན་བྱེད་ང་ཡི་ལུང་ཡེ་ནས་སྤང་བླང་བཅོས་བསྒྱུར་ལས་འདས་པར་བསྟན་པ་འདི་ཉིད་ཐེག་པ་ཀུན་གྱི་ནང་ནས་ངེས་པའི་དོན་མཐར་ཐུག་པ་ཡིན་པར་ཟུང་ཞིག །དེ་ཡང་ཚུལ་ཇི་ལྟར་ཞེ་ན་འདི་ལྟར་ཕྱི་ནང་འཁོར་འདས་ལ་སོགས་པར་སྣང་བའི་ཆོས་འདི་རྣམས་ཐམས་ཅད་དང་། རང་སེམས་གདོད་ནས་དག་པའི་ཆོས་ཉིད་དེ་བཞིན་ཉིད་སྨྲ་བསམ་སྤྲོས་པ་ཐམས་ཅད་དང་བྲལ་བ་འདི་གཉིས་ཡེ་ནས་དབྱེར་མེད་པ། སྣང་མཉམ་ཀུན་ཏུ་བཟང་པོའི་རོལ་པར་གཅིག་པ། སྟོང་མཉམ་ཀུན་ཏུ་བཟང་མོའི་རང་བཞིན་དུ་གཅིག་པ། གཉིས་མེད་བདེ་བ་ཆེན་པོའི་དབྱིངས་སུ་གཅིག་པ་ཡིན་ཏེ། རྩལ་རྫོགས་ལས། ཀུན་བཟང་ཡབ་ནི་ཡེ་ཤེས་ཅིར་ཡང་སྟོན། །ཀུན་བཟང་ཡུམ་ནི་ཐམས་ཅད་ངང་དུ་སྡུད། །མཚན་མའི་མིང་མེད་ཀུན་བཟང་སེམས་ཉིད་སྐུ། །འཛིན་པའི་སེམས་མེད་རང་སྣང་ཐབས་ཀྱིས་སྤྱོད། །ཅེས་དང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཡེ་ནས་ལྷུན་གྱིས་གྲུབ་པའི་དབྱིངས་རུམ་འདིར། །འཁོར་བ་ཀུན་བཟང་མྱ་ངན་འདས་པ་བཟང་། །ཀུན་བཟང་ཀློང་ན་འཁོར་འདས་ཡེ་ནས་མེད། །སྣང་བ་ཀུན་བཟང་སྟོང་པ་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་སྣང་སྟོང་ཡེ་ནས་མེད། །སྐྱེ་ཤི་ཀུན་བཟང་བདེ་སྡུག་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་བདེ་སྡུག་སྐྱེ་ཤི་མེད། །བདག་གཞན་ཀུན་བཟང་རྟག་ཆད་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་བདག་གཞན་རྟག་ཆད་མེད། །མེད་ལ་ཡོད་པར་འཛིན་པས་འཁྲུལ་བར་བཏགས། །རྟེན་མེད་རྨི་ལམ་འདྲ་བའི་རང་བཞིན་ལ། །འཁོར་འདས་རང་མཚན་ཞེན་པ་མཚར་རེ་ཆེ། །ཞེས་གསུངས་པ་ལྟར་མདོར་ན་ཡེ་ནས་སྤྲོས་བྲལ་བློ་འདས་ཆེན་པོ་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་ཆོས་ཐམས་ཅད་གཉིས་མེད་མཉམ་རྫོགས་ཆེན་པོ་གཅིག་གི་རང་བཞིན་དུ་གནས་པ་ཡིན་པས་ན་རྒྱུ་འབྲས་ཀྱི་ཐེག་པ་རྣམས་ཀྱི་ལུགས་བཞིན་ཇི་ལྟར་སྣང་བའི་ཕྱི་ནང་སྣོད་བཅུད་ཀྱི་ཆོས་འདི་དག་ཐམས་ཅད་ལ་བཟང་ངན་བླང་དོར་ལ་སོགས་པ་གཉིས་ཆོས་སུ་རྟོག་པར་མ་བྱེད་ཅིག་ཅེས་པ་སྟེ། ཀློང་ཆེན་རབ་འབྱམས་ལས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །སེམས་ཅན་བྱ་བ་གུད་ན་མེད། །གཅིག་དུ་མི་གནས་ཀུན་ལ་ཁྱབ། །ཆགས་པའི་ཚུལ་གྱིས་མཉམ་པར་གནས། །ཀུན་ལ་ཉེ་རིང་མེད་པས་ན། །གཉིས་མེད་ཀློང་ན་རྟག་པར་བཞུགས། །ཞེས་གསུངས་པ་བཞིན་དང་། དེ་བཞིན་དུ་རང་གི་སེམས་ཉིད་དེ་བཞིན་ཉིད་ལ་ནང་དུ་ཡང་རྟོག་ཅིང་དཔྱད་པར་མ་བྱེད་ཅིག་ཅེས་གདམས་ཏེ། དེ་ཅིའི་ཕྱིར་ཞེ་ན་རང་གི་སེམས་ཀྱི་གཤིས་ལུགས་ཆོས་ཉིད་དེ་བཞིིན་ཉིད་ཀྱི་རང་བཞིན་ཡེ་གྲོལ་ཀ་ནས་དག་པའི་ཆོས་ཉིད་ལ་བརྟགས་ཤིང་གཏན་ལ་དབབ་པར་བྱ་བའི་གཞི་རུ་གྲུབ་པ་གཞན་དུ་ཅི་ཡང་མེད་པར་འདི་ལྟར་སྣང་བའི་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་འདི་ཐམས་ཅད་རང་གི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་རང་ལ་སྣང་བ་ཡིན་པས་དེ་ལས་གཞན་དུ་བརྟགས་ཤིང་བཙལ་དུ་མེད་ལ་འདི་ཡང་དོན་ལ་གྲུབ་པ་མེད་པར་མེད་སྣང་སྟོང་གཟུགས་ཀྱི་རོལ་པ་གཞི་མེད་རྩ་བྲལ་ཆེན་པོའི་རང་བཞིན་ཡིན་པས་དམིགས་གཏད་བློ་ཡི་འཛིན་ཞེན་ཀུན་དང་བྲལ་བར་མཛོད་ཅིག་ཅེས་གདམས་པ་སྟེ། གནས་ལུགས་རིན་པོ་ཆེའི་མཛོད་ལས། །ཇི་ལྟར་སྒྱུ་མའི་གཟུགས་བརྙན་ཅིར་སྣང་ཡང་། །སྟོང་པའི་རང་བཞིན་དངོས་པོ་མེད་པ་ལྟར། །སྣང་སྲིད་ཆོས་ཀུན་སྣང་བའི་དུས་ཉིད་ནས། །བྱང་ཆུབ་སེམས་ལས་མ་གཡོས་དངོས་པོ་མེད། །ཅེས་གསུངས་པ་བཞིན་ནོ། ། གཉིས་པ་ནི། དེ་ལྟར་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་འདི་ལས་གཞན་དུ་མེད་པར་མ་རྟོགས་པར་འོག་མའི་ཐེག་པ་སོ་སོས་རང་རང་གི་བློས་བརྟགས་ཤིང་མིང་གིས་སྒྲོ་བཏགས་པ་བདེན་གཉིས་སོ་སོར་ཕྱེས་ནས་ཀུན་རྫོབ་ཏུ་སྣང་ལ་དོན་དམ་དུ་མི་སྣང་བར་སྟོང་པ་ཉིད་ཡིན་ནོ་ཞེས་འདོགས་པར་བྱེད་ཀྱང་། དེ་ལྟ་བུའི་དོན་དམ་དང་ཀུན་རྫོབ་གཉིས་ཐ་དད་དུ་མེད་པར་བདེན་པ་དབྱེར་མེད་གཅིག་གི་རང་བཞིན་ཡིན་ལ། བདེན་པ་གཅིག་ཅེས་པ་དེ་ཡང་ཚིག་གིས་མཚོན་པ་ཙམ་ལས་ཡང་དག་པ་ཞིག་ངེས་པར་ཡོད་པ་མ་ཡིན་པས་ན་བདེན་པ་གཅིག་ཡིན་ནོ་ཞེས་ཡང་དག་པར་འདོགས་པར་བྱེད་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་ཡང་འཁྲུལ་པར་གྱུར་པ་ཁོ་ན་ཡིན་ནོ་ཞེས་དངོས་དོན་སྨྲ་བསམ་བརྗོད་པ་ཀུན་དང་བྲལ་བའི་རང་བཞིན་དུ་བསྟན་པའོ། །ཚུལ་དེ་ལྟར་མཚན་ཉིད་ཐེག་པ་ལས་ཀྱང་། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ན། །དེ་ལ་ཁ་ཅིག་བདེན་པ་བཞི་ཞེས་བརྗོད། །བྱང་ཆུབ་སྙིང་པོར་འདུག་ན་བདེན་གཅིག་ཀྱང་། །གྲུབ་པ་མ་མཐོང་བཞི་ལྟར་ག་ལ་ཞིག །ཅེས་གསུངས་སོ། །གསུམ་པ་ནི། གཞན་ཡང་སེམས་ཉིད་ཡེ་སངས་རྒྱས་པར་མ་རྟོགས་པར་བླང་དོར་འབད་རྩོལ་གྱི་སྒོ་ནས་ས་ལམ་རིམ་པར་བགྲོད་དེ་འབྲས་བུ་བླ་ན་མེད་པའི་བདེ་བ་ཞིག་གཟོད་ཐོབ་པར་འདོད་པ་དེ་ཡང་རེ་འདོད་ཆགས་པའི་ནད་ཀྱིས་ཟིན་པ་ཡིན་པས་ན། དེ་ལྟ་བུའི་རེ་དོགས་ཀྱི་འདོད་པ་མེད་པར་བྱ་བྱེད་རྩོལ་སྒྲུབ་ཐམས་ཅད་བོར་དེ་མ་བཅོས་རང་བབ་ཀྱི་ངང་ལ་གནས་པས་ཡེ་བདེ་འགྱུར་བ་མེད་པའི་དོན་དེ་དང་ངན་ཤུགས་ཀྱིས་ལེན་ཅིང་ཐོབ་པར་བྱེད་པ་ཡིན་ཏེ། ཅིའི་ཕྱིར་ན་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་དེ་བླང་དོར་བྱ་རྩོལ་གྱི་སྒོ་ནས་བསྒྲུབ་པས་གསར་དུ་གྲུབ་པ་མ་ཡིན་ཏེ་མ་བཙལ་རང་བཞིན་དུ་བཞག་པས་འབད་མེད་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར་ན་རེ་དོགས་དགག་སྒྲུབ་ཀྱི་བློ་བོར་ལ་བླ་མེད་བྱང་ཆུབ་ཀྱི་གོ་འཕང་ཞིག་གཞན་ནས་མ་བཙལ་བར་རང་བཞིན་བཅོས་བསྒྱུར་དང་བྲལ་བའི་ངང་དུ་ཐ་མལ་རང་བབ་ཏུ་གནས་པར་གྱིས་ལ་སེམས་ཀྱི་དམིགས་གཏད་ཅི་ལའང་མི་འཆའ་བར་མི་རྟོག་མཉམ་པ་ཉིད་དུ་ཞོག་ཅིག་ཅེས་གདམས་པ་སྟེ། བང་མཛོད་འཕྲུལ་སྡེ་ལས། བླ་མེད་བྱང་ཆུབ་ཆེན་པོ་དེ། །བཅོས་པས་འགྲུབ་པ་མ་ཡིན་ཏེ། །མ་བཅོས་རྣལ་དུ་བཞག་པས་འགྲུབ། །དེ་ལ་གང་ཞིག་འཆོས་བྱེད་པ། །མི་ཤེས་སྨིག་རྒྱུ་འཆོས་པ་འདྲ། །བཙལ་བས་འགྲུབ་པ་མ་ཡིན་ཏེ། །མ་བཙལ་མཉམ་པར་བཞག་པས་གྲུབ། །ཅེས་གསུངས་པ་ལྟར་རོ། །བཞི་པ་ནི། མ་བཅོས་ཐ་མལ་དུ་གནས་པས་ཅི་ཞིག་འགྲུབ་སྟེ་ཅིར་ཡང་མི་འགྲུབ་པ་དེས་ན་བླང་དོར་རྩོལ་སྒྲུབ་ཀྱི་སྒོ་ནས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་དེ་བསྒྲུབ་པར་བྱེད་དགོས་སོ་སྙམ་ན། དེ་ལ་སངས་རྒྱས་ཞེས་པ་དོན་གྱི་ངོ་བོ་གང་ཡང་མེད་པ་བླ་དག་ཙམ་གྱི་མིང་གིས་བཏག་པ་འདི་ལ་སངས་རྒྱས་ཞེས་པ་ཞིག་ཡང་དག་པའམ་དོན་དམ་པར་ཡོད་པར་སྟོན་པ་ཀུན་བྱེད་ང་ཡིས་མི་སྟོན་ཏེ། ཅིའི་ཕྱིར་ན་གང་ཟག་གང་ཞིག་གིས་སངས་རྒྱས་ཞེས་པའི་འབྲས་བུ་བཟང་པོ་ཞིག་ཐོབ་ཏུ་ཡོད་པར་མཐོང་ནས་བཙལ་བར་བྱ་བ་དེས་ནི་ཆོས་ཉིད་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་དབྱིངས་ལས་སངས་རྒྱས་ཞིག་མི་རྙེད་པ་དེ་ཡི་ཕྱིར་ན་སངས་རྒྱས་ཞེས་པ་གཞན་ནས་ཐོབ་ཏུ་ཡོད་པར་མ་བལྟ་བར་རང་སེམས་བྱར་མེད་ཀྱི་དོན་འདི་ལྷུན་གྲུབ་གདོད་མའི་སངས་རྒྱས་ཡིན་པར་རྟོགས་པར་གྱིས་ཤིག་ཅེས་པ་སྟེ། བདུད་རྩི་བཅུད་ཐིག་ལས། རང་ཉིད་སངས་རྒྱས་ཡིན་ཤེས་ལ། །ཁྱོད་ཀྱིས་སངས་རྒྱས་མ་སྒྲུབས་ཤིག །སེམས་ཉིད་ཆོས་སྐུ་ཡིན་ཤེས་ལ། །ཆོས་སྐུ་གཞན་ནས་མ་བཙལ་ཅིག །བཙལ་བས་བསྐལ་པ་འབུམ་ཕྲག་དུ་ཡང་མི་རྙེད་དོ། །ཅེས་གསུངས་པ་བཞིན་ནོ། །འོ་ན་རང་སེམས་སངས་རྒྱས་ཡིན་ན་སངས་རྒྱས་ཞེས་པ་མིང་གི་བླ་དྭགས་ཙམ་དུ་ཇི་ལྟར་འགྱུར་སྙམ་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ལ་ཡང་བརྟགས་ཅིང་དཔྱད་ན་ཅིར་ཡང་གྲུབ་པ་མེད་པས་མིང་གིས་བརྗོད་པ་ཙམ་མམ་ཡེ་སྟོང་ནམ་མཁའ་ལྟ་བུའི་རང་བཞིན་ཡིན་ཀྱང་། འོན་ཀྱང་མ་བཅོས་དེ་ཀར་བཞག་ན་ཅང་མེད་ཕྱང་ཆད་པ་ལྟ་བུ་ཡང་མ་ཡིན་པར་རང་སེམས་ཡེ་ནས་འོད་གསལ་ལྷུན་གྲུབ་ཆེན་པོའི་བདག་ཉིད་དུ་ཡོད་ལ། དེ་བཞིན་དུ་སེམས་ཉིད་ཀྱི་ངོ་བོ་ངོས་བཟུང་ཅན་དུ་དངོས་སུ་མི་སྣང་བས་སྟོང་པ་ཡིན་ཡང་རང་སེམས་འདུས་མ་བྱས་པ་བདེ་ཆེན་བྱང་ཆུབ་སེམས་ཀྱིས་སྲིད་ཞི་ཀུན་ལ་ཁྱབ་བརྡལ་དུ་གནས་པ་ཡིན་ཏེ། ཀློང་ཆེན་རབ་འབྱམས་ལས། སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །སྟོན་པ་སངས་རྒྱས་མིང་དུ་འདོགས་པ་འཁྲུལ། །ཡང་དག་དོན་ལ་སངས་རྒྱས་སེམས་ཅན་མེད། །རང་རིག་སྟོང་པར་མི་གནས་བདེ་ཆེན་ས་ལ་གནས། །རིག་པ་འཛིན་པ་མེད་པས་སྟོང་། །སངས་རྒྱས་ཀུན་གྱི་རྗེ་བཙུན་ནི། །རང་གི་རིག་པར་ཤེས་པར་བྱ། །རང་སྣང་རིག་པའི་རྒྱལ་པོ་འདི། །ཀུན་ལ་ཡོད་དེ་ཀུན་གྱི་རྟོགས་པ་མེད། །རང་སྣང་རིག་པའི་སྒྲོན་མ་འདི། །ཀུན་ལ་སྣང་ཡང་གསལ་བར་དཀའ། །ཞེས་སོ། །ལྔ་པ་ནི། དེས་ན་སྲིད་ཞི་ཀུན་ཁྱབ་ཆེན་པོ་བློ་འདས་རང་བྱུང་གི་ཡེ་ཤེས་ཡེ་ནས་སངས་རྒྱས་པ་དེ་གང་ཡིན་སྙམ་ན། ཡིད་པའི་ངོ་བོ་ནི་ད་ལྟའི་སྣང་བ་མ་འགགས་པ་ས་ལེར་ཡོད་པ་འདི་ཉིད་ཡིན་ཏེ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཆོས་སྐུ་མི་འགྱུར་ཡུལ་མེད་ཀུན་འབྱམས་ལ། །ཕྱི་ནང་སྣོད་བཅུད་སྣང་བ་ལོངས་སྤྱོད་རྫོགས། །གཟུགས་བརྙན་ལྟ་བུར་རང་ཤར་སྤྲུལ་པའི་སྐུ། །སྐུ་གསུམ་རྒྱན་དུ་མ་རྫོགས་ཆོས་མེད་པས། །ཐམས་ཅད་སྐུ་གསུང་ཐུགས་ཀྱི་རོལ་པར་ཤར། །ཞེས་གསུངས་པ་ལྟར་འདི་ལྟར་ཕྱི་ནང་སྣོད་བཅུད་དུ་སྣང་བའི་ཆོས་འདི་དག་ཐམས་ཅད་ཡེ་ནས་སྤུ་མ་བརྗེས་མདོག་མ་བསྒྱུར་བར་སངས་རྒྱས་པ་ཡིན་མོད། འོན་ཀྱང་ད་ལྟའི་སྣང་བ་འདི་ཉིད་སངས་རྒྱས་མིན་གྱིས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་དེ་འབད་རྩོལ་གྱི་སྒོ་ནས་གཟོད་བསྒྲུབ་པར་བྱའོ་སྙམ་པའི་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་པ་རྣམས་ཀྱི་ལམ་ལ་ཞེན་པ་རྣམས་ནི། གྲུབ་ཆེན་ནག་པོ་པས། ཡེ་སངས་རྒྱས་ཞིག་ཡིན་པ་ལ། །ཡང་སངས་རྒྱ་བར་འདོད་པ་འཁྲུལ། །ཞེས་གསུངས་པ་ལྟར་འོག་མའི་ཐེག་པ་དེ་དག་གིས་སྤོང་འགོགས་སྦྱོང་བ་དང་བྱིན་རླབས་དབང་བསྒྱུར་ལ་སོགས་པའི་ཐབས་ཚུལ་སྣ་ཚོགས་ལ་འབད་རྩོལ་བྱས་པ་ཉིད་ཀྱིས་རང་སེམས་ཆོས་ཉིད་བྱ་རྩོལ་མེད་པའི་དོན་དེ་ལས་གོལ་བ་ཡིན་ལ། དེས་ཕྱིར་ན་རྩོལ་མེད་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཁྱབ་བརྡལ་ཀུན་ཏུ་བཟང་པོའི་དགོངས་པ་དེ་རང་གི་གམ་དུ་བཞག་ནས་འབྲས་བུ་གཞན་མ་ཞིག་རྒྱང་དུ་ཚོལ་བ་ནི་བླང་དོར་བྱ་རྩོལ་གྱིས་གདུང་བ་མེད་པའི་ཡེ་བདེ་འགྱུར་བ་མེད་པའི་དོན་དེ་བོར་ནས་རེ་དོགས་རྩོལ་སྒྲུབ་ཀྱི་ངལ་བ་དང་དུ་ལེན་པ་ཡིན་པས་ཚི་ཆད་པ་ཡི་ནད་དུ་དེ་ལས་ཆེ་བ་མེད་པ་དང་དེ་ལྟར་ཚོལ་མཁན་དེ་ཉིད་ངལ་བ་དོན་མེད་དུ་འགྱུར་བར་བསྟན་ཏོ། །དྲུག་པ་ནི། དེ་ལྟར་རང་སེམས་ཡེ་ནས་ཆོས་སྐུ་ལྷུན་གྲུབ་ཆེན་པོའི་ངོ་བོར་སངས་རྒྱས་ཟིན་པས་བྱ་རྩོལ་གང་ཡང་མི་དགོས་པ་ལ་དེ་ལྟར་མ་རྟོགས་པར་ད་གདོད་སངས་རྒྱས་ཞིག་འགྲུབ་ཏུ་རེ་བའི་བློས་རྣམ་རྟོག་ལ་སྐྱོན་དུ་བལྟས་ཏེ་སེམས་གཞན་དུ་མ་ཡེངས་པར་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྒོམ་པ་དེ་ནི་དོན་ལ་གཟུང་འཛིན་གྱི་རྣམ་པར་རྟོག་པའི་འཆིང་བ་སྲིད་པའི་གནས་སུ་འཛིན་པར་བྱེད་པའི་རྟོད་ཕུར་ལྟ་བུ་ཡིན་ཏེ། ཀུན་མཁྱེན་དགའ་རབ་གཉིས་པའི་ཞལ་ནས། ཆེད་དུ་འཇུར་བུས་བཅོས་ན་ཆོས་ཉིད་ཀྱང་། །མི་རྟོག་མཁའ་ལྟར་ཡངས་ཀྱང་མཚན་མའི་གཟེབ། །ཉིན་མཚན་སྒོམ་པས་འདའ་ཡང་འཆིང་ཞེན་ཉིད། །བསམ་གཏན་ལྷ་དང་མཚུངས་པར་རྒྱལ་བས་གསུངས། །ཞེས་གསུངས་པ་ལྟར་ལ། དེས་ན་སེམས་ཉིད་ཡེ་ནས་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་རང་བཞིན་ཡིན་པ་ལ་བསྒོམ་པས་གསར་དུ་ཐོབ་པ་མེད་ཅིང་མ་སྒོམ་པར་ཡེངས་པའི་དབང་གིས་ཤོར་ཅིང་ངན་དུ་འགྲོ་བ་སྤུ་ཙམ་མེད་བཞིན་དུ་སེམས་ཉིད་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་ཏིང་ངེ་འཛིན་ལ་གནས་སུ་རེ་བའི་བློ་དེ་ནི་བསླུ་མཁན་ཁོ་ན་ཡིན་ཏེ། རྩེ་མོ་བྱུང་རྒྱལ་ལས། རྣམ་རྟོག་གཉེན་པོར་རྣམ་པར་མི་རྟོག་པ། །མི་རྟོག་འདོད་པས་རྟོག་པ་ཆེན་པོ་ཡིན། །ཆོས་ཀྱི་དབྱིངས་ཉིད་མི་རྟོག་མཐའ་ལས་འདས། །རྟོག་དང་མི་རྟོག་གཉིས་ཀ་ཚིག་གི་མཐའ། །ཞེས་གསུངས་པ་ལྟ་བུ་ཡིན་པ་དེས་ན་དེ་ལྟ་བུའི་བླང་དོར་རྩོལ་སྒྲུབ་ཐམས་ཅད་རྒྱུ་འབྲས་ཀྱི་སྟོན་པ་རྣམས་ཀྱིས་ཐེག་པ་ཆེན་པོའི་ལམ་ལ་རིམ་གྱིས་དྲང་བའི་ལུང་ཙམ་ཞིག་ཏུ་བསྟན་པ་ཡིན་ནོ། །བདུན་པ་ནི། དེ་ལྟར་ཆོས་ཐམས་ཅད་ཡེ་ནས་བཅོས་བསྒྱུར་སྤང་བླང་དང་བྲལ་བ་ཡེ་གྲོལ་ཆོས་སྐུའི་ངོ་བོ་ཡིན་པ་ལ་ཡེངས་མེད་ཤོར་བ་མེད་པའི་དོན་སྟོན་པའི་བྱ་མེད་རྫོགས་པ་ཆེན་པོའི་ལུང་དེ་ནི་ཐེག་པ་འོག་མ་བླང་དོར་རྩོལ་སྒྲུབ་ཅན་ཀུན་གྱི་གཉེན་པོ་རྣམ་པར་རྟོག་པའི་མུན་པ་ཐམས་ཅད་དྲུང་ནས་འཇོམས་པར་བྱེད་པའི་སྟོང་ཁམས་གསལ་བའི་ཉི་མ་ལྟ་བུ་ཡིན་མོད། དེ་ལྟ་ནའང་རྒྱུ་འབྲས་བླང་དོར་གྱི་ལམ་སྟོན་པའི་སྟོན་པ་དང་འཁོར་རྣམས་ལ་ཀུན་བྱེད་རྒྱལ་པོ་ང་ཡི་རྒྱུ་འབྲས་བྱ་རྩོལ་ལས་འདས་པའི་ལུང་འདི་བསྟན་པར་གྱུར་ན་རྒྱུ་ལས་འབྲས་བུ་འབྱུང་དུ་ཡོད་པ་ལ་ལམ་འདི་ནི་ཕྱིན་ཅི་ལོག་པའོ། །ཞེས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ལ་རྒྱུ་འབྲས་ཡོད་པར་སྒྲོ་འདོགས་པ་དང་ལམ་ཡང་དག་པ་མིན་པར་སྐུར་པ་འདེབས་པས་ན་བསྟན་པར་མི་བྱའོ་ཞེས་པ་སྟེ། ཁྱུང་ཆེན་ལས། ལྟ་ངན་ལ་སྤྱོད་ཞིབ་པའི་ཐེག་དམན་རྟགས། །ས་བཅུ་ཕ་རོལ་ཕྱིན་བཅུའི་ལམ་སྤྱོད་པ། །རྒྱུ་འབྲས་ལྷུན་གྲུབ་མཉམ་ཉིད་མཆོག་གི་ལམ། །ཡེ་གྲོལ་མཉམ་གནས་སྒྲོ་སྐུར་ཞི་བ་ཡི། །ཡེ་ནས་བྱར་མེད་འདི་ཡི་དོན་མཐོང་ན། །འཇུག་པར་མི་ནུས་འདི་ཡིས་སྐྲག་གྱུར་ནས། །ཆུད་པར་མི་བྱེད་ལྷན་གཅིག་འགྲོགས་མི་བྱེད། །ཅེས་པ་ལྟར་རོ། །བརྒྱད་པ་ནི། གང་ཞིག་སངས་རྒྱས་ཐོབ་པར་འདོད་པའི་རྣལ་འབྱོར་བ་མི་རྟོག་རྩེ་གཅིག་པའི་ཏིང་ངེ་འཛིན་སྒོམ་པའི་བློ་ཅན་དེ་ནི་ཏིང་ངེ་འཛིན་སྒོམ་པར་འདོད་པའི་རེ་དོགས་དང་བཅས་པའི་ཕྱིར་ན་མ་བཅོས་གཉུག་མར་གནས་པའི་རྣལ་འབྱོར་དམ་པའི་ལམ་ནི་གང་ཟག་དེ་ཡིས་མི་ཐོབ་པས་སྤངས་བ་ཡིན་ལ། སེམས་ཉིད་རང་བྱུང་གི་ཡེ་ཤེས་བཅོས་བསྒྱུར་སྤུ་ཙམ་མེད་པས་མ་བཅོས་རྣལ་མ་རུ་གནས་པ་འདི་ནི་འཁོར་འདས་ཀུན་གྱི་ཆོས་ཉིད་དེ་བཞིན་ཉིད་རིག་པ་བྱང་ཆུབ་སེམས་ཀྱི་གནས་ལུགས་མ་ནོར་བ་ཡིན་པས། དེ་ལྟ་བུའི་ཆོས་ཉིད་སྤྲོས་པ་དང་བྲལ་བའི་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་འདི་ལས་ནི་སངས་རྒྱས་ཞེས་པ་ཞིག་གུད་ན་མེད་པས་སངས་རྒྱས་ཞེས་སུ་མིང་དུ་བཏགས་པ་བླ་དྭགས་ཙམ་ཡིན་ནོ། །ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཞེས་བྱ་བ་དེ་ཡང་གཞན་ན་མེད་པར་རང་གི་སེམས་ཉིད་གསལ་སྟོང་འཛིན་མེད་ཆེན་པོར་གནས་པ་འདི་ཉིད་ཡིན་ལ། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཡི་ཀློང་དུ་གཉིས་མེད་དུ་རྫོགས་ཤིང་མ་སྤངས་རང་གྲོལ་ལ་སོང་བས་ཁམས་གསུམ་ཡོངས་གྲོལ་ཆེན་པོར་གནས་པ་ཡིན་ཏེ། ཀློང་ཆེན་རབ་འབྱམས་ལས། གཅིག་ལ་ཀུན་རྫོགས་མ་སྤངས་རང་སར་གྲོལ། །སངས་རྒྱས་སྐུ་དང་སེམས་ཅན་ཉོན་མོངས་ལུས། །ཇི་ལྟར་སྣང་བ་ཐམས་ཅད་རིགས་པའི་རྒྱན། །ཉོན་མོངས་དུག་ལྔ་ཡེ་ཤེས་བདུད་རྩི་སྟེ། །འཁོར་བའི་གཡང་ས་བྱང་ཆུབ་ལམ་དུ་དྲངས། །དུས་གསུམ་སྐུ་གསུམ་ཀློང་དུ་གཏན་སྤྲུགས་ཏེ། །སྐྱེ་ཤི་རྩད་གཅོད་ཁམས་གསུམ་ཡོངས་སུ་གྲོལ། །གཟུང་འཛིན་གཉིས་དང་བྱ་བྱེད་ཀུན་སྣང་ཀུན། །ཉིད་ལ་ཉིད་འཛིན་ཉིད་ལ་ཉིད་སྤྱོད་པས། །རྩ་བ་བྱང་ཆུབ་རིག་པའི་ཀློང་དུ་གྲོལ། །རང་བྱུང་རིག་པ་ཡེ་ནས་ཆོས་སྐུ་སྟེ། །དུས་གསུམ་རྒྱལ་བ་རྣམས་ཀྱང་དེ་ཡི་སྐུ། །ཞེས་གསུངས་པ་དེས་ན་རང་སེམས་མ་བཅོས་པ་འདི་ཀ་སངས་རྒྱས་ཆོས་ཀྱི་སྐུ་རུ་བཤད་པ་ཡིན་ཞིང་མ་བཅོས་པ་ཡི་རང་བཞིན་རིག་པ་བྱང་ཆུབ་ཀྱི་སེམས་དེ་ལ་ཡེ་ནས་སྐྱེ་བ་མེད་ཅིང་རྒྱུ་རྐྱེན་གང་གིས་ཀྱང་བཅོས་སུ་མེད་པ་རང་བྱུང་འདུས་མ་བྱས་པ་ཡིན་པས་ན། དེ་ལྟ་བུ་སྐྱེ་མེད་ནམ་འཁའ་ལྟ་བུའི་དོན་དེ་ལ་བཙལ་ཞིང་བསྒྲུབ་ཏུ་མེད་ཅིང་བཙལ་ཞིང་བསྒྲུབས་པས་བྱ་རྩོལ་མེད་པའི་དོན་དེ་འགྲུབ་པར་མི་འགྱུར་བས་ན་མ་བཅོས་མཉམ་པ་ཉིད་དུ་གནས་པར་གདམས་པའོ། །དེས་ན་དེ་ལྟར་བཅོས་བསྒྱུར་བླང་དོར་སྤུ་ཙམ་མི་དགོས་པར་ཆོས་ཐམས་ཅད་ཡེ་གྲོལ་ཆེན་པོར་སངས་རྒྱས་ཟིན་པས་བྱར་མེད་བག་ཡངས་སུ་གསུངས་པ་འདི་ཐེག་དམན་རྩོལ་བ་ཅན་གྱི་གང་ཟག་རྣམས་ཀྱིས་ཁོང་དུ་མི་ཆུད་པས་ན་ཨ་ཏི་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་རྣམས་ཀྱི་ཐུན་མིན་གྱི་ཁྱད་ཆོས་སུ་གསུངས་པ་སྟེ། དེ་ཉིད་ལས། ཨ་ཏི་མ་སྒྲུབ་དུག་ལྔ་རྒྱུན་དུ་མཛེས། །ཡངས་སོ་ཆེའི་རིག་པ་མཁའ་མཉམ་ཐུགས། །སྤང་ཐོབ་མེད་དོ་ཐིག་ལེ་ཉག་ཅིག་ཀློང་། །རང་སར་གྲོལ་ལོ་རྟོགས་དང་མ་རྟོགས་མེད། །གཉིས་སུ་མེད་པར་གྲོལ་བའི་ཆོས་ཉིད་དེ། །ཐེག་འོག་རྣམས་ལ་མི་སྲིད་སྲིད་པའི་ཆོས། །རྣ་ཕྲུག་བྲག་ལ་འཛེགས་པའི་བདེ་བླག་དེ། །སྲོག་ཆག་གཞན་ལ་མི་སྲིད་ཁོ་ལ་སྲིད། །རིག་པ་བྱར་མེད་ཀློང་དུ་གྲོལ་བ་དེ། །ཐེག་དམན་རྩོལ་སྒྲུབ་ཅན་ལ་མི་སྲིད་དེ། །རྣལ་འབྱོར་མཁའ་མཉམ་བྱ་བྲལ་ཀློང་ན་བདེ། །ཡེ་སངས་རྒྱས་པའི་རིག་པ་ཡུལ་མེད་དེ། །འཁོར་བར་འཁྱམས་པར་མི་སྲིད་ཡེ་ཀློང་བརྡལ། །ཞེས་གསུངས་སོ། །གསུམ་པ་ཕུན་སུམ་ཚོགས་པའི་རང་བཞིན་མངོན་དུ་ཕྱུང་ཚུལ་ལ་གཉིས་ཏེ། མངོན་དུ་ཕྱུང་ཚུལ་མདོར་བསྟན་པ་དང་། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་ཕྱུང་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི་ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་མ་སྐྱེས་སྤྲོས་དང་བྲལ་བའི་རང་བཞིན་སྟོན་པ་ཆོས་ཀྱི་སྐུ་དང་། འགགས་མེད་གསལ་དག་ཆེན་པོའི་ངོ་བོ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ངེས་མེད་ཅིར་ཡང་འཆར་བའི་ཐུགས་རྗེ་སྤྲུལ་པའི་སྐུ་དང་སྟོན་པ་རྣམ་པ་གསུམ་པོ་དེ་ནི། ཆོས་ཐམས་ཅད་སྐྱེ་མེད་སྤྲོས་པ་དང་བྲལ་བ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་སྟོན་པར་བྱེད་པའི་ཐེག་པ་གཅིག་དང་། ལྟ་སྤྱོད་གཉིས་ཀྱི་རང་བཞིན་སྟོན་པར་བྱེད་པའི་ཐེག་པ་གཉིས་དང་། གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་གྱི་བློ་དང་འཚམས་པར་བསྟན་པའི་ཐེག་པ་རྣམ་པ་གསུམ་གྱི་སྟོན་པ་པོར་ཀུན་བྱེད་རྒྱལ་པོ་ང་ཡིས་མངོན་དུ་ཕྱུང་ནས་བསྟན་པ་ཡིན་ནོ། །གཉིས་པ་ནི། དེ་ཡང་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ནི་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་ཀུན་གྱི་འབྱུང་གནས་ཡིན་ཏེ། ང་ལས་སྟོན་པ་སྐུ་གསུམ་པོ་ཇི་ལྟར་ཕྱུང་ན་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་རྣམ་པ་གསུམ་ལས་སྐུ་གསུམ་གྱི་སྟོན་པ་རྣམས་ཕྱུང་བ་སྟེ། འདི་ལྟར་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་གདོད་ནས་སྐྱེ་བ་མེད་པ་ཡེ་བབས་སོར་བཞག་ཆེན་པོའི་དོན་ལ་དགའ་བའི་སྟོན་པ་རང་སྣང་གི་འཁོར་རྣམས་ཀྱི་ངོ་ཁ་ལ་ཀུན་བྱེད་ང་ཡི་རང་བཞིན་གཟུང་འཛིན་གཉིས་དང་བྲལ་བ་ལས་མི་རྟོགས་མཉམ་པ་ཉིད་ཀྱི་ངོ་བོ་ཆོས་ཀྱི་སྐུ་རུ་ཕྱུང་ཞིང་། ཆོས་སྐུའི་འཁོར་གྱི་ཚོགས་ནི་སྟོན་པ་ཉིད་ལས་ཐ་དད་དུ་ཕྱེ་བ་མེད་པ་ཡེ་ཤེས་རང་སྣང་བའི་ངོ་བོ་སྟེ། དེ་ལ་ཆོས་ཕུན་སུམ་ཚོགས་པ་གདོད་ནས་མ་སྐྱེས་མཉམ་པ་ཉིད་ཀྱི་ཀློང་དུ་ཆོས་ཐམས་ཅད་དབྱེ་བསལ་མེད་པར་ཐིག་ལེ་ཉག་གཅིག་ཏུ་གནས་པའི་དོན་བསྟན་པ་དེ་ནི་ལྷག་མ་མེད་པའི་ཐེག་པའམ་ཐེག་གཅིག་རྫོགས་པ་ཆེན་པོའི་རང་བཞིན་ཡིན་པར་བཤད་དོ། །ང་ཡི་རང་བཞིན་མ་སྐྱེས་པ་ལས་ཚོགས་དྲུག་གི་སྣང་ཡུལ་ཐམས་ཅད་འགགས་པ་མེད་པར་ཀུན་ཏུ་སྣང་བ་ལ་འདོད་ཡོན་གྱི་རྣམ་པ་མ་སྤངས་རྒྱན་དུ་རོལ་ཞིང་ལོངས་སྤྱོད་པའི་ས་ཐོབ་དག་པའི་འཁོར་གྱི་ཚོགས་རྣམས་ལ། ང་ཡི་ངོ་བོ་གསལ་བའི་ཆ་ལས་སྟོན་པ་ལོངས་སྤྱོད་རྫོགས་པར་ཕྱུང་ཞིང་ངོ་བོ་གང་ལ་སྣང་བའི་འཁོར་དེ་ལ་ཟབ་ཅིང་བརླིངས་པའི་ལྟ་བ་དང་སྤྱོད་པ་གཉིས་ཡོངས་སུ་རྫོགས་པར་བྱེད་པའི་ཆོས་སྟོན་པ་དེ་ནི་ཀུན་གྱི་སྤྱོད་ཡུལ་དུ་མ་གྱུར་པས་ཐུན་མོང་མིན་པའི་ཐེག་པ་གཉིས་སུ་བསྟན་པ་སྟེ་དེ་ནི་ཀུན་བྱེད་ང་ཡི་རོལ་བ་ཕྱི་གསལ་དུ་རོལ་པའི་ངོ་བོ་མངོན་དུ་ཕྱུང་བ་ཡིན་ནོ། །ང་ཡི་རང་བཞིན་སྐྱེ་བ་མེད་པའི་རྩལ་སྣང་འགག་པ་མེད་པའི་ཆ་ཐུགས་རྗེར་བྱུང་བ་ལས་གདུལ་བྱའི་འགྲོ་བ་རྣམས་ཚུལ་ཇི་ལྟར་འདུལ་བར་འགྱུར་བ་དེ་བཞིན་དུ་སྤྲུལ་ནས་འགྲོ་དོན་རྩོལ་མེད་དུ་མཛད་པའི་སྤྲུལ་པའི་སྐུ་རུ་སྣང་བ་དང་། དེས་འཁོར་ཚོགས་རྣམ་པ་བཞི་ལ་རྒྱུ་འབྲས་བླང་དོར་དང་འཚམས་པའམ་མཐུན་པའི་ཆོས་དམིགས་པ་མེད་པའི་ཐུགས་རྗེ་ཡིས་མངོན་དུ་ཕྱུང་སྟེ་གསུངས་པ་ནི་སྤྲུལ་སྐུའི་ཐེག་པ་གསུམ་ཡིན་ནོ། །བཞི་པ་དེའི་འཐད་པ་རྒྱ་ཆེར་བཤད་པ་ལ་བརྒྱད་དེ། རང་བཞིན་གཅིག་ལས་ཆོས་ཐམས་ཅད་སྣང་བ་ཉིད་བཤད་པ། གཉིས་མེད་ལས་གཞན་དུ་རྟོག་པ་ཉིད་ཐེག་པ་འོག་མར་བཞག་པ། སེམས་ཉིད་ཀྱི་དོན་ལ་དུ་མར་སྤྲོས་ཤིང་བརྗོད་ཀྱང་རང་བཞིན་གཅིག་ལས་མ་གཡོས་པར་བསྟན་པ། སེམས་ཉིད་སྒྲུབ་རྩོལ་མེད་པའི་དོན་བསྟན་པས་ཆེ་བ་ལྷུན་རྫོགས་སུ་བཤད་པ། སྙིང་པོ་རང་སེམས་སུ་རྫོགས་པས་སྐུ་གསུམ་ལྷུན་གྲུབ་ཏུ་གནས་པ། སེམས་ཉིད་ཆོས་དབྱིངས་བཤད་པས་ཡོན་ཏན་ལྷུན་རྫོགས་སུ་བསྟན་པ། དཔེ་དོན་རྟགས་གསུམ་ཚང་བས་རང་སེམས་སངས་རྒྱས་སུ་བསྟན་པ། སེམས་ཉིད་དེ་བཞིན་ཉིད་དུ་བསྟན་པས་ཡོད་མེད་སྒྲོ་སྐུར་ལས་འདས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་མདོར་ན་མངོན་དུ་ཕྱུང་བའི་ལུང་ཞེས་སུ་བསྟན་པ་ནི་ཀུན་བྱེད་ང་ཡི་རང་བཞིན་བྱང་ཆུབ་ཀྱི་སེམས་ཆོས་དབྱིངས་ཁྱབ་གདལ་ཆེན་པོའི་རྩལ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་སྣང་བ་འདི་ལྟར་བསྟེན་པ་ལ་མངོན་དུ་ཕྱུང་བའི་ལུང་ཞེས་བྱ་བར་བསྟན་པ་ཡིན་ཏེ། དེ་ཡང་ཀུན་བྱེད་ང་ཡི་རང་བཞིན་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་གཅིག་པུ་རུ་གནས་པ་ལ་ཆོས་རྣམས་ཐམས་ཅད་གང་ལས་སྣང་བའི་ཡུལ་ལམ་གཞི་ནི་སྟོང་གསལ་ཐུགས་རྗེ་རྣམ་པ་གསུམ་དུ་སྣང་བ་ཡིན་ལ་རྣམ་པ་གསུམ་པོ་དེ་ཡི་རྩལ་ལས་རང་བྱུང་དུ་ཤར་བའི་ཆོས་ནི་འདི་ལྟ་སྟེ། སངས་རྒྱས་དང་སེམས་ཅན་སྣང་སྲིད་སྣོད་བཅུད་ཀྱི་བསྡུས་པའི་ཆོས་འདི་ཀུན་དོན་ལ་གནས་ལུགས་རང་བྱུང་གི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ལས་རྩལ་སྣང་མ་འགགས་པར་མངོན་དུ་ཕྱུང་བ་ཡིན་ནོ་ཞེས་པ་སྟེ། དེ་ལྟར་ཡང་རྒྱ་མཚོ་འཁྱིལ་བའི་རྒྱུད་ལས། སྙིང་པོས་གར་ཁྱབ་རྩལ་ཟེར་འཆར། །དེ་ཡང་ཇི་ལྟར་འཆར་ཞེ་ན། །གཞི་མེད་ངང་ལས་ཀུན་གཞི་ཤར། །དངོས་མེད་ངང་ལས་དངོས་ཀུན་ཤར། །སྣང་མེད་ངང་ལས་སྣ་ཚོགས་ཤར། །ཡོད་མེད་ངང་ལས་འཁོར་འདས་ཤར། །གཉིས་མེད་ངང་ལས་མ་རིག་ཡེ་ཤེས་ཤར། །ཅིར་ཡང་གྲུབ་པ་མེད་པའི་ངང་ཉིད་ལས། །རང་བཞིན་ངོ་བོ་ཐུགས་རྗེ་གསུམ་དུ་ཤར། །རིག་དང་མ་རིག་རྣམ་གཉིས་ལས། །དེ་ལས་སྐུ་གསུམ་དུག་གསུམ་གཉིས་སུ་ཤར། །དེ་ལས་ཞིང་ཁམས་རྣམ་གསུམ་ཡིད་འཁོར་གསུམ་དུ་ཤར། །དེ་ལས་རང་སར་གྲོལ་དང་མ་གྲོལ་ལས། །འཆར་སྒོ་འཁྲུལ་སྒོ་གཉིས་སུ་ཤར་བ་སྟེ། །དེ་ལས་འགྱུར་དང་མི་འགྱུར་ལས། །རིག་མེད་སེམས་འཁྲུལ་འཁྲུལ་མེད་ཤར། །དེ་ལས་རྟོགས་དང་མ་རྟོགས་པས། །གཟུགས་ལྔ་སྐུ་ལྔ་ཉིད་དུ་ཤར། །དེ་ལས་མངོན་དུ་གྱུར་དང་མ་གྱུར་པས། །འཁོར་བ་མྱང་འདས་གཉིས་སུ་ཤར། །ཅི་ཡང་མེད་ལས་ཅིར་ཡང་ཤར་བ་ཡིན། །རྟོགས་མ་རྟོགས་ལས་སངས་རྒྱས་སེམས་ཅན་གཉིས། །གཏིང་ཡངས་ཆོས་ཉིད་ང་ཡི་རྩལ་དུ་ཤར། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པ་ལ། གལ་ཏེ་རང་གི་སེམས་ཉིད་འདི་ལས་གཞན་མ་དག་འཁྲུལ་པའི་ཆོས་རང་མཚན་པ་ཞིག་ཡིན་པར་བཟུང་ཞིང་། སངས་རྒྱས་ཞེས་པ་རང་གི་སྣང་བ་འདི་ལས་གཞན་པ་རུ་ཡོད་པར་རྟོག་ཅིང་ཚོལ་བར་བྱེད་པ་དེས་ནི་དཔེར་ན་རང་ཉིད་གླང་པོ་ལ་ཞོན་བཞིན་དུ་གླང་པོ་གཞན་དུ་ཚོལ་བ་དང་འདྲ་བར་ཀུན་བྱེད་རྒྱལ་པོ་རང་བྱུང་གི་ཡེ་ཤེས་ང་དང་འཕྲད་པའི་སྐལ་བ་མེད་པས། ཀུན་བྱེད་རྒྱལ་པོའི་འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་གྱི་བསྟན་པ་གང་ཞིག་གདུལ་བྱའི་རྒྱུད་རིམ་པས་སྦྱངས་བའི་ཆེད་དུ་གསུངས་པའི་རྒྱུ་འབྲས་ཀྱི་ཐེག་པ་འོག་མ་རྣམས་བསྟན་པར་བྱ་བའི་འཁོར་ཙམ་ལས་ཐེག་མཆོག་རྫོགས་པ་ཆེན་པོ་བསྟན་པའི་སྣོད་མ་ཡིན་པར་གསུངས་པའོ། །གསུམ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་སྟོན་པ་ཀུན་བྱེད་ང་ཡིས་རྩལ་སྣང་འགགས་པ་མེད་པའི་ཆོས་རྣམས་མངོན་དུ་ཕྱུང་བ་འདི་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་རང་ལས་གཞན་མ་ལྟར་མངོན་དུ་ཕྱུང་བ་ཡིན་ནའང་དོན་ལ་གཞན་མིན་པ་རང་ཉིད་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་མངོན་དུ་ཕྱུང་བ་ཡིན་ཏེ། དེ་ཡང་ཇི་ལྟར་ཞེ་ན་སྣང་སྲིད་ཀྱི་ཆོས་འདི་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་སུ་ཡེ་ནས་མངོན་པར་སངས་རྒྱས་པའི་ངོ་བོར་མངོན་དུ་ཕྱུང་བ་ཡིན་པ་དང་། དེ་ཡང་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་བདག་ཉིད་ཆེན་པོའི་ངོ་བོར་སངས་རྒྱས་པར་མངོན་དུ་ཕྱུང་བ་ཡིན་པ་དང་། གཟུང་འཛིན་གྱི་རྟོག་པས་མ་བསླད་པས་དོན་མ་ནོར་བ་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པར་མངོན་དུ་ཕྱུང་བ་ཡིན་པ་དང་། དཔེ་དོན་རྟགས་གསུམ་གྱིས་ངེས་པ་ལ་བརྟེན་ནས་ཇི་ལྟར་སྣང་བའི་ཆོས་དེ་ཉིད་ཡེ་ནས་སངས་རྒྱས་པ་ཡིན་པར་མངོན་དུ་ཕྱུང་བ་ཡིན་པ་དང་། ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་ན་སངས་རྒྱས་ཞེས་པ་མིང་གི་བླ་དྭགས་ཙམ་ལས་དོན་ལ་གྲུབ་པ་མེད་པར་མངོན་དུ་ཕྱུང་བ་ཡིན་པ་སྟེ། དེ་ལྟར་ཆོས་ཐམས་ཅད་ཆེ་བ་ལྔའི་སངས་རྒྱས་སུ་མངོན་དུ་ཕྱུང་བར་བརྗོད་ཀྱང་དོན་ལ་རང་སེམས་གཅིག་པུ་འདི་ཉིད་མངོན་དུ་ཕྱུང་ནས་བསྟན་པ་ལ་ཆེ་བའི་ཡོན་ཏན་གྱི་ལྡོག་པ་ནས་དབྱེ་བ་རྣམ་པ་ལྔར་ཕྱེས་པ་ཙམ་ལས་ཐ་དད་པའི་ཆོས་སུ་གྲུབ་པ་གང་ཡང་མེད་དོ། །མདོ་བཅུ་ལས། ཆེ་བ་ལྔ་ཡི་བྱང་ཆུབ་སེམས། །སེམས་ཉིད་ཆེ་བ་ལྔས་འཕགས་ཏེ། །ཞེས་དང་། ཡིད་སྐྱོབ་ལས། མ་སྤངས་མི་གནས་མི་ལྟོས་རག་མ་ལུས། །ཐ་སྙད་ཀུན་དང་བྲལ་བ་སྟེ། །རང་བཞིན་ལྷུན་གྲུབ་འདུས་མ་བྱས་པས་ན། །འབྲས་བུའི་རྒྱལ་པོ་ཁྱད་པར་དཔག་སྟེ་ཆེ། །ཞེས་སོ། །བཞི་པ་ནི། ཀྱེ་སེམས་དཔའ་ཆེན་པོ་དེ་ལྟར་ཀུན་བྱེད་ང་ཡི་རང་བཞིན་མངོན་དུ་ཕྱུང་བ་འདིས་མདོར་ན་འདི་ལྟར་སྣང་བའི་ཆོས་ཐམས་ཅད་མ་སྤངས་གར་ཡང་མ་སྤངས་པར་མངོན་སུམ་པར་སངས་རྒྱས་པའི་ཆེ་བ་དང་། རག་གར་ཡང་མ་ལུས་པར་བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ་དང་། གནས་ཅི་ལ་ཡང་མི་གནས་པར་དབྱིངས་སུ་སངས་རྒྱས་པའི་ཆེ་བ་དང་། ལྟོས་ཅི་ལ་ཡང་མི་ལྟོས་ཏེ་དེ་ཉིད་ཡིན་པར་སངས་རྒྱས་པའི་ཆེ་བ་དང་། ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པས་སངས་རྒྱས་ལས་མེད་པའི་ཆེ་བ་སྟེ་ཆེ་བ་ལྔ་ཡི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་མངོན་དུ་བྱུང་བ་ཡིན་ལ། དེ་ལྟ་བུའི་ཆེ་བ་ལྔ་ཡི་སངས་རྒྱས་ཏེ་གང་ཞེ་ན་འདི་ལྟ་སྟེ། ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་ངོ་བོ་མངོན་དུ་ཕྱུང་བ་ནི་སྣང་སྲིད་སྣོད་བཅུད་དུ་སྣང་བའི་ཆོས་འདི་དག་ཐམས་ཅད་མཚན་ཉིད་ཐེག་པ་གསུམ་གྱིས་མ་དག་འཁོར་བའི་ཆོས་སུ་མཐོང་ནས་ཚོགས་བརྒྱད་ཡུལ་དང་བཅས་པ་འདི་རྣམས་སྤང་འགོག་སྦྱོང་བའི་ཆོས་སུ་བལྟ་བ་ལས། དོན་ལ་ཀུན་བྱེད་ང་ཡི་ཆོས་ཉིད་རང་བཞིན་སྤྲོས་བྲལ་དང་མཚན་ཉིད་རང་རིག་དང་རྣམ་པ་སྒྱུ་མར་སྣང་བ་སྟེ་ལྷུན་གྲུབ་གསུམ་གྱི་བདག་ཉིད་འདི་ཀུན་ལ་སྣང་བར་གྱུར་པ་ཡིན་པའི་རྒྱུ་མཚན་དེ་བས་ན་བྱང་ཆུབ་སེམས་ཀྱི་ངོ་བོ་མངོན་དུ་ཕྱུང་བ་ཡིན་ལ། དེས་ན་གསར་དུ་འབད་རྩོལ་གྱི་སྒོ་ནས་མཚན་ཉིད་ཐེག་པ་ལྟར་སྤོང་འགོག་སྦྱོང་བའི་བྱ་བ་ལ་ལྟོས་མི་དགོས་པར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་མ་རིག་པ་ཞིག་གདོད་ནས་ཡོད་མ་མྱོང་བས་སངས་ཤིང་། ཡེ་ཤེས་ཕྱོགས་མེད་དུ་ཡེ་ནས་རྒྱས་པ་ཡིན་པས་ན་ཡེ་ནས་སངས་རྒྱས་པ་ཡིན་ཞིང་། དེ་ལྟར་རྩོལ་སྒྲུབ་མེད་པར་ཡེ་ནས་སངས་རྒྱས་པ་ཡིན་པས་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་ཟིལ་གྱིས་གནོན་པར་བྱེད་པའི་གཉེན་པོར་ཡེ་ནས་ཆེ་བར་བཤད་པ་དེ་ནི་མངོན་པར་སངས་རྒྱས་པའི་ཆེ་བ་ཞེས་སུ་བཤད་པ་ཡིན་ཏེ། དགའ་རབ་རྡོ་རྗེས། རྫོགས་ཆེན་རང་གཞུང་མངོན་པར་སངས་རྒྱས་ཆེ། །སྤང་འགེགས་སྦྱོང་ལས་ཚོགས་བརྒྱད་ཡུལ་དང་བཅས། །རང་རིག་སྤྲོས་བྲལ་སྒྱུ་མར་ལྷུན་གྲུབ་པས། །དེར་གནས་བག་ཆགས་རྟེན་གྲོལ་དངོས་མཚན་དང་། །མ་རིག་མུན་སངས་ཡེ་ཤེས་ཕྱོགས་མེད་རྒྱས། །དམན་པའི་ཐེག་པ་ཟིལ་གནོན་གཉེན་པོ་ཆེ། །ཞེས་གསུངས་སོ། །ལྔ་པ་ནི། དེ་བཞིན་དུ་ཀུན་བྱེད་ང་ཡི་རང་སེམས་སྙིང་པོ་རང་བྱུང་གི་ཡེ་ཤེས་མངོན་དུ་ཕྱུང་བ་འདི་ཆོས་ཐམས་ཅད་ཀྱི་སྙིང་པོར་གྱུར་པའམ་ངོ་བོ་ཡིན་པས་ཀུན་གྱི་བདག་ཉིད་ཡིན་ལ། དེ་ལྟར་ཆོས་ཐམས་ཅད་བདག་ཉིད་ཆེན་པོའི་རང་བཞིན་ཡིན་པ་ལ་མ་ཧཱ་ཡོ་ག་བས་བསྐྱེད་རྫོགས་འབད་རྩོལ་གྱི་ལམ་ལ་བརྟེན་ནས་མངོན་དུ་བྱ་བར་འདོད་པ་ལ་རྫོགས་པ་ཆེན་པོའི་རྩོལ་སྒྲུབ་གང་ཡང་བྱ་མི་དགོས་པར་ཆོས་ཐམས་ཅད་ཡེ་ནས་རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོར་དབང་བསྒྱུར་ཟིན་པས་འོག་མའི་རྩོལ་སྒྲུབ་ཐམས་ཅད་ཡེ་ནས་སམ་གཞི་ནས་སངས་ཤིང་རང་རིག་པའི་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་ཡིན་ཕྱིར་རྩོལ་སྒྲུབ་གང་ཡང་མེད་པས། རྩོལ་སྒྲུབ་ཅན་གྱི་ཐེག་པ་དེའི་གཉེན་པོར་ཡེ་ནས་ཆེ་བར་བཤད་པ་ནི་བདག་ཉིད་ཆེན་པོ་རུ་སངས་རྒྱས་པའི་ཆེ་བར་བཤད་པ་སྟེ། དེ་ཉིད་ཀྱིས། རྣལ་འབྱོར་ཆེན་པོ་ལ་སོགས་རྩོལ་སྒྲུབ་ཀྱི། །གཞན་དབང་ལ་ལྟོས་ཟིལ་གནོན་གཉེན་པོར་མང་། །བདག་ཉིད་ཆེན་པོར་རང་ཉིད་ཡེ་དབང་པས། །ཚུལ་ངན་རྩོལ་སངས་རང་རིག་ཕྱོགས་མེད་རྒྱས། །ཞེས་གསུངས་སོ། །དྲུག་པ་ནི། འདི་ལྟར་ཆོས་ཐམས་ཅད་གདོད་ནས་མ་སྐྱེས་ཤིང་འགགས་པ་མེད་པ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་མངོན་དུ་ཕྱུང་བ་འདི་ཉིད་ཡེ་ནས་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་དང་བྲལ་བས་སངས་རྒྱས་པ་ཡིན་ཀྱང་། ཨ་ནུ་ཡོ་ག་བས་ཆོས་ཀྱི་དབྱིངས་རྒྱུ་དང་རང་བྱུང་གི་ཡེ་ཤེས་འབྲས་བུའི་ཆོས་སུ་བལྟས་ཏེ་རྒྱུ་འབྲས་དབྱེར་མེད་ཀྱི་ངོ་བོར་བསྒོམ་ཞིང་བསྒྲུབ་པར་འདོད་པ་ལ། རྫོགས་པ་ཆེན་པོས་རྒྱུ་རྐྱེན་འབྲས་བུའི་ཆོས་ཐམས་ཅད་ཡེ་ནས་ཆོས་ཀྱི་དབྱིངས་སུ་དབྱེར་མེད་རོ་གཅིག་དུ་སངས་རྒྱས་པའི་ཕྱིར་འབད་རྩོལ་ཅི་ཡང་བྱ་མི་དགོས་པར་འདོད་པས་རྒྱུ་འབྲས་ཀྱི་མཚན་མར་འཛིན་པའི་རྟོག་པ་ཡེ་ནས་ངང་གིས་སངས་ཤིང་། མཚན་འཛིན་བྲལ་བའི་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་ཡིན་ཏེ། དེ་ལྟར་རྩོལ་སྒྲུབ་གང་ཡང་མི་དགོས་པས་རྒྱུ་འབྲས་རྩོལ་སྒྲུབ་ལ་ཞེན་པའི་ཐེག་པའི་གཉེན་པོར་གྱུར་ཅིང་ཁྱད་པར་དུ་འཕགས་པས་ཡེ་ནས་ཆེ་བར་བཤད་པ་ནི་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ་ཡིན་པར་བཤད་དེ། དེ་ཉིད་ཀྱིས། རྗེས་འཇུག་ལ་སོགས་རྒྱུ་འབྲས་གཉེན་པོར་ཡང་། །རྒྱུ་རྐྱེན་འབྲས་བུ་ཆོས་དབྱིངས་རོ་གཅིག་པས། །མ་བསྐྱེད་མི་གནས་འགག་མིན་དེ་འདོད་སངས། །ཀུན་མཁྱེན་མཚན་མ་ཟིལ་གནོན་ཡེ་ཤེས་རྒྱས། །ཞེས་གསུངས་སོ། །བདུན་པ་ནི། ཆོས་ཐམས་ཅད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡིས་རང་གི་ངོ་བོ་ངེས་པར་མངོན་དུ་ཕྱུང་ནས་སྣང་བ་འགག་མེད་དུ་བསྟན་པ་འདི་ལ་རྣལ་འབྱོར་ཡོ་ག་བ་ལ་སོགས་ཀྱིས་བླང་དོར་གཉིས་སུ་བྱ་བའི་ཡུལ་དུ་མཐོང་ཞིང་རྩོལ་བར་བྱེད་པ་དེ། ཨ་ཏི་ཡོ་ག་བས་ཡེ་ནས་བླང་དོར་མེད་པར་སངས་རྒྱས་པའི་བདག་ཉིད་དུ་དཔེ་དོན་རྟགས་ནི་རྣམ་པ་གསུམ་གྱིས་ངེས་པར་བསྟན་པ་ཡིན་ཏེ། མདོ་བཅུ་ལས། ཆོས་རྣམས་ཐམས་ཅད་མ་ལུས་པའི། །དཔེ་ནི་ནམ་འཁའ་ཡིན་པ་སྟེ། །ནམ་མཁའ་སྤྱོད་ཡུལ་ཀུན་ལས་འདས། །མཚོན་དུ་མེད་པའི་ཁྱད་པར་གྱིས། །ནམ་མཁའི་དཔེ་ནི་ཁྱད་པར་ཆེ། །དོན་ནི་ཆོས་ཉིད་ཡིན་པ་སྟེ། །ཆོས་ཉིད་དོན་ནི་སྐྱེ་མེད་ལས། །སྐྱེ་བའི་ཆོ་འཕྲུལ་སངས་རྒྱས་ཀྱི། །དོན་ནི་ཆོས་ཉིད་དེ་ཡིན་ཏེ། །རྟགས་ནི་སེམས་ཉིད་འགག་མེད་ཡིན། །འགག་པ་མེད་པའི་བྱང་ཆུབ་སེམས། །མི་འགག་པ་ཡི་ཁྱད་པར་གྱིས། །རྟགས་ནི་ཆེ་བ་ཡིན་པར་བཤད། །ཅེས་གསུངས་པ་ལྟར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་གདོད་ནས་སྐྱེ་བ་མེད་པའི་ངང་ལས་སྐྱེ་བའི་ཆོ་འཕྲུལ་དུ་ཤར་བའི་སྣང་སྲིད་ཀྱི་ཆོས་འདི་དག་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ཡིན་པ་ནི་སྒྲུབ་བྱའི་དོན་ཡིན་ལ། དེ་ཉིད་མཚོན་པར་བྱེད་པའི་དཔེ་ནི་ཆོས་འདི་དག་ཐམས་ཅད་སྣང་བའི་དུས་ཉིད་ནས་སྐྱེ་མེད་བྱང་ཆུབ་སེམས་ཀྱི་ངོ་བོར་སངས་རྒྱས་པས་བློའི་སྤྱོད་ཡུལ་ལས་འདས་པར་ནམ་མཁའི་དཔེ་ཡིས་མཚོན་ནས་བསྟན་ཏེ་བྱང་ཆུབ་སེམས་ཀྱི་ངང་ལས་འགགས་མེད་དུ་ཤར་བའི་རྩལ་སྣང་ཐམས་ཅད་ངོ་བོ་ངོས་བཟུང་དང་བྲལ་བའི་རྟགས་ཀྱིས་ངེས་པ་རུ་ཐེ་ཚོམ་ཟ་བ་རྣམས་ལ་ཆོས་ཐམས་ཅད་ལ་བཟང་ངན་མེད་པས་བླང་དོར་དུ་སྣང་བའི་ཆོས་དེ་ཉིད་མངོན་སུམ་པ་རུ་སངས་རྒྱས་པར་བསྟན་པས་བླང་དོར་ཅན་གྱི་ཐེག་པ་རྣམས་ཟིལ་གྱིས་གནོན་པའི་གཉེན་པོར་ཆེ་བས་དེ་ལས་ཁྱད་པར་དུ་འཕགས་ཤིང་དཔེ་ནམ་མཁར་ངེས་པ་དོན་ཆོས་ཉིད་དུ་ངེས་པ་རྟགས་སེམས་ཉིད་དུ་ངེས་པ་གསུམ་གྱི་གཏན་ཚིགས་ཀྱིས་རྣལ་འབྱོར་ཡོ་ག་བ་ལ་བླང་དོར་གཉིས་སུ་སྣང་བཞིན་པ་དེ་ཉིད་སངས་རྒྱས་པར་བསྟན་པས་བླང་དོར་དང་ཡིན་མིན་དུ་འཛིན་པ་ཐམས་ཅད་སངས་ཤིང་མཉམ་པ་ཉིད་ཀྱི་དོན་རང་གསལ་དུ་རྒྱས་པ་ནི་ངེས་པར་སངས་རྒྱས་པའམ་དེ་ཉིད་ཡིན་པར་སངས་རྒྱས་པའི་ཆེ་བ་སྟེ། སྔ་མ་ལས། སེམས་དཔའི་རྣལ་འབྱོར་ལ་སོགས་བླང་དོར་ཅན། །ཟིལ་གནོན་གཉེན་པོར་ཐམས་ཅད་དེ་ཡིན་པས། །ཡིན་མིན་ཕྱོགས་སངས་མཉམ་ཉིད་རང་གསལ་རྒྱས། །ཞེས་གསུངས་སོ། །རྒྱས་པ་ནི། གོང་དུ་བཤད་པ་དེ་དག་གི་ཕྱིར་ན་ཕྱི་ནང་སྣོད་བཅུད་དུ་སྣང་བའི་ཆོས་འདི་དག་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ང་ཡི་རང་བཞིན་མ་ནོར་བ་དེ་ཁོ་ན་ཉིད་དུ་མངོན་དུ་ཕྱུང་ཞིང་བསྟན་པ་ཡིན་ལ། དེ་ལྟ་བུའི་ཆོས་ཉིད་འདི་ནི་གཟུང་འཛིན་གྱི་བློས་བསམ་དུ་མེད་པ་དང་། དམིགས་པའི་ཡུལ་མ་གྲུབ་པ་དང་། མཚན་མའི་སྤྲོས་པ་མེད་པ་དང་། དཔེས་མཚོན་དུ་མེད་པ་དང་། གཉིས་བཅས་ཀྱི་ཆོས་སུ་མ་གྲུབ་པ་སྟེ་ཁྱད་པར་ལྔ་དང་ལྡན་པས་ཐེག་པ་འོག་མ་བ་སུ་ལ་མངོན་དུ་ཕྱུང་ཡང་མི་སྣང་བས་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་ཀུན་ལས་ཁྱད་པར་འཕགས་པ་སྟེ། མདོ་བཅུ་ལས། ཐམས་ཅད་སངས་རྒྱས་ཆེ་བ་ཡང་། །བསམ་མེད་དམིགས་མེད་སྤྲོས་པ་མེད། །མཚོན་དུ་མེད་དང་འདུས་པ་མེད། །རྣམ་པ་ལྔ་རུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དུ་སངས་རྒྱས་པ་སྟེ། འདི་ལྟར་དེ་ཞེས་བྱ་བ་ནི་གནས་ལུགས་རང་བྱུང་གི་ཡེ་ཤེས་མ་ནོར་བ་ཡི་རང་བཞིན་ཡིན་ལ། བཞིན་ཅེས་བྱ་བ་ནི་དེ་ཉིད་རྒྱུ་རྐྱེན་རྩོལ་སྒྲུབ་གང་གིས་ཀྱང་བཅོས་པ་མེད་པའི་རང་བཞིན་ཏེ། མན་ངག་གི་རྩ་བ་བསྡུས་པའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། །རང་བཞིན་གདོད་ནས་རྣམ་པར་དག །སངས་རྒྱས་སྒམ་པོས་འདི་མ་མཛད། །སེམས་ཅན་སྒྲིན་པོས་འདི་མ་བཅོས། །ཞེས་གསུངས་པ་ལྟར་ལ། ཉིད་ཅེས་པ་ནི་དེ་ལྟ་བུའི་གནས་ལུགས་ངོ་བོ་ཉིད་ལ་ངོས་བཟུང་གི་མིང་གིས་བཏགས་པ་ཡིན་ནོ། །དེ་ལྟ་བུའི་གནས་ལུགས་དེ་བཞིན་ཉིད་ཀྱི་རང་བཞིན་དེ་ཉིད་ལ་དངོས་པོ་རང་མཚན་དུ་གྲུབ་པ་ཅི་ཡང་མེད་པས་དུས་གསུམ་གྱི་སངས་རྒྱས་ཡོད་པའི་སྒྲོས་ཀྱང་མི་འདོགས་ལ། ཅང་མེད་ཕྱང་ཆད་པ་ལྟ་བུ་ཡང་མ་ཡིན་པར་འགག་མེད་རང་གསལ་ཆེན་པོའི་ངོ་བོ་ཅིར་ཡང་འཆར་དུ་རུང་བས་ཁམས་གསུམ་སེམས་ཅན་རྣམས་མེད་ཅེས་པའི་སྐུར་བའང་མི་འདེབས་ཤིང་རྟོག་དཔྱོད་ཀྱི་བསམ་པ་ཅིར་ཡང་སྟེ་ཅི་ལ་ཡང་དགོངས་པ་མེད་པས་ཡོད་མེད་རྟག་ཆད་ཀྱི་མཐའ་དང་འོག་མའི་ཐེག་པས་རྩོལ་སྒྲུབ་རྒྱུ་འབྲས་བླང་དོར་དུ་ལྟ་བའི་ཕྱོགས་གསུམ་གྱི་འཛིན་པ་དེ་དག་གཞི་མེད་དུ་སངས་ཤིང་རིག་པའི་ངོ་བོ་མ་བཅོས་རང་གསལ་དུ་རྒྱས་པ་དེ་ཉིད་མ་མཐོང་བའི་རྨོངས་པ་རྣམས་ལ་མཚོན་པའི་ཕྱིར་དུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའོ། །ཞེས་བླ་དྭགས་སུ་བཏགས་པ་ཙམ་ལས་དོན་ལ་དམིགས་མཚན་སྤྲོས་པའི་མཐའ་གང་ཡང་མེད་པར་བསྟན་པས་བརྟགས་པ་ཙམ་ལ་ངེས་པའི་དོན་དུ་ཞེན་པ་དེ་ཟིལ་གྱིས་གནོན་པའི་གཉེན་པོར་ཆེ་ཞིང་ཞེན་འཛིན་ཐམས་ཅད་དང་བྲལ་བར་ལ་བཟླ་བར་བྱེད་པས་ན་སངས་རྒྱས་མེད་པའི་ཆེ་བར་ང་ཡིས་བཤད་དོ་ཅེས་གསུངས་སོ། །སློབ་དཔོན་དགའ་རབ་དཔའ་བོའི་ཞལ་ནས། ལྷུན་གནས་བདེ་ཆེན་དོན་དམ་ཡེ་ཤེས་འཕགས། །ཕྱོགས་གསུམ་ལ་བཟླས་རང་གསལ་ཡེ་སངས་རྒྱས། །དངོས་མཚན་ཉི་ཚེའི་སྟོང་པ་ལས་གྲོལ་ཞིང་། །དོན་ཉིད་རྨོངས་ལ་མཚོན་ཕྱིར་བརྡའ་སྤྲད་ཀྱིས། །དེ་ཡང་ཚིག་ཙམ་ངེས་དོན་ཟིལ་གནོན་ཆེའོ། །ཞེས་གསུངས་སོ། །དེ་ལྟར་ན་ཆེ་བ་ལྔ་པོ་དེ་ལས་དང་པོས་ཤེས་བྱའི་ཆོས་ཕྱི་ནང་སྣོད་བཅུད་དུ་སྣང་བཞིན་པ་འདི་ཉིད་རྒྱུ་རྐྱེན་རྩོལ་སྒྲུབ་ཅི་ལ་ཡང་མ་ལྟོས་པར་སངས་རྒྱས་པར་བསྟན་པས་ཤེས་བྱའི་རང་བཞིན་དང་། ཆོས་ཀྱི་དབྱིངས་དང་བདག་ཉིད་ཆེན་པོ་གཉིས་ཀྱིས་དང་པོས་སྤྲོས་པའི་མུ་མཐའ་ཐམས་ཅད་སངས་པ་དང་། གཉིས་པས་དེ་ལྟར་མཁྱེན་པའི་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པའི་རང་བཞིན་སྟོན་པས་དེ་གཉིས་ཀྱིས་མཚན་ཉིད་དང་། བཞི་པས་མངོན་སུམ་དུ་སྣང་བའི་ཆོས་དེ་ཉིད་སངས་རྒྱས་ཀྱི་ངོ་བོ་ཡིན་པར་མཚོན་པས་ངེས་ཚིག་དང་། ལྔ་པས་དེ་ལྟར་སངས་རྒྱས་པར་གསུངས་པ་དེ་ཡང་དགོས་པའི་དབང་གིས་བཏགས་པ་ཙམ་ལས་དོན་གང་དུའང་མ་གྲུབ་པར་རྒྱས་བཏབ་ཏེ་དམིགས་མཚན་བློ་ཡི་སྤྲོས་པ་ཐམས་ཅད་དང་བྲལ་བར་ལ་བཟླས་པ་སྟེ། ཆེ་བ་ལྔ་པོ་དེས་རྩོལ་བཅས་ཀྱི་ཐེག་པ་ཀུན་ལས་ཁྱད་པར་དུ་འཕགས་པས་ན་རྫོགས་པ་ཆེན་པོ་ཞེས་གསུངས་ཏེ། དེ་ཉིད་ཀྱིས། མངོན་སུམ་སྣང་བའི་རང་བཞིན་ཡེ་སངས་རྒྱས། །དེ་ཡི་མཚན་ཉིད་ཆོས་དབྱིངས་མུ་མཐའ་གྲོལ། །དེ་མཁྱེན་ཡེ་ཤེས་མཐའ་དབུས་ཀུན་ཁྱབ་རྒྱས། །དེ་ཉིད་དེ་ཡིན་དེ་མཚོན་ངེས་པའི་ཚིག །དགོས་པས་སྤྲད་ཀྱི་སྒྲ་ལ་དོན་མི་བཞག །དང་པོས་ཤེས་བྱའི་རང་བཞིན་གཉིས་མཚན་ཉིད། །གཅིག་གིས་ངེས་ཚིག་ཐ་མས་རྒྱས་བཏབ་པ། །ཆེ་ལྔས་ཁྱད་འཕགས་དེས་ན་རྫོགས་པ་ཆེ། །ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རང་བཞིན་རྣམ་པ་གསུམ་མངོན་དུ་ཕྱུང་བའི་ལེའུ་སྟེ་བཅོ་ལྔ་པའི་འགྲེལ་བའོ།། ༈ །།དོན་དྲུག་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀུན་བྱེད་དུ་ཡེ་ནས་གྲུབ་ཟིན་པས་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པའི་ལེའུ་བཅུ་དྲུག་པ་ཉིད་བཤད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་སྟོན་འཁོར་བསྟན་པ་གསུམ་པོ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་མངོན་དུ་ཕྱུང་ཞིང་ཆེ་བ་ལྔར་ཡེ་ནས་སངས་རྒྱས་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སེམས་དཔའ་རྡོ་རྗེ་ལ་ཆོས་རྣམས་ཐམས་ཅད་ཡེ་ནས་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པས་དེ་ཉིད་རྟོགས་པའི་རྣལ་འབྱོར་པ་རྣམས་དུས་རྣམས་ཀུན་ཏུ་ཆོས་ཉིད་ཀྱི་འཁོར་ལོ་ལས་འདའ་བ་མེད་ཕྱིར་རྒྱུ་འབྲས་རྩོལ་སྒྲུབ་གང་ཡང་མི་དགོས་པར་མ་བཅོས་རང་བབས་སུ་འཇོག་པའི་གདམས་ངག་གནད་དུ་ཕོག་པ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཕུན་སུམ་ཚོགས་པ་ལྔ་སེམས་ཉིད་ཀུན་བྱེད་ལ་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པས་ཇི་བཞིན་བཟོ་མེད་དུ་ལྷུག་པར་གཞག་པར་གདམས་པ་དང་། སེམས་ཉིད་རང་བྱུང་དུ་གྲུབ་པས་རྩོལ་སྒྲུབ་རྒྱུ་འབྲས་ཀྱིས་མི་འགྲུབ་པར་ལུང་བསྟན་པ་དང་། ཇི་བཞིན་ཀུན་བྱེད་རྟོགས་པའི་རྣལ་འབྱོར་པ་ཉིད་རང་བྱུང་ཡེ་ཤེས་ལས་མི་འདའ་བས་ཀུན་ཏུ་ཆོས་ཉིད་ཀྱི་འཁོར་ལོར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་བྱར་མེད་ལྷུན་གྱིས་གྲུབ་པའི་གདམས་ངག་འདི་ཉོན་ཅིག་དང་བསྟན་པར་བྱའོ་ཞེས་ཉན་པར་བསྐུལ་ནས། དེ་ཡང་ཇི་ལྟར་ཞེ་ན་ང་ནི་ཡེ་ནས་ཕུན་སུམ་ཚོགས་པ་ཀུན་བྱེད་པའི་རྒྱལ་པོ་ཡིན་ཏེ། འདི་ལྟར་སྐུ་གསུམ་གྱི་སྟོན་པ་རྣམས་དང་དེ་དག་གིས་གསུངས་པའི་བསྟན་པ་རྒྱུ་འབྲས་ཀྱི་ཐེག་པ་རྣམས་དང་། དེ་གང་ལ་བསྟན་པར་བྱ་བའི་ཡུལ་དུ་གྱུར་པའི་འཁོར་རྣམས་དང་། དེ་ལྟར་སྟོན་པའི་དུས་དང་གང་དུ་སྟོན་པའི་གནས་ཐམས་ཅད་ང་ཡིས་བྱས་ནས་མངོན་དུ་སྣང་བ་ཡིན་པའི་ཕྱིར་ན་སྐུ་གསུམ་གྱི་སྟོན་པ་རྣམས་ལ་ལམ་སྟོན་པར་བྱེད་པའི་སྟོན་པ་ཡང་ནི་ཀུན་བྱེད་ང་ཡིས་བྱེད་ཅིང་། དེ་དག་ལ་བསྟན་བྱའི་དོན་ཡང་གཞན་པ་ཅི་ཡང་མེད་པར་ཀུན་བྱེད་ང་ཡི་རང་བཞིན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་དེ་ཉིད་སྟོན་པར་བྱེད་ལ། འཁོར་ཡང་ང་ཡི་ངོ་བོ་རྩལ་སྣང་འགག་པ་པ་མེད་པ་དེ་མངོན་དུ་ཕྱུང་ནས་བསྟན་པ་དང་། དེ་རྣམས་འདུས་པའི་དུས་དང་གནས་ཀྱང་ང་ཡི་རང་བཞིན་དེ་རུ་ནི་མ་འདུས་པ་མེད་པས། སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་ཁོ་ན་བསྟན་པ་ལས་ང་ཉིད་མིན་པའི་ཆོས་ནི་གཅིག་ཀྱང་བསྟན་པ་མེད་པར་གསུངས་པ་སྟེ། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། ཕྱོགས་བཅུའི་སངས་རྒྱས་ང་ཡི་སེམས། །ཕྱི་ནང་སྣོད་བཅུད་ང་ཡི་སེམས། །ཕྱོགས་དང་སྣང་བ་ང་ཡི་སེམས། །ཕྱི་དང་ནང་ཡང་ང་ཡི་སེམས། །མཐོ་རིས་ངན་སོང་ང་ཡི་སེམས། །ཞེས་གསུངས་པ་སྟེ། དེས་ན་སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉིད་ཀྱང་ཀུན་བྱེད་ང་ཡི་རང་བཞིན་འགག་པ་མེད་པའི་རོལ་པ་མངོན་དུ་བསྟན་པ་ཡིན་པའི་ཕྱིར་ན་ཁྱོད་ཀྱང་སྟོན་པ་ང་ཡི་དབྱིངས་ལས་ང་ཡི་ཐུགས་རྗེས་ཕྱུང་བ་ཡིན་པས་ཀུན་བྱེད་ང་ནི་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ནམ་སྙིང་པོར་ཐག་ཆོད་ལ་བླང་དོར་རྩོལ་སྒྲུབ་ཀྱི་རེ་དོགས་གང་ཡང་མི་བྱེད་པར་མ་བཅོས་རང་བབ་ཀྱི་ངང་ཞོག་ཅིག་ཅེས་གདམས་པའོ། །གཉིས་པ་ནི། དེ་ལྟར་ཆོས་ཐམས་ཅད་ནི་ཀུན་བྱེད་ང་ཡི་རང་བཞིན་ལས་གཞན་དུ་མེད་ལ་ཀུན་བྱེད་ང་ནི་ཡེ་ནས་ཆོས་ཉིད་རྫོགས་པ་ཆེན་པོ་མ་བཅོས་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་བྱས་ཟིན་པ་ཡིན་གྱིས་ད་གདོད་རྒྱུ་འབྲས་རྩོལ་སྒྲུབ་ལ་བརྟེན་ནས་བྱ་དགོས་པར་འདུས་པའི་འཁོར་ཚོགས་ཀུན་ལ་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ལུང་མ་སྟོན་ཅིག །གལ་ཏེ་ད་གདོད་བྱ་དགོས་པར་འདུས་པའི་འཁོར་ཚོགས་རྣམས་ལ་ལུང་བསྟན་པར་གྱུར་ན་འདུས་པའི་འཁོར་རྣམས་རྒྱུ་འབྲས་ཀྱི་ཐེག་པ་བ་ལྟར་བྱ་བྱེད་རྩོལ་པའི་ནད་ཀྱིས་ཟིན་པར་འགྱུར་བ་དང་། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་དེ་ཡང་རྒྱུ་འབྲས་རྩོལ་སྒྲུབ་ཀྱིས་གསར་དུ་བྱས་པ་ཞིག་ཡིན་ན་རྒྱུ་རྐྱེན་ལ་ལྟོས་པ་མེད་པའི་རང་བྱུང་རིག་པའི་ཡེ་ཤེས་མེད་པའི་སྐྱོན་དུ་འགྱུར་བ་དང་། བྱང་ཆུབ་ཀྱི་སེམས་རང་བྱུང་འདུས་མ་བྱས་པའི་རང་བཞིན་ལ་རྩོལ་སྒྲུབ་ཀྱིས་འཆོས་པར་བྱས་པའི་སྐྱོན་དུ་འགྱུར་བ་དང་། གནས་ལུགས་དེ་བཞིན་ཉིད་ལ་དེ་བཞིན་ཉིད་དུ་མ་བཞག་པར་དེ་ལས་གཞན་དུ་བསྒྱུར་ཞིང་འཆོས་པའི་སྐྱོན་དུ་འགྱུར་ཞིང་། དེ་ལྟར་ན་བྱ་བྱེད་རྩོལ་བའི་སྐྱོན་གྱིས་མ་བཅོས་ལྷུན་རྫོགས་ཆེན་པོའི་ཡོན་ཏན་རྣམས་མེད་པར་གསར་དུ་བསྒྲུབ་དགོས་པར་སྐུར་པ་བཏབ་ནས་ཁྱད་དུ་གསོད་པར་འགྱུར་བ་དང་། དངོས་པོའི་དོན་དང་མི་མཐུན་པའི་དྲང་དོན་རྫུན་པའི་ལམ་གྱིས་གནས་ལུགས་ཡང་དག་པ་བདེན་པའི་དོན་གཞན་དུ་ལོག་པའི་ལམ་ལ་ཁྲིད་ཅིང་བསླུས་པས་བསླད་པར་བྱས་པས་ན། དེ་ལྟ་བུའི་ཆོས་ཉིད་ཀྱི་དོན་དང་མཐུན་པ་མིན་པའི་རྩོལ་བས་བསྒྲུབ་པར་བྱ་བ་གང་ཡང་མེད་པ་ཡིན་པས་རྒྱུ་འབྲས་བྱ་རྩོལ་གྱིས་མ་སྒྲུབ་པར་རིག་པ་རང་འགྲོས་བཅོས་བསླད་མེད་པར་ཞོག་ཅིག་ཅེས་པ་སྟེ། མདོ་བཅུ་ལས། རང་བྱུང་ཡེ་ཤེས་འགྱུར་མེད་ལ། །སྤང་དང་འགེག་པ་ཡོངས་མི་མངའ། །སྦྱང་ཞིང་བགྲོད་པ་ཡོངས་མི་མངའ། །གཟུང་ཞིང་འཛིན་པ་ཡོངས་མི་མངའ། །བླང་ཞིང་དོར་བ་ཡོངས་མི་མངའ། །བཙལ་ཞིང་བསྒྲུབ་པ་ཡོངས་མི་མངའ། །རྒྱུ་དང་འབྲས་བུ་ཡོངས་མི་མངའ། །དེས་ན་རང་བྱུང་ཡེ་ཤེས་ལ། །སྤང་ལེན་མེད་པར་བསྟན་པ་ཡིན། །ཡ་ན་རྣམ་པ་བརྒྱད་པོ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཞེས་ཡེ་ཤེས་སྤང་ལེན་མེད་པའི་མན་ངག་གི་སྐབས་ནས་གསུངས་པ་བཞིན་ནོ། །གསུམ་པ་ནི། འདི་ལྟར་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ནི་དུས་རྟག་ཏུ་གསལ་འགྲིབ་མེད་པར་རིག་གིས་ཞེས་ད་ལྟ་རང་བབས་ཐ་མལ་དུ་གནས་པའི་དུས་ཀྱི་ཤེས་རིག་འགག་པ་མེད་པ་དུས་གསུམ་གྱི་རྟོག་པས་བསླད་མ་ཞུགས་པའི་སྟོང་གསལ་ཟང་མ་ཐལ་བྱུང་འདི་ལས་གཞན་ན་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཞིག་མེད་པས་དེ་ཉིད་རང་ལ་མངོན་སུམ་ཡིན་པར་བསྟན་པ་སྟེ། སངས་རྒྱས་རྡོ་རྗེ་སེམས་དཔའ་ཚིག་གསུམ་པའི་རྒྱུད་ལས། རང་གི་ཤེས་རིག་གི་ངོ་བོ་སང་ངེ་བ་འདི་དངོས་པོ་དང་ཁ་དོག་གི་ངོ་བོ་མ་གྲུབ་པ་སྟོང་སང་ངེ་འདུག་པ་འདི་སངས་རྒྱས་ཀུན་ཏུ་བཟང་མོ་ཡིན་ནོ། །རང་གི་ཤེས་རིག་གི་ངོ་བོ་སྟོང་བདོ་ཙམ་ན་སྟོང་པ་ཕྱང་ཆད་དུ་མ་སོང་བར་ཤེས་རིག་མ་འགག་པར་ཝལ་ལེ་གསལ་བ་འདི་སངས་རྒྱས་ཀུན་ཏུ་བཟང་པོ་ཡིན་ནོ། །རང་གི་རིག་པ་དངོས་པོ་ཅིར་ཡང་མ་གྲུབ་པར་ངོ་བོ་སྟོང་པ་དང་རང་གི་ཤེས་རིག་ཝལ་ལེ་བ་དབྱེར་མི་ཕྱེད་པར་འདུག་པ་འདི་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་དང་། རང་གི་ཤེས་རིག་ཝལ་ལེ་བ་འདི་ཀ་སངས་རྒྱས་ཡིན་པས་སངས་རྒྱས་གཞན་ནས་བཙལ་དུ་མེད་དོ། །རང་གི་རིག་པ་ཝལ་ལེ། ཁྱུག་གེ་བ་འདི་རྒྱུན་དུ་གསལ་བས་སངས་རྒྱས་ཆོས་ཀྱི་སྐུ་ལ་བསྒྲུབ་པར་བྱར་མེད་དོ། །ཞེས་དང་། ཡེ་ཤེས་མར་མེའི་རྒྱུད་ལས། ཀྱེ་གསང་བདག་ལྷུན་གྱིས་གྲུབ་པ་ནི་རང་གི་སྙིང་གི་དཀྱིལ་ན་རང་གི་རིག་པ་འོད་ཀྱི་ཕུང་པོར་བཞུགས་པ་ཡིན་ནོ། །ཐམས་ཅད་འཆར་གཞི་མ་འགགས་པ་ནི་རང་གི་རིག་པ་མི་གནས་ཕར་སོང་བས་གཟུགས་མཐོང་བ་མ་འགགས་པར་ཤར་རོ། །རང་གི་མིག་མཐོང་བ་མ་འགགས་པར་གསལ་བ་དེ་ཀ་ཆོས་སྐུའི་ཡེ་ཤེས་ཡིན་ནོ། །དེ་བཞིན་དུ་རྣ་བས་སྒྲ་ཐོས་མཁན་གྱི་རིག་པ་དང་། སྣས་དྲི་ཚོར་མཁན་གྱི་རིག་པ་དང་། ལྕེས་རོ་མྱོང་མཁན་གྱི་རིག་པ་འདི་རྣམས་རང་གི་ཆོས་སྐུའི་ཡེ་ཤེས་ཡིན་ནོ། །ཞེས་སོ། །དེས་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀུན་ཀྱང་ཆོས་ཉིད་དེ་བཞིན་ཉིད་དུ་རིག་པ་ཡིན་ཏེ། ཀུན་བྱེད་ང་ཡིས་བྱས་པའི་ཆོས་རྣམས་ཐམས་ཅད་ཀུན་ཡེ་གདོད་ནས་རང་བྱུང་གི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཀློང་ལས་སྐད་ཅིག་ཙམ་ཡང་གཡོ་མ་མྱོང་པས་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་ལ། དེ་ཡང་བྱས་པའི་ཆོས་དེ་གང་དང་གང་ཞེ་ན་ཕུན་སུམ་ཚོགས་པ་ལྔ་སྟེ། འདི་ལྟར་སྐུ་གསུམ་གྱི་སྟོན་པ་གསུམ་ཡང་ང་ཡི་རང་བཞིན་གསུམ་ལས་ཕྱུང་བའི་རང་བྱུང་གི་ཡེ་ཤེས་ཡིན་ལ། དེ་དག་གི་བསྟན་པའི་ཐེག་པ་གསུམ་ཡང་ང་ཡི་ཆོས་ཉིད་དེ་བཞིན་ཉིད་ལས་གཞན་དུ་ཡོད་པ་མ་ཡིན་པ་དང་། འཁོར་རྣམས་ཀུན་ཀྱང་སེམས་དཔའ་རྡོ་རྗེའི་ངོ་བོ་ང་ཡི་རྩལ་སྣང་འགགས་མེད་དུ་ཤར་བ་ལས་གཞན་དུ་མེད་པ་དེ་ཡི་ཚུལ་དང་མཐུན་པར་སྟོན་པ་ང་ཡི་རང་བཞིན་ཡིན་པ་དང་། དེ་བཞིན་དུ་དུས་དང་གནས་ཕུན་སུམ་ཚོགས་པ་ཐམས་ཅད་ཀུན་ཀྱང་གཞན་དུ་མེད་པར་ཀུན་བྱེད་རྒྱལ་པོ་ང་ཉིད་མངོན་དུ་ཕྱུང་བ་ཡིན་པ་དེས་ན་གང་སྣང་ཇི་ཤར་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངོ་བོ་རྟག་ཏུ་སྒྲིབ་མེད་མངོན་སུམ་དུ་གསལ་བ་ཡིན་པའི་ཕྱིར་ཚུལ་དེ་ལྟར་རྟོགས་པའི་རྣལ་འབྱོར་པ་རྣམས་དུས་རྟག་ཏུ་སྣང་སྤྱོད་ཐམས་ཅད་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བ་ཡིན་ནོ། །ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སེམས་དཔའ་རྡོ་རྗེ་ལ་གདམས་ངག་འབོག་པའི་ལེའུ་སྟེ་བཅུ་དྲུག་པའི་འགྲེལ་པའོ།། ༈ །།དོན་བདུན་པ་སེམས་ཉིད་བྱ་བཙལ་མེད་པའི་དོན་རྒྱལ་བའི་སྐུ་གདུང་ཡིན་པས་རྟོགས་པའི་དོན་ལས་མི་འདའ་བར་གོམ་པར་གྱིས་ཤིག་པའི་ལེའུ་བཅུ་བདུན་པ་ལ་གཉིས་ཏེ། བསྟན་པ་དང་བཤད་པའོ། །དང་པོ་ནི། དེ་ལྟར་རྒྱུ་འབྲས་རྩོལ་གྲུབ་ལ་མི་ལྟོས་པར་མ་བཅོས་རང་བབས་སུ་བཞག་ན་དུས་བཞི་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བར་གདམས་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་སྐུ་གདུང་རིང་བསྲེལ་འདི་དུས་རྟག་ཏུ་མི་འབྲལ་བར་ཟུང་ཤིག་པར་གདམས་པ་འདི་གསུངས་སོ། །གཉིས་པ་ལ་ལྔ་སྟེ། སེམས་ཉིད་སྒྲུབ་བསལ་མེད་པའི་སྐུ་གདུང་ཟུངས་ཤིག་པར་གདམས་པ། དེའི་དོན་ཇི་ལྟར་བཟུང་ཞུས་པ། སྐུ་གདུང་གི་རང་བཞིན་བཤད་པ། ཇི་ལྟར་མཆོད་ཅིང་ཡོན་ཏན་དྲིས་པ། རྟོག་པ་སེམས་ཉིད་ཀྱི་དོན་ལས་མ་ཡེངས་པར་མཆོད་པས་ཀུན་བྱེད་བྱ་བཙལ་མེད་པའི་རྒྱལ་པོ་འགྲུབ་པར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་དུས་གསུམ་རྒྱལ་བ་རྣམས་ཀྱི་སྐུ་གདུང་སེམས་ཉིད་བྱ་བཙལ་མེད་པའི་དོན་འདི་དང་དུས་རྟག་ཏུ་མི་འབྲལ་བར་ཟུང་ཞིག་དང་། འདི་ལྟ་བུའི་སྐུ་གདུང་རིང་བསྲེལ་འདི་རྟག་ཏུ་མི་འབྲལ་བར་འཆང་བར་བྱས་ན་དུས་གསུམ་རྒྱལ་བའི་ཡང་མེས་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་དང་སྐལ་པ་མཉམ་པར་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་ནི། དེ་ནས་འཁོར་གྱི་གཙོ་བོ་སེམས་དཔའ་རྡོ་རྗེས་སྐུ་གདུང་རིང་བསྲེལ་དེ་ཉིད་ཇི་ལྟར་བཟུང་བར་ཞུས་པ་ནི། ཀྱེ་དུས་གསུམ་དུ་གཤེགས་ཞིང་བྱོན་པའི་སངས་རྒྱས་ཀུན་གྱི་ཡང་མེས་ཆེན་པོ་སྟོན་པ་སྐུ་གསུམ་གྱི་ཡང་སྟོན་པར་གྱུར་པས་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། སྐུ་གདུང་རིང་བསྲེལ་འདི་ཉིད་རྟག་ཏུ་མི་འབྲལ་བར་ཟུངས་ཤིག་དང་ཀུན་བྱེད་རྒྱལ་པོ་ཁྱོད་དང་སྐལ་པ་མཉམ་པར་འགྱུར་རོ་ཞེས་སྟོན་པ་ཉིད་ཀྱིས་གདམས་པ་ལག་ན། དེ་ལ་སྐུ་ཞེས་པ་ནི་རྒྱལ་བ་གང་དང་གང་གི་སྐུ་ཡིན་པ་དང་། གདུང་ཞེས་བྱ་བ་དེ་ནི་སངས་རྒྱས་གང་དང་གང་གི་གདུང་ཡིན་པ་དང་། རིང་བསྲེལ་ཞེས་བརྗོད་པ་ནི་དོན་ཇི་ལྟ་བུ་ལ་དགོངས་ནས་དེ་ལྟར་གདམས་པར་བགྱི་བའི་ཚུལ་འདི་སྟོན་པ་ཉིད་ཀྱིས་གསུངས་བར་མཛད་དུ་གསོལ་ཞེས་ཞུས་སོ། །གསུམ་པ་ནི། དེ་ནས་སྟོན་པས་སླར་ཡང་ལན་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་སྐུ་ཞེས་བྱ་བ་ནི་ཀུན་བྱེད་ང་ཡི་ཐུགས་སྲས་རྒྱལ་བ་སྐུ་གསུམ་གྱི་སྐུ་ཡིན་ལ། གདུང་ཞེས་པ་ནི་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་ཐུགས་རྣམ་པར་མི་རྟོག་པའི་ངོ་བོ་སྟོན་པ་ཀུན་བྱེད་ང་ཡི་སེམས་སམ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ལ། དེ་ཉིད་དུས་རེས་འགའ་བ་ལྟ་བུའི་ངེས་བཟུང་མེད་པར་རྟག་པ་རྒྱུན་གྱི་འཁོར་ལོའི་དུས་ཀུན་ཏུ་སེམས་དཔའ་རྡོ་རྗེས་འདི་ཉིད་མི་འབྲལ་བར་འཆང་བར་བྱས་ན། དུས་གསུམ་གྱི་སངས་རྒྱས་མ་ལུས་པ་རྣམས་ཀྱིས་སྐུ་གདུང་ངམ་མཆོད་པའི་རྟེན་ཡིན་པས་ན་སྐུ་གདུང་རིང་བསྲེལ་ཞེས་བྱ་བའི་དོན་ནི་དེ་ལྟ་བུ་ལ་འདོགས་པར་བྱའོ་ཞེས་གསུངས་ཏེ། བང་མཛོད་འཕྲུལ་གྱི་མེ་ལོང་ལས། སྐུ་ནི་སྟོན་པ་སྐུ་གསུམ་སྟེ། །ང་ཡི་རང་བཞིན་ཆོས་སྐུ་ཡིན། །ང་ཡི་ངོ་བོ་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་སྤྲུལ་པའི་སྐུ། །གདུང་ནི་སངས་རྒྱས་ཀུན་གྱི་ཐུགས། །མ་ཡེངས་གནས་པ་རིང་བསྲེལ་ཡིན། །ཞེས་གསུངས་པ་ལྟར་ཏེ། དེས་ན་ལེའུ་འདིའི་དོན་ནི་རང་གི་སེམས་ཉིད་རིག་པ་སྐུ་གསུམ་གྱི་བདག་ཉིད་ཅན་འདི་ངོ་ཤེས་པའི་དོན་དང་རྟག་ཏུ་མ་བྲལ་ན་དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་དང་གཉིས་སུ་མེད་པས་དུས་གསུམ་རྒྱལ་བའི་སྐུ་གདུང་ཁམས་གསུམ་འགྲོ་བ་ཀུན་གྱིས་མཆོད་པའི་རྟེན་དུ་འགྱུར་བར་བསྟན་པ་ཡིན་ནོ། །བཞི་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས་སྐུ་གདུང་རིང་བསྲེལ་ཞེས་གསུངས་པའི་དོན་ནི་ཉིད་ཀྱིས་ཇི་སྐད་བསྟན་པ་དེ་ལྟར་ལགས་ན་ཡང་། འོ་ན་སྐུ་གདུང་རིང་བསྲེལ་དེ་ལ་དུས་གསུམ་གྱི་རྒྱལ་བ་སངས་རྒྱས་རྣམས་ཀྱིས་ཚུལ་ཇི་ལྟར་མཆོད་པ་དང་། དེ་མཆོད་པ་ལ་ནི་ཡོན་ཏན་ཇི་ལྟ་བུ་ཞིག་མཆིས་པ་ཡིན་ཞེས་ཞུས་སོ། །ལྔ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག་སྟོན་པ་ཀུན་བྱེད་ང་ཡི་སྐུ་གདུང་རིང་བསྲེལ་དེ་ལ་ནི་ཚུལ་ཇི་ལྟར་མཆོད་ན་དུས་གསུམ་གྱི་སངས་རྒྱས་ཀུན་གྱིས་དུས་རྟག་ཏུ་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ལ་བལྟས་ནས་ཞེས་རང་ངོ་ཤེས་པར་བྱས་ནས་རྩོལ་མེད་ཡེ་གྲོལ་ཆེན་པོ་ཀ་དག་ཡེ་བབ་སོར་བཞག་གི་དགོངས་པས་སམ་མ་བཅོས་རང་བབ་ཆེན་པོའི་བཞག་ཐབས་ཀྱིས་མཆོད་པར་བྱས་ན། དེ་ཡི་ཡོན་ཏན་ཀ་དག་ཆོས་སྐུའི་དགོངས་པ་དང་མི་འབྲལ་བར་དེ་ཉིད་མངོན་དུ་ཐོབ་ནས་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ཀྱི་ཀློང་དུ་རྗེས་མེད་རང་ཡལ་དུ་སོང་ནས་སྲིད་གསུམ་ཀ་དག་འཁོར་བ་དོང་སྤྲུགས་ཀྱི་དགོངས་པ་མངོན་དུ་བྱེད་ནུས་པར་འགྱུར་རོ། །ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྐུ་གདུང་གཏད་པའི་ལེའུ་སྟེ་བཅུ་བདུན་པའི་འགྲེལ་བའོ།། ༈ །།དོན་བརྒྱད་པ་ཆོས་ཐམས་ཅད་སེམས་ཉིད་ཀུན་བྱེད་དེ་བཞིན་ཉིད་དུ་བསྟན་པའི་ལེའུ་བཅོ་བརྒྱད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་སྐུ་གདུང་རིང་བསྲེལ་མི་འབྲལ་བར་བཟུང་བར་གདམས་པ་དེ་ནས་བྱང་ཆུབ་ཀྱི་སེམས་པ་ཀུན་བྱེད་རྒྱལ་པོ་དེས་སྣང་ཆ་འགག་པ་མེད་པའི་རོལ་པར་ཤར་བའི་སྲིད་ཞི་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཀུན་བྱེད་ང་ཉིད་ཡིན་ནོ། །ཞེས་སྟོན་པར་བྱེད་པའི་ངེས་པ་དོན་གྱི་ལུང་འདི་གསུངས་སོ། །གཉིས་པ་ལ་དྲུག་སྟེ། སེམས་ཉིད་ཀུན་བྱེད་ཉིད་སྐུ་གསུམ་རྩོལ་མེད་དུ་གྲུབ་པས་གཞན་དོན་འབད་མེད་དུ་འབྱུང་ཚུལ། སྐུ་གསུམ་སེམས་ཉིད་ཀྱི་ངང་དུ་ཡེ་ནས་ལྷུན་གྱིས་གྲུབ་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་ཚུལ། ཡེ་ནས་ལྷུན་གྱིས་གྲུབ་པས་བཙལ་མི་དགོས་པར་བསྟན་པ། གང་བཙལ་སྐྱོན་དུ་ཆེ་བས་རྩོལ་སྒྲུབ་རེ་དོགས་ལས་འདས་ཚུལ། རྒྱུ་འབྲས་རྩོལ་སྒྲུབ་ཀྱིས་མི་འགྲུབ་པ་དང་། བཙལ་བས་འགྲུབ་པར་སྟོན་པ་ཉིད་དྲང་དོན་ཡིན་པས་མ་བཙལ་ཤིག་པར་གདམས་ཚུལ་ལོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀུན་གྱི་སྣང་བའི་ཆ་འགགས་པ་མེད་པ་འདི་ནི་ཀུན་བྱེད་ང་ཡི་ངོ་བོར་སྣང་བ་ཡིན་པས་ལོངས་སྐུ་ཡིན་ལ། དེ་ཡང་དོན་ལ་གང་ཡང་གྲུབ་པ་མེད་པར་ཡེ་གྲོལ་ཀ་དག་ཆེན་པོ་གཅིག་གི་ངོ་བོར་དག་པ་སྟེ། དེ་ཉིད་གང་དུ་དག་པའི་ཡུལ་ནི་ཀུན་བྱེད་ང་ཡི་རང་བཞིན་ཆོས་ཉིད་བྱ་རྩོལ་དང་བྲལ་བའི་དབྱིངས་སུ་དག་པ་དེ་ནི་ཆོས་ཀྱི་སྐུ་དང་། དེས་རོལ་རྩལ་ལས་གདུལ་བྱ་གང་ཞིག་ཐབས་གང་གིས་འདུལ་བ་ལ་སྤྲུལ་པའི་རོལ་པ་རྣམ་པ་སྣ་ཚོགས་པར་སྟོན་པ་སྟེ། དེ་ལྟར་སྐུ་གསུམ་ལྷུན་གྲུབ་ཏུ་གནས་པ་ཡིན་ནོ། །དེས་ན་འདི་ལྟར་སྣང་ཚུལ་ལ་མ་དག་འཁོར་བ་ལྟར་སྣང་བའི་ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་གནས་འདི་ཐམས་ཅད་དོན་ལ་སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཆེན་པོ་ཡིན་ཞིང་ཅིར་སྣང་ཐམས་ཅད་གཟུགས་སྐུའི་རོལ་པ་ལས་མ་འདས་པས་ན་བརྟན་གཡོའི་དངོས་པོ་རྣམས་ཀྱི་གཡོ་རྩོལ་གྱི་བྱ་བ་གང་སྣང་ཐམས་ཅད་རྒྱལ་བའི་ཕྲིན་ལས་ཉག་གཅིག་གི་མཛད་པ་ཡིན་ཕྱིར་དེ་ལྟར་རྟོགས་པའི་རྣལ་འབྱོར་པ་རྣམས་ལ་གཞན་དོན་འབད་མེད་དུ་འབྱུང་བ་ཡིན་ནོ། །འོ་ན་བྱ་བྱེད་གང་སྣང་ཐམས་ཅད་རྒྱལ་བའི་ཕྲིན་ལས་གདུལ་བྱའི་གཞན་དོན་ཁོ་ན་ཡིན་ན། འདི་ལྟར་དམྱལ་བའི་སེམས་ཅན་རྣམས་བཙོ་བསྲེགས་བྱེད་པ་སོགས་ཀྱང་གཞན་དོན་མཛད་པའི་ཕྲིན་ལས་ཡིན་ནམ་ཞེ་ན། དེ་ཡང་སེམས་ཅན་རང་རང་གི་ལས་ཀྱི་སྒྲིབ་པས་ཕྱིན་ཅི་ལོག་ཏུ་སྣང་བ་ཙམ་ལས་དོན་ལ་ཆོས་སྐུ་སྐྱེ་བ་མེད་པའི་ཀློང་ནས་འགགས་མེད་གཟུགས་སྐུའི་རོལ་བ་གང་འདུལ་སྒྱུ་མའི་ཚུལ་དུ་སྣང་བའི་མཛད་པ་ཡིན་པར་གསུངས་ཏེ། རིན་པོ་ཆེ་རྒྱས་པའི་རྒྱུད་ལས། རང་བྱུང་ཆོས་སྐུ་ཆེན་པོ་དེ་ཉིད་ནི། །དབྱེར་མེད་གཅིག་ཡིན་བྲི་གང་མེད་པར་ཆགས། །གཅིག་ལས་མཐོང་སྟངས་ཐ་དད་བྱུང་བས་ན། །ཆོས་སྐུ་རང་བྱུང་འོད་གསལ་ཆེན་པོ་དེས། །འོད་གསལ་མེ་རུ་མཐོང་བས་དམྱལ་བའི་སྡུག་བསྔལ་རྒྱུ། །མ་གཡོས་ཆུ་རུ་མཐོང་བས་གྲང་བའི་སྡུག་བསྔལ་རྒྱུ། །སྤྲུལ་པ་གཤིན་རྗེར་མཐོང་བས་སྡུག་བསྔལ་ཆེན་པོའི་རྒྱུ། །དོན་བྱེད་འདྲེན་པ་སླར་ལ་སྲོག་གཅོད་མཐོང་། །གསུང་གི་ཆོས་སྟོན་ལོག་པའི་སྒྲ་ཉིད་འབྱུང་། །བརྡེག་གསོད་ཆོད་ལ་སོགས་པའི་སྒྲ་རུ་ཐོས། །གདུལ་བྱ་ཕྱག་མཚན་སྤུ་གྲི་ལ་སོགས་མཐོང་། །གཅིག་ལས་མེད་ཀྱང་ལོགས་པའི་སྣང་བ་ཡིན། །ཆོས་སྐུ་སྤྲོས་བྲལ་ཆེན་པོ་དང་། །རིག་པའི་ཡེ་ཤེས་དབྱེར་མེད་པས། །དེ་གཉིས་ཆགས་པར་མཐོང་སྟེ་འདོད་ཆགས་དག་ཏུ་མཐོང་། །མཐོང་བའི་བག་ཆགས་ཞེན་ཅིང་ཆགས་པ་ཡིས། །དེ་ཡི་རྒྱུ་མཐུན་ལས་ཀྱི་འབྲས་བུ་ཡིན། །ཕྱི་པའི་སྣང་བ་སྒྲིབ་པས་རྣག་ཁྲག་དག་ཏུ་མཐོང་། །ནང་གི་སྣང་བ་སྒྲིབ་པས་ཟས་ལས་མེ་ཉིད་འབྱུང་། །སྐུ་ཉིད་སྣང་བས་ཁ་འབར་མ་རུ་མཐོང་། །འདོད་ཆགས་དབང་གིས་སྣང་བ་སྡུག་བསྔལ་རྒྱུ། །རིགས་མཐུན་སྤྲུལ་པ་སྡུག་བསྔལ་སྣ་ཚོགས་མྱོང་། །ཞེས་པ་ལ་སོགས་པས་བསྟན་པ་བཞིན་ནོ། །གཉིས་པ་ནི། དེ་ལྟར་ཀུན་བྱེད་ཆོས་སྐུའི་དབྱིངས་ནས་སྐུ་གསུམ་གྱི་རོལ་པ་སྣ་ཚོགས་བྱུང་ནས་ནི་གདུལ་བྱ་རང་རང་གི་བློ་དང་མཚམས་པར་ཐེག་པ་གསུམ་གྱི་དོན་ནི་ངོ་ཡང་སྟོན་པར་བྱེད་ཅིང་། དེས་ནི་རྒྱུ་འབྲས་མཚན་མར་ཞེས་པའི་བློ་ཅན་རྣམས་ནི་བླང་དོར་རྩོལ་སྒྲུབ་ཅན་གྱི་ཐེག་པ་དེས་ཚིམ་པར་བྱེད་ལ། རྒྱུ་འབྲས་བླང་དོར་ཐམས་ཅད་ལས་འདས་པ་ཡི་གང་ཟག་སྐལ་ལྡན་རྣམས་ནི་དེ་ལྟ་བུའི་ཡུལ་ལ་མི་ལྟོས་པས་རེ་དོགས་བླང་དོར་གྱི་སྒོ་ནས་རྒྱུ་ལ་རྩོལ་ཞིང་མི་སྒྲུབ་ཅིང་འབྲས་བུ་ཐོབ་པར་མི་འདོད་པ་དེ་ལ་ནི་སྤང་གཉེན་རེ་དོགས་ཀྱི་འདོད་པ་མེད་པའི་དགོངས་པ་ལྷུན་གྲུབ་བྱ་རྩོལ་བྲལ་བའི་དོན་དང་། ཆོས་སྐུ་བདེ་བ་ཆེན་པོའི་རང་བཞིན་མ་བཅོས་ལྷུན་གྱིས་གྲུབ་པར་འགྱུར་རོ། །གཏིང་རྫོགས་ལས། རང་རིག་འདི་ཉིད་རྟོགས་པའི་རྣལ་འབྱོར་བ། །ཡེ་ཤེས་བཅུད་ཉིད་ཆོས་ཀྱི་གཏེར་དུ་སྨིན། །ནམ་མཁའ་གོ་ཡངས་འབྱུང་བའི་ལམ་དུ་བདེ། །རྟོགས་པའི་གོ་ཡངས་སངས་རྒྱས་ལམ་དུ་བདེ། །གདམས་ངག་གོ་ཡངས་སྒོམ་པའི་ལམ་དུ་བདེ། །དུས་གསུམ་འགྱུར་མེད་རང་རིག་ལྟ་བའི་དབྱིངས། ། འདོད་དགུ་རང་ལས་ཡོན་ཏན་འཆར་བའི་ཕྱིར། །རྒྱུ་འབྲས་གཞན་ལ་རག་མ་ལུས་པས་ཟབ། །ཡེ་ནས་ཆོས་ཉིད་ཡེ་ཤེས་རང་བྱུང་ལ། །འཁོར་བར་གནས་ཀྱང་སྒྲིབ་པས་གོས་པ་མེད། །དེ་ཕྱིར་དོན་རྟོགས་ད་ལྟ་ཉིད་ནས་ནི། །ཆོས་སྐུ་མངོན་དུ་གྱུར་པས་སངས་རྒྱས་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། གོང་དུ་བསྟན་པ་དེ་ལྟར་རང་གི་སེམས་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཡེ་ནས་སྐུ་གསུམ་ལྷུན་གྲུབ་ཀྱི་རང་བཞིན་ཡིན་པ་ལ་ད་གདོད་བྱ་རྩོལ་གང་ཡང་མི་དགོས་ཤིང་དོན་ཆོས་རྣམས་ཐམས་ཅད་ཡེ་ཇི་བཞིན་པའི་ངང་དུ་གནས་པ་ལས་ས་ལམ་བསྒྲོད་པ་སོགས་ཀྱིས་གོང་ནས་གོང་དུ་བསྐྱོད་དུ་མེད་པ་ཡིན་པས། ཡེ་ཇི་བཞིན་པ་ཡི་གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་ལ་འབྲས་བུ་ཞིག་གསར་དུ་བསྒྲུབ་མི་དགོས་ཏེ་ཆོས་ཐམས་ཅད་ཀུན་གདོད་མ་ཉིད་ནས་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པའི་ཕྱིར་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྔར་ནས་གྲུབ་ཟིན་པས་ཀྱང་། ཀུན་བྱེད་རྒྱལ་པོ་ང་ཡི་དེ་ལས་གཞན་དུ་རྩོལ་ཞིང་སྒྲུབ་དགོས་པའི་ལུང་མི་འབོག་གོ་ཞེས་གསུངས་ཏེ། དེ་ལྟར་ན་ནམ་མཁའི་མཐའ་དང་མཉམ་ལས་ཀྱང་། བསམ་དང་བྲལ་བའི་ཆོས་ཉིད་ལ། །བསམ་ཞིང་དཔྱད་པས་ཡུལ་མི་བསྐྱོད། །རང་བཞག་ལྷུག་པའི་ཏིང་འཛིན་ལ། །སེམས་ཀྱི་འཕྲོ་འདུས་ལས་མི་བྱེད། །ཅེས་མ་བཅོས་རང་བབས་སུ་འཇོག་པར་གདམས་པ་བཞིན་ནོ། །བཞི་པ་ནི། གལ་ཏེ་བླང་དོར་འབད་རྩོལ་གྱིས་བཙལ་ཞིང་བསྒྲུབ་པར་བྱས་ན་གང་བཙལ་བར་བྱ་བའི་ཏིང་འཛིན་དེས་གདོད་ནས་ཡེ་སངས་རྒྱས་པར་རྩོལ་མེད་ལྷུན་གྱིས་གྲུབ་པའི་འབྲས་བུ་དེ་མི་འགྲུབ་པར་མ་ཟད་ཏིང་ངེ་འཛིན་གྱི་རྩོལ་སྒྲུབ་དེ་བླང་དོར་རེ་དོགས་གི་ནང་དུ་ཆེ་བ་ཡིན་པས་རེ་དོགས་དང་འབད་རྩོལ་གང་ཡང་མི་བྱེད་པར་གདམས་པ་སྟེ། ཀློང་ཆེན་རབ་འབྱམས་ལས། བསམ་གཏན་ཏིང་འཛིན་ལ་སོགས་སངས་རྒྱས་སྐུ་ལ་སྒྲིབ། །བསྒོམ་ཞིང་བསྒྲུབ་པ་བྱས་ན་བསམ་གཏན་མིན། །སངས་རྒྱས་མི་འགྲུབ་བསྒྲུབས་ན་རྩོལ་བར་འགྱུར། །འཁོར་བ་མི་སྤང་སྤངས་ན་སངས་མི་རྒྱ། །སངས་རྒྱས་གཞན་ན་མེད་དོ་རིག་པ་ཡིན། །འཁོར་བ་གཞན་ན་མེད་དོ་རང་སེམས་ཡིན། །འདུས་བྱས་དགེ་བ་མི་བྱ་བྱས་ན་འཆིང་བའི་རྒྱུ། །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་སྒོམ་སྒྲུབ་རྩོལ་བ་ལ་མཐའ་གཅིག་ཏུ་ཞེན་པའི་རྫོགས་ཆེན་གྱི་གོལ་ས་བཅད་པའི་ཕྱིར་དུ་སྒོམ་མེད་དུ་གསུངས་པ་ཡིན་གྱི། རྣམ་པ་ཀུན་ཏུ་སྒོམ་པ་ལ་སྐྱོན་དུ་བལྟས་ནས་དོར་བྱར་བསྟན་པ་ཡང་མ་ཡིན་ཏེ། གནས་ལུགས་ཡང་དག་པ་རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྒོམ་ཀྱང་འཆིང་བར་མི་འགྱུར་ཏེ་འཆིང་བྱ་འཆིང་བྱེད་ཀྱི་བློ་དང་བྲལ་བའི་ཕྱིར་སྒྱུ་མའི་ཞགས་པས་སྒྱུ་མའི་གླང་ཆེན་འཆིང་དུ་མེད་པ་ལྟ་བུ་ཡིན་ལ། མ་བསྒོམ་ཀྱང་ཡེངས་སུ་མེད་དེ་གང་ཤར་ཐམས་ཅད་གཞི་མེད་རྩ་བྲལ་དུ་གྲོལ་ཟིན་པས་སྨིག་རྒྱུའི་ཆུ་ལ་ཆུ་རག་མི་དགོས་པ་ལྟ་བུ་ཡིན་པས་ཇི་ལྟར་བྱས་ཀྱང་མི་འགལ་བར་གསུངས་ཏེ། གཏིང་རྫོགས་ལས། རྫོགས་ཆེན་གོལ་ས་བཅད་ཕྱིར་བསྒོམ་མེད་དེ། །ཡེ་ཤེས་བསྒོམ་མེད་དག་ཏུ་རབ་རྟོགས་ན། །བསྒོམས་ཀྱང་སྐྱོན་མེད་ཆོས་དབྱིངས་ནམ་མཁའ་འདྲ། །བསྒོམ་མེད་དེས་ནི་ཀུན་གྱི་རེ་བ་བསྐངས། །ཀུན་ལ་ཁྱབ་ཕྱིར་མ་རྫོགས་མེད་མོད་ཀྱི། །ཀུན་གྱིས་གདམས་ངག་མ་འཕྲད་རྟོགས་པར་དཀའ། །ཞེས་དང་། སྔ་མ་ལས། ཨ་ཏི་ལྟ་བ་ཕྱོགས་རིས་མེད་པ་ལ། །བལྟས་ཀྱང་སྐྱོན་མེད་རང་བྱུང་རོལ་བ་ཡིན། །མ་བལྟས་སྐྱོན་མེད་མཚན་མ་རང་སར་གྲོལ། །གཉིས་མེད་ལྟ་བ་རང་བྱུང་རོལ་པ་ཡིན། །ལྟ་བ་བཟང་ངན་འབྱེད་པའི་མདུད་པ་བོར། །ང་ཡི་སྒོམ་པ་དམིགས་གཏད་མེད་པ་ལ། །བསྒོམས་ཀྱང་སྐྱོན་མེད་རང་བྱུང་རོལ་པ་ཡིན། །མ་བསྒོམས་སྐྱོན་མེད་མཚན་མ་རང་སར་གྲོལ། །རང་གྲོལ་གཉིས་མེད་རང་བྱུང་བསྒོམ་པ་ཡིས། །སྒོམ་པ་ཆེད་དུ་བཙལ་བའི་མདུད་པ་བཀྲོལ། །ཞེས་པ་ལ་སོགས་པས་བསྟན་པ་བཞིན་ནོ། །ལྔ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་དེ་ལྟར་བསྒོམས་སྒྲུབ་རྩོལ་བས་མི་འགྲུབ་པའི་རྒྱུ་མཚན་དེས་ན་ཀུན་བྱེད་ང་ཉིད་མིན་པའི་སྐུ་གསུམ་གྱི་སྟོན་པ་ཐམས་ཅད་ཀྱིས་གདུལ་བྱ་འདུལ་བར་བྱ་བའི་ཕྲིན་ལས་སྣ་ཚོགས་དང་། རྣམ་པར་རྟོག་པས་བསམ་ཞིང་སྒོམས་པའི་ཏིང་ངེ་འཛིན་གྱི་རིམ་པ་ཇི་སྙེད་ཡོད་པ་དང་། གདུལ་བྱའི་ཁམས་ལ་ཐུགས་རྗེ་རྩོལ་མེད་དུ་འཕྲོ་བའི་འོད་ཟེར་སྣ་ཚོགས་དང་། བདག་མེད་དང་སྐྱེ་མེད་སྤྲོས་བྲལ་ལ་སོགས་པ་ཐེག་པ་སོ་སོའི་ལྟ་བའི་ཡུལ་ནི་གང་དང་ཅི་དམིགས་ཀྱང་། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་ཉིད་ཇི་བཞིན་པ་ལ་སྔར་བས་བཟང་དུ་སོང་སྟེ་གཡོས་པ་ཅུང་ཟད་ཀྱང་མེད་པས་ན། བྱ་བའི་ལས་ཀྱིས་ཇི་སྲིད་བསྐལ་པའི་བར་དུ་སྒྲུབ་ཀྱང་དེས་འཕྲིན་ལས་དེ་གྲུབ་པ་ཅི་ཡང་མེད་ལ། བསམ་ཞིང་སྒོམ་པའི་ཏིང་འཛིན་རྣམས་ཀྱང་ཆོས་ཉིད་ཀྱི་དོན་ལ་མི་གནས་པས་ཡལ་བར་འགྱུར་བ་དང་། འཕྲོ་བའི་ཡུལ་མེད་པས་ཐུགས་རྗེས་འོད་ཟེར་རྣམས་ཀྱང་ཞི་བར་འགྱུར་བ་ཡིན་ན། གཞན་དུ་བལྟ་བའི་ཡུལ་གང་ཡང་མཐོང་བ་མེད་པ་སྨོས་ཀྱང་ཅི་དགོས་ཏེ། དེས་ན་རེ་དོགས་འབད་རྩོལ་གྱིས་བཙལ་བའི་ལས་གང་ཡང་མ་བྱེད་པར་མ་བཅོས་རང་བབས་ཆེན་པོའི་ངང་དུ་ཞོག་ཅིག་ཅེས་གདམས་པའོ། །དྲུག་པ་ནི། ཀྱེ་སེམས་དཔའ་ཆེན་པོ་རང་གི་རང་བཞིན་རིག་པ་བྱང་ཆུབ་སེམས་ཀྱི་ཡིན་ལུགས་མ་ཤེས་པར་ཡུལ་གཞན་ལས་བཙལ་བས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཞིག་གྲུབ་པའི་ལམ་འགྲུབ་པར་འགྱུར་བའི་ལུང་དེ་ནི་རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ཀྱིས་སྟོན་པར་བྱེད་པ་སྟེ། དེ་ལྟ་བུའི་རྒྱུ་དང་འབྲས་བུའི་ཐེག་པ་ཅན་དེ་རྣམས་ཀྱིས་ཆོས་ཉིད་དམ་མཚན་ཉིད་ནི་ཆོས་ཅན་སྣང་བ་ཀུན་རྫོབ་ཀྱི་བདེན་པ་དང་། ཆོས་ཉིད་སྟོང་པ་དོན་དམ་གྱི་བདེན་པ་རྣམ་པ་གཉིས་སོ་སོར་ཕྱེ་བའི་སྒོ་ནས་ཆོས་ཅན་སྣང་བའི་ཆ་ཚོགས་གཉིས་བསགས་པ་ལ་སོགས་པའི་ཐབས་ཀྱིས་ཆོས་ཉིད་དོན་དམ་པ་ཞིག་ཚོལ་བར་བྱེད་པ་སྟེ། དེ་ལྟར་ཚོལ་བར་བྱེད་པ་དེ་ནི་དྲང་དོན་ཙམ་ལས་ངེས་པའི་དོན་ལ་དེ་ལྟར་ཚོལ་བས་རྙེད་པའི་ལུང་ཞིག་བསྟན་པ་མེད་པས་ན་དེ་ལྟར་འཚོལ་བའི་ངལ་བ་མ་བྱེད་ཅིག་ཅེས་གསུངས་སོ། །རུས་སྦལ་རྩ་རྒྱུད་ལས། རང་བཞིན་ལྷུན་རྫོགས་རྫོགས་ཆེན་ཉིད། །རྫོགས་པ་ཆེན་པོར་ཡེ་ནས་གནས། །ཐམས་ཅད་རྫོགས་པའི་རང་བཞིན་ལ། །བཟང་ངན་བླང་དོར་གཉིས་སུ་མེད། །ཐེག་པ་ལམ་དང་བསྒོམ་བསྒྲུབ་བརྩོན། །རྫོགས་ཆེན་འདི་ལས་འགལ་བར་བཤད། །རྒྱུ་འབྲས་གཉིས་མེད་རྡོ་རྗེ འི་སྐུ། །སྐྱེ་ཤི་མེད་པར་ལྷུན་གྱིས་གྲུབ། །གནས་པའི་དོན་ལ་གཉིས་སུ་མེད། །དེས་ན་ཆོས་དང་སངས་རྒྱས་མེད། །ལྟ་བས་བལྟས་པས་འཁྲུལ་བར་སྣང་། །རྒྱུ་འབྲས་ཐེག་པ་བརྟགས་པས་ནོར། །ཞེས་གསུངས་པ་ལྟར་རོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བཙལ་བས་མི་འགྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའི་འགྲེལ་བའོ།། ༈ །།དོན་དགུ་པ་སེམས་ཉིད་སྐུ་གསུམ་དུ་གནས་པས་ཡོན་ཏན་ལྷུན་གྱིས་གྲུབ་པའི་ལེའུ་བཅུ་དགུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་སྐུ་གསུམ་གྱིས་མཚོན་པའི་ཆོས་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་སུ་ཡེ་ནས་ལྷུན་གྱིས་གྲུབ་པས་རེ་དོགས་འབད་རྩོལ་གང་ཡང་མི་བྱེད་པར་གདམས་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སེམས་ཉིད་མ་བཙལ་ཇི་བཞིན་དུ་བཞག་པས་སྐུ་གསུམ་མ་བསྒྲུབས་ལྷུན་གྱིས་གྲུབ་པའི་དགོངས་པར་སྟོན་པའི་ལེའུ་འདི་གསུངས་སོ། །གཉིས་པ་ལ་བཞི་སྟེ། སེམས་ཉིད་དོན་གྱི་སངས་རྒྱས་ནམ་མཁའ་བཞིན་དུ་བཙལ་བས་མི་འགྲུབ་པར་བསྟན་པ། དེས་རང་བཞིན་མ་བཙལ་ཡང་ད་ལྟ་ཉིད་ནས་སྐུ་གསུམ་ལྷུན་གྱིས་གྲུབ་ཚུལ། སྣང་སྲིད་འཁོར་འདས་ཐམས་ཅད་སེམས་ཀྱི་རོལ་པར་འདུ་ཚུལ། སེམས་ཀྱི་རང་བཞིན་གང་དུའང་མི་དམིགས་པས་སྨྲ་བསམ་བརྗོད་ལས་འདས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག་ཀུན་བྱེད་རྒྱལ་པོ་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་རང་རང་གི་འཁོར་ལ་བསྟན་པའི་ཕྱི་ནང་གསང་བའི་ཐེག་པ་རྣམ་པ་གསུམ་བསྟན་པ་ནི་རྒྱུ་འབྲས་རྩོལ་སྒྲུབ་ཅན་གྱི་ལམ་ཞིག་མ་གཏོགས་སྟོན་པ་གསུམ་གྱིས་སྟེ་གསུམ་པོ་དེ་ཉིད་ཀྱིས་མི་རྩོལ་ལྷུན་གྱིས་གྲུབ་པའི་ལུང་ནི་མ་བསྟན་ལ། ཀུན་བྱེད་ང་ཡི་ཐེག་མཆོག་རྫོགས་པ་ཆེན་པོ་ཉག་གཅིག་སྤྲོས་པ་དང་བྲལ་བའི་ཚུལ་བསྟན་པ་འདིར་ནི་སེམས་ཉིད་ནམ་མཁའ་ལྟ་བུ་ལ་རེ་དོགས་འབད་རྩོལ་གྱིས་བཙལ་བས་སྔར་བས་ལྷག་པར་གྲུབ་ཏུ་ཡོད་པའི་དོན་ཞིག་བྱར་མེད་ཨ་ཏི་ཡོ་གའི་ལུང་དུ་སྟོན་པ་ངས་མ་བསྟན་ཏེ་གདོད་ནས་ཡེ་སངས་རྒྱས་པ་རང་བྱུང་འདུས་མ་བྱས་པའི་རང་བཞིན་ལ་བྱ་རྩོལ་གང་ཡང་མི་ནུས་པའི་ཕྱིར་རོ་ཞེས་སོ། །གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག་ཀུན་བྱེད་བྱང་ཆུབ་ཀྱི་སེམས་སྟོང་གསལ་འགགས་མེད་ཀྱི་ཡེ་ཤེས་ང་ཡི་རང་བཞིན་འདི་ལས་གཞན་དུ་མ་བཙལ་བ ར་རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་ཡི་འབྲས་བུ་དེ་ནི་གང་ཞེ་ན་དུས་གསུམ་གྱི་རྒྱལ་བ་མ་ལུས་པ་ཀུན་གྱི་སྙིང་པོའམ་རང་བཞིན་དུ་གྱུར་པ་རིག་པ་སྐུ་གསུམ་གྱི་རང་བཞིན་ཅན་དུ་གནས་པ་སྟེ། དེ་གང་ཞེ་ན་འདི་ལྟར་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ཡེ་སྟོང་ཆེན་པོ་མ་བཅོས་དེ་བཞིན་ཉིད་ཀྱི་ངོ་བོར་གནས་པ་འདི་སྤྲོས་བྲལ་ཆོས་ཀྱི་སྐུར་གྲུབ་པ་དང་། ང་ཡི་ངོ་བོ་སྣང་ལ་རང་བཞིན་མེད་པ། གསལ་ལ་དེར་འཛིན་མེད་པ། མ་སྐྱེས་ཤིང་འགགས་པ་མེད་པ། ཡོད་མེད་ཀྱི་མཐའ་ལས་འདས་པ། མ་བཅོས་ཡེ་བབ་ཀྱི་ངོ་བོར་གནས་པ་འདི་ནི་རང་གསལ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ང་ཡི་ཐུགས་རྗེ་འགགས་པ་མེད་པ་ཤར་གྲོལ་རིས་མེད་ཆེན་པོར་མངོན་དུ་ཕྱུང་བ་འདི་ནི་ངེས་མེད་རང་ཤར་སྤྲུལ་པའི་སྐུའོ་ཞེས་པ་འདིས་ནི་གཞི་གནས་རང་བྱུང་གི་ཡེ་ཤེས་ཀྱི་སྐུ་གསུམ་བསྟན་པ་སྟེ། རིན་པོ་ཆེ་རྒྱས་པ་ལས། གཞི་ཡི་དུས་ན་ཆོས་རྣམས་ཐམས་ཅད་རྫོགས། །ཆོས་སྐུ་རང་བཞིན་སྤྲོས་དང་བྲལ་བས་ཆོས་ཀྱི་སྐུ་ཉིད་རྫོགས། །རིག་པ་གསལ་ལ་མ་འགགས་ལོངས་སྐུ་རྫོགས། །རྩལ་ཉིད་ཅིར་ཡང་སྣང་བས་སྤྲུལ་སྐུ་རྫོགས། །ཞེས་གསུངས་སོ། །དེས་ན་དེ་ལྟ་བུའི་རིག་པ་རང་གནས་ཀྱི་སྐུ་གསུམ་པོ་དེ་ཉིད་ད་ལྟ་ནས་རྩོལ་མེད་ལྷུན་གྱིས་གྲུབ་པ་ལས་འབད་རྩོལ་གྱིས་བཙལ་ནས་གྲུབ་པར་གྱུར་པའི་འབྲས་བུ་རྒྱུ་རྐྱེན་གྱིས་འདུས་བྱས་པའི་མཚན་ཉིད་ཅན་ནི་གང་ཡང་བསྟན་པ་མེད་དོ། །ཞེས་གསུངས་སོ། །གསུམ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་སྐུ་གསུམ་གྱི་རྒྱལ་བ་ཐམས་ཅད་ཀུན་བྱེད་ང་རུ་མ་བཙལ་ལྷུན་གྲུབ་ཀྱི་ཚུལ་དུ་འདུས་པ་སྟེ། དེའི་ཚུལ་ཡང་ཇི་ལྟར་ན་ཕྱི་ནང་སྣོད་བཅུད་དུ་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་ཀུན་བྱེད་པ་ཡི་རང་བཞིན་སྟོང་པ་ཉིད་དང་ངོ་བོ་གསལ་བའི་ཡེ་ཤེས་དང་རོལ་རྩལ་འགགས་པ་མེད་པའི་ཐུགས་རྗེས་འགྲོ་དོན་སྤྱོད་པ་སྟེ་མ་བཅོས་རང་བྱུང་གི་སྐུ་གསུམ་པོ་ལས་གཞན་དུ་མེད་པས་རྒྱལ་བ་སྐུ་གསུམ་པོ་དེ་ང་ཡི་རང་བཞིན་མ་བཅོས་དེ་བཞིན་ཉིད་དུ་བསྟན་པ་ཡིན་ནོ། །ཞེས་རོལ་པའི་སྐུ་གསུམ་མམ་བྱང་ཆུབ་སེམས་ཀྱི་རོལ་པར་ཤར་བའི་ཆོས་རྣམས་ཐམས་ཅད་སྐུ་གསུམ་དུ་བསྟན་པ་སྟེ། དེ་ཉིད་ལས། སྣང་བ་ཡུལ་དུ་གྲུབ་པ་ཉིད་ལས་སྐུ་གསུམ་རྫོགས། །སྣང་བ་རང་བཞིན་སྟོང་པ་ཆོས་སྐུ་རྫོགས། །སྣང་བ་གསལ་བར་གནས་པས་ལོངས་སྐུ་རྫོགས། །སྣང་བ་དོན་དང་མཐུན་པས་སྤྲུལ་སྐུ་རྫོགས། །གཏི་མུག་ཆོས་ཀྱི་སྐུ་རུ་སྣང་བ་དང་། །ཞེ་སྡང་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་། །འདོད་ཆགས་དག་པ་སྤྲུལ་པའི་སྐུ་ཡིན་པས། །སྐུ་གསུམ་རང་བྱུང་དག་ཏུ་ཤར་བ་ཡིན། །ཐམས་ཅད་སྐུ་གསུམ་དག་ཏུ་སྣང་བ་ལས། །དུག་གསུམ་སྤངས་པའི་ཕ་རོལ་ན། །སྐུ་གསུམ་དག་ནི་ཡོད་མ་ཡིན། །ཚོགས་བརྒྱད་ཡུལ་དུ་སྣང་བ་ཡང་། །སྐུ་ལས་མ་གཏོགས་གང་ཡང་མེད། །ཐམས་ཅད་དེ་བཞིན་ཉིད་ཀྱི་སྣང་བ་དེ། །ཆོས་སྐུ་རིས་མེད་ཆེན་པོ་སྟེ། །རང་བྱུང་ནམ་མཁའ་དག་ཏུ་ཤར། །ཞེས་སོ། །དེས་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་དང་ང་ཡི་རང་བཞིན་ཆོས་ཉིད་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་སྨྲ་བསམ་བརྗོད་དུ་མེད་པའི་བདག་ཉིད་ཅན་འདི་ལས་ནི་གཞན་དུ་འཁོར་འདས་ཀྱི་ཆོས་གང་མེད་པས་ན་སངས་རྒྱས་ཞེས་བྱ་བའི་ཡོན་ཏན་གྱིས་སྒྲོས་འདོགས་པ་ཉིད་ཀྱང་མེད་ལ། སེམས་ཅན་ཞེས་བྱ་བའི་སྐྱོན་གྱི་རྣམ་པ་གང་ཡང་མེད་དོ་ཞེས་འཁོར་འདས་ཐམས་ཅད་བཟང་ངན་མེད་པར་སེམས་ཉིད་གཅིག་གི་རོལ་པར་བསྟན་པའོ། །བཞི་པ་ནི། གོང་དུ་བཤད་པའི་རྒྱུ་མཚན་དེས་ན་ཆོས་ཐམས་ཅད་གཉིས་སུ་མེད་པའི་གནས་ལུགས་རིག་པ་བྱང་ཆུབ་ཀྱི་སེམས་འདི་ནི་འཁོར་འདས་བཟང་ངན་གང་དུ་མི་རྟོག་པས་རྟོག་མེད་མཉམ་པ་ཉིད་ཀྱི་རང་བཞིན་དུ་གནས་པ་ལས་ཡེ་ནས་འཕོ་འགྱུར་མེད་པས་ཇི་ལྟར་སྔར་བཞིན་ཕྱིས་ཀྱང་དེ་བཞིན་ཉིད་དུ་གནས་པ་འདི་ལས་མ་གཏོགས་པ་ཡི་དོན་ཞིག་ནི་གཞན་ན་རྙེད་པ་མེད་པས་ན། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་རིག་པ་བྱང་ཆུབ་ཀྱི་སེམས་ཡེ་ནས་བསལ་བཞག་བྲལ་བ་འདི་ལས་ལྷག་པ་ཡི་ཀུན་བྱེད་རྒྱལ་པོ་ང་ལ་མ་ནོར་ངེས་པའི་དོན་ཟབ་མོ་སྟོན་པར་བྱེད་པའི་ལུང་ཞིག་མནོས་པ་མེད་ལ། དེར་མ་ཟད་ཕུན་སུམ་ཚོགས་པའི་ཆོས་ཐམས་ཅད་བྱེད་པའི་མཁན་པོ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ཀྱང་མི་རྟོག་མཉམ་པ་ཉིད་ཀྱི་རང་བཞིན་སེམས་ཉིད་སྐྱེ་བ་མེད་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་འདི་ལས་ལྷག་པ་ཞིག་ཀུན་བྱེད་རྒྱལ་པོ་ཉིད་ལ་ཀུན་བྱེད་རྒྱལ་པོ་རང་ཉིད་ཀྱིས་བསྟན་པ་རྡུལ་ཙམ་མེད་དོ། །ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མ་བཙལ་ལྷུན་གྱིས་གྲུབ་པའི་ལེའུ་སྟེ་བཅུ་དགུ་པའི་འགྲེལ་བའོ།། ༈ །།དོན་བཅུ་པ་སེམས་ཉིད་ཀུན་བྱེད་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ལེའུ་ཉི་ཤུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་སེམས་ཉིད་སྐུ་གསུམ་གྱི་རང་བཞིན་ལ་ཡོན་ཏན་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པས་གཞན་ནས་བཙལ་དུ་མེད་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་གཞན་མེད་པར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་ངང་ལས་བྱུང་བ་ཡིན་ཚུལ་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཆོས་ཐམས་ཅད་ཀུན་བྱེད་ཡིན་པར་བསྟན་པ། ཕུན་སུམ་ཚོགས་པ་ཐམས་ཅད་ཀུན་བྱེད་ཉིད་ལས་བྱུང་ཡང་དེ་བཞིན་ཉིད་ལས་མ་གཡོས་པ། ཐམས་ཅད་དབྱིངས་གཅིག་ཀུན་བྱེད་དུ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཡིན་ཚུལ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་གསང་ཆེན་སྙིང་པོའི་ཆོས་ཀུན་སྡུད་པའི་བཀའ་ཡི་སྡུད་པ་པོ་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཆོས་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ལས་ཇི་ལྟར་བྱུང་བའི་ཚུལ་འདི་ཉོན་ཅིག །དེ་ཡང་ཇི་ལྟར་ཞེ་ན་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ང་ནི་འཁོར་འདས་ཀྱི་ཆོས་ཀུན་འདུས་པའི་སྙིང་པོ་ཡིན་པ་སྟེ། དེ་བཞིན་དུ་ཀུན་བྱེད་ང་ནི་ཆོས་རྣམས་མ་ལུས་པ་ཀུན་བསྐྱེད་པའི་ས་བོན་ཀྱང་ཡིན་ལ། ང་ནི་ཆོས་རྣམས་ཀུན་གྱི་འབྱུང་གནས་སུ་གྱུར་པས་རྒྱུ་ཡང་ཡིན་ལ། ང་ནི་ཡལ་ག་ལྟ་བུའི་ཆོས་རྣམས་ཀུན་གང་ལས་གྱེས་པའི་སྡོང་པོ་ལྟ་བུ་སྟེ། ང་ནི་ཆོས་རྣམས་ཐམས་ཅད་ཀྱི་རྟེན་གཞིར་གྱུར་པས་གཞི་མ་ཡིན་པ་དང་། ང་ནི་ཆོས་རྣམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་ཡིན་པས་རྩ་བའང་ཡིན་ནོ། །ཞེས་མདོར་བསྟན་པའོ། །གཉིས་པ་རྒྱས་པ ར་བཤད་པ་ནི། དེ་ལ་གོང་དུ་བཤད་པ་དེ་དག་གི་རྒྱུ་མཚན་ཅི་ལྟ་བུ་ཞེ་ན། ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། དཔེར་ན་རྒྱ་མཚོ་ཆེན་པོ་ལས། །ཆུ་བྲན་རྣམ་པ་མང་པོ་ཡང་། །བྱུང་ཡང་རྒྱ་མཚོ་ཉིད་ལས་བྱུང་། །བྱུང་ཡང་རྒྱ་མཚོ་འགྲིབ་པ་མེད། །འདུས་ཡང་རྒྱ་མཚོ་ཉིད་དུ་འདུས། །འདུས་ཀྱང་དེ་ལ་འཕེལ་བ་མེད། །དེ་བཞིན་བྱང་ཆུབ་སེམས་ཉིད་ལ། །ཆོས་རྣམས་སྣ་ཚོགས་བྱུང་བ་ཡང་། །བྱུང་ཡང་བྱང་ཆུབ་སེམས་ལས་བྱུང་། །བྱུང་ཡང་བྱང་ཆུབ་སེམས་ལ་འགྲིབ་པ་མེད། །འདུས་ཀྱང་བྱང་ཆུབ་སེམས་སུ་འདུས། །འདུས་ཀྱང་བྱང་ཆུབ་སེམས་ལ་འཕེལ་བ་མེད། །ཅེས་གསུངས་པ་ལྟར་ཇི་ལྟར་སྣང་བའི་ཆོས་སྣང་སྲིད་འཁོར་འདས་ཀྱི་རོལ་པར་སྣང་བ་འདི་རྣམས་ཐམས་ཅད་ཀུན་ཆོས་སྐུ་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་སེམས་ལས་གཞན་དུ་མ་གྲུབ་པར་གང་སྣང་ཅི་ཤར་ཐམས་ཅད་སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི་ཀློང་དུ་གཉིས་མེད་མཉམ་པ་ཉིད་དུ་འདུས་ཤིང་འུབ་ཆུབ་པའི་ཕྱིར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ་ཀུན་གང་ལས་འབྱུང་བ་དང་གང་དུ་འདུས་པའི་སྙིང་པོར་བཤད་པ་སྟེ། བང་མཛོད་འཕྲུལ་སྡེ་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཡིན། །མི་སྣང་བ་ལ་མངོན་དུ་འབྱིན་ནུས་པ། །ཆོས་ཀྱི་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས། །ཞེས་དང་། དེ་བཞིན་དུ། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གདོད་ནས་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་བྱུང་བ་ཡིན་པའི་ཕྱིར་ན་ཆོས་རྣམས་ཀྱི་བསྐྱེད་པའི་ས་བོན་ལྟ་བུ་ཡིན་ཏེ། རྩེ་མོ་བྱུང་རྒྱལ་ལས། སྐྱེ་མེད་དབྱིངས་ལས་སྐྱེ་བའི་ཆོ་འཕྲུལ་རྣམས། །རྣམ་དག་བྱང་ཆུབ་སེམས་ཀྱི་དབྱིངས་ནས་འཕྲོ། །ཞེས་པ་ལྟར་རོ། །ཇི་ལྟར་སྣང་བའི་ཆོས་འཁོར་འདས་གཉིས་སུ་སྣང་བ་འདི་རྣམས་ཐམས་ཅད་ཀུན་བྱང་ཆུབ་སེམས་ཀྱི་རྩལ་སྣང་ངོ་ཤེས་པ་དང་མ་ཤེས་པའི་དབང་གིས་འཁོར་འདས་སོ་སོར་འབྱུང་ཞིང་སྣང་བའི་ཕྱིར་ན་ཆོས་རྣམས་ཐམས་ཅད་ཀུན་གང་ལས་འབྱུང་བའི་རྒྱུ་ཡང་བྱང་ཆུབ་ཀྱི་སེམས་ཡིན་ཏེ། སྔ་མ་ལས། ཐམས་ཅད་སེམས་ལས་འབྱུང་བའི་ཕྱིར། །ཀུན་གྱི་འབྱུང་གནས་ཡིན་པར་ཡིད་ཀྱང་ཆེས། །ཞེས་སོ། །ཇི་ལྟར་སྣང་བའི་ཆོས་རྣམས་ཀྱི་ཡན་ལག་གི་བྱེ་བྲག་སངས་རྒྱས་དང་སེམས་ཅན་ལ་སོགས་པ་ཀུན་འབྱུང་བས་དེ་དག་གི་གཞི་མ་ཡིན་པའི་ཕྱིར་ན་བྱང་ཆུབ་ཀྱི་སེམས་ནི་ཡལ་ག་ཐམས་ཅད་གང་ལས་གྱེས་པའི་སྡོང་པོ་ལྟ་བུ་ཡིན་ཏེ། རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། ག་བུར་དག་གི་རང་བཞིན་ལ། །སྨན་དུག་མིང་དུ་མ་བཏགས་ཀྱང་། །སྨན་དུག་གཉིས་སུ་སྣང་བ་ལྟར། །ཀུན་གཞི་སྤྱི་ས་གཅིག་པ་ལས། །འཆར་སྒོ་གཉིས་སུ་ཤུགས་ཀྱིས་བྱུང་། །ཞེས་གསུངས་པ་ལྟར་རོ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་སྲིད་ཞི་ཀུན་ཁྱབ་ཆེན་པོའི་ངང་ལ་ཡེ་ནས་རྫོགས་ཤིང་གནས་པ་དེ་ལས་གཡོ་བ་མེད་པས་ཆོས་ཐམས་ཅད་བརྟེན་པའི་གཞི་མ་ཡིན་ཏེ། ཀུན་གསལ་ལས། འཁོར་འདས་ཐམས་ཅད་ཀྱི་རྟེན་དུ་གྱུར་པས་ན་གཞིའོ། །ཞེས་དང་། བང་མཛོད་ལས། ཐམས་ཅད་སེམས་ལ་གནས་པའི་ཕྱིར། །ཀུན་གྱི་གཞི་མ་ཡིན་པར་ཡིད་ཀྱང་ཆེས། །ཞེས་པ་ལྟར་རོ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་གདོད་ནས་སྐྱེ་བ་མེད་པ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ཡིན་པས་ན་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པར་བཤད་དེ། མདོ་བཅུ་ལས། གཅིག་ནི་ཀུན་གྱི་རང་བཞིན་ཏེ། །ཆོས་ཀྱི་དབྱིངས་སམ་བྱང་ཆུབ་སེམས། །ཡིན་པས་རྩ་བའི་དོན་དུ་བཞག །ཅེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། སྐུ་གསུམ་བྱུང་ཚུལ་མདོར་བསྟན་པ་དང་། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་བྱུང་ཚུལ་རྒྱས་པར་བཤད་པ། བསྟན་པ་དང་འཁོར་གཡོས་པ་མེད་པ་དང་རྒྱུ་འབྲས་རྩོལ་བས་དེ་བཞིན་ཉིད་ཀྱི་རང་བཞིན་མི་རྟོགས་པས་དོན་བསྡུས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉོན་ཅིག །ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་ནི་རང་བཞིན་མ་བཅོས་པ་རྣམ་པ་གསུམ་གྱི་རྩལ་ལས་མིང་གིས་བརྗོད་པ་ཙམ་དུ་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་བྱུང་ཚུལ་བསྟན་ན་ཡང་ངེས་པར་སྟེ་ངེས་པའི་དོན་ལ་སྐུ་གསུམ་གྱི་སྟོན་པ་ཡང་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་ལས་གཡོས་པ་རྡུལ་ཙམ་མེད་པས་ཀུན་བྱེད་ང་ཡི་རང་བཞིན་དུ་རྟག་ཏུ་གནས་པ་ཡིན་ནོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ། །རྩོལ་བ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང་། །དབྱིངས་ལས་མ་གཡོས་ལྷུན་གྲུབ་འདུས་མ་བྱས། །ཞེས་པ་ལྟར་རོ། །གཉིས་པ་ནི། དེ་ཡང་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་ནི་རང་བཞིན་སྟོང་པའི་ཆ་ཡེ་ནས་མ་སྐྱེས་ཤིང་གཟུང་འཛིན་དང་བྲལ་བ་ལས་ནི་ཆོས་སྐུ་སྐྱེ་བ་མེད་པ་ཞེས་པའི་མིང་ཙམ་བྱུང་ན་ཡང་ངེས་པའི་དོན་མཐར་ཐུག་པར་ན་སྨྲ་བསམ་བརྗོད་པ་ཐམས་ཅད་དང་བྲལ་བ་ཀུན་ཟླུམ་ཐིག་ལེ་ཆེན་པོ་གཅིག་གི་རང་བཞིན་ལས་མེད་པས་ན་ཆོས་སྐུ་ཞེས་བརྗོད་པ་དེ་ཡང་མིང་གི་བླ་དྭགས་ཙམ་སྟེ་དོན་ལ་ཆོས་ཉིད་དེ་བཞིན་ཉིད་ལས་གཡོས་པ་རྡུལ་ཙམ་ཡང་མེད་དོ། །དེ་བཞིན་དུ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་ངོ་བོ་གསལ་བའི་ཆ་ཞེས་པའི་མིང་ཙམ་ཞིག་མངོན་དུ་བྱུང་བ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་མིང་གི་ཐ་སྙད་ཙམ་གྱི་ཚུལ་དུ་བརྗོད་ཀྱང་དོན་ངེས་པར་ནི་ལོངས་སྤྱོད་རྫོགས་པའི་སྐུ་དེ་དེ་བཞིན་ཉིད་སྤྲོས་མཐའ་ཐམས་ཅད་དང་བྲལ་བའི་ངང་ལས་གཡོས་པ་མེད་པ་དང་། ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡིས་ནི་ཐུགས་རྗེ་འགག་པ་མེད་པ་སྤྲུལ་པའི་སྐུ་རུ་མངོན་དུ་ཕྱུང་བ་ཡང་འདི་ལྟར་ཐུགས་རྗེ་མ་བཅོས་པའི་རང་བཞིན་གྱི་རྩལ་ལས་མིང་ཙམ་དུ་སྤྲུལ་པའི་སྐུ་ཡི་ཚུལ་དུ་བྱུང་བའོ་ཞེས་ངེས་པར་བརྗོད་པ་ཙམ་ལས་དོན་ལ་བྱུང་ས་བྱུང་མཁན་གྱི་ཆོས་སུ་གྲུབ་པ་གང་ཡང་མེད་པས་སྤྲུལ་པའི་སྐུ་དེ་ཡང་ཆོས་ཉིད་དེ་བཞིན་ཉིད་ལས་གར་ཡང་གཡོས་པ་མེད་དོ་ཞེས་སོ། །གསུམ་པ་ནི། དེ་ལྟར་དེ་བཞིན་ཉིད་ཀྱི་རང་བཞིན་ལས་སྐུ་གསུམ་གྱི་སྟོན་པ་རྣམས་སྐད་ཅིག་ཀྱང་གཡོས་པ་མེད་པ་དེ་བཞིན་དུ། སྟོན་པ་སྐུ་གསུམ་གྱིས་བསྟན་པའི་ཐེག་པ་གསུམ་གྱི་ཆོས་རྣམས་དང་སྐུ་གསུམ་གྱི་འདུས་པའི་འཁོར་དུས་གསུམ་སངས་རྒྱས་ལ་སོགས་པ་རྣམས་དང་། དེས་མཚོན་པའི་ཕུན་སུམ་ཚོགས་པ་ལྔས་བསྡུས་པའི་ཆོས་རྣམས་ཀུན་ལའང་དེ་བཞིན་ཉིད་ལས་གཡོས་པ་རྡུལ་ཙམ་ཡང་མེད་པས་གདོད་ནས་སྐྱེ་བ་མེད་པ་ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་ལ་རྟག་ཏུ་གནས་པ་ཉིད་དོ། །དེ་ལྟར་ཆོས་ཐམས་ཅད་སྙིང་པོ་བྱང་ཆུབ་སེམས་ཀྱི་ཀློང་ལས་མོ་གཡོས་མི་གཡོ་གཡོ་བ་མེད་པ་ཡི་ཆོས་ཉིད་འདུས་མ་བྱས་པ་ཡེ་སྟོང་ནམ་མཁའ་ལྟ་བུའི་རང་བཞིན་ཡིན་པ་ལ་ཚོགས་གཉིས་བསགས་པ་ལ་སོགས་པ་རྒྱུ་དང་སངས་རྒྱས་ཀྱི་གོ་འཕང་ལ་འབྲས་བུར་སྒྲོ་བཏགས་པར་བྱས་ནས། དེ་ལ་ཞེན་ཅིང་ཆགས་པའི་རེ་དོགས་ཀྱིས་རྒྱུ་འབྲས་བླང་དོར་གྱིས་རྩོལ་བ་དང་བསྒྲུབ་པ་བྱས་ནས་ནི་རྒྱུ་ལས་འབྲས་བུ་འབྱུང་བར་འདོད་པ་རྣམས་ནི་ཀུན་བྱེད་ང་ལས་རང་བྱུང་དུ་བྱུང་བས་ཡེ་ནས་བྱས་ཟིན་པ་ཡི་ཆོས་འདི་རྣམས་ཐམས་ཅད་རྒྱུ་འབྲས་རྩོལ་སྒྲུབ་ཀྱི་ཡུལ་ལས་འདས་པ་ཡིན་ཀྱང་། དེ་ལྟར་མ་རྟོགས་པས་རྫོགས་ཆེན་བྱ་རྩོལ་བྲལ་བའི་དོན་ལས་གཞན་དུ་ཐེག་པ་འོག་མ་བླང་དོར་རྩོལ་སྒྲུབ་ཅན་གྱི་ལམ་དུ་གོལ་བ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་ལ་གཉིས་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་སེམས་ཉིད་ཀུན་བྱེད་ཉིད་ཡིན་པ་ལ་ཐེ་ཚོམ་ཟ་བ་སྤང་བ། སེམས་ཉིད་བྱང་ཆུབ་ཏུ་ཡེ་ནས་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །ཀུན་བྱེད་ང་ཡི་རང་བཞིན་རྣམ་པ་གསུམ་ལས་མངོན་དུ་བྱུང་བའི་སྐུ་གསུམ་གྱི་སྟོན་པ་རྣམས་དང་། དེ་བཞིན་དུ་ང་ལས་བྱུང་བའི་དུས་གསུམ་གྱི་སངས་རྒྱས་རྣམས་དང་། ང་ལས་བྱུང་བའི་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱི་འཁོར་གྱི་ཚོགས་དང་དེ་དག་གང་དུ་བཞུགས་པའི་གནས་དང་ནམ་གྱི་ཚེ་ལྷན་གཅིག་ཚོགས་པའི་དུས་ལ་སོགས་པ་ཀུན་ཀྱང་ཡེ་ནས་སྟོན་པ་ཀུན་བྱེད་ང་ཡི་ཐུགས་རང་བྱུང་གི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་སྐད་ཅིག་ཀྱང་གཡོ་མ་མྱོང་བར་ཆོས་ཉིད་དེ་བཞིན་ཉིད་དུ་གནས་པ་ཡིན་ན་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་དེ་ལ་ཡིན་མིན་དུ་འཛིན་པའི་ཐེ་ཚོམ་གྱིས་རྟོག་ཅིག་དཔྱོད་པར་བྱས་པས་མི་རྟོག་མཉམ་པ་ཉིད་ཀྱི་དོན་དང་འགལ་བ་ཡིན་པས་སེམས་དཔའ་རྡོ་རྗེ་ཉིད་ཀྱིས་དེ་ལ་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་གྱིས་མ་རྟོག་པར་ཆོས་ཉིད་གཉུག་མའི་ངང་དུ་མི་རྟོགས་མཉམ་པ་ཉིད་དུ་གནས་པར་གྱིས་ཞིག་ཅེས་གདམས་པའོ། །གཉིས་པ་ནི། འདི་ལྟར་སྟོན་པ་ང་ནི་ཡེ་ནས་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ཡིན་ལ། ང་ཡིས་བྱས་པའམ་ང་ཡི་རྩལ་ལས་ཤར་བའི་ཆོས་ཀུན་ཀྱང་བྱང་ཆུབ་ཀྱི་སེམས་ཡིན་ཞིང་། དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་པའི་དོན་ནི་ཀུན་བྱེད་ང་ཡི་རང་བཞིན་ཡེ་གདོད་ནས་སྒྲིབ་པའི་དྲི་མ་ཐམས་ཅད་རྣམ་པར་དག་པས་བྱང་བ་དང་། ང་ཡིས་འཁོར་འདས་ཀུན་ལ་གཉིས་མེད་དུ་ཁྱབ་ཅིང་ལྷུན་རྫོགས་མཉམ་པ་ཆེན་པོར་ཡེ་ནས་གནས་པས་ཆུབ་པ་དང་། ང་ཡི་རང་བཞིན་གསལ་ལ་འགགས་པ་མེད་པར་འཆར་བས་ཡེ་ནས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡིན་པའམ། ཡང་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའམ། བྱང་ཆུབ་ནི་དྲི་མ་ཐམས་ཅད་ཡོངས་སུ་དག་ཅིང་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུབ་པའི་ཡེ་ཤེས་དང་། སེམས་ནི་ཀུན་ཏུ་རྟོག་པའི་རང་བཞིན་ཅན་ཏེ། དེ་གཉིས་ཐ་དད་དུ་བཞག་པ་ནི་དམིགས་པའི་མཚན་ཉིད་ཏེ་དཔེར་ན་འགལ་མེ་ཉིད་འཁོར་ལོར་འཁྲུལ་པ་ཡིན་པས་སྣང་བའི་སྒོ་ནས་གཉིས་ཀ་དུས་གཅིག་ལ་ཐ་དད་དུ་མི་སྣང་ཡང་དམིགས་པའི་སྒོ་ནས་འགལ་མེ་དང་འཁོར་ལོ་ཐ་དད་དུ་དམིགས་པ་ལྟར་ལ། ངོ་བོ་ཉིད་ཀྱི་མཚན་ཉིད་ནི་ཐ་དད་མིན་པར་གཉིས་སུ་མེད་པའི་མཚན་ཉིད་ཏེ། དཔེ ར་ན་འགལ་མེ་ལ་འཁོར་ལོར་སྣང་བཞིན་པའི་སྐབས་ན་ཡང་འཁོར་ལོའི་སྣང་བ་འཁྲུལ་པ་བསླུ་ཞིང་མི་བདེན་པའི་རང་བཞིན་ཡིན་པས་ཡོད་མ་མྱོང་བར་འགལ་མེའི་ངོ་བོར་གྲུབ་པ་ལྟར་སེམས་ཀུན་ཏུ་རྟོག་པ་ལྟར་སྣང་བཞིན་པ་ན་ཡང་དེ་ཉིད་འཁྲུལ་སྣང་ཡིན་པས་ཡོད་མ་མྱོང་བར་བྱང་ཆུབ་སེམས་ཀྱི་ངོ་བོར་གྲུབ་པ་ཡིན་པས་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་གསུངས་སོ། །སྟོན་པ་ང་ནི་གདོད་ནས་སྐྱེ་བ་མེད་པའི་ཕྱིར་ནམ་མཁའ་ལྟ་བུའི་རང་བཞིན་གྱིས་ཡེ་ནས་ཆོས་ཐམས་ཅད་ལ་ཁྱབ་ཅིང་གནས་ལུགས་འདུས་མ་བྱས་པའི་རང་བཞིན་འཁོར་འདས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ཡིན་པའི་ཕྱིར་ན། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱིས་ནི་དཔེར་ན་སྒྱུ་མའི་རྫས་སྔགས་ལ་བརྟེན་ནས་རྟ་གླང་ལ་སོགས་པ་སྣང་བ་ལྟ་བུའི་འཇིག་རྟེན་སྒྱུ་མར་སྣང་བའི་ཆོས་རྣམས་ཀྱི་དཔེ་བཞིན་དུ་སྐུ་གསུམ་གྱི་སྟོན་པ་དང་དུས་གསུམ་གྱི་སངས་རྒྱས་རྣམས་སྟོན་པ་ཀུན་བྱེད་ང་ཡི་བུ་དང་ཚ་བོ་དང་འཁོར་གྱི་ཚུལ་དུ་མངོན་དུ་བྱུང་ནས། ཕས་བུ་ལ་མ་ནོར་བ་བདེན་པའི་ཚིག་གིས་གདམས་ངག་འབོགས་པ་བཞིན་དུ། དོན་ནོར་བ་མེད་པ་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ནི་ནམ་མཁའ་བཞིན་དུ་སྐྱེ་མེད་ཀུན་ལ་ཁྱབ་པའི་རང་བཞིན་དུ་བསྟན་ནས། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རྩལ་ལས་འཁོར་འདས་ཀྱི་རོལ་པ་བྱུང་ཚུལ་ནམ་མཁའ་ཡི་ཀློང་དུ་སྣོད་བཅུད་ཐམས་ཅད་སྐྱེ་མེད་ཀྱི་དབྱིངས་ལས་འགགས་མེད་དུ་བྱུང་བ་བཞིན་དུ་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ངེས་པར་བསྟན་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པས། སེམས་ཉིད་ཕུན་སུམ་ཚོགས་པའི་རང་བཞིན་ཡིན་པར་གཏན་ཚིགས་དཔེ་དོན་དང་བཅས་པས་བསྟན་པ་ཉིད་བདེན་པར་སྨྲ་བའི་སྐྱེ་བོས་བཀའ་ཕྲིན་བསྙད་པ་ལྟར་མ་ནོར་ངེས་པའི་དོན་ལ་ཡིད་ཆེས་པར་བསྟན་པའོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་མདོ་ལས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀུན་བྱེད་ལས་བྱུང་བའི་ཁུངས་ཀྱི་ལེའུ་སྟེ་ཉི་ཤུ་པའི་འགྲེལ་བའོ།། ༈ །།དོན་གཉིས་པ་རྒྱུ་འབྲས་ལས་འདས་པའི་ལེའུ་བཅུས་སེམས་ཉིད་ཀུན་བྱེད་རྒྱལ་པོ་ཡེ་ནས་བྱ་བཙལ་མེད་པར་བསྟན་པའི་ལེའུ་བཅུ་ལས་དང་པོ་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་གཅིག་པས་ངོ་བོ་གཅིག་ལ་རྒྱུ་འབྲས་གཉིས་སུ་མེད་པའི་ལེའུ་ཉེར་གཅིག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཕུན་སུམ་ཚོགས་པ་ལྔས་བསྡུས་པའི་ཆོས་ཐམས་ཅད་ཀུན་བྱེད་ཉིད་ཡིན་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སྟོན་པ་སྐུ་གསུམ་གྱིས་བསྟན་པའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སམ་ཁུངས་ཀྱི་རྒྱལ་པོ་ཀུན་བྱེད་ཉིད་ཡིན་པའི་ཕྱིར་དེ་ཐམས་ཅད་ཉིད་ལས་བྱུང་བའི་ཚིག་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཉིད་ཀུན་ལས་ཁྱད་པར་འཕགས་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་ཚུལ་མདོར་བསྟན་པ་དང་། དེ་ཉིད་གཏན་ཚིགས་ལྔས་འདས་ཚུལ་རྒྱས་པར་བཤད་པ་དང་། སེམས་ཉིད་སྤྲོས་བྲལ་བརྗོད་ལས་འདས་པས་རྒྱུ་འབྲས་བྱ་རྩོལ་མི་དགོས་པའི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཕུན་སུམ་ཚོགས་པ་ཀུན་ཡེ་ལྡན་ལྷུན་གྲུབ་ཏུ་གནས་པས་ཕྱི་ནས་བྱ་བཙལ་རྒྱུ་འབྲས་ལ་མི་ལྟོས་པ་དང་། སེམས་ཉིད་སྐྱེ་འགགས་གནས་གསུམ་ལས་གྲོལ་བས་སྐུ་གསུམ་ལྷུན་རྫོགས་གཏན་ཚིགས་ལྔ་ལྡན་དུ་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་པ་ཁྱོད་ཀྱིས་ཆོས་ཐམས་ཅད་ཀྱི་ཁུངས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཡིན་པའི་ཚུལ་འདི་ཉོན་ཅིག་དང་བཤད་པར་བྱའོ་ཞེས་པ་སྟེ། དེ་ཡང་ཇི་ལྟར་ན་ཀུན་བྱེད་ང་ནི་ཕུན་སུམ་ཚོགས་པའི་ཆོས་རྣམས་ཀུན་མ་བཙལ་ལྷུན་གྲུབ་ཀྱི་ཚུལ་དུ་བྱེད་པའི་རྒྱལ་པོ་ཡིན་པ་སྟེ། འདི་ལྟར་སྐུ་གསུམ་གྱི་སྟོན་པ་རྣམས་གང་ལས་བྱུང་བར་གྱུར་པའི་ཕ་མ་ང་ཉིད་ཡིན་ལ། སྐུ་གསུམ་གྱི་སྟོན་པ་དེ་ལས་བྱུང་བའི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་མེས་པོ་ཡང་སྟོན་པ་ང་ཉིད་ཡིན་ཞིང་། དེ་དག་གི་འཁོར་གྱི་ཚོགས་དང་གནས་དང་དུས་རྣམས་ཀྱི་རང་བཞིན་ཕུན་སུམ་ཚོགས་པའི་སྒོ་ནས་སྐུ་གསུམ་པོས་བསྟན་པའི་ཐེག་པ་རྣམས་གསལ་ཞིང་སྟོན་པར་བྱེད་པའི་སྒྲོན་མའང་ང་ཉིད་ཀྱིས་བྱེད་པ་སྟེ། དེ་ལྟར་ན་ཀུན་བྱེད་ང་ཡི་རང་བཞིན་རྣམ་པ་གསུམ་ལས་སྐུ་གསུམ་གྱི་སྟོན་པ་རྣམས་ང་ཡི་རྩལ་ལས་ཐུགས་རྗེ་ཕྱི་གསལ་གྱི་ཆར་བྱུང་བ་ཡིན་པའི་རྒྱུ་མཚན་དེ་བས་ན། ཕུན་སུམ་ཚོགས་པའི་ཆོས་ཐམས་ཅད་ནི་ཡེ་ནས་བྱང་ཆུབ་ཀྱི་སེམས་སུ་ལྷུན་གྱིས་གྲུབ་ཟིན་པས་གསར་དུ་འབད་རྩོལ་རྒྱུ་འབྲས་ལ་ལྟོས་མི་དགོས་ལ། དེས་ན་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་བསྟན་པའི་རྒྱུ་འབྲས་ཀྱི་ཐེག་པ་སྣ་ཚོགས་གསུངས་པ་དེ་ཡི་བཤད་ལུགས་ཆོས་སྐུས་བྱིན་གྱིས་རླབས་ཀྱིས་བཤད་པ་ལ་སོགས་པ་རྣམ་པ་གསུམ་གྱིས་དབྱེ་བས་ཆོས་རྣམས་ཀྱི་བཤད་ལུགས་རྣམ་པ་གསུམ་ཡང་བསྟན་པ་དེ་ཡང་སྟོན་པར་བྱེད་པ་པོ་གཞན་སུ་ཡང་མེད་པར་ཀུན་བྱེད་ང་ཡིས་བསྟན་པ་ཁོ་ན་ཡིན་ནོ། །གཉིས་པ་ནི། ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་འདི་ཉིད་ནི་ཡེ་ནས་སྐྱེ་འགགས་གནས་གསུམ་དང་བྲལ་བ་རང་བྱུང་འདུས་མ་བྱས་པའི་བདག་ཉིད་རྒྱུ་འབྲས་རྩོལ་སྒྲུབ་ཀུན་ལས་འདས་པ་ཡིན་པས་སྟོན་པ་གཞན་ཀུན་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་ན་སྐུ་གསུམ་ལྷུན་རྫོགས་རང་བྱུང་ཆེན་པོ་ལ་རྒྱུ་འབྲས་རྩོལ་སྒྲུབ་མི་དགོས་པའི་གཏན་ཚིགས་དོན་གྱི་བཤད་ལུགས་རྣམ་པ་ལྔས་སྒོ་ནས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་དོན་མ་ནོར་བ་ཇི་ལྟ་བ་བཞིན་ངེས་པར་བྱེད་པའི་གཏན་ཚིགས་ཀྱི་ཁུངས་ཀྱང་ཀུན་བྱེད་ངས་བསྟན་ཏོ། །ཞེས་པའོ། །གཉིས་པ་ལ་ལྔ་སྟེ། ལོ་རྒྱུས་དོན་གྱི་བཤད་ལུགས་དང་། །རྩ་བ་དོན་གྱི་བཤད་ལུགས་དང་། །ཡོ་ག་དོན་གྱི་བཤད་ལུགས་དང་། །དགོས་ཆེད་དོན་གྱི་བཤད་ལུགས་དང་། །ཚིག་གི་དོན་གྱི་བཤད་ལུགས་སོ། །དང་པོ་ལ་གཉིས་ཏེ། བཤད་ཚུལ་གཉིས་མདོར་བསྟན་པ་དང་། ཀུན་བྱེད་བྱང་ཆུབ་ཀྱི་སེམས་སྐུ་གསུམ་སྟོན་པ་གསུམ་གྱིས་བཤད་ཚུལ་གཉིས་རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་འདི་ལྟར་ཀུན་བྱེད་རྒྱལ་པོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ལ། རིག་པ་བྱང་ཆུབ་ཀྱི་སེམས་དེ་ལ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་རྫོགས་ཤིང་ཆེ་བ་ལྔའི་ངོ་བོ་སངས་རྒྱས་པ་ཡིན་པས་རྫོགས་པ་ཆེ་བའམ་ཆེན་པོ་ཡིན་ཞིང་དེ་ལྟ་བའི་སེམས་ཉིད་རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་དེ་ནི་ཡེ་ནས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་ཡིན་པས། དེས་ན་རྒྱུ་འབྲས་བྱ་རྩོལ་གྱི་ཡུལ་ལས་འདས་པའི་བཤད་ལུགས་བསྟན་པ་དང་། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལྷུན་གྲུབ་རྣམ་པ་གསུམ་ལས་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་བྱུང་ནས་རྒྱུ་འབྲས་ཀྱི་ཐེག་པ་རྣམས་གསུངས་པའི་བཤད་ལུགས་བསྟན་པ་དང་། རྣམ་པ་གཉིས་ཀྱི་བཤད་ལུགས་བསྟན་པའོ། །གཉིས་པ་ནི། དེ་ལ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་བཤད་ལུགས་ནི་གང་ཞེ་ན། འདི་ལྟར་བྱང་ཆུབ་ཀྱི་སེམས་དེ་ནི་རྒྱུ་འབྲས་རྩོལ་སྒྲུབ་ཀུན་ལས་འདས་པའི་ཕྱིར་ན་གཏན་ཚིགས་དོན་གྱི་བཤད་ལུགས་ལྔ་ཡིས་བཤད་པ་དང་། སྐུ་གསུམ་སྟོན་པ་གསུམ་གྱི་བཤད་ལུགས་ནི་རང་རང་གི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ཡི་ནང་དུ་བསྡུས་ནས་བཤད་པ་སྟེ། འདི་ལྟར་སྟོན་པ་ཆོས་ཀྱི་སྐུ་ཡིས་ནི་ཉིད་ལས་མི་གཞན་པའི་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་རྣམས་ལ་སྐྱེ་མེད་དོན་གྱི་གསུང་ལ་བརྟེན་ནས་ཐུགས་རང་བྱུང་ཡེ་ཤེས་ཀྱི་རྒྱུད་ཆེན་པོ་ལྔ་དགོངས་པ་གཉིས་སུ་མེད་པའི་བྱིན་གྱིས་བརླབས་ཀྱིས་བཤད་པའི་ཚུལ་ནི། ཐིག་ལེ་ཀུན་གསལ་ལས། སྟོན་པ་འགྱུར་མེད་ཆོས་ཀྱི་སྐུ། །བསྟན་པ་མི་ནུབ་རྒྱལ་མཚན་ནི། །གསང་བའི་རིག་པ་རྒྱུད་ཆེན་ལྔ། །འདུས་པའི་འཁོར་ཚོགས་ཉིད་ལས་མི་གཞན་པའི། །རིགས་ལྔའི་བདེ་གཤེགས་འོད་དུ་འབར་བ་ལ། །བཞུགས་གནས་སྐྱེ་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །དུས་ནི་འདས་དང་མ་བྱོན་སྔོན་རོལ་ན། །རྟོག་མེད་སྟོན་པས་བྱིན་གྱིས་བརླབས་ཀྱིས་བཤད། །ཉིད་ལས་མི་གཞན་སྐུ་ལྔ་རང་རང་གི། །རྒྱུད་ཆེན་བྱིན་གྱིས་བརླབས་ཀྱིས་གོ། །ཞེས་དང་། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་བདེ་གཤེགས་རིགས་ལྔའི་ཚོགས་ཀྱིས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་འཁོར་ཚོགས་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བསྡུས་པའི་རྒྱུད་ཆེན་པོ་ལྔ་སྟོན་པ་རང་རང་གི་སྐུ་ཡི་ངོ་བོ་མངོན་སུམ་དུ་བསྟན་པའི་སྒོ་ནས་དགོངས་པ་བརྡ་ཡི་གསུང་གིས་སྟོན་པའི་ཚུལ་ཀྱང་། དེ་ཉིད་ལས། སྟོན་པ་རིགས་ལྔ་བདེ་གཤེགས་ལྔ། །བསྟན་པ་གསང་བའི་རྒྱུད་ཆེན་ལྔ། །འདུས་པའི་འཁོར་ནི་སེམས་དཔའ་སེམས་མའི་ཚོགས། །བཞུགས་པའི་གནས་ནི་ཡེ་ཤེས་གཞལ་མེད་འོད་ཀྱི་ཀློང་། །དུས་ནི་དེ་རྣམས་རིག་པ་ཡུལ་ལ་ཤར་བའི་ཚེ། །ཚིག་དང་ཡི་གེའི་སྒོ་ནས་མི་འཆད་པར། །སྐུ་ཡི་ཆ་བྱད་སྒོ་ནས་སྟོན། །ཞེས་སོགས་ཀྱིས་བསྟན་ལ། སྟོན་པ་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔས་གོང་དུ་བསྟན་པའི་གསང་བའི་རྒྱུད་ཆེན་ལྔས་མཚོན་པའི་ཕྱི་ནང་གསང་བའི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་སངས་རྒྱས་རབ་བདུན་ལ་སོགས་པའི་འཁོར་ཚོགས་རྣམས་ནི་ཡན་ལག་དྲུག་ཅུའི་གསུང་གིས་དོན་རྣམས་སྒྲ་ཚིག་ཏུ་བརྗོད་ཅིང་སྡེབ་སྦྱོར་ལེགས་པའི་སྒོ་ནས་བཤད་ཚུལ་ཀྱང་། དེ་ལས། སྟོན་པ་རྡོ་རྗེ་སེམས་དཔའ་ངས། །བསྟན་པའི་སྙིང་པོ་གསང་བའི་རྒྱུད་ཆེན་ལྔ། །དེ་སོགས་ཕྱི་ནང་གསང་བས་བསྡུས་པ་རྣམས། །ཐུགས་ཀྱི་ཀློང་དུ་ཤེས་རབ་ཆེན་པོས་བཀྲོལ། །མགུར་གྱི་བུམ་པར་ཡེ་ཤེས་རླུང་གིས་དྲིལ། །ཞལ་གྱི་ལྗགས་ལ་མ་འདྲེས་གསལ་བར་བཀྲམ། །ཚེམ་གྱི་བར་ནས་ཚིག་དོན་སོ་སོར་བཤད། །ཡན་ལག་དྲུག་ཅུའི་སྡེབ་སྦྱོར་ལེགས་པར་བཤད། །ཁྱུང་ཆེན་ལྡིང་ཐབས་དོན་གྱི་སྤྱི་ཁོག་དབུབ། །སྟག་མོའི་མཆོངས་སྟབས་ལྟ་བུའི་དཀྱུས་ཀྱི་ས་རྣམས་བཅད། །རུ་སྦལ་འགྲོས་ཀྱིས་ཚིག་གི་འབྲུ་རྣམས་གཞོམ། །སེང་གེའི་གདངས་སྐད་ལྟ་བུའི་ཐེག་བརྒྱད་ཟིལ་གྱིས་གནོན། །གླག་མོའི་གཟན་འཇུམ་ལྟ་བུས་དོན་གྱི་མན་ངག་དྲིལ། །འདུས་པའི་འཁོར་ཚོགས་སངས་རྒྱས་རབ་བདུན་ལ། །ལྷ་གནས་གསུམ་དུ་བདུད་རྩིའི་ཆར་ཆེན་ཕབ། །པདྨ་བརྩེགས་པའི་གནས་མཆོག་རྣམ་གསུམ་མོ། །ཞེས་གསུངས་ལ། གཞན་ཡང་སྟོན་པ་ཐུབ་པའི་དབང་པོ་ལ་སོགས་པས་སྡེ་སྣོད་གསུམ་གྱི་ཆོས་འཁོར་བསྐོར་བ་ཐམས་ཅད་སྤྲུལ་སྐུའི་སྡེབ་སྦྱོར་ལེགས་པར་གསུངས་པ་སྟེ། རི་བོ་བརྩེགས་པའི་རྒྱུད་ལས། ཁང་བཟང་གནས་སུ་སྤྲུལ་སྐུའི་སྟོན་པ་ཡིས། །མོས་ཚད་ཀུན་དགའ་བོ་ལ་སྡེ་སྣོད་རྣམ་གསུམ་བཤད། །སྤྲུལ་སྐུས་ཚིག་ཏུ་སྡེབས་ཏེ་བཤད་པའི་དུས། །ཞེས་གསུངས་པ་སྟེ། དེ་དག་ནི་སྐུ་གསུམ་གྱིས་སྟོན་པས་བསྟན་པའི་ཆོས་རྣམས་ཀྱི་བཤད་ལུགས་རྣམ་པ་གསུམ་སྟེ་དོན་ལ་ཀུན་བྱེད་ང་ཡི་རང་བཞིན་རྣམ་པ་གསུམ་ལས་གཞན་པའི་སྐུ་གསུམ་གྱི་སྟོན་པ་ཞིག་མེད་པས་ན་དེ་ཡི་བཤད་ལུགས་བསྟན་པ་ཡིིན་ནོ། །དེ་བཞིན་དུ་རྒྱུ་འབྲས་འདས་པའི་བཤད་ལུགས་ནི་ཇི་ལྟར་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ནི་ཡེ་ནས་རང་བྱུང་འདུས་མ་བྱས་པ་སྐུ་གསུམ་ལྷུན་རྫོགས་ཆེན་པོའི་བདག་ཉིད་ཡིན་པས་རྒྱུ་འབྲས་ཀུན་ལས་འདས་པ་སྟེ། དེ་ལྟར་རྒྱུ་འབྲས་ལས་འདས་པས་ལུས་ཀྱི་བྱ་བྱེད་དང་ངག་གིས་སྨྲ་བརྗོད་དང་སེམས་ཀྱིས་བསམ་དཔྱོད་སོགས་སྒོ་གསུམ་གྱི་སྤྱོད་ཡུལ་ཀུན་ལས་འདས་པ་ཡིན་ལ། དེ་ལྟར་རྒྱུ་འབྲས་རྩོལ་སྒྲུབ་ཀུན་གྱི་ཡུལ་ལས་འདས་པའི་ཆོས་ཉིད་ནམ་མཁའ་ལྟ་བུ་དེ་ནི་བྱང་ཆུབ་ཀྱི་སེམས་ཡིན་པས་ན་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཉིད་ནི་སྐུ་གསུམ་གྱི་ཕུན་སུམ་ཚོགས་པས་བསྡུས་པའི་ཆོས་ཐམས་ཅད་ཀུན་གྱི་འབྱུང་གནས་སུ་གྱུར་པའི་སྙིང་པོ་ཡིན་ཞིང་། དེ་ལྟར་ཆོས་ཐམས་ཅད་གང་ལས་བྱུང་བའི་སྙིང་པོ་ཡིན་པར་བསྟན་པས་ལོ་རྒྱུས་དོན་གྱི་སྒོ་ནས་བསྟན་པ་གང་ལས་བྱུང་བའི་ཚུལ་ལ་ཡིད་ཆེས་ཀྱི་ཁུངས་ཀྱང་བསྟན་པ་ཡིན་ཏེ། བང་མཛོད་འཕྲུལ་ལྡེ་ལས། ཐམས་ཅད་སེམས་ལས་བྱུང་བའི་ཕྱིར། །ཀུན་གྱི་འབྱུང་གནས་ཡིན་པར་ཡིད་ཀྱང་ཆེས། །ཞེས་དང་། རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པས། །རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །གཉིས་པ་ནི། འདི་ལྟར་བྱང་ཆུབ་ཀྱི་སེམས་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་གྱི་གང་ལས་སྣང་བའི་གཞིའམ་རྩ་བ་སྟེ། དེ་ལྟར་རྩ་བ་ཡིན་པས་ན་ཕྱི་ནང་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཀུན་གྱི་དོན་ཡང་བྱང་ཆུབ་སེམས་སུ་འདུས་པ་ཡིན་ཏེ། ཆོས་དབྱིངས་མཛོད་ལས། ཐམས་ཅད་ཀུན་འདུས་བྱང་ཆུབ་སེམས་སུ་འདུས། །བྱང་ཆུབ་སེམས་ལས་མ་གཏོགས་ཆོས་མེད་པས། །ཆོས་ཀུན་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཞེས་གསུངས་སོ། །དེས་ན་ཆོས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་སུ་བསྡུས་ཤིང་དེ་ལས་གཞན་དུ་མེད་པར་ཡེ་གདོད་མ་ཉིད་ནས་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་སངས་རྒྱས་པ་ཡིན་པས། ད་བླང་དོར་འབད་རྩོལ་གྱི་སྒོ་ནས་ལམ་གྱིས་བཅོས་ཤིང་སྒྲུབ་ཏུ་མེད་པར་སྟོན་པ་ནི་རྩ་བའི་དོན་གྱིས་བཤད་པ་སྟེ། དོན་གསལ་ལས། རྩ་བའི་དོན་དུ་བཤད་པ་ནི། །རང་རིག་ཡེ་ཤེས་ཆེན་པོར་བཤད། །ཅེས་སོ། །གསུམ་པ་ནི། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་རྒྱུ་འབྲས་རྩོལ་སྒྲུབ་ཀུན་ལས་འདས་པའི་ཕྱིར་ན་རྒྱུ་འབྲས་རྩོལ་སྒྲུབ་ཅན་གྱི་ཐེག་པ་གོང་འོག་གི་ཁྱད་པར་ཀུན་ལས་འཕགས་པ་ཡིན་ལ། དེ་ལྟར་ཐེག་པ་ཀུན་ལས་ཁྱད་པར་འཕགས་པ་ཡིན་པས་ན། རྫོགས་པ་ཆེན་པོའི་གཞུང་གིས་ཐེག་པ་ཐམས་ཅད་ཀྱི་གྲུབ་པའི་མཐའ་སོ་སོར་མ་འདྲེས་པར་ཤན་ཡང་འབྱེད་ཅིང་དེ་དག་གིས་རྒྱུ་འབྲས་རྩོལ་སྒྲུབ་བྱེད་པ་དང་གྲུབ་མཐའི་བློ་སྐྱོན་ཐམས་ཅད་སུན་དབྱུང་ཞིང་རྫོགས་པ་ཆེན་པོ་རྒྱུ་འབྲས་འབད་རྩོལ་ཀུན་ལས་འདས་པར་ལ་བཟླ་བའི་ཚུལ་གྱིས་བཤད་པ་ནི་ཡོ་གའི་དོན་གྱི་བཤད་པ་སྟེ། དེ་ཉིད་ལས། ཡོ་གའི་དོན་དུ་བཤད་པ་ནི། །ཐེག་པའི་ལ་ཤན་ཕྱེ་ལ་བཤད། །ཅེས་སོ། །བཞི་པ་ནི། བྱང་ཆུབ་སེམས་ཀྱི་ཡིན་ལུགས་རྒྱུ་འབྲས་རྩོལ་སྒྲུབ་གང་ཡང་མི་དགོས་པར་གདོད་ནས་མངོན་པར་བྱང་ཆུབ་པས་མ་བཅོས་རྣལ་བཞག་ཆེན་པོའི་དོན་འདི་རྟོགས་པར་གྱུར་ན་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཀློང་དུ་འཁོར་འདས་ཀྱི་ཆོས་ཀུན་ཀྱང་ཡེ་ནས་སངས་རྒྱས་པར་རྟོགས་པ་དེས་ན་སྐལ་ལྡན་དབང་རབ་རྣམས་བླང་དོར་འབད་རྩོལ་གྱིས་གདུང་བ་མེད་པར་རྩོལ་མེད་དུ་གྲོལ་བའི་ཆེད་དུ་བཤད་པ་ནི་དགོས་ཆེད་དོན་གྱིས་བསྟན་པ་ཡིན་ཏེ། བང་མཛོད་འཕྲུལ་ལྡེ་ལས། བླ་མེད་བྱང་ཆུབ་ཆེན་པོ་འདི། །བཙལ་བས་འགྲུབ་པ་མ་ཡིན་ཏེ། །མ་བཙལ་རྣལ་དུ་བཞག་པས་གྲུབ། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བཙལ་ཀྱང་དབྱིངས་ལས་བསྐྱོད་པ་མེད། །བཙལ་ན་རྩོལ་བའི་ནད་དུ་འགྱུར། །ཞེས་གསུངས་པ་ལྟ་བུའི་སྐྱོན་དང་བྲལ་བའི་ཕྱིར་རོ། །ལྔ་པ་ནི། འདི་ལྟར་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཡིན་པས་ན་དེའི་ངོ་བོ་འདི་ལྟ་བུའོ་ཞེས་ཚིག་ཏུ་དངོས་སུ་བརྗོད་དུ་མེད་དེ་བརྗོད་མེད་དོན་གྱི་གནས་ལུགས་ཡིན་ན་ཡང་། འོན་ཀྱང་མཛུབ་མོས་ཟླ་བ་ལྟར་མཚོན་པར་བྱེད་པའི་ཚིག་ཙམ་ཞིག་མ་བརྗོད་དུ་ཟིན་ན་ཡང་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་མི་སྣང་ཞིང་རྟོགས་པར་མི་འགྱུར་བས་ན་ཡོད་མེད་དང་ཡིན་མིན་ལ་སོགས་པ་སྤྲོས་པའི་མཐའ་གང་དུའང་མི་སྣང་ཞིང་དཔེ་དང་གཏན་ཚིགས་སོགས་ཀྱིས་མཚོན་དུ་མེད་དོ་ཅེས་པ་ལྟ་བུས་མ་བརྗོད་པའམ་བརྗོད་པར་མ་བྱས་ན་གང་ཟག་ཀུན་ཀྱང་རང་གི་སེམས་ཀྱི་ཆོས་ཉིད་མ་མཐོང་བར་རྒྱུ་འབྲས་རྩོལ་སྒྲུབ་བྱེད་པའི་ལམ་དུ་གོལ་བའི་ཉེན་ཡོད་པའི་རྒྱུ་མཚན་དེས་ན་རྫོགས་ཆེན་ཨ་ཏི་ཡོ་ག་བརྗོད་དུ་མེད་པའི་ཚིག་གི་དོན་ཡང་བཤད་ཏེ། དེ་ཡང་ཇི་ལྟར་བཤད་ན་དོན་གྱི་ཁོག་ཕུབ། དཀྱུས་ཀྱི་ས་བཅད། ཚིག་གི་འབྲུ་བཅོམ་སྟེ་བཤད་པར་བྱ་སྟེ། དོན་གསལ་ལས། ཁྱུང་ཆེན་གཤོགས་རྫོགས་ལྟ་བུའི་བློས། །དོན་གྱི་སྤྱི་ཁོག་ཕུབ་སྟེ་བཤད། །སྟག་གི་མཆོངས་སྟབས་ལྟ་བུའི་བློས། །དཀྱུས་ཀྱི་ས་རྣམས་བཅད་དེ་བཤད། །རུས་སྦལ་ནུར་འགྲོས་ལྟ་བུའི་བློས། །ཡི་གེའི་འབྲུ་རྣམས་བཅོམ་པར་བཤད། །ཅེས་གསུངས་པ་ལྟར་རོ། །གསུམ་པ་ནི། གོང་དུ་བཤད་པ་ལྟ་བུའི་རྒྱུ་མཚན་དེས་ན་གཏན་ཚིག་དོན་གྱི་བཤད་ལུགས་རྣམ་པ་ལྔ་པོ་འདིས་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་ཀྱི་དོན་བྱར་མེད་ལྷུན་གྱིས་གྲུབ་པའི་ཡིན་ལུགས་མ་ནོར་བ་ཇི་ལྟ་བ་བཞིན་དུ་ངེས་པར་གཏན་ལ་འབེབས་པར་བྱེད་པ་དེས་ནི་རྒྱུ་འབྲས་བླང་དོར་ཀྱང་མེད་པར་ཆོས་ཉིད་མཉམ་པ་ཆེན་པོ་གཅིག་གི་རང་བཞིན་དུ་གཏན་ལ་ཕབ་པ་ཡིན་པས་འཁོར་འདས་སུ་སྣང་བའི་ཆོས་ཐམས་ཅད་ལ་བཟང་ངན་དང་སྤང་བླང་གི་དབྱེ་བ་མེད་པ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པར་ཡིད་ཀྱང་ཆེས་པར་འགྱུར་ལ། དེ་ལྟར་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཡིན་ཞིང་སེམས་ཉིད་ཡེ་ནས་སྤྲོས་བྲལ་མཉམ་པ་ཉིད་དུ་སངས་རྒྱས་པར་ཡིད་ཆེས་པས། ད་ལྟའི་སྣང་བ་འདི་ལས་གཞན་དུ་སེམས་ལ་བཙལ་དུ་མེད་པར་ཡིད་ཀྱང་ཆེས་ལ། བཙལ་དུ་ཡེ་ནས་མེད་པར་ཡིད་ཆེས་ཤིང་བློ་ཐག་གཏིང་ནས་ཆོད་པས་ལམ་ལ་མི་རྩོལ་ཞིང་གཉེན་པོས་མི་བསྒྲུབ་པར་རྩོལ་མེད་བདེ་བ་ཆེན་པོའི་ངང་ལ་གནས་ཤིང་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ཡེ་ནས་འདུས་མ་བྱས་པ་ཀུན་བཟང་ཆོས་སྐུའི་རང་ཞལ་མངོན་དུ་མཐོང་བར་འགྱུར་བ་སྟེ། དེས་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་དེ་ལྟར་དུ་གནས་པ་ཡིན་པས་ན་ཀུན་བྱེད་ང་ལས་སངས་རྒྱས་ཞེས་བྱ་བ་གང་ཡང་གཞན་ནས་བཙལ་དུ་མེད་དོ། །ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་གཏན་ཚིགས་བཤད་ལུགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའི་འགྲེལ་བའོ།། ༈ །།དོན་གཉིས་པ་སེམས་ཉིད་མཐའ་གང་དུ་ཡང་མི་གནས་ཤིང་དམིགས་པའི་ཡུལ་མེད་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་དོན་རྒྱུ་འབྲས་དག་གྲོལ་དུ་འཛིན་པས་མི་རྟོགས་པར་གསང་བ་དམ་པའི་ལེའུ་ཉེར་གཉིས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། རྫོགས་པ་ཆེན་པོ་གཏན་ཚིགས་དང་ལྡན་པས་ཇི་ལྟར་བཤད་པའི་ཚུལ་བསྟན་པ། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས། རྗེས་འཇུག་སྐལ་པ་དང་ལྡན་པ་ཨ་ཏི་རྫོགས་པ་ཆེན་པོའི་གདུལ་བྱར་གྱུར་པའི་རྣལ་འབྱོར་པ་རྣམས་ཀྱི་སེམས་ཉིད་མ་བཅོས་རྣལ་དུ་བཞག་པའི་ཕྱིར་དུ་བླང་དོར་བྱ་རྩོལ་ལ་ལྟོས་པ་མེད་པར་འབྲས་བུའི་ཆོས་ཐམས་ཅད་ཡེ་རྫོགས་ལྷུན་གྱིས་གྲུབ་པའི་ལུང་ཁུངས་རྩོལ་བཅས་ཀྱི་ཐེག་པ་བརྒྱད་ལས་ཁྱད་དུ་འཕགས་པའི་ཆེན་པོ་བླ་ན་མེད་པ་འདི་གསུངས་སོ་ཞེས་པའོ། །གཉིས་པ་ལ་གསུམ་སྟེ། སེམས་ཉིད་ནམ་མཁའ་ལྟ་བུ་བཅོས་བསྒྱུར་གཉེན་པོ་ལས་འདས་པའི་དོན་མདོར་བསྟན་པ། དེའི་རང་བཞིན་རྒྱས་པར་བཤད་པ། ཐམས་ཅད་སེམས་ཉིད་ཀྱི་རོལ་པ་སྤང་བླང་ལས་འདས་པའི་སྙིང་པོ་ཀུན་ལ་ཁྱབ་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁྱོད་ཉོན་ཅིག་དང་བྱར་མེད་ཡེ་ནས་རྫོགས་པའི་མན་ངག་ཟབ་མོ་འདི་ཉིད་སྟོན་པར་བྱའོ། །ཞེས་པ་སྟེ། དེ་ཡང་ཇི་ལྟར་ཞེ་ན། ཀྱེ་བླང་དོར་བྱ་རྩོལ་ལ་ལྟོས་པ་མེད་པའི་ཡུལ་ཆོས་ཀྱི་དབྱིངས་འོད་གསལ་འདུས་མ་བྱས་པའི་ཡེ་ཤེས་ནི་སྤྲོས་པའི་མཐའ་གང་ལའང་མི་གནས་པའི་ཕྱིར་ན་ནམ་མཁའ་དང་འདྲ་བ་ཡིན་ལ། དེ་ལྟར་མཐའ་གང་ལའང་མི་གནས་ཤིང་གཟུང་འཛིན་རྣམ་རྟོག་གིས་དམིགས་པའི་ཡུལ་དུ་གྲུབ་པ་མེད་པ་དེ་ཡི་ཕྱིར་ན། ཐེག་པ་འོག་མ་པ་ལྟར་སྤོང་འགོགས་སྦྱོང་བསྒྱུར་ལ་སོགས་པའི་རྣམ་པ་ཅིར་ཡང་མི་རྟོག་པར་མ་བཅོས་རང་བབ་ཏུ་གནས་པ་ནི་ཆོས་ཉིད་ཀྱི་ངོ་བོ་ཡེ་ནས་བགྲོད་དུ་མེད་པས་མ་ནོར་བའི་ལམ་ཡེ་ཇི་བཞིན་པའི་ངང་དུ་གནས་པ་ཡིན་ཏེ། རྩེ་མོ་བྱུང་རྒྱལ་ལས། མཉམ་སྦྱོར་ཀུན་ཏུ་བཟང་པོ་ཉིད་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་དགོངས་པའི་ཐུགས། །བགྲོད་མེད་རྣལ་འབྱོར་རྫོགས་པ་ཆེན་པོའི་ལམ། །བྱར་མེད་ལྷུན་རྫོགས་སྐྱེ་མེད་ཆོས་ཀྱི་དབྱིངས། །ཞེས་པ་ལྟར་རོ། །དེ་ལས་གཞན་དུ་སྒོམ་རྩོལ་ལ་རེ་བའི་རྟོག་པ་ནི་བསྔོ་བའི་ཆ་ཤས་ཕྲ་མོ་ཞེས་བསྔོ་བ་ནི་སྨོན་ཅིང་འདུན་པའི་མཚན་ཉིད་ཡིན་ལ། རེ་སྨོན་གྱི་མཐའ་ལ་གནས་པ་ནི་དེའི་ཆ་ཤས་ཕྲ་མོའི་རང་བཞིན་གང་ཞིག་བླང་དོར་གྱི་ཡུལ་ལ་དམིགས་ནས་བྱུང་བ་སྟེ། དེ་ལྟ་བུའི་བློ་རྣམ་པར་རྟོག་པའི་སྒོམ་པ་དེ་ཅི་ཙམ་བརྟན་པར་གྱུར་ཀྱང་ཆོས་ཀྱི་སྐུ་ནི་སེམས་ཀྱི་འཁྲུལ་སྣང་འདི་ལས་ཁྱད་པར་དུ་བྱུང་ཞིང་ལྷག་པར་གྱུར་པའི་དོན་གཞན་ཞིག་མེད་དེ་འཁྲུལ་སྣང་གི་ངོ་བོ་གང་ཡིན་པ་དེ་ཉིད་ཆོས་སྐུ་ཡིན་པའི་ཕྱིར་ཏེ། འདི་ལྟར་འཁྲུལ་སྣང་ཡང་སེམས་ཡིན་ལ་སེམས་རང་གི་ངོ་བོ་མ་གྲུབ་པས་རྟོག་པ་རང་བཞིན་གྱིས་མེད་པ་སྟེ། དེས་ན་ཡུལ་གྱི་རྣམ་པ་གང་སྣང་སེམས་ཀྱི་རྟོག་པ་ཅི་སྐྱེའང་རང་བཞིན་གྱིས་འོད་གསལ་བས་རང་བྱུང་གི་ཡེ་ཤེས་རང་ཤར་བ་མི་རྟོག་ཆོས་སྐུའི་རང་བཞིན་དུ་དུས་དང་རྣམ་པ་ཀུན་ཏུ་ཇི་བཞིན་དུ་གནས་པ་དེ་ནི་འབད་རྩོལ་གྱི་བྱ་བ་དང་བྲལ་བ་དང་། ཡུལ་གང་ལའང་མི་གནས་ཤིང་གཉེན་པོས་བཅོས་སུ་མེད་པས་བྱར་མེད་ཡེ་འབྱམས་ཀྱི་རང་བཞིན་དུ་བསྟན་པ་སྟེ། རྫོགས་པ་སྤྱི་གཅོད་ལས། སྣང་སྲིད་མ་ལུས་ཡེ་ནས་དག་པས་ན། །རང་གི་སེམས་ཉིད་རྒྱལ་བ་སངས་རྒྱས་ཡིན། །རྡོ་རྗེ་སེམས་དཔའ་དབྱེར་མེད་ཡེ་སངས་རྒྱས། །ཡེ་ནས་དག་པས་ཆོས་སྐུ་བདེ་བའི་མཆོག །ཅེས་གསུངས་པ་ལྟར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། སེམས་ཉིད་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་དོན་ཐེག་པ་བརྒྱད་ཀྱིས་མི་རྟོགས་པའི་ཚུལ་རྒྱས་པར་བཤད་པ། སེམས་ཉིད་ཨ་ཏིར་རང་གནས་ཆོས་སྐུ་དེ་བཞིན་ཉིད་ཀྱི་དགོངས་པ་རང་ལ་ཡེ་ནས་གནས་པའི་ཚུལ་རྒྱས་པར་བཤད་པ། ཐེག་པ་བརྒྱད་པོ་ཨ་ཏིར་འཇུག་པའི་ཐབས་སུ་ཆེ་འབྲིང་གཉེན་པོའི་རིམ་པས་གསུངས་ཚུལ་རྒྱས་པར་བཤད་པ། སེམས་ཉིད་ཨ་ཏི་ཀུན་བྱེད་ཉིད་མ་བཅོས་རྣལ་དུ་བཞག་ཐབས་འབྲས་བུ་དང་བཅས་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཐེག་བརྒྱད་སོ་སོའི་ལམ་གྱིས་སྙིང་པོའི་དོན་མི་མཐོང་བར་བྱེ་བྲག་ཏུ་བཤད་པ་དང་། དེ་ཐམས་ཅད་རྒྱུ་འབྲས་རྩོལ་བའི་ནད་ཀྱིས་སེམས་ཉིད་ཇི་བཞིན་པའི་ལུས་གདུང་བ་སྤྱིར་བཤད་པའོ། །དང་པོ་ལ་བརྒྱད་དེ། སེམས་ཉིད་གདོད་ནས་དག་པའི་སྙིང་པོ་ལ་རྟེན་འབྲེལ་འབྱུང་ལྡོག་གིས་བསྒོམ་ཀྱང་གསར་དུ་དག་པའི་འབྲས་བུ་མི་ཐོབ་སྟེ་ཡེ་ནས་ཆོས་སྐུར་གནས་པའི་ཚུལ་དང་། ཉན་ཐོས་པས་གཟུང་ཡུལ་དངོས་པོ་དང་འཛིན་བྱེད་ཤེས་པ་རྡུལ་ཕྲན་ཆ་མེད་དང་སྐད་ཅིག་མ་དོན་དམ་དུ་བཞག་ནས་བདག་མེད་དུ་བསྒོམས་ཀྱང་སེམས་ཉིད་ཡངས་བའི་དོན་མི་མཐོང་བའི་ཚུལ་དང་། བྱང་ཆུབ་སེམས་དཔའ་ཡུལ་བདག་མེད་དུ་བསྒོམ་ཀྱང་དེ་ཉིད་ལས་ལོག་པའི་དོན་མངོན་སུམ་དུ་མི་མཐོང་བའི་ཚུལ་དང་། ཀྲི་ཡས་སེམས་ལས་གཞན་པའི་ལྷ་ཐ་དད་དུ་བསྒོམ་ཀྱང་དེ་ཉིད་སེམས་ཉིད་ཡིན་པས་དབྱིངས་ཐུག་མེད་དུ་གནས་པའི་ཚུལ་དང་། ཨུ་པས་གཉིས་བཅས་སུ་བསྒོམ་ཀྱང་སེམས་ལས་ལྷག་པའི་ཡེ་ཤེས་གཞན་ན་མེད་པའི་ཚུལ་དང་། ཡོ་གས་བདག་དམ་ཚིག་པ་ལ་ཡེ་ཤེས་སེམས་དཔའ་གཞན་ནས་བསྟིམ་ནས་དབྱེར་མེད་དུ་བསྒོམ་བྱ་སྒོམ་བྱེད་གཉིས་སུ་མི་མཐོང་བའི་ཚུལ་དང་། མ་ཧཱས་སྣང་བཅས་བསྐྱེད་པའི་རིམ་པས་རང་བྱུང་གི་ཡེ་ཤེས་གཅིག་ལ་ལྷ་དང་གཞལ་ཡས་ཁང་དུ་རྟོག་ཀྱང་ལུས་དང་གྲིབ་མ་ལྟར་གཉིས་བཅས་མི་དག་པའི་ཚུལ་དང་། ཨ་ནུས་བདེ་སྟོང་རྫོགས་རིམ་གྱི་ཡེ་ཤེས་དབྱིངས་ལས་རང་བྱུང་དུ་བསྒོམ་ཀྱང་རྗེས་ཆགས་རྩོལ་སྒྲུབ་ལས་མ་འདས་པའི་ཚུལ་ལོ། །དང་པོ་ནི། འདི་ལྟར་རང་རྒྱལ་ལམ་དུ་ཞུགས་པ་རྣམས་ཀྱིས་ཕྱི་ནང་གི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་དུ་མཆེད་པའི་སྒོ་ནས་འཁོར་བའི་ཆོས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་འགྲོ་བ་གནས་རིས་མཐོ་དམན་སྣ་ཚོགས་སུ་སྣང་བ་སྟེ། མདོར་ན་འཁོར་བའི་ཆོས་ཐམས་ཅད་ཀྱི་རྩ་བ་རྟེན་འབྲེལ་བཅུ་གཉིས་ཀྱི་དབང་གིས་བྱུང་བ་ཡིན་པར་བལྟས་ནས། དེ་ཉིད་ལུགས་ལྡོག་ཏུ་བསྒོམ་པའི་སྒོ་ནས་རང་བྱུང་སྙིང་པོའི་ཡུལ་ལམ་ཆོས་ཐམས་ཅད་ཀྱི་སྙིང་པོའི་རང་བཞིན་དུ་གྱུར་པའི་གནས་ལུགས་ཡང་དག་པ་ཞིག་ཡུལ་དུ་བྱས་ནས་ཚོལ་ཞིང་བསྒོམ་དུ་ཡོད་པར་རློམ་ནས་རྣམ་པ་ཅིར་ཡང་མི་རྟོག་པར་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའི་ཐབས་ཀྱིས་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ལ་རོལ་ཞིང་འཇུག་པར་རྩོལ་ན་ཡང་རྣམ་པར་མི་རྟོག་པ་སྒོམ་པ་དེ་ནི་རྟོག་པ་ལ་ལྟོས་ནས་བཞག་པ་ཙམ་ཡིན་ཀྱང་། རྟོག་པ་ནི་གདོད་ནས་ཡོད་མ་མྱོང་བས་ན་དེ་ལ་ལྟོས་པའི་མི་རྟོག་པ་ཡང་ཇི་ལྟར་གྲུབ་སྟེ་མི་འགྲུབ་པས་ན་ཀུན་བརྟགས་ཁོ་ན་ཡིན་ཞིང་། སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ནི་དེ་ལྟ་བུའི་རྒྱུ་རྐྱེན་ལ་རག་མ་ལུས་པར་གདོད་ནས་ཡེ་སངས་རྒྱས་པའི་ངོ་བོར་བཞུགས་པ་ཉིད་རྣལ་འབྱོར་བ་རྣམས་ལ་རིག་པ་རང་གསལ་གྱི་ཚུལ་དུ་མངོན་དུ་འབྱུང་ཞིང་འཆར་བ་ཡིན་པའི་རྒྱུ་མཚན་དེ་བས་ན་འབྲས་བུ་ཆོས་སྐུ་དེ་ཉིད་གཞན་ན་བཙལ་དུ་མེད་པར་གསུངས་པའོ། །གཉིས་པ་ནི། འདི་ལྟར་ཆོས་ཐམས་ཅད་ནི་གདོད་ནས་སྙིང་པོ་བྱང་ཆུབ་སེམས་ཀྱི་རྩལ་ལས་རང་ཤར་བ་མེད་སྣང་སྟོང་གཟུགས་ཀྱི་རོལ་པ་ཙམ་ལས་ཡོད་མ་མྱོང་བས་ཆོས་ཉིད་སྐྱེ་བ་མེད་པ་དོན་དམ་བློ་འདས་ཆེན་པོའི་ངོ་བོར་གནས་པ་ལ། ཉན་ཐོས་པ་རྣམས་ཀྱིས་བེམ་ཤེས་རང་མཚན་པའི་ངོ་བོར་བལྟས་ཏེ། དེ་ཡང་གཟུགས་མཐའ་རྡུལ་ཕྲན་ཆ་མེད་དང་ཤེས་མཐའ་སྐད་ཅིག་ཆ་མེད་གཉིས་དོན་དམ་དུ་བཞག་ནས། དེ་ལ་གང་ཟག་གི་བདག་མེད་པར་གཏན་ལ་ཕབ་སྟེ་བསྒོམ་པར་བྱེད་པ་དེ་ནི་ཆོས་ཉིད་ཇི་བཞིན་པའི་དོན་མིན་ཏེ། ཅིའི་ཕྱིར་ན་རྡུལ་ཕྲན་ཆ་མེད་གཅིག་ལ་ཕྱོགས་བཅུའི་རྡུལ་ཕྲན་བཅུས་ཅིག་ཆར་དུ་བསྐོར་ཏེ་གཙེས་པའམ་བརྟགས་ཤིང་དཔྱད་ན་ཕྱོགས་བཅུ་ཡི་ཆ་ཀུན་དང་བྲལ་བས་དོན་ལ་མ་གྲུབ་པ་དང་། དེ་བཞིན་དུ་ཤེས་པ་སྐད་ཅིག་སྔ་ཕྱི་ལ་བརྟགས་ཀྱང་མ་གྲུབ་ལ། གང་ཟག་གི་བདག་མེད་བསྒོམ་པ་ཡང་གཞན་སེལ་གྱི་ཆ་བློ་རྣམ་རྟོག་གི་གཟུགས་བརྙན་ཙམ་ལས་དོན་ལ་མ་རེག་པའི་ཕྱིར་རོ། །འོ་ན་གནས་ལུགས་ཇི་བཞིན་པའི་དོན་དེ་ཇི་ལྟ་བུ་ཞེ་ན། ཆོས་ཐམས་ཅད་ཀྱི་གནས་ལུགས་གདོད་ནས་སྐྱེ་བ་མེད་ཅིང་སྤྲོས་པའི་མཐའ་གང་ལའང་མི་གནས་པའི་དོན་དམ་བྱང་ཆུབ་སེམས་ཀྱི་ཆོས་ཉིད་ནོར་བ་མེད་པས་ལེགས་པའམ་ཡང་དག་པའི་ཡེ་ཤེས་ནི་རྒྱུ་རྐྱེན་གཞན་ལ་ལྟོས་པ་མེད་པར་འདུས་མ་བྱས་པའི་ངོ་བོར་རང་གསལ་དུ་འབྱུང་བ་སྟེ། དེས་ན་རང་རིག་པའི་མངོན་སུམ་མམ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཙམ་ལས་ཐེག་པ་འོག་མ་ལྟར་ཕྱི་ནང་གི་ཆོས་ཀུན་ལ་དེ་དང་དེར་རྟོག་ཅིང་ཆ་མེད་གཉིས་སོགས་བརྟགས་པར་མི་བྱེད་པས་རྣམ་པར་མི་རྟོག་པའི་རང་བཞིན་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས། ཆོས་དབྱིངས་ཡངས་པ་ཆེན་པོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་བདག་ཉིད། ཀུན་གྱི་དངོས་གཞི་དམ་པར་གྱུར་པས་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ཡིན་ལ། དེ་ལ་ལས་དང་ཉོན་མོངས་སོགས་མ་གྲུབ་པར་གདོད་ནས་རྣམ་པར་དག་པས་མ་བགྲོད་ཡེ་ནས་ཕྱིན་པའི་འཁོར་འདས་ཡོངས་ཀྱི་སྤྱི་ལམ་ཆེན་པོ་དེར་ཞུགས་ནས་ཞེས་ཡེ་ནས་དེའི་ངང་ལས་འདའ་བ་མེད་པའི་རང་བཞིན་དུ་ཤེས་ན་ཆོས་ཉིད་མཉམ་པའི་རྒྱལ་པོ་ཀུན་བྱེད་ཆོས་སྐུའི་དགོངས་པ་ཇི་བཞིན་པ་མངོན་དུ་ཐོབ་པར་འགྱུར་རོ་ཞེས་སོ། ། དེ་ལྟར་ཡང་མདོ་བཅུ་ལས། ཀུན་དང་མི་མཐུན་སྤང་བའི་ཆོས། །ཉོན་མོངས་ལྔ་དང་མཚམས་མེད་ལྔ། །དེ་ནི་རྣམ་དག་ཆེན་པོ་སྟེ། །གར་བཞུགས་མཉམ་པའི་རྒྱལ་པོ་ཐོབ། །ཅེས་གསུངས་སོ། །གསུམ་པ་ནི། བྱང་ཆུབ་ཀྱི་སེམས་ནི་གོང་དུ་བཤད་པ་དེ་ལྟར་འདུས་བྱས་སྐད་ཅིག་མའི་ཆོས་སུ་མ་གྲུབ་པར་རང་བྱུང་འདུས་མ་བྱས་པའི་ངོ་བོ་ཡིན་པས་རང་གི་ངོ་བོ་མི་འགྱུར་བའི་ཕྱིར་དང་། སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་དུ་ཡེ་ནས་སངས་རྒྱས་པའི་ཕྱིར་ན་ད་གསར་དུ་སྒོམ་སྒྲུབ་རྩོལ་བ་ལ་བརྟེན་ནས་སྔར་བས་ལྷག་པའི་གནས་འགྱུར་ཏེ་འབྲས་བུ་སངས་རྒྱས་ཀྱི་ངོ་བོ་ཐོབ་པ་མེད་པས་རྒྱུ་རྐྱེན་གྱིས་འགྱུར་བ་མེད་ལ། དེ་མེད་པས་དེ་ལྟར་ཐོབ་པར་སྨོན་པའི་རེ་འདོད་ཀྱིས་ཆགས་པའི་གནས་ཀྱང་མེད་དེ་དེའི་ཡུལ་དུ་མ་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་གཟུང་ཞིང་རྟོགས་པར་བྱ་བའི་ཡུལ་ཆོས་ཀྱི་དབྱིངས་ཞེས་པའང་གཞན་དུ་མེད་ཅིང་ཐོབ་པར་བྱ་བ་སེམས་ཀྱི་གནས་ལུགས་ཆོས་སྐུའི་གོ་འཕང་ཉིད་ཀྱང་རང་བྱུང་གི་ཡེ་ཤེས་དེ་ལས་གཞན་དུ་མེད་པ་ལ། མཚན་ཉིད་བྱང་ཆུབ་སེམས་དཔའི་ཐེག་པ་བ་རྣམས་ཀྱིས་ཡུལ་ཆོས་ཀྱི་དབྱིངས་དེ་ཡུལ་ཅན་བདག་མེད་གཉིས་རྟོགས་ཀྱི་ཡེ་ཤེས་ཀྱིས་མངོན་སུམ་དུ་མཐོང་བའི་སྒོ་ནས་ས་བཅུ་རིམ་གྱིས་བགྲོད་དེ་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཞིག་གསར་དུ་ཐོབ་པར་འདོད་ནས། དེའི་རྒྱུ་བདག་མེད་པའི་དོན་ལ་རྟག་ཏུ་བསྒོམ་པར་བྱེེད་པ་ནི་སྒོམ་པའི་རོ་ལ་ཆགས་ཞིང་བདེ་བ་ཐོབ་པར་འདོད་པའི་རེ་སྨོན་དང་མ་བྲལ་བས། དེ་ལྟ་བུའི་གང་ཟག་དེ་ལ་འཁོར་འདས་མཉམ་ཉིད་དུ་རྟོགས་པའི་དོན་མི་འབྱུང་བར་གསུངས་པ་སྟེ། ཁྱུང་ཆེན་ལས། ས་བཅུ་མཐའ་ཕྱིན་པ་ཉིད་དེ་འཛིན་དེ་རྟོག་པས། །དེ་ལའང་མི་གནས་གནས་པའི་གནས་དང་བྲལ། །ལམ་མེད་ལམ་དུ་འདོད་པས་འགྲོ་བ་འཁྲུལ། །འབྲས་བུ་ཐོབ་རེ་འཇིགས་པས་དོན་མི་མཐོང་། །ཡང་དག་མཐའ་ལ་བསྙེག་པས་ཡུལ་དང་བྲལ། །དེ་བཞིན་དབྱིངས་སུ་འདོད་པས་བདེ་མི་རྙེད། །འདོད་ཡོན་ཉོན་མོངས་སྤངས་བས་བྱང་མི་ཆུབ། །འཁོར་བ་རྒྱབ་ཕྱོགས་མྱ་ངན་ཡོངས་མི་འདའ། །ས་དང་ཕ་རོལ་ཕྱིན་ལམ་ཟད་མཐའ་མེད། །ཅེས་གསུངས་པ་ལྟར་རོ། །བཞི་པ་ནི། སྔགས་ཀྱི་ཐེག་པ་ཕྱི་རྒྱུད་སྡེ་གསུམ་ལས་ཀྲྀ་ཡ་བས་བདག་དང་ལྷ་ཡེ་ཤེས་པ་གཉིས་ལ་བཟང་ངན་ཐ་དད་དུ་བལྟས་ནས་རྗེ་ཁོལ་གྱི་ཚུལ་དུ་བསྒོམས་པས་འབྲས་བུ་ལྷ་ལ་བརྟེན་ནས་ཐོབ་པར་འདོད་ཀྱང་། ཆོས་སྐུ་ཐིག་ལེ་ཉག་གཅིག་རིག་པ་བྱང་ཆུབ་སེམས་ཀྱིས་འཁོར་འདས་ཀྱི་ཆོས་ཀུན་ལ་བཟང་ངན་བླང་དོར་མེད་པར་མཉམ་ཉིད་དུ་ཁྱབ་ཅིང་འཕོ་འགྱུར་མེད་པར་གནས་པ་ཡིན་པས། དེ་ལས་གཞན་པའི་ལྷ་ཡེ་ཤེས་པ་ཞིག་གིས་མཆོག་ཐུན་གྱི་དངོས་གྲུབ་ལྷག་པ་ཞིག་སྩོལ་ཞིང་བསྣན་པའི་ཆོས་གང་ཡང་མེད་དེ། སྒྲོན་མ་འོད་འབར་ལས། དངོས་གྲུབ་ཀ་དག་ཡེ་གསལ་བློ་འདས་ཏེ། །དངོས་མེད་བསམ་བྲལ་རང་ལ་གྲུབ་པ་ལས། །ལྷ་ཡིས་གནང་ཞིང་གཞན་ནས་ཐེབ་པ་མེད། །ཅེས་གསུངས་པ་ལྟར་ལ། དེས་ན་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ནམ་མཁའི་ཁམས་ལྟར་མཐའ་ལ་ཐུག་ཅིང་ཟད་པ་མེད་པས་འཁོར་འདས་ཐམས་ཅད་ལ་ཁྱབ་ཅིང་ཐམས་ཅད་དེའི་ཀློང་ལས་འདའ་བ་མེད་ཕྱིར་འབྲས་བུ་སངས་རྒྱས་ཀྱི་ས་ལ་གཞན་དུ་བགྲོད་པར་འདོད་པས་སྒོམ་སྒྲུབ་རྩོལ་བ་ལ་ཅི་ཙམ་འབད་པར་བྱས་ཀྱང་ཆོས་དབྱིངས་བྱང་ཆུབ་ཀྱི་སེམས་ལ་མ་དག་འཁྲུལ་པའི་ཆ་བྲི་ཞིང་ཟད་པ་དང་སྔར་བས་ལྷག་པའི་ཡོན་ཏན་ཞིག་འཕེལ་ཞིང་གང་བ་མེད་པས་རྫོགས་ཆེན་བྱ་རྩོལ་དང་བྲལ་བའི་ལམ་ལས་གཞན་དུ་གོལ་བ་སྟེ། བང་མཛོད་འཕྲུལ་ལྡེ་ལས། ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །བགྲོད་པས་ཕྱིན་པར་འདོད་པ་ནི། །ཁྱུང་ཆེན་ནམ་མཁའི་མཐའ་ཚོལ་འདྲ། །བགྲོད་པས་འབྲས་བུ་ཐོབ་འདོད་པ། །མདོངས་བས་ནམ་མཁའ་བསྙེགས་པ་འདྲ། །ས་དང་ལམ་ལ་བགྲོད་བྱེད་པ། །བྱ་བྲལ་དོན་དང་མཐུན་པ་མེད། །ཅེས་གསུངས་སོ། །ལྔ་པ་ནི། ཨུ་པ་ཡས་ལྟ་བ་ཡོ་ག་དང་སྤྱོད་པ་ཀྲྀ་ཡ་དང་མཐུན་པར་གཉིས་བཅས་ཀྱི་ལམ་ལ་བརྟེན་ཏེ་ལྟ་བ་ཆོས་ཀྱི་དབྱིངས་མཐའ་ཐམས་ཅད་བྲལ་བའི་རོལ་བ་དག་པ་ལྷའི་རང་བཞིན་དུ་བསྒོམ་པས་ཏིང་ངེ་འཛིན་གྱི་ཉམས་ཁྱད་པར་དུ་ཕག་པའམ་འཕགས་པའི་སྒོ་ནས་འབྲས་བུ་རིགས་བཞི་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་འདོད་པ་དེ་ཡང་། སྔར་བས་ལྷག་པའི་གནས་སམ་སངས་རྒྱས་ཀྱི་ས་གཞན་ཞིག་ལ་ཕྱིན་པ་མེད་དེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་ཆེ་བ་ལྔའི་ངོ་བོར་སངས་རྒྱས་པས་ཁྱད་པར་དུ་འཕགས་པའི་ཡུལ་ལ་སེམས་ཅན་ནས་སངས་རྒྱས་ཀྱི་བར་ཀུན་ཏུ་ཁྱད་པར་རྡུལ་ཙམ་མེད་པར་ཡེ་ཇི་བཞིན་དུ་གནས་པའི་ཕྱིར་ཏེ། རྒྱལ་ཚབ་ཆེན་པོས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །དྲུག་པ་ནི། རྣལ་འབྱོར་ཡོ་ག་བས་དོན་དམ་མཚན་མ་མེད་པའི་རྩལ་སྣང་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རམ་རིགས་ལྔ་སྟུག་པོ་བཀོད་པའི་ཞིང་ངོ་མཚར་རྨད་དུ་བྱུང་བ་ཞིག་མཐོང་བར་རེ་བའི་བློས་བདག་དམ་ཚིག་སེམས་དཔའ་ལ་ལྷ་ཡེ་ཤེས་སེམས་དཔའ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་བསྟིམ་ཞིང་བསྒོམ་པའི་རྩོལ་བ་བྱེད་པ་དེ་ཡང་། རྫོགས་པ་ཆེན་པོས་བསྒོམ་བྱའི་ཡུལ་ལྷ་དང་ཡུལ་ཅན་སྒོམ་བྱེད་ཀྱི་བློ་གཉིས་སུ་མེད་པར་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་ལས་གཞན་དུ་མེད་པར་རྟོགས་པས་ཅི་ཡང་མི་བསྒོམ་ཞིང་། བྱང་ཆུབ་ཀྱི་སེམས་དེ་ལ་སྤྲོས་པའི་མཚན་མ་གང་ཡང་མི་དམིགས་པས་ཡ་མཚན་ཆེན་པོའི་འབྲས་བུ་གསར་དུ་མཐོང་བ་ཡང་ཅི་ཡང་མེད་ལ། དེ་ལྟར་གང་ཡང་མ་མཐོང་བ་དེ་ནི་མཐོང་བའི་དམ་པ་ཡིན་པས་ཐམས་ཅད་མཁྱེན་པའི་མིག་གམ་སྤྱན་ཡིན་པར་གསུངས་ཏེ། མདོ་བཅུ་ལས། ཐོགས་པ་མེད་པའི་ཡེ་ཤེས་ནི། །བསམ་པ་ཀུན་དང་བྲལ་བ་ཡིན། །ངང་གིས་མི་གཡོ་རྨུག་པ་དེ། །ཏིང་འཛིན་དག་གི་རྒྱལ་པོར་གནས། །ཏིང་འཛིན་ཡེ་ཤེས་མངོན་སུམ་སྤྱན། །མཐོང་བས་དམིགས་པའི་ཡུལ་དང་བྲལ། །ཐམས་ཅད་མཁྱེན་པའི་སྤྱན་ཞེས་བྱ། །ཞེས་གསུངས་སོ། །དེ་ལྟ་བུའི་མཐོང་བྱ་མཐོང་བྱེད་དང་བྲལ་བའི་གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་ཡུལ་མེད་རང་གསལ་གྱི་ངོ་བོ་ཡེ་ནས་གནས་པ་གང་ཡིན་པ་དེ་ལས། སྟོན་པ་པོ་གང་དག་གི་གསུང་ལ་བརྟེན་ནས་ཐོས་པར་མི་རིགས་ཏེ། ཅིའི་ཕྱིར་ན་ཚིག་གིས་བརྙད་པ་ཀུན་དང་བྲལ་བའི་ཕྱིར་རོ། །དེས་ན་བྱང་ཆུབ་ཀྱི་སེམས་སྨྲ་བསམ་བརྗོད་པ་དང་བྲལ་བ་དེ་ལ་མཚན་ཉིད་སྒྱུ་མར་སྣང་བ་ཀུན་རྫོབ་ཀྱི་ཆོས་དང་མཚན་ཉིད་ཀྱི་ཆོས་གང་ཡང་གྲུབ་པ་མིན་པ་དོན་དམ་སྟོང་པ་ཉིད་གཉིས་ཐ་དད་དུ་གྲུབ་པ་མེད་པས་ཞེས་སམ་ཆོས་དགེ་བ་དང་ཆོས་མིན་མི་དགེ་བ་ལ་སོགས་པའི་གཉིས་ཆོས་ཐམས་ཅད་གཉིས་མེད་མཉམ་པ་ཉིད་དུ་རྟག་ཏུ་འདྲེས་ཤིང་དབྱེར་མེད་པས་མཚུངས་པའི་ཕྱིར་ན། རྣལ་འབྱོར་ཡོ་ག་བའི་འདོད་པ་ལྟར་དོན་དམ་མཚན་མ་མེད་པའི་ཆོས་ཤེས་བྱ་བ་ཀུན་རྫོབ་སྒྱུ་མ་ལྟ་བས་སྣང་བ་འདི་ལས་ལྷག་པར་གྱུར་པའི་རྟོགས་བྱའི་གནས་ཤེས་བྱ་བ་ཞིག་དོན་ལ་གྲུབ་པ་ལྟ་ཅི་ཚིག་གིས་བཤད་པ་ཙམ་དེའང་མེད་པར་གསུངས་ཏེ། མདོ་བཅུ་ལས། སྟོན་པའི་ལུང་གི་ཚིག་རྣམས་ལ། །ལམ་དུ་དེ་མཐོང་འཇུག་པ་ནི། །རྟོགས་པའི་ལམ་ཞུགས་སྨིག་རྒྱུར་བསྙེགས། །ཡང་དག་ལམ་ནི་འདི་ཡིན་ཞེས། །ཚིག་དང་ཡི་གེས་མཚོན་དུ་མེད། །ཡང་དག་འདི་ཡིན་སྟོན་པ་ནི། །རྡོ་རྗེ་སེམས་དཔའ་ང་ཉིད་འཁྲུལ། །དག་པ་དང་ནི་མ་དག་པ། །ཡེ་ནས་གཉིས་མེད་འདྲེས་ཤིང་མཚུངས། །སེམས་ཉིད་ཀུན་གྱི་གནས་སུའོ། །ཞེས་སོ། །བདུན་པ་ནི། འདི་ལྟར་མ་ཧཱ་ཡོ་གའི་ལམ་ནས་ཀུན་རྫོབ་འཁྲུལ་པའི་སྣང་བ་ཚོགས་བརྒྱད་ཡུལ་དང་བཅས་པ་སྦྱང་བྱར་བལྟས་ཏེ། དེའི་གཉེན་པོར་ཕྱི་སྣོད་ཀྱི་འཇིག་རྟེན་དག་པ་གཞལ་ཡས་ཁང་དང་ནང་བཅུད་ཀྱི་སེམས་ཅན་དག་པ་གདན་གསུམ་ལྷའི་དཀྱིལ་འཁོར་དུ་བསྒོམ་ཏེ་བྱང་ཆུབ་ཀྱི་ལམ་བསྒྲུབ་པར་བྱེད་པ་དེ་ཡང་བློ་རྣམ་པར་རྟོག་པའི་སྒོམ་པ་ཡིན་པས་རྟོག་མེད་མཉམ་པ་ཉིད་ཀྱི་འབྲས་བུ་ནི་དེས་ཀྱང་ཐོབ་པའང་མེད་དེ། ཅིའི་ཕྱིར་ན་རྟོགས་བྱ་ཆོས་ཀྱི་དབྱིངས་སྨྲ་བསམ་བརྗོད་པ་ཀུན་དང་བྲལ་བར་མ་ཟད་རྟོགས་བྱེད་རང་བྱུང་གི་ཡེ་ཤེས་ཉིད་ཀྱང་བློས་བསམ་པ་དང་ཚིག་གི་ལམ་ནས་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་ཞིང་ཡུལ་ཡུལ་ཅན་གཉིས་སུ་མེད་པར་བདག་ཉིད་ཆེན་པོར་ཡེ་ནས་སངས་རྒྱས་པའི་བདག་ཉིད་དུ་འགྲོ་བ་ཀུན་ལ་རང་རིག་པའི་མངོན་སུམ་གྱི་ཡུལ་དུ་གནས་པ་ལ། དཔེར་ན་གྲིབ་མ་ལ་གཟུགས་དངོས་སུ་འཁྲུལ་པའི་རྟོག་པ་བྱུང་བ་དེ་དོན་དང་མི་མཐུན་པས་གཟུགས་ཀྱི་རང་བཞིན་དུ་བཟུང་དུ་མེད་པའི་དཔེ་བཞིན་དུ་རྟོག་མེད་མཉམ་པ་ཆེན་པོ་རྩོལ་མེད་རང་བྱུང་གི་ཡེ་ཤེས་དེ་ལ་རྩོལ་སྒྲུབ་ཀྱི་རྟོག་པ་བྱུང་བ་ནི་བྱར་མེད་རྫོགས་ཆེན་གྱི་དོན་དང་མི་མཐུན་པའི་ཕྱིར་ཏེ། དེ་ཉིད་ལས། འཁྲུལ་པར་གྱུར་པའི་བྱང་ཆུབ་ལམ་དེ་ནི། །རྟོགས་པར་གྱུར་པས་འབྲས་བུ་ཐོབ་པ་མེད། །རང་བྱུང་རྒྱུ་རྐྱེན་མ་བསྐྱེད་སེམས་ཉིད་ཀྱང་། ། ཚིག་གི་བརྗོད་པས་མི་ཕེབ་མཐའ་དང་བྲལ། །ཡེ་ནས་བྱ་བཙལ་བྲལ་བས་བདག་ཉིད་ལ། །རང་རིག་མངོན་སུམ་ངང་གིས་བཙལ་མེད་གནས་ཕྱིར་རོ། །གྲིབ་མ་ལས་བྱུང་གཟུགས་ཀྱི་དཔེ་བཞིན་དུ། །མི་རྟོག་ཡེ་ཤེས་དེ་ལས་རྟོག་པ་འབྱུང་བར་ཟད། །ཅེས་དང་། ངེས་དོན་འདུས་པ་ལས། ད་ཡང་འདུས་པའི་སྙིང་པོ་ཉོན། །དེ་དོན་ལམ་གྱི་རིམ་པ་ནི། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །ཏིང་འཛིན་གསུམ་གྱི་ལྷ་བསྒོམས་པས། །གྲིབ་མ་གཟུགས་སུ་བསྒྱུར་བ་འདྲ། །ཞེས་སོ། །བརྒྱད་པ་ནི། འདི་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་ཡོད་མ་མྱོང་བ་གཞི་མེད་རྩ་བྲལ་དུ་གནས་པ་ཡིན་མོད། དེ་ཉིད་ཅི་ཡང་མེད་པ་ཕྱངས་ཆད་པ་ལྟ་བུ་ཡང་མ་ཡིན་པར་མེད་པའི་སྙིང་པོ་སྣང་བ་འགག་མེད་དུ་འབྱུང་བའམ་འཆར་དུ་ཡང་ཡོད་ལ། དེ་ལྟར་འཆར་བཞིན་པའི་དུས་ན་ཡང་སྙིང་པོ་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་རང་བྱུང་བ་ཙམ་ལས་མ་དག་མཚན་མའི་ཆོས་སུ་གྲུབ་པ་མེད་པས་སྟོང་པ་ཉིད་དུ་གནས་པ་སྟེ། གཏིང་རྫོགས་ལས། འཁོར་འདས་ཚིག་ལས་འདས་པའི་ཡེ་ཤེས་ནི། །དབྱིབས་དང་ཁ་དོག་དབང་པོའི་སྤྱོད་ཡུལ་དུ། །སངས་རྒྱས་ཉིད་ཀྱིས་བསྟན་ཅིང་མཚོན་དུ་མེད། །མཚོན་ཅིང་བརྟགས་པར་དཀའ་བའི་རང་སེམས་དོན། །ཡོད་མེད་དབུས་ལས་འདས་པའི་བྱང་ཆུབ་དེ། །དངོས་མེད་ཡིད་ལ་དྲན་པའི་ཡེ་ཤེས་ནི། །ཀུན་བཟང་ཉིད་ཀྱིས་མི་གཟིགས་བལྟ་བའི་མཆོག །ཅེས་གསུངས་པ་ལྟར་ཡིན་ལ། འོན་ཀྱང་སྟོང་པ་ཉི་ཚེ་བ་ཙམ་མ་ཡིན་པར་སྣང་སྟོང་འདུ་འབྲལ་མེད་པས་སྨྲ་བརྗོད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཡུལ་ལ་ཡེ་ནས་གནས་པས་ངོ་བོ་ངོས་བཟུང་དང་བྲལ་བ་ནམ་མཁའི་རང་བཞིན་ལྟ་བུ་དེ་ལ། རྗེས་སུ་རྣལ་འབྱོར་ཨ་ནུ་ཡོ་ག་བ་རྣམས་ཀྱིས་རྗེས་ཆགས་ཀྱི་ལམ་ལ་བརྟེན་ནས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ད་གདོད་འབྱུང་བར་རེ་བའི་དྲན་པའམ་འདུན་པ་སྐྱེ་བ་ནི། བྱ་རྩོལ་ཐམས་ཅད་དང་བྲལ་བར་ཡེ་ནས་གྲུབ་ཟིན་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཟུག་རྔུའི་ཚོར་བ་གང་ཡང་མེད་པས་བདེ་བ་ཆེན་པོའི་ངོ་བོར་གྱུར་པ་དེ་ནི་ཐོབ་འདོད་ཀྱི་འདུན་པ་དང་རྩོལ་བ་ལ་ལྟོས་པ་མེད་པར་ཡེ་ནས་འགྲོ་བ་ཀུན་ལ་རང་བཞིན་དུ་གནས་པས་ད་དུང་ཡང་ནས་ཡང་དུ་ལེན་དུ་མེད་བཞིན་དུ། གཟའ་གཏད་ཐམས་ཅད་དང་བྲལ་བའི་རང་བཞིན་གཟུང་འཛིན་རྟོག་པའི་སྤྱོད་ཡུལ་དུ་མེད་པ་དེ་ལ་བདེ་བ་ཆེན་པོའི་ཡེ་ཤེས་གསར་དུ་འབྱུང་བ་ཡི་ཆེད་དུ་བརྩོམ་པ་ཡིན་པས་རྩོལ་སྒྲུབ་ཕྲ་བ་ལས་མ་འདས་པའི་ཕྱིར་ན་ཨ་ཏི་རྫོགས་པ་ཆེན་པོ་ལ་ལྟོས་ན་ཐེག་པ་དམན་པའི་ནང་དུ་གཏོགས་ཞིང་། དེ་ལྟ་བུའི་ཐེག་པ་འོག་མ་ཐམས་ཅད་བྱ་བྲལ་རྫོགས་པ་ཆེན་པོའི་ལྟ་བས་ཟིལ་གྱིས་གནོན་པ་ཡིན་པར་གསུངས་ཏེ། ཀློང་ཆེན་རབ་འབྱམས་ལས། ཐེག་པའི་ཡང་རྩེ་ཨ་ཏི་ཀློང་ཆེན་པོ། །རི་རྒྱལ་ལྟ་བུར་ཀུན་གྱི་རྩེར་གྱུར་པས། །རི་ཕྲན་ཐམས་ཅད་འོག་ཏུ་ནོན་པ་ལྟར། །ལྟ་སྒོམ་ཐེག་པ་ཀུན་གྱི་རྩེར་གྱུར་པས། །ཨ་ནུ་ཕྱི་ནང་ཀུན་བཟང་མཁའ་རོལ་རྣམས། །ཨ་ཏི་ཆེན་པོ་ཀུན་བཟང་ཡངས་པའི་ཀློང་། །རང་སྐད་སྟོན་པས་ཐེག་དམན་ཀློང་དུ་ཐིམ། །དཔེར་ན་རྩལ་གསུམ་ལྡན་པའི་སེང་གེ་ཡིས། །ཝ་སོགས་གཅན་གཟན་ཟིལ་གྱིས་གནོན་པ་ལྟར། །ཨ་ཏི་རང་རྩལ་རིག་པ་ཡུལ་མེད་ཤར། །མཚན་མ་རང་གྲོལ་ཀློང་ཡངས་ཕྱམ་བརྡལ་བས། །ཨ་ནུ་ལ་སོགས་ཐེག་པ་ཕྱོགས་ཞེན་ཅན། །ཡུལ་དང་ཡུལ་ཅན་འདོད་ཀུན་ཀློང་དུ་གྲོལ། །དེ་བཞིན་རིག་པ་ཏི་ལ་མཐའ་བྲལ་ཀློང་། །བྱ་བྲལ་ལྷུན་གྲུབ་རྫོགས་ཆེན་ཤར་གྲོལ་ལ། །གྲོལ་དང་མ་གྲོལ་གཉིས་མེད་རྒྱན་དུ་ཆེ། །དཔེར་ན་འདབ་ཆགས་རྒྱལ་པོ་ཁྱུང་ཆེན་དེ། །མངལ་ན་གནས་ཀྱང་ཀླུ་རྣམས་ཟིལ་གྱིས་གནོན། །སྒོང་ངའི་ནང་དུ་འདབ་གཤོག་ཚད་དུ་ཕྱིན། །སྒོང་རྒྱ་རལ་ནས་སྤྱི་རྒྱ་རླབས་ཀྱིས་ཆོད། །འདབ་ཆགས་གཞན་ལ་ཅི་སྟེ་ག་ལ་རིགས། །ཁྱུང་ཆེན་རང་ལ་རིགས་ཏེ་མཁའ་ལ་བདེ། །ཨ་ཏི་ཆེན་པོ་ཀློང་ཆེན་བརྡལ་ཁྱབ་པ། །རང་སྐད་སྟོན་ཅིང་ཐེག་དགུ་ཟིལ་གྱིས་གནོན། །ཀུན་བཟང་ཀློང་དུ་ས་ལམ་སྦྱང་བགྲོད་གྲོལ། །འཁོར་བའི་ཀློང་ན་ལུས་རྒྱ་མ་བྲལ་ཀྱང་། །གོལ་ས་གཡང་ཆོད་ཀ་དག་ཀློང་ན་ཡན། །ཅེས་གསུངས་པ་ལྟར་རོ། །གཉིས་པ་དེ་ཐམས་ཅད་རྒྱུ་འབྲས་རྩོལ་བའི་ནད་ཀྱིས་གདུང་བ་ལ་གསུམ་སྟེ། ཇི་སྲིད་ལམ་དུ་འཛིན་པ་ཐམས་ཅད་ཆགས་ཞེན་དུ་བསྟན་པ་དང་། ཇི་ཙམ་འབད་པ་འཁོར་བའི་རྒྱུ་འབྲས་སུ་བཤད་པ། མེད་སྣང་འཁྲུལ་པའི་རང་བཞིན་ལམ་བརྒྱད་ཀྱིས་མི་རྟོགས་པའི་དཔེའོ། །དང་པོ་ནི། དེ་ལྟར་ཐེག་རིམ་བརྒྱད་པོ་རྣམས་ལས་གང་ཡིན་ཀྱང་རང་གནས་སྙིང་པོའི་ཡེ་ཤེས་བསལ་བཞག་དང་བྲལ་བ་མ་རྟོགས་པར་མ་ཟད་སྔོན་གྱི་དྲང་སྲོང་ཆེན་པོ་སངས་རྒྱས་རྣམས་ཀྱི་རྗེས་སུ་ཏིང་ངེ་འཛིན་བསྒོམ་པ་སོགས་ལམ་ལ་སློབ་པའི་སྒོ་ནས་འབྲས་བུ་སྔོན་མེད་གསར་བྱུང་ཞིག་ཐོབ་པར་འདོད་པའི་ཆགས་པའི་ཡིད་ཀྱང་འཇོག་པར་བྱེད་པ་ནི། དེ་འདྲའི་རྒྱུ་འབྲས་རྩོལ་སྒྲུབ་ཀྱི་ལམ་ལ་རྣམ་པར་རྩོལ་བ་དང་འབད་པའི་གདུང་བས་དུས་རྣམས་ཀུན་ཏུ་ཟིན་པར་འགྱུར་ཏ་རེ་ཞེས་འགྱུར་བའི་ཉེན་ཡོད་པས་རྒྱུ་འབྲས་བྱ་རྩོལ་བྲལ་བའི་རང་བཞིན་མ་རྟོགས་པར་དེ་ལྟ་བུའི་རྒྱུ་འབྲས་བླང་དོར་ལ་ཞེན་པའི་ཐེག་པ་བརྒྱད་ཀྱི་ལམ་དེར་ཞུགས་པས་འབྲས་བུ་ཐམས་ཅད་མཁྱེན་པ་ཡི་གོ་འཕང་ཐོབ་ཏུ་མེད་པར་གསུངས་ཏེ། རུས་སྦལ་རྩ་བའི་རྒྱུད་ལས། འདི་ཚོལ་རྣམས་ཀྱིས་གཞན་ནས་འདི་མ་བཙལ། །རང་ལ་གནས་ཤིང་གཞན་ནས་འདི་ཚོལ་ན། །བསྐལ་པ་གསུམ་དུ་འདི་བཙལ་རྙེད་མི་འགྱུར། །གང་ཞིག་སངས་རྒྱས་རྣམས་ཀྱིས་འདི་མ་བཙལ། །དེ་བཞིན་སེམས་ཅན་འདི་ཚོལ་བཙལ་མི་རྙེད། །མི་ཚོལ་ངོ་བོ་ཉིད་དུ་ཐམས་ཅད་གནས། །རྩོལ་གྲུབ་ལམ་ལ་གནས་པའི་གང་ཟག་རྣམས། །དངུལ་ལ་གསེར་ཞུན་བྱས་ཀྱང་གསེར་མི་བཏུབ། །མཚོན་པ་ཚིག་ཏུ་སྟོན་པ་ལམ་ལས་ཉམས། །རྫོགས་ཆེན་འདི་ཡི་དོན་དུ་ག་ལ་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེར་མ་ཟད་ཡོད་མེད་རྟག་ཆད་ལ་སོགས་པའི་སྤྲོས་པ་ཐམས་ཅད་བྲལ་བའི་གནས་ལུགས་ཡེ་ཇི་བཞིན་པ་ནི་འདི་ལྟ་བུ་ཡིན་ནོ་ཞེས་དམིགས་གཏད་ཐམས་ཅད་དང་བྲལ་བ་ཞིག་ལ་བློ་རྟེན་འཆང་བར་བྱེད་ཅིང་བསྒོམ་ན་ཡང་དེ་ཡང་བླང་དོར་རེ་དོགས་ཀྱི་རྣམ་རྟོག་ཕྲ་མོ་བསྒོམ་པ་ཡིན་པ་དེ་ཡི་ཕྱིར་ན་སླར་ཡང་རྣམ་རྟོག་ཕྱིར་ཕྱིར་འཕེལ་ཞིང་རང་གིས་རང་ཉིད་འཆིང་བར་བྱེད་པ་ལས་རྫོགས་ཆེན་ཨ་ཏི་ཡོ་གའི་མ་བཅོས་གཉུག་མའི་བསྒོམ་པ་མིན་པར་བདེ་བ་ཆེན་པོ་ཆོས་སྐུའི་དགོངས་པ་མངོན་དུ་ཐོབ་པར་འདོད་པའི་རེ་སྨོན་དང་བཅས་པས་ཆགས་པའི་གཅོང་སྙིང་ཆེན་པོའི་ནད་ཀྱིས་ཟིན་པ་ཡིན་ཏེ། བདེ་བ་ཕྲ་བཀོད་ལས། བཙལ་དུ་མེད་པས་བསྒོམ་པའི་ཚིག་དང་བྲལ། །ཚིག་ལས་འདས་པས་བརྗོད་པའི་ཐ་སྙད་མེད། །ཡེ་སངས་རྒྱས་པས་བལྟ་བའི་དམིགས་མེད་དེ། །སྙིང་པོ་བྱང་ཆུབ་དགོངས་སུ་མེད་པའོ། །རྣལ་འབྱོར་བལྟ་དམིགས་ཚོལ་བ་དོན་ལས་ཉམས། །མི་བལྟ་མི་ཚོལ་དོན་དེ་ཉིད་ཡིན་པས། །དོན་ལ་མི་བལྟ་བལྟར་མེད་འཁྲུལ་པ་མེད། །བདེ་བ་ཆེན་པོ་གང་ཞིག་ཚོལ་བ་འཁྲུལ། །ཞེས་གསུངས་པ་ལྟ་བུ་ཡིན་པ་དེས་ན་རེ་སྨོན་ཆགས་པའི་ནད་དེ་ཉིད་ཀྱི་གཉེན་པོར་ཀ་དག་ཀུན་ཏུ་བཟང་པོའི་དགོངས་ཀློང་ཆོས་ཉིད་ཡངས་པ་ཆེན་པོའི་མཁའ་དབྱིངས་སུ་འཁོར་འདས་ཀྱི་ཆོས་ཐམས་ཅད་གཞི་མེད་རྩ་བྲལ་གྱི་རང་བཞིན་དུ་གདོད་ནས་གྲོལ་ཟིན་པ་ལས་ནམ་ཡང་མི་གཡོ་བར་མཉམ་ཉིད་བླང་དོར་མེད་པར་གནས་པས་རེ་དོགས་འབད་རྩོལ་ཅི་ཡང་མི་དགོས་པའི་རང་བབས་གཉུག་མའི་བསམ་གཏན་གྱི་སྨན་ཆེན་པོས་གསོ་བར་མ་བྱས་ན། དམིགས་གཏད་ཅན་གྱི་ལམ་དེས་བསམ་གཟུགས་ཀྱི་གནས་སུ་འཕེན་པ་ཙམ་ལས་མེད་པས་མཐོ་རིས་ཀྱི་གནས་སུ་བགྲོད་པར་བྱེད་པའི་རྒྱུ་བླང་དོར་དང་འཛིན་ཞེན་ཅན་གྱི་ལམ་དེས་ཉོན་མོངས་པའི་ནད་ཀྱིས་ཟིན་པར་འགྱུར་བ་ལས་མེད་པར་གསུངས་པའོ། །གསུམ་པ་ནི། དེས་ན་བྱང་ཆུབ་སེམས་ཀྱི་རང་བཞིན་སྤྲོས་པའི་གྲྭ་ཟུར་དང་བྲལ་བས་སྨྲ་བསམ་བརྗོད་ལས་འདས་པ་ལ་ལམ་གྱིས་བགྲོད་དུ་མེད་པ་ཡིན་བཞིན་ཐེག་བརྒྱད་ཀྱི་ལམ་དུ་ཞུགས་པ་རྣམས་ཀྱི་ནང་དུ་ཆེ་བ་རེ་དོགས་འབད་རྩོལ་གྱི་ལམ་དེས་འབྲས་བུ་མྱང་འདས་ཀྱི་སར་ཕྱིན་པར་འདོད་པ་ནི་གང་ཡང་གྲུབ་པ་མེད་པས་དཔེར་ན་རི་དྭགས་སྐོམ་གྱིས་གདུང་བས་སྨིག་རྒྱུ་ལ་ཆུ་རུ་འཁྲུལ་ནས་དེའི་རྗེས་སུ་བསྙེགས་པ་དང་འདྲ་བར་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཞིག་གཞན་ནས་རྙེད་པའི་ཡུལ་མེད་པས་འཇིག་རྟེན་གསུམ་དུ་གནས་ཤིང་འཁོར་བའི་འདམས་སུ་ཚུད་པ་ལས་མྱ་ངན་ལས་འདས་པའི་སར་མི་འབྱུང་ཞིང་ས་བཅུ་རིམ་པར་བགྲོད་པ་ལ་ལྟོས་བཅའ་བར་བྱེད་པའི་གནས་ཀྱང་བྱང་ཆུབ་ཆེན་པོ་བགྲོད་དུ་མེད་པའི་གནས་མི་མཐོང་བར་བྱེད་པའི་སྒྲིབ་པ་ཡིན་པར་བསྟན་པ་སྟེ། ཁྱུང་ཆེན་ལས། ལམ་མེད་ལམ་དུ་འཇུག་པས་ལམ་འདི་མི་རྙེད་དེ། །ཆུ་གདུང་གླང་ཆེན་སྨིག་རྒྱུ་བསྙེགས་པའང་། །བསྐལ་པར་བགྲོད་ཀྱང་སྙེད་པར་རབ་ཏུ་དཀའ། །ཞེས་དང་། མདོ་བཅུ་ལས། དེ་བས་བགྲོད་ལམ་མེད་དེས་ཕྱིན་པ་མེད་པས་ན། །ལམ་དེ་གང་ཟག་རྣམས་ཀྱི་ནད་དུ་ཆེ་བས་ན། །དེ་ཉིད་མྱ་ངན་འདས་སར་ཕྱིན་པར་འདོད་པ་དེས། །རི་དྭགས་སྨིག་རྒྱུ་ཆུ་རུ་འདུ་ཤེས་བསྙེགས་པ་འདྲ། །དེ་བས་གང་ཡང་རྙེད་པར་འགྱུར་བའི་ཡུལ་མེད་དེ། །དེ་བཞིན་གང་ལྟར་བགྲོད་ཀྱང་ཁམས་གསུམ་དེ་ལས་ཡོངས་མི་འབྱུང་། །ས་བཅུ་གོང་ནས་གོང་དུ་ལྟོས་པའི་རྟེན་བཅས་ཀྱང་། །བྱང་ཆུབ་ཆེན་པོ་དག་ལ་སྒྲིབ་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །གཉིས་པ་སེམས་ཉིད་ཨ་ཏིའི་དགོངས་པ་ཡེ་ནས་རང་ལ་གནས་ཚུལ་བཤད་པ་ལ་གསུམ་སྟེ། གཞི་ལྷུན་གྱིས་གྲུབ་པས་ནོར་བུ་ལྟར་ཡོན་ཏན་གཞན་ནས་བཙལ་དུ་མེད་པ། བཏང་བཞག་མེད་པའི་དོན་རང་གི་རིག་པས་དགེ་བའི་བཤེས་གཉེན་དུ་ཤར་བ། དེའི་ངང་ལས་མི་གཡོ་བ་བརྗོད་མེད་ཆོས་སྐུའི་ངོ་བོ་ཡེ་ནས་རང་ལ་གནས་པའོ། །དང་པོ་ནི། འདི་ལྟར་རྫོགས་པ་ཆེན་པོའི་ལམ་དུ་རང་བྱུང་གི་ཡེ་ཤེས་ཉིད་མ་བཅོས་ཐད་ཀར་རང་ངོ་སྤྲད་པའི་ངང་དུ་རང་བབས་ལ་བཞག་པ་ཙམ་ལས་ཐེག་པ་འོག་མ་ལྟ་བུའི་རྩོལ་སྒྲུབ་གང་ཡང་མི་དགོས་པར་ས་ལམ་ཐམས་ཅད་མ་བགྲོད་ཡེ་ནས་ནོན་པ་ཡིན་པས་ཤིན་ཏུ་མྱུར་བའི་ཡེ་ཤེས་ཞེས་གསུངས་ལ། དེ་ནི་སྨྲ་བསམ་བརྗོད་པ་ཀུན་དང་བྲལ་བའི་གནས་ལུགས། མ་བཅོས་ལྷན་ཅིག་སྐྱེས་པའི་ཡེ་ཤེས། མ་བསྒོམ་ངང་གིས་གནས་པའི་ཏིང་འཛིན། གདོད་ནས་འཆར་ནུབ་བྲལ་བའི་རིག་པ། མ་སྦྱངས་ཡེ་ནས་དག་པའི་ཆོས་སྐུ་ཡེ་གྲོལ་གྱི་དགོངས་པ་གང་ཞིག །མཐའ་ཡས་པའི་འགྲོ་བ་མ་ལུས་པ་དམིགས་མེད་བརྩེ་བའི་ཐུགས་རྗེས་སྐྱོངས་ཞིང་ཕན་བདེའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་ཅིང་གསང་ཆེན་ཨ་ཏི་ཡོ་གའི་དགོངས་པ་མ་ནོར་བ་མངོན་སུམ་དུ་སྟོན་པར་མཛད་པ་པོ་རིག་འཛིན་དགའ་རབ་རྡོ་རྗེ་དང་རྒྱལ་དབང་པདྨ་ཀ་རཱ་ཱལ་སོགས་པ་བཤེས་གཉེན་དམ་པ་ཀུན་གྱི་ཐུགས་འོད་གསལ་ཆོས་སྐུའི་རྒྱ་མཚོ་ཆེན་པོ་ལས་འབྱུང་བའི་ནོར་བུ་རིན་ཆེན་ཐམས་ཅད་ཀྱི་ནང་ནས་ཁྱད་པར་འཕགས་པ་འདོད་འབྱུང་ཡིད་བཞིན་དབང་གི་རྒྱལ་པོ་ཇི་ལྟ་བ་བཞིན་དུ་སེམས་རྣམ་རྟོག་གིས་དམིགས་པ་དང་ཞེན་པའི་དྲི་མ་མེད་ཅིང་ལམ་སྦྱང་བགྲོད་སོགས་ཀྱིས་ཇེ་བཟང་དུ་འགྱུར་བའི་གནས་ལ་མི་ལྟོས་པར་རིག་པ་རང་བྱུང་གི་ཡེ་ཤེས་རང་གི་རང་བཞིན་ལ་ལེགས་པའི་ཡོན་ཏན་ཐམས་ཅད་ཡེ་ནས་གཞི་རྫོགས་ལྷུན་གྱིས་གྲུབ་པས་རྒྱུ་རྐྱེན་གཞན་ལ་མི་ལྟོས་པར་རིག་པ་རང་ལ་ཤར་བས་རེ་བ་ཐམས་ཅད་ཡིད་བཞིན་དུ་སྐོང་བ་ཡིན་པས་ན་དེ་ལྟ་བུའི་མན་ངག་ཟབ་མོ་སྟོན་པའི་བཤེས་གཉེན་དམ་པ་གཙུག་གི་ནོར་བུ་ལྟར་བརྟེན་པར་གདམས་ཏེ། དེ་ཉིད་ལས། དེ་ཕྱིར་བཤེས་གཉེན་ཡོན་ཏན་ཀུན་གྱི་འབྱུང་གནས་ཏེ། །ནོར་བུ་རིན་ཆེན་བཞིན་དུ་སྤྱི་བོའི་གཙུག་ཏུ་བཀུར། །ཞེས་གསུངས་སོ། །གཉིས་པ་ནི། སྙིང་པོ་བྱང་ཆུབ་ཀྱི་སེམས་ནི་བརྟགས་ཤིང་དཔྱད་ན་སྤྲོས་པའི་མཐའ་གང་དུའང་གྲུབ་པ་མེད་པས་ཡེ་སྟོང་སྤྲོས་པ་དང་བྲལ་བ་ནམ་མཁའི་དབྱིངས་ལྟ་བུ་ཡིན་ལ། མ་བརྟགས་རང་བབས་སུ་བཞག་ན་རང་བྱུང་ཡེ་ཤེས་ཆེན་པོའི་རང་ཞལ་དབྱིངས་ན་སྒྲིབ་མེད་དུ་གསལ་བས་ལེགས་པའི་ཡོན་ཏན་མ་ལུས་པ་རྩོལ་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་པས་རྒྱ་ཆེ་བའམ་ཆེ་བའི་ཡོན་ཏན་དང་ལྡན་པ་སྟེ། དེ་ཉིད་དངོས་པོ་མཚན་མའི་ཆོས་སུ་མ་གྲུབ་ཅིང་རྟོག་པའི་སྤྱོད་ཡུལ་དུ་མ་གྱུར་པས་ངོ་བོ་ཅིར་ཡང་མི་སྣང་བཞིན་དུ་གདུལ་བྱ་ཡལ་བར་མི་འདོར་བར་ཐུགས་རྗེས་རྗེས་སུ་ཆགས་པའི་ཆ་ལུགས་འཆར་བ་ལྟར་རྩལ་སྣང་འགགས་མེད་དུ་ཤར་བའི་སྣང་བ་ཐམས་ཅད་བརྡ་བྲལ་རང་གྲོལ་གྱི་མན་ངག་གིས་བཅོས་བསྒྱུར་སྤང་བླང་མེད་པར་ཤར་གྲོལ་རིས་མེད་ཀྱི་དགོངས་པ་ཀུན་ལ་སྟོན་ཅིང་ཨ་ཏི་རྫོགས་པ་ཆེན་པོའི་སྣོད་དུ་གྱུར་པའི་ཡང་རབ་སྐལ་བ་དང་ལྡན་པ་རྣམས་ཀྱིས་དེ་བཞིན་དུ་རྟོགས་པར་ཡང་འགྱུར་ལ། གཞན་རྣམས་ཀྱིས་ཇི་བཞིན་མ་རྟོགས་ཀྱང་ཡོངས་ཀྱི་རྒྱུད་ལ་སྦས་པ་མེད་པར་སྟོན་ཏེ། ཁྱུང་ཆེན་ལས། རྣམ་པར་མི་རྟོག་ཡེ་ཤེས་སྙིང་པོ་འདི། །ཐེག་པ་ཡོངས་ཀྱི་ཆོས་ལ་སྦས་པ་མེད། །སངས་རྒྱས་གསུང་གི་རྒྱུད་ལ་སྦས་པ་མེད། །བགྲོད་རྩོལ་ལམ་ལ་སྦྱངས་བས་རྙེད་མི་འགྱུར། །མི་ལེན་མི་སྤང་བྱང་ཆུབ་སྤྱོད་རྣམས་ལ། །རྣམ་པ་ཀུན་ཏུ་རང་བཞིན་ཇི་བཞིན་གནས། །ཞེས་པ་ལྟར། དེ་ལྟར་བདག་དང་གཞན་དུ་འཛིན་པའི་རྟོག་པ་ཀུན་དང་བྲལ་བའི་བདག་ཉིད་ཅན་འཁོར་འདས་ཀྱི་སྣང་ཆ་མུ་མེད་པར་སྣང་བ་ཐམས་ཅད་རིག་པའི་རང་མདངས་ཁོ་ན་ཡིན་པས་རང་བྱུང་ཡེ་ཤེས་ཀྱི་སྣང་བ་ཀུན་ལ་སྟོན་པར་མཛད་པས་སྟོན་མཁན་དགེ་བའི་བཤེས་གཉེན་དུ་ཤར་བའི་ཀུན་བྱེད་རྒྱལ་པོ་དེ་ནི་གསང་སྔགས་ཀུན་གྱི་གཏེར་དུ་གྱུར་པས་ནོར་བུ་རིན་ཆེན་གྱི་མཛོད་ལྟ་བུ་དེས་བླང་དོར་འབད་རྩོལ་ལ་མི་ལྟོས་པར་རང་གཞན་གྱི་དོན་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པའི་ཡུལ་ལ་གདོད་ནས་གནས་པ་ཡིན་ནོ་ཞེས་ཐེག་མཆོག་ཨ་ཏིའི་དགོངས་པ་འགྲོ་བ་ཀུན་ལ་བདག་འཛིན་གྱི་དམིགས་པ་མེད་པའི་སྙིང་རྗེས་སམ་རང་བཞིན་བྱིན་གྱི་རླབས་ཀྱིས་བསྟན་པར་མཛད་པ་ཡིན་ཏེ། རྒྱན་ལས། མ་ནོར་ངེས་པའི་སློབ་དཔོན་ནི། །རང་སེམས་བླ་མ་རིན་པོ་ཆེ། །བྱིན་རླབས་བརྒྱུད་པ་ཀུན་གྱི་བདག །རང་གྲོལ་མན་ངག་བྱིན་རླབས་སྟོན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། དེ་ལྟ་བུའི་རིག་པ་བྱང་ཆུབ་ཀྱི་སེམས་ཇི་བཞིན་རྟོགས་པའི་རྣལ་འབྱོར་པ་རྣམས་ནང་ནས་ཏེ་ནང་གནས་སྙིང་པོའི་ཡེ་ཤེས་ལས་སྐད་ཅིག་ཙམ་ཡང་མ་གཡོས་ཀྱང་དམིགས་པ་ནང་དུ་བསྡུས་ནས་གནས་ལུགས་ཟབ་མོའི་ངོ་བོ་འདི་ལྟ་བུའོ་ཞེས་བཙལ་བའི་གནས་དང་བཙལ་བྱེད་ཀྱི་རྟོག་པ་ཡང་མེད་དེ་གཟའ་གཏད་ཀྱི་བློ་དང་བྲལ་བའི་ཕྱིར་རོ། །དེ་བཞིན་དུ་ཡུལ་སེམས་ཅན་རྣམས་སྡུག་བསྔལ་ལས་སྐྱབས་པའི་ཕྱིར་དུ་དམིགས་པ་མེད་པའི་ཐུགས་རྗེས་འགྲོ་ལ་རྗེས་སུ་ཆགས་པ་ལྟར་ཡང་སྣང་ལ། ཡུལ་དེ་ལ་བསྔོ་བའི་དམིགས་པའམ་ཞེན་ཅིང་འཛིན་པ་མེད་པས་ཡུལ་ལ་རྣམ་པར་རྟོག་པ་མི་འབྱུང་ཞིང་མཉམ་ཉིད་ཀྱི་དོན་ལ་ཆེད་དུ་མི་འཇུག་པས་བདག་ཏུ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་སྤྲོ་བསྡུ་དང་བྲལ་བ་དེ་ཡིས་ནི་རང་གི་རང་ཞལ་སྟོན་པ་ལས་གཞན་གྱི་དངོས་ནོར་སྟོན་པ་ལྟ་བུ་མིན་པས་རང་གནས་སྙིང་པོའི་ཡེ་ཤེས་དེ་ནི་སྔོན་མེད་གསར་དུ་མི་འོང་བར་ཡེ་ནས་རང་ལ་གནས་པའི་ཆོས་ཉིད་འཕོ་འགྱུར་མེད་པ་ཡིན་ཏེ། ཁྱུང་ཆེན་ལས། རང་རིག་བྱང་ཆུབ་སེམས་ཉིད་སངས་རྒྱས་སྐུ། །གཞན་གྱི་ནོར་མིན་ཡེ་ནས་གནས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཐེག་པ་བརྒྱད་ཨ་ཏིར་འཇུག་ཐབས་ལ་གཉིས་ཏེ། ཐེག་བརྒྱད་རང་ལམ་གྱི་ངོ་བོ་རྣལ་དོན་མཐར་ཐུག་མ་ཡིན་པས་འཇུག་དགོས་པ་དང་། འཇུག་ཚུལ་ཉིད་བཤད་པའོ། །དང་པོ་ནི། འདི་ལྟར་རྩོལ་བཅས་ཀྱི་ཐེག་པ་བརྒྱད་པོས་རང་ལམ་གྱི་འབྲས་བུ་དགྲ་བཅོམ་ནས་བརྡལ་བ་ཆོས་ཉིད་ཀྱི་སའི་བར་གྱི་མཐར་འབྲས་ཀྱི་བདེ་བ་ཐོབ་པར་འདོད་ནས་རྩོལ་བར་བྱས་ན་འགྱུར་མེད་བདེ་བ་ཆེན་པོ་འོད་གསལ་གཉུག་མའི་ཡེ་ཤེས་ནས་རང་ལ་གནས་པའི་ཀུན་བཟང་དབྱེ་བ་མེད་པའམ་རྫོགས་པ་སྤྱིར་ཆིབ་ཆེན་པོའི་ས་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ཏེ། ཅིའི་ཕྱིར་ན་དེ་ལྟ་བུའི་ཆོས་སྐུ་ལྷུན་གྲུབ་ཆེན་པོ་ཡེ་བདེ་འཕོ་འགྱུར་དང་བྲལ་བས་སྔར་ནས་ཟིན་ཡོད་པའི་དོན་དེ་བོར་བའམ་དེ་འདྲའི་བདེ་བས་བློ་མ་ཚིམ་ནས་སྔོན་མེད་གསར་བྱུང་གི་བདེ་བ་ཞིག་ཚོལ་བ་དེ་ནི་འབྲས་བུ་བྱང་ཆུབ་ཀྱི་བདེ་བ་གཞན་ཐོབ་འདོད་ཀྱི་འཁྲུལ་པ་ཡི་དབང་དུ་སོང་བ་ཡིན་པས་གདོད་ནས་ཡེ་སངས་རྒྱས་པའི་དོན་མ་རྟོགས་པར་རྔམ་ཞིང་ཆགས་པས་ཆོས་ལ་དབང་ཟ་བ་སྟེ། འདི་ལྟ་བུའི་འབྲས་བུ་གཞན་ནས་ཚོལ་བར་འདོད་པའི་ཡུལ་ཅན་གཟུང་འཛིན་གྱི་བློ་དང་ལྡན་པ་རྣམས་ཀྱིས་ཅི་ཙམ་འབད་ཀྱང་འབྲས་བུ་སངས་རྒྱས་ཉིད་མཐོང་བ་མེད་པས་བརྗོད་མེད་ཨ་ཏིའི་ལམ་འདིར་འཇུག་པ་གལ་ཆེ་སྟེ། དེའི་རྒྱུ་མཚན་རིག་པ་བྱང་ཆུབ་ཀྱི་སེམས་འདི་ལས་མ་གཏོགས་པའི་སངས་རྒྱས་ཞེས་པ་རང་མཚན་པ་ཞིག་གྲུབ་པ་མེད་པས་དེ་བརྗོད་བྱེད་ཀྱི་ཚིག་སངས་རྒྱས་ཞེས་པའི་མིང་ཡང་མེད་དེ་གདགས་གཞི་དང་བྲལ་བའི་ཕྱིར་རོ། །འོ་ན་རྒྱལ་བའི་བཀའ་ལས་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་ཏུ་ཡོད་པར་གསུངས་པ་དེ་ཇི་ལྟར་ཡིན་སྙམ་ན། དེ་ནི་གདུལ་བྱ་རྣམས་ལམ་ལ་རིམ་གྱིས་དཀྲི་བའི་ཆེད་དུ་སངས་རྒྱས་ཞེས་སྟོན་པས་མིང་དུ་བཏགས་པ་དྲང་དོན་དགོངས་པ་ཅན་གྱི་ཚིག་ཡིན་པ་ལ་དེ་ཉིད་སྒྲ་ཇི་བཞིན་དུ་བཟུང་ན་ནོར་བ་ཡིན་ཕྱིར། དེ་དང་རྗེས་སུ་མཐུན་པར་སངས་རྒྱས་གཞན་ནས་ཐོབ་པར་འདོད་ནས་རྩོལ་སྒྲུབ་བྱེད་པའི་ལམ་ཐམས་ཅད་ཀྱང་ནོར་བའི་ལམ་ཁོ་ན་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ནི་གཟུགས་སུ་གྲུབ་པ་མེད་ཀྱང་ངོ་བོ་ངོས་བཟུང་དང་བྲལ་བས་ཅིར་ཡང་གྲུབ་པ་མེད་བཞིན་རྩལ་སྣང་འགག་པ་མེད་པའི་ཆོ་འཕྲུལ་དུ་འཁོར་འདས་ཀྱི་ཆོས་ཀུན་སྣང་ཡང་དེ་ལྟར་སྣང་བའི་དུས་ཉིད་ནས་མཐའ་བརྒྱད་སྤྲོས་པ་དང་བྲལ་བའི་ངང་ལས་འདའ་བ་མེད་པས་དེ་ལམ་འབད་རྩོལ་གྱིས་བསྒྲུབ་ཏུ་ཡོད་པར་བཤད་པ་རྡུལ་ཙམ་ཡང་མེད་དེ་སྨྲ་བསམ་བརྗོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཡེ་ཤེས་ནམ་མཁའི་རྒྱལ་པོ་ལས། མཚན་ཉིད་མེད་པའི་ཆོས་ཉིད་ཆེན་པོ་འདི། ། །ཆོས་ཀྱི་དབྱིངས་སུ་སྒྱུ་མའི་གར་བསྒྱུར་ཀྱང་། །སྒྱུ་མའི་ལམ་དུ་རྒྱལ་བས་བསྔགས་པ་མེད། །མི་གནས་ཆོས་སྐུ་བརྗོད་མེད་ལས་འདས་ཀྱང་། །དབུ་མའང་བརྗོད་དུ་མེད་དེ་དོན་དང་བྲལ། །ཞེས་དང་། མདོ་བཅུ་ལས། སངས་རྒྱས་ཞེས་ནི་གཞན་ནས་ཐོབ་བྱེད་པ། །དེ་ཉིད་སྨིག་རྒྱུ་བཞིན་ཏེ་ནོར་བའི་ལམ། །ཁ་དོག་དབྱིབས་ཀྱི་གཟུགས་ནི་ཡོད་མིན་པས། །ཆོས་ཀུན་བཤད་པ་རྡུལ་ཆ་ཙམ་ཡང་མེད། །ཅེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། ཐེག་པ་བརྒྱད་ཀྱི་དབྱེ་བ་དང་། རྫོགས་པ་ཆེན་པོའི་ལམ་དུ་འཇུག་པའི་རིམ་པ་ཆུང་འབྲིང་ཆེ་གསུམ་དུ་བསྟན་ནས་འཇུག་ཚུལ་ལོ། །དང་པོ་ནི། དེ་ལ་ཐེག་པ་བརྒྱད་ཀྱི་ལམ་ནས་སངས་རྒྱས་ཀྱི་གོ་འཕང་ཚོལ་བའི་ཚུལ་ཡང་འདི་ལྟར་ཨ་ནུ་ཡོ་ག་བས་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཡེ་ནས་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་གྲུབ་ཟིན་པར་ལྟ་བའི་ལྟ་བས་ཚོལ་བ་དང་། མ་ཧཱ་ཡོ་ག་བས་ཡབ་ཡུམ་མཉམ་པར་རོལ་བའི་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱི་ཐབས་ལས་སྐྱེ་བར་འདོད་པ་དང་། རྣལ་འབྱོར་ཡོ་ག་བས་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་ཀུན་རྫོབ་འཁྲུལ་བའི་སྣང་བ་དང་བྲལ་བའི་སྒོ་ནས་ཐོབ་པར་འདོད་པ་དང་། བྱ་བྱེད་གཉིས་ཀྱིས་སྔགས་དང་ཕྱག་རྒྱའི་ཏིང་ངེ་འཛིན་གྱིས་མ་དག་ལས་ཉོན་གྱི་ཆ་ཞི་བར་བྱེད་པ་དང་། དབུ་མ་པས་དངོས་པོ་ཀུན་རྫོབ་ཏུ་སྣང་བའི་ཆོས་ཐམས་ཅད་གྲུབ་པ་མེད་པ་དོན་དམ་སྤྲོས་པ་དང་བྲལ་བར་བསྒོམ་པ་དང་། ཉན་རང་གཉིས་ཀྱིས་མཐོང་སྒོམ་གྱི་ལམ་ལ་བརྟེན་ནས་སྡུག་ཀུན་གྱི་ཆོས་རྣམས་རྣམ་པར་སྤོང་བར་རྩོམ་པ་དེ་ཐམས་ཅད་བྱ་རྩོལ་བྲལ་བའི་དོན་ལ་རེག་པ་མིན་ཏེ། ཅིའི་ཕྱིར་ན་འཁོར་བའི་གཅོང་ནད་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་རིག་པ་བྱང་ཆུབ་སེམས་ཀྱི་བདུད་རྩི་བདེ་བ་ཆེན་པོའི་རང་བཞིན་གྱིས་འཁོར་བའི་གཅོང་ནད་ཀྱི་ཟུག་རྔུའི་ཚོར་བ་ཐམས་ཅད་ཡེ་ནས་བཅོམས་ཟིན་པས་ཁམས་གསུམ་ཡོངས་གྲོལ་ཆེན་པོའི་དགོངས་པར་གནས་པ་ལ། འོག་མའི་ཐེག་པ་དེ་དག་གིས་འབད་རྩོལ་ལ་བརྟེན་ནས་བཟའ་བའི་ཐབས་སམ་སྤོང་འགོག་སྦྱོང་བསྒྱུར་ལ་སོགས་པ་བྱེད་པའི་ཐབས་ལ་རག་ལུས་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་ཀློང་ཆེན་རབ་འབྱམས་ལས། འཁོར་བ་ཉིད་ན་འཁོར་བ་མེད། །འཁྲུལ་འཁོར་ཉིད་ན་མྱ་ངན་འདས། །མཁས་པ་རྣམས་ལ་ཡེ་ཤེས་ཤར། །མི་མཁས་པ་ལ་མུན་པ་སྣང་། །འདི་བོར་བདུད་རྩི་གཞན་ན་མེད། །ཅེས་གསུངས་སོ། །གཉིས་པ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སེམས་ཉིད་སྐྱེ་བ་མེད་པ་ནམ་མཁའ་ལྟ་བུའི་ཀློང་དུ་རྫོགས་ཤིང་ཆེ་བ་རྣམ་པ་ལྔའི་ཚུལ་དུ་སངས་རྒྱས་པའི་ཕྱིར་ཡངས་སོ་ཆེའོ་ཞེས་སྨོས་པ་སྟེ། དེ་ལྟ་བུའི་དོན་རྗེན་ཅེར་དུ་སྟོན་པར་བྱེད་པའི་ཆོས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་འདི་ཉིད་ཐེག་པ་ཆུང་ངུ་རྣམས་ཀྱི་ལྟ་བའི་འཛིན་ཞེན་ཐམས་ཅད་སུན་འབྱིན་པར་བྱེད་པའི་གཉེན་པོ་ཡིན་ལ། འོ་ན་ཐེག་པ་འོག་མའི་ལྟ་བ་སུན་འབྱིན་ཅིང་རྫོགས་ཆེན་རང་གི་ཆེ་བ་ལ་དམིགས་པའི་བློ་དང་མ་བྲལ་བས་དེ་ཡང་དགག་སྒྲུབ་བླང་དོར་གྱི་ལམ་དུ་མི་འགྱུར་རམ་སྙམ་ན། དེ་ལྟ་བུའི་བཟང་ངན་ཆེ་ཆུང་དུ་དམིགས་པའི་བློ་ཡོད་ན་དགག་སྒྲུབ་བླང་དོར་དང་བཅས་པ་ཡིན་པར་ཤིན་ཏུ་བདེན་ཏེ་དེ་ཉིད་རྫོགས་པ་ཆེན་པོའི་ལམ་དུ་ཡང་མི་འགྱུར་བའི་ཚུལ། དེ་ཉིད་ལས། ཐེག་བརྒྱད་ཐམས་ཅད་ཁྱད་བསད་ནས། །ང་ནི་རྩོལ་བ་བྲལ་ལོ་ཟེར། །ཕྱོགས་ཞེན་དེ་ཡིས་སངས་མི་རྒྱ། །ཞེས་དང་། ཐེག་འོག་ཁྱད་བསད་རང་ཆེ་བརྗོད། །དེ་ཡིས་འདི་ལ་གཏན་མི་ཕེབ། །རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད། །ཆེན་པོ་ང་ཉིད་མཉམ་ཉིད་དང་། །མཐོ་དམན་དབྱེ་བའི་གདམས་གཞི་བྲལ། །ཞེས་གསུངས་པ་ལྟར་རོ། །དེས་ན་ཆོས་ཉིད་མཉམ་པ་ཉིད་ཀྱི་ཀློང་དུ་ཆེ་ཆུང་མཐོ་དམན་གྱི་ཆ་བསྙམས་ནས་མ་གྲུབ་པའི་ཕྱིར་ན་ཆུང་ངུ་དང་ཆེ་བ་དེ་རྣམས་ཀྱི་དམིགས་པ་དང་བྲལ་བ་ཡིན་མོད། དཔེར་ན་ཉི་མའི་མདུན་ན་མུན་པ་གར་ཡང་མ་སྤངས་བཞིན་དུ་ངང་གིས་མི་གནས་པ་ལྟར་བྱར་མེད་ཡེ་གྲོལ་གྱི་ལྟ་བ་ལ་འོག་མའི་ཞེན་འཛིན་ཐམས་ཅད་མི་སྤངས་ལ་ངང་གིས་མི་གནས་པས་སྤངས་པའི་ཐ་སྙད་བཏགས་པ་ཙམ་ལས་ཆེད་དུ་སྤངས་པ་མིན་ཏེ་འོག་མའི་ཐེག་པ་ཐམས་ཅད་ཨ་ཏི་རྫོགས་པ་ཆེན་པོའི་རྒྱན་དུ་གསུངས་པའི་ཕྱིར་ཏེ། དེ་ཉིད་ལས། འབྱུང་ལྔ་འགྲོ་དྲུག་ཐེག་དགུ་ཐམས་ཅད་ཀྱང་། །དབྱིངས་ལ་དབྱིངས་ཤར་ཆོ་འཕྲུལ་ཡིན་པས་ན། །དེ་ཡི་རྒྱན་ཡིན་བདག་དང་མཐོང་མཛེས་བྲལ། །ཡོ་ག་མདུད་པ་ཅན་གྱི་ལྟ་བ་ཏེ། །དོན་དམ་སྣང་ལ་རང་བཞིན་མེད་པ་ལ། །ཀུན་རྫོབ་ཙམ་སྣང་ལྷ་དང་ལྷ་མོ་ཡང་། །མཚན་མ་ཡེ་ཤེས་མཉམ་པའི་ཆོས་ཉིད་ལ། །ལྷ་དང་ལྷ་མོར་འཛིན་པ་མཆོག་འཛིན་བདུད། །གཉིས་ཀ་རང་ཤར་གཉིས་ཀ་རང་གྲོལ་བས། །ཡོ་ག་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །མ་ཧཱ་མདུད་པ་ཅན་གྱི་ལྟ་བ་ནི། །ཐབས་ཀྱི་མཆོག་གྱུར་ལྷག་པའི་ཀུན་རྫོབ་ལ། །ཤེས་རབ་མཆོག་གྱུར་ལྷག་པའི་དོན་དམ་པས། །གཉིས་མེད་མཆོག་གྱུར་བདེ་བ་མཆོག་ཏུ་བལྟ། །དབྱེ་རུ་ཡོད་ཀྱང་མཉམ་ཡང་མཉམ་ཉིད་ལ། །དབྱེར་མེད་སྤྱོད་ཡུལ་བྲལ་བ་ཕྱོགས་འཛིན་བདུད། །ཨ་ཏི་མཉམ་པ་རིས་མེད་ཆོས་ཉིད་ལ། །གཉིས་ཀ་རང་ཤར་གཉིས་ཀ་རང་གྲོལ་བས། །མ་ཧཱ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །ཨ་ནུ་མདུད་པ་ཅན་གྱིི་ལྟ་བ་ནི། །ཕར་སྣང་ཤེས་པ་ཀུན་ཏུ་བཟང་མོའི་ཀློང་། །ཚུར་སྣང་ཡུལ་ནི་ཀུན་ཏུ་བཟང་པོའི་ཡུལ། །གཉིས་སུ་མེད་པའི་བདེ་བ་ཆེན་པོར་བལྟ། །གཉིས་དང་སྡུག་བསྔལ་མཉམ་པའི་ཆོས་ཉིད་ལ། །གཉིས་མེད་བདེ་ཆེན་ཡིད་དཔྱོད་རེ་བའི་བདུད། །ཨ་ཏི་རྒྱ་ཆད་མེད་པའི་ཆོས་ཉིད་ལ། །གཉིས་ཀར་རང་ཤར་གཉིས་ཀར་རང་གྲོལ་བས། །ཨ་ནུ་མ་སྤངས་རྫོགས་པ་ཆེན་པོའི་རྒྱན། །ཞེས་གསུངས་སོ། །དེས་ན་ཐེག་པ་འོག་མའི་ཞེན་རྟོག་ཐམས་ཅད་རྫོགས་པ་ཆེན་པོའི་ལམ་ལ་བརྟེན་ནས་སྤོངས་པ་དང་ཡོན་ཏན་ཐམས་ཅད་ཡར་ལྡན་གྱི་ཚུལ་དུ་རྫོགས་པར་འགྱུར་བས་ན་ཐེག་པའི་ཡང་རྩེ་འདིར་འཇུག་དགོས་ལ། དེ་ལ་འཇུག་བྱའི་ཐེག་པ་དེ་དག་བསྡུ་ན་གསུམ་དུ་གནས་ཏེ། གང་ཞེ་ན་རྒྱལ་བའི་གསུང་རབ་ལ་བརྟེན་ནས་འབྲས་བུ་དགྲ་བཅོམ་གྱི་གོ་འཕང་ཐོབ་པར་འདོད་པ་ཐེག་དམན་ཉན་རང་གི་ལམ་དང་། བྱང་ཆུབ་ཀྱི་སྤྱོད་པ་ལ་བསྐལ་པ་གྲངས་མེད་གསུམ་སོགས་སུ་སྤྱོད་པའི་མཐར་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་མཚན་ཉིད་ཐེག་ཆེན་པ་དང་། ལྷ་སྔགས་ཏིང་ངེ་འཛིན་གྱི་དམིགས་པ་དང་ལྡན་པས་མ་དག་འཁྲུལ་པའི་སྣང་བ་ཐམས་ཅད་སྦྱངས་ནས་དག་པ་ལྷའི་རང་བཞིན་དུ་མྱུར་དུ་སྣང་བར་འདོད་པ་ཨ་ནུ་མན་ཆད་ཀྱི་འབྲས་བུའི་ཐེག་པ་རྣམས་ཏེ། དེ་རྣམས་ནི་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྒྱུ་མའི་རྣམ་པ་མེད་བཞིན་དུ་སྣང་བ་དང་། རི་མོའི་རྣམ་པ་རྣམས་ནི་མཐོ་དམན་མེད་བཞིན་དུ་མཐོ་དམན་དུ་སྣང་བ་ལྟར་འཁོར་བ་ལས་ངེས་པར་འབྱུང་ཞིང་འབྲས་བུ་མྱང་འདས་ཀྱི་སར་འཇུག་ཏུ་མེད་པར་རང་བྱུང་ཡེ་ཤེས་ཆེན་པོ་གཅིག་གི་བདག་ཉིད་སྲིད་ཞི་མཉམ་པ་ཉིད་དུ་གནས་པ་ལ། དེ་ལྟར་མ་རྟོགས་པར་འཁོར་འདས་ལ་བཟང་ངན་བླང་དོར་དུ་སྣང་བས་རྨུག་པར་བྱས་པ་ཡིས་ཐེག་པ་སོ་སོའི་རྩོལ་སྒྲུབ་ཀྱི་ལམ་ལ་ཞེན་ཅིང་། དེ་ཡི་དབང་ལས་སླར་ཡང་རྟོག་པ་སྐྱེ་ཞིང་འཕེལ་བར་འགྱུར་བས་ན་དེ་དག་ལས་གཞན་པའི་རྩོལ་མེད་ཡེ་གྲོལ་གྱི་ཐེག་པ་ཨ་ཏི་རྫོགས་ཆེན་གྱི་ལམ་ལ་འཇུག་པར་བྱ་སྟེ། དེ་ཡང་ཇི་ལྟར་ཞེ་ན་ཨ་ཏི་རྫོགས་པ་ཆེན་པོ་འདི་ནི་ཐེག་པ་ཀུན་གྱི་རྒྱལ་པོ་ཡིན་པའི་ཕྱིར་འོག་མའི་ཐེག་པ་ལྟར་སྤོང་འགོགས་སྦྱོང་བསྒྱུར་གྱི་འཛིན་ཞེན་གང་ཡང་མེད་པས་བཏང་ངོ་སྟེ་རྩོལ་བར་མི་བྱེད་ལ། དེ་ལྟར་འཛིན་རྩོལ་ཐམས་ཅད་དང་བྲལ་བ་དེ་ནི་ཆོས་ཉིད་ཇི་བཞིན་པའི་ངང་ལ་གནས་པ་ཡིན་པས་བཞག་གོ་ཞེས་གསུངས་སོ། །དེ་ཡང་འཇོག་བྱ་འཇོག་བྱེད་ཀྱི་རྩོལ་བ་ལ་ལྟོས་པ་མིན་ཀྱང་བཏང་སྙོམས་ཆེན་པོའི་ངང་ལས་མི་འདའ་བའི་དོན་ཏེ་དོན་དུ་བཏང་བཞག་ཐམས་ཅད་དང་བྲལ་བའི་རང་བཞིན་དུ་གསུངས་པ་ཡིན་ཏེ། དེ་ལྟ་བུའི་བཏང་བཞག་བྲལ་བའི་གནས་ལུགས་འདུས་མ་བྱས་པའི་ཡེ་ཤེས་དེ་ལ་ཤེས་ཤིང་རྟོགས་པར་བྱ་བ་དང་བསྒྲུབ་ཅིང་མངོན་དུ་བྱ་བ་གང་ཡང་མེད་པས་འདོད་ཅིང་ཞེན་པ་མེད་ཅིང་སྤྱོད་ཅིང་ལེན་པ་མེད་ལ། འབྲས་བུ་ལ་ཐོབ་པར་སྨོན་པའི་བྲོད་པ་རྡུལ་ཙམ་ཡང་མི་བསྐྱེད་དོ་ཞེས་བཅོས་བསྒྱུར་དང་བླང་དོར་གྱི་རེ་དོགས་ཀུན་དང་བྲལ་བ་དེ་རྫོགས་ཆེན་གྱི་དོན་ལ་ཞུགས་པ་ཡིན་གྱིས། གཞན་དུ་སྤང་བླང་ལ་སོགས་པའི་ཞེན་པ་རྡུལ་ཙམ་ཡོད་ཀྱང་ཨ་ཏིའི་ལམ་དང་འགལ་བར་གསུངས་ཏེ། ནམ་མཁའི་རྒྱལ་པོ་ལས། ཡེ་ནས་ལྷུན་གྱིས་གྲུབ་པའི་ཐབས་ཆེན་ལ། །སྒྱུ་བཅོས་སྤྱོད་པ་ཐབས་ཆེན་མ་ཡིན་ཏེ། །སྒྱུ་འཆང་ཐབས་ཀྱིས་བཅོས་དང་མ་བྲལ་ན། །མི་རྟོག་ཐབས་ཆེན་དེ་ཡི་ཅི་ཞིག་བྱ། །ཞེས་པ་ལྟར་རོ། །བཞི་པ་སེམས་ཉིད་ཨ་ཏི་མ་བཅོས་རྣལ་དུ་བཞག་ཐབས་འབྲས་བུ་དང་བཅས་པ་ལ་གསུམ་སྟེ། ཁྱུང་ནམ་མཁར་ལྡིང་བའི་དཔེས་ཐ་མལ་ཤེས་པ་རང་འགྲོས་བཏང་བཞག་མེད་པར་བཞག་ཚུལ། དེ་ཉིད་གོམས་པ་ལས་གནས་སྐབས་སྤྱན་དང་མངོན་ཤེས་ལ་སོགས་པའི་དྲོད་རྟགས་འཆར་ཚུལ། ཤིན་ཏུ་གོམས་པ་ལས་སེམས་ཉིད་གཞི་ཐོག་ཏུ་ཕེབ་ཚུལ་ལས་ཆོས་སྐུ་ཏིང་ངེ་འཛིན་གྱི་རྒྱལ་པོ་དང་ལོངས་སྤྲུལ་སྣང་བའི་རྒྱ་མཚོ་ཀུན་ཏུ་བཟང་པོའི་ཐོབ་ཚུལ་ལོ། །དང་པོ་ནི། དཔེར་ན་འདབ་ཆགས་མཁའ་ལྡིང་རྒྱལ་པོ་ཁྱུང་ཆེན་ནམ་མཁའ་ལ་ལྡིང་ནས་འགྲོ་བ་ཡི་ཚེ་ན་འདབ་གཤོག་སྤྲོ་བསྡུ་མེད་ཅིང་མཁའ་དབྱིངས་ལམ་དུ་བདེ་བ་དང་། ཐམས་ཅད་ཁོབས་འོག་ཏུ་ཆུབ་ཅིང་ཀླུ་རྣམས་ཟིལ་གྱིས་གནོན་པ་དང་། ཕྱི་རྒྱ་རླབས་ཀྱིས་གཅོད་ཅིང་གཡང་སར་ལྷུང་དོགས་མེད་པ་བཞིན་དུ། ཨ་ཏི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རྣམས་ཀྱིས་ཐ་མལ་གྱི་ཤེས་པ་འདི་ལ་བཅོས་བསྒྱུར་སྤུ་ཙམ་མེད་པར་རང་འགྲོས་སུ་བཏང་བ་ལས་དམིགས་པའི་ཡུལ་མ་གྲུབ་པས་ཕར་སྤྲོ་ཞིང་བཏང་བ་མེད་ཅིང་། འཛིན་པའི་རྟོད་ཕུར་བུད་པས་ནང་དུ་དམིགས་ཤིང་བསྡུ་བ་མེད་པར་བྱར་མེད་ལམ་དུ་བདེ་བ་དང་། ཐམས་ཅད་རིག་པའི་ཀློང་དུ་འུབ་ཆུབ་ཅིང་མཚན་རྟོག་ཟིལ་གྱིས་གནོན་པ་དང་། འཁོར་བའི་གཡང་ས་ཆོད་པས་ལྟུང་བའི་ཉམ་ང་མེད་པ་དང་། འབྲས་བུ་ལ་ཐོབ་རེ་མེད་པས་ལམ་ལ་སྟོར་བར་མི་དོགས་པ་སྟེ། དེ་ཉིད་ཀྱི་ཕྱིར་ན་བཟའ་བའམ་གཟའ་གཏང་དང་རྩོལ་བ་ཐམས་ཅད་ངང་གིས་ཞི་ཞིང་མེད་པས་མ་བཅོས་ཤུགས་འབྱུང་གི་སྤྱོད་པ་ཐམས་ཅད་ཅི་ཤར་ཆོས་ཉིད་ཀྱི་རོལ་པར་སྤྱོད་པར་གསུངས་ཏེ། རྩེ་མོ་བྱུང་རྒྱལ་ལས། ཁྱུང་ཆེན་གཤོག་རྫོགས་མཁའ་ལ་ལྡིང་བ་བཞིན། །ཆུ་རླུང་རི་བྲག་གྱེན་ཐུར་ཉམ་མི་ང་། །བར་སྣང་ནམ་མཁའི་ཁམས་ཀུན་ལམ་དུ་བདེ། །གང་དུ་དམིགས་པའི་ས་ཀུན་གཅོད་པར་བྱེད། །དེ་བཞིན་ཡེ་ནས་བློ་སྦྱངས་རྣལ་འབྱོར་ཐུགས། །བྱང་ཆུབ་སྙིང་པོར་འགྲོ་བའི་སྐལ་ལྡན་ནོ། །སངས་རྒྱས་མངོན་དུ་གྲུབ་པའི་མན་ངག་ཅན། །བྱང་ཆུབ་སེམས་རྟོགས་ཡོན་ཏན་ཁྱད་པར་འཕགས། །བདག་དང་གཞན་དོན་ལྷུན་གྲུབ་མ་སྤངས་པ། །སྤྱོད་པ་རྒྱ་མཚོ་སྣ་ཚོགས་ཅི་བདེར་སྤྱོད། །ཅེས་སོ། །གཉིས་པ་ནི། འདི་ལྟར་དཔེར་ན་རྒྱ་མཚོ་ཆེན་པོ་ནི་རྙོགས་མ་མེད་པས་དྭངས་ཞིང་གཏིང་ཟབ་པ་དང་། རླབས་མི་ཟད་ཅིང་འཕེལ་འབྲི་མེད་པ་དང་། རྒྱ་ཆེ་ཞིང་ནོར་བུ་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་བཞིན་དུ་སྙིང་པོ་བྱང་ཆུབ་ཀྱི་སེམས་ནི་རང་བཞིན་གྱིས་འོད་གསལ་ཞིང་ཀུན་གྱིས་རྟོགས་པར་དཀའ་བ་དང་། ཡོན་ཏན་མི་ཟད་ཅིང་འཕེལ་འབྲི་མེད་པ་དང་། མཐའ་དབུས་དང་བྲལ་བས་རྒྱ་ཆེ་བ་དང་། འདོད་པ་ཐམས་ཅད་སྐོང་བའི་བདག་ཉིད་དུ་ཡེ་ནས་གནས་པ་ལ། བཅོས་བསྒྱུར་སྤང་བླང་མེད་པའི་གནད་ཀྱིས་གོམས་པར་བྱས་ན་རིག་རྩལ་སོ་སོར་རྟོག་པའི་རྩལ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་རྣམས་སྣ་ཚོགས་པ་ཀློང་རྡོལ་དུ་འབྱུང་བར་འགྱུར་བས་འགྲོ་བའི་ཁམས་ལ་ཆོས་ཀྱི་ཆར་ཆེན་པོ་འབེབ་པར་བྱེད་པ་དང་། གཏིང་རྫོགས་ལས། རྣལ་འབྱོར་དམ་པ་སྐྱེས་མཆོག་དམ་ཅན་ལ། །རྟོགས་པས་བར་མ་ཆོད་པས་ཡེ་ཤེས་ཀློང་། །མཉམ་ཉིད་མཐར་ཕྱིན་ལམ་ཆེན་ཀུན་བསྒྲལ་བས། །ཅི་སྤྱོད་ཏིང་འཛིན་ལས་ནི་མ་ཉམས་ཀློང་། །གོམས་པའི་ཀློང་དུ་ཤིན་ཏུ་གསལ་འགྱུར་ཏེ། །རྒྱལ་བའི་དགོངས་པ་ཆོས་ཉིད་རང་བྱུང་ཀློང་། །བདག་གཞན་གཉིས་སུ་མཐོང་བ་ཅི་ཡང་མེད། །དེ་ཕྱིར་ཀློང་གསུམ་ལྡན་པའི་ཡེ་ཤེས་བཤད། །ཅེས་གསུངས་པ་ལྟ་བུའི་ཡེ་ཤེས་གསུམ་ལྡན་གྱི་ཀློང་ངམ་ཏིང་ངེ་འཛིན་ཉམས་པ་མེད་ཀློང་ངམ་རྩལ་ལས་སྤྱན་ལྔ་དང་མངོན་ཤེས་དྲུག་དང་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་གྱི་ཚོགས་གྲངས་དང་ཚད་གཞལ་དུ་མེད་པས་ནམ་མཁའི་མཐའ་དང་མཉམ་པ་འབྱུང་ཡང་། རིག་གདངས་མ་འགགས་པའི་རྩལ་སྣང་རང་ཤར་བ་ཙམ་ལས་ཡོན་ཏན་དེ་དག་བསྡུ་བའི་གནས་སམ་ཁོང་དུ་ཆུད་པར་བྱ་བའི་གནས་སུ་ངེས་པར་བཟུང་ཞིང་ཞེན་པ་དང་དེས་རློམ་སེམས་པ་ཡང་རྡུལ་ཙམ་མེད་པའོ། །གསུམ་པ་ནི། དེ་ལྟར་རྫོགས་ཆེན་བྱ་རྩོལ་བྲལ་བའི་དོན་ལ་ཤིན་ཏུ་གོམས་པ་མཐར་ཕྱིན་པས་སེམས་ཉིད་གཞི་ཐོག་ཏུ་ཕེབས་པའམ་བྱང་ཆུབ་སྙིང་པོར་ཕྱིན་པའི་དེ་མ་ཐག་ཏུ་རང་གནས་ཆོས་སྐུའི་དགོངས་པ་ལ་མཉམ་རྗེས་ཀྱི་དབྱེ་བ་མེད་པར་ཆོས་ཉིད་ཀྱི་ངང་ལས་རྟག་ཏུ་གཡོ་བ་མེད་པས་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པའི་རྒྱལ་པོ་ཆེན་པོ་འབྱུང་ཞིང་ཆོས་སྐུ་འདུས་མ་བྱས་པ་སྐྱེ་འཆི་འཕོ་འགྱུར་མེད་པའི་དོན་མངོན་དུ་འགྱུར་བར་གསུངས་ལ། དེ་ལྟ་བུའི་ཏིང་ངེ་འཛིན་དེ་ལ་མཚན་གྱི་རྣམ་གྲངས་ཡང་། མི་གནས་པའི་ཏིང་ངེ་འཛིན་དང་། མི་རྟོག་པའི་ཏིང་ངེ་འཛིན་དང་། ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དང་། ཐོད་རྒལ་གྱི་ཏིང་ངེ་འཛིན་དང་། སྣང་བ་ཆེན་པོའི་ཏིང་ངེ་འཛིན་ཞེས་ཀྱང་གསུངས་སོ། །དེ་ལྟར་ཆོས་སྐུའི་དགོངས་པ་མངོན་དུ་གྱུར་པའི་ཚེ་ན། ཀློང་ཆེན་རབ་འབྱམས་ལས། མི་སྣང་རྒྱུན་གྱི་ཆོས་སྐུ་དང་། །སྣང་བ་གཟུགས་སྐུའི་ཐུགས་རྗེ་ཡང་། །རྒྱུན་ཆད་མེད་པར་འབྱུང་བའི་ཕྱིར། །ནམ་མཁའི་ཀློང་ནས་ཆོ་འཕྲུལ་བཞིན། །ཞེས་གསུངས་པ་ལྟར་ཆོས་སྐུའི་དགོངས་པ་ལས་མ་གཡོས་བཞིན་དུ་དེའི་རྩལ་སྣང་ལོངས་སྐུ་དང་སྤྲུལ་སྐུའི་རོལ་པ་ཚད་མེད་པ་རྒྱ་མཚོ་ཆེན་པོ་ལ་གཟའ་སྐར་བཀྲ་བ་བཞིན་དུ་འགག་མེད་དུ་འཆར་ཞིང་འགྲོ་བའི་དོན་རྟག་ཁྱབ་ལྷུན་གྲུབ་ཆེན་པོའི་ཚུལ་དུ་མཛད་ན་ཡང་། རྣམ་རྟོག་གི་སྤྲོས་པ་དང་བྱ་བྱེད་རྩོལ་བ་མེད་པར་མི་རྟོག་མཉམ་པ་ཆེན་པོའི་ངང་ལས་རྩོལ་མེད་དུ་ཤར་བས་ནམ་མཁའི་མཐའ་ལྟར་རྒྱ་ཆེ་ཞིང་ཡངས་པ་སྟེ། དེ་ཡང་མ་དག་པའི་ཆོས་ཞིག་སྤངས་ནས་གདོད་དག་པ་མངོན་དུ་ཐོབ་པ་ལྟ་བུ་མིན་པར་ཆོས་འདི་དག་ཐམས་ཅད་གདོད་ནས་ཀུན་ཏུ་བཟང་པོའི་ངོ་བོར་སངས་རྒྱས་པས་སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པར་གནས་པ་ལ་སྐྱེ་ཞིང་འབྱུང་བ་དང་འཕོ་ཞིང་འགྱུར་བའི་ཆོས་སུ་གྲུབ་པ་མེད་པར་ཡེ་ནས་སངས་རྒྱས་པའི་དོན་དེ་རྣལ་འབྱོར་བས་མངོན་དུ་རྟོགས་པ་ཙམ་སྟེ། རྩེ་མོ་བྱུང་རྒྱལ་ལས། སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ། །རང་གི་སེམས་ཉིད་སངས་རྒྱས་མངོན་སུམ་ན། །གཞན་ནས་བསྒྲུབ་པའི་རྒྱལ་བ་རྡུལ་ཙམ་མེད། །འགྲོ་བ་སྐལ་ལྡན་རྣམས་ཀྱི་དོན་ཙམ་དུ། །བསྒོམ་ཞིང་བསྒྲུབ་པའི་ཐ་སྙད་ལུང་དུ་བསྟན། །དེ་ལྟ་བས་ན་མི་འགྲུབ་གང་ཡང་མེད། །དེ་ལྟ་དེ་བཞིན་ཆོས་ཀྱི་དབྱིངས་རིག་ན། །མ་རིག་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེ། །སྙིང་རྗེ་སྐྱེས་ནས་སྒྱུ་མའི་ཏིང་འཛིན་གྱིས། །འགྲོ་དོན་ཐབས་ལ་སྤྱོད་པ་སྣ་ཚོགས་སྟོན། །བདག་དང་གཞན་དུ་རྟོག་པ་མེད་པའི་ཕྱིར། །ཡེ་ནས་གཉིས་མེད་དོན་གཅིག་ཆོས་ཀྱི་སྐུ། །ཆོས་སྐུ་སྐྱེ་མེད་རྟོགས་ནས་འགྲོ་དོན་དུ། །སྐྱེ་བའི་ཆོ་འཕྲུལ་ཡང་ནས་ཡང་དུ་བསྟན། །མཛད་པ་བཅུ་གཉིས་འགྲོ་དོན་མཐར་ཕྱིན་པ། །ཅིར་ཡང་འགྱུར་བའི་གཟུགས་ཅན་སྤྲུལ་པའི་སྐུ། །ཐུགས་རྗེ་ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་གསལ། །ཐུགས་རྗེའི་སྤྲུལ་པས་གདུལ་བྱ་ཀུན་འདུལ་པས། །སྒྱུ་མའི་བློ་ལྡན་རློམ་སེམས་རྡུལ་ཙམ་མེད། །ཅེས་གསུངས་པ་བཞིན་ནོ། །གསུམ་པ་དོན་བསྡུ་བ་ལ་བཞི་སྟེ། ཐེག་བརྒྱད་ཀྱི་རང་བཞིན་སྤང་བླང་དུ་བསྟན་པ། རྫོགས་ཆེན་རོ་གཅིག་ཏུ་རྟོགས་པ་ལ་དགེ་སྡིག་ཆོས་ཉིད་དུ་འཆར་ཚུལ། དྲན་བསམ་སྐྱེ་མེད་དུ་སྒོམ་པས་རྣལ་དོན་ཆོས་ཉིད་དུ་མི་མཐོང་བ། སེམས་ཉིད་ཆོས་སྐུ་ཡིན་པས་ཀུན་ལ་ཁྱབ་ཀྱང་མ་རྟོགས་པ་ཉིད་རྫོགས་ཆེན་སྤྱོད་པའི་རྣལ་འབྱོར་པ་ལ་མངོན་སུམ་དུ་སྣང་ཚུལ་ལོ། །དང་པོ་ནི། འདི་ལྟར་སེམས་ཅན་རྣམས་ཡེ་ནས་འཁྲུལ་མ་མྱོང་པར་སྙིང་པོ་བྱང་ཆུབ་ཀྱི་ཀློང་དུ་སངས་རྒྱས་པ་ཡིན་པ་ལ། ཕྱི་ནང་སྣང་སྲིད་ཀྱི་ཆོས་འདི་དག་ས་བོན་མྱུ་གུ་ལ་སོགས་པ་རྒྱུ་དང་འབྲེལ་བ་དྲུག་དང་ས་ཆུ་མེ་རླུང་ལ་སོགས་པ་རྐྱེན་དང་འབྲེལ་བ་དྲུག་སྟེ་ཕྱིའི་རྟེན་འབྲེལ་བཅུ་གཉིས་དང་མ་རིག་པ་ནས་རྒ་ཤིའི་བར་གྱི་ནང་གི་རྒྱུ་རྐྱེན་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་ཡེ་དབང་གིས་འཁྲུལ་བ་སྣང་ཚུལ་དང་། དེ་ཉིད་ལྡོག་པའི་ཕྱིར་དུ་ཐེག་པ་བརྒྱད་ཀྱི་ཆོས་བསྟན་པ་ཐམས་ཅད་རྩོལ་མེད་ཡེ་གྲོལ་གྱི་གཤིས་ལུགས་སྙིང་པོ་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་དང་བྲལ་བ་ཁོང་དུ་མི་ཆུད་པར་དེ་ལྟ་མ་ཡིན་ནོ་ཞེས་སྐུར་པས་སྤོང་བར་བྱེད་པ་དང་བརྟགས་པས་སྒྲོ་འདོགས་པ་རྣམས་ཀྱི་ཆེད་དུ་རྒྱུ་འབྲས་སྤང་བླང་ཅན་དུ་བཤད་པ་ཡིན་པས། དེ་ལྟ་བུའི་གདུལ་བྱ་འཁྲུལ་པ་ཅན་རྣམས་ཀྱི་དོན་དུ་ལམ་ལ་རིམ་གྱིས་འཇུག་པའི་སྒོ་ཙམ་དུ་བསྟན་པ་ལས་རང་རིག་པ་བྱང་ཆུབ་ཀྱི་སྙིང་པོ་ནི་རྒྱུ་རྐྱེན་རྩོལ་བསྒྲུབ་ལ་ལྟོས་པ་མེད་པར་གཞི་རྫོགས་འཕོ་འགྱུར་བྲལ་བའི་རང་བཞིན་དུ་རྫོགས་ཆེན་གྱི་གཞུང་ནས་ཇི་ལྟར་བསྟན་པ་ལྟར་ཡང་རབ་ཨ་ཏིའི་སྐལ་བ་དང་ལྡན་པའི་མཁས་པ་དོན་གྱི་གནས་ལུགས་མཐར་ཐུག་པ་རྟོགས་པར་ནུས་པའི་བློ་གྲོས་དང་ལྡན་པས་དེ་ཇི་ལྟ་བ་བཞིན་དུ་ཤེས་པར་གྱིས་ཤིག་ཅེས་པ་སྟེ། ཁྱུང་ཆེན་ལས། འཁྲུལ་པ་རྣམས་ཀྱི་སྒོ་ཙམ་ཉིད་དུ་ནི། །ཚིག་དང་ཡི་གེར་སྟོན་པས་བཤད་པ་ཡིན། །རང་རིག་བྱང་ཆུབ་སྙིང་པོ་ཆོས་ཀྱི་དབྱིངས། །ཆོས་དབྱིངས་གཞན་ནས་མི་རྙེད་དེ་བཞིན་ཉིད། །མཁས་པ་རྣམས་ཀྱིས་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་སོ། །དེས་ན་འདི་ལྟར་འགྲོ་བ་རྒྱུད་དྲུག་ཏུ་སྐྱེ་ཤིའི་ཁ་བརྒྱུད་ཅིང་འཁྲུལ་སྣང་གི་དུཿཁ་ལ་སྤྱོད་པ་ལྟར་སྣང་བའི་འགྲོ་བ་མ་ལུས་པ་ཡང་དང་པོའི་ལམ་དུ་སྟེ་དང་པོར་གང་ལས་སྣང་བའི་གཞི་ཆོས་ཉིད་འགྱུར་བ་མེད་པའི་ངང་ལས་སྐད་ཅིག་ཀྱང་གཡོ་མ་མྱོང་བར་ཤེས་པར་བྱ་བ་ནི་གནས་ལུགས་མཐར་ཐུག་པ་རྫོགས་པ་ཆེན་པོའི་དགོངས་པ་མ་ནོར་བ་ཡིན་མོད། འོན་ཀྱང་དེ་ལྟར་མ་རྟོགས་པར་འདོད་པའི་ཡུལ་ལྔ་ལ་ཆགས་སྡང་རང་མཚན་པར་སྤྱོད་པའི་འགྲོ་བ་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེས་ཐུགས་རྒྱུད་བརླན་པའི་རྒྱལ་བ་ཐབས་ལ་མཁས་པས་གདུལ་བྱའི་བློ་དང་འཚམས་པར་ཐེག་པ་རིམ་གྱིས་མ་བསྟན་ན། དབང་པོ་དམན་པའི་རིགས་ཅན་རྣམས་ཀྱིས་དང་པོ་ནས་རྫོགས་ཆེན་བྱར་མེད་ཀྱི་དོན་རྟོགས་དཀའ་བ་ལ་དགོངས་ནས་གདུལ་བྱ་རང་རང་ཐེག་པ་གང་དུ་དགའ་བར་སྟེ་མོས་པ་དང་མཐུན་པར་བྱང་ཆུབ་ཀྱི་ལམ་ལ་སྤྱོད་པའི་ཚུལ་སྟོན་པའི་ཐེག་པ་འོག་མ་ཐམས་ཅད་རྫོགས་པ་ཆེན་པོའི་ལམ་སྟེགས་མིན་པ་མེད་ལ། སྤང་བླང་དང་བཅས་པའི་ལམ་དེ་དག་གིས་བྱར་མེད་ཡེ་བབ་སོར་བཞག་གི་དོན་དངོས་སུ་རྟོགས་པར་མི་ནུས་པས་ན་མཐར་ཐུག་མཐར་ཐུག་རྫོགས་ཆེན་ལ་འཇུག་པར་བྱ་དགོས་ཏེ། འཕགས་ལམ་བཀོད་པའི་རྒྱུད་ལས། གནས་ལུགས་དེ་ནི་འདུས་མ་བྱས། །འབྲས་བུ་སྐུ་གསུམ་མཐའ་རུ་ཐུག །རྒྱུ་འབྲས་གཉིས་ལ་མི་ལྟོས་དང་། །བྱས་པའི་ཆོས་ཀྱི་སངས་མི་རྒྱ། །ཡེ་ནས་གནས་པའི་དོན་རྟོགས་ན། །མ་བྱས་ཆོས་ཀྱི་སངས་རྒྱས་དང་། །ཅིག་ཆར་འཇུག་པའི་ལམ་ཡིན་པས། །ངེས་དོན་ཕྱིན་ཅི་མ་ལོག་པའོ། །ཞེས་པ་ལྟར་རོ། །གཉིས་པ་ནི། དེས་ན་རྫོགས་པ་ཆེན་པོའི་དགོངས་དོན་ཇི་བཞིན་པ་ཆོས་ཐམས་ཅད་རང་བྱུང་རིག་པའི་ངང་དུ་གཉིས་མེད་རོ་གཅིག་ཏུ་རྟོགས་པའི་ཚེ་ན་རྒྱུ་འབྲས་བླང་དོར་གང་ལའང་ལྟོས་པ་མེད་དེ། འདི་ལྟར་སེམས་ཅན་སྟོང་ཕྲག་མང་པོའི་སྲོག་གཅོད་པར་བྱེད་པ་ཤན་པའི་ལས་བྱེད་པ་དང་། འདོད་ལོག་གི་ལས་ལ་རྟག་ཏུ་ཞུགས་པ་སྨད་འཚོང་གི་ལས་བྱེད་པ་དང་། ཕ་མ་གསོད་པ་སོགས་མཚམས་མེད་པ་ལྔ་དང་ཉེ་བའི་མཚམས་མེད་པ་ལྔ་ལ་སོགས་ཤིན་ཏུ་ལྕི་བའི་ལས་བཅས་པ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་འཇིག་རྟེན་དཀར་ཕྱོགས་རྣམས་དང་ཐེག་པ་འོག་མ་པ་རྣམས་ཀྱིས་སྤོང་བར་བྱེད་པའི་ལོག་སྤྱོད་མི་དགེ་བའི་ལས་རྣམས་ཀྱང་དོན་ལ་མིང་ཙམ་ཡང་མ་གྲུབ་པར་རིག་སྟོང་འགྱུར་བ་མེད་པ་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་གཉིས་མེད་ཡེ་ཤེས་ཆེན་པོའི་ངོ་བོར་ཡོངས་སུ་རྫོགས་པ་ཡིན་ཏེ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ད་ཡང་འདུས་པའི་སྙིང་པོ་ཉོན། །ངོ་བོ་ཉིད་ཀྱི་སྐུ་ཤེས་པས། །མི་ལེན་མི་སྤང་ཡེ་མཉམ་ཕྱིར། །རེ་དོགས་མེད་པས་རང་བྱུང་སྐུ། །དེ་ཕྱིར་ཀུན་བཟང་གདལ་བ་ལ། །གང་ཡང་མི་འགག་རོལ་པར་ཤར། །སྲོག་གཅོད་མ་བྱིན་ལེན་པ་དང་། །མི་ཚངས་སྤྱོད་དང་རྫུན་ཏུ་སྨྲ། །མཚམས་མེད་ལ་སོགས་སྡིག་བྱས་ཀྱང་། །ཉེས་པར་མི་འགྱུར་དཔལ་དུ་ཆེ། །སྟོང་གསུམ་མ་ལུས་ཚིག་གྱུར་ཀྱང་། །ནམ་མཁའ་མེ་ཆུས་མི་ཚུགས་འདྲ། །ཞེས་གསུངས་པ་དེ་ལྟ་བུའི་ཕྱིར་ན་ལས་ཉོན་རྣམ་རྟོག་གི་བདུད་ཐམས་ཅད་འཇོམ་པར་བྱེད་པ་ཆོས་ཉིད་ཀྱི་རྩིས་ཐེབ་པས་ཡེ་ནས་རྣམ་པར་དག་པ་འགྱུར་བའི་ཟུག་རྔུ་གང་ཡང་མེད་པས་བདེ་བ་ཆེ་བའམ་ཆེན་པོ་རང་བྱུང་ཟག་པ་མེད་པའི་ཡེ་ཤེས་ལས་གཞན་དུ་གྱུར་པ་རྡུལ་ཙམ་ཡང་མེད་པས་དགེ་སྡིག་ཐམས་ཅད་ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་དུ་ལ་བཟླ་བར་བྱེད་པ་ཉིད་དོ། །ཁྱུང་ཆེན་ལས། ཕྱི་དང་ནང་མེད་ཡེ་ཤེས་ཡངས་པའི་མཁའ། །དུས་གསུམ་དུས་མེད་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་དག་པ་ཡིན། །ལྟ་བས་བལྟར་མེད་ལྟ་བའི་ཚིག་ལས་འདས། །ཡིད་ཀྱིས་འཇོག་མེད་སྒོམ་པ་ཆེན་པོའི་ཀློང་། །གདོད་ནས་དག་པའི་བདུད་རྩི་དེ་ལྟར་གནས། །རྣམ་རྟོག་འཁོར་བ་བཅད་པ་དེ་ཡི་ལས། །རྒྱུ་འབྲས་རོ་གཅིག་མཉམ་གནས་མཆོག་ཏུ་གནས། །གང་ལའང་མི་གནས་བྱང་ཆུབ་སེམས་ལ་གནས། །རྒྱུ་དང་རྐྱེན་ལས་མ་བྱུང་སྐྱེ་ཤི་མེད། །རང་བཞིན་འོད་གསལ་བདུད་རྩི་ཆེན་པོ་འདི། །སུ་ཡིས་རྟོགས་པས་དངོས་གྲུབ་ཆེན་པོར་གསུངས། །ཞེས་དང་། མདོ་བཅུ་ལས། ཤན་པ་སྨད་འཚོང་མཚམས་མེད་བྱེད་པ་དེ། །འཇིག་རྟེན་ཁ་ན་མ་ཐོ་སྤངས་པ་ཡིན། །དེ་ཉིད་ཡོངས་སུ་རྫོགས་པའི་བདུད་རྩི་སྟེ། །བདེ་བ་ཆེན་པོ་ཉིད་དང་དབྱེར་མེད་ཕྱིར་། །རྣམ་པར་མི་རྟོག་སྙིང་པོ་ཞེས་ཀྱང་བྱ། །ཞེས་གསུངས་ལ། དེ་ཉིད་ཐེག་པ་དམན་པའི་རིགས་ཅན་རྣམས་ཀྱིས་ཤིན་ཏུ་རྟོགས་པར་དཀའ་བས་གསང་བ་མཆོག་གི་དམ་ཚིག་ཏུ་བསྟན་པ་དང་སྐལ་ལྡན་རྣམས་ལ་མི་འདོར་བར་གདམས་པ་ཡང་། སྔ་མ་ལས། བསམ་གཏན་བརྗོད་མེད་མཆོག་གི་བདུད་རྩི་འདི། །ཕལ་གྱིས་མི་ཐོབ་རིས་སུ་ཆད་མེད་དོ། །རྣམ་པ་ཅན་ལ་ཤིན་ཏུ་གསང་བར་འགྱུར། །བལྟ་ཡང་མི་དགོས་ལྟ་བ་མཆོག་ཏུ་གྲགས། །ཅི་སྤྱོད་མི་རྟོག་སྐྱེ་བ་འདི་ཡི་དོན། །ཉམ་ང་སྐྱོན་གྱིས་མི་སྒྲིབ་འདི་ཡི་ལམ། །གཙང་སྨེའི་བློ་རྟོག་བོར་ནས་དོན་ལ་བསྙེགས། །མ་སྲིང་ཀུན་སྦྱོར་མཚམས་མེད་ཀུན་སྤྱོད་ཅིང་། །ཆ་ཤེས་ཕྲ་བའང་མ་རིག་ཉན་ཐོས་ནི། །ཤིན་ཏུ་གསང་བ་འདི་ནི་དམ་ཚིག་མཆོག །ཆུ་སྲིན་རྫས་འཛིན་ཚུལ་དུ་མི་གཏོང་ན། །ཁྱད་པར་གྱུར་པའི་བདུད་རྩི་མཆོག་ཉིད་གྲུབ། །ཅེས་གསུངས་སོ། །གསུམ་པ་ནི། གོང་དུ་བསྟན་པའི་སྤྱོད་པ་དེ་དག་ལས་གཞན་ཡང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་ཆོས་ཉིད་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་གཞན་དུ་མེད་པའི་རྒྱུ་མཚན་དེ་བས་ན་ཆོས་ཐམས་ཅད་ཀྱིི་རང་བཞིན་བྱང་ཆུབ་སེམས་ཀྱི་ངོ་བོ་གདོད་ནས་སྐྱེ་བ་མེད་པ་དེ་ཡི་རང་བཞིན་དུ་གྲུབ་ཟིན་པ་ཡིན་པས། ད་ཆོས་ཉིད་སྐྱེ་བ་མེད་པའི་དོན་དེ་བསྒོམ་བསྒྲུབ་རྩོལ་བའི་ཐབས་ཀྱིས་ཆོས་ཉིད་ཡེ་ནས་རང་ལ་གནས་པའི་དོན་གཞན་ནས་བཙལ་བ་དང་རྟོགས་སུ་རེ་བ་ནི་དཔེར་ན་ནམ་མཁས་མ་ཁྱབ་པ་གང་ཡང་མེད་པས་རང་ཉིད་ཀྱང་ནམ་མཁའི་ཀློང་ན་གནས་བཞིན་དུ་ནམ་མཁའ་གཞན་དུ་བཙལ་བ་དང་འདྲ་ལ། རྒྱུ་རྐྱེན་རྩོལ་སྒྲུབ་ལ་སོགས་པ་གཞན་ལ་ལྟོས་པའི་སྒོ་ནས་ལས་ཉོན་མ་རིག་པའི་བསྒྲིབ་པ་བསལ་ནས་ཆོས་ཉིད་བདེ་བ་ཆེན་པོ་གསར་དུ་ཐོབ་པར་འདོད་པ་ནི་མེ་ཡིས་མེ་གསོད་པར་འདོད་པ་དང་འདྲ་སྟེ་གྲུབ་འབྲས་ཐོབ་པ་མེད་པས་ཤིན་ཏུ་དཀའ་བའི་ལས་ལ་བརྩོན་པར་བྱེད་པའོ། །བཞི་པ་ནི། འདི་ལྟར་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་ཐ་མལ་གྱི་ཤེས་པ་སྤུ་མ་བརྗེས་མདོག་མ་བསྒྱུར་བ་འདི་ཀ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པས་འདི་ཉིད་སེམས་ཅན་ཡོངས་ཀྱི་རྒྱུད་ལ་སྦས་ཤིང་གབ་པ་མེད་ཀྱང་རང་གསང་ཐབས་ཀྱིས་ཆོད་ནས་མ་རྟོགས་པ་ཉིད། རྫོགས་པ་ཆེན་པོའི་དོན་ལ་ཐེ་ཚོམ་དང་བྲལ་བའི་རྣལ་འབྱོར་པ་གང་གིས་ཅི་ཡང་མི་ལེན་གང་ཡང་མི་སྤོང་བར་རེ་དོགས་རྩོལ་སྒྲུབ་དང་བྲལ་བར་གནས་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་མ་ནོར་བ་ཡིན་པས། དེ་ལྟ་བུའི་སྐལ་པ་དང་ལྡན་པ་རྣམས་ལ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་སྐུ་རང་གནས་ཀྱི་དགོངས་པ་དུས་དང་རྣམ་པ་ཀུན་ཏུ་རང་བཞིན་གསལ་འགྲིབ་མེད་པར་རྟག་ཏུ་གནས་པ་ཡིན་ཏེ། ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། རིན་ཆེན་གླིང་དང་ཉི་མ་ལྟར། །རང་གསལ་འགག་མེད་རྟོག་དང་བྲལ། །འཁོར་བའི་གནས་ཉིད་ཡེ་སངས་རྒྱས། །རང་སེམས་རིག་པ་གང་སྣང་བ། །བསམ་པ་ཅི་འགྱུས་ཡེ་ཤེས་དང་། །ལྷུན་གྲུབ་གཞི་འཛིན་རིག་པ་ལ། །སེམས་ཅན་ཆོས་ཉིད་གང་ཡང་མེད། །དབུས་དང་མཐའ་བྲལ་དཀྱིལ་དུ་རྫོགས། །རྟག་པ་མ་ཡིན་ཆད་མཐའ་མིན། །མི་རྟག་མ་ཡིན་བདག་མཐའ་མེད། །ཤེས་པ་མི་འགག་འདོད་པ་མིན། །བྱ་བྱེད་མེད་ཅིང་རྩོལ་སེམས་དག །བགྲོད་མེད་རྩོལ་བྲལ་རིག་པའི་ཀློང་། །ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱ་མེད་རྫོགས་པའི་ལུང་བཅུ་ལས་མི་གནས་ཡུལ་མེད་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའི་འགྲེལ་པའོ།། ༈ །།དོན་གསུམ་པ་སེམས་ཉིད་བྱ་བཙལ་མེད་པར་བལྟ་བའི་ཡུལ་ལས་འདས་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་ལེའུ་ཉེར་གསུམ་པ་ལ་གཉིས་ཏེ། བསྟན་པ་དང་བཤད་པའོ། །དང་པོ་ནི། དེ་ལྟར་རྒྱུ་འབྲས་བྱ་རྩོལ་ལས་འདས་པ་ཡེ་རྫོགས་ལྷུན་གྱིས་གྲུབ་པའི་རང་བཞིན་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སེམས་ལས་ཤར་བའི་ཕྱི་ནང་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟོག་མེད་མཉམ་པ་ཆེན་པོ་ཡུལ་མེད་ནམ་མཁའ་ལྟ་བུའི་རང་བཞིན་ཡིན་ཕྱིར་ལྟ་བ་ཡུལ་མེད་ཀྱི་ལུང་འདི་གསུངས་སོ། །གཉིས་པ་ལ་བཞི་སྟེ། སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ཡིན་པས་བརྟགས་ན་ཡུལ་མེད་ནམ་མཁའ་ལྟར་གནས་པ། ཡུལ་ལྔར་སྣང་དུས་རང་གསལ་རྟོག་པ་མེད་པས་ཡུལ་མེད་ནམ་མཁའ་ལྟར་གནས་པ། ཚིག་དང་ཡི་གེར་བསྟན་པ་ཐམས་ཅད་ཀྱང་སེམས་ཡིན་པས་ཡུལ་མེད་ནམ་མཁའ་ལྟར་གནས་པ། རྣལ་དོན་སྨྲ་བསམ་བརྗོད་དུ་མེད་པས་ནམ་མཁའི་དགོངས་པར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཇི་ལྟར་སྣང་བའི་ཆོས་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པ་འདི་རྣམས་ནི་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་རྩལ་ལས་ཤར་བའི་ཆོ་འཕྲུལ་ཙམ་ལས་དོན་ལ་ཅིར་ཡང་གྲུབ་པ་མེད་པ་གཞི་མེད་རྩ་བྲལ་ཆེན་པོའི་རང་བཞིན་ཡིན་པས་དེ་ལ་བལྟ་བའི་ཡུལ་ཞིག་མ་མཆིས་པའི་ཕྱིར་སེམས་ཀྱིས་གང་དུ་ཡང་རྟོག་པར་མི་བྱ་ལ། དེ་ལྟར་འཁོར་འདས་བཟང་ངན་བདེ་སྡུག་ལ་སོགས་པ་ཐམས་ཅད་དོན་ལ་མེད་བཞིན་སེམས་ཀྱིས་བརྟགས་པ་ཙམ་ཡིན་པའི་ཕྱིར། སེམས་ཀྱིས་ཅིར་ཡང་རྣམ་པར་མི་རྟོག་པར་འཛིན་ཞེན་ཐམས་ཅད་དང་བྲལ་བར་རང་བབ་ལ་བཞག་ན་ཆོས་དེ་དག་ཐམས་ཅད་བདག་གཞན་དང་འཁོར་འདས་སྐྱོན་ཡོན་སོགས་ཀྱི་དབྱེ་བ་མེད་པས་ན་ཆོས་ཉིད་མཉམ་པ་ཉིད་ཀྱི་རང་བཞིན་ནམ་མཁའ་ལྟ་བུ་ཡིན་ལ། དེས་ན་དེ་ལྟ་བུའི་ཆོས་ཉིད་དེ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་ཆོས་ཉིད་ཡེ་སྟོང་ཆེན་པོ་སྟོང་གསལ་ནམ་མཁའི་དབྱིངས་ལྟ་བུའི་དགོངས་པ་ལ་གནས་པ་སྟེ་རེ་དོགས་སྤང་བླང་གི་རྟོག་པ་གང་ཡང་མེད་པ་ཡིན་པས་ཀློང་ཆེན་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་ཞེས་བྱ་བ་ནི་དེ་ལྟ་བུ་ལ་འདོགས་པར་བྱའོ་ཞེས་པ་སྟེ། དེ་ཉིད་ལས། རིག་པ་མཐའ་བྲལ་སྟོང་པ་ཉིད། །འོད་གསལ་ནམ་མཁའི་རང་བཞིན་འདྲ། །གཟུང་འཛིན་མེད་པས་མཉམ་པའི་ངང་། །རོལ་པའི་ཆོ་འཕྲུལ་ཅིར་ཡང་སྟོན། །ཆོ་འཕྲུལ་བསྟན་ཡང་རང་རྒྱུད་བྲལ། །རིག་པ་སྒྱུ་མ་ཆུ་ཟླ་འདྲ། །ཀུན་ཏུ་འཆར་ཞིང་ལྷུན་གྱིས་གྲུབ། །འདི་ཡིན་འདི་མིན་ཐ་སྙད་བྲལ། །རིག་པ་མ་བསླད་དྲི་མ་བྲལ། །ནམ་མཁའ་ལྟ་བུའི་རིག་པ་ལ། །ནམ་མཁའི་དབྱིངས་ལྟར་བསམ་དང་བྲལ། །བསམ་མེད་བློ་བདེ་ནམ་མཁའ་བཞིན། །རང་བྱུང་ཡེ་ཤེས་བསམ་དང་བྲལ། །མི་སྐྱེ་མི་འགག་ཅིར་མི་གནས། །རིག་པའི་རྒྱལ་པོ་བལྟ་བ་ཡིིན། །བལྟར་མེད་ཡེངས་མེད་བལྟ་བ་ཡིན། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། འདི་ལྟར་མིག་རྣ་ལ་སོགས་པའི་དབང་པོ་ལྔ་ལ་སྣང་བ་ཡི་ཡུལ་གཟུགས་སྒྲ་ལ་སོགས་པའི་ཡུལ་སྣང་རྣམས་ཀྱང་རིག་པའི་རྩལ་མ་འགགས་པར་ཤར་བ་ཙམ་ལས་གང་ཡང་གྲུབ་པ་མེད་པས་ཡུལ་མེད་རང་གསལ་གྱི་སྣང་བ་གཞི་མེད་སྟོང་གཟུགས་ཀྱི་རོལ་པ་དྷ་དུ་རའི་སྣང་བ་ལྟ་བུ་ཡིན་པས། དེ་ལ་འཛིན་ཞེན་གྱིས་བཟང་ངན་བླང་དོར་ལ་སོགས་པ་གང་དུའང་མི་རྟོག་ཅིང་སྤོང་འགོག་སྦྱོང་བསྒྱུར་ཅི་ཡང་མི་བྱེད་པར་རང་བབས་ལ་བཞག་པས་གཏད་མེད་རྒྱ་གྲོལ་ལ་སོང་བ་དེ་ཡང་ཆོས་ཉིད་ནམ་མཁའི་དགོངས་པ་ལ་གནས་པ་ཡིན་པས་རྫོགས་ཆེན་ཨ་ཏིའི་རྣལ་འབྱོར་པ་རྣམས་ཀྱིས་དེ་བཞིན་ཉིད་དུ་གནས་པར་བྱས་ན་ཕྱི་ནང་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ཡུལ་མེད་ཟང་ཐལ་དུ་དེངས་ཏེ་ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པར་གསུངས་ཏེ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། གཞི་བཞག་མི་གཡོ་མཉམ་པའི་དགོངས་པ་ལ། །ཕྱི་དང་ནང་མེད་གཟུང་འཛིན་སྤྲོས་དང་བྲལ། །ཡུལ་ཞེས་གཞན་དུ་ཞེན་པའི་སེམས་མེད་པས། །གཟུང་བའི་ཆོས་མེད་སྣོད་བཅུད་སྣང་ཞེན་བྲལ། །འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ། །རང་ཞེས་སེམས་ལ་ནང་དུ་མི་རྟོག་པས། །འཛིན་པའི་ཆོས་མེད་སྲིད་པའི་ཀུན་རྟོག་ཞི། །འཁོར་བར་སྐྱེ་བའི་མཁན་པོ་རྩད་ནས་ཆོད། །དེ་ཚེ་མཁའ་འདྲ་ཕྱིི་ནང་འཁྲུལ་པའི་ཆོས། །གང་ཡང་མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན། །ཅེས་གསུངས་སོ། །གསུམ་པ་ནི། འདི་ལྟར་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པ་རྣམས་ཀྱིས་གདུལ་བྱ་སེམས་ཅན་རྣམས་ལ་ཆོས་སྒོ་ཇི་སྙེད་གསུངས་པ་ཐམས་ཅད་ཆོས་ཉིད་ནམ་མཁའ་ལྟ་བུའི་དོན་མཚོན་བྱེད་དུ་བསྟན་པ་ཡིན་པས། དཔེར་ན་འཛུབ་མོའི་ཟླ་བ་མཚོན་པ་ལྟར་དང་པོར་བརྗོད་བྱེད་ཀྱི་ཚིག་དང་ཡི་གེའི་དོན་ལ་བརྟགས་ཤིང་དཔྱད་པས་ཆོས་ཉིད་ཇི་བཞིན་པའི་ངོ་བོ་ཚིག་ཡིག་སྟེ་ཚིག་དང་ཡི་གེའི་དོན་ལ་བརྟགས་སུ་མེད་པར་སྨྲ་བསམ་བརྗོད་པ་དང་བྲལ་བའི་རང་བཞིན་མཐོང་བའམ་རྟོགས་པས་ཟླ་བ་དངོས་སུ་མཐོང་ཟིན་ནས་འཛུབ་མོ་ལ་ལྟོས་པ་མེད་པར་ལྟར་ཚིག་དང་ཡི་གེའི་མཐའ་ལ་མི་གནས་པར་རྟོག་མེད་མཉམ་པ་ཆེན་པོ་ཆོས་ཉིད་དེ་བཞིན་ཉིད་དུ་བཅོས་བསྒྱུར་སྤོང་བླང་མེད་པར་གནས་པ་དེ་ཡང་ཀུན་བྱེད་ཆོས་སྐུའི་ཐུགས་ཀློང་ཆོས་ཉིད་ནམ་མཁའི་དགོངས་པ་ལ་གནས་པ་ཡིན་ནོ། །དེ་ལྟར་ཡང་རུ་སྦལ་རྩ་རྒྱུད་ལས། མ་བརྟགས་ཇི་བཞིན་གནས་པ་དེ་བཞིན་ཉིད། །མི་རྟོག་མི་བརྟགས་བརྟགས་པའི་ཡུལ་ལས་འདས། ། བརྟགས་མེད་ཡུལ་ལས་འདས་པ་མཁའ་གསལ་ནམ་མཁའི་ཀློང་། །ནམ་མཁའི་ཀློང་ནི་ཡེ་ནས་དེ་བཞིན་ཉིད། །བརྟགས་པས་དངོས་པོ་དབྱིབས་དང་ཁ་དོག་སྟེ། །འདི་ལ་དབྱིབས་དང་ཁ་དོག་མ་གྲུབ་དངོས་མེད་ནམ་མཁའི་ཀློང་། །ཅིར་ཡང་བསྒྱུར་དུ་མེད་པ་དེ་བཞིན་ཉིད། །དེ་བཞིན་ཉིད་ནི་མཚོན་པ་ཡོངས་དང་བྲལ། །འཛུབ་ཁྲིད་ཟླ་བ་ལྟ་བུར་བསྟན་པ་དེ། །དེ་བསྟན་ཟླ་འཛུབ་མི་གཅིག་ཐག་རིང་འགྱུར། །དེ་བཞིན་དེ་དང་དེ་གཉིས་ཐག་རིང་ཡང་། །ཇི་བཞིན་པ་ཉིད་ངེས་པར་རང་ལ་འཆར། །དེ་བཞིན་རྟོགས་པ་སངས་རྒྱས་ཉག་གཅིག་པ། །ཞེས་གསུངས་པ་ལྟར་རོ། །བཞི་པ་ནི། དེ་ལྟར་མདོར་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཀྱི་རྩལ་སྣང་ཙམ་ལས་གཞན་དུ་མེད་ལ། སེམས་ཀྱི་རང་བཞིན་ནི་གདོད་ནས་སྐྱེ་བ་མེད་ཅིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་སྨྲ་བསམ་བརྗོད་དུ་མེད་པར་གནས་པའི་དོན་འདི་ནི་སྲིད་ཞི་ཀུན་ལ་ཁྱབ་ཅིང་ཆོས་ཀུན་ཀློང་དུ་ཆུབ་པ་དང་ཡེ་སྟོང་འདུས་མ་བྱས་པའི་བདག་ཉིད་ཡིན་པས་ནམ་མཁའ་བཞིན་དུ་ཡེ་ནས་གནས་སོ། །དེ་ལྟ་བུའི་ཆོས་ཉིད་མཉམ་པ་ཆེན་པོ་ནམ་མཁའ་ལྟ་བུའི་ངོ་བོ་ཇི་བཞིན་པ་ལ་བླང་དོར་བཅོས་བསྒྱུར་གང་ཡང་མི་བྱེད་པར་དེ་བཞིན་ཉིད་དུ་འཇོག་པར་བྱེད་པ་ནི་ནམ་མཁའ་ལྟ་བུའི་དགོངས་པ་ལ་གནས་པའི་རྣལ་འབྱོར་བ་ཡིན་ནོ་ཞེས་གསུངས་སོ། །བང་མཛོད་འཕྲུལ་ལྡེ་ལས། བསམ་དུ་མེད་པའི་ཆོས་ཉིད་ནི། །ཀུན་ལ་ཁྱབ་པའི་བདག་ཉིད་དུ། །ནམ་མཁའ་བཞིན་དུ་ཡེ་གནས་པ། །དེ་བཞིན་ནམ་མཁའི་དགོངས་པར་བཤད། །ཇི་བཞིན་པ་ཡི་ཆོས་ཉིད་ལ། །མ་བཅོས་པ་ཡི་བློ་བཞག་སྟེ། །མི་གཡོ་མཉམ་པའི་སེམས་གནས་པ། །དེ་བཞིན་ནམ་མཁའི་དགོངས་པར་བཤད། །ཅེས་གསུངས་པ་བཞིན་ནོ། །ལེའུའི་མཚན་ནི། བྱ་མེད་རྫོགས་པ་ལས་ལྟ་བ་ཡུལ་མེད་ཀྱི་ནམ་མཁའི་དགོངས་པ་བསྟན་པའི་ལེའུ་སྟེ་རྩ་གསུམ་པའི་འགྲེལ་པའོ།། ༈ །།དོན་བཞི་པ་ཀུན་བྱེད་རྒྱལ་པོ་ཆོས་ཐམས་ཅད་ལ་ཡེ་ཁྱབ་འགྱུར་བ་མེད་པར་བཞུགས་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་ལེའུ་ཉེར་བཞི་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་རྫོགས་པ་ཆེན་པོའི་ལྟ་བ་ཡུལ་མེད་ནམ་མཁའ་ལྟ་བུའི་རང་བཞིན་དུ་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་བླང་དོར་རྩོལ་སྒྲུབ་ཀྱི་བྱ་བ་གང་ཡང་མེད་པར་སྐུ་གསུམ་དེ་བཞིན་ཉིད་དུ་ཡེ་ནས་རྫོགས་པའི་ལུང་སྐུ་གསུམ་འགྱུར་བ་མེད་པའི་དགོངས་པ་ནམ་མཁའ་ལྟ་བུའི་རང་བཞིན་ལས་ནམ་ཡང་འདའ་བ་མེད་པའི་ཕྱག་རྒྱ་བཞུགས་ཚུལ་གྱི་ལེའུ་འདི་བསྟན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རང་བཞིན་འཕོ་འགྱུར་མེད་པའི་བཞུགས་ཚུལ་མདོར་བསྟན། དེ་ཉིད་རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་ཡེ་ནས་འཁྲུལ་མ་མྱོང་བས་ན་དང་པོའི་སངས་རྒྱས་དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་དཔལ་རང་བྱུང་ཀུན་ཏུ་བཟང་པོ་སྐུ་གསུམ་འདུ་འབྲལ་མེད་པ་ཡི་རང་བཞིན་ཡིན་ལ། དེ་ཉིད་ཡེ་ནས་འཕོ་འགྱུར་མེད་པའི་རང་བཞིན་དུ་ཇི་ལྟར་བཞུགས་པའི་ཚུལ་ལམ་གནས་ཚུལ་བསྟན་པ་ནི་འདི་ལྟ་སྟེ་ཞེས་སོ། གཉིས་པ་ལ་བཞི་སྟེ། གཉིས་མེད་གདོད་ནས་དག་པའི་ངོ་བོ་ཉིད་བྱང་ཆུབ་སེམས་ཀྱི་བཞུགས་ཚུལ། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཆོས་ཀྱི་སྐུའི་བཞུགས་ཚུལ། ཡུལ་སེམས་སྣང་བ་མ་འགགས་པ་ལོངས་སྤྱོད་རྫོགས་སྐུའི་བཞུགས་ཚུལ། རིག་རྩལ་སྣ་ཚོགས་སུ་ཤར་གྲོལ་སྤྲུལ་སྐུའི་བཞུགས་ཚུལ་ལོ། །དང་པོ་ནི། དེ་ལ་རང་བྱུང་རིག་པའི་ཡེ་ཤེས་ཆོས་སྐུ་ཀུན་བྱེད་རྒྱལ་པོ་དེ་ཉིད་གཞི་དབྱིངས་འཕོ་འགྱུར་བྲལ་བ་རིག་པ་བྱང་ཆུབ་སེམས་སུ་བཞུགས་ཙམ་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ཀུན་གྱི་འབྱུང་གནས་སུ་གྱུར་པས་ཀུན་གྱི་སྙིང་པོར་བཞུགས་པ་སྟེ། དེ་ཉིད་ལས། བྱང་ཆུབ་སེམས་སུ་བཞུགས་ཙམ་ན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །མི་སྣང་བ་ལ་མངོན་དུ་འབྱིན་ནུས་པས། །ཆོས་རྣམས་ཀུན་གྱི་སྙིང་པོར་བཞུགས། །ཞེས་སོ། །དེ་ལྟ་བུའི་སྙིང་པོ་བྱང་ཆུབ་སེམས་ཀྱི་གནས་ལུགས་མ་བཅོས་པ་དེ་ཉིད་རྟོགས་པའི་གང་ཟག་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་དང་ངོ་བོ་དབྱེར་མེད་པ་ཡིན་ལ། ཀུན་བྱེད་རྒྱལ་པོ་ནི་ཡེ་ནས་འགྱུར་བ་མེད་པའི་ཆོས་ཉིད་འདུས་མ་བྱས་པའི་བདག་ཉིད་ཡིན་པ་དེས་ན་དེ་ཉིད་དང་ངོ་བོ་དབྱེར་མེད་པའི་གང་ཟག་རྣལ་འབྱོར་པ་དེ་ཡང་སྐྱེ་ཤིའི་འགྱུར་བ་མེད་པར་འགྱུར་མེད་བདེ་བ་ཆེན་པོའི་ངང་ལ་གནས་པ་ཡིན་པར་བསྟན་པའོ། །གཉིས་པ་ནི། ཀུན་བྱེད་བྱང་ཆུབ་ཀྱི་སེམས་དེ་སྐྱེ་མེད་རང་བྱུང་གི་ངོ་བོ་རྟོག་མེད་ཆོས་ཀྱི་སྐུ་རུ་བཞུགས་ཙམ་ན་གཟུང་འཛིན་རྣམ་རྟོག་གི་སྤྲོས་པ་དང་ངང་གིས་བྲལ་ནས་བློ་འདས་བསམ་བརྗོད་དང་བྲལ་བར་བཞུགས་པ་ཡིན་ཏེ། དེ་ཉིད་ལས། ཆོས་ཀྱི་སྐུ་རུ་བཞུགས་ཙམ་ན། །མི་རྟོག་མཉམ་པའི་ངོ་བོར་བཞུགས། །ཞེས་པ་ལྟར་རོ། །དེ་ཡང་ད་ལྟ་རྟོག་པ་འགྱུ་བཞིན་པའི་སྐབས་ན་གཟུང་འཛིན་གྱི་རྟོག་པ་ཞིག་གཏན་ནས་ཡོད་མ་མྱོང་བར་རྟོག་མེད་མཉམ་པ་ཆེན་པོ་ཆོས་སྐུ་སྤྲོས་པ་དང་བྲལ་བའི་རང་བཞིན་དུ་བཞུགས་ཡོད་པར་ཤེས་དགོས་ཀྱི་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་སོགས་ཀྱིས་གཟོད་རྟོག་བྲལ་ཆོས་སྐུའི་དགོངས་པ་ཞིག་མངོན་དུ་འགྱུར་བར་འདོད་པ་ནི་བྱིས་པའི་བློ་ཅན་ཡིན་པར་གསུངས་ཏེ། ཡང་འབྱེད་ལས། ཇི་ལྟར་གྲོགས་གང་བྱིས་པ་དག །སྤྲིན་འདུས་པ་ཡི་ཕུང་པོ་ལ། །ཁ་ཡི་དབུགས་ཀྱིས་དེངས་པར་འདོད། །འབྱུང་ཆེན་རླུང་གིས་མ་གཏོར་ན། །དེ་ཉིད་དེངས་པར་ག་ལ་འགྱུར། །དེ་བཞིན་རྣལ་འབྱོར་བྱིས་པའི་བློས། །གཟུང་འཛིན་རྣམ་རྟོག་སྤྲིན་འདྲ་བ། །མི་རྟོག་གཉེན་པོས་དེངས་པར་འདོད། །རྣམ་རྟོག་ཡེ་ཤེས་མ་ཤར་ན། །མི་རྟོག་གཉེན་པོས་གཏན་མི་ཞི། །ཞེས་སོ། །དེ་ལྟར་གཟུང་འཛིན་རྣམ་རྟོག་གི་སྤྲོས་པ་ཀུན་དང་བྲལ་བ་ནམ་མཁའ་ལྟ་བུ་ལ་འགྱུར་བཅས་གློ་བུར་བའི་ཆོས་སུ་གྲུབ་པ་གང་ཡང་མེད་པས་འགྱུར་མེད་བདེ་བ་ཆེན་པོ་རང་བྱུང་འདུས་མ་བྱས་པའི་བདག་ཉིད་དུ་གནས་པ་ཡིན་ནོ། །གསུམ་པ་ནི། བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱི་ངོ་བོ་གསལ་བའི་རང་གདངས་འགག་པ་མེད་པ་ལོངས་སྤྱོད་རྫོགས་པའི་སྐུར་མངོན་དུ་སྣང་ནས་བཞུགས་ཙམ་ན་རིག་པའི་རྩལ་ལས་རང་ཤར་བའི་ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་མ་འགགས་པ་འདོད་པའི་ཡོན་ཏན་ལྔ་པོ་མ་སྤང་རྒྱན་དུ་ཤར་བའི་ལོངས་སྤྱོད་དང་ལྡན་པས་ཇི་ལྟར་འདོད་པ་ཐམས་ཅད་བྱང་ཆུབ་སེམས་ཀྱི་རོལ་རྩལ་ལས་རང་འཆར་བས་རྩོལ་སྒྲུབ་མེད་པར་ཡེ་ནས་ཕུན་སུམ་ཚོགས་པ་དང་ལྡན་པར་བཞུགས་པ་སྟེ། སྔ་མ་ལས། ལོངས་སྤྱོད་རྫོགས་སྐུར་བཞུགས་ཙམ་ན། །སྣ་ཚོགས་ཆོས་ལ་ལོངས་སྤྱོད་ཅིང་། །མ་སྤངས་ཡེ་ཤེས་རྒྱན་དུ་བཞུགས། །ཞེས་སོ། །བཞི་པ་ནི། དེ་ལས་ཐུགས་རྗེའི་རོལ་རྩལ་གང་འདུལ་དུ་སྣང་བ་སྤྲུལ་པའི་སྐུ་རུ་འཕྲོ་ཞིང་བཞུགས་ཙམ་ན་ལྷ་ལ་སོགས་པའི་འགྲོ་བ་རིགས་དྲུག་གི་གདུལ་བྱ་རྣམས་ཐབས་གང་གིས་འདུལ་བའི་དུས་ལ་བབ་ཙམ་ན་གདུལ་བྱ་གང་ལ་མཆོག་གི་སྤྲུལ་པ་ནས་སྣ་ཚོགས་སྤྲུལ་པའི་བར་གང་དང་ཅི་ལྟ་བུའི་རྣམ་པར་བསྟན་ནས་འདུལ་དགོས་པ་དེ་དང་དེ་ལྟ་བུའི་སྐུ་རུ་སྤྲུལ་ནས་གདུལ་བྱ་དེ་དག་ཐབས་ཇི་ལྟ་བུའི་འདུལ་དགོས་པ་ཡི་ཕྲིན་ལས་ཕུན་སུམ་ཚོགས་པ་དང་ལྡན་པར་བཞུགས་སོ། །དེ་ཉིད་ལས། སྤྲུལ་པའི་སྐུ་རུ་བཞུགས་ཙམ་ན། །གང་ལ་གང་འདུལ་དེར་སྤྲུལ་ནས། །དགོངས་པ་ཕུན་སུམ་ཚོགས་པར་བཞུགས། །ཞེས་པ་ལྟར་རོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། ཐམས་ཅད་ཇི་བཞིན་པར་གདོད་ནས་ལྷུན་གྲུབ་ཏུ་གནས་པས་རྩོལ་སྒྲུབ་བཅོས་བསླད་མི་དགོས་པ་དང་། བྱས་ན་ཚི་ཆད་པས་ནམ་ཡང་གྲུབ་པ་མེད་པའོ། །དང་པོ་ནི། དེ་ལྟར་སྐུ་གསུམ་འདུ་འབྲལ་མེད་པའི་རང་བྱུང་རིག་པའི་ཡེ་ཤེས་སེམས་ཉིད་ཀུན་བྱེད་རྒྱལ་པོ་དེ་དུས་གསུམ་དུ་འགྱུར་བ་མེད་པར་བཞུགས་ཤིང་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་ལ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེའི་ཕྱག་རྒྱ་ཡིས་ཐེབ་པས་ཆོས་ཐམས་ཅད་ཀུན་ཡེ་སྟོང་སྤྲོས་པ་དང་བྲལ་བ་ནམ་མཁའི་མཚན་ཉིད་དུ་གནས་པ་ཉིད་དེ། འོ་ན་ནམ་མཁའ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་ཇི་སྐད་དུ། ཀུན་མཁྱེན་བླ་མས། མཚན་དཔེ་ཉིད་ཀྱང་འདི་ཞེས་བྱར་མེད་ན། །མཚན་དཔེའི་དོན་ལ་བསམ་བརྗོད་ག་ལ་སྲིད། །ཞེས་པ་ལྟར་ནམ་མཁའི་མཚན་ཉིད་ཀྱང་སྨྲ་བསམ་བརྗོད་པ་དང་བྲལ་བ་ཆོས་ཉིད་དེ་བཞིན་ཉིད་དུ་གནས་ལ། སྐུ་གསུམ་གྱི་མཚན་ཉིད་ཀྱང་དེ་བཞིན་ཉིད་དུ་གནས་པས་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་གནས་པ་དེས་ཕྱིར་ཇི་ལྟར་སྣང་བའི་ཆོས་ཀུན་ནི་ཆོས་ཉིད་ཇི་བཞིན་པ་རུ་གནས་པ་ལས་དེ་ལ་བཙས་སུ་རྡུལ་ཙམ་ཡང་མེད་དོ་ཞེས་པའོ། །གཉིས་པ་ནི། དེ་ལྟར་བཅོས་བསྒྱུར་སྤང་བླང་ལས་འདས་པའི་དོན་ལ་བཙལ་ཞིང་སྒྲུབ་པར་འདོད་པ་ཐམས་ཅད་ཀྱིས་རྩོལ་བའི་ནད་ཀྱིས་ཟིན་པར་འགྱུར་བ་ལས། སྔ་བ་འདས་པའི་དུས་སུ་རྩོལ་སྒྲུབ་ཀྱིས་ལམ་ལ་བགྲོད་པས་གདོད་མའི་ས་རུ་ཕྱིན་པ་གཅིག་ཀྱང་མེད་ལ། དེ་བཞིན་དུ་ཡེ་ནས་མངོན་པར་སངས་རྒྱས་པ་དེ་ལས་ལྷག་པར་སྔ་མ་རྩོལ་སྒྲུབ་བྱས་པས་འབྲས་བུ་ཁྱད་པར་བ་ཞིག་ཐོབ་ཟིན་པ་གཅིག་ཀྱང་མེད་པ་སྟེ། དེ་ལྟར་བསྒྲུབས་ཤིང་བཙལ་བས་སྔ་མ་གྲུབ་པ་གཅིག་ཀྱང་མེད་པ་དེ་ཕྱིར་ཆོས་ཐམས་ཅད་ཡེ་ཇི་བཞིན་པ་རུ་གནས་པ་དེ་ལ་རྩོལ་སྒྲུབ་བྱས་པས་གཞན་དུ་འགྱུར་བ་མེད་དོ། །ཅེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱིི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱ་མེད་རྫོགས་པ་ཕྱག་རྒྱ་འགྱུར་མེད་ཀྱི་ལུང་གི་ལེའུ་སྟེ་རྩ་བཞི་པའི་འགྲེལ་པའོ།། ༈ །།དོན་ལྔ་པ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀུན་བྱེད་རང་གི་སེམས་ཉིད་ལ་སྣང་བ་སྣང་དུས་ཉིད་ནས་སྤྲོས་པའི་མཐའ་བྲལ་དེ་བཞིན་ཉིད་དུ་སྟོན་པ་ཅིར་སྣང་སྟོན་པར་ཤར་བའི་ལེའུ་ཉེར་ལྔ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་སྐུ་གསུམ་འཕོ་འགྱུར་མེད་པ་ཆོས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་དུ་བཞུགས་པ་ལ་བཅོས་སུ་མེད་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་སྟོན་པའི་ངོ་བོ་ཡིན་ཀྱང་དེ་ལྟར་ཡིན་པར་མ་ཤེས་པས་འཁྲུལ་བར་གྱུར་པ་ལ་རང་སེམས་སྟོན་པ་ཡིན་པར་མངོན་དུ་ཕྱུང་ནས་བསྟན་པ་ཡི་ཚུལ་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། འབྱུང་ལྔ་སྣང་དུས་དེའི་ངོ་བོ་མཉམ་ཉིད་མི་རྟོག་པའི་རང་བཞིན་རང་གི་སེམས་ལ་སྟོན་པར་ཤར་བ་ངོ་ཤེས་པ་གྱིས་པར་གདམས་པ། དེའི་རང་བཞིན་རྒྱས་པར་གདམས་པ། དེ་ལྟར་མཉམ་ཉིད་གཟུང་འཛིན་བྲལ་བའི་དོན་གོམས་པ་མཐར་ཕྱིན་པ་ན་བདག་གཞན་འཁོར་འདས་སུ་སྣང་བ་ཆོས་ཉིད་དུ་གྲོལ་བར་གདམས་པའོ། །དང་པོ་ནི། ཀྱེ་ཞེས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀུན་ལ་བོས་ནས་འདི་ལྟར་སེམས་ཅན་རྣམས་ཀྱི་རང་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་དེ་ནི་སེམས་ཉིད་རང་གི་ངོ་བོ་མ་སྒྲིབ་རང་གསལ་དུ་སྟོན་པའི་སྟོན་པ་ཡིན་པར་མངོན་སུམ་དུ་སྣང་ཞིང་བསྟན་ན་ཡང་། འོན་ཀྱང་སེམས་ཅན་རྣམས་ཀྱིས་བསྐལ་པ་བརྒྱ་ཕྲག་སྟོང་དུ་སྟེ་མང་པོའི་བར་དུ་ནི་རང་གི་སེམས་འདི་ཉིད་ཀུན་བྱེད་ཆོས་སྐུའི་སྟོན་པ་ཡིན་པར་མ་མཐོང་ཞིང་རང་ངོ་མ་ཤེས་པ་དེའི་དབང་གིས་འཁྲུལ་སྣང་སྟོང་གཟུགས་ཀྱི་རོལ་པ་མེད་སྣང་འཁོར་བའི་དུཿཁ་ལ་སྤྱོད་པ་དེས་ཕྱིར་ན། སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ནི་སེམས་ཅན་རྣམས་ཀྱི་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཉིད་སྟོན་པ་འབྱུང་བ་ཆེན་པོ་ལྔའི་ཚུལ་དུ་མངོན་དུ་ཕྱུང་བས་ཏེ་མངོན་དུ་ཕྱུང་ནས་བསྟན་པར་བྱས་པ་ཡིན་པས། དེས་ན་རང་སེམས་སྟོན་པ་ཡིན་པའི་ཚུལ་ལ་གདམས་པའི་མན་ངག་ཟབ་མོའི་ཆོས་འདི་ཉིད་ཉོན་ཅིག་ཅེས་ཉན་པར་བསྐུལ་ཏེ། དེ་ཡང་རང་གི་སེམས་སྟོན་པའམ་བླ་མ་ཡིན་པའི་ཚུལ་ལ་དབྱེ་བ་རྣམ་པ་གསུམ་དུ་གསུངས་ཏེ། ད་ལྟ་ཐོས་བསམ་ཕྱིན་ཅི་མ་ལོག་པ་ལ་བརྟེན་ནས་དགེ་སྡིག་བླང་དོར་གྱི་སྐྱོན་ཡོན་ལ་ངེས་པ་འདྲོངས་པའི་དད་པ་དང་ལྡན་པས་ཡང་དག་པའི་ལམ་ལ་བརྩོན་ཞིང་ཤེས་རབ་ཟབ་མོ་དང་ཏིང་ངེ་འཛིན་ལ་བརྟེན་ནས་མཐར་ཐུག་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་ཐོབ་པར་བྱེད་པ་སེམས་ཉིད་རྒྱུ་ཡི་བླ་མ་དང་། སེམས་ཉིད་རང་བྱུང་གི་ཡེ་ཤེས་རིག་པ་སྐུ་གསུམ་གྱི་རང་བཞིན་ད་ལྟ་ཉིད་ནས་སྟོན་པ་སྐུ་གསུམ་གྱི་ངོ་བོར་བཞུགས་པ་ནི་འབྲས་བུ་སེམས་ཀྱི་བླ་མ་དང་། འབྱུང་ལྔ་ལ་སོགས་པ་ཅིར་སྣང་གི་དངོས་པོ་ཐམས་ཅད་སེམས་ཉིད་ཀྱི་རྩལ་ལས་རང་ཤར་བ་ཡིན་པས་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཡེ་ནས་སངས་རྒྱས་ཤིང་ཆོས་ཉིད་མཉམ་པ་ཆེན་པོའི་དོན་རང་གི་ངོ་བོ་བརྡ་དང་དཔེ་རུ་འཆར་བའི་ཚུལ་གྱིས་སྟོན་པ་ནི་རང་སྣང་ཆོས་ཀྱི་བླ་མ་ཡིིན་པར་གསུངས་ཏེ། བང་མཛོད་ལས། རང་སེམས་བླ་མར་སྣང་བ་ལ། །དེ་ལ་རྣམ་པ་གསུམ་ཡོད་དེ། །སེམས་ཉིད་རྒྱུ་ཡི་བླ་མ་དང་། །འབྲས་བུ་སེམས་ཀྱི་བླ་མ་དང་། །རང་སྣང་ཆོས་ཀྱི་བླ་མའོ། །སེམས་ཉིད་རྒྱུ་ཡི་བླ་མ་ནི། །རྟོག་གེ་སྒམ་པོ་རིག་ཆད་པ། །ལོག་སྲེད་ཅན་ནི་མ་ཡིན་ཏེ། །རྟོག་པ་ཡེ་ཤེས་བློ་དམན་གྱིས། །འཁོར་འདས་གཉིས་ལ་བརྟགས་བྱས་པས། །བདེ་དང་སྡུག་བསྔལ་གཉིས་སུ་མཐོང་། །བདེ་སྡུག་གཉིས་ལ་བརྟགས་བྱས་པས། །དགེ་སྡིག་གཉིས་ལས་བྱུང་བར་དྲན། །དྲན་པའི་སེམས་ཀྱིས་དད་པ་བསྐུལ། །དད་པའི་སེམས་ཀྱིས་བརྩོན་འགྲུས་བསྐུལ། །བརྩོན་འགྲུས་ཆེན་པོའི་བླ་མ་དེས། །ཤེས་རབ་རྣམ་གསུམ་བློ་བྱས་ཏེ། །ཏིང་འཛིན་དོན་ལ་ནན་ཏན་བསྒོམ། །ཏིང་འཛིན་མཐུ་བརྟས་ཡེ་ཤེས་རྒྱས། །ཡེ་ཤེས་མངོན་གྱུར་ཆོས་ཀྱི་སྐུ། །དེ་ལས་གཟུགས་སྐུ་རྣམ་པ་གཉིས། །ཉི་ཟླའི་འོད་དང་གཟུགས་བརྙན་བཞིན། །ཐོགས་པ་མེད་པར་ཤུགས་ཀྱིས་འབྱུང་། །བསྟན་པ་ཐེག་པ་ཀུན་བཀོད་ནས། །གར་ཐད་ཡུལ་ལ་འདེབས་སུ་བཞུགས། །འབྲས་བུ་སེམས་ཀྱི་བླ་མ་ནི། །ཤེས་པ་སོ་མ་མ་བཅོས་པ། །འབྲས་བུ་རང་སྣང་སྐུ་གསུམ་ཚུལ། །རང་བཞིན་ཆོས་ཀྱི་སྐུ་རུ་སྣང་། །ངོ་བོ་ལོངས་སྤྱོད་རྫོགས་སྐུར་སྣང་། །ཐུགས་རྗེ་སྤྲུལ་པའི་སྐུ་རུ་སྣང་། །སེམས་རྒྱུད་གཅིག་གི་ངོ་བོ་ལ། །སྟོན་པ་སྐུ་གསུམ་རང་བཞིན་གནས། །རང་སྣང་ཆོས་ཀྱི་བླ་མ་ནི། །འབྱུང་ཆེན་ལྔ་ཡི་བླ་མ་དང་། །འདོད་ཡོན་ལྔ་སོགས་བླ་མ་ཡིས། །ཚིག་དང་ཡི་གེས་མི་སྟོན་པར། །རང་གི་ངོ་བོས་ཆོས་སྟོན་པ། །བདག་གཞན་གཉིས་སུ་མི་རྟོག་པ། །རང་སྣང་ངོ་བོས་ཆོས་སྟོན་ཏོ། །ཞེས་གསུངས་པ་ལས་འདིར་ནི་གཙོ་བོ་རང་སྣང་ཆོས་ཀྱི་བླ་མ་འབྱུང་བ་ཆེན་པོ་ལྔར་སྣང་བ་དེ་ཉིད་ཀྱིས་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ཇི་ལྟར་སྟོན་པའི་ཚུལ་གསུངས་པ་སྟེ། དེ་ཡང་ཇི་ལྟར་ན་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་ཡིས་ནི་ཆོས་རྣམས་ཐམས་ཅད་ཀུན་གང་ལས་འབྱུང་བའི་རྒྱུ་བྱང་ཆུབ་སེམས་ཀྱི་རྩལ་འགག་པ་མེད་པར་ལས་ནི་སེམས་ཀྱི་ངོ་བོ་སྣང་བའི་ཆ་འབྱུང་བ་ཆེན་པོ་ལྔ་རུ་སྣང་བ་དེ་ནི། སྟོན་པ་བྱང་ཆུབ་ཀྱི་སེམས་རྒྱལ་བ་རིགས་ལྔ་རུ་བྱུང་བ་ཡིན་ཏེ། དེ་ལ་སྟོན་པ་ལྔ་པོ་དེ་སྐུ་གསུམ་ལས་གང་ཡིན་སྙམ་ན་སྐུ་ནི་ངོ་བོ་གསལ་ལ་འགགས་པ་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། ཆོས་ནི་མི་རྟོག་མཉམ་པ་ཆེན་པོའི་རང་བཞིན་འབྱུང་བ་ལྔ་པོ་རང་རང་གི་ངོ་བོས་མཚོན་ནས་དགོངས་པ་བརྡའ་ཡི་གསུང་གིས་འཆད་པར་བྱེད་ཅིང་། སྟོན་པར་བྱ་བའི་དོན་ནི་འབྱུང་ལྔ་རང་གིི་རང་བཞིན་སྟོང་གསལ་སྤྲོས་པ་དང་བྲལ་བ། ཁྱབ་གདལ་ཕྱོགས་ལྷུང་དང་བྲལ་བ། མཉམ་ཉིད་བླང་དོར་དང་བྲལ་བ། ཡོད་མེད་བསམ་ཡུལ་ལས་འདས་པའི་མི་རྟོག་མཉམ་པ་ཉིད་ཀྱི་རང་བཞིན་དུ་སྟོན་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། འབྱུང་ལྔར་སྣང་དུས་མི་རྟོག་པ་མཉམ་པ་ཉིད་ཀྱི་སྟོན་པ་ཡིན་པར་མདོར་བསྟན། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་རྣམ་པར་སྣང་དུས་ཉིད་ནས་མི་རྟོག་མཉམ་པ་ཉིད་དུ་རྒྱས་པར་བཤད་པ། འབྱུང་ལྔའི་རང་བཞིན་ལས་སྣང་སྲིད་སྣ་ཚོགས་སུ་སྣང་ཡང་ངོ་བོ་ཡེ་ནས་མ་སྐྱེས་པ་ཀུན་བྱེད་ཉིད་དུ་དོན་བསྡུ་བའོ། །དང་པོ་ནི། གོང་དུ་བསྟན་པ་དེ་ལྟ་བུའི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔ་ཡི་རང་བཞིན་དུ་སྣང་བ་དེ་རྣམས་ཀྱིས་མི་གཡོ་མཉམ་པ་ཆེན་པོའི་དགོངས་པ་ནི་ཇི་ལྟར་སྟོན་ན་ཚུལ་བདག་ཉིད་ཀྱི་ངོ་བོ་ལ་ཉིད་ཀྱི་རང་བཞིན་དུ་རྣམ་པར་མི་རྟོག་ལ། ཕར་ཡུལ་སྣང་གི་ཆོས་གཞན་རྣམས་ལའང་དེ་དང་དེ་ཉིད་དུ་རྟོག་པར་མི་བྱེད་པའི་ཚུལ་གྱིས་བྱང་ཆུབ་སེམས་ཀྱི་སྟོན་པ་ལྔ་པོ་དེ་ཡིས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཀུན་ཀྱང་བདག་གཞན་མཉམ་པ་ཉིད་ཀྱི་རང་བཞིན་བློ་འདས་སྤྲོས་པ་དང་བྲལ་བ། ཆོས་ཉིད་དེ་བཞིན་ཉིད་དུ་རྣམ་པར་མི་རྟོག་པའི་བརྡ་ཡི་གསུང་དེ་ལ་བརྟེན་ནས་སྟོན་པར་བྱེད་དོ་ཞེས་སོ། །གཉིས་པ་གོང་གསལ་ལྟར་ལྔ་ལས། དང་པོ་ནི། འདི་ལྟར་བྱང་ཆུབ་སེམས་ཀྱི་རང་བཞིན་འོད་གསལ་སྤྲོས་པ་དང་བྲལ་བའི་རང་མདངས་ཡེ་ཤེས་རང་གསལ་བའི་ཆ་དེའི་རྩལ་ལས་ལོངས་སྤྱོད་རྫོགས་སྐུའི་སྟོན་པ་ས་ཡི་སྐུར་མངོན་དུ་བྱུང་ནས། སྒྲ་ཚིག་བརྗོད་པ་ལས་འདས་པའི་ཆོས་ཉིད་མཉམ་པ་ཆེན་པོ་རྣམ་པར་མི་རྟོག་པའི་དོན་ཚིག་དང་ཡི་གེས་མི་སྟོན་ཏེ། འབྱུང་བ་རང་གི་རང་བཞིན་ཇི་ལྟ་བ་བཞིན་དུ་སྣང་བའི་སྒོ་ནས་སྟོན་པར་བྱེད་པ་སྟེ། འདི་ལྟར་རང་གི་རང་བཞིན་ནི་ཡེ་ནས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་པས་འདི་ནི་བདག་གོ་སྙམ་དུ་ནང་གི་བདག་ཉིད་དམ་གང་ཟག་ཏུ་མི་རྟོག་ལ། འདི་ནི་གཞན་ནོ་སྙམ་དུ་ཕྱི་རོལ་གྱིི་ཡུལ་དུ་མི་རྟོག་པས་མཚོན་སྤྲོས་པའི་མཐའ་གང་དུའང་མི་རྟོག་པར་ཆོས་ཉིད་མཉམ་པའི་དགོངས་པ་སྟོན་པར་བྱེད་ཅིང་། ཁམས་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་མི་རྟོག་མཉམ་པ་ཉིད་ཀྱི་དོན་དེ་ཇི་ལྟ་བ་བཞིན་དུ་རྟོགས་པས་སངས་རྒྱས་ཀུན་དང་དགོངས་པ་མཉམ་པར་འགྱུར་བ་ཡིན་པས་ཐེག་པ་འོག་མ་པ་རྣམས་ཀྱིས་རྩོལ་ཞིང་སྒྲུབ་པས་གྲུབ་པར་རེ་བའི་ཆོས་ཉིད་དེ་ནི། ཨ་ཏི་རྫོགས་པ་ཆེན་པོའི་ལམ་འདིར་མ་བཙལ་ལྷུན་གྱིས་འགྲུབ་པར་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་ནི། དེ་བཞིན་དུ་བྱང་ཆུབ་སེམས་ཀྱི་ངོ་བོ་རང་བྱུང་གི་ཡེ་ཤེས་དེས་རང་གི་ངོ་བོ་སྟོན་པ་ཆུ་ཡི་སྐུར་མངོན་དུ་བྱུང་ནས་ཆོས་ཀྱི་དོན་ཚིག་དང་ཡི་གེས་མི་སྟོན་ཏེ། ཆུ་དེ་ཉིད་རང་གི་ངོ་བོས་མཚོན་ཅིང་སྟོན་པར་བྱེད་པ་སྟེ། དེ་ཡང་ནང་བདག་ཏུ་མི་རྟོག་ཅིང་ཕྱི་རོལ་གྱི་ཆོས་གཞན་ལ་མི་རྟོག་པས་མི་རྟོག་མཉམ་པའི་དགོངས་པ་སྟོན་པར་བྱེད་ཅིང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་དོན་དེ་ལྟར་རྟོགས་པས་སངས་རྒྱས་ཀུན་དང་དགོངས་པ་མཉམ་པར་གྱུར་ནས་རྩོལ་བའི་ཆོས་རྣམས་ནི་མ་བཙལ་ལྷུན་གྱིས་གྲུབ་པར་འགྱུར་རོ། །གསུམ་པ་ནི། རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་རང་བྱུང་ཡེ་ཤེས་ཆེན་པོ་དེས་སྟོན་པ་མེ་ཡི་རྣམ་པའི་སྐུར་བྱུང་ནས་ཚིག་དང་ཡི་གེས་ཆོས་མི་སྟོན་ཏེ། མེ་རང་གི་ངོ་བོས་ཆོས་སྟོན་པ་ཡི་ཚུལ་ནི་ནང་བདག་ཏུ་མི་རྟོག་ཅིང་ཕྱིའི་ཆོས་ལ་གཞན་དུའང་མི་རྟོག་པར། རྣམ་པར་མི་རྟོག་པའི་ངོ་བོ་ཆོས་ཉིད་མཉམ་པའི་དགོངས་པ་རང་གི་ངོ་བོས་སྟོན་ཞིང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས་དེ་ལྟར་རྟོགས་པས་སངས་རྒྱས་ཀུན་དང་མཉམ་པར་རྩོལ་བའི་ཆོས་ཉིད་མ་བཙལ་བར་ངང་གིས་གྲུབ་པར་འགྱུར་རོ། །བཞི་པ་ནི། སྟོན་པ་བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེས་སྟོན་པ་ལོངས་སྤྱོད་རྫོགས་སྐུ་རླུང་གི་སྐུར་བྱུང་ནས་སྒྲ་ཚིག་དང་ཡི་གེས་ཆོས་མི་སྟོན་པར་རང་གི་ངོ་བོས་མཚོན་དེ་ཆོས་སྟོན་པ་ཡི་ཚུལ་ནི། བདག་གཞན་གཉིས་སུ་མི་རྟོག་པར་ཅིར་ཡང་མི་རྟོག་པའི་མཉམ་པའི་དགོངས་པ་སྟོན་ལ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་དོན་དེ་རྟོགས་པ་ཙམ་གྱིས་སངས་རྒྱས་ཀུན་དང་དགོངས་པ་མཉམ་པར་གྱུར་ཏེ་རྩོལ་བའི་ཆོས་རྣམས་ནི་མ་བཙལ་བར་རྩོལ་མེད་ལྷུན་གྱིས་གྲུབ་པར་གསུངས་པའོ། །ལྔ་པ་ནི། ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེས་སྟོན་པ་ནམ་མཁའི་སྐུར་བྱུང་ནས་ཚིག་དང་ཡི་གེས་དོན་མི་སྟོན་ཏེ། ནམ་མཁའ་རང་གི་ངོ་བོས་ཆོས་ཉིད་ཀྱི་དོན་བརྡ་ལ་བརྟེན་ནས་སྟོན་པར་བྱེད་པ་ནི་བདག་གཞན་གཉིས་སུ་རྣམ་པར་རྟོག་ཅིང་འཛིན་པའི་ཆོས་སུ་མི་སྟོན་པར་བདག་གཞན་དང་འཁོར་འདས་བཟང་ངན་བླང་དོར་སོགས་ཅིར་ཡང་མི་འབྱེད་པར་ཉག་ཅིག་སྤྲོས་པ་དང་བྲལ་བས་རྟོག་མེད་མཉམ་པ་ཆེན་པོ་ཡི་དགོངས་པ་སྟོན་པར་བྱེད་ལ། དེ་ལྟར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་དོན་དེ་ཇི་བཞིན་དུ་རྟོགས་པས་དུས་གསུམ་སངས་རྒྱས་ཀུན་དང་དགོངས་པ་དབྱེར་མེད་པ་མཉམ་པ་ཉིད་དུ་གྱུར་ནས་འོག་མའི་ཐེག་པ་རྣམས་ཀྱིས་རྩོལ་བའི་ཡུལ་དུ་བྱེད་པའི་སངས་རྒྱས་ཀྱི་སའི་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པར་འགྱུར་བ་སྟེ། དེས་ན་ཀུན་བྱེད་བྱང་ཆུབ་སེམས་ལས་མངོན་དུ་བྱུང་བའི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དེ་རྣམས་ཀྱིས་རང་རང་གི་ངོ་བོས་ཆོས་འཆད་པ་འདི་ཡིས་ཆོས་རྣམས་ཀུན་གྱི་དོན་ཀྱང་གཟུང་འཛིན་མཚན་མའི་སྤྲོས་པ་ཀུན་དང་བྲལ་བའི་རྟོག་མེད་མཉམ་པ་ཉིད་ཀྱི་རང་བཞིན། ཆོས་ཉིད་དེ་བཞིན་ཉིད་བཅོས་བསྒྱུར་སྤང་བླང་ཐམས་ཅད་བྲལ་བར་རིག་པར་གྱིས་ཤིག་ཅེས་གདམས་པ་སྟེ། དེ་ལྟར་འབྱུང་བ་ལྔ་པོ་འབྱུང་གྱུར་དང་བཅས་པའི་ཕྱི་ནང་སྣོད་བཅུད་དུ་སྣང་བའི་ཆོས་འདི་ཐམས་ཅད་ཡེ་ནས་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མངོན་པར་བྱང་ཆུབ་ཅིང་རིགས་ལྔའི་སངས་རྒྱས་སུ་བཞུགས་པའི་ཚུལ། རྨད་བྱུང་ལས། ཆེན་པོ་ལྔ་ཉིད་སྐུ་ལྔ་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་ཉིད་དོ། །ཞེས་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་དང་། དུས་དང་དུས་ཀྱི་སོ་སོར་གྱུར་པ་དང་། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང་། སྐྱེ་བ་ཐམས་ཅད་དང་། སྐྱེ་བོ་དང་། སྐྱེ་འགྲོ་རྣམས་དང་། ཆེན་པོ་ལྔ་དང་འབྱུང་བ་བཞི་ལས་བྱུང་བའི་ཆོས་ཐམས་ཅད་སྐུ་ལྔ་རྣམ་པར་དག་པ་ལས་མ་བྱུང་བ་གཅིག་ཀྱང་མེད་དོ། །དེ་དག་ཐམས་ཅད་སྐུ་ལྔ་ལས་བྱུང་བས་ན་ཐམས་ཅད་ནས་ཐམས་ཅད་དུ་སྐུ་ལྔ་ཉིད་དུ་མ་གྱུར་པ་གཅིག་ཀྱང་མེད་དོ། །དེས་ཕྱིར་སངས་རྒྱས་སུ་མ་གྱུར་པ་གཅིག་ཀྱང་མེད་དོ། །ཞེས་གསུངས་སོ། །གསུམ་པ་ནི། ཀྱེ་ཁམས་གསུམ་ན་འཁོད་པའི་སེམས་ཅན་ཐམས་ཅད་ཀུན་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་སྙིང་པོ་བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ནི་འཁོར་འདས་ཐམས་ཅད་རང་རྩལ་འགག་པ་མེད་པ་ལས་སྤྲུལ་ཅིང་མངོན་དུ་ཕྱུང་བ་ཡིན་པས་སེམས་ཅན་ཁྱེད་རྣམས་ཐམས་ཅད་ང་ཡིས་བྱས་པ་ཡིན་པའི་ཕྱིར་ན། འགྲོ་བ་ཁྱེད་རྣམས་ཐམས་ཅད་ཀུན་བྱེད་རྒྱལ་པོ་ང་ཡི་སྲས་ཡིན་པ་དང་། དོན་ལ་ཐ་དད་མེད་པས་ང་དང་མཉམ་པའང་ཡིན་ལ་ཀུན་བྱེད་ང་དང་ངོ་བོ་མི་གཉིས་པར་ང་ཉིད་དངོས་ཀྱང་ཡིན་པའི་ཕྱིར་ན། ང་ཡིས་ཁྱེད་རྣམས་ལ་ཚུལ་དེ་ལྟར་སྟོན་པར་བྱེད་པའི་ཆེད་དུ་ཀུན་བྱེད་བྱང་ཆུབ་སེམས་ལས་མངོན་དུ་ཕྱུང་བ་ཡི་རང་བཞིན། དོན་ལ་ང་ཡི་ངོ་བོ་དངོས་སུ་སྣང་བའི་སྟོན་པ་འབྱུང་ཆེན་རྣམ་པ་ལྔས། སྲ་ཞིང་བརྟན་པ་དང་རླན་ཞིང་གཤེར་བ་ལ་སོགས་པའི་ཚུལ་དུ་སྣང་བ་འདིའི་རང་བཞིན་རྣམ་པ་ལྔ་པོ་མི་རྟོག་མཉམ་པ་ཉིད་ཆོས་ཉིད་བྱང་ཆུབ་ཀྱི་སེམས་གཅིག་ཏུ་བསྟན་ལ། དེ་ལྟ་བུའི་ཆོས་ཉིད་མཉམ་པ་ཉིད་རྩོལ་སྒྲུབ་ལས་འདས་པའི་རང་བཞིན་གཅིག་པོ་དེ་ནི་ཀུན་བྱེད་ང་ཉིད་ཡིན་གྱིས་དེ་ལས་གཞན་ཞིག་མིན་པ་དེ་བཞིན་དུ་ཁམས་གསུམ་རྒྱུད་དྲུག་ཏུ་གནས་པའི་སེམས་ཅན་ཁྱོད་རྣམས་ཀྱང་ཆོས་ཉིད་གཅིག་པོ་དེ་ལས་གཞན་དུ་མེད་པར་ཡིད་ཆེས་པར་གྱིས་ཤིག་ཅེས་གདམས་པའོ། །གསུམ་པ་ནི། ཀྱེ་ཁམས་གསུམ་གྱི་སེམས་ཅན་ཇི་སྙེད་ཡོད་པ་མ་ལུས་པ་ཀུན། ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་ངོ་བོ་གདོད་ནས་སྐྱེ་བ་མེད་པ་ཡེ་སྟོང་སྤྲོས་བྲལ་ཆེན་པོ་བྱ་རྩོལ་བློ་ལས་འདས་པའི་རང་བཞིན་ལས་གྲུབ་པ་རྡུལ་ཙམ་ཡང་མེད་ལ། དེ་ལྟར་ན་དཔེར་ན་སྒྱུ་མ་མཁན་མེད་ན་དེས་སྤྲུལ་པའི་སྒྱུ་མའི་སྣང་བ་རྣམས་ཀྱང་མེད་པ་བཞིན་དུ་ང་ཡི་བྱས་པའི་སེམས་ཅན་ཁྱེད་རྣམས་ཀྱང་མེད་ལ། ཁྱེད་རྣམས་མེད་པར་གྱུར་པ་ཙམ་གྱི་དུས་དེ་ཙམ་ན་སྟོན་པ་འབྱུང་ཆེན་ལྔ་ཡང་སུ་ཡི་ངོར་སྣང་ཞིང་འབྱུང་བར་འགྱུར་ཏེ་སྣང་བར་མི་འགྱུར་ཞིང་། མི་རྟོག་མཉམ་པ་ཉིད་ཀྱི་ཆོས་ཀྱང་གང་གིས་གང་ལ་སྟོན་པར་འགྱུར་ཏེ་མི་འགྱུར་བ་དེས་ན་དེ་ལྟ་བུའི་ཆོས་ཉིད་མཉམ་པའི་དོན་དེ་ལ་གོམ་པ་མཐར་ཕྱིན་པར་གྱིས་ཤིག་དང་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཆོས་ཉིད་གཅིག་གི་ཀློང་དུ་རང་གྲོལ་བར་འགྱུར་རོ། །ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རང་སེམས་སྟོན་པར་བྱུང་བའི་ལེའུ་སྟེ་རྩ་ལྔ་པའི་འགྲེལ་པའོ།། ༈ །།དོན་དྲུག་པ་སེམས་ཉིད་སྒོམ་དུ་མེད་པས་རྒྱུ་འབྲས་བྱ་བརྩལ་ལས་འདས་པའི་ལེའུ་ཉེར་དྲུག་པ་ལ་གཉིས་ཏེ། བསྟན་པ་དང་བཤད་པའོ། །དང་པོ་ནི། དེ་ལྟར་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་སྣང་འབྱུང་བ་ཆེན་པོ་ལྔས་རྟོག་མེད་མཉམ་པ་ཉིད་ཀྱི་དོན་རང་གི་ངོ་བོས་སྟོན་པས་རང་སེམས་སྟོན་པར་མངོན་དུ་ཕྱུང་བ་ཡིན་ཚུལ་གསུངས་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་ལས་བྱུང་བའི་ཆོས་འབྱུང་བ་ཆེན་པོ་ལྔ་སྟོན་པར་བྱུང་བའི་རྟགས་སུ་ལོངས་སྐུ་འབྱུང་བ་ལྔ་པོ་དེ་གང་ལས་སྣང་བའི་གཞི་ཆོས་སྐུ་སྤྲོས་དང་བྲལ་བའི་རང་བཞིན་གདོད་ནས་མ་སྐྱེས་པའི་རིག་པ་བྱང་ཆུབ་ཀྱི་སེམས་སྟོན་པ་ཡིན་པར་ཞལ་གྱིས་བཞེས་པ་འདི་གསུངས་སོ་ཞེས་སྟོན་པ་ཆོས་སྐུའི་རྩལ་ལས་མངོན་དུ་ཕྱུང་བ་ཡིན་ན་གདུལ་བྱ་ལ་ལམ་སྟོན་པའི་གཟུགས་སྐུ་ཡིན་པར་གྲུབ་པའི་གཏན་ཚིགས་གྲུབ་པའོ། །གཉིས་པ་ལ་གཉིས་ཏེ། གཞི་ལམ་འབྲས་བུ་གསུམ་གྱིས་མཚོན་ཏེ་བསྟན་པ་དང་། དེ་དག་ཐམས་ཅད་ཐིག་ལེ་གཅིག་ཏུ་དབྱེར་མེད་དུ་བསྟན་པའོ། །དང་པོ་ལ་བཞི་སྟེ། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུའོ། །དང་པོ་ལྟ་བ་ལ་བཞི་སྟེ། སེམས་ཉིད་རང་བཞིན་གྱིས་དག་པའི་ངོ་བོ་ལྟ་བར་བསྟན་པ། དེ་ཉིད་ཡོན་ཏན་གྱི་འབྱུང་ཁུངས་ཡིན་པ། དེའི་རང་བཞིན་སྤྲོས་པའི་མཐའ་དང་བྲལ་བ། རྩེ་གཅིག་འཛིན་པའི་སེམས་གནས་ཙམ་གྱིས་མི་རྟོགས་པར་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་སེམས་ཀྱི་རང་བཞིན་ཡེ་ནས་དག་པའི་ངོ་བོ་ཡིད་ཀྱི་བསམ་པ་ལས་འདས་ཤིང་ངག་གིས་བརྗོད་དུ་མེད་པའི་བྱང་ཆུབ་ཀྱི་སེམས་ནི་སྟོན་པ་སྐུ་གསུམ་གྱི་རྒྱལ་བ་མ་ལུས་པའི་སྟོན་པ་ཀུན་བྱེད་ཆོས་སྐུའི་ངོ་བོ་མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པའི་སྣང་བྱེད་ཀྱི་སྒྲོན་མར་གྱུར་པ་ཡིན་པས། དེ་ཉིད་ཀྱི་ཡོན་ཏན་དུས་གསུམ་གྱི་སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས་པ་ནི་ཇི་ལྟར་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཡིན་པས་སྙིང་པོར་གྱུར་ཅིང་། སྤྲོས་པའི་གྲྭ་ཟུར་དང་བྲལ་བ་དང་ཇི་བཞིན་རྟོག་པར་གྱུར་ན་སྲིད་ཞིའི་དཔལ་དུ་འགྱུར་བས་འཇམ་དཔལ་དང་འཁོར་འདས་སྐྱོན་ཡོན་གྱིས་འཕོ་འགྱུར་མེད་པས་གཞོན་ནུ་ཉིད་ཏེ། དེ་ནི་བྱ་རྩོལ་ཐམས་ཅད་དང་བྲལ་བ་ལྷུན་གྲུབ་རྫོགས་པ་ཆེན་པོ་བདེ་ཆེན་འགྱུར་བ་མེད་པ་སྤྲོས་པ་དང་བྲལ་བའི་ལྷུན་ལ་གནས་པའམ་ཀློང་ན་ཡེ་ནས་གནས་པ་ནི་རྫོགས་པ་ཆེན་པོ་མ་བཅོས་ལྷུན་གྱིས་གྲུབ་པའི་ལྟ་བ་ཡིན་ནོ། །ཚུལ་དེ་དང་མཐུན་པར་མདོ་བཅུ་ལས། སྙིང་པོ་བྱང་ཆུབ་སེམས་འདི་ལ། །ཏིང་འཛིན་བསམ་པའི་ཡུལ་ལས་འདས། །བརྗོད་དུ་མེད་པའི་ངང་ལ་གནས། །དེ་ལྟར་སྙིང་པོ་བྱང་ཆུབ་སེམས། །སྟོན་པའི་སྒྲོན་མར་གྱུར་པས་ན། །སངས་རྒྱས་ཀུན་གྱི་རབ་ཏུ་བསྔགས། །ཆོས་རྣམས་ཀུན་གྱི་སྙིང་པོ་བས། །མཁྱེན་རབ་འཇམ་དཔལ་གཞོན་ནུ་ཉིད། །བྱ་བྱེད་རྩོལ་སྒྲུབ་མི་མངའ་བར། །བདེ་ཆེན་ཀློང་ན་ཇི་བཞིན་གནས། །ཞེས་གསུངས་སོ། །གཉིས་པ་ནི། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་ནི་ཚུལ་ཁྲིམས་བསྲུང་བ་དང་བཟོད་པ་སྒོམ་པ་ལ་སོགས་པའི་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུའི་རྟེན་གཞིར་གྱུར་པའི་རང་བཞིན་ཡིན་པས། ཇི་སྙེད་རྣམ་པར་གྲོལ་བའམ་རྣམ་པར་གྲོལ་བའི་ལམ་ཉན་ཐོས་ནས་གསང་སྔགས་ཀྱི་བར་ཇི་སྙེད་ཅིག་བསྟན་པ་ཐམས་ཅད་ཀྱི་རྩ་བ་ཡང་། བདེ་བར་གཤེགས་པ་མ་ལུས་པ་ཀུན་འབྱུང་བའི་གནས་སུ་གྱུར་པས་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ངོ་བོར་གྱུར་ཅིང་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་མཚུངས་པའམ་བགྲོད་པ་གཅིག་པུའི་ལམ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིིན་དེ། ཅིའི་ཕྱིར་ན་རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་དེ་ཉིད་མེད་པར་གོང་དུ་བསྟན་པའི་ལམ་དེ་ཀུན་གྱིས་གཏན་ལ་དབབ་པར་བྱ་བའི་གཞི་དང་བསྒོམ་བྱའི་ལམ་དང་ཐོབ་བྱའི་འབྲས་བུ་ཐམས་ཅད་མེད་པས་ལམ་དེ་ཀུན་མི་འབྱུང་བ་དེ་ཡི་ཕྱིར་ན་བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཐམས་ཅད་ཀྱི་འབྱུང་གནས་སམ་གཞིར་གྱུར་པ་ཡིན་པར་བསྟན་པའོ། །གསུམ་པ་ནི། དེ་ལྟ་བུའི་སེམས་ཉིད་ཡེ་ནས་རྣམ་པར་དག་པ་དེ་ནི་རྟོག་པའི་ཡུལ་དུ་མ་གྱུར་པས་ཤིན་ཏུ་ཕྲ་ཞིང་ཤེས་པར་དཀའ་ལ་གཤེགས་བཞུགས་འབྱོན་འགྱུར་གྱི་སངས་རྒྱས་མ་ལུས་པ་ཀུན་གྱི་སྤྱི་ལམ་ཆེན་པོར་གྱུར་པ་སྟེ། དེའི་ངོ་བོ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཞིག་རྟོག་པའི་ཡུལ་ལས་འདས་ཤིང་མི་རྟོག་པ་ཙམ་དུའང་བསྒོམ་དུ་མེད་པས་ཡུལ་གང་ལའང་མི་གནས་ཤིང་བློས་ཅིར་ཡང་མི་དམིགས་པ། ཡོད་མེད་ལ་སོགས་པའི་སྤྲོས་པའི་མཐའ་གང་དུ་ཡང་གྲུབ་པ་མེད་ཅིང་རྟོག་དཔྱོད་ཀྱི་བསམ་པ་ཀུན་དང་བྲལ་བ། སྨྲ་བརྗོད་ཀྱི་ཡུལ་ལས་འདས་པས་ངག་ཚིག་གིས་གཏན་ལ་མི་ཕེབས་ཤིང་། གྲུ་བཞི་ཟླུམ་པོ་ལ་སོགས་པའི་དབྱིབས་དང་སྔོ་སེར་དཀར་དམར་ལ་སོགས་པའི་ཁ་དོག་དང་རྒྱལ་རིགས་རྗེ་རིགས་ལ་སོགས་པའི་རིགས་རུས་སོགས་བློའི་སྤྱོད་ཡུལ་དུ་གྱུར་པ་གང་ཡང་མེད་པས་གཞན་ལ་བསྟན་ཅིང་དམིགས་པ་རྣམས་ཀྱི་ཚུལ་གྱིིས་བརྟགས་པར་དཀའ་ལ་ཚིག་གིས་བརྗོད་དུ་ཡང་རྡུལ་ཙམ་མེད་པས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་ནོ། །མདོ་བཅུ་ལས། སེམས་ཀྱི་ངོ་བོ་འདི་ཡིན་ཞེས། །ཆེ་ཆུང་མཚན་མའི་ངོ་བོ་དང་། །དབྱིབས་དང་ཁ་དོག་སྤྱོད་ཡུལ་དུ། །སྟོན་པ་ང་ཡིས་བསྟན་པ་མེད། །ཞེས་སོ། །བཞི་པ་ནི། དེ་ལྟ་བུའི་སྙིང་པོ་རང་བྱུང་གི་ཡེ་ཤེས་ཆོས་ཉིད་མཉམ་པ་ཉིད་དུ་གདོད་ནས་མངོན་པར་སངས་རྒྱས་ཟིན་པས་རྩོལ་སྒྲུབ་གང་ཡང་མི་དགོས་པ་ལ་དེ་ལྟར་མ་རྟོགས་པར་སྔོན་གྱི་དྲང་སྲོང་ཆེན་པོ་སངས་རྒྱས་རྣམས་ཀྱི་དཀའ་ཐུབ་ཀྱི་ལམ་དུ་གང་ཟག་གང་ཞིག་ཞུགས་ནས་ཏིང་ངེ་འཛིན་རྩེ་གཅིག་ཏུ་བསྒོམ་པར་འདོད་པ་རྣམས་ནི་སྒོམ་པ་ཏིང་ངེ་འཛིན་གྱིས་རོ་ལ་ཆགས་ཤིང་དམིགས་པ་ལ་རྩེ་གཅིག་ཏུ་འཛིན་པའི་སེམས་གནས་ཙམ་གྱི་ལམ་རེ་དོགས་དང་དགག་སྒྲུབ་སྤང་བླང་ལ་སོགས་པའི་ཟུག་རྔུ་ཅན་གྱི་ནད་ཀྱིས་ཟིན་པར་འགྱུར་ཏ་རེ་ཞེས་འགྱུར་ཉེན་ཆེ་བ་དེས་ན་དབང་པོ་དམན་པ་རྣམས་ལམ་ལ་རིམ་གྱིས་དཀྲི་བའི་ཆེད་དུ་དཀའ་སྤྱད་དང་སྒོམ་སྒྲུབ་ལ་སོགས་པ་དགོས་ཚུལ་གསུངས་པ་སྟོན་པའི་དྲང་དོན་གྱིི་ལུང་བཞིན་དུ་ཚིག་གི་མཐའ་ལ་སྤྱོད་ཅིང་བྱ་རྩོལ་དང་བཅས་པས་བསྒྲུབ་པའི་ལམ་དུ་ཆོས་ཉིད་དེ་མཐོང་ན། གང་ཟག་དེ་ནི་རྟོག་པའི་རྒྱུན་བཀག་པའི་ཞི་གནས་རྩེ་གཅིག་པའི་རྗེས་སུ་འབྲངས་བ་དཔེར་ན་རི་དྭགས་སྨིག་རྒྱུ་ཡི་ཆུ་ལ་སྙེགས་པ་དང་འདྲ་བས་ཆོས་ཉིད་ཀྱི་དོན་མི་རྟོགས་པར་གསུངས་སོ། །དེས་ན་ཆོས་ཉིད་ཡང་དག་པའི་དོན་སྙིང་པོ་བྱང་ཆུབ་ཀྱི་སེམས་སྨྲ་བསམ་བརྗོད་པ་ཀུན་ལས་འདས་པས་ཡང་དག་པའི་ལམ་ནི་འདི་ལྟ་བུའོ། །ཞེས་ཚིག་གིས་མཚོན་དུ་མེད་པའི་ཕྱིར་ན་ཡང་དག་པ་ཉིད་དུ་བསྟན་དུ་མེད་པ་ལ། ཡང་དག་པའི་ལམ་ནི་འདིའོ་ཞེས་དེ་ལྟར་བསྟན་པར་བྱས་ན་ནི་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་ཡིས་ཀྱང་ནོར་ཞིང་འཁྲུལ་པ་ཡིན་ནོ་ཞེས་གསུངས་ཏེ། མདོ་བཅུ་ལས། ཡང་དག་ལམ་ནི་འདི་ཡིན་ཞེས། །ཚིག་དང་ཡི་གེས་མཚོན་དུ་མེད། །ཡང་དག་འདི་ཡིན་སྟོན་པ་ནི། །རྡོ་རྗེ་སེམས་དཔའ་ང་ཉིད་འཁྲུལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྒོམ་པ་ལ་གཉིས་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་དངས་ཤིང་གསལ་ལ་རྟོག་པ་མེད་པའི་ཞི་གནས་དང་། ཆོས་སྐུ་དྲི་མ་མེད་པའི་སྤྱན་སྣང་ཡུལ་འགགས་མེད་དུ་གསལ་བའི་ལྷག་མཐོང་ངོ་། །དང་པོ་ནི། གོང་དུ་བསྟན་པའི་རྒྱུ་མཚན་དེས་ན་དག་པ་སྐུ་དང་ཡེ་ཤེས་དང་མ་དག་པ་འཁོར་བའི་སྣང་བ་ཐམས་ཅད་བཟང་ངན་གྱི་དབྱེ་བ་གཉིས་སུ་གདོད་ནས་མ་གྲུབ་ཅིང་མེད་པས་དབྱེར་མེད་གཅིག་ཏུ་འདྲེས་ཤིང་ཆོས་ཉིད་མཉམ་པ་ཆེན་པོའི་རང་བཞིན་དུ་མཚུངས་པའི་ཕྱིར་ན། རྣམ་པ་བཟང་ངན་ཅིར་ཡང་མི་འབྱེད་པར་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་བཞིན་དུ་ཡེ་ཤེས་རང་གསལ་གྱི་ངོ་བོར་གནས་པ་དེ་ལ་གཟུང་འཛིན་གཉིས་སྣང་གི་རྟོག་པ་ངང་གིས་ཞི་བས་གཏི་མུག་ཞེས་བརྗོད་པ་དེ་ཡི་ངང་དུ་ཐོག་མེད་ནས་གསལ་བའམ་ཡེ་ནས་རང་བཞིན་གྱིས་འོད་གསལ་བའི་རང་བྱུང་རིག་པའི་ཡེ་ཤེས་ཀྱི་མར་མེ་བློ་རྣམ་རྟོག་གིས་བསམ་པ་དང་བརྗོད་པ་ཀུན་དང་བྲལ་བའི་རང་བཞིན་དེ། དཔེར་ན་རྒྱལ་པོ་ཆེན་པོ་གདན་ལས་མི་གཡོ་བར་འཁོར་འབངས་ཐམས་ཅད་མངའ་འོག་ཏུ་བསྡུ་ཞིང་དབང་བསྒྱུར་བ་ལྟར་འཁོར་འདས་ཐམས་ཅད་ཆོས་ཉིད་གཅིག་གི་ཀློང་དུ་བསྡུ་ཞིང་རིག་རྩལ་འགགས་པ་མེད་པས་དབང་བསྒྱུར་ཡང་རང་གནས་ཆོས་སྐུའི་དགོངས་པ་ལས་ངང་གིས་མི་གཡོ་ཞིང་གང་ལའང་མི་རྟོག་པས་རྨུགས་ཤིང་འཛིན་ཞེན་ཐམས་ཅད་དང་བྲལ་བར་གནས་པ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་པོ་རང་བབ་གཉུག་མའི་ཏིང་ངེ་འཛིན་གྱིི་ངོ་བོར་གནས་པ་ཡིན་པར་གསུངས་པའོ། །གཉིས་པ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་གཞན་དུ་མ་གྱུར་ཅིང་། བྱང་ཆུབ་ཀྱི་སེམས་ནི་དམིགས་མཚན་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པས་མངོན་སུམ་གྱི་ཡུལ་དུ་དམིགས་ཤིང་མཐོང་བར་བྱ་བ་ཅི་ཡང་མེད་པ་དེ་བས་ན་གང་ཡང་མཐོང་བ་མེད་པར་མཐོང་བ་དེ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་མངོན་སུམ་དུ་མཐོང་བའི་ཆོས་སྐུ་དྲི་མ་མེད་པའི་མིག་ཐོབ་པ་ཡིན་པས་མཐོང་བའི་དམ་པར་གསུངས་པ་སྟེ། རུས་སྦལ་རྩ་རྒྱུད་ལས། མི་མཐོང་པ་ཉིད་མཐོང་བ་ཡིན། །ཅིར་ཡང་མི་དམིགས་གཏི་མུག་སྟེ། །མ་རིག་པ་ནི་ཡེ་ཤེས་གསལ། །ཞེས་གསུངས་སོ། །དེ་ལྟ་བུའི་ཞི་ལྷག་ཟུང་དུ་འཇུག་པའི་ཡེ་ཤེས་དེའི་ཆོས་ཐམས་ཅད་སྣང་ཆ་མ་འདྲེས་པར་སོ་སོར་གསལ་ན་ཡང་གདོད་ནས་སྐྱེ་བ་མེད་པ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་རྟོགས་པས་འཁོར་བ་མྱང་འདས་སུ་ཤར་བ་དེ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་བཞིན་པར་གཟིགས་པ་ཡིན་པའི་ཕྱིར་ན་ཐམས་ཅད་མཁྱེན་པའི་སྤྱན་ཞེས་པ་ཡང་ལྷག་མཐོང་སོ་སོར་རྟོག་པའི་ཡེ་ཤེས་དེ་ལ་བརྗོད་པར་བྱའོ་ཞེས་པ་སྟེ། ནམ་མཁའི་མཐའ་དང་མཉམ་པ་ལས། མཐོང་བའི་སྐབས་ན་དོན་མི་མཐོང་། །མི་མཐོང་བས་ན་དོན་མཐོང་སྟེ། །གཉིས་ཀ་མ་བཅོས་རང་རིག་ལ། །མཐོང་དང་མ་མཐོང་རྗེས་མི་འཇུག །ཐམས་ཅད་བྱང་ཆུབ་སེམས་ཉིད་ལ། །ལོག་རྟོག་རྩོལ་བའི་ཆོས་མི་གནས། །རང་བྱུང་མཚན་མར་མི་འཇུག་པས། །གང་ལྟར་གསལ་ཡང་དམིགས་དང་བྲལ། །འབྱུང་འཇུག་མེད་པའི་རྣལ་འབྱོར་གྱིས། །ཇི་བཞིན་ཉིད་ཀྱི་དོན་ལ་རྟོགས། །ལྟ་བྲལ་གཟིགས་མེད་ཡེ་ཤེས་སྤྱན། །ཆོས་རྣམས་བྱང་ཆུབ་སེམས་སུ་གསལ། །ཞེས་སོ། །གསུམ་པ་སྤྱོད་པ་ལ་གསུམ་སྟེ། ངོ་བོ་ཆོས་ཉིད་ལས་མི་འགྱུར་བས་ཅིར་སྣང་སྐྱེ་མེད་དུ་གྲོལ་བར་རང་བཞིན་ཤུགས་ཀྱི་སྤྱོད་པ། ཉོན་མོངས་ཡེ་ཤེས་སུ་གྲོལ་བ་སྣ་ཚོགས་ཐབས་ལམ་གྱི་སྤྱོད་པ། ཐེག་པ་གཞན་ལྟར་བླང་དོར་དུ་སྤྱོད་པ་དགག་པའོ། །དང་པོ་ནི། འདི་ལྟར་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ནི་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་མཐའ་དང་དབུས་མེད་པའི་རང་བཞིན་ཡིན་པས་ཡངས་ཤིང་རྒྱ་ཆེ་བའི་ཀློང་དུ་ཆོས་ཐམས་ཅད་གཉིས་མེད་མཉམ་པ་ཉིད་དུ་རྫོགས་ཤིང་དེ་ཐམས་ཅད་ཀྱི་སྙིང་པོ་ཆོས་སྐུའི་ངོ་བོར་གནས་པ་ཡིན་པས་དེ་ལ་བཟང་ངན་ལ་སོགས་པ་གཉིས་ཆོས་ཀྱི་དབྱེ་བ་གང་ཡང་མེད་པའི་ཕྱིར་བཟང་པོ་དང་དུ་མི་ལེན་ཞིང་ངན་པ་ཕྱིར་མི་འདོར་བར་ཆོས་ཉིད་གཅིག་གི་ངོ་བོར་དབང་བསྒྱུར་བས་མཉམ་པའི་རྒྱལ་པོར་གནས་པ་སྟེ། དེས་ན་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དང་བག་ཆགས་འཁྲུལ་པའི་སྣང་བ་གཉིས་སུ་མིང་གི་བླ་དྭགས་ཙམ་དུ་སོ་སོར་ཕྱེ་ན་ཡང་། དོན་ལ་བག་ཆགས་འཁྲུལ་པའི་སྣང་བ་ཐམས་ཅད་དྷ་དུ་ར་ཟོས་པའི་སྣང་བ་ལྟར་རྫས་སུ་གྲུབ་པ་མེད་པས་དབྱེ་གཞི་ཟད་པའི་དབྱེར་མེད་ཆེན་པོ་རུ་འདྲེས་ཤིང་ཆོས་ཉིད་གཅིག་གི་རང་བཞིན་དུ་མཚུངས་པ་ཡིན་ཏེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཀུན་རྫོབ་རྣམ་ཆད་རྣམ་དབྱེའི་ཡུལ་འདས་པས། །བཏགས་པའི་བདེན་གཉིས་འདས་ཕྱིར་སྤྲོས་ཀུན་ཞི། །དབྱིངས་ལ་སྣང་སྟོང་རང་བཞིན་གཉིས་མེད་པས། །བདེན་པ་དེ་ཡང་དབྱེར་མེད་ཅེས་སུ་བརྗོད། །ཅེས་གསུངས་པ་ལྟར་རོ། །དེས་ན་འདི་ལྟར་སྣང་བའི་ཆོས་རྣམས་དོན་ལ་ཅིར་ཡང་གྲུབ་པ་མེད་བཞིན་གཟུང་འཛིན་དུ་ཞེན་པའི་རྟོག་པས་རྣམ་པར་བརྟགས་ཤིང་རྨི་ལམ་གྱི་རོལ་པ་ལྟར་སྣ་ཚོགས་སུ་སྣང་བའི་ཆོས་རྣམས་ནི། རིག་པ་རང་གི་རྩལ་སྣང་འགག་མེད་དུ་ཤར་བ་ཆོས་ཉིད་ཀྱི་རྒྱན་དུ་སྣང་བས་མཚན་འཛིན་རྟོག་པའི་བློ་ཡིས་མི་འདོར་བས་སྤོང་བར་མི་བྱེད་ཅིང་། དེ་བཞིན་དུ་བསྒྲུབ་ཅིང་དང་དུ་ཡང་མི་ལེན་པས་ཅིར་ཡང་མི་དགོས་པའམ་མི་རྟོག་པའི་ཐབས་ཀྱིས་གང་སྣང་བའི་ཆོས་ཐམས་ཅད་པོ་དེ་ལ་ཆོས་ཉིད་དུ་རོལ་པ་དེ་ནི་ཀུན་ཏུ་བཟང་པོ་བླང་དོར་མེད་པའི་སྤྱོད་པའམ་རང་བཞིན་ཤུགས་ཀྱིས་སྤྱོད་པ་ཡིན་ནོ། །མདོ་བཅུ་ལས། སྤྱོད་པ་བླང་དོར་མེད་པ་ནི། །སེམས་ཉིད་རྫོགས་པ་ཆེན་པོ་ལ། །སྣང་བའི་ཆོས་དང་སྲིད་པའི་ཆོས། །ཐམས་ཅད་བྱང་ཆུབ་སེམས་ཡིིན་པས། །སེམས་ཉིད་ཡེ་ཤེས་སྤྱོད་པ་ལ། །འདི་བླང་འདི་དོར་ཡོངས་མ་མཆིས། །ཞེས་གསུངས་སོ། །གཉིས་པ་ནི། འདི་ལྟར་རྫོགས་པ་ཆེན་པོའི་དགོངས་དོན་ཇི་བཞིན་དུ་རྟོགས་པའི་རྣལ་འབྱོར་པ་རྣམས་ལ་ཆོས་ཐམས་ཅད་རིག་པ་ཉག་ཅིག་གི་ངོ་བོར་གྲོལ་བ་ཡིན་པས་འོག་མའི་ཐེག་པ་ཀུན་དང་མི་མཐུན་པས་བླང་དོར་གྱི་ལམ་ལ་ཞེན་པ་ཡོངས་ཀྱིས་སྤོང་འགོག་སྦྱོང་བསྒྱུར་ལ་སོགས་པར་ལྟ་བའི་ཆོས་ཉོན་མོངས་པ་དུག་ལྔ་དང་དེས་ཀུན་ནས་བསླང་ཏེ་བསགས་པའི་ལས། མཚམས་མེད་པ་ལྔ་པོོ་ལ་སོགས་པ་ཡི་རང་བཞིན་ནི་གདོད་ནས་ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ནས་རང་ཤར་བའི་རང་བྱུང་གི་ཡེ་ཤེས་ལྔ་ཡི་རོལ་རྩལ་ཡིན་ཕྱིར་སྤང་བྱ་མ་དག་པའི་ཆོས་སུ་གྲུབ་པ་རྡུལ་ཙམ་མེད་པར་ཡེ་ནས་རྣམ་པར་དག་པ་སྣ་ཚོགས་ཐབས་ལམ་གྱི་སྤྱོད་པ་ཡིན་པས་འཆིང་བྱེད་དུ་མི་འགྱུར་བར་མ་ཟད། ལམ་དེར་ཞུགས་པར་བྱས་ནས་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ལ་དབང་བསྒྱུར་བར་བྱེད་པའི་རྒྱལ་པོ་ཀུན་བཟང་ཆོས་སྐུའི་གཏན་སྲིད་ལ་མངའ་དབང་ཐོབ་པར་འགྱུར་བས་ན་བུད་མེད་ལ་སོགས་པ་འདོད་པའི་ཡུལ་ཀུན་ཀྱང་སྤོང་བར་མི་བྱེད་པར་གསུངས་སོ། །ཀློང་ཆེན་རབ་འབྱམས་ལས། རྫོགས་ཆེན་ཨ་ཏིའི་ངོ་བོ་ལ། །ཕྱི་ནང་གསང་བའི་ཆོས་རྣམས་རྫོགས། །དགེ་བ་བྱར་མེད་སྡིག་པ་སྤང་དུ་མེད། །དགེ་སྡིག་གཉིས་དང་བྲལ་བའི་རིག་པ་ཆོས་ཀྱི་སྐུ། །དགེ་བ་མི་བྱ་བྱས་ན་སངས་རྒྱས་མིན། །སྡིག་པ་མི་སྤང་སྤངས་ན་སངས་རྒྱས་འགྲུབ་མི་འགྱུར། །ཞེས་གསུངས་སོ། །གསུམ་པ་ནི། དེ་ལས་གཞན་དུ་རྩོལ་བཅས་ཀྱི་ཐེག་པ་གཞན་ལྟར་བླང་དོར་རྩོལ་སྒྲུབ་ལ་སྤྱོད་པའི་ལོ་རྒྱུས་འཆད་པའི་ལུང་གི་ཚིག་ཙམ་ལ་བརྟེན་ནས་རྒྱུ་འབྲས་བླང་དོར་གྱི་སྒོ་ནས་རང་བཞིན་གྱི་དོན་གཉིས་འགྲུབ་ཏུ་ཡོད་པར་གསུངས་པ་དེ་ཚད་མའི་བློར་བཞག་པའམ་ཚད་མར་བཟུང་ནས་མ་ཧཱ་ཡོ་ག་བས་ཏིང་འཛིན་རྣམ་པ་གསུམ་པོ་བརྟན་པར་བསྒོམ་པ་ལ་སོགས་པ་ལམ་རིམ་གྱིས་བགྲོད་ནས་འབྲས་བུ་ཐོབ་པར་འདོད་པའི་ཐེག་པ་རང་རང་གི་གྲུབ་པའི་མཐའ་ལ་སྤྱོད་ཅིང་ཉམས་སུ་བླང་བས་འབྲས་བུ་ཐོབ་པར་རེ་བ་འཇོག་པ་དེ་ནི་འདིར་རྩོལ་བྲལ་ཨ་ཏིའི་ལུང་ལས་གཞན་དུ་གོལ་བ་ཡིན་ནོ་ཞེས་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་ལ་མ་ལྟོས་པར་ཡེ་ནས་སངས་རྒྱས་པ་ཡིན་པའི་དོན་མ་རྟོགས་པར་རྩོལ་བ་ལ་བརྟེན་ནས་འཁོར་བ་སྤངས་ནས་སངས་རྒྱས་ཐོབ་པར་ལྟ་བ་ནི་འཁོར་འདས་མཉམ་ཉིད་དུ་མ་རྟོགས་པས་འཁྲུལ་པ་ཡིན་པར་གསུངས་པའོ། །དེས་ན་འཁོར་འདས་ཐམས་ཅད་སེམས་དང་རིག་པའི་རོལ་པ་ཙམ་ལས་གཞན་དུ་མེད་པས་སྤང་བླང་རེ་དོགས་གང་ཡང་མི་བྱ་བར་བཞག་ན་ཆོས་ཐམས་ཅད་མ་བྱས་ཡེ་ཟིན་དུ་གནས་པར་གསུངས་ཏེ། དེ་ཉིད་ལས། བསམ་གཏན་ཏིང་འཛིན་ལ་སོགས་སངས་རྒྱས་སྐུ་ལ་སྒྲིབ། །བསྒོམ་ཞིང་སྒྲུབ་པ་བྱས་ན་བསམ་གཏན་མིན། །སངས་རྒྱས་མི་བསྒྲུབ་བསྒྲུབ་ན་རྩོལ་བར་འགྱུར། །འཁོར་བ་མི་སྤང་སྤངས་ན་སངས་མི་རྒྱ། །སངས་རྒྱས་གཞན་ན་མེད་དོ་རིག་པ་ཡིན། །འཁོར་བ་གཞན་ན་མེད་དོ་རང་སེམས་ཡིན། །འདུས་བྱས་དགེ་བ་མི་བྱ་བྱས་ན་འཆིང་བའི་རྒྱུ། །མཆོད་རྟེན་ལྷ་ཁང་ལ་སོགས་འདུས་བྱས་དགེ་རྩ་ཡིན། །ཆོས་ནི་བྱས་པས་མི་ཟིན་བཞག་པས་ཟིན་པར་འགྱུར། །ཞེས་གསུངས་སོ། །བཞི་པ་འབྲས་བུ་ལ་གཉིས་ཏེ། སེམས་ཇི་བཞིན་པ་མ་བཅོས་པར་བཞག་པ་དེ་བཞིན་ཉིད་རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་ཚུལ་དང་། དེ་ལྟར་བཞག་པས་རྩོལ་སྒྲུབ་ཞེན་པའི་སྡུག་བསྔལ་ལས་གྲོལ་བའོ། །དང་པོ་ནི། དེས་ན་བྱ་བྱེད་རྩོལ་བ་ཐམས་ཅད་དང་བྲལ་བར་སེམས་ཉིད་ཇི་བཞིན་པ་མ་བཅོས་རྣལ་མར་བཞག་པའི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་བརྩལ་ལྷུན་གྲུབ་ཀྱི་ཚུལ་དུ་རྫོགས་ཤིང་གདོད་ནས་ཡེ་སངས་རྒྱས་པ་ཆོས་དབྱིངས་བདེ་བ་ཆེན་པོ་མཐའ་གྲོལ་ཕྱོགས་ལྷུང་དང་བྲལ་བའི་ལྷུན་ལ་ཡེ་ནས་གནས་པས་ས་ལམ་སྦྱང་བགྲོད་སོགས་ལ་མི་ལྟོས་པར་ད་ལྟ་ཉིད་ནས་རང་བྱུང་ཀུན་ཏུ་བཟང་པོའི་ངོ་བོར་གནས་པ་སྟེ། དེ་ཡང་ཡེ་ནས་ཆོས་ཉིད་བྱང་ཆུབ་སེམས་ཀྱི་གཤིས་ལུགས་དེ་ལྟར་དུ་གནས་པ་ཉིད་རྣལ་འབྱོར་པ་ལ་མངོན་དུ་ཤར་བ་ལས་བླང་དོར་རྩོལ་སྒྲུབ་ཀྱིས་གྲུབ་པ་མ་ཡིན་ཏེ། ཅིའི་ཕྱིར་ན་རིག་པའི་ཡེ་ཤེས་ཆེན་པོ་རྒྱུ་རྐྱེན་གང་གིས་ཀྱང་མ་བསྐྱེད་པས་རང་བྱུང་འདུས་མ་བྱས་པ་སྲིད་ཞི་ཀུན་ལ་ཁྱབ་ཅིང་ཀུན་གྱི་ཆོས་ཉིད་དུ་གྱུར་པས་ཆེ་བའི་སྙིང་པོ་ཉིད་དུ་གྱུར་པ་དེ་ནི་རྐྱེན་གྱིས་མི་གཡོ་ཞིང་ངོ་བོ་མི་འགྱུར་བར་བློ་འདས་ཆོས་སྐུའི་ངོ་བོ་སྨྲ་བསམ་སྤྲོས་པ་ཀུན་ལས་འདས་པས་ན་ཚིག་གི་བསྙད་པ་ཀུན་དང་བྲལ་བའི་ཕྱིར་རོ། །གཉིས་པ་ནི། འདི་ལྟར་བྱ་བྱེད་རྩོལ་བས་མ་བསྒྲུབ་པར་ཡེ་ནས་ལྷུན་གྱིས་གྲུབ་ཟིན་པའི་རིག་པ་རང་བྱུང་གི་ཡེ་ཤེས་སྤང་བླང་རེ་དོགས་ཀྱི་ནད་ཐམས་ཅད་སེལ་བར་བྱེད་པའི་བདུད་རྩིས་ཏེ་བདུད་རྩི་ལྟ་བུའི་རང་བཞིན་དུ་གྱུར་པ་དེས་ཐེག་པ་འོག་མའི་བྱ་རྩོལ་གྱིས་གདུང་བའི་སྡུག་བསྔལ་གྱི་ནད་ཀུན་འཇོམས་པར་བྱེད་ཅིང་རང་གི་ངོ་བོ་བྱ་བ་ཐམས་ཅད་དང་བྲལ་བར་ཡེ་ནས་གྲུབ་ཟིན་པའི་ཆོས་ཉིད་ཡངས་པ་ཆེན་པོའི་ཡུལ་ལ་འཕོ་འགྱུར་མེད་པར་སྔོན་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་དེ་ལྟར་དུ་གནས་པ་ཡིན་ནོ། །ཚུལ་དེ་དང་མཐུན་པར་མདོ་བཅུ་ལས་ཀྱང་། བྱ་བྲལ་བདེ་བའི་ལྷུན་ལ་གནས། །ཡེ་ནས་བྱས་ཟིན་བདུད་རྩི་ཡིས། །རྩོལ་བ་དག་གི་སྡུག་བསྔལ་འཇོམས། །ཞེས་གསུངས་སོ། །གཉིས་པ་ཐིག་ལེ་ཉག་གཅིག་གི་རང་བཞིན་དབྱེར་མེད་དུ་བསྟན་པ་ལ་གཉིས་ཏེ། ཇི་བཞིན་པའི་སེམས་ཉིད་རང་གནས་སུ་གནས་པ་ལ་སྐྱེ་འགགས་གནས་གསུམ་གྱི་ཞེན་པ་མེད་པས་ལྟ་སྒོམ་སྤྱོད་འབྲས་སུ་དབྱེ་བ་དང་། རྣལ་དོན་ནམ་མཁའ་བཞིན་དུ་གྲུབ་པས་སྨྲ་བསམ་ལས་འདས་པའོ། །དང་པོ་ནི། ཀྱེེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ནི་ཇི་བཞིན་པའི་སེམས་ཉིད་ཆོས་སྐུ་ཐིག་ལེ་ཆེན་པོའི་རང་བཞིན་ལས་གཞན་དུ་གྲུབ་པ་གང་ཡང་མེད་པར་དེའི་རང་བཞིན་ཡིན་པས་ན། གོང་དུ་བཤད་པའི་ལྟ་སྒོམ་སྤྱོད་འབྲས་བཞི་པོ་དེ་ཡང་གདུལ་བྱའི་ངོར་རིག་པའི་ངོ་བོ་གཅིག་ལ་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་མ་བཙལ་ལྷུན་གྲུབ་ཀྱི་ཚུལ་དུ་རྫོགས་ཤིང་ཚངས་པའི་ཚུལ་ཚིག་གིས་མཚོན་ནས་བསྟན་པ་ཙམ་ལས། དོན་ལ་དེ་དག་ཕར་སྤྲོས་ཤིང་དབྱེ་བར་བྱེད་པ་གང་ཡང་མེད་ཅིང་ཆོས་སོ་སོ་བ་བཞི་རིག་པ་གཅིག་གི་ངོ་བོར་ཚུར་བསྡུ་བ་ཡང་མེད་དོ། །དེ་བཞིན་དུ་ཆོས་འདི་དག་ཐམས་ཅད་དང་པོ་སྐྱེ་བ་མེད་ཅིང་མཐར་འགག་པ་མེད་པར་ཀ་དག་སྐྱེ་བ་མེད་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ངང་ལས་མ་གཡོས་བཞིན་དུ་རང་གདངས་ལྷུན་གྲུབ་ཀྱི་སྣང་ཆ་རུ་འཁོར་འདས་ཀྱི་སྣང་ཆ་སྣ་ཚོགས་པ་འགོག་པ་མེད་པར་འཆར་ཞིང་། དེ་ལྟར་འཆར་བའི་དུས་ཉིད་ནས་གྲུབ་པ་རྡུལ་ཙམ་མེད་པར་གཉིས་མེད་མཉམ་པ་ཆེན་པོའི་རང་བཞིན་དུ་ཇི་ལྟར་སྔར་བཞིན་ཕྱིས་ཀྱང་དེ་བཞིན་དུ་གནས་པ་ཡིན་པས་སྣང་སྟོང་དབྱེར་མེད་སྤྲོས་པ་དང་བྲལ་བར་བསྟན་པ་ཡིན་ཏེ། གཏིང་རྫོགས་ལས། གཉིས་སུ་མེད་པའི་རྒྱུད་ཀྱི་ལྟ་བའི་གཞི། །སྣང་བ་འདི་ཉིད་ཡེ་ནས་སྐྱེ་བ་མེད། །སྐྱེ་མེད་ཉིད་ན་གང་ཡང་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་རང་སེམས་ངང་གིས་སྟོང་། །དཔེར་ན་ཆུ་དང་མེ་ལོང་གཟུགས་བརྙན་བཞིན། །སྣང་དང་སྟོང་པ་དབྱེར་མེད་གདོད་ནས་དག །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ནི། དེ་ལྟར་ཡོད་མེད་སྐྱེ་འགག་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་རྟོག་པའི་སྤྱོད་ཡུལ་ལས་འདས་པས་གང་དུའང་རྣམ་པར་མི་རྟོག་པ་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འཁོར་འདས་ཀྱི་ཆོས་རྣམས་ཀྱི་སྙིང་པོ་བཙལ་བ་མེད་པར་ཡེ་ནས་སངས་རྒྱས་པའི་རང་བཞིན་ཅན་འདི་ནི་ནམ་མཁའ་བཞིན་དུ་ཆོས་ཐམས་ཅད་ལ་ཡེ་ནས་ཁྱབ་ཅིང་དུས་གསུམ་འཕོ་འགྱུར་མེད་པར་གནས་པས་ན་རྟོག་པའི་གྲྭ་ཟུར་དང་བྲལ་ཞིང་སྨྲ་བསམ་གྱི་ཡུལ་ཀུན་ལས་འདས་པའོ། །ཞེས་གསུངས་སོ། །ནམ་མཁའི་རྒྱལ་པོ་ལས་ཀྱང་། བསམ་དང་བྲལ་བའི་སེམས་དེ་ནམ་མཁའ་ཉིད། །ནམ་མཁའ་འདྲ་བའི་སེམས་དེ་ཉིད་དང་བྲལ། །ཡོད་མེད་དབུ་མའང་མི་དམིགས་བརྗོད་མེད་ན། །ནམ་མཁའ་མི་དམིགས་བརྗོད་དུ་མེད་ལས་འདས། །སེམས་ལ་ཚིག་ཏུ་བརྗོད་མེད་སྐུ་ཡང་མེད། །ཅེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱ་མེད་རྫོགས་པ་བསྒོམ་དུ་མེད་པའི་ལེའུ་སྟེ་རྩ་དྲུག་པའི་འགྲེལ་པའོ།། ༈ །།དོན་བདུན་པ་སེམས་ཉིད་ཀུན་བྱེད་དབྱིངས་རང་བཞིན་གྱིས་དག་པས་རྒྱུ་འབྲས་བྱ་བཙལ་ལས་འདས་པའི་ལེའུ་ཉེར་བདུན་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པ་ནི། དང་པོ་ནི། དེ་ལྟར་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་སྟོན་པའི་ངོ་བོར་གནས་པ་དེ་ཡེ་ནས་བསྒོམ་དུ་མེད་པས་རྒྱུ་འབྲས་བྱ་བཙལ་ལས་འདས་པ་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་ངོ་བོ་ལ་འཁོར་འདས་སྤང་བླང་གང་ཡང་མ་གྲུབ་པར་རང་བཞིན་གྱིས་རྣམ་པར་དག་པས་རྒྱུ་འབྲས་རྩོལ་སྒྲུབ་ཀྱིས་མི་འགྲུབ་པར་རྩོལ་མེད་ལྷུན་གྱིས་གྲུབ་པར་སྟོན་པའི་གདམས་ངག་ཕོག་པ་དང་མཐུན་ཅིང་གཉིས་སུ་མེད་པའི་ལུང་ཐེག་པ་འོག་མ་ལས་ཁྱད་པར་དུ་འཕགས་པས་ཆེན་པོ་ཞེས་གསུངས་པ་འདི་ཉིད་འཆད་འགྱུར་གྱི་ས་བཅད་བདུན་པོའི་གོ་རིམ་ལྟར་རིམ་གྱིས་བསྟན་པ་ནི་འདི་ཉིད་ཡིན་ཏེ་ཞེས་ལྷག་བཅས་ཀྱི་ཚིག་གི་གོང་འོག་མཚམས་སྦྱར་བའོ། །གཉིས་པ་ལ་བདུན་ཏེ། སེམས་ཉིད་ཀུན་བྱེད་ཡེ་ནས་དག་པའི་དབྱིངས་སུ་བསྟན་པ། སྣང་སྲིད་ཆོས་ཉིད་ཀྱི་རོལ་པ་ཡིན་པས་འཁོར་འདས་བླང་དོར་དུ་བྱེད་པའི་ལམ་མ་གྲུབ་པ། ཆོས་དབྱིངས་སྨོན་པ་མེད་པས་སེམས་ལས་གཞན་པའི་སངས་རྒྱས་གྲུབ་ཏུ་མེད་པ། སྲིད་གསུམ་ཡེ་གྲོལ་དུ་རྟོགས་པས་འཁོར་བ་སྤང་དུ་མེད་པ། རྩོལ་སྒྲུབ་རྒྱུ་འབྲས་ཀྱི་ལམ་གྱིས་ནམ་ཡང་སངས་རྒྱས་མི་འགྲུབ་པ། རྩོལ་སྒྲུབ་རྒྱུ་འབྲས་སྟོན་པའི་སློབ་དཔོན་སྤང་བ། འབད་མེད་ཡེ་གྲོལ་དུ་འཆད་པའི་བླ་མ་བརྟེན་ཚུལ་ལོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག་འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་ཐམས་ཅད་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ལས་བྱུང་བ་ཡིན་པས་ན་བྱང་ཆུབ་ཀྱི་སེམས་ཡེ་ནས་རྣམ་པར་དག་པ་བཞིན་དུ་དེའི་ངང་ལས་ཤར་བའི་ཇི་ལྟར་སྣང་བའི་ཕྱི་ནང་སྣང་སྲིད་ཀྱིས་བསྡུས་པའི་ཆོས་རྣམས་ཐམས་ཅད་ཀུན་ཀྱང་། རྩོལ་སྒྲུབ་བྱ་བྱེད་ལ་མ་ལྟོས་པར་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཀ་དག་དབྱིངས་ཀྱི་ངང་ལས་སྐད་ཅིག་ཀྱང་གཡོ་མ་མྱོང་བར་ལུང་དུ་བསྟན་པ་ཡིན་ཏེ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། སྐུ་གསུམ་ཀློང་ལས་འཁོར་འདས་རང་ཤར་ཀྱང་། །དབྱིངས་ལས་མ་གཡོས་ཆོས་ཉིད་བདེ་བའི་ཞིང་། །སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང་། །རོལ་པ་ངེས་མེད་ཐུགས་རྗེ་ཆོ་འཕྲུལ་ཀློང་། །ཐམས་ཅད་དབྱིངས་ཀྱི་རྒྱན་ལས་ལོགས་ན་མེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ནི། འདི་ལྟར་འབྱུང་བ་ཆེན་པོ་ལྔས་བསྡུས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ཕུང་པོ་ལྔས་བསྡུས་པའི་ནང་བཅུད་ཀྱི་སེམས་ཅན་དུ་སྣང་བ་འདི་ཀུན་ཡེ་ནས་སྤྲོས་བྲལ་ཆོས་ཀྱི་དབྱིངས་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་དབྱེར་མེད་པ་ཡིན་ལ། ཆོས་ཀྱི་དབྱིངས་དེ་ལ་ནི་གཟུང་འཛིན་རྣམ་རྟོག་གི་བསྒྲིབ་པ་ཞིག་གཤིས་ལ་ཞུགས་མ་མྱོང་བས་ཡེ་ནས་རྣམ་པར་དག་པའི་སྤྱོད་ཡུལ་དུ་གྱུར་པ་ཡིན་པས། དེ་ལ་དག་པ་སངས་རྒྱས་དང་ནི་མ་དག་པ་སེམས་ཅན་གཉིས་སུ་གྲུབ་པ་མེད་ཅིང་འཁོར་འདས་བླང་དོར་དུ་འབྱེད་པའི་སྒོ་ནས་ས་ལམ་རིམ་གྱིས་བགྲོད་པ་དང་རྒྱུ་འབྲས་བླང་དོར་ལ་སོགས་པའི་གཉེན་པོས་བཅོས་སུ་ག་ལ་ཡོད་དེ་བཅོས་བསྒྱུར་སྤང་བླང་གང་ཡང་མེད་པར་ཡེ་ནས་བསྒྲུབ་མེད་རྩོལ་སྤྲུགས་ཆེན་པོར་གནས་པའི་ཕྱིར་ཏེ། རྩལ་ཆེན་ལས། ཕྱི་དང་ནང་མེད་ཐམས་ཅད་ཆོས་ཀྱི་དབྱིངས། །རྣམ་པར་དག་པའི་སྤྱོད་ཡུལ་གཉིས་མེད་ལ། །སངས་རྒྱས་སེམས་ཅན་ཡོངས་ཀྱིས་མེད་པ་སྟེ། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །མ་ནོར་དམ་པའི་ལམ་ཆེན་ལྷུན་རྫོགས་པ། །ཞེས་གསུངས་པ་ལྟར་ལ། འདི་ལ་མདོ་བཅུ་ལས་འབྱུང་བ་ཆེན་པོ་ལྔ་དང་སྣང་སྲིད་ཐམས་ཅད་ཕྱི་དང་བྱང་ཆུབ་ཀྱི་སེམས་དང་ཆོས་ཉིད་ནང་སྟེ་དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པར་གསུངས་ཏེ། དེ་ཉིད་ལས། ཕྱི་དང་ནང་གི་ཆོས་ཉིད་འདི། །འབྱུང་ཆེན་ལྔ་དང་སྣང་སྲིད་ཕྱི། །བྱང་ཆུབ་སེམས་དང་ཆོས་ཉིད་ནང་། །དབྱེ་བ་མེད་པར་ཆོས་ཀྱི་དབྱིངས། །ཡེ་ནས་རྣམ་དག་སྤྱོད་ཡུལ་ལ། །སངས་རྒྱས་སེམས་ཅན་གཉིས་མེད་པས། །དེ་ལ་རྣམ་པ་བགྲང་དུ་མེད། །ཅེས་རྣམ་པ་བགྲང་དུ་མེད་པའི་མདོ་འགྲེལ་དུ་གསུངས་སོ། །གསུམ་པ་ནི། དེ་ལྟར་ཡེ་ནས་རྣམ་པར་དག་པ་ཡིན་ན་ཡང་འོན་ཀྱང་སེམས་ཅན་རྣམས་ཀྱི་འཁྲུལ་པའི་ཤེས་པས་བསླད་ཅིང་བསླུས་པའི་ཕྱིར་ན་བླང་དོར་འབད་རྩོལ་ལ་བརྟེན་ནས་འཁྲུལ་སྣང་སྦྱང་ཞིང་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པར་བྱེད་དགོས་སོ་སྙམ་ན། ཆོས་ཀྱི་དབྱིངས་ཡེ་སྟོང་སྤྲོས་པ་དང་བྲལ་བ་ཀ་དག་ཡེ་བབས་སོར་བཞག་གི་དོན་འདི་ལ་བྱ་རྩོལ་གང་ཡང་མི་འཇུག་པས་གང་ཡང་བསྒྲུབ་ཏུ་མེད་བཞིན་དུ་ཆོས་ཐམས་ཅད་མ་སྤངས་པར་ཡེ་ནས་གཞི་མེད་རྩ་བྲལ་ཆེན་པོར་ཡེ་གྲོལ་ལ་སོང་སྟེ་ལྷུན་གྲུབ་འབྲས་བུའི་ཆོས་སུ་རྩལ་རྫོགས་ཟིན་པས་རྩལ་སྤྲུགས་ཆེན་པོར་གྲུབ་ཟིན་པ་ལ་འབྲས་བུ་ཐོབ་འདོད་ཀྱི་སྨོན་པ་མེད་པས་ན། སངས་རྒྱས་ཞིག་གཞན་ནས་བཙལ་བར་བྱ་བ་རྡུལ་ཙམ་མེད་པར་ལྷུན་གྲུབ་རྫོགས་པ་ཆེན་པོར་ཡེ་ནས་གནས་པ་ཡིན་ལ། རྒྱུ་མཚན་དེས་ན་སྔ་མ་སྟེ་གོང་དུ་ལམ་དང་གཉེན་པོས་བཅོས་སུ་མེད་པར་གསུངས་པ་དེ་ཉིད་ཀྱི་དོན་ལྟར་མ་བཅོས་རང་བབ་དུ་འཇོག་པ་ལས། ཐེག་པ་འོག་མས་རྩོལ་སྒྲུབ་ཀྱི་ལམ་ལ་རྟོག་ཅིང་དཔྱོད་པ་དང་སེམས་ཅན་རང་ག་མའི་གཟུང་འཛིན་གྱི་རྟོག་པ་གཉིས་ཀ་ཡེ་ནས་རྣམ་པར་དག་པ་གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པ་ལ་ཕྱིན་ཅི་ལོག་ཏུ་རྣམ་པར་རྟོག་པའི་སོ་སྐྱེས་བྱིས་པའི་སྤྱོད་པས་ཅི་ཞིག་བསླུས་ཏེ་ནམ་མཁའ་ལ་ཆུ་མི་ཆགས་པ་བཞིན་དུ་གོས་པ་རྡུལ་ཙམ་ཡང་མེད་དོ། །རྩལ་ཆེན་ལས། སྒྲོ་སྐུར་བཅིང་གྲོལ་དག་པའི་ཆོས་དབྱིངས་ལ། །ལོག་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་བསླུ། །ཞེས་དང་། མདོ་བཅུ་ལས། ཡེ་ནས་རྫོགས་པའི་བྱང་ཆུབ་ལ། །བསྒྲུབ་ཏུ་མེད་པས་སྨོན་དུ་མེད། །ཡེ་ནས་ལྷུན་རྫོགས་བྱ་རྒྱུ་མེད། །སྔ་མ་བཞིན་ཏེ་རྩོལ་སྒྲུབ་མེད། །རྟོག་པ་དང་ནི་དཔྱོད་པ་དང་། །གཟུང་འཛིན་རྣམ་པར་དག་པ་གཉིས། །ཡེ་ནས་གཉིས་མེད་ཆོས་དབྱིངས་ལ། །ལོག་རྟོག་བྱིས་པས་བསླུ་བ་མེད། །ཅེས་གསུངས་སོ། །བཞི་པ་ནི། འདི་ལྟར་རྒྱུ་སེམས་ཅན་གྱི་གནས་སྐབས་དང་འབྲས་བུ་སངས་རྒྱས་ཀྱི་གནས་སྐབས་ལྟ་བུ་དབྱེ་རུ་མེད་པར་འཁོར་འདས་ཐམས་ཅད་ཡེ་ནས་གཉིས་མེད་ཆོས་དབྱིངས་བདེ་བ་ཆེན་པོ་ལས་གཞན་དུ་མེད་པས་ཁམས་གསུམ་ཡོངས་གྲོལ་ཆེན་པོ་སྲིད་གསུམ་ཀ་དག་གི་རང་བཞིན་ཡིན་པའི་ཕྱིར་ན། མ་དག་སེམས་ཅན་ལྟར་སྣང་བ་ཀུན་གྱི་སྤྱོད་པ་ལ། ཐེག་པ་འོག་མ་པ་རྣམས་ཀྱིས་འཁྲུལ་པས་བཞག་པ་ཕྱིན་ཅི་ལོག་ཏུ་ནོར་བའི་ལམ་དུ་བརྟགས་ཤིང་དེ་ཉིད་སྤང་བྱར་བསྟན་པ་ཡིན་ན་ཡང་། དོན་ལ་གོང་དུ་བསྟན་པའི་བསྒྲུབ་མེད་སྨོན་པ་མེད་པའི་ལམ་ཆེན་པོ་དེ་དང་འདི་གཉིས་ལ་ཐ་དད་དུ་དབྱེ་བ་མེད་པས་མི་གཉིས་པ་ཡིན་ཕྱིར། དེ་ལྟ་བུའི་འཁོར་བའི་ཆོས་ཐམས་ཅད་སྤང་དུ་མེད་པར་འཁོར་འདས་གཉིས་ལ་ཡེ་ནས་བཟང་ངན་མེད་པས་མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པར་ཤེས་ཏེ་སྤང་བླང་བཅོས་བསྒྱུར་མེད་པར་བཞག་པས་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་རྗེ་བཙུན་དམ་པ་ཀུན་བཟང་གདོད་མའི་མགོན་པོ་ཉིད་དང་དབྱེར་མེད་པ་ཡིན་པར་གསུངས་ཏེ། དེ་ཉིད་ལས། འཁྲུལ་པས་ནོར་པའི་ལམ་བསྟན་ཀྱང་། གོང་གི་ཆོས་དབྱིངས་ལམ་དེ་གཉིས། །ཡེ་ནས་གཉིས་མེད་གཅིག་ཡིན་ཏེ། །ལམ་གཉིས་མཉམ་པར་ཤེས་པ་ནི། །དུས་གསུམ་སངས་རྒྱས་ཀུན་གྱི་རྗེ། །ཞེས་སོ། །ལྔ་པ་ནི། དེ་ལྟ་བུའི་གཟུང་འཛིན་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ཡེ་ནས་རྣམ་པར་དག་པས་འཁོར་འདས་གཉིས་མེད་བླང་དོར་དང་བྲལ་བར་རྟོགས་པ་དེ་ནི་ཨ་ཏི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཤིན་ཏུ་སྐལ་བ་དང་ལྡན་པ་ཡིན་པར་གསུངས་ལ། དེ་ལས་གཞན་དུ་འཁོར་འདས་གཉིས་ལ་འཇུག་ལྡོག་གི་ཡུལ་དུ་བལྟས་ནས་བདག་གིས་ཡང་དག་པའི་ལམ་ལ་བརྟེན་ནས་འཁོར་བ་སྤང་ཏེ་མྱང་འདས་བསྒྲུབ་པར་བྱའོ་སྙམ་དུ་དགག་སྒྲུབ་སྤང་བླང་ལ་ཞེན་པའི་བློ་ཅན་ཐམས་ཅད་ང་དང་བདག་ཏུ་རྟོག་པ་དང་བཅས་པ་ཡིན་པས། མུ་སྟེགས་འཁྲུལ་པའི་ལམ་དུ་ལྟུང་པ་ཡིན་ལ། དེ་ལྟ་བུའི་ཕྱིན་ཅི་ལོག་ཏུ་རྣམ་པར་རྟོག་པ་མི་ཤེས་བྱིས་པའི་བློ་གཟུང་འཛིན་གྱི་རྟོག་པས་འཁོར་འདས་བླང་དོར་གྱི་ཆོས་སུ་མེད་པ་ལ་ཡོད་པར་བཟུང་ཞིང་བརྟགས་པའི་ལམ་གྱིས་བསླུས་པས་ཆོས་སྤྱོད་རྒྱུ་འབྲས་ལ་རྟོག་ཅིང་རྩོལ་སྒྲུབ་ཀྱིས་གདུང་བར་བྱེད་པའི་ལམ་ལ་བཙུད་པ་དེ་ནི་ལྷུན་གྲུབ་གདོད་མའི་རྒྱལ་སར་ཕྱིན་པའི་དུས་མེད་ལ། དེ་བཞིན་དུ་ཀུན་བྱེད་ཆོས་སྐུའི་དགོངས་པ་རྩོལ་མེད་ཡེ་གྲོལ་གྱི་དོན་རྟོགས་པའི་དུས་ཀྱང་མེད་པས་ཆོས་ཉིད་འདུས་མ་བྱས་པ་རིག་པ་རང་བྱུང་གི་ཡེ་ཤེས་ཏེ་འདུས་བྱས་ཀྱི་དགེ་བ་ཆོས་སྤྱོད་བླང་དོར་གྱིས་ཚོལ་བས་རྙེད་པར་ག་ལ་འགྱུར་ཏེ་ནམ་མཁས་ནམ་མཁའ་ཚོལ་བའམ་རི་དྭགས་སྨིག་རྒྱུ་ལ་བསྙེགས་པ་དང་འདྲ་བར་གསུངས་སོ། །རྩལ་ཆེན་ལས། ང་དང་བདག་ཏུ་བརྟགས་པ་རབ་ཞི་བའི། །མཆོག་ཏུ་རྨད་བྱུང་ཕྱི་དང་ནང་ཀུན་དབྱིངས། །ཡེ་ནས་རྣམ་པར་དག་པའི་སྤྱོད་ཡུལ་ལ། །སེམས་ཅན་སངས་རྒྱས་གཉིས་མེད་སྐལ་ལྡན་དབང་། །བདག་གཞན་བརྟགས་པས་མུ་སྟེགས་འཁྲུལ་པའི་ལམ། །བྱིས་པས་བསླུས་པས་ཆོས་སྤྱོད་ལམ་ལ་བཙུད། །ཕྱིན་པའི་དུས་མེད་རྟོགས་པའི་དུས་མེད་དེ། །གཉིས་མེད་ཆོས་ནི་རྙེད་པར་ག་ལ་འགྱུར། །ཞེས་གསུངས་སོ། །དྲུག་པ་ནི། དེ་ལ་བྱར་མེད་རྫོགས་པ་ཆེན་པོའི་དོན་རྒྱུ་འབྲས་སྤང་བླང་ལས་འདས་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་མ་མཐོང་ཞིང་བྱར་མེད་ཡེ་གྲོལ་གྱི་དོན་མ་ནོར་བར་སྟོན་པའི་ཀུན་ཁྱབ་ཀྱི་ཚད་མ་གསུམ་དང་ཡང་མི་ལྡན་པས་ཚད་མར་མ་གྱུར་པའི་སློབ་དཔོན་གང་ཞིག་ཨ་ཏི་ཡེ་གྲོལ་གྱི་དགོངས་པ་རྒྱུ་འབྲས་རྩོལ་བསྒྲུབ་ཀྱི་ཡུལ་དུ་ཁྲིད་ཅིང་སྟོན་པར་བྱེད་པ་དེ་ནི། དཔེར་ན་སྔོན་གྱི་དུས་སུ་སྤྲེའུའི་སློབ་དཔོན་ཞིག་གིས་མཚོ་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་ལྷ་དབང་ཕྱུག་ཆེན་པོའི་གཙུག་རྒྱན་མཚོ་ནང་དུ་ལྷུང་བ་ཡིན་པར་བཟུང་ནས། སྤྲེའུ་རྣམས་ལ་དེ་ཉིད་ལེན་ཐབས་བསླབས་པས་ཀུན་གྱིས་སློབ་དཔོན་གྱི་ངག་བཞིན་བྱས་པས་སྤྲེའུ་ཐམས་ཅད་ཆུ་ནང་དུ་ཤི་བར་བཤད་པ་བཞིན། དེ་འདྲའི་ཕྱིན་ཅི་ལོག་ཏུ་ལུང་ཕོག་ཅིང་བསྟན་པ་དང་མཐུན་པར་རྗེས་སུ་ཞུགས་པ་ཐམས་ཅད་ལམ་ནོར་བ་ཡིན་པས་རེ་དོགས་དགག་སྒྲུབ་ཀྱི་རྟོག་པས་ཟིན་པར་འགྱུར་ཏ་རེ་ཞེས་ཟིན་ཉེན་ཆེ་བས་དེ་འདྲའི་སློབ་དཔོན་རྣམས་སྤང་བར་གདམས་པ་སྟེ། མདོ་བཅུ་ལས། སེམས་ཉིད་མངོན་དུ་མ་མཐོང་བའི། །ཚད་མར་མ་གྱུར་སྤྲེལ་འདྲ་ཡིས། །སྟོན་པའི་ལུང་བསྟན་བཀའ་བོར་བས། །ལམ་ནོར་རྟོག་པས་ཟིན་ཏ་རེ། །ཞེས་སོ། །བདུན་པ་ནི། དེ་ལྟར་མཚན་ཉིད་དང་མི་ལྡན་པའི་བླ་མ་བསྟེན་པས་ལམ་ལོག་པར་གོལ་བའི་ཉེན་ཡོད་པའི་རྒྱུ་མཚན་དེ་བས་ན་མཚན་ལྡན་གྱི་བླ་མ་བསྟེན་པ་ཤིན་ཏུ་གལ་ཆེ་བས། འདི་ལྟར་གསེར་ལ་ནག་ཚུར་གཏོང་བ་ཡི་ཐབས་ཀྱིས་གཡའ་དྲེག་གཅོད་ཅིང་གསེར་གྱི་མདངས་འོད་བཏོན་པས་གཞན་ཡིད་འཕྲོག་པར་བྱེད་པ་ལྟར་གདུལ་བྱའི་རྒྱུད་ཀྱི་ལོག་རྟོག་གི་གཡའ་དྲེག་གཅོད་ཅིང་རང་བྱུང་གི་ཡེ་ཤེས་མངོན་དུ་སྟོན་པས་ཚིམ་པར་བྱེད་པའི་སློབ་དཔོན་མཚན་ཉིད་དང་ལྡན་པ་འབད་མེད་ཡེ་གྲོལ་སོར་བཞག་གི་དོན་མ་ནོར་བར་ཡང་དག་པར་སྟོན་པའི་མན་ངག་ཟབ་མོ་རིན་ཆེན་དབང་གི་རྒྱལ་པོ་ལྟ་བུའི་མཛོད་དུ་གྱུར་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། མཐར་ཐུག་སྙིང་པོ་དོན་སྟོན་བླ་མ་ནི། །འབྲེལ་ཚད་རྣམ་གྲོལ་ཟབ་མོའི་དོན་ལ་སྦྱོར། །ལམ་ཟབ་སྙིང་པོའི་རང་གནས་ཆོས་སྐུར་སྤྲོད། །བོགས་འདོན་ཟབ་མོས་ཉམས་རྟོགས་གོང་འཕེལ་བྱེད། །མཐར་ཕྱིན་རྟོགས་པས་གནས་ལུགས་གཞི་ལ་སྐྱེལ། །ཐབས་ལམ་ཟབ་མོས་གང་ཡང་ལམ་དུ་བསྒྱུར། །གདམས་པ་མང་ལྡན་ཤེས་རྒྱུད་འགྲོལ་ལ་མཁས། །ཚེ་འདིར་འཁོར་བའི་ཆུ་བོ་སྒྲོལ་ནུས་པ། །དེད་དཔོན་ཡིད་བཞིན་སྨན་པའི་རྒྱལ་པོ་ནི། །ཀུན་ལས་འཕགས་ཕྱིར་མཚུངས་མེད་གུས་པས་བསྟེན། །ཞེས་གསུངས་པ་དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བླ་མ་ལ་ལུས་དང་ལོངས་སྤྱོད་ཆོས་སྲིད་སོགས་རིན་ཐང་དཔག་ཏུ་མེད་པ་ཕུལ་བས་བླུ་ཞིང་བརྟེན་པར་འོས་སོ། །ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱ་མེད་རྫོགས་པ་རྣམ་དག་དབྱིངས་ཀྱི་ལུང་བསྟན་པའི་ལེའུ་སྟེ་རྩ་བདུན་པའི་འགྲེལ་པའོ།། ༈ །།དོན་བརྒྱད་པ་སེམས་ཉིད་ཀུན་བྱེད་འགྱུར་བ་མེད་པས་ཡེ་ནས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་ལེའུ་ཉེར་བརྒྱད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཆོས་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པས་རྩོལ་སྒྲུབ་ལ་ལྟོས་མི་དགོས་པར་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་ཉིད་ཀྱི་རང་བཞིན་ཆོས་དབྱིངས་བྱང་ཆུབ་ཀྱི་སེམས་ལ་འགྱུར་བ་མེད་པས་རྩོལ་སྒྲུབ་བླང་དོར་ལ་བརྟེན་ནས་འགྱུར་བ་ཅན་དུ་སྟོན་པ་ཐམས་ཅད་དྲང་དོན་དགོངས་པ་ཅན་ཡིན་པའི་ཚུལ་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་དཔེ་དོན་རྟགས་གསུམ་གྱིས་མི་འགྱུར་བའི་རང་བཞིན་བསྟན་པ་དང་། སྐུ་གསུམ་སྟོན་པས་འགྱུར་བར་བསྟན་ཚུལ་དང་། དེ་ཉིད་དྲང་བའི་ལུང་དུ་བསྟན་པས་རྣལ་དོན་མི་འགྱུར་བ་ཉིད་དུ་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་དབྱིངས་སྤྲོས་པ་དང་བྲལ་བའི་ངོ་བོ་ལ་ཡེ་ནས་འགྱུར་བ་མེད་པའི་ཚུལ་ནི། ཇི་ལྟར་ན་ཀུན་བྱེད་ང་ཡི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འོད་གསལ་འདུས་མ་བྱས་པའི་དཔེ་ནམ་མཁའ་ཡི་རང་བཞིན་ལ་མེ་བདུན་ཆུ་གཅིག་ལ་སོགས་པ་རྐྱེན་གང་གིས་འགྱུར་བ་མེད་པ་དེ་བཞིན་དུ། ང་ཡི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་དབྱིངས་འོད་གསལ་སྤྲོས་པ་དང་བྲལ་བ་ལ་རྒྱུ་རྐྱེན་རྩོལ་སྒྲུབ་ལ་སོགས་པ་གཉེན་པོ་གང་གིས་ཀྱང་འགྱུར་བ་མེད་ལ་ཞེས། དེ་ལ་ཆོས་ཉིད་ཞེས་པ་སྣང་བ་བཅད་པའི་སྟོང་པ་ལྟ་བུ་མིན་པ་ཇི་ལྟར་སྣང་བའི་དངོས་པོ་འདི་དག་ཐམས་ཅད་སྣང་བཞིན་དུ་སྟོང་། སྟོང་བཞིན་དུ་སྣང་བས་སྣང་སྟོང་གང་གི་ཕྱོགས་སུ་མ་ལྷུང་བ་སྤྲོས་བྲལ་མཉམ་པ་ཉིད་ཀྱི་ངོ་བོར་གནས་པ་འདི་ལས་གཞན་ན་ཆོས་ཉིད་ཅེས་བྱ་བ་ཞིག་མེད་པར་གསུངས་ཏེ། བང་མཛོད་འཕྲུལ་ལྡེ་ལས། ཇི་ལྟར་སྣང་བའི་ཆོས་ཉིད་ལ། །ཆོས་ཞེས་མིང་དུ་བཏགས་པ་ཡིན། །རང་བཞིན་མེད་པ་ཆོས་ཉིད་ཡིན། །ཆོས་ནི་ས་ཡིན་ཆོས་ཉིད་སྲ་བ་ཡིན། །ཆོས་ནི་ཆུ་ཡིན་ཆོས་ཉིད་གཤེར་བ་ཡིན། །ཆོས་ནི་མེ་ཡིན་ཆོས་ཉིད་ཚ་བ་ཡིན། །དེ་ལ་སོགས་པ་གཞན་ཡང་བརྩི་བར་བྱ། །ཆོས་ནི་བྱང་ཆུབ་སེམས་ཡིན་ཏེ། །ཆོས་ཉིད་རིག་ཅིང་གསལ་བའོ། །དེ་སོགས་བཤད་པའི་དོན་རྣམས་ནི། ཆོས་དང་ཆོས་ཉིད་གཏན་ལ་དབབ། །ཅེས་ཆོས་རྣམས་ཀྱི་རང་རང་གི་མཚན་ཉིད་སྣང་བཞིན་པ་འདི་ཆོས་ཉིད་དུ་གསུངས་པའོ། །གཞན་ཡང་ཀུན་བྱེད་ང་ཡི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་ཀུན་གྱི་སྙིང་པོ་རུ་གྱུར་པ་དེ་ཡི་རྟགས་ཙམ་གྱི་རོལ་པ་རྣམས་ལའང་རྒྱུ་རྐྱེན་གཉེན་པོ་གང་གིས་ཀྱང་འགྱུར་བ་མེད་དེ་གཞི་མེད་རྩ་བ་དང་བྲལ་བ་ཡེ་སྟོང་འདུས་མ་བྱས་པའི་རང་བཞིན་འགྱུར་བའི་ཆོས་སུ་གྲུབ་པ་གང་ཡང་མེད་པའི་ཕྱིར་རོ། །དེ་བཞིན་དུ་དཔེ་དོན་རྟགས་གསུམ་པོས་མཚོན་ནི་ཆོས་ཐམས་ཅད་པོ་རང་གི་ངོ་བོ་ལ་འགྱུར་བ་མེད་པ་ཡིན་པས་དེ་ལ་རྒྱུ་རྐྱེན་གྱི་གཉེན་པོ་མེད་ཚུལ། མདོ་བཅུ་ལས། དཔེ་དང་དོན་རྟགས་གསུམ་པོ་ལ། །རྒྱུ་དང་ས་བོན་མ་མཆིས་པས། །རྐྱེན་དང་གཉེན་པོ་ཀུན་དང་བྲལ། །དེས་ན་སེམས་ཉིད་རྫོགས་པ་ལ། །གཉེན་པོ་མེད་པ་ཞེས་བྱའོ། །ཞེས་གསུངས་སོ། །གཉིས་པ་ལ་བདུན་ཏེ། སོར་བཞག་ལྷ་མིའི་ཐེག་པས་སེམས་ལ་བསྒྲོད་པས་བསྒྱུར་བའི་སྐྱོན་དང་། ཆུང་ངུ་ཉན་རང་གིས་བསྒྱུར་བའི་སྐྱོན། བྱང་ཆུབ་སེམས་དཔའི་ཐེག་པས་བསྒྱུར་བའི་སྐྱོན། འབྲིང་ཀྲྀ་ཡའི་ཐེག་པས་བསྒྱུར་བའི་སྐྱོན། ཡོ་གའི་ཐེག་པས་བསྒྱུར་བའི་སྐྱོན། ཆེན་པོ་མ་ཧཱའི་ཐེག་པས་བསྒྱུར་བའི་སྐྱོན། ཨ་ནུའི་ཐེག་པས་སེམས་ལ་བསྒྲོད་པས་བསྒྱུར་བའི་སྐྱོན་ནོ། །དང་པོ་ནི། དེ་ལྟར་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལ་ཡེ་ནས་འགྱུར་བ་མེད་པས་རྒྱུ་རྐྱེན་རྩོལ་སྒྲུབ་ལ་བརྟེན་ནས་བཅོས་བསྒྱུར་བྱེད་དུ་མེད་པ་ལ། ཀུན་བྱེད་རྒྱལ་པོ་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་འཁོར་འདས་ཐམས་ཅད་རྒྱུ་དང་འབྲས་བུར་བརྟེན་ནས་བྱུང་ཚུལ་གྱིས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་ཆོས་ཉིད་འགྱུར་བ་མེད་པའི་དོན་ལ་མིང་ཚིག་གིས་སྒྲོ་བཏགས་ནས་བསྟན་པ་ནི་འདི་ལྟར། སྟོན་པ་སྤྲུལ་པའི་སྐུས་དྲང་དོན་དགོངས་པ་ཅན་གྱི་ཚིག་ལུང་བསྟན་པ་སེམས་ཅན་རྣམས་དབང་པོ་ལྔ་ལ་བརྟེན་ནས་ཤེས་པ་ཡུལ་ལ་སྐྱེ་ཞིང་འདོད་ཡོན་ལ་ལོངས་སྤྱོད་པ་སྤོང་བར་འགྱུར་བའི་ལམ་ནི། དབང་ཤེས་ལྔ་པོ་རང་རང་སྐྱེ་བའི་དམིགས་རྐྱེན་དུ་གྱུར་པའི་ཆོས་གང་ཞིག་གཟུགས་སྒྲ་ལ་སོགས་པའི་ཡུལ་ལྔ་པོ། རིག་པ་བྱང་ཆུབ་སེམས་ཀྱི་རྩལ་ལས་གཞན་དུ་མེད་པས་ཡེ་ནས་རང་ཆས་སུ་འཆིང་བའི་སེམས་ཅན་རྣམས་ལ། རང་བྱུང་འདུས་མ་བྱས་པའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རྩལ་ཡེ་གྲོལ་སྤང་བླང་ལས་འདས་པ་ཡིིན་པར་ལུང་མ་བསྟན་པར། དེ་ལྟ་བུའི་ཡུལ་ལྔ་ལ་སྤྱོད་པ་དེ་ངན་འགྲོ་ལོག་པར་ལྟུང་བའི་རྒྱུ་སྡིག་སྒྲིབ་ཆེ་བའོ་ཞེས་ལུང་བསྟན་ནས། ལུས་ངག་ཡིད་གསུམ་གྱིས་སྲོག་གཅོད་པ་དང་མ་བྱིན་ལེན་པ་ལ་སོགས་པའི་སྡིག་པ་སྤོང་ཞིང་དགེ་བཅུ་ལ་སྤྱོད་པ་དང་བསམ་གཟུགས་ཀྱི་ཏིང་ངེ་འཛིན་ལ་སོགས་པ་བསྒོམ་པར་བྱེད་པའི་ལམ་དེས་ནི། རང་བྱུང་རྒྱུ་རྐྱེན་དང་བྲལ་བའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་གཅིག་ལ་བླང་དོར་ཏུ་སྤྱད་པའི་ཕྱིར་ན། ཆོས་སྐུ་ཀུན་བྱེད་རྒྱལ་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་དང་བསྐལ་པ་མང་པོའི་ཡུན་ལ་འཕྲད་པར་མི་འགྱུར་ཞིང་བསྒྲིབ་པར་འགྱུར་བ་ཡིན་ཏེ། རུས་སྦལ་རྩ་རྒྱུད་ལས། མི་བགྲོད་རང་བཞིན་གནས་པའི་དོན་མེད་ན། །མཐོ་རིས་བགྲོད་པའི་རྒྱུ་ལ་ཉོན་མོངས་ཟིན་པར་འགྱུར། །ལམ་མེད་ལམ་དུ་ཞུགས་པས་སྙེད་པར་རབ་ཏུ་དཀའ། །ཞེས་དང་། དགེ་སྡིག་གཉིས་མེད་སྤང་བླང་མེད་པར་ཉག་གཅིག་སངས་རྒྱས་ལམ། དགེ་སྡིག་གཉིས་སྤྱོད་གསེར་དང་བོང་བའི་སེམས། །འཁྲུལ་པའི་ལམ་ཡིན་རྫོགས་ཆེན་ལམ་རིམ་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྤྲུལ་སྐུའི་སྟོན་པ་དེ་ཡིས་རང་ལས་རྒྱུད་ཐ་དད་པའི་ཚུལ་དུ་འདུས་པའི་འཁོར་ཚོགས་རྣམས་ལ། ཉན་རང་གི་ལམ་བདེན་བཞི་དང་རྟེན་འབྲེལ་བསྒོམ་པ་ལ་སོགས་པའི་བླང་དོར་འཇུག་ལྡོག་གི་ལམ་སྟོན་པའི་སྒོ་ནས་རིག་པ་བྱང་ཆུབ་སེམས་ཀྱི་རོལ་རྩལ་རང་བྱུང་ཡེ་ཤེས་ལྔ་ཡི་ཆོས་ལས་གཞན་དུ་མེད་པའི་ཉོན་མོངས་པ་ལྔ་སྤང་བྱར་སྟོན་ཞིང་། དེ་ལྟར་སྤངས་བར་བྱེད་པ་དེ་དོན་ལ་ཡེ་ཤེས་ལྔ་སྤོང་བ་ཡིིན་ཀྱང་ཉོན་མོངས་པའི་དགྲ་དུག་ལྔ་ཆོམས་པ་ཡིན་ནོ། །ཞེས་ལུང་བསྟན་པས། ཉན་རང་གི་ལམ་དུ་ཞུགས་པ་དེ་དག་གིས་ཉོན་མོངས་པའི་དགྲ་ལྔ་རང་བྱུང་གི་ཡེ་ཤེས་ཡིན་པར་མ་རྟོགས་ཏེ་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལྔ་པོ་དེ་སྤོང་བར་འགྱུར་བ་ཡིན་པས་དེ་ལྟ་བུའི་ལམ་དེ་སྟོན་པ་ཀུན་བྱེད་ང་ཡིས་ལུང་དུ་མ་བསྟན་ཏེ། ཅིའི་ཕྱིར་ན་རྫོགས་པ་ཆེན་པོའི་དོན་དང་འགལ་ཞིང་གོལ་ས་ཡིན་པའི་ཕྱིར་རོ་ཞེས་པའོ། །གསུམ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །མཚན་ཉིད་བྱང་ཆུབ་སེམས་དཔའི་ཐེག་པ་བ་རྣམས་ཀྱིས་རང་གི་སེམས་ཀྱི་རྩལ་ལས་བྱུང་བའི་ཕྱི་ནང་སྣང་སྲིད་ཀྱི་ཆོས་སུ་སྣང་བ་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་གནས་པ་འདི་ཉིད་ལ། ཚུལ་དེ་ལྟར་མ་རྟོགས་པར་སྤང་བྱ་མ་དག་པའི་ཆོས་སུ་བཟུང་ནས་དོན་དམ་པར་མཐའ་བཞིའི་སྐྱེ་བ་མེད་པ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་སྦྱངས་ཞིང་སྟོང་པ་ཉིད་དུ་བསྒོམ་པ་དང་། ཀུན་རྫོབ་ཏུ་རྟེན་འབྱུང་གི་སྣང་བ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཚུལ་དུ་སྦྱངས་བ་སྟེ་བདེན་པ་རྣམ་པ་གཉིས་ཀྱིས་སྦྱངས་ནས་རྒྱུ་ཚོགས་གཉིས་ལས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འབྱུང་ངོ་ཟེར་ནས་བསྐལ་པ་གྲངས་མེད་གསུམ་གྱི་བར་དུ་ས་ལམ་སྦྱོང་བའི་རྩོལ་བ་བྱེད་པ་སྟེ། དེ་ལྟ་བུའི་ལམ་གྱི་སྡོམ་པ་བསྲུང་བ་དང་ཕ་རོལ་དུ་ཕྱིན་པ་བཅུ་ལ་སྤྱད་པས་སེམས་ཉིད་རང་གི་ངོ་བོ་མི་འགྱུར་བས་ལམ་དེ་ལ་བརྟེན་ནས་སེམས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་སྔར་བས་བོགས་དབྱུང་སྟེ་སངས་རྒྱས་སུ་འགྱུར་བར་སྟོན་པ་ཀུན་བྱེད་ང་ཡིས་ལུང་མ་བསྟན་ཏོ་ཞེས་གསུངས་སོ། །བཞི་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཀྲྀ་ཡ་བས་ཡེ་ནས་རང་སེམས་ཆོས་ཉིད་ཀྱི་གཤིས་ལ་འགྱུར་བ་མེད་པས་རྩོལ་བསྒྲུབ་ཀྱིས་བཅོས་སུ་མེད་པའི་དོན་མ་རྟོགས་པར་སྔགས་དང་ཕྱག་རྒྱའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་རླབས་ནས་དག་པ་གསུམ་དང་ལྡན་པས་ལྷ་ཡེ་ཤེས་པ་སྣང་སྟོང་དབྱེར་མེད་ཆུ་ཟླ་བཞིན་དུ་གསལ་བར་བྱས་ནས། དེ་ཉིད་རང་ལ་དངོས་གྲུབ་སྩོལ་བ་པོ་རྗེ་བོ་ལྟ་བུར་བལྟས་ཏེ་དེ་ལ་མཉེས་པའི་མཆོད་པ་ཕུལ་བས་ནམ་ཞིག་ན་ལྷ་དེ་ལ་བརྟེན་ནས་རེ་ཞིང་འདོད་པའི་དོན་གནས་སྐབས་འདོད་གཟུགས་ཀྱི་རིག་འཛིན་གྲུབ་པ་དང་མཐར་ཐུག་གི་འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་རེ་བ་ནི། དཔེར་ན་ཆུ་ཟླ་གྲུབ་པ་མེད་པས་ཚོལ་དུ་མེད་པ་དེ་བཞིན་ཏུ་རང་གི་སེམས་ཉིད་ཡེ་གྲོལ་ནམ་མཁའ་ལྟ་བུའི་རང་བཞིན་ཡིན་པར་མ་རྟོགས་པས་དཀའ་ཐུབ་དང་རྩོལ་སྒྲུབ་ཀྱིས་གདུང་བར་བྱེད་ན་ཡང་བྱ་རྒྱུད་ནས་གསུངས་པ་ལྟར་སྐྱེ་བ་བདུན་གྱི་བར་དུ་གདོད་ནས་ཡེ་སངས་རྒྱས་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་མེད་དོ་ཅེས་ཀུན་བྱེད་ང་ཡིས་ལུང་མ་བསྟན་ཏེ་སེམས་ཉིད་འོད་གསལ་བའི་ཡེ་ཤེས་ལ་འཕོ་འགྱུར་དང་གསལ་འགྲིབ་གང་ཡང་མེད་པར་ཁྱབ་གདལ་ནམ་མཁའ་བཞིན་དུ་ཡེ་ནས་གནས་པའི་ཕྱིར་འདུ་འབྲལ་མེད་པར་གསུངས་པའོ། །ལྔ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །རྣལ་འབྱོར་ཡོ་ག་བས་རང་གི་སེམས་ཉིད་འགྱུར་བ་མེད་པས་རྒྱུ་འབྲས་བླང་དོར་ལས་འདས་པའི་དོན་མ་རྟོགས་པར་མངོན་བྱང་ལྔ་དང་བྱིན་གྱིས་བརླབ་པ་དང་ཆོ་འཕྲུལ་བཞི་བསྒོམ་པ་ཡི་ཏིང་ངེ་འཛིན་གྱིས་བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་སེམས་དཔའ་གཉིས་སྤུན་གྲོགས་ཀྱི་ཚུལ་དུ་བསྒོམ་པ་ཞེས་པ་འདི་ཨུ་པ་ཡའི་ཐེག་པ་དང་ལྷན་དུ་བསྟན་པ་ཡིན་པས་འདིར་དེས་བསྒོམ་ཚུལ་བསྟན་པ་དང་། ཡོ་ག་རང་ལམ་དུ་དམ་ཡེ་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་མཉམ་པ་ཉིད་དུ་བསྒོམ་པའམ། ཡང་ན་ཀུན་གཟིགས་རོང་པའི་ཞལ་ནས། རྣལ་འབྱོར་གྱི་རྒྱུད་དུ་ནི། བདག་ལྷར་བྱིན་གྱིས་བརླབ་པ་དང་། མདུན་དུ་ལྷ་དམིགས་པ་ཡང་འདོད་མོད་ཀྱི། ལྷ་མཉེས་པར་བྱ་བ་ལ་ཡེ་ཤེས་ཀྱི་ལྷ་བདག་ལ་བསྟིམས་ཤིང་དབྱེར་མེད་པར་བྱས་པའི་རེག་པའི་བདེ་བས་མཉེས་པར་བྱ་བ་དང་། སྒྲུབ་པ་ཕལ་ཆེར་སྟོན་པས། ཚུལ་འདིས་ལྷ་དང་གྲོགས་པོའི་ཚུལ་དུ་བལྟའོ། །ཞེས་གྲགས་སོ། །ཞེས་གསུངས་པ་ལྟར། སྐབས་ལ་ཡར་ཨུ་པ་ཡས་དམ་ཡེ་གཉིས་དཔོན་གཡོགས་ཀྱི་ཚུལ་དང་། ཡོ་ག་བས་སྤུན་ནམ་གྲོགས་པོའི་ཚུལ་དུ་མཉམ་པར་བསྒོམ་པར་གསུངས་པའང་ཡོད་དོ། །གང་ལྟར་ཡང་དེ་ལྟར་བླང་དོར་ཅན་གྱི་ལམ་དེས་བདག་ཉིད་ཀྱིས་གང་འདོད་པ་ཡི་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་བསྒྲུབ་བྱའི་ལྷ་དེས་སྟེར་བར་རེ་བ་ནི། རང་བྱུང་གི་ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད་པའི་ཆོས་ཉིད་དེ་ལ་འདོད་པའི་འབྲས་བུ་གསར་དུ་ལེན་པ་མེད་པར་ཡེ་ནས་གནས་པའི་དོན་མ་རྟོགས་པར་བླང་དོར་ལ་ཞེན་པ་དེས་རང་སེམས་བྱ་རྩོལ་མེད་པའི་དོན་ལ་བསྒྲིབས་ནས་མི་ཚེ་གསུམ་གྱིི་བར་དུ་སེམས་ཉིད་ཆོས་སྐུའི་རང་ཞལ་དང་མི་འཕྲད་པའི་ཕྱིར་ན། དེ་འདྲའི་རྩོལ་སྒྲུབ་བླང་དོར་ལ་ཞེན་པའི་ལམ་དེ་ཡང་ཀུན་བྱེད་ང་ཡིས་ངེས་པའི་ལུང་དུ་བསྟན་པ་མ་ཡིན་ནོ། །ཞེས་གསུངས་སོ། །དྲུག་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །གཞན་ཡང་མ་ཧཱ་ཡོ་ག་བས་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་སེམས་ཀྱི་ངང་ལས་བྱུང་བའི་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་འདི་ཉིད། དག་པ་གསུམ་དང་མཉམ་པ་བཞིའི་གཏན་ཚིགས་སོགས་ལ་བརྟེན་ནས། སྣོད་འབྱུང་བ་ལྔ་ཡུམ་ལྔ། བཅུད་ཕུང་པོ་ལྔ་ཡབ་ལྔ། རྒྱུད་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔའི་རང་བཞིན་སེམས་དཔའ་སེམས་མར་བལྟ་བ་སོགས་ཡེ་ནས་རྣམ་པར་དག་པ་གདན་གསུམ་ཚང་བའི་ལྷར་བལྟ་ཞིང་དེ་ཉིད་མངོན་དུ་བསྒྲུབ་པའི་ཆེད་དུ་སྟོང་པ་ཆེན་པོ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱིས་སྣོད་བཅུད་ཐམས་ཅད་ལྷ་དང་དཀྱིལ་འཁོར་དུ་གསལ་བར་བྱས་ནས། སྐུ་ཉིད་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཞི་དང་སྙིང་པོ་འཛབ་ཀྱི་བཟླས་བརྗོད་ལ་བརྩོན་པ་དང་། འོད་ཟེར་འཕྲོ་འདུ་ཡིས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པར་དམིགས་པ་ལ་སོགས་པའི་སྒོ་ནས་ལམ་བསྒྲུབ་པར་བྱེད་པ་སྟེ། དེ་ཡང་མི་འགྱུར་བ་ཡི་ཆོས་ཉིད་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་གནས་པ་རྒྱུར་བལྟ་ཞིང་། དེ་ཉིད་ལྷ་དང་དཀྱིལ་འཁོར་དུ་སྒྲུབ་པར་བྱེད་པའི་ཐབས་གོང་དུ་བསྟན་པ་དེ་ལྟ་བུའི་སེམས་ཀྱི་དམིགས་པ་མ་ཡེངས་བའི་ཏིང་ངེ་འཛིན་བསྒོམ་པའི་དབང་གིས་མཐར་ཐུག་ཇི་ལྟར་བསྒོམ་པ་དེ་འདྲའི་འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་སེམས་པ་དེས་ཀྱང་སེམས་ཉིད་འགྱུར་བ་མེད་པའི་རང་བཞིན་ལ་སྔར་བས་ལྷག་པའི་འབྲས་བུ་ཞིག་ཐོབ་ཏུ་ཡོད་པར་ཀུན་བྱེད་ང་ཡིས་ལུང་མ་བསྟན་ཏེ་ཡེ་ནས་སྤང་ཐོབ་དང་བྲལ་བའི་ཕྱིར་རོ། །ཞེས་སོ། །བདུན་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཨ་ནུ་ཡོ་ག་བས་དབྱིངས་སྤྲོས་པ་དང་བྲལ་བ་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང་། དེའི་སྣང་ཆ་ཀུན་ཏུ་བཟང་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། དེ་གཉིས་དབྱེར་མེད་པ་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྟེ་དཀྱིལ་འཁོར་གསུམ་དུ་བསྒོམ་ཞིང་དེ་ཉིད་མངོན་དུ་བྱེད་པའི་ཐབས་སུ་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་མཚན་བཅས་ཀྱི་རྫོགས་རིམ་བསྒོམ་པ་ལ་སོགས་པའི་ཐབས་ལ་བརྩོན་པ་དེ་ཡང་། ཆོས་རྣམས་ཐམས་ཅད་གང་ལས་འབྱུང་བའི་གཞི་མ་དབྱིངས་སྤྲོས་པ་དང་བྲལ་བ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་འགྱུར་བ་ཞིག་ཡེ་ནས་མེད་པའི་ཕྱིར་ན། དེ་ལྟ་བུའི་བསྐྱེད་རྫོགས་བསྒོམ་པ་ལ་སོགས་པ་རྩོལ་གྲུབ་ཅན་གྱི་ལམ་དེས་དབྱིངས་རང་བྱུང་གི་ཡེ་ཤེས་དེ་སྔར་བས་ལྷག་པ་ཞིག་ཏུ་འགྱུར་བར་ཀུན་བྱེད་ང་ཡིས་ལུང་མ་བསྟན་ཏོ་ཞེས་དེ་ལྟ་བུའི་འོག་མའི་ཐེག་པ་ཐམས་ཅད་རྒྱུ་འབྲས་རྩོལ་སྒྲུབ་ཀྱི་ལམ་ལ་ཞེན་པས་སེམས་ཉིད་ཇི་བཞིན་པའི་དོན་མ་རྟོགས་པས་ན་རྫོགས་པ་ཆེན་པོ་ལས་གཞན་དུ་གོལ་བའི་གོལ་སར་བསྟན་པ་ཡིན་ཏེ། ཀུན་གསལ་ལས། ལྡེམ་པོའི་ལྟ་བ་འདི་ལྟ་སྟེ། །ཉན་ཐོས་རང་རྒྱལ་སེམས་དཔའ་དང་། །ཀྲྀ་ཡོག་སྡེ་གསུམ་བསྐྱེད་རྫོགས་གཉིས། །བདེན་པ་ཕྱོགས་རེ་ངོས་བཟུང་ནས། །གཟའ་གཏད་བཅས་པའི་ལྟ་བ་བརྒྱད། །བློ་ཡུལ་གཉིས་ཀྱི་མུར་འཛིན་པས། །རང་རིག་ཡེ་ཤེས་ལ་མ་ཟློས། །དེ་བས་ཕྱིན་ཅི་ལོག་པ་ཡིན། །དོན་ལ་ཉམས་དང་གོལ་བའི་ཕྱིར། །ཞེ་འདོད་བློ་ཡི་ལྟ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་དེ་ཉིད་དྲང་ལུང་དུ་བསྟན་པས་རྣལ་དོན་མི་འགྱུར་བ་ལ་གསུམ་སྟེ། དབྱིངས་མི་འགྱུར་བའི་དོན་ལ་རྩོལ་སྒྲུབ་བྱ་བར་སྟོན་པའི་ལུང་ཐམས་ཅད་དྲང་དོན་དུ་བསྟན་པ། དཔེ་དོན་རྟགས་གསུམ་གྱིས་མི་འགྱུར་པར་བསྟན་པ། རྩོལ་སྒྲུབ་རྒྱུ་འབྲས་ཀྱིས་སྒྲུབ་པའི་ཐེག་པ་རྣམས་ལ་ངལ་བ་དོན་མེད་པར་བསྟན་པའོ། །དང་པོ་ནི། དེ་ལྟར་སེམས་ཉིད་འགྱུར་བ་མེད་པ་ཆོས་དབྱིངས་བྱ་རྩོལ་དང་བྲལ་བའི་དོན་ལ་རང་དབང་བསྒྱུར་བར་བྱེད་པའི་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་རང་རང་གི་འཁོར་རྣམས་ལ་སེམས་ཉིད་རང་བྱུང་གི་ཡེ་ཤེས་རྒྱུ་འབྲས་རྩོལ་སྒྲུབ་ལ་མ་ལྟོས་པར་གདོད་ནས་ཡེ་སངས་རྒྱས་པའི་དོན་ཐད་ཀར་མ་བསྟན་པར་གདུལ་བྱ་སོ་སོའི་བློ་དང་འཚམས་པར། ཞིག་གནས་ཚོལ་བའི་ཐབས་ཐེག་པ་རང་རང་གི་སྐབས་ནས་གསུངས་པའི་ཏིང་ངེ་འཛིན་བསྒོམ་པར་བསྟན་པ་སོགས་རྒྱུ་འབྲས་རྩོལ་སྒྲུབ་ཀྱི་སྒོ་ནས་ལམ་ལ་རིམ་གྱིས་བགྲོད་དགོས་པར་བསྟན་པའི་རྒྱུ་མཚན་དེས་ན། འོག་མའི་ཐེག་པ་ཐམས་ཅད་ངེས་དོན་རྫོགས་པ་ཆེན་པོའི་ལམ་ལས་གཞན་དུ་གདུལ་བྱ་རྣམས་ལམ་ལ་རིམ་གྱིས་འདྲེན་པར་བྱེད་པའི་དྲང་དོན་གྱི་ལུང་ཙམ་དུ་བསྟན་པ་ཡིན་ལ། དེར་མ་ཟད་རྫོགས་ཆེན་རང་གི་སྐབས་སུ་ཡང་ཚིག་དང་ཡི་གེས་བརྗོད་པ་ཐམས་ཅད་དྲང་བའི་ལུང་དུ་བཞག་ནས། ངེས་པའི་དོན་མཐར་ཐུག་པ་ནི་བྱང་ཆུབ་སེམས་ཀྱི་ཆོས་ཉིད་སྨྲ་བསམ་བརྗོད་པ་ཐམས་ཅད་བྲལ་བའི་རང་བཞིན་ཁོ་ན་ཡིན་པར་གསུངས་ཏེ། མདོ་བཅུ་ལས། རིམ་པ་དགུ་ཡི་དོན་བདུན་ནི། ཚིག་དང་ཡི་གེ་ཡོད་བསྟན་པས། །དྲང་བའི་ལུང་ཞེས་ང་ཡིས་བཤད། །ངེས་པའི་ལུང་གི་དོན་འདི་ནི། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ། །རྡོ་རྗེ་སེམས་དཔའ་ང་ཡིས་བཤད། །ཡང་དག་ངེས་པ་འདི་ཡིན་ཞེས། །ཚིག་དང་ཡི་གེས་མཚོན་དུ་མེད། །སྒྲ་དང་ཐ་སྙད་རིལ་ལས་འདས། །སྒྲོ་དང་སྐུར་བ་ཀུན་དང་བྲལ། །ཀུན་ལས་འདས་པའི་དོན་འདི་ལ། །འདི་ཉིད་མཚོན་དུ་མེད་པས་ན། །ངེས་པའི་ལུང་ཞེས་མིང་ཙམ་བཏགས། །ངེས་པར་གདགས་སུ་ཡོད་མ་ཡིན། །ཞེས་གསུངས་སོ། །དེ་ལ་ཐེག་རིམ་དགུ་པོ་དོན་བདུན་དུ་བསྡུས་ཏེ་བསྟན་པ་ནི། ཉན་རང་། བྱང་སེམས། ཀྲྀ་ཡ། ཡོ་ག །མ་ཧཱ། ཨ་ནུ། ཨ་ཏི་བདུན་དུ་གསུངས་སོ། །གཉིས་པ་ནི། དེ་ལྟར་ཐེག་པ་འོག་མའི་ལམ་དུ་རྒྱུ་འབྲས་རྩོལ་སྒྲུབ་བྱེད་པར་ལུང་བསྟན་པ་དེ་བཞིན་དུ་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཔེ་དོན་རྟགས་གསུམ་ལ་བཅོས་ཤིང་བསྒྱུར་བས་འགྱུར་བ་མེད་དེ། འདི་ལྟར་ཆོས་ཉིད་མཚོན་པའི་དཔེ་ནམ་མཁའ་ལ་རྒྱུ་རྐྱེན་འདུས་བྱས་ཀྱི་ཆོས་སུ་གྲུབ་པ་གང་ཡང་མེད་པར་ཡེ་སྟོང་འདུས་མ་བྱས་པའི་རང་བཞིན་ཡིན་པས་ངོ་བོ་འགྱུར་བ་མེད་པ་དེ་ཡི་ཕྱིར་ན། རང་ཉིད་ཡེ་ནས་མ་གྲུབ་པའི་ནམ་མཁའ་དེ་ཡིས་ནམ་མཁའ་རང་ཉིད་རྩོལ་སྒྲུབ་ཀྱིས་བཅོས་ཤིང་བསྒྱུར་བས་སྔར་དང་མི་འདྲ་བའི་ཆོས་སུ་འགྲུབ་པར་མི་འགྱུར་ཏེ་བྱ་བྱེད་གཉིས་ཀ་རང་བཞིན་མ་གྲུབ་པའི་ཕྱིར་རོ། །དཔེ་དེེ་བཞིན་དུ་དོན་ཆོས་ཉིད་སྤྲོས་པ་མེད་པའི་ཡེ་ཤེས་ལ་འགྱུར་བ་མེད་པ་དེ་ཡི་ཕྱིར་ན། རྒྱུ་འབྲས་རྩོལ་སྒྲུབ་ལ་སོགས་པའི་ངོ་བོར་སྣང་བ་རང་ཡང་ཆོས་ཉིད་ཀྱི་རང་བཞིན་ཡིན་པས་ཆོས་དབྱིངས་གདོད་ནས་སྐྱེ་བ་མེད་པ་དེ་ཉིད་ཀྱིས་ཆོས་ཉིད་དེ་གསར་དུ་རྩོལ་སྒྲུབ་ཀྱིས་འགྲུབ་པར་མི་འགྱུར་ལ། དེ་ལྟར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ་འགྱུར་བ་མེད་པ་དེ་བཞིན་དུ་དེའི་རྩལ་ལས་ཤར་བའི་རྟགས་སེམས་ཉིད་ལ་འགྱུར་བ་མེད་པ་དེ་ཡི་ཕྱིར་ན། སེམས་ཉིད་རང་གིས་སེམས་ཉིད་རང་ལ་རྩོལ་བས་འགྲུབ་པར་མི་འགྱུར་ཏེ་བསྒྲུབ་བྱ་སྒྲུབ་བྱེད་ཐ་དད་དུ་མེད་ཅིང་ངོ་བོ་གདོད་ནས་སྐྱེ་བ་མེད་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་ཐེག་པ་འོག་མ་པ་རྣམས་ཀྱིས་ཆོས་ཉིད་འདུས་མ་བྱས་པ་མི་འགྱུར་བའི་དོན་ལ་སྤོང་འགོགས་སྦྱོང་བསྒྱུར་གྱི་ཐབས་ཀྱིས་བསྒྲུབ་ཅིང་བསྒྱུར་བར་བྱེད་པའི་ཏིང་ངེ་འཛིན་བསྒོམ་པར་བྱེད་པ་ལ་སོགས་པ་ནི། གྲངས་མེད་གསུམ་ལྟ་བུའི་དུས་དང་འབྲས་བུ་ཐོབ་པར་འདུན་པའི་སྨོན་ལམ་སོགས་ལ་རེ་བ་འཇོག་པ་ཡི་ལམ་ཡིན་པས། དེ་ལྟར་དུས་ཡུན་རིང་པོ་ལ་ལྟོས་པས་དེའི་བར་དུ་ཏིང་ངེ་འཛིན་སྒོམ་པ་དང་བླང་དོར་རྩོལ་སྒྲུབ་ཀྱི་ངལ་བས་ཚི་ཆད་པར་འགྱུར་བ་ལས་སེམས་ཉིད་ཀྱི་དོན་ལ་འགྱུར་བ་གང་ཡང་མེད་པའི་ཕྱིར་ན། རྒྱུ་འབྲས་རྩོལ་སྒྲུབ་ཅན་གྱི་ཐེག་པ་དེ་ཐམས་ཅད་དྲང་དོན་དགོངས་པ་ཅན་གྱི་ལུང་དུ་བསྟན་པ་ལས། ཀུན་བྱེད་རྒྱལ་པོ་ང་ཡིས་ངེས་དོན་བླ་ན་མེད་པའི་ལུང་དུ་དེ་ལྟར་རྒྱུ་འབྲས་རྩོལ་སྒྲུབ་ཀྱི་ཆོས་གང་ཡང་བསྟན་པ་མེད་དོ། །ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བྱ་མེད་རྫོགས་པ་འགྱུར་མེད་བཙལ་བས་མི་རྙེད་པའི་ལེའུ་སྟེ་རྩ་བརྒྱད་པའི་འགྲེལ་པའོ།། ༈ །།དོན་དགུ་པ་སེམས་ཉིད་གཞི་བཞག་ཆེན་པོ་རྒྱུ་འབྲས་བྱ་རྩོལ་ལས་འདས་པས་མ་བཅོས་རྣལ་དུ་བཞག་པའི་ལེའུ་ཉེར་དགུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་རྒྱུ་འབྲས་རྩོལ་སྒྲུབ་མི་དགོས་པའི་རྒྱུ་མཚན་སེམས་ཉིད་འགྱུར་བ་མེད་པའི་རང་བཞིན་དུ་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་སེམས་ཉིད་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་དུ་སྣང་བ་ཐམས་ཅད་མ་བཅོས་རྣལ་དུ་བཞག་པར་བསྟན་པ་ཡི་མན་ངག་ཟབ་མོ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོས་ཀུན་ཡེ་ནས་རྣལ་བཞག་གཅིག་ཏུ་མདོར་བསྟན། དེའི་རང་བཞིན་བཤད་ཚུལ་ལྔ་རྒྱས་པར་བཤད། རྣལ་བཞག་གཅིག་ཏུ་དོན་བསྡུ་བའོ། །དང་པོ་ནི། ཀྱེེ་སེམས་དཔའ་ཆེན་པོ་ཉོན་ཅིག །སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐུ་གསུམ་རྒྱལ་བའི་སྟོན་པར་སྣང་བ་ང་ནི་འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་བྱེད་པ་པོ་གཞི་དབྱིངས་འཕོ་འགྱུར་དང་བྲལ་བ་བྱང་ཆུབ་ཀྱི་སེམས་ཡིན་པས་ན། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ང་ཡི་རང་བཞིན་ཡིན་ཏེ་དེ་ལས་གཞན་དུ་མེད་ལ། དེས་ན་གཞི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལ་འགྱུར་བ་མེད་པའི་ཕྱིར་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་དུ་གྱུར་པའི་ཆོས་ཐམས་ཅད་ནི་ཡེ་ནས་མ་བཅོས་རྣལ་དུ་བཞག་པའམ་བཅོས་བསྒྱུར་ཐམས་ཅད་དང་བྲལ་བ་ཡིན་པས་དགགས་སྒྲུབ་བླང་དུ་བྱ་བ་གང་ཡང་མེད་དོ། །ཞེས་པའོ། །གཉིས་པ་ལ་ལྔ་སྟེ། ལོ་རྒྱུས། རྩ་བ། ཡོ་ག །དགོས་ཆེད། ཚིག་གི་དོན་གྱི་བཤད་ལུགས་སོ། །དང་པོ་ལ་གཉིས་ཏེ། ཕུན་སུམ་ཚོགས་པ་ལྔའི་རང་བཞིན་སྤྱིར་བསྟན་པ། སྟོན་པ། གནས། དུས། ཆོས་བཞི་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱིས་བྱས་པའི་ཆོས་གང་ཞིག་ཡེ་ནས་མ་བཅོས་རྣལ་དུ་བཞག་པ་ཡིན་པས་བཅོས་བསྒྱུར་སྤང་བླང་ལས་འདས་པར་བསྟན་པ་དེ་གང་ཞེ་ན། འདི་ལྟར་ཀུན་བྱེད་ང་ཡི་རང་བཞིན་དུ་གྱུར་པའི་ཆོས་རྒྱུ་འབྲས་བྱ་རྩོལ་དང་བྲལ་བར་བསྟན་པ་དེ་ནི་རྣམ་པ་ལྔ་རུ་ཤེས་པར་བྱ་སྟེ། གང་ཞེ་ན་ང་ལས་མངོན་དུ་ཕྱུང་བའི་སྐུ་གསུམ་གྱི་སྟོན་པ་དང་། དེ་དག་གིས་གསུངས་པའི་ཆོས་ཐེག་གསུམ་གྱིས་བསྡུས་པའི་བསྟན་པ་དང་། སྐུ་གསུམ་གྱི་སྟོན་པའི་འཁོར་རྣམས་དང་། སྟོན་འཁོར་བསྟན་པ་གསུམ་པོ་གང་དུ་ཚོགས་པའི་གནས་དང་། ཆོས་སྐུའི་དུས་གཞི་རྫོགས་འཕོ་འགྱུར་དང་བྲལ་བ་ལ་སོགས་པ་སྐུ་གསུམ་སོ་སོའི་ཕུན་སུམ་ཚོགས་པའི་དུས་དང་རྣམ་པ་ལྔ་པོ་དེ་ཡི་རང་བཞིན་ཡེ་ནས་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངང་ལས་གཡོ་བ་མེད་པར་ཆོས་ཉིད་ཇི་བཞིན་པར་གནས་པ་ཡིན་པས་བཅོས་བསྒྱུར་དང་སྤང་བླང་གང་ཡང་མི་དགོས་པར་མ་བཅོས་རྣལ་དུ་བཞག་པར་བྱ་བ་ཡིན་ནོ། །ཞེས་པ་སྟེ། བྲམ་ཟེ་རྒྱས་པའི་རྒྱུད་ལས། ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་པ་མེད། །དེས་ན་སེམས་ལ་སངས་རྒྱས་མེད། །ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་ལོངས་སྤྱོད་རྫོགས། །སེམས་ལས་བྱུང་བའི་གཟུགས་རྣམས་ལ། །ལོངས་སྤྱོད་རྫོགས་པས་སྐུ་གཞན་མེད། །སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་སྤྲུལ་པའི་ལས། །འགྲོ་བའི་དོན་མཛད་གཞན་ན་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ལས་གཞན་མེད་དེ། །སྔ་རབས་འདས་པའི་སངས་རྒྱས་རྣམས། །རང་སེམས་མ་བཅོས་སྔར་མཐོང་རྟོགས། །ད་ལྟར་བཞུགས་པའི་སངས་རྒྱས་རྣམས། །མ་བཅོས་པ་ཡི་རང་བཞིན་ཏེ། །མ་བཅོས་ཇི་བཞིན་རྟོགས་གྱུར་ནས། །ད་ལྟར་འགྲོ་བའི་དོན་ཡང་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །རང་བྱུང་སེམས་ཉིད་འདི་ལ་ནི། །སྔ་བས་འཆོས་པས་ལུང་མ་བསྟན། །ད་ལྟར་ཏིང་འཛིན་སེམས་མི་བཅོས། །མ་བཅོས་རྣལ་དུ་ཞུགས་ནས་བྱོན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་བཞི་ལས། དང་པོ་ནི། དེ་ལ་ཕུན་སུམ་ཚོགས་པ་ལྔ་ལས་དང་པོ་སྐུ་གསུམ་གྱི་སྟོན་པའི་རང་བཞིན་མ་བཅོས་རྣལ་དུ་བཞག་པའི་ཚུལ་ནི་འདི་ལྟར་བཞག་པར་བྱ་སྟེ། ཆོས་སྐུ་མ་བཅོས་རྣལ་དུ་བཞག་པའི་ཚུལ་ནི་ཆོས་སྐུ་ཞེས་བྱ་བ་ནི་རང་གི་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་གྲོལ་བློ་ལས་འདས་པ། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་མ་ལྷུང་བའི་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཀུན་བྱེད་ངའི་རང་བཞིན་འདི་ཉིད་ཡིན་པས། དེ་ལ་བཅོས་བསྒྱུར་སྤང་བླང་གང་ཡང་མེད་པར་རང་བྱུང་འདུས་མ་བྱས་པའི་བདག་ཉིད་ཡིན་པའི་ཕྱིར་ན་མ་བཅོས་རྣལ་དུ་བཞག་པ་ཡིན་ལ། ལོངས་སྤྱོད་རྫོགས་པ་མ་བཅོས་རྣལ་དུ་བཞག་པའི་ཚུལ་ནི། སྙིང་པོ་བྱང་ཆུབ་སེམས་ཀྱི་ངོོ་བོ་འོད་གསལ་དབྱིངས་ཀྱི་སྣང་ཆ་མ་འགགས་པ་སྣང་སྲིད་སྣོད་བཅུད་དུ་ཤར་བ་འདི་རྣམས་ཡིན་ཞིང་། དེ་ཡང་རྒྱུ་རང་བྱུང་ཡེ་ཤེས་ཀྱི་རྩལ་ལས་རང་བྱུང་དུ་ཤར་བ་ཡིན་ཕྱིར་ངོ་བོ་ཅིར་ཡང་གྲུབ་པ་མེད་པ་ཡེ་སྟོང་འདུས་མ་བྱས་པའི་རང་བཞིན་ཡིན་པས་སྤང་བླང་དགག་བསྒྲུབ་གང་ཡང་མི་བྱེད་པར་མ་བཅོས་རང་བབ་ཀྱི་ངང་ལ་རྣལ་དུ་བཞག་པར་བྱ་བ་ལས་ངན་སོང་གསུམ་གྱི་སྡུག་བསྔལ་ལྟ་བུ་ཡང་སྤོང་འདོད་ཀྱི་བློས་སྤང་བླང་བྱེད་མི་དགོས་པར་གསུངས་ཏེ། དེ་ཉིད་ལས། བཀྲེས་སྐོམ་ཚ་གྲང་བླུན་ལྐུགས་ཆོས་ཉིད་ལ། །སྐུ་གསུམ་འཁོར་དང་འགྲོས་པའི་ཆོ་ག་དྲུག །རང་བྱུང་ཡིན་པས་བཙལ་ཞིང་བསྒྲུབ་མི་དགོས། །རྒྱུ་ཉིད་རང་བྱུང་ཡེ་ཤེས་ཡིན་པའི་ཕྱིར། །ལས་ཀྱི་རྐྱེན་གྱི་དབང་དུ་དེ་མི་འགྲོ། །རང་བྱུང་ཡེ་ཤེས་ཀུན་དང་མཚུངས་མེད་པས། །རྒྱུ་རྐྱེན་ལས་ཀྱིས་རང་བྱུང་དེ་མི་འགྲུབ། །ཅེས་གསུངས་སོ། །དེས་ན་ལོངས་སྤྱོད་རྫོགས་སྐུ་དེ་ཡང་ཀུན་བྱེད་ང་ཡི་རང་བཞིན་དུ་མ་བཅོས་རྣལ་དུ་བཞག་པ་ཡིན་ལ། སྤྲུལ་པ་སྐུ་ཡི་རང་བཞིན་མ་བཅོས་རྣལ་དུ་བཞག་པ་ནི་བྱང་ཆུབ་སེམས་ཀྱི་རྩལ་སྣང་ཐུགས་རྗེ་གོ་མ་འགགས་པ་ཤར་གྲོལ་རིས་མེད་རང་ཡན་རྗེས་མེད་ཀྱི་རང་བཞིན་འདི་ལ་དགགས་སྒྲུབ་སྤྲོ་བསྡུ་མེད་པར་མ་བཅོས་རང་སོར་བཞག་པ་སྟེ། དེ་ཡང་སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ལས་གཞན་དུ་སྤྲུལ་པའི་སྐུ་ཞིག་མེད་པས་དོན་ལ་ཀུན་བྱེད་ང་ཡི་རང་བཞིན་མ་བཅོས་རྣལ་དུ་བཞག་པ་སྟེ་དེ་ལས་གཞན་དུ་མེད་ལ། དེས་ན་བསྟན་པ་གང་ནས་བྱུང་བའི་ཁུངས་ལོ་རྒྱུས་དོན་གྱིིས་བཤད་པའི་ནང་ནས་སྐུ་གསུམ་གྱི་སྟོན་པ་ཞིག་བསྟན་པ་དེ་ཉིད། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད་པ་འདི་ཉིད་ལས་གཞན་དུ་མེད་པས། དེ་ལས་གཞན་པའི་སྐུ་གསུམ་གྱི་གོ་འཕང་ཞིག་ཐོབ་འདོད་ཀྱི་རེ་རྩོལ་མི་བྱེད་པར་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཡི་ངང་དུ་མ་བཅོས་རྣལ་དུ་བཞག་པར་གསུངས་པ་ཡིན་ཏེ། འཕགས་ལམ་བཀོད་པའི་རྒྱུད་ལས། ཕྱོགས་བཅུ་དུས་གསུམ་མ་ལུས་པའི། །སངས་རྒྱས་ཇི་སྙེད་བཞུགས་པ་ཀུན། །ཀུན་རིག་ང་ཡི་སྤྲུལ་པ་ལས། །གཞན་ན་སངས་རྒྱས་རྡུལ་ཙམ་མེད། །ཕྱི་དང་ནང་དུ་སྣང་བ་ནི། །ཀུན་རིག་ཡིན་པར་ཤེས་པར་བྱ། །རྒྱལ་བའི་སྐུ་ཡི་སྤྲུལ་པ་ལས། །མར་མེ་མཛད་ལ་སོགས་པ་ཡི། །སངས་རྒྱས་རབ་བདུན་བྱུང་བ་ནི། །འདས་པའི་དུས་ཀྱང་ང་ཉིད་དོ། །རྒྱལ་བའི་གསུང་གི་སྤྲུལ་པ་ལས། །བསྐལ་བཟང་བྱང་ཆུབ་སྟོང་ལ་སོགས། །ཀུན་རིག་སྟོན་པ་ང་ཡིན་ནོ། །བདེ་གཤེགས་ཐུགས་ཀྱི་སྤྲུལ་པ་ལས། །ཞི་ཁྲོ་སངས་རྒྱས་ལ་སོགས་པ། །རིགས་ལྔ་ཡབ་ཡུམ་ང་ཉིད་དོ། །ང་མེད་པ་ཡི་སྔོལ་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །སེམས་ཅན་བྱ་བའི་སྐྱེ་གནས་མེད། །ཐམས་ཅད་ང་ཡི་སྤྲུལ་པ་ཡིན། །ང་ཉིད་གཞི་ཡི་སངས་རྒྱས་སོ། །ཞེས་ལྷུན་གྲུབ་གཞི་ཡི་སངས་རྒྱས་གཅིག་པོ་འདིའི་རོལ་བར་སྣང་སྲིད་འཁོར་འདས་ཐམས་ཅད་ཤར་བ་ཡིན་པར་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟ་བུའི་སྟོན་པ་སྐུ་གསུམ་པོ་དེ་གང་དུ་བཞུགས་པའི་གནས་ཕུན་སུམ་ཚོགས་པ་ནི་ཆོས་སྐུའི་གནས་ཆོས་དབྱིངས་དོན་གྱི་འོག་མིན་ཆེན་པོ་དང་། ལོངས་སྐུའི་གནས་འོག་མིན་སྟུག་པོ་བཀོད་པ་ལྔ་ལྡན་རིགས་ལྔའི་ཞིང་དང་། སྤྲུལ་སྐུའི་གནས་རྒྱ་གར་རྡོ་རྗེ་གདན་སོགས་མ་ངེས་སྣ་ཚོགས་པ་རྣམས་ཏེ་མདོར་ན་སྐུ་གསུམ་པོ་གང་ན་གནས་ཤིང་བཞུགས་པའི་གནས་སུ་གྱུར་པ་དེ་ལ་གནས་ཕུན་སུམ་ཚོགས་པ་ཞེས་གསུང་པ་དེ་ཡང་གཞན་ན་མེད་པར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་རང་བཞིན་ཡིན་པས་ན་གཞན་དུ་ཚོལ་བའི་རྩོལ་སྒྲུབ་གང་ཡང་མི་བྱེད་པར་མ་བཅོས་རྣལ་དུ་བཞག་པ་ཡིན་ནོ་ཞེས་གསུངས་སོ། །གསུམ་པ་ནི། སྟོན་འཁོར་བསྟན་པ་རྣམས་ནམ་གྱི་ཚེ་ཚོགས་པའི་དུས་ཕུན་སུམ་ཚོགས་པ་ནི་སྔ་མ་འདས་པའི་དུས་དང་ཕྱི་མ་མ་འོངས་པའི་དུས་ལ་སོགས་པ་ཕུན་སུམ་ཚོགས་པ་རྣམས་གང་གི་ཚེ་ཚོགས་པའི་སྐབས་དེ་ལ་དུས་ཕུན་སུམ་ཚོགས་པ་ཞེས་གསུངས་ཀྱང་། རིག་པ་བྱང་ཆུབ་ཀྱི་སེམས་མ་བཅོས་རྣལ་དུ་བཞག་པའི་དུས་སུ་རྣམ་པར་རྟོགས་པས་བརྟགས་པའི་དུས་གསུམ་གྱི་དབྱེ་བ་མེད་པར་འོད་གསལ་བསམ་གྱིས་མི་ཁྱབ་པའི་དུས་སམ། དུས་བཞི་མཉམ་པ་ཉིད་དུ་གནས་པ་དེ་ཉིད་ཀྱི་ངང་དུ་རྒྱལ་བ་སྐུ་གསུམ་གྱི་སྟོན་འཁོར་ཐམས་ཅད་ཡེ་ནས་ཚོགས་ཤིང་འདུ་འབྲལ་མེད་པར་གནས་པ་ཡིན་པས་ན་དེ་ཡང་མ་བཅོས་རྣལ་དུ་བཞག་པའི་རང་བཞིན་དུ་བསྟན་པ་ཡིན་ནོ། །བཞི་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །དེ་ལ་བསྟན་པ་དམ་པའི་ཆོས་ཞེས་བྱ་བ་ནི། སྐུ་གསུམ་གྱི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་པོ་དེ་ལ་རེ་དོགས་དང་བྱ་རྩོལ་གང་ཡང་མི་བྱ་བར་མ་བཅོས་རྣལ་དུ་བཞག་པ་འདི་ཉིད་ཡིན་ཏེ། ཅིའི་ཕྱིར་ན་ཆོས་ཞེས་པའི་སྒྲའི་འཇུག་ཡུལ་རྣམ་པ་བཅུར་གསུངས་པ་ལས། གསུང་རབ་ལུང་གི་ཆོས་ཀྱི་བརྗོད་བྱ་རྟོགས་པའི་ཆོས་མཐར་ཐུག་པ་མྱ་ངན་ལས་འདས་པ་ཇི་བཞིན་པ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་མ་བཅོས་པ་འདི་ཉིད་ཡིན་པའི་ཕྱིར་ན། དེ་ལས་ལྷག་པའི་ཆོས་ཞེས་བྱ་བ་ཞིག་གཞན་དུ་ཡོད་པའམ་གྲུབ་པ་མེད་པའི་ཕྱིར་ཏེ། དེས་ན་བསྟན་པ་ཡང་མ་བཅོས་རྣལ་དུ་བཞག་པ་ཡིན་པར་གསུངས་སོ། །དེ་ལྟ་བུའི་ཕུན་སུམ་ཚོགས་པ་ལྔ་པོ་དེ་ཉིད་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་གི་རོལ་པ་ལས་གཞན་དུ་མེད་པའི་ཕྱིར་ན་ད་ལྟ་སེམས་ཅན་རྣམས་ཀྱིས་དབང་པོ་སྒོ་ལྔར་སྣང་བ་འདི་ཡང་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་ཡིན་པར་བསྟན་ཏེ། ལ་ཟློ་གསང་བའི་འཁོར་ལོ་ལས། མིག་གི་དབང་པོས་གཟུགས་རྣམས་ཅིར་ཡང་སྟོན། །ཀུན་བྱེད་རྒྱལ་པོའི་སྐུ་རུ་བསྟན་པ་ཡིིན། །དེ་ལས་གཞན་པའི་སྟོན་པ་དམིགས་སུ་མེད། །དེ་ལས་སྟོན་པ་རང་ལ་ཚང་ཞེས་གསུངས། །ལྕེས་ནི་སྣང་སྲིད་ཚིགས་དང་ཡི་གེར་བརྗོད། །སྒྲ་རྣམས་བསྒྲགས་པ་སྟོན་པའི་གསུངས་ཡིན་པས། །བསྟན་པའི་ཆོས་ཞེས་ཀུན་ལ་གྲགས་པ་ཡིན། །རྣ་བས་སྒྲ་རྣམས་ཇི་ལྟར་གསན་པ་ཡང་། །ཀུན་བྱེད་རྒྱལ་པོའི་སྒྲ་བསྒྲགས་གསན་པ་ལས། །དེ་ལས་གཞན་པའི་སྒྲ་ནི་ཐོས་པ་མེད། །དེ་ཐོས་འཁོར་གྱི་དམ་པར་བྱུང་བ་ཡིན། །དྲི་རྣམས་སྣ་ཚོགས་ཇི་ལྟར་བྱུང་བ་ཡང་། །སྣ་ཡི་དབང་པོ་གཅིག་ལས་མ་འདས་པས། །དབྱེར་མེད་དུས་གསུམ་གཅིག་ཏུ་བསྟན་པ་ཡིན། །མིག་དང་རྣ་བ་སྣ་དང་ལྕེ་ལ་སོགས། །ཐམས་ཅད་ལུས་ལ་གནས་པས་གནས་སུ་བསྟན། །ལུས་གནས་པ་ལ་ཀུན་ཀྱང་གནས་པ་ལས། །ལུས་མི་གནས་ལ་སུ་ཡང་གནས་པ་མེད། །དེ་བས་ལུས་འདི་གནས་སུ་བསྟན་པ་ཡིན། །ཅེས་གསུངས་པ་དེས་ན་སྒོ་ལྔའི་ཡུལ་དུ་སྣང་བའི་ཆོས་འདི་དག་ཐམས་ཅད་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་ཡིན་པས་ན། ཕུན་སུམ་ཚོགས་པའི་ཆོས་ཐམས་ཅད་མ་བཅོས་རྣལ་དུ་འཇོག་པར་གསུངས་པ་བཞིན་དུ་སྣང་གྲགས་དྲན་རིག་གི་ཆོས་འདི་རྣམས་ཐམས་ཅད་ལ་སྤང་བླང་དང་དགག་སྒྲུབ་ཅི་ཡང་མི་བྱེད་པར་གང་ཤར་ཐམས་ཅད་མ་བཅོས་རང་བབ་ཀྱི་ངང་དུ་བཞག་པར་གསུངས་སོ། །གཉིས་པ་རྩ་བ་དོན་གྱི་བཤད་ལུགས་ལ་གསུམ་སྟེ། ཆོས་ཐམས་ཅད་ཕུན་སུམ་ཚོགས་ལྔར་བསྟན་ཚུལ། དེ་ཉིད་སེམས་ཉིད་རྣལ་བཞག་གཅིག་ཏུ་འདུས་པས་གྲོལ་ཚུལ། གྲོལ་བ་དེ་ཉིད་རྟོགས་པའི་རྣལ་འབྱོར་བས་བསྐྱེད་རྫོགས་རྩོལ་སྒྲུབ་ཀྱི་དོན་ལ་བརྟེན་མི་དགོས་པར་གདམས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །འདི་ལྟར་རྩ་བའི་དོན་གྱི་བཤད་པ་ནི་གོང་དུ་བསྟན་པའི་ཕུན་སུམ་ཚོགས་པར་ཏེ་ཕུན་སུམ་ཚོགས་པ་ལྔ་པོ་དེར་མ་འདུས་པའི་འཁོར་འདས་ཀྱི་ཆོས་ནི་གཅིག་ཀྱང་ཡོད་པར་མ་གསུངས་པ་དེས་ན། འདིར་ཆོས་ཐམས་ཅད་རྩ་བ་ཕུན་སུམ་ཚོགས་པ་ལྔར་བསྡུས་ནས་བསྟན་པ་ཡིན་ལ། དེ་བཞིན་དུ་སྣང་སྲིད་ཀྱི་ཆོས་ཐམས་ཅད་སྐུ་གསུམ་གྱི་རང་བཞིན་མིན་པ་གཅིག་ཀྱང་མེད་པས་སྣང་སྲིད་འཁོར་འདས་ཐམས་ཅད་སྟོན་པ་གཅིག་པུའི་ཁོངས་སུ་འདུས་པ་ལྟར་གཞན་བཞི་ལ་ཡང་ཤེས་པར་བྱ་ཞིང་། དེ་དག་ཐམས་ཅད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་འདུས་པས་མདོར་ན་ཆོས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་བསྡུས་ཏེ་བསྟན་པས་ཀྱང་རྩ་བའི་དོན་གྱི་བཤད་པ་ཞེས་གསུངས་ཏེ། བྲམ་ཟེ་རྒྱས་པའི་རྒྱུད་ལས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྩ་བ་ནི་ཀུན་ཏུ་བཟང་མོའི་ཐུགས་རང་བྱུང་གི་ཡེ་ཤེས་སོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ཀྱེ། ཞེས་འདུས་པའི་འཁོར་ཚོགས་རྣམས་ལ་འབོད་ཚིག་དང་བཅས་པས་འདི་ལྟར་ཕུན་སུམ་ཚོགས་པ་ལྔ་པོ་དེས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ནི་རྩ་བ་རང་བྱུང་གི་ཡེ་ཤེས་རིག་པ་བྱང་ཆུབ་ཀྱི་སེམས་གཅིག་པོ་འདིར་འདུས་ཤིང་དེ་ལས་གཞན་དུ་མེད་པའི་ཕྱིར་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ནི་མ་བཅོས་རྣལ་དུ་བཞག་པ་ཡིས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་མ་བཅོས་རྣལ་དུ་བཞག་པ་ཡིན་པའི་ཕྱིར་ན། ཇི་ལྟར་སྣང་བའི་ཆོས་འདི་དག་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པ་གཞི་དབྱིངས་ཁྱབ་གདལ་ཆེན་པོའི་ཀློང་དུ་རྒྱ་གྲོལ་གཅིག་ཏུ་འགྲོ་བ་ཡིན་པ་དེས་ན། སྐུ་གསུམ་གྱི་སྟོན་པ་རྣམས་ཀྱང་མ་བཅོས་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བར་འགྱུར་བ་ཡིན་ལ། དེ་བཞིན་དུ་བསྟན་པའི་ཐེག་པ་རྣམས་ཀྱང་མ་བཅོས་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བ་ཡིན་པ་དང་། སྐུ་གསུམ་གྱི་འཁོར་དང་གནས་དང་དུས་གསུམ་ཡང་དམིགས་མེད་ཡེ་གྲོལ་ཆེན་པོ་མ་བཅོས་ཆོས་ཉིད་ཀྱི་དབྱིངས་སུ་ལ་བཟླ་ཞིང་གྲོལ་བ་ཡིན་པར་གསུངས་ཏེ། ལ་ཟློ་ལས། སྟོན་པ་དང་ནི་བསྟན་པ་འཁོར་དུས་གནས། །རང་བྱུང་ཆོས་ཀྱི་དབྱིངས་སུ་ལ་བཟླས་པས། །རང་བྱུང་ངོ་བོ་མངོན་དུ་ཕྱུང་བ་ལ། །ཕུན་སུམ་ཚོགས་པ་རྣམ་པ་ལྔ་པོ་ཡང་། །རང་ལ་རྫོགས་ཤིང་རང་ལ་ཚང་བར་སྟོན། །རང་ལ་དམིགས་སུ་མེད་པར་དབྱིངས་སུ་ལ་ཟློ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། ཀྱེ་དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་མ་བཅོས་རྣལ་དུ་བཞག་པ་འདི་ཉིད་གཅིག་པུས་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཆོས་དབྱིངས་བྱ་རྩོལ་དང་བྲལ་བ་མ་བཅོས་མཉམ་པ་ཆེན་པའི་ཀློང་དུ་གྲོལ་བར་བཤད་པའི་རྒྱུ་མཚན་དེ་ལྟ་བུ་དང་ལྡན་ན། དེ་ལས་གཞན་པའི་རྒྱུ་འབྲས་དང་རྩོལ་སྒྲུབ་གང་ལ་ལྟོས་པ་འཆའ་མི་དགོས་པའི་ཕྱིར། ཨ་ཏི་ཡེ་བབ་སོར་བཞག་གི་དོན་ཇི་བཞིན་དུ་རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་རང་གི་ལུས་མ་བཅོས་པའི་ཕྱིར་ལྷའི་ང་རྒྱལ་ལ་གནས་པའི་ཏིང་ངེ་འཛིན་གྱིས་ལུས་ཐ་མལ་དུ་སྣང་བ་བཅོས་ཏེ་ལྷ་ཡི་རང་བཞིན་དུ་མ་བསྒོམ་ལ། དེ་བཞིན་དུ་སྔགས་བཟླ་བ་ལ་སོགས་པའི་སྒོ་ནས་སྨྲ་བའི་ཚིག་དང་ངག་མ་འཆོས་ཤིག །ཏིང་ངེ་འཛིན་ལ་ཡིད་རྩེ་གཅིག་ཏུ་གནས་པར་མ་བྱེད་ལ་དེ་ལ་སོགས་པའི་རྩོལ་སྒྲུབ་གང་གིས་ཀྱང་སེམས་མ་འཆོས་པར་རང་བབ་བཅོས་བསླད་མེད་པར་ཞོག་ཅིག་ཅེས་པ་སྟེ། ཀློང་ཆེན་རབ་འབྱམས་ལས། ཆོས་ཉིད་འབད་རྩོལ་དང་བྲལ་བས། །ལུས་སེམས་བྱ་བྲལ་ངང་དུ་བཞག །ཆོས་ཉིད་རང་ཐོག་ངོ་སྤྲད་པས། །རྣམ་རྟོག་ཡེ་ཤེས་ཆེན་པོ་འཆར། །ཆོས་ཉིད་རང་སར་གྲོལ་བ་ཡིས། །སྣང་བ་ཉིད་ལ་དགག་སྒྲུབ་མེད། །ལུས་སེམས་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་ཡེ་གྲོལ་ཡིན། །ཞེས་གསུངས་པ་ལྟར་ལ། དེ་ལྟར་སྒོ་གསུམ་མ་བཅོས་པར་འཇོག་དགོས་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། བླང་དོར་རྩོལ་སྒྲུབ་ཀྱིས་བཅོས་པར་བྱས་པས་ཆོས་ཉིད་བྱ་རྩོལ་དང་བྲལ་བའི་དོན་ལ་རྣལ་དུ་འབྱོར་བ་མེད་ངེས་སོ། །དེ་ལྟར་ཆོས་ཉིད་ཀྱི་དོན་ལ་རྣལ་དུ་མ་འབྱོར་ན་རེ་དོགས་འབད་རྩོལ་གྱི་འཆིང་བ་ལས་གྲོལ་བར་མི་འགྱུར་ཞིང་། རྣམ་རྟོག་གི་འཆིང་བ་ལས་མ་གྲོལ་ན་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་ཆོས་ཅན་སྣང་བའི་རྫུན་རིས་ཐམས་ཅད་རང་སར་གྲོལ་བའི་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་རྒྱལ་ས་ལ་དབང་མི་ཐོབ་པའི་ཕྱིར་རོ། །གསུམ་པ་ཡོ་ག་དོན་གྱི་བཤད་ལུགས་ལ་གསུམ་སྟེ། སེམས་ཉིད་ཡེ་ནས་རྣལ་བཞག་བྱར་མེད་པ་ཐེག་པ་འོག་མས་དེ་ཉིད་མ་ཤེས་པའི་ཚུལ་མདོར་བསྟན། ཉན་རང་། སེམས་དཔའ། ཡོ་ག །མ་ཧཱ། ཨ་ནུ་རྣམས་ཀྱིས་མ་ཤེས་པའི་སྐྱོན་རྒྱས་པར་བཤད། ཨ་ཏི་ཡོ་གར་ཤེས་པའི་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་མ་བཅོས་རྣལ་དུ་བཞག་པའི་ཚུལ་དེ་ཡོ་ག་དོན་གྱི་བཤད་ལུགས་ཀྱིས་ཐེག་པའི་རུ་ཤན་ཕྱེས་ཏེ་བསྟན་པ་ནི་འདི་ལྟ་སྟེ། རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ནི་ཡེ་ནས་རྒྱུ་འབྲས་རྩོལ་སྒྲུབ་ཀུན་གྱི་ཡུལ་ལས་འདས་པའི་ཕྱིར་མ་བཅོས་རྣལ་དུ་བཞག་པ་ཡིན་པ་ལ། དེ་ལ་ལྟ་ཞིང་རྟོགས་པར་འདོད་པའི་ཐེག་པ་འོག་མ་བ་རྣམས་ཀྱིས་སེམས་ཉིད་མ་བཅོས་པའི་ངང་ལ་ཇི་བཞིན་རྣལ་དུ་འཇོག་མི་ཤེས་པར་སྤོང་འགོག་སྦྱོང་བསྒྱུར་གྱི་ཐབས་ལ་རྟག་ཏུ་ཞེན་པས། བླང་དོར་རྩོལ་སྒྲུབ་དང་བྲལ་བ་སེམས་ཉིད་ཀུན་བྱེད་རྒྱལ་པོའི་དོན་དང་ཡུན་རིང་དུ་འཕྲད་པའི་སྐལ་བ་མེད་པའི་སྐྱོན་དང་ལྡན་པའོ་ཞེས་སོ། །གཉིས་པ་ལ་གོང་གི་རིམ་པ་ལྟར་ལྔ་ལས། དང་པོ་ནི། དེ་ལ་ཨ་ཏི་རྫོགས་པ་ཆེན་པོ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ནི་དགག་སྒྲུབ་དང་སྤང་བླང་ཅི་ལ་ཡང་མ་ལྟོས་པར་ཡེ་ནས་རྣལ་བཞག་གཅིག་གི་རང་བཞིན་ཡིན་པ་ལ། ཉན་ཐོས་དང་རང་རྒྱལ་གྱི་ཐེག་པ་བ་རྣམས་ཀྱིས་ཚུལ་དེ་ཐོས་ཤིང་མཐོང་ན་ཁོང་དུ་མི་ཆུད་པས་དེ་ལྟར་དགག་སྒྲུབ་སྤང་བླང་ཅི་ཡང་མ་བྱས་པར་བཞག་ན་ཚོགས་དྲུག་ཡུལ་ལ་ཞེན་ཅིང་ཆགས་པའི་དབང་གིས་བདག་ཏུ་འཛིན་པའི་རྩ་བ་ཅན་གྱི་ཉོན་མོངས་པ་དུག་ལྔ་ལ་སོགས་པ་སྐྱེ་ཞིང་། དེ་ལ་བརྟེན་ནས་ལས་བསགས་པར་འགྱུར་ལ། དེ་ལྟར་རྒྱུ་ཀུན་འབྱུང་གི་བདེན་པ་ལས་ཉོན་གཉིས་པོ་ཡོད་ན་འབྲས་བུ་སྡུག་བསྔལ་གྱི་བདེན་པ་སྤོང་བའི་ཐབས་མེད་དོ་ཟེར་ནས། རང་གི་སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི་རོལ་རྩལ་དེ་དག་ཉན་ཐོས་ཀྱིས་བདེན་བཞིའི་བླང་དོར་གྱི་སྒོ་ནས་སྤོང་བར་བྱེད་པ་དང་། རང་རྒྱལ་བས་རྟེན་འབྲེལ་ལུགས་འབྱུང་བཀགས་པའི་ལུགས་ལྡོག་སྟོང་པ་བཅུ་གཉིས་བསྒོམ་པའི་ཐབས་ཀྱིས་འགེགས་པའི་ཚུལ་ལ་བརྩོན་པར་འགྱུར་བ་དེས་ཀྱང་། རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བ་མ་བཅོས་པར་རང་བབས་སུ་རྣལ་དུ་འཇོག་མ་ཤེས་པས། ལམ་དེ་ལ་ཞུགས་པས་བསྐལ་པ་གྲངས་མེད་མང་པོར་རང་སེམས་རྣལ་དུ་འཇོག་མི་ཤེས་པར་སྤོང་འགོགས་ཀྱི་ལམ་དེ་ལ་གནས་ཞིང་བླང་དོར་རྩོལ་སྒྲུབ་ཀྱིས་གདུང་བར་འགྱུར་བར་གསུངས་སོ། །དེས་ན་ཉན་རང་གི་ཐེག་པ་བ་དེ་དག་གིས་རང་སེམས་རྣལ་དུ་འཇོག་པར་མི་ཤེས་པས་བླང་དོར་རྩོལ་སྒྲུབ་བྱས་པའི་སྐྱོན་དེ་ལྟ་བུ་ཡོད་པའི་ཕྱིར་ན་ཨ་ཏི་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་རྣམས་ཀྱིས་བྱ་རྩོལ་གང་ཡང་མི་བྱེད་པར་མ་བཅོས་རྣལ་དུ་འཇོག་པར་གདམས་པའོ། །གཉིས་པ་ནི། དེ་བཞིན་དུ་ཐེག་པ་ཆེན་པོ་མདོ་སྡེས་ཏེ་མདོ་སྡེ་བྱང་ཆུབ་སེམས་དཔའི་ཐེག་པ་བ་རྣམས་ཀྱིས་རྫོགས་ཆེན་ཡེ་བབ་སོར་བཞག་གི་དོན་འདི་ཐོས་པར་གྱུར་ན་ཕྱི་ནང་སྣང་སྲིད་ཀྱི་ཆོས་འདི་དག་ཐམས་ཅད་རང་སེམས་སྐྱེ་བ་མེད་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་ལས་རང་སྣང་བའི་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་དུ་གནས་པ་ཡིན་པས་བཅོས་བསྒྱུར་སྤང་བླང་ལས་འདས་པའི་དོན་མ་རྟོགས་ཏེ། ཆོས་དང་གང་ཟག་གི་བདག་གཉིས་ཀྱི་དབང་གིས་མ་དག་འཁྲུལ་པའི་སྣང་བ་འདི་ལྟར་བྱུང་བ་ཡིན་ནོ་སྙམ་དུ་བལྟ་ཞིང་། དེའི་དབང་གིས་རང་སེམས་མ་བཅོས་ཇི་བཞིན་ཉིད་དུ་འཇོག་པ་མ་ཤེས་ཏེ་ཚོགས་གཉིས་བསགས་པ་ལ་སོགས་པའི་རྩོལ་སྒྲུབ་ལ་ཞེན་པས་ལམ་ལྔ་རིམ་གྱིས་བགྲོད་པའི་སྒོ་ནས་ས་བཅུ་ཐོབ་པར་བྱེད་ཅིང་དེ་དང་དེའི་སྐབས་སུ་ས་བཅུ་རང་རང་གི་ངོ་སྐལ་གྱི་བསྒྲིབ་པ་རྣམས་སྦྱོང་བ་ལ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པའི་ཡུན་དུ་གནས་པར་འགྱུར་རོ་ཞེས་གསུངས་པའོ། །གསུམ་པ་ནི། རྣལ་འབྱོར་ཆེན་པོ་གསང་སྔགས་བླ་ན་མེད་པའི་ཐེག་པ་དང་རྗེས་སུ་མཐུན་པ་གསང་སྔགས་ཕྱི་བ་རྣལ་འབྱོར་ཡོ་ག་བའི་ལམ་ལ་ཞུགས་པའི་སེམས་དཔས་ཏེ་སེམས་དཔའི་རྣལ་འབྱོར་བ་རྣམས་ཀྱིས་རྫོགས་ཆེན་མ་བཅོས་རྣལ་བཞག་གི་དོན་འདི་ཐོས་པར་གྱུར་ན། འདི་ལྟར་སྣང་བའི་ཞེས་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་རྣམས་ཐམས་ཅད་ཡེ་ནས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རྩལ་ལས་ཤར་བའི་ཆོས་ཉིད་དེ་བཞིན་ཉིད་མ་བཅོས་རྣལ་བཞག་ཆེན་པོའི་རང་བཞིན་ཡིན་པ་ལ། དེ་ལྟར་རང་སེམས་འགྱུར་བ་མེད་པ་ཆོས་ཉིད་དེ་བཞིན་ཉིད་བཟང་ངན་བླང་དོར་ཐམས་ཅད་དང་བྲལ་བའི་རང་བཞིན་དུ་མ་རྟོགས་པར་འཁོར་བ་དང་མྱང་འདས་བདག་དང་ལྷ་ལ་སོགས་པ་བཟང་ངན་དང་བླང་དོར་གྱི་ཡུལ་དུ་མཐོང་ནས། ཆོས་ཉིད་ཀྱི་ངང་དུ་ཇི་བཞིན་རྣལ་དུ་འཇོག་པ་ཡི་དགོངས་དོན་ཟབ་མོ་མ་ཤེས་པས་ན། མངོན་པར་བྱང་ཆུབ་པའི་ཡན་ལག་ལྔ་དང་ཆོ་འཕྲུལ་རྣམ་པ་བཞི་ལ་སོགས་པ་ཐབས་སྣ་ཚོགས་ཀྱིས་རང་སེམས་ལྷའི་རང་བཞིན་དུ་བྱིན་གྱིས་རློབ་པར་སེམས་ཞིང་བླང་དོར་དུ་བརྩོན་པའི་ལམ་ལ་མི་ཚེ་བདུན་གྱི་བར་དུ་གནས་པར་གསུངས་སོ། །བཞི་པ་ནི། གསང་སྔགས་ནང་བ་བླ་ན་མེད་པའི་རྣལ་འབྱོར་ཆེན་པོ་རྣམས་ཀྱིས་རྫོགས་ཆེན་བྱར་མེད་ཡེ་གྲོལ་གྱི་དོན་འདི་ཐོས་པར་གྱུར་ན། འདིའང་གནས་ཚུལ་ལ་གཞི་འབྲས་དབྱེར་མེད་ཆེན་པོར་འདོད་པ་ཡིན་ཀྱང་སྣང་ཚུལ་ལ་རྒྱུ་དང་འབྲས་བུའི་རང་བཞིན་དུ་བལྟ་བའི་བདག་ཉིད་ཡིན་པས་ན། རྫོགས་ཆེན་བྱར་མེད་ཀྱི་དོན་ཇི་བཞིན་མ་རྟོགས་པར། ཡེ་ནས་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན་པ་ལ། གདོད་ལམ་རྒྱུད་བསྐྱེད་རྫོགས་བསྒོམ་བཟླས་ཀྱི་རྩོལ་བ་ལ་བརྟེན་ནས་སྒྲུབ་པར་བྱེད་པའི་ཐབས་ཀྱིས་འབྲས་རྒྱུད་སྐུ་དང་ཡེ་ཤེས་ཐོབ་པར་འདོད་པ་དེ་ཡང་ལོ་སྟོང་ཕྲག་གཉིས་དང་བརྒྱ་ཕྲག་དྲུག་གི་བར་དག་ཏུ་ནི། སེམས་ཉིད་མ་བཅོས་ཇི་བཞིན་ཉིད་ཀྱི་ངང་ལ་རྣལ་དུ་འཇོག་པ་མི་ཤེས་ཏེ་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་ལྷ་བསྒོམ་པ་ལ་སོགས་པ་རྩོལ་སྒྲུབ་ཀྱི་ས་ལ་གནས་པར་བྱེད་པ་ཡིིན་ཏེ། བང་མཛོད་འཕྲུལ་ལྡེ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་ན། །ཚེ་ལ་དབང་བའི་དངོས་གྲུབ་ཐོབ། །ལོ་ནི་ཉིས་སྟོང་ལྔ་བརྒྱ་རུ། །ལོངས་སྤྱོད་རྫོགས་པའི་ཚུལ་བཟུང་ནས། །དོ་གཅིག་སངས་རྒྱས་ས་ལ་འགྲོ། །སྐུ་གསུམ་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་ཡང་སྤྱིར་མ་ཧཱ་ཡོ་ག་རང་ལམ་དུ། གསང་སྙིང་ལས། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པར་ནི། །ཞེས་གསུངས་པ་ལྟར་ཚེ་དབང་ཐོབ་ནས་མི་ཚེ་བཅུ་དྲུག་གི་ཡུན་གྱི་ལོ་བརྒྱ་བརྒྱ་ཕྱིར་བསྣུར་བས་ལོ་སྟོང་ཕྲག་གཅིག་དང་དྲུག་བརྒྱ་ན་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གསུངས་པ་ཡིན་ཀྱང་། འདིར་ལོ་ཉིས་སྟོང་དྲུག་བརྒྱར་གསུངས་པ་འོག་ཏུ་ལེའུ་ང་ལྔ་པའི་སྐབས་སུ། རིག་འཛིན་ས་སྟེ་ལོ་སྟོང་དྲུག་བརྒྱ་རུ། །ལོངས་སྐུ་འདོད་པའི་ཏིང་འཛིན་ཡེངས་མེད་བྱེད། །ལོངས་སྐུ་ཐོབ་ནས་རང་སེམས་གཟོད་ཚོལ་ལྟ། །སྟོང་ཕྲག་གཅིག་ན་མི་རྟོག་ཉམས་བཟོད་རྙེད། །ཞེས་གསུངས་པ་ལྟར་མ་ཧཱ་རང་ལམ་གྱིས་ལོ་སྟོང་ཕྲག་དྲུག་བརྒྱ་ན་འབྲས་བུ་ཐོབ་པར་གསུངས་པ་དེ། འདིར་རྫོགས་པ་ཆེན་པོའི་ལམ་སྟེགས་ཙམ་དུ་བཞག་ནས་གཟོད་རྫོགས་པ་ཆེན་པོའི་མཐར་འབྲས་ལ་ལོ་སྟོང་ཕྲག་གཅིག་ནས་སྦྱོར་བར་གསུངས་པ་སྟེ། དེ་ཡང་དཔེར་ན་སྔགས་ཐུན་མོང་གི་སྐབས་སུ། ཇི་སྐད་དུ། རྒྱུ་ཡིས་བགྲོད་པའི་ཀུན་ཏུ་འོད། །ཐབས་ཆེན་ལམ་གྱི་བསྟི་གནས་ས། །ཞེས་གསུངས་པ་ལྟར་འདིར་ཡང་མ་ཧཱ་ཨ་ནུའི་ལམ་གྱིས་ཞེན་འཛིན་ཕྲ་བ་ཡོད་པ་དེ་མ་སྤང་བར་དུ་རྫོགས་པ་ཆེན་པོའི་གནས་ལུགས་ཇི་བཞིན་པ་རྟོགས་པར་མི་ནུས་ཤིང་། དེ་མ་རྟོགས་བར་དུ་འབྲས་བུ་མཐར་ཐུག་པའང་ཐོབ་པར་མི་ནུས་པས་ན། དེ་ལྟ་བུའི་རྫོགས་པ་ཆེན་པོའི་ཆེ་བ་སྟོན་པའི་ཕྱིར་དུ་སྔགས་འོག་མའི་འབྲས་བུའི་རྫོགས་ཆེན་གྱི་ལམ་སྟེགས་སུ་བཞག་པ་སྟེ། ཡང་འབྱེད་ལས། ཐེག་པ་ཐུན་མོང་སངས་རྒྱས་དང་། །རྫོགས་ཆེན་འབྲས་བུའི་སངས་རྒྱས་གཉིས། །ཐུན་མོང་མཆོག་གི་དངོས་གྲུབ་སྟེ། །མི་མཐུན་ཁྱད་པར་ཤིན་ཏུ་ཆེ། །ཐུན་མོང་བསྟི་གནས་ས་ལ་གནས། །རྫོགས་ཆེན་ལྷུན་གྲུབ་ས་ལ་གནས། །ཞེས་གསུངས་པ་ལྟ་བུ་ཡིན་ནམ་སྙམ་ཀྱང་བླ་མའི་ཞལ་རྒྱུན་གྱིས་དབེན་ཞིང་རང་ཉིད་རྣམ་དཔྱོད་ཀྱི་བློ་དང་ཡང་མི་ལྡན་པས། གལ་ཏེ་ལོག་བཤད་དུ་སོང་བ་ཡིན་ན་རིག་འཛིན་བརྒྱུད་པའི་ཚོགས་དང་དབྱིངས་ཀྱི་མཁའ་འགྲོ་རྣམས་ལ་བཟོད་པར་གསོལ་ལོ། །ལྔ་པ་ནི། མ་བསྐྱེད་ཡོངས་སུ་རྫོགས་པའི་རྣལ་འབྱོར་ཨ་ནུ་ཡོ་ག་བ་རྣམས་ཀྱིས་རྫོགས་པ་ཆེན་པོའི་དགོངས་པ་མ་བཅོས་ཡེ་བབ་སོར་བཞག་གི་དོན་འདི་ཐོས་པར་གྱུར་ན་ཡང་། མ་བཅོས་རྣལ་བཞག་གི་དོན་ཇི་བཞིན་དུ་མ་རྟོགས་པར་ཆོས་ཐམས་ཅད་ཡེ་ནས་རྒྱུ་འབྲས་གཉིས་སུ་མེད་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་རང་བཞིན་ཡིན་པ་ལ། ཡུལ་ཆོས་ཀྱི་དབྱིངས་ལ་རྒྱུ་དང་ཡུལ་ཅན་རང་བྱུང་གི་ཡེ་ཤེས་ལ་འབྲས་བུ་གཉིས་ཀྱི་མིང་བཏགས་ནས། དེ་གཉིས་དབྱེར་མེད་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་བསྒྲུབ་པའི་ཆེད་དུ་བསྐྱེད་རྫོགས་ཟབ་མོའི་ལམ་ལ་རྩོལ་བར་བྱེད་པ་ལས། བཅོས་བསྒྱུར་དང་རྩོལ་བ་ཅི་ཡང་མི་དགོས་པར་ཆོས་ཉིད་ཇི་བཞིན་པའི་ངང་ལ་རྣལ་དུ་འཇོག་པ་མ་ཤེས་ཏེ། རྒྱུ་ནི་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་སུ་གྲུབ་པ་དང་། འབྲས་བུ་རྣམ་པར་དག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གྲུབ་པར་བྱེད་པའི་ལམ་ལ་སྐྱེ་བ་བར་མ་ཆོད་པ་ཉིད་ཀྱིས་མི་ཚེ་གཅིག་ཏུ་རྩོལ་བའི་ས་ལ་གནས་དགོས་པ་ཡིན་ནོ། །གསུམ་པ་ཨ་ཏི་ཡོ་གར་ཤེས་པའི་དོན་བསྡུ་བ་ནི། འདི་ལྟར་ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་སྐལ་བ་དང་ལྡན་པ་རྣམས་ཀྱིས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་རྩོལ་མེད་རང་བཞག་གི་དོན་འདི་ཐོས་པར་གྱུར་ན། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བྱ་བྱེད་རྩོལ་བ་ལ་མ་ལྟོས་པར་ཡེ་ནས་སྐུ་གསུམ་ལྷུན་རྫོགས་ཆེན་པོར་སངས་རྒྱས་པར་རྟོགས་ནས། དུས་དང་རྐྱེན་ལ་མི་ལྟོས་པར་ད་ལྟ་ཉིད་ནས་མ་བཅོས་ཡེ་ཤེས་བླ་མའི་ས་ལ་གནས་པར་འགྱུར་བས། རྒྱུ་འབྲས་བྱ་རྩོལ་གྱི་ངལ་བས་གདུང་བ་མེད་པར་རྩོལ་མེད་བདེ་བ་ཆེན་པོ་མ་བཅོས་རིག་པ་རྒྱ་ཡན་གྱི་ངང་ལ་གུ་ཡངས་བློ་བདེ་རུ་གནས་པའམ་ཡེ་བདེ་འགྱུར་བ་མེད་པའི་དོན་ལ་གནས་པ་གང་ཟག་འདི་ཡིས་ཐོབ་ཅིང་། སྤང་བླང་རྩོལ་བ སྒྲུབ་ཀྱི་སྒོ་ནས་གསར་དུ་བསྒྲུབ་པ་མེད་པར་ཡེ་ནས་མངོན་པར་སངས་རྒྱས་པ་ཀུན་བཟང་ཆོས་སྐུའི་གཏན་སྲིད་ལ་ཡང་དབང་ཐོབ་པ་ཡིན་པས་ན་དགག་སྒྲུབ་སྤང་བླང་ཅི་ཡང་མི་བྱེད་པར་གང་ཤར་ཅིར་སྣང་ཐམས་ཅད་མ་བཅོས་རང་བབ་ཆེན་པོའི་ངང་ལ་འཇོག་པར་གདམས་སྟེ། བྲམ་ཟེ་རྒྱས་པ་ལས། ཀུན་བཟང་མ་ངེས་ནམ་མཁའ་འདྲ། །མ་བརྟགས་གསལ་བའི་ངང་ལ་བཞག །སྒོ་ལྔ་མ་བཀག་རང་སར་བཞག །མ་བཙལ་རང་ལུགས་ཆེན་པོར་བཞག །མི་གཡོ་མཉམ་པའི་ངང་ལ་བཞག །མི་རྟོགས་སྤྲོས་དང་བྲལ་བར་བཞག །གང་དུའང་ངོས་མི་གཟུང་བར་བཞག །སྣང་བ་མི་དགག་གང་དགར་བཞག །རྙོག་མེད་གསལ་བའི་ངང་ལ་བཞག །གཉིས་མེད་མཉམ་པའི་ངང་ལ་བཞག །ལུས་ངག་ཡིིད་གསུམ་གློད་དེ་བཞག །དེ་བཞིན་མ་བཅོས་རང་སར་བཞག །མ་ཆགས་ཞེན་དང་བྲལ་བར་བཞག །བསམ་པ་གང་དུའང་མ་བཞུགས་བཞག །ཤེས་པ་བསམ་དཔྱོད་མེད་པར་བཞག །ཅེས་དང་། ཀུན་མཁྱེན་བླ་མས་མཛད་པའི་སྨོན་ཁྲིད་ལས། ད་ལྟའི་སེམས་ཉིད་ནམ་མཁའ་ལྟ་བུ་ཡེ་ནས་དག་པའི་ངང་ལ་སྒོ་གསུམ་རྩོལ་བྲལ་མཉམ་པ་ཉིད་དུ་ཞོག་ཅིག །སྣང་ཡུལ་ཅི་སྣང་ཡང་དེ་ལ་འཛིན་ཞེན་མེད་པ་དེ་ཉིད་ཀྱི་སྟེང་དུ་ཅེར་གྱིས་ལྟོས་ལ་ཕྱམ་གྱིས་ཞོག་དང་། རྟོག་དང་སྣང་བ་ཙམ་དུ་ཡང་འཛིན་པ་མེད་པའི་ངང་དྭངས་སྤྲོས་པ་དང་བྲལ་བ་འཆར་བ་ནི་སེམས་ཉིད་ཡེ་གྲོལ་ཀུན་བྱེད་ཀྱི་དགོངས་པ་ཡིན་ཏེ། ཞེས་སོགས་གསུངས་པ་ལྟར་རང་བབ་བཅོས་བསླད་དང་བྲལ་བའི་ངང་ལ་བཞག་པར་བྱའོ། །བཞི་པ་དགོས་ཆེད་དོན་གྱིས་བཤད་པ་ནི། འོ་ན་ཨ་ཏི་རྫོགས་པ་ཆེན་པོ་བྱར་མེད་ཡེ་སངས་རྒྱས་པའི་དོན་ཏེ་ཤིན་ཏུ་ཟབ་པ་ཡིན་དུ་ཟིན་ཀྱང་། ཐེག་པ་འོག་མའི་བློ་ཅན་སོགས་སུས་ཀྱང་ཤེས་པར་མི་ནུས་ན་འདི་ཉིད་བསྟན་པ་ལ་དགོས་ཆེད་ཅི་ཡོད་སྙམ་ན། དེ་ལྟར་མ་ཡིན་ཏེ་འདི་ལྟར་ལྷ་མི་ལ་སོགས་པའི་སེམས་ཅན་རྣམས་ཀྱིས་ལས་བསགས་ཚུལ་མི་འདྲ་བའི་དབང་གིས་དབང་པོ་རྣོ་བརྟུལ་མི་མཐུན་པ་སྣ་ཚོགས་སུ་ཡོད་པ་ཡིན་ཏེ། དེས་ན་རྫོགས་པ་ཆེན་པོའི་དོན་ལ་སྔོན་སྦྱངས་ཀྱི་ལས་འཕྲོ་མེད་པ་དང་། ཐེག་པ་འོག་མའི་བློ་ཅན་རྣམས་ཀྱིས་རེ་ཞིག་ཤེས་པར་མི་ནུས་ན་ཡང་། གང་ཟག་ལ་ལ་སྔོན་ནས་རྫོགས་པ་ཆེན་པོའི་དོན་ལ་བློ་ཤེས་རབ་ཀྱི་དབང་པོ་སྦྱངས་པའི་ལས་འཕྲོ་ཅན་ཡང་ཡོད་ལ། གཞན་ཡང་ནམ་མཁའ་འབར་བའི་རྒྱུད་ལས། འཁོར་རྣམས་ཀྱིས་སྟོན་པ་ལ་ཞུས་པ། སེམས་ཅན་ཀུན་གྱིས་སེམས་འདི་མཉམ་ལགས་སམ། མཉམ་ན་བཟང་ངན་འོང་བ་དང་། བློ་རྣོ་བརྟུལ་ཤེས་པ་ཆེ་ཆུང་འོང་བ་ཅི་ཡིས་ཉེས། འོན་ཏེ་མི་མཉམ་སེམས་བདག་བཟང་ངན་ཐ་དད་བདོག་ལགས་སམ། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་རྩལ་པ། །འཁོར་གྱི་དྲི་བ་གཉིས་པོ་དེ། །ཆོས་ཉིད་གཞི་ལ་འདྲིའམ་སྣང་ཚུལ་ཟེར་ལ་འདྲི། །སེམས་ཀྱི་གཞི་ལ་འདྲི་བ་ན། །ཡ་ཐ་རྒྱལ་བའི་དཀྱིལ་འཁོར་ནས། །མ་ཐ་དམྱལ་བའི་འཇིག་ཚོགས་སུ། །སེམས་ཅན་མཐའ་ཡས་མ་ལུས་ལ། །ཏིལ་ལ་མར་གྱིས་ཁྱབ་བཞིན་མཉམ་པོར་གནས། །དཔེར་ན་རྒྱ་ཞོ་མནན་པ་འདྲ། །སེམས་ལ་བཟང་ངན་བྱེ་བྲག་མེད། །སེམས་ཉིད་གཞི་ལ་རྣོ་བརྟུལ་མེད། །ཤེས་པ་གསལ་མི་གསལ་དུ་མེད། །སྣང་ཚུལ་ཟེར་བ་དྲི་བ་ན། །ཤེས་བྱའི་རང་བཞིན་མ་འགགས་པར། །བློ་རྣོ་བརྟུལ་བཟང་ངན་ཤེས་པ་གསལ་མི་གསལ་ཏུ་ཤུགས་ལས་འཁྲུལ། དཔེར་ན་ཞིང་ས་གཅིག་པ་ལ་ས་བོན་མཉམ་པོར་བཏབ་ནས། ཆུ་ལུད་མཉམ་པོར་བཏབ་ཅིང་བཟང་ངན་ནས་རྡོག་ཆེ་ཆུང་ཤུགས་ལས་འབྱུང་། ལྕགས་རྡོ་བཞུ་བཏུལ་མཉམ་ཡང་རྣོ་བརྟུལ་ཤུགས་ལས་འབྱུང་། ཞེས་གསུངས་པ་ལྟར་གཞི་ཆོས་ཉིད་གཤིས་ཀྱི་གནས་ལུགས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་ལ་བཟང་ངན་དང་རྣོ་བརྟུལ་མེད་ཀྱང་། ཐོག་མའི་གཞི་ལས་གཞི་སྣང་ཕྱི་གསལ་དུ་ཤར་བའི་ཚེ་ན་ཆོས་ཉིད་ཅི་ཡང་མ་གྲུབ་པ་ལ་ཅིར་ཡང་འཆར་དུ་རུང་བས་བློ་རྣོ་བརྟུལ་ཤུགས་ལ་འབྱུང་བར་གསུངས་པ་བཞིན། གང་ཟག་ལ་ལ་ཚེ་སྔོན་སྦྱངས་བ་སོགས་ལ་མ་ལྟོས་པར་བློའམ་དབང་པོ་རང་བཞིན་གྱིས་རྣོ་བས་ཡེ་ནས་ཆིག་ཆོད་དམ་ཅིག་ཆར་བའི་རིག་ཅན་ཡོད་པ་དེ་རྣམས་ཀྱིས་ཨ་ཏི་རྫོགས་པ་ཆེན་པོའི་དགོངས་པ་མ་བཅོས་རྣལ་བཞག་གི་དོན་ཇི་བཞིན་པ་རྟོགས་པར་ནུས་པ་དེས་ན། དེ་ལྟ་བུའི་ཡང་རབ་སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་དུ་དགོས་ཆེད་དོན་གྱི་བཤད་པ་ཞེས་སུ་བསྟན་པ་ཡིན་ནོ། །ལྔ་པ་ཚིག་གི་དོན་གྱི་བཤད་ལུགས་ལ་གཉིས་ཏེ། ཨ་ཏི་ཡོ་གའི་ངེས་ཚིག་སོ་སོར་བཤད་པ་དང་། དོན་གཉིས་སུ་མེད་པས་རྒྱུ་འབྲས་སྒྲོ་སྐུར་ལས་འདས་པར་བཤད་པའོ། །དང་པོ་ནི། དེ་ལ་ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་ཞེས་བྱ་བ་དེ་ཚིག་གི་དོན་གྱིས་བཤད་པ་ཇི་ལྟ་བུ་ཞེ་ན། འདི་ལྟར་ཨ་ཏི་ཞེས་བྱ་བ་ནི་རྫོགས་པ་ཆེན་པོའི་དོན་སྒྲ་ཡི་ཚིག་ཏུ་བསྟན་པ་ཡིན་ཏེ། དེ་ཡང་ཨ་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་དོན་ཡིན་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་གདོད་ནས་མ་སྐྱེས་ཤིང་མ་འགགས་པའི་ཆོས་ཉིད་ཡེ་སྟོང་ཆེན་པོ་རྒྱུ་རྐྱེན་རྩོལ་སྒྲུབ་ཐམས་ཅད་ཀྱི་ཡུལ་ལས་འདས་པས་མ་བཅོས་རྣལ་དུ་བཞག་པའི་རང་བཞིན་ཡིན་ལ། ཏི་ནི་ཏི་ལ་ཀ་ཞེས་པ་ཐིག་ལེའི་མིང་ཡིན་པས་ཆོས་ཉིད་སྐྱེ་བ་མེད་པ་དེ་ཡང་སྟོང་པ་ཕྱངས་ཆད་ལྟ་བུ་མ་ཡིན་པར་འགག་མེད་གསལ་བའི་ཡེ་ཤེས་དང་ཡེ་ནས་དབྱེར་མེད་པས་སྤྲོས་པའི་གྲྭ་ཟུར་ཐམས་ཅད་དང་བྲལ་བའི་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཏུ་གནས་པ་དེའི་ཀློང་དུ་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མ་སྤངས་ལ་མ་བཙལ་བར་ཡེ་ནས་རྫོགས་ཤིང་ལྷུན་གྱིས་གྲུབ་པར་བསྟན་པ་སྟེ། མདོར་ན་ཀ་དག་དང་ལྷུན་གྲུབ་དབྱེར་མེད་པའི་གནས་ལུགས་རང་བྱུང་གི་ཡེ་ཤེས་བཅོས་བསྒྱུར་སྤང་བླང་དང་བྲལ་བ་དེའི་ཀློང་ན་ཆོས་ཐམས་ཅད་མ་འདྲེས་ཡོངས་སུ་རྫོགས་པས་བྱར་མེད་རྫོགས་པ་ཆེན་པོའི་རང་བཞིན་དུ་སྟོན་པའི་ཚིག་ཡིན་ལ། ཡོ་ག་ཞེས་པ་ནི་ཐེག་པ་གཞན་ཀུན་ལས་ཀྱང་ཆོས་ཉིད་ཀྱི་དོན་ལ་བློ་ཤིན་ཏུ་རྣལ་དུ་འབྱོར་བའི་དོན་ཡིན་པས་ན་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་རྫོགས་པ་ཆེན་པོ་ཞེས་པའི་ཚིག་དོན་ཡིན་པས་ན་དེ་ལ་ཚིག་གི་དོན་གྱི་བཤད་པ་ཞེས་བྱའོ། །དེ་ཡང་ཀློང་ཆེན་རབ་འབྱམས་ལས། གཅིག་རྫོགས་ཀུན་རྫོགས་སྐྱོན་ཡོན་མཐའ་དག་རྫོགས། །རྫོགས་པ་ཆེན་པོ་ཨ་ཏི་ཀུན་གྱི་ཕུད། །དབྱིངས་རིག་ཏི་ལར་གང་ལ་དབྱེ་བསལ་མེད། །ས་དང་ལམ་དང་ཐེག་པའི་བྱེ་བྲག་ཀུན། །མ་འདྲེས་ཡོངས་རྫོགས་ཐིག་ལེ་གཅིག་གི་རྒྱན། །ཐིག་ལེ་གཅིག་ལ་དབྱེ་བསལ་ངང་གིས་བྲལ། །མི་འགྱུར་བསྟན་པའི་ཀློང་ན་བདེ་བར་བཞུགས། །བྱ་བྲལ་བདེ་བ་ཁ་ཡན་ཀློང་ན་བདེ། །ཀུན་ཀྱང་རོ་གཅིག་མཉམ་པའི་དབྱིངས་སུ་གྲོལ། །སྐྱེ་མེད་རོལ་པ་ཀུན་ཆུབ་ཆེན་པོ་ཨ། །ཐེག་དགུ་མ་འདྲེས་མ་སྤངས་རྫོགས་པས་ཏི། །གོང་ན་གཞན་མེད་སྤྱི་དཔལ་ཆེན་པོར་ཐེག །ཞེས་སོ། །གཉིས་པ་ནི། དེ་ལྟ་བུའི་ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་ཨ་ཏི་ཡོ་གའམ་ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེན་པོའི་དོན་གཉིས་སུ་གྲུབ་པ་མེད་པ་རང་བྱུང་གི་ཡེ་ཤེས་དེ་ལ། སྒྲུབ་བྱེད་རྒྱུ་དང་བསྒྲུབ་བྱའི་འབྲས་བུ་གཉིས་ཀ་ཡོད་དོ་ཟེར་ནས་སྨྲ་བར་བྱེད་ཅིང་རྒྱུ་འབྲས་བླང་དོར་གྱི་ཚུལ་ལ་རྩོལ་བསྒྲུབ་བྱེད་པ་དེ་ནི་བྱར་མེད་རྫོགས་པ་ཆེན་པོའི་གཉིས་མེད་བློ་ལས་འདས་པའི་ཡེ་ཤེས་དེ་ཉིད་ཇི་བཞིན་པར་རྟོགས་པའི་དོན་དང་མི་ལྡན་ཏེ། ཀློང་ཆེན་རབ་འབྱམས་ལས། རྣམ་པར་དག་པའི་ཆོས་ཉིད་ལ། །རྒྱུ་འབྲས་རྫས་སུ་རྟོགས་པ་ནི། །གྲུབ་མཐའ་ངན་པས་བཅིང་བ་སྟེ། །འཁྲུལ་པས་དོན་ལས་གོལ་བའི་ཕྱིིར། །བསྟན་ཞིང་བརྗོད་པར་རབ་ཏུ་དཀའ། །ཞེས་གསུངས་པ་ལྟར་དང་། དེ་བཞིན་དུ་རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་སྣང་སྟོང་གང་གི་ཕྱོགས་སུ་མ་ལྷུང་བས་སྨྲ་བསམ་བརྗོད་པ་ཐམས་ཅད་དང་བྲལ་བ་སྤྲོས་བྲལ་བློ་ལས་འདས་པའི་རང་བཞིན་ཡིན་པ་ལ། དོན་དམ་སྟོང་པ་ཉིད་དང་ཀུན་རྫོབ་སྣང་བ་གཉིས་སུ་བདེན་གཉིས་སོ་སོར་ཕྱེ་ཞིང་སྨྲ་བར་བྱེད་ན། དེ་ཡང་ཀུན་རྫོབ་ཏུ་ཡོད་པར་སྒྲོ་འདོགས་པ་དང་། དོན་དམ་དུ་མེད་པར་སྐུར་བ་འདེབས་པའི་ཚིག་ཙམ་ཡིིན་ཏེ་གནས་ལུགས་བརྗོད་དུ་མེད་པའི་དོན་ཇི་བཞིན་པའི་ཐོག་ཏུ་མ་ཕེབ་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་དེ་ལྟར་སྨྲ་ཞིང་བརྗོད་པར་བྱེད་པའི་གང་ཟག་དེ་ཡིས་རྒྱུ་འབྲས་སྒྲོ་སྐུར་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་གཉིས་སུ་མེད་པའི་ཡེ་ཤེས་སོ་སོ་རང་རིག་པ་ཡི་དོན་རྟོགས་པ་མེད་དོ། །ཞེས་པ་སྟེ། ཉ་མོ་བག་ལ་ཉལ་བའི་རྒྱུད་ལས། ཨ་ཏི་ངེས་མེད་ཐེག་པའི་སྙིང་པོའི་རང་བཞིན་འདི། །སུས་ཀྱང་དཔག་པར་ནུས་པ་མ་ཡིན་བདེན་གཉིས་ཡེ་ནས་མེད། །བདེན་པ་གཉིས་འདོད་པ་ནི་འདི་ན་ག་ན་ཡོད་དེ་ཡེ་ནས་མེད་པ་ཡིན། །བདེན་དང་གཏན་ཚིགས་རྗེས་སུ་དཔག་པ་ཡིས། །ཡ་མཚན་རྨད་ཀྱི་ཆོས་འདི་རྟོགས་པར་ནུས་པ་ག་ལ་ཡོད། །འཁོར་བ་མྱ་ངན་འདས་མེད་ཐིག་ལེ་ཆེན་པོའི་ཀློང་། །ཞེས་གསུངས་པ་ལྟར་རོ། །གསུམ་པ་རྣལ་བཞག་གཅིག་ཏུ་དོན་བསྡུ་བ་ནི། དེ་ལྟར་རྫོགས་ཆེན་ཨ་ཏིའི་དགོངས་པ་མ་བཅོས་ལྷུན་གྲུབ་ཆེན་པོ་རྣལ་བཞག་གཅིག་ཏུ་བསྟན་པ་དེ་བཞིན་དུ། དུས་གསུམ་དུ་གཤེགས་ཤིང་བྱོན་པའི་སངས་རྒྱས་རྣམས་ཀྱི་རྟོགས་དོན་བླ་ན་མེད་པ་ཡང་། རྒྱུ་འབྲས་བླང་དོར་བདེན་གཉིས་སོགས་སུ་མ་མཐོང་བར་གཉིས་མེད་ཆོས་སྐུ་ཆེན་པོ་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ཀློང་དུ་མ་བཅོས་རྣལ་དུ་བཞག་པ་ཉིད་དུ་འདོད་དོ། །ཞེས་གསུངས་སོ། །ཚུལ་དེ་ལྟར་བང་མཛོད་འཕྲུལ་ལྡེ་ལས་ཀྱང་བསྟན་ཏེ། བྱར་མེད་བྱང་ཆུབ་ཆེན་པོ་དེ། །བཅོས་པས་གྲུབ་པ་མ་ཡིན་ཏེ། །མ་བཅོས་རྣལ་དུ་བཞག་པས་གྲུབ། །སྔར་འདས་སངས་རྒྱས་ཐམས་ཅད་ཀྱིས། །ཅི་བཞིན་པ་ལ་བཅོས་མ་བྱས། །ད་ལྟའི་སངས་རྒྱས་ཐམས་ཅད་ཀྱང་། །ཅི་བཞིན་པ་ལས་བཅོས་མི་མཛད། །མ་འོངས་སངས་རྒྱས་ཐམས་ཅད་ཀྱང་། །ཅི་བཞིན་པ་ལ་བཅོས་མི་འགྱུར། །གསང་བའི་བདག་པོ་ང་ཡིས་ཀྱང་། །ཅི་བཞིན་པ་ལ་བཅོས་མ་མྱོང་། །སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་། །ཅི་བཞིན་པ་ལ་བཅོས་མ་བྱེད། །ཅེས་གསུངས་ལ། དེ་ལྟ་བུའི་རིག་པ་བྱང་ཆུབ་ཀྱི་སེམས་མ་བཅོས་རྣལ་དུ་བཞག་པ་དེ་ལ་ཐེག་པ་འོག་མའི་རྩོལ་སྒྲུབ་ཀྱི་དོན་ཐམས་ཅད་ཀྱང་དོན་གྱིས་འདུས་པར་གསུངས་ཏེ། དེ་ཉིད་ལས། མ་བཅོས་རྣལ་དུ་བཞག་པ་དེ། །ཐེག་དམན་རྩོལ་སྒྲུབ་ཀུན་འདུས་ཏེ། །འོག་མའི་བྱང་ཆུབ་དེ་ལ་རྫོགས། །ལེགས་པར་བསྔོ་བའི་སྨོན་ལམ་ཀུན་ཀྱང་དེ་ལ་རྫོགས། །ཉེས་པ་བཤགས་པའི་འགྱོད་པ་ཀུན་ཀྱང་དེ་ལ་རྫོགས། །འཕགས་པ་མཉེས་པའི་ཕྱི་ནང་མཆོད་པ་རྫོགས། །སྡོམ་དང་ཚུལ་ཁྲིམས་དམ་ཚིག་བསྲུང་མཚམས་རྫོགས། །དཀྱིལ་འཁོར་ཞུགས་དང་དབང་དང་དངོས་གྲུབ་རྫོགས། །སངས་རྒྱས་ས་དང་ཕ་རོལ་ཕྱིན་དྲུག་རྫོགས། །ཚོགས་བསགས་སྒྲིབ་སྦྱངས་རྩོལ་བསྒྲུབ་འབྲས་བུ་རྫོགས། །འགྲོ་དོན་མཐར་ཕྱིན་ཕྲིན་ལས་རྣམ་བཞི་རྫོགས། །སེམས་ཅན་དོན་བྱེད་ཚད་མེད་རྣམ་བཞི་རྫོགས། །ལུས་ཀྱི་བསྐོར་བ་ཕྱག་རྒྱ་གར་ཡང་རྫོགས། །ངག་གི་འདོན་བཟླས་དབྱངས་དང་བསྟོད་པ་རྫོགས། །ཡིད་ཀྱི་ཏིང་འཛིན་ཕྱག་རྒྱ་དཀྱིལ་འཁོར་རྫོགས། །ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དགོངས་པ་རྣལ་དུ་བཞག་པའི་ལེའུ་སྟེ་རྩ་དགུ་པའི་འགྲེལ་བའོ།། །།