cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བརྒྱད་པ།

གླེགས་བམ། ཉེ༽

གཞན་ཕན་འོད་ཟེར།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

རྫོགས་པ་ཆེན་པོ་རྩལ་ཆེན་སྤྲུག་པའི་འགྲེལ་པ།

རྫོགས་པ་ཆེན་པོ་རྩལ་ཆེན་སྤྲུག་པའི་འགྲེལ་པ་བཞུགས། པད་མའི་སྤྱན་ལ་ཕྱག་འཚལ་ལོ་ཞེས་བྱ་བ། དེ་ལ་པད་ནི་སྐམ་པ་དང་གཙང་བ་ཀུན་ཏུ་བཅད་དེ། ཉེས་དམིགས་ཀྱི་རྒྱུ་ལས་ཡོན་ཏན་མང་པོ་དང་ལྡན་པ་ནི་མེ་ཏོག་གི་མཆོག་གོ །དེ་བཞིན་དུ་གང་རང་བྱུང་གི་ཡེ་ཤེས་ནི་དག་པའི་རྩོལ་བ་དང་། སྟོང་པའི་ཏིང་ངེ་འཛིན་གྱི་སྒོ་ལ་མི་རྟེན་ཏེ། སྣང་བ་དང་སྟོང་པའི་འཁྲུལ་པ་ཐམས་ཅད་ངང་གིས་དག་པས། ངང་དུ་ལྷུན་གྱིས་གྲུབ་པ་ནི་བསྒྲུབ་པ་ནི་བསྒྲུབ་བྱའི་མཆོག་གོ། །དེ་དག་ཅིག་ཏུ་མ་གྲུབ་པས་གང་གིས་ཀྱང་མ་བསྒྲིབས་པ་ནི་གསལ་བ་ཞེས་བྱ་བའི་དོན་ཏེ། དེ་ལ་མོས་ཤིང་ཡིད་ལ་བྱེད་པ་ནི་ཕྱག་འཚལ་བར་མཁན་པོ་དག་འཆད་དེ། བདག་ཅག་ཐམས་ཅད་ཕྱོགས་ཀུན་ནས་ཕྲད་ཟིན་ཏོ། །ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས་ཞེས་བྱ་བ། ཆེན་པོ་ལྔ་ནི་བཅོམ་ལྡན་འདས་ཏེ་ངང་གིས་མ་སྐྱེས་ལ་ཡོང་གིས་འོད་གསལ་བའི་བྱང་ཆུབ་ཉིད་ཡིན་པ་ལ་ཐ་སྙད་ཐམས་ཅད་ནུབ་སྟེ། དབུས་མཐའ་དང་བྲལ་ཞིང་སྣང་བའི་འབྱུང་ཁུངས་སུ་གྱུར་པའི་ཕྱིར་ཏེ། ཕུང་པོ་ལ་སོགས་རིལ་ཡང་དེ་ལས་དོན་ཐ་དད་པ་མེད་དོ། །རྣམ་པར་དག་པའི་སྤྱོད་ཡུལ་ལ་ཞེས་བྱ་བ། གོང་དུ་སྨོས་པ་ནི་གང་ཡང་མ་གྲུབ་པའི་ཕྱིར་དག་པ་སྟེ། རིལ་བདག་ཏུ་གྱུར་པ་ན་སྤྱོད་ཡུལ་མེད་པའི་སྤྱོད་ཡུལ་ཅན་ནི་དེ་བཞིན་གཤེགས་པའོ། །སངས་རྒྱས་སེམས་ཅན་གཉིས་མེད་དེ་ཞེས་བྱ་བ། བདག་འབའ་ཞིག་སྣང་བ་དང་དོན་མེད་པའི་འདུ་ཤེས་ཡོངས་སུ་བཅད་དོ། །འོན་ཏེ་ཐ་སྙད་སྣ་ཚོགས་པ་ཡང་འཁྲུལ་པའི་སྐད་ཅིག་མའི་རྒྱུན་ཉིད་ལ་སྣང་བས་མི་མཐུན་པ་དང་། གཉེན་པོ་ཉིད་དང་བྲལ་བའི་ཕྱིར། ལམ་གྱིས་བཅོས་སུ་ག་ལ་ཡོད་ཅེས་གསུངས་ཏེ། འོ་ན་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་སྣང་བ་མེད་པ་ནི་རྒྱུ་ཁོ་ནར་ངེས་པ་སྙམ་པ་ལས་དེ་བཟློག་པའི་ཕྱིར། བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན་ཅེས་གསུངས་ཏེ། གང་རང་བྱུང་གི་ཡེ་ཤེས་ནི་རྒྱུ་རྐྱེན་སྒྲུབ་པ་དང་བྲལ་ཏེ། རིལ་ཡེ་ཤེས་སུ་མ་སྤངས་པ་ནི་འདོད་པ་ལྟར་སྣང་བས་འབྲས་བུའི་ཆོས་སུ་རྩལ་རྫོགས་པའི་ཕྱིར་གཞན་རེ་བ་མེད་དོ། །དེ་དག་ནི་སྔར་ཡང་མ་བྱས་ད་ཡང་བྱེད་པ་པོས་མ་བྱས་པར་ཡོད་ཅིང་སྣང་བ་ནི་དངོས་པོ་གཞན་མིན་ཏེ། སྣོད་བཅུད་རིལ་རང་བཞིན་གྱིས་རྣམ་པར་དག་པར་འདུས་པས་རྒྱུ་འབྲས་རོ་གཅིག་པར་གསུངས་སོ། །འོ་ན་རྒྱུ་རྐྱེན་མེད་པ་དེ་དག་གི་བསྒོམ་པའི་ཚུལ་ནི་ཅི་ཞིག །བློ་བཅོས་པ་ནི་ཇི་ལྟ་བུ་སྙམ་པ་ལ་ཚིགས་བཅད་ཕྱེད་དང་གཉིས་གསུངས་ཏེ། རྟོག་དཔྱོད་རྣམ་དག་གཉིས་མེད་ཆོས་དབྱིངས་ལ་ཞེས་བྱ་བ། བསམ་གཏན་བཞི་པོའི་རྟོག་པ་དང་དཔྱོད་པ་དང་། གཞན་ཐེག་པ་དམན་པ་དག་ལངས་པ་དང་གཞག་པ་དག་གིས་ཡོད་མེད་དུ་རྟོག་པ་མེད་ཅིང་དཔྱོད་པ་དང་། གཞན་དང་བདག་གི་དོན་གྱིས་སྣང་སྟོང་གཉིས་སུ་ཡིད་ལ་བྱེད་པ་དེ་དག །འདིར་རང་བྱུང་གི་ཡེ་མཐའ་ཐམས་ཅད་དང་བྲལ་བ་ནི། ཡོད་མེད་ཀྱི་ཆོས་ཐམས་ཅད་ཀར་དག་སྟེ། ཐམས་ཅད་མ་སྐྱེས་པའི་ཀླུང་ཉིད་ཀྱི་སྤྱོད་ཡུལ་དང་བྲལ་བའི་བདག་ཉིད་ཆེན་པོར་གསལ་བ་ལ་གཉིས་སུ་སྣང་བ་མེད་པ་ནི། མ་སྐྱེས་པ་ལས་ཁྱད་པར་གྱུར་པས་མཉམ་པ་ཉིད་ཀྱི་དབྱིངས་སོ། །བློས་རྟོག་བྱིས་པའི་སྤྱོད་པས་ཅི་ཞིག་བསླུ་ཞེས་བྱ་བ། གང་བུས་པས་ཁང་བུ་ནན་གྱིས་བྱས་ནས། རང་གིས་འཇིག་པ་ནི་བློར་འགྱུར་པ་ཡིན་ནོ། །དེ་བཞིན་དུ་ཐེག་པ་དམན་པ་དག་སྣང་སྟོང་གི་དངོས་པོ་མང་པོ་ཡིད་ལ་བྱས་ནས། ཡང་དེ་ལ་མི་གནས་པ་ནི་གདེང་མ་ཆུད་པས་འགྱུར་བ་སྟེ། ཚེགས་ཆེན་པོས་ཀྱང་དོན་ལ་ངེས་པ་མི་རྙེད་པ་ནི་བསླུས་པའོ། །འདིར་རང་བྱུང་གི་ཡེ་ཤེས་སྣང་སྟོང་ཀར་དག་པའི་གདེང་གིས་ཟིན་པ་ནི། དཔེར་ན་ཡུལ་དཀར་པོའི་ཤེས་པ་མཐུན་པ་བཞིན་དུ། རྗེས་སུ་འཇུག་པ་ཡང་ཡིད་ལ་བྱེད་པ་དང་བྲལ་ཏེ། ཏིང་ངེ་འཛིན་གྱི་མཆོག་ལ་གནས་པ་ནི་བདུད་ཀྱིས་མ་བསླུས་པ་ཞེས་བྱའོ། །གཉིས་མེད་བདེ་ཆེན་སེམས་ཅན་ཀུན་སྤྱོད་པ་ཞེས་པ། ཇི་ལྟ་བུ་སྙམ་པའི་དོན་གྱིས་འོ་ན་ལས་དང་པོ་པའི་རྣམ་པར་སྨོས་པའི་སེམས་སྨིག་རྒྱུ་ལྟ་བུ་ནི་སྤྱོད་ཡུལ་མང་བ་སྟེ། ཤིན་ཏུ་དཀའོ་ཞེས་རྨོངས་པ་དེ་ལ། འདིར་ཀ་ནས་གཉེན་པོ་མེད་པར་གསུངས་པ་དེ་གཞུང་གཟུགས་པར་བྱ་བའི་ཕྱིར་སྨོས་ཏེ། བསམ་པར་བྱ་བ་ནི་སྣང་སྟོང་གཉིས་སུ་མེད་པའི་བྱང་ཆུབ་སེམས་སོ། །དེ་ནི་གང་དུ་ཡང་བསམ་དུ་མེད་པར་སྔར་བསྟན་པས་ཟུག་རྔུ་དང་བྲལ་བའོ། །དེ་ནི་ངོ་བོ་དང་ཡུལ་ཞིག་གིས་ཕྱེ་བ་མེད་དེ། བདག་ཅག་གི་སྤྱོད་པ་དང་ཡུལ་གྱི་རྣམ་པ་དང་རྟོག་པ་རྣམས་ནི་སེམས་ཉིད་ཁོ་ན་བས་སྤང་ཞིང་བསལ་དུ་མེད་དོ། །འཁྲུལ་པ་ནོར་བའི་ལམ་དུ་བསྟན་པ་ཡང་ཞེས་བྱ་བ། གཅིག་ལ་འབྱེད་པ་ནི་འཁྲུལ་པ་སྟེ། ཐེག་པ་དམན་པ་དག་འཁོར་བའི་རྒྱུར་འཇོག་པ་ནི་བདེན་མོད་ཀྱི། དཔེར་ན་སྔགས་ཀྱིས་བཏབ་པའི་དུག་བདུད་རྩིར་འགྱུར་བ་ལྟ་བུའི་ཕྱིར་རོ། །གོང་དུ་བསྟན་པའི་ལམ་ཆེན་དེ་ལས་མི་གཉིས་པས་ཞེས་བྱ་བ་ནི། སྣོད་བཅུད་ཀར་དག་པ་ལས་ལམ་གྱིས་བཅོས་སུ་མེད་པའི་རྗེས་སུ་མཐུན་པར་སྤྱོད་པ་ཡང་བྱང་ཆུབ་སེམས་སུ་མཐུན་པར་བསྟན་པའི་དོན་གྱིས་བསྒོམ་པའི་མི་མཐུན་པ་བསལ་དུ་མེད་པའི་ཕྱིར་རོ། །མཉམ་པར་ཤེས་པས་སངས་རྒྱས་ཀུན་གྱི་རྗེ་ཞེས་བྱ་བ། སྤྱོད་ཡུལ་མེད་པར་ཞུགས་པའི་དུས་ན། གདེང་གིས་ཟིན་པར་ཅི་ལྡང་བ་སེམས་ཉིད་དུ་མཉམ་པར་ཤེས་པ་ནི། དེ་དག་གི་ངོ་བོ་བསམ་དུ་མེད་པས་དུས་གསུམ་དུ་མ་གཡོས་པའི་ཕྱིར། ཀུན་ཏུ་བཟང་པོ་དང་སྤྱོད་ཡུལ་གཅིག་པས། ལུས་མི་ཡང་སེམས་སངས་རྒྱས་སོ་ཞེས་གསུངས་སོ། །ང་དང་བདག་ཏུ་རྟོགས་པས་མུ་སྟེགས་འཁྲུལ་པའི་ལམ་ཞེས་བྱ་བ། གང་གིས་ཉམས་སུ་བླང་བ་གཉིས་པོ་ནི་རྣམ་པར་དག་པ་གཉིས་ཀྱི་སྒྲས་ཕྱོགས་ཐམས་ཅད་ཡོངས་སུ་བཅད་པ་ཡིན་ཏེ། རིལ་ཡིན་པའི་དོན་གྱིས་ཁྱབ་ལ་ཁྱབ་པའི་དོན་གྱིས་གཞི་མེད་དེ་དཀྱིལ་འཁོར་དང་བྲལ་བར་བསྟན་པ་ཡིན་ན། རྨོངས་པ་དག་གཙོ་བོའི་སྒྲ་ལ་བརྟེན་ནས། ང་དང་ངའི་ཞེས་ཐམས་ཅད་བདག་ཏུ་ཡིད་ལ་བྱེད་པ་ནི། བྱེད་པ་པོ་དང་ཟླུམ་རིལ་དུ་ལྟུང་བས་ལོག་པའི་ལམ་མོ། །དེ་དག་གི་སྤྱོད་པ་ཅི་སྙམ་པ་ལ། བྱིས་པ་བསླུས་པའི་ཆོས་དཔྱོད་རྟོག་པའི་ལམ་ལ་བཙུད་པ་ནི། ཕྱིན་པའི་ལམ་མེད་རྟོགས་པའི་དུས་མེད་དེ་ཞེསགསུངས་ཏེ། བརྡའ་ལ་ཤེད་མ་བྱེ་བས་སྨྲས་པ་ཐམས་ཅད་བདེན་པར་འཛིན་པ་ནི་བྱིས་པའོ། །སངས་རྒྱས་ཀྱི་བཀའ་ནི་ཁྱིའུས་ཁྱིའུ་འབྱིན་པ་ལྟ་བུ་སྟེ། གང་དགེ་བ་དང་ཕ་རོལ་ཏུ་ཕྱིན་པ་དང་དམ་ཚིག་དང་བསྒྲུབ་པའི་སྤྱོད་པ་ལ་སོགས་པ་ལ་འབྲས་བུ་རེ་བ་འཇོག་པའི་བློ་དམན་པ་དག་ལམ་ནོར་ཏེ། ཐེག་པ་ཆེན་པོ་བྱ་བ་མེད་པའི་ལམ་ལས་གོལ་བར་གསུངས་སོ། །འོན་ཏེ་རྟོགས་པའི་རྒྱུར་སྨྲ་ན་ཡང་། གང་བྱ་བ་མེད་པ་དང་བསམ་པ་མེད་པ་ནི་རྒྱུ་མཐུན་པས་རིག་པ་ནང་ནས་ཤར་དུ་ཟིན་གྱི། བྱ་བའི་ཕྱིར་བསམ་པ་མང་བ་ནི་འདུ་ཤེས་མང་པོས་སླར་སྒྲིབ་པས་རྒྱུ་མ་ཡིན་ཏེ། དཔེར་ན་འོ་མ་འདོད་པ་རྭ་ལ་འཇོ་བ་དང་འདྲ་བའི་ཕྱིར། འདུ་ཤེས་ཐམས་ཅད་དང་བྲལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་གསུངས་སོ། །ཡང་འོན་ཏེ་ཤེས་རབ་ཀྱི་རྒྱུ་མཐུན་པ་མ་ཡིན་ན་ཡང་། འབྲས་བུ་ཐམས་ཅད་ནི་ཐབས་ཀྱིས་བསྒྲུབས་པས་ཐོབ་པའི་ཕྱིར། འབྲས་བུའི་རྒྱུར་འགྱུར་རོ་སྙམ་པ་ལ། ཆོས་ཉིད་ཆོས་ཚོལ་རྙེད་པར་ག་ལ་འགྱུར་ཞེས་གསུངས་ཏེ། འབྲས་བུའི་ཆོས་ཐམས་ཅད་ནི་ཡེ་ཤེས་མཆོག་ལ་ལྷུན་གྱིས་གྲུབ་པར་སྔར་སྒྲ་ཡིས་གྲུབ་པས་འདིར་མ་བཤད་དོ། །ལྡན་བཞིན་དུ་འདོད་པའི་འདུ་ཤེས་རྒྱུན་དུ་བྱེད་པ་དང་། དེའི་ལས་ནི་ངོ་མ་ཤེས་པས། གདེང་མ་ཐོབ་མ་ཆུད་ཀྱི་བར་དུ་ནམ་ཡང་རྙེད་པར་མི་འགྱུར་བའི་ཕྱིར། སངས་རྒྱས་ཉིད་ཀྱིས་སངས་རྒྱས་ཉིད་ལ་ཚོལ། རྒྱ་མཚོ་དབྱིངས་ནས་སྨིག་རྒྱུ་སྙེག་པ་འདྲ་ཞེས་གསུངས། འོ་ན་གདེང་ནི་སྟོས་དབང་གིས་རྙེད་དོ་སྙམ་པ་ལ་དེའི་རྒྱུ་བསྟན་པའི་ཕྱིར། སློབ་དཔོན་ཚད་མར་མ་གྱུར་སྤྲེའུ་འདྲའི་ལུང་། བསྟེན་དང་ལམ་ནོར་རྟོག་པས་ཟིན་ཏ་རེ་ཞེས་གསུངས་ཏེ། གང་གིས་སྡུག་བསྔལ་ཆེན་པོ་ལས་སྐྱོབ་པའི་ཕན་འདོགས་པ་ནི་བཤེས་གཉེན་ཏེ། དེའི་ཚད་མ་ཡང་མདོར་ན་རྣམ་པ་གསུམ་སྟེ། ངེས་པའི་ཆོས་མེད་ཅིང་གལ་ཏེ་ན་ཡང་ཉམས་ཀྱིས་མ་ཟིན་པ་དང་། གདེང་གི་ཉམས་མེད་ཅིང་གལ་ཏེ་ན་ཡང་རྗེས་སུ་ད པོག་པ་དང་མཐུན་པའི་ངེས་པ་མ་རྙེད་ཅིང་གལ་ཏེ་ན་ཡང་སྒྲ་མངོན་དུ་བྱེད་པའོ། །གཞན་ཡང་རིག་པ་ལས། མཉམ་པའི་གདེང་མེད་སྟོང་པའི་ཕྱོགས་ལ་ཞེན། །མི་དམིགས་ངེས་མེད་མཚན་མ་མངོན་དུ་བྱེད། །ལྷུག་པར་མི་གནས་བདག་སྟོང་གཞི་དང་འཐབ། །དེ་འདྲས་ཅི་བསྟན་བྱིས་པ་བསྙོན་ཚིག་འདྲ། །ཞེས་གསུངས་སོ། །སྤྲེའུ་བཞིན་དུ་བྱ་བ་མང་པོས་གཡེངས་པ་ནི། ཐེག་པ་ཆེན་པོ་ལ་སྒྲིབ་པས་དོན་མངོན་དུ་བྱ་མི་ནུས་པའི་ཕྱིར་འཆིང་བ་ནི་བྱ་བརྩལ་མེད་པས་གཅོད་པ་རིལ་ལས་གསུངས་སོ། །དེ་བསྟན་པ་དང་འབོག་པ་གཉིས་ནི་རྒྱུར་མི་འགྱུར་བའི་ཕྱིར། བསྟེན་དང་ལམ་ནོར་རྟོག་པས་ཟིན་ཏ་རེ། །ཞེས་བྱ་བ་གསུངས་ཏེ། དེ་དག་དང་དུ་བླང་ན་སྣང་སྟོང་གཉིས་སུ་འབྱེད་པའི་ལྟ་བ་དང་། ཕྱོགས་ཀྱི་རྩོལ་བ་ནི་ཐེག་པ་ཆེན་པོ་ལས་ལོག་པའི་ལམ་སྟེ། ནམ་ཡང་དམིགས་པའི་ལྟ་བ་དང་མི་འབྲལ་བས་རྟོག་པའི་ཀླུང་དུ་ཞུགས་པའོ། །དེ་བས་གསེར་ལ་ནག་ཚུར་གཏོང་བའི་རིན་ཆེན་ཏེ། །ཞེས་བྱ་བ་ནི། དེ་ལྟར་ཚད་མ་མ་ཡིན་པ་ལ་བསྟེན་ན། ཚིགས་ཆེན་པོ་ཡང་དོན་ཆུང་བར་འགྱུར་བས། དཔེར་ན་ནག་ཚུར་གྱི་མཁན་པོས་བརྡོས་པའི་གསེར་གྱིས་གཞན་གྱི་དབང་པོ་ཚིམ་པར་བྱེད་དོ། །དེ་བཞིན་དུ་མན་ངག་གི་གདེང་གིས་ཟིན་པའི་སེམས་ནི་ངང་ལ་རང་བཞིན་དང་། རང་བཞིན་ལ་བདག་ཉིད་དང་། ཡན་ལག་གཉིས་ཡོངས་སུ་ཤེས་པའི་དོན་གྱིས་མཉམ་པའི་ཀློང་ལ་རིག་པའི་རྒྱལ་པོ་རང་དབང་དུ་གྱུར་པ་ནི། ཐམས་ཅད་ཀྱང་སྐལ་བ་བཞིན་དུ་དགའ་བར་བྱེད་དོ། །དེ་ལྟ་བས་ན་གདེང་དང་ལྡན་པའི་སློབ་དཔོན་ནི་མཁན་པོ་ལྟར་དོན་ཕྱོགས་འགའ་ཙམ་མ་ཡིན་པས་རིན་ཆེན་ཅེས་སྨོས་སོ། །རིང་ཐང་དཔག་ཏུ་མེད་པའི་རིན་གྱིས་བླུ་བར་འོས། །ཞེས་བྱ་བ་ནི། རིན་པོ་ཆེ་ནི་རིན་ཅིས་ཀྱང་མི་དཔོགས་པའོ། །ཅིའི་ཕྱིར་ཞེ་ན། གཅལ་བ་ལས་མང་དུ་འཕགས་པ་ཅུང་ཟད་ཀྱིས་འབྱུང་བའི་ཕྱིར་རོ། །དོན་ཡང་དེ་ལྟར་ཤེས་ནས་སྒོ་གསུམ་གྱི་རྩལ་སྤྲུག་པར་བསྟན་པ་ནི། ཚུལ་བལྟ་བ་དང་། དྲི་མ་དག་པ་དང་། ལས་དང་པོ་པས་རྒྱུ་ཉིད་དུ་ཡང་འགྱུར་རོ། །བདག་གཞན་གཉིས་ཀའི་དོན་ཏུ་ཤིན་ཏུ་ཡང་འགྱུར་བ་ནི། རིགས་སོ་ཞེས་གསུངས་སོ། །རྒྱལ་བའི་ཐུགས་ལས་བརྒྱུད་པའི་མན་ངག་ལ། །བློ་གཞན་བདག་གིས་དགྲོལ་བར་མི་འོས་ཀྱང་། །ཕྱོགས་འགའ་མཐོང་བའི་རང་གི་བརྗེད་བྱང་བྲིས། །རྒྱ་ཆེའི་གཞུང་བཞིན་ཁྲོལ་བར་མ་གྱུར་ཀྱང་། །རང་སེམས་སངས་རྒྱས་དཔང་དུ་གཙུགས་ནས་བཤགས། །དྲན་རིག་རྗེས་སུ་ཞུགས་པའི་ཡི་གེ་འདིའི། །བསོད་ནམས་གང་ཐོབ་དགེ་བའི་རྩ་བ་དེས། །མ་འོངས་རྣལ་འབྱོར་ཐེག་ཆེན་ཞུགས་རྣམས་དང་། །སྐྱེ་བོ་ཀུན་གྱི་དོན་ཏུ་འགྱུར་བར་ཤོག། །།དགེ་ལེགས་འཕེལ།། །།

རྫོགས་པ་ཆེན་པོ་ཁྱུང་ཆེན་ལྡིངས་པའི་འགྲེལ་པ།

རྫོགས་པ་ཆེན་པོ་ཁྱུང་ཆེན་ལྡིངས་པའི་འགྲེལ་པ་བཞུགས། །ལས་ཀྱི་མཐའ་ལ་ཉེར་གནས་ཤིང་། །ལྷག་པའི་བློ་ཅན་རྣམས་དོན་ཕྱིར། །གོལ་སྒྲིབ་རང་གཞུང་གཟུང་བཤད་ཕྱིར། །ཀུན་ལ་འཇུག་པའི་བསམ་གཏན་དགྲོལ། །བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་ཞེས་པ། ཆོས་ཐམས་ཅད་མཉམ་པ་ཉིད་ལ་ཁུངས་མི་དབྱུང་བར་དྲང་བ་དང་། རྩོམ་པའི་བར་ཆོད་བསལ་བའི་ཕྱིར། གུས་འདུད་བྱ་བ་དང་། འདིར་ཐམས་ཅད་ཀྱང་བདག་ཉིད་ཆེན་པོ་ཡིན་ལ། བདག་ཀྱང་ཐམས་ཅད་ཡིན་པའི་ཕྱིར་ཕྱི་ནང་གི་བར་ཆད་གཏུལ་ལ། དེ་ཉིད་ཡུལ་དུ་བྱེད་པ་མེད་པས་ཆེད་དུ་བྱེད་པའི་བར་ཆད་ཚར་གཅད་པའི་ཡེ་ཤེས་ཆེན་པོ་ནི་བསྡུས་པ་མེད་པར་རིལ་རྫོགས་ཀྱང་ངོ་བོ་བསྟན་པར་མཐའོ་ཅོག་ལས་གྲོལ་བས་ངོ་བོས་ཟུག་རྔུ་མེད་པ་དང་། བདེ་བདལ་བ་ཉིད་ལ་སྡེ་སྣོད་རྒྱུད་དང་གལ་པོར་བཅས་པ་ལྷུན་གྱིས་གྲུབ་པ་ཐམས་ཅད་ལ་ཡན་ལག་དྲུག་ལ་སོགས་པར་རང་སྣང་ཞིང་། མཇལ་དུ་བཏུབ་པས་འདུད་པའི་གནས་ཡིན་ཏེ། དེ་ཉིད་རང་རིག་པའི་ཀླུང་བཞིས་མཇལ་བའོ། །གཞུང་ཁས་བླངས་པ་གང་སྙམ་པ་ལ། མི་གནས་དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ་ཞེས་པ། བྱང་ཆུབ་ཀྱི་སྙིང་པོ་རང་རིག་པའི་དངོས་པོ་ཀུན་གྱི་དངོས་པོ་དེ་ཁོ་ནཉིད་ཅིར་ཡང་རང་སྣང་བས། མཚན་ཉིད་གཟུང་དཀའ་བས་དེ་ཤེས་ཡུལ་དུ་རྒྱ་མ་ཆད་པ་དང་། གཉིས་ཀྱི་ཕྱིར་ངོ་བོས་མི་རྟོག་པས་རྗེས་སུ་འཇུག་པ་པོ་ཡང་དེ་ཉིད་ཀྱི་ཕྱིར་དོན་ཉིད་ཆེད་དུ་བྱེད་པའི་རྟོག་པ་དང་བྲལ་བ་ནི་ལྷུན་གྱིས་གྲུབ་པའི་མི་རྟོག་པ་ཆེན་པོ་སྟེ། བླང་དོར་མེད་པའི་དོན་དེས་མ་བགྲོད་ནོན་པར་བྱེད་པས་ལྷག་པའི་ལམ་རིམ་པ་དང་བྲལ་བ་ཁོ་ནའོ། །ཁས་བླངས་པའི་གོལ་སྒྲིབ་འགོ་དྲང་བའི་ཕྱིར། བསྔོ་བའི་ཆ་ཤས་འཕྲ་བའི་ཡུལ་ལས་བྱུང་བ་སྟེ། ཞེས་པ་བླུན་པོ་དག་སྲུངས་མ་བཞིས་བསྲུངས་ཏེ། དོན་མ་ཐོབ་པ་དག་ཐོབ་བྱ་གཞན་དུ་གཉེར་བས་སྒོ་གསུམ་གྱི་དཀར་ཕྱོགས་བླངས་ཏེ་བྱང་ཆུབ་ཆེན་པོར་དམིགས་ཤིང་། ལས་བགྲང་བའི་རྟོག་པའི་ཆ་འཕྲ་བ་ལས་བྱུང་བ་གང་ཞེ་ན། ཚིག་ལྷག་མའི་སྒྲས་འཆད་པར་འགྱུར་ཏེ། རྟོག་སྒོ་ཆོས་ཀྱི་སྐུ་ནི་ཁྱད་པར་དོན་མེད་པས་ཞེས་པ། རང་བཞིན་རྟོག་པ་རྣམས་གཉེན་པོ་དང་རབ་ཏུ་དབྱེ་བས་བཀག་ཅིང་བསལ་ཏེ། དེ་ཁོ་ན་ཉིད་དོན་དམ་པ་དང་། གཉིས་སུ་མེད་པ་ལ་དམིགས་པ་རྟོད་པའི་རིག་པ་རྟོག་མེད་ནི་ཆེད་དུ་བྱེད་པའི་རྟོག་པ་ཅན་གྱི་ཕྱིར། ལྷག་པའི་ཆོས་སྐུ་བདག་ཉིད་ཡིན་པ་མ་མཐོང་སྟེ། ལོག་པའི་ཕྱིར་འདིར་དོན་འདི་ལྟར་གསལ་ཏེ། རང་བྱུང་ཡེ ཤེས་མི་རྟོག་ཀུན་ཏུ་རང་བཞིན་གནས་ཞེས་པ། ཡེ་ཤེས་ཐམས་ཅད་ཀྱི་དངོས་གཞི། མཚན་ལྔ་དང་ལྡན་པ་ཉིད་ལ་རྒྱུ་རྐྱེན་མེད་པ་དང་། རྒྱུད་དང་སྐྱེ་བ་མི་རྟག་པ་མེད་པར་ཐམས་ཅད་དུ་རང་གསལ་བས་མི་འཐོབསྟེ། དེ་ཉིད་རྣམ་པ་དང་བྲལ་བ་དང་། བཤད་པའི་དོན་གྱིས་སྣ་ཚོགས་ཀྱི་འདུ་ཤེས་དང་། ཡིད་ལ་བྱེད་པ་དང་། ཞེ་ལ་འཛིན་པ་མེད་པར་དུས་ཐམས་ཅད་དུ་རང་གསལ་བས། ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་དུ་ཆོས་ཉིད་ཀྱི་རིགས་པས་གསལ་བར་བཞུགས་སོ། །སྒོམ་པའི་ཚེ་བྱུང་ཚོར་སྐྱེས་ན་ཐབས་གང་ཞིག་སྙམ་པ་ལ། བྱ་བྲལ་ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད། ཞེས་པ་འདིར་ཟིན་པ་དྲུག་གི་དོན་གྱིས་འདུ་བྱེད་ཐམས་ཅད་བྲལ་བར་བདག་ཉིད་གནས་པ་ལ། རྨོངས་པ་དག་བྱ་བ་དོར་དེ་བྱ་བ་མེད་པ་ཞིག་ལེན་པ་ལྟ་བུ་འདི་ལ་མེད་དེ། སྒོ་གསུམ་གྱིས་རྩོལ་བས་གཉེར་བ་དང་། གནས་དམིགས་དོར་བ་ནམ་ཏུ་ཡང་མེད་དེ། སྒོམ་པའི་བློ་ནི་མཚན་ཉིད་ཐམས་ཅད་པའི་ཕྱིར་མཚན་ཉིད་མི་རྙེད་དོ། །དེ་བས་ན་བཟུང་དྲུག་སྟོང་རྟོག་ཤུགས་བྱུང་ཆེད་བྱས་རྐྱེན་བསླང་ཉམས་མྱོང་ཅི་བྱུང་ཡང་དགག་སྒྲུབ་བྱར་མེད་དེ། ནམ་མཁའ་ཆེ་ལས། ནམ་མཁའི་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །ཞེས་པས་ཡེ་ཉིད་ནད་དང་བྲལ་བའི་ཕྱིར་འདུ་བྱེད་བརྒྱད་མི་རྟེན་པའོ། །ཡན་ལག་ཆོས་ཀྱི་དབང་གིས་སྙིང་པོ་ཡུལ་ཚོལ་ཞིང་ཞེས་པ། སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་ཉིད་ལྟ་སྤྱོད་དབང་དམ་ལ་སོགས་པའི་ལམ་ཐབས་དང་འབྲས་བུ་ཀུན་གྱི་དངོས་གཞིར་བཞུགས་པའི་དོན་གྱིས། རྒྱུ་འབྲས་ཀྱི་རྩ་བ་ལ་ཤེས་ཐོབ་ཏུ་རེ་བས་ལོགས་སུ་གཉེར་བ་དང་། ངང་གིས་བྲལ་བ་ནི་ཚོལ་བའི་དམ་པའོ། །རྣམ་པ་ཅིར་ཡང་མི་རྟོག་ཐབས་ཀྱིས་དེ་ལ་རོལ་ཞེས་པ། གང་རྟོག་པ་ལ་ལྟོས་པའི་རྣམ་པ་ནི་མི་རྟོག་པ་ཉིད་དེ། འདིར་རྟོག་པ་གདོད་ནས་མེད་པས་མི་རྟོག་པ་ཡང་མི་འདོད་དེ། དེ་ཉིད་ཀྱི་ངོ་བོར་དབྱེར་མེད་པར་བཞུགས་པས་ཆེད་དུ་བྱས་པའི་སྒོམ་པ་ཀུན་བརྟགས་ཀྱི་སྒྲིབ་པ་དང་བྲལ་བ་ཁོ་ནའོ། །འབྲས་བུའི་རང་གཞན་ཏུ་མ་ལུས་པས། སྙིང་པོ་རང་བཞིན་འབྱུང་བས་ཆོས་སྐུ་གཞན་ན་མེད། །ཞེས་པ་བདག་ཉིད་ཕྱི་མོ་ནས་འབྲས་བུའི་སྡོང་པོ་ཡིན་པའི་ཕྱིར། ཐ་སྙད་དུ་ཀུན་བརྟགས་གཉིས་ཟད་པའི་དུས་ན་ཡང་། སཱ་ལེ་སྦྲམ་ལྟར་རྒྱུ་རྐྱེན་གྱིས་མ་བྱས་པར་བདག་ཉིད་འབྲས་བུ་ཆེན་པོར་ངོ་བོ་ཉིད་ཀྱིས་རང་ཤར་བའི་ཕྱིར་ཐོབ་བྱ་གཞན་དུ་མི་ཚོལ་བའོ། །དེས་ན་འབྲས་བུ་གྲངས་ཐོབ་ཀྱི་རྩོལ་བ་བྲལ་བའོ། །དམན་པའི་ཐབས་ལ་མི་བརྟེན་པའི་ཕྱིར། རྡུལ་ཕྲན་གཅིག་ལ་གསེས་ཤིང་ཕྱོགས་བཅུ་ཀུན་དང་བྲལ་ཞེས་པ། བྱིས་པའི་ཤེས་པས་དག་རྡུལ་རང་རྒྱུད་དུ་འདོད་པ་དང་། ཕྱོགས་ཆས་དེ་འཇིག་པའི་མཐས་སྟོང་པར་འདོད་པ་དག་རང་གི་རྟོག་པ་སྣང་བའི་ཕྱིར། འདི་ལ་མ་གྲུབ་སྟེ་གྲུབ་པའི་མཐའ་མི་ཚོལ་བའོ། །འོ་ན་ཐབས་ཕྱོགས་ཆ་ཅན་ལ་མ་བརྟེན་པའི་ལྟ་བ་གང་སྙམ་པ་ལ། མི་གནས་དོན་ཉིད་ལེགས་པའི་ཡེ་ཤེས་རང་བྱུང་སྟེ་ཞེས་པ། སེམས་ལས་མ་གཏོགས་པའི་ཆོས་མེད་པས་སེམས་ཉིད་ཀྱང་མ་སྐྱེས་པ་ནི་ལྷག་པའི་ཤེས་བྱ་དང་གྲུབ་མཐའོ། །དེ་ཉིད་གཅོད་རྙིང་དང་བྲལ་བས་ཐམས་ཅད་མཁྱེན་པ་ནི་གཞན་ནས་མ་བྱུང་སྟེ་ཕྱོགས་ལ་རྟེན་པ་མེད་དོ། །དེ་བས་ན། མངོན་སུམ་ཀུན་ཏུ་མི་རྟོག་ཡངས་པའི་སྙིང་པོ་ལ་ཞེས་པ། རང་རིག་པའི་མངོན་སུམ་ཆེན་པོ་ནི་རྣམ་པའི་མཆོག་ཐམས་ཅད་དུ་བླངས་པའི་གཟུང་འཛིན་ཙམ་ཡང་མེད་པར་རིལ་མ་བཀོད་བར་ཡོངས་སུ་རྫོགས་པའི་རྒྱུ་འབྲས་ཏེ། ཀུན་གྱི་འབྱུང་གནས་སོ། །དེ་བས་ན་ཐིག་ལེ་དྲུག་པ་ལས། ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་དང་བྲལ་ཞེས་གསུངས་སོ། །དེ་ལྟར་འཇལ་བའི་ཡོན་ཏན་ནི། རྣམ་དག་ལམ་འདིར་ཞུགས་པས་མཉམ་པའི་རྒྱལ་པོ་འཐོབ་ཞེས་པ། ཐམས་ཅད་མཁྱེན་པའི་ངོ་བོ་ནི་འདུ་ཤེས་ཀྱི་དྲི་མའོ་ཅོག་ངང་གིས་བྲལ་བས་ཐར་པའི་ལམ་མཆོག་བགྲོད་དུ་མེད་པ་ཉིད་དོ། །དོན་དེ་དམན་པའི་ཚད་མ་གཉིས་ལ་མ་བརྟེན་པར་བདག་ཉིད་དུ་ཤེས་པ་ནི་ཆོས་ཉིད་གྱི་རྒྱ་མཚོར་ཞུགས་པ་སྟེ། རང་ཉིད་ལྷུན་གྱིས་གྲུབ་པར་གསལ་བའི་དོན་རྙེད་པའོ། །དེ་ནི་ཐམས་ཅད་ཀྱི་བདག་ཉིད་ཡིན་པ་དང་། ཟླ་མེད་པ་དང་། དབང་ཕྱུག་ཆེན་པོ་ཉིད་དུ་སོན་པས་ལྷག་པའི་རྙེད་པའོ། །འོ་ན་སེམས་ཅན་མི་ལས་སངས་རྒྱས་སུ་འགྱུར་རོ་ཞེ་ན། མི་འགྱུར་འགྱུར་བ་མེད་པས་ཆགས་པའི་གནས་མེད་དེ་ཞེས་པ། སྨིན་ཟིན་པ་བཤད་པ་ལྟ་བུའི་ཕྱིར་དང་། སྐད་ཅིག་མའི་རྒྱུན་མེད་པས་ངོ་བོའི་སྐྱེད་མི་འདོད་པའི་ཕྱིར། གནས་གྱུར་པ་མེད་པས་སྙིང་པོ་འཕེལ་འགྲིབ་མེད་དེ། རེ་བ་དང་བྲལ་བས་འབྲས་བུའི་རྟེན་གཞི་རང་རྒྱུད་པར་མ་གྲུབ་པས་ཡེ་ཤེས་ལ་བདག་ཏུ་འཛིན་པ་མེད་དོ། །དེ་བཞིན་གཟུང་བའི་ཡུལ་མེད་སེམས་ཀྱི་གནས་ཀྱང་མེད་ཞེས་པ་རྟོག་པ་གནས་གྱུར་དང་འཁོར་བ་ཏུ་བཟློག་གི་རྩོལ་བ་མེད་པའི་ཡེ་ཤེས་རྒྱུད་ཅན་མ་གྲུབ་པ་ལྟར་དེས་རྟོག་པར་བྱ་བའི་ཆོས་ཉིད་དང་། གྲུབ་པར་བྱ་བའི་ཆོས་སྐུ་རང་རིག་ལས་གཞན་ན་མེད་པས། བློའི་རྟེན་དང་བྲལ་བས་ཆེ་བ་ལྔ་དང་ལྡན་པར་བཞུགས་ཏེ། ནམ་མཁའ་ཆེ་ལས། དུས་གསུམ་གཅིག་ཏེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་བྱུང་། །ཆོས་སྐུས་ཁྱབ་པས་གཅིག་པའི་ཕྱིར། །ཆེ་བས་ཆེན་པོའི་རང་བཞིན་གནས། །ཞེས་གསུངས་སོ། །བསྒོམ་པའི་གོལ་གྲིབ་བསྟན་པའི་ཕྱིར། མངོན་གསུམ་ཐོབ་པར་འདོད་པས་རྒྱུ་ལ་རྟག་ཏུ་བསྒོམ་ཞེས་པ། བཤད་པའི་སྲུངས་མས་བྱང་ཆུབ་སྙིང་པོ་མ་མཐོང་བའི་འཇིག་རྟེན་པ་དག་ཐར་པ་ཐོབ་པར་འདོད་པའི་ཕྱིར། སྙོམས་པར་འཇུག་པ་བརྒྱད་བསྒོམ་ཞིང་ཏིང་ངེ་འཛིན་གྱི་དགའ་བདེ་ལ་ཆགས་པ་དང་། ཉན་ཐོས་དགྲ་བཅོམ་མངོན་དུ་འདོད་པས་འགོག་པ་བསྒོམ་པའི་རོ་ལ་ཞེན་པ་དང་། རང་རྒྱལ་ཞི་བའི་ཏིང་ངེ་འཛིན་རྒྱུན་ཏུ་བསྒོམ་པའི་རོ་ལ་ཆགས་པ་དང་། ཕྱོགས་སུ་རིག་པ་པ་དང་། མཐའ་དབུས་འབྱེད་པའི་ཤེས་པ་པ་དག་ཀུན་ཏུ་འོད་མངོན་ཏུ་རེ་བས་ཆོས་སྐུའི་རྒྱུ། སྣང་བ་མི་རྟོག་པ་གསུམ་དང་། མི་སྣང་ལ་མི་རྟོག་པ་རྒྱུན་ཏུ་བསྒོམ་ཞིང་ཉམས་རྟོགས་ཏེ། བཏང་སྙོམས་ཀྱི་བདེ་བ་ལ་ཆགས་པ་ནི་ནོར་པ་དང་མ་མཐོང་བས་གོལ་སྒྲིབ་ཐུན་མོང་པ་སྟེ། སྒོམས་ཆགས་བདེ་བ་དེ་ལས་མཉམ་པའི་དོན་མི་འབྱུང་ཞེས་གསུངས་ཏེ། རྒྱུའི་ཐེག་པ་དེ་དག་བརྒྱུད་པའི་རྒྱུ་ཙམ་ལས་མྱུར་བ་འདིར་མི་རྙེད་པར་བསྟན་པའོ། །དེས་ན་རྒྱུའི་གང་ཟག་ལྟ་ཅི་སྨོས་ཀྱི་ས་ཐོབ་པ་དང་ས་མཐར་ཕྱིན་པ་ཉིད་ལ་ཡང་སྒྲིབ་པ་ཡོད་པས། རྒྱས་པའི་རྒྱུད་ལས། ས་བཅུ་མཐར་ཕྱིན་པ་ཉིད་འཛིན་དང་རྟོག །འཛིན་རྟོག་དེ་ལ་ལམ་གྱི་ཕུགས་མི་འཆའ་མི་གནས། །ཞེས་པ་དང་། མན་ངག་ལས། ཀུན་ཏུ་འོད་ཀྱི་ས་ལས་འདས། །པད་མ་སྤྱན་གྱི་ས་ལ་གནས། །དབྱེ་བ་མེད་པའི་ས་ལ་འགྲོ། །ཞེས་གསུངས་པའོ། །བསྒོམ་པ་གཞུང་མ་ནོར་བ་ནི་གང་སྙམ་པ་ལ། སྐུ་གཅིག་ཀུན་དུ་ཁྱབ་པས་བསྣན་པའི་ཆོས་མེད་དེ། །ཞེས་པ། ལྷག་པའི་ཆོས་སྐུ་ནི་རྣམ་པར་བྲལ་བ་དང་། ཡེ་སྙིང་པོ་བྱང་ཆུབ་པ་ནི་བཤད་པའི་ནམ་མཁའ་ཆེའི་བཀའ་ལུང་གིས་དག་གོ །མཐའ་ལ་ཐུག་པ་མེད་ཅིང་དབྱིངས་ལ་བྲི་བ་མེད། །ཞེས་པ། མཐའ་གསུམ་བྲལ་བས་ཟད་མཐའ་མེད་པའི་ཡུལ་ཆེན་མོ་ལ། ཡོན་ཏན་རིན་པོ་ཆེ་དབྲི་བསྐྱུར་མེད་པ་ལ་དེ་ཉིད་ཡུལ་དུ་བྱེད་པའང་མེད་པའི་ཕྱིར། ཆོས་ཀྱི་རོལ་པས་ཉམས་ཕག་ལྷག་པའི་གནས་མེད་དོ། །ཞེས་པ། བསྒོམ་བྱ་ཡུལ་དུ་བྱེད་པས་ཉམས་ལྷག་པར་མྱོང་དུ་འདི་ལ་མེད་དེ། དམིགས་རྟེན་དང་བྲལ་བའོ། །དེ་བས་ན་འདིར་བསམ་གྱིས་མི་ཁྱབ་པའི་ལོངས་སྤྱོད་དང་། མཛད་པ་མངའ་ཡང་ཡུལ་མེད་པས་འགྲོ་བ་འགའི་ཕྱིར་ཉམ་ཕག་གི་བདེ་བ་ལ་རྟེན་པ་མེད་པའོ། །རང་བྱུང་ཆེ་བའི་ཡུལ་ལ་ཀུན་ཏུ་ཇི་བཞིན་གནས། །ཞེས་པ། གློ་བུར་བ་མ་ཡིན་པའི་རང་རིག་པ་ཡོན་ཏན་གྱིས་མངོན་པར་མཐོ་བ་ནི། སྤྱོད་ཡུལ་ཡོངས་སུ་དག་པས་ཕོ་བྲང་ཆེན་པོ་སྟེ། དུས་གསུམ་འགྲེ་ལྡོག་སྤྱིའུ་ཚུགས་གར་འགྲོས་ཀྱང་སྙིང་པོའི་དོན་ལས་མི་འགྱུར་བར་བཞུགས་པས། རྗེས་འཇུག་ཀྱང་དེ་ཉིད་ཀྱི་ཕྱིར་གཡོ་ལྡང་དགག་སྒྲུབ་མེད་པའི་སྒོམ་པའོ། །ནད་ཀྱི་གཉེན་པོ་སྨན་ཆེན་ལྷག་མཐོང་ཆེན་པོ་གང་སྙམ་པ་ལ། དེ་མར་མཐོང་བའི་ཡུལ་མེད་དེ་ལ་མཐོང་བའི་མིག །ཞེས་པ། བྱང་ཆུབ་སེམས་ཡ་མཚན་ཐམས་ཅད་ཀྱི་བདག་ཉིད་པ་ནི། རང་རིག་པ་ལས་ལོག་ནས་མཐོང་ཞིང་རྟོགས་པར་བྱར་མེད་པའི་དོན་ཉིད་ལ་སྙེགས་པ་གཞིར་གྱུར་པ་ནི། ཐམས་ཅད་དུ་སེམས་ཀྱི་ཡེ་ཤེས་རང་བཞིན་མེད་པའི་རྣམ་པར་ཤེས་པ་དགུ་པ་ཉིད་དུ་མ་འདྲེས་ལ། ཡོངས་སུ་རྫོགས་པར་རང་གསལ་བའི་སྤྱན་དམ་པ་སྟེ། སེམས་བསྒོམ་ལས། མངོན་སུམ་མཐོང་བས་མངོན་སུམ་མཐོང་བའི་དམིགས་མེད་མངོན་སུམ་མཐོང་བའི་མིག །དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་ཞེས་ཀྱང་ནི་དེ་ལ་བྱ། ཞེས་གསུངས་སོ། །གང་ལ་ཐོབ་པར་མི་རིགས་བསྙད་པ་ཀུན་དང་བྲལ། །ཞེས་པ། ཐམས་ཅད་ཀྱང་རང་རིག་པའི་མངོན་སུམ་དུ་ལྷུན་གྱིས་རྫོགས་པའི་ཕྱིར་རིལ་འབྲས་བུའི་དངོས་གཞི་ལ། དཀོར་བདུན་ལ་སོགས་པ་རྙེད་པར་འདོད་པ་ནི་ཚད་མ་མ་ཡིན་པས་ངང་གིས་སྒྲོ་སྐུར་དང་བྲལ་བའོ། །དབུ་མའི་ལྟ་བའི་གོལ་སྒྲིབ་བསྟན་པའི་ཕྱིར། ཆོས་དང་ཆོས་མེད་རྟག་ཏུ་འདྲེས་ཤིང་དབྱེར་མེད་ལ། དོན་དམ་ཆོས་ཞེས་ལྷག་པར་བཤད་པ་མེད། །ཞེས་པ། སེམས་ཀྱི་དེ་ཁོ་ན་ཉིད་ཡུལ་གཉིས་ལས་འདས་པའི་ཕྱིར། ངང་གིས་བདེན་པ་རྣམ་གཉིས་དབྱེར་མེད་པའི་ངོ་བོ་ལ་ཆོས་ཉིད་མ་སྐྱེས་པ་སྤྲོས་པ་བརྒྱད་ལས་གྲོལ་བ་ཞིག་སྒྱུ་མ་བས་བཟང་བར་ལྟ་བར་ལུང་བསྟན་པ་དང་བྲལ་བའོ། །རྣམ་རིག་གི་གོལ་སྒྲིབ་བསྟན་པའི་ཕྱིར། འཁྲུལ་དང་བྱང་ཆུབ་ལམ་སྟེ་རྟོག་པས་ཐོབ་པ་མེད། །ཞེས་པ་ཤིན་ཏུ་རྣལ་འབྱོར་ནི་ཐམས་ཅད་དུ་མ་འཁྲུལ་པ་བདེན་པའི་ཕྱིར། རྣམ་རིག་གི་དངོས་པོ་འཁྲུལ་པའི་གཟུགས་བརྙན་དུ་ཤེས་པ་དང་དེས་འཐོབ་པར་ལྟ་བ་ནི་དེ་ཉིད་རང་གི་ཀུན་བརྟགས་ཀྱི་རྟོག་པ་སྟེ། དེས་འདི་མི་མཐོང་བའི་ཕྱིར། རྡོ་ལ་གསེར་ཞུན་ལས། ཆོས་ལ་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པས་རབ་རྟོགས་ཏེ་ཞེའོ། །དོན་མ་ནོར་བའི་ངོ་བོ་ནི། རང་བྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་དང་བྲལ། །ཞེས་པ། ལྟ་ངན་གྱིས་ཡེ་ཤེས་ལས་བཟློག་པའི་ཕྱིར། བསྟན་པའི་ཡེ་ཤེས་ཆེན་པོ་ཉིད་ཀྱང་མཚན་ཉིད་དང་ངོ་བོ་རྣམ་པ་མེད་ཅིང་གཟུང་དཀའ་བས་མཚོན་པའི་ཡུལ་ལས་འདས་ཏེ་བཞུགས་སོ། །ཐུན་མོང་གི་ནད་པ་བསྟན་པའི་ཕྱིར། ཡེ་ནས་སངས་རྒྱས་པའི་བདག་ཉིད་མངོན་གསུམ་གནས་པ་ལ། །ཞེས་པ། གྲོང་ཁྱེར་གསུམ་གྱི་འགྲོ་བ་རིལ་ཕྱི་མོ་ནས་མཐའ་དབུས་མེད་པའི་ཡེ་ཤེས་སུ་བརྡལ་བས་གཏགས་པའི་སངས་རྒྱས་གཞན་ན་མེད་དེ་རང་རིག་པའི་མངོན་སུམ་དུ་སངས་་རྒྱས་པར་བཞུགས་སོ། །འོ་ན་འཁོར་བ་སྣང་བའི་ལུགས་ཅི་ཡོད་སྙམ་པ་ལ། གནས་གཞིའི་དོན་གྱིས་སྙིང་པོ་བྱང་ཆུབ་མ་མཐོང་སྟེ། །གྲིབ་མ་གཟུགས་ཀྱི་དཔེ་བཞིན་དེ་ལ་རྟོགས་པ་འབྱུང་། །ཞེས་པ། ཁམས་གསུམ་པ་ནི་བདེན་པ་རྟག་ཏུ་མཐོང་ཡང་ངེས་པའི་ཤེས་རབ་མེད་པས་མ་རིག་པ་སྟེ། ལུས་ཡོད་ན་གྲིབ་མ་ལྟར། མ་ངེས་པའི་ཤེས་པ་དང་ལྡན་པའི་ནད་ཀྱི་གཞི་རྩ་ང་དང་གཞན་པར་བརྟགས་པས་རེད་པའོ། །འོ་ན་འཁོར་བ་ཞིག་གྲུབ་པོ་སྙམ་པ་ལ། དེ་ཉིད་མཐའ་ལས་གྲོལ་བའི་སེམས་ཉིད་དུ་བསྟན་པའི་ཕྱིར། མེད་དེ་མེད་པ་མ་ཡིན་མེད་པའི་སྙིང་པོ་འབྱུང་། །སྟོང་སྟེ་སྟོང་པ་མ་ཡིན་སྟོང་པའི་ཡུལ་ལ་གནས། །ཞེས་པ། འཁོར་བའི་ཆོས་རྣམས་ནི་མིང་ཙམ་སྟེ། རང་རྒྱུད་པ་མེད་ཀྱང་སྣང་པ་བྲལ་བ་མ་ཡིན་ཏེ། སྣང་བརྡོ་ཙམ་ན་མ་གྲུབ་པ་ཉིད་རང་བྱུང་གི་སྐུ་གསུང་ཐུགས་སུ་ཤར་བས། མཐའ་གསུམ་བྲལ་ཡང་ཉི་ཚེ་བ་དང་ཕྱོགས་གཅིག་པའི་སྟོང་པ་མིན་ཏེ། སྟོང་པ་ཆེན་པོར་བཞུགས་པའོ། །ནམ་མཁའི་རང་བཞིན་དེ་ལས་འབྱུང་བའི་དྲན་པ་སྐྱེད། །ཞེས་པ། གདམ་པ་སྟེ། ཇི་བཞིན་པ་ནི། མེད་ལ་ཟད་མི་ཤེས་པ་དང་། །སྟོང་ལ་ཐམས་ཅད་འབྱུང་བ་དང་། གསལ་ལ་རྫོགས་པ་དང་། མཐའ་དབུས་ཁྱོན་དང་བྲལ་བས་ནམ་མཁའ་དང་ཆོས་མཐུན་པ་ནི་རིལ་གཞིར་གྱུར་པས་ཐམས་ཅད་དུ་ངོ་བོ་དེ་ཉིད་རང་སྣང་བའི་དོན་ཡིད་ལ་མི་བྱེད་པ་ནི། ཡང་དག་པའི་དྲན་པ་སྟེ། དེ་ལ་གོ་བ་མཆེད་པར་གྱིས་ཤིག་པའོ། །བྱ་བྲལ་ཟིན་པའི་བདེ་བ་འདོད་པ་མེད་པས་ལེན། །ཞེས་པ་ཐབས་མ་ནོར་བ་ནི་ཟིན་པའི་དོན་རྣམས་ཀྱིས་བྱ་བ་བྲལ་བ་ཉིད་དང་དུ་ལེན་པའང་མེད་པས་སྡུག་བསྔལ་མ་མཐོང་བའི་ཕྱིར་ཐར་པ་ཐོབ་པར་མི་འདོད་པ་ཉིད་ཐར་བ་ཐོབ་པའི་ཐབས་དམ་པའོ། །ཉན་ཐོས་ཀྱི་གོལ་སྒྲིབ་བསྟན་པའི་ཕྱིར། བཟའ་བའི་ཡུལ་མེད་དེ་ལས་ཡེ་ཤེས་འབྱུང་བར་རྩོལ། སྔོན་གྱི་དྲང་སྲོང་རྗེས་སུ་སྒོམ་པའི་ཡིད་ཀྱང་འཇོག །རང་བཞིན་ལམ་དེ་འཁྲུལ་པས་ཐམས་ཅད་མཁྱེན་པ་མེད། །ཞེས་པ། གདོད་ནས་གྲུབ་ཟིན་པས་བརྩལ་གནས་མེད་པའི་ལུང་དང་མན་ངག་ནི་མ་ཐོབ་པས་སྐལ་པ་ཞན་པ་དག །ཐོབ་བྱ་མེད་བཞིན་དངོས་པོར་གཞིར་བཞག་སྟེ། བདེན་པ་བཞིས་རྨལ་ནས་ཡེ་ཤེས་བཅུ་དྲུག་ཏུ་ཕྱེ་སྟེ་རྩོལ་བས་སྒྲུབ་ཅིང་རགས་པ་མཐོང་བས་སྤོང་ལ། ཉོན་མོངས་པ་ཆ་འཕྲ་བ་དག་སྔོན་དྲང་སྲོང་རྣམས་འགོག་པའི་ཏིང་ངེ་འཛིན་གྱིས་སྤངས་ནས་དགྲ་བཅོམ་ཐོབ་པར་གྱུར་པའི་རྗེས་སུ་སྒོམ་ཞིང་སྤོང་བ་ནི། སྒོམ་ལམ་དེ་རང་གི་བརྟག་པའི་རང་བཞིན་ནོར་བ་ཡིན་པས་སངས་རྒྱས་ཆེན་པོ་མི་འཐོབ་པའོ། །གཞན་དུ་ན། ཨ་ཏི་ཡོ་ག་པ་གོལ་བ་དག་གཟའ་གཏད་བྲལ་བ་ཞིག་ཡུལ་དུ་བྱས་པ་ལས་རང་བྱུང་ཡེ་ཤེས་འཆར་དུ་རེ་བས་སྒོ་གསུམ་གྱི་འདུ་བྱེད་ཀྱིས། རྒྱལ་བའི་རྗེས་སུ་ཇི་བཞིན་པ་ལ་དམིགས་ཤིང་རྟེན་རྗེས་སུ་འབྲང་ཞིང་གནས་དམིགས་འདོར་ཏེ་སྤོང་ལེན་བྱེད་པ་དག་ནི། རང་གི་ཀུན་བརྟགས་ལ་ཞེན་པས་ཐམས་ཅད་མཁྱེན་པ་མི་ཐོབ་པར་འཆད་པར་འགྱུར་བ་གང་ཞེ་ན། དེ་བཞིན་པ་ཞེས་རྣམ་རྟོག་དེ་བཞིན་རྟག་སྒོམ་པ། བདེ་བ་ཆེན་པོ་འདོད་པས་ཆགས་པའི་ནད་ཡིན་ཏེ། །ཞེས་པ། འདི་ཉིད་ཀྱི་སྒོམ་པ་གོལ་བས་མུ་སྟེགས་རྒྱལ་ཐབས་པར་གོལ་བ་དག་བདག་ཏུ་རློམ་སེམས་པ་ཕྲ་བ་དང་མ་བྲལ་བས་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དུ་དམིགས་ཤིང་མཚན་མ་དོར་ཏེ། དེ་ལྟར་རྒྱུན་དུ་དམིགས་པས་སྒོམ་པས་རེ་དོགས་དང་མ་བྲལ་བར་བསམ་གཏན་གྱི་རོ་ལ་ཆགས་པ་ནི། གཅོང་རྙིང་ཆེན་པོ་སྟེ་བདེ་བ་ཆེན་པོར་མི་འཚོ་བས་དེ་ལ་སོགས་པ་ལྟོས་པའི་ཀུན་བརྟགས་པ་ནི་ཁྱད་པར་གྱི་ནད་པའོ། །མི་གཡོ་རང་བཞིན་གནས་པས་སྨན་ཆེན་མ་བྱས་ན། །ཞེས་པ། སྒོམ་པའི་ནད་ལ་ངོ་བོ་ཉིད་ཀྱི་ཞི་གནས་ཆེན་པོས་མ་གསོས་ན་སྡུག་བསྔལ་དུ་འགྱུར་བའི་ཕྱིར། མཐོ་རིས་བགྲོད་པའི་རྒྱུ་དེས་ཉོན་མོངས་ཟིན་པར་འགྱུར། །ཞེས་གསུངས་ཏེ། རྩོལ་བའི་རྒྱ་མཚོར་བྱིང་བར་འགྱུར་བས་ཉེས་པ་བའོ། །ལམ་མེད་ལམ་དུ་འཇུག་པ་རྣམས་ཀྱི་ནད་ཆེ་བ། །ཕྱིན་པར་འདོད་པས་རི་དྭགས་སྨིག་རྒྱུ་སྙེག་པ་འདྲ། །ཞེས་པ། བགྲོད་དུ་མེད་པའི་ལམ་ལ་བགྲོད་ཅིང་འཇུག་པ་ནི། རྒྱང་འཕེན་པ་སྟེ། དཔེ་ཇི་ལྟ་བར་མིང་འཐོབ་པས་གོལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྙེག་པའི་ཡུལ་མེད་འཇིག་རྟེན་གསུམ་ལས་ཡོད་མི་འབྱུང་། །ཞེས་པ། ཁམས་གསུམ་པ་ཉིད་ལྷུན་གྱིས་གྲུབ་པའི་ངོ་བོར་སངས་རྒྱས་ཟིན་པའི་ཕྱིར་དེས་རྒྱུ་བྱས་པའི་འབྲས་བུ་ཐོབ་པར་བྱ་བའི་ཡུལ་གུད་ན་མེད་པར་ལ་གཅད་དོ། །སའི་སྒྲིབ་པ་བསྟན་པའི་ཕྱིར། ས་བཅུར་ལྟོས་པའི་གནས་ཀྱང་བྱང་ཆུབ་སྒྲིབ་པ་ཡིན། །ཞེས་པ་རྒྱུའི་བྱང་ཆུབ་སེམས་དཔའི་ས་བཅུའི་ལམ་ཐབས་ལ་རྟེན་པས་ཚོལ་བ་དང་། གསང་སྔགས་པ་ཕྱི་ནང་གསང་བའི་ས་བཅུའི་ཐབས་ལ་བརྟེན་པས་ཐོབ་པར་འདོད་པས་བྱང་ཆུབ་ཆེན་པོ་བགྲོད་པ་དང་བྲལ་བའི་གནས་མི་མཐོང་བའོ། །ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །ཞེས་པ། དེ་བས་ན་རང་བྱུང་བའི་ཡེ་ཤེས་ཐམས་ཅད་ཀྱི་དངོས་གཞི་བ་ནི་རིམ་པས་བགྲོད་པ་དང་བྲལ་བས་མཐོང་བ་ཙམ་གྱིས་མ་བགྲོད་པར་ནོན་པས་མགྱོགས་ཏེ། དེ་ལ་ཆེད་དུ་བྱས་པའི་གཟུང་འཛིན་རིལ་དང་བྲལ་བས་སྒྲིབ་པ་སྦྱང་དུ་མེད་པས་ཁྱད་པར་ཆེའོ། །སྨན་པ་དམ་པ་ལ་བརྟེན་ཏེ་དེ་དག་ཐོབ་པར་བྱ་བའི་ཕྱིར། བཤེས་གཉེན་ཀུན་ལས་འབྱུང་བའི་ནོར་བུ་རིན་ཆེན་བཞིན། །ཞེས་པ། བཤེས་གཉེན་དམ་པ་རྡོ་རྗེ་སློབ་དཔོན་ནི་གང་ཟག་འགའ་དང་འགའ་ཐུགས་རྗེས་སྐྱོབ་པ་མ་ཡིན་ཏེ། འགྲོ་བ་རིལ་ལ་སྙིང་རྗེས་མི་འབྲལ་བར་སྐྱོབ་ཅིང་ལེགས་པ་སྦྱིན་པར་བྱེད་ཅིང་ཆོས་ཀྱིས་དབུལ་བ་སེལ་བས་དགོས་འདོད་སྐོང་བའི་ནོར་བུ་ལྟ་བུར་གྱུར་པའོ། །དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །ནང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་སྐོང་། །ཞེས་པ། ཐུགས་རྗེ་ལ་ཕྱོགས་རིས་མེད་པར་དགོངས་པ་ལ་གཟའ་གཏད་མི་མངའ་བའི་ཕྱིར་རྟོག་པ་གནས་གྱུར་གྱི་མན་ངག་ལ་རེ་བ་མི་འཇོག་གོ །དེ་བས་ན་ཐམས་ཅད་སངས་རྒྱས་མེད་པར་སྟོན་པའི་ལུང་ཐོབ་པས་དམ་པའི་མཛོད་གསུམ་གྱི་ཡོན་ཏན་གྱིས་སློབ་བུ་སྐལ་པ་ཅན་རིལ་ཚིམ་པར་བྱེད་ལ། སྒོ་གསུམ་གྱི་མཛད་པ་ལེགས་པས་དམན་པ་དག་ཆུད་མི་གསོན་པར་སྦྱོར་བའོ། །བརྟགས་ན་མེད་ལ་གཞག་ན་འབྱུང་བའི་ལེགས་པ་ཆེ། །དངོས་སུ་མི་སྣང་ཆགས་པའི་ཆ་ལུགས་ཀུན་ལ་སྟོན། །ཞེས་པ། དམ་པ་དེ་ཟུངས་ཐུབ་ལ་བརྟེན་ཅིང་གླན་དཀའ་བས་ཡུན་རིང་མོར་འགྲོགས་དང་སྔར་མ་མཐོང་བའི་ཡོན་ཏན་རྣམས་ཕྱིར་ཟད་པ་མེད་པར་འབྱུང་བ་ནི་འཇིག་རྟེན་གྱི་སྒྲོན་མ་དངོས་ཏེ། ཕལ་པས་བརྟག་དཀའ་བའི་གདུང་བ་མེད་པའི་སྙིང་རྗེ་ཆེན་པོས་གདུལ་བྱ་མི་གཏོང་བར་ཀུན་དང་མཐུན་པར་དོན་མཛད་པའོ། །བདག་དང་གཞན་དུ་བྲལ་བས་སྟོན་མཁན་རིན་ཆེན་མཛོད། ཐམས་ཅད་གྲུབ་པའི་ཡུལ་ཞེས་བདག་མེད་སྙིང་རྗེས་བསྟན། །ཞེས་པ། ཐམས་ཅད་ཀྱང་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པའི་དགོངས་པ་མངའ་བས་གཟུང་འཛིན་དང་བྲལ་བའི་བླ་མ་སྙིང་པོའི་དོན་དེ་ཉིད་དྲི་མ་མེད་པར་སྟོན་པ་ནི། ཁམས་གསུམ་ཉིད་རིན་པོ་ཆེའི་གཏེར་ཡིན་པའི་དོན་འབྱིན་པས་བླ་མའི་ཡོན་ཏན་ནོ། །དེ་ལ་བརྟེན་པའི་ཡོན་ཏན་ནི། སྲོག་ལུས་དང་ཟང་ཟིང་ལ་མ་ཆགས་པས་མཉེས་པས་ཕོག་པར་བྱས་ཏེ་མན་ངག་བཅུའི་དོན་ཞུས་ན། བསམ་པའི་འདོད་པ་ཐམས་ཅད་གྲུབ་པར་བྱེད་པའི་འབྱུང་ཁུང་སྟོན་པ་མངོན་ཕྱུང་ཡིན་པར་གཟུང་འཛིན་དང་བྲལ་བའི་ཐུགས་རྗེ་མངའ་བའི་སངས་རྒྱས་ཉིད་ཀྱིས་ལུང་བསྟན་ཏོ། །དེ་བས་ན་འབྲེལ་ངོ་དང་ཁེ་གྲགས་ཀྱི་ཕྱིར་མདོ་མེད་བླ་མར་བསྟེན་ན་སླར་ནད་་རྒྱས་པར་བྱེད་དེ་བཅལ་ཏོ། །ལྷག་པའི་ཐབས་དང་ཤེས་རབ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པར་བསྟན་པའི་ཕྱིར། ནང་ནས་མ་གཡོས་ནད་དུ་བཙལ་བའི་གནས་མེད་དོ། །ཞེས་པ། སྤྱོད་ཡུལ་མེད་པར་རྟོགས་པའི་གདེང་མངའ་བའི་སྐྱེས་བུ་ནི་བློ་ཆོས་ཉིད་ལ་ཕར་མི་འབྲེང་ཞིང་། དམིགས་པ་ནང་དུ་བསྡུས་ནས་དོན་ལ་ལྟ་བའི་གཞི་མེད་དེ། ཕྱི་ནང་མེད་པར་རང་གསལ་ལ་ཟིན་ཆགས་མེད་པའོ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །ཞེས་པ། གདུང་བ་མེད་པའི་ཐུགས་རྗེ་མངའ་བས་འགྲོ་བ་སྡུག་བསྔལ་ཅན་འགའི་ཆེད་དུ་གདུང་བའི་སྙིང་རྗེས་མི་འབྲལ་བར་དོན་དམིགས་པ་མེད་དོ། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིན་ན། །ཞེས་པ། རང་བྱུང་གི་ཡེ་ཤེས་སྙིང་རྗེ་ཆེན་པོ་འགྲོ་འོང་དང་བྲལ་བས་ཆེད་དུ་བྱས་པའི་བདག་གཉིས་དང་བྲལ་བར་རང་གསལ་བའི་གཟུངས་ལྡེབ་ཀྱིས་བསྐྱབས་པ་ནི་སྙིང་རྗེ་ཆེན་པོ་སྟེ། ནད་པའི་ཚོགས་དང་མ་བྲལ་བའོ། །འགྱུར་བ་ནི་དེ་གཞན་པའི་སྤྱོད་ཡུལ་དུ་མི་འགྱུ་བར་འཆད་དེ། གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། །ཞེས་པ། ལྷག་པའི་ལྟ་སྤྱོད་དེ་ཡུལ་དུ་བྱེད་པ་རྣམས་ཀྱིས་མི་མཐོང་ཞིང་བློ་ལ་མི་སྣང་བས་འདི་འཆད་པའི་མི་ཆེན་པོའི་སྤྱོད་ཡུལ་བདུད་ཀྱིས་ཀྱང་མི་འཕྲོགས་པར་རང་ལ་ལྷུན་གྱིས་ཡེ་རྫོགས་པའོ། །ཐབས་གོལ་བ་བསྟན་པའི་ཕྱིར། བདེ་བ་འདོད་པས་བདེ་ལ་རྒྱབ་ཀྱིས་ཕྱོགས། །བདེ་བས་ཟིན་ཏེ་བདེ་བས་བདེ་བ་ཚོལ། །བྱང་ཆུབ་འཁྲུལ་པ་ཡེ་རྔན་ཆོས་ལ་ཟ། །དེ་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན། །ཞེས་པ། གདེང་གསུམ་བྲལ་བའི་རྒྱུ་དང་འབྲས་བུའི་ཐེག་པ་དག་དགྲ་བཅོམ་པ་ནས་ཡི་གེ་འཁོར་ལོའི་སའི་བར་མངོན་དུ་འདོད་པ་དབྱེ་བ་མེད་པའི་ས་ལས་གོལ་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་ཉིད་ཆོས་སྐུ་ཆེན་པོར་ལྷུན་གྱིས་གྲུབ་ཟིན་བཞིན་གདེང་གིས་ངེས་པར་མ་བྱས་པས་ཐར་པ་གཞན་དུ་སྙེག་པ་ནི་གླང་པོ་ཞོན་ནས་གླང་པོ་ཚོལ་བ་ལྟ་བུའི་ཕྱིར་རོ། །དེ་བས་ན་རྣམ་པར་མི་རྟོག་པ་ཆེད་དུ་བྱེད་པས་ཤེས་པ་བསླད་པའི་ནོར་བ་དག་པ་ནི་འབྲས་བུ་ལ་བརྔམ་ཆགས་ཀྱིས་ཁང་དུ་ཅི་ཆུད་དང་ཅི་ཐོབ་དུ་རྩོལ་བ་ན་ཟ་བ་སྟེ་ལྟ་ངན་ཅན་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཐོབ་པའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །སངས་རྒྱས་སྟོན་པས་མིང་དུ་བཏགས་པས་ནོར། །སངས་རྒྱས་གཞན་ནས་ཐོབ་བྱེད་ནོར་བའི་ལམ། །ཞེས་པ། རང་རིག་པ་མ་ཡིན་པའི་རྒྱལ་བ་རང་རྒྱུད་དུ་མ་གྲུབ་པས་མཚན་ཉིད་ཀྱང་མ་གྲུབ་པའོ། །དེ་བས་ན་གཞི་ལ་མ་གྲུབ་བཞིན་ཞེན་པ་བཟློག་ཕྱིར་བཏགས་པ་གདགས་གཞི་མེད་པའི་ཕྱིར་འཁྲུལ་པས། ཤིན་ཏུ་རྣལ་འབྱོར་མ་ཡིན་པ་དག་ཐབས་ལ་བརྟེན་པས་ཚོལ་བ་ནི་ལྟོས་པའི་ཀུན་བརྟགས་པའི་ཕྱིར་རོ། །གཟུགས་མེད་ཆོས་ཀུན་བཤད་པ་རྡུལ་ཙམ་མེད། །ཞེས་པ། དེས་ན་བྱང་ཆུབ་སེམས་སྣ་ཚོགས་ཀྱི་གཟུགས་ཅན་ཡིན་པའི་ཕྱིར་རྣམ་པ་མེད་པས་མཚོན་དུ་མེད་པའི་ཕྱིར་སྒྲོ་སྐུར་མི་ལྟ་བས་མ་བཤད་དོ། །དེ་ཕྱིར་ཚིག་གིས་གཏན་ལ་མི་འབབ་པའོ། །ཟིན་དང་ཆགས་དང་བྲལ་བ་དང་། །དངོས་པོ་མེད་དང་རྣམ་པར་སྤོང་། །ཞེས་པ། གཟའ་བའི་ཐབས་རྗེས་སུ་རྣལ་འབྱོར་པ་དག་ཆོས་སོ་ཅོག་ཡབ་ཡུམ་སྲས་དང་བཅས་པའི་བདེ་བ་ཆེན་པོར་གྲུབ་ཟིན་པའི་ལྟ་བས་ཚོལ་བ་དང་། རྣལ་འབྱོར་ཆེན་པོ་དག་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱི་ཐབས་ལས་སྐྱེ་བར་འདོད་པ་དང་། ཡོ་ག་རྣམ་པ་རྣལ་འབྱོར་གཉིས་ཀྱི་ལས་ཀྱི་བག་ཆགས་བསལ་ནས་ཐོབ་པར་ལྟ་བ་དང་། བྱ་བ་དག་སྔགས་དང་ཕྱག་རྒྱའི་འོད་ཟེར་གྱིས་ཟུག་རྔུ་སྦྱོང་བ་དང་། དབུ་མ་སྟོང་ལྟས་སྦྱོང་བ་དང་། ཐེག་པ་ཆུང་ངུ་གཉིས་མཐོང་སྒོམ་ལམ་གྱིས་སྤོང་བས་མི་རྙེད་དོ། །དེ་ཅིའི་ཕྱིར། བདུད་རྩི་ཆེན་པོའི་རང་བཞིན་ལ། །གཟའ་པའི་ཐབས་ལ་རག་པ་མེད། །ཞེས་པ་གང་ལའང་མི་གཡོ་བའི་སྨན་ཆེན་པོ་བརྩལ་བ་དང་བྲལ་བ་འདི་ལ། བཤད་པའི་གཟའ་གཏད་ཀྱི་ཐབས་ལ་རག་མ་ལུས་ཏེ་ཟིན་པའི་བདུད་རྩིས་རྩོལ་བའི་སྡུག་བསྔལ་བཅོམ་པས་ཕྱོགས་ཀྱི་ཐབས་ལ་རྟེན་པ་མེད་པའོ། །ནད་ཀྱི་གཉེན་པོ་བསྟན་པའི་ཕྱིར། ཡངས་པོ་ཆེའོ་ཆོས་ཆེན་པོ། །ཆུང་དུ་རྣམས་ཀྱི་གཉེན་པོ་ཡིན། །ཞེས་པ། ལྷུན་གྱིས་གྲུབ་པའི་བདག་ཉིད་ལ་ཁྱོན་ཐུག་པ་མེད་ཅིང་། གང་ཡང་མ་བཀོལ་མ་བསྡུས་པར་རྫོགས་པ་ཉིད་ཆོས་སོ་ཅོག་གིས་བཞགས་པས་ང་རྒྱལ་ཆེན་པོར་གྱུར་པ་དང་། འགྲན་གྱི་ཟླ་མེད་པས་ཁྱད་པར་དུ་གྱུར་བའི་ཐེག་པ་འདིས། ཐེག་པ་དམན་པ་རྣམས་ཀྱི་ལྟ་བ་རིལ་རང་གི་ཞོན་རྟོག་གི་ནད་སྣང་བར་སུན་འབྱིན་པའི་ཕྱིར་རོ། །འོ་ན་འདིར་དམན་པའི་ལྟ་སྤྱོད་སྤོང་བས་དེ་ཉིད་གཟའ་གཏད་ཀྱི་ལྟ་བར་འགྱུར་རོ་སྙམ་པ་ལ། ཆེ་ལ་དམིགས་པའི་ཆེ་བསྙམས་ནས། །ཆུང་ཆེ་དེ་རྣམས་དམིགས་དང་བྲལ། །ཞེས་པ། བདག་ཉིད་ཆེན་པོ་ཉིད་སྤྱོད་ཡུལ་དུ་མི་བྱེད་པ་ནི་སེམས་རྩེ་གཅིག་པ་ཆེན་པོ་སྟེ། ངང་གིས་ཡེངས་བྲལ་མེད་པའི་བཏང་སྙོམས་ཆེན་པོ་ལ་མཐོན་དམན་གྱི་ལྟ་བ་དག་ལ་སྤོང་ལེན་གྱི་གཟའ་གཏད་མེད་དེ་ཐམས་ཅད་དུ་ངང་ལས་མི་འགྱུར་བར་ཟུང་འབྲེལ་ཆེན་པོར་བཞུགས་པས་ནད་སྦྱོང་བ་ལ་བརྩོན་པའང་ཡིན་ནོ། །ཡོ་ག་ཕྱི་ནང་གི་སྒོམ་པའི་གོལ་ས་བསྟན་པའི་ཕྱིར། གསུངས་དང་རྒྱས་ལ་དམིགས་དང་སྣང་། །ཞེས་པ། ཡོ་ག་ཕྱི་ནང་གི་མན་ངག་གསུམ་གྱི་གནད་མ་ཆུད་པས། བསྟན་པའི་དོན་ལ་དམིགས་པས་འབྲས་བུ་ཞིག་སྣང་བར་འདོད་པ་ནི། གསུང་ཡི་གེ་དང་སངས་རྒྱས་ཀྱི་སྐུ་དང་ཐུགས་ཕྱག་མཚན་ལ་སྒོམ་པའང་། རང་གི་རིག་པ་ཉིད་ཕྱག་རྒྱ་གསུམ་དུ་རང་སྣང་བར་ལྟ་བ་དང་། རིག་པས་དབང་བསྒྱུར་ནས་སེམས་ཀྱི་ཆོ་འཕྲུལ་ལྟར་སྣང་བ་དང་། སེམས་ཀྱི་ཡེ་ཤེས་ཀྱི་བྱིན་རླབས་བརྒྱུད་ནས་ལྷར་སྣང་བ་དང་། རྟོགས་ནས་བཟོད་དེའི་ཡོན་ཏན་ལྷར་སྣང་བར་འདོད་པ་དག་ནི་གཞི་ལ་མ་གྲུབ་པས་མི་བདེན་ཏེ། དེ་དཔེས་ཉེ་བར་མཚོན་པའི་ཕྱིར། ། སྒྱུ་མཁན་རི་མོའི་རྣམ་པ་བཞིན། ཞེས་པ། སྒྱུ་མའི་མཁན་པོས་རྡེའུ་དང་རྩྭ་འཇག་ལ་རྟ་གླང་མེད་པར་ཤེའུ་རེ་སྨན་དང་སྔགས་ཀྱིས་བཏབ་སྟེ་གླང་ལ་སོགས་པ་བྱས་ནས་རང་ལྟ་བ་དང་། རི་མོ་མཁན་ཁང་བུའི་ངོས་ལ་ལྷ་དང་ལྷ་མོ་བྲིས་ནས་རང་ལྟ་བ་ལྟར། གཞི་ལ་མེད་པའི་བཟང་རྟོག་གིས་སླར་རྟོག་པ་མཆེད་པར་བྱེད་དོ། །འབྱུང་འཇུག་ཡེ་ཤེས་བྱིང་རྨུགས་ཀྱིས། །ཞེས་པ། མཚན་མའི་ཕྱག་རྒྱ་རྣམ་གསུམ་ལ་ཐུན་མཚམས་སུ་བཅད་ནས་སྒོམ་པའི་རིག་པ་ཉིད་ཐིག་ལེ་ཆེན་པོའི་ལྟ་བར་ལྡང་མི་ནུས་པ་དང་དོན་དེ་གསལ་བ་མེད་པ་དེའ་ིརྒྱུས་སླར་རྟོག་པ་འཕེལ་བར་བྱེད་པའི་ཕྱིར། དེའི་དབང་ལས་སྐྱེས་བར་འགྱུར། །ཞེས་གསུངས་ཏེ། ཁྱིའུ་ཕྱི་པ་དམ་པ་དང་མཚུངས་སོ། །ཁྱིའི་འབྱིན་པ་དང་མཚུངས་སོ། །དེས་སྨན་དམ་པ་སྦྱོར་ལུགས་ནི། བཏངས་སོ་གཞག་གོ་རང་བཞིན་ཏེ། འདོད་པ་མེད་ཅིང་ལེན་པ་མེད། །ཞེས་པ། མཆོད་སྦྱིན་ལ་སོགས་པའི་ལས་ཅི་ལའང་ཟིན་ཆགས་མེད་པས་རྩོལ་བར་མ་གྱུར་པ་ནི་ཇི་བཞིན་པ་ཉིད་ཀྱི་རང་བཞིན་ཡིན་ཏེ། སྐྱེས་བུ་དེ་ལ་གདེང་དེ་དང་ལྡན་པས་དོན་ལ་ཆགས་པས་ཤེས་བྱ་དང་ལེན་པ་མེད་དོ། །བླང་དོར་མེད་པའི་བདག་ཉིད་ཀྱི་ཕྱིར་སྤྱོད་པ་དེ་ཉིད་ཀྱང་མི་ལེན་ནོ། །བྲེང་པ་རྡུལ་ཙམ་མི་སྐྱེ་ཞིང་། །ཞེས་པ། ལྷུན་གྱིས་གྲུབ་པའི་ངང་ལས་སྤྱོད་པ་ཅི་སྤྱོད་ཀྱང་མི་ལྡོག་པས་རྟགས་དང་དངོས་གྲུབ་ལ་སྤྲོ་བའི་སེམས་ཆ་ཕྲ་བའང་མི་སྐྱེའོ། །དོན་དེ་དག་གི་ཆོས་མཐུན་པ་ནི། ཁྱུང་ཆེན་ནམ་མཁར་ལྡིངས་བ་བཞིན། །ཞེས་པ། ཁྱུང་ཆེན་པོ་མཁའ་ལ་ལྡིང་བ་ནི། རིལ་ཟིལ་གྱིས་ནོན་ཏེ། ཁེབས་འོག་ཏུ་ཆུད་པ་དང་། རྗེས་མེད་པ་དང་། གཤོག་པ་མི་རློབ་པར་ལྡིང་བ་དང་། རིལ་གསལ་བ་དང་། ལྷུང་དུ་དོགས་པ་མེད་པ་དང་། ཉམ་མི་ང་བ་དང་། ཤིན་ཏུ་མགྱོགས་པ་བདུན་གྱིས་མཚོན་པ་ནི། སྤྱོད་པ་དང་། ཏིང་ངེ་འཛིན་དང་། ཡེ་ཤེས་དང་། གདེང་འཕྲིས་དང་། བྱུང་ཚོར་བཅོས་པའི་ཐབས་དང་། ཐ་སྙད་ཙམ་དུ་འགྲུབ་པའི་དུས་མཚོན་པ་སྟེ། བཤད་པ་དང་འཆད་པ་ལའང་སྦྱར་རོ། །སྤྲོ་བ་མེད་ཅིང་བསྡུ་བ་མེད། །ཞེས་པ། འདིར་ཏིང་ངེ་འཛིན་གྱིས་ཡུལ་ཤེས་མེད་པས་རང་གསལ་བ་ལ་ཇི་བཞིན་པའི་རྗེས་སུ་ཕར་འབྲོང་བ་མེད། དམིགས་པ་ནང་དུ་བསྡུ་བ་མེད་དེ། །ཕྱི་ནང་མེད་པར་རིག་པ་ཇི་བཞིན་པར་རང་སྣང་བའོ། །སྟོང་པར་མི་དགོས་བཟའ་བ་མེད། །ཞེས་པ། གདེང་གིས་གོལ་སྒྲིབ་རྣམས་ལ་ཟློས་པས་ཆ་མཐུན་པའི་ཏོན་མུན་ལ་སོགས་པར་གོལ་དུ་དོགས་པ་དང་རང་གི་དོན་ཐོབ་ཏུ་རེ་བར་རྩོལ་བ་མེད་དོ། །ངོ་བོ་ཉིད་ཀྱི་སྣང་བ་འབྲས་བུ་ཐོབ་ལུགས་བསྟན་པའི་ཕྱིར། རྒྱ་མཚོ་བཞིན་དུ་ཡེ་གནས་ལ། ཆོས་རྣམས་སྣ་ཚོགས་འབྱུང་བར་མེད། །ཞེས་པ། རྒྱ་མཚོ་ན་དྭངས་བ་དང་ཟབ་པ་དང་རླབས་མི་ཟད་པ་དང་རྒྱ་ཆེ་བ་དང་འདོད་པ་འབྱུང་བ་ལྟ་བུར་ཆོས་ཕྱོགས་མཐུན་པའི་དེ་ཁོ་ན་ཉིད་སེམས་ཀྱི་རང་བཞིན་འོད་གསལ་ཞིང་རྟོགས་དཀའ་བ་ཡོན་ཏན་འཕེལ་འགྲིབ་མེད་པ་མཐའ་དབུས་བྲལ་བ་ཐམས་ཅད་ཚིམ་པར་བྱེད་པའི་ངོ་བོར་ཡེ་ནས་བཞུགས་པས། གོམས་པས་རིག་པ་ཞེན་པ་ཟད་པ་ཉིད་ཆོས་སོ་ཅོག་འབྲས་བུར་རང་ཤར་བར་བྱེད་པའི་ཀླུང་བརྙེས་པ། འོན་ཀྱང་རྒྱུ་རྐྱེན་འདོད་པ་ནི་མ་ཡིན་ནོ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། ། ཞེས་པ། ཐམས་ཅད་དུ་ལེགས་པའི་ཡེ་ཤེས་ནི་གྲངས་ཁྱོན་བྲལ་བས་དཔག་དཀའ་བའོ ། །བསྡུ་བའི་གནས་སུ་ངེས་པ་མེད། །ཞེས་པ། དེ་ཉིད་དུ་རང་ཤར་བར་ཟད་ཀྱི་ཡོན་ཏན་དེ་དག་ཆུབ་པར་བྱ་བའི་གནས་སུ་བཟུང་བ་མེད་པའོ། །དེ་བས་ན། བྱང་ཆུབ་སྙིང་པོར་དེ་མ་ཐག །ཞེས་པ། རང་རིག་འཕྲོ་འདུ་དང་བྲལ་བར་གསལ་བ་ལས་མ་གཡོས་པའི་དགོངས་པས་རྫོགས་པ་སྤྱིར་ཆིབ་ཀྱི་ས་མ་བགྲོད་པར་ནོན་པ་ནི་ལྷག་པའི་དུས་སོ། །ཏིང་འཛིན་རྒྱལ་པོ་ཆེན་པོར་བྱུང་། །ཞེས་པ། ཐམས་ཅད་གསལ་ལ་མ་བསྒྲིབས་མ་གཡོས་པར་གནས་པ་ནི། ཟླ་མེད་པ་དང་། ཟིལ་གྱིས་གནོན་པ་དང་། དབང་ཆེན་དུ་བཞུགས་པ་དང་། ངོ་བོས་བརྗིད་པས་ཏིང་ངེ་འཛིན་འབུམ་ཕྲག་ནི་གཙོ་མཆོག་ཏུ་ཤར་བའོ། །དེ་ལྟ་བུའི་ཏིང་ངེ་འཛིན་ལ་མཚན་གྱི་བྱེ་བྲག་ནི་མི་གནས་པའི་ཏིང་ངེ་འཛིན་དང་། མི་རྟོག་པའི་ཏིང་ངེ་འཛིན་དང་། ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དང་། ཐོད་རྒལ་གྱི་ཏིང་ངེ་འཛིན་དང་། སྣང་བ་ཆེན་པོའི་ཏིང་ངེ་འཛིན་ཞེས་བྱ་སྟེ་འདིར་དོན་གྱིས་རྫོགས་པར་བཤད་དོ། །ཐ་མ་ཉིད་ཉེ་བར་བསྟན་པའི་ཕྱིར། སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །མི་རྟོག་ནམ་མཁའི་མཐའ་ལྟར་ཡངས། །ཞེས་པ། བྱང་ཆུབ་ཀྱི་སེམས་ཐམས་ཅད་དུ་རང་སྣང་བ་མཁའ་རྡུལ་དང་། སྲོག་ཆགས་ལྡེམ་བུ་ཡན་ཆད་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བ་ནི། རྒྱ་མཚོ་དྭངས་བར་ཉི་ཟླ་གཟའ་སྐར་ཤར་བ་ལྟ་བུའོ། །དེ་ཉིད་ཡུལ་དུ་མིན་པར་རང་རིག་གི་ཕྱིར་རང་ལ་རང་ཉིད་ཡེ་ཤེས་ལ་བདག་ཏུ་འཛིན་པ་མེད་པར་གསལ་བ་ནི་ཐེག་པ་དམན་པའི་མཐར་ཕྱིན་གྱི་ཡེ་ཤེས་གཉིས་ལྟ་བུ་མ་ཡིན་ཏེ་མི་རྟོག་པ་ཉིད་ཐམས་ཅད་མཁྱེན་པའི་ཕྱིར་དཔེ་ནམ་མཁའ་ལྟ་བུ་སྟེ་དཔག་ཏུ་མེད་པའོ། །ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ། །སྐྱེ་ཞིང་འཕོ་བའི་གནས་མེད་དོ། །ཞེས་པ་ཆོས་སོ་ཅོག་ལྔ་ཀུན་ཏུ་བཟང་པོའི་ངོ་བོར་སངས་རྒྱས་པ་ཉིད་སྤྱོད་ཡུལ་ཡོངས་སུ་དག་པས་ངོ་བོ་ཉིད་རྟག་པ་ལ་རྒྱུད་དུ་སྐྱེ་བ་མེད། རྒྱུ་རྐྱེན་མེད། དུས་ཀྱི་ཐོག་མ་མེད། ངོ་བོ་མི་ཟིན་པ་ལ་སྐྱེ་བར་གཅིག་པས་བདག་གཞན་མེད་ཕྱིར་འཁྲུལ་པའི་སྐྱེ་ཤི་སྣང་བཞིན་མ་གྲུབ་པའོ་ཞེས་གསུངས་ཏེ། འཁྲུལ་རྟོག་ཙམ་སྣང་བ་མ་ཡིན་པ་ངོ་བོ་ཉིད་སྐྱེ་ཤིའི་གཞི་མེད་པའོ། །འོ་ན་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་རྟེན་ཅིང་འབྲེལ་པ་ལས་སྣང་བ་འདི་ཅི་ཉེས་ཞེ་ན། རྒྱུ་རྐྱེན་ཡན་ལག་བཅུ་གཉིས་པོ། །ཞེས། རང་རྒྱལ་བའི་གོལ་ས་སྟེ། རྒྱུ་དྲུག་རྐྱེན་དྲུག་དང་། རྒྱུ་གསུམ་རྐྱེན་གཉིས་སྡུག་བསྔལ་གསུམ་དུ་ཕྱེ་ནས་རྩད་གཅོད་ཅིང་འགེགས་པ་ནི་འཁྲུལ་ཏོ། །སྐུར་པས་བཏགས་པས་བཤད་པ་ཡིན། །ཞེས་པ། ཐིག་ལེ་ཆེན་པོ་རྒྱུ་རྐྱེན་གྱི་རྣམ་གྲངས་དང་བྲལ་བ་མ་གོ་བས་ཟབ་མོ་ལ་མ་ཡིན་ནོ། །ཞེས་སྨྲ་བའི་བྱིས་པ་དག་གིས་རྟེན་འབྲེལ་མིང་བཏགས་པའི་ཆེད་དུ་བཀའ་སྩལ་པའོ། །དེ་ཉིད་རང་གི་ཞེན་པ་སྣང་བ་ལས་དེ་ཁོ་ན་ཉིད་དེ་ལྟ་བུ་མ་ཡིན་པའི་ཕྱིར་རང་རྒྱུད་ཀྱི་འཁྲུལ་པ་ལས་འཕགས་པ་ཙམ་གྱི་ལྟོས་འཁྲུལ་ཏེ་གཉིས་ཀྱིས་དགེ་འདུན་་གཞུག་པའི་ཆེད་དུ་གསུངས་པ་ལས། ལྷག་པའི་སྒྲ་འགོག་པའི་དོན་གྱིས་བཤད་པ་ལྟར་མི་བདེན་པས་དེ་ལྟར་གོ་བར་གྱིས་ཤིག་པར་གདམས་པའི་ཕྱིར། འཁྲུལ་པ་རྣམས་ཀྱི་སྒོ་ཙམ་དུ། །མཁས་པར་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་སོ། །ནད་པའི་ཚོགས་དང་མི་འབྲལ་བར་བསྟན་པའི་ཕྱིར། འགྲོ་བ་རྒྱུད་དྲུག་སྣང་བ་ཡང་། །དད་པའི་ལམ་དུ་ཤེས་པར་བྱ། །ལོངས་སྤྱོད་སྙིང་རྗེས་བརླན་པས་ན། །ཞེས་པ་འདིས་འགྲོ་བ་དང་འདིར་འགྲོ་བ་དང་འདི་འགྲོ་བའི་རིགས་དྲུག་འཁྲུལ་པ་མཐོང་བའོ། །མི་མཐུན་པ་དེ་དག་རིང་ཕྱི་མོའི་ཆོས་ཉིད་མ་ནོར་པའི་ལམ་ཡིན་པས་མ་འཁྲུལ་པར་གདེང་ཆུད་པར་གྱིས་ཤིག་པར་གདམས་པ་སྟེ། དེ་ལྟར་གནད་ཆུད་པས་བསམ་གྱིས་མི་ཁྱབ་པའི་འདོད་ཡོན་གྱི་རོ་དུས་ཅིག་ཏུ་བསྟར་པས་ལོངས་སྤྱོད་ཆེན་པོ་རྒྱུན་མ་ཆད་ཅིང་། གཉིས་པ་མེད་པའི་ཐུགས་རྗེའི་རླན་གཟུངས་ཀྱིས་ཀུན་ཟིན་པའི་གཞི་དེ་ལྟ་བུ་བས། གང་དུ་དགའ་བ་བྱང་ཆུབ་སྤྱོད། །ཞེས་པ། སྤྱོད་ལམ་ཐམས་ཅད་དུ་འགྲེ་ལོག་སྤྱི་ཚུགས་གང་སྤྱད་ཀྱང་། བདེ་བ་ཆེན་པོའི་མཛད་སྤྱོད་ལས་མ་ཉམས་ཏེ་ལྷུན་གྱིས་རྫོགས་པར་གསལ་ལོ་བར་གདམས་པའོ། །སྨན་གྱི་ལུང་བསྒྲུབ་པ་དེ་ཉིད་ཉེས་པར་མི་འགྱུར་བར་བསྟན་པའི་ཕྱིར། ཤན་པ་སྨད་འཚོང་མཚམས་མེད་ལྔ། །ཁ་ན་མ་ཐོ་འཇིག་རྟེན་སྤང་། །ཡོངས་སུ་རྫོགས་པ་ཆོས་ཀྱི་རྩི། །བདེ་བ་ཆེ་ལས་གཞན་མིན་ནོ། །ཞེས་པ་གང་དག་སྲོག་གཅོད་པ་དང་། ཕོ་རིགས་སྦྱོར་བ་དང་། ཐུན་མོང་གི་ཕ་མ་བསད་པ་ལ་སོགས་པ་ལྔ་སྤྱོད་པ་དང་། དེ་དང་ཉེ་བ་ལྔ་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་དང་རང་བཞིན་གྱི་ཁ་ན་མ་ཐོ་བས་ལྟུང་བ་གཉིས་སུ་འགྱུར་བའི་སྤྱོད་པ། འགྲོ་བ་དཀར་ཕྱོགས་ཅན། ཡོངས་ཀྱིས་དོར་པའི་ལོག་སྤྱོད་དག་ཀྱང་། ནོར་བ་དག་ལ་ནོར་བར་སྣང་བ་ཙམ་ཡིན་གྱི། དེ་ལྟར་སྣང་བརྡོ་ཙམ་ན། དེ་ཉིད་རང་རིག་པར་འུབ་པས་མིང་ཙམ་ལས་སྤྱད་རྒྱུ་མེད་པས་བདེ་བ་ཆེན་པོ་ཉིད་དེ་གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ་བས་བདུད་རྩི་བདེ་བ་ཆེན་པོའི་མཛད་སྤྱོད་ལས་ལོག་སྤྱོད་དུ་ཐལ་བ་རྡུལ་ཕྲ་མོའི་ཆ་ཙམ་ཡང་མེད་པར་ལ་གཅད་དེ་བསྟན་ཏོ། །དེ་ཕྱིར་སུ་ཞིག་འདི་ལྟ་བུའི་གཏེར་འཆང་བའི་མི་ཆེན་པོ་ནི་ལུས་མི་ཡིན་ཡང་སེམས་རྗེ་བཙན་དམ་པ་ཀུན་བཟང་ཉིད་ཡིན་ཏེ། ས་པ་དང་རིག་པ་འཛིན་པ་དོན་སྤྱོད་པ་རྣམས་དང་ཡང་མཚུངས་པ་མ་ཡིན་ནོ། །ནད་སྤྱོད་པའི་ཐབས་ལ་བརྩོན་པ་རྗེས་སུ་བསྟན་པའི་ཕྱིར། རྣམ་པར་མི་རྟོག་སྙིང་པོ་འདི། །ཡོངས་ཀྱི་རྒྱུད་ལ་སྦས་པ་མེད། །མི་ལེན་བྱང་ཆུབ་སྤྱོད་རྣམས་ལ། །རྣམ་པ་ཀུན་ཏུ་རང་བཞིན་གནས། །ཞེས་པ། འཇིག་རྟེན་པའི་མི་རྟོག་པ་རྣམས་དང་། འཇིག་རྟེན་ལས་འདས་པའི་མི་རྟོག་པ་དག་དང་། མི་རྟོག་ཆེན་པོའི་བྱེ་བྲག་གཉིས་ལས་སྤྲོས་པ་དང་། གཉིས་སུ་མེད་པའི་མི་རྟོག་པ་བཞིའི་རིམ་པ་རིལ་གྱི་དངོས་གཞིར་གྱུར་པ་དེ་དག་གིས་མ་རེག་པའི་ཆོས་ཉེ་བར་བསྲུང་བ་ནི། གང་དུའང་ཀུན་ཏུ་མ་གབ་བཞིན་མ་མཐོང་མ་བྲལ་ལ་ངོ་མ་ཤེས་སོ། །དེ་བས་ན་སྐྱེས་བུ་ཡང་རབ་ནི་ལྟ་བའི་ནད་བྲལ་བས་གང་ཡང་དང་དུ་ལེན་པ་མེད་པས་བྱ་བ་དང་བྲལ་བ་ནི་བྱང་ཆུབ་ཆེན་པོའི་སྤྱོད་པ་མ་ཉམས་པ་སྟེ། དེ་ལྟ་བུ་དག་ལ་དུས་བཞི་རིལ་དུ་འབྱུང་འཇུག་སྒོ་ཕུགས་མེད་པར་རང་ཤུགས་ཀྱིས་གནས་དེ་བརྩོན་འགྲུས་ཆེན་པོའི་ངོ་བོ་ཉིད་དུ་བཞུགས་པས་བྲལ་བ་མེད་དོ། །བསམ་མེད་ཀུན་བསམ་མ་བཀག་བསྟན། །ཡུལ་མེད་ཡུལ་རྣམས་དུས་ཅིག་གསལ། །མ་ཞུགས་ཀུན་དང་དབྱེར་མེད་དོ། །ཡུལ་ལ་འཇུག་པའི་བསམ་གཏན་མཆོག །ཕྱོགས་མཐོང་སྒོམ་པའི་དོན་བཀྲོལ་བའི། །སྨན་ཆེན་ཡོངས་བསྔོས་ནད་བྲལ་ཤོག །གཞུང་ཉམས་རྣམ་དག་ངང་དུ་བཤགས། །འཕྱར་པོས་སྤེལ་ན་ནཱ་རག་ལྟུང་། །གཅིག་གཉིས་ཀྱི་རྣ་བར་ཟུང་ཡ། །རྫོགས་྅྅྅སོཧ། །ཁ་འཕྲད་མཇལ་ལ་ལྷག་སྤྲད་སྐུར། །སེར་སྣ་ཆེ་ཞིང་གདུག་སེམས་མེད། །དུས་མིན་མི་གོ་མི་སྡོམ་པའི། །དེ་འདྲའི་མི་ལག་ཤོར་རཱ་རེ། །གུ་ཧྱ་ས་མ་ཡ་སྟྭིམ།། །།

རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི་འགྲེལ་པ།

རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི་འགྲེལ་པ་བཞུགས། རྣམ་པའི་མཆོག་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་མི་ནུབ་པའི་རྒྱལ་མཚན་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞེས་བྱ་བ། རྣལ་འབྱོར་པའི་རིག་པའི་ཉི་མ་འདི་སྤྱི་དོན་ལྔས་འགྲེལ་པ་ནི། ལོ་རྒྱུས་ཀྱི་དོན་དང་། རྩ་བའི་དོན་དང་། ཡོ་གའི་དོན་དང་། དགོས་ཆེད་ཀྱི་དོན་དང་། ཚིག་གི་དོན་ཏོ། །དེ་ལ་ལོ་རྒྱུས་ཀྱི་དོན་ནི་གསུམ་སྟེ། བྱིན་གྱིས་བརླབས་ཀྱིས་བཤད་པ་དང་། རག་གི་ངོ་བོས་བཤད་པ་དང་། ཚིག་སྡེབས་སྦྱོར་ལེགས་པས་བཤད་པའོ། །དེ་དག་ནི་ཁུངས་ཀྱིས་མ་འོངས་པ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་སྨོས་ཏེ། དེའང་སེམས་ཉིད་ཀུན་ཏུ་བཟང་པོ་བསྟན་པ་ཐམས་ཅད་ལྷུན་གྱིས་རྫོགས་པའི་བྱིན་བརླབས་རྒྱལ་བ་དགོངས་པས་བརྒྱུད་ཅིང་གང་ཟག་རྣ་བར་བརྒྱུད་པའོ། །དེ་ཡིད་ཆེས་པའི་རྒྱབ་ནོན་ཡོངས་སུ་རྫོགས་པའི་སྐབས་ཀྱིས་བསྟན་ཏོ། །རང་གི་ངོ་བོས་བཤད་པ་ནི། འདིར་སྙིང་པོ་བྱང་ཆུབ་ལྷུན་གྱིས་གྲུབ་པ་ཉིད་སྒྲོ་སྐུར་མེད་པར་སྟོན་པ་སྟེ། ལུང་སྟོན་པའི་སྐབས་ནས་གསལ་བར་སྟོན་ཏེ། ཤེས་རབ་དང་ལྡན་པ་ལ་དངོས་པོ་རྣམས་ཆོས་ཚུར་སྟོན་པ་སྟེ འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལས། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཞེས་གསུངས་པའོ། །ཚིག་སྡེབ་སྦྱོར་ལེགས་པས་བཤད་པ་ནི། ཚིག་ཉུང་ལ་དོན་རྒྱ་ཆེ་བའི་ཕྱིར་ཤོ་ལོ་ཀ་ལྔ་བཅུ་རྩ་ཕྱེད་དང་ལྔ། སྐབས་ཉི་ཤུ་རྩ་བདུན། ཐིག་ལེ་དྲུག་རིམ་པར་ཚིག་དོན་བསྡུ་ལེགས་སུ་བཀོད་པ་རྣམས་སོ། །རྩ་བའི་དོན་ནི་སྐབས་ཉི་ཤུ་རྩ་བདུན་གྱི་དོན་ཐིག་ལེ་དྲུག་ཏུ་བསྡུས། དྲུག་ཀྱང་བྱང་ཆུབ་ཀྱི་སེམས་ལྷུན་གྱིས་གྲུབ་པར་དབྱེར་མེད་པས། བྱ་བརྩལ་བྲལ་བའི་དོན། རྒྱུ་གཉིས་དང་ལུང་དང་མན་ངག་བཅུ་གཉིས་ཀྱིས་ཐེག་པ་གཞན་ལས་མཆོག་ཏུ་ཆེ་བར་སྟོན་པའོ། །ཡོ་གའི་དོན་ནི་ཡོ་ག་ཕྱི་ནང་ལས་ལྷག་པར་ཆེ་བ་ཨ་ཏི་ཡོ་གར་སྟོན་པའོ། །དེ་ཡང་ཡོ་ག་ཕྱི་ནང་མ་ད པོགས་པ་གོལ་སྒྲིབ་ཏུ་ངོ་ཤེས་པར་བྱས་ནས་ཆེ་བར་སྟོན་ཏོ། །དགོས་ཆེད་ཀྱི་དོན་ནི་གང་ཟག་གསུམ་གྱི་ཕྱིར་གོལ་སྒྲིབ་གདར་ཤ་བཅད་ནས་གཞུང་གི་དོན་ངོས་ཟིན་པས་ཚེགས་མེད་པར་འགྲུབ་པས་སྟོན་ཏོ། །ཚིག་གི་དོན་ནི་བཅུ་གཅིག་སྟེ། དེའང་སྐབས་དང་། ཐིག་ལེ་དང་། རྩིས་འགོ་དང་། ཕྱག་རྒྱ་དང་། གོལ་ས་དང་། སྒྲིབ་པ་དང་། ལུང་དང་། མན་ངག་དང་། རྒྱུད་དང་། ཡིན་པ་དང་། བསྡུས་པའི་དོན་ཏོ། །དེ་དག་སྐབས་སྐབས་སུ་ངོས་བཟུང་སྟེ་བཤད་པར་བྱའོ། །ལོ་ཙཱ་བས་ལྟ་བ་ཁུངས་ལ་མི་བྱུང་བར་རྩོམ་པའི་བར་ཆད་བསལ་བའི་ཕྱིར་ཐོག་མར། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་པ། འདིར་གདེང་གསུམ་གནད་ཆུད་པའི་ཡེ་ཤེས་ཆེན་པོས་སྤྱོད་ཡུལ་ཡོངས་སུ་དག་པས་གདུང་བ་མེད་ཅིང་འགྱུར་བ་དང་བྲལ་བས་སྐད་ཅིག་མ་མེད་པས་བདག་ཉིད་ཆེན་པོར་བཏུལ་ཞིང་ཚར་གཅད་ཀྱང་སྟོང་པར་མ་གྱུར་གྱི། དོན་གྱིས་ཐམས་ཅད་ལ་མངའ་མཛད་ཀྱང་མཚན་ཉིད་བསྟན་པར་དཀའོ། །དེ་ཉིད་སུས་ཐོབ་པ་ནི་ལས་གྲོན་ཚེགས་མེད་པའི་བདེ་ལེགས་སྣང་ཞིང་སྦྱིན་པར་བྱེད་པ་སེམས་ཀྱི་དེ་ཁོ་ན་ཉིད་གཉེན་པོ་བྲལ་བར་རང་གསལ་བས་ཉམས་ང་བ་མེད་པའི་དེ་ཁོ་ན་ཉིད་ནི་ཆོས་སོ་ཅོག་གི་གཞིར་གྱུར་པས་ཐ་སྙད་དུ་མཆོད་པའི་གནས་ཏེ། དེ་ཐབས་དངོས་པོ་གཞལ་དུ་མེད་པ་དང་ཡོད་པ་ཁྱད་པར་ཅན་གཉིས་ཀའི་སྒོ་ནས་བློའི་བྱེ་བྲག་དང་མཐུན་པར་མཇལ་བ་དང་ལས་སུ་རུང་ཞིང་མཐར་ཕྱིན་པའོ། །ཚིག་གི་དོན་རྒྱས་པར་ཁས་བླངས་པ་གང་སྙམ་པ་ལ། ཆོས་ཉིད་ཀྱི་སྐབས་ཞེས་པ། ཕྱག་རྒྱའང་སྐབས་ཀྱིས་ཁྱབ་པ་དང་དེ་ལས་མི་འདའ་བར་འཆད་པའང་སྦྱར་ལ། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་ཤེས་བྱ་དམ་པར་ངེས་པར་བཟུང་ནས་གཞན་བཅད་པའི་ཕྱིར་མིང་འགྲུབ་བོ། །དེའི་མཚན་ཉིད་ནི་སྨྲ་བསམས་ལས་འདས་ཤིང་། ངོ་བོ་རང་སེམས་ལྷུན་གྱིས་གྲུབ་པས་བརྩལ་བ་དང་བྲལ་བའོ། །དེ་ཉིད་སྟོན་པའི་དུས་ངེས་པའི་ཐད་ལ་བབ་པས་སྐབས་ཞེས་འཆད་པའང་དེ་བཞིན་ནོ། །རྩིས་འགོ་མིང་དཔེ་དང་དོན་དང་ཐེ་ཚོམ་བསལ་བ་དང་། ཆེ་བ་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཞེས་པ། དཔེར་རྟ་རྐྱས་ཀྱི་བྱང་འདྲེངས་པས་དཀྱུས་མཇུག་རྗེས་སུ་མི་འདའ་བར་འོང་བ་ལྟར། མཚན་གྱི་དོན་བཤད་པ་ལས་ཚིག་དོན་ཀུན་ཀྱང་མི་འདའ་བར་མཐར་དེར་འབེབས་པས་མིང་འཐོབ་བོ། །འདུས་མ་བྱས་པ་དང་བརྩལ་བ་མེད་པ་དང་། མི་ཕྱེད་པ་དང་། སྐྱེ་འཇིག་མེད་པ་དང་། འཇོམས་པའི་དོན་གྱིས་བྱང་ཆུབ་སེམས་ནི་རྡོ་རྗེའོ། ། དེ་ཉིད་ཐམས་ཅད་དུ་རང་གསལ་ལ་བསམ་པ་ཐམས་ཅད་དང་བྲལ་བ་ནི་དིང་ངེ་འཛིན་ཏེ་དོན་ཏོ། །དེ་དག་གི་ཆོས་མཐུན་པ་ནི་མཐའ་དབུས་མེད་པ་དང་། གང་ཡང་མི་འགོག་པ་དང་། ཅི་སྣང་ཡང་མ་གཡོས་པ་དང་། ཐམས་ཅད་དུ་གོ་འབྱེད་པས་མཚོན་པའོ། །མཚོན་བྱ་སྙིང་པོ་བྱང་ཆུབ་ཉིད་ནི་ཆེ་བ་རྣམ་པ་ལྔ་དང་ལྡན་པར་བཞུགས་ཏེ། ཆོས་སོ་ཅོག་རང་རིག་པའི་མངོན་སུམ་དུ་མཐའ་དབུས་བྲལ་བར་བདལ་བས་འཕགས་པ་དང་། ཐམས་ཅད་ཀྱང་བསྡུས་པ་མེད་པར་བདག་ཉིད་ཆེན་པོར་རྫོགས་པ་དང་། མུ་མཐའ་མི་རྙེད་པས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དང་། མཐོང་ཐོས་ཆོས་འདི་ཉིད་ལས་གཞན་ནས་སངས་རྒྱས་མི་ཚོལ་བ་དང་། དུས་གསུམ་དུ་འཁོར་བ་མི་དམིགས་པས། སངས་རྒྱས་ཀྱི་བླ་དྭགས་དང་ཡང་བྲལ་བས་ཆེ་བ་ལྔའོ། །དེའང་དང་པོ་ཉིད་ཀྱིས་རྫོགས་པར་ཡང་སྟོན་ལ། སྐབས་ནས་ཀྱང་སྟོན་ཀྱང་། སྤྱི་ཁྱབ་ཏུ་ན། མངོན་པའི་ཆེ་བ་ནི་ཡེ་ཤེས་ཆེན་པོའི་ཐིག་ལེར་སྦྱར། བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པའི་ཐིག་ལེ་དང་སྦྱར། ཆོས་དབྱིངས་ཀྱི་ཆེ་བ་དབྱིངས་ཀྱི་ཐིག་ལེ་དང་། ཆོས་ཉིད་དང་དབྱིངས་རྣམ་པར་དག་པའི་ཐིག་ལེ་དང་སྦྱར། དེ་ཡིན་པ་ཀུན་ཏུ་བཟང་པོའི་ཆེ་བ་ཐིག་ལེ་དང་སྦྱར། །སངས་རྒྱས་མེད་པའི་ཆེ་བ་ནི་སྤྱི་ཁྱབ་སྟེ། དེ་དག་ཀྱང་ཅིག་དང་དུ་མ་ལས་གྲོལ་བའོ། །དེ་ལྟར་བསྟན་པས་སོམ་ཉི་ཐམས་ཅད་དང་བྲལ་བར་འགྱུར་ཏོ་གདེང་ངེས་པའོ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །ཞེས་པ། ཇི་བཞིན་ཉིད་ནི་ངང་གིས་དུས་ཐམས་ཅད་དུ་ཆོས་སོ་ཅོག་མཐའ་བཞི་དང་བྲལ་བས་ཟིན་ཆགས་མེད་པ་ནི་ཐམས་ཅད་རྫོགས་ཀྱང་དེ་ཉིད་པས། འཇིར་བ་མེད་པ་ཉིད་མུ་མཐའ་ལས་གྲོལ་ཏེ་ཀུན་ཏུ་བཟང་པོའི་མན་ངག་ཀྱང་དབྱིངས་ཀྱི་ཆེ་བ་ཉིད་དུ་བཞུགས་པའོ། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །ཞེས་པ། སྤངས་སེལ་གྱི་དག་པ་ལྟ་བུ་མ་ཡིན་པའི་ཡེ་ཤེས་ཆེན་པོ་མཐའ་གསུམ་ངང་གིས་དག་པ་ནི། དུས་གསུམ་རྒྱལ་བ་དང་འགྲོ་བ་རིལ་གྱི་ཤུལ་ཆེན་པོ་བགྲོད་པ་མེད་པས་མཐའ་འབྱིན་པ་འདིས། འགྲོ་བ་དྲུག་དང་བསྟི་གནས་རིལ་བསད་པ་མེད་པར་རྡོ་རྗེ་མཚོན་གྱིས་བསད་པ་ཁོ་ན་བས། བཏོན་པ་མེད་པར་ཁམས་སུམ་སངས་རྒྱས་ས་ལ་བཏོན། སྤྲུགས་པ་མེད་པར་ངན་སོང་དོང་སྤྲུག །ཕྱུང་བ་མེད་པར་འཁོར་བ་ཕྱག་མས་བཏབ་པ་ནི་སྒྲོལ་བའི་མན་ངག་གོ །གཏན་ཚིགས་ནི་དོན་དེས་ན་ངོ་བོ་ཉིད་ཀྱི་ཡེ་ཤེས་འབའ་ཤིག་དུ་སངས་རྒྱས་པ་ལ་སྐད་ཅིག་མའི་མི་རྟག་པ་མེད་པས། བསམ་དཔྱོད་ཀྱི་རྣམ་པ་མེད་པར་རང་གསལ་བ་ཉིད་བསམ་གཏན་ཆེན་པོ་བས། མི་སྐྱེ་མི་འགག་ཅིར་མི་དགོངས། །ཞེས་གསུངས་སོ། །མཛད་པ་དཔའ་བར་ཡང་བསྟན་པའི་ཕྱིར། བྱམས་པས་དོན་ཉིད་རྣམ་སྦྱང་ཕྱིར། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ཞེས་པ། གང་བྱམས་པ་ཆེན་པོ་ལ་གནས་པ་ནི་སེམས་ཅན་འགའ་ཡང་གྲོལ་བར་མི་བྱེད་འཆིང་བ་མི་བྱེད་སྤོང་བར་མི་བྱེད་ལེན་པར་མི་བྱེད། ཕན་གནོད་མི་བྱེད་པ་ཉིད་ཀྱིས་འགྲོ་བ་རྣམས་ཀྱི་རྒྱུད་མ་བརྩལ་བར་དག་པར་བྱ་བའི་ཆེད་དུ། ཐུགས་རྗེ་ཆེན་པོ་ཡུལ་དུ་གདུང་བ་མེད་པས། འགྲོ་བ་རྣམས་སྐྱོབ་པར་ཡང་མི་མཛད་དོར་བ་མེད་པ་ལ་རྣམ་པའི་སྙིང་བརྩེའི་རྩ་བ་བྲལ་བར་གྱུར་པ་ཉིད་ཀྱིས་དོན་ལྷག་མ་མེད་པར་ཡོངས་སུ་རྫོགས་པའི་ཕྱིར། ཕྲིན་ལས་རྒྱུན་མ་ཆད་པའོ། །ཆེ་བས་ཆེ་བའི་ཟབ་མོ་ཡི། །ཞེས་པ། བྱང་ཆུབ་སེམས་ཀྱི་མན་ངག་སྟེ། སེམས་ཉིད་བཤད་པ་ལྟར་ཆེ་བ་ལྔའི་ངོ་བོར་ཡེ་ཉིད་ནས་བཞུགས་པའི་ཕྱིར། ཁྱད་པར་ཆེ་བའི་དོན་དེ་དཔག་པར་ནི་དཀའོ། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །ཞེས་པ། སྐྱོན་ངང་གིས་བྲལ་བས་ལྟོས་པ་མེད་པའི་ཕྱིར་དཀོར་བདུན་དང་ཉི་ཤུ་རྩ་ལྔའི་ཡོན་ཏན་ལ་སོགས་པ་ཅི་ལའང་དམ་པར་འཛིན་པ་མེད་པའོ། །ལམ་གྱི་མན་ངག་གང་སྙམ་པ་ལ། དོན་རྣམས་ཇི་བཞིན་མི་བསྐྱོད་དེ། །ཞེས་པ། ལྟོས་པ་དང་མ་ལྟོས་པའི་ཆོས་ཤེས་བྱ་ཇི་སྙེད་པའི་དངོས་གཞི་དེ་ཁོ་ན་ཉིད། ཡེ་སྤུ་མ་བརྗེས་མདོག་མ་བསྒྱུར་བར་སྣང་སྲིད་རང་ས་ཉིད་དུ་གྲོལ་བའི་རྣལ་མ་ཉིད་ནི། རྩོལ་བའི་རྟོག་དཔྱོད་ཀྱི་ལམ་གྱིས་མི་ཕིགས་ཏེ། སླར་རྟོག་མཐའ་སྐྱེ་བས་དེར་སོན་པར་མི་འགྱུར་རོ། །འོ་ན་་རྟོག་དཔྱོད་མ་བྱས་ན་གྲོལ་དུ་མི་བཏུབ་པར་དོགས་པ་ལ། བྱ་བ་མེད་ལས་གྲོལ་བས་གྲོལ། །ཞེས་པ། གཞལ་བྱའི་དངོས་པོ་དང་འཇལ་བྱེད་རིག་པ་གདོད་ནས་ཐ་མི་དད་པའི་ཕྱིར་རྩོལ་བའི་དཔྱོད་མཐའ་མི་བྱེད་པས། བཅིངས་པ་ངང་གིས་མེད་པས་ཐར་པར་མི་འདོད་པ་ཉིད་ཐར་པ་ཆེན་པོ་སྟེ། བྱ་བ་མེད་པ་ལ་བྱ་བ་མེད་པ་ཉིད་དུ་སྟོན་པས་མཇལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། རང་བྱུང་ཡེ་ཤེས་བརྩལ་མེད་པས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་པ། མཚན་ཉིད་ཀྱིས་བྱང་ཆུབ་སེམས་ནི་རྒྱུ་རྐྱེན་རག་གཞན་ལ་མ་ལུས་པར་གདོད་ནས་རང་གསལ་དུ་ཤར་བས། འཕྲལ་དུ་བྱ་བ་ཅིའང་མེད་པས་ཡེ་འཛིན་པའི་རྒྱ་མདུད་དང་བྲལ་བས། ཐར་པའི་ལམ་ཆེན་པོ་ཉིད་ལ་སོགས་པ་བསྟན་པ་ཇི་སྙེད་པའི་དངོས་གཞིར་རང་ཤར་ནས། སོ་སོར་མཇལ་པར་བྱེད་པ་ལ་རྒྱུན་ཆད་པ་མེད་དོ། །ཆོས་ཉིད་ཀྱི་ཐིག་ལེ། ཞེས་པ། སྐབས་ཀྱི་དོན་ཉིད་ཀྱིས་ཇི་ལྟ་བར་སྣང་ཞིང་གྲགས་སོ་ཅོག་བཤད་པའི་ཆོས་ཉིད་དུ་བཟླུམས་པས། གཞན་པ་ངང་གིས་མ་དམིགས་པས་ངེས་ཚིག་འགྲུབ་པོ། །ཐིག་ལེ་གཉིས་པའི་དོན་བསྟན་པ་གང་སྙམ་པ་ལ། རང་བཞིན་གྱིས་གནས་པའི་སྐབས། ཞེས་པ། ངང་གིས་འགྲོ་བ་རྣམས་ལོག་བརྡོ་ཙམ་ན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཉིད་དུ་བཞུགས་པའི་དོན་སྟོན་པའི་དུས་ཐད་དུ་བབ་པའོ། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །ཞེས་པ། རྒྱུ་འཆད་དེ། ཕྱི་ནང་གི་འབྱུང་བ་ལྔ་ཉིད་ནི་མཐོང་ཐོས་ཀྱི་ཆོས་རྣམས་ཀྱི་གཞི་སྟེ། དེ་ཉིད་ནི་རང་བྱུང་བའི་ཡེ་ཤེས་གཟུང་འཛིན་ཀ་དག་ཅིང་ཡོངས་སུ་རྫོགས་བཞིན་དུ་མཐའ་བྲལ་བས་ཀུན་ཏུ་བཟང་པོ་ཉིད་དོ། །ཆུབ་པར་གནས་པས་བཅོམ་ལྡན་འདས། །ཞེས་པ། ངོ་བོ་ཉིད་རྒྱུའི་རྒྱུ་སྟོན་ཏོ། །ལྔ་པོ་ཉིད་ཀྱང་སེམས་ཉིད་དུ་མ་བསྡུས་པར་འུབ་པས་བྱང་ཆུབ་སེམས་ཉིད་ཀྱི་བྱིན་རླབས་ལྔ་ལ་སོགས་པ་ཐམས་ཅད་དུ་རང་སྣང་བས། རྨད་དུ་བྱུང་བ་ལས་འབྱུང་བ་བས་ཀྱང་ང་སྔར་བྱུང་ཞེས་པ་ལ་སོགས་པ་གསུངས་པས་བྱང་ཆུབ་སེམས་ཀྱི་རང་བཞིན་ངོ་བོ་ཉིད་ཀྱི་རྗེ་བཙན་སྟོན་པའོ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་པ། སྐབས་ཀྱི་དོན་ཀྱང་ཡིན་ཏེ། སྤྱི་མེས་དེའི་ངོ་བོ་ནི་གཞན་མིན་ཏེ་དྲུག་འགྲོ་བ་རིལ་ངང་གིས་ངོ་བོ་བསྟན་དཀའ་བས་དེ་ཉིད་ཡིན་པའོ། །འོ་ན་འཁྲུལ་པ་ཅི་ཞེས་སྙམ་པ་ལ། ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་། །གྲོལ་བ་རང་བྱུང་གཞན་ལས་མིན། །ཞེས་པ། ལྔའི་ལམ་པ་དག་ངེས་པའི་ཤེས་རབ་ཀྱིས་དབུལ་བས་ལས་ཙམ་ནོར་པས་ཀུན་བརྟགས་ལ་ཞེན་ཙམ་ནའང་འཆད་པ་ལྟར་མིང་ཙམ་ལོག་པ་ལས། ངོ་བོ་ཉིད་མ་ལོག་པའི་ཕྱིར་རང་བྱུང་གི་ཡེ་ཤེས་བཅིངས་པ་དང་བྲལ་བ་ཉིད་ཡིན་པས་ནོར་བར་ཐལ་བ་མེད་དོ། །རང་བཞིན་གྱིས་ཆེ་བ་ལ་གནས་པའི་སྐབས། །ཞེས་པ། བྱང་ཆུབ་ཀྱི་སེམས་ནི་བྱས་ནས་མཐོང་བ་མིན་ཏེ། ཆོས་ཉིད་ཀྱི་རིགས་པས་རྗེ་བཙན་དམ་པར་བཞུགས་པའི་དོན་སྟོན་པའོ། །དུས་ངེས་པ་བཤད་ཟིན་པས་འཆད་པ་ཀུན་ལའང་སྦྱོར་ཅིག །ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཞེས་པ། ལྔས་སྤགས་པ་དང་། གསུམ་གྱིས་སྤགས་པ་དང་། གཅིག་གིས་སྤགས་པ་དང་། ལུང་རྒྱུད་མན་ཆད་ལས་ཁྱད་པར་གྱུར་པ་མི་གནས་པའི་ཡེ་ཤེས་ཉིད་ནི་སྟོར་བར་སླ་ལ་ཐོབ་པར་དཀའོ། །ཤེས་རབ་ཐབས་ལ་རྟེན་པས་འགྲུབ། །ཞེས་པ། མ་ཧཱ་ཡོ་ག་པ་དག་གོལ་ཏེ་ཕོ་མོ་ཉིད་ཡེ་ཤེས་ཡིན་པའི་དོན་ལ་མདོངས་པས་ཁ་སྦྱོར་བསྲུབས་པའི་རྟེན་ལས་ཡེ་ཤེས་སྐྱེ་བ་འདོད་པ་ནི། བརྒྱུད་པའི་ཐབས་ཏེ། དེ་འདིར་ཆེད་དུའང་མི་སྤོང་མི་ལེན་ཏེ། རྟེན་དང་བྲལ་བའི་ཐབས་སྣང་སྲིད་རྒྱལ་བའི་རང་བཞིན་ཡབ་དང་། དེ་ལ་རང་བཞིན་མེད་པ་ཡུམ་ཡིན་ཏེ། ཐ་སྙད་ཀྱིས་ཕྱེ་བ་ལས་ངོ་བོ་ཡེ་ནས་ཡབ་ཡུམ་འབྱེད་པའི་རྩོལ་བ་མེད་པ་ནི་མ་ནོར་བ་སྟེ། དོན་དེ་མཐོང་བ་ཉིད་རྙེད་པའོ། །དེ་བས་ན་བརྩལ་བ་མེད་པའི་ཐབས། དེས་ཐམས་ཅད་མཁྱེན་པའི་ལྟ་བ་ཐོབ་པ་ནི་ཤེས་རབ་སྟེ། དེས་རང་འཐོབ་པའོ། །འོ་ན་སྒོ་འདིར་ཡང་འབྲས་བུ་གཞན་ནས་དོན་དུ་གཉེར་བར་འགྱུར་རོ་བར་དགོས་པ་ལ། མིང་ཙམ་གཞན་ལ་རྟེན་འདྲ་ཡང་། །མངོན་སུམ་བདེ་བ་རང་ལས་འབྱུང་། །ཞེས་པ། གོལ་ས་ལ་བཟླ་བ་སྟེ། འདིར་ཐ་སྙད་ལས་ངོ་བོས་མི་ཚོལ་བ་ནི་ལྷག་པའི་སྒྲ་འགོག་པ་སྟེ། དེ་བས་ན་ཐོབ་པའི་ཐབས་ལ་བརྟེན་པ་ལྟ་བུར་སྣང་ཡང་། མིང་མཐུན་པས་ནི་ཐབས་ཀྱིས་བོགས་མི་གཉེར་ཏེ། རང་རིག་པའི་མངོན་སུམ་དུ་རང་བྱུང་ཡེ་ཤེས་རང་ལས་རང་ཤར་བ་ལས་བསྲུབས་པའི་བདེ་བ་མེད་པའོ། །བརྩལ་བ་དང་བྲལ་བའི་སྐབས། ཞེས་པ། ལྷག་པའི་རྣལ་འབྱོར་པ་ལ་ཏིང་ངེ་འཛིན་སྒོ་ཕུགས་འབྱུང་འཇུག་གི་རྩོལ་བ་མེད་པས་འབྲས་བུ་དང་དྲོད་ཆགས་མངོན་ཤེས་ཀྱི་ལེགས་པ་རིལ་ལ་འབད་པ་མེད་པའི་དོན་སྟོན་པའོ། །ཨ་ནུ་ཡོ་ག་པ་གོལ་ཏེ་ཡབ་ཡུམ་ཕྱེ་ནས་ཡུམ་ཀུན་ཏུ་བཟང་མོ་ཇི་བཞིན་པའི་ངང་ལས་ཡབ་རོལ་པའི་ཆོ་འཕྲུལ་མ་བརྩལ་བར་འབྱུང་བར་འདོད་པ་ལ་བཟླ་བའི་ཕྱིར། ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །ཡོན་ཏན་ཀུན་དང་སྟོབས་ཀྱི་རྣམས། །ཇི་བཞིན་བརྟགས་པ་ཕྲ་བ་ལས། །དེ་མ་ཐག་ཏུ་རང་ལས་བྱུང་། །ཞེས་པ། རྗེས་སུ་འཇུག་པའི་རྣལ་འབྱོར་ལས་འདས་པའི་ཐེག་པའི་ལུགས་ཉིད་ནི། བྱང་ཆུབ་སེམས་ཉིད་ངོ་བོ་མ་ངེས་པས་ཅིར་ཡང་རང་སྣང་བ་ནི་ཆོ་འཕྲུལ་མ་བརྩལ་བའོ། །དེ་གང་ཞེ་ན། ཆོ་འཕྲུལ་བཞི་དང་ཕྱི་ནང་གི་དྲོད་རྟགས་དང་མངོན་པར་ཤེས་པ་ལ་སོགས་པའི་ལེགས་པ་དང་ལུས་ངག་ཡིད་ཀྱི་མཐུའི་རྩལ་ལ་སོགས་པ་རིལ་ནི། མ་བཅོས་པའི་ཆོས་ཉིད་མངོན་དུ་མཇལ་པའི་རིག་པ་ངོ་བོ་གཟུང་དཀའ་བ་ཉིད་དེ་དག་ཏུ་ཐོགས་པ་མེད་པར་རང་ཤར་གྱི། འབྱུང་ཁུང་ལྟ་བུར་མ་གྱུར་ཏེ་ཐ་སྙད་དུ་རྟོགས་ཤིང་གོམས་པས་སྣང་བ་ཙམ་མི་འདོད་པའང་མིན་པས་བསྒོམས་པའི་ཡོན་ཏན་ཀྱང་ཡིན་ནོ། །བློ་གཞག་ཐབས་བསྟན་པའི་ཕྱིར། །སྣང་བ་མེད་པའི་ཆོས་ཉིད་ནི། །མ་བརྩལ་གཞག་པས་བསྒོམ་པ་ཡིན། །དབུ་མ་པ་སྣང་བ་མེད་པའི་དོན་དམ་ལ་བཏང་སྙོམས་ཆེད་དུ་བྱེད་པའི་གོལ་ས་ལས་འདས་པ་སྟེ། འདིར་བྱང་ཆུབ་སེམས་ནི་སྣང་བ་བསམ་གྱིས་མི་ཁྱབ་པའི་ཕྱིར་རྣམ་པའི་མཐོང་བ་མེད་པའི་དེ་ཁོ་ན་ཉིད་ལ། བློ་དལ་བར་གཤིས་སུ་འབེབས་པའི་བཏང་སྙོམས་ལ་བརྟེན་པ་ནི་ཡེངས་པར་འཆད་དེ། འདིར་བདག་ཉིད་མི་རྟོག་པ་མ་ཡིན་ན། མི་རྟོག་པ་ལ་གཞག་གི །བདག་ཉིད་དེའི་ཕྱིར་གདེང་ཡོད་པས་ཆེད་དུ་བྱ་བྱེད་གང་གི་བློ་ཅིའང་མ་སྐྱེས་པས་བརྩལ་རྒྱུ་མེད་པར་རང་གསལ་བ་ནི་མ་བཅོས་པར་གཞག་པའོ། །བློ་གཞག་ཐབས་གོལ་སས་སྒྲིབ་པ་ནི། དེ་དང་དེར་ནི་རྣམ་བརྩལ་ན། །དེ་ལས་དེ་བཞིན་དེ་མི་འབྱུང་། །ཞེས་པ། དུས་དེང་སང་གི་གདེང་མ་ཤར་བའི་གང་ཟག་ཚིག་ལ་རྟེན་པ་དག །བརྩལ་དུ་མེད་པ་ནི་གཞི་ལ་ཐལ་ཏེ་རྒྱལ་ཡུལ་ཡིན་གྱི། གང་ཟག་གིས་ལྷག་པའི་སྒོ་འདིར་དམིགས་དགོས་སོ་ཞེས་སྨྲ་ཞིང་། ཞེ་པས་ཡུལ་དང་ཡུལ་ཅན་དུ་ཕྱེ་ནས་ཞུགས་ཏེ་བསྒོམས་ན། རྟོག་སྒོམ་ལས་དེ་བཞིན་ཉིད་ཀྱི་སྒོམ་པ་མ་ནོར་བ་དེ་མི་འབྱུང་སྟེ། ཁྱུང་ཆེན་ལས། ཇི་བཞིན་པ་ཞེས་རྣམ་རྟོག་དེ་ཕྱིར་རྟག་སྒོམ་ལ། །བདེ་བ་ཆེན་པོ་འདོད་པས་ཆགས་པའི་ནད་ཡིན་ཏེ། །ཞེས་གསུངས་པས་མན་ངག་རང་ཉིད་ཀྱི་གོལ་སྒྲིབ་སོ། །བརྗོད་པ་དང་བྲལ་བའི་སྐབས། །ཞེས་པ། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་བསྟན་དུ་མེད་པས་ཚིག་ཐམས་ཅད་པའི་ངོ་བོ་ཡིན་ཡང་འདི་ཁོ་ནའོ་ཞེས་རྣམ་པར་སྨར་མི་བཏུབ་པར་སྟོན་པའོ། །མཆོག་ཏུ་གསང་བའི་ཆོས་ཉིད་ནི། །ཞེས་པ། ཞེ་ལ་བརྣགས་པའི་གསང་བ་ལྟ་བུ་མིན་ཏེ་ཤིན་ཏུ་མཐོང་དཀའ་བས་ཕལ་པའི་རྒྱུའི་བློས་མ་རེག་པའི་ཇི་བཞིན་པ་ནི་མན་ངག་གི་སྲོག་སྟེ། རྣ་དབང་གཞན་ལ་ཐོས་མི་འགྱུར། །ཞེས་པ། སྟོན་པ་པོ་ཆ་ལུགས་མ་ཉམས་པ་ཞིག་ལ་བདག་གི་རྣ་བས་བྱང་ཆུབ་སེམས་ནི་འདི་ལྟ་བུའི་རྣམ་པའོ་ཞེས་ཐོས་པར་མི་འགྱུར་བའོ། །དེ་བཞིན་ལྕེའི་དབང་པོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །ཞེས་པ། ཐོས་སུ་མེད་པ་ལྟར་ཆོས་དབྱིངས་རྣམ་པ་ཅན་དུ་བདག་གམ་གཞན་གྱིས་ཀྱང་ཕན་ཚུན་སྨྲར་མི་བཏུབ་པས་ཡུལ་གཉིས་ལས་འདས་པའོ། །དབྱིངས་ཀྱི་ཐིག་ལེ། ཞེས་པ། སྐབས་དང་པོ་གསུམ་གྱིས་དོན་གྱིས་རང་རིག་པ་ནི་ཀུན་གྱི་འབྱུངས་པར་བསྟན་པས་ངེས་ཚིག་འགྲུབ་སྟེ། ཐ་མ་ནི་དབྱིངས་ཀྱི་མཚན་ཉིད་དང་ངོ་བོ་སྟོན་པས་སྐབས་བཞི་བསྡུ་བའང་མི་འགལ་བར་ངེས་པའོ། །ཐེག་ལེ་གསུམ་པའི་དོན་བསྟན་པའི་ཕྱིར་འགྲོ་བ་ལས་ཀྱི་མི་འཁོལ་བའི་སྐབས། ཞེས་པ། དྲུག་གི་ལས་ཉིད་ཆོས་ཀྱི་དབྱིངས་ངང་གིས་མཐའ་དང་བྲལ་བ་ལམ་གྱིས་གྲུབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེའི་དབང་དུ་རང་དབང་མེད་པར་མི་འགྲོ་བའི་དོན་སྟོན་པའོ། །འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །ཞེས་པ། ཡང་དག་པའི་སངས་རྒྱས་སྟོན་ཏོ། །རིལ་སྙིང་པོ་བྱང་ཆུབ་ཀྱི་ཕྱིར་འགྲོ་བ་རང་རྒྱུད་དུ་གྲུབ་པ་མེད་པས། སེམས་ཅན་གྱི་སྤྱི་དང་ཁྱད་པར་གྱི་སྡུག་བསྔལ་ཉིད་ཀྱང་མྱོང་ཙམ་ཉིད་ན་མྱོང་བ་མེད་དེ་རང་རིག་པའི་ཡེ་ཤེས་ཉིད་རང་སྣང་བས་བཏགས་པའི་སངས་རྒྱས་དང་བྲལ་བའོ། །ཀུན་ཏུ་ཆུབ་པས་རྣམ་པར་རོལ། །ཞེས་པ། བདེ་སྡུག་ཅི་སྣང་བ་རིལ་ཟིན་ཆགས་དང་བྲལ་བས་ཀུན་ཏུ་བཟང་པོའི་ངང་དུ་དབྱེར་མེད་པས་སྡུག་བསྔལ་ཆོས་ཉིད་ཀྱི་ལོངས་སྤྱོད་ཉིད་དོ། །དེ་ལ་བསྐྱོད་པ་མེད་བཞིན་དུ། །ནམ་མཁའི་མཐའ་ལྟར་མཉམ་པར་གནས། །ཞེས་པ། ལས་དང་ཉོན་མོངས་པའི་དེ་ཁོ་ན་ཉིད་སྙིང་པོ་བྱང་ཆུབ་ནི་དཔེ་ནམ་མཁའ་ལྟར་ཕྱིན་པ་མེད་པར་ཀུན་ལ་ཁྱབ། འོངས་བ་མེད་པར་གནས་རིས་ཀུནཏུ་སློབ་པས་ཆེ་ཆུང་ངང་གིས་མེད་པར་བཞུགས་པའོ། །འཇིག་རྟེན་ལྷ་དང་མིའི་ཐེག་པའི་གོལ་ས་བསྟན་པའི་ཕྱིར། ཁྱད་པར་ཅི་ཡང་མཚུངས་པ་ལ། །ལས་སོ་ཞེས་ནི་རྣམ་པར་བརྟགས། །ཞེས་པ། བྱང་ཆུབ་སེམས་མཉམ་པ་ཆེན་པོ་དེ་ཉི་ཚེ་བའི་སྟོང་པ་མ་ཡིན་པས། མཐོན་དམན་བཟང་ངན་བདེ་སྡུག་གི་བྱེ་བྲག་རིལ་དུའང་སྣང་བ་རི ལ། རང་བྱུང་ཡེ་ཤེས་སུ་གཅིག་པ་ལ། ཐེག་པ་དང་པོ་པ་དག་ལས་དགེ་སྡིག་ཁོ་ནས་བསྒྱུར་ཏེ་སྣང་ངོ་བར་རྟོག་གོ །དེ་མི་བདེན་བར་སུན་དབྱུང་བའི་ཕྱིར། ཅི་སྟེ་ལས་ཀྱི་དབང་གྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཞེས་པ། གལ་ཏེ་ཐམས་ཅད་ལས་དགེ་སྡིག་བརྩན་ན་ནི། རྒྱུ་རྐྱེན་གྱི་དབང་དུ་གྱུར་པའི་ཕྱིར་ཡེ་ཤེས་དྲུག་པ་མེད་པར་རིགས་ན། ཡེ་ཤེས་ཆེན་པོ་ནི་ངོ་བོ་ཉིད་རྟག་པ་ཡིན་ལ། ལས་རྣམས་ནི་བརྟགས་པ་ཙམ་གྱི་ཕྱིར་མི་བདེན་ཏོ། །སྤྱི་གཅོད་ལས། དགེ་བའི་ཕྱོགས་དང་སྡིག་ལ་སོགས། །ཐ་སྙད་ཙམ་ཡང་ཡོད་པ་མིན། །རྣམ་གྲོལ་རྣམ་པར་བཅིངས་པའི། །གཉིས་པོ་དེ་ཡང་གདོད་ནས་མེད། །ཞེས་གསུངས་སོ། །འོ་ན་རྒྱུ་རྐྱེན་བཅུ་གཉིས་ཕྲ་རགས་ལས་སྐྱེ་བར་སྣང་བས་མངོན་སུམ་པའི་ཚད་མ་ཡོད་དོ་སྙམ་པ་ལ། རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། །མ་སྐྱེས་པས་ན་འཇིག་པ་མེད། །ཞེས་པ། རང་རྒྱལ་བ་དག་རྟེན་འབྲེལ་གྱི་རྒྱུ་རྐྱེན་ལས་སྐྱེས་པར་འདོད་པ་གོལ་ས་ཡིན་ཏོ། །འདིར་རྒྱུ་ཉིད་འཁྲུལ་པའི་ཞེན་སྣང་ཙམ་ལས་ངོ་བོ་རང་རྒྱུད་མེད་པའི་ཕྱིར་རང་རིག་པ་འདུས་མ་བྱས་པ་ཡིན་པས་རྐྱེན་རྣམས་ཀྱང་དེ་ལྟར་འདུས་མ་བྱས་ཏེ་རང་བྱུང་གི་ཡེ་ཤེས་དངོས་གཞི་རྣམ་པ་འདིའོ་ཞེས་མི་སྣང་བས་འཕོ་བའི་ཆོས་ཀྱང་མེད་དེ་སྐྱེ་ཤི་གཉིས་ཀྱི་རྒྱུད་ལས་རྒལ་ཏོ། །རྡོ་ལ་གསེར་ཞུན་ལས་ཚིག་པའི་ས་བོན་བཞིན་དུ་མེད་ལས་མེད་པ་བཞིན་དུ་རྒྱུ་འབྲས་མེད། དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་རྟོགས་པའི་སེམས་ཉིད་ནི། རྒྱུ་དང་རྐྱེན་དུ་སྣང་སྟེ་དེ་གཉིས་མེད་ཕྱིར་སྐྱེ་དང་འཇིག་པ་མེད་ཞེའོ། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བརྩལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཞེས་པ། སྐྱེ་ཤི་མེད་པ་ནི་འཕྲལ་དུ་མ་བྱས་ཏེ་སྙིང་པོར་ལྷུན་གྱིས་གྲུབ་ཟིན་པ་ལ། རྟོག་གེ་བ་དག་བདེ་བ་ཚོལ་བས་གནས་ཆེན་པོར་མི་ཕྱིན་ཏེ་རང་གི་ལྟ་བས་བསྒྲིབས་སོ། །བརྩལ་སེམས་དང་བྲལ་བའི་སྐབས། །ཞེས་པ། འདིར་སྣ་ཚོགས་ཀྱིའདུ་ཤེས་ངང་གིས་དག་པས་ཏིང་ངེ་འཛིན་གྱི་འདུ་བྱེད་རིལ་དང་བྲལ་བར་སྟོན་པའོ། །ཡོན་ཏན་ཆེན་པོའི་བསམ་གཏན་ནི། །བསམ་གཏན་ཉིད་པས་བསམ་དུ་མེད། །ཞེས་པ། ལྷུན་གྱིས་གྲུབ་པའི་ཡོན་ཏན་ནོ་ཅོག་གི་དངོས་གཞི་ཆེན་པོར་ཡེ་བཞུག་པ་ལ་བསྒོམ་བྱ་དང་བྱེད་པར་རྒྱ་མ་ཆད་པར་འདིར་ཡིད་ལ་བྱེད་ཅིང་ཞེ་ལ་འཛིན་པ་རིལ་དང་བྲལ་བས་བསམ་པ་མེད་པ་ནི་ཡང་དག་པའི་བསམ་པའོ། །དགག་བསྒྲུབ་མེད་པར་འདུ་བྱེད་གང་ཡང་མི་ལྡང་བ་ནི་བརྟན་པའོ། །དོན་དེ་བདག་ཡིན་པས་ནམ་མཁས་ནམ་མཁའ་མི་སྒོམ་པ་ལྟར་རང་གིས་རང་ཉིད་བསམ་དུ་ག་ལ་རུང་སྟེ་རང་བཞིན་ཡོང་གིས་རང་གསལ་བའོ། །འོ་ན་རྟོག་པའི་བྱུང་ཚོར་འདི་ལྟ་བུ་དག་སྐྱེས་ན་ཉམས་པར་མི་འགྱུར་རམ་ཞེ་ན། བྱང་ཆུབ་སེམས་ལས་རྡོ་རྗེ་སྐྱེ་མཆེད་རང་བཞིན་གྱིས་འབྱུང་བར་བསྟན་པའི་ཕྱིར། མ་བསམས་མ་སྦྱངས་ཆོས་བཞིན་དུ། །རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ། །ཞེས་པ། ཤེས་བྱ་ཅིའང་ཡིད་ལ་བྱར་མེད་པས་སྒྲིབ་པ་བསྲབ་པའི་རྩོལ་བ་དང་བྲལ་བ་དེ་ཁོ་ན་ཉིད་ཀྱི་ངོ་བོར་ཡེ་ནས་གནས་པའི་ཕྱིར། རྟོག་པ་ཕྲ་རགས་དང་མཚན་མ་ཆེ་ཆུང་དང་། རྒྱུ་བ་རིང་ཐུང་དང་། ཚོར་བ་གསལ་མི་གསལ་དང་། བྱུང་ཚོར་མྱུར་བུལ་ཅི་སྐྱེས་ཀྱང་། དེ་ཉིད་མེ་དཔུང་ལ་ཤིང་བསྣན་པ་ལྟར་ཡེ་ཤེས་ཀྱི་སྐུལ་མར་རོལ་ཏེ་ཡེ་ཤེས་སུ་རང་ཤར་བའོ། །དགོངས་པ་ཕྲ་བ་དེ་ལས་གོལ་བ་གང་སྙམ་པ་ལ། འཕྲ་བའི་སྒོ་མོར་མིང་བཏགས་ནས། །སེམས་ཀྱི་དབེན་པས་ལམ་ཚོལ་ཞིང་། །བཤད་པའི་དོན་རང་གི་ཏིང་ངེ་འཛིན་གྱིས་བསྒྲིབས་པས་རྨོངས་པའི་ཏོན་མུན་པ་དག །དོན་དམ་པའི་ཆོས་ཉིད་ཤིན་ཏུ་ཟབ་ཅིང་ངོས་གཟུང་དཀའ་བ་ནི། ལེགས་པའི་འབྱུང་ཁུང་དུ་མིང་བཏགས་ནས། དེ་ལ་ཆེད་དུ་བྱས་པའི་བཏང་སྙོམས་ཀྱིས་དམིགས་པས་ཀུན་བརྟགས་ལས་བསམ་པ་རིང་བར་འདོད་པའི་ཏིང་ངེ་འཛིན་གྱིས་དེ་བཞིན་ཉིད་དུ་གཉེར་བ་ནི་གོལ་ཏོ། །ཞིང་ནི་ཚིག་དོན་གྱི་འབྲེལ་པ་སྟེ་གནས་ཕྲ་བའང་གང་ཟག་དེ་ཉིད་ལ་ཡོད་པར་སྟོན་པ་སྟེ་དགོན་པའི་རྒྱུད་དུ་དབེན་འཛིན་ཏེ་བརྟག་ན་རྣམ་པར་རྟོག་འགྱུར་བསྒོམས་ཞེས་པ། ནད་སྐྱོན་ལས་རིང་བར་ལྟ་བའི་བསམ་རྒྱུད་ཀྱི་མདུད་པ་དང་མ་བྲལ་བའི་གང་ཟག་དེ་ནི། ཕྱིའི་ལུས་ཀྱང་རྒྱང་གྲགས་དང་དཔག་ཚད་ལས་རིང་བའི་གནས་ཚོལ་བའི་རྟོད་ཕུར་ངོས་མ་ཟིན་པས་ཤེས་པའི་རྒྱུད་ཕྱི་ནང་གཉིས་པ་ཅི་དབེན་དུ་རྩོལ་པ་དེ་ནི། མཁས་པས་ལྟས་ན་སླར་རྟོག་སྒོམ་སྟེ། དེ་ལ་སོགས་པའི་ཐེག་པ་སོ་སོའི་ཕྲ་བ་གཉིས་ནི་མི་རྟོག་པ་ཆེན་པོ་ལས་ཤིན་ཏུ་རིང་བར་བསྟན་ཏོ། །འདིར་ཡང་རང་རྒྱལ་བའི་གོལ་ས་བསྟན་པའི་ཕྱིར། རྒྱུ་དང་འབྲས་བུར་མི་འདོགས་ཤིང་། །དགེ་སྡིག་གཉིས་ཀ་རྣམ་པར་སེལ། །ཞེས་པ། བྱིས་པ་དག་ཆོས་སོ་ཅོག་ལ་ཕྱི་ནང་ཆའི་རྒྱུ་འབྲས་སུ་བསྙད་ནས། བསམ་གཏན་བཅུ་གཅིག་ལས་གསུམ་གྱི་བག་ཆགས་སྤོང་ཞིང་ཁམས་གསུམ་ལས་ཐར་བར་བྱའོ་ཞེས། ཀུན་ནས་ཉོན་མོངས་པ་ནི་ལུགས་ནས་བཟློག་ཅིང་ཐབས་དེས་ཕྱི་རོལ་མ་གྲུབ་པའི་ཆོས་ཉིད་ལེན་པས་ཡིད་བཞིན་བདེ་བའི་ས་ཐོབ་པར་སྤྲོ་བའི་སེམས་བསྐྱེད་པ་གོལ་སའོ། །དེ་བས་ན། འཇིག་རྟེན་འདི་ལས་འབྱུང་ངོ་ཞེས། །བླང་དོར་བྲོད་པ་མཆོག་ཏུ་བསྐྱེད། །ཞེས་གསུངས་སོ། །ལྷག་པའི་སྒོ་འདི་ཉིད་ནི། མཐོ་རིས་ངན་སོང་དང་དགེ་སྡིག་ལུང་དུ་མ་བསྟན་པ་རིལ་རྒྱལ་བ་ཡང་དག་པའི་མཛད་སྤྱོད་ཉིད་དུ་ཤར་བས། ཁམས་གསུམ་ལས་འབྲས་བུ་གཞན་ནས་མི་ཚོལ་བས་བྱེད་སྤྱོད་གང་ཡང་དགག་ཏུ་མེད་པའི་དགྱེས་པ་ཆེན་པོ་འཆར་ཞིང་ཟིན་ཆགས་མེད་པས་གོལ་སྒྲིབ་དག་གོ །གཉིས་སུ་མེད་པའི་སྐྱོན་དང་བྲལ་བའི་སྐབས། །ཞེས་པ། དབུ་མ་དོན་དམ་པའི་བདེན་པར་གཅིག་པར་ལྟ་བ་དང་འདིར་བྲལ་བར་སྟོན་པའོ། །ཆགས་དང་མ་ཆགས་ཚིག་གི་ལམ། །དབུ་མ་བཞིན་ཏེ་བྲག་ཆ་འདྲ། །ཞེས་པ། དབུ་མ་དག་ནི་ཤེས་བྱ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་། ལམ་སྙིང་རྗེ་ཆེན་པོའི་ཐབས་ཀྱིས་སུ་ལ་ཐག་མི་གཅོད་པ་དང་། ཤེས་རབ་ཀྱི་ལས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་ནི་ཡང་དག་པའི་ཤུལ་དུ་འདོད་པའང་ཡང་དག་པའི་ཀུན་རྫོབ་ཡིན་པས། དོན་དམ་པར་ཐ་སྙད་དེ་དག་མ་སྐྱེ་པར་འདོད་པ་ནི་གོལ་ས་སྟེ། འདིར་ན་དེ་དག་མ་སྐྱེས་པར་སྒྲ་མཐུན་པ་ཙམ་གྱིས་དབུ་མ་དཔེའོ། །དོན་ནི་ཁྱད་པར་ཆེ་སྟེ་འདིའི་མ་སྐྱེས་པ་བདེན་པ་རིས་དང་བྲལ་བ་ནི་ཅིར་ཡང་སྣང་ལ་ངོ་བོ་མི་ཟིན་པས་བྲག་ཆ་ལྟ་བུར་གང་བརྟགས་ཅིང་བསམས་བཏགས་སུ་རང་སྣང་བའོ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་པས། །འགྲོ་བའི་མགོན་པོ་སེམས་དཔས་གསུངས། །ཞེས་པ། དེ་བས་རྒྱུའི་ཐེག་པ་ལ་བདེ་སྡུག་སོ་སོ་བར་སྣང་བ་ཉིད་འདིར་ལྷུན་གྱིས་གྲུབ་པའི་རྒྱུར་དབྱེར་མེད་པས་ཐ་དད་ངོ་བོས་མེད་པར་འཇིགས་སྐྱབས་དམ་པ་ཀུན་ཏུ་བཟང་པོ་ཉིད་ཀྱི་གསུངས་སོ། །སྤྱོད་པ་བླ་ན་མེད་པར་བསྟན་པའི་ཕྱིར། །ཡེ་ཤེས་རང་ལས་བྱུང་བའི་སྐབས། །ཞེས་པ། རང་གི་སེམས་ཉིད་ངང་གིས་མཐའོ་ཅོག་དག་པའི་ཕྱིར་ཀུན་སྦྱོར་གསུམ་ལ་སོགས་པའི་གདུང་རྟོག་རིལ་རང་རིག་པར་རང་གསལ་བས་ཡེ་ཤེས་རག་གཞན་དུ་མ་ལུས་པའི་དོན་སྟོན་པའོ། །སྤྱོད་པ་ལྔའི་དང་པོ་ཀུན་ནས་ཉོན་མོངས་པ་གྲོལ་བའི་ལམ་དུ་བསྟན་པའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཞེས་པ། སྐྱེ་བོའི་དུག་གསུམ་དམན་པ་པས་སྤང་བྱ་ཉིད་མི་མཐུན་པའི་སྒྲས། ཀུན་རྟོག་གསུམ་སྣང་བརྡོ་བ་ཉིད་སྟོང་པ་ཆེན་པོ་དང་རྣམ་པའི་བདག་གཉིས་མེད་པ་དང་ངང་གིས་མཐའ་དང་བྲལ་བས་སྙིང་པོ་བྱང་ཆུབ་ཀུན་ལམ་ཆེན་པོར་རང་སྣང་བས་སྤང་དུ་མེད་པའོ། །སྤྱོད་པ་གསུམ་པ་འདོད་སྤྱོད་ཆོས་ཉིད་ཀྱི་ལོངས་སྤྱོད་དུ་བསྟན་པའི་ཕྱིར། ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ཞེས་པ། ཕྱེད་སྣང་གི་གྲོང་ཁྱེར་པ་ཀུན་སྤྱོད་ཀྱི་ལོངས་སྤྱོད་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་སྣ་ཚོགས་པས་ཚིམ་ཞིང་དགའ་བར་བྱེད་པ་ནི། རང་བཞིན་མེད་པའི་རྣམ་ཤེས་དགུ་པ་མ་བསླད་པ་ཉིད་དེ་དག་ཏུ་རང་ཤར་བས་མ་བསྡུས། ཀུན་བརྒྱན་དངོས་མེད་སྐུར་བཞུགས་པའི་ཕྱིར། ཐམས་ཅད་ཀྱང་མ་འདྲེས་ལ་ཡོངས་སུ་རྫོགས་པས་དུས་གཅིག་བསྟར་ལ་ཟིན་ཆགས་མེད་པས། རྒྱུའི་འདུལ་སྡོམ་གྱིས་འགེགས་པ་དང་། འབྲས་བུའི་དམ་ཚིག་གིས་ཆེད་དུ་ལེན་པའི་གོལ་ས་དག་གོ །སྤྱོད་པ་བཞི་པ་ཆོས་ཉིད་སྣང་བ་ཅིའང་མི་འགོག་པས་ལས་རྫོགས་པ་བསྟན་པའི་ཕྱིར། ནམ་མཁའ་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །མི་ཆགས་ནམ་མཁར་སྔོོ་བ་ལས། །རང་དོན་ཆེན་པོ་ནམ་མཁའ་འབྱུང་། །ཞེས་པ། ལྷག་པའི་རྣལ་འབྱོར་པའི་བློ་བཅོས་པར་ཡང་འཆད་དེ། སེམས་ཉིད་ཀྱི་ནམ་མཁའ་ཉིད་ངང་གིས་རྟོག་འཛིན་མཆེད་པའི་འཕྲོ་བ་མེད་དོ། །འོ་ན་རྒྱུ་བ་འགོག་གོ་ཞེ་ན། མི་འགོག་སྟེ་སྣ་ཚོགས་སུ་རྒྱུ་བའི་རྟོག་པ་ཉིད་ངང་གིས་མ་སྐྱེས་པས་མ་གཡོས་པར་གསལ་བ་མཁའ་ལྟ་བུའོ། །དེས་ན་རྟོག་དཔྱོད་ཅི་ལའང་ཟིན་ཆགས་མེད་པ་ཆོས་ཉིད་དུ་རང་གསལ་བ་ནི་དམིགས་པ་ཆེན་པོ་སྟེ། གདེང་དེའི་གཞི་རང་ཉིད་ལྷུན་གྲུབ་ཏུ་གསལ་བས་བྱ་བ་ཐམས་ཅད་མཐར་ཕྱིན་ཏེ་གྲུབ་ཟིན་པ་ལ་སེམས་ཀྱི་ཆོས་ཉིད་ཀློང་ཡངས་པ་ལས་གཞན་དོན་གཉེར་དུ་མེད་པའོ། །དབྱིངས་རྣམ་པར་དག་པའི་ཐིག་ལེ། །ཞེས་པ། རང་རིག་ལ་ཐམས་ཅད་ཀྱི་གཞི་སངས་རྒྱས་སེམས་ཅན་ཐམས་ཅད་ལ་སོགས་པ་བཏགས་མཐའ་རིལ་གྱིས་མ་རེག་པའི་ངོ་བོ་དྲི་མ་མེད་པར་རིལ་བཟླུམས་པ་ནི། སྐབས་བཞིས་རིམ་པར་ལས་ཀྱི་འཆི་འཕོ་དག་པ་དང་། སྒོམ་སྐྱོན་རྣམས་དང་གཉིས་ལྟ་དག་པ་དང་སྤྱོད་པ་དང་དམ་ཚིག་དང་ལས་ཀྱི་སྐྱོན་སྒྲིབ་རིལ་དག་པར་སྟོན་པས་སྐབས་བསྡུ་བ་མཛད་པའོ། །ཐིག་ལེ་བཞི་པའི་དོན་བསྟན་པའི་ཕྱིར། །གཟུངས་ཀྱི་སྦྱོར་ཐབས་ཀྱི་སྐབས། །ཞེས་པ། ཁམས་གསུམ་པའི་ཆོས་སོ་ཅོག་ཡེ་གཉིས་སུ་མེད་པའི་རྒྱལ་མོ་གཟུངས་དམ་པར་ལྷུན་གྱིས་གྲུབ་པས་རྩོལ་བགྲོད་ལས་འདས་པར་སྟོན་པའོ། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །གཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཞེས་པ། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དངོས་གཞི་བསྟན་པར་དཀའ་ཞིང་ཡུལ་དུ་མེད་ཕྱིར་གཟུང་འཛིན་མེད་པའི་ངང་དུ་མཐོན་དམན་མེད་པ་ནི་ཆོས་ཀྱི་སྐུ་ཆེན་པོ་སྟེ། དེའི་གཞི་ཅིར་སྣང་བཤད་པ་བཞིན་པས་ཆུའི་ཟླ་བ་ལྟར་སྣང་ལ་རང་བཞིན་མེད་པས་ཀུན་ཏུ་བཟང་མོ་ཡང་ཡིན་ནོ། །ཀུན་ཏུ་བཟང་པོའི་རོལ་པ་ཡིས། དེ་བཞིན་ཉིད་ཐམས་ཅད་དུ་རང་སྣང་བས་དབང་ཕྱུག་ཆེན་པོར་ཡེ་གྱུར་པའོ། །དེས་ན་ཀུན་ཏུ་བཟང་པོ་ཡང་ཡིན་ནོ། །བྱེད་པའི་སྒྲ་ནི་གཉིས་སུ་མེད་པ་ཡིན་པར་སྟོན་ཏོ། །ཨ་ལི་ཀ་ལི་ཟབ་ཏུ་བསྟན། །ཞེས་པ། མ་སྐྱེས་པ་དང་ལས་ཀྱི་ཡི་གེ་ནི་བརྡའ་སྟེ་ཀུན་ཏུ་བཟང་པོ་དང་བཟང་མོའོ། །དཔག་དཀའ་བར་འཆད་པ་ནི། འདིར་མིང་ཙམ་ལས་ཨ་ནུ་ཡོ་ག་ལྟར་ཡབ་ཡུམ་འབྱེད་པའི་རྩོལ་བ་མེད་དེ་གདོད་ནས་གཉིས་སུ་མེད་པའི་ཡེ་ཤེས་སུ་བཀའ་སྩལ་པའོ། །འོ་ན་སྟོན་པ་པོ་གཞན་ཞིག་གིས་གསུངས་སོ་བར་དགོས་པ་ལ། དེ་ནི་ཨ་དང་མཛེས་པའི་ཏ། །པ་དང་ཡན་ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཞེས་པ། ཟབ་མོའི་དོན་ལ་སྙེགས་པས་ཉེ་བར་འཆད་པ་ནི། དཔེར་ན་མ་སྐྱེས་པའི་ཡི་གེ་ལས་ལེགས་པར་འབྱུང་བའི་ཡི་གེ་ཏ་ལ་སོགས་པ་དང་། དོན་དམ་པ་མཚོན་པ་པའི་ཡི་གེ་ལ་སོགས་པ་ཕོ་མོ་དང་མ་ནིང་གི་ཡི་གེ་ཐ་དད་དུ་འཕྲོས་པ་ལྟར། ཁམས་གསུམ་པ་ཀུན་གྱི་སྤྱོད་ཡུལ་ཉིད་གསང་སྔགས་ཀྱི་ངོ་བོ་ཉིད་ལས་མཛོད་དམ་གླེགས་བམ་ཆེན་པོ་ཉིད་དུ་ཤར་བས་རག་གཞན་དུ་མ་ལུས་ཏེ་བཏགས་པའི་སངས་རྒྱས་མེད་པའོ། །ཨེ་མའོ་སངས་རྒྱས་སྤྱོད་ཡུལ་འདི། །བརྩལ་བས་རྙེད་པའི་གནས་མེད་དེ། །ཞེས་པ། ཉན་ཐོས་དང་རང་རྒྱལ་བའི་སྤྱོད་ཡུལ་གོལ་ས་མྱ་ངན་ལས་འདས་པའི་གྲོང་ཁྱེར་སྙེག་པ་ནི་འདིར་ཐུགས་རྗེའི་ཡུལ་ཡིན་ཏེ། སྤྱོད་པ་ལོག་པ་ལ་ཡ་མཚན་པ་སྟེ་བཟང་པོས་ལས་ངན་སྤྱད་པ་ལྟ་བུའོ། །དེས་རྒྱལ་བའི་སྤྱོད་ཡུལ་མི་རྙེད་པ་ཅིའི་ཕྱིར་ཞེ་ན། དྲུག་གི་ཆོས་བཞིན་ཡུལ་མེད་པས། །མདོངས་པས་ནམ་མཁའ་བསྙབས་པ་བཞིན། །ཞེས་པ། རྒྱལ་བའི་སྤྱོད་ཡུལ་ཞིག་འགྲོ་དྲུག་གི་ཚོགས་དྲུག་གི་རང་རྒྱུད་པར་སྣང་བ་ལྟར་ལོགས་ན་མེད་པས་བདག་ཉིད་ཆེན་པོའི་ཕྱིར་རྙེད་དཀའ་སྟེ་དོན་དེ་མ་རིག་པས་སངས་རྒྱས་གཞན་ནས་ཚོལ་བ་ནི་ལོང་བ་ནམ་མཁའ་སྙེག་པ་ལྟར་ཚི་ཆད་པའི་ཕྱིར་རོ། །སའི་གོལ་སྒྲིབ་བསྟན་པའི་ཕྱིར། གོང་ནས་གོང་དུ་ཚངས་པའི་ལམ། །བྱ་བྲལ་ཆོས་དང་མཐུན་པ་མིན། །ཞེས་པ། རྒྱུ་འབྲས་ཀྱི་ཐེག་པ་དག་ས་བཅུ་དང་ལམ་ལྔ་སོ་སོའི་གཞུང་གོང་མ་འབྲས་བུ་ལ་འོག་མ་རྒྱུར་བཞག་ནས་སྒྲིབ་པ་རེ་བྱང་ཞིང་ཡེ་ཤེས་རེ་སྐྱེ་བར་འདོད་པ་ནི་བགྲོད་རྩལ་བྲལ་བའི་ཐེག་པ་ལས་གོལ་ཏེ་ཐ་དད་དོ། །དེ་ཅིའི་ཕྱིར་ཞེ་ན། ཅི་སྟེ་ལམ་ལ་བགྲོད་འགྱུར་ན། །ནམ་མཁའི་མཐའ་བཞིན་ཐུག་པ་མེད། །ཞེས་པ། གལ་ཏེ་བདག་ཉིད་ཆེན་པོས་དབུལ་བས་ལམ་རིམ་པར་བཀོད་དེ་ཐབས་སྤོང་ཞིང་ཕྱིན་ཀྱང་མི་འགྱུར་བའི་དོན་གྱིས། ནམ་མཁའི་མཐའ་ཚོལ་བ་ལྟར་རྙེད་ཅིང་མཐར་ཕྱིན་པ་མེད་དེ་བདག་ཉིད་ཆེན་པོའི་རྩ་བ་དོར་བའི་ཕྱིར་རོ། །དེས་ན་འདི་ལ་ནི། ལུས་དང་ངག་གི་བྱ་བརྩལ་མེད། །ཏིང་འཛིན་སེམས་ཀྱི་རིམས་གསལ་མེད། །མ་ནོར་ལམ་གྱི་ས་སྟེགས་མེད། །མཐར་ཕྱིན་གཞན་ནས་འདོད་པ་མེད། །ཞེས་གསུངས་སོ། །ཡོངས་སུ་རྫོགས་པའི་སྐབས་ཞེས་པ། ཐམས་ཅད་ཀྱང་རང་བྱུང་ཡེ་ཤེས་ཉིད་ཡིན་པས་དུས་གསུམ་རྒྱལ་བ་དང་ཁམས་གསུམ་པ་རིལ་པ་དེ་ཉིད་དུ་འདུས་པས་ལམ་ཆེན་པོར་སྟོན་པའོ། །ལོ་རྒྱུས་དོན་དང་རྣ་བརྒྱུད་ལུང་གི་ཐིག་ཕྲན་ཐུན་མོང་དུ་བསྟན་པའི་ཕྱིར། དེ་ལྟར་དེ་བཞིན་དེའི་ཕྱིར། །དེ་ལ་དེ་བསྟན་དེ་ཡང་ཐོབ། །ཞེས་པ། ཐམས་ཅད་བདག་ཉིད་ཆེན་པོ་བགྲོད་དུ་མེད་པར་་པ་ལྟར་བཤད་པ་པོ་དང་ཉན་པའང་དེ་བཞིན་ཉིད་གཅིག་དང་དུ་མ་ལས་གྲོལ་བའི་ངོ་བོར་ཐ་མི་དད་པའི་གཏན་ཚིགས་ཀྱིས། གདུལ་བྱའི་ངོར་འཁོར་སློབ་མ་ལ་མན་ངག་གི་དོན་བསྟན་པས་དོན་གོ་ཞིང་རྙེད་དུ་བཏུབ་སྟེ། རིམ་པར་དགོངས་པ་རིག་པ་རྣ་བར་བརྒྱུད་པའོ། །དེ་ནི་སྙིང་པོ་དེ་བས་ན། །དེ་བས་དེ་བྱུང་ངོ་མཚར་ཆེ། །ཞེས་པ། དོན་ཟབ་མོ་རྙེད་པ་ནི་སྙིང་པོ་བྱང་ཆུབ་མངོན་དུ་བྱས་པ་ཡིན་ཏེ། གཏེར་ཆེན་པོའི་བདེ་ལེགས་ཀྱི་ངོ་མཚར་མ་ནོར་བ་ཡིན་པས། དོན་རང་རིག་མངོན་སུམ་དུ་བྱས་པ་ལས་འབྲས་བུ་རྙེད་པ་དང་ལྟ་བ་ཟབ་མོའང་ལུང་ངེས་པས་ཟིན་པས་ལྟ་བའི་སྲོག་ལུང་ཡིན་ཏེ། སྲོག་དང་ལྡན་པའི་ལྟ་བས་འབྲས་བུ་ཡ་མཚན་ཆེན་པོ་བརྙེས་པའོ། །སྔོན་གྱི་དེ་དང་ད་ལྟར་དེ། །དེ་བཞིན་དེའི་གནས་སུ་ཆེ། །དེ་ལྟར་དེའི་ལམ་འདྲ་བར། །དེ་ནི་དེའི་རང་བཞིན་ནོ། །དེ་དང་འདྲ་བ་ཡོངས་ཀྱི་ལམ། །ཞེས་པ། འདས་པའི་སངས་རྒྱས་དང་། དེ་ལྟར་གྱི་རྒྱལ་བ་རིལ་གྱིས་ལྷག་པའི་དོན་བརྙེས་པས་བཟོད་རྡོ་རྗེ་གདན་ལ་ཡང་སངས་རྒྱས་པ་ལྟར། མ་འོངས་པའི་སངས་རྒྱས་ཀྱི་ལམ་ཆེན་པོའང་ཡིན་ནོ། །དུས་གསུམ་གཤེགས་ཤུལ་བྱང་ཆུབ་སེམས་ཡིན་པ་བཞིན། རྒྱལ་བ་ཇི་ལྟར་མངའ་བརྙེས་པ་ཐམས་ཅད་ཀྱང་འདིས་འཚང་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཉིད་བྱང་ཆུབ་ཆེན་པོའི་ངོ་བོ་ཡིན་པའི་ཕྱིར། ས་པ་དང་རིག་པ་འཛིན་པ་པ་དང་འདྲ་བའི་རྣལ་འབྱོར་སེམས་དང་པོ་སྐྱེས་པ་ཡན་ཆད་ཀུན་གྱི་ལམ་ཡང་འདི་ཡིན་ཏེ། སེམས་སྒོམ་པ་ལས། བདེར་གཤེགས་མ་ལུས་ཡུལ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག་གོ །འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་དོ་ཞེས་གསུངས་ཏེ། ལམ་འདི་མ་རྟོགས་པར་ལམ་གཞན་གྱིས་འཚང་མི་རྒྱ་བས་ལམ་གྱི་མན་ངག་ཀྱང་ཡིན་ནོ། །ཟླ་བ་ལས་བྱུང་རྟེན་དང་བཅས། །ཀུན་གྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་གྲུབ་པ་མེད། །ཞེས་པ། ཡོ་ག་ཕྱི་པ་དག་གདན་ཟླ་བའི་དཀྱིལ་འཁོར་ལས་མངོན་པར་བྱང་ཆུབ་པ་ལ་སོགས་པ་ལྔའི་ལམ་ལ་རྟེན་པས་སྟུག་པོ་བཀོད་པའི་ཚོལ་བ་གོལ་ཏེ། ཐམས་ཅད་ཀྱང་བདེན་པ་གཉིས་བྲལ་ངང་དུ་ཆེ་ཆུང་མེད་པས་གཟའ་གཏད་བྲལ་བར་གནས་བཞིན་དུ། ལམ་ལྔའི་ཕྱོགས་ལྟས་སྒྲིབས་པས་འདི་མི་མཐོང་བའོ། །གཞན་དུ་ནང་པའི་ནམ་མཁའི་བ་བཞོ་བ་ལ་སོགས་པ་རྟེན་ཅན་གྱི་ཐབས་གོལ་སར་ཡང་འཕགས་པའི་ལྟའི་ས་བཤད་དོ། །ཆགས་པ་དང་བྲལ་བའི་སྐབས། ཞེས་པ། རང་བྱུང་ཡེ་ཤེས་ཆེན་པོ་ནི་དམན་པའི་ཡེ་ཤེས་ཀྱི་རོ་ལ་ཆགས་པ་མེད་པར་སྟོན་པའོ། །རང་བྱུང་བའི་ཕྱོགས་ལྟས་བསྒྲུབས་པས་འདི་མི་མཐོང་བའོ། །དབུ་མ་པའི་ཡེ་ཤེས་གོལ་སར་བསྟན་པའི་ཕྱིར། ད་ལྟའི་བདེ་དང་ཕྱི་མའི་བདེ། །མངོན་སུམ་པ་དང་རྒྱབ་ནས་བྱུང་། །ཞེས་པ། འཕྲལ་དུ་མི་རྟོག་པ་སྒོམ་པ་ནི་ཤིན་ཏུ་མི་དམིགས་པ་སྒོམ་པ་བཏང་སྙོམས་ཀྱི་བདེ་བ་རང་རིག་པའི་མངོན་སུམ་དུ་གསལ་བ་ལ་ཆགས་པ་ནི་མི་རྟོག་པའི་ཡེ་ཤེས་མཉམ་བཞག་གི་ཚེ་མཐོང་བའོ། །ཕྱི་ནས་ལངས་པའི་ཚེ་དངོས་པོ་སྒྱུ་མ་མཐོང་བ་ནི་མི་རྟོག་པའི་རྟེན་ལས་སྐྱེམ་པ་སྟེ། དག་པའི་འཇིག་རྟེན་གྱི་ཡེ་ཤེས་སོ། །ལམ་པའི་ཡེ་ཤེས་གཉིས་ཡུལ་གཉིས་ལ་དམིགས་པས་གོལ་ཏོ། །དེ་ཡང་རྣམ་པའི་སྐྱོན་ཡིན་པས། །དེ་ལ་བརྟེན་པར་མི་བྱའོ། །ཞེས་པ། ཡེ་ཤེས་གཉིས་ལྟོས་པ་ཡོད་པས་མཐའི་ལྟ་བའི་སྒྲིབ་པ་ཡིན་པའི་གཏན་ཚིགས་ཀྱིས། ལྷག་པའི་རྣལ་འབྱོར་བ་རྣམས་ཏིང་ངེ་འཛིན་དེ་ལ་བློ་མི་གཞག་པར་གདམས་པའོ། །ཆེ་བ་བསྟན་པའི་ཕྱིར། གདོད་མ་ནས་ཆེ་བ་ཉིད་ཀྱི་སྙིང་པོ་ལ་རང་བཞིན་གྱིས་གནས་པའི་སྐབས། ཞེས་པ། རྫོགས་པ་ཆེན་པོའི་ཐེག་པ་ནི་ཡེ་ནས་ཐེག་པ་གཞན་ལས་སྤགས་པའང་བྱས་པའི་ཆེ་བ་མིན་ཏེ། སྙིང་པོ་བྱང་ཆུབ་ཆེ་བ་ལྔ་དང་གསུམ་དང་གཅིག་གི་ངོ་བོར་ངང་གིས་བཞུགས་པས་འཕགས་པའི་དོན་སྟོན་པའོ། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་བྱུང་། །ཆོས་སྐུས་ཁྱབ་པས་གཅིག་པའི་ཕྱིར། །ཆེ་བས་ཆེན་པོའི་རང་བཞིན་གནས། །ཞེས་པ། གང་རྒྱུ་འབྲས་རྣམ་པར་སྤྱད་ཟིན་པ་དང་། རྒྱུ་རྐྱེན་སྤྱད་ལ་འབྲས་བུ་མ་སྤྱད་པ་དང་། རྒྱུ་རྐྱེན་འཚོགས་ལ་མ་སྤྱད་པའི་ཆོས་རྣམས་ནི་རང་བཞིན་ནོ། །ངང་ནི་དེ་དག་རྟོག་པ་ལ་རིམ་པར་སྣང་དུ་ཟད་ཀྱི་བཤད་པ་ལྟར་རྒྱུ་རྐྱེན་རང་བྱུང་ཡེ་ཤེས་ཡིན་པའི་ཕྱིར་དུས་ཀྱི་ངོ་བོ་རང་རིག་མ་སྐྱེས་པར་གཅིག་པས་སྔ་ཕྱི་དང་བཟང་ངན་གྱི་བྱེ་བྲག་མེད་དེ། དེ་བས་ན་རིམ་པ་མ་འགགས་བྲལ་བའི་སྙིང་པོར་ཡེ་ནས་རང་ཤར་བའོ། །བདག་ཉིད་ཆེན་པོ་ནི་ངོ་བོས་ཐམས་ཅད་བདག་ཡིན་ལ། བདག་ཐམས་ཅད་ཡིན་པས་བདག་གཉིས་བྲལ་བའི་བླ་དྭགས་ངོ་བོ་བདག་ཉིད་ཆེན་པོའོ། །དེ་བླ་མའི་མན་ངག་དང་ཟབ་མོའི་ལུང་གིས་རིམ་སྙིང་པོ་བྱང་ཆུབ་ལྷག་པའི་ཆོས་སྐུས་མ་བསྐྱོད་པར་ཀུན་ལ་བརྡལ། མ་བསྒོས་པར་ཀུན་ལ་ཁྱབ་པས་ཇི་སྙེད་པའི་མཚན་ཉིད་དང་ངོ་བོ་ཀུན་ནས་བཟླུམས་པའི་གཏན་ཚིགས་ཀྱི་བདག་ཉིད་ཆེན་པོ་སྟེ། །རྩོམ་པ་མེད་པ་ནས་ལྔ་དང་གསུམ་གྱིས་བཤད་པ་ལྟར་མངོན་པར་མཐོ་བས་རྗེ་བཙན་དམ་པར་བཞུགས་པ་ནི་གཅིག་གིས་སྤགས་པའང་ཡིན་པའོ། །ཀུན་ཏུ་སྨོན་ལམ་དང་བྲལ་བའི་སྐབས། ཞེས་པ། འདིར་ཐམས་ཅད་ཡང་དག་པའི་སངས་རྒྱས་ཡིན་པའི་ཕྱིར། བཏགས་པའི་སངས་རྒྱས་གཉིས་ལ་རེ་བ་མེད་པར་སྟོན་པའོ། །སྲིད་པ་གསུམ་ན་སྦྱོང་བའང་། མེད་ཙམ་སྒྱུ་མར་སྣང་བ་སྟེ། །ཞེས་པ། ཁམས་གསུམ་གྱི་གནས་ན་སྤྲུལ་པའི་སྐུས་དྲུག་གི་ལས་རྣམས་དག་པར་བྱེད་པའང་། མིང་ལ་གདུལ་བྱས་དངོས་པོར་ཞེན་པ་སྟེ། ལྷག་པའི་སྒྲ་འགོག་པས་གཞི་ནི་བཏགས་པའི་སྤྲུལ་པར་མ་གྲུབ་སྟེ། གདུལ་བྱ་དང་པོ་པའི་བློ་ལ་ཡེ་ཤེས་སྒྱུ་མའི་སྐུར་སྣང་བའོ། །འཁོར་ལོ་སྒྱུར་བའི་གནས་ཆེན་ཡང་། །སྒྱུ་མས་སྦྱོང་བའི་བསྟི་གནས་ཡིན། །ཞེས་པ། རྣམ་པར་སྣང་མཛད་ས་བཅུ་པའི་སེམས་དཔའ་ལ་ཆོས་ཀྱི་འཁོར་ལོ་ཚུལ་གཉིས་ཀྱིས་བསྐོར་བའི་བཞུགས་གནས་ལྟོས་པས་ཆེ་བའི་འོག་མིན་ཀྱང་། བཏགས་པ་ཙམ་སྣང་བའི་ཡེ་ཤེས་སྒྱུ་མའི་སྐུས་ཤེས་བྱ་དག་པར་བྱས་ནས་ངལ་སོས་ཏེ་གཟོད་གསང་སྔགས་ལ་འཇུག་པའོ། །རྣམ་དཔྱོད་དུས་ལ་ལྟོས་པ་རྣམས། །དུས་དེར་འབྱུང་བར་མི་འགྱུར་ཏེ། །ཞེས་པ། དེ་བས་ན་དམན་པའི་ཐེག་པ་བྱང་ཕྱོགས་དང་ཕ་རོལ་ཕྱིན་པ་ལ་འབད་ཅིང་ས་བགྲོད་ནས་སྐལ་པ་གསུམ་གྱི་དུས་ལ་ཐོབ་ཏུ་རེ་བ་དག་གིས་དེ་ཉིད་ཀྱི་ཚེ་ཡང་དག་པའི་སངས་རྒྱས་མི་འཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། མ་བྲལ་སྨོན་པ་སྤྱོད་པས་ན། །སྟོང་པའི་མཚན་ཉིད་གསུངས་པ་བཞིན། །ཞེས་པ། རྒྱུའི་ཐེག་པ་པ་རེ་བ་ཡོད་པས་སྨོན་ལམ་འདེབས་ཤིང་འབད་རྩོལ་བྱེད་པས་སྐལ་བ་དམན་པའི་ཕྱིར་ལྟ་བའང་འཚམ་པར་དོན་དམ་པའི་བདེན་པ་མཚན་ཉིད་གསུམ་དང་ལྡན་པ་མ་སྐྱེས་པ་དེ་བཞིན་ཉིད་དུ་བསྟན་ཏེ་ལྷུན་གྲུབ་ཟུར་ཡང་མ་བརྗོད་པས། སྟོང་པ་ལ་ངོ་བོ་མེད་པ་ལྟར་དེ་དག་ལ་ཡང་དག་པའི་འབྲས་བུ་མེད་པས། འདིར་ལྟ་སྤྱོད་གཉིས་ག་མི་བལྟ་མི་སྤྱད་དོ། །འོ་ན་རྒྱུ་དང་མ་འདྲེས་པའི་བཀའ་ལུང་གང་སྙམ་པ་ལ། ལུང་སྟོན་པའི་སྐབས། ཞེས་པ། ལུང་གི་རྒྱལ་པོ་ཐམས་ཅད་གཅིག་པར་སྟོན་པས་དཀྲི་བའི་ལུང་ལས་ཤིན་ཏུ་འཕགས་པར་འཆད་པའོ། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །ཞེས་པ། འདིར་ཆོས་སོ་ཅོག་ནི་བདེན་པ་གཉིས་མེད་པར་གཅིག་ཀྱང་དངོས་གཞི་ཐམས་ཅད་པའི་ཕྱིར་ཅིག་གི་མཐའ་ཉིད་ལས་ཀྱང་གྲོལ་བས་བསྟན་དཀའ་སྟེ། ཁུ་བྱུག་ལས། སྣ་ཚོགས་རང་བཞིན་མི་གཉིས་ཀྱང་། །ཆ་ཤས་ཉིད་དུ་སྤྲོས་དང་བྲལ། །ཞེས་གསུངས་སོ། །གདེངས་དེ་ལྟ་བུའི་སྐྱེས་བུ་འདི་པར་ངེས་པ་ལ་སྨོན་རེ་དང་དོགས་པའི་སེམས་ཀྱི་འདུ་འཕྲོ་དང་བག་ཚ་བ་མེད་པས་ཁྱུང་ཆེན་ལྡིངས་པ་ལྟར་བཞུགས་པའོ། །ལུང་གི་ངོ་བོ་དང་ངེས་ཚིག་བསྟན་པའི་ཕྱིར། མ་བྱུང་མི་སྐྱེ་སྙིང་པོ་ལ། །སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད། །ཞེས་པ། བྱང་ཆུབ་སེམས་རྒྱུ་རྐྱེན་ལ་རག་མ་ལུས་པས་དངོས་གཞི་གཟུང་དུ་མི་བཏུབ་པ་ཉིད་ཐམས་ཅད་ཀྱི་གཞི་རྩ་དེམས་བཅུད་དུ་གྱུར་པ་ནི་ཡོད་མེད་ལ་སོགས་པའི་ལྟ་ངན་གྱི་ཚིག་གི་ཉེས་པ་བྲལ་བས་མིང་ངེས་པའོ། །ཉན་ཐོས་དང་རང་རྒྱལ་བའི་ལྟ་བ་གོལ་བ་བསལ་བའི་ཕྱིར། ཕྱི་ནང་གཉིས་ག་ཕྱི་ཉིད་ན། །ཟབ་མོ་ཆ་ཤས་རྟོགས་ཡུལ་མེད། །ཞེས་པ། བྱིས་པའི་ཤེས་པ་ཕྱི་ནང་རྟེན་འབྲེལ་གྱིས་ཕྱི་མ་གྲུབ་པའི་ཆོས་ཉིད་ཟབ་མོ་ཡུལ་དུ་བྱེད་པ་དང་། བྱིས་པ་ཅིག་ཤོས་པ་དག་ཅང་གི་ཤེས་པ་ཆ་ཕྲ་མོའི་ངོ་བོ་དང་། ཕྱི་རོལ་རྡུལ་ཕྲན་གྱི་ཆར་འདོད་པ་དག་གོལ་སྒྲིབ་པའོ། །འདིར་ཡུལ་དང་ཤེས་པར་སྣང་བའི་ཡུལ་ཡང་རང་བྱུང་་གི་ཡེ་ཤེས་ཁོ་ན་བས་རྟོགས་པར་བྱའི་ཡུལ་ཟབ་ཅིང་ཕྲ་བ་འདོད་ནས་མེད་པར་བསལ་ཏོ། །ཡེ་ཤེས་འབའ་ཞིག་ན་འཁྲུལ་པ་ཅི་ཡོད་སྙམ་པ་ལ། སྲིད་པ་མིང་ཙམ་ལོག་པའི་སྟོབས། །དེ་བས་ཏིང་འཛིན་མཉམ་དང་བྲལ། །ཞེས་པ། མུན་པའི་ཤེས་པ་དག་ལ་ནི་འདི་དང་ཕྱི་མ་དང་བར་མ་དོར་སྣང་ལ། དེ་དག་ནི་རྒྱལ་པོའི་ཕྲུ་གུ་ལྟར་ངོ་བོ་མ་ནོར་ན་ཡང་ངེས་པའི་ཤེས་རབ་མ་ལྡན་པས་རྟག་ཏུ་མཐོང་བ་མ་ནོར་བ་ཉིད་རྟོག་པའི་ཀློང་འོག་ཏུ་ཆུད་པས་ལས་ཀྱི་མིང་ནོར་ཏེ། སྒྲ་འགོག་པའི་ངོ་བོ་མ་འཁྲུལ་བར་འཆད་པའོ། །དེ་བས་ན་བཏགས་པ་ཙམ་ནོར་བའི་མཐུས། །ལོག་པའི་ཕྱིར་མཉམ་པ་ཉིད་ཀྱི་དགོངས་པ་དང་བྲལ་ཏེ། དངོས་པོ་རང་རྒྱུད་པར་ཞེན་པས། ཡུལ་དང་ཤེས་པར་མཉམ་ཉིད་ངང་ལ་བགོ་བཤའ་བྱས་པས་ཕུར་པ་གཉིས་ཐེབས་པས་ཡུལ་སེམས་རིས་སུ་བཅད་པའི་རྟོག་པ་རང་བཞིན་གྱི་ཆོས་ལྔ་ཕུང་པོ་དང་ཁམས་བཅྭོ་བརྒྱད་ལྟ་བུ་ལ་སོགས་པའི་དངོས་པོ་རང་རྒྱུད་པའི་སྤྱོད་ཡུལ་དུ་ཡོད་པའོ། །དེ་ནི་འཇིག་རྟེན་རང་ཁ་མའི་གོལ་སྒྲིབ་དུ་བཤད་པའི་ཕྱིར། དེ་ལ་ཐ་ཚིགས་ཕྱི་དང་ནང་། །རང་བཞིན་ཕུང་པོ་ཁམས་བཞིན་གནས། །ཞེས་གསུངས་སོ། །དུས་གསུམ་འདི་དང་མི་འབྲལ་བས། ཐ་ཚིགས་ངང་དུ་བཏགས་པ་མེད། །ཞེས་པ། བཤད་པ་ལྟར་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་སེམས་ཉིད་ཐམས་ཅད་དུ་རང་སྣང་བས་ཐམས་ཅད་དུ་རང་སྣང་བས་ཐམས་ཅད་དང་འདུ་འབྲལ་མེད་པའི་ཕྱིར་གཟུང་འཛིན་དུ་རྒྱ་ཆད་པ་དང་བྲལ་བའོ། །ཡེ་ཤེས་ཆེན་པོའི་ཐིག་ལེ་ཞེས་པ། ཆོས་སོ་ཅོག་རང་བྱུང་ཡེ་ཤེས་ངང་དུ་བཟླུམས་པས་དེ་ལས་མི་འགྱུར་བར་ཁྱབ་པའོ། །སྐབས་དང་པོས་ཡེ་ཤེས་དངོས་པོ་ཆོས་འདི་ཉིད་ལས་གཞན་ན་མེད་པར་བཤད། སྐབས་གཉིས་པས་རང་བྱུང་ཡེ་ཤེས་མ་ནོར་བའི་ལམ་དུ་བཤད། གསུམ་པས་ཡེ་ཤེས་ཀྱི་གོལ་ས་བཤད། བཞི་པས་ཡེ་ཤེས་ཀྱི་ཆེ་བ་བཤད། ལྔ་པས་ཡེ་ཤེས་ཀྱི་རེ་དོགས་དང་བྲལ་བར་བཤད། དྲུག་པས་ཐམས་ཅད་ཡེ་ཤེས་འབའ་ཞིག་ངོ་བོར་དྲི་མ་མེད་པར་བཤད་པས་སྐབས་ཀྱི་བསྡུ་བ་སྟེ་ཞོར་ལ་རང་གི་གོལ་སྒྲིབ་བཤད་པའོ། །ཐིག་ལེ་ལྔ་པའི་དོན་བསྟན་པའི་ཕྱིར། མཉམ་པ་ཉིད་ཀྱི་སྐབས། །ཞེས་པ། བླང་དོར་མེད་པའི་བདག་ཉིད་ཆེན་པོ་མཉམ་པ་ཉིད་ཆེད་དུ་བྱེད་པའང་བྲལ་བས་མཉམ་པར་སྟོན་པའོ། །མི་གཡོ་བས་ན་སྐུའི་རྒྱ། །མི་བསྐྱོད་པས་ན་ཡེ་ཤེས་ཏེ། །མི་ལེན་པས་ན་བདག་མེད་ཅིང་། །མི་འདོར་ཚིག་བྲལ་མཉམ་ཉིད་དོ། །ཞེས་པ། སྐུ་གསུང་ཐུགས་ཀྱི་ཐིག་འཕྲན་འཆད་དེ། རིལ་འགྲེ་ལོག་སྤྱི་ཚུགས་གར་འགྲེས་ཀྱང་སྙིང་པོ་བྱང་ཆུབ་ལས་མི་འདའ་བའི་གཟི་བྱིན་དང་ལྷུན་བརྗིད་ཆེན་པོའི་ཕྱིར་མིང་འགྲུབ་ལ། རང་རིག་སྤྱོད་ཡུལ་བྲལ་བས་སྐད་ཅིག་མའི་རྒྱུད་དུ་སྐྱེ་བ་མེད་པར་ཅིར་ཡང་རང་གསལ་ལ་ཐུགས་སོ། །དེས་ན་དང་དུ་བླང་བའི་ཡུལ་མེད་པས་གང་ཟག་གི་བདག་ཀྱང་མེད་པའི་ཡེ་ཤེས་ལས་སྤང་བྱ་ཅིའང་མེད་པས་ཚིག་གིས་ཐོག་ཏུ་མི་བབ་པའི་ངེས་པའི་ལུང་ནི་གསུང་སྟེ་རང་བཞིན་ཀུན་ཏུ་བཟང་པོའོ། །དེ་ཡང་གྲངས་ཀྱི་དབྱེ་བའི་སྐུ་གསུང་ཐུགས་མི་ཟད་པ་ལས་འདས་ཏེ་བཞུགས་པ་ནི། སྐུ་གསུང་ཐུགས་ཀྱི་དཀྱིལ་ཞེས་གསང་བའི་མན་ངག་གོ །དེ་བས་ན་བདེ་འབྱམས་ལས། སྐུ་གསུང་ཐུགས་ཤར་མུ་ཁྱུད་དཀྱིལ་འཁོར་གསུངས་སོ། །གང་དང་གང་གི་གང་དུའང་། །ཀུན་འཁོལ་ཀུན་སྤྱོད་བདག་ལས་བྱུང་། །ཞེས་པ། ཐོབ་བྱའི་དངོས་པོ་དང་། ཐོབ་པ་པོའི་དངོས་པོའི་སྤྱོད་ཡུལ་ཞིག་དུས་དང་གནས་རིས་ཐམས་ཅད་དུ་སོ་སོ་ཐ་དད་དུ་མེད་དེ། རིལ་བདག་ཉིད་ཆེན་པོར་རྫོགས་པས་ཐམས་ཅད་རང་དབང་སྒྱུར་ཞིང་མི་བྱ་བ་ཅིའང་མེད་པའི་ངོ་བོར་རང་རིག་ཤར་བས་དབང་ཡེ་ནས་ཐོབ་ཟིན་པས་སྤྲུལ་པའི་ཐིག་ཕྲན་ཀྱང་བཤད་ལ། སྤྱོད་པ་བླ་ན་མེད་པ་ལྔ་པའང་བཤད་དོ། །འདི་ལ་སྐྱེས་པ་བུད་མེད་ཅེས། །མཉམ་པའི་རྒྱལ་པོས་ཡོང་མ་གསུངས། །ཞེས་པ། སྐབས་འདིར་འདོད་པའི་འཁྲིག་སྤྱོད་ཐམས་ཅད་ཀྱང་བདག་ཉིད་ཆེན་པོའི་སྤྱོད་པར་རང་ཤར་བ་ལ་ཕོ་མོའི་རིས་དང་བ་གར་བསྲུབས་པའི་བདེ་བ་རྟོགས་པ་ལྟ་བུར་ཀུན་ཏུ་བཟང་པོས་མ་གསུངས་པས་རྒྱུད་ལས་ཐབས་ཁྱད་པར་ཆེའོ། །དངོས་གྲུབ་ཆེན་པོ་བདེ་བ་ལ་ཆགས་པ་སྤང་བའི་སྐབས། ཞེས་པ། ཨ་ཏི་ཡོ་ག་དངོས་གྲུབ་ཁྱད་པར་ཅན་གྱི་ངོ་བོ་ཉིད་པས་ལུང་རྒྱུད་ཀྱི་རྟེན་ལས་ལེན་པའི་དངོས་གྲུབ་ལ་ཆགས་པ་མི་བྱེད་པར་སྟོན་པའོ། །འདི་ལ་བརྟུལ་ཤུགས་དྲག་ཤུལ་གྱིས། །ཞེས་པ། ཤིན་ཏུ་རྣལ་འབྱོར་པ་ལ་ལུང་གི་བརྟུལ་ཤུགས་ཉི་ཤུ་རྩ་གསུམ་གྱི་སྤྱོད་པ་བྱས་པས་ཐོབ་བྱའི་གཞི་མི་རྩམ་ཡང་མེད་པའི་ཕྱིར། གནས་སུ་བྱ་བའི་མིང་མེད་དེ། །ཞེས་གསུངས་སོ། །ཨ་དང་པར་ནི་རྣམ་ལྡན་ན། །སྒྱུ་མའི་བདེ་བ་སྐྱེད་པར་འདོད། །ཞེས་པ། འདི་ལ་གདིང་མ་ཆུད་པའི་རྗེས་སུ་རྣལ་འབྱོར་པ་དག་སྙིང་གི་པད་མར་མ་སྐྱེས་པའི་ཡི་གེ་སྒོམ་པས་དོན་དམ་ལ་འོད་ཀྱི་ཏིང་འཛིན་ཚོལ་བ་དང་། ཀུན་ཏུ་བཟང་པོ་དང་བཟང་མོར་བརླབས་པའི་ཐབས་ཤེས་རབ་འཚམ་པའི་ཚེ་རོལ་པའི་ལས་སྒྱུ་མ་ལྟ་བུ་ལས་དགྱེས་པ་ཆེན་པོའི་ཡེ་ཤེས་སྣང་བར་འདོད་པ་གོལ་བའོ། །འོ་ན་འདིར་ཇི་ལྟར་འབྱུང་ཞེ་ན། རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་བལྟས་པ་དེ་ལྟར་སྣང་། །ཞེས་པ། ཆོས་རྣམས་ནི་བཏགས་པ་ཙམ་སྣང་བས་ངོ་བོ་འདིའོ་བར་མི་ཟིན་པ་ནི་འགྱུར་བའི་མ་ངེས་པ་ལྟ་བུ་ལ་ཡིན་ཏེ་དངོས་གཞི་ཐམས་ཅད་པར་བཞུགས་པའི་ཕྱིར། གང་ལྟར་བསམས་པར་གྲུབ། བཏགས་པ་ཐམས་ཅད་དུ་ཆགས། ཇི་ལྟར་བལྟས་པར་རང་སྣང་བ་ལ་རྣམ་པའི་བདེ་བ་སྣང་བའང་རེ་བ་མེད་པས་འཕགས་པའོ། །སྣང་འོས་རྩོལ་བའི་བདེ་བ་ཡང་། །དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིིན། །ཞེས་པ་ལྷུན་གྲུབ་ལ་དམིགས་གཏད་བྱས་པས་འབྲས་བུ་ཐོབ་པར་རེ་བས་འབད་པ་རྩོམ་ཞིང་རོ་ལ་ཆགས་པའི་རྣལ་འབྱོར་ནི་བྱང་ཆུབ་སེམས་བརྩལ་བ་དང་བྲལ་བ་སླར་མཐོང་དུ་མི་སྟེར་བས་མན་ངག་གི་སྒྲིབ་པ་དངོས་སོ། །རྒྱུད་ཀྱི་གོལ་སྒྲིབ་བསྟན་པའི་ཕྱིར། །བྱང་ཆུབ་ཡན་ལག་ཀུན་གྱི་སྒོ། །ཆ་ལུགས་བསྒོམས་པས་ཆུ་ཟླ་བཞིན། །མ་གོས་མ་ཆགས་འབྱུང་འགྱུར་ཡང་། །བསྒོམས་པས་བྱིས་པའི་སྤྱོད་ཡུལ་བཞིན། །ཞེས་པ། རྣལ་འབྱོར་ཆེན་པོའི་ཆོས་ཀྱི་སྐུ་དགྱེས་པ་ཆེན་པོ་ཐོབ་པར་བྱེད་པའི་ཆ་རྐྱེན་དང་པོ་པའི་རྣལ་འབྱོར་རིལ་གྱི་འཇུག་སྒོ་ཞི་བའི་ལྷ་རྣམས་ཆ་ལུགས་ལྔ་རྒྱན་བཅུ་གསུམ་སྐུ་མདོག་གི་ཚུལ་ལྔར་བསྐྱེད་པའི་སྐུ་སྣང་ལ་རང་བཞིན་མེད་པར་བསྒོམས་པས་ཡུན་རིང་མོ་ལས་སུ་རུང་བའི་ཚེ། སྐྱེ་བོ་པའི་ཡུལ་ལ་ཅི་སྤྱད་ཀྱང་ཐ་མལ་པའི་བག་ཆགས་མི་སྒོ་བས་པད་མ་ལྟར་སྣང་ཡང་ཁྱིའུ་ཕྱིན་མ་དམ་པས། ཏིང་ངེ་འཛིན་དེ་ཤེད་མ་བྱེ་བའི་བསམ་པ་ཁོ་ན་བས་འདི་མི་མཐོང་བའོ། །ཁྲོ་བོ་སྒོམ་པའང་གོལ་བའི་ཕྱིར། །དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱིས། །ཁྲོ་བདག་ཆེན་པོའི་ལུས་བཟུང་ནས། །ཡི་གེ་མངོན་དུ་ཕྱུང་བ་ཡང་། །ཞི་བའི་དེ་ཉིད་མཐོང་བ་མིན། །ཞེས་པ། ཁྲོ་བོའི་དཀྱིལ་འཁོར་སྒོམས་པས་ཁྲོ་བོའི་ཆ་ལུགས་གར་དགུ་དང་ལྡན་པ་ཆེ་མཆོག་ཉིད་དུ་གསལ་ལ་མི་གཏོང་བ་དང་འཕྲོ་འདུ་བྱས་པ་གོམས་པའི་ཚེ་ཡི་གེ་དབང་པོའི་མངོན་སུམ་དུ་ཤར་ཀྱང་བཟང་རྟོག་སྣང་བས་དེ་ཁོ་ན་ཉིད་ཟུག་རྔུ་མེད་པ་མི་རྟོགས་ཏེ་དེ་ཉིད་ཀྱིས་གོལ་བའོ། །སྤྱོད་པ་བསྟན་པའི་ཕྱིར། རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་པ། །གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ། །ཞེས་པ། སྤྱོད་པ་བླ་ན་མེད་པ་གཉིས་པ་དང་ལུང་གི་སྲོག་མན་ངག་འཆད་དེ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ལུང་རིལ་ཀྱང་ཕབ་རྩི་འདིས་ཟིན་ཅིང་གནད་ཆུད་ན། སྤྱོད་པ་སྣ་ཚོགས་ཅི་དགར་བ་དགོས་མེད་དུ་སྤྱད་ཀྱང་སྙིང་པོ་བྱང་ཆུབ་ལས་མི་འགྱུར་བར་སྨོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མ་མེད་པའི་དབང་གིས་ན། །བསྟི་གནས་དེ་ལས་འབྱུང་མི་འགྱུར། །ཞེས་པ། གདིང་གིས་ཟིན་པས་ཅི་སྤྱད་ཀྱང་འདུ་ཤེས་ཀྱིས་བཟུང་བ་མེད་པས་ཆུ་སྐྱེས་ལྟ་བུར་མ་ཆགས་གསལ་བའི་དོན་ནི་འགྱུར་བའི་ཡི་གེས་གང་དམན་པའི་ཐེག་པའི་བློ་ལ་སྣང་དུ་མི་རུང་བའོ། །རྩོལ་བ་དང་། བྲལ་བའི་སྐབས། ཞེས་པ། བརྗོད་དུ་མེད་པའི་ལུང་དང་ལྡན་པ་ནི་ཕྲིན་ལས་བདག་གཞན་བྱེད་པ་མེད་པའི་དོན་སྟོན་པའོ། །གླེང་བྲལ་འདི་ལ་གནས་པ་ན། །རྣལ་འབྱོར་དེ་ནི་སྐལ་པ་བཟང་། །ཞེས་པ། སྨྲ་བསམས་ཡུལ་ལས་གྲོལ་བའི་སེམས་ཉིད་བསྟན་དཀའ་བ་བདག་ཉིད་དུ་ཤེས་པའི་བློའི་རྟེན་དེ་ཉིད་ལའང་མི་འཆའ་བ་ནི་སྐྱེས་བུ་མ་ཧཱ་ཨ་ཏི་པ་སྟེ་ཤིན་ཏུ་ཆོས་ཀྱི་སྐལ་པས་རྒྱལ་བར་གྱུར་པའོ། །བདག་དང་གཞནདོན་མི་འབྱེད་པས། །སྒྱུ་མའི་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་པ། ཐམས་ཅད་ལ་མི་འབྱེད་པའི་མན་ངག་འཆད་དེ། ཐམས་ཅད་རང་རིག་པ་ཡིན་པ་དང་རང་རིག་པའང་ཐམས་ཅད་ཡིན་པས་བཤད་པ་ལྟ་བུའི་ཕྱིར་བདག་དང་གདུལ་བྱར་ངང་གིས་དབྱེར་མེད་པའི་ཕྱིར། གདེང་དེ་ཐོབ་པ་ནི་རང་རིག་པ་བྱེ་བྲག་ཐམས་ཅད་དུ་གསལ་བར་རང་སྣང་དུ་བཏུབ་པས། ལྷག་པའི་སྒྱུ་མ་སྟེ། ཐམས་ཅད་གཉིས་སུ་མེད་པར་བྱུངས་ཐེབས་པས། བསྐྲད་པ་མེད་པར་རྒོལ་བ་ཚར་བཅད། བགྲོད་པ་མེད་པར་ཀུན་གྱིས་ཐེག་པའི་ཡ་མཐར་ཕྱིན། རྣམ་རྟོག་གི་དཔུང་རང་བྱུང་ཡེ་ཤེས་ཀྱི་ཀློང་དུ་བཅོམ་པས་ངན་སོང་འཁོར་བ་མིང་ཡང་མེད་པ་མཐར་ཕྱིན་པའོ། །ལྟ་བ་མི་འབྱེད་པ་ལ་སོགས་པ་རིལ་གྱིས་ངོ་བོར་གྲུབ་ཟིན་ཏོ། །ཆོས་ཉིད་ཀུན་ཏུ་མིའགྱུར་བའི་སྐབས། ཞེས་པ། ལྷུན་གྲུབ་གྱི་ཡེ་ཤེས་ཟླ་མེད་ཅིང་མཚོན་པར་དཀའ་བ་དེ་རྒྱུ་རྐྱེན་གཞན་གྱི་དབང་དུ་མི་འགྱུར་བར་སྟོན་པའོ། །ལྷག་མ་མེད་པས་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །ཞེས་པ། ཐམས་ཅད་བསྡུས་པའི་ལུང་དང་། རྫོགས་པ་ཆེན་པོའི་མན་ངག་ཏུ་འཆད་དེ། མི་གནས་ཡེ་ཤེས་ཉིད་དུ་སངས་རྒྱས་སེམས་ཅན་བསྟི་གནས་པ་རིལ་འུབ་ཆུབ་སྟེ་དེ་མ་ཡིན་པ་རྡུལ་ཆའང་མི་རྙེད་པའི་ཕྱིར་ངོ་བོ་ཉིད་རྟག་པའོ། །དོན་དེ་སྒྲོ་སྐུར་མེད་པ་དང་མ་ནོར་བས་གཉིས་གར་མི་འགལ་བའོ། །ནམ་མཁའ་བཞིན་ཏེ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །ཞེས་པ། བྱང་ཆུབ་སེམས་ཀྱི་ངང་ལ་རྐྱེན་དངོས་གྲུབ་ཏུ་གྱུར་པས་ངང་གིས་མི་ལྡོག་པའི་དེ་ཁོ་ན་ཉིད་ནི་ནམ་མཁའ་ལྟར་རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་དང་། མཐའ་དབུས་བྲལ་བ་དང་། བླང་དོར་མེད་པའི་ཀྲྀ་ཡ་པ་ཡེ་ཤེས་སེམས་དཔའ་ལ་དངོས་གྲུབ་རེ་བ་ལྟ་བུ་གོལ་སྒྲིབ་ཀྱི་ནོར་བ་མེད་པའོ། །ལྷུན་གྱིས་གནས་པས་བདེ་ཆེན་ཏེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རང་གི་མཐུའི་རིག་པ་ལས། །ཆོས་ནི་གཞན་ནས་འབྱུང་མི་འགྱུར། །ཞེས་པ། ཀྲྀ་ཡའི་གོལ་ས་ལ་བཟླ་བའང་། ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པར་བསྟན་པས། ནོར་བུ་རིན་པོ་ཆེ་ལྟ་བུར་བཞུགས་པས་སྤངས་ཐོབ་མེད་པའི་དགའ་བ་ཆེན་པོ་འགྲན་གྱི་དོ་མེད་པའི། རང་བྱུང་ཡེ་ཤེས་སུ་རང་ཤར་བའང་རང་རིག་པ་ཉིད་དེ། དེ་རྟོགས་པའི་རྩལ་ཉིད་དངོས་གྲུབ་ཏུ་རང་སྣང་བ་ལས། འབྲས་བུའི་ཆོས་ལྷ་དང་རྒྱུ་རྐྱེན་ལ་རག་མ་ལུས་པའོ། །སླ་ཞིང་དཀའ་ལ་སླ་ཕྱིར་དཀའ། །མངོན་སུམ་མི་གནས་ཀུན་ཏུ་ཁྱབ། །ཞེས་པ། བྱང་ཆུབ་སེམས་ཀྱི་རང་བཞིན་ནི་གཞན་ན་མི་ཚོལ་བས་རྙེད་སླ་ལ། བདག་ཉིད་པས་རྙེད་དཀའ་འོ། །དེ་ཅིའི་ཕྱིར་ཞེ་ན། གཞན་ན་མེད་པ་ཉིད་ཀྱིས་ཡུལ་དུ་མ་གྱུར་པས་དཀའ་བའོ། །དེ་ལྟ་བུ་དེ་དབང་པོ་མངོན་སུམ་དུ་བལྟ་བའི་རྣམ་པ་མེད་པར་ཐམས་ཅད་ཀྱི་ངོ་བོར་བཞུགས་པའོ། །མིང་ཙམ་འདི་ཞེས་བསྟན་པ་ནི། །རྡོ་རྗེ་སེམས་དཔའ་མཚོན་དུ་མེད། །ཞེས་པ། དེ་ལྟར་ནི་ལྷག་པའི་སྒྲ་འགོག་པས་ངོ་བོ་བསྟན་ཏུ་མི་བཏུབ་པ་ལྟ་ཅི་སྨོས་ཀྱི་མིང་ཙམ་དུ་འདི་ལྟ་བུ་ཞིག་ཡོད་དོ་ཞེས་སྟོན་པ་ཉིད་ཀྱང་སྟོན་མི་སྤྱོད་པའོ། །ཨུ་པ་ཡའི་གོལ་ས་བསལ་བའི་ཕྱིར། རྒྱུ་རྐྱེན་ལས་མི་འགྱུར་བའི་སྐབས། །ཞེས་པ། འགྲོ་བ་རིལ་ཡ་མཚན་ཆེན་པོའི་འབྲས་བུར་སངས་རྒྱས་པར་རྒྱུ་རྐྱེན་གཉིས་ལ་རག་མ་ལུས་པར་སྟོན་པའོ། །ངོ་མཚར་རྨད་འབྱུང་རིམ་པ་འདི། །བྱ་བྲལ་ནམ་མཁའ་ཇི་བཞིན་ཏེ། །ཞེས་པ། སྟོན་ཟླ་འབྲིང་པོའི་ཉ་བཞིན་དུ་རིལ་འབྲས་བུའི་ངོ་བོ་འབའ་ཤིག་དུ་སངས་རྒྱས་པའི་ལོངས་སྤྱོད་ཁྱད་པར་ཅན་ལ་དབང་མཛད་པས་འཕྲལ་དུ་རྩོལ་བ་མི་དགོས་པ་ནམ་མཁའ་ལྟ་བུའོ། །ཅིར་ཡང་མི་དམིགས་གཏི་མུག་ལས། །དེ་མ་ཐག་དུ་རང་ལས་བྱུང་། །ཞེས་པ། གཟའ་གཏད་ཅིའང་མེད་པའི་བྱང་ཆུབ་སེམས་ནི་ལྟ་སྤྱོད་དབང་ངམ་ཕྲིན་ལས་འབྱེད་པའང་བླང་དོར་མེད་པར་མཇལ་བའི་རང་རིག་པའི་ཡེ་ཤེས་ཤིན་ཏུ་མྱུར་བ་ཉིད་འབྲས་བུར་ཤར་ཏེ་ནང་རྟོགས་ན་ནང་སངས་རྒྱས་པ་ལ། ཨུ་པ་ཡ་ལྟར་འོག་གི་བྱ་བའི་རྐྱེན་དང་གོང་གི་རྣལ་འབྱོར་གྱི་རྒྱུ་གཉིས་ག་རྟེན་པས་འགྲུབ་པ་ལྟ་བུ་བས་བསལ་ཏོ། །འདི་ནི་ཐམས་ཅད་མཚུངས་པའི་ལམ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་པ། གཏི་མུག་ཆེན་པོའི་དོན་ནི། དེ་བཞིན་གཤེགས་པ་དང་འགྲོ་བ་ཀུན་གྱི་ལམ་ཆེན་པར་གྱུར་པས་མི་འདྲ་བ་མེད་དོ། །དེ་ཅིིའི་ཕྱིར་ཞེ་ན་འགྲོ་བ་རྣམས་གཏི་མུག་ཆེན་པོ་ཉིད་ཡིན་པའི་ཕྱིར་ཚོལ་བའི་འདུ་ཤེས་བྲལ་བའོ། །བུས་པས་འཁྲུལ་པ་བསླང་པའི་ཕྱིར། །སྨན་ཉིད་སྨན་པ་ཚོལ་བ་བཞིན། །ཞེས་པ། རང་རྒྱུད་པ་དང་ལྟོས་པའི་བུས་པ་དག་རང་རང་གི་ལྟ་བ་ནོར་པ་ལ་ཞེན་པས་རྒྱུད་ཡེ་ཤེས་ཆེན་པོ་ལས་ཉམས་པའི་གཏན་ཚིགས་ཀྱིས་རང་རང་གིས་ཅི་ཐོབ་དུ་རྩོམ་པ་ནི་སྨན་གྱི་སྡོང་པོས་སྨན་པ་ཚོལ་བ་དང་འདྲའོ། །འགྲོ་བ་ཡོངས་ལ་སངས་རྒྱས་པར་བསྟན་པའི་སྐབས། །ཞེས་པ། ཁམས་གསུམ་རིལ་འབྲས་བུའི་དངོས་གཞིར་བཞུགས་པས་སངས་རྒྱས་ཉིད་དུ་སྟོན་པའོ། །སའི་མན་ངག་དང་དམ་ཚིག་གི་སྲོག་ལྟ་བ་བསྟན་པའི་ཕྱིར། གོ་བའི་ཡུལ་ན་བདེ་བ་ཆེ། །དེ་ཉིད་རྣམ་དག་འཇིག་རྟེན་ཡིན། །ཞེས་པ། གཟའ་གཏད་དང་བྲལ་བའི་ཤེས་རབ་ཀྱི་དཔྱད་རྙེད་པའི་སྤྱོད་ཡུལ་ན། འཛམ་བུ་གསེར་གླིང་ལྟར་སྡུག་བསྔལ་མིང་ཙམ་ཡང་མི་རྙེད་དེ་སྤྱོད་ཡུལ་ཡོངས་སུ་དག་པས། སྟོང་གསུམ་སངས་རྒྱས་ཀྱི་ས་ལ་ཉམས་པའི་ཆད་པ་ནམ་ཡང་མེད་པའོ། །དེ་ཆད་ས་མ་ཡིན་པའི་ཕྱིར། དེ་ལ་ཕྱོགས་ཀྱི་འོད་འདུས་པས། །ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ། །ཞེས་པ། རྟོགས་ན་འཇིག་རྟེན་དག་པ་ནི་བཤད་པའི་རང་རིག་པ་ལ། ཕྱོགས་བཅུའི་ཆོས་དབྱིབས་ཁ་དོག་མ་འདྲེས་པར་ཡོངས་སུ་རྫོགས་པའི་ཕྱིར། རང་རིག་ཕྱོགས་བཅུར་རང་སྣང་བ་ནི་དག་པའི་འཇིག་རྟེན་ནོ། །དེ་ཐེར་ཟུག་རྟག་པ་མ་ཡིན་པའི་ཕྱིར། མ་ངེས་འཇའ་ཚོན་ཁ་དོག་ལས། རིགས་ཀྱིས་ཁྱད་པར་མེད་པར་སྣང་། །ཞེས་པ ། བྱང་ཆུབ་སེམས་བཤད་པ་བཞིན་པས་ངོ་བོ་མ་ངེས་ཏེ་ཅིར་ཡང་རང་གསལ་བ་འཇའ་ལྟ་བུའི་ཕྱིར་རིགས་ཐམས་ཅད་དུ་རང་སྣང་བའོ། །དེ་བཞིན་གཡོ་དྲུལ་མི་གཡོ་བ། །འབྱུང་བ་ལྔ་པས་གཙོ་ཆེ་ཡིན། །ཞེས་པ། ཐམས་ཅད་དུ་སེམས་ཉིད་རང་སྣང་བ་བཤད་པ་ལྟར་ཡིན་པས་སྣོད་ཀྱི་འཇིག་རྟེན་དང་ས་ཆུ་མེ་རླུང་ནམ་མཁའ་རིལ་གྱི་བདག་ཉིད་པས་རྒྱལ་པོར་གྱུར་པའོ། །ཀུན་ཏུ་བཟང་པོའི་ཐིག་ལེ། ཞེས་པ། ཐམས་ཅད་དུ་ཟིན་ཆགས་རྟོག་དྲུལ་བྲལ་བའི་ངོ་བོར་བཟླུམས་པའང་། སྐབས་དང་པོས་རང་བཞིན་ཀུན་ཏུ་བཟང་པོའི་བདག་ཉིད་དུ་བསྟན། གཉིས་པ་ཏིང་ངེ་འཛིན་ཀུན་ཏུ་བཟང་པོར་བསྟན་པ་དང་སྤྱོད་པ་ཀུན་ཏུ་བཟང་པོར་བསྟན། གསུམ་པས་ཕྲིན་ལས་ཀུན་ཏུ་བཟང་པོར་བསྟན། བཞི་པས་ངོ་བོ་ཉིད་ཀུན་ཏུ་བཟང་པོར་བསྟན། ལྔ་པས་ཐབས་ཀུན་ཏུ་བཟང་པོར་བསྟན། དྲུག་པས་འབྲས་བུ་ཀུན་ཏུ་བཟང་པོར་བསྟན་པས་སྐབས་བསྡུ་བ་མཛད་པའོ། །ཐིག་ལེ་དྲུག་པའི་དོན་བསྟན་པ་གང་སྙམ་པ་ལ། ཚོགས་དབུལ་བའི་སྐབས། ཞེས་པ། འོག་མའི་ཚོགས་ཀྱི་ཡོ་བྱད་འདྲིམ་པ་གོལ་བས་རྩོལ་བ་དང་བྲལ་བ་ཉིད་མཆོད་པའི་དམ་པར་སྟོན་པའོ། །འདས་དང་མ་འོངས་ད་ལྟར་གྱི། ཐ་སྙད་མིང་ལ་མི་གནས་ཏེ། ཞེས་པ། ལྷུན་གྱིས་གྲུབ་པའི་ཆོས་ཉིད་བརྩལ་དུ་མེད་པར་སྟོན་ཏོ། །འདིར་ཚོགས་དབུལ་བའི་མཆོད་སྦྱིན་གྱི་གནས་དུས་གསུམ་གྱི་རྒྱལ་བ་དང་འགྲོ་བ་དང་དབུལ་བའི་དུས་ཀྱི་ངོ་བོ་ལྟ་ཅི་སྨོས་ཀྱི་བཏགས་པ་ཙམ་ལ་ཞེན་པའང་མེད་པའོ། །སྐྱེ་འགག་མེད་པར་རྣམ་བརྟགས་ཤིང་། །དེ་ཉིད་དུས་གསུམ་ཆེན་པོར་སྦྱོར། །ཞེས་པ། ཨ་ཏི་ཡོ་གའི་སྒོ་འདིར་དུས་གསུམ་སྣང་བ་བསལ་བ་ནི་མ་ཡིན་གྱི་བཤད་པ་ལྟར་དུས་གསུམ་ཉིད་བྱང་ཆུབ་སེམས་ཉིད་དུ་རང་སྣང་བའི་ཕྱིར། ཕྱི་མ་ཕྱི་མ་རིམ་པར་བྱུང་རྒྱུའང་མེད་པས། སྔ་མ་སྔ་མ་འཇིགས་པ་དང་བྲལ་བར་རྟོགས་པར་བྱས་ཏེ། དུས་གསུམ་མཉམ་པ་ཉིད་ནི་ལྷག་པའི་དུས་ཡིན་པར་དེར་མཇལ་བས། བྱང་ཆུབ་སེམས་ཀྱི་ཐིག་ཕྲན་ཡང་བཤད་དོ། །མཉམ་པར་རིམ་པར་བཀོད་པ་མེད། །ཞེས་པ། སྤྱོད་པ་བླ་ན་མེད་པ་ལྔ་པའང་འཆད་དེ། ལྷག་པའི་སྐབས་སུ་རང་བྱུང་ཡེ་ཤེས་ལ་བཟང་ངན་མེད་པའི་ཕྱིར་དཀྱིལ་འཁོར་དབུས་མཐའ་འབྱེད་པའི་རྩོལ་བ་དང་བྲལ་བས་དཀྱིལ་འཁོར་གསང་བའི་མན་ངག་ཀྱང་ཡིན་ནོ། །གཅིག་པས་ཕྱོགས་བཅུ་བསྔོ་དང་བྲལ། །ཞེས་པ། འདིར་སངས་རྒྱས་དང་སེམས་ཅན་དུ་དབྱེར་མེད་པའི་ཕྱིར་མཆོད་སྦྱིན་དམིགས་པའི་རྩོལ་བ་དང་བྲལ་བ་ནི་དམིགས་པ་ཆེན་པོའོ། །ཚོགས་ཀྱི་རྒྱན་དང་བཀྲམ་པ་ཡང་། །རང་བཞིན་གནས་པས་འདྲིམ་པ་མེད། །ཞེས་པ། ལྷ་དང་མིའི་ཡོ་བྱད་ལྷབ་ལྷུབ་དང་། སྤྱན་གཟིགས་དང་། འདོད་ཡོན་མཆོད་པ་བཤམས་ཤིང་བཀོད་པས་མི་སྲིད་པར་མཆོད་པ་ལྟ་བུ་རྩོལ་བ་མེད་པར། ཇི་སྙེད་པའི་རྒྱན་དང་ལོངས་སྤྱོད་གྱི་དངོས་གཞིར་ལྷུན་གྱིས་གྲུབ་པས། མཆོད་པ་གནས་སུ་འབུལ་བའི་རྩོལ་བ་དང་བྲལ་བའོ། །ལྷུན་གྱིས་གྲུབ་པས་མི་བསྔོ་ཞིང་། ཞེས་པ། བདག་ཉིད་ཆེན་པོར་འབྲས་བུར་ལྷུན་གྱིས་གྲུབ་ཟིན་པས་ལས་ཅི་སྤྱད་བྱང་ཆུབ་ཆེན་པོར་བསྔོ་བའི་རྩོལ་བ་དང་བྲལ་བའོ། །གདོད་ནས་དག་པས་བདུད་རྩི་ལ། །སྐྱེ་མཆེད་བཅུ་གཉིས་ཁྱད་པར་དུ། །ལྷག་པའི་བསམ་པས་བཟུང་བ་མེད། །ཞེས་པ། བྱང་ཆུབ་སེམས་སྐྱེ་ཤི་རྒྱུད་རྣམ་པར་དག་པའི་ཕབ་རྩིར་གྱུར་ཟིན་པ་ལ། འཕྲལ་དུ་སྐྱེ་མཆེད་བཅུ་གཉིས་ཀྱི་རྟོག་པས། གཞན་ལས་སྤགས་པའི་བདུད་རྩིའི་གྲོལ་ཀ་ཆུ་དྭངས་བ་ལྟ་བུར་བྱིན་གྱི་རློབ་པའི་བསམ་པས་ཞེན་པ་མེད་དེ། བདུད་རྩི་དངོས་འཛིན་གྱི་རྩོལ་བ་དང་བྲལ་བའོ། །ཚོགས་ཀྱི་རྒྱན་རྣམས་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་སྐབས། ཞེས་པ། འདོད་ཡོན་ལྔ་ཉིད་བཤད་པ་ལྟར་མ་བསྡུས་པར་ལྡན་པ་ལས་དང་དངོས་གྲུབ་གཞན་ན་མེད་པར་སྟོན་པའོ། །ཡིད་ཀྱི་བསམས་པ་ཡོན་བདག་སྟེ། ཞེས་པ། ལྷུན་གྱིས་གྲུབ་པས་འདྲིམ་པ་མེད་པའི་དོན་གསལ་ན། ཕུལ་བ་མེད་པར་རྒྱལ་བ་མཉེས་ཤིང་འགྲོ་བ་ཚིམ་པའི་ཕྱིར་རོ། །བལྟས་པས་སྟོབས་ནི་བཀྲམ་པའོ། །ཞེས་པ། ཐམས་ཅད་མཁྱེན་པའི་ལྟ་བ་གསལ་བས། ཕྱོགས་བཅུའི་ཆོས་ཐམས་ཅད་དུ་རང་ཤར་བས་བརྡལ་བའོ། །མཐོང་བར་གྱུར་པས་དངོས་གྲུབ་ལ། །ཞེས་པ། མཚོན་དུ་མེད་པའི་གདེང་སྙེད་པ་ལས་ལྟུང་ལྡོག་མེད་ཅིང་འབྲས་བུ་ཉིད་དུ་གསལ་བའི་ཕྱིར་རོ། །དེ་ནི་མཉམ་བཞག་རྫོགས་པའོ། །ཞེས་པ། ཇི་ལྟ་བར་མཐོང་བའི་དགོངས་པས་ཡུལ་མེད་པར་རང་གསལ་ལ་མ་གཡོས་པ་ནི་འབྲས་བུ་མཐར་ཕྱིན་པས་དེ་ལས་ངོ་བོའི་བོགས་མི་འདོད་དོ། །རྩོལ་བ་བཞི་དང་བྲལ་བས་གྲུབ་པ་ནི་བསྒྲུབ་པའི་ཐིག་ཕྲན་བཤད་པའོ། །ལྷུན་གྱིས་གནས་པའི་སྐབས། །ཞེས་པ། བཞི་ལྷུན་གྱིས་གྲུབ་པར་སྟོན་པའོ། །ཡུད་ཙམ་བཟུང་བས་སྦྱོར་བ་ཡིན། །ཞེས་པ། དངོས་པོའི་དོ་བྱི་ལ་རིང་མོར་ཆགས་པ་དང་འདིར་བྲལ་ཏེ། སྐད་ཅིག་ལ་དེ་ཁོ་ན་ཉིད་མཇལ་བས། འདུ་འབྲལ་མེད་པ་ནི་ཆགས་པ་ཀུན་གྱི་རོ་དུས་ཅིག་ཏུ་བསྟར་བས། སྦྱོར་བ་བྱས་ཟིན་པ་ནི་སྦྱོར་བ་དག་པའི་མན་ངག་གོ །དགའ་བར་གྱུར་པས་དམ་ཚིག་སྟེ། ཞེས་པ། འདིར་རིས་སུ་བསྲུང་བའི་གཟའ་གཏད་ཀྱིས། ཉམས་ལྟུང་གི་ཉོན་མོངས་པ་ངང་གིས་མེད་ཅིང་། དཀའ་ཐུབ་ཀྱི་བསྲུང་མཚམས་བྲལ་བ་ལས་འདའ་ཉམས་མེད་པས། དམ་ཚིག་ཆེན་པོ་སྟེ། དམ་ཚིག་གི་སྒྲིབ་པ་དང་གོལ་སའང་མེད་པའོ། །གཞན་དུ་ན། ཇི་བཞིན་པ་མཐོང་བ་ནི་དགྱེས་པ་ཆེན་པོའི་གཞིར་གྱུར་པས། དམ་ཚིག་ཆེན་པོ་སྟེ། དམ་ཚིག་གི་སྒྲིབ་པ་དང་གོལ་སའང་མེད་པའོ། །གཞན་དུ་ན། ཇི་བཞིན་པ་མཐོང་བ་ནི་དགྱེས་པ་ཆེན་པོའི་གཞིར་གྱུར་པས། དམ་ཚིག་མ་དངོས་ཏེ་ཤེས་རབ་བོ། །ཐབས་ཀྱི་གར་ཐབས་སྤྱོད་པ་ཡིས། །གཉིས་མེད་སྦྱོར་བ་ཕུལ་བ་ཡིན། །ཞེས་པ། བྱང་ཆུབ་ཀྱི་སེམས་ཇི་ལྟར་བསམས་པ་ལྟར་ཐམས་ཅད་དུ་ངོ་བོ་མ་ངེས་པར་རང་སྣང་བས། ཕྱིན་པ་མེད་པར་ཀུན་ལ་བརྡལ་བའི་ཕྱིར། སེམས་ལས་གཞན་པ་མེད་པས། གསང་བའི་མཆོད་པ་ཆེན་པོ་བྱང་ཆུབ་སེམས་སུ་གཅིག་པར་ཕུལ་ཟིན་པས། གསང་བའི་མཆོད་པ་དངོས་འཛིན་གྱི་རྩོལ་མདང་བྲལ་བའོ། །ལས་རྒྱ་མཚོའི་སྐབས། ཞེས་པ། ཤིན་ཏུ་རྣལ་འབྱོར་གྱི་ཕྲིན་ལས་ནི་རྒྱ་མཚོ་ལྟར་ཟབ་ཅིང་མི་གཡོ་བས་ལས་རྫོགས་པར་སྟོན་པའོ། །མི་བཟུང་གཏོང་བས་གཏོར་མ་ཡིན། །ཞེས་པ། ཕྲིན་ལས་ཀྱི་མན་ངག་འཆད་དེ། ལྷག་པའི་རྣལ་འབྱོར་ལ་ནི་ལས་གང་ལའང་ཞེན་འཛིན་མེད་པའི་རིག་པ་ཀུན་ཏུ་བརྡལ་པས་ངེས་ཚིག་འགྲུབ་སྟེ། རྫས་འཐོར་གྱི་རྩོལ་བ་མེད་དེ། །བྱ་བ་མེད་པས་ལས་རྣམས་ཏེ། །ཞེས་པ། འདིར་སྐུས་ལས་བཞི་མེ་ཐབ་ལ་སོགས་པའི་གཟའ་གཏད་རྩོལ་བ་མེད་དེ་སྐྱེ་བོ་པ་དང་། རྒྱལ་བ་པ་དང་བསྟི་གནས་པ་རིལ་གྱི་ལུས་སུ་རང་རིག་རང་ཤར་པས་རྩོལ་བ་མེད་ལ་རྒྱུན་མ་ཆད་པའོ། །མི་རྟོག་ཡེ་ཤེས་བགེགས་བསལ་ནས། །མི་གསུང་མཉམ་བཞག་སྔགས་ཚིག་གོ །ཞེས་པ། སྐུ་མི་གཡོ་བརྗིད་པས་ལས་གྲུབ་པ་ལྟར་ཐུགས་ཞེན་པ་གཉིས་ལས་འདས་པའི་ཡེ་ཤེས་ལ་རྟོག་པའི་བདུད་མི་གནས་པས་དགོངས་པའོ། །དེས་ན་བརྗོད་དུ་མེད་པའི་ངང་མི་གཡོ་བས་བྱིན་རླབས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པས་བཟླས་པའང་བྱས་ཟིན་ཏོ། །བདག་དང་བཅས་པ་གཏོར་མ་འཆིང་བའི་སྐབས། །ཞེས་པ། གང་ཡེ་ཤེས་ལ་བདག་ཏུ་འཛིན་པ་དང་མ་བྲལ་བས་བརྩམས་པའི་མཆོད་ཚོགས་ཀྱིས་མི་གྲོལ་བར་སྟོན་པས་སོ། །བླ་མ་མཆོད་དང་གཏོང་བ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། །མ་ཆགས་མི་གཡོ་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །ཞེས་པ། ཕྲིན་ལས་ཀྱི་གོས་པར་སྟོན་ཏེ། བླ་མ་མེད་པའི་དཀོན་མཆོག་གསུམ་དང་སེམས་ཅན་ལ་མཆོད་སྦྱིན་བྱེད་པ་དང་། དེ་ལྟར་ཟང་ཟིང་གིས་བསོད་ནམས་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། རིམ་གྲོ་དང་། བཀུར་བསྟི་དང་། བསྒོམས་པའི་བསོད་ནམས་ཀྱི་ལས་ཀུན་མི་མཐུན་པའི་སྒྲས་འདིའི་མི་དམིགས་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་མཐུ་མེད་པས་བརྩམས་ཀྱང་སླར་ཆེད་དུ་བྱས་པའི་གཟུང་འཛིན་གྱིས་འཆིང་བའོ། །ལུང་འགྲེལ་པ་མིང་ཙམ་བརྡར་བསྟན་པའི་སྐབས། །ཞེས་པ། མངོན་དུ་ཕྱུང་བའི་ལུང་སྟེ་བྱ་བ་མེད་པའི་དོན་སྟོན་པ་ལ་བྱེད་རྩོལ་སྒྲིབ་པར་ཚིག་གིས་བརྡའ་ཡིས་སྟོན་པའོ། །དེ་བས་དེ་ལུང་དེ་ཉིད་ལ། །དེ་ལ་དེ་བྱས་སྒྲིབ་པར་འགྱུར། །ཞེས་པ། བྱང་ཆུབ་སེམས་ལྷུན་གྱིས་གྲུབ་པས་བརྩལ་དུ་མེད་པར་བཤད་པ་ལྟར་ཡིན་པས་ནི་མངོན་དུ་ཕྱུང་བའི་དགོངས་པ་མ་ནོར་བའི་ལུང་ཡིན་པ་དེ་ཁོ་ན་ལ། བརྩལ་དུ་མེད་པ་ལ་བརྩལ་བའི་ལས་དེ་བྱས་ན་བརྩལ་བ་མེད་པ་མི་མཐོང་བར་འགྱུར་རོ། །དེ་ལྟར་དེ་ལ་དེ་རྟོག་ན། །དེ་ལ་དེ་ཉིད་གྲུབ་པ་མེད། །ཞེས་པ། རྩོལ་བ་སྒྲིབ་པ་བཞིན་དུ་བྱ་མེད་ངང་ལ་དེ་ཉིད་ཡུལ་དུ་འཛིན་ན་འཛིན་པའི་བློ་ལ་དེ་བཞིན་སྣང་དུ་མི་བཏུབ་སྟེ་ཟབ་མོའི་དོན་ནི་མ་རྙེད་པའོ། །ལྷུན་གྱིས་གྲུབ་པའི་ཐིག་ལེ། ཞེས་པ། ལས་དང་འབྲས་བུ་ཐམས་ཅད་གྲུབ་ཟིན་པར་གྱུར་དོན་དུ་དབྱེར་མེད་པ་སྟེ། སྐབས་དང་པོས་ཟིན་པ་དྲུག་བསྟན། །གཉིས་པས་ཟིན་པ་བཞི་བསྟན། གསུམ་པས་ཀྱང་ཟིན་པ་བཞི་བསྟན། །བཞི་པས་ཀྱང་བཞི་བསྟན། ལྔ་པས་གོལ་མཐའ་བསལ་ནས་བྱར་མེད་པར་བསྟན། དྲུག་པས་བྱས་ཟིན་པ་ལ་རྩོལ་བ་ནོར་བར་བསྟན་པས་སྐབས་བསྡུ་བ་མཛད་པའོ། །དེ་སྐད་ཅེས་བཅོམ་ལྡན་འདས་ལུང་ཐམས་ཅད་ཀྱི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔས་གསུངས་པ། མ་ཧཱ་ཨ་ཀ་ཤ་ཀ་རི་ཀ་ཞེས་མཚན་དོན་བསྟན་པའོ། །དོན་གྱི་རྩ་བ་ལུང་སེམས་ཡོངས་ཀྱི་བཅུད། །རྣལ་འབྱོར་རིག་པའི་ཉི་མ་སྣང་བྱེད་པ། །དམ་ཅན་སྤུ་རྒྱུ་ཅན་ལས་མ་གཏོགས་པ། །ཉམ་པ་བཀའ་སླུ་རྣམས་དང་མ་ཕྲད་ཅིག །ནམ་མཁའ་ཆེའི་འགྲེལ་པ་རྫོགས་ས྄ོཧ྅྅྅།། །།

ཀློང་ཡངས་བདེ་འབྱམས་ཀྱི་འགྲེལ་པ།

ཀློང་ཡངས་བདེ་འབྱམས་ཀྱི་འགྲེལ་པ་བཞུགས་སོ།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོའི་ལུགས་ཀྱི་རྗེས་སུ་འགྲོ་བའི་མན་ངག་གི་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ཀློང་ཡངས་པའི་དཀྱིལ་འཁོར་འདི། དོན་རྣམས་གསུམ་གྱིས་བཤད་དེ། རྩ་བའི་དོན་དང་། དགོས་ཆེད་ཀྱི་དོན་དང་། ཚིག་གི་དོན་རྣམ་པར་ཕྱེ་བའོ། །དེ་དག་གི་ལུང་ཁོང་ནས་གདོན་པར་གསུངས་སོ། །དེ་ལ་རྩ་བ་བདེ་འབྱམ་སྡུག་བསྔལ་དབྱིངས་ཕྱུག་པ་ག་ལ། ཞེས་བྱ་བ་ལ་སོགས་པས་རྩ་བའི་དོན་སྟོན་ཏེ། བདེ་བ་ནི་གཞན་ལས་འགྲུབ་སྟེ། གང་སྡུག་བསྔལ་ནི་ཕུང་པོ་ལ་སོགས་པ་ཁོ་ནའོ། །དེ་དག་གིས་འཆིང་བ་དང་། ཞེན་པའི་གདུང་བ་དང་། ཕྱོགས་གཞན་དུ་གདུང་བའི་ཕྱིར་ཏེ། ཐ་སྙད་ལས་རྒྱས་པར་བསྟན་ཏོ། །དེ་དག་རིལ་རྒྱུ་དང་ངོ་བོ་དང་། མཐའ་ཀར་དག་པ་དང་། དེ་ཉིད་བསྙེམས་པས་འདོད་པ་དང་བྲལ་བ་ནི། བདེ་བ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་དུས་ན་ཀློང་གི་དོན་གྱིས་སེལ་མེད་པ་དང་། མང་བ་དང་རྒྱ་དང་བྲལ་བས་མིང་གཉིས་ངེས་པར་འགྲུབ་སྟེ། གང་རིལ་རྫོགས་པ་ཉིད་ཀུན་ཏུ་ཡང་གསལ་བ་ནི་མི་མཐུན་པ་གཉིས་ཏེ། ལྟ་བ་པོ་དག་པ་དང་། མ་དག་པའི་ཕྱིར་རོ། །གཞིའི་དོན་ནི་རྒྱུ་དང་ཡུལ་དང་ཕྱོགས་གཞན་དུ་མི་སྟོན་ཏོ། །དངོས་པོ་གཅིག་པའི་ཕྱིར། བདག་དབྱེར་མེད་ཅེས་གསུངས་སོ། །དབྱེར་མེད་ལྷུན་རྫོགས་ཐིག་ལེ་དབྱིངས་ཉིད་ཆེ། །ཞེས་བྱ་བ། དེ་དག་འབྱེད་པ་ནི་ལྟ་བ་པོའི་དབང་ཙམ་མོ། །དེ་དག་གཅིག་པའི་དོན་ཡང་རྒྱུའི་ངོ་བོ་ཉིད་ཀྱིས་ལུས་ལ་སོགས་པ་ཉིད་རྗེས་སུ་མཐུན་པའི་འབྲས་བུ་རྫོགས་པར་ཡེ་ནས་གནས་པ་ཉིད་དོ། །དེ་ཉིད་བསམ་པ་གཉིས་ཀྱང་གུད་དུ་དཀྲི་མི་ནུས་པས་སྤྲོས་པ་ཐམས་ཅད་ཡོངས་སུ་བཅད་པ་ནི། ཡེ་ཤེས་ཆེན་པོ་ཉིད་ཀྱི་ཕྱིར། །རང་གི་མཚན་ཉིད་ངེས་པར་མི་རྙེད་པས། །དེ་རྟོགས་པའི་རྣལ་འབྱོར་པ་ནི་ཐམས་ཅད་བདག་ཏུ་གྱུར་པའི་ཕྱིར། རྒྱལ་པོ་ལྟ་བུར་གསུངས་པས། རང་བཞིན་ངང་དུ་ཕེབས་པས་བདག་ཉིད་ཆེ། བྱ་བྱེད་རྩོད་པ་མེད་པས་ཐིག་ལེའི་དོན། ཞེས་གསུངས་སོ། །བསྐྱེད་པ་མི་མངའ་ཡེ་ཤེས་རིན་པོ་ཆེ། །ཞེས་བྱ་བ་ནི་ཡང་དག་པའི་དཀྱིལ་འཁོར་གྱི་མཚན་ཉིད་གསལ་བར་བྱ་སྟེ། བདག་ཅག་ནི་ཐ་སྙད་པའི་རྒྱུ་རིལ་ནི་ངེས་པར་སྤོས་ཏེ། དཔེར་ན་རིན་པོ་ཆེ་ནི་འདུ་ཤེས་མེད་པར་རིལ་རེ་བ་སྐོང་ཡང་ཡོངས་སུ་བརྩལ་ན་མི་རྙེད་དེ། འཕེལ་འགྲིབ་མེད་པ་ནི་དོན་མ་གྲུབ་པའོ། །དེ་བཞིན་དུ་ཡེ་ཤེས་ཆེན་པོ་ནི་ངེས་པར་རྗེས་སུ་མཐུན་ཏེ་ཤེས་པར་སླའོ། །དེ་དག་འབྲས་བུ་ཉིད་ཀྱང་དེ་ཉིད་ཀྱི་ངོ་བོའི་ཕྱིར་བཙལ་བས་རིས་སུ་མི་རྙེད་དེ། ལྟ་བ་པོ་ཕྱོགས་གཅིག་གི་དབང་གིས་བདེན་པར་གསུངས་ཀྱི་གལ་ཏེ་རྟག་ན་འཁོར་བ་ཡང་ངེས་པར་བདེན་པས། ཐིག་ལེ་ཆེན་པོ་ལས་ཉམས་ཤེས་བྱའོ། །བྱ་བ་མེད་པས་ལྷུན་རྫོགས་ཐིག་ལེ་ཆེ། །ཞེས་བྱ་བ་ནི། དེ་གཉིས་ག་ཡང་ལྟོས་ནས་མ་གྲུབ་པ་ནི། དངོས་པོ་གསུམ་ཡོངས་སུ་བཅད་དེ། །གཡུང་དྲུང་གི་ལྷུན་ལ་བཞུགས་པས། ཕྲིན་ལས་ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། བྱ་བ་ཐམས་ཅད་སྤངས་པ་ནི་ཐིག་ལེ་ཆེན་པོའོ། །འོ་ན་དེ་དག་ནི་བདག་ཅག་ལས་གུད་དུ་གྱུར་པས་ལམ་དང་བྲལ་ལོ་བར་བདོགས་པ་ལ། ཐམས་ཅད་མ་བཀག་དབྱེར་མེད་བདག་གི་རྒྱུ། །ཞེས་གསུངས་ཏེ། དངོས་པོ་གཉིས་ཀྱིས་བསྡུས་པ་རིལ་བདེན་པ་གཉིས་ཀྱི་གཞུང་གིས་ཀྱང་མ་སྤངས་ན། ངོ་བོ་ཉིད་ལྟ་སྨོས་ཀྱང་ཅི་དགོས་པས་དབྱེར་མེད་ཅེས་བྱའོ། །ལམ་པ་དག་གིས་དགོས་ཆེད་དང་། གཞི་དང་མཐུན་པ་དང་ཐ་སྙད་ཀྱིས་ཐ་སྙད་དཀྲི་བའི་ཕྱིར་ཏེ། དེ་ལ་ཁས་ལེན་པ་ནི་ཡེ་ཤེས་རིན་པོ་ཆེ་སྟེ་བྱང་ཆུབ་པོ། །དེའི་འབྲེལ་པ་ཡང་མཐོང་བར་བྱེ་པ་སྟེ། ས་བོན་ནི་ནམ་ཡང་བཀག་པས་བཤད་ཟིན་ཏོ། །བྱེད་པ་པོ་ཡང་བསྒོམ་པའི་ས་མི་རྙེད་ཕྱིར་བསྒོམ་པ་དེ་དག་རྙེད་པར་མི་འགྱུར་ཏེ། སེམས་ཀྱི་སྤྱོད་ཡུལ་ཤེས་པས་དེ་ལ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། །ཞེས་གསུངས་སོ། །སྒྲ་གཙོར་བྱེད་པའི་མིང་གི་རྣལ་འབྱོར་པ་དག་འདི་དག་ལམ་ཕྱོགས་གཅིག་གི་ཕྱིར། ནམ་ཞིག་དོར་བ་སྟེ་གྲུ་ལྟ་བུའོ། །ཐ་མི་དད་པའི་ཕྱིར་ས་གསེར་ལྟ་བུར་གཞག་གི། འབྱུང་ཁུངས་དག་ཏུ་སྨྲ་བ་ནི། གནས་སྐབས་ཀྱི་རིགས་པ་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། དོན་དམ་ཉིད་དུ་སེམས་པ་ཆེ། །ཞེས་གསུངས་ཏེ། དེ་དག་ཡེ་ཤེས་ཀྱི་དོན་གྱིས་མ་སྐྱེས་པ་དང་ལྷུན་གྱིས་གྲུབ་པའི་ཕྱིར། དོན་དམ་པ་ཡོངས་ཀྱི་ངོ་བོ་ནི། རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཏོ། །མཐའ་ཐམས་ཅད་ལས་འདས་པས། སྤང་བ་དང་བླང་བ་མེད་དོ། །བསྒྲུབ་ཏུ་མེད་པས་ཡེ་ནས་གནས། །ཞེས་བྱ་བ་བདག་ཅག་གི་བསྒྲུབ་བྱ་ནི་ཆོས་ཀྱི་སྐུ་སྟེ། དེ་ཉིད་མཚན་ཉིད་ལོགས་སུ་གྲུབ་པ་མེད་པ་ནི། བཤད་པའི་ཚུལ་རིལ་ལ་སྣུབས་པས་གུད་ན་མེད་པ་ལ་གནས་ཞེས་ཐ་སྙད་དུ་འདོགས་ཏེ། དེ་ཡིན་པའི་སངས་རྒྱས་པའི་ཆེ་བའོ། །བརྩལ་དུ་མེད་པས་མངོན་གསུམ་དབྱིངས། །ཞེས་པ། ཐམས་ཅད་ལ་དེ་ཉིད་སྣུམས་པ་ཡང་མཐའ་དབུས་དང་བྲལ་བ། ངོ་བོ་ཉིད་བཙལ་ན་ཡོངས་སུ་མི་སྙེད་པ་ནི། མཐའ་རྣམས་ཀྱིས་མ་བསྒྲིབས་པར་རང་རིག་པ་ལ་གསལ་ཏེ། ཐམས་ཅད་དུ་བདལ་པ་ནི་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བའོ། །སྨོན་དུ་མེད་པས་རང་ལ་རྫོགས། །ཞེས་བྱ་བ་དེ་ནི། གསལ་བ་ཉིད་ཡེ་ཤེས་ཆེན་པོ་ཡིན་པའི་དོན་གྱིས་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པ་ཀུན་ཏུ་སྣང་བས་སྨོན་ལམ་དང་བྲལ་བ་ནི་མངོན་པའི་སངས་རྒྱས་ཆེ་བའོ། །ཐ་སྙད་མེད་པའི་རྣལ་འབྱོར་བདག །ཅེས་བྱ་བ་དེ་དག་སྤྱོད་པ་དང་ཡུལ་ཡོངས་སུ་བཅད་དེ། རིལ་བདག་ཏུ་གཅིག་པ་ནི་ཤིན་ཏུ་རྣལ་འབྱོར་ཏེ། གང་གིས་མྱོང་བ་ཡང་སྤྱོད་ཡུལ་དང་བྲལ་བས། བདག་ཉིད་ཆེན་པོ་སངས་རྒྱས་པའི་ཆེ་བའོ། །གོ་འཕང་གཅོད་པས་ཆོས་ཀྱི་དབྱིངས། །ཞེས་བྱ་བ་གང་དག་ཐིག་ལེ་ཆེན་པོ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱིས་གྱུར་བ་ནི། སྤྲོས་པས་ཕྱེ་བ་མ་ཡིན་གྱི། སྤྲོས་པ་མེད་པས་ཕྱེ་བས་སངས་རྒྱས་སུ་ངེས་ཚིག་འགྲུབ་སྟེ། ཐ་དད་པ་མེད་དོ། །གང་གིས་དེའི་རྗེས་སུ་ཞུགས་པའང་སངས་རྒྱས་ཀུན་གྱི་གོ་འཕང་དུས་ཅིག་ཆོད་པ་སྟེ། ཐོབ་པར་བྱ་བ་གང་ཡང་མེད་དོ། །དེའི་ངོ་བོ་ཉིད་ནི་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་དང་། དེར་གྱུར་པར་བྱས་པ་གང་ཡང་མེད་པས་ཐམས་ཅད་དུ་སངས་རྒྱས་པ་མེད་པའི་ཆེ་བའོ། །དེ་དག་ནི་རྩ་བའི་དོན་ལྟ་བུའོ། །ལས་རྣམས་སྣ་ཚོགས་ཅིང་སྤྱད་ཀྱང་། །ཞེས་བྱ་བ། གང་སྒོ་གསུམ་གྱི་བྱ་བས་འབྲས་བུ་ཡོངས་སུ་འབྱིན་པ་ནི་ལས་ཏེ། དེ་དག་ངོ་བོ་གསུམ་གྱི་བསྡུས་པ་ནི་རབ་ཏུ་མང་ངོ་། །དེ་དག་བདག་གིས་སྤྱད་པ་ནི་ཉན་ཐོས་ལྟར་ངེས་པ་མ་ཡིན་ནོ། །མི་མཐུན་པར་འདྲེན་པ་ནི་དེ་དག་ལས་སྨད་པ་རྣམས་ཀྱང་འགལ་བ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །དེའི་དོན་བསྟན་པའི་ཕྱིར་ཐིག་ལེ་ཉིད་ལས་སྤང་དུ་མེད། །ཞེས་བྱ་བ་ནི། གཅོད་པ་ཞེས་བྱ་བའི་ནི། བྱ་བ་དང་བཅས་པ་སྟེ། ཤེས་རབ་ཀྱིས་ཆེ་བ་ལྔ་དང་ལྡན་ཞིང་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པ་ནི། ཅི་བྱ་བ་ཡང་འདུ་ཤེས་དང་བྲལ་བའི་ཚུལ་གྱིས་སྤྱོད་པས། དངོས་པོ་གསུམ་པོ་གསུམ་མ་དམིགས་པའི་ཕྱིར། ལས་ཀྱི་ངོ་བོ་གསུམ་དུ་མི་འགྱུར་བ་ནི་བསྒྲུབ་བྱ་ཉེ་བར་མིི་ལེན་པས། ཐིག་ལེ་ཆེན་པོ་ཉིད་ལས་མ་གཡོས་པ་ཞེས་བྱའོ། །དེ་ལྟ་བུ་ལ་ལས་ཉིད་ཀྱང་མ་གྲུབ་ན་སྤོང་བ་དང་། ལེན་པ་ལྟ་ཅི་སྨོས་སོ། །གལ་ཏེ་ན་མང་དུ་མ་བྱས་པ་དག་གིས་སྨད་པ་ཉེ་བར་བསྟན་པ་ནི། ངོ་བོ་ངན་པ་ཉིད་དང་འབྲས་བུ་གསུམ་ཉེ་བར་ལེན་པས། འདི་དག་ནི་སངས་རྒྱས་ཉིད་ཁོ་ནའི་སྤྱོད་ཡུལ་ཏེ། བསྟན་པ་དོན་མེད་དོ་སྙམ་པའི་བདོགས་པ་བསུ་བའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །སྤང་དུ་མེད་པས་བདག་གི་རྒྱུ། །ཞེས་གསུངས་ཏེ། གང་ཆོས་ཉིད་ལ་ཞེན་པ་ཡང་ཁྱིའི་ཡིས་ཁྱིའུ་ཚུལ་དུ་བསྟན་པས་འདོད་པ་མ་ཡིན་ན། གཞན་ལྟ་ཅི་སྨོས་སོ། །དེ་བཞིན་དུ་བར་གཅོད་པ་ལ་འཇུག་པར་མོས་པ་དང་། རིགས་པ་མ་ཡིན་པའི་བྱེ་བྲག་མི་ཤེས་པ་དག་ཀྱང་གོང་མ་བཞིན་པས། ལ་ལ་དག་མངོན་པར་སྨོད་པའི་ཆོས་ཀྱང་ཞེས་བྱའོ། །དེ་དག་ལས་ཀྱི་ཤེས་རབ་ཀྱིས་རྒྱུ་ལས་མ་བྱུང་བ་ལྟ་ཅི་སྨོས། མངོན་པར་བྱས་པ་ཡང་དེའི་ངོ་བོ་ཉིད་བྱང་ཆུབ་སེམས་སུ་རྣམ་པར་དག་པས་རྗེས་སུ་མཐུན་པ་ནི། ངོ་བོ་མ་སྐྱེས་པ་དག་པ་སྟེ་བདག་གིས་མ་བྱས་པའོ། །དེའི་ངོ་བོ་ཉིད་ཇི་བཞིན་དུ་ཤེས་པ་ནི། དེ་དེའོ་སྙམ་པའི་འདུ་ཤེས་དང་བྲལ་བ་སྙམ་པ་ལ་ཡང་། སྤང་བ་རྗེས་སུ་མི་མཐོང་བས། དཔེར་ན་དགྲ་གཉེན་དུ་བྱས་པ་ནི་སྲིད་མཐར་བརྟན་པ་ལྟ་བུ་སྟེ། འབྲས་བུ་ཉིད་ཀྱང་དཔེར་ན་སྔགས་ཀྱིས་ཟིན་པའི་དུག་ནི། བདུད་རྩིར་འགྱུར་པ་ལྟ་བུའོ། །ཞེས་གསུངས་སོ། །གཏི་མུག་གཉིད་པས་བསམ་དུ་མེད། །ཞེས་བྱ་བ་ནི། ལས་ཤེས་རབ་ཀྱིས་དག་པ་ལ་མི་སྤོང་བ་ཞེས་བྱ་བའི་དོན་ཞོར་ལ་སྟོན་ཏེ། འདི་དག་གིས་བྱ་བ་མེད་པ་སྟོན་ཏོ། །བྱང་ཆུབ་ཀྱི་སེམས་ཆེ་བ་ལྔའི་བདག་ཉིད་ནི་ངོ་བོ་མ་གྲུབ་པས་མཐའ་ཐམས་ཅད་སྤངས་པའི་ཕྱིར་བསམ་པར་བྱ་བ་མེད་དོ། །ཐམས་ཅད་དུ་བཅད་པ་ནི། ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་དང་བྲལ། ངང་གིས་མི་གཡོ་རྨུགས་ཤིང་ཏིང་འཛིན་རྒྱལ་པོར་གནས། ཞེས་གསུངས་སོ། །རྣམ་གྲངས་མེད་པས་དབྱིངས་ཉིད་ཀློང་། ཞེས་བྱ་བ་དེ་ཉིད་རིལ་བདག་ཏུ་གྱུར་པས། ཐ་སྙད་དུ་བཏགས་པ་ཐམས་ཅད་ནུས་པ་ནི་ཐམས་ཅད་ཀྱི་གཞི་གྱུར་ཅིང་། སེལ་མེད་པས་ཐམས་ཅད་དབང་གྱུར་ཏེ། བྲལ་བ་མེད་པ་ནི་འདོད་ཆགས་ཆེན་པོའོ། །གཟུགས་རྣམས་མེད་པས་བྱང་ཆུབ་སྐུ། །ཞེས་བྱ་བ་སེམས་ཉིད་ཀུན་ཏུ་བཟང་པོ་སྣང་བ་མེད་པའི་ཀློང་ནི། གཞན་གྱི་སྤྲོས་པ་ཐམས་ཅད་ཀྱང་དེ་བཞིན་ཉིད་སྦྱར་བའི་ལས་མཛད་པས། རང་བཞིན་ཕྱག་རྒྱ་ལས་ཀྱང་འདས་པ་ནི། མཚན་ཉིད་ཐམས་ཅད་མ་གྲུབ་པའི་སྙིང་པོ་བྱང་ཆུབ་ཀྱི་སྐུ་ནི་རང་བཞིན་ཕྲིན་ལས་ཡོངས་སུ་ལྷུན་གྱིས་གྲུབ་པས། ཡེ་ཤེས་ཀྱི་ཧེ་རུ་ཀ་ཆེན་པོ་སྟེ། རྨད་དུ་བྱུང་བའི་འཇིགས་བྱེད་གསང་བའི་ལེའུ་ལས་རྒྱས་པར་གསུངས་སོ། །ཐིག་ལེ་ཡེ་ནས་དམ་ཚིག་པས། །དམ་ཚིག་མིང་དུ་བཏགས་པ་མེད། །ཞེས་བྱ་བ་ནི། ཆེ་བ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་ནི་བདག་གཞན་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་གནས་པ་མེད་པའི་ཚུལ་གྱིས་གནས་པ་དུས་གསུམ་དུ་འགྱུར་བ་མེད་པ་ནི་རང་བཞིན་གྱི་དམ་ཚིག་གོ །དེ་དག་གི་རྗེས་སུ་ཆུད་པ་རྣམས་ཀྱང་རྗེས་སུ་མཐུན་པར་གནས་པའི་དུས་ན་བསྲུང་མཚམས་དང་བྲལ་ཡང་སྒོ་གསུམ་གྱིས་ཉེས་པ་མེད་པར་བསྟན་ཏོ། །འཆི་བ་མེད་པས་བདུད་རྩི་དབྱིངས། །ཞེས་བྱ་བ་ནི་རིལ་བདག་ཉིད་དུ་གྱུར་པ་ནི་བདག་ཉིད་ཆེན་པོ་སྟེ། འཕོ་འགྱུར་བྱ་བའི་ངོ་བོ་མེད་དོ། །དེ་ཉིད་ཕྱིན་པ་དང་མ་གྲུབ་པའི་དོན་གྱིས་འཆི་འཕོ་ཞེས་བྱ་བའི་ཐ་སྙད་ཀ་ནས་དག་པ་ནི་ཡེ་ཤེས་ཀྱི་བདུད་རྩི་འཐུངས་པའི་ཕྱིར། གདོད་བསྟེན་མི་དགོས་སོ། །ཁྱད་པར་ཉིད་པས་ཡེ་ཤེས་ཆེ། །ཞེས་བྱ་བ་ནི། དེ་ལྟར་རང་བྱུང་གི་ཡེ་ཤེས་ཆེན་པོ་ལྷུན་གྱིས་གྲུབ་པའི་ངང་སྙིང་པོ་བྱང་ཆུབ་ཀྱི་སྐུ་ལ་བྱ་བྱེད་ཐམས་ཅད་ཡོངས་ཀྱིས་སྤངས་པའི་ཀློང་ན། གནས་པ་མེད་པའི་ཚུལ་གྱིས་བཞུགས་པའི་དོན་མངོན་དུ་བྱེད་པའི་རྣལ་འབྱོར་པ་ནི་ཡེ་ཤེས་ཆེན་པོའི་ལྷུན་ལ་བཞུགས་པས། ལུས་ལ་སོགས་པའི་བྱ་བ་ཐམས་ཅད་མ་སྤངས་པར་གྱུར་པ་ཀུན་དང་བྲལ་བ་ནི། བདུད་ཀྱི་སྤྱོད་པ་ཡང་མི་སྤོང་ལ། ལམ་ཡོངས་སུ་རྫོགས་པའི་སྤྱོད་པ་ལ་ཡང་མི་གནས་པས་ཐེག་པ་ཆེན་པོ་པ་ཞེས་བྱ་སྟེ། ལུས་མི་ཡང་སེམས་སངས་རྒྱས་པས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའོ། །ཡེ་ཤེས་ཆེན་པོའི་ལྷུན་དེ་གསལ་བར་བསྟན་པའི་ཕྱིར། རི་རབ་རྩེ་ལ་ཉི་མ་སྟོང་ཤར་བས། །ཡེ་ཤེས་ཐུགས་ཀྱི་ཉི་མ་ཅིག་ཤར་དྲོ། །ཞེས་གསུངས་ཏེ། དེ་དག་ནི་ཆོས་མཐུན་པར་ཟད་ཀྱི་ཡུལ་དུ་མ་ཡིན་ནོ། །ལན་ཅིག་འཕོང་ལས་ལྟོས་པའི་མདུང་ནི་རིང་བའི་མཆོག་བཞིན་ནོ། །གྲངས་ནི་ཚད་པོར་བའོ། །སེམས་ཅན་གྱི་ཉོན་མོངས་པ་དང་རྟོག་པ་དག་ལང་བ་དང་ཆེ་བའི་ཚད་མེད་པ་ནི་མཆོག་གོ །དེ་དག་ཉིད་ཡེ་ཤེས་ཆེན་པོའི་ངོ་བོ་ཉིད་དུ་བསྟན་པ་ནི་རྩེ་མོར་གྱུར་པ་སྟེ། དེ་དག་མ་ཤེས་པས་མངོན་པར་འཆོལ་པ་ནི་མུན་པའོ། །བདག་གིས་བདག་མི་དམིགས་མོད་ཀྱི་ཁོ་ན་བཞིན་རིག་པས་ཞེན་པ་ཐམས་ཅད་དང་བྲལ་བ་ནི་ཤར་བ་ཞེས་བྱ་སྟེ། དེ་ཉིད་ཐོག་མའི་རྒྱུན་ཡིན་ཡང་། རྒྱུད་མཐུན་པ་ཉིད་དང་། མཐར་ཀློང་དུ་ཆུད་པས་གཅིག་དང་དུ་མ་ལས་གྲོལ་བ་ནི་ཐ་སྙད་དུ་གཅིག་ཞེས་འདོགས་སོ། །གང་ཞེན་པ་ལོག་པ་ནི་གདུང་བ་ཐམས་ཅད་དང་བྲལ་བར་དྲོ་བ་ཞེས་བྱའོ། །ཤར་བ་ཉིད་ན་ནུབ་པ་མེད། །ཞེས་བྱ་བ་ནི་དེའི་དུས་ན། གཡུང་དྲུང་གི་ལྷུན་ལ་ཕྱིན་པའི་ཕྱིར། དཔེ་རྒྱལ་མཚན་ལྟ་བུར་བསྟན་ཏེ། སྐྱེ་འཇིག་དང་བྲལ་བ་ཞེས་པ་བསྟན་ཏོ། །དེ་ཉིད་ཀྱི་བསྒོམ་པ་བསྟན་པའི་ཕྱིར། བསྒོམ་པ་ཉིད་ན་བསྒོམ་དུ་མེད། །ཞེས་བྱ་བ་ནི། དུ་མ་ཡིད་ལ་བྱེད་ཅིང་། ཞེན་པ་ནི་འཐད་པ་མིན་པས། ལྟ་བའི་རྗེས་སུ་འཇོག་པ་ནི་བསྒོམ་ཞེས་བྱའོ། །འོན་ཀྱང་ཤེས་རབ་བར་མ་ལས་མྱོང་བ་མེད་པ་ཉིད་མྱོང་བ་དང་། མཐོང་པའི་མཆོག་ཏུ་ཐོས་པས་རྗེས་སུ་འཇོག་པའང་དེ་བཞིན་པ་ནི་མེད་དོ་ཞེས་བྱ་བ་ཁོ་ནའོ། །འོན་ཏེ་མཐོང་བ་དང་མྱོང་བ་ནི་ལྟ་བའི་ཕྱི་མོ་དང་འགལ་བས་དེ་གཅད་པའི་ཕྱིར་བསྒོམ་པ་དམིགས་སུ་མེད་པའོ། །ཞེས་པ། བྱ་བ་དང་བྱེད་པ་ནི་བྱང་ཆུབ་ཉིད་ཁོ་ན་ཡིན་ལ། དེ་ནི་མཐའ་དབུས་ཐམས་ཅད་དང་བྲལ་བས་ངོ་བོ་མི་རྙེད་པའི་ཕྱིར། མིག་གིས་མིག་མི་དམིགས་པའི་ཚུལ་དུ་ཤེས་པ་ནི་བསམ་དུ་མེད་པ་ཞེས་བྱ་སྟེ། དམིགས་པ་ཡིད་ལ་ཅི་གསལ་ཡང་། ཤེས་པ་ཡུལ་ལ་འཇུག་འགྱུར་བས། དེ་དག་མ་རབས་ཏིང་ངེ་འཛིན། དེས་ན་དམིགས་མེད་རྒྱལ་བས་གསུངས་ཞེས་འབྱུང་ངོ་། །འོ་ན་དེ་དག་ནི་མ་མྱོང་བས། བདག་གི་ཡུལ་མ་ཡིན་ནོ། །ཞེས་དོགས་པ་བསུ་བར་བྱ་བའི་ཕྱིར། བསྒོམས་པས་གཞན་ནས་ཆོས་མི་རྙེད། །ཅེས་གསུངས་པ་ནི། དམན་པའི་བསྒོམ་པ་སྟེ་མཐའ་རྣམས་ཞིག་ཡིད་ལ་བྱས་པས་འདི་དག་ལས་འདས་སུ་ཟིན་ཡང་། སྙིང་པོ་བྱང་ཆུབ་ནི་ནམ་ཡང་ཐོབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྙིང་པོ་མཐའ་ཐམས་ཅད་ཀྱིས་མ་རེག་པའི་ཕྱིར་ཏེ། དེ་དག་ནི་འོ་མ་འདོད་པས་རྭ་ལ་འཇོ་བ་བཞིན་ནོ། །རྡོ་རྗེ་ཉིད་ཆེན་འབར་བ་ལྟར། །ཞེས་བྱ་བ། གཞན་ནས་ཅེས་འདི་ཉིད་དུ་ཁས་བླངས་པ་ཡང་། ཐམས་ཅད་ཞེས་སུ་འབྲེལ་ཏེ། འདུས་མ་བྱས་པའི་རྡོ་རྗེ་ནི་སྙིང་པོ་བྱང་ཆུབ་སྟེ། ལྷུན་གྱིས་གྲུབ་པའི་ངང་ངོ་དེ་ཉིད་འབྲས་བུ་ཐམས་ཅད་ཀྱིས་གཞག་པ་ཡང་རང་གི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པར་སྦྱར་བ་ལ། མཐའ་རྣམས་བསྲེག་པ་ནི་སྐལ་པའི་མེ་ལྟར་གསུངས་ཏེ། ཕྲིན་ལས་ལྷུན་གྱི་གྲུབ་པར་བཞུགས་ཏེ། གཉིས་སུ་སྣང་བ་རིལ་དག་གོ །ཐམས་ཅད་ཀུན་ཀྱང་དེ་བཞིན་ནོ། །ཞེས་པ་རྗེས་སུ་འཇུག་པ་མང་དུ་བྱས་པ་དག །གོམས་པའི་དབང་གིས་འདུ་ཤེས་དུ་མ་རྐྱེན་གྱིས་སྣང་བ་ཡང་སྐྱོན་མེད་དོ། །དེ་ཡང་ཤེས་རབ་བར་མའི་སྣང་བ་བཞིན་སྒྲུབ་པ་ནི། ངོ་བོ་ཉིད་མི་གཞན་པར་ཤེས་པས་སླར་ལམ་གྱི་མཆོག་དང་འབྲས་བུའི་ཕུལ་དུ་གྱུར་ཏེ། བསྒོམ་པའི་གཞི་མི་རྙེད་པའི་ཕྱིར་བསྒོམས་པས་རྙེད་པར་མི་འགྱུར་ཏེ། སེམས་ཀྱི་སྤྱོད་ཡུལ་ཤེས་པ་སྟེ་དེ་ལ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། རྣམ་བྲལ་གང་ལ་མཆོག་དང་ཐ་མ་མེད་པར་མཆོག་འདི་བསྒོམ་མོ་ཞེས་འབྱུང་ངོ་། །འགྱུར་བ་མེད་པས་བལ་ནག་བཞིན། །འགྱུར་དུ་བཏུབ་པས་བལ་དཀར་བཞིན། །བརྟགས་ན་བལ་ནག་ཉིད་ཀྱི་དབྱིངས། །ཞེས་བྱ་བ། དཔེར་བལ་དཀར་རྐྱེན་ལ་རག་ལས་པ་ནི་སྣ་ཚོགས་ཀྱི་གཞི་མ་ངེས་པ་ཞེས་བྱ་སྟེ། བདག་ཉིད་ནི་ངེས་སོ། །དེ་བཞིན་ཐིག་ལེ་ཆེན་པོ་རིལ་བདག་ཏུ་ལོངས་སྤྱོད་པ་ནི་འཕོ་འཇུག་གི་སྐབས་མེད་ཀྱང་འདུ་ཤེས་ཐ་དད་པ་ཚོན་ལྟ་བུ་ནི་དག་པ་དང་། མ་དག་པ་ཐ་དད་དུ་སྣང་ངོ་། །ཞེས་བྱ་སྟེ་རྗེས་སུ་འཇུག་པ་ཡང་བདེན་མོད་ཀྱི་སྐབས་འདིར་དེ་དག་གི་ངོ་བོ་ཉིད་མ་གྲུབ་པའི་ཕྱིར། ཡེ་ཤེས་ཆེན་པོ་སྣང་བ་མེད་པའི་ཉམས་སྙེད་པ་ནི། མ་གཡོས་པ་ཁོ་ནར་བདེན་ནོ། །ལྷུན་གྱིས་གནས་པས་གོ་འཕང་གཅོད། །ཞེས་བྱ་བ་ནི། གོ་འཕང་གཅོད་པས་ཆོས་ཀྱི་དབྱིངས། །ལས་རྣམས་སྣ་ཚོགས་ཅི་སྤྱོད་ཀྱང་། །ཞེས་གསུངས་ཏེ། སངས་རྒྱས་ཀུན་གྱི་གོ་འཕང་ལ་ཆུད་པ་ཡང་ཆོས་ཀྱི་སྐུ་ལ་སངས་རྒྱས་རིལ་ཡོན་ཏན་དང་བཅས་པར་རྫོགས་པས་གཅིག་དང་དུ་མར་བྲལ་བ་ནི། གཅིག་གིས་ཀུན་ཐོབ་པར་གསུངས་སོ། །གདོད་ནས་དག་པས་པད་མ་བཞིན། །ཞེས་བྱ་བ། ལས་རྣམས་སྣ་ཚོགས་ཅི་སྤྱད་ཀྱང་། །ཐིག་ལེ་ཉིད་ལས་ཡང་དུ་མེད། །ཞེས་གསུངས་ཏེ། དཔེར་ན་པད་མའི་མེ་ཏོག་ནི། རྩ་བའི་ནས་རྫོགས་སོ། །ལས་སྣ་ཚོགས་སྤྱོད་པ་པོའི་འདུ་ཤེས་མེད་པས་དག་གོ་ཞེས་པ། ཡང་ལས་ཀྱི་དངོས་པོ་གསུམ་སེམས་ཉིད་ཀྱི་ངོ་བོ་མ་གྲུབ་པས་རྒྱུ་ནས་དག་པར་འགྱུར་རོ། །འགྱུར་བ་མེད་པས་ཐིག་ལེ་བདེ། །ཅེས་པ། འགྱུར་དུ་མི་བཏུབ་བལ་ནག་བཞིན་འགྱུར་དུ་བཏུབ་པས་བལ་དཀར་བཞིན། །བརྟགས་ན་བལ་ནག་ཉིད་ཀྱི་དབྱིངས། །ཞེས་གསུངས་ཏེ། །འདུ་ཤེས་ཀྱི་དབང་གིས་ཐ་དད་པ་དག་ངོ་བོ་ཉིད་མི་གཡོ་བར་ཤེས་པ་ཡང་། བྱང་ཆུབ་སེམས་བདེ་བ་ཆེན་པོ་ནི་རིལ་བདག་ཉིད་དུ་གྱུར་པས་སྤྲོས་པ་ཐམས་ཅད་ནམ་ཡང་སྣང་མ་མྱོང་མི་མཐུན་པའི་ཟུག་རྔུ་ཀར་དག་པའི་ཕྱིར་རོ། །བྱ་བ་མེད་པས་ཐིག་ལེ་བདེ། །ཞེས་བྱ་བ། བསྐྱེད་པ་མི་མངའ་ཡེ་ཤེས་རིན་པོ་ཆེ། བྱ་བ་མེད་པས་ལྷུན་རྫོགས་ཐིག་ལེ་ཆེ། ཞེས་གསུངས་ཏེ། དཀྱིལ་འཁོར་ལ་སོགས་པ་རྒྱུས་འབྲས་བུ་ཚོལ་བ་བྱང་ཆུབ་ལས་ཐམས་ཅད་མེད་པར་སྟོན། ཐིག་ལེ་ཆེན་པོ་ལ་རྒྱུ་དང་། སེམས་ཅན་དང་ཕྱོགས་གཞན་གྱི་སྤྲོས་པ་ཐམས་ཅད་ཀར་དག་པའི་ཕྱིར་ཏེ། དེ་ཉིད་རྒྱུས་ལས་ཀྱི་ཟུག་རྔུ་ཡེ་ནས་མེད་དོ། །དུས་གསུམ་མེད་པས་ཐིག་ལེ་བདེ། །ཞེས་བྱ་བ། ཐམས་ཅད་མ་བཀག་དབྱེར་མེད་བདག་གི་རྒྱུ། །སྐྱེ་མེད་དབྱིངས་ལས་ཐམས་ཅད་སྐྱེས། །དོན་དམ་ཉིད་དུ་སེམས་པ་ཆེ། །ཞེས་གསུངས་ཏེ། དང་པོ་སྐྱེ་བའི་རྒྱུ་དང་ངོ་བོ་དང་གྲུབ་མཐའ་གསུམ་སེམས་ཉིད་དུ་བསྟན་པ་ཡང་བྱང་ཆུབ་སེམས་འགྱུར་བ་མེད་པ་ནི། གསུམ་གྱི་རྗེས་སུ་འཇུག་པ་དེ་ཡང་མེད་པས། གསུམ་གྱི་སྤྲོས་པ་ཡོངས་སུ་བཅད་པ་ནི་འདུ་ཤེས་གསུམ་གྱིས་བསྒྲུབ་པའི་ཟུག་རྔུ་ཡེ་ནས་མེད་དོ། །བརྩལ་དུ་མེད་པས་ཐིག་ལེ་བདེ། །ཞེས་བྱ་བ། བསྒྲུབ་ཏུ་མེད་པས་ཡེ་ནས་གནས། །སྨོན་དུ་མེད་པས་རང་ལ་རྫོགས། །ཞེས་གསུངས་ཏེ། ཆོས་ཀྱི་སྐུ་གྲུབ་རྩོལ་དང་བྲལ་བ་རིག་པ་ལ་གསལ་བ་ཡང་ཡེ་ཤེས་ནང་ནས་ཤར་བ་ནི། རང་རིག་པ་ཞེས་བྱ་སྟེ། སྤྱོད་པ་དང་ཡུལ་གྱི་སྤྲོས་པ་མེད་པས་ཤེས་བྱེད་ཀྱི་ཟུག་རྔུ་ཀར་དག་པར་བསྟན་ཏོ། །བརྩལ་བར་འདོད་པས་དབྱིངས་མི་བསྐྱོད། །ཞེས་བྱ། སྨོན་དུ་མེད་པས་རང་ལ་རྫོགས། །ཐ་སྙད་མེད་པས་རྣལ་འབྱོར་བདག །ཞེས་གསུངས་ཏེ། ཐ་སྙད་རིལ་འབྲས་བདུད་རྫོགས་པ་བདག་གིས་མངོན་དུ་བྱས་པ་ཡང་ཐ་སྙད་ལ་གཉེན་པོར་བསྒྱུར་ནས། གསལ་བར་འདོད་པ་ནི། དཔེར་ན་ཁྱིའི ས་རྒྱ་མཚོ་དཀྲུག་པ་ལྟ་བུའོ། །དེ་བས་ན་བདེ་བ་ཆེན་པོས་ཀར་དག་པ་ནི་མ་བརྩལ་བར་གསལ་ལོ། །རྒྱ་བ་ཉིད་རབས་མུ་ཁྱུད་བདེ། །ཞེས་བྱ་བ། བསྒོམས་པས་གཞན་ནས་ཆོས་མི་རྙེད། །རྡོ་རྗེ་ཉིད་ཆེན་འབར་བ་ལྟར། །ཐམས་ཅད་ཀུན་ཀྱང་དེ་བཞིན་ནོ། །ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་མཐའ་རྣམས་བྲལ་བས་དམིགས་སུ་མེད་པ་ཁོ་ན་བཞིན་དུ་བྱིན་གྱིས་རླབས་ཀྱི་འཁོར་དེ་རང་སྣང་བ་ནི། ཐ་མི་དད་པ་ཞེས་བྱ་བའི་དོན་ཏོ། །སྣང་བ་ཐམས་ཅད་ཀྱང་མ་དམིགས་པས་སྐྱོན་མེད་པའོ་ཞེས་བྱ་བ་ཡང་། བདེ་བ་ཆེན་པོའི་ཀླུང་ནི་སྣང་བ་གདོད་མ་ནས་མ་སྐྱེས་པས། མི་གཡོ་མི་འགྱུར་བསྙེད་པ་ཀུན་དང་བྲལ་ཞེས་བྱ་སྟེ། དེ་ལྟ་བུའི་ཀླུང་དུ་བྱེད་པའི་ཕྱིར་གསུངས་ཀྱི་དེ་བཞིན་ཉིད་ལ་འདུ་ཤེས་གཉིས་སུ་འདོད་པ་ནི་ཤིན་ཏུ་འགལ་ལོ། །དེ་ན་ཆོས་ཉིད་ཙམ་དུའང་དམིགས་སྐྱོན་ན། རྒྱུ་བ་འཕྲ་རགས་སྨོས་ཅི་སྨོས། །ཞེས་གསུངས་སོ། །ཐིག་ལེ་ཉིད་ལས་ཐིག་ཕྲན་བདེ། །ཞེས་བྱ་བ། ཐིག་ལེ་ཡེ་ནས་དམ་ཚིག་པས། །དམ་ཚིག་མིང་དུ་བརྟགས་པ་མེད། །ཅེས་གསུངས་ཏེ། ཕྱལ་བ་ལ་སོགས་པ་རྗེས་སུ་གནས་པའི་ས་ནི། བྱ་བ་དང་བྲལ་ཞེས་པ་ཡང་། ཐིག་ལེ་ཆེན་པོ་ཉིད་བསྲུང་བའི་བསྒྲུབ་བྱ་ཐམས་ཅད་ལྷུན་གྱིས་གྲུབ་པས་ཟུག་རྔུ་དང་བྲལ་དུ་ཟིན་གྱི། བདག་ཉིད་ཀྱིས་སྒྱུར་བར་འདོད་པ་ནི་རྩོལ་བ་དང་བྲལ་བ་ཞེས་མི་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ །རྩེ་རྒྱལ་རྟོག་ན་གནས་ཆེན་བདེ། །ཞེས་བྱ་བ། གཏི་མུག་ཉིད་པས་བསམ་དུ་མེད། །ཞེས་པ་དང་། བསམ་པ་ཉིད་ན་བསྒོམ་དུ་མེད། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་ཏེ། བསྒོམ་པས་དམིགས་པ་གང་ཡུལ་ཀར་དག་པ་ནི། རྐྱེན་མ་ཚང་བས་དམིགས་པ་ཐམས་ཅད་བྲལ་བ་ཞེས་བྱ་བ་ཡང་གོམས་པའི་འདུ་ཤེས་སྒྲས་མུན་པའི་མཐར་འདུག་པས་ཟུག་རྔུར་འགྱུར་བ་ཡང་ལས་དང་འབྲས་བུ་ལ་སོགགས་པ་ཀུན་ཀྱི་མཆོག་ཏུ་གྱུར་པ་ནི། ཤིན་ཏུ་རྣལ་འབྱོར་ཏེ། དེ་ཉིད་དོན་གྱིས་མི་འགྲུབ་པའི་ཕྱིར་ཐིག་ལེ་ཆེན་པོ་ཡོངས་སུ་ཤེས་པ་ནི་གཟུང་འཛིན་དང་བྲལ་བའི་ཡེ་ཤེས་ལ་གནས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་ཐ་མི་དད་པ་ཞེས་བྱ་སྟེ། འབད་པར་འབྲལ་བར་མ་གསུངས་ཏེ། བསམ་གྱིས་མི་ཁྱབ་མི་ཤེས་པར། །བསམ་དུ་མེད་དང་གང་འཇོག་པ། །བྱས་པ་དེ་ནི་བླུན་པ་སྟེ། །མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར། །བསམ་གྱིས་མི་ཁྱབ་དོན་ཤེས་ནས། །བསམ་མེད་ངང་དུ་གང་འཇོག་པ། །དེ་ནི་ཐམས་ཅད་མཁྱེན་པ་སྟེ། །ཡོན་ཏན་དཔག་ཏུ་མེད་པར་འགྱུར། །ཞེས་གསུངས་སོ། །ཐོག་མེད་ཡོངས་ལ་བྱང་བའི་བ་ག་ལ། །དབྱེར་མེད་ལྷུན་རྫོགས་ཐིག་ལེ་དབྱིངས་ཉིད་ཆེ། །ཞེས་བྱ་བ། བདེ་འབྱམ་སྡུག་བསྔལ་དབྱིངས་ཕྱུག་བ་ག་ལ། །དབྱེར་མེད་ལྷུན་རྫོགས་ཐིག་ལེའི་དབྱིངས་ཉིད་ཆེ། །ཞེ་གསུངས་ཏེ། གང་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པ་ཉིད་འབྲས་བུའི་ཕུལ་དུ་འགྱུར་བ་ཞེས་བྱ་བ་ཡང་། ཤེས་བྱ་སྣ་ཚོགས་ལ་ཐོགས་ཆགས་དང་བྲལ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། དེ་ཉིད་གློ་བུར་བའི་རབ་རིབ་ཡོངས་སུ་དག་པའི་ངོ་བོ་ཉིད་ཁོ་ན་སྟེ། དེ་དག་མུ་མཐའ་བྲལ་བ་ཉིད་རང་གི་རབ་རིབ་ཡོངས་སུ་དག་པས་འདུ་ཤེས་བྲལ་བར་གསུངས་སོ། །དེ་དག་གཡོ་བ་དང་བྲལ་བས་ཐམས་ཅད་ཀྱི་གཞིར་གྱུར་པ་ནི། བ་ག་སྟེ་ཆོས་ཐམས་ཅད་ཀྱི་སྐུའོ། །དེ་དག་སྐུ་དང་ཡེ་ཤེས་ཐ་མི་དད་པར་གསུངས་པའི་ཕྱིར་ཐོགས་པ་མེད་པ་དང་། བ་ག་ཞེས་བྱ་བའི་གཅིག་གི་མིང་གི་དངོས་པོ་དེ་ཁོ་ན་ཉིད་ལ། ཆོས་ཐམས་ཅད་དབྱེར་མེད་པ་ཞེས་བྱ་བ་ནི། བདག་ཉིད་ལ་འབྲས་བུར་རྫོགས་པས་མ་གྲུབ་པར་འདུ་ཤེས་ཅན་ལ་ཡོད་པ་རིལ་ཐ་མི་དད་པའི་ཚུལ་གྱིས་ཤེས་པ་ཡང་བདག་ཉིད་ཀ་ནས་དག་པ་ནི་མི་གཡོ་བ་ཞེས་གསུངས་སོ། །སྐུ་གསུང་ཐུགས་ཀར་མུ་ཁྱུད་དཀྱིལ། །ཞེས་བྱ་བ། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །སྤང་དུ་མེད་པས་བདག་གི་རྒྱུ། །ཞེས་གསུངས་ཏེ། ཀུན་ནས་ཉོན་མོངས་རྩ་བར་གྱུར་པ་དག་སྐུ་ལ་སོགས་པ་ལྷུན་གྱིས་གྲུབ་པ་དེ་དག་ཡེ་ཤེས་ཆེན་པོའི་དོན་གྱིས་སྣང་བ་ནི། གཞན་ལ་སྣང་བའི་གཞིར་གསུངས་པ་ཡང་། ཡེ་ཤེས་ཀྱི་སྣང་བ་ཉིད་ཀྱི་སྐུ་ལ་སོགས་པར་གདོད་ནས་ལྷུན་གྱིས་གྲུབ་པས། སེམས་ཅན་གྱི་མཐུན་པའི་འབྲས་བུར་འབྲེལ་བ་ཡང་སྐུ་ལས་སྐུ་སྣང་བ་ལ་སོགས་པར་དག་ནི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཏེ། དེའི་ཕྱིར་རྒྱུད་ཞེས་ཐ་སྙད་དུ་འདོག་གོ །རྣམ་པར་དག་པས་བྱང་ཆུབ་སྐུ། །ཞེས་བྱ་བ། རྣམ་གྲངས་མེད་པས་དབྱིངས་ཉིད་ཀློང་། །གཟུགས་རྣམས་མེད་པས་བྱང་ཆུབ་སྐུ། །ཞེས་གསུངས་ཏེ། སྤྲོས་པ་དང་བྲལ་བ་ལ་གནས་པ་ཆོས་ཀྱི་སྐུ་ཐོབ་པར་སྟོན་པ་ཡང་གང་ཤེས་རབ་ཀྱིས་སྦྱངས་པ་ལས་ཆུད་པ་ནི། ལས་ལ་རག་ལས་པས་ཡོངས་སུ་སྦྱངས་པ་ཞེས་མི་བྱ། དེ་དག་མིང་དང་གྲངས་ཀྱི་དངོས་པོ་གཉེན་པོའི་ཚུལ་གྱིས་ཀྱང་། ཀ་ནས་མེད་པས་ཐ་མ་དང་བར་དུ་གནས་སུ་མེད་པ་ནི། ངོ་བོ་ཉིད་དང་འདུ་ཤེས་ཙམ་ཡང་དག་པས་དེ་ཉིད་ཡོངས་སུ་གསལ་བ་ནི་བྱང་ཆུབ་པའི་སྐུའོ། །འགྲོ་བའི་ལམ་ཆེན་ནམ་མཁའི་དབྱིངས། །ཞེས་བྱ་བ། ལས་རྣམས་ཐམས་ཅད་ཅི་སྤྱད་ཀྱང་། །ཐིག་ལེ་ཉིད་ལས་སྤང་དུ་མེད། །ཞེས་གསུངས་ཏེ། ལས་ཉིད་འདུ་ཤེས་དང་བྲལ་བས། ངོ་བོ་མེད་པ་ཞེས་བྱ་བ་ཡང་། བྱས་པ་ཐམས་ཅད་ཀར་དག་པ་ནི་མ་སྐྱེས་པའི་ཕྱིར་མ་གཡོས་པས། ཆེན་པོ་སྟེ་དེ་ཉིད་བདེ་བ་ཆེན་པོའི་ཀླུང་ལས། མི་ཉམས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ལས་ཞེས་བྱ་སྟེ། དེའི་ཕྱིར་མ་སྤངས་པར་ཀར་དག་པས། ལས་ནི་རྣམ་དག་དབྱིངས་ཀྱི་ཀློང་། །བདག་ཉིད་འཇུག་བྲལ་ཐིག་ལེ་ཆེ། །ཞེས་བྱའོ། །ཐིག་ལེ་རྩ་བ་ཡེ་ནས་རྡོ་རྗེ་དབྱིངས། །རྡོ་རྗེ་ཉིད་ལ་འདུ་འབྲལ་མེད། །ཞེས་བྱ་བ། འཆི་བ་མེད་པ་བདུད་རྩིའི་དབྱིངས། །ཁྱད་པར་ཉིད་ལས་ཡེ་ཤེས་ཆེ། །ཞེས་གསུངས་ཏེ། གང་རང་བྱུང་གི་ཡེ་ཤེས་སྐྱེ་ཤི་མེད་པའི་འབྲས་བུ་ཉིད་ཐམས་ཅད་ལྷུན་གྱིས་གྲུབ་པར་གསུངས་པ་སྟེ། བྱ་བྱེད་བྲལ་བའི་ཡེ་ཤེས་ཆེན་པོ་ནི། སྐུ་གསུང་ཐུགས་རིལ་ལྷུན་གྱིས་འགྲུབ་པའི་ཀླུང་དུ་རྟོགས་ཆེན་པོར། བཞུགས་པས་བདེན་པ་གཉིས་ཀྱི་ཚུལ་ལས་འདས་པ་བྱིན་གྱིས་རླབས་སུ་མ་གསུངས་སོ། །དེ་བས་ཐིག་ལེ་བདལ་བའི་དབྱིངས། །བདལ་བ་ཉིད་ན་ནུབ་པ་མེད། །ཅེས་བྱ་བ། རི་རབ་རྩེ་ལ་ཉི་མ་སྟོང་ཤར་བས། །ཡེ་ཤེས་ཐུགས་ཀྱི་ཉི་མ་ཅིག་ཤར་དྲོ། །ཅེས་གསུངས་ཏེ། ཡེ་ཤེས་ཆེན་པོ་ལྷུན་གྱིས་གྲུབ་པ་ནི། གཏན་ཚིགས་དེ་ཉིད་ཀྱིས་ཆོས་ཀྱི་སྐུ་ནི་གཟུང་འ ཛིན་ཐམས་ཅད་གང་ཡང་མ་སྤངས་པས་ཁྱབ་པ་ནི་རྒྱ་དང་བྲལ་ལོ། །དེའི་ཕྱིར་མེའི་འོད་ལྟར་དངོས་པ་བདལ་བ་མིན་ཏེ། རིལ་ཡེ་ཤེས་ཆེན་པོ་ཉིད་དུ་གསལ་བ་ནི་དུས་གསུམ་ཡོངས་སུ་མ་ཆད་པས། ཤར་བ་ཉིད་མི་དམིགས་ན་ནུབ་པ་ལྟ་ཅི་སྨོས་ཏེ། ཐ་སྙད་ཀ་ནས་དག་པར་གསུངས་སོ། །ཐམས་ཅད་ཀྱི་སེམས་ཀློང་ཡངས་པའི་དཀྱིལ་འཁོར་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་སངས་རྒྱས་པ་སེལ་མེད་པའི་ཡེ་ཤེས་ཆེན་པོ་ཉིད་ཐམས་ཅད་དུ་སྣང་བར་གསུངས་སོ། །བདེ་འབྱམས་འགྲེལ། རྫོགས་སོ།། །།

བྱང་ཆུབ་ཀྱི་སེམས་སྒོམ་པ་དོན་དྲུག་པའི་འགྲེལ་བ་རིན་པོ་ཆེའི་སྒྲོན་མེ།

བྱང་ཆུབ་ཀྱི་སེམས་སྒོམ་པ་དོན་དྲུག་པའི་འགྲེལ་བ་རིན་པོ་ཆེའི་སྒྲོན་མེ་ཞེསབྱ་བ་བཞུགས། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐམས་ཅད་སེམས་ཕྱིར་མཐའ་རྣམས་ངང་གིས་སྟོང་། །དེ་དངོས་རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ། །ཀྱིས་ཀྱང་མ་སྒྲིབས་ཀུན་ཏུ་ཅིར་ཡང་སྣང་། །རྒྱུ་རྐྱེན་མ་བྱས་མི་ཕྱེད་སྐྱེ་འཇིག་བྲལ། །གདོད་ནས་ཅིར་སྣང་ཉིད་ལས་གཞན་མི་དམིགས། །བྱང་སེམས་རྡོ་རྗེ་ཀུན་བཟང་ཕྱག་འཚལ་འདུད། །དེ་ལྟར་སྟོན་པ་གཉིས་མཆོད་ནས། །དུས་གསུམ་གཏེར་གྱི་ལུང་འདི་ལ། །ཡུན་རྩོལ་ལྟ་བས་བསྒྲིབས་པ་ཡི། །རྨོངས་པའི་དོན་ཕྱིར་མདོ་ཙམ་དབྱེ། །དེ་མན་ངག་གི་ལུང་རྣམས་འཆད་པའི་སྤྱི་ལུགས་ཀྱིས། དོན་རྣམ་པ་ལྔར་འཆད་དེ། ལོ་རྒྱུས་ཀྱི་དོན་དང་། རྩ་བའི་དོན་དང་། ཡོ་གའི་དོན་དང་། དགོས་ཆེད་ཀྱི་དོན་དང་། ཚིག་གི་དོན་དང་ལྔའོ། །དེ་ལ་ལོ་རྒྱུས་ཀྱི་དོན་ལ་གསུམ་སྟེ། དེ་ལ་བྱིན་གྱིས་རླབས་ཀྱི་བཤད་པ་ནི། སྟོན་པ་དང་། གནས་དང་། འཁོར་དང་། སྡུད་པར་ལྡན་པའི་དུས་སུ། ཀུན་ཏུ་བཟང་པོའི་དགོངས་པ་མངོན་དུ་མཛད་པའི་རིག་པའི་གསུང་གི་བྱིན་གྱིས་རླབས་ཀྱིས། རྡོ་རྗེ་སེམས་དཔས་རྟོག་པར་གྱུར་པའོ། །རང་གི་ངོ་བོས་བཤད་པ་ནི། དགོངས་པ་དེ་ཡང་གཞན་མ་ཡིན། རྡོ་རྗེ་སེམས་དཔའ་ཉིད་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་རང་གི་ང་ོབོ་ཉིད་བྱང་ཆུབ་སེམས་ཉིད་དུ་གསལ་བ་ངེས་པའི་ལུང་ཆེན་ཇི་ལྟར་གནས་པ་དེ་ཉིད་སྒྲོ་སྐུར་མེདཔར་སྣང་བར་བྱས་པའོ། །ཚིག་སྡེབས་སྦྱོར་ལེགས་པར་བཤད་པ་ནི། དེ་ཡང་འོད་གསལ་ཕྱོགས་ཙམ་མ་ཡིན་གྱི། ཚེག་བར་དགུ་པར་ཚིགས་སུ་བཅད་ནས། ལྟ་སྤྱོད་སྒོམ་པ་འབྲས་བུ་སོ་སོར་མ་འདྲེས་པར་ཚིག་ཉུང་ལ་དོན་འདུས་པར་ཕྱེ་ནས་བསྟན་ཏོ། །སྐལ་པ་དང་ལྡན་པའི་དགའ་རབ་རྡོ་རྗེ་ལ་སོགས་པ་ལ་གདམས་ཏེ། གདུང་རབས་རིམ་པ་བར་མ་ཆད་པར་བརྒྱུད་པ་ནི། ལོ་རྒྱུས་ཀྱི་དོན་ཞེས་བྱའོ། །དེ་ནི་སྐྱེས་བུ་ཅེས་པའི་ཚིག་རྐང་གཉིས་ཀྱིས་བསྟན་ཏོ། །རྩ་བའི་དོན་ནི་མདོར་ཕྱེ་བ་སྟེ། དེ་ཡང་དོན་དྲུག་སྟེ། དེ་ལ་རང་བཞིན་ནི་ཚིག་རྐང་དང་པོས་བསྟན་ཏོ། །སྤྱོད་པ་ནི་ལྷ་དང་ཅེས་པའི་ཚིག་རྐང་གཉིས་པས་བསྟན་ཏོ། །ཡོན་ཏན་གྱིས་གདུལ་བྱ་འདུན་པར་བྱ་བ་ནི། ཆོས་ཉིད་ཅེས་པའི་ཚིག་རྐང་ཅིག་གིས་བསྟན་ཏོ། །ལྟ་བའི་ངོ་བོ་ནི་ཆོས་དང་སེམས་ཞེས་པའི་ཚིག་བཅད་ཅིག་གིས་བསྟན་ཏོ། །བསྒོམ་པ་ནི་སྒོམ་པའི་ཚེ་ན་ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱིས་བསྟན་ཏོ། །རྟགས་དང་འབྲས་བུ་ནི། འདི་ལྟར་དུས་གསུམ་ཅེས་པ་ལ་སོགས་རྣམས་བླང་དོར་མི་བྱ་བ་དང་། འཁོར་བའི་རུ་བཟློག་པ་དང་། མཐར་གདུལ་བྱ་གང་ཡང་མི་དོར་བའི་དགོས་ཆེད་དག་གི་ཕྱིར་རོ། །ཚིག་གི་དོན་ནི་མན་ངག་ལས། དོན་གྱི་སྤྱི་ཁོག་ཁྱུང་ཆེན་ལྡིང་བ་བཞིན། །ཚིག་གི་འབྲུ་འཇོམས་ཐང་ཀར་གཟན་ལ་བཅུམ། །འབྲུ་འགེགས་འགལ་གྱིས་དོགས་པའི་ཐེ་ཚོམ་བསལ། །ངེས་པའི་ལུང་གིས་ཐོས་ཆུང་ཡིད་ཆེས་བྱ། །འབྲུ་སྟོང་མི་གཞག་ཚིག་གི་གཟེར་བུས་གདབ། །ཅེས་འབྱུང་བས་དེ་ལྟར་བཤད་ནས་དོན་གྱི་ངོ་བོར་བྱུང་བའོ། །དེ་ལ་དང་པོ་མན་ངག་གི་མཚན་བསྟན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་སྒོམ་པ་དོན་གྲུབ་པ་དོན་དྲུག་པ་ཅེས་བྱ་བ་ཅེས་པ་འདི་ཡིན་ཏེ། དོན་གྱིས་དབུ་ཞབས་སུ་ཡང་རྒྱལ་པོ་དབང་གིས་བཅད་པ་བཞིན་དུ་བསྟན་ཏེ། དེ་ལ་སེམས་ནི་སྐབས་ཀྱིས་གསུམ་ཁོ་ནའོ། །དེ་ལ་འཁྲུལ་པའི་སེམས་ནི། བརྟགས་པའི་དངོས་པོ་རྣམས་བསྐྱེད་ཅིང་དེ་དག་གི་རྗེས་སུ་སྣ་ཚོགས་ཀྱི་འདུ་ཤེས་རྣམས་འབྱུང་བའོ། །བྱང་ཆུབ་སེམས་ནི་ལུགས་གཞན་ལས་དོན་དམ་པ་དང་ཀུན་རྫོབ་གཉིས་སུ་འབྱེད་ན། འདིར་གཉིས་སུ་མེད་པ་དང་། རྣམ་པར་དག་པ་ཅེས་བྱ་བ་ལ་སོགས་པའོ། །དོན་གྱི་ངོ་བོས་ནི་གཉིས་སུ་མི་གནས་ལ། རྒྱུད་གསུམ་ཆར་ལ་སྐབས་ཀྱིས་གདགས་སུ་གནང་བ་སྟེ། ལྟོས་ནས་བཏགསཔའི་ཕྱིར་དོན་དམ་པའོ། །དེའི་ངོ་བ་ོཉིད་ནི་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་གྱིས་དབེན་པའི་ཕྱིར། ཐམས་ཅད་དུ་རང་སྣང་བས་ཀུན་ཀྱང་བདག་ཉིད་ལས་མི་གཞན་པས་ཡེ་ཤེས་ཁོ་ནའོ། །དེའི་ཕྱིར་ཡོན་ཏན་རིལ་ལྷུན་གྱིས་གྲུབ་པོ། འོན་ཀྱང་འདུས་མ་བྱས་པས། རང་གི་ངོ་བོས་སྟོང་སྟེ། གཉིས་གའི་ཆ་ལས་གྲོལ་བས་ན་སྒྲོས་ཐམས་ཅད་ཡོངས་སུ་བཅད་པའི་ཕྱིར། ཅིས་ཀྱང་མ་བསྒྲིབས་པར་ཐམས་ཅད་དུ་རང་སྣང་བ་ཁོ་ནའོ། །བྱང་ཆུབ་ཀྱི་སེམས་ནི། ཤིང་གི་སྟ་རེ་ཞེས་པ་ལྟ་བུ་སྟེ། ལྕགས་ཀྱི་སྟ་རེ་ཡང་མི་འདོད་པ་མ་ཡིན་ནོ། །ད་ནི་སྐབས་ཀྱིས་དྲུག་ཁོ་ན་སྟེ། གཡོ་བ་བྱང་ཆུབ་ཀྱི་སེམས་དང་། ལྡང་བ་བྱང་ཆུབ་ཀྱི་སེམས་དང་། སྨོན་པ་བྱང་ཆུབ་ཀྱི་སེམས་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་དང་། གནས་པ་བྱང་ཆུབ་ཀྱི་སེམས་དང་། རིག་པ་དང་རྫོགས་པ་བྱང་ཆུབ་ཀྱི་སེམས་སོ། །དེ་དག་ནི་གོ་སླའོ། །བསྒོམ་པ་ཞེས་པ་ནི། རྣམ་པ་དྲུག་ཁོ་ནའོ། །དེ་ལ་བསྒོམ་པའི་སྤྱོད་པ་ནི། བསྒོམ་པ་ཉིད་བྱིན་རླབས་ཐམས་ཅད་ལྡན་པའི་ཕྱིར། འདུས་བྱས་གང་ཡང་མི་དགོས་པར་སྟོན་ཏོ། །བློ་གཞག་པའི་ཐབས་ནི། སེམས་ཉིད་མཐའ་ཐམས་ཅད་ཀྱིས་མ་རེག་པའི་ཕྱིར། འདུ་ཤེས་གང་ཡང་མི་བྱ་བར་བསྟན་ཏོ། །བསྒོམ་པའི་ངོ་བོ་ནི། སྐབས་ཀྱིས་མཚན་ཉིད་གཉིས་སུ་སྟོན་ཏོ། །དེ་ལ་རྗེས་སུ་འཇུག་པ་ནི། ལྟ་བ་བཞིན་དུ་མཐའི་འདུ་ཤེས་རིལ་སྤངས་ཏེ། གང་ལ་ཡང་མི་གནས་པའི་ཚུལ་གྱིས། མི་གཡོ་བ་ནི་མོས་པ་ལས་བྱུང་བའི་མི་དམིགས་པ་ཞེས་བྱའོ། །མངོན་དུ་བྱེད་པ་ནི། ཡོངས་སུ་གྲུབ་པ་གཉིས་གཅིག་ལ་འགོ་ཐོབ་པའི་ཕྱིར། སེམས་ཀྱི་ངོ་བོ་ཉིད་དུ་རང་གནས་པས། ཉི་མའི་དཀྱིལ་འཁོར་ལ་མུན་པའི་སྐབས་མེད་པབཞིན་དུ། ཅི་ལ་ཡང་ནི་གནས་པས་འདུ་ཤེས་ཀྱི་སྐབས་མེད་པ་ནི། རང་རིག་པའི་མངོན་སུམ་སྟེ། ཤིན་ཏུ་ཡང་མ་དམིགས་པ་ཞེས་བྱའོ། །བློ་བཅོས་པའི་ཐབས་ནི། དེ་ལ་སྔོན་གྱིས་མཐུས་གལ་ཏེ་ན་ཡང་། རླབས་ཉིད་ཆུའི་ཕྱིར། བདག་ཉིད་ཁོ་ནར་ཤེས་ན། ཅིར་ཡང་མི་སྣང་ལ། དེ་ཉིད་ཀྱང་ཐོབ་པར་མི་རུང་བས། དེ་ལ་ཡང་མི་གནས་པ་ནི། རྣལ་འབྱོར་པའི་མངོན་སུམ་སྟེ། རྗེས་སུ་མི་དམིགས་པ་ཞེས་བྱའོ། །བསྒོམས་པའི་རྟགས་ནི་གོམས་པའི་མཐུས། བདག་ལས་ཅི་ཡང་སྣང་བ་མེད་པས་འདུ་ཤེས་རིལ་དང་བྲལ་བའོ། །བསྒོམ་པའི་འབྲས་བུ་ནི། དོན་དམ་པ་གསུམ་རང་རིག་པའི་མངོན་སུམ་དུ་བྱས་པ་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར། རྒྱ་མཚོའི་རླབས་ལྟ་བུས་གདུལ་བྱ་གང་ཡང་མི་འདོད་པ་ཁོ་ནའོ། །འུང་ནས་མན་ངག་གི་ལུགས་ཀྱི་གབ་ཅིང་སྦས་ནས་སྟོན་པས། ངང་ལ་བྱིན་གྱི་རླབས་ཀྱིས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། སྐྱེས་བུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྟོན་པ་དང་། གནས་ཕུན་སུམ་ཚོགས་པ་སྟེ། གཟུང་འཛིན་གཉིས་དང་བྲལ་བའི་ཡེ་ཤེས་ཉིད་སྐུ་གསུང་ཐུགས་རྡོ་རྗེར་རང་སྣང་བ་ནི་སྐྱེས་བུ་སྟེ། དངོས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཀུན་ཏུ་བཟང་པོ། །དེ་ནི་དཔའ་རྩལ་རྫོགས་པ་དང་། རྫུ་འཕྲུལ་དང་ལྡན་པ་དང་། རིག་པ་སྦྱངས་བ་དང་། ཚོགས་བསགས་པའི་སྐྱེས་བུ་དག་ལས་ཁྱད་པར་དུ་གྱུར་པས་དེ་ལ་དེ་སྐད་ཅེས་བྱའོ། །བཤད་པའི་ཡེ་ཤེས་ཉིད་མཐའ་དབུས་དང་བྲལ་བས། དེ་བཞིན་གཤེགས་པ་རིལ་གྱི་བཞུགས་གནས་ཡིན་པའི་ཕྱིར། གནས་ཕུན་སུམ་ཚོགས་པ་སྟེ། བྱ་བ་དང་བྱེད་པ་སྤགས་པ་ནི་ཐེག་པ་ཆེན་པོའི་གཞུང་ཉིད་དོ། །རང་གིས་རིག་ནས་ཞེས་བྱ་བ་ནི་མྱང་བ་དང་། བཤད་པའི་ཚུལ་གཉིས་སུ་འགྱུར་ཏེ། ཡུལ་མེད་པའི་ཕྱིར་བདག་ལས་གཞན་པའི་ཆོས་མི་དམིགས་ཏེ། རང་གསལ་བ་ནི། རིག་པ་ནང་ནས་ཤར་བ་ཞེས་བྱའོ། །དེ་ཉིད་རང་གིས་མངོན་སུམ་དུ་བྱིན་གྱིས་བརླབས་ནས། ཅིར་འགྱུར་སྙམ་པ་ལ། རྟོགས་པ་ཞེས་གསུངས་པ་ནི། སྡུད་པ་པོ་སྟེ། རྡོ་རྗེ་སེམས་དཔས་ཀྱང་བཤད་པ་བཞིན་རིག་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ཀྱི་དོན་རྟོགས་པས། སངས་རྒྱས་ཀུན་གྱི་ཉིད་ཤ་ཅན་ཞེས་གསུངས་སོ། །འདི་ཞེས་པ་ནི་བསྟན་པ་ཕུན་སུམ་འཚོགས་པ་སྟེ། ཚིག་རྐང་ཉི་ཤུ་རྩ་ལྔ་པོ་འདི་ནི། བྱང་ཆུབ་ཀྱི་སེམས་རྣམ་པ་ལྔའི་ནང་ནས་ཀྱང་ཁྱད་པར་དུ་གྱུར་པའོ། །སྐལ་ལྡན་རྣམས་ཀྱི་ཞེས་བྱ་བ་ནི། འཆད་པའི་དུས་སུ་ལས་ཐ་མ་པ་ཤ་སྟག་འདུས་པའི་ཕྱིར་ཏེ། འཁོར་ཕུན་སུམ་ཚོགས་པ་ཡང་ཡིན་ལ། ཕྱི་རབས་པ་ལ་གདམས་པར་ཡང་འགྱུར་ཏེ། ལས་འཕྲོ་དང་། བཤད་པ་དང་། འབོག་པ་དང་། འཛིན་པ་དང་། བསྒོམ་པའི་སྐལ་པ་དང་ལྡན་པའི་ཕྱིར། ཆུང་ནས་དད་ཅིང་སེར་སྣ་མེད། སོམ་ཉི་མི་ཟ་གསང་ཐུབ་ཅིང་། །ནོགས་ཐུབ་པའི་བུ་དེ་ཡིས། །སྦས་པའི་གཏེར་རྣམས་ཕྱིན་པར་འགྱུར། ཞེའོ། །བློ་ལ་གོ་བར་གྱིས། ཞེས་བྱ་བ་ནི། ལྷན་ཅིག་པ་དང་གོ་ཕྱེ་བའི་སྐབས་གཉིས་གར་ཡོངས་སུ་གཏད་པ་སྟེ། གདམས་པའི་དོན་ཉིད་ཇི་ལྟ་བུ་ཞེ་ན། མན་ངག་གསེར་གྱི་སྒྲོམ་བུ་ལས། བྱང་སེམས་རིག་པའི་གདེང་ཆུད་ནས། །ཐམས་ཅད་བདག་ཡིན་གཞན་མི་དམིགས། །བློ་དང་ཆོས་སུ་འདྲེས་ཞེས་བྱ། །བདག་ཀྱང་དེ་བཞིན་གང་ཤེས་པ། །སངས་རྒྱས་ཉིད་དང་སྤྱོད་ཡུལ་གཅིག །ཞེས་པའོ། །འུང་ནས་མན་ངག་གི་དོན་ཕུན་སུམ་འཚོགས་པ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་བསྟན་པའི་ཕྱིར། ཐུགས་རྗེ་རྒྱ་མཚོ་ཡོན་ཏན་ཀུན་ལ་ཁྱབ། །ཞེས་གསུངས་ཏེ། དོན་དམ་པའི་བྱང་ཆུབ་སེམས་ནི། ཐུགས་རྗེ་ཆེན་པོའོ། །དེ་ཡང་ངེས་ཚིག་དང་། རིག་པ་དང་། ལུང་གི་ངེས་པར་འགྱུར་ཏོ། །ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཆེན་པོར་གསལ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་མ་ནོར་བ་སྟེ། རྨད་དུ་བྱུང་བ་ལས་སྟོང་གསུམ་ཐམས་ཅད་ནི། སངས་རྒྱས་ཀྱི་ཐུགས་ཡེ་ཤེས་དྲི་མ་མེད་པ་ཉིན་དོ་ཞེས་འབྱུང་ངོ་། །དེ་ཉིད་ཐམས་ཅད་ལ་མཉམ་པར་ཁྱབ་པ་ནི་རྗེ་ཁོ་ནའོ། །དེའི་རིགས་པ་ནི་བདུན་ཏེ། ཀུན་ཏུ་ཁྱབ་པ་དང་། གང་ཡང་དེའི་ངོ་བོར་སྐྱོབ་པ་དང་། ཀུན་ཏུ་ཅིར་ཡང་སྣང་བ་དང་། ཐམས་ཅད་དང་འབྲེལ་བ་དང་། གང་ལ་ཡང་སྤོང་ལེན་མེད་པ་དང་། ཐམས་ཅད་མཐར་མི་གཏོང་བ་དང་། བྱ་བ་དང་བྱེད་པ་གཉིས་མེད་པའི་ཕྱིར། ཐུགས་རྗེ་སྟེ། མན་ངག་གསེར་གྱི་ཁྱུང་གཤོགས་ལས། ཆོས་ཉིད་མཐའ་དབུས་མེད་པ་ལ། །སྐྱེ་འགག་མེད་པའི་ཀློང་བདལ་པས། །སྤྲོས་པ་མེད་པར་གནས་པ་ནི། །ཁྱབ་པ་སྤྱིའི་ཐུགས་རྗེ་ཆེ། ཞེས་འབྱུང་བའོ། །དེ་ལྟར་གང་གིས་རིག་ན་ནི་ཐུགས་རྗེ་སྐྱེས་པ་སྟེ། བྱང་སེམས་མུ་མཐའ་མེད་པ་ལས། སངས་རྒྱས་སེམས་ཅན་གཉིས་སུ་མེད་རྟོགས་ན། །ཐུགས་རྗེ་ཆེན་པོ་སྐྱེས་ཞེས་དེ་ལ་བྱ། །ཞེས་འབྱུང་བས། །དཔེར་མཛོད་ཐོབ་པ་བཞིན་དུ། སུས་རྟོགས་པ་བཤད་པ་རྣམས་དང་ལྡན་པར་འགྱུར་ཏེ། སངས་རྒྱས་ཁོ་ནའོ། །དེའི་དཔེ་ཅི་ཞིག་སྙམ་པ་ལ། རྒྱ་མཚོ་ཞེས་གསུངས་ཏེ། དེ་ཡང་རྒྱ་ཆེ་བ་དང་། ཟབ་པ་དང་། ཐམས་ཅད་འབྱུང་ཞིང་འདུས་པ་དང་། གཅིག་དང་དུ་མར་བྲལ་བ། རླབས་གཡོ་ཡང་གཏིང་མི་གཡོ་བ། རིན་པོ་ཆེ་ལ་སོགས་པའི་དགོས་པ་ཚང་བ་དང་། རླབས་དུས་དུས་སུ་འབྱུང་བའོ། །རྗེས་སུ་འཇུག་པ་ཐུགས་རྗེ་ཆེན་པོ། །བྱང་ཆུབ་སེམས་ཀྱང་གཅིག་ཏུ་མ་གྲུབ་ཅིང་ཐམས་ཅད་ཡིན་པ་དང་། མཚན་ཉིད་འདིར་འདྲར་གཟུང་ཞིང་བསྟན་དུ་མེད་པ་དང་། ཐམས་ཅད་དུ་འབྱུང་ཞིང་རིལ་ཉིད་ལས་མི་གཞན་པ་དང་། དེ་ཉིད་ཀྱི་ཕྱིར་གྲངས་དང་བྲལ་བ་དང་། སྣང་བ་གཉིས་ཀྱི་རྐྱེན་གྱིས་ཅིར་སྣང་ཡང་ངོ་བོ་ཉིད་འགྱུར་བ་མེད་པ་དང་། སྒྲུབ་བྱ་རིལ་མ་བརྩལ་བར་ལྷུན་གྱིས་གྲུབ་པ་དང་། ནང་གི་ཡེ་ཤེས་རྟོགས་པའི་རླབས་རང་སྣང་བའི་ཕྱིར་ཤིན་ཏུ་འཐད་པ་ཁོ་ནའོ། །ལྷུན་གྱིས་གྲུབ་པའི་རླབས་ཉིད་གང་ཡིན་སྙམ་པ་ལ། ཡོན་ཏན་ཀུན་ལ་ཁྱབ་ཞེས་གསུངས་ཏེ། ཡོན་ཏན་ནི་ཐམས་ཅད་ཡིན་པ་དང་། གདུལ་བྱའི་དབང་གིས་གྲངས་ལས་འདས་མོད་ཀྱང་། མདོར་བདུན་ཏེ། མན་ངག་གསེར་གྱི་སྒྲོམ་བུ་ལས། དོན་དམ་ངོ་བོ་ནོར་བདུན་ལས། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་སྣང་། །ཞེས་པ། དོན་དམ་པ་བྱང་ཆུབ་སེམས་ནི་ཐམས་ཅད་ཀྱི་གཞིར་གྱུར་པ་དང་། ཐམས་ཅད་དུ་མི་འགག་པར་སྣང་བ་དང་། དེ་དག་མ་འདྲེས་པར་གསལ་བ་ཉིད་དང་། དེའི་ཕྱིར་སྐུ་དང་ཡེ་ཤེས་ཤ་སྟག་དང་། ཅིར་སྣང་བ་ཡང་བདེ་བ་ཆེན་པོར་བྱིན་གྱིས་རློབ་པ་དང་། དེའི་ཕྱིར་སྤྲོས་པ་དང་བྲལ་བས་ཅེས་ཀྱང་མ་བསྒྲིབས་པར་གསལ་བ་ནི། ནོར་བདུན་ལྷུན་གྱིས་གྲུབ་པའོ། །མཛོད་ལྟ་བུའི་ཕྱིར་སུས་རྟོགས་པ་རྫོགས་པའི་སངས་རྒྱས་ཁོ་ནའོ། །དེ་དག་ཀྱང་དངོས་པོ་རིལ་གྱི་རང་བཞིན་ཡིན་པའི་ཕྱིར། ཀུན་ལ་ཁྱབ་ཞེས་གསུངས་ཏེ། ཀུན་ཏུ་བཟང་པོའི་རྒྱུད་ལས་ཀྱང་། །སྐྱོན་ཉིད་དག་པར་མ་རྟོགས་ན། །ཡོན་ཏན་དག་པ་གང་ནས་འབྱུང་། །སྐྱོན་ཉིད་སངས་རྒྱས་ཡིན་ཤེས་ན། །སྤང་ཞིང་རྩལ་བར་བྱ་བ་མེད། །ཅེས་གསུངས་སོ། །འུང་ནས་བྱང་ཆུབ་ཀྱི་སེམས་ཀྱི་སྒོམ་པ་བྱིན་རླབས་ཆེ་བར་སྤྱོད་པའི་བསྙེམས་སུ་བསྟན་པའི་ཕྱིར། ལྷ་དང་ཀླུ་ཡང་བདེན་པའི་བཀའ་ཉན་ཏེ། ལྷ་ཆེན་པོ་དག་ནི་བསོད་ནམས་དང་། མངོན་ཤེས་དང་། རྫུ་འཕྲུལ་པའོ། །ཀླུ་ནི་རྫུ་འཕྲུལ་དང་གདུག་རྩུབ་ཆེ་བས། དེ་དག་གདུལ་བར་དཀའ་ན་ཡང་ཞེས་བྱའོ། །དེ་དག་རང་བཞིན་བྱང་ཆུབ་སེམས་ལས་མི་གཞན་པའི་ཕྱིར། བྱང་ཆུབ་སེམས་ནི་རྒྱུས་མ་བྱས། ངོ་བོར་མི་གནས་རྐྱེན་གྱིས་མི་འཇིག་པས། དུས་གསུམ་དུ་བདེན་པ་ཁོ་ནའོ། །གང་དེ་ལ་གནས་པ་ནི་ཐམས་ཅད་བདག་ཉིད་དུ་དབང་བསྒྱུར་བས། ལས་རྣམ་བཞི་དངོས་སུ་བྱ་མི་དགོས་ཞེས་བྱའོ། །རྣམ་གྲངས་སུ་འདི་ནི་སངས་རྒྱས་དང་སེམས་ཅན་གྱི་བརྡར་བཞག་པ་སྟེ། དེ་དག་ཀྱང་བདེན་པ་གསུམ་གྱི་ཚུལ་གྱིས་རང་རིག་པར་གཅིག་པ་ནི་བདེ་བ་ཆེན་པོ་སྟེ། གང་ལ་གནས་པའི་སྒོམ་པ་པོས། གཞན་ལྟར་སངས་རྒྱས་སྒྲུབ་པའི་རྩོལ་བ་དང་། འགྲོ་བའི་དོན་བྱ་བའི་ཕྲིན་ལས་ཅི་ཡང་མ་བྱས་ཀྱང་། རྒྱུན་མི་འཆད་པར་ལྷུན་གྱིས་གྲུབ་པས་གཉིས་ག་དབང་དུ་གྱུར་པ་ནི། བཀའ་ཉན་ཞེས་བྱ་བ་སྟེ། མན་ངག་སེམས་དོན་ལས། སངས་རྒྱས་གུད་ན་མེད་པས་འགྲོ་བ་གཞན་ན་མེད། །ཐམས་ཅད་སེམས་སུ་རྟོགས་པས་འགྲོ་དོན་བྱ་མི་དགོས། །ཞེས་སོ། །རྡོ་རྗེ་བཀོད་པ་ལས་ཀྱང་། བསོད་ནམས་ཚོགས་ལྡན་གཟུགས་ཀྱི་སྐུ། །རྩོལ་ནས་གྲུབ་པར་མི་བྱེད་དེ། །རྒྱུའི་དུས་ཉིད་འབྲས་བའི་མཆོག །ཞེའོ། །བྱང་ཆུབ་སེམས་ཉི་མའི་འོད་ཟེར་ལས་ཀྱང་། །སྣང་སྲིད་ཡེ་འབྱམས་དབང་མཆོག་དང་། །འགྱུར་མེད་རྟོགས་པའི་བྱིན་རླབས་དང་། །ཆོས་ཉིད་གསལ་བའི་མཆོད་པ་དང་། །རྟོགས་པ་གསལ་བའི་ཏིང་འཛིན་ལ། །ཆོ་འཕྲུལ་བཞི་ཞེས་དེ་ལ་བྱ། །རྟོགས་པ་སྒྲོལ་བའི་ཕྲིན་ལས་ཡིན། །གོམས་པ་སྦྱོར་བའི་ཕྲིན་ལས་ཡིན། །གསལ་བ་ཏིང་འཛིན་ཕྲིན་ལས་ཡིན། །ཕེབས་པ་མཆོད་པའི་ཕྲིན་ལས་ཡིན། །གསང་ཐུབ་བཀའ་བརྩན་དངོས་གྲུབ་ཡིན། །ཕྲིན་ལས་རྫོགས་ཞེས་དེ་ལ་བྱ། །ཅེས་གསུངས་པའི་ཕྱིར་རོ། །སྤྱོད་པ་རང་གི་ངོ་བོ་བསྟན་པའི་ཕྱིར། །དཀོན་མཆོག་གསུམ་ནི་ནམ་ཡང་བཀུར་མི་བྱ། །ཞེས་གསུངས་ཏེ། སངས་རྒྱས་ཆོས་དང་དགེ་འདུན་གསུམ། མཆོད་པ་དང་། བསྙེན་བསྒྲུབ་དང་། འདོན་བརྗོད་དང་། བསྐོར་བ་དང་། གཟུགས་བརྙན་མངོན་དུ་བཞེངས་པ་དང་། སྨོན་ལམ་ལ་སོགས་པའི་རྩོལ་བ་དག་ནི་མཉམ་པར་བཞག་པ་དང་། མ་བཞག་པའི་དུས་ནམ་དུ་ཡང་མི་བྱ་སྟེ། བཤད་པའི་བསྙེམས་ཀྱི་ཕྱིར་ཡང་ཡིན་ལ། སེམས་གཉིས་པས་མཉམ་པའི་ངང་ལས་གོལ་བའི་སྐྱོན་ཡོད་པ་དང་། གཡང་བས་སྒྲིབ་པའི་སྐྱོན་ཡོད་པའི་ཕྱིར་ཏེ། ལུང་རབ་རྩལ་ལས་ཀྱང་། རང་རིག་སེམས་ཀྱི་རྩ་བ་མ་ཆོད་ན། །ཇི་སྐད་བཤད་ཀྱང་དོན་མེད་གཡེང་བའི་རྒྱུ། །ཐོས་པ་མང་པོ་འདུ་འཛི་སྐྱེས་པ་ཡིན། །དགེ་བའི་ཆོས་སྤྱོད་མཐའ་རིང་བསྒྲུབ་པར་དཀའ། །དེ་བས་དོན་འདི་ཡོངས་སུ་གོམས་པར་བྱོས། །གཞན་དུ་མ་ཚོལ་མན་ངག་གདེང་ལ་ཞོག །གཞན་ལ་མ་ཡེངས་རྟོགས་པའི་ཀློང་དུ་གྱིས། །ཞེས་འབྱུང་། རྨད་དུ་བྱུང་བ་ལས་ཀྱང་། བྱང་ཆུབ་འདོད་པ་དེ་ལ་བྱང་ཆུབ་མོད། །ས་དང་རྣམ་ཐར་བྱང་ཆུབ་མཆོག་ལས་རིང་། །ཞེས་གསུངས་སོ། །ལ་ལའི་གཞུང་ལས། སྙེམས་པ་ལས་ལྷག་མ་དང་བཅས་པའི་ཕྱིར་དང་། གང་ཡང་ཤོང་བ་དང་། ཐམས་ཅད་དང་མཐུན་པའི་ཕྱིར། ནམ་ཡང་ཞེས་སྨོས་པས། བདག་དོན་དུ་སྐད་ཅིག་ཙམ་བྱ་བ་མེད་ཀྱང་། གཞན་དོན་དུ་གང་ཡང་མི་འགག་པས་བསྐུར་བར་འགྱུར་རོ། །འདི་ཉིད་ཀྱི་ལུགས་སུ་ཡང་། སངས་རྒྱས་མི་མཆོད་སློབ་དཔོན་མཆོད། །ཚིག་ཤད་མི་བཀླག་སེམས་ལ་བལྟ། །མཐའ་ཡས་སེམས་ཅན་བུ་ལྟར་བཀུར། །ཞེས་འབྱུང་བས། རང་དོན་དུ་གཞུང་མི་ཉམས་ལ། གཞན་དོན་དུ་གང་ཡང་མི་འགོག་པ་ནི། སངས་རྒྱས་མཛད་པ་ལ་ཞུགས་ཞེས་བྱའོ། །གདུལ་བྱ་འདུན་པ་བསྐྱེད་པ་བསྟན་པའི་ཕྱིར། །ཆོས་ཉིད་དོན་རྟོགས་བདེ་བ་ཆེན་པོ་འགྲུབ། །ཞེས་གསུངས་ཏེ། འདིའི་ལུགས་ལ་མ་གོམས་པ་དག །བཤད་པ་ལྟར་ལམ་གྱི་བདེ་བ་དང་། འབྲས་བུའི་རྒྱུ་ཅི་ཞིག་སྙམ་པའི་དོགས་པ་བསུ་བའོ། །ཆོས་ནི་དངོས་པོ་གཉིས་ཀྱིས་བསྡུས་པ་རིལ་ལོ། །ཉིད་མ་བཅོས་པ་དང་མ་ནོར་བ་སྟེ། དེ་ཉིད་ལས་གཞན་པའི་ཤེས་བྱ་མི་དམིགས་པའི་ཕྱིར། དོན་ཞེས་བྱའོ། །ཇི་ལྟར་ཤེས་པར་བྱ་ཤེ་ན། བདག་ཉིད་ཀྱི་རྒྱུ་ནི་རང་རིག་པ་ཁོ་ནའོ། །མཚན་ཉིད་ནི་རང་བྱུང་ཡེ་ཤེས་ཀྱི་ཕྱིར། ཐམས་ཅད་དུ་མི་འགག་པའོ། །སྤྱོད་པ་ནི་གང་ཡང་མི་སྤོང་བའོ། །ངོ་བོ་ནི་ཅི་ཡང་མ་ཡིན་པའོ། །རང་བཞིན་ནི་བྱང་ཆུབ་སེམས་སོ། །ཡོན་ཏན་གྱི་རྩལ་ནི་དོན་དམ་པའི་ནོར་ལྷུན་གྱིས་གྲུབ་པའོ། །དེ་ལ་ཆོས་དང་བརྟགས་པ་རིལ་མ་སྤངས་པར་གདོད་ནས་སྟོང་པའི་ཕྱིར། ཀུན་ཏུ་བཟང་པོའི་རྒྱུད་ལས། ཆོས་ཅན་ཆོས་ཉིད་ཡིན་རྟོགས་ན། །གཞན་དུ་ཆོས་ཉིད་ནོར་བའི་ལམ། །སེམས་ཅན་སངས་རྒྱས་ཡིན་རྟོགས་ན། །གཞན་དུ་སངས་རྒྱས་ནོར་བའི་ལམ། །ཞེས་པའོ། །ཡང་ཆོས་ཉིད་ཆེ་བས་ཕྱི་ནང་མེད། ཆོས་ཉིད་ཆེ་བས་བདག་གཞན་མེ། །ཆོས་ཉིད་ཆེ་བས་ཡོད་མེད་མེད། །མེད་པ་མ་ཡིན་ཁྱབ་པར་བདལ། །ཁྱབ་པར་བདལ་ཡང་རྫས་སུ་མེད། །ཅེས་སོ། །ཡང་རང་བཞིན་ཆ་འཕྲད་གང་འཛིན་པ། །འཛིན་པ་དེ་ལ་ཆོས་ཉིད་མེད། །སྔོན་དང་ཕྱི་མར་མ་གྱུར་ཅིང་། །ཕྱོགས་དང་རིས་སུ་མ་ཕྱེ་བས། །ཟིན་ཆགས་འཛིན་རྟོགས་སྐྱོན་སྤངས་ན། །དེ་ནི་ཆོས་ཉིད་ཞེས་བྱའོ། །ཞེའོ། །ཡང་གང་ལྟར་བསྟན་ཀྱང་གང་ཡང་མེད། །མེད་པ་མ་ཡིན་དྲན་ཞིང་ཚོར། །ཆད་པར་མ་སོང་རིག་ཅིང་རྟོགས། །རྟག་པར་མ་སོང་དངོས་པོ་མེད། །གཉིས་སུ་མ་སོང་བརྟགས་པ་མེད། །ཅིག་ཏུ་གྲུབ་ཀྱང་ཡོངས་ལ་ཁྱབ། །དང་པོ་སྐྱེ་བའི་རྒྱུ་མེད་པས། །ཐ་མ་འཆི་ཞིང་འཕོ་བ་མེད། །དེ་ལྟའི་དངོས་པོ་རྫས་མེད་པས། །ཐ་མ་འཆི་ཞིང་འཕོ་བ་མེད། །དེ་ལྟའི་དངོས་པོ་རྫས་མེད་པས། །རྟག་པར་ཆགས་ཤིང་གཟུང་བ་མེད། །ཅེའོ། །དེ་དག་གི་ཕྱིར་དེ་ཉིད་བྱང་ཆུབ་སེམས་བདེ་བ་ཆེན་པོ་ཞེས་དུ་མ་ལས་གསུངས་སོ། །དེ་ཉིད་ངེས་པའི་ཤེས་པས་མངོན་སུམ་དུ་བྱས་པའི་དུས་ན། རྒྱུར་བདེ་སྟེ་མ་བཅོས་ལམ་དུ་བདེ་སྟེ་མི་དམིགས། སྤྱོད་པར་བདེ་སྟེ་མི་འགོག །འབྲས་བུར་བདེ་སྟེ་མ་བསྒྲུབ་པར་བསམ་གྱིས་མི་ཁྱབ་པའི་བདེ་བ་མངོན་དུ་བྱས་པ་དེ་ནི་གྲུབ་པ་དེ་ཁོ་ན་སྟེ། དེ་ཡང་གྲུབ་ན་ལམ་གྱི་བདེ་བ་རྣམས། འབྲས་བུ་དང་ཕུབ་སོགས་ལྟར་སྨོས་ཀྱང་ཅི་དགོས་པས། མི་བཀུར་རོ་ཞེས་བྱ་ཁོ་ནའོ། །དེའི་ངོ་བོ་ཉམས་སུ་བླང་བ་བསྟན་པའི་ཕྱིར། སེམས་དང་ཆོས་ནི་ཡེ་ནས་གཉིས་སུ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་སྤྱད་པའི་སྒོ་བསྟན་ཏོ། །ཆོས་ནི་འཁྲུལ་པའི་ཆོས་དང་། མཚན་ཉིད་ཀྱི་ཆོས་དང་། རང་བཞིན་གྱི་ཆོས་དང་། ལམ་གྱི་ཆོས་དང་། རྒྱུའི་ཆོས་དང་། འབྲས་བུའི་ཆོས་དང་། བསྟན་པའི་ཆོས་དང་། ཐ་སྙད་ཀྱི་ཆོས་དང་ངོ་། །སེམས་ནི་ཚོགས་བརྒྱད་ཀྱི་རིག་པའོ། །རིག་པ་ནི་ཅིར་ཡང་སྣང་ཞིང་མ་གྲུབ་པའོ། །དེ་གཉིས་གཅིག་སྟེ། དེ་ཡང་ཉི་མ་དང་འོད་ལྟ་བུའམ། རྒྱུ་འབྲས་སམ། དོན་རྟོགས་ལྟ་བུ་ལས། བཏགས་པ་དང་། བཀུག་ནས་ཅིག་ཏུ་བྱས་པ་མེད་པས། ཡེ་ནས་ཞེས་གསུངས་སོ། །གཉིས་སུ་མེད་པ་ནི་གསེར་དང་སྤྱད་ལྟ་བུར་རིག་པ་ཉིད་ཆོས་རྣམས་སུ་གདོད་ནས་རང་སྣང་བས། རིག་པ་ཚུར་འཇུག་པ་ཅིག་ཏུ་མ་གྲུབ། ཆོས་ཐམས་ཅད་རིག་པའི་ངོ་བོར་གསལ་བས། ཆོས་ཀྱི་དངོས་པོ་གདོད་མ་ནས་ཕར་མི་སྣང་། དེ་གཉིས་མཚན་ཉིད་ཀྱིས་དབྱེ་རུ་ཆུ་དང་འོ་མ་བསྲེས་པ་ལྟ་བུ་མེད། འཁྲུལ་པར་རབ་འབྲིང་གསུམ་གྱི་དངོས་པོ་དང་། མཚན་ཉིད་ཀྱིས་གཉིས་སུ་མཐོང་ཡང་མིང་ཙམ་མ་མཐོང་བ་སྟེ། ཡུལ་ཕར་སྣང་བ་མ་ཡིན། སེམས་ཉིད་རྒྱ་མ་ཆད་པ་ཡིན། ཤེས་པ་ཚུར་སྐྱེ་མ་ཡིན། རང་བྱུང་གི་ཡེ་ཤེས་རང་གསལ་བ་ཡིན་པའི་ཕྱིར། །དབྱིངས་དང་ཡེ་ཤེས་གཉིས་ཀྱང་ཚིག་གི་ཐ་སྙད་ཡིན། །ཞེས་གསུངས་སོ། །མདོ་ལ་གཅིག་ལ་གཉིས་སུ་སྣང་བ་རྟོག་པའི་སྐྱེས་བུས་ཤེས་ཀྱི། ངོ་བོ་ལ་མ་གྲུབ་པའི་ཕྱིར། དེ་བཞིན་གཤེགས་པས་ནི་མི་མཁྱེན་ནོ། །ཞེས་ལ་བཅད་དོ། །དེའི་མིང་དང་ངོ་བོ་བསྟན་པའི་ཕྱིར། སེམས་ཀྱི་རང་བཞིན་བཙལ་ཡང་མི་རྙེད་ན། །ཞེས་བྱ་བ་ལ་སོགས་གསུངས་ཏེ། གཉིས་སུ་མེད་པ་དེའི་མིང་དང་ངོ་བོ་ཅི་ཞིག་ཞེ་ན། ངོ་བོ་མ་གྲུབ་པར་འཆད་པའི་ཕྱིར། མིང་མེད་མོད་ཀྱི། འཇུག་པ་རྣམས་ཀྱི་ངོ་རུ། བཤང་པའི་དོན་གྱིས་གཉིས་སུ་མེད་པའོ་བྱང་ཆུབ་སེམས་ཞེས་བྱའོ། །དེའི་རང་བཞིན་ཇི་ལྟ་བུ་ཞེ་ན་རང་བཞིན་ནི་རང་གི་རང་བཞིན་ནོ། །བཙལ་པ་ནི་རྗེས་སུ་སྟེ་ཁ་དོག་རྣམས་དང་། དབྱིབས་རྣམས་དང་། ཡོད་པ་དང་མེད་པ་དང་། དངོས་པོ་དང་སྟོང་པ་དང་། ཤེས་པ་དང་། བེམས་པོ་དང་། ཕོ་མོ་དང་། ཕྱོགས་དང་། གྲངས་དང་། ཕྱི་ནང་ལ་སོགས་པ་དག་གི་རྗེས་སུ་བཙལ་བས་དེ་དག་ཏུ་མ་གྲུབ་པའི་ཕྱིར། གསང་བའི་སྙིང་པོ་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུ་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །ཞེའོ། །དེ་དག་དང་མ་འདྲེས་པའི་ངོ་བོ་ཞིག་ཀྱང་འདི་འདྲར་མ་གྲུབ་པའི་ཕྱིར། གཞན་ལ་འདི་འདྲ་ཞེས་ནི་བསྟན་དུ་མེད། ཅེས་གསུངས་ཏེ། ངོ་བོ་ཞིག་རང་གིས་མ་རྙེད་པའི་ཕྱིར། གཞན་ལ་བསྟན་དུ་མེད་པས། ནམ་མཁའ་ཆེ་ལས། མཆོག་ཏུ་གསང་བའི་ཆོས་འདི་ནི། །རྣ་དབང་གཞན་ལས་ཐོས་མི་འགྱུར། །དེ་བཞིན་ལྕེའི་དབང་པོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །ཞེའོ། །ཡང་མིང་ཚིག་འདི་ཞེས་བསྟན་པར་ནི། །རྡོ་རྗེ་སེམས་དཔའ་འམ་མཚོན་དུ་མེད། །ཞེས་གསུངས་པ་ཁོ་ནའོ། །སེམས་དང་ཆོས་སུ་ཅི་ཡང་མ་ཡིན། །ཞེས་བྱ་བ་ནི། སེམས་དང་ཆོས་གཉིས་སུ་མེད་པའི་བྱང་ཆུབ་སེམས་དེའི་ངོ་བོ་ཉིད་ནི། བཤད་པའི་དོན་གྱིས་ཅི་ཡང་མ་ཡིན་པ་དེ་ཉིད། ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། །བདག་ཉིད་ཆེན་པོ་ཞེས་བྱ་བ་སྟེ། སྤྱི་བཅིངས་ལས། བདག་ཉིད་ཆེན་པོ་ལྷུན་གྱིས་རྫོགས་པས། བདག་ནི་ཡོད་དོ། །ཀུན་ཏུ་བཟང་པོའི་ངང་དུ་གཅིག་པས་གཞན་མེད་དོ། །ཞེའོ། །དེ་ནི་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཞེས་ཀྱང་བྱ་སྟེ། གསང་བའི་སྙིང་པོ་ལས་བཤད་པའི་དེ་མ་ཐག་ཏུ། དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེའོ། །སྒྱུ་འཕྲུལ་བརྒྱད་ཅུ་པ་ལས། ཡོད་ལས་བརྩལ་ན་སྒྲོ་བཏགས་འགྱུར། །མེད་ལས་བརྩལ་ན་སྐུར་འདེབས་ཏེ། །ཡོད་མེད་གཉིས་ལས་བརྩལ་བྱས་ན། །དེ་ནི་ལུང་དུ་མ་བསྟན་འགྱུར། །རྣམ་པར་རྟོག་པ་མི་མངའ་སྟེ། །དེ་ཡིས་མི་མཁྱེན་ཅི་ཡང་མེད། །རྣལ་འབྱོར་ལྟ་བ་དེ་ལྟར་ལྟོས། །ཞེའོ། །འོན་ཀྱང་བཤད་པ་ཉིད་ཀྱི་ཕྱིར། །ཡུལ་དང་རང་རིག་ངོ་བོ་གདོད་ནས་མ་གྲུབ་པས། ཅི་ཡང་མ་མཐོང་བ་ཉིད། ཁྱུ་མཆོག་གི་མདོ་རིས་བཞིན་དུ་བྱང་ཆུབ་སེམས་མཐོང་བ་ཁོ་ན་སྟེ། གསེར་གྱི་སྒྲོམ་བུ་ལས། རིག་པ་མེད་པའི་རིག་པ་ནི། །དེ་ཉིད་རིག་པའི་གནས་ཡིན་ནོ། །ཞེའོ། །རྨད་དུ་བྱུང་བ་ལས། ལྟ་བ་མེད་པའི་ལྟ་བ་ནི། །དེ་ནི་ལྟ་བ་དམ་པའོ། །ཞེའོ། །ཡང་ཡི་གེ་ཀུན་ལ་མི་སྣང་ཡང་། སེམས་ལ་གསལ་བ་མངོན་པར་སྣང་། སྐལ་ལྡན་རྣམས་ཀྱི་རང་རིག་པ། དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་གསུང་བའི་ཕྱིར་ལྟ་བའི་ངོ་བོ་ཁོ་ནའོ། །འུང་ནས་བློ་གཞག་པའི་ཐབས་དང་། སྒོམ་པའི་ངོ་བོ་རྗེས་སུ་འཇུག་པ་གཉིས་ཐུན་མོང་དུ་བསྟན་པའི་ཕྱིར། བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མེད། །ཞེས་གསུངས་ཏེ། དེ་ལྟར་ཐག་བཅད་ནས་ལུགས་ཉིད་ཀྱིས་སྣ་ཚོགས་ཀྱི་འདུ་ཤེས་ནི་ལས་ཀྱིས་འཁྲུལ་པའི་སེམས་ཁོ་ནར་བདེན་པའི་ཕྱིར་བསྒོམ་ཏེ། དགོངས་པ་འདུས་པའི་མདོ་ལས། གལ་ཏེ་བསམ་གཏན་འདི་མེད་ན། །རྒྱ་མཚོ་འཇིངས་ཀྱི་ཕ་བོང་ལྟར། །དཔག་ཏུ་མེད་པའི་སྒོ་སྤྱད་ཀྱང་། །དོན་མེད་སྙིང་པོ་སྐམས་པ་ཡིན། །ཞེས་འབྱུང་བས། སྒོམ་པ་ལ་འཇུག་པ་ཁོ་ནའོ། །དེ་ཡང་མཚམས་སྦྱར་བས། ལྟ་བའི་རྗེས་སུ་མཐུན་པར་འཇུག་པའི་ཚེ་ན་ཞེའོ། །དེའི་ཕྱིར་བརྩལ་བའི་གནས་རྣམས་དང་། བཤད་པའི་ལུགས་རྣམས་ཀྱི་འདོད་པའི་དངོས་པོ་རྣམས་ཀྱང་སྤངས་ལ། རྒྱ་མཚོ་ཆུ་ལ་རྙོག་མ་མེད་ཀྱང་རང་གི་རླབས་ཀྱིས་བསྒྲིབས་པའི་ཕྱིར། བསྒོམ་པ་ཉིད་ཀྱང་སྤང་ན། གཞན་ལྟ་ཅི་སྨོས་ཞེས་བྱ་བ་ཁོ་ནའི་ཕྱིར། རྣལ་འབྱོར་བླ་མ་བསྒོམ་སྙམ་སྟེ། །ཏིང་འཛིན་སྐྱོན་དགུ་ལྕགས་ཀྱིས་དཀྲིས། །ཞེས་པ་དང་། དགོངས་པ་འདུས་པ་ལས། དོན་ལ་མཉམ་པར་བཞག་པའི་སྐྱོན་ཆེན་ནི། །ལུང་དང་འགལ་ཞིང་དོན་དང་འཕྲད་མི་འགྱུར། །ཞེས་པ་དང་། བྱང་ཆུབ་ཀྱི་སེམས་མན་ངག་ལས། གང་ཞིག་བསམ་ཞིང་དམིགས་ཡོད་ན། ངེས་པར་དེ་ཉིད་གཡང་ས་ཡིན། །ཅི་ཡང་ཡིད་ལ་མི་བྱེད་ན། །གོལ་སར་ལྟུང་བ་ཅི་ཞིག་ལྟུང་། །ཞེས་འབྱུང་བས། ཐོག་ཏུ་དབབ་པ་དང་། གོལ་ས་དགག་པའི་ཕྱིར་རོ། །བློ་བཅོས་པའི་ཐབས་བསྟན་པའི་ཕྱིར། །རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་རྟོག་པ་ཞེས་བྱ་བ་ནི། རྒྱུ་ལས་བྱུང་བ་དང་། རྐྱེན་ཀྱི་སྣང་བ་དང་། ཤུགས་ཀྱིས་འབྱུང་བ་དང་། ཆེད་དུ་གསོལ་བ་དང་། དངོས་པོ་ཉིད་དང་། རྨོངས་པའི་རྣམ་པར་རྟོག་པ་རྣམས་ཏེ། དེ་ཡང་སྤྱིའི་རྣམ་པ་དང་། དུག་ཉིད་ལྡང་བ་དང་། བརྟགས་པའི་ཕྱི་རོལ་བ་སློང་བ་ལྔ་དང་། བཀག་ཅིང་ནང་དུ་ལྟ་བ་ལས། སྣང་བ་གཟུང་བ་དྲུག་དང་། མྱོང་བ་བརྒྱད་དང་། རྣམ་གྲངས་ཀྱི་རྗེས་སུ་ཡིད་ལ་བྱ་བ་རྣམས་དང་། བདག་ཉིད་བསྒོམ་པ་དང་། འགག་པ་རྣམས་ཀྱི་ཕྱིན་ཅི་ལོག་གི་བློ་ལ་བྱེ་བྲག་ཏུ་ཡོད་པར་སྣང་བ་ཁོ་ནའི་ཕྱིར་རོ། །དེ་དག་གློ་བུར་དུ་ལྡང་ཞིང་མཆེད་པས་བསྒྲིབ་པའི་ཕྱིར་མཚན་མ་ཞེས་བྱའོ། །དེ་དག་གང་ཡང་སྣང་བ་ནི། བྱུང་བ་སྟེ་གདེང་ཆུད་ན་དོགས་མི་དགོས་པའི་ཕྱིར་ཡང་ཞེས་བྱའོ། །རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཤེས་ན། །ཞེས་བྱ་བ་ནི། གདེང་གི་ཕྱིར་སྔོན་ནས་གོམས་པར་བྱ་སྟེ། བཤད་པ་དེ་དག་ཉིད་ཀྱི་རྒྱུ་ལ་སོགས་པའི་གཏན་ཚིགས་དྲུག་གིས་ན། དེ་དག་སེམས་ཀྱི་ཆོས་ཉིད་མ་ནོར་བར་སྣང་བ་ཁོ་ན་སྟེ། འདུན་པའི་སྐབས་སུ་བཤད་པ་འགྲུབ་བོ། །དེ་ཡང་གདེང་ཆུད་ན་འགྲུབ་པ་དང་། བདེ་བ་མཐའ་གཅིག་པའི་ཚུལ་དུ་གྱུར་པས། ངེས་བཅས་ཀྱི་མངོན་སུམ་སྟེ། ཅི་ཡང་མ་མཐོང་བའི་ཕྱིར་མ་གཡོས་པ་ཞེས་བྱ་བ་ཁོ་ནའོ། །དེ་ལྟར་མ་ཡིན་པ་ནི་ཐུན་མོང་གི་ཚོར་བ་སྟེ། རྒྱུ་ལས་སོགས་པའི་ཤེས་པ་ཕྱི་མས་སྔ་མ་འཇལ་བས་ཤེས་རབ་བར་མར་འགྱུར་རོ། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་མི་དགོས། །ཞེས་བྱ་བ་ནི། ཆོས་ནི་ཆོས་རྣམས་སོ། །དེ་དག་བཤད་པ་ཉིད་ཀྱི་ཕྱིར་སྤང་བླང་མེད་པ་དང་། མུ་མཐའ་བྲལ་བ་དང་། ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པ་དང་། ངོ་བོ་ཉིད་དུ་མ་གྲུབ་པའི་ཕྱིར། དབྱིངས་ཞེས་ཐ་སྙད་དུ་བཏགས་པ་སྟེ། གཞི་ལ་མིང་མ་གྲུབ་པ་ཁོ་ནའོ། །སྤྱིར་ཆོས་ཉིད་ནི་རྣམ་པར་དག་ཅིང་། ལེགས་པ་རྒྱ་མཚོ་ལྷུན་གྱིས་གྲུབ་པས་བསྒོམ་མི་དགོས་པའི་ཕྱིར། ནམ་མཁའ་ཆེ་ལས། གདོད་ནས་སྙིང་པོ་བྱང་ཆུབ་ལ། །བརྩལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཞེས་གསུངས་སོ། །བསྒོམ་པ་ནི་ཆོས་ཅན་མཚན་མའི་དངོས་པོ་རྣམས་ཀྱི་རང་བཞིན་ཤེས་ནས་བློ་ཅིར་ཡང་གཡོ། མི་དམིགས་མི་གནས་ན། བསྒོམ་དུ་མེད་པའི་བསྒོམ་པ་མ་ནོར་བའོ། །དེ་རྒྱུན་ཆད་ན། ཀླུང་ཡིན་པའི་ཕྱིར། གསེར་མདའ་ལས། བསྒོམ་པའི་ས་མི་རྙེད་པའི་ཕྱིར། བསྒོམ་པའི་རྙེད་པར་མི་འགྱུར་ཏེ། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་ལ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། རྣམ་བྲལ་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་བསྒོམ་མོ། །འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཤེས་དགྲ་བཅོམ་རབ་འབྱོར་ཡིན། ཞེས་འབྱུང་སྟེ། ངོ་བོ་དང་། རྟགས་དང་། འབྲས་བུ་རྣམས་ཀྱི་མིང་རྣམས་ཀྱང་སྐབས་ལས་འདོགས་པའི་ཕྱིར། ལུགས་མ་ནོར་བ་ཁོ་ནའོ། །དེ་ལ་གཉེན་པོས་བཅོས་ཤིང་དགག་ཏུ་མེད། །ཞེས་བྱ་བ་ནི་རྗེས་སུ་བསྙག་པ་སྟེ། །མི་གཞན་པས་མ་བཀག་ལ། ཡེ་ཤེས་རང་སྣང་བར་ཤེས་པས་མི་དམིགས་པ། མ་གྲུབ་པས་མི་འཛིན་པ། དེའི་ཕྱིར་མི་གནས་པ་དེ་བདག་ཉིད་ལ་དགག་པ་དང་། གཞོམ་པ་དང་། གཞོག་པ་དང་། སྦྱང་བ་དང་། བརྩལ་བའི་བརྩོན་བ་རྣམས་མི་དགོས་པ་ནི། བཟོ་ལེགས་པ་དང་འདྲའོ། །དེའི་ངོ་བོ་ཉིད་ཀྱང་ཐོབ་པར་མི་རུང་བས་བརྩལ་ཞིང་བལྟར་མེད་པ་ཁོ་ནའི་ཕྱིར། ལུང་རབ་རྩལ་ལས། མི་མཐུན་པ་ཉིད་གཉེན་པོ་ན། །དགྲ་མེད་ཟོན་གྱིི་ཆས་མི་དགོས། །མ་སྐྱེས་སེམས་ལ་སེམས་ལྟ་བ། །མིག་གིས་མིག་མཐོང་ག་ལ་སྲིད། །རྙོག་མ་དྭངས་ན་ཆུ་ཉིད་གསལ། །དེ་ཡང་ཐོབ་པར་ག་ལ་རུང་། །གནས་མེད་ཚུལ་གྱིས་གང་གནས་པ། །ཕྱིན་པ་མེད་པར་གནས་སྟོབས་པའོ། །ཞེས་གསུངས་སོ། །འོན་ཏེ་སྤྱོད་ཡུལ་ཤེས་ནས་མི་དམིགས་པ་ཙམ་ལས་བྱ་བ་མེད་པ་དེ་ངེས་པའི་ཚིག་ཏུ་ཅིས་འགྱུར་སྙམ་པ་ལས། ངེས་ཚིག་བསྟན་པའི་ཕྱིར། བསྒོམ་དང་སྒོམ་པར་བྱ་བ་གཉིས་མེད་ན། དོན་དམ་ངང་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། བསྒོམ་པའི་སྒོ་ཆོས་ཅན་དངོས་པོ་གཉིས་ཀྱིས་བསྡུས་པ་དང་། བསྒོམ་བྱའི་ཆོས་ཉིད་སྐྱེ་འགག་མེད་པ་ཞེས་བྱ་བར་སྤྲོས་པའི་བག་ཆགས་ཅན་གྱིས་ཕྱེ་བ་ནི། གནས་སྐབས་ཀྱི་མཚན་ཉིད་ཙམ་སྟེ། ཐམས་ཅད་ཀྱང་རང་རིག་པ་ཉིད་རང་སྣང་བའི་ཕྱིར། སེམས་ཉིད་ཁོ་ནར་གསལ་བ་དང་། དེ་ཕྱིར་རྒྱུ་དང་ཡུལ་ལ་སོགས་པའི་སྤྲོས་པ་རིལ་ཡོངས་སུ་བཅད་དེ། རྣམ་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་མིང་ཙམ་སྟེ། ངོ་བོ་ཉིད་མ་གྲུབ་པར་གཅིག་པ་ནི། རང་བཞིན་དོན་དམ་པ་ཞེས་བྱའོ། །དེ་ཉིད་མངོན་དུ་བྱེད་པའི་ཡེ་ཤེས་དང་། བསྒོམ་པར་བྱ་བའི་སྤྲོས་པ་དང་བྲལ་བར་དབྱིངས་ཞེས་བྱ་བར་ཆོས་ཉིད་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཕྱེ་བ་སྟེ། སེམས་ཉིད་ཅི་ཡང་མ་ཡིན་པའི་ངོ་བོ་ཉིད་ཐམས་ཅད་དུ་རང་སྣང་ཡང་། ཡེ་ནས་རང་རིག་པའི་ཁྱབ་པར་རང་གསལ་བ་ལ། དུས་དང་མཐའ་དབུས་མེད་པ་ནི་ཡེ་ཤེས་དོན་དམ་པ་ཞེས་འདོགས་སོ། །བསྒོམ་པའི་སེམས་རང་སྣང་བའི་ཕུང་པོ་ལ་སོགས་པ་དང་། བསྒོམ་པའི་སྐུ་དང་ཡེ་ཤེས་ལ་སོགས་པ་ལོག་པའི་སྐབས་ལས་བཏགས་པ་དག །གཞི་ཉིད་ཀྱི་ཕྱིར་མ་འདྲེས་པར་ཅིར་ཡང་གསལ་ལ། རང་གི་ངོ་བོས་སྟོང་པ་ནི། ཟུང་དུ་འཇུག་ལ། རང་སྣང་ཐབས་ཀྱི་འབྲས་བུར་ལྷུན་གྱིས་གྲུབ་པ་ཁོ་ནའི་ཕྱིར། དོན་དམ་པ་གསུམ་པའོ། །དེ་དག་གཅིག་ཏུ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཉིད་གཉིས་ལས་ལྷུན་གྱིས་གྲུབ་པའི་ངང་སྟེ། བྱེད་པའི་གཞིར་འགྱུར་རོ། །བདེ་བར་གནས་པ་ནི། ཞེས་བྱ་བ་ནི། དེ་བསྒོམ་པའི་དུས་ན། རང་བཞིན་ཐམས་ཅད་ཡིན་ཞིང་། ཐམས་ཅད་དང་བྲལ་བ འི་ཕྱིར་བློ་ཉིད་སྤྱིར་གཏད་དེ། མཐའ་རྣམས་དང་ངོ་བོ་ཅི་ཡང་ཡིད་ལ་མི་བྱེད་པ་ནི། དང་པོའི་བདེ་བའོ། །དེ་ཡང་ཉེ་བར་སྤང་པ་ནི་མི་གནས་པའི་ཐབས་སོ། །དེ་ཉིད་ཀྱི་ཕྱིར་རྙོག་པ་དང་བྲལ་བའི་ཚུལ་གྱིས་ཅིས་ཀྱང་མ་བསྒྲིབས་པར། རང་གསལ་ལ་ཁྱབ་པ་ཉིད་གཉིས་པའི་བདེ་བ་སྟེ། རྗེས་སུ་མཐུན་པ་ཁོ་ནའོ། །དེའི་དུས་ན་ཕྱོགས་ཐམས་ཅད་དུ་མ་ལྷུང་ཞིང་། གང་ཡང་མ་བཀག་མ་སྤངས་པ་དང་། ལྡང་ན་ཡང་ངོ་བོ་ཉིད་དུ་ཤེས་པ་ཐམས་ཅད་ཀྱང་རང་ཉིད་དུ་གསལ་བ་ནི་གསུམ་པའི་བདེ་བ་སྟེ། རྗེས་སུ་མཐུན་པའོ་ཞེས་ཐ་སྙད་དུ་འདོགས་སོ། །བྱང་ཆུབ་སེམས་བསྒོམ་ཞེས་ཀྱང་དེ་ལ་བྱའོ། །སྣང་བ་དང་ཡེ་ཤེས་དང་རྒྱུ་བའི་ཟླ་དག་གཉིས་སུ་མེད་པའི་ངོ་བོ་ཉིད་ལ་མཐའ་དྲུག་མ་བརྩལ་བར་དག་ཅིང་། ངོ་བོ་ཉིད་གསུམ་མ་བརྩལ་བར་གཅིག་ཏུ་ལྷུན་གྱིས་གྲུབ་པར། གསལ་ལ་མི་རྟོག་པ་དེར་གྱིན་དར་མི་གཡོ་བར་གོམས་པར་བགྲོ་བ་ཙམ་ལ་བསྒོམ་མོ་ཞེས་བྱའོ། །རྣམ་གྲངས་ཀྱི་ཕྱིར་ཀྱང་སྟེ། གཉིས་སུ་མེད་པ་དང་། དོན་དམ་པའི་བྱང་ཆུབ་སེམས་ཁོ་ནའོ། །བསྒོམ་པའི་ངོ་བོ་བསྟན་པའི་ཕྱིར། རྟོགས་པའི་ཀླུང་ཆེན་མ་ཡེངས་དོན་སྟོན་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་གཉིས་ཀྱི་ཆོས་ཐམས་ཅད་བསྡུས་པས་དོན་དམ་པ་གསུམ་དུ་གནས་པར་རྟོགས་པ། དེ་ཡང་ཆོས་ཅན་རྒྱུ་རྣམས་ཀྱི་ངོ་བོ་སེམས་ཉིད་ལས། ཅིར་ཡང་མ་སྐྱེས་ཁྱབ་བདལ་ཆེན་པོའི་ཡེ་ཤེས་སུ་གསལ་བ་ཉིད། འབྲས་བུ་རིལ་ལྷུན་གྱིས་གྲུབ་པ་ཡང་། ངོ་བོ་ཉིད་དུ་གཟུང་དུ་མེད་པར་རྟོགས་པའོ། །དེ་ལྟར་ཤེས་པའི་རྟགས་ཀྱང་། ཀུན་ཏུ་བཟང་པོའི་རྒྱུད་ལས། ཡོད་མེད་གཉིས་སུ་ལས་འདས་པའི། །རང་བཞིན་མེད་པར་ཡིད་ལ་དྲན། །ཤེས་རབ་ཆེན་པོ་རྟོགས་པའི་རྟགས། །ཞེའོ། །ཀླུང་ནི་གཉིས་ལས། རང་བཞིན་གྱི་ཀླུང་ནི། འགྲེ་ལོག་སྤྱོད་གཙུགས་གར་སྐྱེས་ཀྱང་། །སྙིང་པོའི་དོན་ལས་མི་འདའ་བའི་ཕྱིར། །གང་ཡང་རང་བཞིན་ཉིད་ལས་མ་ཉམས་པའོ། །རྟོགས་པའི་ཀླུང་ནི་དེའི་ཉམས་རྒྱུན་མ་ཆད་པ་སྟེ། མ་ཡེངས་ཞེས་པ། སྤྱིར་རང་བཞིན་དང་། ཕྱི་དང་ནང་དང་མཚན་མ་དང་། ཡིད་ལ་བྱེད་པ་དང་། གནས་ངན་ལེན་ལ་སོགས་པ་ནི་གཡེང་བའོ། །དེ་ལ་ལྟ་བའི་དྲན་པ་མ་ཉམས་པར་གྱིན་དར་བཞག་ན། བྱ་བ་མེད་པར་རང་གསལ་བས། ཡུལ་ཀླུང་ཆེན་པོ་བཞིན་དུ་ཡངས་ལ། ལྡང་ན་ཡང་དེ་དག་གི་ཤེས་པས་ཅི་སྣང་བ་སེམས་ཀྱི་སྟོན་པ་སྟེ། མ་གཡོས་པའི་ཕྱིར། ཆུ་རླུང་ཆེན་པོ་ལྟར་རྒྱུན་མ་ཆད་པས། མེ་ལ་ཤིང་བསྣན་པའི་ཚུལ་གྱིས་མ་ཡེངས་པའི་ཀླུང་དུ་འགྲོ་ཞེས་བྱ་བ་ཁོ་ནའོ། །རྣམ་དག་བྱང་ཆུབ་སེམས་ཀྱི་སྒོམ་པ་ཡིན། །ཞེས་བྱ་བ་ནི་དག་པ་གསུམ་སྟེ། སྣང་སྟོང་གི་དངོས་པོ་རིལ་ནི་རང་བྱུང་གི་ཡེ་ཤེས་ཁོ་ནར་དག་ལ། དེ་ཉིད་ཁྱབ་ཅིང་མ་གྲུབ་པས། རང་བྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་དང་བྲལ། །ཞེས་པའི་ཕྱིར། སྨྲ་བསམ་གང་གིས་ཀྱང་མ་རེག་པ་ནི་རང་བཞིན་གྱི་དག་པ་ཞེས་བྱའོ། །རྟོགས་པ་དག་པ་ཡང་རྗེས་སུ་མཐུན་པ་ཁོ་ནའིི་ཕྱིར། ཆོས་དང་སེམས་ནི་ཡེ་ནས་གཉིས་སུ་མེད། །སེམས་ཀྱི་རང་བཞིན་བཙལ་ཡང་མི་རྙེད་ན། །གཞན་ལ་འདི་འདྲ་གཅིག་ནི་བསྟན་དུ་མེད། །སེམས་དང་ཆོས་ནི་ཅི་ཡང་མ་ཡིན་པས། །ཞེས་བྱ་བ་དང་། བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ། །ཞེས་པ་དང་། བསྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་ན། །ཞེས་པ་དང་། རྟོགས་པའི་ཀླུང་ཆེན་མ་ཡེངས་དོན་སྟོན་པས། །རྣམ་དག་བྱང་ཆུབ་སེམས་ཀྱི་སྒོམ་པ་ཡིན། །ཞེས་གསུངས་སོ། །བསྒོམ་པའི་རྟགས་དང་འབྲས་བུ་བསྟན་པའི། འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བར་བསྟན་པ་ནི་འདས་མ་ཐག་པ་ཉིད། དེ་ཡང་དུས་ནི་རྒྱུན་མ་ཆད་པ་སྟེ། སྤྱོད་ལམ་གྱི་རྣམ་ལྔར་ཡང་བསྒོམ་པའོ། །ཉིད་ལས་མ་ཡེངས་པ་ནི་ཆོས་ཀྱི་སྐུ། །ཞེས་བྱ་བ་ནི། ཉིད་ནི་བསྒོམ་པའི་ངོ་བོ་ཉིད་དེ་བཤད་ཟིན་ཏོ། །ལས་ཞེས་བྱ་བ་ནི་དེ་ལས་གཞན་པ་གང་ཡང་མི་བྱེད་པའོ། །མ་ཡེངས་པ་ཡང་བཤད་ཟིན་ཏོ། །དེ་ཁོ་ན་ཉིད་འབྲས་བུ་ཆོས་ཀྱི་སྐུ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་ལྟར་གནས་པ་ལས་ཐམས་ཅད་དུ་སྣང་བའི་གཞིར་གྱུར་པ་དང་། ཁྱབ་པར་གསལ་ལ་མ་གྲུབ་པ་དང་། ལྷུན་གྱིས་གྲུབ་པའི་ཡོན་ཏན་རྣམས་རང་སྣང་བ་དང་། ཐམས་ཅད་བྱིན་གྱིས་རློབ་པའི་ཕྱིར། ངེས་ཚིག་དང་། ངོ་བོ་དང་། རྩལ་དང་། ལས་རྣམས་ཀྱིས་འཐད་པ་ཁོ་ནའོ། །ཞེས་བྱ་བའོ། །སྟོབས་སུ་གྱུར་ན་འཇིག་རྟེན་རང་བཞིན་མེད། །ཞེས་བྱ་བ་ནི། དྲོད་རྟགས་བསྟན་པ་ནི། ཐོག་མ་ཉིད་ན་མར་ཉམས་ཚོར་བ་གསུམ་ཤེས་པ་གསུམ། བཏང་སྙོམས་གསུམ་ལས་སོགས་པ་རིམ་པར་འབྱུང་བར་ཤེས་ནས། བརྩོན་པས་གོམས་པའི་མཐར་བཤད་པ་ལྟ་བུར་ཀླུང་དུ་ཆུད་པ་ནི་སྟོབས་སུ་གྱུར་པ་ཞེས་བྱའོ། །དེ་ལྟར་གང་གིས་གདེང་ཆུད་པ་ན་གཟུང་འཛིན་གྱི་འཇིག་རྟེན་གཉིས་ཀ་ནས་དག་པས། ངོ་བོ་རང་བཞིན་གྱིས་མ་དམིགས་པ་ན་མེད་པ་ཞེས་བྱ་སྟེ། དེ་ཡང་འདི་ཤེས་མི་འཇུག་པ་དང་། མ་གྲུབ་པ་དང་། བདག་ཉིད་ཆེན་པོའི་རྗེས་སུ་དྲོད་ཚད་རིག་པར་བྱའོ། །དེ་ལྟར་མེད་པའི་དོན་གྱིས་མཛད་པ་འགོག་གོ་སྙམ་པ་ལ། ཆོས་སྐུའི་རྩལ་དང་མཛད་པ་བསྟན་པའི་ཕྱིར། །ཐུགས་རྗེ་སྤྲུལ་པ་ཀུན་ལ་ཁྱབ་མཛད་ཅིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་རྗེ་ནི་ཕྱོགས་གཅིག་པ་དང་། འཇིག་རྟེན་པ་དང་། གཏོད་པ་མེད་པ་དང་། ཆེན་པོའོ། །དེ་ལ་ཐུགས་རྗེ་ཆེན་པོ་ནི་རང་བཞིན་གྱི་སྐབས་སུ་བཤད་ཟིན་ཏོ། །དེ་ཉིད་མངོན་དུ་གྱུར་པ་ནི་ཡེ་ཤེས་ཆེན་པོ་སྟེ། དེའི་མིག་གི་ཕྱིར། དཔེར་ན་མངོན་ཤེས་ཐོབ་པས། རྨི་ལམ་ཅན་ལྟ་བའི་ཚུལ་གྱིས་མ་འདྲེས་ལ། མི་རྟོག་པར་དོན་བྱེད་དེ། སྲིག་གི་འཁོར་ལོ་ལས། རང་བྱུང་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། སྟོང་ཁམས་ཡོངས་ལ་སྙོམས་པའ་ིཐུགས་རྗེ་འབྱུང་ཞེའོ། །སྤྲུལ་པ་ཀུན་ལ་ཁྱབ་པ་ནི། ངོ་བོ་ཉིད་སྐྱེད་དུ་ཐལ་བ་མེད་པའི་ཕྱིར། ཡོན་ཏན་ཁྱབ་པའི་རྗེས་སུ་འཇུག་པ་སྟེ། ནོར་བདུན་མངོན་དུ་བྱས་པའི་རྩལ་ལས་དྲུག་ཉིད་མཐའ་ཡས་པས་སྣང་བའོ། །དེའི་ཕྱིར་འགྲོ་བ་དང་འོང་བ་བྲལ་བ་སྟེ། བརྒྱུད་ནས་སྣང་བ་མ་མིན་པ་དེ་ཁོ་ནའོ། །སེམས་ཅན་རྣམས་ལ་བྱམས་པའི་ཆར་ཆེན་འབེབས། །ཞེས་བྱ་བ་ནི། སེམས་ཅན་ནི་ལོག་སྤྱོད་ཤ་སྟག་སྟེ། དེ་ཡང་རྒྱལ་གྲྭ་བུ་ཆུང་ནས་བཀུར་བ་བཞིན་དུ། འཁྲུལ་པའི་འདུ་ཤེས་སྐད་ཅིག་མའི་རྒྱུན་ཙམ་ལས། ངོ་བོ་ཉིད་ནི་གདོད་ནས་སྟོང་སྟེ། རྣམ་པར་དག་པ་ཁོ་ནའོ། །བྱམས་པ་ནི་ཕན་པ་སྟེ། བཤད་པ་དྲུག་གི་མཛད་པ་མཐའ་ཡས་པས། གདུལ་བྱ་མ་ལུས་རེ་བ་སྐད་ཅིགགིས་སྐོང་བ་སྟེ། སྣ་ཚོགས་ཀྱི་འདུ་ཤེས་ལས་གྲོལ་ནས། དམིགས་པའི་འདུ་ཤེས་ཟད་མ་ཐག་འབྲས་བུ་རང་ལ་ཤར་ཏེ། གཉིས་སུ་མེད་པར་མཛད་པའི་དོན་ཁོ་ནའོ། །རྒྱ་མཚོའི་ཀློང་བྱུང་ཆུ་བོས་ཀུན་རླན་ཡན་ལག་བཅས་འདུ་རོ་གཅིག་རླབས་འབྱུང་བཞིན། རང་བྱུང་ཀློང་ཤར་རིག་བརྒྱད་རང་སྣང་སྣ་ཚོགས་བདག་ལས་གཞན་མིན་ལྷུན་གྲུབ་པ། རྗེས་སུ་ངེས་པས་སྒྲོ་བྲལ་ཇི་བཞིན་ཀུན་སྦྱོར་མི་གཡོ་མི་དམིགས་བསམ་ཡས་སྣང་། ཀུན་འདུས་ཀློང་བྱུང་མན་ངག་སྦས་པ་མདོར་བཤད་ངལ་བས་འགྲོ་བ་བྱང་ཆུབ་ཤོག །བྱང་ཆུབ་སེམས་སྒོམ་པའི་འགྲེལ་བ་རིན་པོ་ཆེ་སྒྲོན་མ་ཞེས་བྱ་བ། རྫོགས་སོ།། །།

རྩེ་མོ་བྱུང་རྒྱལ་འགྲེལ་བ། གནུབས་སངས་རྒྱས་ཡེ་ཤེས།

རྩེ་མོ་བྱུང་རྒྱལ་འགྲེལ་བ་བཞུགས་སོ། །མན་ངག་གི་ཡི་གེ་རྣམས་ནི་སྤྱི་དོན་ལྔས་བཤད་པ་རྩམ་པར་བྱས་པ་བཞིན། འདིར་འཆད་དེ། ལོ་རྒྱུས་དང་པོ་སེམས་ཉིད་སྟོན་པའི་བྱིན་བརླབས་བརྒྱུད་པའོ། །རང་གི་ངོས་བོས་བཤད་པ་ནི། སངས་རྒྱས་སེམས་ཅན་དང་མཁའ་རྡུལ་ཡན་ཆད་ཀུན་གྱིས་བྱང་ཆུབ་སེམས་རྟོགས་པ་ཅན་ལ་ལྷག་གེ་ལྷང་ངེ་ལྷན་ནེར་སྟོན་པར་བྱེད་པར་མན་ངག་གི་དེ་ཁོ་ན་ཉིད་སྟོན་པར་གྱུར་པའོ། །གསུམ་པ་ནི་ཤོ་ལོ་ཀ་དྲུག་ཅུ་རྩ་བརྒྱད་པ་བཀོད་དེ་བསྟན་པས་ཁུངས་ཀྱིས་ཡིད་ཆེས་པར་འགྱུར་བའོ། །དོན་གཅིག་ཏུ་དྲིལ་བའི་ཕྱིར་ཐམས་ཅད་ལྷུན་གྱིས་གྲུབ་པས་ཐེག་པའི་ཡང་རྩེར་སྟོན་ཏོ། །ཕྱོགས་མཐུན་པར་བྱ་བའི་ཕྱིར་ཨ་ཏི་ཡོ་གར་སྟོན་ཏོ། །དགོས་ཆེད་སྐལ་པ་དང་སྣོད་དུ་ལྡན་པ་ཡང་རབས་ཀྱི་ཕྱིར་རོ། །ཚིག་གི་དོན་བསྡུ་ན་མཆོད་པ་དང་། སྣོད་དང་ཚོད་དང་གཞུང་དང་གསུམ་གྱིས་སྟོན་ཏོ། །བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་པ། སྟོན་པ་ལ་མཆོད་པ་སྟེ། ཡེ་ཤེས་རྡོ་རྗེས་ཞེན་པ་རྩད་ནས་བཅད། །མ་བརྩལ་ཀུན་རྫོགས་སྨྲ་བསམས་བྲལ། །འདོད་ནས་ཉེས་བྲལ་ཅིར་ཡང་སྣང་། །དངོས་ཀུན་དབང་མཛད་ལོངས་སྤྱོད་ཆེ། །ཅིར་སྣང་ཅིར་སྲིད་མ་བསྒོས་པ། །ཀུན་རྫོགས་ཀུན་བྲལ་སྤྱོད་ཡུལ་དག །དེ་ཉིད་གཞིར་གྱུར་གང་མཇལ་བས། མ་ནོར་ཀླུང་ཞུགས་གུས་པའི་མཆོག །ཅེས་བྱ་བའི་དོན་ཏོ། །མན་ངག་ལ་འདུད་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་དཔལ་བདེ་ཆེན་ཐམས་ཅད་མཁྱེན་པའི་ཐུགས། སྣ་ཚོགས་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས། །དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་གསུང་། །རྣམ་དག་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་པ། བཤད་པའི་སྟོན་པའི་ཐུགས་རང་བྱུང་བའི་ཡེ་ཤེས་རྣམ་པའི་མཆོག་ཐམས་ཅད་མཁྱེན་པའི་ངོ་བོ་ནི། ཆོས་སོ་ཅོག་སྙིང་པོའི་དོན་ལས་མ་འདས་པས་སྐྱེ་འཇིག་དང་བྲལ་བར་གསལ་བས་རྩོལ་བ་དང་བྲལ་བའི་སྟོན་པ་རྣམ་གཉིས་ཀྱི་བསྟན་པ་ཟབ་མོ་དབྱིངས་དང་ཡེ་ཤེས་འབྱེད་པའི་རྩོལ་བ་དང་བྲལ་བས་སྒྲོ་སྐུར་མེད་པའི་ལུང་ལྷུན་གྱིས་གྲུབ་པའི་གསུང་ངང་གིས་སྤྲོས་པ་གསུམ་དང་འབྲལ་བར་གདེང་གིས་མཇལ་ཅིང་རྣལ་འབྱོར་གྱིས་ཀླུངས་སུ་གྱུར་པའོ། །སྣོད་དང་དགོས་ཆེད་བསྟན་པའི་ཕྱིར། སྔོན་ཚེ་འདས་པའི་སྐལ་པ་མཐའ་རིངས་ནས། འཁྲུལ་འཁོར་བླུན་རྨོངས་མདོངས་བའི་འགྲོ་བ་རྣམས། ང་དང་བདག་བཅས་མཚན་མས་བཅིངས་པ་ཡིས། ཁམས་གསུམ་རྒྱུད་ལས་འཁོར་བའི་འགྲོ་དོན་པ། ཞེས་པ། ཐུན་མོང་གི་དགོས་ཆེད་འཆད་དེ། རྩོམ་པ་མེད་པའི་དུས་ནས་ཤེས་པ་ནོར་བས་འཁྱམས་ཤིང་མ་རིག་པས་ལྟ་བ་དང་བྲལ་བ་དྲུག་པོ་ཀུན་རྩ་བའི་རྟོགས་པས་ཞགས་པ་གཉིས་ཀྱིས་ཟིན་ཅིང་གྲོང་ཁྱེར་གསུམ་དུ་བར་མ་ཆད་པར་ཡང་སྐྱེ་བའི་ཆེད་དུ་བཀའ་སྩལ་ཏོ། །འོ་ན་ཀུན་ཀྱང་མན་ངག་གི་སྣོད་དུ་ཐལ་བར་འགྱུར་རོ་བར་དགོས་པ་ལ། སྙིགས་མའི་དོན་ལས་གདམས་པའི་གསུང་མཆོག་འདི། །རྒྱལ་སྲས་གང་འདོད་དབང་ཕྱུག་སྐལ་ལྡན་ལ། །ཐུགས་རྗེའི་དཀྱིལ་འཁོར་རྨད་འབྱུང་བསམ་ཡས་པ། །རྣལ་འབྱོར་ཕྱི་རབས་དོན་དུ་གསུངས་པ་ཡིས། །སྐལ་བཟང་སྣོད་ལྡན་ཤིན་ཏུ་རྣལ་འབྱོར་དོན། ཞེས་པ། དམན་པའི་དོན་དུ་གསུངས་པ་དག་ལས་ཁྱད་པར་དུ་བརྣགས་པའི་བཀའ་ངེས་པའི་ལུང་འདི་ནི། ཁྱད་པར་གྱི་དགོས་ཆེད་རྒྱུད་དུ་འབྱུང་ངེས་པ་འདི་ལ་མོས་པ་ལ་བདག་ཉིད་ཆེན་པོར་མངའ་བརྙེས་པའི་ཀུན་བཟང་རྡོ་རྗེ་སེམས་དཔའ་ལས་འཕྲོ་མཆོག་དང་ལྡན་པ་དག་ལ་རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ་པས་ཟླ་མེད་པའི་བྱིན་རླབས་སྣང་བར་མཛད་དེ་མ་འོངས་པའི་ཆེད་དུ་བཀའ་སྩལ་པས། ལམ་མཆོག་གི་སྐལ་པ་ཡོད་ཅིང་སྐྱོན་བཞི་སྤངས་པ་ལ་ཐེག་མཆོག་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་གཟའ་གཏད་དང་རེ་དོགས་མེད་པའི་ཤེས་བྱ་དམ་པ་གནང་བ་བྱིན་པ་ནི། ལྷུན་གྲུབ་བྱང་ཆུབ་རྫོགས་དབང་དམ་ཚིག་ཅན། །བླ་མའི་མན་ངག་སྙན་ཁུང་ཐུགས་བརྒྱུད་པ། །དད་ཅན་རྒྱལ་བའི་ཐུགས་དང་འདྲ་རྣམས་ཁྱེར། །ཞེས་པ། ནོར་བུ་རིན་ཆེན་ལྟ་བུའི་བྱང་ཆུབ་སེམས་ཆོས་སོ་ཅོག་གི་དངོས་གཞི་དབང་ཕྱུག་ཆེན་པོའི་ཐེག་པ་འདི། ཁུངས་ཀྱི་དབང་ལུང་ཐོབ་ཅིང་བསྲུང་བ་ཀུན་དང་ལྡན་པ་དུས་ལ་བབ་པས། སྙན་ཁུང་བརྒྱུད་པའི་མན་ངག་བརྩལ་མི་དགོས་པ་འདི་རྒྱལ་བ་རྣམས་དགོངས་པར་བརྒྱུད་པའི་དོན་ལ་ཤིན་ཏུ་མོས་པས་ཟང་ཟིང་དང་། སྲོག་ལ་མི་ལྟ་ཞིང་འདི་ཡོད་པར་མེ་མ་མུར་གྱི་འོབས་དང་སྤུ་གྲི་སོའང་བརྒལ་ནུས་པའི་སྐྱེས་བུ་རྒྱལ་བ་ཉིད་དང་མཚུངས་པ་རྣམས་ལ་གནང་བ་རྩལ་བའོ། །ད་ནི་མན་ངག་གི་གཞུང་ལ་བབ་པ་སྟེ། ངེས་པ་བདུན་གྱིས་ཆེ་བ་བསྟན་པ་ལས་ཀྱང་བཀའ་འདི་ལུང་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པ་ངེས་པར་བསྟན་པའི་ཕྱིར། སྐུ་དང་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི། །ཐུགས་ཀྱི་དཀྱིལ་འཁོར་ཡོན་ཏན་སྒོ་ཕྱེ་ནས། །བདེར་གཤེགས་དཔལ་གྱི་མགུར་ནས་གསུང་བསྒྲགས་པ། །གསང་སྔགས་དབང་ཕྱུག་རྣལ་འབྱོར་རྒྱལ་པོ་ཡིན། །ཞེས་པ། གནང་བའི་དོན་དངོས་ནི་ལྔ་སོགས་གྲངས་ལས་འདས་པའི་ལྷུན་གྲུབ་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིས་སྙིང་པོར་གྱུར་པས། ཀུན་རྫོགས་པ་ནི་མཛོད་དམ་པ་སྟེ། གདུལ་བྱ་ལ་སྣང་བ་མི་འགོག་པས་ཚིག་ཏུ་བཀའ་སྩལ་པར་སྣང་བ་ནི། རྒྱལ་ཐབས་སྤྱི་བླུགས་ཀྱི་དོན་རེག་དཀའ་ལ་བྱིན་རླབས་ཆེ་བས་ཐེག་པའི་ཡང་རྩེ་སྤྱོད་པ་ཆེན་པོའི་ངོ་བོ་སྙིང་པོ་བྱང་ཆུབ་ལས་མི་གཡོ་བ་འདི་ལུང་གི་རྒྱལ་པོར་གྱུར་པས་ཚད་མའོ། །ལུང་རྣམས་ཀྱི་སྤྱི་འགྲེལ་ཡིན་ངེས་པ་ནི། མཉམ་སྦྱོར་ཀུན་ཏུ་བཟང་པོ་ཉིད་ཀྱི་དབྱིངས། །ཞེས་པ། ཐམས་ཅད་་བླང་དོར་མེ ད་པའི་ངང་དུ་བྱུང་ཐེབས་པས་སྤྱོད་ཡུལ་ཡོངས་སུ་དག་པར་སྟོན་པའི་དགོངས་པ་ནི། ལྷུན་གྲུབ་མུ་མཐའ་མེད་པའོ། །རྣམ་དག་ལམ་ཆེན་ཀུན་སྒྲོལ་དགོངས་པའི་ཐུགས། །ཞེས་པ། རྣམ་པ་དང་བྲལ་བའི་རྩོལ་བ་མེད་པར་ས་ནོན་པའི་ཐེག་པས། ཐེག་པ་གཉིས་པོ་ཐམས་ཅད་ཆུད་མི་གསོན་པར་གནས་ཆེན་པོར་འདོན་པ་ནི་རྒྱལ་བའི་འང་ཞེ་ཕུགས་སུ་གྱུར་པའོ། །དེའི་ངོ་བོ་ནི། བགྲོད་མེད་རྣལ་གྲོལ་རྫོགས་པ་ཆེན་པའི་ལམ། །ཞེས་པ། བྱར་མེད་ལྷུན་རྫོགས་སྐྱེ་བ་མེད་ཀྱི་དབྱིངས། །ཞེས་པས། བཅིངས་པ་གདོད་ནས་མེད་པས་ས་ལ་མི་རྩོལ་བ་ནི། ཡང་དག་པ་ཉི་དུ་མཐར་འབྱིན་པས་མིང་འཐོབ་སྟེ། དེ་ལ་ནི་བྱ་བ་དྲུག་དང་བྲལ་བས་གཞན་དུ་སྨོན་རེ་མེད་དེ་རང་རིག་འདུས་མ་བྱས་པས་དངོས་གཞི་མེད་པ་ཐམས་ཅད་ཀྱི་འབྱུང་གནས་དེས་ཐམས་ཅད་གསལ་བར་བྱེད་པས་ལུང་གི་ངོ་བོ་ཁོ་ནའོ། །བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པར་ངེས་པ་ནི། ཐེག་པའི་རྣམ་གྲངས་གྲལ་ཐབས་ཆ་མཉམས་པ། །མ་འདྲེས་ཆོས་རྣམས་ཡོངས་སུ་རྫོགས་པའི་རྒྱན། །ཞེས་པ། ཐེག་པ་ཆེ་འཕྲའི་གྲལ་བཀོད་པ་རིལ་ཡང་སྒོ་སོ་སོར་གཤག་ཕྱེད་པར་སྤྱོད་པ་ཉིད་ན་འདི་ལ་རིས་མེད་པས་རིལ་འུབ་པ་ནི་བདག་ཉིད་ཀྱི་མཛེས་པའོ། །ཀློང་ཡངས་རྒྱ་མཚོ་ཆུ་བོའི་འཕྲོ་འདུ་བཞིན། །རྒྱལ་ཐབས་སྤྱི་བླུགས་དབང་ཕྱུག་རྣམས་ཀྱི་མཛོད། །ཞེས་པ། དེ་ནི་མཚོན་པའི་དཔེ་རྒྱ་མཚོ་ཆེན་པོ་ཆུ་བོ་བཞི་དང་ཆུ་བྲན་འདུས་ལ་དེ་ལས་བྱུང་བ་ལྟ་བུར། ཨ་ཏི་ཡོ་གའི་ཐེག་པ་ཐེག་པ་ཀུན་གྱི་བདག་ཉིད་པས་ཐེག་པ་རྣམས་ལ་མ་བཀབ་པར་ཁྱབ་པས་སྤྱི་མེས་ཆེན་པོ་ཐམས་ཅད་འབྱུང་བའི་མཛོད་ཡིན་ནོ། །ཐེག་པའི་ཡང་རྩེར་ངེས་པ་ནི། ཤེས་བྱ་ཤེས་བྱེད་ཀུན་གྱི་གཞིར་གྱུར་པ། །ཀུན་གཞི་གནས་གྱུར་རྫོགས་པའི་དཀྱིལ་འཁོར་ནི། རྣམས་ཤེས་གདེངས་ཀ་ནམ་མཁའི་རྒྱས་མཉམ་པ། །རྩེ་མོ་བྱུང་རྒྱལ་བདེ་བ་ཆེན་པོའི་དབྱིངས། །སྡེ་རྒྱུད་ཡང་དོག་བླ་ན་མེད་པའི་ས། །ཞེས་པ། ཐེག་པ་ཀུན་གྱི་ཡུལ་དང་ལྟ་བ་རྣམས་ཀྱི་རྩ་བར་གྱུར་པ་ནི། ལོན་པའི་ཤེས་པ་ཉིད་མ་སྤངས་པར་རང་སར་དག་པས། རང་བཞིན་མེད་པའི་རྣམ་པར་ཤེས་པ་དགུ་པ་རིལ་གྱི་འབྱུང་ནས་ལྷུན་གྲུབ་རྫོགས་ཆེན་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཁྱོན་ནི། རྒུ་པ་ཉིད་ཀྱིས་ཕྱིན་པ་མེད་པར་ཀུན་ཏུ་ཁྱབ་པས་ནམ་མཁའ་ལྟ་བུའི་ཕྱིར་གཉིས་པ་མེད་པས་འཆད་པར་འགྱུར་བ་ལྟར་ཐམས་ཅད་དུ་རང་ཤར་བའི་བདག་ཉིད་ཆེན་པོ་ནི་བདེ་བ་ཆེན་པོ་འདོད་པའི་འདོད་ཆགས་དང་བྲལ་བས་རྩ་བར་གྱུར་པའི་དོན་དེ་གསུམ་དང་བཅོ་བརྒྱད་ལ་སོགས་པས་གཞུང་བཙུགས་པའི་ཐེག་པ་རྣམས་ཀྱི་བླར་འགྱུར་པ་རྫོགས་པ་སྤྱིར་ཆིབ་ཀྱི་སར་ངེས་པའོ། །མན་ངག་གི་རྩ་བར་ངེས་པ་ནི། ཀུན་ཏུ་བཟང་པོ་རང་བྱུང་བཅོམ་ལྡན་འདས། །ཞེས་པ། སྲིད་གསུམ་ཆུ་ལྟར་བྲུག་ཅིང་ཁམས་གསུམ་རླུང་ལྟར་གཡེངས་ཀྱང་གཡོས་པ་མེད་པའི་མུར་རང་སྣང་བ་ནི་གཉེན་པོར་གྱུར་པའོ། །གཅིག་པུ་རབ་ཏུ་ཆེ་མཆོག་ཆོས་ཀྱི་སྐུ། །ཞེས་པ། ཐམས་ཅད་དུ་རང་གི་སེམས་རང་སྣང་བས་གཞན་པའི་ཟླ་དང་བྲལ་བས་གཉིས་སུ་མེད་པའོ། །ལྷུན་རྫོགས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེ། །བླ་ན་མེད་པའི་གོ་འཕང་མཆོག་ལ་གནས། །ཞེས་པ། དེ་ཕྱིར་སྣང་གྲགས་དྲན་སྟོང་རིལ། གསུམ་དུ་སངས་རྒྱས་པས་ལོག་པར་མི་འདའ་བ་ནི་ཁམས་གསུམ་ཉིད་སངས་རྒྱས་ཀྱི་སར་བཞུགས་པས་དོན་དེ་ལས་ལྷག་པར་བྱ་བའི་གཞི་མེད་པའི་ཕྱིར་རོ། །དོན་ཐམས་ཅད་ཀྱི་མཇུག་སྡུད་དུ་ངེས་པར་བསྟན་པའི་ཕྱིར། ཆོས་དབྱིངས་མ་སྐྱེས་སེམས་ཅན་མེད་པའི་ཕྱིར། །སྲིད་པའི་ཆོས་རྣམས་ཡེ་ནས་ལྷུན་གྱིས་གྲུབ། །ཞེས་པ། ཐམས་ཅད་ཀྱི་ངོ་བོ་མ་བཀོལ་མི་ལྡན། ཀུན་ཡིད་ལ་འདི་ཞེས་བྱ་བ་མེད་པས་འགྲོ་བ་མིང་ལས་ངོ་བོ་མ་གྲུབ་པའི་གཏན་ཚིགས་ཀྱིས། སྲིད་གསུམ་ཉི་མ་སྤངས་པར་བྱང་ཆུབ་ཆེན་པོར་སངས་རྒྱས་པའོ། །དེ་རྒྱུ་ལྷུན་རྫོགས་བྱང་ཆུབ་སེམས་ཀྱི་དབྱིངས། །མི་གནས་མྱ་ངན་འདས་པའི་འབྲས་བུར་གནས། །ཞེས་པ། དོན་དེ་ནི་ལྷུན་གྱིས་རྫོགས་པའི་རྒྱུ་སྟེ། མཚན་ཉིད་བསྟན་ཏུ་མེད་པས་མྱ་ངན་ལས་འདས་པ་ཆེན་པོ་སྟེ་འཁོར་བ་མིང་མེད་པར་སྨིན་པའི་དོན་ཏུ་ལ་བཅད་པའོ། །ཆོས་ཐམས་ཅད་ཀྱི་མེ་ལོང་དུ་ངེས་པ་བསྟན་པ་ནི། ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་བ། །ཡེ་ཤེས་རྒྱ་མཚོ་འཁྱིལ་པའི་དབྱིངས་དང་མཚུངས། །ཞེས་པ། བཅུ་དྲུག་གི་རི་བོང་ཅན་ལྟ་བུར་བྱང་ཆུབ་སེམས་ནི་ངོ་བོས་གཞན་པས་ལས་དང་བྲལ་ལོ། །འོ་ན་རྣམ་པ་ཅན་ནོ་ཞེ་ན། རྒྱ་མཚོ་ཆེན་པོར་ཐམས་ཅད་འདུས་ཤིང་ངང་ལ་ཀུན་གསལ་བ་ལྟ་བུ་བས་ཐམས་ཅད་བྱང་ཆུབ་སེམས་ཀྱིས་གསལ་བར་བྱེད་པའོ། །སྤྲོས་ཀྱང་དེ་བཞིན་བསྡུས་ཀྱང་ཇི་བཞིན་པ། །བསོད་ནམས་ཡེ་ནས་སྐུ་གསུང་ཐུགས་ལ་རྫོགས། །ཞེས་པ། བྱང་ཆུབ་སེམས་སྤྱོད་ཡུལ་མེད་པའི་སེམས་འགྲོ་འོང་སྣང་ཙམ་ན་སྐད་ཅིག་མ་མེད་པའི་ཆོས་ཉིད་ཡིན་པའང་ཉི་ཚེ་བའི་སྟོང་པ་མ་ཡིན་ཏེ། བསམ་གྱིས་མི་ཁྱབ་པའི་མཚན་དཔེའི་ངོ་བོར་ལྷུན་གྱིས་གྲུབ་པའི་སྐུ་གསུང་ཐུགས་ཉིད་བཞུགས་པས་ཚོགས་མ་བརྩལ་བར་རྫོགས་པ་དེ་ལྟར་ཐག་ཆོད་པར་བྱའོ། །མངོན་དུ་གྱུར་པའི་ཐུགས་རྗེ་རྒྱུན་མེད་པར་ཅིར་ཡང་སྣང་བའི་ཕྱིར། ལྟ་བ་ནམ་མཁའི་རྒྱལ་པོ་འཕང་གཅོད་པས། །བཏང་སྙོམས་ཆེན་པོར་ལྷུན་རྫོགས་ཆོས་ཀྱི་དབྱིངས། །ཞེས་པ། འདིར་ཤེས་རབ་ཀྱི་སྤྱན་དམ་པས་བདག་ཉིད་ཆེན་པོར་ཐག་ཆོད་པས་ལྟ་ངན་ཟིལ་གྱིས་མནན་པའི་ཕྱིར། བདག་ཉིད་ངང་ལ་ཡོང་བསྒྲིམ་མེད་པ་ནི། དོགས་པ་དང་བྲལ་བའི་བཏང་སྙོམས་ཆེན་པོ་སྟེ། རིག་པ་ཉིད་ངང་དུ་རང་གསལ་བར་སྣང་བའོ། །མ་སྐྱེས་མི་གནས་ནམ་མཁའི་རང་བཞིན་ལ། །ཐུགས་རྗེའི་ཆོ་འཕྲུལ་ཡ་མཚན་ཆེན་པོར་སྟོན །ཞེས་པ། གློ་བུར་དུ་མ་བྱུང་བས་མཚན་ཉིད་ཅིར་ཡང་མི་ཟིན་པས་ནམ་མཁའ་ལྟ་བུའི་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་ཉིད་ཀྱི་ངོ་བོ་མི་གཡོ་བ་ཅིར་ཡང་སྣང་བ་ལ་ངེས་པ་མེད་པས་མི་འབྱུང་མེད་པར་དོན་མཛད་པའོ། །དེ་ལྟར་མཇལ་བས་ཐུགས་རྗེ་རྒྱུན་དུ་འབྱུང་བས་སྡུག་བསྔལ་སྦྱངས་ཟིན་པའོ། །རྟོགས་པའི་ཡོན་ཏན་ནི། །ཁྱུང་ཆེན་གཤོག་རྫོགས་མཁའ་ལ་ལྡིངས་བ་བཞིན། །ཆུ་ཀླུང་རི་རབ་གྱེན་ཐར་ཉམ་མི་ང་། །བར་སྣང་མཁའི་ཁམས་ཀུན་ལམ་དུ་བདེ། །གང་དུ་དམིགས་པའི་ས་ཀུན་གཅོད་པར་བྱེད། །ཞེས་པ། ཁྱུང་མཁའ་ལ་ལྡིངས་བ་ནི། བག་ཚ་བ་མེད་པ་དང་། ཐམས་ཅད་དུ་ལམ་དུ་བདེ་བ་དང་། ཤིན་ཏུ་མགྱོགས་པ་གསུམ་གྱིས་ཆོས་མཐུན་པར་སྟོན་ཏོ། །དེ་བཞིན་ཡེ་ནས་བློ་སྦྱངས་རྣལ་འབྱོར་ཐུགས། །བྱང་ཆུབ་སྙིང་པོར་འགྲོ་བའི་སྐལ་ལྡན་པའོ། །སངས་རྒྱས་མངོན་དུ་བྱས་པའི་མན་ངག་ཅན། །བྱང་ཆུབ་སེམས་རྟོགས་ཡོན་ཏན་ཁྱད་པར་འཕགས། །ཞེས་པ། དཔེ་དེ་ལྟར་གདོད་ནས་རང་རིག་རང་དག་པས་དོན་དེ་ལ་གོམས་པར་བྱས་པའི་རྣལ་འབྱོར་ཆེན་པོའི་རིག་པ་སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་མེད་པའི་སོན་པའི་བློ་ཅན་དེ་ལ་འབྲས་བུ་ཚེགས་ཆུང་ངུས་འགྲུབ་པ་ལྟ་བུའང་མ་ཡིན་ཏེ། བརྩལ་མི་དགོས་པར་གྲུབ་ཟིན་པའི་ཐབས་མ་ནོར་བ་ཐོབ་ཅིང་དེ་དང་ལྡན་པས། རྩེ་མོ་བྱུང་རྒྱལ་གྱི་དོན་རྟོགས་པའི་ཡོན་ཏན་ནི། མི་ཟད་ཁམས་ལ་བག་མི་ཚ་བ་དང་། ཐ་སྙད་ཐམས་ཅད་མ་ནོར་ལམ་དུ་མཇལ་པས་མི་རྩོལ་བ་དང་། བགྲོད་མི་དགོས་པར་ས་ནོན་པར་བྱེད་པ་ལ་སོགས་པའོ། །དེ་ལྟར་མཇལ་ན་ཡེ་ཤེས་རྒྱུན་དུ་འཆར་བས་རྟོགས་ཀྱང་ཟིན་ལ། འཕོ་འགྱུར་ལ་ཡང་ཉམ་མི་ང་བའི་ཡིད་ཆེས་པ་འབྱུང་ངོ་། །ཕྲིན་ལས་བསྟན་པའི་ཕྱིར། བདག་དང་གཞན་དོན་ལྷུན་གྲུབ་མ་སྤངས་པའི། །སྤྱོད་པ་རྒྱ་མཚོ་སྣ་ཚོགས་ཅི་བདེར་སྤྱོད། །ཞེས་པ། གཉིས་ག་རང་བྱུང་ཡེ་ཤེས་སུ་ཡེ་བྱུངས་ཐེབས་པས་འཁོར་བ་དཔྱིས་ཕྱུང་ཉོན་མོངས་པ་ལམ་དུ་དག །རྟོག་པ་ཡེ་ཤེས་སུ་ཤར། སྡུག་བསྔལ་ལོངས་སྤྱོད་དུ་གྱུར་པས་བྱ་བ་གྲུབ་ཟིན་པ་ལ་ཕྱོགས་ཀྱི་ལས་གང་ཡང་སྤང་བླང་མེད་པའི་ཕྱིར། རྣམ་གྲངས་བརྒྱ་སྟོང་སྤྱོད་པ་ཐ་དད་ལ་དཀའ་ཐུབ་མེད་པར་སྤྱོད་པའོ། །དེས་སླར་ལྷུང་བར་དོགས་པ་ལ། པདྨ་སྐྱེ་བའི་རྒྱུ་ནི་འདམ་ཡིན་ཏེ། །པདྨ་ལ་ནི་འདམ་གྱིས་གོས་པ་མེད། །ཆོས་ཉིད་ཆགས་པ་མེད་པ་རྟོགས་འགྱུར་ན། །ཡེ་ནས་ཆགས་མེད་ཉམས་པ་རྡུལ་ཡང་མེད། །ཞེས་པ། དེས་བཤད་པ་གོ་སླའོ། །དེ་ལྟར་ཟིན་ཆགས་མེད་པའི་ལྟ་བ་གནད་ཆུད་ན། ལས་ཅི་ལས་སྤྱད་ཀྱང་ཡེ་ཉིད་སྤྱད་པ་མེད་པ་ལ་འཕྲལ་དུ་སྤྱད་པས་ཅི་བསྒོ་སྟེ། འཕོ་འགྱུར་མེད་དེ་མ་གཡོས་སོ། །དེ་ལྟར་མཇལ་ན་ཕྲིན་ལས་ཀྱིས་དོན་བྱས་ཀྱང་ཟིན་ལ་འཆི་འཕོ་ལ་འཇིགས་པ་བྲལ་བར་ཡིད་ཆེས་ཏེ་ལྟ་བའི་ཡོན་ཏན་ནོ། །རྗེས་སུ་འཇུག་པ་བསྟན་པའི་ཕྱིར། །ཐུགས་རྗེ་སྤྱོད་པ་རབ་འབྱམས་ཇི་ལྟ་བ། །རྣལ་འབྱོར་ཐབས་ཀྱི་སྤྱོད་པ་དེ་བཞིན་སྤྱོད། །ཞེས་པ། སངས་རྒྱས་ཀྱི་མཛད་སྤྱོད་ན་ཐམས་ཅད་དུ་འགྲོ་འོང་མེད་པར་སྣང་བས་དོན་མཛད་པ་ལ། རྣམ་པ་ཅན་དུ་མ་གྱུར་པ་བཞིན། རྗེས་སུ་འཇུག་པ་པོའང་དེ་དང་ཐ་མི་དད་པས་དེ་ལྟར་གདེང་དང་ལྡན་ན་སྤྱོད་པ་ཐམས་ཅད་དུ་རང་རིག་རང་སྣང་བར་མཇལ་བ་སྤྱད་པ་སྟེ། དེ་ལ་སྒོ་གསུམ་རྩོལ་བས་བྱ་བ་མེད་པའོ། །ཐུགས་རྗེ་འབྱུང་ལུགས་བསྟན་པའི་ཕྱིར། །རྣམ་རྟོག་སྤྲོས་བྲལ་གཟུངས་འཛིན་མི་མངའ་ཡང་། །མཁའ་མཉམ་རྒྱལ་པོས་འདོད་དགུ་རེ་བ་སྐོང་། །སྐྱེ་མེད་དབྱིངས་ནས་སྐྱེ་བའི་ཆོ་འཕྲུལ་རྣམས། །རྣམ་དག་བྱང་ཆུབ་སེམས་ཀྱིས་དབྱིངས་ནས་འཕྲོས། །ཞེས་པ། དབྱིངས་ཀྱི་ཐིག་ལེ་སྤྲོས་པ་གཉིས་དང་བྲལ་བ་ནི། ཡེ་ཤེས་ལ་བདག་ཏུ་འཛིན་པ་དང་། དབྱིངས་ཡུལ་དུ་བྱེད་པ་མེད་དོ། །མི་མཐུན་པ་ནི་སྟོང་པ་མ་ཡིན་ཏེ། ཡེ་ཤེས་ཀྱི་ནམ་མཁའ་བླང་དོར་མེད་པ་ལྷུན་གྱིས་གྲུབ་པས་ཐམས་ཅད་ཚིམ་པར་བྱེད་པ་ནི། མ་སྐྱེས་པའི་རིག་པ་ཉིད་ཅིར་ཡང་མ་ངེས་པར་ཐམས་ཅད་དུ་རང་སྣང་བའོ། །དེ་ལྟར་རྟོགས་ན་འདོད་པ་ཐམས་ཅད་རང་ལས་བྱུང་བར་ཡིད་ཆེས་སོ། །དེ་སྣང་བ་གང་ཞེ་ན། མཁའ་དབྱིངས་རྣམ་པར་དག་པའི་དཀྱིལ་འཁོར་ནི། །ལྷུན་གྲུབ་ཡིད་བཞིན་རིན་ཆེན་གཞལ་ཡས་ཁང་། །ཞེས་པ། མཐའ་རྣམས་དང་བྲལ་བའི་ཆོས་ཉིད་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་འདྲེས་ལ་ཡོངས་སུ་རྫོགས་པ་ནི་ཡོན་ཏན་ཆེན་པོ་ལས་གྲུབ་པའི་གནས་ཉིད་ཡིན་པའོ། །ཕྱོགས་དུས་ཀུན་ནས་འཁྱིལ་པ་རྒྱལ་བའི་ཚོགས། །ཞེས་པ། བཅུ་བཞི་པོ་རིལ་གཅིག་དང་དུ་མ་ལས་གྲོལ་བའི་བདག་ཉིད་དུ་ཐ་མི་དད་པ་ནི་འགྲོ་བ་ཉིད་ལྷ་ཚོགས་ཀྱང་ཡིན་པའོ། །རྒྱལ་བ་ཉིད་ལས་རྒྱལ་བའི་སྐུར་སྟོན་པ། །རྒྱལ་ཚོགས་རྡོ་རྗེ་དབྱིངས་ཀྱི་རྣལ་འབྱོར་རྣམས། །འགྲོ་དོན་རྒྱལ་བའི་དཀྱིལ་འཁོར་བསྟན་པའི་ཕྱིར། །ཞེས་པ། འགྲོ་དྲུག་རང་བྱུང་མཆོག་གི་སངས་རྒྱས་ཀྱི་ངོ་བོ་ཉིད་ལ་སྐུ་སྣང་བ་ནི། འཆད་པའི་དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་རང་བཞིན་མ་ནོར་བ་མ་མཐོང་བའི་ཆེད་དུ། འདུལ་བྱེད་ཡེ་ཤེས་རྡོ་རྗེ་རང་སྣང་བའི་ལྷ་རྣམས་སྣང་བའི་ཕྱིར། འགྲོ་འདུལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འཕྲོ། ཞེས་གསུངས་སོ། །དེའི་དཔེའི་དོན་ནི། སྤྲིན་མེད་མཁའ་ལ་སྐར་ཚོགས་རྒྱས་པ་བཞིན། །དཀར་གསལ་ལོངས་སྤྱོད་རྫོགས་པ་འཁོར་དང་བཅས། །ཀུན་བཟང་རྡོ་རྗེ་སེམས་དཔའ་མཉམ་སྦྱོར་བ། །ཤེས་རབ་དབྱིངས་ནས་ཐབས་ཀྱིས་ཕྱག་རྒྱར་གསལ། །ཞེས་པ། གསལ་ལ་མ་འདྲེས་པར་རྫོགས་པ་མཐའ་དབུས་མེད་པར་ཁྱབ་པས་ཆོས་མཐུན་པ་ལྟར། གསང་བ་ལོངས་སྤྱོད་རྫོགས་པའི་གཙོ་འཁོར་གྱི་ལྷ་རྣམས་ནི། སྟོན་པ་རྣམ་གཉིས་ཉིད་ལེགས་པ་ལྷུན་གྱིས་གྲུབ་པའི་ངོ་བོར་བཞུགས་པ་མཚོན་པ་ལས་འདས་པའི་ངང་ལས་བྱེ་བྲག་ཐམས་ཅད་པར་སྣང་བ་ནི་སྐུའི་ཕྱག་རྒྱའོ། །སང་ངེ་ས་ལེ་མཉམ་ལ་མ་འདྲེས་པ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣལ་འབྱོར་ཚོགས། །ཞེས་པ་དེ་དག་དྲི་མ་མེད་པར་གསལ་ཆེ་ཆུང་མེད་པར་གཤག་ཕྱེ་བ་ནི་ལྔ་དང་བཅོ་བརྒྱད་དང་། བཅུ་གཅིག་ཏུ་གྲགས་པ་ཉིད་རང་རིག་པའི་མངོན་སུམ་དུ་སངས་རྒྱས་ཆེ་བ་སྟེ། དེ་ལྟར་མཇལ་བ་ལ་ཆོས་ཐམས་ཅད་ཡོང་གིས་འོད་གསལ་བར་ངེས་པས། ལུང་གི་ལྷ་ལས་འཕགས་པའོ། །ཀུན་ཏུ་བཟང་པོ་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་མཆོག་ཆོས་ཀྱི་སྐུ། །ལྷུན་རྫོགས་སྐུ་གསང་ཐུགས་ཀྱི་ཕྱག་རྒྱ་ཆེ། །ཞེས་པ་བྱང་ཆུབ་སེམས་ཀྱི་ངང་ལས་འཁོར་བ་མིང་མེད་དེ་སུས་ཀྱང་མ་བྱས་པར་སངས་རྒྱས་པའི་བདག་ཉིད་ཆེན་པོ་ལ་གཞན་པའི་ཟླ་བརྙན་མེད་པས་གཉིས་སུ་མེད་པར་རྫོགས་པ་ནི། བསམ་གྱིས་མི་ཁྱབ་པའི་སྐུ་གསུང་ཐུགས་ཀྱི་བདག་ཉིད་པར་གསལ་བས་བདག་ཉིད་ཀྱི་ཆེ་བའོ། །ཡེ་ནས་ལྷུན་གྲུབ་བྱང་ཆུབ་སྙིང་པོ་ནི། བླ་མེད་རྒྱལ་པའི་གོ་འཕང་མཆོག་ལ་བཞུགས། ཞེས་པ། གདོད་ནས་རྫོགས་པ་ཆེན་པོ་ཐམས་ཅད་ཀྱི་ཡང་རྩེ་བྱང་ཆུབ་སེམས་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་སར་སངས་རྒྱས་པས་བྱ་བརྩལ་གདོད་བསྒྲུབ་མེད་པར་གནས་པའོ། །ཉིད་དང་གཞན་དུ་རྟོག་པ་མི་མངའ་བ་། འཇིག་རྟེན་རྡོ་རྗེ་ཉི་མ་ཤར་བ་བཞིན། །ལྷན་ནེ་ལྷང་ངེ་གས ལ་བའི་དཀྱིལ་འཁོར་ནས། །ཞེས་པ། དེའི་མཚན་ཉིད་ནི། བདག་ཀྱང་གཞན་ཡིན་ལ། གཞན་ཡང་བདག་ཡིན་པས་རིས་སུ་འཛིན་པ་དང་བྲལ་བ་ནི། འཇིག་རྟེན་ཁམས་སུ་ཉི་མ་ཤར་བ་ཉིད་ཡེ་ཤེས་དྲུག་པ་སྟེ། གསལ་བ་དང་མི་གཡོ་བས་མཚོན་པ་ནི་རྟོག་པ་སྔ་ཕྱི་རིལ་ཡེ་ཤེས་རང་སྣང་བས་ཅི་བྱུང་ཡང་། མི་གཡོ་བར་གསལ་བ་མངའ་བའི་དཀྱིལ་འཁོར་ཉིད་སུས་རྟོགས་པ་དང་ལྡན་པ་ནི་ཡེ་ཤེས་རྒྱུན་ཏུ་འཆར་བར་ཡིད་ཆེས་སོ། །རྣམ་པར་ཐར་པའི་ཞལ་གསུམ་ཕྱག་དྲུག་ནི། སྐུ་གསུམ་ཡེ་ཤེས་དྲུག་དང་ཆོས་ཀྱི་དབྱིངས། །ཞེས་པ། སྐུའི་དོན་ནི་འཆད་པའི་སྐུ་གསུང་ཐུགས་ལ་བཅིངས་པ་ངང་གིས་མེད་པ་དང་། ཡེ་ཤེས་ལྔ་དང་རང་བྱུང་ཡེ་ཤེས་ཀྱིས་ཀུན་ལ་རྒྱས་བཏབ་པས་མུ་མཐའ་མི་རྙེད་དེ་སྐུར་ཤར་བའོ། །ཇི་ལྟར་སྐར་ཚོགས་གཞན་དུ་མ་འཕྲོས་བཞིན། །ཉི་མའི་དཀྱིལ་འཁོར་འབར་བས་ཟིལ་གྱིས་གནོན། །ཞེས་པ། དཔེ་གོ་སླའོ། །དེ་བཞིན་ཀུན་བཟང་རྡོ་རྗེ་སེམས་དཔའ་ཡང་། །ཉི་མ་སྟོང་གི་གཟི་ཆེན་འབར་བས་བརྗིད། །རྒྱལ་བའི་ཚོགས་རྣམས་འདུས་པའི་གཙོ་བོ་སྟེ། །ཕྱི་ནང་གསང་བའི་དཀྱིལ་འཁོར་ཀུན་གྱི་བདག །རྣམ་པར་ཤེས་པའི་གཙོ་བོ་ཀུན་གྱི་གཞི། །ཞེས་པ། དེ་ལྟར་དཀྱིལ་འཁོར་གཙོ་བོའང་ཆ་ལུགས་ཐམས་ཅད་པའི་ཕྱིར་ཉི་མ་སྟོང་དུས་ཅིག་ཤར་བ་ལྟ་བུའི་གཟི་བརྗིད་གསུམ་མངའ་བས་རྒྱལ་པ་རིལ་གྱི་རྒྱལ་པོ་སྟེ། གཟུགས་བརྙན་དང་ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཇི་སྙེད་པའི་ངོ་བོ་སྟེ། དེ་གཞིན་དུ་མ་ཡིན་ཏེ་གཞི་དོན་གྱི་ཀུན་གཞི་དགུ་པ་རྟོག་པ་དང་བྲལ་བ་ཉིད་ཡིན་པས་རྒྱུ་འབྲས་ཐེག་པའི་དཀྱིལ་འཁོར་ཇི་སྙེད་པའི་དངོས་གཞིའོ། །དེས་ན་དེ་ཡིན་པའི་སངས་རྒྱས་པའི་ཆེ་བའོ། །ཀུན་ཏུ་བཟང་པོའི་ཐིག་ལེ་སྙིང་རྗེའི་སྤྱོད་པ་བསྟན་པའི་ཕྱིར། རང་བྱུང་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། །སྟོང་ཁམས་ཡོངས་སུ་སྙོམས་པའི་ཐུགས་རྗེ་ཅན། །འགྲོ་བའི་དཔལ་མགོན་སྣ་ཚོགས་ཀུན་ཏུ་བཟང་། །དབྱེ་བསལ་བླང་དོར་གཉིས་མེད་དོན་དུ་གཅིག །ཞེས་པ། རང་བྱུང་ཡེ་ཤེས་མུ་མཐའ་མེད་པས་འགྲོ་འོང་དང་བྲལ་ཀྱང་། དཔེ་སྣུམས་ཚབས་ཆེ་ཆུང་མེད་པར་ཀུན་ལ་ཁྱབ་པའི་ཐུགས་རྗེ་མངའ་བས་བྱ་བ་མེད་པར་འགྲོ་བ་ཀུན་སྐྱོབས་པ་ནི། ཐམས་ཅད་སྟོན་པ་ཉིད་ལས་མི་གཞན་པས་སྤང་བླང་བྲལ་ཏེ། དེ་རྟོགས་ན་བྱམས་པ་ལ་མི་ཆགས་པས་སྡང་བ་ལ་སེམས་མི་འཁྲུག་པར་ཡིད་ཆེས་སོ། །ཡོན་ཏན་ལྷུན་གྱིས་རྫོགས་པའི་དོན་གྱིས་ཆེ་བས་སྤྱོམ་ཟིན་པ་ལ་བསྒྲུབ་དུ་མེད་པར་བསྟན་པའི་ཕྱིར། །ཕྱི་དང་ནང་ཀུན་ཐམས་ཅད་ཆོས་ཀྱི་དབྱིངས། །ཞེས་པ། སྤྱོད་ཡུལ་དང་སྣོད་བཅུད་ཉིད་ནི་བཏགས་པ་ཙམ་ལས་ངོ་བོ་རང་རྒྱུད་པ་མེད་དེ་མཐའ་གསུམ་དང་བྲལ་བའི་ཕྱིར་རོ། །རྣམ་པར་དག་པའི་སྤྱོད་ཡུལ་ཐམས་ཅད་ནི། །ཞེས་པ། དེ་ལྟར་མཐའ་དང་བྲལ་བའི་སྤྱོད་ཡུལ་ཡོངས་སུ་དག་པ་ལ་བསྒྲུབ་པ་ཡང་བ་མེད་པར་སངས་རྒྱས་ཟིན་པས་སེམས་ཅན་ལས་སངས་རྒྱས་སུ་བསྒྲུབ་ཏུ་མེད་དེ་སངས་རྒྱས་ཉིད་ཀྱི་བླ་དགས་དང་ཡང་བྲལ་བའི་ཐིག་ལེའི་ཕྱིར། སངས་རྒྱས་སེམས་ཅན་བླང་དོར་གཉིས་མེད་དེ། །ལམ་གྱིས་བཅོས་སུ་ག་ལ་ཡོད། །ཞེས་གསུངས་ཏེ། དེ་ལྟར་རྟོགས་ན་སྣང་སྲིད་ནམ་མཁར་གཅིག་པས་དངོས་པོ་ལ་རང་བཞིན་མེད་པར་ཡིད་ཆེས་པའོ། །སྨོན་ལམ་འགྲུབ་པས་ཡོན་ཏན་གྲུབ་ཟིན་པ་བསྟན་པའི་ཕྱིར། སྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་བདེར་གཤེགས་དེ་བཞིན་ཏེ། །ཞེས་པ། བདག་ཉིད་ཆེན་པོར་སངས་རྒྱས་པས་དོན་ཏུ་གཉེར་བ་དང་བྲལ་བ་ནི་ཡེ་ཤེས་ཆེན་པོའི་མཐུས་འཁོར་བ་དོང་སྤྲུགས་པས་རེ་དོགས་ཆེད་རྩོལ་བ་མེད་པས་སྙིང་པོ་བྱང་ཆུབ་ཏུ་བཞུགས་པའོ། །རྟོག་དཔྱོད་རྣམ་དག་གཉིས་མེད་ཆོས་དབྱིངས་ལ། །ལོག་སྤྱོད་འཁྲུལ་པའི་དབང་དུ་ག་ལ་འགྱུར། །ཞེས་པ། དེ་བས་ན་དམན་པའི་ཚད་མས་རྨལ་ལ་གྲུབ་མཐའ་བརྟག་ཏུ་མེད་དེ་སྤྱོད་ཡུལ་ལས་གྲོལ་བས་ལྷུན་གྱིས་གྲུབ་པའི་དབྱིངས་ལས་མ་རྟོགས་པའི་ལོག་རྟོག་བཙལ་གྱིས་མི་རྙེད་པས་མི་འགྱུར་བར་ངོ་བོ་ཉིད་རྟག་པའོ། །དངོས་གྲུབ་གྲུབ་ཟིན་པ་ནི། རྟོག་དང་མི་རྟོག་ཡེ་ཤེས་ཆོས་ཀྱི་སྐུ། །མཐར་ཐུག་མེད་ཅིང་དབྱིངས་ལ་བྲི་བ་མེད། །ཞེས་པ། སེམས་ཅན་སངས་རྒྱས་རང་བྱུང་ཡེ་ཤེས་སུ་སངས་རྒྱས་འབྲས་བུའི་ངོ་བོར་རྫོགས་པ་ལ་མཐའ་རྣམས་བྲལ་བས་ཁྱོན་མེད་ཅིང་འཁོར་བར་སྣང་ཡང་ཆུང་དུ་མ་སོང་སྟེ་དེ་ཉིད་དེའི་ཕྱིར་རོ། །སྐྱེ་མེད་དབྱིངས་ནས་སྐྱེ་བའི་ཆོ་འཕྲུལ་རྣམས། །གང་ཡང་མ་ཡིན་སྣ་ཚོགས་ཆོས་ཀྱི་དབྱིངས། །ཞེས་པ། རང་བྱུང་ངང་ལས་འཁོར་བ་དང་མྱ་ངན་ལས་འདས་པར་སྣང་བ་མ་ངེས་པར་ཀུན་ཀྱང་ངོ་བོ་ཅི་ཡང་མ་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་སོ། །ཁམས་གསུམ་རྣམ་དག་མ་བྱུང་མ་སྐྱེས་ན། །དབུས་མཐའི་མི་དམིགས་རྣམ་པར་རྟོག་ལས་འདས། །ཞེས་པ། འཁོར་བ་མིང་ལས་ངོ་བོ་མ་གྲུབ་པས་ཆོས་ཉིད་དུ་ངེས་པར་རྟོགས་ན། ཅིར་ཡང་སྣང་ལ་ངོ་བོ་མི་ཟིན་པས་གཉིས་མེད་པའི་ཕྱིར་མཐའ་གསུམ་གྱི་རྟོག་པ་མེད་པ་ནི། ཆོས་ཉིད་ཀྱི་ཐིག་ལེ་སྟེ། དེ་ཁོ་ན་ཆོས་ཐམས་ཅད་མ་བཅོས་པར་ངེས་པ་སྐྱེའོ། །སྒོམ་པའི་གོལ་ས་ནི། རྣམ་རྟོག་གཉེན་པོར་རྣམ་པར་མི་རྟོག་སྒོམ། །མི་རྟོག་འདོད་པ་རྟོག་པ་ཆེན་པོ་ཡིན། །ཞེས་པ། རྟོག་པ་གཞི་ལ་མ་གྲུབ་པའི་ཕྱིར། མི་རྟོག་པ་ཆེད་དུ་བྱེད་པ་ནི། མི་རྟོག་པ་ལ་ཆགས་ཤིང་རྟོག་པ་སྤོང་བའི་འཛིན་པ་དང་མ་བྲལ་བས་སླར་ཡེངས་པའི་སྒོམ་པའོ། །འོ་ན་ཇི་ལྟར་བསྒོམ་སྙམ་པ་ལ། ཆོས་ཀྱི་དབྱིངས་ཉིད་མི་རྟོག་རྟོག་ལས་འདས། རྟོག་དང་མི་རྟོག་གཉིས་ག་ཚིག་གི་མཐའ། །ཞེས་པ། ཇི་བཞིན་པ་ཉིད་ནི་ཡེ་ཕྱི་མོ་ནས་མི་རྟོག་པས་མི་རྟོག་པར་བྱེད་པ་དང་། རྟོག་པ་སྤོང་པའི་ཐ་སྙད་ལས་གྲོལ་བའི་ཕྱིར། གཉིས་གས་མི་ཕེབས་ཏེ་མཐར་འགྱུར་རོ། །དེས་ན་རྟོག་རྟོག་པ་ལས་མི་རྟོག་པར་གྱུར་པ་མ་ཡིན་ཏེ། བླ་དྭགས་བྲལ་བར་རིག་པ་རང་སྣང་བ་མ་གཡོས་པར་སྒོམ་པའོ། །དབྱིངས་རྣམ་པར་དག་པའི་ཐིག་ལེ་བསྟན་པ་ནི། རྣམ་རྟོག་སྤྲོས་པ་བྱང་ཆུབ་སྙིང་པོ་ནི། ཀུན་གཞི་རྣམ་དག་རྣམ་ཤེས་རྣམ་པར་དག །ཞེས་པ། རྟོག་པ་ཐ་དད་པར་གྱེས་པ་ཉིད་ན་ངོ་བོ་མ་ངེས་པས་ཅིར་ཡང་སྣང་བ་ལ་རང་རྒྱུད་པ་མེད་དེ་བྱང་ཆུབ་སྙིང་པོར་སངས་རྒྱས་པའི་དོན་ནི། གཞི་དོན་གྱི་ཀུན་གཞི་དགུ་པ་མཐའ་རྣམས་བྲལ་བ་ཚོགས་བརྒྱད་ཀྱི་རྟོག་པའང་ཡེ་ཤེས་ཆེན་པོར་དྲི་མ་མེད་པར་གསལ་བའོ། །ཡེ་ཤེས་རྣམ་དག་ཆོས་རྣམས་རྣམ་པར་དག །ཞེས་པ། རང་བྱུང་ཡེ་ཤེས་སྨྲ་བསམ་ལས་འདས་པ་དེ་ཉིད་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་རོ། །དམ་ཚིག་རྣམ་དག་ལྷ་རྣམས་རྣམ་པར་དག །ཞེས་པ། འདིར་བདག་ཉིད་ཆེན་པོ་བསྲུང་མཚམས་དང་བྲལ་བས་ཕྱག་རྒྱ་བཞིའི་རྟོག་པའང་མེད་དེ་ཡེ་ཤེས་རང་སྣང་བའོ། །དེས་ན་གཞན་པ་མེད་པའི་བླ་དགས་ཙམ་ལས་ཐམས་ཅད་རང་རིག་པའི་ཕྱིར་གཉིས་ཀྱི་རྣམ་པ་མེད་དེ་སྤྱོད་ཡུལ་ལས་གྲོལ་བའོ། །ལྟ་བ་རྣམ་དག་སྤྱོད་པ་རྣམ་པར་དག །ཞེས་པ། ལྟ་བ་གཟའ་གཏད་མེད་པས་སྤྱོད་པ་ལ་ཟིན་ཆགས་མེད་དེ་ཡ་མ་ཆ་བའོ། །སེམས་ཅན་རྣམ་དག་སངས་རྒྱས་རྣམ་པར་དག །ཞེས་པ། གཞི་ལ་འགྲོ་བ་རིགས་དྲུག་མིང་ལས་ངོ་བོར་མ་གྲུབ་པས་མ་གྲོལ་བ་གྲོལ་བར་གྱུར་པ་མེད་པའི་ཕྱིར་རོ། །རྒྱུ་རྣམས་རྣམ་དག་འབྲས་བུ་རྣམ་པར་དག །ཞེས་པ། རྒྱུད་ནས་ངོ་བོ་རང་བྱུང་ཡེ་ཤེས་སུ་དག་པས་དེས་བསྐྱེད་པའི་ངོ་བོ་མི་དམིགས་པའི་ཕྱིར་རོ། །རྟེན་འབྱུང་རྣམ་དག་འབྲེལ་པ་རྣམ་པ་དག །ཞེས་པ། རྒྱུ་འབྲས་དག་པས་རྒྱུ་རྐྱེན་ཉིད་མ་སྐྱེས་པའི་ཡེ་ཤེས་ཀྱི་ཕྱིར་གཞི་ལ་རྟེན་ཅིང་ཕྱི་མ་སྣང་རྒྱུ་མེད་པས་ངོ་བོ་རྒྱུ་འབྲས་ཚུལ་དུ་འབྲེལ་པའང་བཙལ་གྱིས་མི་རྙེད་དོ། །དེས་ན་སེམས་ཙམ་དབུ་མ་གསང་སྔགས་དང་། འཇིག་རྟེན་ལམ་ལ་ལྷ་མི་དང་། ཉན་ཐོས་རང་རྒྱལ་གོལ་སྒྲིབ་རྣམས། །རོལ་བརྒྱ་ཤལ་བ་ཡུག་ཅིག་ཚུལ་ཞེས་པའི་དོན་ཏོ། །བདག་མེད་གཉིས་མེད་བྱང་ཆུབ་སྙིང་པོ་ལས། །དབྱིངས་དང་ཡེ་ཤེས་མཉམ་སྦྱོར་མ་གཏོགས་པ། །ཆོས་ཉིད་ཆོས་ཚོལ་ཆོས་རྣམ་གཞན་ན་མེད། །ཞེས་པ། དེ་ལྟར་བདག་ཉིད་ཆེན་པོའི་རྣམ་པའང་མི་རྙེད་པས་ཐ་དད་པ་མི་རྙེད་པའི་སྙིང་པོ་བྱང་ཆུབ་ཀྱི་གཞི་དེ། ཐ་སྙད་དུ་གོ་མཇལ་བྱེད་པ་ཙམ་ལས། ངོ་བོས་རང་རིག་པ་བྱང་ཆུབ་སྙིང་པོས་འབྲས་བུའི་ཆོས་གཞན་ནས་གཉེར་བས་འབྲས་བུ་རྣམས་མི་ཐོབ་སྟེ། རྩ་བ་གནས་སུ་ལུང་ངན་འཁྱམས་པའི་ཕྱིར་རོ། །དེ་བས་ན་བདག་ཉིད་ཆེེན་པོར་ལྷུན་གྱིས་གྲུབ་པར་ངེས་སོ། །རྒྱུ་ཉིད་འབྲས་བུར་ངེས་པ་ནི། རྒྱུ་འབྲས་དོན་རྟོགས་ཐབས་དང་ཤེས་རབ་སྟེ། །མཁྱེན་ལྡན་མུན་སེལ་བྱང་ཆུབ་སེམས་དང་མཉམ། །ཞེས་པ། རྒྱུ་སེམས་ཉིད་བཤད་པ་ལྟར། རང་བྱུང་གི་སངས་རྒྱས་སུ་མཇལ་བས་མི་དམིགས་པ་བཞིན་ཐམས་ཅད་དུ་རང་སྣང་བའི་ཐབས་དང་ཤེས་རབ་དབྱེར་མེད་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་རིག་པ་ཀ་ནས་དག་པར་སོན་པ་ཉིད་དོ། །དཀྱིལ་འཁོར་བྱང་ཆུབ་སེམས་ལས་བྱུང་བ་ནི། །སྐྱེ་མེད་འགག་མེད་ཆོ་འཕྲུལ་སྣ་ཚོགས་འབྱུང་། །ཞེས་པ་ཤེས་རབ་ཆེན་པོས་མཇལ་བས་ཐབས་ཐུགས་རྗེའི་དཀྱིལ་འཁོར་རང་ལ་འཆར་ནས་དོན་མཛད་པ་ནི། རྒྱུད་གཅིག་ནས་སྐྱེ་བའང་མེད་ལ་སྐད་ཅིག་མའི་མི་རྟོག་པའང་མེད་པར་རང་བྱུང་ཡེ་ཤེས་ཅིར་ཡང་སྣང་བ་ལ་ཕྱོགས་མེད་པའོ། །དེའི་ཚུལ་ནི། མཐུན་འཇུག་འཚམ་པའི་སྤྱད་པ་རྒྱ་མཚོ་ན། །བདག་དང་གཞན་དོན་ཡེ་ནས་ལྷུན་གྲུབ་ཀྱང་། །ཐུགས་རྗེ་ཆེན་པོས་འགྲོ་དོན་རྫོགས་པར་མཛད། །ཞེས་པ། གདུལ་བྱའི་བསམ་པ་དང་མཐུན་པར་བྱ་བ་མེད་པས་དོན་མཛད་པས་ཆུད་མི་གསོན་པའི་མཛད་པ་རླབས་པོ་ཆེ་ཤིན་ཏུ་ཟབ་པ་ནི། བཤད་པ་ལྟར་དོན་གཉིས་གྲུབ་ཟིན་ཀྱང་དེའི་གདེང་མ་རྙེད་པ་རྣམས་དོན་མཐར་ཕྱིན་པར་མཛད་པ་ལ་དུམ་བུ་མེད་དོ། །དེའི་ཕྱིར། མིང་ཚིག་སྒྲོན་མས་དོན་གྱི་གསེར་མཚོན་པ། །ཚིག་གི་རྣམ་གྲངས་གསུང་གི་འཁོར་ལོ་ཅན ། །ཞེས་པ་དམན་པའི་ཆེད་དུ་འཛུབ་མོས་རི་བོང་ཅན་ལྟ་བུར་ཚིག་གིས་དོན་མཚོན་པའང་དོན་ཅི་འདྲ་བར་བློ་ཁྲིད་ནས་སྣང་བར་བྱེད་པ་ནི་ཡི་གེ་གྲངས་གསུང་གི་དཀྱིལ་འཁོར་དང་ལྡན་པའོ། །མཚོན་པའི་དོན་དང་ཡི་གེ་ནི། ཡོད་མེད་མཐའ་ལས་འདས་པ་ཀུན་གཞི་ནི། མིང་ཚིགས་ཚིག་གི་རྣམ་གྲངས་སྡུད་པའི་བདག །ཞེས་པ། བཤད་པ་ལྟར་མཐའ་དང་བྲལ་བའི་རང་རིག་པ་ནི། ལྡེ་མིག་མང་པོའི་ཐ་རམས་ལྟ་བུར་གྱུར་པའི་ཕྱིར་དང་། མཚོན་བྱེད་ཀྱང་དེ་ཉིད་ཡིན་པའི་ཕྱིར་རོ། །ཡོད་པ་མ་ཡིན་དེ་བཞིན་མེད་མ་ཡིན། །ཞེས་པ། བྱང་ཆུབ་སེམས་བདེན་པ་གཉིས་ལས་གྲོལ་བའི་ཕྱིར་རོ། །རྟག་པར་མ་ཡིན་ཆད་པའི་མཐར་མ་ཡིན། །ཞེས་པ། ཐེར་ཟུག་མེད་པར་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །བདག་ཏུ་མ་ཡིན་མཚན་མར་འཛིན་པ་མེད། །ཞེས་པ་རྣམ་པ་མེད་པར་འདུ་ཤེས་ཐམས་ཅད་དང་བྲལ་བའོ། །མུ་སྟེགས་ཀྱི་གོལ་ས་བསྟན་པའི་ཕྱིར། ཕྱི་ནང་གཟུང་འཛིན་དངོས་པོར་གང་རྟོག་པ། །མི་མཁས་རྨོངས་པས་མུ་སྟེགས་རྟག་ཞེ་ན། །སྣ་ཚོགས་སྣང་བཞིན་མེད་པར་གང་སྨྲ་བ། །མེད་པར་མཐོང་བས་མུ་སྟེགས་ཆད་པའི་ལམ། །རྟག་ཆད་གཉིས་གར་གང་གིས་བློ་ཞེན་པ། །དོན་གྱི་སྙིང་པོ་བཞེད་ལས་གོལ་བར་གསུངས། །ཞེས་པ། གོ་སླ་བ་སྟེ་སྒྲ་ཇི་བཞིན་སྦྱར་རོ། །ཡང་དེ་ཡིན་པའི་སངས་རྒྱས་པའི་ཆེ་བ་བསྟན་པ་ནི། གང་ཡང་མ་ཡིན་སྣ་ཚོགས་ཆོས་ཀྱི་དབྱིངས། །ཞེས་པ། ཆོས་སོ་ཅོག་རྣམ་པའི་མཚན་ཉིད་དང་བྲལ་བའི་ཕྱིར་ཆོས་ཉིད་ཡིན་པའོ། །ཤེས་པའི་རིས་ཅན་བྱང་ཆུབ་སྙིང་པོ་ནི། །ཞེས་པ་ནི། ཤེས་པ་དང་ལྡན་པའི་འགྲོ་བ་དྲུག་ཉིད་བྱང་ཆུབ་ཆེན་པོ་ཡིན་པའི་དོན་གང་ཞེ་ན། འོད་གསལ་དོན་རྟོགས་རྫོགས་ཆེན་རྣལ་འབྱོར་པ། །ཡེ་ཤེས་རྣམ་དག་ལྷུན་སྦྱོར་གྲུབ་པའི་མཐའ། །ཞེས་པ། ཐིག་ལེ་ཆེན་པོར་མཇལ་བའི་སྐྱེས་བུ་རིག་པའི་སྤྱོད་ཡུལ་དག་པས་རིལ་ལྷུན་གྱིས་གྲུབ་ཏུ་རྒྱས་བཏབ་པས་འབྲས་བུའོ། །རེ་དོགས་མེད་པས་དབྱིངས་ལ་དབྱིངས་ཉིད་གསལ། །སངས་རྒྱས་གཞན་ནས་ཚོལ་བ་གྲུབ་མཐའ་མེད། །ཀུན་གཞི་རྣམ་པར་ཤེས་པ་ཡེ་ནས་ཆོས་ཀྱི་དབྱིངས། །ཞེས་པ། བདག་ཉིད་ཡིན་པའི་ཕྱིར་རེ་དོགས་བཞི་ལས་འདས་པས་རང་རིག་མུ་མཐའ་མེད་པ་ཉིད་དུ་རིག་པ་རང་གསལ་བ་ལ། ལོགས་སུ་ཚོལ་བ་ནི་ནོར་བས་མི་རྙེད་པའི་ཕྱིར་རང་རིག་རྒུ་པ་ཆོས་སྐུར་བསྟན་ཏོ། །ཡེ་ནས་ལྷུན་གྲུབ་སངས་རྒྱས་མངོན་སུམ་ན། །གང་དུ་སུ་ལ་སངས་རྒྱས་གསོལ་བ་འདེབས། །འཁྲུལ་འཁོར་ཉམས་ཐག་རི་དྭགས་སྨིགས་རྒྱུ་རྙེག་པ་འདྲ། །སངས་རྒྱས་ཉིད་ཀྱིས་སངས་རྒྱས་ཉིད་ལ་ཚོལ། །རྒྱ་མཚོའི་དབྱིངས་ནས་སྨིགས་རྒྱུ་རྙེག་པ་བཞིན། །ཞེས་པ། ཡོ་ག་ཕྱི་པ་དངོས་གྲུབ་ལྷ་ལ་རེ་བ་གོལ་བ་ནི། མི་རྙེད་པ་དང་བདག་མ་མཐོང་བ་དཔེ་ཡིས་གསལ་ལོ། །འོ་ན་གལ་ཏེ་མི་འགྲུབ་པས་བཀའ་དུ་མ་ལས་གསུངས་པའང་དོན་མེད་དོ་བར་དོགས་པ་ལ། དེ་ལྟ་བས་ན་སངས་རྒྱས་ཐོབ་འདོད་ན། །ཏིང་འཛིན་རྒྱལ་པོ་བྱང་ཆུབ་སེམས་ལ་གསལ། །ཞེས་པ། སུ་ཞིག་འབྲས་བུ་འདོད་ན་ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་ཉིད་ལ་ཡོད་པས་བསྒོམས་ཤིག་པའོ། །དེ་ཅིའི་ཕྱིར་ཞེ་ན། བརྟགས་ན་བདག་ཉིད་སངས་རྒྱས་མངོན་སུམ་སྟེ། །ཞེས་པ། མཚན་ཉིད་བརྟགས་ན་རང་རིག་ཉིད་འབྲས་བུར་མངོན་སུམ་ཚད་མར་སྣང་བའོ། །མཉམ་པའི་རྒྱལ་པོ་མཉམ་ཉིད་ཆོས་ཀྱི་སྐུ། །ཞེས་པ། མཉམ་པ་ཉིད་ལ་མ་ཆགས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད་ནི། ཆོས་སྐུ་ཆེན་པོ་སྟེ་རང་རིག་པ་ཉིད་དོ། །གསང་དང་གསང་ཆེན་དཀྱིལ་འཁོར་ཞེས་བྱ་བ། །སངས་རྒྱས་དཀྱིལ་འཁོར་རྟོགས་པ་ཉིད་ལ་འདུས། །ཞེས་པ། གསང་བ་ལོངས་སྤྱོད་རྫོགས་པ་དང་། གསང་ཆེན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡང་གཞན་ན་མེད་དེ་ལྷུན་གྲུབ་མངོན་དུ་བྱས་པའི་རིག་པ་ཉིད་ལ་མ་འདྲེས་པར་རྫོགས་པའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་པ། །མངོན་སུམ་མཚན་དང་དཔེ་བྱད་ལྡན་པ་བཞིན། །ཞེས་པ། བྱང་ཆུབ་སེམས་དཀྱིལ་འཁོར་ཐམས་ཅད་པའི་དངོས་གཞི་ཅན་ཉིད་སྐུ་གཉིས་ཀྱི་བདག་ཉིད་པས་རང་རིག་པའི་མངོན་སུམ་དུ་ཇི་སྙེད་པའི་རྩིས་ལས་འདས་པའི་མཚན་དང་དཔེ་བྱད་མངའ་བའོ། །དེ་ལྟར་མཇལ་ན་ས་ལ་བགྲོད་དུ་མེད་པར་ཡིད་ཆེས་པའོ། །དམ་ཚིག་ནི། ཆོས་ཉིད་ཡུལ་དང་སྙིང་རྗེ་ཆེན་པོ་ཡི། །དབང་ཕྱུག་རྫོགས་པ་ཆེན་པོའི་དམ་ཚིག་ལ། །ཡེ་ནས་རྣམ་དག་བྱང་ཆུབ་སྙིང་པོ་ནི། །རྒྱལ་བའི་དཀྱིལ་འཁོར་མཉམ་དང་མི་གཉིས་གཅིག །ཞེས་པ། ཨ་ནུ་ཡོ་གའི་དམ་ཚིག་གསུམ་ངང་གིས་ཆུབ་པས་རིས་དང་བྲལ་བ་ནི་ཨ་ཏི་ཡོ་གའི་དམ་ཚིག་བཞིར་སངས་རྒྱས་པས་གདོད་ནས་འདས་ཉམས་ལས་གྲོལ་བའི་བྱང་ཆུབ་སེམས་ནི། སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་བཞུགས་པའོ། །གཉིས་ལྡན་དངོས་གྲུབ་བླངས་ན་ཐོབ་པར་ངེས། །ཞེས་པ། དགྱེས་པ་ཆེན་པོའི་དོན་རྟོགས་པའི་ལྟ་བ་ཅན་གྱིས་རིག་པས་ཇི་ལྟར་བསྒྱུར་བར་འགྲུབ་པའི་ཕྱིར་རོ། །འཇིག་རྟེན་གསལ་བྱེད་ཉི་མའི་དཀྱིལ་འཁོར་བཞིན། །གྲགས་ལྡན་སྟོང་ཁམས་ཡོངས་སུ་འབྱུང་བར་འགྱུར། །ཞེས་པ། དཔེ་ཉི་མ་ཀུན་ཏུ་ཤར་བ་ལྟར་བྱང་ཆུབ་སེམས་ཀུན་ཏུ་བདལ་བའི་དོན་ངེས་པར་མཇལ་བ་ཡོད་ན་སྟོང་གི་འཇིག་རྟེན་ཉིད་སྐུ་དང་ཡེ་ཤེས་སུ་རང་ཤར་ནས་གང་དུའང་མ་བགྲོད་པར་འཁོར་བའི་སྡུག་བསྔལ་ལས་ཐར་པའི་དངོས་གྲུབ་ཐོབ་པར་འགྱུར་བའོ། །འོ་ན་དེ་ཡུན་ཇི་ཙམ་ན་འགྲུབ་ཞེ་ན། རྒྱ་མཚོ་ཨུ་དུམ་ཝ་རའི་དཔེ་བཞིན་དུ། །བྱང་ཆུབ་སེམས་ནི་བརྒྱ་ལམ་ལན་ཅིག་ན། །མི་གཏོང་ཏིང་འཛིན་བསྒོམས་ན་འགྲུབ་པར་འགྱུར། །ཞེས་པ། གོ་སླ་སྟེ། ལེ་ལོའི་དགྲ་བཅོམ་པའི་ཕྱིར་ཏེ། རྒྱལ་བ་ལ་བལྟོས་པས་དུས་སྨོན་གྱི་གྲུབ་པ་གཞན་ནས་མི་ཚོལ་ཏེ། གྲུབ་པར་བྱར་མེད་པའི་དོན་ཀླུངས་སུ་གྱུར་པ་ལ་བྱའོ། །བྱང་ཆུབ་སེམས་བསྒོམ་པའི་ཚེ་འཁྲུལ་བའི་སྐྱོན་ནི། གལ་ཏེ་ཆགས་སྡང་བླང་དོར་བློ་སྐྱེས་ཏེ། འཁྲུལ་སེམས་རྐྱེན་གྱི་སྐད་ཅིག་འཕྲོས་འགྱུར་ན། བླ་མེད་བྱང་ཆུབ་དོན་ལས་འགལ་བའི་ཕྱིར། །སྐད་ཅིག་མ་ལ་འགྲུབ་འགྱུར་སེམས་འདི་ལ། ལོག་རྟོག་གསོག་ཞུགས་འཁྲུལ་པའི་དབང་གིས་བརླག །འབན་ཐག་ཆད་འགྱུར་ཉེ་བར་འགྲུབ་མི་འགྱུར། །ཞེས་པ། སུ་ཞིག་དུག་གསུམ་གྱི་རྒྱུས་སྤོང་ལེན་བྱས་པའི་ལྟ་བ་ནོར་བའི་རྐྱེན་གྱིས། ཞེ་སྡང་ཁོང་ཁྲོ་བྱེད་པ་ནི། བླང་དོར་མེད་པ་དང་མི་མཐུན་པས། དེས་འགྲུབ་པའི་སྐད་ཅིག་གིས་རྙེད་པའི་བྱང་ཆུབ་སེམས་འདི་ལས་འགྱང་བར་བྱས་ཏེ། དོན་བརླག་ནས་ཤིན་ཏུ་འགྱངས་བར་བྱེད་པས། དེ་ལྟར་མི་སྤྱད་པའོ། །བརྩོན་པའི་ཡོན་ཏན་ནི། བློ་ལྡན་ནམ་ཞིག་འགྱོད་པ་དྲག་སྐྱེས་ན། །རང་སེམས་དཔང་དུ་བཙུགས་ནས་མི་གཏོང་བ། །བྱང་ཆུབ་སེམས་མཆོག་བློ་ལ་ཤར་བ་ཡིན། །ཞེས་པ། སྐལ་པ་ཅན་རྟོགས་ནས་མ་བསྒོམས་པ་ལ་འགྱོད་པས་རང་གིས་མ་ཁྲེལ་བར་བྱས་ཏེ་བརྩོན་པ་ནི་གོ་བའི་རྟགས་སོ། །དེའི་ཡོན་ཏན་ནི། སྐལ་པར་བསགས་པའི་མུན་ནག་ཐིབས་པོ་ཡང་། །རིག་པའི་རྒྱལ་པོ་ཡེ་ཤེས་ཉི་ཟེར་གྱིས། །སྐད་ཅིག་ཡུད་ཙམ་ཉིད་ལ་དངས་པར་འགྱུར། །ཞེས་པ། ཐོག་མ་མེད་པ་ནས་ལས་སྤྱད་པའི་མ་རིག་པ་གཉིས་ཀྱང་བརྩོན་པ་ཆེན་པོ་ཡོང་པའི་ལྟ་བ་ཟབ་མོས་མཐོང་བའི་འོད་ཟེར་གྱིས་སྦྱང་དུ་མེད་པར་གསལ་བས། སེ་གོལ་དང་ཉུངས་ཀར་བསྐོར་བའི་ཡུན་ལ་ཀ་ནས་རང་དག་པ་ལ་གནས་བསྒྱུར་བ་དང་གཉེན་པོ་མེད་པའོ། །སྐྱེ་བོ་འཁྲུལ་པའི་ཚུལ་ནི། མི་ཤེས་བླུན་རྨོངས་སྐལ་མེད་སྐྱེ་བོ་རྣམས། །བདག་དང་གཞན་དུ་འཛིན་པའི་སེམས་རྒྱུད་ཀུན། །རང་བཞི ན་རྒྱལ་བའི་སྐུ་རུ་བཞུགས་པ་ལ། །འཁྲུལ་པས་སོ་སོར་བརྟགས་ཏེ་མཐོང་བས་ནོར། །ཞེས་པ། མ་རིག་པའི་ཁམས་གསུམ་པ་རྟོགས་པའི་དབང་མེད་པ་ཀུན་ནི། ཕྱོགས་རིས་མེད་པ་ལ་རིས་གཉིས་སུ་འཛིན་པའི་ཤེས་པ་རྣམས། འཁྲུལ་ཙམ་ཉིད་ན་མིང་ཙམ་ལས་ངོ་བ་ོསངས་རྒྱས་པའི་རང་བཞིན་ལ་ཐ་དད་པ་མེད་བཞིན་དེ་དག་གིས་ཡེ་ནས་མ་བྲལ་བ་ངོ་མ་ཤེས། གང་དུའང་མ་སྦས་པར་མ་མཐོང་བས་གཟུང་འཛིན་དུ་ཞེན་པ་ལོག་པར་འཁྱམས་པའོ། །འོ་ན་རིས་གཉིས་སུ་འགྱུར་རོ་བར་དོགས་པ་ལ། ཡེ་ཤེས་སྒྱུ་མ་རྒྱལ་བ་རྒྱ་མཚོ་དང་། །ལོག་རྟོག་སྒྱུ་མའི་རྒྱུད་ལྔ་སེམས་ཅན་རྣམས། །ཀུན་རྫོབ་སྒྱུ་མའི་ཁྱད་པར་བསམ་ཡས་ཀྱང་། །དོན་དམ་དབྱིངས་སུ་རང་བཞིན་ཡོངས་ཀྱིས་མཉམ། །ཞེས་པ། རྟོགས་པའི་རིག་པ་སྣང་བའི་མྱ་ངན་ལས་འདས་པ་དང་། ལོག་རྟོག་སྣང་བའི་འཁོར་བ་འཁྲུལ་པའི་ངོ་ལ་བཟང་ངན་ཁྱད་པར་ཤིན་ཏུ་ཆེ་ཡང་། གཉིས་ག་རྟོག་པ་བཟང་ངན་སྣང་བ་ལས་གཞི་དེ་ཅི་ཡང་མིན་པས་བཟང་ངན་མེད་པའོ། །དེ་ནི་ཐུན་མོང་གི་དོན་དམ་པ་དང་ལྷག་པའི་དོན་དམ་པ་ལས་གྲོལ་བའོ། །ཆོས་རྣམས་ཐམས་ཅད་ཡེ་ནས་སྟོང་པ་ཡི། །དེ་ཙམ་ཉིད་ནས་མི་གནས་མྱ་ངན་འདས། །ཞེས་པ། དངོས་པོ་གཉིས་ཀྱི་ཆོས་ཀུན་མཐའ་གསུམ་ལས་འདས་པ་ཉིད་ལའང་བློ་རྟེན་བཅའ་བ་མེད་པ་ནི། གདུང་བ་བྲལ་བ་ཆེན་པོའོ། །སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ། །ཞེས་པ། ཡེ་ནས་སྨོན་ཟིན་པའོ། །རང་གི་སེམས་ཉིད་སངས་རྒྱས་མངོན་སུམ་ན། །གཞན་ནས་བཙལ་བའི་རྒྱལ་བ་རྡུལ་ཙམ་མེད། །ཞེས་པ། རང་གི་ཡིད་གསལ་བའི་སྒྲོན་མར་གྱུར་པས་ཡེ་ཤེས་རང་ལས་བྱུང་བར་ཡིད་ཆེས་པའི་དོན་བཤད་པ་སྟེ། དེ་ལྟར་མངོན་པར་སངས་རྒྱས་པའི་ཆེ་བས་རག་གཞན་དུ་མ་ལུས་པར་གདེང་ཆུད་ན་སངས་རྒྱས་གཞན་ན་མེད་པར་ཡིད་ཆེས་པའོ། །འོ་ན་འདིར་ལྟ་སྒོམ་སྤྱོད་པ་གསུངས་པ་དག་ལ་དོན་མེད་པར་འགྱུར་རོ་སྙམ་པ་ལ། འགྲོ་བ་སྐལ་ལྡན་རྣམས་ཀྱི་དོན་ཙམ་དུ། །དེ་ལྟ་བས་ན་མི་བསྒྲུབ་པའང་མིན། །ཞེས་པ། ལས་འཕྲོ་ཅན་གྱིས་བྱ་བྱེད་མེད་པའི་བརྩོན་འགྲུས་དང་མ་བྲལ་བས་ཡལ་བར་གྱུར་པ་མེད་པའོ། །རྗེས་སུ་འཇུག་པའི་སྤྱོད་པ་ནི། དེ་ལྟར་དེ་བཞིན་ཆོས་ཀྱི་དབྱིངས་རིག་ན། །མ་རིག་རྣམས་ལ་སྙིང་རྗེ་ཆེན་པོར་སྐྱེ། །ཞེས་པ། བཤད་པའི་གོ་བས་དོན་མཛད་པའི་རྒྱལ་བའི་མཛད་ཅི་འདྲ་བར་འདིར་གདེང་ཡོད་ན་གདུང་བ་མེད་པའི་སྙིང་རྗེ་འཆར་བའོ། །སྙིང་རྗེ་སྐྱེས་ནས་སྒྱུ་མའི་ཏིང་འཛིན་གྱིས། །འགྲོ་དོན་ཐབས་ཀྱི་སྤྱོད་པ་སྣ་ཚོགས་སྟོན། །ཞེས་པ། བདག་ཉིད་མཛད་སྤྱོད་ཅིར་ཡང་རང་སྣང་བར་རྟོགས་པའི་དགོངས་པས་བརྩལ་བ་མེད་པར་དོན་མཛད་པའོ། །བདག་དང་གཞན་དུ་རྟོག་པ་མེད་པའི་ཕྱིར། །ཡེ་ནས་གཉིས་མེད་དོན་གཅིག་ཆོས་ཀྱི་སྐུ། །ཆོས་སྐུ་སྐྱེ་མེད་རྟོགས་ནས་འགྲོ་དོན་དུ། །སྐྱེ་བའི་ཆོ་འཕྲུལ་ཡང་ནས་ཡང་དུ་འབྱུང་། །ཞེས་པ། འདིར་ཡེ་ནས་བདག་གཞན་གཉིས་མེད་པའི། བདག་ཉིད་ཆེན་པོར་གྱུར་པའི་གཏན་ཚིགས་ཀྱིས་དོན་གོ་བ་བསྟན་ནས་མ་གོ་བའི་ཕྱིར་ཐུགས་རྗེ་རྒྱུན་ཆད་མེད་པར་འཆར་བའོ། །མཛད་པ་བཅུ་གཉིས་འགྲོ་དོན་མཐར་ཕྱིན་པ། །ཅིར་ཡང་འགྱུར་བའི་གཟུགས་ཅན་སྤྲུལ་པའི་སྐུ། །ཐུགས་རྗེའི་ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་གསལ། །ཐུགས་རྗེ་སྤྲུལ་པས་གདུལ་བྱ་ཀུན་གདུལ་ཡང་། །སྒྱུ་མའི་བློ་ཅན་རློམ་སེམས་རྡུལ་ཡང་མེད། །ཞེས་པ། རྒྱལ་བ་བལྟམ་པ་ལ་སོགས་པ་འདུལ་བ་བཞི་ཅིར་ཡང་སྣང་བས་དོན་མཛད་པ་ལས་ང་རྒྱལ་མེད་པ་ལྟར། འདིར་སྐྱེས་བུ་གདེང་ཅན་ནི་རྒྱལ་བ་ཉིད་དང་དགོངས་པ་གཅིག་པས་དོན་མཛད་ཙམ་ན། མ་འདྲེས་ལ་ཡོངས་སུ་རྫོགས་པ་ལ་བཤད་པ་ལྟར་བདག་གཞན་མེད་པར་མཇལ་བ་ཅན་གྱི་ཕྱིར། བྱས་པའི་ངར་འཛིན་པ་དང་བྲལ་བས་ཀུན་ཏུ་བཟང་པོའི་ཐིག་ལེའོ། །དགོངས་པ་རྗེས་སུ་གཞུགས་པའི་ཕྱིར། །སངས་རྒྱས་རྣམས་ཀྱིས་དགོངས་རྒྱུད་ཇི་ལྟ་བུ། །རང་གི་མཚན་ཉིད་མ་བཅོས་དེ་བཞིན་ཉིད། །ཆོས་རྣམས་སྒྱུ་མར་མངོན་སུམ་གསལ་བའི་ཕྱིར། །ཏིང་འཛིན་སྒྱུ་མ་ཆོ་འཕྲུལ་སྣ་ཚོགས་རྣམས། །ཅིར་ཡང་མི་དམིགས་གར་ཡང་ངེས་པ་མེད། །ཞེས་པ། སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་མཁྱེན་པ་ཅིར་ཡང་ལྟ་བའང་། ཆོས་སོ་ཅོག་རང་གི་མཚན་ཉིད་རྒྱུ་རྐྱེན་མེད་པའི་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བའི་གཏན་ཚིགས་ཀྱིས། རྣལ་འབྱོར་པའི་དགོངས་པ་ཐམས་ཅད་མཁྱེན་པའི་མཛད་པའང་གཟའ་གཏད་མེད་པའོ། །དེའི་ཕྱིར། རང་བྱུང་རྨད་གྲགས་བྱང་ཆུབ་སྙིང་པོ་འདི། །གང་དུ་བསྟན་པ་ཤི་ལེན་ན་ལེན་འདྲ། །ཞེས་པ། རང་བྱུང་གི་ཡེ་ཤེས་མཆོག་ཏུ་བདལ་པ་ངེས་པ་བདུན་གྱིས་དངོས་གཞི་གྱུར་པས་ཆེ་བ་ནི། སུ་ལ་བསྟན་ཅིང་གོ་བ་དེ་དཔེས་སྤྱོད་ཡུལ་རྣམ་དག་འཇིག་རྟེན་དུ་གསལ་བས་ཡེ་ཤེས་ཆེན་པོའི་ཐིག་ལེའོ། །སངས་རྒྱ་བ་མེད་པའི་ཆེ་བ་ནི། སྐྱེ་འགྲོ་ཕྱི་ནང་གཟུགས་འདི་ཐམས་ཅད་ནི། །སྐུ་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །ཞེས་པ། ཁས་བླངས་པའི་སྐུ་གསུང་ཐུགས་འཆད་པ་ལས། སྐུ་ནི་སྣོད་བཅུད་ཀྱི་གཟུགས་སོ་ཅོག་མིང་ལས་ངོ་བོ་མེད་བཞིན་ཡེ་ཤེས་རང་སྣང་བའི་ཕྱིར། སྐུ་ལྔ་ལ་སོགས་པར་ཁྱད་པར་གྱུར་པས་མ་བསྡུས་པར་ཀུན་རྒྱན་ཆ་ལུགས་ཐམས་ཅད་པའི་སྐུའི་དཀྱིལ་འཁོར་ལའོ། །སྒྲ་སྐད་རབ་འབྲིང་ཐ་མ་མ་ལུས་པ། །གསུང་དབྱིངས་མ་ལུས་རྒྱན་གྱི་འཁོར་ལོར་ཟབ། །ཞེས་པ། སྒྲ་གསུམ་རིལ་གྲགས་སྟོང་ལས་འདས་བཞིན་སྣ་ཚོགས་སུ་མཇལ་བ་ཡེ་ཤེས་ཆེན་པོར་བྱེ་བྲག་མེད་དེ་མ་འདྲེས་ལ་རྫོགས་པ་གསུང་གི་དཀྱིལ་འཁོར་ཏེ་ལྔ་སོགས་གྲངས་དང་བྲལ་བས་རྟོགས་དཀའ་བའོ། །ཐམས་ཅད་མ་ལུས་དབྱིངས་སུ་རོ་གཅིག་ཕྱིར། །ཐུགས་མཆོག་མི་ཟད་རྒྱན་གྱི་འཁོར་ལོས་འདུས། །ཞེས་པ། དངོས་པོ་གཉིས་པ་རིལ་རང་རྒྱུད་མེད་པར་ངང་གིས་མཐའ་དང་བྲལ་བར་གཅིག་པས་དྲན་རྟོག་རི ག་ཤེས་རིལ་རང་བྱུང་ཡེ་ཤེས་རང་སྣང་བ་མུ་མཐའ་མེད་པས་ཡང་ལྔ་ལས་འདས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་དུ་ཐ་མི་དད་པའོ། །མཉམ་སྦྱོར་ཐིམ་འགྱུར་གསལ་ནས་མི་མངོན་པའི། ཞེས་པ། ཆོས་སོ་ཅོག་སྐུ་གསུང་ཐུགས་ཆེན་པོར་རྟོགས་ན་ཐ་སྙད་ཐམས་ཅད་དེར་གཅིག་པས་ཐམས་ཅད་ཀྱང་སྐུ་གསུང་ཐུགས་སུ་སངས་རྒྱས་པ་ཡན་ལག་མེད་པར་རྩིས་ལས་འདས་པས་མཚན་ཉིད་འདི་འདྲར་མི་མཐོང་བའོ། །ཆོས་ཀྱི་སྐུ་མཆོག་བྱང་ཆུབ་སྙི་པོར་ཐིམ། །ཞེས་པ། སྤང་བསྒྲུབ་ཀྱིས་འདུས་པའི་ཆོས་སྐུ་ལས་ལྷག་པར་འཕགས་པ་ནི། ཡེ་ཤེས་ཀྱི་མིང་བཞི་དང་ལྡན་པ་ཉིད་ཡིན་ཏེ། རིལ་དོར་གཅིག་པ་ལ་མ་གྲུབ་པ་གྲུབ་པར་བྱར་མེད་པས་སངས་རྒྱས་སུ་མེད་པའི་ཕྱིར་སངས་རྒྱས་ཉིད་ཀྱི་ཐ་སྙད་ལས་འདས་པ་ཁོ་ནའོ། །རང་གི་ལྟ་བ་བསྙེམས་པའི་ང་རྒྱལ་གྱིས་སྤྱོད་པ་རྩིང་པོར་བྱེད་པ་གོལ་བར་བསྟན་པའི་ཕྱིར། །གསང་སྔགས་དབང་ཕྱུང་གོ་འཕང་ཆེན་པོ་འདིར། །ཕྱི་ནང་གསང་བའི་དོན་དང་མི་ལྡན་པར། །ལ་ལ་མཁས་འདོད་དྲེགས་པའི་ང་རྒྱལ་ཅན། །རང་གི་ལྟ་བ་ཡ་རབས་མཐོ་འདོད་དེ། །གཏི་མུག་དབང་གིས་བག་ཟོན་མ་ཆད་པས། །དྲན་དྲོད་ཡས་བཞག་བཙན་ཐབས་དྲེགས་པ་ཡིས། །བདག་ལས་གཞན་མེད་དཔེ་ཟླ་འཕགས་འདོད་ན། །གཞན་ལས་བརྙས་འདོད་བདག་ཉིད་ལྷར་བསྒོམས་ཀྱང་། །མཉམ་པའི་རྒྱལ་པོ་དེ་ལས་འགལ་བའི་ཕྱིར། །ལྟ་སྤྱོད་ཡ་ཆ་བདུད་ཀྱི་ལས་སུ་འགྱུར། །མཐོན་དམན་རློམ་སེམས་དབང་དུ་མཉམ་པའི་གཅུགས། །ཞེས་པ། གོ་སླ་སྟེ་མ་གོ་བས་ཆེ་ཆུང་རིས་འཛིན་པ་ནི། དགེ་བ་ཅི་སྤྱད་ཀྱང་མཉམ་པ་ཉིད་ལ་རྒྱབ་ཀྱིས་ཕྱོགས་པས་མི་རྟོགས་མི་འགྲུབ་པའོ། །འོ་ན་གང་གིས་འགྲུབ་ཞེ་ན། ངའོ་སྙམ་པའི་ང་རྒྱལ་ཞི་བ་སྟེ། མཁས་པ་བློ་ཅན་བླ་མའི་ལུང་བཞིན་དུ། །སྐྱོན་སྤོང་དགེ་རྩ་འཕགས་གྲལ་ཁྱད་པར་ཅན། །ཞེས་པ། སྐྱེས་བུ་འགའ་ཞིག་བཤད་པའི་ཆེ་བའི་ང་རྒྱལ་དང་བྲལ་བས་འདི་རྟོགས་པ་ཡོད་པ་ནི། རྒྱལ་བའི་བཀའ་ལས་འབྱུང་བ་ལྟར་སྤྱོད་ལོག་བོར་ཏེ་ཚུལ་བཞིན་སྤྱོད་པས། སའི་ལ་ཐོག་རྫོགས་པ་སྤྱིར་ཆིབ་ནོན་པར་འགྱུར་བས། མ་འོངས་པའི་སྐྱོན་ཡོན་བསྟན་པ་གཅེས་སོ། །ཚིག་ལ་མཁས་ཀྱང་དོན་མ་གོ་བས་དམ་ཉམས་ན་མི་གྲུབ་པ་ནི། ཚིག་ལ་མཉམ་སྦྱོར་མཁས་པའི་ཟླ་མེད་ཀྱང་། །དམ་ཚིག་ཕྱལ་བར་བྱང་ཆུབ་སེམས་སྤངས་ན། །རྡོ་རྗེ་ལྟ་བུར་འགྲུབ་འགྱུར་ཚེ་འདི་ལ། །ལོག་འདྲེན་གསོག་ཅན་བདེན་པའི་ཚིག་སྨྲས་ཀྱང་། །འཁྲུལ་པའི་སེམས་ཉིད་ལོག་འདྲེན་དབང་དུ་འགྱུར། །ཞེས་པ། ལྟ་བ་ཁ་ལ་ཡོད་པ་ཙམ་ལས་དོན་ཉིད་སྤངས་པའི་རྒྱུས། ཆོས་སྐུ་ཚེ་འདི་ལ་འགྲུབ་རྒྱུ་ལས། འགྱངས་ཏེ་ཤིན་ཏུ་ཡ་ཚ་བར་ལྟུང་བ་གོ་སླའོ། །གསང་སྔགས་ཀྱི་སྒོར་ཞུགས་ནས་སླར་སྐྱེ་བོའམ་ཐེག་པ་དམན་པར་ལོག་པའི་སྐྱོན་ནི། གསང་སྔགས་རྒྱ་མཚོ་སྒོ་འདི་ཡངས་པ་རུ། །འཇུག་འདོད་རྒྱལ་བ་རྣམས་ཀྱི་སྐུ་བསླུས་སླར་ལོག་པ། །བདུད་རྩི་མྱོང་ནས་དུག་ཏུ་འཁྲུལ་པ་གང་། །བདུད་རྩི་དེ་ལས་གཞན་ནས་མི་རྙེད་ཅིང་། །བཛྲ་ཡག་ཤས་དྲག་པོའི་སྙིང་ལ་གནས། །ལུས་སྲོག་སྒྱུ་མ་རྡུལ་དུ་གླགས་ནས་ཀྱང་། །དམྱལ་བར་ངེས་འགྲོ་གཏན་དུ་སྙིང་རེ་རྗེ། །གནམ་ལྕགས་མཁའ་ལས་འདམ་དུ་བྱིང་བ་བཞིན། །རི་དྭགས་མི་ཡུལ་སོ་མཚམས་འདས་དང་འདྲ། །ཞེས་པ་གོ་སླའོ། །མཚན་ཉིད་ཀྱི་དོན་བཤད་པའི་ཕྱིར། རྒྱུད་ཀྱི་དོན་ལ་བསྡེབས་པས་ལུང་ཞེས་བྱ། །ཞེས་པ། བྱང་ཆུབ་སེམས་རྩེ་མོ་བྱུང་རྒྱལ་དེ་ཁོ་ན་ཉིད་ཀྱི་རྒྱུད་ལས་བསྡུས་པའི་སྒྲོ་སྐུར་གྱི་ཉེས་པ་ཟད་པའི་ཕྱིར་མིང་འཐོབ་པའོ། །ཐམས་ཅད་བྱང་ཆུབ་སེམས་དཔས་རྩེ་མོ་སྟེ། །ཞེས་པ། ཆོས་སོ་ཅོག་རང་རིག་པའི་ཡེ་ཤེས་སུ་གཅིག་པའི་དོན་ནི། གཉིས་པ་མེད་པས་ཟླ་དང་གཉེན་པོ་མེད་པར་སྤགས་པའི་ཕྱིར་རོ། །མཁས་པའི་ཐུགས་ལས་བརྒྱུད་པས་བྱུང་རྒྱལ་ཉིད། ཞེས་པ། ཀུན་ཏུ་བཟང་པོ་དང་དགའ་རབ་རྡོ་རྗེའི་ཐུགས་བརྒྱུད་པ་ནི་ཐེག་པའི་ཡང་རྩེར་གྱུར་པའོ། །རྣམ་གྲངས་བརྒྱད་དུ་བཀོད་པས་འཕྲེང་བ་སྟེ། ཞེས་པ། བཤད་པ་ལྟར་ཐེག་པའི་གྲལ་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །དབྱེ་བསལ་བླང་དོར་མེད་པས་དམ་པའི་ལུང་། །ཞེས་པ། འདིར་གཉིས་པ་རིལ་དང་བྲལ་བས་གཞན་ལྟར་བླང་དོར་མེད་པ་ཉིད་ཀྱང་ཆེད་དུ་བྱེད་པ་དང་བྲལ་བས་ལུང་གི་རྒྱལ་པོའོ། །འཐོབ་པའི་རྒྱུ་ནི། ཚད་མེད་བཞི་དང་ལྡན་པའི་རྣལ་འབྱོར་པ། །ཞེས་པ། གདུང་བ་མེད་པ་བླང་དོར་འབྱེད་པ་མེད་པ་ངང་གིས་གདུང་བ་བྲལ་བས་འགྱོད་པ་མེད་པ། འགྲོ་དོན་རྩོལ་ཆད་མེད་པའི་ཡེ་ཤེས་མངའ་བ་ནི་ཁྲོ་གཏུམ་བྱམས་པ་ལ་སོགས་པའི་རྩོལ་བ་དང་བྲལ་བའོ། །བདག་དང་གཞན་དོན་བསྒྲུབ་པར་བརྩོན་པའི་སེམས། །སྦྱོར་སྒྲོལ་དུས་ལྡན་སྙིང་རྗེའི་གནས་རྣམས་ལ། །ཞེས་པ་གོ་སླ་སྟེ་གདུལ་བྱ་དུས་ལ་བབ་པ་མི་འདོར་བའོ། །སེམས་དྲོད་ལུང་ནོད་འཁོར་དང་རྫས་ལ་སོགས། །ཞེས་པ། རིག་པའི་དྲོད་དང་ལྡན་པའི་སྐྱེས་བུ་ཁུངས་ཀྱི་དབང་ལུང་ཐོབ་པས། སྟན་གན་གྱི་གདུལ་བྱ་ལ་སོགས་པའི་ཆེད་དུ་ཀར་མ་དང་གིང་ལ་སོགས་པ་འཁོར་དང་ཡོ་བྱད་འཇམ་དཔལ་ལ་སོགས་པར་ལྡན་པའོ། །ཕུན་སུམ་ཚོགས་འཛིན་རྒྱལ་བའི་ཐུགས་རྗེ་ཅན། །ཞེས་པ། ཆ་རྐྱེན་དུ་འོས་པའི་ཡོན་ཏན་ཚང་བར་མངའ་བ་ནི་རང་བྱུང་ཡེ་ཤེས་དང་ཡང་ལྡན་པའོ། །དམིགས་པའི་དོན་དུ་རྩེ་གཅིག་མཐུར་ལྡན་པ། །ཞེས་པ། གདུལ་བྱའི་ཆེད་དུ་སྤྱོད་ཡུལ་མེད་པའི་་དགོངས་པའི་བྱིན་རླབས་ཀྱིས་རྟགས་སུ་མི་འབྲལ་བའོ། །དེས་ནི་རྣལ་འབྱོར་ཆེ་མཆོག་གྲུབ་པའི་རིག་འཛིན་ཐོབ། །ཞེས་པ། གོ་སླ་སྟེ་ལྷག་པའི་རྣལ་འབྱོར་གྱི་གདུང་མི་འཆོར་བ་ཀུན་ཏུ་བཟང་པོ་ཉིད་དང་མཉམ་པ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ལས་དགོངས་པ་ཁྱད་པར་དུ་གྱུར་པའོ། །སྙིང་རྗེ་མེད་པའི་ལས་ཀྱི་གཞི་རྣམས་ནི། །ཀུན་ཏུ་བཟང་པོ་ཚིག་ཙམ་སྨྲ་འང་ཡོད། །སྙིང་པོའི་དོན་ལས་འགལ་འགྱུར་འགྲུབ་མི་འགྱུར། །ཞེས་པ་གོ་སླའོ། །ཀུན་ཏུ་བཟང་མོར་སྦྱོར་ལྡན་དངོས་གྲུབ་ཅན། །རྣལ་འབྱོར་གྲུབ་པའི་ཕྲིན་ལས་རྒྱ་མཚོ་རྣམས། །ཞེས་པ། སྤྱོད་པ་མ་ནོར་བའི་ཡོན་ཏན་ནི། མི་དམིགས་པའི་ཤེས་རབ་དང་ལྡན་པས་ལས་ཇི་སྙེད་སྤྱད་ཀྱང་མི་འཆི་བའོ། །སྐྱེ་མེད་དོན་དམ་ཀུན་རྫོབ་རྣམ་པར་སྤངས། །ཞེས་པ། ཤེས་རབ་ཀྱིས་དབུ་མའི་བདེན་པ་གཉིས་དང་ལྷག་པའི་མཉམ་ཉིད་ལས་ཀྱང་གྲོལ་བའོ། །ཐེག་ཆེན་སྤྱི་བླུགས་རང་བཞིན་རྣལ་འབྱོར་དོན །ཞེས་པ། དོན་གྱི་ཕབ་རྩིས་ཡོ་ཟིན་པའི་རང་བཞིན་གྱིས་དགོངས་པ་མི་གཡོ་བའོ། །ལྷུན་གྲུབ་རྫོགས་ཆེན་པ་རྣམས་ཀུན་གྱི་བླ། །ཞེས་པ། ལྷ་སྤྱོད་ཡ་མ་ཆ་བས། ལྷུན་གྱིས་གྲུབ་པའི་ཐིག་ལེར་བརྩལ་བ་མེད་པར་སྨིན་པ་ནི་མཐར་ཐུག་པའི་ས་ཐོབ་པའོ། །དེ་ལྟར་ཤེས་ལྡན་བདུད་བཞི་རྣམ་པར་སྤངས། །ཞེས་པ། བཤད་པ་ལྟར་རྟོགས་ཤིང་གོམས་ན་ངང་གིས་ཉོན་མོངས་པ་བདེ་བ་ཆེན་པོར་བརྡལ། རྒས་རྒུད་འཕོ་འགྱུར་མེད། སྐྱེ་ཤི་མེད་ཐིག་འགྱུར། བདག་ཆེན་པོར་སངས་རྒྱས་པའོ། །སྡིག་འཛེམ་ཆེར་སྐྱེས་བསོད་ནམས་ཁྲི་ཕྲག་ལས། ཞེས་པ། རྟོགས་ནས་སྤྱོད་པ་ཞིབ་པའི་བསོད་ནམས་ལ་ཚད་བཟུང་བ་མེད་པའི་ཕྱིར་རོ། །ཚིག་དོན་གསུམ་ལ་དོན་བཅུད་བདུན་གྱིས་བཀྲལ། དོན་བཅུད་བདུན་ལ་ཡན་ལག་བཞི་བཅུ་གཉིས། དོན་དེས་ཁོང་ཕྱེ་རྐང་པས་ངལ་བསྡུས་པའི། དགེ་རྩ་ཀུན་ཀྱང་བླ་མའི་སར་གནས་ཤོག །ཡང་དབང་གཏེར་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ཡིས། རྩེ་མོ་བྱུང་རྒྱལ་གྱི་འགྲེལ་པ་རྫོགས་སོ།། །།

མན་ངག་སྲོག་གི་འཁོར་ལོའི་འགྲེལ་པ། ཡང་དབང་གཏེར།

མན་ངག་སྲོག་གི་འཁོར་ལོའི་འགྲེལ་པ་བཞུགས་སོ།། །།མན་ངག་སྲོག་གི་འཁོར་ལོའི་འགྲེལ་པ་བཞུགས། སེམས་ཉིད་ནམ་མཁའ་མཐའ་བྲལ་དབྱིངས་འདས་ལྷུན་རྫོགས་ཅིར་ཡང་གསལ། གཞལ་བྱ་རང་བཞིན་གསུམ་གཉིས་ལྔར་རྫོགས་རྒྱུ་འབྲས་དབྱེར་མེད་སྐུ། ལྷུན་གྲུབ་བདག་ཉིད་ཆེན་པོ་དཔེ་བྲལ་གསུམ་འབྲེལ་གང་མ་བཀོལ་བའི་ཆོས། གཉིས་དགུ་ཀུན་གྱི་སྙིང་པོར་གྱུར་པས་ཐམས་ཅད་འཆར་གཞི་དེ་ལ་འདུད་ཕྱག་འཚལ། བཅོམ་ལྡན་དཔལ་བདེ་ཐམས་ཅད་མཁྱེན་པའི་ངང་། །ཞེས་བྱ་བ། བསྒྲུབ་བྱ་རིལ་ཡེ་ནས་ལྷུན་གྱིས་གྲུབ་པའི་མ་བརྩལ་བའི་དཔལ་ལ། དེ་ཉིད་ཡེ་ཤེས་ཆེན་པོའི་དོན་གྱིས་རིམ་པས་སྣང་བས་བདེ་བ་ལ་འགོད་པ་ནི། བྱིན་བརླབས་སྣང་བའོ། །དེ་ཉིད་མཐའ་གཉིས་ཀྱིས་སྤྲོས་པ་དང་རྩོལ་བའི་ཟུག་རྔུ་བྲལ་བར་བཞུགས་པ་ནི། ཆོས་ཀྱི་སྐུ་སྟེ་དེ་ཉིད་ཐམས་ཅད་དུ་མ་བསྒྲིབས་པར་གསལ་བས་གང་ཡང་མ་བཀོལ་བར་དོན་མཛད་པ་རྒྱུ་འབྲས་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པས་ངང་ཞེས་ཀྱང་བྱའོ། །ལྷུན་གྱིས་གྲུབ་པ་ཉིད་ཅི་ཞིག་སྙམ་པ་ལ། སྐུ་གསུང་ཐུགས་ཀྱིས་རང་བཞིན་ཆོས་དབྱིངས་ལ། །ཞེས་གསུངས་ཏེ། སྐབས་འདིར་རྒྱུ་ནས་ལྡན་པའི་སྒོ་གསུམ་སྐུ་གསུང་ཐུགས་ལས་ཡེ་ནས་མི་གཞན་པས་རང་བཞིན་ཞེས་སྨོས་ཏེ། དེའི་རང་བཞིན་ཡང་སེམས་ཉིད་པས་ངོ་བོ་ཉིད་གཅིག་དང་དུ་མར་བྲལ་བ་ནི་ཡུལ་ལས་འདས་པས་མཉམ་པ་ཉིད་ཀྱི་དབྱིངས་སོ། །བྱང་ཆུབ་སེམས་ཀྱི་སྲོག་གི་འཁོར་ལོ་འདི། །ཞེས་བྱ་བ། སྣང་སྲིད་ཐམས་ཅད་སེམས་ཉིད་ཀྱི་ངང་སྤྲོས་པ་དང་བྲལ་བའི་སྐུ་ལ་བསྒྲུབ་བྱ་ཐམས་ཅད་རྫོགས་པར་རང་ལ་གསལ་བ་ནི་བཤད་པ་ཐམས་ཅད་འབྱུང་བ་འདུས་པའི་རྩ་བར་གྱུར་པ་སྟེ་མ་བརྩལ་རང་ལ་གསལ་བར་སྒྲུབ་པས་འདི་ཞེས་བྱའོ། །མཉམ་ཉིད་འདུས་པའི་གཏེར་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི། རིལ་སེམས་ཉིད་དུ་གཅིག་པའང་མཉམ་པ་ཉིད་དེ། མཐའ་ཐམས་ཅད་དུ་མ་ལྷུང་བ་སྲང་གི་དཔེས་མཉམ་པ་ཉིད་དོ། །དེ་ཉིད་ཡོན་ཏན་གང་ཡང་མ་ཚང་བ་མེད་པས་བྱས་པ་མིན་ཏེ། ལྷུན་གྱིས་གྲུབ་པ་ཉིད། ལས་བཞིན་དུ་སྣང་བས་དབྲི་བསྐོལ་མེད་དོ་ཞེའོ། །གང་དེ་ལ་མོས་པ་དང་མངོན་དུ་བྱས་པ་ནི་ཕྱག་འཚལ་བར་འགྱུར་རོ། །འདི་ནས་མར་མཆོད་པ་དང་ཐ་མི་དད་པའི་ཚུལ་གྱིས་མན་ངག་གི་ལུས་རྣམ་པར་གཞག་པ་སྟོན་ཏོ། །དེ་ཡང་རིགས་པ་མིན་ན་ཡང་དོན་མཉམ་པར་ཆུད་པར་ཁས་བླངས་པ་འཆད་པར་འགྱུར་བའི་དོན་གྱིས་འགལ་བ་མེད་དོ། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སྦྱོར་བ། །ཞེས་བྱ་བ། ལུས་ནི་གཟུགས་ཏེ་ཕྱི་ནང་གི་དངོས་པོ་རིལ་སེམས་ཉིད་ལས་མི་གཞན་པས་ངོ་བོ་དང་བྲལ་བ་ནི་ངོ་བོ་མ་གྲུབ་བཞིན་དུ་ཅིར་ཡང་སྣང་བས་མཐའ་གཉིས་སུ་མ་ཟིན་པས་སྐྱེ་འཇིག་དང་བྲལ་བ་ནི་སྐུ་ལྷུན་གྱིས་གྲུབ་པ་དང་། རིག་པ་བྱང་ཆུབ་སེམས་ཆོས་ཐམས་ཅད་དུ་སྣང་བས་ལྟོས་པའི་ཚུལ་གྱིས་གཉིས་ག་མ་གྲུབ་པའང་གང་སྐྱེ་བ་མེད་པ་ཡང་རང་བྱུང་གི་ཡེ་ཤེས་ཏེ་ཐམས་ཅད་ཡེ་ཤེས་ཡིན་པས་མ་སྐྱེས་པ་ཡང་ཐ་མི་དད་པས་རང་བཞིན་གྱིས་གསལ་བ་ནི་དེ་བཞིན་གཤེགས་པའི་ཐུགས་མ་ནོར་བ་སྟེ། དེ་དག་བཤད་པའི་དོན་གྱིས་རིས་སུ་མ་ཟིན་པས་འཁོར་བ་དང་མྱ་ངན་ལས་འདས་པའི་རིལ་ཡང་བདེ་བ་ཆེན་པོའི་ཀློང་གཅིག་ཏུ་གསལ་བས་གྲུབ་མཐའ་ཅིར་ཡང་གསལ་བ་སྟེ། དེ་དག་གི་དོན་ནི་ཚིགས་བཅད་གཉིས་ཀྱིས་རྒྱས་པར་འགྲེལ་ལོ། །རྒྱལ་བ་རྣམས་ཀྱི་གསང་ཆེན་འཁོར་བཟློག་པ། །ཞེས་བྱ་བ། གང་ཡོན་ཏན་དང་ཕྲིན་ལས་ཀྱིས་མངོན་འཕགས་ཤིང་ངེས་པར་འབྱུང་བ་དག་ནི། ཡོན་ཏན་གྱི་ཆེ་བས་མཚན་བཏགས་ཏེ་དེ་དག་མང་པོས་གསུངས་པའི་ཡང་དགོངས་པ་ནི་གཅིག་ཏུ་བསྟན་ཏོ། །འདི་ལྟ་སྟེ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཐམས་ཅད་རང་བྱུང་གི་ཡེ་ཤེས་སྐྱེ་འཇིགས་མེད་པའི་ཀློང་དུ་དག་པ་ནི་ངང་གིས་མ་གྲུབ་པ་ཡོང་གིས་འོད་གསལ་བས་རྟོག་པ་ཐམས་ཅད་དང་བྲལ་བར་བཞུགས་སོ། །འདི་དག་ནི་མ་ཕྱེ་ཡང་བློས་རིག་པར་དཀའ་བས་གསུངས་པ་ཡང་འཁོར་བའི་ཆོས་རྒྱུ་འབྲས་གཉིས་ག་རྩ་ནས་དག་པས་སྣང་སྟོང་གཉིས་སུ་མེད་པ་ནི་གྲུབ་པའི་མཐའ་ཡང་ཡིན་ལ་འཁོར་བ་ཀར་དག་པར་བཟློག་པ་ཡིན་ནོ་ཞེས་ཐ་སྙད་དུ་འདོགས་སོ། །དེ་ནི་ཚིག་བཅོ་ལྔས་བསྟན་ཏེ། མྱ་ངན་འདས་པའི་དམ་ཚིག་ལུ་གུ་རྒྱུད། །ཞེས་བྱ་བ། གང་དག་སྡུག་བསྔལ་གསུམ་པོ་དག་ནི་གདུང་བ་དང་སྐྱོ་བ་དང་སུན་འབྱིན་པས་བྲལ་བར་འདོད་པ་ནི་མྱ་ངན་ཏེ་དེ་དག་གི་ངོ་བོ་ཉིད་ཤེས་པས། དེ་དག་ལ་མི་གནས་པ་ནི་ཡོངས་སུ་གྲོལ་ཏེ། སྤྱོད་ཡུལ་དུ་མི་བྱེད་པས་མིང་འཐོབ་བོ། །སྐབས་འདིར་ངོ་བོ་ཉིད་མ་ཤེས་པས་སྒྲུབ་བྱས་བྲེལ་ཏེ། འདོད་པས་གདུངས་པ་དང་། རྒྱུ་རྐྱེན་ལ་མངོན་པར་འདུ་བྱེད་པའི་ནད་ཀྱིས་ཟིན་པ་དག་སྟེ། གང་གིས་དེ་དག་ངོ་བོ་ཉིད་ཡོངས་སུ་ཤེས་པས་འཆིང་བ་ལས་ཡོངས་སུ་གྲོལ་བ་ནི་མྱ་ངན་ལས་འདས་པར་བརྗོད་དེ། དེ་དག་རང་གི་མཚན་ཉིད་ལས་མི་འདའ་བ་ཡང་མུན་པའི་ངོ་བོ་ཉིད་ཡོངས་སུ་དག་པས་བསྒྲུབ་བྱ་རིལ་ལུས་པ་མེད་པ་དང་། དེ་བཞིན་གཤེགས་པ་ཉིད་གཅིག་དང་དུ་མ་ལས་གྲོལ་བ་ཡང་གདུལ་བྱ་དང་གཉིས་སུ་སྣང་བ་མེད་པས་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པ་ནི་དུས་གསུམ་དུ་མི་འགྱུར་བས་དམ་ཚིག་གོ །དེ་དག་གི་འབྲེལ་བ་ནི་རྒྱུའི་ངོ་བོ་ཉིད་ལས་མི་གཞན་པ་དང་ཡེ་ཤེས་ཆེན་པོ་ཅིར་ཡང་སྣང་བ་ལས་གང་ཡང་མ་སྤངས་པའི་ཕྱིར། རང་བཞིན་དང་ལས་ཀྱི་འབྲེལ་བ་གཉིས་སུ་གསུངས་སོ། །དེ་ནི་ཚིག་བཅད་ཕྱེད་དང་གསུམ་གྱིས་བསྟན་ཏོ། །ཆོས་དབྱིངས་རྣལ་འབྱོར་ཡོངས་ཀྱི་གཏེར་ཆེན་པས། །ཞེས་བྱ་བ་ནི། ཆོས་ནི་དངོས་པོ་གཉིས་བསྡུས་པ་སྟེ། དེ་དག་རིལ་སོམས་ཉིད་ཀྱི་ངོ་བོ་ཉིད་ལས་མི་གཞན་པ་ནི་རིས་སུ་མི་སྣང་བ་དང་རྒྱ་དང་བྲལ་ཞིང་ངོ་བོ་ཉིད་བསྟན་ཏུ་མེད་པས་བློས་ལོང་དཀའ་བའི་ཕྱིར་དབྱིངས་སོ། །དེ་དག་མ་བཅོས་པའི་ངོ་བོ་ཉིད་ཤེས་ནས་དེ་ཉིད་དུ་གྱུར་པ་ནི་གཉིས་སུ་སྣང་བ་མེད་པ་སྟེ་ཀུན་གྱི་དབང་ཕྱུག་སྟེ་སངས་རྒྱས་སོ། །དེ་དག་རིལ་དུ་བརྗོད་པའང་ཡོན་ཏན་དང་བཅས་པ་མ་ལུས་པ་སྟེ་དེ་དག་དེ་ལ་སྣང་ཞིག་འབྱུང་བར་བསྟན་པའོ། །རྒྱུ་རྐྱེན་གྱིས་བྱས་པ་དང་གུད་ན་ཡོད་པ་མིན་ཏེ། ཆོས་ཀྱི་དབྱིངས་མྱོང་བར་དཀའ་བ་ཉིད་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱིར་བསྒྲུབ་བྱ་བསམ་གྱིས་མི་ཁྱབ་པ་རིལ་ལྷུན་གྱིས་གྲུབ་པར་གསུངས་སོ། །དེ་ཉིད་ཅིར་ཡང་མི་འགག་པར་གསལ་བ་ཡང་ཉི་མའི་འོད་ལྟར་བྲི་བསྐོལ་མེད་པ་དང་ཟད་པ་མེད་པར་གསུངས་སོ། །དེ་ནི་ཚིག་བཅད་ཕྱེད་དང་ལྔས་བསྟན་ཏོ། ། རྣ་བརྒྱུད་ཐུགས་ཀྱིས་གདེང་ཆུད་སྐལ་ལྡན་པས། །ཅེས་བྱ་བ་དེ་ངག་གིས་ཐོག་ཏུ་དབབ་དཀའ་ཡང་བླ་མའི་ཉམས་ཀྱིས་གསལ་བར་སྟོན་པ་ཡང་ཕལ་གྱིས་ཡུལ་མ་ཡིན་ཏེ། དགའ་རབ་ཉིད་ལྟ་བུ་དེ་བཞིན་གཤེགས་པའི་ཐུགས་ཀྱི་དགོངས་པ་བསམ་དཔྱོད་གྱི་ཡུལ་ལས་འདས་པ་དེ་ལྟ་བ་གདེང་དུ་ཆུད་དོ་གོལ་ས་ཁེགས་ཏིང་ངེ་འཛིན་གདེང་དུ་ཆུད་དུ་དེ་གསལ་བར་བསྒོམ། སྤྱོད་པ་གདེང་དུ་ཆུད་དེ་འཛིན་ཆགས་མེད། འབྲས་བུ་གདེང་དུ་ཆུད་དེ་རང་ལ་གསལ་བ་དེ་སུ་ལ་བསྟན་སྙམ་པ་ལ། སྐལ་ལྡན་ཅེས་ཏེ། ལུང་དང་མན་ངག་དང་དོན་དང་གསུམ་དང་ཕྲད་པ་ནི་སྐལ་ལྡན་ནོ། །དེ་དག་ཀྱང་ཆོས་ཀྱི་དབྱིངས་ཀྱིས་མ་ཕྱེ་ཡང་ལས་ཀྱིས་ཕྱེ་ནས་གང་ཞིག་སྣོད་དུ་གྱུར་པ་ནི་ཀུན་ཏུ་བཟང་པོའི་རིགས་འཚོབ་པའི་ཕྱིར། མི་ནུབ་ཡོངས་ཀྱི་བཙས་སུ་བཞག་པ་ཡིན། །ཅེས་གསུངས་ཏེ། ལུང་ངེས་པ་ནི་ཀུན་ཏུ་བཟང་པོ་ཉིད་དང་འདྲ་བར་རིགས་ཀྱི་བུ་རྣམས་ལ་གཏད་པ་ནི་ཕ་བཙས་བུ་ལ་བཞག་པ་ལྟ་བུའོ། །དེ་དག་གཉིས་ག་ཡང་སྣོད་དང་བཅུད་ཡང་རབ་ཏུ་གསུངས་སོ། །དེ་ལྟ་བུའི་མན་ངག་ནམ་མཁའི་འཇིངས་ལྟ་བུ་བློས་རེག་པར་དཀའ་བས་སྨོན་ལམ་གྱིས་བསྟང་དགོས་པའི་ཕྱིར་ཚིགས་བཅད་ཕྱེད་དང་གཉིས་གསུངས་ཏེ། སྐུ་གསུང་ཐུགས་ལས་བསྡུས་པའི་སྙིང་པོ་འདི། །ཞེས་བྱ་བ་ནི། ཕྱི་ནང་རིལ་མི་བཟད་པ་རྒྱན་གྱི་འཁོར་ལོ་ལས་མི་གཞན་པ་ནི་སྟོན་པ་པོ་ཉིད་དེ། དེ་དག་གི་ཡོན་ཏན་གྱི་ཁྱད་པར་དང་དགོངས་པའི་རྒྱུད་ནི་བགྲང་ཞིང་བསམ་པ་ལས་འདས་ཀྱང་གདུལ་བྱ་མི་ལྕོགས་པ་རྣམས་ལ། མདོར་བསྟན་པ་དེ་དག་ནི་དོན་མ་རྫོགས་པ་མེད་པར་རང་བྱུང་བས་སྙིང་པོ་ཞེས་ཐ་སྙད་དུ་ཁས་ལེན་ཏོ། །དེ་དག་ཉིད་ཅིའི་ཕྱིར་སྙམ་པ་ལ། དུས་གསུམ་རྒྱལ་བའི་ཆོས་དབྱིངས་སྐུ་གསུང་ཐུགས། །མཉམ་ཉིད་འགྲོ་དོན་མན་ངག་ཀུན་གྱི་གཏེར། །ཞེས་སྨོས་ཏེ། ཆོས་ཐམས་ཅད་བྱང་ཆུབ་ཉིད་ཀྱི་ངོ་བོ་ཉིད་ལས་མི་གཞན་པའི་ཕྱིར་མཐའ་རྣམས་དང་བྲལ་བ་ཉིད་གང་དང་ཡང་མ་བྲལ་བས་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པ་ནི་ལྷུན་གྱིས་གྲུབ་པའི་ངང་སྟེ། མཉམ་པ་ཉིད་ཀྱི་དབྱིངས་སོ། །དེ་ནི་གཞན་གྱིས་མ་རེག་པའི་ཕྱིར་རྒྱལ་བ་འབའ་ཞིག་གི་སྤྱོད་ཡུལ་ཏེ། མི་བཟད་པ་རྒྱན་གྱི་འཁོར་ལོ་ཡང་། །རང་གི་ངོ་བོ་ཉིད་མི་དམིགས་པས་སྣང་སྟོང་མཉམ་པའི་ངོ་བོ་ཉིད་ནི་ཨ་ཏི་ཡོ་ག་རང་གི་ངོ་བོ་སྟེ། དེ་ཉིད་ཚིག་དང་ཡི་གེ་ཐམས་ཅད་འདས་ཀྱང་གདུལ་བྱ་ལ་མཚོན་པར་བྱ་བའི་དོན་དུ་གསུངས་པ་ནི་མན་ངག་འདི་དག་གོ །འདིས་ཐམས་ཅད་ཀྱི་དོན་འབྱིན་པས་ས་དཔྱད་གུ་ཙེ་ཀུན་གྱི་དགོངས་པ་བསྒྲུབ་པ་ལྟ་བུའི་ཕྱིར། ཟབ་ཅིང་དོན་ཆེ་བར་གསུངས་སོ། །སྐལ་ལྡན་ཚད་མ་རང་རིག་དབང་ཕྱུག་གིས། །ཞེས་བྱ་བ། རྡོ་རྗེ་སེམས་དཔའི་ཞལ་མཐོང་ཞིང་སྲོག་གི་འཁོར་ལོའི་མན་ངག་ཐོས་པས་ཆོས་མཉམ་པ་ཉིད་ཀྱི་དོན་རིག་པ་ནི་སྐལ་པ་ཁྱད་པར་ཅན་ཡིན་ལ། དེ་ཡང་ཀུན་ཏུ་བཟང་པོའི་ལུང་དང་རྡོ་རྗེ་སེམས་དཔའི་ཉམས་ཀྱི་མན་ངག་དང་། སེམས་དང་ཆོས་ཀྱི་དབྱིངས་སུ་འདྲེས་པའི་རིག་པས་སེམས་མཉམ་པ་ཉིད་ཀྱི་དོནརིག་པ་ཐམས་ཅད་བདག་ཉིད་དུ་དབང་བསྒྱུར་བའི་ཕྱིར་ཀུན་ཏུ་སྣང་བའི་ཕྱིར། དགའ་རབ་རྡོ་རྗེ་ནི་ངེས་པར་རང་རིག་དབང་ཕྱུག་གོ །བྱེད་པ་པོ་བསྟན་པ་ནི་མན་ངག་སྲོག་གི་འཁོར་ལོ་འདིའོ། །སྣོད་གང་སྙམ་པ་ལ། དེའི་རྗེས་འཚོབ་ཐུགས་ཀྱིས་སྲས་མཆོག་ལ། །ཞེས་གསུངས་སོ། །དགའ་རབ་ལ་སོགས་པ་དེ་དག་གི་རྗེས་སུ་ངེས་པར་བྱུང་བ་ནི་རིགས་འཚོབ་པ་སྟེ། མན་ངག་བསྟན་པ་ལས་རིག་པ་ཤར་བ་ནི་མཆོག་སྟེ། ཐུགས་ཀྱི་སྲས་པོ། །དེ་དག་ལ་འདིའི་དོན་གྱིས་ཇི་ལྟར་འགྱུར་ཞེ་ན། ཙིཏྟའི་དཀྱིལ་འཁོར་ཡངས་པར་གསལ་གྱུར་ཅིག །ཞེས་སྨོས་ཏེ། སྙིང་ནི་སེམས་ཀྱི་རྟེན་ཏེ་ངེས་པར་ཚོགས་བརྒྱད་དོ། །དེ་དག་གཉིས་སུ་ཕྱེ་བ་ཡང་རང་བྱུང་གི་ཡེ་ཤེས་ཀྱི་ཕྱིར་དང་། ཡུལ་ཉིད་སེམས་ལས་མི་ཞན་པས་དམིགས་པའི་རྒྱུན་དང་བྲལ་བས་དཔེ་མེ་ལོང་ལྟར་བསྟན་ཏོ། །ཐམས་ཅད་བདག་ཉིད་དུ་གྱུར་པས་གཞན་ཀུན་བཅད་པ་ནི་མཉམ་པ་ཉིད་དོ། །ཡིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་གང་ཡང་མ་སྤངས་པ་ནི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སུ་གསུངས་པས་རྣམ་པར་ཤེས་པ་སྟེ་མཐའ་དང་བྲལ་བར་གང་དག་གིས་དོན་སོ་སོར་ཡོངས་སུ་གྲུབ་པ་ནི་རང་གི་ས་ཉིད་དེ་དོན་ཡོངས་སུ་བཙལ་ན་མི་སྙེད་པས་ཡེ་ཤེས་སུ་གསུངས་སོ། །དེ་དག་རང་བཞིན་ལས་ཁྱད་པར་དུ་གསལ་བ་ནི་ཡང་བརྩེགས་པ་ལྟ་བུ་སྟེ། མན་ངག་འདིའི་ལས་སུ་གསུངས་པས་སྨོན་ལམ་གྱི་བྱིན་བརླབས་ཀྱང་ཅུང་ཟད་སྟོང་པར་འགྱུར་རོ། །དེ་ལྟར་ཡོན་ཏན་ཆེན་པོ་དང་ལྡན་པ་དེའི་ངོ་བོ་གང་ཞིག་དབྱེ་བ་ནི་དུ་སྙམ་པ་ལ། འདི་ནས་བསྔོོ་བ་ལ་མཐར་ཐུག་པར་གསུངས་ཏེ། ཆོས་དབྱིངས་སྐྱེ་མེད་མི་གནས་མྱ་ངན་འདས་མེད་དག །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ཞིབ་ཏུ་བསྟན་པ་ལ། དེ་ལ་ཆོས་ནི་ཆོས་ཏེ་དངོས་པོ་གཉིས་ཀྱིས་བསྡུས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་གཅིག་པ་ནི་འཆད་པར་འགྱུར་བའི་མཚན་ཉིད་བཅུས་དབྱིངས་སུ་བཞག་གོ །དེ་གང་ཡིན་སྙམ་པ་ལ། སྐྱེ་མེད་མི་གནས་མྱ་ངན་འདས་མེད་དག །མི་སྐྱེ་མི་འགག་འཁོར་བ་སྤོང་ལེན་མེད། །ང་མེད་བདག་དང་བྲལ་བ་རྒྱལ་བའི་ཐུགས། །ཞེས་པ་ལ་སོགས་པ་གསུངས་ཏེ། གང་སེམས་ཀྱི་ངོ་བོ་ཅིར་ཡང་མི་རྙེད་པས། རྒྱུ་རྐྱེན་གདོད་ནས་བྲལ་བ་ནི་སྐྱེ་བ་མེད་པའོ། །རྒྱུ་རྐྱེན་བྲལ་ན་ངོ་བོ་སྟོང་ཞེས་བྱ་བའོ། །དེ་ཉིད་ངོ་བོ་མ་གྲུབ་པས་ཕྱི་ནང་བར་གསུམ་གྱི་གནས་མ་སྤངས་པ་ཡང་ཕྱོགས་མེད་པར་གསལ་བས། མི་གནས་པའི་དོན་ཉིད་ཕྱོགས་རིས་མེད་ཅེས་བྱའོ། །ཕྱོགས་གཅིག་པའི་ཞི་བ་ནི་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་སྟེ། སེམས་ཉིད་ཅིར་ཡང་གསལ་བ་ནི། །དེ་དག་ཡོངས་སུ་མ་སྤངས་པས། །འགག་མེད་ཡོངས་སུ་འདས་དང་བྲལ། །ཞེས་བྱའོ། །གང་གཟུང་འཛིན་ན ི་དྲི་མ་སྟེ་ལོག་པའི་དོན་གྱིས་ཀར་དག་པས་གཉིས་མེད་དྲི་མ་རྣམ་གཉིས་བྲལ་ཞེས་བྱའོ། །དྲི་མ་གཉིས་བྲལ་བའི་དོན་གྱིས་བསམ་པའི་རྒྱུན་དང་བྲལ་བས། རྒྱུན་མི་སོགས་པ་ནི་གཞན་དུ་འབྱུང་བར་མི་འགྱུར་བས་བསྒྲུབ་པ་མེད་པས་འཕོ་འཇུག་མེད་ཞེས་བྱའོ། །ངོ་བོ་ཉིད་གྲུབ་པ་ནི་རྟག་པའི་ཕྱིར་གང་མི་རྟག་པ་ཅིར་ཡང་འབྱུང་བས། མཉམ་ཉིད་གཅིག་ལ་བལྟས་དགུ་དེ་ལྟར་སྣང་། །ཞེས་བྱའོ། །དངོས་པོ་ཉིད་སེམས་ཉིད་དུ་གསལ་འཁོར་བ་ངང་གིས་མེད་པས། མ་སྐྱེས་སེམས་ཅན་ངག་གིས་དག་ཞེས་བྱའོ། །སྔར་བསྟན་པའི་དོན་གྱིས་འཁོར་བ་དང་མྱ་ངན་ལས་འདས་པ་མེད་པས་སྤོང་ལེན་བྲལ་ཞེས་བྱའོ། །གང་གཅིག་དང་དུ་མ་དང་བྲལ་བ་ནི་སྣང་བ་མེད་པའི་ཚུལ་གྱིས་འདུ་ཤེས་རྩ་ནས་དག་པས། ང་མེད་ཕྱོགས་དང་་བྲལ་བས་བདག་མེད་རྣམ་གཉིས་ལྡན་ཞེས་བྱ་སྟེ། གང་མཚན་ཉིད་བཅུ་དང་ལྡན་པ་ནི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡང་དག་པ་མ་ནོར་བའོ། །དེ་ཉིད་ངོ་བོ་ཉིད་ཀྱི་ཕྱིར་སྐུ་གསུང་ཐུགས་རྡོ་རྗེ་གསུངས་སོ། །རྣལ་འབྱོར་གསང་བའི་སྙིང་པོ་བསམ་ཡས་པས། །ཞེས་བྱ་བ། རྣལ་འབྱོར་བཞི་ལས་རང་བཞིན་གྱི་དོན་ཏེ། རྩོལ་བ་དང་བྲལ་བའི་བྱང་ཆུབ་ཉིད་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ནི་བསྒྲུབ་བྱ་ཐམས་ཅད་ཉེ་བར་རྫོགས་པའི་ཕྱིར་རོ། །དེ་ཉིད་ས་པ་ལ་སོགས་པས་མ་རེག་པ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་རིལ་གྱི་སྙིང་པོ་སྟེ། ཐམས་ཅད་དེ་ཉིད་ལས་སྣང་ཡང་རང་གི་ངོ་བོ་ཉིད་མ་གྲུབ་པས་སེམས་ཀྱི་ཡུལ་ལས་འདས་པའི་ཕྱིར་དམིགས་སུ་མེད་པར་དུ་མ་ལས་གསུངས་སོ། །འོ་ན་དེ་ཉིད་ནི་ཁྱད་་པར་མི་སྣང་བས་བསྒྲུབ་པ་དོན་མེད་པར་དོགས་པ་ལ། རིན་ཆེན་གཏེར་འདུས་རྒྱལ་བས་བརྗོད་མི་ལང་། །ཞེས་བྱ་བ། དཔེར་ན་རིན་པོ་ཆེ་ནི་མ་བྱས་པའི་ཡོན་ཏན་གྲངས་གཟུང་དུ་མེད་པ་བཞིན། སྙིང་པོ་རང་བྱུང་ཡེ་ཤེས་ནི་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། རྒྱུ་རྐྱེན་ལས་འདས་པའི་ཡོན་ཏན་ཐམས་ཅད་རྫོགས་པ་ཡང་དོན་རྣམ་གཉིས་པོ་མཐའ་དག་ལྷུན་གྱིས་གྲུབ་པའི་ཕྱིར། གྲངས་ཀྱི་མཐའ་དེ་བཞིན་གཤེགས་པས་ཀྱང་མི་ཟིན་ན་གཞན་ལྟ་ཅི་སྨོས་ཞེའོ། །མ་སྤངས་མ་བསྒྲུབས་ནམ་མཁའི་ངང་དུ་གནས། །ཞེས་བྱ་བ། མངོན་པར་ཞེན་པ་རྣམས་ཀྱི་ཆོས་ཀྱི་སྙིང་པོ་བྱང་ཆུབ་ལས་མི་གཞན་པས་རང་གི་ངོ་བོ་མ་གྲུབ་པའི་ཕྱིར་བཏགས་པ་ཙམ་སྟེ། དེ་དག་ཉིད་རྗེས་སུ་མཐུན་པར་ཙམ་རྫོགས་པ་ནི་བསལ་བ་དང་རྒྱུས་མངོན་དུ་མ་བྱས་པའི་ཕྱིར་ཨ་ཏི་ཡོ་ག་ཞེས་བྱའོ། །དེ་དག་ངོ་བོ་ཉིད་ཡང་མི་ཟིན་པས་གཅིག་དང་དུ་མར་བྲལ་བ་ཡང་ཐམས་ཅད་དུ་ཁྱབ་པ་དང་མཐའ་དབུས་མེད་པའི་ཕྱིར་ནམ་མཁའ་དང་འདྲ་བར་གསུངས་སོ། །མི་གཞན་པས་རྩོལ་བ་མེད་པ་དེ་ཉིད་རིལ་པོར་འཇུག་པས་ཤེས་སོ་སྙམ་པ་ལ། ཁམས་གསུམ་བརྟགས་ནས་འཁོར་བ་མྱ་ངན་མེད། །ཞེས་བྱ་བ། འདོད་པ་ལ་སོགས་པས་ཐམས་ཅད་བསྡུས་པ་ནི། མ་ལུས་པའི་དེ་དག་གཏན་ཚིགས་གསུམ་གྱིས་གཞལ་ན་རྒྱུ་དང་ངོ་བོ་དང་མཐའ་རྣམས་རྗེས་སུ་མཐུན་པར་སེམས་རང་བྱུང་ཡེ་ཤེས་ཆེན་པོ་ཉིད་འབའ་ཞིག་ཏུ་གདོད་ནས་ལྷུན་གྱིས་གྲུབ་པ་ནི་སྤྲོས་པ་ཐམས་ཅད་ཡོངས་སུ་བྲལ་བའི་ཕྱིར་ངོ་བོ་ཉིད་ཅི་ཡང་མིན་པས་རྩོལ་བ་ཀ་ནས་དག་པར་གསུངས་སོ། །དེ་ལྟར་མ་ངེས་པ་ནི་ཐམས་ཅད་སྣང་བས་གཏེར་ཆེན་པོ་ཞེས་གསུངས་སོ། །དངོས་པོ་ཚད་མར་བཞག་ནས་ཆ་ཤས་ཀྱི་འཇལ་བ་ཀུན་ཏུ་བཅད་པའི་ཕྱིར། ཕྱོགས་ཆར་གཅེས་ན་བདེར་གཤེགས་སྙིང་པོ་མིན། །ཀུན་གྱི་རང་བཞིན་འཇའ་ཚོན་སྣང་བཞིན་མེད། །ཞེས་བྱ་བ། ཁམས་གསུམ་གྱི་སེམས་ཅན་རང་བྱུང་གི་ཡེ་ཤེས་སུ་སངས་རྒྱས་པ་ནི་ངོ་བོ་ཉིད་མ་གྲུབ་བཞིན་དུ། ལ་ལ་དག་མངོན་སུམ་པའི་ཚད་མ་རུ་བཞག་ནས་དཔག་ཚད་དང་རྡུལ་སོགས་པར་གསོ་བ་ནི་གྲུབ་མཐའ་སྟོང་པ་ཉིད་དུ་སྣང་བ་ལ་མཐའ་ལྡོག་པ་དག་ནི་རིང་པོ་སྟེ། གང་སེམས་ཡེ་ཤེས་སུ་གསལ་བ་ནི། དེ་བཞིན་གཤེགས་པ་མ་ལུས་པ་ཡང་ལྷུན་གྱིས་གྲུབ་པའི་ཕྱིར། སྙིང་པོ་ཞེས་ཐ་སྙད་དུ་འདོགས་ཏེ། དེ་དག་སྒོ་ཉིད་ནས་སྣང་བར་མི་ནུས་སོ། །ནམ་མཁའ་རང་བཞིན་གྱིས་་སྣང་བའི་གོ་འབྱེད་པ་ནི་རྐྱེན་གྱི་རྣམ་པས་འཇའ་ཚོན་གྱི་རྣམ་པར་སྣང་ཡང་ངོ་བོ་ཉིད་ཀྱིས་རྗེས་མཐུན་ནོ། །དེ་བཞིན་དུ་ཁམས་གསུམ་གྱི་དངོས་པོ་ཀུན་ཡང་སྙིང་པོ་རང་བྱུང་ཡེ་ཤེས་ཉིད་ཀྱིས་ཐམས་ཅད་ངའི་བྱས་པ་དག་ང་ཉིད་ཡིན་པར་ཞལ་གྱིས་བཞེས་པ་ནི་བརྟགས་པ་མཐའ་དག་གིས་དབེན་པའི་ཕྱིར་སྣང་བའི་དུས་ཉིད་ན་མ་གྲུབ་པས་གཉིས་སུ་མེད་པར་གསུངས་སོ། །དེ་ལྟར་མ་གྲུབ་པ་ནི་ངོ་བོ་མེད་པས་འབྲས་བུ་དང་བྲལ་བར་དོགས་པ་ལ། དེ་ལ་བྱ་བ་མེད་བཞིན་འབྱུང་བ་རྒྱ་མཚོ་འདྲ། །ཅེས་བྱ་བ། རྒྱུན་དང་བྲལ་བའི་རྒྱ་མཚོ་ནི་རླབས་བྱུང་ཡང་རོ་གཅིག་གོ །དེ་བཞིན་དུ་བྱང་ཆུབ་སེམས་ངོ་བོ་མ་གྲུབ་པས་སྐྱེ་འཇིག་གི་རྒྱུན་དང་བྲལ་བ་ཆོ་འཕྲུལ་འབྱུང་ཞིང་དོན་བྱ་བ་དངོས་པོ་མེད་བཞིན་ཡོན་ཏན་གྱི་ཆོས་ཐམས་ཅད་འདོད་པ་ལྟར་སྣང་ཡང་སྙིང་པོ་བྱང་ཆུབ་ལས་གཞན་དུ་གྱུར་པ་མེད་དོ། །ཆོས་དབྱིངས་སྐྱེ་བ་མེད་པ་ཡུམ་གྱི་ངང་། །ཞེས་བྱ་བ། བྱང་ཆུབ་སེམས་མཐའ་གང་དུ་ཡང་མ་གྲུབ་པ་ནི་མ་སྐྱེས་པ་ཞེས་བྱ་སྟེ། དེ་ནི་རྣམ་གྲངས་ཀྱི་མིང་ཐམས་ཅད་དང་རྗེས་སུ་མཐུན་པས་ཆོས་ཀྱི་དབྱིངས་ཏེ། ཐམས་ཅད་སེམས་ཉིད་ཡིན་པ་དང་། ཕྱོགས་གཅིག་ཏུ་མ་ཟིན་པ་ནི་ལྟ་བ་པོའི་ངོ་བོ་བཞིན་དུ་སྣང་བ་ཐམས་ཅད་ཀྱི་གཞིར་གྱུར་པར་ནི། ལུང་མཁའ་གསལ་ལས། བྱང་ཆུབ་སེམས་ནི་ཕོ་མོ་མ་ནིང་མིན། །ཁ་དོག་རིགས་རྒྱུད་མཚན་མ་ཐམས་ཅད་མིན། །རང་བཞིན་མེད་ལས་ཅིར་བལྟས་སྣང་བའི་ཕྱིར། །ཀུན་ཏུ་བཟང་མོ་ཡུམ་གྱི་བྷ་གར་བཤད། །ཞེས་བྱའོ། །སྣང་བ་ཉིད་ཅི་ཞིག་སྙམ་པ་ལ། རྒྱལ་བའི་ཕྱག་རྒྱ་སྐྱེ་བའི་ཆོ་འཕྲུལ་ཅན། །ཞེས་བྱ་བ་ནི། ཆེ་བའི་མཚན་ནི་རྒྱལ་བ་སྟེ། རིལ་ཡང་སྐུ་གསུང་ཐུགས་དབྱེ་བ་མེད་པའི་ངོ་བོ་གཅིག་པ་ནི། གཅིག་དང་དུ་མ་ལས་གྲོལ་བ་ཉིད་ཐ་དད་པར་སྣང་བ་དང་། གཅིག་གི་ངོ་བོ་ཉིད་ཀྱང་གདུལ་བྱས་དུ་མར་སྣང་བའི་ཕྱིར་ཏེ། དེ་ཉིད་ཀུན་ཏུ་བཟང་པོ་ལ་ལྡན་པའི་ཕྱིར་ཅན་ཞེས་བྱའོ། །འོན་ཏེ་རང་རྒྱུད་དམ་དགོས་ཆེད་ཅི་ཞིག་སྙམ་པ་ལ། འཁོར་བ་མྱ་ངན་འདས་ལ་འགོད་པའི་ཕྱིར། །ཅེས་བྱ་བ། ཆོས་ཐམས་ཅད་སྙིང་པོ་རང་བྱུང་གི་ཡེ་ཤེས་ཀྱི་དོན་གྱིས་ཐམས་ཅད་རྗེས་སུ་མཐུན་པའི་འབྲས་བུར་སངས་རྒྱས་པ་ལ་བྱེ་བྲག་མེད་པ་ནི་གནས་སུ་ཕྱིན་པ་སྟེ། དེའི་ངོ་བོ་ངེས་པར་སྟོན་པའི་ཕྱིར་རོ། །དགོས་ཆེད་དང་བཅས་པའི་ཕྱིར། རྟོག་པ་ཡོད་དེ་སྙམ་པ་ལ། རང་བྱུང་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། །སྟོང་ཁམས་ཡོངས་ལ་སྙོམས་པའི་ཐུགས་རྗེ་འབྱུང་། །ཞེས་བྱ་བ། སྙིང་པོ་རང་བྱུང་གི་ཡེ་ཤེས་ནི་ངོ་བོ་དང་མུ་མཐའ་དང་ཐེར་ཟུག་པ་དང་བྲལ་བའི་ཕྱིར་ཆོས་ཀྱི་དབྱིངས་ཉིད་དོ། །དེ་ནི་ཐམས་ཅད་ཀྱི་རྒྱུ་གཅིག་ཏུ་གྲུབ་པའི་ཕྱིར་གཉིས་སུ་སྣང་བ་དང་བྲལ་བས་བསམ་པའི་གཡོ་བ་མེད་མོད་ཀྱི་སྟོང་གསུམ་རིལ་ཡང་བདག་ཉིད་ལས་གུད་དུ་མ་གྱུར་པའི་ཕྱིར། ཐུགས་རྗེ་ཆེན་པོའི་འབྲེལ་བ་ནི། གཟུང་འཛིན་ལས་འདས་པར་གསུངས་སོ། །དེའི་ངོ་བོ་ཡང་སྤྲོས་པ་དང་བྲལ་བ་ཉིད་ཡེ་ཤེས་ཆེན་པོའི་ངོ་བོར་ཁྱབ་པར་གསལ་བ་ལས་བྱིན་བརླབས་ཅིར་ཡང་མི་འགོག་པ་ལྟ་བ་པོ་བཞིན་སྣང་བར་གསུངས་སོ། །འོན་ཏེ་དེ་ནི་ལས་བཞིན་གྱུར་པས་མིག་ནད་ཅན་གྱི་རྫས་ལྟར་འགྱུར་རོ་བར་དོགས་པ་ལ། ང་མེད་བདག་དང་བྲལ་བའི་སྙིང་པོ་རྫོགས། །ཞེས་བྱ་བ། སྙིང་པོ་དེ་ནི་ཐམས་ཅད་ཀྱི་ཕྱིར་ཟླུམ་རིལ་དང་རྒྱུན་གཉིས་སུ་མ་གྱུར་པས། དེ་གདོད་ནས་བྲལ་བ་ནི་སྙིང་པོ་བྱང་ཆུབ་སྟེ། མྱ་ངན་ལས་འདས་པ་ཐམས་ཅད་སྣང་བའི་གཞི་སྟེ་རང་བྱུང་གི་ཡེ་ཤེས། དེ་ཉིད་ལྷུན་གྱིས་གྲུབ་པ་ལ་རྒྱུ་རྩ་ཡོངས་སུ་བཅད་པས་གང་ཡང་རག་མ་ལུས་པ་མེད་དོ། །དོན་དམ་ཡེ་ཤེས་དབྱིངས་ཀྱི་རྫོགས་པ་ཆེ། །ཞེས་བྱ་བ། དེའི་ངོ་བོ་ནི་རང་བཞིན་དང་། ཡེ་ཤེས་དང་འབྲས་བུའི་དོན་དམ་པ་སྟེ། ངོ་བོ་ཉིད་མ་་གྲུབ་པ་དང་། མ་བསྒྲིབས་པ་དང་། དེ་གཉིས་སུ་མེད་པ་ཆོས་ཀྱི་སྐུ་ལ་སོགས་པ་འབྲས་བུ་ཐམས་ཅད་མ་རྫོགས་པ་མེད་པ་ནི་དེ་འདུ་ཤེས་ཀྱིས་མ་བསྒྱུར་བ་ཐམས་ཅད་དུ་སྣང་བའི་ཕྱིར། སྙིང་པོ་ཉི་མ་བཞིན་ཏེ་འོད་ཀྱི་མཆོག །ཅེས་བྱ་བ། སྙིང་པོ་ངོ་བོ་ཉིད་ཀྱིས་གསལ་བས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་ཐམས་ཅད་དུ་ཁྱབ་པར་གསལ་བ་ནི་ནམ་མཁའ་སྟེ། དེ་ཉིད་སྲིན་བུའི་མེ་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པས་གང་ན་མེད་པའོ། །དེ་བཞིན་དུ་སྙིང་པོ་རང་བྱུང་གི་ཡེ་ཤེས་ནི། ལྷུན་གྱིས་གྲུབ་པའི་ཆོས་དེ་ཉིད་ཅིར་ཡང་མ་གྲུབ་པས་ཅིས་ཀྱང་མ་བསྒྲིབས་པའི་ཕྱིར་ཏེ། བལྟས་པ་ལྟར་ཐམས་ཅད་སྣང་བ་དང་གྲུབ་པ་དང་ཐོས་པ་མི་ཟད་པས་གཏེར་དང་ཐེག་པ་ཐམས་ཅད་ཀྱི་མཆོག་སྟེ། ཆེན་པོའི་ཆེན་པོའོ། །དེ་དག་ཆེན་པོ་ལ་རྫོགས་པས་གུད་དུ་འགྱུར་རོ་སྙམ་པ་ལ། སྐྱེ་འགྲོ་ཕྱི་ནང་གཟུགས་རྣམས་ཐམས་ཅད་ནི། །སྐུ་མཆོག་མི་ཟད་རྒྱན་གྱི་འཁོར་ལོར་ཡངས། །ཅེས་བྱ་བ། གང་འབྱུང་བ་དང་དེ་ལས་བྱུང་བ་དང་འགྲོ་དྲུག་རྣམས་ཉིད་ཀྱང་ཕྱི་ནང་གི་གཟུགས་ཏེ་རིག་བྱེད་མིན་པ་དང་། གཞན་དག་ཉིད་དུའང་བསྟན་ཏོ། །དེ་དག་བཅུ་བཞི་ལས་དབྱེ་བ་མང་པོ་རིལ་ནི་ཐམས་ཅད་དེ། དེ་དག་གི་ངོ་བོ་ཉིད་ནི་སེམས་ཉིད་ཀྱི་ཕྱིར་ཡེ་ཤེས་སུ། གསལ་བས་རང་གི་ངོ་བོ་ཉིད་དང་བྲལ་བ་དང་ཡེ་ཤེས་ཉིད་ཀྱི་ཕྱིར་མ་སྤངས་ཏེ་ཡན་ལག་དང་བཅས་པ་རྗེས་སུ་མཐུན་པའི་ཕྱིར། མ་གྲུབ་པའི་ཕྱིར་ཅིར་ཡང་སྣང་བས་སྐུ་གསུམ་ལྷུན་གྱིས་གྲུབ་པ་ནི་གང་ན་མེད་པས་མཆོག་གོ །བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ལ་ཟད་པའི་དུས་མེད་པ་ནི་སྐུ་གསུང་ཐུགས་ཟད་པའི་དུས་མེད་པའོ་ཅེས་པ་དང་། སྣང་བ་ཡང་བསམ་པའི་དབང་གི་ཕྱིར་སྐུ་གསུམ་གྱི་གྲངས་མི་ཟད་པ་ཉིད་དང་། དེ་དག་ཕན་ཚུན་ལྟོས་པས་མཛེས་པར་གྲུབ་པ་དང་། སྙིང་པོ་བྱང་ཆུབ་ལས་གཉིས་སུ་སྣང་བ་དང་། ཐམས་ཅད་འབྱུང་བས་ཐེག་ཐེར་ཟུར་གྱི་དོགས་པ་མེད་པར་ཡིན་ནམ་དཔྱད་པ་ལ་གཟུགས་ཀྱིས་དོགས་པ་མེད་པར་གདོད་ནས་གནས་ཏེ། ལོག་རྟོག་ངོ་བོ་མ་རྟོགས་རིས་སུ་ནམ་ཡང་སྣང་མ་མྱོང་ངོ་ཞེས་གསུངས་ཏེ། སྒྲ་སྐད་རབ་འབྲིང་ཐ་མ་མ་ལུས་པ། །གསུང་མཆོག་མི་ཟད་རྒྱན་གྱི་འཁོར་ལོ་རྫོགས། །ཅེས་བྱ་བ། འབྱུང་བ་འཇིག་པ་དང་ཐ་མལ་བའི་སྒྲ་དང་འགྲོ་དྲུག་གི་སྐད་དང་། གཉིས་ཀྱིས་བསྡུས་པས་ཆེ་ཆུང་བར་མ་གསུམ་གྱིས་བསུས་པ་རིལ་བ་བདག་ལས་མི་གཞན་པས། གྲག་པ་ཉིད་དང་དེ་དག་སེམས་ཀྱི་ཡེ་ཤེས་སུ་གསལ་བ་ཉིད་དང་། དེས་ན་ངོ་བོ་ཉིད་མ་སྐྱེ་པའི་ཕྱིར། ཚིག་དང་རིས་པ་དང་དོན་གྱི་གསུངས་ཞེས་བྱ་སྟེ། གསུང་གསུམ་གྱི་ངོ་བོར་ལྷུན་གྱིས་གྲུབ་པ་ནི་མཆོག་གོ །དེ་དག་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་རྗེས་སུ་འཇིག་པ་གོ་སླ་སྟེ་མ་བཤད་དོ། །དབྱེ་མེད་དོན་དམ་དབྱིངས་སུ་རོ་གཅིག་པ། །ཐུགས་མཆོག་མི་ཟད་རྒྱན་ལྡན་ཡོངས་སུ་རྫོགས། །ཅེས་བྱ་བ། མཚན་ཉིད་འཛིན་པ་རིལ་ཡང་རྒྱུན་གྱི་རྟག་པ་ཡིན་པའི་ཕྱིར་རྣམ་པར་རིག་པ་ཙམ་པས་དེ་དག་མཚན་ཉིད་དང་བྲལ་བ་སྟེ། ཐམས་ཅད་སེམས་ཉིད་ཁོ་ནའི་ཕྱིར་རྐྱེན་རྣམས་མེད་པ་ནི་ཡེ་ཤེས་སྐྱེ་འཇིག་མེད་པ་དང་། ལུས་མ་བྱས་པ་དང་། མི་འགྱུར་བ་དང་། གང་ཟག་གིས་མ་རེག་པས་དོན་དམ་པ་སྟེ། དེ་ཉིད་ཅེས་ཀྱང་མ་བསྒྲིབས་པར་གསལ་བའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡེ་ཤེས་ཆེན་པོར་གདོད་ནས་གནས་སོ། །དེ་ནི་མཚན་ཉིད་ཐམས་ཅད་ཀྱང་བདག་ལས་མི་གཞན་པ་དང་། མ་བསྒྲིབས་པ་དང་རྐྱེན་བཅད་པས་རྒྱུན་མེད་པའི་ཕྱིར། ཅིའང་ས་ལེ་མཁྱེན་པ་དང་། རིག་པ་ཡེ་ཤེས་དང་། རྣམ་པར་མི་རྟོག་པ་སྟེ། ཐུགས་གསུམ་ལྷུན་གྱིས་གྲུབ་པས་མཆོག་གོ །མི་བཟད་པ་རྒྱན་གྱི་འཁོར་ལོ་རྗེས་སུ་འཇུག་པ་གོ་སླའོ། །གང་ལྷག་མ་མེད་པ་ནི་རྫོགས་པ་ཞེས་གསུངས་སོ། །དེ་དག་མཚན་ཉིད་གསུམ་གྱི་ཕྱིར་ཐ་དད་དོ་སྙམ་པ་ལ། ཐམས་ཅད་སྐུ་གསུང་ཐུགས་ཏེ་དབྱེར་མེད་པ། །སྐྱེ་མེད་ནམ་མཁའ་ཀློང་ཡངས་རྒྱ་མཚོ་བཞིན། །ཞེས་བྱ་བ། དངོས་པོ་གསུམ་དུ་མ་འདུས་པ་མེད་པ་ནི་ཐམས་ཅད་དེ་རིལ་ལོ། །དེ་དག་རྗེས་སུ་མཐུན་པ་ནི་སྔར་བཤད་ཟིན་ནོ། །དེ་དག་སྣང་བ་དང་གྲག་པ་དང་། རྒྱུ་མཚན་ཉིད་ཀྱི་ཕྱིར་སྐུ་དང་སེམས་ཀྱིས་མ་སྐྱེེས་པ་དང་། གོ་བ་དང་གུད་དུ་འགྱུར་བའི་ཕྱིར་གསུང་དང་། སེམས་གསུམ་གསལ་བ་དང་། རིག་པ་ཙམ་གྱི་ཕྱིར་སྐྱེས་པ་དང་། ཐམས་ཅད་ཀྱི་ཕྱིར་གཅིག་དང་དུ་མ་ལས་གྲོལ་བས་ཐུགས་ཏེ། གང་དག་མཚན་ཉིད་པར་མ་ཟིན་པ་ནི་ཐིག་ལེ་ཆེན་པོ་ལ་ཐ་སྙད་དུ་བཏགས་པའི་ཕྱིར་ཏེ། གཅིག་དང་དུ་མ་མེད་པར་གསུངས་ཏེ། དེ་དག་ཉིད་ཡེ་ཤེས་ཆེན་པོའི་ཕྱིར་གསུམ་དུ་སྐྱེ་བ་མེད་དེ། དེ་དག་གི་ཐ་སྙད་ཙམ་གྱི་རྒྱུ་བསྟན་པ་ཡང་སེམས་ཉིད་ཀྱི་ཕྱིར་མ་གྲུབ་པ་ནི་དཔེར་སྤྲིན་ཚོགས་ནམ་མཁའི་ཀློང་དུ་གཅིག་པ་བཞིན། དངོས་སོ་མ་གྲུབ་པར་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཡེ་ཤེས་ཆེན་པོ་ནི་ཅིར་ཡང་སྣང་བ་དེ་དག་ཉིད་ལས་མི་གཞན་པས་དཔེར་ན་རྒྱ་མཚོའི་རླབས་ལྟ་བུ་སྟེ། སྙིང་པོ་བྱང་ཆུབ་ཀྱི་སྐུ་གསུང་ཐུགས་སྣང་སྟོང་མིང་གིས་ཕྱེ་བ་ཙམ་པས་བདེན་པ་གཉིས་སུ་ནུབ་པར་གསུངས་སོ། །འདུ་འབྲལ་མེད་པའི་དབྱིངས་མཆོག་རབ་འབྱམས་ནི། །ཅེས་བྱ་བ། སྣོད་བཅུད་རིལ་འབྲས་བུ་གསུམ་དུ་རྫོགས་པ་ཡང་སེམས་ཉིད་ཀྱི་ཕྱིར་སྣང་སྟོང་གཉིས་སུ་མེད་པ་ནི་བྱས་པ་མིན་པའི་ཕྱིར་འདུ་བ་དང་གྱེས་པ་མེད་པ་སྟེ། ཡོན་ཏན་ལྷུན་གྱིས་གྲུབ་པའི་ཕྱིར་མཉམ་པ་ཉིད་ཀྱི་དབྱིངས་ཞེས་བྱའོ། །དེ་ཉིད་ངོ་བོ་དང་ཡོན་ཏན་གཉིས་འབྱམ་ཡས་པར་གནས་པ་ནི། ཐམས་ཅད་ཀྱི་གཞིའི་ཕྱིར་རྒྱུའི་རྒྱའོ། །ཆེན་པོ་བཞིའི་ཆོ་འཕྲུལ་གྲངས་མེད་པ། །ཞེས་བྱ་བ། རྒྱ་ཁྱོན་དང་རྟེན་བྱེད་པའི་ཕྱིར་ཆེན་པོ་སྟེ། ས་ལ་སོགས་པ་ནི་སེམས་ཉིད་ལས་བྱུང་བའི་ཕྱིར། སེམས་ཀྱི་ཆོ་འཕྲུལ་ལོ། །དེ་ཉིད་རྒྱུ་འབྲས་ཐ་མི་དད་པའི་ཕྱིར་བྱང་ཆུབ་ཉིད་དུ་བསྟན་ནོ། །དེ་དག་གི་ཆོ་འཕྲུལ་ནི། འབྱུང་བ་ལས་གྱུར་པ་ཞེས་བྱ་སྟེ། སྒོ་གསུམ་དང་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་གྲངས་མེད་པར་སྣང་བ་ནི་འབྲས་བུ་སྟེ་བཞི་ལས་སྣང་བའོ། །བརྟགས་པ་རྟོགས་ན་འབྱུང་བའི་འབྲས་བུར་འདུས། ཞེས་བྱ་བ། འབྲས་བུ་དེ་དག་གི་རྒྱུ་དང་རྒྱུའི་རྒྱུ་ཤེས་རབ་ཀྱིས་ཞིབ་པར་བརྟགས་ན། འབྱུང་བ་བཞི་ནི་བྱང་ཆུབ་ཀྱི་འབྲས་བུར་གྱུར་པ་ལ། འཁོར་བའི་ཆོས་མེད་པས། ལུང་ལས། རྣམ་པར་དག་པ་རྒྱུ་ནས་དག །རང་སྣང་འབྲས་བུ་དང་པོ་ནས། །འཕགས་པའི་རང་བཞིན་རྒྱུ་ལ་རྫོགས། །ཞེས་འབྱུང་ངོ་། །རྒྱུ་ཅི་ཞིག་སྙམ་པ་ལ། ལུང་ལས་འབྱུང་བ་བཞི་ལས་བྱུང་པའི་ཆོས་ཀུན་སྐུ་ལྔ་ལས་མ་བྱུང་བ་མེད་པས། ཐམས་ཅད་ནས་ཐམས་ཅད་དུ་སྐུ་ལྔ་ཉིད་དུ་མ་གྱུར་པ་གཅིག་ཀྱང་མེད་དེ། དེའི་ཕྱིར་ཐམས་ཅད་སངས་རྒྱས་སུ་མ་གྱུར་པ་གཅིག་ཀྱང་མེད་དོ། །རྒྱུའི་རང་བཞིན་དང་ལས་ཅི་སྙམ་པ་ལ། འབྱུང་བའི་མཚན་ཉིད་རྟག་པ་མེད། །འབྱུང་བའི་རང་བཞིན་འདུས་མ་བྱས། །འབྱུང་བའི་རང་བཞིན་དམིགས་པ་མེད། །འབྱུང་བའི་ཡོན་ཏན་གོ་ཞིང་རྟོགས། །ཞེའོ། །ཡང་འབྱུང་བ་ལྔའི་འཕྲོ་འདུ་ཡིས། ཆོས་ཀྱི་དབྱིངས་ཀྱི་ཆེ་རོལ་བསྟན་ཞེའོ། །རྒྱུ་དེ་ལས་འབྲས་བུར་སྣང་བའི་ཚུལ་ཅི་ཞིག་སྙམ་པ་ལ། སྟོན་པའི་དོན་རྟོགས་འབྱུང་བ་ལ། ཐབས་ལྡན་ངའི་བྱིན་རླབས་ཀྱིས། །འདི་དག་འབྱུང་བར་བསྟན་པར་ཟད། །དོན་ལའང་དེ་ལས་བསྟན་དུ་མེད། །ཞེས་གསུངས་སོ། །འཆི་བ་མེད་པའི་སྨན་ཆེན་བདུད་རྩི་འདི། །ཞེས་བྱ་བ། འོན་ཀྱང་འབྱུང་བའི་རྒྱུ་བྱང་ཆུབ་ཀྱི་སེམས་ནི། དག་པ་བྱང་ཆུབ་ཀྱི་ཀློང་ཡིན་ལ། དེའི་ཆོ་འཕྲུལ་སྣོད་བཅུད་ཐམས་ཅད་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པ་ལ་སྐྱེ་ཤི་མེད་པ་སྨན་ཏེ། རྩོལ་བ་དང་བྲལ་བར་གསུངས་སོ། །དངོས་པོ་བསྟན་པ་ནི་བྱང་ཆུབ་སེམས་རྒྱུ་འབྲས་གཉིས་སུ་མེད་པ་སྟེ། བཤད་ཟིན་ཏོ། །ཡེ་ནས་རྫོགས་པས་གཞན་ནས་བརྩལ་མི་དགོས། །ཞེས་བྱ་བ། དེ་ཉིད་རྩོལ་བ་མ་བྱས་པར་ལྷུན་གྱིས་གྲུབ་པས་གཞན་ནས་རགས་ལུས་པ་མེད་དོ་ཞེས་བྱའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རྣམས་ལ་གུད་དུ་གྱུར་པས་མི་ལྡན་པར་ཐ་སྙད་དུ་འདོགས་པའོ། །དེ་དག་ལྡན་པར་བྱ་བའི་ཕྱིར། ཀུན་གྱི་རྒྱུ་གཅིག་ཆོས་དབྱིངས་ངང་དུ་མཉམ། །ཞེས་བྱ་བ། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་རིལ་ལ་རྒྱུ་ཐ་དད་པ་མེད་པར་ཁས་བླངས་པ་ནི་གང་ཞེ་ན། ཆོས་ཀྱི་དབྱིངས་ཞེས་དེའི་ངོ་བོའི་སྐབས་ཀྱིས་བྱང་ཆུབ་ཉིད་དོ། །དེ་ཡང་ལུང་ལས། འབྱུང་བ་བས་ཀྱང་ང་སྔར་བྱུང་། །ཐམས་ཅད་ང་ཡིས་བྱས་པ་ཡིན། །ཐམས་ཅད་ང་ལས་སྐྱེས་པ་ཡིན། །ཞེས་བྱ་བ་དང་ཡང་ལུང་དག་ལས། རྒྱུ་ཉིད་རང་གི་སེམས་ཡིན་པས། །འབྱུང་བ་ཆེན་པོ་རྒྱུད་ལས་དག །ཞེས་འབྱུང་ངོ་། །རྒྱུ་འབྲས་རྗེས་སུ་མཐུན་པ་ནི་ངོ་བོ་ཉིད་ཡིན་པས་ཐ་དད་དུ་མ་རྙེད་པས་མིང་འདོགས་སོ། །དེས་ན་རྒྱུ་ནས་དག་པར་བསྟན་པའི་ཕྱིར། གཞན་ནས་འོང་མེད་གར་ཡང་འགྲོ་མི་སྲིད། །ཞེས་བྱ་བ། རྒྱུ་རྐྱེེན་གཞན་ཡོངས་སུ་བཅད་པ་ནི་བདག་ཉིད་གདོད་ནས་བྱུང་བ་སྟེ། ངོ་བོ་ཉིད་མ་གྲུབ་པ་ནི་གྲུབ་མཐའ་ཡང་གཞལ་དུ་མེད་པས་འཕོ་འཆུག་གི་གནས་མེད་པར་བསྟན་ཏོ། །དུས་གསུམ་ལས་ད་ལྟའི་ལོག་ལྟའི་ངོ་བོ་ཉིད་ལ་ཡང་སྐུར་པ་མི་གདབ་པར་བསྟན་པའི་ཕྱིར། ཐམས་ཅད་རང་བཞིན་བྱང་ཆུབ་སེམས་སུ་གསལ། །ཞེས་བྱ་བ། རྒྱུ་འབྲས་གཉིས་པོའི་ངོ་བོ་རིལ་གཅིག་ཤོས་ན་དག་པས། སྐུ་དང་ཡེ་ཤེས་སུ་གསུངས་པ་ཡང་ངོ་བོ་ཉིད་མི་ཟིན་པས་མཐའ་ཐམས་ཅད་དང་བྲལ་བ་ནི་ཅིས་ཀྱང་མ་བསྒྲིབས་པས་འཁོར་བ་རྒྱུ་ནས་དག་པར་གསུངས་སོ། །རྒྱུ་སྨོན་པས་ཅིག་ཤོས་ཀྱི་དག་པ་ཅི་ཞིག་སྙམ་པ་ལ། སྣང་སྲིད་ཐབས་ཀྱི་རང་བཞིན་རྒྱལ་བའི་ཡབ། །ཅེས་བྱ་བ། དངོས་པོ་རྣམ་གཉིས་ཀྱིས་བསྡུས་པ་རིལ་མཚན་ཉིད་མ་འདྲེས་པ་ཉིད་གསལ་བ་དང་དོན་བྱེད་ནུས་པའི་ཕྱིར་ཡང་ཐབས་ཏེ། དེ་དག་ཡེ་ཤེས་ཆེན་པོའི་ཕྱིར་ཐམས་ཅད་དུ་མཐུན་པར་སྣང་བ་ནི་མཁས་པའོ། །དེའི་རང་བཞིན་དེ་ཡིན་པའི་ཕྱིར་རང་བཞིན་ཏེ། དེ་ཉིད་ཡེ་ཤེས་ཆེན་པོའི་དོན་གྱི་གཟུགས་ལ་སོགས་པ་རྗེས་སུ་མཐུན་པའི་འབྲས་བུར། ལྟ་བ་པོའི་བསམ་པ་ལ་ཕྱིས་སྣང་བ་ནི། བསྐྱེད་པ་ལྟ་བུའི་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་རང་བཞིན་མེད་པ་ཡུམ་གྱི་དབྱིངས། །ཞེས་བྱ་བ་ནི། དེ་དག་ཐེར་ཟུག་པ་དང་བྲལ་བར་བསྟན་པའི་ཕྱིར་རྗེས་སུ་སྙེགས་སོ། །དེ་ཡང་ཐམས་ཅད་ཀྱི་སེམས་ཉིད་ཀྱི་ཕྱིར་བསམ་པ་བཞིན་དུ་སྣང་བའི་རང་ཏེ། དེ་བཞིན་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ནི་ཡེ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བས་ངོ་བོ་ཉིད་བཙལ་ན་ཡོངས་སུ་མི་རྙེད་དོ། །དེ་དག་གི་རང་བཞིན་མ་ངེས་པ་ནི་ལྟ་བྱེད་ཀྱི་དབང་དུ་ཐ་དད་པ་འབྱུང་བས་ཀུན་གྱི་ཡུམ་ཏེ། རྫོགས་པ་ཆེན་པོའི་ཕྱིར་ལྟ་བ་པོའི་ཕྱོགས་གཅིག་ཏུ་ཡང་མ་ཡིན་པར་གསུངས་སོ། །ཐབས་དང་ཤེས་རབ་ལྡན་པ་མ་འདུས་མེད། །ཞེས་བྱ་བ་དེའི་ཕྱིར་དངོས་པོ་གཅིག་ཀྱང་བཤད་པ་གཉིས་དང་ལྡན་པའི་ཕྱིར་གཉིས་མིན་པ་འཕྲ་བ་ཡང་མི་དམིགས་པས། ཐམས་ཅད་ཀྱང་བདེན་པ་གཉིས་ཁོ་ནའོ་ཞེས་གསུངས་པ་ནི་ས་དང་བཞིན་ལྟ་བུ་ཕྱིར་ཏེ། བསམ་པའི་ངང་གིས་དེ་ཉིད་དམ་གཞན་དུ་བརྗོད་དུ་མི་རུང་བའི་ཚུལ་དུ་བསྟན་ཏོ། །ཐབས་དང་ཤེས་རབ་འབྲེལ་བའི་རང་བཞིན་པས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་བསམ་མི་ཁྱབ། །ཞེས་བྱ་བ་ནི། སྐབས་འདིར་བདེན་པ་གཉིས་གཉིས་སུ་མེད་པ་ནི་མིང་གཉིས་ཀ་ཐམས་ཅད་དུ་སྤོང་བས། ཐབས་དང་ཤེས་རབ་ངོ་བོ་ཉིད་གཅིག་ལ་བརྟགས་པ་ནི་མིང་དང་མཚན་མ་ལྟ་བུ་སྟེ། ངོ་བོ་ཉིད་ནི་ཐབས་ཀྱང་མ་ཡིན་ལ་ཤེས་རབ་ལས་ཀྱང་མ་ཡིན་པས་བྱང་ཆུབ་ཀྱི་སེམས་ཉིད་ཚིག་དང་ཡི་གེ་ལས་འདས་པར་བསྟན་ཏོ། །ཐ་སྙད་དུ་སྣང་བ་གྲངས་མེད་ཀྱང་དེ་དག་གི་ངོ་བོ་ཉིད་སྣང་བ་དང་རང་བཞིན་མ་གྲུབ་པ་དང་དེ་བཞིན་མ་གྲུབ་པ་དང་དེ་དག་ཐ་མི་དད་པས་ཐམས་ཅད་བསྡུས་པ་ནི། གནས་སྐབས་ཀྱིས་སྐུ་གསུང་ཐུགས་སུ་ངེས་པར་བསྟན་ཏེ། གཞི་ནས་གྲངས་ལས་འདས་པ་ཉིད། དེ་དག་ལས་མི་འདའ་བ་དང་། རིལ་ཕྱག་རྒྱས་བཏབ་པ་སྟེ། མི་ཟད་པ་རྒྱན་གྱི་འཁོར་ལོར་གསུངས་སོ། །དེ་དག་ཀྱང་མིང་ལྟ་བུར་གང་ཡང་གྲུབ་པ་མེད་དོ། །འོན་ཏེ་མང་པོ་ཁས་བླངས་པ་ཉིད་ཀྱིས་རྒྱུ་མཚན་ཉིད་ཀྱི་རྗེས་སུ་སྙེགས་སོ་སྙམ་པ་ལ། ཆོས་དབྱིངས་རྒྱུ་གཅིག་རང་བཞིན་ཅིར་སྣང་ཡང་། བྱང་ཆུབ་རྣམ་གཉིས་ངང་དུ་ཐམས་ཅད་འདུས། །ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་སུ་བཤད་པར་གྲུབ་སྟེ། ལྷུན་གྱིས་གྲུབ་པའི་ངང་ཉིད་དུ་ངེས་པར་ཁས་བླངས་སོ། །དེ་ཡང་རང་གི་ངོ་བོ་མ་གྲུབ་པ་ཉིད་ཡུམ་གྱི་ཕྱིར་ཐམས་ཅད་ཀྱི་རྒྱུ་ནི་ཐ་མི་དད་པས་གཅིག་ཞེས་སྨོས་སོ། །ངང་དང་རང་བཞིན་མི་འཐད་པ་སྒྲུབ་པའི་རིགས་པས་ལྟོས་པའི་ཕྱིར་ཕན་ཚུན་རྒྱུ་དང་འབྲས་བུར་གནས་སྐབས་ཀྱིས་གསུངས་ཏེ། ལྟ་བའི་དབང་དུ་ཐ་དད་པར་ཁས་ལེན་ཏེ། གཅིག་ཤོས་པའི་དབང་དུ་བྱས་ན་གྲུབ་མ་མྱོང་བས་དབེན་པར་གསུངས་སོ། །གཞན་དག་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས་ཐམས་ཅད་བསྡུད་པར་སྨྲ་བ་ནི་སྐབས་ཀྱི་རིགས་པ་མ་ཡིན་ཏེ། གང་སྒྲུབ་པར་བྱ་བ་ནི་བྱང་ཆུབ་སྟེ། དེ་ཉིད་ནི་ངང་དང་རང་བཞིན་གྱི་མིང་གི་ཚུལ་གྱིས་གཉིས་སུ་བསྟན་དུ་ཡོད་མོད་ཀྱི། སྐབས་འདིར་དེ་དག་བཏགས་པ་ཙམ་དང་། འཇུག་པའི་ངོ་བོར་བསྟན་པ་ཙམ་ལས། ངོ་བོ་ཉིད་གཅིག་པར་བསྟན་པ་ནི་འབྲེལ་བའི་སྐབས་སུ་བཤད་པ་གྲུབ་པས་གང་གཉིས་ཀ་ལྷུན་གྱིས་གྲུབ་པ་ནི་གཉིས་ཀ་ཡང་མ་ཡིན་པས་ལྷུན་གྱིས་གྲུབ་པའི་ངང་ངོ། །རིལ་ཡང་དེའི་ངོ་བོའི་ཕྱིར་ན་འདུས་ཞེས་གསུངས་སོ། །མདོར་ན་དེ་དག་རྒྱུ་དང་འབྲས་བུས་དག་པར་གསུངས་པ་ཡང་། རྗེས་སུ་མཐུན་པའི་རིགས་པས་གནས་སྐབས་ལས་བཏགས་ཏེ་བསྒྲུབས་ན་ཡང་། ཆོས་ཉིད་ཀྱི་རིགས་པའི་ཚུལ་གྱིས་ནི་ལུགས་དང་མཐུན་པར་དག་པ་གཉིས་སུ་བཤད་པ་ཡང་གསེར་ལ་བཟོ་བྱས་པའི་ཚུལ་གྱིས་བསྐྱོད་དུ་མོད་པར་ཐལ་བར་འགྱུར་བ་ནི་མེད་པར་བཤད་དོ། །འོན་ཏེ་ན་མྱ་ངན་ལས་འདས་པ་ནི་བཏགས་པ་ཙམ་དུ་བས་ཕྱིར་ཐོབ་པ་ཡང་མེད་ལ་བསྒྲུབ་པ་ཡང་དོན་མེད་པར་དོགས་པ། མཁའ་དབྱིངས་རྣམ་དག་ཡངས་པའི་རྒྱ་མཚོ་ལ། །འབྱུང་བའི་སྐར་ཚོགས་མང་པོ་བསམ་མི་ཁྱབ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་རྣམ་པ་བཞི་ལས་འདིར་བསྟན་ཆོས་ལས་གྲགས་པའི་ནམ་མཁའ་ནི་མཐའ་དབུས་དང་དབྱིབས་དང་ཁ་དོག་ལ་སོགས་པ་དང་བྲལ་བའི་ཕྱིར་དབྱིངས་ཀྱི་མིང་འཐོབ་པོ། དེ་ཉིད་སྤྲིན་ཚོགས་དྭངས་བ་ནི་དག་པ་སྟེ་དེ་ལ་གཟའ་སྐར་ཐམས་ཅད་ལྷུན་གྱི་གྲུབ་པར་གནས་སོ། །དེ་ཉིད་གཞན་ལ་ཡུལ་བཅད་དེ། ལྡན་པར་སྣང་བ་ནི་གང་ཞེ་ན། རྒྱ་མཚོ་ཞེས་སྨོས་ཏེ། རྒྱ་མཚོ་ནི་ཀླུང་ཀུན་ཀྱང་ཤོང་བས་ཡངས་པ་སྟེ། དེ་ཉིད་འབབ་པའི་རྒྱུན་མེད་པས་རྙོག་མ་མེད་པའི་ཕྱིར་དྭངས་བར་གནས་སོ། །དེའི་ནང་དུ་ལྡན་པར་འབྱུང་བ་ནི་སྐར་ཚོགས་ཇི་སྙེད་པ་ཕྲ་བ་ཡན་ཆད་རིལ་རྫོགས་པར་སྣང་ངོ་། །དེ་བཞིན་མཁའ་མཉམ་དབང་ཕྱུག་ཆེན་པོའི་ཐུགས། །ཞེས་བྱ་བ་ནི། རྗེས་སུ་སྙེགས་པའི་དོན་ནི་གང་ཞེ་ན། སངས་རྒྱས་ཀྱི་ཐུགས་ལ་ཡོན་ཏན་རྫོགས་སོ་ཞེ་ན། འོན་ཀྱང་ཐ་མི་དད་མོད་ཀྱི་གནས་སྐབས་ཀྱི་རིགས་པ་མ་ཡིན་ཏེ། གང་ནམ་མཁའ་བསྡུས་པ་རིལ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཆེན་པོའི་ཕྱིར། རྒྱ་ཡོངས་སུ་མ་ཆད་པ་ནི་མཉམ་པ་ཞེས་བྱའོ། །ཀུན་ཀྱང་བདག་ཉིད་དུ་མངའ་མཛད་པ་ནི་དཔེ་དང་བྲལ་བས་གོང་ན་མེད་པའི་ཕྱི་རང་བྱུང་གི་ཡེ་ཤེས་དངོས་པོ་གང་དུ་ཡང་མ་ངེས་ན་ཅིས་ཀྱང་མ་བསྒྲིབས་པ་ཉིད་ཐམས་ཅད་ཀྱི་རྒྱུའི་ཕྱིར་ཐུགས་སུ་གསུངས་སོ། །དེ་ཉིད་སྟོང་པ་མ་ཡིན་པར་བསྟན་པའི་ཕྱིར། ཡོན་ཏན་རྒྱ་མཚོ་སངས་རྒྱས་ཀུན་གྱི་ངང་། །ཞེས་གསུངས་ཏེ། རང་བྱུང་གི་ཡེ་ཤེས་ལ་འབྲས་བུའི་ཡོན་ཏན་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་ཡས་པ་ཐམས་ཅད་ཡེ་ནས་རྫོགས་པའི་ཕྱིར། ཡེ་ཤེས་ནམ་མཁའ་མུ་མེད་པ། །ཡོན་ཏན་གྲངས་ཀྱང་དེ་དང་མཚུངས། །ཞེས་བྱུང་སྟེ། དཔེ་ནམ་མཁའ་ལྟར་གསུངས་ཏེ། དེ་ཉིད་ལ་རྗེས་སུ་འཇུག་པའི་སངས་རྒྱས་ཀུན་གྱི་ཐུགས་ཡེ་ཤེས་ཆོས་ཉིད་ཀྱིས་རྗེས་སུ་མཉམ་པར་བཞག་པའི་རིགས་པ། ལྷུན་གྱིས་གྲུབ་པའི་སེམས། ལས་ཐམས་ཅད་དང་བྲལ་བ། རྟོག་པའི་རབ་རིབ་ཡོངས་སུ་དང་བས་གཅིག་ཏུ་མ་གྲུབ་པ་ལ། བཤད་པ་ཐམས་ཅད་ངང་གིས་སྣང་ངོ་། །འོན་ཏེ་སྣང་བ་ནི་ཡུལ་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ཅན་ནོ་སྙམ་པ་ལ། དེ་ཡང་ལམ་མཐར་ཐུགས་པའི་ཡེ་ཤེས་ལ་ཡུལ་མེད་པ་མ་ཡིན་མོད་ཀྱི། རྩེ་མོར་གྱུར་པའི་རྗེས་ལས་ཐོབ་པ་མཐར་ཐུག་གི་ཡེ་ཤེས་ནི་བདག་ཉིད་སྣང་སྟེ་ཤེས་པ་པོ་ཡང་རང་བཞིན་ངང་དུ་གྱུར་པས། ཐམས་ཅད་བདག་ཉིད་ཆེན་པོའི་ཕྱིར། རྣལ་འབྱོར་དབང་ཕྱུག་ཆེན་པོ་པ་ཞེས་རྗེ་བོ་ལྟ་བུར་བསྟན་པའི་ཕྱིར། རྒྱ་མཚོའི་དཔེ་ཡང་གསུངས་ལ། བདག་མེད་ཕྱོགས་བྲལ་ཆོས་དབྱིངས་མཁའ་དང་མཉམ། ། ཞེས་ཀྱང་གསུངས་ཏེ། སྐབས་གཉིས་ཀྱིས་ཆོས་ཐམས་ཅད་སེམས་ཀྱི་ཡེ་ཤེས་ཆེན་པོ་ཉིད་དུ་གདོད་ནས་གནས་པ་ནི་དེ་བཞིན་ཉིད་དེ། དེར་གང་གྱུར་པ་ནི་དེ་བཞིན་གཤེགས་པའོ། །དེའི་དུས་ན་སྤྱོད་ཡུལ་ཐམས་ཅད་བདག་ཉིད་དུ་གྱུར་པའོ། །མེད་པ་དང་བྲལ་བའི་མིང་གཅིག་ཅིག་ཐོབ་བོ། །ཡང་ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་རྒྱ་མ་ཆད་པ་ཉིད་ཡེ་ཤེས་ཆེན་པོར་གསལ་བས། སྐྱེ་མེད་ཡེ་ཤེས་ཆོས་ཀྱི་དབྱིངས་དང་མཉམ་ཞེས་འབྱུང་སྟེ། ཐིག་ལེ་ཆེན་པོ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་དོན་མཉམ་པ་ཉིད་ཀྱང་སྤྱོད་ཡུལ་དུ་མི་བྱེད་པས། ཡེ་ཤེས་ཆེན་པོ་ཟག་པ་དང་བྲལ་བའི་ཕྱིར། རྡོ་རྗེ་ཐེག་པ་ཞེས་བྱའོ། །དེ་ལ་འབྲས་བུ་ཐམས་ཅད་ལྷུན་གྱིས་གྲུབ་པས། ནམ་མཁའ་བཞིན་ཏེ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །མཚུངས་པ་མེད་པའི་ཡེ་ཤེས་གྱི། །རང་གི་མཐུའི་རིག་པ་ལས། ཆོས་ནི་གཞན་ནས་འབྱུང་མི་འགྱུར། །ཞེས་གསུངས་སོ། །དེའི་ཕྲིན་ལས་ཅི་ཞིག་སྙམ་པ་ལ། སེམས་ཅན་ཀུན་འདྲེན་བྱང་ཆུབ་དབྱིངས་ལ་འགོད། །ཞེས་བྱ་བ་ནི། གོང་མའི་ཡོན་ཏན་མང་པོ་ཉིད་ཀྱང་ཡེ་ཤེས་ཆེན་པོའི་ཕྱིར་རང་བཞིན་མ་ངེས་པ་དང་། སྨོན་ལམ་དང་ཐུགས་རྗེ་དང་གདུལ་བྱ་ཉིད་ཀྱང་མི་གཞན་པས་ཐམས་ཅད་དུ་སྣང་བའི་སྒོ་ནས། འགྲོ་བ་རིལ་ཡུལ་དང་ལྟ་བ་ངན་པ་ལས་བཟློག་ནས་དེ་བཞིན་ཉིད་དུ་སྦྱོར་བ་མཛད་པའི་ཕྱིར། མི་དམིགས་མཉམ་ཉིད་ཀུན་ཏུ་ཁྱབ། མུ་མཐའ་ཡས་ནས་རྣམ་པར་རོལ། །རབ་འབྱམས་ཀླས་ནས་ལྷུན་གྱིས་འདུ། །སྟོང་པ་ཉིད་དུ་ཡང་དག་སྦྱོར། །ཞེས་གསུངས་སོ། །ཀུན་ཞེས་བྱ་བ་སྟོང་པ་བཅད་པའི་ཕྱིར་རང་སྣང་ཐབས་ཀྱི་རོལ་པ་ནི། བྱ་མེད་བསམ་པའི་རང་བཞིན་སྣང་། །རྟོག་བྲལ་ཡེ་ཤེས་ཆེན་པོའི་ཕྱིར། །གཏོང་བ་མེད་པས་ཐུགས་རྗེ་ཆེ། །ཞེས་གསུངས་སོ། །དེ་དག་ཐབས་གང་གིས་མཛད་སྙམ་པ་ལ། སྡེ་སྣོད་རྒྱུད་དང་གལ་པོ་ཐུགས་ལ་རྫོགས། །ཞེས་བྱ་བ་ནི། གང་གསུམ་ལས་སོགས་པ་རྒྱུ་འབྲས་གྱི་བསྟན་པ་གསུངས་པ་དང་། ཕྱིས་འབྱུང་བ་རིལ་སྐད་ཅིག་ལ་ཆུད་པར་འཆད་པའང་དེ་བཞིན་པས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པར་བྱེད། །ཞེས་འབྱུང་བ་དང་། བསྟན་པ་རྒྱ་མཚོ་མ་ལུས་ཀུན། །སྐད་ཅིག་གཅིག་གི་རྫོགས་པར་སྟོན། །ཞེས་གསུངས་སོ། ༈ །དགོངས་པའི་ངོ་བོ་ཅི་སྙམ་པ་ལ་མཐོན་དམན་ཕྱོགས་མཚམས། བྱང་ཆུབ་སེམས་དང་ལྡན། ཞེས་གསུངས་སོ། །དངོས་པོ་ཐམས་ཅད་ཀྱང་ཕྱོགས་བཅུས་བསྡུས་པའི་ཕྱིར་ཏེ། དེ་ཉིད་རང་བྱུང་གི་ཡེ་ཤེས་སུ་རྒྱས་བཏབ་པ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །རང་བྱུང་ཡེ་ཤེས་ཀུན་ཏུ་ཁྱབ། །རང་བྱུང་དེ་ནི་དངོས་མེད་པར། །ཀུན་ཀྱི་ཕྱག་རྒྱའི་རྒྱུ་ཡིན་ནོ། །ཞེས་གསུངས་ཏེ། གང་གིས་ཉམས་སུ་ལེན་པ་ནི། ཐམས་ཅད་བྱང་ཆུབ་བདག་མེད་པའི་དགོངས་པ་ཐམས་ཅད་ཀྱང་ཐམས་ཅད་དུ་གསལ་བས་དེ་བཞིན་གཤེགས་པ་མཉམ་པར་མ་བཞག་པ་མི་མངའོ་ཞེའོ། །ལྡན་ཞེས་པས་ལོག་རྟོག་ཅན་ཐམས་ཅད་དུ་ཐལ་བར་མི་འགྱུར་བསྟེ། ངོ་བོ་ཉིད་ནི་མི་འདོད་པ་མ་ཡིན་ནོ། །དེའི་ཕྱིར་མྱ་ངན་ལས་འདས་པའི་ཆེ་བ་ནི། ཆོས་ཉིད་ཕྱོགས་བཅུར་བདལ་བ་དང་། །རིག་པ་མཐའ་དབུས་མེད་པ་དང་། །ཀུན་གཞི་བཟང་ངན་མེད་པ་དང་། །ཤེས་པ་ཕྱི་ནང་མེད་པ་དང་། །ཡེ་ཤེས་སྤོང་ལེན་མེད་པ་ཡིས། །མྱ་ངན་འདས་ལ་དགོངས་པ་འགྲུབ། །ཞེས་གསུངས་སོ། ༈ །ཆོས་དབྱིངས་དྲི་མེད་རྒྱ་མཚོ་དྭངས་འདྲ་བ། །ཞེས་བྱ་བ་ནི། དཔེར་ན་རྒྱ་མཚོ་རྒྱུན་གྱིས་མ་བསྙོགས་པ་ནི་དྭངས་པ་ལས་རླབས་ཀུན་ཏུ་སྣང་བ་དག་དྲི་མ་དག་པར་བྱེད་དོ། །རྗེས་སུ་དེ་བཞིན་གཤེགས་པའི་མཉམ་པ་ཉིད་ཀྱི་དབྱིངས་ཉིད། གཟུང་འཛིན་དང་འབྲལ་བའི་ཡེ་ཤེས་སུ་གསལ་བ་ཡང་རྒྱུན་གྱིས་མ་བརྙོགས་པ་ཅིས་ཀྱང་མ་བསྒྲིབས་པ་ཉིད། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སོགས་པ་འབྲས་བུ་བསམ་ཡས་མི་འགག་པས་ལས་བཞིན་དུ་དྲི་མ་བྲལ་བར་མཛད་པས། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཞེས་བྱ་སྟེ། དེ་ཡང་ཕྱོགས་བཅུས་བསྡུས་པ་ཉིད། ཡོན་ཏན་དང་འཕྲིན་ལས་སུ་བཞག་ནས་བཞུགས་སོ། ༈ །དེའི་ཚད་བསྟན་པའི་ཕྱིར། སྲིད་གསུམ་འགྲན་ཟླ་མི་མངའ་དབང་ཕྱུག་ཆེ། །ཞེས་བྱ་བ་ནི། གང་གསུམ་གྱིས་བསྡུས་པ་ནི་སྲིད་པ་སྟེ། དེ་དག་གི་ནང་ན་སྟོབས་མཆོག་ཏུ་གྱུར་པ། བདུད་དང་ཚངས་པ་ལ་སོགས་པ་ནི་དེ་བཞིན་དུ་མ་ཡིན་ལ། ཐམས་ཅད་ཀྱང་བདག་ཉིད་དུ་མངའ་མཛད་པ་ནི། མཐའ་ཡས་པའི་ཡོན་ཏན་དང་ཆོ་འཕྲུལ་དུ་ལྡན་པས་དབང་ཕྱུག་ཆེན་པོ་ཞེས་དུ་མ་ལས་གསུངས་སོ། ༈ །གང་སྨོན་ལམ་གྱིས་རྗེས་སུ་གསུངས་པའི་མན་ངག་ཡི་གེར་བྲིས་པ་འདི་མིང་ནི་ཅི་ཞིག །དེའི་བསོད་ནམས་ནི་སུ་བསྔོ་སྙམ་པ་ལ་རིགས་པས་གསུངས་པ། །ཡོངས་ཀྱི་སྲོག་འདུས་ཆོས་ཀྱི་འཁོར་ལོ་འདི། །རང་རིག་དབང་ཕྱུག་རྡོ་རྗེ་ལེགས་བཙན་གྱིས། །རྣལ་འབྱོར་ཡོངས་ཀྱི་དོན་དུ་བཞག་པ་དག །གཉིས་མེད་མན་ངག་སྲོག་གི་འཁོར་ལོ་ཞེས། །ཐུགས་ལས་ཕྱུང་ནས་འགྲོ་བ་ཡོངས་ལ་བསྔོ། །ཞེས་གསུངས་ཏེ། འདི་ཉིད་ནི་མ་ལུས་པའི་དོན་ཏེ། གང་དངོས་པོར་གཉིས་ཀྱིས་བསྡུས་པའི་རིལ་གྱི་ངོ་བོ་ཉིད་བྱང་ཆུབ་སེམས་རང་བྱུང་གི་ཡེ་ཤེས་སུ་གནས་པ་ནི། བསམ་ཞིང་སྣང་བ་ཡང་ཅིག་གི་རྗེས་སུ་ཐམས་ཅད་འགྱུར་བའི་ཕྱིར་ཏེ། དེ་ཉིད་སྟོན་པའི་ཡི་གེ་འདི་ཡང་བྱ་བ་དང་། བྱེད་པའི་ཚུལ་གྱིས་མིང་ཐོབ་བོ། །སྒྲའི་སྒོ་ནས་འཇུག་པ་དགའ་རབ་ཀྱི་རིག་པའི་སྤྱོད་ཡུལ་དུ་གྱུར་པ་ཡང་རྟོག་པའི་དབང་གིས་དུ་མ་དང་ལྷན་མི་གཅིག་པར་རང་རིག་གོ །དེ་ལ་ཆོས་ཀྱི་བླ་དགས་སྨོས་པ་ནི་སྟོབས་སུ་གྱུར་པས་འགལ་བ་མེད་དོ། །གང་གཉིས་ཀྱིས་འཇུག་པ་ནི་རྣལ་འབྱོར་རོ། །ཐམས་ཅད་ཀྱང་ཐལ་བར་དགོས་པའི་ཕྱིར། བསྐལ་ལྡན་ཐུགས་ཀྱི་སྲས་སུ་བཤད་དོ། །གང་རིགས་མི་གཅད་པའི་ཕྱིར། ཡིག་གེར་ཕྱུང་བ་ནི་མངོན་ཏུ་ཕྱུང་བའི་ལུང་ངོ་། །ལུས་རྣམ་པར་གཞག་པ་ནི་གཉིས་སུ་མེད་པ་སྟེ། གང་ཆོས་ཀྱི་དབྱིངས་ལས་འབྲས་བུ་ཡང་མི་ཞན་པ་དང་། ལུས་ལས་སོགས་པ་དང་རྗེས་སུ་བསྟན་པའི་འབྲས་བུ་དང་སྙད་གསུམ་ཡང་གཅིག་པ་དང་། རྒྱུ་དང་འབྲས་བུ་ཡང་གཅིག་པ་དང་། འཁོར་བ་དང་ཕྱོགས་གཅིག་ཀྱང་གཉིས་སུ་མེད་སྟེ། ཐིག་ལེ་ཆེན་པོ་ལ་སྤྲོས་པ་ཐམས་ཅད་ནུབ་པར་སྟོན་པ་འདི་ཉིད་ལུགས་མི་མཐུན་པའི་ཕྱིར་མན་ངག་གོ །དེ་དག་འདི་ལ་འདོགས་པ་ནི་བཤད་ཟིན་ཏེ། འདི་ཉིད་ཆོས་གྱི་དབྱིངས་ནས་བསྔོ་བ་ལ་མཐར་ཐུག་པར་སྟོན་པའི་ཐུགས་ལ་བརྒྱུད་དེ་ཕྱུང་ནས་བསྡུས་པ་པོས་ལུང་མངོན་དུ་ཕྱུང་བའི་བསོད་ནམས་ཀྱི་ཁྱད་པར་ནི། མཉམ་པ་ཉིད་དུ་མ་རྟོགས་པའི་ཚད་སྟེ། དེ་དག་དཔག་ཏུ་མེད་པ་ཡང་བདག་ཉིད་གྱི་ཕྱིར་མ་ཡིན་ཏེ། འགྲོ་བ་རིལ་ལ་ཐུན་མོང་དུ་བྱས་པའོ། ༈ །མན་ངག་སྲོག་གི་འཁོར་ལོའི་འགྲེལ་པ་རྫོགས་སོ།། །།སྟོན་པའི་མན་ངག་མཁས་པའི་འབྲེལ་བཅས་པ། །བློ་ཆུང་རྟོག་གེས་ཁྲེལ་བར་མི་འོས་ཀྱང་། །ལུང་དང་མན་ངག་བརྒྱུད་པས་བཀྲལ་བྱས་པ། །མ་འོངས་སྐལ་ལྡན་ཐེག་ཆེན་འཇུག་རྣམས་དང་། །མཐའ་ཡས་འགྲོ་བ་རྣམས་གྱི་དོན་དུ་བསྔོ། ༈ །སྤྱི་གཅོད་འཁྱིལ་པའི་འགྲེལ་པ་བཞུགས། དཔལ་རྡོ་རྗེ་སེམ་དཔའ་ལ་ཕྱག་འཚལ་ལོ། །སྣ་ཚོགས་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས། །དེ་ཉིད་སྤྲོས་བྲལ་མཐའ་རྣམས་ངང་གིས་དག །ལྟ་རྗེས་སྤྱོད་པ་རྗེས་མེད་ངོ་བོ་གཉིས་མེད་བྲལ། །གཉིས་གཟུགས་འཛིན་བྲལ་གསུམ་རྫོགས་ས་དང་ཀློང་ལ་བདག་འདུད་ཕྱག་འཚལ། །དེ་ལ་དག་བཙན། བདེ་བ་ཆེན་པོ་མཚན་ཉིད་མངོན་དུ་འབྲེལ་པ་དང་བཅས་པར་སྟོན་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་ལ། རེ་ཤིག་འབྲུ་གཉེར་དྲངས་ལ་བག་ཅི། རྡོར་ཆེན་སོགས་གཉིས་མེད་ཀྱིས་བསྟོད།བཤད་པར་བྱ་སྟེ། བཅོམ་ལྡན་འདས་ས་འདི་ཏྲ་ཏ་ཅ་ཡ་ན་ལ་ཕྱག་འཚལ་ལོ། །ཞེས་བྱ་བ། གང་བདུད་བཞི་དང་བྲལ་བ་ནི་བཅོམ་བར་དུ་མ་ལས་ཐོས་པའི་ཕྱིར། ཕུང་པོ་ཡན་ལག་གིས་བསྡུས་པ་རིལ་བདག་ཉིད་དུ་གྱུར་པ་ནི་དགེ་བ་དང་སྡིག་པ་ལས་སོགས་པ་ལ་འདོད་ཆགས་ལ་སོགས་པ་དང་ངང་གིས་བྲལ་བ་ནི་སྐྱེ་ཤི་རྒྱུ་ནས་མེད་པའོ། །དེའི་རྒྱུས་ལྷའི་བུའི་བདུད་བདག་མེད་པའོ། །ཕྱོགས་དང་བྲལ་བའོ། །ཐམས་བ་ཅད་བདག་ཉིད་དུ་གྱུར་པའི་ཡོན་ཏན་གྱིས་ཉོན་མོངས་པའི་བདུད་མངོན་པར་མཐོ་བ་ཡང་རང་གི་མཚན་ཉིད་མེད་པ་ནི་མཐའ་བཞི་འཆི་བདག་གི་བདུད་བཞི་དང་བྲལ་བས། བཅོལ་ལྡན་འདས་ནི་དགོངས་པ་ཟབ། །བ་ག་བན་ནི་སྙིང་ཁུང་རིང་། །ཞེང་འབྱུང་ངོ་། །དེ་དག་གི་ས་འདི་དག་དོན་ཡང་ཐམས་ཅད་རིལ་བདག་ཉིད་དུ་གྱུར་པ་ནི། དངོས་པོ་བསྟན་པ་མིང་སྟེ་བྱང་ཆུབ་བོ། །ཐམས་ཅད་བྱང་ཆུབ་པར་བསྟན་པ་ནི། །ཕྱོགས་ཐམས་ཅད་ཡོངས་སུ་གཉིས་མེད་བཅད་པས། དེས་ཊ་བྱས་པས་མི་བཏགས་ཀྱི་ཐུན་པ་ན་ཤན་པའི་མིང་བཞིན་དུ། དེ་ལ་ཞུགས་པའི་རྣལ་འབྱོར་ཆེན་པོར་ནི་ཤེས་རབ་ཀྱི་བདག་ཉིད་ཀྱིས་མིང་འཐོབ་པས་ཐེག་པ་ཆེན་པོའོ། །དེ་དག་ཀྱང་ཡང་དག་པར་པ་ན། ཐབས་ཀྱིས་འབྲེལ་བ་དང་ངོ་བོ་གཅིག་པས་དོན་གཅིག་ཏུ་གཉིས་མེད་ལུང་བསྟན་ཏོ། །དེ་ལ་ཆ་སྐལ་བ་དང་ལྡན་པ་བཞུགས་པས་ཀྱང་ཕྱག་འཚལ་ལོ། །ཞེས་བྱ་བའི་དོན་ཏོ། །འདི་ལྟ་བའི་ངོ་བོ་གཞན་གདོད་ནས་མེད་པའི། ཞེས་བྱ་བ། ཉེ་བར་བསྟན་པ་ནི་བདག་སྟེ་ཕྱོགས་ཀྱིས་བསྡུས་པ་ཐམས་ཅད་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་རིལ་ལ་བྱ། དེ་དག་བྱང་ཆུབ་ཉིད་ཡིན་པ་ནི། གཉེན་པོ་དང་བྲལ་བར་ཐ་སྙད་རང་གི་ངོ་བོས་མ་གྲུབ་པོ། །འོ་ན་སྟོང་པ་ཉིད་ནི་ཤེས་བྱའི་མཆོག་གོ་སྙམ་པ་ལ། ལྷུན་གྱིས་རྫོགས་པའི་ངང་ཉིད་ལ་ཞེས་བྱ་བ་གཟུང་འཛིན་མིང་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཉེན་པོས་ཞིག་པ་ནི་སྟོང་བའོ། །སེམས་ཉིད་ནི་འགྱུར་བ་མེད་པའི་སྐུ་སྟེ། རྣམ་པར་ཤེས་པ་ནམ་མཁའ་འདྲ་བ་ཡང་ཡེ་ཤེས་འབྱུང་བའི་ཕུང་པོར་གསུངས་པས། རིལ་ཉིད་དཀྱིལ་འཁོར་དུ་ཡེ་ནས་གནས་པ་ནི་མ་སྐྱེས་སྟོང་པ་ལས་ཁྱད་པར་དུ་གྱུར་པ་ནི་ལྷུན་གྱིས་གྲུབ་པའི་ངང་ཞེས་བྱའོ། །ལྟ་བའི་དཔེ་འཆི་འཕོ་འགྱུར་བའི་དུས་མེད་དོ། །མི་འགྱུར་བརྟན་པ་གསེར་བཞིན་ནོ། །ཞེས་བྱའོ། །ཐིག་ལེ་ཆེན་པོ་ནི་སྤྲོས་པ་དང་བྲལ་བའི་དོན་གྱིས་རིལ་ཁྱབ་པས་འགྲོ་འོང་དང་། གྲུབ་པར་བྱ་བ་མེད་དེ། རྟག་པའོ། །འོན་ཏེ་ན་མུ་སྟེགས་ཀྱི་བྱེད་པ་པོ་ལྟར་གྱུར་ཏེ་སྙམ་པ་ལ། དཔེར་ན་གསེར་ནི་མགར་བའི་བྱ་བྱེད་ཀྱིས། སོ་སོར་སྣང་ཡང་ངོ་བོ་ཉིད་གཅིག་གོ། །ཐིག་ལེ་ཆེན་པོ་ལ་སྤྲོས་པ་སྣ་ཚོགས་སུ་སྣང་བ་ནི་རང་གི་རྒྱུན་ཙམ་སྟེ། དེ་ཡང་ངོ་བོ་ཉིད་དུ་དུས་གསུམ་དུ་མ་གཡོས་པ་ནི། བདག་གིས་མི་ནུས་ཀྱང་རིག་པར་ཆོས་རྣམས་སྣ་ཚོགས་ཇི་སྙེད་སྣང་བ་ཡང་། ཐ་སྙད་ཐམས་ཅད་བྱང་ཆུབ་མཆོག་གི་ལམ། །སྙིང་པོ་བྱང་ཆུབ་མཆོག་ནི་ཡིན་ཤེས་ན། །གཟའ་ཞིང་བགྲོད་པའི་ལམ་ནི་ག་ལ་ཡོད། །ཅེས་པ་དང་ཇི་སྲིད་སེམས་ཀྱི་རང་བཞིན་སྣང་ཞིང་སྲིད། སེམས་ཉིད་བྱང་ཆུབ་སེམས་ལས་གཞན་པ་མེད་ཅེས་གསུངས་སོ། །དགེ་བའི་ཆོས་དང་སྡིག་ལ་སོགས། །ཐ་སྙད་ཙམ་ཡང་ཡོད་མ་ཡིན། །ཞེས་བྱའོ། །སེམས་ཀྱི་ཁྱད་པར་གྱིས་སྣང་བས་དངོས་གཞི་མ་ངེས་པ་བདེ་བ་དང་སྡུག་བསྔལ་གྱི་རྒྱུར་གྱུར་པས་འབྲས་བུ་བསྡུས་པའོ། །དེ་དག་དངོས་གཞི་མ་ངེས་པར་ཐ་སྙད་དུ་འདོགས་པ་ཡང་། མཁན་པོ་དག་ནི་རྒྱུ་དགེ་སྡིག་གཉིས་དང་མིང་ཙམ་གྱི་མེད་པར་ཤེས་ཏེ། འདིར་རིལ་ཐིག་ལེར་ཆེན་པོར་བསྣུབས་པས་བླང་དོར་མེད་དོ། །ཁྱད་ནམ་མཁའ་ཆེ་ལས་པར་ཅི་ཡང་མཚུངས་པ་ལ། ལས་སོ་ཞེས་ནི་རྣམ་པར་བརྟགས། །ཇི་སྟེ་དེ་ལྟའི་དབང་གྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཞེས་འབྱུང་ངོ་། །རྣམ་གྲོལ་རྣམ་པར་བཅིངས་པའི། །གཉིས་པོ་གྲོལ་བ་དང་བཅིངས་པ། དེ་ཡང་གདོད་ནས་མེད་ཞེས་བྱ་བ་ཐེག་པ་འོག་ནས་མ་རྟོགས་པར་སྟོན། ཉོན་མོངས་པ་དང་ཕུང་པོ་ནི་ཕན་ཚུན་འབྲེལ་པས། དེ་དག་གི་བཅིངས་པ་ནི་དྲི་མ་བཞིན་རང་ལས་བྱུང་ངོ་། །དེ་དག་ལམ་དང་ཡོན་ཏན་དུ་སྣང་བ་ནི། དེ་དག་གི་མ་སྐྱེས་པ་སྟེ། གྲོལ་བ་ཞེས་བྱ་སྟེ། གྲོལ་བ་པོ་ཉིད་དོ། །མ་ཁ༽ སྐྱེས་པའི་འདི་བདག་གཞན་ཕྱོགས་ཕྱི་མ་དག་ལ་གྲོལ་བ་པོ་ཡང་བཅིངས་པས་བསྒྲུབས་པ་ཙམ་སྟེ། བསྟན་ཏུ་མེད་པར་གཞུང་དུ་མ་ལས་གསུངས་སོ། །གང་གིས་དེ་ལྟར་མ་རིག་པ་ཞེས་བྱ་བ། དངོས་པོ་དེ་ལ་བློ་ལ་མ་ངེས་པ་ནི་རྒྱ་ཆེ་མཁའ་འདྲ་གཅིག་ཏུ་མ་ངེས་བ་སྟེ། འོན་ཀྱང་རྨོངས་པ་དག་བསྡུ་བའོ། །རྨོངས་པའི་རང་བཞིན་ཅན་ནི་ཀུན་ནས་ལྡང་བ་མང་པོས་སེམས་རྙོག་མ་ཅན་གྱིས་ཟབ་མོ་བལྟ་བར་དཀའོ། །དེས་ན་འདིས་ཞོན་པས་དོན་མེད་སྒྲ་ཕྱིར་དེ་འབྲངས་ན་མ་རིག་པས། ཞེས་བྱ་བ་གསུངས་ཏེ། གང་ཟབ་མོ་ལ་བློས་རྟོག་པས་མ་རེག་པ་ནི། ཟབ་མོ་ལ་དད་པ་ཡོད་ཀྱང་རྒྱུད་སྔ་མས་ཟིན་པས། སྒྲ་གཙོ་བོར་བྱེད་པས། ཕྱི་རོལ་པ་ཞེས་བྱའོ། །ཉེས་པ་བསྟན་དགེ་བའི་ཆོས་ནི་རྣམ་སྤངས་པ། དེ་ནི་ཐོས་ནས་དམྱལ་བར་འགྲོ། །ཞེས་བྱ་བ། སྒྲས་སྤངས་པ་ཅེས་པ་བསྟན་པ་ཡང་ཆེད་དུ་རྩོལ་མ་རིགས་པས་དགེ་རྩའི་ཕྱོགས་ཀུན་སྤོངས་ཚིག་གི་ལྟ་བས་བ་ནི་ཁུར་བུ་འདུ་ཤེས་བྱེད་དེ་སྤང་ངོ་། །འཁོར་བའི་སྤྱད་པ་ནི་ཐོག་མ་མེད་པ་ནས་རིང་མོ་ལྷུན་གྱིས་གྲུབ་པས་བསྡམས་པ་ཡང་དུས་ཀྱི་རྒྱུན་འབྱུང་ན་སྡིག་པ་བཏང་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ཉིད་རྙོག་གང་ཟག་མས་སེམས་ལྡོངས་པ་ནི་རྒྱུ་འབྲས་སྡིག་པའི་རྒྱུ་ངན་སོང་དུ་ངེས་པར་མི་བསླུའོ། །ནང་པ་ཨ་ཏིའི་ལྟ་བ་དག་དོན་རྟོགས་པ་བཞིན་དུ་ནན་ཏན་གྱིས་ཆུབ་པ་ནི། མི་འབྱེད་ཕྱོགས་རིས་མེད། ངང་བཞིན་གདེང་གིས་འཇུག་པ་ནི། །འབྲས་བུ་མི་འཛིན་རྒྱུ་མི་སྤོང་། །ཡོངས་ལ་ཕྲག་ཡངས་དོགས་པ་མེད། །འགྲོ་མེད་སྙིང་རྗེ་ཀུན་ཏུ་འཕགས། །ལུས་མེད་སྤྱོད་པ་ཀུན་དང་མཐུན། །ཉི་མ་ལྟ་བུར་ཕན་བྱེད་པ། །དེ་ཕྱིར་ཡི་གེ་ཆེན་པོར་བསྟན། །ཞེས་བྱ་སྟེ། གོ་སླ་སྟེ། རྣམ་པར་མ་བཀྲོལ་ལོ། །སོལ་བ་དག་པས། དཀར་བས་དཀར་བའི་ཉི་མ་མེད། །ཞེས་བྱ་བ། གང་བཟླས་བསྟན་ཏེ། མཐའ་ལ་ཞེན་པ་ནི། ཕྱོགས་གཞན་མི་སྣང་བས་མཐའི་མུན་པ་ཡིན་ནོ། །རང་བྱུང་ཡེ་ཤེས་ནི་མཐའ་ཐམས་ཅད་དང་བྲལ་བས་ཐམས་ཅད་དུ་སྣང་བའི་ཕྱིར། ཡེ་ཤེས་སྐད་ཅིག་མས་བསྣན་པས་འཕེལ་འཁེལ་བར་འདོད་པས་བ་མེད་དོ། །ལྷག་པའི་ལྷ་ཡང་ཡོད་མ་ཡིན། །ཞེས་བྱ་བ། ལྷག་པ་ནི་ཁྱད་པར་གྱི་སྒྲ་སྟེ། བྱང་ཆུབ་སེམས་རང་བྱུང་གི་ཡེ་ཤེས་ནི་སངས་རྒྱས་ཐམས་ཅད་དང་ལྷན་གཅིག་པ་དང་། ཟུག་རྔུ་མེད་པ་དང་གང་དུ་ཡང་ཐོགས་པ་མེད་པའི་དོན་གྱིས་བྱ་བར་ཀྱང་མེད། རྨད་བྱུང་ལུང་ལས་ཡི་གེ་ཀུན་ལ་མི་སྣང་ཡང་། །སེམས་ལ་གསལ་བར་མངོན་པར་སྣང་། །ཞེས་བྱའོ། །གནག་པའི་མུན་པ་སེལ་བ་མེད། །ཅེས་བྱ་བ། མུན་པ་ནི་ཟླ་བ་སྔོན་མངོན་ཏུ་བྱ་བ་འགྲུབ་བོ། །མཐའ་ཐམས་ཅད་དང་བྲལ་བའི་དོན་ནི་དབུས་ལ་ཡང་མི་གནས་ཏེ། གང་གི་ཕྱོགས་སུ་ཡང་མ་གྱུར་པར་བདག་པོ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ཚངས་པའི་དག་དྲིན་པའི་དྲི་མ་བཀྲུ་བ་དང་། ནམ་མཁའི་མེ་ཏོག་ལག་གིས་བཅོས་པར་འདོད་པ་ནི་ཚི་ཆད་པས། ལུང་ལས་ཐེག་པ་འདི་ནི་མཁའ་ལ་ཉི་ཤར་བཞིན། མཐའི་མུན་པ་ཡེ་ནས་མེད། ཅེས་གསུངས་ཞེས་བྱའོ། །ད་གདོད་ཐམས་ཅད་མེད་པ་བརྒྱད་ཀྱིས་མ་གྲུབ་པར་བསྟན། ཆོས་ནི་གཅིག་པ་སྟེ། ཞེས་བྱ་བ། འཁོར་བ་དང་འདུས་བྱས་དང་། ཕྱོགས་གཞན་གྱིས་བསྡུས་པ་རིལ་ནི་དོན་གཅིག་སྟེ། མིང་གིས་བསྟན་པ་བྱང་ཆུབ་སེམས་སོ། །དེ་ནི་ཟླ་མེད་པས་ལྷན་ཅིག་པ་མེད་པས་གཅིག་པུ་ཞེས་བྱ་སྟེ། སྤྲོས་པ་ཡོངས་སུ་ཆད་པའི་ཕྱིར། སྨོས་སུ་ཟིན་གྱིས་ངོ་བོ་སུས་ཀྱང་མི་གྲུབ་པ་ལ་མཚན་ཉིད་དུ་འདོད་པ་ནི་སྐྱོན་དུ་མ་གཅིག་པུ་འདུ་བར་ལུང་དང་མན་ངག་དུ་མ་ལས་གསུངས་སོ། །རྒྱུད་དྲུག་མེད་ཅིང་སངས་རྒྱས་མེད། །ཞེས་བྱ་བ་ལམ་རྒྱུད་དྲུག་གི་རང་གི་རྟོག་པ་ཙམ་པས། མ་སྐྱེས་པ་བྱང་ཆུབ་སེམས་སོ། །རང་བཞིན་མེད་པས་སངས་རྒྱས་ནི་ལས་སྣ་ཚོགས་ཐ་སྙད་ལས། སུ་སྣང་ལ་གཅིག་དང་དུ་མར་བྲལ་བ་ནི་གཞན་དུ་དཀྲི་མི་ནུས་པས་ངོ་བོ་བསྟན་དུ་མེད་པའི་ཕྱིར་རོ། །རིག་པ་མེད་ཅིང་གནས་པ་མེད། ཞེས་བྱ་བ་སེམས་ཉིད་མངོན་པར་ཞེན་པ་རང་ཤར་ལས། བག་ཆགས་སུ་བརྗོད་པ་ནི་ཡེ་དང་བག་ཆགས་ཕན་ཚུན་འབྲེལ་བའི་ཚུལ་གྱིས་མི་འགྲུབ་པར་གང་ཟག་ལ་ལ་དག་འཆད་དེ། དེ་དག་ལས་འདིར་ཟློས་པར་དབྱེར་མེད་པར་ཐལ་བས་བྱང་ཆུབ་ནི་ཡུལ་སེམས་གཉིས་ཀུན་ཏུ་ནུབ་པས་བསྒོམ་བྱ་དང་། བསྒོམ་བྱེད་ལས་འདས་པ་ནི། ཐིག་ལེ་ཆེན་པོ་ལས་མ་ཉམས་པ་ཞེས་བྱའོ། །བྲི་བ་མེད་ཅིང་འཕེལ་བ་མེད་ཅེས་བྱ་བ། མུན་པ་དང་ལྷ་སྔར་ཤེས་པས་དེ་ལ་སྒྲིབ་པ་མུན་པ་སྦྱོང་ཞིང་ལྷས་ཚོགས་སོགས་པ་ནི་ཐིག་ལེ་ཆེན་པོ་བྱ་བ་མེད་པ་རང་རིག་པ་དང་འགལ་ལོ། །སུ་ལ་ཕན་མེད་གནོད་མི་འགྱུར། །ཞེས་བྱ་བ། སེམས་ཅན་བསལ་བྱ། དང་ཕྱོགས་གཅིག་གིས་བསྡུས་པ་ནི་རྒྱ་ཆད་དོན་ཡུལ་གང་ཡང་ནུབ་པས་བདེ་བ་དང་སྡུག་བསྔལ་བསྐྱེད་དུ་མེད་པའི་ཕྱིར་ཏེ། བདེ་སྡུག་བཏང་སྙོམས་དངོས་པོ་གསུམ་ཡོད་པ་ལས་བཞིན་འཇུག་པ་ལས། བཀག་པ་ནི་མིན་ནོ། །སྣང་བ་མེད་ཅིང་འགྱུར་བ་མེད་ཞེས་བྱ་བ། བྱང་ཆུབ་སེམས་ཡུལ་སེམས་གཉིས་སུ་མེད་པ་ནི། དངོས་པོའི་གནས་ལུགས་ཐ་དད་ཀྱི་རྗེས་སུ་འགྱུར་བ་མེད་དེ། སྣང་ཚོགས་གང་ཡང་ཡིད་ལ་མི་བྱེད་པས་བསམ་པ་མཉམ་པའོ། །ཤེས་རབ་མེད་ཅིང་ཐབས་ཀྱང་མེད། །ཞེས་བྱ་བ། སེམས་ཉིད་སྣང་སྟོང་གཉིས་ཀྱང་སྤངས་པས་ལ་ལ་དག་གི་འདུ་ཤེས་གཅད་པའི་ཕྱིར་སྨོས་ཀྱི། གཞན་དུ་ལམ་ཤེས་རབ་མེད་ཅིང་ཐབས་མེད་ཅེས་ཡོངས་སུ་དོན་དང་ཤེས་རབ་བཀག་པ་ནི་མ་ཡིན་ནོ། །བྱང་ཆུབ་མེད་ཅིང་ལམ་ཡང་མེད་ཞེས་བྱ་བ། འདི་དག་ཐབས་ཤེས་བདག་ལ་ཡོད་པར་ཟེར་བ་ཡང་རིགས་པས་མིན་ཏེ། ཆོས་ཀྱི་སྐུ་ནི་དུས་གསུམ་དུ་མཚན་ཉིད་མི་ཟིན་པས། སངས་རྒྱས་ཉིད་ཀྱིས་ཀྱང་བརྙེས་པར་དཀའོ། །དེ་ལ་འཇུག་པ་ནི་འགལ་བར་གསུངས་ཏེ། དེ་ཡང་སྐབས་འདིར་གཞན་གྱི་ལམ་ཐེག་པ་བཀག་པའི་ཕྱིར་ཏེ་དེ་ཡང་རིང་བར་ཟད་ཀྱི་དོན་མེད་པ་ཡིན་ནོ། །སྐབས་འདིར་གསུངས་པ། རང་བྱུང་ཡེ་ཤེས་བཙལ་མེད་པས། བགྲོད་དུ་མེད་པ་ལམ་གྱི་མཆོག །ཞེས་འབྱུང་ངོ་། །འོ་ན་རིལ་གཅིག་པས་སྣ་ཚོགས་ཐམས་ཅད་དང་བྲལ་བ་ཉིད་ཡང་དག་པའི་དོན་ཁོ་ན་ཡིན་ན། ཆད་དགེ་བའི་ཆོས་དང་སྡིག་པ་ལ་སོགས་ཞེས་པ་ཐམས་ཅད་མེད་པར་ལྟ་བར་ཐལ་བར་འགྱུར་རོ་སྙམ་པ་ལ་མེད་པ་མེད་དེ་སྙིང་ལྷུན་གྱིས་གྲུབ་པའི་ཆ་མ་ཡིན་པོའི་དོན་ཞེས་བྱ་བ། རང་བྱུང་གི་ཡེ་ཤེས་ནི་ཡོད་མེད་ཀྱི་མཐའ་ཡོངས་སུ་བཅད་པས། དོན་ཐམས་ཅད་ལ་ཞེས་བྱ་སྟེ། ནོར་བུ་རིན་པོ་ཆེ་ལྟར་མ་ལུས་རིལ་རྫོགས་ཤིང་ཐམས་ཅད་ཚིམ་པར་བྱེད་པ་ནི། སྙིང་པོ་བྱང་ཆུབ་ལ་དགོངས་པ་ངེས་པར་འགྲེལ་བའོ། །ཁུད་ཆེན་ལས་དེ་བསྟན་པ་མེད་དེ་མེད་པ་མ་ཡིན་མེད་པའི་སྙིང་པོ་འབྱུང་། སྟོང་སྟེ་སྟོང་པ་མ་ཡིན་སྟོང་པ་ཡུལ་ལས་འདས། ནམ་མཁའི་རང་བཞིན་འབྱུང་བའི་དྲན་པ་སྐྱེ། བྱ་བྲལ་ཟིན་པའི་བདེ་བ་འདོད་པ་མེད་པས་ལེན། ཀ་གང་ཞིག་བསྣོད་བསྟན་པ་སྐལ་ཁ་ལྡན་སུ་ཡང་རུང་ཞེས་བྱ་བ། གང་ཞིག་ཀ་རྒྱ་ཆེ་བ་ཡང་མ་ངེས་པར་སུ་ལ་རུང་མཐུན་ཏེ། རྟེན་པའི་ཨ་ཏི་པའི་རིགས་མ་ངེས་པའོ། །འོན་ཁ་ཀྱང་སྐལ་བ་ནི་སྦྱངས་པ་ལས་སྟེགས་དབང་མ་ཡིན་ནོ། །མན་ངག་ལ་ཆུང་ནས་དགའ་བ་དང་། གཏོང་བ་དང་ཡོངས་སུ་གཏོང་བ་དང་། ནོགས་ཐུབ་པ་དང་། གདུང་བ་མི་འགྱུར་བ་དང་དེས་པ་དང་། ཡངས་པས་མཚོན་ནོ། །སྣོད་ཀྱི་སྐྱོན་བསྟན་ཡིད་གཉིས་རྨུགས་པར་མ་གྱུར་ཅིང་ཞེས་བྱ་བ། སུ་བདེན་བདེན་པ་དང་ཡིན་པ་མིན་པ་དང་ངེས་པ་མ་ངེས་དང་ཅིག་ཤོས་ཐེ་ཚོམ་ཀྱི་བསྡུས་པ་ནི་ཐེ་ཚོམ་སྟེ། ཕྱོོགས་མཐུན་པ་ལ་རིས་སུ་འབྱེད་པ་དང་། གདེང་ལ་ལྟ་བའི་ལྷག་པ་ཆེད་དུ་འདོད་པ་ནི་སེམས་རྨོངས་པ་ལས་འབྱུང་བ་སྟེ། དེ་དག་རང་བཞིན་ལ་མེད་པའོ། །དོན་རྟོགས་གཏིང་དུ་གདེངས་དང་ལྷན་ཅིག་ཡིན་པར་གོ་བ་ཡི། །གདེང་དུ་ཆོས་ནི་འདི་འཆང་ན། །ཞེས་བྱ་བ། ཇི་སྐད་ལྟ་བ་བསྟན་པའི་དོན་སྐད་ཅིག་མས་རིམ་པ་མངོན་དུ་བྱས་པ་དང་། དེ་དག་ལ་མངོན་པར་ཡིད་ཆེས་པའི་ཡོན་ཏན་གཏན་ཚིགས་གདེང་འཆད་པ་དང་། མང་ཡང་མང་དུ་བྱས་པས་ངེས་པ་ཆེན་པོ་རྙེད་དེ་ལྟ་བ་ལས་མི་འགྱུར་བ་ནི་སེམས་སངས་རྒྱས་སོ། །དེ་ཡང་མཚན་མ་མི་དམིགས་པའི་ལྟ་བའི་གདེང་དང་། ཟིན་ཆགས་མེད་པ་སྤྱོད་པའི་གདེང་དང་། བསམ་པ་མ་གཡོས་པ་བསྒོམ་པའི་གདེང་དང་གསུམ་གྱིས་མཚོན་ནོ། །དེ་ལ་བསྒོམ་བསྒྲུབས་དག་པའི་ཆོས། དཀར་པོའི་ཕྱོགས་དང་སྡིག་ཏུ་མཉམ། །ཞེས་བྱ་བ། ཀ་སྐལ་བ་གཅིག་ཞེས་པའི་དོན་ལ་སོགས་པ་ལ་སྙེགས་པས་གཞིའོ། ། ཁ་བསྒོམ་པ་སེམས་ཀྱི་ལས་ཏེ། ག་འོན་ཀྱང་ཤེས་རབ་ལ་སོགས་པ་ལུས་ངག་ཡིད་གསུམ་གྱི་ལས་བསྒྲུབ་པ་སྟེ། ང་མཐོང་རིས་དང་ཐར་པའི་ལས་རྒྱུ་རིལ་བསྡུས་སོ། །ཚུལ་བཞིན་མ་ཡིན་པའི་ལས་ཀུན་ཀྱང་མི་དགེ་བ་ཡིན་མོད་ཀྱི། འོན་ཀྱང་དུག་ལྔ་དང་མི་དགེ་བཅུ་ལས་སོགས་པ་ནི་གཙོ་བོར་གཟུང་ངོ་། །དེ་དག་བདེན་པ་གསུམ་དུ་འདོད་པ་ནི་མ་ཧཱ་ཡོ་ག་སྐབས་ཀྱི་རིགས་པས་མ་ཡིན་ཏེ། རྒྱུ་དང་ངོ་བྱང་སེམས་དོན་ཐམས་ཅད་བོ་དང་མཐའ་ཡིས་ཕྱོགས་གཅིག་པར་སེམས་ཉིད་དུ་ཤེས་སོ། །དོགས་མེད་སྤྱད་ཀྱང་དེ་ལ་ནི། །ཞེས་བྱ་བ། སྔར་བྱང་ཆུབ་དང་སེམས་ཅན་མེད་པས་རེ་དོགས་མེད་པ་ཡང་། རྒྱུ་མེད་པའི་འབྲས་ནི་ནམ་ཡང་མི་རིགས་པས་གདེང་གསུམ་རྒྱུ་དེ་གསུམ་ཡོན་གྱི་དབང་དུ་བྱེད་པའི་ཕྱིར་རོ། །གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ། །ཞེས་བྱ་བ། མ་ངེས་ཕྱོགས་གཅིག་པ་ཡང་འདའ་བ་ཡང་རུང་ངོ་རིག་པ་གཉིས་མེད་དོ། །མེ་ཏོག་ནི་འབྲས་བུ་སྟེ། སྔར་གྱི་རིགས་པ་དང་འགལ་ལྟ་བ་ལ་སོགས་དགེ་བའི་ཆོས་དང་སྡིག་པ་སོགས་ཐ་སྙད་ཙམ་ཡང་ཡོད་མ་ཡིན་ཅེས་དང་འགལ་ལོ་ན་ཡང་། ངོ་བོ་མ་གྲུབ་པ་ནི་ཐམས་ཅད་དུ་སྣང་བས། གླང་པོ་ཆེའི་མདོ་རིས་ལྟ་བུ་རི་ལ་བཏབ་ཉིད་བཏབ་པ་ལྟ་བུ་འབྲས་བུ་མེད་པ་ཉིད་འབྲས་བུའི་མཆོག །བས་འབྲས་བུ་མཆོག་གོ །དེ་ཡང་མངོན་དུ་གྱུར་པའི་དབང་དུ་བྱས་ཏེ། སྐྱེ་མེ་ཏོག་ཞེས་ཐ་སྙད་དུ་འདོགས་སོ། །དགེ་རྩ་བསྔོ་བའི། བཙུན་ཆུང་འཕྲུལ་གྱི་ཐུགས་དམ་འདི། །ནམ་ཞིག་རྒྱུད་དོན་དོན་རྟོགས་ཤོག །ཅེས་བྱ་བ། དགོངས་རྒྱུད་ཐབས། ཞི་དེས་ཞི་བའི་དགའ་རབ་ཐུགས་བརྣག་པ། སྤྱི་གཅོད་འཁྱིལ་པ་མན་ངག་རྗེས་བཀྲོལ་བས། དུས་མཐའ་འབྲས་བུ་རྒྱུ་དང་རིག་ལ་ལ་རྫོགས་པའི་དོན། མཐར་ཡང་སེམས་ཅན་ཀུན་ཀྱིས་རྟོགས་པར་ཤོག །གཉགས་ཛྙཱ་ནའི་སྤྱི་གཅོད་དོན་འགྲེལ་རྫོགས་སོ།། ༈ །།རྗེ་བཙན་དམ་པའི་འགྲེལ་པ་བཞུགས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སྐུ་གསུང་ཐུགས་རྡོ་རྗེ་བདེ་བ་ཆེན་པོ་ལྷུན་གྱིས་རྫོགས་པ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣལ་འབྱོར་ལྷའི་ལྷ་ཞེས་བྱ་བ། རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་བས། ཀུན་ཏུ་བཟང་པོ་འཕགས། ཀུན་ཏུ་བཟང་པོ་འཕགས་པས་ལྷའི་ལྷའོ། །ཅིའི་ཕྱིར་ཞེ་ན། རྒྱལ་བ་རིགས་ལྔ་རིལ་འདུས་པའམ། ཀུན་གྱི་གཞི་ཐམས་ཅད་ཀྱི་བདག་པོ་ཉིད་ཀུན་ཏུ་བཟང་པོ་རྫོགས་པ་ཆེན་པོ་ཡིན་པའི་ཕྱིར་རོ། །ཨ་ཏི་ཡོ་ག་ནི། ལྷག་པའི་རྣལ་འབྱོར་ཞེས་བྱ་སྟེ། རྣལ་འབྱོར་རྣམ་པ་བཞི་ལས་ཁྱད་པར་དུ་འཕགས་པ་དང་། མ་འདྲེས་པ་དང་ཡོངས་སུ་རྫོགས་པའི་ཆོས་ཉིད། དེ་ཁོ་ན་ཉིད་ཐུགས་སུ་ཆུད་ཅིང་། ཐམས་ཅད་ཀུན་ཏུ་བཟང་པོའི་རྒྱན་ལས་མི་ཉམས་པས་ན། ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ནི་ལྷའི་ཡང་ལྷའོ། །རྣལ་འབྱོར་བས་ཀྱང་རྣལ་འབྱོར་མཆོག་ཞེས་བྱ་བ། གང་ཟག་གི་རྣལ་འབྱོར་པ་དང་། ངེས་པའི་རྣལ་འབྱོར་པ་དང་། ཡང་དག་པའི་རྣལ་འབྱོར་པ་ལས་ལྷག་པའི་རྣལ་འབྱོར་ཁྱད་པར་དུ་འཕགས་པའི་ཕྱིར། རྣལ་འབྱོར་མཆོག་གོ །ཅིའི་ཕྱིར་ཞེ་ན། རྣལ་འབྱོར་བཞི་པོ་ནི་རྩོལ་སྒྲུབས་དང་མ་བྲལ་ཞིང་གཟུང་འཛིན་གྱི་མཐའ་ཡོད་ལ། ཤིན་ཏུ་རྣལ་འབྱོར་རམ། ལྷག་པའི་རྣལ་འབྱོར་ནི། ལྷུན་གྱིས་རྫོགས་པའི་ས་འཛིན་ཅིང་རྩོལ་སྒྲུབ་དང་བྲལ་བས། ཀུན་ཏུ་བཟང་པོའི་སྤྱོད་ཡུལ་གཟུང་འཛིན་གྱི་མཐའ་ལ་མི་གནས་ཏེ། སྤྱོད་པ་ཀུན་ཏུ་བཟང་པོ་དང་། ལྟ་བ་ཀུན་ཏུ་བཟང་པོའི་ངང་དུ་གྱུར་པས་རྣལ་འབྱོར་མཆོག་གོ །འཕགས་པ་ལས་ཀྱང་འཕགས་པས་ན་ཞེས་བྱ་བ། ཁམས་གསུམ་ལས་འཕགས་པ་ནི་ཉན་ཐོས་ཡིན་ལ། དེ་ལས་རང་སངས་རྒྱས་འཕགས། རང་སངས་རྒྱས་ལས་ཐེག་པ་ཆེན་པོ་མདོ་སྡེ་འཕགས། དེ་དག་ལས་སྤགས་པ་ནི་སྔགས་ཀྱི་ཐེག་པའོ། །དེ་ལས་ཀྱང་སྟུགས་པོས་བརྒྱན་པ་དང་། ཡེ་ཤེས་བླ་མའི་ས་དང་། རྡོ་རྗེ་སེམས་དཔའ་མཚན་ཡོངས་སུ་རྫོགས་པའི་ས་ནི། ཀུན་ཏུ་འོད་ཀྱི་ས་ལས་འདས་པའི་ཕྱིར་འཕགས་པའམ། ཡང་ན་ཀུན་ཏུ་འོད་ཉིད་ཁམས་གསུམ་ལས་འདས་ནས། རིག་འཛིན་བྱང་ཆུབ་ས་ལ་མི་ལྡོག་པར་གནས་པས། འཕགས་པ་ཡིན་གྱིས་ཀྱང་། ཡེ་ཤེས་མཆོག་གི་བདེ་བ་ཆེན་པོའི་ས་འདི་ད་ལྟ་ཉིད་ནས་དེ་བཞིན་གཤེགས་པའི་དགོངས་པ་ལ་བཞུགས་པས། ལས་ཀྱང་འཕགས་ཞེས་བྱའོ། །རྡོ་རྗེ་རྒྱལ་བ་ཀུན་གྱི་མེས་ཞེས་བྱ་བ། འདུས་མ་བྱས་པའི་ཆོས་རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ་པའམ། བདུད་བཞི་ལས་ཀྱང་རྒྱལ་བར་བྱེད་པའམ། ལྟ་བ་འོག་མ་ཀུན་ལ་སྤགས་ཤིང་། སངས་ཡེ་ནས་རྒྱས་པར་གྱུར་པས་རྣམ་འབྱོར་གྱི་ཡུལ་ཡ་ཐོག །མེས་ཆེན་པོ་ལྟ་བུ་སྟེ། ཨ་ཏི་ཡོ་ག་ལས་ཀུན་འབྱུང་བའི་ཕྱིར། མེས་ཞེས་གསུངས་སོ། །དེ་ཡང་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་པ་ཐམས་ཅད་འབྱུང་བ་ཡང་། ཆོས་ཀྱི་སྐུ་དེ་ཁོ་ན་ཉིད་ཀྱི་བྱིན་གྱིས་རླབས་དེ་ལས་བྱུང་ལ། ལྷག་པའི་རྣལ་འབྱོར་ཨ་ཏི་ཡོ་ག་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་ཆོས་དང་ཆོས་མ་ཡིན་པའི་གཏེར་ཐམས་ཅད་འབྱུང་བའི་ཕྱིར། དབང་ཕྱུག་ཀྱང་ཡིན་ལ། ཐམས་ཅད་ཀུན་ཏུ་བཟང་པོའི་བདེ་བ་ཆེན་པོའི་ངང་ཡང་ཡིན་ལ། མི་བདེ་བ་དང་ངན་པ་རྡུལ་ཙམ་ཡང་མེད་པས། དེའི་གོང་ན་ལ་མེད་པའི་ཕྱིར། རྗེ་བཙུན་དམ་པ་ཀུན་ཏུ་བཟང་ཞེས་བྱ་བ། མཉམ་པ་ཉིད་རྒྱན་གྱིས་བཞགས་ཤིང་ཀུན་ཏུ་བཟང་པོའི་དོན་ལས་མི་འདའ་བའི། ཐམས་ཅད་ལ་མངའ་བརྙེས་པའི་ཕྱིར། རྗེ་བཙན་ཡང་ཡིན་ནོ། །ད་ལྟ་ཉིད་ནས་ཁམས་གསུམ་ཟིལ་གྱིས་གནོན་པའི་ཕྱིར་རྗེ་བཙན་ཡང་ཡིན་ནོ། །མ་ནོར་བའི་དབྱིངས་ལ་རྟག་ཏུ་གཞོལ་བས་དམ་པ་ཡང་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་མཆོག་གི་ས་ལ་མི་གནས་པའི་ཚུལ་གྱིས་གནས་པའི་ཕྱིར་རོ། །རྡོ་རྗེ་འཆང་རྒྱལ་འཇིགས་པའི་སྐྱབས། ཉམས་པའི་ཆད་པ་བྱུང་བ་ལ་ཞེས་བྱ་བ། རྣལ་འབྱོར་པའི་དམ་ཚིགས་གཉེན་པོ་ཉམས་པའི་དུས་ན། གསོ་བའི་ཐབས་གཞན་ཅིས་ཀྱང་མི་སྐོངས་ཀྱིས། ཞི་བ་ཆེན་པོ་དེ་ཉིད་ལ་གནས་པས། ཉམས་པ་སྐོངས་ཤིང་འཇིགས་པ་ལ་སྐྱབས་པས་སམ། ཡང་ན་ཁམས་གསུམ་དུ་འཁོར་བའི་འཇིགས་པ་ལས་སྒྲོལ་བའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལས་མ་ཉམས་ན། འཇིགས་པ་དེ་དག་གིས་མི་ཚུགས་ཤིང་། ཆད་པའི་གནས་མེད་དོ། །མགོན་བཙུན་དེ་ལས་གཞན་མེད་དོ་ཞེས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བགེགས་ཀྱིས་ཟིན་པའི་སྐྱབས་དང་། དཔུང་གཉེན་དུ་ཀུན་ཏུ་བཟང་པོའི་ཕྱིར་རོ། །དེར་གཞོལ་དེར་ནི་མཆོད་པའི་སྤྲིན་ཞེས་པ་ནི། མི་དང་ལྷའི་འབྱོར་བ་ཙམ་གྱིས་མི་སྲི་བར་མཆོད་པ་ལྟ་བུ་ཡིན་གྱིས། འདུ་འབྲལ་མེད་པའི་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱིས་མཆོད་པའི་ཕྱིར། དེར་གཞོལ་ཞེས་སྨོས་སོ། །ཀླུང་དུ་གནས་པས་བསྒྲུབས་ཐབས་སོ་ཞེས་བྱ་བ། དམ་ཚིག་མཆོག་ཏུ་བརྟག་པ་ལ་སོགས་པ་སྔགས་དང་ཕྱག་རྒྱ་དང་། སྒོམ་སྒྲུབ་རྩོལ་བའི་ས་ལ་མི་གནས་ཀྱི། མི་དམིགས་པའི་ཐེག་པ་ཁམས་གསུམ་ལས་ངེས་པར་འབྱུང་བའི་དོན་གྱིས་སྙིང་པོ་ལ་རྟག་ཏུ་གནས་པ་ཉིད་བསྒྲུབས་པའི་ཐབས་སོ། །ངང་གིས་མི་ལྡོག་དངོས་གྲུབ་པས་ཞེས་བྱ་བ། ཆོས་ཉིད་མཉམ་པ་ཆེན་པོ་ལ། རྟག་ཏུ་གནས་ཤིང་ཡིད་ཆེས་པ་ལ། ཆོས་ཉིད་དང་ཡེ་ཤེས་གཉིས་དབྱེར་མི་ཕྱེད་པ་ལ་གནས་པ་ནི། དངོས་གྲུབ་ཡིན་གྱི། བསྒོམ་པའི་མཐུ་དང་། བསྒྲུབ་པའི་མཐུ་དང་། ལས་འཕྲོས་མཐུ་དང་། ཕན་གནོད་སྣ་འགའ་ཙམ་ནུས་པ་ནི་དངོས་གྲུབ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདུ་འབྲལ་མེད་པའི་ཤེས་རབ་ཀྱི་ཚལ་ཆེན་པོ་ནི་དངོས་གྲུབ་ཡིན་གྱི། ཆོ་འཕྲུལ་དང་ཁྱད་པར་སྣ་འགའ་ཙམ་ནུས་པ་ནི་ཟད་ཤེས་པའི་མཐུ་འཕྲ་མོ་ཙམ་ཡིན་ནོ། །དོན་ཀུན་ཕྱག་རྒྱ་རྫོགས་པ་ཡིན་ཞེས་བྱ་བ། ཆོས་ཇི་བཞིན་པའི་ངང་ལ་མི་གཉིས་པའི་ཚུལ་གྱིས་གནས་པ་ནི་ཆོས་ཕྱག་རྒྱ་ཡིན་ལ། འདིའི་ནང་དུ་ཕྱག་རྒྱ་རིལ་གནས་པའི་ཕྱིར། ཐམས་ཅད་ཕྱག་རྒྱ་ཆེན་པོ་མ་ལུས་པ་ཡིན་པས་རྫོགས་པ་ཞེས་ཀྱང་བྱའོ། །ལྷའི་ཕྱག་རྒྱ་གསལ་བ་ཙམ་ལ་ནི་མི་བྱའོ། །འདི་དག་ཀུན་གྱི་བླ་མ་ཡང་ཞེས་བྱ་བ། འདི་སྐད་སྟོན་པའི་སློབ་དཔོན་ནི་སངས་རྒྱས་དང་ཐ་མི་དད་པར་བལྟའོ། །ཅིའི་ཕྱིར་ཞེ་ན། ཆོས་ཉིད་ཀྱི་གཏེར་སངས་རྒྱས་ཀྱི་ཐུགས་ལ་མི་མངའ་བ་མ་ནོར་པར་སློབས་མ་ལ་སྦྱིན་པར་མཛད་པ་ཡིན་ལ། སྟོན་པ་ཞལ་བཞུགས་ན་ཡང་འདི་ལས་ལྷག་པའི་ཆོས་བསྟན་དུ་མེད་པའི་ཕྱིར། མངོན་སུམ་སངས་རྒྱས་ཡིན་པས་ན་ཞེས་སྨོས་སོ། །འདྲ་བ་དང་བས་མཆོག་བསྐྱེད་དེ་ཞེས་བྱ་བ། འདི་སྟོན་པའི་སློབ་དཔོན་དང་། སངས་རྒྱས་གཉིས་ཐ་མི་དད་ཅིང་མོས་པ་གུས་པ་མཚུངས་པར་བྱ་ཞིང་། སེམས་དང་བ། སྒྱུ་མེད་པས་དགེ་བའི་བཤེགས་གཉེན་ལ་བརྟེན་ཅིང་མཉེས་པ་ཕུལ་ཏེ། ལུང་བཞིན་བཀོད་པར་བྱ་བ་དང་། ཆོས་ཉིད་ཀྱི་ལུང་ཟབ་མོ་ལ་བརྟེན་ཅིང་གོམས་པར་བྱ་བ་ལ་བྱའོ། །འདི་བསྟན་འདི་དག་ལ་བརྟེན་ན་ཞེས་བྱ་བ་འདི་ལྟ་བ་རྡོ་རྗེ་སློབ་དཔོན་ལ་བརྟེན་ཏེ། མན་ངག་འདི་ཐོས་པས་མ་བཅོས་པ་ཡེ་ནས་ལྷུན་གྱིས་གྲུབ་སྟེ། ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་ཉིད་ཡིན་པས་གཞན་ལ་རྟེན་མི་དགོས་ཏེ། རང་ཉིད་ལྷུན་གྱིས་རྫོགས་པ་ཆེན་པོའོ། །སྣུམས་པའི་དམ་ཚིག་བསྐྱང་བའི་ཕྱིར་ཞེས་བྱ་བ་ནི། དམ་ཚིག་ཉི་ཤུ་རྩ་བརྒྱད་ལ་སོགས་པ་བསྲུང་བའི་ཕྱོགས་ཡོད་པ་ལ་སྣུམ་པའི་དམ་ཚིག་ཅེས་བྱའོ། །ཐམ་ཅད་ནས་ཐམས་ཅད་དུ། འདུ་འབྲལ་མེད་པའི་གཟུངས་ཀྱི་རྒྱལ་མོ་ཀུན་ཏུ་བཟང་པོའི་དོན། འགྲོ་ཉལ་འདུག་སྡོད་དུ་དོན་གྱི་སྙིང་པོ་ལས་མི་འདའ་བ་ཆོས་ཀྱི་བཅུད་དེས། རྫོགས་པ་ཆེན་པོ་ཐོབ་པར་བྱེད་པའི་ཐབས་ཀྱི་རྒྱལ་མོ་ཡིན་པའི་ཕྱིར། སྣུམ་པའི་དམ་ཚིག་ཅེས་སྨོས་སོ། །བསྐྱང་བའི་ནི། ཀུན་གྱིས་ཀྱང་དེ་ལྟར་རྟོགས་པའི་དུས་དེ་ན། དོན་མཛད་པའམ། སངས་རྒྱས་པ་གཅིག་ཀྱང་མེད་དོ། །ཕན་པར་མཛད་པའི་སྐྱེ་བོ་ལ་ཞེས་བྱ་བ། སྣོད་རྣམ་པ་གསུམ་སྟེ། རྐྱེན་ཅི་བྱུང་ཡང་ཇི་མི་སྙམ་པ་དང་ལྟ་བ་ལ་ངོམས་པ་མེད་པ་དང་། དད་པ་ལ་སྐྱོ་ངས་མེད་པ་དང་ལྡན་པའི་སྐྱེས་བུ་ནི། སྔོན་སྦྱངས་པའི་འཕྲོ་ཡོད་པ་ཡིན་པས། དེ་ལྟ་བུ་སློབ་བུ་ལ་ཕན་གདགས་པའི་ཕྱིར་རོ། །ཆ་ཤས་བར་བསམ་མདོར་བསྡུས་ནས་ཞེས་བྱ་བ། མན་ངག་གི་དོན་ཡི་གེ་ཉུང་ན་ཡང་དོན་གྱིས་འདུས་པར་བསྟན་ཏེ། ལུང་དང་མན་ངག་གིས་ལུང་རིལ་འགྲེལ་ཅིང་། ཐེག་པ་འོག་མ་བ་དག་གི་དོན་གསལ་བར་དགོད་པའི་ཡིན་ནོ། །འཇུག་པ་ཙམ་ཞིག་སྐབས་འདིར་དབྱེ་ཞེས་བྱ་བ། དམ་ཚིག་ལ་འཇུག་པ་དང་། ལུང་ལས་འཇུག་པ་དང་། མན་ངག་ལ་འཇུག་པའོ། །དབྱེ་བ་ཞེས་པ་ནི། སྙིང་རྗེ་ཆེན་པོ་སྣོད་དང་སྦྱར་ཏེ་སྐབས་བསྟན་ཏོ། །རྗེ་བཙན་རྒྱལ་པོ་ཀུན་ཏུ་བཟང་པོ་ཡི། །བདེ་མཆོག་ངང་དུ་གནས་པའི་མན་ངག་འདི། །ཡང་གསང་ཐུགས་ལ་གནས་པའི་རྐྱེན་ཡིན་གྱིས། །མིང་གི་རྣལ་འབྱོར་རྣམས་ཀྱི་ཐུན་མོང་མིན། །འོན་ཀྱང་གཏན་དུ་ནུས་པར་མི་བྱ་བས། །རྗེ་བཙན་དམ་པ་མཉམ་སྦྱོར་བཤེས་གཉེན་གྱིས། །ངེས་པའི་བསྟན་པ་དོན་གྱི་སྙིང་པོ་འདི། །ཡང་དབང་གཏེར་ལ་བརྒྱུད་དེ་བཞག་པ་ཡིན། །རྫོགས་སོ།། །།

བྱང་ཆུབ་སེམས་བདེ་བ་ཕྲ་བཀོད་ཀྱི་དོན་འགྲེལ། ཡང་དབང་གཏེར།

བྱང་ཆུབ་སེམས་བདེ་བ་ཕྲ་བཀོད་ཀྱི་དོན་འགྲེལ་བཞུགས་སོ།། བདེ་བ་ཕྲ་བཀོད། བྱང་ཆུབ་སྙིང་པོ་ཉིད་ཀྱི་ངང་ལ་ཕྱག་འཚལ་ལོ། །དེ་དེར་ཡེ་ནས་སངས་རྒྱས་ཀྱང་། མུན་གཉིས་བསྒྲིབས་པས་མ་བྲལ་སྟོར། །དེས་དེར་གྱུར་པ་རྣམས་ཀྱི་ཕྱིར། །ལྷུན་མཉམ་བྱང་ཆུབ་བཤད་པར་བྱ། །ཐོག་མར་དོན་གྱིས་འོག་ནོན་བསྟན་པའི་ཕྱིར། །བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་བདེ་བས་ཕྲ་བཀོད་པ། ཞེས་པ་མཚན་བཤད་དེ། ཞེས་པ་གཉིས་ལས་བརྒལ་བའི་ངོ་བོར་དངོས་པོ་གཉིས་པའོ་ཅོག་གཅིག་པས་མི་གཡོ་བས་ངེས་ཚིག་གྲུབ་སྟེ་མཚན་ལྔ་དང་ལྡན་པའི་དོན་ངེས་པར་བཟུང་བ་ནི་གོལ་སྒྲིབ་རྣམ་པར་བཅད་པས་བདེ་བ་གཉིས་ཀྱི་དངོས་གཞི་དེ་གཡང་ས་དང་བྲལ་བས་མིང་འགྲུབ་སྟེ། དེ་ནི་དཔེར་ན་གསེར་གྱི་འཕྲ་མིག་ཏུ་རིན་པོ་ཆེ་ཚོན་ཤེལ་བཅུག་པ་ལྟར་སྐབས་ཀྱིས་གསུམ་དུ་བཏགས་པ་རིལ་རྫོགས་པར་སྟོན་པའོ། །དཔལ་རྡོ་རྗེ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་པ། བཏགས་པའི་སངས་རྒྱས་མི་ཁུར་ཏེ། འདིར་སྙིང་པོ་བྱང་ཆུབ་ཀྱི་དོན་རྟོགས་པ་ཀློང་དུ་གྱུར་པ་ལ་བྱ་སྟེ། གཉིས་ག་ཡིན་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་བདེ་ཆེན་པོ། །ཞེས་པ། སྣང་གྲགས་དྲན་རིག་ཡེ་ཤེས་ཀུན་དེར་རང་སྣང་བས་འཁོར་བའི་གནས་མེད་པའོ། །རྡོ་རྗེ་གསང་བ་ཐུགས་ཀྱི་གཏེར། །ཞེས་པ། གསུམ་ཡང་མི་ཕྱེད་པ་མ་བརྩལ་བས་མི་འཇིག་པའི་དོན་བློའི་ཡུལ་མིན་པས་ལྷུན་གྱིས་གྲུབ་པར་གསལ་བའོ། །ཡེ་ནས་ལྷུན་རྫོགས་བྱང་ཆུབ་སེམས། །ཞེས་པ། རང་རིག་པ་ནི་གདོད་ནས་ནོར་བུ་རིན་པོ་ཆེ་ལྟ་བུར་གྱུར་པའོ། །སེམས་དག་གང་སྙེད་གཏེར་གྱི་མཆོག །ཞེས་པ། བཤད་པའི་གདིང་སྙེད་པ་ནི་ཡོན་ཏན་ལ་འཕེལ་འགྲིབ་མེད་པའི་ཕྱིར་རོ། །བདེ་བས་དོན་རྟོགས་དོན་དེ་རྟོགས། །ཞེས་པ། རང་ཉིད་ཡེ་ཟིན་པས་དེ་ལ་བརྟགས་ན་རྟོགས་པར་འགྱུར་པའོ། དམ་ཚིག་བདེ་རྟོགས་བདེ་བའི་མཆོག །ཞེས་པ། དེ་ལྟར་མཇལ་ན་དམ་ཚིག་ལ་ཕུང་པོ་གཉིས་པ་མེད་པས་བཅས་པའི་ལྟུང་བ་མེད་པའོ། །བདག་ལུས་རྡོ་རྗེ་མི་བཟད་གཏེར། །ཞེས་པ། རྟོགས་པ་རྙེད་ན་མཐའ་ཡས་ཞིང་རྣམས་བདག་གི་རྡོ་རྗེ་སྐུར་གསལ་ཏེ་ཡོན་ཏན་གྱི་ཟླ་མེད་པའོ། །ཐུགས་ཀྱི་སྒོ་ལྕགས་དམ་པོའོ། །ཞེས་པ། རང་བྱུང་གི་ཡེ་ཤེས་ནི་མཚོན་པ་ལས་འདས་པས་ཐ་རམས་ལྟ་བུའོ། །འོ་ན་བསྟན་པ་ལ་དགོས་པ་མེད་དོ་སྙམ་པ་ལ། ཚིག་ཏུ་སྨྲ་བ་ལྡེ་མིག་གོ །ཞེས་པ། དེ་ཁོ་ན་ཅི་འདྲ་བར་སྟོན་པ་སྟེ། །གཏན་ཚིགས་ཀྱི་ལྡེ་མིག་དང་། གཏན་ཚིགས་མེད་པའི་ལྡེ་མིག་གིས་འབྱེད་པས་ཆོས་མཐུན་པའོ། །མཛད་ཀྱི་དོན་མདོར་ནི། བདག་ལ་རྫོགས་དང་གཞན་ལ་གསལ། །ཞེས་པ། ཐོབ་བྱ་མེད་པར་བདག་ཉིད་ཆེན་པོར་གྱུར་པ་དེ་ཐམས་ཅད་དུ་བསམ་པ་ལྟར་སྣང་བའོ། །འདོད་དགུར་སྒྱུར་བའི་རིན་པོ་ཆེ། །ཞེས་པ། བསམ་པ་དང་ཆེད་དུ་མ་བསྟུན་པར་གྲུབ་པའི་ལེགས་པར་སྣང་བས་ཆོས་མཐུན་པའོ། །རེ་དོགས་མེད་པས་མཁའ་དང་མཉམ། །ཞེས་པ། དེ་ལྟ་བུའི་ཕྱིར་རེ་བ་གསུམ་དང་དོགས་གསུམ་བྲལ་བས་ཡེ་ཤེས་ཀྱི་ནམ་མཁར་གསལ་བའོ། །ལུང་ནི་ཐིག་ཕྲན་སེམས་ལ་བཀོད། །ཞེས་པ། སྡེ་སྣོད་རྒྱུད་དང་གལ་པོ་ཐུགས་ལ་རྫོགས་པའི་ཕྱིར་རོ། །དེས་ན་གསང་བ་སྟོན་ཏོ། །བདག་ཉིད་ཆེན་པོ་ཡེ་ཡིན་པ་ནི། དཔལ་གྱི་རང་བཞིན་དཔལ་ལ་རྫོགས། །ཞེས་པ། ཐེག་པ་དགུའི་འབྲས་བུ་རིལ་ཡང་སྙིང་པོ་བྱང་ཆུབ་ངང་དུ་འུབ་པའོ། །སྟོང་ཁམས་ཐུགས་སུ་ཏིལ་འབྲུ་ཙམ། །ཞེས་པ། སྟོང་གསུམ་ཉུངས་འབྲུར་ཆུད་པ་ལྟར་བྱང་ཆུབ་སེམས་བརྟག་དཀའ་བའོ། །བདག་ཉིད་ཆེན་པོ་ཀུན་འདུས་དཔལ། །ཞེས་པ། ངང་གིས་གཞན་པ་བྲལ་བའི་ཕྱིར་ཀུན་ཀྱང་བདག་ཉིད་ཡིན་པས་ལེགས་པ་ཆེན་པོའོ། །ཀུན་ནས་འདུས་པས་སྲོག་གི་མཆོག །ཞེས་པ། བདག་ཉིད་ཆེན་པོ་ནི་རིལ་གྱི་བཅུད་དུ་གྱུར་པས་གཟུངས་དམ་པའོ། །དོན་ལ་གཏུགས་པས་གཏེར་གྱི་དཔལ། །ཞེས་པ། སུ་ཞིག་ལ་མ་རྨལ་བར་དེ་ཉིད་ལྟར་བསྟན་པས་གོ་བའི་ཕྱིར་ཡོན་ཏན་ནི་ཟད་པ་མེད་པའོ། །ཐུགས་ལས་འཕྲོས་པས་གཉིས་སུ་མེད། །ཞེས་པ། རིལ་རང་བྱུང་ཡེ་ཤེས་རང་སྣང་བའི་ཕྱིར་སྤྱོད་ཡུལ་མེད་པའོ། །འོ་ན་སྟོང་ངོ་ཞེ་ན། སྣང་བར་གྱུར་པས་མ་བཀག་སྟེ། །ངོ་བོ་ཉིད་ཀྱི་སྣང་བའི་ཕྱིར་སྤང་བྱ་མེད་པས་མ་འདྲེས་པའོ། །གསལ་བར་གྱུར་པས་སྙིང་པོའི་དོན། །ཞེས་པ། མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཕྱིར། ཀུན་སྙིང་པོ་བྱང་ཆུབ་ཡིན་པའོ། །འོ་ན་བསྟན་དུ་ཡོད་དོ་ཞེ་ན། རང་བཞིན་མེད་དེ་ཕྱོགས་དང་བྲལ། །ཞེས་པ། དེ་ཉིད་ཀྱི་ཕྱིར་རང་བཞིན་འདི་འདྲར་བསྟན་པའི་རིས་མི་སྙེད་པའོ། །ཡེ་ནས་རྫོགས་པས་ཐུགས་ལ་འདུས། །ཞེས་པ། རང་བཞིན་རྫོགས་པ་ཆེན་པོའི་ཕྱིར་རང་རིག་པར་གཅིག་པའོ། །འགྱུར་མེད་སེམས་ཀྱི་གཡུང་དྲུང་ངོ་། །ཞེས་པ། སེམས་ཀྱི་མཚན་ཉིད་བསྟན་པར་དཀའ་བས་ངོ་བོ་ཉིད་ཀྱི་རྟག་པའོ། །མ་ཆགས་ཐབས་ཀྱིས་དོན་ལ་བརྩོན། །མི་ལེན་དབྱིངས་ཕྱུང་ཐུགས་རྗེས་འཛིན། །ཞེས་པ། འགྲེ་ལོག་སྤྱི་ཚུགས་གར་འགྲེས་ཀྱང་མ་གོས་པའི་མཛད་སྤྱོད་ཀྱིས་འགྲོ་དོན་རྒྱུན་མ་ཆད་ཀྱང་། རྩོལ་བས་དང་དུ་ལེན་པ་མེད་དེ། མཛད་སྤྱོད་ལྷུན་གྱིས་རྫོགས་པའི་གཟུངས་ཀྱིས་ཟིན་པ་སྟེ། རྗེས་སུ་འཇུག་པ་པོའང་དེ་ཉིད་ཀྱི་ཕྱིར་བྱས་པ་ལ་རྩོལ་བ་མེད་པའོ། །དབྱིངས་ཀྱི་རང་བཞིན་བ་ག་སྟེ། །ཞེས་པ། ལྷུན་གྲུབ་པའི་དབྱིངས་ནི་ཡུམ་གྱིས་མཁའོ། །བསྐྱོད་པའི་ལམ་རྣམས་ལིང་གའོ། །ཞེས་པ། དེ་ཉིད་ཅིར་ཡང་རང་སྣང་བས་དོན་བྱེད་པ་ནི་ཡབ་ཐབས་ཀྱི་ངོ་བོ་ཉིད་དོ། །གཉིས་སུ་མེད་པའི་རྡོ་རྗེ་ལ། །ཞེས་པ། དེ་ལྟར་ཆས་བསྙད་པ་ལ་ངོ་བོས་ཡབ་ཡུམ་འབྱེད་པའི་རྩོལ་བ་མེད་དེ་གསང་བའི་རྡོ་རྗེའོ། །འཛིན་ཆགས་མེད་པའི་པད་མའོ། །ཞེས་པ། ཕྲིན་ལས་ཅི་མཛད་པ་ཆེད་དུ་བྱེད་པའི་གཟུང་འཛིན་ཙམ་གྱིས་ཀྱང་མ་བསྒོམ་པའི་ཕྱིར་ཐབས་དང་ཤེས་རབ་ལྷུན་གྱིས་རྫོགས་པའོ། །གསུམ་པ་མཐའ་ཡས་དག་པའི་ཞིང་། ཞེས་པ། ཨ་ཏི་ཡོ་གའི་ཐབས་ཤེས་རབ་གཉིས་སུ་མེད་པས་དོན་བྱ་བས་མཐའ་ཡས་པའི་འགྲོ་བ་རྣམས་འཆད་པའི་སྐུ་གསུང་ཐུགས་ཀྱིས་ཞིང་ཁམས་སུ་དག་པར་མཛད་པའོ། །རྣམ་བཞི་དོན་ལ་ཐུག་པ་ལས། །ཞེས་པ། དེ་ལྟར་བཞི་དོན་གྱི་མཐའོ། །དེ་གང་ཞེ་ན། རྒྱུད་དྲུག་སྦྱངས་པས་ཡེ་ཤེས་སོ། །ཞེས་ན། འགྲོ་བ་རིགས་དྲུག་ཡེ་ནས་མཐའ་གསུམ་བྲལ་བས་རང་བྱུང་གི་ཡེ་ཤེས་ཉིད་ཡིན་པའི་དོན་མཇལ་བའོ། །སྐུ་ནི་སྟོང་པ་དངོས་མེད་བྲལ། །ཞེས་པ། ལྷུན་གྲུབ་ཀྱི་སྐུ་སྟོང་པ་ཆེན་པོ་ནི་སྟོང་པའི་མཚན་མ་མེད་པའོ། །གསུང་ནི་སྨོན་མེད་ཡིད་ལས་འདས། །ཞེས་པ། བཤད་པ་ལྟར་བསྟན་པ་ཐམས་ཅད་རང་རིག་པ་ཡིན་པས་རང་གཞན་དུ་མ་ལུས་པས་རེ་བའི་བསམ་ཡུལ་ལས་གྲོལ་བའོ། །ཐུགས་ནི་མཚན་མེད་སྙིང་པོ་ལ། །ཞེས་པ། མཚན་མ་བཞི་ལས་འདས་པའི་རང་བྱུང་བའི་ཡེ་ཤེས་ཀུན་གྱི་ཏོག་ཏུ་གྱུར་པའོ། །མཐོང་བ་སྣང་སྲིད་དག་པའི་ཞིང་། །ཞེས་པ། ཁམས་གསུམ་ནི་མིང་ཙམ་ལས་ངོ་བོ་མ་ལོག་པའི་ཕྱིར་རྣམ་པར་དག་པའི་འཇིག་རྟེན་ནོ། །དམ་པ་བྱང་ཆུབ་སེམས་ལ་གནས། །ཞེས་པ། དེས་ན་འདོད་དགུ་རང་ལ་རྫོགས་པས་མི་ཚོལ་བ་སྟེ། དེ་ལྟར་ཇི་བཞིན་པ་ལ་ཇི་བཞིན་པས་བསྟན་པས་གོ་བའི་ཕྱིར་ལྡེའུ་མིག་གཉིས་པ་རྫོགས་ཏེ། དེ་ལ་ཅུང་ཞིག་མཇལ་དཀའ་བ་ལ་ལྡེ་མིག་དང་པོ་དྲིས་ལན་དང་བཅས་པར་བསྟན་པའི་ཕྱིར། དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ། བཤད་པའི་སྙིང་པོ་བྱ་བ་མེད་པའི་དོན་གོ་བས་མ་འོངས་པའི་ཕྱིར་དྲིས་ལན་བཤད་ལ་རྩད་གཅོད་པའོ། །རིང་དུ་འཁོར་བས་ཅི་ཞིག་བཙལ། །ཞེས་པ། རྩོལ་བའི་ལམ་གཞན་གྱིས་འབྲས་བུ་གང་འགྲུབ་དྲིས་པའོ། །བརྟགས་པའི་གནས་ནི་སེམས་ལ་གཏུགས། །ཞེས་པ། དང་པོའི་ལན་མདོ་སྟེ་རང་བཞིན་གྱི་གཏན་ཚིགས་དང་ལུང་དང་མན་ངག་དང་དཔེ་དང་རང་གི་ཤེས་རབ་ཀྱི་དངོས་པོ་ཅི་ཡིན་དཔྱད་པའི་གཞི་དང་དོན་རང་གི་སེམས་ལ་ཐུག་པའོ། །གཞན་ནས་བཙལ་བས་ག་ལ་རྙེད། །ཞེས་པ། གཉིས་པའི་ལན་མདོ་སྟེ། གྲུབ་མཐའ་ལོགས་ནས་ཚོལ་བའི་རྩོལ་བས་མི་འགྲུབ་པའོ། །དེ་ལ་མ་ནོར་བའི་ལམ་སྐུ་གསུང་ཐུགས་རྒྱས་པ་གང་སྙམ་པ་ལ། ཕུང་པོ་སྦྱངས་པས་ལམ་ཅིག་སྙེད། །དཀྱིལ་དུ་གྱུར་པས་དོན་ལ་གཏུགས། །ཞེས་པ། ཐམས་ཅད་བདག་གི་ལུས་ཀྱི་ངོ་བོ་ཚད་མ་གསུམ་གྱིས་དཔྱད་པས་དེ་ཉིད་རང་གི་སེམས་ཡིན་པའི་དོན་ཐོབ་པ་ནི། སེམས་ཉིད་མཐའ་རྣམ་པར་བྲལ་བའི་ཕྱིར་རོ། །དེའི་ཐབས་བརྡས་བསྟན་པ་ནི། རྟེན་ཡང་ཡི་གེ་ཧཱུྃ་ལ་བབས། །ཚོལ་ཡང་ཧཱུྃ་གི་དོན་ཅིག་ཚོལ། །ཞེས་པ། རང་རིག་པ་ལ་བརྟེན་ནས་རང་རིག་པའི་རྩད་གཅོད་པའོ། །ཧཱུཾ་གིས་ཧཱུཾ་ཚོལ་ཧཱུཾ་མི་རྙེད། །ཞེས་པ། སེམས་ཀྱི་སེམས་བཙལ་ན་སེམས་ཀྱི་ངོ་བོ་འདི་འདྲར་མི་མཐོང་བའོ། །དེ་ལས་ཧཱུཾ་གིས་དོན་ཅིག་རྙེད། །དོན་ཀྱི་དོན་རྙེད་སེམས་ལ་གཏུགས། །ཞེས་པ། ཅིར་ཡང་མ་མཐོང་བ་དེ་ཁོ་ན་སེམས་ཉིད་མཐོང་བ་ཡིན་པའི་ཕྱིར་རང་སེམས་ལས་ཤེས་བྱ་གཞན་ན་མེད་པའོ། །སེམས་ཀྱི་དེ་ཉིད་བརྟག་པར་བྱ། །ཞེས་པ། སེམས་ཀྱི་དོན་བཙལ་ཞིང་རྙེད་ནས་བསྒོམས་ཤིག་པར་གདམས་པའོ། །ཐབས་དེ་གང་ཞེ་ན། ཡི་གེ་ཆོས་ཀྱི་དབྱིངས་ཞེའམ། །ཆོས་ཀྱི་དབྱིངས་ཉིད་ཡི་གེའམ། །ཞེས་པ། དཔྱད་ཐབས་ནི། གལ་ཏེ་བརྡ་མ་ཡིན་པར་ཡི་གེ་ཁོ་ནས་མཚོན་ནས་སྒོམ་མོ་ཞེ་ནའང་། ཡི་གེ་དང་ཆོས་ཉིད་གཅིག་གམ་ཐ་དད་པ་གང་ཡིན་བརྟག་པའོ། །ཐུགས་ཀྱི་སྙིང་པོ་ཡི་གེ་ཧཱུཾ། །ཧཱུཾ་གིས་ཐུགས་ལ་ཇི་ལྟར་མཚོན། །ཞེས་པ། འདི་ལྟར་བློས་དཔྱད་པའོ། །ཐུགས་ལ་དངོས་པོ་ཡོད་ཞེ་སྙམ། །ཡི་གེ་དངོས་པོ་གང་གིས་བགྱི། །ཞེས་པ། སེམས་ཧཱུཾ་ལྟ་བུ་ཅིག་ཡོད་དམ་འོན་ཏེ་ཡི་གེ་ཉིད་དངོས་གཞི་ཇི་ལྟ་བུ་ཡིན་དཔྱད་ན་རྙེད་པར་འགྱུར་ཞེས་དྲིས་པའོ། །དངོས་མེད་དངོས་བྲལ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཀུན་གྱི་རྒྱུ། །ཞེས་པ། །ལན་ནི་དེ་ལྟར་བརྟགས་ན་རང་རིག་པ་ནི་ཐེར་ཟུག་པ་མེད་དེ་རིལ་མ་སྤངས་བྲལ་བའོ། །དེའི་ཕྱིར་ཆོས་སོ་ཅོག་གི་གཞིར་གྱུར་པས་ཡི་གེའི་ངོ་བོའང་ཡིན་པའོ། །ཧཱུཾ་ནི་ཐུགས་ཀྱི་རང་རྟགས་ཡིན། །ཞེས་པ། རྒྱུད་ལུང་མན་ཆད་ལྟར་ཡེ་ཤེས་ལྔར་ཕྱེ་ནས་མཚོན་པ་ནི། འདིར་མི་ལེན་མི་སྤོང་ཏེ་རང་རིག་ཧཱུཾ་དུ་རང་ཤར་བ་ནི། དཔེར་དཔའ་མཚན་ལྟ་བུ་མ་ཡིན་ཏེ་དཔའ་བའི་རྟགས་སྣ་ལ་མཆོང་བ་ལྟ་བུ་སྟེ་ཡི་གེ་གཉིས་ཀྱང་རྗེས་སུ་སྦྱར་རོ། །ཨཱོཾ་ནི་སྐུ་རུ་ཇི་ལྟར་བསྐྱེད། །ཞེས་པ་དག །དྲིས་པ་ལྟ་བུ་ནི། ཡོངས་སུ་རྫོགས་པའི་ཡི་གེ་དང་ཡེ་ཤེས་ཀྱི་སྐུ་ཐ་མི་དད་པར་རང་སྣང་བས་ཨཱོཾ་ལ་རྟེན་པ་མེད་པའི་ཕྱིར་ཏེ་ཧཱུཾ་གི་རྗེས་སུ་སྦྱར་རོ། །གསུང་ནི་ཕྱོགས་བྲལ་མཐའ་ཡས་པ། ཨཱོཾ་གྱིས་གསུང་ནི་ཇི་ལྟར་འགྲུབ། །ཞེས་པ། དྲིས་པ་ལྟ་བུ་ནི། འདིའི་གསུང་རྣམ་པ་དང་བྲལ་བ་དེ་ཡི་གེ་ཕྱོགས་ཆ་ཅིག་གིས་ཇི་ལྟར་འགྲུབ་དྲིས་པའོ། །ཨཱོཾ་ནི་གསུང་ལ་མི་གནས་སོ། །ཞེས་པ། ལན་ལྟ་བུ་ནི་ཨཱོཾ་ཉིད་རང་རིག་བརྗོད་པ་དང་བྲལ་བ་ཡིན་པས་ཕྱོགས་ཆ་ལ་རྟེན་མཚོན་མེད་པའི་ཕྱིར་རོ། །ཡང་ན་ཧཱུཾ་ཨཱོཾ་གྱི་རྗེས་སུ་མཐུན་པར་འགྲེལ་ཏེ། སྙིང་པོ་བྱང་ཆུབ་སེམས་དེ་ནི། །ཡི་གེ་ལ་ཡང་མི་གནས་ཤིང་། །སྐུ་གསུང་ཐུགས་ཀྱང་མི་བསྒྲུབ་པའོ། །ཞེས་པ། རིགས་པའི་ཡེ་ཤེས་འབྲུ་གསུམ་རེ་རེས་མཚོན་པའི་ཐ་སྙད་མེད་པར་གསུམ་ལྷུན་གྱིས་གྲུབ་པའི་ངོ་བོའོ། །སྟོང་པ་མཚོན་མེད་སྨོན་མེད་པའི། །རྣམ་ཐར་སྒོ་གསུམ་སྐུ་གསུང་ཐུགས། །ཞེས་པ། དེ་ཇི་ལྟར་གྲུབ་ཞེ་ན། བཤད་པའི་སྐུ་གསུང་ཐུགས་ཉིད་བཅིངས་གྲོལ་མེད་པར་ཐམས་ཅད་དུ་སྣང་བ་མི་འགོག་པའི་ཕྱིར་རོ། །རྒྱུད་དྲུག་ལམ་ནི་ཡེ་ཤེས་དྲུག །ཞེས་པ། ཉོན་མོངས་དྲུག་ཉིད་རང་བྱུང་བའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །ཕྱོགས་བྲལ་སྐྱེས་བུ་ཆེན་པོ་དེས། །ཕྱོགས་ཅིག་སྤོང་ཞིང་ཕྱོགས་དང་བྲལ། །ཞེས་པ། སྤྱོད་ཡུལ་མེད་པར་རྟོགས་པའི་རྣལ་འབྱོར་པས་ལྟ་ངན་ལ་མི་གནས་བཞིན་དོར་བ་མེད་པའོ། །ཕྱོགས་ཀྱི་དོན་ཅིག་ཕྱོགས་ལ་སྤྲོ། །སེམས་ཀྱིས་སེམས་ཚོལ་སེམས་མི་རྙེད། །ཞེས་པ། སུ་ཞིག་ཤེས་པ་ཆོས་ཉིད་ལ་ཕར་འབྲང་དེ་ཚོལ་སྤྱོད་པ་ནི་གླང་པོ་ཞོན་ནས་གླང་ཚོལ་བ་ལྟ་བུར་མི་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཀྱི་རང་བཞིན་གཏིང་དཔག་དཀའ། །ཞེས་པ། མཚན་ཉིད་མེད་པའི་ཕྱིར་རོ། །སེམས་དེ་རྙེད་ན་བྱང་ཆུབ་སེམས། །ཞེས་པ། ཚོལ་བ་མེད་པས་ཅིར་ཡང་མ་མཐོང་ན་དེ་འཐོབ་པའོ། །དེ་མཚོན་གྱི་དོན་གྱིས་བསྟན་པ་གང་ཞེ་ན། གཟུགས་བྲལ་དེ་ལ་གཟུགས་ཀྱང་རྫོགས། །ཞེས་པ། བྱང་ཆུབ་སེམས་ལ་རྣམ་པའི་གཟུགས་མེད་བཞིན་ཁ་དོག་དབྱིབས་ཀུན་ཀུན་ཀྱི་ངོ་བོར་གྱུར་པ་བྱང་ཆུབ་བོ། །ཁ་དོག་དབྱིབས་ཀྱང་གཟུང་དུ་མེད། །ཞེས་པ། དེ་ལྟ་ཡིན་ཡང་རྣམ་པ་ཅན་ཞིག་ཏུ་མེད་པའི་ཕྱིར་དངོས་པོར་ཐལ་བ་མེད་པ་སེམས་སོ། །དེ་ཀུན་འགྱུར་མེད་བྱང་ཆུབ་སེམས། །ཞེས་པ། སྣང་སྟོང་རིལ་འཕོ་འགྱུར་མེད་པའི་ངོ་བོ་ཉིད་ཡིན་པའོ། །རྟོག་པའི་སྤྱོད་ཡུལ་ལས་འདས་པ། །ཞེས་པ། ཡིད་ཀྱིས་ངེས་པར་བསམ་དུ་མེད་པས་བདེའོ། །དེ་ཉིད་རྟོགས་མེད་ཁོ་ནའོ། །ཞེས་པ། བསམ་དུ་མེད་པར་རིག་ན་ལྟ་བ་མ་ནོར་བའོ། །རིན་པོ་ཆེ་ནི་ལུང་དུ་བསྡུས། །ཞེས། ཡོན་ཏན་རིལ་རང་རིག་ངེས་པའི་ལུང་ལ་རྫོགས་པ་བཀོད་པ་སྟེ། སེམས་ནི་རིན་པོ་ཆེ་ལ་གནས། །ཞེས་པ། བྱང་ཆུབ་སེམས་ཉིད་ཡོན་ཏན་གྱི་ངོ་བོར་བཞུགས་པའོ། །སེམས་ཉིད་ལུང་དུ་བསྟན་པའོ། །ཞེས་པ། ངང་གིས་སྒྲོ་སྐུར་བྲལ་བར་གསུངས་པའོ། །དཀར་ལ་ལྡེམ་ཚེར་དག་པ་སྟེ། །ཞེས་པ། མཐའ་རྣམ་བྲལ་བས་ཅིར་ཡང་སྣང་བའི་རིག་པ་རང་གསལ་བས་བྱང་བའོ། །བྱང་བའི་དོན་གྱིས་འགྱུར་བའི་སེམས། །ཞེས་པ། བཤད་པའི་ཕྱིར་ངོ་བོ་མ་ངེས་པས་ལྷུན་གྱིས་གྲུབ་པའོ། །མི་འགྱུར་ཤེས་པས་བརྟག་པར་བྱ། །ཞེས་པ། འགྱུར་བའི་མ་ངེས་པ་མ་ཡིན་པར་རིག་པས་དེ་བསྒོམ་པའོ། །བྱང་ཆུབ་སེམས་ལུང་མན་ངག་བརྫོགས། །འདི་ནི་སྙིང་པོ་རྫོགས་པའོ། །ཞེས་པ། དེ་ལྟར་མཇལ་བ་ནི་ཚད་མ་གཉིས་ཀྱི་དོན་མཐར་ཕྱིན་པ་སྟེ། བློའི་གཏིང་དུ་མཇལ་བས་མཚན་གྱི་དོན་མཐོང་བའོ། །འོངས་སོ་ཐམས་ཅད་དང་བྲལ་བའི། །དངོས་པོ་ཐམས་ཅད་ཡོངས་སུ་རྫོགས། །ཞེས་པ། བྱང་ཆུབ་སེམས་སྣང་བ་དང་སྟོང་པ་གཉིས་སུ་མེད་པའོ། །སེམས་ཀྱིས་སེམས་ཚོལ་སེམས་དེ་རྙེད། །ཞེས་པ། ཐུན་མོང་མ་ཡིན་པའི་བསམ་དཔྱོད་ཀྱིས་རྟོགས་སུ་བཏུབ་པའོ། །དེ་ནི་སེམས་ཀྱི་གཏེར་སེམས་ཡིན། ཞེས་པ། རྟོགས་པའི་ཡོན་ཏན་གོ་སླའོ། །ལུང་ནི་བྱང་ཅུབ་སེམས་དེ་ཡིན། །ཞེས་པ་བཤད་ཟིན་ཏོ། །མན་ངག་བདེ་བ་ཆེན་པོ་ཉིད། །ཞེས་པ། རང་རིག་རྩོལ་བའི་སྡུག་བསྔལ་དང་བྲལ་བའོ། །ཐིག་ལེ་འཁྱིལ་པས་དོན་ལ་གཏུགས། །ཞེས་པ། དེ་ལྟར་དོན་དང་གཏན་ཚིགས་ཀུན་རང་ཡིན་པས་དབྱེར་མེད་པར་ཐག་ཆོད་པའོ། །སྤྱོད་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བདེ་བ་ཆེན་པོའི་རྒྱན་ཡིན་པས། །ཞེས་པ། ཉོན་མོངས་པ་སོ་མ་གྲུབ་པས་དུག་གསུམ་གྱི་དེ་ཁོ་ན་ཉིད་བདེ་བ་ཆེན་པོ་སྟེ། མ་སྤངས་བྲལ་བས་སྤང་དུ་མེད་དོ། །མ་བཀག་བག་ལ་ཉལ་བསལ་ཞིང་། །ཞེས་པ། དེར་མཇལ་བས་ཉོན་མོངས་པའི་བག་ཆགས་རང་སར་རང་གྲོལ་བའོ། །དོན་ལ་གཏོད་ཅིང་ལུང་ལ་གཏུགས། །ཞེས་པ། གདིང་ལས་མི་འགྱུར་བར་ངེས་པའི་ལུང་དང་འཕྲད་པའོ། །གཏུགས་པའི་དོན་ལ་དེ་མ་ཐག །ཞེས་པ། ས་མ་བགྲོད་པར་ནོན་པས་དུས་ཤིན་ཏུ་མྱུར་བའོ། །ས་གང་ཞེ་ན། དབྱིངས་དང་སྣང་སྲིད་ཐམས་ཅད་ཀུན། །ཡེ་ནས་རྒྱུན་གྱི་བྱང་ཆུབ་སེམས། །ཞེས་པ། ཆོས་སོ་ཅོག་བྱང་ཆུབ་སེམས་སྐད་ཅིག་མ་མེད་པར་རྒྱུན་དུ་བྱུང་བའི་ངོ་བོ་ཡིན་པ་ནི་སྣང་སྲིད་དག་པའི་ཞིང་སྟེ། དེའི་ཕྱིར། འགྲོ་བ་རིགས་དྲུག་སྐྱེ་བ་བཞི། །འདི་ནི་འབྲས་བུ་རྫོགས་པའོ། །ཞེས་པ། །དེ་དག་མིང་ཙམ་སྣང་བ་ལས་ངོ་བོ་ཅིའང་མ་ཡིན་པའི་ཕྱིར་ཆོས་ཀྱི་སྐུ་ཆེན་པོའོ། །ཁྱད་པར་མཆོག་དང་ཁྱད་པར་གྱི། །ཞེས་པ། ཐེག་པ་འདི་ཉིད་དང་གཞན་གྱི་ལྟ་སྤྱོད་འབྲས་བུ་རྣམས་སོ། །ཐུགས་ནས་བསྒེགས་པས་རྒྱན་གྱི་མཆོག །ཞེས་པ། དེ་དག་ལྷག་པའི་ཡེ་ཤེས་སུ་གདོད་ནས་རང་འུབ་པས་མཛེས་པའོ། །རྫོགས་པ་ཆེན་པོའི་སྐུའི་རྒྱན། །ཞེས་པ། མ་འདྲེས་གསལ་ལ་ཡོངས་སུ་རྫོགས་པའི་ཕྱིར་སྟོང་གི་འཇིག་རྟེན་ཉིད་བླ་མའི་སའོ། །སྐལ་ལྡན་སྐྱེས་བུ་ཆེན་པོ་དེས། །བླ་མ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་ཡིས་ནི་དེ་མ་ཐག །ཞེས་པ། མ་ནོར་བའི་བློ་ཅན་གྱིས་རྒྱལ་བ་དང་རིགས་འཛིན་རིལ་དང་དགོངས་པ་གཅིག་པར་བཤད་པའི་དོན་དེ་མཇལ་བའི་རིག་པའི་ཡེ་ཤེས་ཀྱིས་སྐད་ཅིག་ལ་ས་དེ་ནོན་པའོ། །དེའི་མཛད་པ་ནི། དེ་ལྟར་གསལ་རྟོགས་རྣལ་འབྱོར་པས། །བྱང་ཆུབ་སེམས་ཀྱི་དབྱིངས་མ་སྐྱོང་། །ཞེས་པ། བཤད་པ་བཞིན་ལྟ་བ་དང་ཏིང་ངེ་འཛིན་དུ་ལྡན་པས་རིལ་ཡེ་ཤེས་བླ་མའི་སར་བཏོན་པའོ། །སྦྱོར་ལས་ཆགས་བྲལ་བྱང་ཆུབ་སེམས། །དབང་ཕྱུག་ཆེན་པོ་མཁའ་ལ་སྦྱོར། །ཞེས་པ། ཅིར་ཡང་དོན་མཛད་པ་དེ་ལ་རློམ་སེམས་མེད་པའི་བདག་ཉིད་ཆེན་པོས་རིལ་ཆོས་ཀྱི་སྐུ་ཆེན་པོར་སྦྱོར་བའོ། །ཅི་ཡང་ཡིན་ནོ་གང་ཡང་རུང་། །སུ་ཞིག་ཐུགས་ཀྱི་དཀྱིལ་འཁོར་དུ། །གཏེར་དང་ལྡན་ནོ་ཁྱད་པར་ཆེ། །ཞེས་པ། རིལ་མཛད་སྤྱོད་དུ་མ་གྱུར་པ་མེད་པའི་གདེང་ཅན་ནི་ཟད་པ་མེད་པའི་གཏེར་རྙེད་པའི་ཕྱིར་རྟོགས་པའི་ཡོན་ཏན་ནོ། །མ་བཀག་སེམས་ཀྱི་ཁྱད་པར་ལ། གཡང་ས་ཞེས་པ་ག་ལ་ཡོད། །ཞེས་པ། ཐམས་ཅད་རང་རིག་རང་སྣང་བའི་ཕྱིར་གཡང་ས་གཞི་ལ་མ་གྲུབ་པའོ། །སུ་ཞིག་གཡང་ས་གང་ནས་སྐྱེས། །གཡང་ས་ཚོལ་བ་སུ་ཞིག་ཡིན། །ཞེས་པ། དེ་ལྟ་བུའི་ངང་ལ་གཡང་ས་གང་གི་རིག་པ་ལས་བྱུང་། དེ་ཆེད་དུ་གཉེར་བ་སུ་ཡོད་དེ་མ་གྲུབ་པའོ། །བྱང་ཆུབ་སེམས་ནི་བདེ་ཆེན་གྱིས། གཡང་ས་ཞེས་པ་གཏན་དུ་ཕྱུང་། །ཞེས་པ། དམྱལ་བ་ལ་སོགས་པ་ཉིད་ཀྱིས་སྡུག་བསྔལ་ཆོས་ཉིད་ཀྱི་ཡོ་ལང་ཡིན་པས་ལྟུང་བ་ཀ་ནས་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། གཡང་ས་ཉིད་ཀྱང་བྱང་ཆུབ་སེམས། ཞེས་གསུངས་ཏེ། དེ་ཉིད་ལས་བདེ་བ་ཆེན་པོ་གཞན་ན་མེད་པའི་ཕྱིར་མི་བཟད་ཁམས་ལ་བག་མི་ཚ་བའོ། །སུ་ཞིག་དུས་གསུམ་གང་ནས་ཚོལ། །དུས་གསུམ་བྱ་བ་གང་ན་ཡོད། །ཞེས་པ། རྒྱུ་རྐྱེན་འབྲས་བུ་ཉིད་རང་འབྲས་བུ་ཡེ་ཤེས་སུ་ཐ་མི་དད་པ་ལ་གང་ཞིག་འདས་པ་དང་མ་འོངས་པ་དང་ད་ལྟར་གཉེར་བ་ཡོད་དེ་གཞི་ལ་རིམ་པ་མ་གྲུབ་པའོ། །འབྲས་བུ་ཡོངས་སུ་དག་པས་ན། །དུས་གསུམ་ཡོངས་སུ་དག་པའི་རྒྱུ། །ཞེས་པ། གདོད་ནས་རྒྱུ་འབྲས་དབྱེ་མེད་དེ་འབྲས་བུ་ཉིད་དུ་སྨིན་ཟིན་པའི་ཕྱིར་འགྲུབ་པའི་དུས་ཀྱི་རིམ་པ་ལས་གྲོལ་བའོ། །སྐུ་གསུང་ཐུགས་ཀྱི་བདེ་ཆེན་ལ། །གོལ་ས་བྱ་བ་ག་ལ་ཡོད། །ཞེས་པ། ཐམས་ཅད་སྐུ་གསུང་ཐུགས་ཆེན་པོར་སངས་རྒྱས་པས་གོལ་ས་ཀ་ནས་རང་དག་པའོ། སུ་ཞིག་གོལ་ས་དོན་དུ་གཉེར། །ཞེས་པ། མེད་བཞིན་ཚོལ་བ་མི་འབྱུང་བའོ། །གདེང་གིས་དག་པའི་ཕྱིར། ཡེ་ཤེས་རྟོགས་འདི་ཁྱད་པར་གྱིས། །སྤྱོད་ལམ་རྣམ་བཞི་གང་སྤྱད་ཀྱང་། །འཆིང་བར་མི་འགྱུར་རྣམ་གྲོལ་རྫོགས། །ཞེས་པ། རང་བྱུང་ཡེ་ཤེས་གཏིང་ཕྱིན་པར་མཇལ་བས་འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་དུ་སྤྱོད་པ་རིལ་ལ་སྤྱད་ཀྱང་གོལ་བ་མེད་དེ་ཡང་དག་པའི་མཛད་སྤྱོད་ཉིད་དུ་སྨིན་ཟིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ལྟ་བས་མཐོང་ལ་རྟོག་པ་མིན། །ཞེས་པ། ཐམས་ཅད་མཁྱེན་པར་རིག་པ་རང་གསལ་བས་ཡུལ་མེད་པའི་ཕྱིར་རོ། །ཡེ་ནས་ལྷུན་རྫོགས་མཉམ་པའི་ངང་། །དེ་ལ་གོལ་ས་ག་ལ་ཡོད། །ཞེས་པ། བདག་ཉིད་ཆེན་པོར་ལྷུན་གྱིས་རྫོགས་པས་ཟུག་རྔུ་མེད་པ་དང་བྲལ་བ་ལ་གཞན་པ་མ་དམིགས་པའི་ཕྱིར་གོལ་བའི་ས་མེད་པའོ། །མཁའ་མཉམ་དབྱིངས་ལ་གཏེར་ལྡན་པའི། །དོན་ཆེན་རྟོགས་པའི་རྣལ་འབྱོར་པས། །ཞེས་པ། ལྷུན་གྱིས་གྲུབ་པའི་དོན་རྟོགས་པ་ཡོད་པས་ཡོན་ཏན་ཅི་འབྱུང་ཞེ་ན། ཁྱད་པར་ཅན་དང་ཁྱད་པར་གྱི། །ཆུ་ཤིང་རུལ་པའི་སྙིང་པོ་ལྟར། །གཏན་དུ་མེད་པ་མ་ཡིན་ཏེ། །སུརྱའི་འོད་དང་ཙན་དྲ་བཞིན། །དངོས་པོ་མེད་ལས་སྙིང་པོ་འབྱུང་། །ཞེས་པ། མངོན་པར་མཐོ་བའི་འབྲས་བུ་ཆེན་པོ་ཉིད་དང་མངོན་ཤེས་རྫུ་འཕྲུལ་ལ་སོགས་པ་ཤིན་ཏུ་ཟག་པ་མེད་པའི་ཡོན་ཏན་ནི་ཆུ་ཤིང་ལྟར་མེད་པ་མིན་ཏེ། ཉི་མ་དང་ཟླ་བའི་འོད་བཞིན་དུ་རང་རིག་ཅིའང་མ་ཡིན་པ་ཉིད་ཞེན་པ་གཉིས་དག་པ་ཙམ་གྱིས་འབྲས་བུ་ཐམས་ཅད་དུ་རང་འཆར་བའོ། །དེས་ན་དངོས་བྲལ་དངོས་མེད་ཆོས་དབྱིངས་ལ། །སེམས་ཀྱི་ཉི་ཟེར་སྤྲོ་ཞིང་བསྡུ། །ཞེས། མཐའ་དང་བྲལ་བའི་ཆོས་ཇི་བཞིན་པ་ལ་རང་རིག་པའི་ཡེ་ཤེས་རང་གསལ་བའི་ཉི་མས་རང་བརྡལ་ཞིང་དེར་བཟླུམས་པའང་ཐ་སྙད་ཙམ་སྟེ། ངོ་བོས་ཡུལ་དུ་སྒོམ་པར་ཐལ་བ་ནི་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆགས་པ་ཉིད་ན་མ་ཆགས་ཏེ། །ཞེས་པ། བསྒོམས་ཙམ་ཉིད་ན་ཡུལ་དུ་ཞེན་པ་མེད་དེ་སྒོམ་སྤྱོད་ཀྱི་སྒྲིབ་པ་ཉིད་སེམས་ཀྱི་ཡེ་ཤེས་སུ་རང་གསལ་བ་ནི་མུན་པ་ཉིད་སྣང་བར་གསལ་བ་ལྟ་བུའི་ཕྱིར། ནུབ་ཀའི་ཟེར་དང་ནམ་ལངས་བཞིན། །ཞེས་གསུངས་སོ། །འདི་བཙའ་བའི་ཐབས་ནི། རྒྱ་མཚོའི་གཏིང་གི་རྡོ་བ་བཞིན། །སྐལ་པར་དཀྲུག་ཀྱང་ཁར་མི་འབྱུང་། །ཞེས་པ། སྲོག་ལ་བབ་ཀྱང་གསང་བའོ །རྟོགས་ལ་མ་ཆགས་སེམས་དང་ཡུལ། །སྦྱོར་ཞིང་མ་ཆགས་སྒྲོལ་ཞེས་བྱ། །ཞེས་པ། ཡོན་ཏན་ཅི་ལའང་ཞེན་པའི་སྐྱེས་བུས་ཡུལ་སེམས་གཉིས་མེད་དུ་རྟོགས་པས་སྤྱོད་ཡུལ་ཡོངས་སུ་དག་པས་སྦྱོར་སྒྲོལ་གཉིས་དུས་ཅིག་ཏུ་ལྷུན་གྱིས་རྫོགས་པའོ། །ཕྲ་བཀོད་ལུང་དོན་དོན་གྱི་སྒང་དྲིལ་ནས། །ཕྱོགས་མཐོང་དོན་དུ་འགྲེལ་པ་འདི་བྱས་པའི། །ཉེས་པ་རང་སེམས་ཀློང་དུ་བཤགས། །དགེ་རྩས་མཐའ་ཡས་བྱ་བྲལ་ཤོག །བྱང་ཆུབ་སེམས་བདེ་བ་ཕྲ་བཀོད་ཀྱི་དོན་འགྲེལ་རྫོགས་སོ། །ནོར་མཆོག་མི་གཏོང་སྒོམ་མི་བྱེད། །ཐོབ་ནས་ཚོང་སེམས་ཁེ་གྲགས་གཉེར། །སྣང་རྒུར་འཕྱན་ཞིང་སྤེལ་བྱེད་པའི། །སྣོད་དམ་བྲལ་དང་མ་ཕྲད་ཅིག །སྐལ་ལྡན་དུས་བབ་སྣོད་དམ་ཅན། །རྒྱུད་ངེས་འཚོ་བྱེད་ཀྱེ་འདི་ལྟ། །ཡང་དབང་གཏེར།། །།

རྫོགས་པ་ཆེན་པོ་རིག་པའི་ཁུ་བྱུག་གི་དོན་འགྲེལ།

རྫོགས་པ་ཆེན་པོ་རིག་པའི་ཁུ་བྱུག་གི་དོན་འགྲེལ་བཞུགས་སོ། །དཔལ་ཀུན་ཏུ་བཟང་པོ་དབང་ཕྱུག་ཆེན་པོ་ཉིད་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་རིག་པའི་ཁུ་བྱུག་ཞེས་བྱ་བ་འདིའི་དོན་དཀྲོལ་བ་བརྩམ་པར་བྱའོ། །དེ་ལ་ཤིན་ཏུ་རྣལ་འབྱོར་གྱི་སྡེ་བཀྲ་ཤིས་པའི་རྒྱུད་ལས་བསྡུས་ནས་སྐྱེས་བུ་ཡང་རབ་ཀྱི་བློ་ལ། །དེ་ཁོ་ན་ཉིད་གསལ་བར་སྒྲོགས་པས་མཚན་ངེས་པ་འདི། དམན་པའི་ལྟ་བ་སུན་ཕྱུང་སྟེ་ལྷག་པའི་ཤེས་རབ་ཅན་རྣམས་ཀྱིས་གོ་བར་བྱ་བའི་ཕྱིར། དོན་གསུམ་དུ་བསྡུས་ཏེ་བདག་གིས་བཀྲོལ་བ་འདི་ལྟ་སྟེ། དང་པོར་མཚན་ངེས་པར་ཡིད་ཆེས་པར་བྱ་བའི་ཕྱིར། རྒྱ་གར་སྐད་དུ། སན་ཏི་དར་པ། བོད་སྐད་དུ། རྫོགས་པ་ཆེན་པོས་གཅིག་པ་ཞེས་པ། ཁུངས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར། ཆོས་སྐད་བཟང་པོ་ལས་ཐད་ལོག་ཏུ་བསྒྱུར་བའི་དོན་ནི། དོན་སྐྱེད་དུ་བྱ་བ་མེད་ཅིང་རིལ་བདག་ཉིད་དུ་གནས་པས། ལོག་པ་པ་དང་བསྟི་གནས་པ་ལྟར་རིམ་པར་བགྲོད་དུ་མེད་པ་ནི། རྫོགས་པ་སྤྱིར་ཆུབ་ཀྱི་ས་ཉིད་ཁོ་ནར་སྟོན་ཏོ། །ཆེ་བ་བསྟན་པའི་ཕྱིར། སྭ་སྟི་དཔལ་གྱི་དཔལ་ཞེས་པ། ས་བགྲོད་དུ་མེད་པས་སྩོལ་བའི་སྡུག་བསྔལ་ཞི་བར་གྱུར་པས་ཐ་མའི་དབུགས་ཆེན་པོ་ཡོངས་སུ་ཕྱིན་པ་ན་རྟེན་མེད་པའི་ངལ་སོས་པའོ། །དེ་བས་ན་དམན་པ་པའི་ལེགས་པའི་ཡོན་ཏན་དག་ལས་ཁྱད་པར་དུ་གྱུར་པ་ནི། ངང་དང་རང་བཞིན་དང་བདག་ཉིད་ཆེན་པོའི་དོན་ཚིག་དྲུག་གིས་རྫོགས་པར་སྟོན་པ་ནི། ཡེ་ཉིད་ལེགས་པའི་ཡོན་ཏན་ཆེན་པོར་རང་བྱུང་བས་འཕེལ་འགྲིབ་མེད་པ་ལ་འདུ་བྱེད་ཀྱིས་བསྒྲུབས་པ་ལྟ་བུ་གཉིས་པའི་ལེགས་པར་འདོད་པ་དང་བྲལ་བའོ། །དམན་པ་དག་སྒོ་བསྟུན་པས་དྲང་ཞིང་གདོན་པའི་ཆེད་དུ་མཆོད་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སྐུ་གསུང་ཐུགས་རྡོ་རྗེ་བདེ་བ་ཆེན་པོ་ལྷུན་གྱིས་རྫོགས་པ་ལ་ཕྱག་འཚལ་ལོ། །ཞེས་པ། འདིར་བཏགས་པའི་སངས་རྒྱས་ཞིག་ལ་ལོགས་སུ་མི་འདུད་པ་ནི་ཆེ་བས་ཆེ་བའི་ཕྱིར་ཏེ། དེ་ཡང་ཐུན་མོང་གི་བདུད་བཞི་དང་ལྟ་བའི་སྒྲིབ་པ་ལ་སོགས་པ་དག །གཉེན་པོ་མེད་པར་ཀ་ནས་དག་པ་ནི། མཚན་གྱི་དོན་ཉིད་ཀྱིས་གསལ་ཏེ་དཔེར་ན་ཁུ་བྱུག་ནི་ཀུན་ལ་སྐད་གསལ་བར་སྒྲོགས་པ་དང་། དུས་ཚོད་འཛིན་པ་དང་། ཟིལ་གྱིས་གནོན་པ་ལྟར། མན་ངག་རང་གི་ངོ་བོས་བཤད་པ་སྙིང་པོ་བྱང་ཆུབ་ལ་དགོངས་པ་ངེས་པར་འགྲེལ་པས་ཉམས་ཐག་ཅིང་གདུང་བ་དང་བྲལ་བ་དང་། དུས་གསུམ་མཉམ་པ་ཉིད་དུ་ངེས་པས་གཟུངས་ཆེན་པོའི་ཕྱིར་ལུས་འགྱུར་བ་མེད་པ་དང་། རང་ཉིད་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་དང་བྲལ་བས་སྐྱེ་ཤི་མེད་པའི་སྲོག་གཟུངས་ཉིད་དུ་བཞུགས་པ་དང་། ལྷུན་གྱིས་གྲུབ་པའི་བདག་ཉིད་ལས་གཞན་པ་མིང་ཡང་མེད་དེ་ཁེབས་འོག་ཏུ་ཆུད་པས་བདུད་བཞི་ཚར་བཅད་པའོ། །དེ་ཉིད་ལ་གཏོས་ཆུད་པས་ཆེད་དུ་བྱས་པའི་ཀུན་བརྟགས་རྣམས་བྲལ་བའོ། །བྱང་ཆུབ་སེམས་ནི་རྣམ་པ་མེད་པའི་རྣམ་པ་ཐམས་ཅད་པ་ཅན་ཏེ། ངོ་བོས་བསམ་དཔྱོད་ཀྱི་ཡུལ་གཉིས་ལས་བརྒལ་བའོ། །འོན་ཀྱང་ཉི་ཚེ་བའི་སྟོང་པ་མ་ཡིན་པས་དཀོར་བདུན་ལ་སོགས་པ་གྲངས་ཐོབ་མེད་པའི་འབྲས་བུ་ལྷུན་གྱིས་རྫོགས་པས། དེ་རང་རིག་པའི་མངོན་སུམ་དུ་བྱས་པ་དང་། གཞན་ལ་རང་སྣང་བའི་བྱིན་རླབས་ཀྱི་ལེགས་པ་གསུམ་མངའ་བའི་སྟོན་པའི་ངོ་བོ་ནི། རིག་པ་རང་བྱུང་གི་ཡེ་ཤེས་ཏེ་དུས་གསུམ་རིལ་དུ་སྤྱོད་ཡུལ་ངང་གིས་དག་པ་ལ་ཉེས་སྐྱོན་མི་རྙེད་ཨ་བླ་དྭགས་ཀྱི་མཚན་ངེས་པར་གྲུབ་པའོ། །དེའི་ཆ་ལུགས་ནི་སྣང་གྲགས་རིག་ཤེས་རིལ་རང་སྣང་གི་སྐུ་གསུང་ཐུགས་ཡིན་པའི་ཕྱིར་ཆ་ལུགས་ཐམས་ཅད་པའོ། །འོ་ན་དུ་མར་འགྱུར་རོ་ཞེ་ན། དེ་ཉིད་ངོ་བོས་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྨོས་ཏེ། དེ་ནི་འཇིག་རྟེན་པའི་བདེ་བ་དང་། བཏང་སྙོམས་ཀྱི་བདེ་བ་དང་། ཁ་སྦྱོར་གྱི་བདེ་བ་དང་། བདེ་བ་ཆེན་པོ་ལ་སོགས་པའི་དངོས་གཞི་བས་ལྷག་པའི་སྒྲར་བཤད་པའོ། །དེ་ཉིད་ནོར་བུ་རིན་པོ་ཆེ་ལྟར་ཅིར་ཡང་མི་གནས་ལ་ཅིར་ཡང་སྣང་བའི་ལེགས་པ་རྒྱུན་མེད་པ་ནི་ཐ་སྙད་དུ་འདུད་པའི་གནས་བཞིའོ། །དེས་ན་ངོ་བོ་ཐ་མི་དད་པར་མངོན་དུ་བྱས་པ་དང་གོམས་པ་དང་ཐག་ཆོད་པ་ནི་མཇལ་བ་དང་གུས་པ་གཉིས་ཀའི་ཕྱིར། དམན་པ་ལས་ཁྱད་པར་དུ་གྱུར་པ་ཁོ་ནའོ། །གཞུང་གི་དོན་གསུམ་གང་སྙམས་པ་ལ། སྣ་ཚོགས་རང་བཞིན་ཞེས་པས་རང་བཞིན་འཆད་དོ། །ཚིག་ཕྱེད་དང་གཉིས་ཀྱིས་ངང་སྟོན། ཚིག་བཅད་བཞིས་བདག་ཉིད་ཆེན་པོ་བསྟན་ཏོ། །དེ་ལ་རང་བཞིན་ནི་སྣ་ཚོགས་རང་བཞིན་པ་མང་པོའི་སྒྲ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་བྱེ་བྲག་རྣམས་སུ་ཞེན་པ་གཉིས་ཀྱིས་སྣང་བ་སྟེ། རྣལ་འབྱོར་པའི་བརྟག་བྱ་ལྟ་བུའོ། །འོ་ན་དེ་དག་གི་མཚན་ཉིད་ཅི་ཞེ་ན། མི་གཉིས་ཀྱང་ཞེས་པ། དེ་དག་ནི་མིང་ཙམ་སྣང་གི་ངོ་བོ་མ་ངེས་པ་དང་། ཅིར་ཡང་སྣང་བ་དང་། ངང་གིས་རང་རྒྱུད་པ་མེད་པ་དང་། སོ་སོ་བ་བཏགས་པ་ལྟར་བདེན་པའི་ངེས་ཚིག་མེད་པས་ངོ་བོ་ནི་ཐིག་ལེ་གཅིག་པུའོ། །མི་མཐུན་པ་ནི་བཤད་པས་མཐའ་བསལ་ཀྱང་འདིར་ཚིག་གིས་མི་བབ་པ་དང་། དེ་ཉིད་དུ་ཞེན་པའང་མེད་པར་སྟོན་པའོ། །དེ་གང་ཞེ་ན། ཆ་ཤས་ཉིད་དུ་སྤྲོས་དང་བྲལ་ཞེས་པ། གཉིས་པ་རིལ་ནི་ལྟོས་པ་ཡོད་པས་ཆ་ཤས་ཏེ། འདིར་གཉིས་སུ་མེད་པ་ཉིད་ཀྱང་གཉིས་པ་ལ་ལྟོས་པའི་མཐའ་ཡིན་པའི་ཕྱིར། ངོ་བོའི་སྤྲོས་པ་དང་། ཡུལ་གྱིས་སྤྲོས་པ་མེད་པ་ལ་དེ་ཉིད་དུ་བསྙད་པའང་བྲིད་ཙམ་ལས་ངོ་བོ་བརྗོད་དཀའ་བ་ཉིད་ནི་མཐའ་མེད་པ་དང་། ལྷན་གཅིག་པ་མེད་པ་དང་། བྲལ་བ་མེད་པ་དང་། རྒྱུན་མེད་པ་དང་། ཡུལ་གཉིས་ལས་འདས་པས་ངང་དོ། །དེས་ན་ལྟ་བ་དེ་ཁོ་ན་ཉིད་ཀྱི་མན་ངག་གོ །རང་བཞིན་ངང་དུ་གྱུར་པ་བདག་ཉིད་ཆེན་པོར་བསྟན་པའི་ཕྱིར། ཇི་བཞིན་པ་ཞེས་མི་རྟོག་ཀྱང་ཞེས་པ། བདག་ཉིད་ཆེན་པོ་ལའང་ངོ་བོ་བདག་ཉིད་ཆེན་པོ་དང་། གྲུབ་པ་བདག་ཉིད་ཆེན་པོ་དང་། ལམ་བདག་ཉིད་ཆེན་པོར་སྐབས་ཀྱིས་ཕྱེ་ནས་འདིར་བཤད་པའི་རང་བཞིན་ལ་བློའི་བྱེ་བྲག་གིས་མངོན་གསུམ་དང་བརྒྱུད་པ་ཁྱད་པར་ཅན་གྱིས་བལྟས་པས་ངང་དུ་ཕེབ་པ་ནི་ལྟ་བ་གཟའ་གཏད་མེད་པ་སྟེ། དེའི་རྗེས་སུ་སྒོམ་པ་དམིགས་པ་མེད་པ་ནི། འདི་ཇི་བཞི་ཉིད་ཙམ་བློའི་ཡུལ་དུ་བྱེད་ནའང་རྟོག་སྒོམ་སྟེ། ཁྱུང་ཆེན་ལས་ཇི་བཞིན་པ་ཞེས་རྣམ་རྟོག་དེ་ཕྱིར་རྟག་སྒོམ་པ། བདེ་བ་ཆེན་པོ་འདོད་པས་ཆགས་པའི་ནད་ཡིན་ཏེ་ཞེས་པས། ཆེད་དུ་བྱེད་པ་གོལ་བས། ཇི་ལྟ་བར་གོ་བ་ལྟ་བའི་མན་ངག་ཅན་ནི་བདག་ཉིད་ཆེན་པོ་ཉིད་རྣལ་མ་མ་བཅོས་མ་བསླད་མ་བྱས་མ་བཏགས་གློ་བུར་བ་མ་ཡིན་པ་ལ་ཀུན་བརྟགས་གཉིས་ཀྱི་རང་བཞིན་བྲལ་བའི་ཕྱིར། བསྒོམ་བྱ་དང་། སྒོམ་བྱེད་ཀྱི་རྣམ་པ་མེད་པས་ཇི་བཞིན་ཡིད་ལ་བྱེད་པ་དང་ཞེ་ལ་འཛིན་པ་མེད་པར་རང་གསལ་བས་ཤིན་ཏུ་མི་དམིགས་པའི་སྒོམ་པའོ། །མི་མཐུན་པའི་དབུ་མའི་སྤྲོས་བྲལ་ལྟ་བུ་མ་ཡིན་པར་སྟོན་པའི་ཕྱིར། རྣམ་པར་སྣང་མཛད་ཞེས་པ། ལྷག་པའི་རྣལ་འབྱོར་པའི་སྒོམ་པ་ནི། སྒོམ་པའི་ངོ་བོ་རིག་པ་ཉིད་བྱེ་བྲག་གི་ཆོས་སོ་ཅོག་རིལ་དུ་རང་གསལ་བར་སྣང་ལ་འཛིན་པ་མེད་པ་ནི་ཐམས་ཅད་ཀྱི་བྱེད་པ་པོ་སྟེ། ཐམས་ཅད་མཁྱེན་པའི་སྒོམ་པ་དང་། རྨད་དུ་བྱུང་བ་ལས། ཐམས་ཅད་མཁྱེན་པ་སྒོམ་པའི་མཆོག །ངོ་བོ་ཉིད་ནི་དམིགས་སུ་མེད། །ཞེས་གསུངས་སོ། །དེས་ན་གཞག་ཐབས་ནི་འདུ་ཤེས་གང་དུའང་མ་ཞུགས་པ་དེ་ཉིད་ཆེད་དུ་བྱེད་པའང་མེད་པའོ། །བློ་བཅོས་པ་ནི་རྟོག་པ་ཉིད་སྤང་དུ་མེད་པར་ཐག་ཆོད་པ་དྲན་པ་ཉིད་དོ། །དེ་ལྟ་བུ་ནི་སྒོམ་པའི་མན་ངག་སྟེ། སྐྱོན་གསུམ་གོལ་ས་དགུ་ལས་གྲོལ་བའོ། །སྤྱོད་པ་བྱ་བསྩལ་མེད་པའི་མན་ངག་བསྟན་པའི་ཕྱིར། །ཀུན་ཏུ་བཟང་། ཟིན་པས་རྩོལ་བའི་ནད་སྤངས་ཏེ་ཞེས་པ། སྤྱོད་པ་ནི་སྒོ་ག སུམ་གྱི་སྤྱོད་པ་སྟེ། འདིར་ཐམས་ཅད་དུ་སྣང་ངོ་ཅོག་དང་སྒྲ་རིལ་དང་ཤེས་རིག་དྲན་རྟོག་ཐམས་ཅད་བདག་ཉིད་ཀྱི་སྒོ་གསུམ་ཉིད་ཡིན་པ་ལ་རྣམ་པ་དང་བྲལ་བའི་ཕྱིར། རང་བཞིན་གྱིས་གཞན་བའི་སྐྱོན་མི་རྙེད་པ་དང་། རང་བྱུང་ཡེ་ཤེས་ཀུན་ཏུ་རང་གསལ་བ་ལ་ཟིན་ཆགས་མེད་པ་དང་སྤྱོད་པ་ཀུན་གྱི་དངོས་གཞིར་གྱུར་ཀྱང་མ་བསྒོམ་པ་དང་། ངང་གིས་མ་གཡོས་པ་ལ་གཡོ་རྡུལ་གྱི་སྤོང་ལེན་མེད་པ་དང་། བདག་གཞན་དོན་འབྱེད་པ་མེད་པར་ཕྲིན་ལས་རྒྱུན་མ་ཆད་པའི་ཕྱིར། ཀུན་ཏུ་བཟང་པོ་ལྔ་སྟེ། བཟང་ངན་ལས་འདས་པའི་བླ་དགས་ཙམ་ལས་དེ་ཉིད་ལེན་པའང་མ་ཡིན་པས་རྩོལ་བར་ཐལ་བ་མེད་པ་ནི། ཟིན་པའི་དོན་བཅུ་སྟེ། རང་རིག་གདོད་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་རང་གསལ་བས་སྤྱན་གྱི་དམ་པར་གྱུར་ཟིན། སྙིང་པོ་བྱང་ཆུབ་ལ་དགོངས་པ་ངེས་པར་འགྲེལ་ཏེ། བཞུགས་པས་བསམ་གཏན་ཆེན་པོར་གྲུབ་ཟིན། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཉིད་ཐོབ་བྱ་མེད་པར་བདག་ཉིད་ཆེན་པོར་མངའ་བརྙེས་ཟིན། ཐིག་ལེ་ཆེན་པོ་བསྲུང་མཚམས་དང་བྲལ་བས་ཉམས་པ་སྐོངས་ཟིན། མ་གྲུབ་པ་གྲུབ་པར་བྱར་མེད་དེ་ངོ་བོ་ཉིད་ཀྱི་ཀློང་ལས་མ་གཡོས་པས་བྱང་ཆུབ་དོན་དུ་གཉེར་ཟིན། བདག་ཉིད་ཆེན་པོ་སྤྱོད་ཡུལ་དང་བྲལ་ཏེ་རིལ་དེ་ཉིད་དུ་བྱུངས་ཐེབས་པས་མཉེས་པ་ཕུལ་ཟིན། མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཡེ་ཤེས་རང་གསལ་བས་དཀྱིལ་འཁོར་བཀོད་ཟིན། དམན་པའི་སྤྱོད་སོགས་འགྲེ་ལོག་སྤྱི་ཚུགས་གར་འགྲེས་ཀྱང་ངང་གིས་དཀྱིལ་འཁོར་བཀོད་ཟིན་པས་གྲུབ་པ་ཐོབ་ཟིན། མཛད་པ་ཐམས་ཅད་རང་ཤར་ཅིང་མ་སྨིན་པ་མེད་པས་དོན་མཛད་ཟིན། ཚད་མེད་བཞི་ལས་བཞི་དང་སྐལ་པ་གསུམ་དང་སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི་བྱེད་སྤྱོད་དུ་རང་ཤར་བ་ལ་ཆེད་དུ་བྱ་བ་མེད་པས་སྤྱོད་པ་སྤྱད་ཟིན་པའི་ཕྱིར། འདི་ལ་དཀྱིལ་འཁོར་མཐའ་དབུས་འབྱེད་པའི་རྩོལ་བ་དང་། དོན་རྟགས་འབྱེད་པའི་རྩོལ་བ་དང་། སྒོ་ཕུགས་འབྱེད་པའི་རྩོལ་བ་དང་། དབྱིངས་དང་ཡེ་ཤེས་འབྱེད་པའིརྩོལ་བ་དང་། ཡབ་ཡུམ་འབྱེད་པའི་རྩོལ་བ་དང་། ཁ་དོག་གྲངས་ཀྱི་རྩོལ་བ་དང་། འཁོར་བ་དུ་བཟློག་གི་རྩོལ་བ་དང་། རྟོག་པ་གནས་གྱུར་གྱི་རྩོལ་བ་དང་། ཐབས་ལ་བརྟེན་པའི་རྩོལ་བ་དང་། རྣམ་གྲངས་སྲུང་བའི་རྩོལ་བ་དང་། དོན་དུ་གཉེར་བའི་རྩོལ་བ་དང་། མཆོད་པ་གནས་སུ་འདྲིམ་པའི་རྩོལ་བ་དང་། རབ་འབྲིང་ཐ་མར་འབྱེད་པའི་རྩོལ་བ་དང་། ཚོགས་ལ་རེ་བའི་རྩོལ་བ་རྣམས་ནི། གཅོང་རྙིང་ཆེན་པོ་པས་དེ་དང་མ་བྲལ་བ་ནི་རྩོལ་བའི་ཆུ་བོ་རབ་མེད་ལ་འབོགས་པའོ། །འདིར་དེ་དག་ངོ་བོས་བྲལ་བས་ལམ་པའང་ངོ་བོ་ཉིད་ཁོ་ནའི་ཕྱིར། སྨན་ཆེན་པོའི་ངོ་བོ་ཉིད་དུ་བཞུགས་པའོ། །དེ་ལྟ་བུ་སྤྱོད་པའི་མན་ངག་བརྩལ་བ་མེད་པ་ནི། ལྷུན་གྱིས་གྲུབ་པ་དང་། ཐུགས་རྗེ་ཆེན་པོ་དང་། ཐབས་ཆེན་པོ་དང་། བསམ་གྱིས་མི་ཁྱབ་པ་དང་། བར་ཆད་མེད་པའི་སྤྱོད་པའི་ངོ་བོ་ཉིད་དོ། །ཚིག་ལྷག་མ་ནི་འབྲས་བུའི་མན་ངག་ཆེད་དུ་མི་སྒྲུབ་པར་འཆད་དོ། །ལྷུན་གྱིས་གནས་པས་བཞག་པ་ཡིན་ཞེས་པ། དཔེར་ན་དཔག་བསམ་ཤིང་ལྟ་བུར། ཐབས་དང་ཡོན་ཏན་རིལ་གྱི་དངོས་གཞིར་བདག་ཉིད་གནས་པ་ནི་བརྟགས་ན་མེད་པ། བསམ་ན་ཅིར་ཡང་སྣང་བས་མི་འགྲུབ་སྟེ། དེ་ཉིད་རག་གཞན་དུ་མ་ལུས་པར་སྤོང་ལེན་དང་རྩོལ་མི་རྩོལ་གྱི་འདུ་ཤེས་གང་ཡང་མ་སྐྱེས་པ་ནི། སྤྱོད་པ་ལྷུག་པ་སྟེ། ལ་དོར་བ་ཁོ་ནའོ། །དེ་ལྟ་བུ་ནི་རྣམ་པ་ཅན་གྱི་ལྷུན་གྲུབ་ལས་འདས་པ་སྟེ། ཟིན་པའི་དོན་གྱིས་གསལ་ལོ། །ཚིག་དོན་དྲུག་ལ་དོན་བཅུད་གསུམ་གྱིས་བཀྲལ། མེད་དང་མན་ངག་བཞི་གཉིས་བརྒྱད། ཟིན་བཅུས་ཁོང་ཕྱེ་སྒྲོན་མ་གསལ་བྱེད་འདི། ཡང་རབ་བློ་ཡིས་བརྟགས་ན་བཤད་མི་དགོས། རྫོགས་སོ། །ཨ་ཏི། །

བྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན་གྱི་འགྲེལ་པ།

བྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན་གྱི་འགྲེལ་པ་བཞུགས། རྒྱ་གར་སྐད་དུ། བོ་དི་ཙིཏྟ་ས་མན་ཏི། པ་ཏྲ་པྲ་ཏ་ན་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་སྒོམ་པ། བཅོམ་ལྡན་འདས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །སྟོན་པའི་སྒྲོན་མར་གྱུར་པས་ཀུན་གྱིས་རབ་བསྔགས་པ། ཞེས་པ། ཆོས་ཉིད་གྱི་ཐིག་ལེ་སྟོན་ཏེ། རང་གི་རང་བཞིན་རང་ལས་གསལ་བར་ཤར་བས། ཀུན་གྱིས་ཆོས་ཐམས་ཅད་གཉིས་སུ་མེད་པར། ཡེ་ནས་མ་བཅོས་པ་ཆོས་ཀྱི་སྐུར་གནས་པ། ཆོས་ཀྱི་སྙིང་པོར་གྱུར་པས་འཇམ་དཔལ་གཞོན་ནུ་ཉིད་ཞེས་པ། ཆོས་ཀྱི་སྙིང་པོར་གནས་པ་དེ་ནི་ཡེ་ནས་གསང་བའི་སྙིང་པོ་སྟེ། འཇམ་དཔལ་གཞོན་ནུ་ཉིད་གཟུང་འཛིན་ལས་འདས་པའི་ངང་ལས། ཆོས་ཉིད་རང་བཞིན་གྱིས་འཆར་བ་དཔལ་ཕུན་སུམ་ཚོགས་པ། དེ་ཉིད་སྐྱེ་འཇིག་མེད་པ་ནམ་མཁའ་ལྟར་གནས་པས་གཞོན་ནུ་ཉིད། བྱ་བྲལ་བདེ་བའི་ཀློང་དུ་ཇི་བཞིན་ཡེ་ནས་གནས། །ཞེས་པ། ཞི་བ་ཆེན་པོ་ལ་དབྱེ་བ་མེད་དེ། དེ་བཞིན་དུ་ཆོས་མཉམ་པ་ཉིད་བདེ་བ་ཆེན་པོ་དེ་ཡང་། མ་བཅོས་པར་ཆོས་ཀྱི་དབྱིངས་སམ། ཆོས་ཀྱི་སྐུ་ཇི་བཞིན་པར་བཙལ་དུ་མེད་པར་ཡེ་ནས་གནས་པའི་ཕྱིར་རོ། །ཚུལ་ཁྲིམས་ལ་སོགས་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་ཅིང་། །ཞེས་པ། དབྱིངས་ཀྱི་ཐིག་ལེ་བསྟན་ཏེ། འདུས་སྲུང་ལས་ཡེ་ནས་འདས་ཤིང་། རྩོལ་སྒྲུབ་དང་བྲལ་བས་འདུལ་སྲུང་རིལ་གྱི་གཞི་ཡང་། སེམས་ཉིད་ནམ་མཁའ་ལྟར་གནས་པའི་ཕྱིར་རོ། །བདེ་གཤེགས་ཡུམ་དུ་གྱུར་པས་ཀུན་དང་མཚུངས་པའི་གནས། ཞེས་པ། དེ་ལྟར་དག་པའི་དབྱིངས་དེ་ཉིད་རིལ་འབྱུང་བའི་རྒྱུར་གྱུར་པས། མཚུངས་པ་ནི་ཆོས་ཐམས་ཅད་སྐྱེ་འཆི་མེད་པ་ཡེ་ནས་སངས་རྒྱས་པར་མཚུངས་སོ། །དེ་མེད་མི་འབྱུང་དེ་ཕྱིར་རྣམ་གྲོལ་མཆོག་གི་ལམ་ཞེས་པ། དེ་ལ་སྐྱེ་བ་མེད་པས་ན་འཆི་བ་མི་འབྱུང་། སྐྱེ་འཆི་མེད་པའི་ཕྱིར་ཡེ་ནས་རྣམ་པར་གྲོལ་བས་ད་གཡང་བགྲོད་དང་བྲལ་བའི་ལམ་ལ་གནས་ཟིན་པའོ། །ཕྲ་ཞིང་ཤེས་དཀའ་ཀུན་ལམ་མི་རྟོག་རྟོག་ལས་འདས་ཞེས་པ། ཆོས་མཉམ་པ་ཉིད་ནི་ཤིན་ཏུ་འཕྲ་ཞིང་རྙེད་དཀའ་བ་སྟེ། ཅི་སྟེ་རྫས་སུ་མ་གྲུབ་སྟེ། ནམ་མཁའི་རྒྱུ་དང་འདྲ་བར་གནས་པས་ཀུན་གྱི་ལམ། དེ་ཀུན་གྱིས་འགྲོ་བའི་ལམ་ཡིན་ཏེ། ཆོས་ཉིད་རྣམ་པར་མི་རྟོག་པའི་དབྱིངས་སོ། །དེ་རྟག་པའི་ཡུལ་ལས་འདས་པའི་ཕྱིར་རོ། །མི་གནས་དམིགས་མེད་སྤྲོས་པའི་བསམ་པ་ཀུན་དང་བྲལ། ཞེས་པ། རང་བཞིན་དངོས་པོ་ནི་མི་གནས་པས། ཇི་ལྟར་ཡང་དམིགས་སུ་མེད་པར། ཀུན་ལ་མཉམ་པ་ཉིད་དུ་ཁྱབ་པས་སྤྲོ་བསྡུ་བྱར་མེད། བསམ་པ་ཀུན་དང་བྲལ་བ། རང་བཞིན་ཐ་སྙད་རིལ་དང་བྲལ་བས་ད་བསྒོམ་དུ་མེད་དོ། །ཚིག་གིས་མི་ཕེབས་དབྱིབས་དང་ཁ་དོག་དབང་པོའི་སྤྱོད་ཡུལ་མིན། ཞེས་པ། དབྱིངས་རྣམ་པར་དག་པའི་ཐིག་ལེ་སྟོན་ཏེ། དབྱིབས་དང་ཁ་དོག་ལ་སོགས་པར་ཡོད་ན། མཚོན་གྱི་ཐོག་དུ་དབབ་ཏུ་རུང་ན། དབང་པོའི་སྤྱོད་ཡུལ་ལས་འདས་ཏེ། ནམ་མཁའ་ལྟ་བུ་ལ་ཚིག་ཏུ་བརྗོད་ཅིང་འབྲངས་པས། ཐོག་ཏུ་མི་ཕེབས་པའི་ཕྱིར་རོ། །བསྟན་ཅིང་བརྟག་པར་དཀའ་ལ་བརྗོད་དུ་རྡུལ་ཙམ་མེད། ཞེས་པ། དེའི་རང་བཞིན་ནམ་མཁའ་ལྟར་ཁྱབ་ཅིང་། རིལ་ཆོས་ཉིད་དུ་འཆར་ཡང་དངོས་པོ་མེད་པས། འདི་ཞེས་བརྟགས་ཤིང་བསྟན་པས་མི་རྙེད་དེ། ཚིག་དང་ཡིག་གེ་ལས་འདས་པས། ཐ་སྙད་དུ་བརྗོད་པ་དང་བྲལ་ཞེས་སོ། །སྔོན་གྱི་དྲང་སྲོང་ཆེན་པོའི་ལམ་དུ་གང་འཇུག་པ། ཞེས་པ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་གནས་པ། བཙལ་དུ་མེད་པར་འཆར་བ་ཉེ་ལམ་དུ་ཞུགས་ཟིན་པ་ཡིན་པ་ལས། དྲང་སྲོང་དཀའ་ཐུབ་གྱི་སྡུག་བསྔལ་གྱིས་བདེ་བ་ཚོལ་ཞིང་འཇུག་པ་འཁྲུལ་པའི་ཕྱིར། སྒོམས་ཆགས་ཞེས་འབྱུང་བའོ། །བསྒོམ་ཆགས་ལམ་གྱི་ནད་ཀྱིས་ཟིན་ཏེ་འཁྲུལ་པའོ། །ཞེས་པ། བྱང་ཆུབ་ཀྱི་སེམས་བཙལ་དུ་མེད་པར། ཡེ་ནས་ལྷུན་གྱིས་གྲུབ་སྟེ། ད་བསྒོམ་དུ་མེད་པ་ལ། སྒོམ་པའི་ཡུལ་ཆོས་ཉིད་ལ་བདེ་བའི་རོ་ཚོལ་བ། སྡུག་བསྔལ་གྱི་ནད་དེ་འཁྲུལ་པའོ། །ལུང་བཞིན་ཚིག་གི་མཐའ་སྤྱོད་ལམ་དུ་དེ་མཐོང་བས། །ཞེས་པ། ཆོས་ཀྱི་རང་བཞིན་སྐྱེ་འཆི་མེད་པ་དེ། ཡེ་ནས་སངས་རྒྱས་པར་མ་རྟོགས་པར། ཞལ་ནས་གསུངས་པའི་ཆོས་ཉིད་སྐྱེ་བ་མེད་དེ་བྱ་བ་ལ་སོགས་པའི་ཚིག་གི་རྗེས་སུ་འབྲངས་ཤིང་། བསྒྲུབ་པའི་ལམ་དུ་མཐོང་ནས། བདེ་བ་ཚོལ་བ་ནི། རི་དྭགས་སྨིགས་རྒྱུ་བསྙེགས་པ་དང་གཉིས་འདྲའོ། །དེ་ཉིད་རྟོག་པའི་རྒྱུན་འབྲངས་སྨིགས་རྒྱུ་སྙེགས་པ་འདྲ། །ཞེས་པ་ཅི་སྟེ། དེ་ཉིད་ཆོས་ཀྱི་དབྱིངས་ཡིན་པར་ངོས་མ་ཟིན་པས། རྟོག་པར་འཁྲུལ་ཏེ། རྟོག་རྒྱུན་སྔ་མས་ཕྱི་མ་འགགས་ཏེ། བཀག་པ་ཉིད་རྗེས་སུ་འབྲངས་པ་ཡིན་པའི་ཕྱིར་རོ། །ཡང་དག་ལམ་ནི་ཚིག་ཏུ་བརྗོད་མེད་མཚོན་དང་བྲལ་ཞེས་པ། ཡེ་ནས་རྣམ་པར་དག་སྟེ། ལྷུན་གྱིས་གྲུབ་པ་ནི་བགྲོད་དུ་མེད་པའི་ལམ་སྟེ། དེའི་རང་བཞིན་ལ་ཚིག་གི་འབྲུ་དང་བྲལ་བས་བརྗོད་དུ་མེད་དེ། རྫས་སུ་མ་གྲུབ་པས། མཚོན་པའི་ཐ་སྙད་དང་ཡེ་ནས་བྲལ་ཞེས་བྱའོ། །ཡང་དག་ཉིད་དུ་བསྟན་པ་སྟོན་པ་ང་ཡིས་འཁྲུལ། །ཞེས་པ། དེ་ལྟ་བས་ན་མཉམ་པ་ཉིད་དུ་ཡེ་ནས་རྣམ་པར་དག་པ་ལ། དག་པ་དང་མ་དག་བསྟན་དུ་མེད། དེ་ལྟར་མེད་ཅེས་བྱ་བ་ཉིད་ཀྱང་འཁྲུལ་ཏེ། ཐ་སྙད་དང་བྲལ་བའི་ཕྱིར་འདྲེས་ཤིང་ཞེས་པའོ། །དག་དང་མ་དག་གཉིས་མེད་ཡེ་ནས་འདྲེས་ཤིང་མཚུངས། །ཞེས་པས། དེའི་རང་བཞིན་ལ་བརྩལ་བར་ཡེ་ནས་དག་པས། ཆོས་ཐམས་ཅད་གཉིས་སུ་མེད་པ། ནམ་མཁའ་ལྟར་དབྱེར་མེད་པ་གཅིག་ཏུ་ཤར་བའི་ཕྱིར་རོ། །རྣམ་པ་ཅིར་ཡང་མི་འབྱེད་ཡེ་ཤེས་གཏི་མུག་ངང་། །ཞེས་པ། ཡེ་ཤེས་ཆེན་པོའི་ཐིག་ལེ་སྟོན་ཏེ། རྣམ་པ་ཅིར་སྣང་བའི་ཆོས་ཀུན། རང་ཉིད་མི་དམིགས་པའི་ཀླུང་ནས་རང་ཉིད་སྣང་བར་ཟད། དེ་ལ་དེ་ཉིད་གྱིས་བལྟས་ན། ཆོས་ཉིད་རང་བཞིན་གྱིས་འཆར་བས་ཤེས་པ་ཡེ་ཤེས། དེ་དབྱེར་མེད་པ་གཏི་མུག་ངང་། ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་དང་བྲལ། །ཞེས་པ། ཡེ་ནས་ཡིན་པའི་དོན་སྐད་ཅིག་མ་ལ། ཡེ་ཤེས་སྤྱི་བླུགས་སུ་འཆར་བས། ཡུལ་ཆོས་ཉིད་སྐྱེ་འཆི་མེད་པར་གསལ་བས་མར་མེ། བསམ་པ་ནི་ཇི་ལྟར་འང་གསལ་ཀྱང་དམིགས་སུ་མེད་དེ། ཐ་སྙད་དེ་ཉིད་རིལ་དང་བྲལ་བའོ། །ངང་གིས་མི་གཡོ་རྨུགས་ཤིང་ཏིང་འཛིན་རྒྱལ་པོར་གནས། །ཞེས་པ། དཔེར་ན་ས་བདག་གི་རྒྱལ་པོ་ཀུན་ལ་དབང་བསྒྱུར་ཡང་། རྒྱལ་ས་ནས་མ་གཡོས་པ་བཞིན། དེའི་རང་བཞིན་ཀུན་ཏུ་བཟང་པོ་ཅིར་ཡང་ཤར་ནས། རིལ་ཆོས་ཉིད་དུ་དབང་སྒྱུར་ཡང་། ཆོས་ཀྱི་སྐུ་ལས་མི་གཡོ་བའི་ཕྱིར་རོ། །མངོན་སུམ་མཐོང་བའི་དམིགས་མེད་དེ་ཉིད་མཐོང་བའི་དམིགས། ཞེས་པ། རང་གི་རང་བཞིན་ཆོས་ཉིད་དུ་གནས་པས་དངོས་སུ་བལྟར་མེད། དེ་ཉིད་ཡིན་པར་ཤེས་ནས་ནམ་མཁའ་ལྟར་གསལ་བར་ཤར་བས་མཐོང་བའི་དམིགས་སོ། །དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་ཞེས་དེ་ལ་བྱའོ། །ཞེས་པ། དེ་བས་ན་གཉིས་མེད་པའི་ཕྱིར། ནམ་མཁའ་ལྟར་གནས་པ་ཀུན་གྱི་རང་བཞིན་ཡིན་པར་ཤེས་པའི་ཕྱིར་རོ། །མཐའ་དང་དབུས་མེད་ཡངས་པའི་རང་བཞིན་བས། ཞེས་པ། ཀུན་ཏུ་བཟང་པོའི་ཐིག་ལེ་བསྟན། དེ་ལ་མཐའ་དང་དབུས་མེད་པས་བདལ་བ་ཡངས་པ། ཡེ་ནས་ཆོས་ཀྱི་སྐུའི་རང་བཞིན་ནམ་མཁའ་ལྟར་གནས་པའི་ཕྱིར། མི་ལེན་མི་སྤངས་མཉམ་པའི་རྒྱན་དུ་གནས། །ཞེས་པ། དེ་བས་ན་ཐམས་ཅད་ཡེ་ནས་གཉིས་སུ་མེད་པ་ལ། སྤང་བླང་གི་རྫས་སུ་གྲུབ་པ་མེད་དོ། །ཅི་སྟེ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྒྱན་གྱིས་བཞག་ནས། ཆོས་ཀྱི་སྐུར་ཡེ་ནས་གནས་པའོ། །སེམས་དང་བག་ཆགས་གཉིས་མེད་གདོད་ནས་འདྲེས་ཤིང་མཚུངས། །ཞེས་པ། གཅིག་གི་དངོས་པོར་ཡང་མ་གྲུབ་པ་མེད་བཞིན་དུ། བསླད་པས་སེམས་དང་བག་ཆགས་ཞེས་མིང་བླ་དྭགས་སུ་བཏགས་ཤིང་ཕྱེ་ཡང་། བག་ཆགས་ཀྱི་རྟོག་པ་ཉིད་སྒྱུ་མར་སྣང་བས། རྫས་སུ་གྲུབ་པ་མེད་དེ་ཉི་མ་དང་ཟེར་བཞིན། ཉི་ཟེར་དྲོ་ཞིང་སྣང་ཡང་གཟུགས་སུ་མེད་པ་བཞིན་བག་ཆགས་དང་དངོས་པོ་མེད་པ་ཆོས་ཉིད་དུ་ཡེ་ནས་གནས་པས། བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། ཡང་དག་པར་ཆོས་ཀྱི་སྐུར་དབྱེར་མེད་ཅིང་གཅིག་པའི་ཕྱིར་རོ། །དེ་བས་ན། འཛིན་པས་བརྟགས་ཤིང་སྣང་བའི་ཆོས་རྣམས་ནི། ཞེས་པ། སེམས་དངོས་པོ་མེད་པ་ལ་འཁྲུལ་པས་མཚན་མར་བཟུང་ནས་བརྟགས་པས། ཆོས་སྣ་ཚོགས་སུ་སྣང་བ་རྣམས། རང་རིག་རྒྱན་དུ་སྣང་བས་མི་འདོར་ལེན་མི་བྱེད། ཞེས་པ། དེ་ལྟར་སྣང་བའི་ཆོས་རྣམས་ནི། རང་གི་བྱང་ཆུབ་ཀྱི་སྙིང་པོ་ལས། ཆོས་ཉིད་དུ་འཆར་བ་ཉིད་ཡིན་པའི་རྒྱན་དུ་སྣང་བའོ། །ཐམས་ཅད་མཉམ་པ་ཉིད་དེ་ཡེ་ནས་སངས་རྒྱས་པའི་གཅིག་པའི་ཕྱིར་བླང་དོར་བྱར་མེད་དོ། །རྣམ་པ་ཅིར་ཡང་མི་དགོངས་ཐབས་ཀྱིས་དེ་ལ་རོལ། །ཞེས་པ། དེ་ཉིད་ལས་ཤར་བའི་སྣ་ཚོགས་སྨིག་རྒྱུ་ལྟར་སྣང་ཡང་། དེའི་རང་བཞིན་ལ་ཅིར་ཡང་དམིགས་སུ་མེད་པའི་ཀློང་ནས་ཤར་བས། དེ་དག་ཆོས་ཉིད་དུ་རོལ་བའི་ཐབས་ཀུན་ཏུ་བཟང་པོར་སྣང་བར་ཟད། རྣམ་དག་ལམ་དེར་ཞུགས་པས་ཐིག་ལེ་ཆོས་སྐུ་ཐོབ། ཞེས་པ། ཆོས་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པས་ད་བཙལ་དུ་མེད་པར་བྱང་ཆུབ་སྙིང་པོར་ལྷུན་གྱིས་གྲུབ་པའི་དོན། རང་ལ་གནས་པར་ཤར་ཉེ་བའི་ལམ་དུ་ཞུགས་པ་སྟེ། དེ་ལ་སྐྱེ་འཆི་མེད་པར་ནམ་མཁའ་ལྟར་ཁྱབ་པ་ནི། ཐིག་ལེ་ཆེན་པོ་སྟོན་ཏེ། ཡེ་ནས་གནས་པ་གསལ་བ་ཐོབ་པའི་དོན་ཏོ། །ལོ་རྒྱུས་དོན་ཉིད་ཚད་མའི་རྟོག་བློར་བཞག་ནས་ནི། །ཞེས་པ་དེ་ལ། བྱང་ཆུབ་ཀྱི་སེམས་ཞེས་ཀྱང་གདགས་སུ་མེད་པར་གསལ་བ་ལ། རྒྱུད་ལ་སོགས་པའི་ལོ་རྒྱུས་ཀྱི་ཚིག་དོན་དུ་བཟུང་ནས། འཁྲུལ་པའི་ཕྱིར་རོ། །ཏིང་འཛིན་གསུམ་པོར་བརྡགས་ནས་གྲུབ་པའི་མཐར་འཛིན་པས་ཞེས་པ། གཟུང་འཛིན་ལས་འདས་པའི་བྱང་ཆུབ་ཀྱི་སེམས། ཆོས་ཀྱི་སྐུར་ཡེ་ནས་གྲུབ་ཟིན་པ་ལ། མ་ཧཱ་ཡོ་ག་ལ་སོགས་པ་རྩོལ་སྒྲུབ་བྱེད་པ་ནི། འཛིན་པའི་རྟོག་པས་ཡུལ་གྲུབ་པ་ཅན་ལོགས་ན་ཡོད་པར་དཔྱོད་ཅིང་། སངས་རྒྱས་གཞན་ནས་ཐོབ་པར་འཛིན་པ་ནི་འཁྲུལ་ཏོ། །རྩོལ་བྲལ་བདེ་ཆེན་ལུང་ལས་གོལ་ཏེ་འཁྲུལ་བ་ཡིན། །ཞེས་པ་ལྷུན་ཀྱིས་གྲུབ་པའི་ཐིག་ལེ་བསྟན། རྩོལ་བའི་བསམ་པ་དང་ཡེ་ནས་བྲལ་བའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ། །སྐྱེ་འཆི་མེད་པའི་ལུང་ལས་གོལ་བས་འཁྲུལ་པ་སྟེ། དཔེར་ན་འོ་མ་འདོད་པ་རྭ་ལ་འཇོ་བ་དང་འདྲའོ། །བྱ་བྲལ་ལྷུན་རྫོགས་བདེ་བའི་ཡུལ་ལ་ཡེ་ནས་གནས། །ཞེས་པ། ཡེ་ནས་གྲུབ་ཟིན་པས་ད་བྱར་མེད་པས་བྱང་ཆུབ་ཆེན་པོའོ་ཡུལ་ཆོས་ཀྱི་དབྱིངས་ནི། ཡེ་ནས་བཙལ་དུ་མེད་པའི་སངས་རྒྱས་པའི་ཕྱིར་རོ། །ཡེ་ཤེས་རང་བྱུང་རྟེན་མེད་ཆེ་བའི་སྙིང་པོ་ཉིད་ཞེས་པ། སེམས་ཆོས་ཉིད་ཡེ་ནས་ཡིན་པར་ཤར་བས། དེ་གཞན་ལས་མི་འབྱུང་། དེ་ཉིད་ལས་རང་བྱུང་བས་སོ། །རྟེན་མེད་ནི་རང་བཞིན་བྱ་བརྩལ་དང་བྲལ་བས། རྒྱུ་རྐྱེན་ལ་མ་བརྟེན་པར་ཡེ་ནས་རིལ་ཆོས་ཀྱི་སྐུར་ལྷུན་གྱིས་རྫོགས་ཏེ། བདེ་བ་ཆེན་པོ་ཆེ་བའི་སྙིང་པོ་ནི། སེམས་རང་གི་ངོ་བོ་ལས། ཆོས་ཐམས་ཅད་ཆོས་ཉིད་དུ་ཤར་ནས། ཀུན་ལ་ཁྱབ་པར་གནས་པའི་སྙིང་པོ་ཉིད་ཡིན་པའི་ཕྱིར་རོ། །མི་གཡོ་མི་འགྱུར་རྣམ་གྲོལ་བསྙད་པ་ཀུན་དང་བྲལ། །ཞེས་པ། ཡེ་ནས་ཆོས་ཀྱི་སྐུར་གནས་པ་དེ། ད་ཅི་བསླད་ཀྱང་དངོས་པོར་མི་གཡོ། མི་འགྱུར་བའི་གཡུང་དྲུང་ནམ་མཁའ་ལྟར་གནས་པས། ཡེ་ནས་རྣམ་པར་གྲོལ་བའི་ལམ་ཡིན། ཚིག་དང་ཡི་གེ་ལས་འདས། གཟུང་འཛིན་ཡུལ་དང་ཡེ་ནས་བྲལ་ལོ། །ཟིན་པའི་བདུད་རྩིས་རྩོལ་བའི་སྡུག་བསྔལ་ནད་རྣམས་འཇོམས། །ཞེས་པ། ཡེ་ནས་ལྷུན་གྱིས་གྲུབ་ཟིན་པས། སྐྱེ་འཆི་མེད་པའི་བདུད་རྩི་སྟེ། བརྩལ་དུ་མེད་པས་ཆོས་ཀྱི་སྐུའི་ཐ་སྙད་ལས་འདས་པ་ལ། སྡུག་བསྔལ་ནི་ཐེག་པ་འོག་མ་པ་དང་། འཁྲུལ་པ་རྣམས་གྲུབ་པའི་ཡུལ་ཆོས་ཉིད་ལོགས་ནས་ཚོལ་བ་ནི། དམུས་ལོང་ལམ་མཁན་བྱེད་པ་འདྲའོ། །དེ་འཇོམས་པ་ནི་བརྩལ་མི་དགོས་པར། རྩོལ་བ་ཆོས་ཉིད་དུ་ཤར་ནས། སྡུག་བསྔལ་ཤེས་རབ་གྱི་མེས་འཇོམས་པའི་ཕྱིར་རོ། །རྩོལ་བྲལ་བདེ་བའི་ངང་ལ་ཡེ་ནས་ཇི་བཞིན་གནས། །ཞེས་པ། སེམས་རྩོལ་སྒྲུབ་ཡུལ་ལས་འདས་ནས། ཆོས་ཉིད་བདེ་བ་ཆེན་པོའི་ངང་དུ་ཡེ་ནས་མ་བཅོས་པར། ནམ་མཁའ་ཇི་བཞིན་དུ་སངས་རྒྱས་པ་གནས་པའི་ཕྱིར་རོ། །དེ་ལྟར་ཆོས་རྣམས་ཐིག་ལེར་གདོད་ནས་རང་བཞིན་པས། །ཞེས་པ། དེ་ལྟར་བས་ན་ཕྱི་ནང་གི་ཆོས་ཐམས་ཅད་ཀྱང་། གདོད་མ་ནས་མ་བརྩལ་བར་ཀུན་ལ་ཁྱབ་པས་ཐིག་ལེ་སྟེ། སྐྱེ་འཆི་མེད་པ་ནམ་མཁའ་ལྟར་ཡེ་ནས་སངས་རྒྱས་པའི་རང་བཞིན་ནོ། །སྤྲོ་བ་མེད་ཅིང་བསྡུ་བ་མེད་པས་བདལ་བ་ཆེ། །ཞེས་པ། དེས་ཀུན་ལ་ཁྱབ་ཅིང་མ་བྲལ་བས་སྤྲོ་བསྡུ་བྱར་མེད། ཡེ་ནས་ཁྱབ་པའི་ཡེ་ཤེས་ནམ་མཁའ་ལྟར་གནས་པས་ཆེ། སྐྱེ་བ་མེད་ཅིང་འགག་མེད་གཡུང་དྲང་རང་བཞིན་གནས། །ཞེས་པ། གདགས་པའི་ས་བོན་དང་བྲལ་བས་སྐྱེ་བ་མེད་ལ། མ་སྐྱེས་ན་ཅི་ཞིག་འགག་སྟེ། དེ་ཉིད་ཆོས་ཐམས་ཅད་ཆོས་ཉིད་དུ་ཤར་ཅིང་འཆར་བས། གཡུང་དྲུང་གི་ཆོས་མཉམ་པ་ཉིད་ནམ་མཁའ་ལྟར་མཉམ་པས་གཡུང་དྲུང་ཆོས་ཀྱི་སྐུའི་རང་བཞིན་དུ་སངས་རྒྱས་པའི་ཕྱིར་རོ། །དངོས་མེད་མཚན་མེད་ཅིར་ཡང་མི་གནས་བསམ་ལས་འདས། །ཞེས་པ། ཁ་དོག་དང་དབྱིབས་ལས་འདས་པས། མཚན་མའི་ཡུལ་གང་ཡང་མི་གནས་པས། ནམ་མཁའི་རྒྱུ་དང་འདྲ་བས། ཅིར་ཡང་དམིགས་སུ་མེད་དེ། རྩོལ་སྒྲུབ་ཀྱི་བསམ་པ་དང་ཡེ་ནས་བྲལ་ལོ། །རྣམ་པར་མི་རྟོག་ཡེ་ཤེས་སྙིང་པོ་བརྩལ་མེད་འདི་ཞེས་པ་དེའི་རང་བཞིན་བརྟག་པའི་ཡུལ་རྣམས་དང་བྲལ་བས། ཆོས་ཉིད་མི་རྟོག་པའི་དབྱིངས་ཞེས་བྱའོ། །ཡེ་ཤེས་སྙིང་པོ་ནི། སེམས་ཆོས་ཀྱི་དབྱིངས་སུ་གནས་པ། མི་གཉིས་པའི་ཀླུང་ནས་རང་བྱུང་དུ་ཤར་བས། ཡེ་ཤེས་སྙིང་པོ་སྟེ། ཆོས་མཉམ་པ་ཉིད་དུ་བཙལ་བ་མེད་པར་སངས་རྒྱས་པ་འདི་ནི། ནམ་མཁའི་མཐའ་བཞིན་ཡེ་ནས་ཁྱབ་པར་གནས་པས་ན་ཞེས་པ། ནམ་མཁའ་ཀུན་ལ་བདལ་བ་བཞིན། སེམས་ཡེ་ནས་བཙལ་དུ་མེད་པར་ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང་། ཆོས་ཀྱི་སྐུ་སངས་རྒྱས་པར་གནས་ཞེས་བྱའོ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས་པས་མཐའ་དབུས་བྲལ། །ཞེས་པ། བྱང་ཆུབ་ཀྱི་སེམས་ནི་འདི་ཞེས་བརྟག་པའི་ཡུལ་དང་བྲལ་བས། ཚིག་ཏུ་བརྗོད་ཅིང་དམིགས་སུ་མེད་དེ། གཟུང་འཛིན་ཉིད་ཡེ་ནས་མྱ་ངན་ལས་འདས་པས། སེམས་ཉིད་ཆོས་ཀྱི་སྐུ་ནམ་མཁའ་ལྟར་མ་བཅོས་མ་བྱས། མ་བསྒྲུབས་པའི་བདེ་བ་ཆེན་པོར་ཡེ་ནས་གནས་པ། རང་ལས་མ་བཙལ་བར་ནམ་མཁའ་ལྟར་ཁྱབ་ཅིང་རྣམ་པར་གནས་པར་བསྒོམ་པའོ། །མན་ངག་ལྟ་བའི་རྩ་འགྲེལ་རྫོགས་པ་བཞིན། སེམས་ཅན་ཐམས་ཅད་ཆོས་ཀྱི་སྐུར་སངས་རྒྱས་པར་རྫོགས་སོ། །མན་ངག་རྒྱལ་པོ་རྫོགས་པ་ཆེན་པོའི་མདོ། །ཨ་ཏི་ཡོ་གའི་བསམ་གཏན་ཆེ་བ་འདི། །བྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན་དང་། །རྫོགས་ཆེན་བསྒོམ་པ་སྤྱན་གྱི་འབྲས་བུ་བསྒྲགས། །ཐིག་ལེའི་ཀློང་དྲུག་ལུང་ཕྲན་བཅུ་གཅིག་འགྲེལ། །ཚིགས་སུ་བཅད་པ་བཅུ་གཉིས་དོན་གྱི་བརྡའ་རུ་གསུངས། །བློ་གསལ་སྐྱེས་བུ་ཐུགས་ཀྱི་རྒྱན་དུ་བཀྲོལ་ཞིང་བཤད། །ཡེ་ཤེས་གདིང་ལྡན་སྔོན་སྦྱངས་གདུང་རབས་བརྒྱུད་དོན་རྫོགས་སོ།། །།དགེའོ།། །།

གསང་བ་བདེ་བའི་འགྲེལ་པ། གཉག་ཛྙཱ་ན་ཀུ་མ་ར།

གསང་བ་བདེ་བའི་འགྲེལ་པ་བཞུགས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཁམས་གསུམ་ལས་འདས་ཡིད་བཞིན་རིན་ཆེན་དག་ཅེས་པ་འདིའི་དོན་རྟོགས་པའི་དུས་ན། སངས་རྒྱས་ཉིད་ཀྱི་སྤྱོད་ཡུལ་མཁྱེན་པས། འཁོར་བ་ཡང་མི་སྤོང་། མྱ་ངན་ལས་འདས་པ་ཡང་མི་ལེན། རིལ་སྙིང་པོའི་ངང་དུ་མཉམ་པར་བཞུགས་པ་ན། འདས་པ་སྟེ་ཡིད་བཞིན་གྱི་ལྷས་དང་རིན་པོ་ཆེའི་གླིང་ན་ཐམས་ཅད་མ་ལུས་པར་གྲུབ་སྟེ་བཞུགས་སོ། །བགྲོད་མེད་རྣམ་པར་གྲོལ་བའི་ལམ་སྟོན་པ། །ཅེས་པ། ས་བཅུ་རིམས་ཀྱིས་བགྲོད་ཅིང་བག་ཆགས་ཁད་ཀྱིས་སྦྱང་པ་ནི། ས་ཉིད་རྩོལ་སྒྲུབ་ཀྱི་རྟོག་པས་ཟིན་ཆགས་ཀྱི་ནད་དུ་གྱུར་ཏེ་སྐྱོན་ནོ། །དེ་བས་ན་ཞི་བ་ཆེན་པོའི་ངང་ལས་མ་གཡོས་པར་ཡེ་ནས་གྲོལ་ཟིན་པ་ནི། ལྷུན་གྱིས་རྫོགས་པའི་ལམ་བསྟན་པ་ཡིན་ནོ། །གཞན་ནས་བརྩལ་བས་རྙེད་པར་མི་འགྱུར་ཏེ། །ཞེས་པ། ཤིན་ཏུ་རྣལ་འབྱོར་མ་ཡིན་པ། ཐེག་པ་གང་གི་སྒོ་ནས་ཀྱང་སངས་མི་རྒྱ་བ་དང་། མི་རྟོགས་པས་སྦྱོང་བ་དང་། རྩོལ་བར་བྱེད་པ་མ་ཡིན་གྱི་ཡེ་ནས་རང་ཉིད་དག་པའི་མངོན་སུམ་དུ་བཞེད་དོ། །གཞན་ནས་དངོས་གྲུབ་འོང་དུ་རེ་བ་དང་། བྱིན་གྱིས་རློབ་པ་ནི་བྱང་ཆུབ་ཆེན་པོ་དང་འགལ་ལོ། །ཐིག་ལེ་ཆེན་པོས་ཀུན་ལ་ཁྱབ་པར་གནས། །ཅེས་བྱ་བ། ཐིག་ནི་མ་ནོར་བའི་སྟེང་དུ་དྲངས་པ་སྟེ། ལེ་ནི་སྙིང་པོ་ཉིད་མཚོན་པའི་རང་བཞིན་ཅན་ལ་ཁྱབ་ཅིང་དེའི་ངང་ཉིད་མ་ཡིན་པ་ཅི་ཡང་མི་གནས་པའི་དོན་ནོ། །རང་བྱུང་ཡེ་ནས་མ་བཅོས་འོད་གསལ་བ། །ཅེས་པ། རང་བྱུང་གི་ཡེ་ཤེས་ཡེ་ནས་མ་བཅོས་ལ། མ་བྱས་པར་འོད་གསལ་བ། ཅེས་ཀྱང་མི་ཤིགས་ཅིས་ཀྱང་མི་འགྱུར་བ། གང་གིས་ཀྱང་དབང་དུ་མི་འགྱུར་བར་གསལ་བའི་རང་བཞིན་ནི་སངས་རྒྱས་ཡིན་ནོ། །རྩོལ་བས་བཙལ་དུ་མེད་དེ་སྙིང་པོ་དོན། །ཅེས་པ། རྫོགས་པ་ཆེན་པོ་ནི་རྩོལ་སྒྲུབ་དང་བྲལ་བ་དང་། རེ་དོགས་ལས་འདས་པ་ཅི་ཡིན་པའི་དོན་ཀྱི་སྙིང་པོ་ལས། འབྱུང་འཇུག་མེད་པའི་ངང་དུ་གནས་པའི་དུས་ན། གདོད་སྒྲུབ་ཅིང་བཙལ་མི་དགོས་སོ། །རྣམ་པར་སྣང་མཛད་རྟག་པ་ཀུན་ཏུ་བཟང་། །ཅེས་པ། སྤྱི་དང་རང་གི་མཚན་ཉིད་གྱི་རྣམ་གྲངས་ཀྱི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་ལོངས་སྤྱོད་པའི་རྒྱན་དུ་མ་གྱུར་པའམ། སྙིང་པོས་མ་བསྒྲུབས་པའམ། དོན་མ་མཛད་པ་ཅིག་ཀྱང་མེད་དེ། ཐུགས་རྗེ་སེ་གོལ་གཏོགས་པ་ཙམ་ཡང་མི་གཅོད་ཅིང་། རྟག་པར་སེམས་ཅན་གྱི་དོན་མཛད་དོ། །གཉིས་མེད་བདེ་བའི་མཆོག་སྟེ་ལྷུན་གྱིས་གྲུབ། །ཅེས་པ། བྱང་ཆུབ་ཀྱི་དོན་རྟོགས་པའི་དུས་ན། ཐམས་ཅད་མི་འབྱེད་པའི་ངང་དུ་རྫོགས་ཏེ། མཉམ་པའི་དབྱིངས་སུ་གྱུར་པ་ནི། བཅོམ་ལྡན་འདས་ཀྱིས་བདེ་སྐྱིད་ཉམས་སུ་མྱོང་བའོ། །དེ་ལ་ཡུན་རིང་དུ་གོམས་པར་བྱེད་པ་ནི་བསྒོམ་པའི་ཚེའོ། །དེ་བས་ན་རྟག་པ་ཆེན་པོ་བདེ་ལ་རྟག་སྤྱོད་པ། ཅེས་པ། རྟག་པར་མི་འགྱུར་པ། ལྟ་བ་གང་གིས་ཀྱང་མི་འཕྲོགས་པ་ཅིས་ཀྱང་མ་བཅོས་མ་བསླད་པ་ནི། གོང་ན་མེད་པས་ཆེན་པོ་ཉིད་ཡིན་པས། དེ་ལྟ་བུའི་བློ་ཡངས་ན་བདེ་བ་ལ་སྤྱོད་པ་ནི། བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་ཆེན་པོ་ཉིད་ཡིན་པའི་ཕྱིར། བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་པ་ནི། ཅེས་པ། ཐམས་ཅད་ཀུན་ཏུ་བཟང་པོའི་རྒྱན་ཀྱིས་བཞུགས་ཤིང་། སྡུག་བསྔལ་ཡང་བདེ་བ། འཁོར་བ་ཡང་བྱང་ཆུབ། སེམས་ཅན་ཡང་སངས་རྒྱས་འདི་ལྟར་རྟོགས་པའི་དུས་ན་བསྒོམ་དུ་ཡང་མེད་དེ། ཡེ་ནས་དེ་ཉིད་ཡིན་ནོ། །འདི་ལྟར་རྣལ་འབྱོར་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་ནི་ཅེས་པ། འདིའི་དོན་ལས་གཞན་དུ་བསྒྱུར་ཡང་འགྱུར་དུ་མི་བཏུབ་པ་ནི། སེམས་ནི་རྣལ་འབྱོར་དུ་གྱུར་པས། དེ་བས་ན་རྣལ་འབྱོར་ཆེན་པོའི་ཞེས་བྱ་སྟེ། ལུས་མི་ཡང་སེམས་སངས་རྒྱས་སོ། །འདི་ལྟར་གོམས་པ་ནི་མེད། ཁ་བཤད་ཀྱིས་གཡེངས་ཤིང་། ཚིག་གི་སྒྲ་ཙམ་ལ་བརྟེན་པ་ནི། སེམས་ལས་སུ་རུང་དུ་མི་བཏུབ་སྟེ། སྒྲ་ཕྱིར་རྣལ་འབྱོར་ཅེས་བྱའོ། །རྣལ་འབྱོར་ཆེན་པོ་སངས་རྒྱས་ད་ལྟ་ཉིད་ཐོབ་པ་མ་ཡིན་ནོ། །དེ་ཡང་དོན་མེད་པ་ནི་མ་ཡིན་ཏེ། རྣལ་འབྱོར་གྱི་བསྟི་གནས་གསུམ་ལ་གནས་སོ། །དེ་ནས་དྲང་པོ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཞེས་གསུངས་པ་ཡིན་ནོ། །སྐུ་གསུང་ཐུགས་དང་ལྷན་ཅིག་པའོ་ཅེས་པ། དེ་ཡང་ཡོངས་སུ་རྫོགས་པ་ནི་སྐུ་ཡིན་ལ། གསུང་དུ་མེད་པ་ནི་གསུང་། ལྷུན་གྱིས་གྲུབ་་ནི་ཐུགས་སོ། །ལྷན་ཅིག་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཆེན་པོ་ཡིན་པས། བདག་དང་གཞན་དུ་དབྱེ་བ་མེད་པའོ། །འདིའི་དོན་ངང་དང་། རང་བཞིན་དང་། བདག་ཉིད་དོ། །ང་ལ་ང་ཞེས་བསྟན་པས་གཞན་མ་གྲུབ། །ང་ཉིད་དངོས་སུ་མི་སྣང་ཕྱོགས་དང་བྲལ། །དམིགས་པའི་རྒྱུད་མེད་མཚན་མའི་གནས་ལ་ཆགས། །བྱ་བྲལ་སྨོན་མེད་མུ་མེད་མཁའ་ལྟར་ཡངས། །ངེས་པའི་འབྲས་བུ་དོན་དམ་གཅིག་བསྟན་ནོ། །ཞེས་པ། ཆོས་ཐམས་ཅད་མི་གནས་པའི་དོན་ཏེ་བརྗོད་པ་དང་བྲལ་བར་ཤེས་པས། དེ་ཉིད་མཚོན་པ་དང་རྫས་དང་བྲལ་ཏེ། དངོས་པོ་མེད་པའི་དོན་ཡིད་ཆེས་ཤིང་གསལ་བར་རྟོགས་ན། ཐམས་ཅད་འདུས་མ་བྱས་པ་སྟེ། རིལ་བརྗོད་པའི་མཐའ་ལས་འདས་པས། །དེ་ཉིད་མཚན་མ་དང་། རྫས་དང་བྲལ་བ་སྟེ། རེ་ཞིང་སྨོན་པའི་དུས་མེད་པས། །ངེས་པའི་འབྲས་བུའི་དོན་དམ་ཅིས་བསྟན་ཏོ་ཞེས་བསྟན་པའི་ཐ་ཚིག་གོ །ང་དང་བདག་མེད་ཕྱོགས་དང་རིས་མེད་ན། ཐམས་ཅད་མཉམ་པའི་ཀླུང་དུ་ངང་་གིས་གནས་ཞེས་བྱ་བ་ནི། མཉམ་པ་ཉིད་དུ་ཆུད་པས། ཐམས་ཅད་རྟོག་པ་དང་བྲལ་ཏེ། མི་གཡོ་བའི་སྙིང་པོ་ལ་ཡང་དག་པར་འདུ་འབྲལ་མེད་པར་གཏད་པ་སྟེ། གསལ་ཞིང་མ་འདྲེས་པར་བསྟན་པས། སྣོད་དང་ལྡན་པ་ཤེས་པར་བྱའོ། །བདེ་བའི་སྒྲོན་མེ་འདི་ལས་གཞན་མེད་དོ་ཞེས་བྱ་བ་ནི། མན་ངག་ལུང་གི་ཆེ་བ་བསྟན་པ་སྟེ། །ཀུན་གྱི་ཐུན་མོང་མ་ཡིན་ཞིང་། །ཡིད་ལ་བརྣག་པའི་དོན་ཏོ། །རྫོགས་སོ།། །།བདག་ལས་ཐོས་ཅུང་རྟོགས་པ་མ་མཆིས་ཀྱང་། དད་མེད་བློ་ཞན་ཚུལ་དུ་མཆིས་ན་ཡང་། །ལན་ཅིག་གཞན་ལ་ཕན་པར་བྱ་དགོངས་ནས། མི་འཚམ་བཀའ་ལ་འགྲེལ་པ་འདི་བརྩམས་པས། །གཞུང་དུ་མ་རྩོལ་འཁྱར་ན་བཟོད་ཅིང་བཤགས། །བདག་གིས་དེ་རིང་འགྲེལ་པ་བྱས་པའི་ཕན་ཡོན་དང་། །མན་ངག་ངེས་པའི་དགེ་བའི་རྩ་བ་གང་ལགས་པ། །སྣོད་ལྡན་དམ་ཚིག་ཅན་གྱི་དཔལ་དུ་ཤོག །བྱང་ཆུབ་སེམས་གསང་བ་བདེ་བའི་འགྲེལ་པ། །བདག་གཉག་ཛྙཱ་ན་ཀུ་མ་རས་བཏགས་པ། ཡིད་བཞིན་ནོར་བུ་རྫོགས་སོ།། །།

རིན་པོ་ཆེ་ཀུན་འདུས་ཀྱི་འགྲེལ་པ།

རིན་པོ་ཆེ་ཀུན་འདུས་ཀྱི་འགྲེལ་པ་བཞུགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དངོས་པོ་སེམས་དག་བཙལ་མེད་གཉིས་བྱང་རྫོགས། །རང་བཞིན་མཐའ་བྲལ་མ་བཀག་ལས་རྣམས་གྲུབ། །ངོ་མཚར་ལྷུན་གྲུབ་སྐུ་གསུང་ཐུགས་མངའ་བ། །རང་བཞིན་རྣལ་འབྱོར་ཉིད་སྐུར་འདུད་ཕྱག་འཚལ། །དེ་ལ་སྤྱིར་རྣལ་འབྱོར་གྱི་ཆོས་ཐམས་ཅད་ཀྱི་ལུགས་རྣམ་པ་གསུམ་སྟེ། རང་བཞིན་གྱི་རྣལ་འབྱོར་དང་། ཉམས་སུ་བླང་བའི་རྣལ་འབྱོར་དང་། ལྷུན་གྱིས་གྲུབ་པའི་རྣལ་འབྱོར་རོ། །དེ་དག་ཡི་གེ་འདིའི་གཞུང་ལས་མདོར་བསྡུས་ཏེ་གསལ་བར་བསྟན་པ་ཡང་། མཁན་པོ་དག་གི་ལུགས་ལས། ལུང་དང་མན་ངག་དང་རིགས་པར་འབྲེལ་པས་ཉིང་གིས་ཉིང་གསལ་བར་དགྲོལ་ལོ་ཅེས་གསུངས་པའི་རྗེས་སུ་ཅུང་ཟད་ཙམ་ཞིག་འཇུག་པར་བྱའོ། །དེ་ལ་སྤྱིར་ལུགས་རྣམ་པ་གསུམ་ལས་རྣལ་འབྱོར་རྣམ་པ་ལ་གསུམ་གྱི་ངོ་བོ་ནི་གཞུང་གིས་བསྟན་ཏེ། དོན་ཉམས་སུ་རིག་པས་མྱོང་བར་བྱའོ། །གཞུང་སོ་སོར་དབྱེ་བ་ནི་མན་ངག་གིས་དབྱེ་བར་བྱའོ། །དེ་ལ་བྱ་བྲལ་ངང་ལ་ཕྱག་འཚལ་ལོ་ཞེས་པ་སྐབས་འདིར་སྟོན་པ་མ་སྨོས་ཀྱང་ཐེ་ཚོམ་མེད་དོ། །དེ་བཞིན་གཤེགས་པ་དང་སངས་རྒྱས་ཞེས་པའི་མིང་གིས་འདི་ཉིད་ཐ་དད་པ་མེད་དེ། དེ་ཡང་རྒྱུ་དང་ངོ་བོ་ཉིད་དང་གྲུབ་པའི་མཐའ་སྟེ་གནས་པ་དང་ཤེས་པ་ཅིག་ཤོས་པའི་ཕྱོགས་དག་ཡོངས་སུ་ནུབ་པས་སྟོན་པ་ཁོ་ན་ལས་གཞན་མིན་ནོ། །དེ་ལ་བྱ་བ་ནི་བྱེད་པའོ། །རྩོལ་བ་ཐམས་ཅད་དང་བྲལ་བ་ནི་སྐབས་ལ་ལ་དག་ཏུ་ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་ཕྱིར་རོ། །ཞེས་འབྱུང་ན། སྤྱི་རང་བཞིན་དང་ངང་ཐ་མི་དད་མོད་ཀྱི་སྒྲས་སྤྲོས་པ་ཡོངས་སུ་གཅོད་པ་སྟེ། དཔེར་ན་གལ་ཏེ་ནམ་མཁའ་སྤྱོད་ཡུལ་དུ་བྱེད་པ་ནི་སྒོ་གསུམ་གྱི་བྱ་བ་མེད་དོ། །དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་རྗེས་སུ་མཐུན་ཏེ་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུ་འཆད་པར་འགྱུར་བའི་དོན་གྱིས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་ཅི་ཡང་མ་ཡིན་པས་རྒྱུ་རྐྱེན་མེད་པ་དང་འཕྲིན་ལས་མེད་པ་ནི། དང་བ་དང་མི་འགྱུར་བ་དང་མ་གཡོས་པའི་ཕྱིར་ངང་སྟེ། དེ་དག་ལ་མོས་པ་བསྐྱེད་པ་དང་མངོན་དུ་བྱེད་པ་ནི་ཕྲད་པ་དང་རྒྱུའི་ཕྱིར་ཕྱག་གོ །ཆོས་སྐུ་ཡེ་ནས་རྣམ་པས་རབ་དབེན་པའི་ཞེས་པ་ཆོས་ནི་དངོས་པོ་གཉིས་ཀྱིས་བསྡུས་པ་སྟེ། གཉིས་སུ་སྨྲ་བ་ཐམས་ཅད་ཀྱང་དེར་འདུས་པས་རིལ་ལོ་ཞེས་བྱའོ། །དེ་དག་གི་འབྲེལ་བ་ནི་དོན་དམ་ངོ་བོ་སྟེ་སྐུའོ། །དེ་ཡང་དུ་མ་ལས་འཇུག་པ་བརྩོན་པར་མིང་གཉིས་ཀྱིས་ངོ་བོ་སྟོན་པ་ནི་ཐེག་པ་ཆེན་པོའི་རྗེས་སུ་སྦྱོར་བ་མིན་ཏེ་འགལ་ལོ། །འདི་དག་ཡེ་ཤེས་ཆེན་པོ་ཉིད་ཀྱི་ཕྱིར་སྤྲོས་པ་ཐམས་ཅད་དང་བྲལ་ཏེ་ངོ་བོ་ཡོངས་སུ་མ་ཟིན་པ་ནི་མཉམ་པ་ཉིད་ལས་ཐམས་ཅད་སྣང་བས་མིང་འཐོབ་བོ། །དེ་དག་ནི་རྒྱུ་རྐྱེན་བྲལ་བས་ཐོག་མ་མེད་དེ་མཐའ་རིལ་བསྡུས་པའི་དོན་གྱིས་གང་དང་ལྷན་ཅིག་པར་མ་བྱུང་བས་རྣམ་པར་དབེན་པ་ཞེས་བྱ་སྟེ། དུས་ཀྱི་སྐལ་པའི་མཐའ་ལྟ་བུ་ནི་མ་ཡིན་ནོ། །དེའི་ཕྱིར་སེམས་ཉིད་ཆོས་དང་སེམས་ལ་སྐུ་མི་མངའ། སྒྲ་ལས་འདས་པས་གྲགས་ཉིད་ཡེ་ཤེས་ཏེ། ཞི་བ་འོད་གསལ་གདོད་ནས་ལྷུན་གྱིས་གྲུབ་ཞེས་གསུངས་སོ། །འཁོར་བའི་རྣམ་རྟོག་བླ་དྭགས་ཡུལ་སྤངས་པའི་ཞེས་པ། ཀུན་དུ་འགྲོ་ཞིང་ཅིག་ཏུ་ཟློས་པས་འཁོར་བའོ། །དེ་དག་གི་དངོས་པོ་མང་པོར་བྱེད་པ་ནི་འཁོར་བ་ཉིད་ཀྱི་ཡན་ལག་གི་རྣམ་གྲངས་སོ། །དེ་དག་ཀྱང་དེ་ཉིད་ཀྱི་ཕྱིར་ནན་གྱིས་བཏགས་པ་ཙམ་ཡིན་ལ། དེ་བས་ན་ཐིག་ལེ་ཆེན་པོ་ལ་འཁོར་བ་མེད་པ་ནི་ཅིག་ཤོས་ཀྱང་མི་འགྲུབ་པས་དེ་དག་རྣམས་གྲངས་སུ་གཏོགས་པ་ནི་རང་ལ་གྲུབ་པའི་ཕྱིར་ཚིག་གི་བླ་དྭགས་བྱ་ཙམ་མོ། །དེ་ལྟར་ཡུལ་གཉིས་སུ་སྤྱོད་པའི་འདུ་ཤེས་བཤད་པ་ནི་ཐེག་པ་ཆེན་པོ་པ་ཞེས་བྱ་སྟེ་སངས་རྒྱས་སོ། །འོ་ན་དེ་ན་དེ་དག་ནི་མཐོང་བ་མེད་པས་གུད་དུ་གྱུར་ཏེ་བདག་ཅག་གིས་ཤེས་པར་དཀའོ་སྙམ་པ་ལ། ཡོད་དང་མེད་པའི་མཐའ་ནི་དབྱིངས་སུ་གཅིག །ཅེས་པ། གཟུགས་དང་ནམ་མཁའ་ལ་སོགས་པ་མིང་གིས་བསྡུས་པ་དག་ཀྱང་ཐིག་ལེ་ཆེན་པོ་བྱང་ཆུབ་སེམས་ཀྱིས་གང་ཡང་མ་སྤངས་པས་དོན་གཅིག་གོ །དེས་ན་ཡོད་པ་དང་མེད་པ་ཉིད་མཐའ་ཡིན་པས་གྲུབ་པ་བཅད་དེ། དེ་དག་མ་སྐྱེས་པའི་ཡེ་ཤེས་སུ་གསལ་བ་ནི་རང་བྱུང་ཡེ་ཤེས་ལ་སངས་རྒྱས་སེམས་ཅན་གཉིས་གར་མ་གྲུབ་པའི་ཕྱིར་རོ། །འོ་ན་ཐོག་མ་ཡོད་པ་དང་མེད་པ་དེ་གཉིས་ཀྱི་རྒྱུ་ཅི་ཞེས་དོགས་པ་ལ། མཉམ་ཉིད་གཅིག་པས་བལྟས་དགུ་དེ་ལྟར་སྣང་ཞེས་པ། སྣང་སྟོང་རིས་སུ་མ་ཟིན་པ་ནི་མཉམ་པ་ཉིད་དོ། །དེ་ཉིད་མིང་གིས་མཚོན་པ་སྟེ་རིལ་པོ་དང་བྱེད་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ལོག་པའི་ཕྱིར་རང་གི་ངོ་བོ་མ་གྲུབ་ཀྱང་ཡེ་ཤེས་ཆེན་པོའི་དོན་གྱིས་ལྟ་བ་ཞེས་སྨོས་ཏེ་ལྟ་བ་པོ་ཉིད་ཀྱང་ཡང་དག་པར་མི་གཞན་ནོ། །དེ་ནི་ས་པ་ལ་སོགས་པས་སྤངས་པ་ཡང་ངོ་བོ་ཉིད་བྲལ་བ་མེད་དོ། །དེ་དག་གིས་རིས་སུ་རྟོག་པ་ཡང་འགྲོ་བ་དྲུག་དང་ཕྱག་རྒྱ་ལ་སོགས་པ་རེད་པས་དེ་དག་སྣང་བ་ནི་གཞི་ལ་མ་ངེས་པས་སྣང་བ་ཐམས་ཅད་མི་ཆད་པར་གསུངས་སོ། །སྣང་འོང་རྩོལ་སེམས་སྡུག་བསྔལ་ཆེ་བའི་ནད་ཅེས་པ། བློ་དམན་པ་དག་རབ་རིམ་ཀྱིས་ཁེབས་ཤིང་ངེས་པ་གཉིས་ཀྱིས་མ་ཟིན་པའི་རྒྱུས་མྱ་ངན་ལས་འདས་པ་ཞེས་ཡོད་པར་རྟོགས་པས་རྩོལ་བར་རེད་ཏེ་མངོན་དུ་འདོད་པས། སྒྲའི་རྗེས་སུ་འཇུག་པ་ནི་རྒྱུ་ཐམས་ཅད་ས་ལ་ཞུགས་པ་གདུང་བའི་ཕྱིར་གོལ་བར་ལུང་ཀུན་ལས་གསུངས་སོ། །འོན་ཏེ་ན། བདག་ཅག་གི་མྱ་ངན་ལས་འདས་པ་ནི། ཉན་ཐོས་དང་མཐུན་ཏེ་སྣང་བ་མེད་པས་ཐུགས་རྗེ་དང་མི་ཟད་རྒྱན་གྱི་འཁོར་ལོའི་ལོངས་སྤྱོད་ཆེན་པོ་དང་བྲལ་ལོ་སྙམ་པ་ལ། ཆོས་ངང་གར་མ་ཆད་པའི་རང་བཞིན་ལས། ཅེས་གསུངས་ཏེ། ཁས་ལེན་པ་ནི་ཆོས་སྐུ་སྟེ་དེ་ནི་སྣང་སྟོང་རིལ་གཅིག་པའི་དོན་གྱིས་དཔེ་དང་བྲལ་ཏེ་དཔེ་ཅིག་མ་གཏོགས་པ་ནི་ནམ་ཀའོ། །རིལ་མ་བཀོལ་བ་ནི་ཁོངས་སུ་བསྡུས་པ་མིན་པས་རང་བཞིན་ཅེས་སྨྲས་སོ། །ཐུགས་རྗེ་ཆེན་པོ་ནམ་མཁའི་དབྱིངས་ནས་འབྱུང་ཅེས་པ་ནི། ཐུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད་སྟོང་པ་མིན་ཏེ། ཡེ་ཤེས་ཆེན་པོའི་དོན་གྱིས་ཐམས་ཅད་ལ་དབང་སྒྱུར་བ་ནི་མངར་གྱི་སྦྲམ་བུའི་རོ་ལྟར་ཐམས་ཅད་དུ་ཁྱབ་པར་རང་ལས་གསལ་ལོ། །དེའི་བྱུང་བ་ཉིད་བསྟན་པའི་ཕྱིར་ཐབས་ཀྱི་རོལ་བས་འདོད་དགུར་སྒྱུར་བའི་དཔལ་ཅེས་པ། ཐབས་ཅིར་ཡང་སྣང་བ་དང་མ་ཆགས་པ་སྟེ་རིལ་ཚིམ་པར་བྱེད་པ་ནའང་རྟོག་པ་མེད་པས་འགྲོ་འོང་བྲལ་བ་ནི་ཀུན་ཏུ་བཟང་པོའི་རོལ་པ་ཞེས་བྱ་སྟེ། བརྒྱ་བྱིན་གྱི་ནོར་བུ་ཏིར་ཡ་ཀ་ལྟ་བུའོ། །དེས་གང་ཡང་མི་འདོར་རོ་ནི་ལོངས་སྤྱོད་ཀྱི་དོན་ནོ། །ཆོས་རྣམས་སྣ་ཚོགས་ཇི་སྙེད་སྣང་བ་ཡང་ཞེས་པ་དངོས་པོ་གཉིས་ཀྱིས་བསྡུས་པ་ནི་ཐམས་ཅད་སྣང་བའི་ཕྱིར་ཏེ་ཕྱི་རོལ་པ་དག་ལ་མཚན་ཉིད་བགྲང་བ་ལས་འདས་སོ། །ཡང་ནི་མི་མཐུན་པར་སྟོན་པ་སྟེ་དེ་དག་སྐྱོན་མེད་པ་དང་མི་སྤོང་བ་ཞེས་བྱ་བའི་དོན་ཏོ། །ཐ་སྙད་ཐམས་ཅད་བྱང་ཆུབ་མཆོག་གི་ལམ་ཞེས་པ། གང་ཐིག་ལེ་ཆེན་པོ་ལ་མཚན་ཉིད་མ་གྲུབ་པ་ཉིད་པས་དེ་དག་སྣང་བ་ནི་བཏགས་པ་ཙམ་མོ་ཞེས་ཟེར་བ་ཡང་བདེན་མོད་ཀྱི་དོན་ཀྱང་དེ་དག་ལ་བརྟེན་པ་ལུས་ལ་སོགས་པ་རྗེས་སུ་མཐུན་པའི་འབྲས་བུར་ཤེས་པས། དེ་དག་ཉིད་གོང་ན་མེད་པར་སྣང་བ་ཡང་སྔ་མ་ལ་བརྟེན་པས་ལམ་མོ། །སྙིང་པོ་བྱང་ཆུབ་མཆོག་ནི་ཡིན་ཤེས་ན། །ཞེས་པ། དེ་དག་ཀྱང་བདེན་པ་གཉིས་ཀྱིས་ཕྱེ་བར་བསྟན་པ་ནི་རིགས་པ་མིན་ཏེ། ཐམས་ཅད་ཀྱི་གཞི་དང་མཐར་ཐུག་པར་གྱུར་པས་སྙིང་པོ་སྟེ། གང་ཞེ་ན་ལྷུན་གྱིས་གྲུབ་པའི་ངང་ནི་སྙིང་པོའོ། །དེ་ལ་དགོངས་པ་ངེས་པར་འགྲེལ་པས་ཐ་མི་དད་པ་ཞེས་བྱའོ། །དེའི་རྗེས་སུ་མྱོང་བའི་ཡིད་ཆེས་པ་ཡོད་པ་ནི་རྣལ་འབྱོར་པའོ། །བཟའ་ཤིང་བགྲོད་པའི་ཡུལ་ནི་ག་ལ་ཡོད། །ཅེས་པ། སྨོན་ལམ་གྱིས་སྒོ་གསུམ་གྱི་ལས་མི་བྱེད་དེ་བསྒྲུབ་བྱ་རང་གི་ངོ་བོར་མ་ཟིན་པ་དང་དེ་ཉིད་ལྡན་ཟིན་པའི་ཕྱིར་རོ། །བྱ་མེད་རྫོགས་པའི་ངང་དུ་རབ་རྟོགས་ན། གང་ལྟར་གཟའ་ཤིང་བགྲོད་ཀྱང་ཡུལ་ལས་འདས། །ཅེས་པ། ཁ་ཅིག་སྔར་བཤད་དེ་རབ་ཏུ་ཞེས་པ་ནི་ཆེན་པོར་ཞེས་པའི་དོན་ཏེ་མཐོང་བ་ལས་གདེང་གི་སྙེམས་པ་དང་བཅས་པས་མི་མཐུན་པའི་སྤྱོད་པ་གཉིས་ཀྱང་བདག་གི་བྱ་བ་སྟེ་ཆེར་ཤེས་པའི་དོན་ཀྱིས་འཁོར་གསུམ་གྱི་འདུ་ཤེས་དང་བྲལ་བས་མི་གོས་མི་ཆགས་པའི་ཕྱིར་གང་ཡང་མི་སྤོང་ངོ་། །འོན་ཏེ་གདེང་གིས་བསྒྲུབས་པས་ཐེག་པ་སོ་སོར་བསྟན་པ་དོན་མེད་པར་དགོས་པ་ལ། ཐེག་པའི་ཁྱད་པར་ཇི་སྙེད་བསྒྲགས་པ་ཡང་། །ཚུལ་ཁྲིམས་སྡོམས་དང་ཕྱི་ནང་དམ་ཚིག་ཀྱང་། །འགྲོ་བ་གདུལ་བྱའི་ངང་སྟེ་ཇི་སྙེད་འདོད་ལ་བསྟན། །ཅེས་པ། ལུགས་མ་ནོར་བས་ངེས་པར་འདོད་པ་ནི་ཐེག་པའི་མིང་འཐོབ་བོ། །དེ་དག་ལུགས་མི་མཐུན་པས་མང་བ་ནི་ཅིག་ལ་ཡང་བློ་གྲོས་ཐ་དད་པས་འགྲོ་སྟེ། སྦྱོར་བའི་ལུང་སྟོང་ཕྲག་དུ་མ་ནི་ཟ་ཧོར་དང་མ་ཐུང་གི་ཡུལ་ན་རྒྱས་པར་སྤྱོད་དོ། །སྒྲོལ་ལུང་སྟོང་ཕྲག་དུ་མ་ནི་ཐོར་དང་ཀོས་བྲང་གི་ཡུལ་ན་རྒྱས་པར་སྤྱོད་པ་ལ་སོགས་པ་ལྟ་བུས་བསྟན་ནོ། །སྒྲ་ནི་རྟེན་ཅིང་འབྲེལ་པར་འབྱུང་ཞེས་པ་སྟེ་འོག་ཏུ་བསྟན་ནོ། །མ་ནོར་བའི་ཚུལ་གྱིས་འཇུག་པ་དང་། གསུམ་གྱི་སྒོ་སྡོམ་པ་དག་ལ་སོགས་པ་ཐེག་པ་གཉིས་ཀྱི་ལམ་སྟེ་གོ་སླའོ། །མི་མཐུན་པར་འདྲེན་པ་ནི་ངོ་བཙན་དུ་མི་དགག་པའི་དོན་ཏེ། འགྲོ་བ་ཉིད་གདུལ་བྱ་སྟེ་དེ་གདུལ་བར་བྱ་བའི་ཕྱིར་འདུལ་བྱེད་ཀྱི་ཐེག་པ་དང་སྟོན་པ་ནི་ལས་ཀྱི་ཤུགས་ཀྱིས་སྣང་བའི་ཕྱིར་ཏེ་ཡེ་གནས་པ་ལྟ་བུ་ནི་མ་ཡིན་ནོ། །དེ་དག་མང་པོའི་ངོར་བསྟན་པ་ནི་སྟོན་པ་པོ་དེ་བཞིན་གཤེགས་པའོ། །འདི་དག་མཐུན་པ་མིན་ཡང་གཞན་གྱིས་གསལ་ཏེ། བསྟན་པ་ནོར་བུའི་དགོས་པ་བཞིན། ལས་ཀྱང་གཞན་ལས་མི་སྣང་བས་བྱིན་རླབས་རྟེན་ཅིང་འབྲེལ་བ་འདོད་ཞེས་བྱ་སྟེ། ཕྱོགས་གཉིས་ག་ཡང་མཐུན་པར་གསུངས་སོ། །ཐེག་པ་ཆེན་པོ་དེ་ནི་ལས་ལས་ཀྱང་འདས་ཏེ་ཀུན་ཏུ་བཟང་པོའི་སྤྱོད་པར་བསྟན་པའི་ཕྱིར། ཐ་སྙད་ཙམ་དུ་འདུལ་ཞེས་བྱ་མོད་ཀྱང་། །དམ་དུ་བཅས་པའི་ཡུལ་ཡང་རྡུལ་ཙམ་མེད། །དམ་དུ་བཅས་པའི་ཡུལ་མེད་རབ་རྟོགས་ན། །དམ་དུ་བཅས་ཀྱང་སྐྱོན་མེད་ནམ་མཁའ་འདྲ། །འདོད་རྒྱུར་སྒྱུར་ཞིང་སྙིང་རྗེ་ཐབས་མི་སྤངས། །ཞེས་པ་ནི། གཟུགས་ལ་སོགས་པ་བཏགས་པ་ཙམ་གྱིས་ཆོས་ཉིད་གང་ཡང་མ་གྲུབ་པར་སྟོན་པ་ཡང་འདིར་རྟོག་པའི་རྩལ་གྱིས་གཟུགས་ལ་སོགས་པ་ནན་གྱིས་ཐ་སྙད་དུ་བྱས་པས་གཞན་རིལ་བཀག་གི་འདུལ་བྱེད་རྣམས་ཀྱང་ལས་ཀྱི་རྟོག་པས་ཐ་སྙད་དུ་སྣང་བས་དེ་དག་བདེན་པར་གསུངས་པ་ནི་ཐ་སྙད་ཀྱི་རྟོག་པ་རྣམས་ཀྱི་ངོར་ལན་ཅིག་གསུངས་པའོ། །སྐྱོང་ནི་མི་མཐུན་པ་སྟེ་དེ་དག་མི་འཐད་པར་འདྲེན་ཏོ། །ལ་ལ་དག་སྨོན་ལམ་གྱི་དམ་བཅའ་པ་མཐར་ཕྱིན་པའི་འདུ་ཤེས་སུ་འདོགས་པ་ནི་སྐབས་ཀྱིས་རིགས་པ་མིན་ཏེ། སྔར་ཕྱོགས་གཞན་བཀག་ནས་འདིར་ཐ་སྙད་པར་མཐོང་བ་ནི་མིང་ཙམ་མཐོང་བ་སྟེ་མིང་ཡོངས་སུ་བཙལ་ལོ། །དེ་དག་སེམས་ཉིད་ཁོ་ན་བས་རང་གི་མཚན་ཉིད་དུ་ཆ་ཕྲ་བ་ཡང་མ་རྙེད་པས་དེའི་ཕྱིར། དཔེར་ན་རི་བོང་རྭ་ཞེས་བྱ་བ་ལ་འཇོག་པའི་བཟོའོ་མེད་པ་བཞིན། དངོས་པོ་གསུམ་ཡུལ་དང་ཡུལ་ཅན་ཕན་ཚུན་འབྲེལ་པ་ཡེ་ནས་མེད་པས་བསྒྲུབ་བྱའི་ཡུལ་མེད་པ་ནི་ཐེག་པ་ཆེན་པོའོ། །དེ་ལྟར་གདེང་ཆེན་སྙེམས་པ་དང་བཅས་པ་ནི་འདུ་ཤེས་ཐམས་ཅད་བྲལ་བས་བྱ་བ་ཐམས་ཅད་སྐྱོན་མེད་དེ། དཔེར་ན་ནམ་མཁའི་ཆོ་འཕྲུལ་ཐམས་ཅད་འབྱུང་བ་ཡང་དེ་དག་དུ་གྱུར་བ་དང་ཆགས་པ་མེད་པ་བཞིན་དུ་བསྟན་པས་འཕྲིན་ལས་ཐོགས་པ་མེད་པ་ཞེས་བྱའོ། །དེ་དག་མི་ཕྱེད་པའི་རྗེས་སུ་འདུ་ཤེས་མེད་པར་གཞན་ཅི་འདོད་པར་རང་སྣང་བ་ནི་སྒྱུར་ཞེས་བྱ་བའི་དོན་ཏེ། གང་ཡང་མ་བཏང་བའོ། །དེ་དག་གི་འབྲས་བུ་ཇི་ལྟ་བུ་སྙམ་པ་ལ། ཡེ་ཤེས་ཀླུང་དུ་ཤར་བའི་རྣལ་འབྱོར་པ། ཞེས་པ། ཡེ་ནས་ཤེས་པ་ནི་རང་བྱུང་གི་ཡེ་ཤེས་སོ། །དེས་ཅི་ཞིག་ཞེ་ན་རིལ་བདག་ཏུ་གྱུར་པ་ནི་རྐྱེན་མེད་པའི་ཕྱིར་བསམ་པ་བཅད་ཅིང་རྣམ་པ་ཅིར་ཡང་མི་རྟོག་པ་ཉིད་མཐའ་ཐམས་ཅད་ཀྱིས་མ་བསྒྲིབས་པར་གསལ་བས་མིང་འཐོབ་བོ། །དེ་ཉིད་ཡངས་ཤིང་བར་མ་ཆད་པའི་རྗེས་སུ་གྱུར་པ་ནི་དོན་མཐོང་བ་སྟེ། མིང་གཉིས་ག་གྲུབ་བོ། །ས་མཆོག་འདི་ནི་མ་བསྒྲུབས་ལྷུན་གྱིས་རྫོགས་ཞེས་པ། ས་ནི་ས་སྟེ་བསྒྲུབས་བྱ་མ་ལུས་པའི་གཞིའོ། །ཉེ་བར་དངོས་པོ་བཤད་ཟིན་པ་ནི་གོང་ན་མེད་པས་བླ་མ་ཞེས་བྱའོ། །དེ་དག་རྒྱུ་རྐྱེན་གྱིས་མ་བྱས་པ་ཡང་ངེས་ཚིག་གིས་བསྒྲུབས་ཏེ་རིལ་རྫོགས་པས་འཕེལ་བར་བྱ་བ་མེད་པའོ། །འོ་ན་དེ་ནི་ཀུན་ཀྱིས་ཐོབ་ལུང་མན་ངག་ནི་དོན་མེད་དོ་སྙམ་པ་ལ། བག་ལ་ཉལ་བའི་སྐྱོན་རྣམས་མ་ལུས་ཀུན། །ཡེ་ཤེས་འོད་གསལ་ཆེན་པོས་རབ་གསལ་ནས། །ཞེས་པ། ཡིད་ལ་བྱས་པ་ལྟར་སྣང་བའི་མཐའ་རྣམས་ནི་རྒྱུན་ཤིན་ཏུ་ཕྲ་བ་ལ་གནས་སོ་དེ་དག་ལས་མངོན་པར་ཞེན་པ་ནི། ཕྱོགས་སྔ་མ་དང་གཉིས་མུན་པ་དང་སྣང་བ་བཞིན་གྱུར་པས་སྐྱོན་ནོ་ཞེས་ཐ་སྙད་དུ་འདོགས་སོ། །དེ་དག་རིལ་ཐ་སྙད་གང་གིས་ཇི་ལྟར་ཞེ་ན། ཡེ་ཤེས་འོད་གསལ་ཆེན་པོས་བསལ་ལོ། །ཞེས་བྱ་བ་དེ་དག་གོ་ཞེས་ཟེར་བ་ནི་བདེན་མོད་ཀྱི་བསལ་ཞེས་སོ་དོན་མེད་པར་འགྱུར་པས་རིགས་པ་མིན་ཟེར་བ་ཡིན་ནོ། །འདིར་ལུང་མན་ངག་ལ་རྟེན་པའི་ཡེ་ཤེས་སྐད་ཅིག་མས་ནི་མཐའ་རྣམས་ཉིད་ཐིག་ལེ་ཆེན་པོར་མི་ཕྱེད་པར་ཤེས་པས་ཞེན་པ་གཅོད་པའི་ཕྱིར་རྡོ་རྗེ་སྟེ། དེ་ནི་བདག་ཉིད་ཀྱང་ཀླུང་དུ་ཆུད་དེ་དངོས་པོ་གསུམ་དང་བྲལ་བ་ནི་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དེ་དག་བསལ་བ་ཡང་འགྲོ་འོང་མེད་དེ་ཐོག་མ་ནས་མ་གྲུབ་པའི་ཕྱིར་ཏེ། དེ་དག་ངོ་ཤེས་པ་ལ་ཐ་སྙད་དུ་འདོགས་སོ། །དེ་དག་ཤེས་པ་ཙམ་གྱིས་ཀླུང་དུ་ཆུད་པ་ཞེས་གསུངས་སོ། །དེ་ཉིད་བརྟན་པར་བྱ་བའི་ཕྱིར། ཐེག་ཆེན་འདི་ནི་མཁའ་ལ་ཉི་ཤར་བཞིན། །མཐའི་མུན་པ་ཡེ་ནས་མེད་ཅེས་གསུངས། །ཅེས་པ། ཉི་མའི་དཀྱིལ་འཁོར་ནི་མུན་པ་ངང་གིས་མེད་པའི་ཕྱིར། འཛམ་བུའི་གླིང་ཐམས་ཅད་གསལ་བར་བྱེད་དོ། །རང་བྱུང་གི་ཡེ་ཤེས་ནི་ལུགས་མི་མཐུན་པས་འདོགས་པའི་ཕྱིར་ཐེག་པ་ཆེན་པོ་སྟེ། བདག་ཉིད་མཐའ་ཐམས་ཅད་གདོད་མ་ནས་བྲལ་བས་ཞེན་པའི་ངོ་བོ་ཉིད་ཀྱང་ཐིག་ལེ་ཆེན་པོར་ཡངས་པར་བྱེད་དོ་ཞེས་པའི་ཐ་ཚིག་གོ །དེ་དག་གི་ཏིང་ངེ་འཛིན་བསྟན་པའི་ཕྱིར། བསྒོམ་པའི་ཡུལ་མེད་དེ་ལ་བསྒོམ་མི་གནས། བསྒོམ་ཆགས་བདེ་བ་བདག་འཛིན་སྡུག་བསྔལ་ཡིན། །ཞེས་པ། བསྒོམ་ཏེ་ཐོབ་པར་བྱ་བ་ནི་ས་མཆོག་སྟེ་དེ་ཉིད་ནི་ལྷུན་གྱིས་གྲུབ་པ་དང་གཉིས་ཀྱི་འདུ་ཤེས་བྲལ་བས་བྱ་བྱེད་མེད་པ་ཡིན་པ་ལ། རྨོངས་པ་དག་དམིགས་པའི་ཚུལ་གྱི་སྒྲ་ལ་བརྟེན་ནས་ཡིད་ལ་བྱེད་པ་ནི་བདག་དང་མ་བྲལ་བས་ཡུལ་གྱི་མྱོང་བ་ཆེར་ཡོད་པ་རྣམས་ནི་མཐུན་པས་ཞེན་ཏེ་བདག་གཉིས་རྒྱས་པར་བྱས་ཤིང་། མི་གཏོང་བ་ནི་འདུ་བྱེད་ཟེར་ཀྱིན་དེ་ཤིན་ཏུ་ཡང་འགལ་ལོ། །འོན་ཀྱང་ལས་དང་པོ་པའི་བསླབ་པ་ཙམ་གྱི་ངོར། བསྒོམ་པའི་གནས་མེད་དག་ཏུ་རབ་རྟོགས་ན། །བསྒོམས་ཀྱང་སྐྱོན་མེད་ཆོས་དབྱིངས་ནམ་མཁའ་འདྲ། །ཞེས་གསུངས་ཏེ། ཐིག་ལེ་ཆེན་པོ་ནི་བྱ་བྱེད་གཉིས་་དང་བྲལ་ཏེ་མིང་དང་མི་གྲོལ་ཏེ་འགལ་ལོ། །དེ་ཉིད་ཆེར་གདེང་དུ་ཆུད་པ་ནི་སྤྱོད་ཡུལ་ཐམས་ཅད་བདག་ཉིད་ལས་མི་ཞན་པས་ཅི་བསམ་པ་ཡང་མི་སྐྱོན་ཏེ། ཆོས་ཀྱི་དབྱིངས་ནི་མཚན་མ་གང་ཡང་མ་ཆུད་པ་མེད་དོ། །དེ་ཉིད་ཀྱི་བསྒོམ་པ་པོ་ཡང་ཤེས་རབ་ཀྱིས་ཡོངས་ལ་མི་གནས་པར་དུ་མ་ལས་གསུངས་སོ། །གལ་ཏེ་མ་གོམས་པ་དག་གི་སྤང་སྟེ། ས་པའི་བྱང་ཆུབ་སྙོམས་པར་འཇུག་པ་མང་པོ་བྱེད་པ་ཡང་ཟིན་ཆགས་མེད་ན། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་ཤེས་རབ་བར་མ་མཐའ་ཕྱིན་པ་ལྟ་སྨོས་ཀྱང་ཅི་དགོས་པའོ། །ཀྱང་ཞེས་པ་ནི་གཞན་དག་གི་ལུགས་ཀྱིས་མི་མཐུན་པའི་སྟོན་པ་སྟེ། འདིར་ཡང་གཙོར་བྱེད་པ་ནི་མེན་ནོ་ཞེས་བྱ་བའི་དོན་ཏོ། །བཀོལ་བ་མེད་དེ་ཀུན་གྱི་རེ་སྐོངས་བའི། །ཞེས་པ་གདེང་གིས་གང་ཡང་མ་སྤངས་པའི་དོན་གྱིས་རིལ་ཚིམ་པར་བྱེད་པ་ནི་ལྟ་བའི་ཡོན་ཏན་ཏེ་རྒྱས་པར་བཤད་ཟིན་ཏོ། །མཉམ་ཉིད་ངང་རྟོགས་ཐེག་ཆེན་འདི་དག་ནི། །ཞེས་པ། མ་བཀོལ་བ་དེ་དག་ཉིད་ན་གདེང་གི་བློས་དུས་གསུམ་དུ་འདུ་ཤེས་མ་གཡོས་པ་ནི་མཉམས་པ་ཉིད་དོ། །དེ་གང་ལ་ཡོད་པ་རྣམས་ནི་ཐེག་པ་ཆེན་པོའི་རྣལ་འབྱོར་པའོ། །དེ་དག་གི་ལས་དང་འབྲས་བུ་བསྟན་པའི་ཕྱིར། ཀུན་ལ་ཁྱབ་ཅིང་མ་རྫོགས་ཆོས་གང་མེད། །ཞེས་གསུངས་སོ། །དབྱིངས་སུ་རིལ་ཆུབ་པས་མི་འབྱེད་པའི་ཐུགས་རྗེ་ཆེན་པོས་ཐམས་ཅད་ཟིན་པའི་ཕྱིར་འདུ་ཤེས་མེད་པའི་ཐབས་ཀྱི་རོལ་པ་མཐར་ཐུག་པ་མེད་པ་ཆུའི་སྣོད་ལྟར་མཐུན་པར་རང་སྣང་ལ། དེ་དག་གི་གཞིའི་ཡང་ཐམས་ཅད་ཀྱི་ངོ་བོ་མཐོང་བ་ཚུལ་གྱིས་བསྒྲུབ་བྱར་ལྷུན་གྱིས་གྲུབ་པས་རྫོགས་པ་ཆེན་པོ་ཞེས་གསུངས་སོ། །བྱང་བ་ནི་གཉིས་ཏེ། ཆོས་ཀྱི་སྐུ་མཐའ་བཞིའི་སྤྲོས་པ་དང་བྲལ་བས་བྱང་བ་དང་། ཡེ་ཤེས་མཐའ་བཞིའི་སྤྲོས་པ་དང་བྲལ་བས་བྱང་བའོ། །ཆུབ་པ་ལ་གཉིས་ཏེ་ལྟ་བ་ཡེ་ནས་ལྷུན་གྱིས་གྲུབ་པས་ཆུབ་པ་དང་། སྤྱོད་པ་བླང་དོར་མེད་པར་རོལ་བས་ཆུབ་པའོ། །སེམས་ལ་གཉིས་ཏེ་ཤེས་རབ་ཆེན་པོས་རྟོགས་པའི་སེམས་དང་། བསམ་གཏན་ཆེན་པོས་བསྒོམ་པར་སེམས་པའོ། །ཤེས་རབ་ཆེན་པོས་རྟོགས་པར་སེམས་པ་ལ་གསུམ་སྟེ། འབྲས་བུ་ལྷུན་གྱིས་གྲུབ་པ་ལ་བཙལ་དུ་མེད་པར་རྟོགས་པ་དང་། སེམས་ཅན་རང་བྱུང་གི་ཡེ་ཤེས་ལ་བསྒྲལ་དུ་མེད་པར་རྟོགས་པ་དང་། ཡུལ་སེམས་གཉིས་སུ་མེད་པ་ལ་བསྒོམ་དུ་མེད་པར་རྟོགས་པའོ། །རིན་པོ་ཆེ་ལ་གཉིས་ཏེ། དགོས་འདོད་འབྱུང་བའི་རིན་པོ་ཆེ་དང་། རྣམ་རྟོགས་འདའ་བའི་རིན་པོ་ཆེའོ། །ཀུན་འདུས་ནི་འཁོར་བ་ངང་ལས་འདས་པ་ཀུན་འདུས་པའོ། །སྤྲོས་བྲལ་ལྷུན་གྲུབ་ཤེས་རབ་གསུམ་མཐར་ཕྱིན། །མཐའ་བཞིའི་མུན་སེལ་ཀུན་གྱི་རེ་བ་སྐོང་། །མ་ལུས་རྫོགས་པའི་ཐུགས་ཀྱི་མན་ངག་ལ། །གཏན་ཚིག་གསུམ་བཀྲོལ་ཀུན་གྱི་དོན་ཏུ་བསྔོ། །རིན་པོ་ཆེ་ཀུན་འདུས་ཀྱི་འགྲེལ་པ་རྫོགས་སོ།། །།

རྡོ་རྗེ་གཟོང་ཕུགས་ཀྱི་འགྲེལ་པ།

རྡོ་རྗེ་གཟོང་ཕུགས་ཀྱི་འགྲེལ་པ་བཞུགས་སོ།། རྡོ་རྗེ་གཟོང་ཕུགས་འགྲེལ་པ་ནི། ཡེ་ཤེས་རྡོ་རྗེ་མ་ལུས་ལྷུན་རྫོགས་ངང་དུ་བཅོམ། །དེ་ཉིད་ཀུན་དངོས་མང་བསྡུས་རྫོགས་པར་ལྡན་འགྱུར་ཡང་། །རང་གི་ངོ་བོ་འདི་ཞེས་སྨྲ་བསམ་སྤྱོད་ཡུལ་འདས། །ཡིད་བཞིན་ནོར་ལྟར་ལྷུན་གྲུབ་བདག་གཞན་ལེགས་པ་ཆེ། །སྤྱོད་ཡུལ་ཟུག་རྔུ་ཀུན་འབྲལ་སྡུག་བསྔལ་ལམ་དུ་བདེ། །འབྲས་བུ་དེ་བཞིན་ཆེ་བ་ལྔར་ལྡན་པ་ནི་གནས། །དེ་ཉིད་གདེང་འགྱུར་ཀླུང་ཞུགས་མངོན་བྱས་གང་གྱུར་པ། །མཉམ་ཉིད་ལྷག་པའི་འདུད་པ་མཆོད་པ་ཀུན་གྱི་མཆོག །སྣོད་དང་སྐལ་བར་ལྡན་ལ་གདམས་པའི་ཕྱིར། །ཡིད་བཞིན་ཡེ་ཤེས་དབྱིངས་ཀྱི་མཐའ་ཁྱབ་པ། །གྲོལ་ཞིང་རྟོགས་ཏེ་དོན་ལྡན་བརྩོན་པས་ཉོན། །ཡིན་བཞིན་འབར་བ་ཡེ་ཤེས་རང་བྱུང་སྟེ། །ཅིར་སྣང་འཕེལ་འགྲིབ་མེད་པར་གསལ་བ་ཉིད། །གང་ཡང་མ་བཀོལ་རྫོགས་པ་འདུས་མ་བྱས། །མུ་མཐའ་མེད་པས་འགྲོ་འོང་མེད་པར་འབྱུང་། །ཀུན་ཁྱབ་བདག་ཉིད་འཆིང་འགྲོལ་མེད་པའི་དོན། །རྟོགས་པའི་སྐལ་ཡོད་ཆུ་བོ་སྤྱོད་ལྡན་པ། ༈ །ལོ་རྒྱུས་དོན་ཀྱིས་ལྷག་པའི་དོན་བསྟན་ཕྱིར། །སྣང་མེད་བརྗོད་པ་མེད་ལས་འདས་པའོ། །ངེས་པར་བསྟན་པ་སྣང་གྲགས་ལྷུན་རྫོགས་ཀྱང་། །དེ་དེ་ཡོད་དང་མེད་ལས་གང་འདས་པ། །འདས་པའི་ཕྱོགས་སུ་གྱུར་མེད་མན་ངག་མཚན། །ཆོས་ཀྱི་དབྱིངས་ལ་བསྡུས་ཏེ་རྣམ་བཤད་པ། །བྱ་བྱེད་མེད་པར་མན་ངག་བཅུད་ཤར་བའི། །སེམས་ལ་ཚིག་ཏུ་བརྗོད་མེད་སྐུའང་མེད། །ཕྱི་ནང་སྤྱོད་ཡུལ་མེད་པར་ནང་ཉིད་ལ། །བརྗོད་སྣང་ཀུན་དངོས་འདི་འདྲ་འདི་ཞེས་མེད། །ཡེ་ཤེས་རྣམ་པར་དག་པ་ཅིག་ཕྱིར་ཏེ། །མི་གནས་ཡེ་ཤེས་རང་དག་ཐ་དད་མེད། །བདག་ཉིད་ཆེན་པོའི་གཏན་ཚིགས་དོན་ཡིན་པས། །གྲོལ་བའི་ལས་ནི་མཚན་ཉིད་ཡོད་མ་ཡིན། །བཅིངས་པ་གཉིས་བྲལ་འཕྲིན་ལས་འདི་འདྲར་མེད། །མཐའ་བྲལ་གཏན་ཚིགས་སྒོ་ནས་མཐུན་བསྟན་པ། །གཅིག་དང་དུ་མའི་མཐའ་ལས་འདས་པ་ནི། །གཅིག་ལས་མ་གཡོས་ཐ་དད་སྣང་བ་དང་། །ཀུན་བྲལ་ཉག་གཅིག་ཅི་མ་སྤངས་པའི་ཕྱིར། །རྒྱ་མཚོའི་རླབས་དང་དེ་ཉིད་མཚུངས་བཞིན་དང་། །ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་བཀྲ་བ་མེད། །དེ་བས་གཟུགས་བྲལ་གཟུགས་ཀུན་དངོས། །ཚོན་ལྔ་བསྲེས་བཞིན་འདི་འདྲར་བསྟན་པར་དཀའ། །ཐམས་ཅད་མཁྱེན་ལྟས་དབུ་མ་ཟིལ་གྱིས་གནོན། །འདི་འདྲ་དོན་མཆོག་མ་རྟོགས་སྐྱོན་བསྟན་ཕྱིར། །ཀུན་གྱི་བདག་ཉིད་དུས་གསུམ་དབྱིངས་མི་གཡོ། །འགྲེ་ལོག་སྤྱི་ཚུགས་གར་འགྲེ་གར་སྤྱོད་ཀྱང་། །སྙིང་པོའི་དོན་ལས་མི་འདའ་མཁའ་ལྟ་བུའི། །ལྟ་བ་འདི་མེད་སྤྱོད་པ་སྒྱུ་མས་འཆིང་། །གཟའ་གཏད་བྲལ་སྤྱན་མེད་ན་ཐམས་ཅད་དུ། །ཅི་བྱས་ཅི་སྤྱད་གཟུངས་འཛིན་བརྫུན་པས་འཆིང་། །དེ་བས་གཉིས་སུ་མེད་པར་དོན་བསྟན་ཕྱིར། །ཕྱིན་ཅི་ལོག་དང་མ་ལོག་བྱང་ཆུབ་སྟེ། །བྱང་ཆུབ་ཉིད་ལ་ལོག་དང་མ་ལོག་མེད། །རང་བཞིན་ངོ་བོ་མཚན་ཉིད་མ་ནོར་ལམ་ལོག་པའི། །འཁོར་དང་དེ་བཟློག་མྱ་ངན་འདས་པའི་ཆོས། །གསུམ་གྱིས་ཐ་དད་མེད་པས་བྱང་ཆུབ་སེམས། །འོན་ཀྱང་དེ་ལ་དེའི་ཕྱོགས་འགྱུར་མེད། །དེ་ནི་གཉུག་མར་གནས་པའི་བྱང་ཆུབ་སེམས། །ཕྱོགས་ལ་སོགས་པ་ཤེས་རབ་འཆལ་པའི་བློ། །ཡང་དག་ལྟ་དང་བསྒོམ་པའི་དོན་བསྟན་ཕྱིར། །བསམ་དང་བྲལ་བའི་སེམས་རྣམས་དེ་ཉིད་ནི། །ནམ་མཁའ་འདྲ་བའི་སེམས་དེ་ཉིད་དང་བྲལ། །མཐའ་ཡས་སེམས་བརྒྱུད་ལོག་རྟོག་ཐ་དད་རྣམས། །དེའི་ཁོ་ན་ཉིད་ནི་རིགས་དང་རྒྱུད་མེད་ཕྱིན། །ལྷུན་གྲུབ་ཡེ་ཤེས་སྤྱོད་ཡུལ་བྲལ་བའི་དཔེ། །མཁའ་ལ་མཁར་སེམས་མེད་འདྲར་དེ་ཉིད་དེར་སེམས་བྲལ། །ཡོད་མེད་དབུ་མ་མ་དམིགས་བརྗོད་མེད་ན། །ནམ་མཁའ་མི་གནས་བརྗོད་དུ་མེད་ལས་འདས། །སྣང་སྟོང་མཐའ་དབུས་ངང་ཉིད་ཡུལ་མེད་བསྟན་དཀའ་བ། །གདེང་དུ་ཆུད་ན་ཡེ་ཤེས་ནམ་མཁའ་ལའང་། །སེམས་རྟེན་མི་འཆའ་བརྗོད་མེད་བླང་དུ་མེད། །དོན་དེ་གང་ལྡན་མཉམ་བཞག་བསྒོམས་པའི་བླང་། །དེ་ཕྱིར་གསང་བ་ཕྱི་ནང་ལས་འཕགས་པས། །མཚན་མ་འཇིལ་བའི་སྐུ་མེད་དག་པས་ན། །རྟོགས་པའི་བསྙེན་པ་ཕྱག་རྒྱ་བསྒོམ་མེད་ཕྱིར། །གཟའ་བའི་ཡུལ་མེད་བརྩལ་བའི་དབང་པོས་སྟོང་། །གཞི་བསྒོམ་བཟླས་པས་ཐོབ་བྱའི་སྤྱོད་ཡུལ་མེད། །དུས་གསུམ་མཉམ་པ་ཉིད་ཀྱང་འབྱུང་འཇུག་གོ །དོན་དམ་དུས་གསུམ་མཉམ་ལ་ལྡང་འཇུག་པ། །ཆེད་དུ་བྱེད་པ་གཟུང་འཛིན་གཙོ་བོ་ཡིན། །དེ་བས་འདི་ལ་དེ་མེད་དོན་བསྟན་ཕྱིར། །ལེན་མེད་འཛིན་དང་ཡོངས་སུ་བྲལ་བས་ན། །དུས་གསུམ་བདག་ཉིད་རྡོ་རྗེ་སེམས་དཔའ་ཆེ། །དུས་གསུམ་བདག་ཕྱིར་སྤོང་ལེན་གཟུང་འཛིན་མེད། །དེ་ཕྱིར་ཆོས་ཀུན་སོ་སོའི་གནས་ན་དཔལ། །རྡོ་རྗེ་སེམས་དཔའ་དུས་སྐབས་མེད་པར་གནས། །གཅིག་གིས་སྤགས་པས་ཐེག་པ་ཀུན་བས་ཆེ། །བརྟགས་པའི་སྐུ་གསུང་ཐུགས་ལས་འདས་པའི་ཕྱིར། །སེམས་ཉིད་ཆོས་པས་སེམས་ལ་སྐུ་མི་མངའ། །རང་སེམས་ཆོས་སྐུར་གནས་ཕྱིར་དབྱིབས་དང་ཁ་དོག་མེད། །གྲགས་ལས་འདས་པས་གྲགས་ཉིད་ཡེ་ཤེས་ཏེ། །འདི་འདྲར་སྒྲར་བརྗོད་མེད་ཕྱིར་སྒྲ་ཉིད་ཡེ་ཤེས་སྣང་། །ཞི་བའི་འོད་གསལ་གདོད་ནས་ལྷུན་གྱིས་གྲུབ། །གཟུང་འཛིན་གསུམ་བྲལ་ལྷུན་གྲུབ་ཡེ་ཤེས་ནི། །ཡེ་ནས་དེ་བཞིན་གྲུབ་དང་མ་གྲུབ་བདག །འགྱུར་བས་ཆགས་པ་མེད་པའི་ཆོས་ཡུལ་ཀྱང་མི་འགྱུར། །དེ་ལས་བསམ་ཞིང་སྣང་བས་འཛིན་མེད་རྟགས་འགྱུར་མེད། །སངས་རྒྱས་ཡེ་ཤེས་ངོ་བོ་མེད་ཞེས་བྱ། །རྒྱས་བའི་ཐུགས་ནི་ཡོད་མེད་དབུས་བྲལ་བདག །བསྟན་པར་དཀལ་ལ་མཆོད་ཕྱིར་དེ་སྐད་མཚོན། །མི་འབྱུང་མི་འཇུག་ཡུལ་མེད་དབང་པོས་སྟོང་། །མཁས་ལ་འབྱུང་འཇུག་ཡུལ་མེད་དེ་ལྟར་བུ། །སངས་རྒྱས་ཡེ་ཤེས་ངང་གིས་དེ་ལྟ་བའོ། །མི་རྟག་གཏན་ཚིགས་བདག་ལྟ་སུན་འབྱུང་ཕྱིར། །སྐྱེ་འཇིག་འབྱུང་ཕྱིར་བདག་མཐའ་ཡེ་ནས་མེད། །སྙིང་པོ་བདག་རིག་ཡོད་ན་དེ་ལྟ་འབྱུང་མི་རིགས། །རྩོལ་བས་འདི་ལ་བྱ་བ་མེད་པའི་ཕྱིར། །སྐུ་གསུང་ཐུགས་དང་བྲལ་བས་ཆེ་བའི་མཆོག །སྣ་ཚོགས་སྐུ་གསུང་ཐུགས་ཀྱི་བདག་ཉིད་ལ། །གསུམ་ཐོབ་རྩོལ་བས་དེ་བསྒོམ་བྱ་བྱེད་མེད། །སྔགས་དང་ཕྱག་རྒྱ་བྲལ་ཡང་ཉམས་པ་མེད། །མི་གཡོ་ཕྱག་རྒྱ་བཟླས་བརྗོད་མེད་པའི་སྔགས། །དེ་ཉིད་བདག་ལ་སྣང་བརྗོད་བྲལ་ཉམས་མེད། །ཕྱི་ནང་སྒོ་ཕུགས་མེད་པས་རྒྱ་ཆེ་ནང་པ་ཉིད། །བྱ་བྱེད་མེད་པས་བགྲོད་མེད་ཡུལ་བྲལ་རྟེན་དང་བྲལ། །མཐའ་དབུས་ཀུན་དང་བྲལ་བས་སྙིང་པོ་ཉིད། །བརྒྱད་མཐར་ཐུག་དང་དབུ་མ་ཀུན་དངོས་མེད། །འདི་ལ་འདིས་རིག་མེད་པས་དོན་བཅུད་ནི། །བདེ་དང་མི་བདེ་མཉམ་པ་ཡེ་ནས་མེད། །ལོངས་སྤྱོད་སྡུག་བསྔལ་བཟང་ངན་མ་འདྲེས་རྫོགས། །དེ་ལ་དེ་འདྲར་ཡེ་ནས་བརྟག་ཏུ་མེད། །འཛིན་མེད་བློ་ནི་གང་དང་འང་མི་སྐྱེ་ན། །མཉམ་པར་འཇོག་ཚེ་འདུ་ཤེས་ཡུལ་གང་ལ། །འཇུག་པ་མེད་དེ་མེད་པ་ལེན་པའང་མེད། །བྲལ་དང་མ་བྲལ་དངོས་མེད་གཟུང་དུ་མེད། །དོན་ལ་མཐའ་དང་ཞེན་རྟོག་ཡོད་དང་མེད། །སྒྲོས་སྐུར་འདི་འདྲར་མེད་ཕྱིར་དམིགས་གཟུང་མེད། །དེ་ལ་དྲུག་གི་འཛིན་པ་མེད་པའི་ཕྱིར། །ཐོས་མེད་མཐོང་མེད་རེ་མེད་དོགས་པ་མེད། །དོན་ལ་འདི་འདྲར་སྟོན་མེད་དབྱིངས་ལ་བཀྲ་བ་མེད། །ཤེས་དང་ཐོབ་པའི་ཡུལ་མེད་གཡང་ས་མེད། །དྲུག་གི་སྤྱོད་ཡུལ་སྤངས་པ་རང་བྲལ་ལ། །དག་དང་མ་དག་ཡེ་ཤེས་ཚིག་མཐའ་བྲལ། །མ་རིག་ཡེ་ཤེས་ཐ་དད་མེད་པའི་ཕྱིར། །ཡེ་ཤེས་ངང་སྒྲིབས་སྦྱངས་པས་ཐ་སྙད་མཚོན་དུ་མེད། །ཚིག་ཏུ་འཛིན་མེད་ཡེ་ཤེས་ཡེ་ནས་དབེན། །སྨྲ་ཚིག་རིག་ཕྱིར་ལྕགས་གྲོལ་སྒྲོས་སྐུར་མེད། །མུ་སྟེགས་ལྟ་བའང་མ་སྤངས་བྲལ་བསྟན་ཕྱིར། །རྟག་ཆད་འབྱེད་མེད་སྣང་སྟོང་ཀུན་མེད་དོ། །རྟག་ཆད་གཉིས་གར་རང་སྣང་དེ་ལ་དེར་འཛིན་མེད། །སྐྱེ་བོས་གཟུང་འཛིན་དེ་ལྟར་དེ་བཞིན་ནོ། །དེ་དག་འདི་འདྲར་བརྟག་དཀའ་ཉིད་བས་བརྗོད་དཀའི་ཕྱིར། །དངོས་པོ་མེད་ཕྱིར་ཞི་བས་ཆད་པའང་མེད། །རང་བྱུང་རྟགས་བྲལ་ཟུག་རྔུ་ཀུན་གཞིའི་ཕྱིར། །ཆད་པར་འཛིན་གསུམ་ནམ་ཡང་ཡོད་མ་ཡིན། །ཀུན་ལ་ཁྱབ་པས་བདག་དང་བྲལ་བའོ། །བསྒོས་མེད་ཀུན་སོན་གཏན་ཚིགས་དོན་དེས་ན། །བདག་ཉིད་རིས་སུ་ཕྱེ་བར་ཤིན་ཏུ་དཀའ། །ཏིང་འཛིན་གོལ་སྒྲིབ་ངེས་པར་བསྟན་པའི་ཕྱིར། །ཏིང་འཛིན་སྒྱུ་མས་སྤྱོད་པ་སྒྱུ་མའི་ནད། །དམིགས་པའི་རྣལ་འབྱོར་མ་ནི་བསླུ་སྤྱོད་ཀྱི། །ཕྱི་ནང་སྒྲིབ་སྦྱོང་འདོད་པའི་ནད་ཀྱིས་བསྒྲིབས། །དེ་བས་ཤིན་ཏུ་རྣལ་འབྱོར་ཆེ་བའི་ཆེན་པོའི་ཕྱིར། །རང་བྱུང་ཡེ་ཤེས་དབང་ལ་མི་རྟེན་པས། །རེ་ཞིང་དོགས་པའི་མཐའ་ཀུན་རྣམ་པར་ཞི། །ཡེ་ཤེས་ཆེན་པོ་ཉིད་ལ་རག་ལུས་མེད་པའི་ཕྱིར། །རང་དབང་ཅན་འདྲར་ཀུན་ལ་དབང་སྒྱུར་ཡང་། །སེམས་ཕྱིར་དམིགས་པའི་རྟེན་འཆང་མི་སྲིད་ཕྱིར། །འཛིན་རྟོག་མེད་པས་རེ་དོགས་བརྒྱད་འཇམ་དཔལ། །འོ་ན་ཞི་འདོད་རེ་འབྱུང་ཐེ་ཚོམ་ཟའོ་ཞེ། །ནམ་མཁའི་མཐའ་ཀུན་མེད་དེ་ཕྱོགས་མེད་ན། །ཞི་དང་མ་ཞི་མེད་དེ་ཕྱོགས་རྣམས་བྲལ། །རང་བྱུང་བྱང་སེམས་མཁའ་ལྟར་ཐུག་མེད་ཕྱིར། །སྤྲོས་པའི་ཟུག་རྔུ་ཡོད་མེད་ཕྱོགས་རྩོལ་བྲལ། །ཡེ་ནས་དག་དང་མ་དག་གང་ཡང་མེད། །ཀུན་ནས་ཉོན་མོངས་རྣམ་པར་བྱང་བའི་ཆོས། །གཉིས་མེད་ལྷུན་གྲུབ་ཐ་སྙད་གཉིས་དང་བྲལ། །ཞི་བས་སྒྲ་མེད་རྟོགས་པའི་མཐའ་ལས་འདས། །ཟུག་རྔུ་མ་སྤངས་བྲལ་ཕྱིར་ཚིག་གིས་བརྗོད་དུ་མེད། །དེ་བས་འདི་འདྲར་བསམས་པའི་ཡུལ་ལས་གྲོལ། །མཐར་ཐུག་མེད་པས་ཁྱོན་དང་བྲལ་བས་འདས། །མཐའ་རྣམས་ལྷུན་གྲུབ་གང་གི་མ་རེག་ཕྱིར། །མཐའ་དབུས་རྟོགས་པའི་སྤྱོད་ཡུལ་ཚད་ལས་འདས། །དེ་ལ་རྟོག་དཔྱོད་ཚད་མས་ཚོལ་འཁྲུལ་ཕྱིར། །ཚད་མས་གཟུང་ཕྱིར་འཛིན་པ་དེ་སྐྱེས་ཏེ། །དེ་བས་མཚོན་བྱེད་སེམས་ཀྱི་རྒྱུད་ཁ་འཁོར། །དོན་ཀྱི་གྲུབ་མཐའ་ངེས་པར་རྟག་ཆེད་དུ། །མངོན་སུམ་རྗེས་དཔག་རྟོག་པས་དོན་ཚོལ་བ། །སྨིགས་རྒྱུའི་ཆུ་ལྟར་ཇི་བཞིན་ངེས་འཇོག་སྐྱེ། །དེ་ཕྱིར་བརྩོན་རྟོག་རྩོལ་བའི་ཁ་བརྒྱུད་པས། །བརྩོན་རྟོག་དཔྱོད་དང་བྲལ་བའི་དོན་མི་རྙེད། །ཏིང་འཛིན་གོལ་ས་རིམ་པར་བསྟན་པའི་ཕྱིར། །ཏིང་འཛིན་བདེ་བའི་རོ་ལ་ཆགས་གནས་པའོ། །འཇིག་རྟེན་བསམ་གཏན་གསུམ་པ་གོལ་བ་སྟེ། །ཡོད་མེད་རྒྱུ་ལ་མི་ལྟོས་ཆོས་ཉིད་ཡིན། །དེ་ལ་དེ་ཡོད་ཕྱིར་ན་མཐའ་མྱོང་གཉིས། །རྒྱུ་ལ་མི་ལྟོས་ཆོས་ཉིད་མཐོང་མ་ཡིན། །ཞི་བའི་ཏིང་འཛིན་མྱ་ངན་མི་འདའ་ཡིས། །རྟོག་དང་འདུ་ཤེས་དགྲ་ལྟ་ཞི་འདོད་པ། །ཉན་ཐོས་རང་རྒྱལ་མི་གནས་འདས་ཐོབ་མིན། །དབུ་མའི་ལྟ་བའི་གོལ་ས་མེད་པའི་ཕྱིར། །རང་སེམས་མ་བཅོས་མ་སྦྱངས་ཆོས་ཉིད་དེ། །དགོས་པས་གདགས་སེམས་བརྗོད་ཀྱི་སེམས། །གསང་བའི་དབྱིངས་དེ་བྱས་མེད་གསལ་སྤངས་མེད། །གང་ཟག་སྒྱུ་མ་བཀྲི་དོན་བདེན་གཉིས་མེད། །དབུ་མ་དམན་དྲངས་བདེན་གཉིས་བསྟན་པ་ཡང་། །བདེན་བརྫུན་ལྷུན་གྲུབ་ངང་ལས་རིས་ལྟ་མེད། །དེ་བས་བདག་དང་བསྒྲུབ་པ་འདི་ལ་ཡོད་མ་ཡིན། །བག་ཙམ་གཏོང་སེམས་དེ་དག་གཡང་ས་ཆེ། །དབུགས་རྒྱུའི་ཡུད་ཙམ་དོན་དམ་ཕྱོགས་འཇུག་པའི། །སྟོང་མཐས་སྟོང་ཕྱིར་གཡང་ས་ཤིན་ཏུ་ཆེ། །དོན་བྲལ་དེ་ལ་སེམས་མེད་ཆད་པའང་མེད། །དོན་དམ་མཆོག་ལྟ་མེད་ལ་དེ་ཡུལ་བྱེད་པའང་མེད། །དེ་མེད་པས་ན་ཆད་པར་ལྟུང་བ་མེད། །ཏིང་འཛིན་ཆེ་བའི་ལུང་དེ་དོན་བྲལ་ཆེ། །ཏིང་འཛིན་རྒྱལ་པོ་སྒྲོ་སྐུར་མེད་པ་ལ། །མི་རྟོག་ལེན་པ་མེད་པས་ཁྱད་པར་འཕགས། །སྐྱེ་བ་མེད་པའི་དེ་ཉིད་ཉན་པ་ཡིན། །ལྷུན་གྲུབ་ཇི་བཞིན་ཕྱོགས་སུ་སྐྱེ་མེད་པར། །གོ་བ་གང་ཡིན་དེ་ཉིད་ཐོས་པའི་ཕུལ། །སེམས་མེད་མ་སྐྱེས་དོན་མེད་བྲལ་བའང་མེད། །དམིགས་ཡུལ་དེ་ལ་ཤེས་པ་ཕར་སྐྱེ་མེད། །དེ་ལ་དོན་ལེན་མེད་པར་བདག་ཕྱིར་ལྡན། །རྟོག་དཔྱོད་ཚོལ་བ་མོས་པ་བསྟན་པའི་ཕྱིར། །དོན་ལ་མཚོན་པར་རྒྱལ་བས་གང་གསུངས་པ། །མཚོན་ཅིང་རྟོགས་པར་བྱ་བ་དེ་ཉིད་དོ། །ཤིན་ཏུ་རྣལ་འབྱོར་མཚོན་དུ་མེད་པའི་དོན། །མིང་ཚིག་སྒྲོན་མས་དོན་ཀྱི་གསེར་འཚོལ་བ། །ཚིག་གི་རྣམ་གྲངས་གསུང་གི་འཁོར་ལོ་ཅན། །དེ་ལྟར་སྟོན་པས་གསུངས་པ་མཚོན་བྱ་བ། །སྤྱོད་ཡུལ་རང་གྲོལ་སྨྲ་བསམ་མེད་པ་ཡི། །དོན་ཉིད་དེ་ལྟར་བསྟན་པས་བརྡའ་མཇལ་བྱེད། །འོ་ན་དོན་མཚོན་གཟུང་འཛིན་ཡོང་ངོ་ཞེ། །མཉམ་དང་མི་མཉམ་ནམ་མཁའ་ལས་འདས་པ། །ནམ་མཁའ་མེད་པས་ནམ་མཁའ་ཁྱབ་པ་མེད། །བཟང་ངན་མཐོན་དམན་ཡོད་མེད་ལྷུན་རྫོགས་སེམས། །མཁའ་ལྟར་ཡིན་མིན་རྩོལ་བ་མཐའ་ལས་འདས། །མཁའ་ལྟར་འདི་འདྲ་མེད་པས་འདི་ལ་འདིས་ཁྱབ་མེད། །དེ་ཉིད་མཚོན་པས་འདི་ཞེས་མི་ནུས་སོ། །བཤད་པ་བཞིན་ཏེ་དཔེ་དང་ཚིག་གིས་ཀྱང་། །ཇི་བཞིན་སྒྲ་ལྟར་དོན་ཡོད་མ་ཡིན་ཕྱིར། །ཚིག་མེད་ཚིག་ཀུན་སྒྲ་མེད་ཚིག་དང་བྲལ། །ཚིག་ཀུན་ལྷུན་རྫོགས་ཡོད་མེད་འདི་འདྲར་དཀའ། །དེ་བས་དེ་མཚོན་དབྱངས་མེད་དེས་རེག་མེད། །ལྟ་སྤྱོད་གོལ་ས་འདི་ལ་མེད་པའི་ཕྱིར། །དགེ་སྡིག་སྙིང་པོ་མེད་དེ་དབུས་མཐའ་ཀུན་དང་བྲལ། །བཅུ་དང་བཅུའི་འབྲས་བུ་རྣམ་གཉིས་སོ། །རང་བྱུང་ང་ལ་བསྒོར་མེད་སྨིན་པའང་མེད། །དེ་བས་བྲལ་དང་མ་བྲལ་ཕྱོགས་ཐུག་མེད། །དབང་པོ་རང་གི་བློ་མེད་སྤྱོད་ཡུལ་བྲལ། །རང་བྱུང་ཡེ་ཤེས་ཆེན་པོའི་ཚོགས་གཅིག་པོ། །ཀུན་མཁྱེན་ཕྱིར་ན་ཤེས་རབ་སྤྱན་མཆོག་ཡིན། །ཡུལ་མེད་སྒྱུ་མ་ཡུལ་ལ་སྤྱད་པས་འཁྲུལ། །ལྟ་སྤྱོད་སྤྱོད་ཡུལ་གཉིས་སུ་མེད་པ་ལ། །ཤེས་ཡུལ་འབྱེད་རྣམས་གཟུང་འཛིན་གཙོ་བོ་ཡིན། །ཚིག་ཉིད་མེད་དེ་ཚིག་ཕྱིར་འབྲང་བ་མེད། །མཚོན་བྱེད་མེད་པས་དེ་ཕྱིར་འབྲང་བ་མེད། །ནམ་མཁར་མི་གཅིག་པ་ཡང་དམིགས་སུ་མེད། །གཅིག་གི་མཐའ་ནི་སྐྱོན་ཕྱིར་མི་གཅིག་དོན། །མཆོག་ཏུ་དམིགས་སུ་སྨྲར་མེད་ཡུལ་དང་བྲལ། །ནམ་མཁའ་མཚན་ཉིད་ཀུན་ལས་རབ་འདས་པ། །མེད་པས་ནམ་མཁའ་ལ་ཡང་ནམ་མཁའ་མེད། །བསམ་གཏན་གཅིག་དང་དུ་མ་གང་དུའང་མི་སེམས་ཏེ། །ཆོས་ཉིད་ནམ་མཁའ་ཇི་བཞིན་ཉིད་མེད་པ། །མེད་པ་ཉིད་མིན་འདི་ལྟར་མཁའ་ལ་བསམ་མེད་འདྲའང་། །འོ་ན་བསྒོམ་དུ་མེད་པར་དང་དུ་བླང་ངོ་ཞེ། །ནམ་མཁའ་དེ་ཉིད་བསྒོམ་དུ་མེད་པ་སྟེ། །ནམ་མཁའི་ཡེ་ཤེས་ཡུལ་དངོས་མེད་པའི་ཕྱིར། །བརྗོད་མེད་ནམ་མཁའ་བསྒོམ་དུ་མེད་ལས་འདས། །བསྒོམ་མེད་བདག་ཕྱིར་དེ་ཡུལ་བྱེད་པའང་མེད། །འོ་ན་འདོད་པ་ཡུལ་དུ་བྱ་ཞེ་ན། །འདས་པ་བརྗོད་དུ་མེད་དེ་མི་གནས་ན། །བསྒོམ་དུ་མེད་ལས་ཕ་རོལ་འགྱུར་ན་དེ་ལྟ་སྟེ། །འདི་ལ་བྱ་བྱེད་མེད་པས་དེ་ལ་རྟེན་མི་འཆའ། །དེའི་ཕྱིར་ན་རྟོག་པ་གཉིས་བྲལ་ཕྱིར། །ནམ་མཁའི་ལུས་མེད་ནམ་མཁའི་སེམས་དང་བྲལ། །མཁའ་འདྲའི་ཆོས་ཉིད་གཞི་མེད་དམིགས་པ་མེད། །བསམ་པ་ཀུན་བྲལ་ཀུན་མཁྱེན་དེ་ངོ་བོ། །ནམ་མཁའི་བསྒོམ་པས་ཐོབ་མེད་འབྲས་བུའི་ཕྱིར། །ནམ་མཁའི་རྒྱལ་པོ་ཡེ་ཤེས་ཆོས་ཀྱི་སྐུ། །མཁའ་གསལ་བདག་ཉིད་མ་འདྲེས་ཡོངས་རྫོགས་སྐུ། །ཆོས་ཉིད་བསམ་དུ་མེད་པས་ནམ་མཁའ་ཆེ། །མཁའ་ལ་མཁའ་ཡིས་བསམ་མེད་ཇི་བཞིན་པས། །ནམ་མཁའ་བསམ་པ་དེ་དག་ཀུན་དང་བྲལ། །རང་རིག་མཁའ་ལ་རིག་པས་བསམ་དང་བྲལ། །དེ་ལ་རང་བཞིན་གནས་པའི་མཐུར་ལྡན་པས། །བསམ་དུ་མེད་པས་ནམ་མཁའ་དེ་ཉིད་འབྱུང་། །དེ་ཉིད་ཡོན་ཏན་ལྷུན་གྲུབ་ཀུན་དངོས་ཕྱིར། །བསམ་པ་མེད་པས་མ་བསྒུལ་རྙོག་སངས་ལྟར། །ཡོན་ཏན་རྣམ་གྲངས་དང་བས་རང་ཉིད་འཆར། །ཐོབ་པ་མེད་པའང་འདོད་པའི་རློམ་སེམས་བྲལ། །རང་དོན་ཆེན་པོར་ནམ་ཀ་དེ་ཉིད་འབྱུང་། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །སྤྲོས་པ་མེད་དང་ཡོད་པ་ཀུན་བྲལ་ཆུབ་པ་ཡི། །དོན་མཆོག་ངང་གསལ་མི་གཡོ་སེམས་ཆེན་པོ། །མ་ནོར་དགོངས་པའི་ཡང་ཏིག་མན་ངག་འགྲེལ། །རྡོ་རྗེ་གཟོང་ཕུགས་མ་འོངས་སྤྱན་གྱུར་ཅིག །ཨ་ཙརྻ་གསལ་བ་རྒྱལ། །ཏིག་འགྲེལ་རྫོགས་སོ། །ཡང་དབང་གཏེར་གྱིས་མཛད། རྡོ་རྗེ་གཟོང་ཕུགས་དཔེ་ལས་བཏགས།། །།

ཡེ་ཤེས་ནམ་མཁའི་རྒྱལ་པོའི་དོན་འགྲེལ།

ཡེ་ཤེས་ནམ་མཁའི་རྒྱལ་པོའི་དོན་འགྲེལ་བཞུགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མན་ངག་བྱང་ཆུབ་སེམས་ཡེ་ཤེས་ནམ་མཁའི་རྒྱལ་པོའི་དོན་དགྲོལ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་ཀྱི་ཡི་གེ་ཐམས་ཅད་བཤད་པའི་ལུགས་ནི། སྤྱི་དོན་ལྔས་འཆད་དེ། ལོ་རྒྱུས་ཀྱིས་ཡིད་ཆེས་པའི་ཁུངས་བཤད་པ་དང་། རྩ་བའི་དོན་གྱིས་དོན་ངེས་པར་གཞག་པ་དང་། ཡོ་གའི་དོན་གྱིས་ལྷག་པའི་ཕྱོགས་སུ་བརྟགས་པ་དང་། དགོས་ཆེད་ཀྱི་དོན་ཀྱིས་རང་བྱན་བསལ་བ་དང་། ཚིག་གི་དོན་གྱིས་དོན་རྟོགས་པར་བྱ་བའོ། །དེ་ལ་ལོ་རྒྱུས་ཀྱི་དོན་ལ་གསུམ་སྟེ། བྱིན་གྱིས་རླབས་ཀྱིས་བཤད་པ་ནི། སྟོན་པ་ཀུན་ཏུ་བཟང་པོ་བསམ་གྱིས་མི་ཁྱབ་པའི་གསུངས་བརྙེས་པས་རྡོ་རྗེ་སེམས་དཔའ་ལ་དགོངས་པས་བརྒྱུད་པའོ། །རང་གི་ངོ་བོས་བཤད་པ་ནི། ཐམས་ཅད་ཀྱང་སྙིང་པོ་བྱང་ཆུབ་ཡིན་པའི་ཕྱིར་སྐལ་པ་ཅན་ལ་མཐོང་ཐོས་ཀྱི་སྤྱོད་ཡུལ་གྱི་སྒོ་ནས་བརྗོད་པ་དང་འདྲ་བར་སྣང་བའོ། །ཚིག་སྡེབས་སྦྱོར་ལེགས་པས་བཤད་པ་ནི། མན་ངག་གི་ཡི་གེ་ཚིག་ལེགས་པར་བྱུང་བ་འདི། དགའ་རབ་རྡོ་རྗེ་མན་ཆད་དུ་རྣ་བ་ནས་རྣ་བར་བརྒྱུད་པ་དགོངས་སོ། །རྩ་བའི་དོན་ནི། རང་འབྱུང་གི་ཡེ་ཤེས་ནམ་མཁའ་ལྟ་བུ་བསྒོམ་བསམ་མེད་པའི་དོན་ཉིད་ལའང་བློའི་རྟེན་བཅའ་རུ་མེད་པས་སྟོན་པའོ། །ཡོ་གའི་དོན་ནི་ཤིན་ཏུ་རྣལ་འབྱོར་གྱི་སྡེའོ། །དགོས་ཆེད་ཀྱི་དོན་ནི་སྐལ་པ་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཚིག་གི་དོན་བཞི་སྟེ། མན་ངག་གི་སྣོད་བཟང་ངན་ཉེན་དང་ཆས་པར་བསྟན་པ་དང་། མན་ངག་བསྟན་པའི་དགོས་ཆེད་དང་། མན་ངག་རང་གི་གཞུང་བསྟན་པ་དང་། མན་ངག་གི་མཚན་གྱིས་ཆེ་བ་བསྟན་པའོ། །དེ་ལ་གཞུང་རྒྱས་པར་བཤད་པ་ལའང་གཉིས་ཏེ། གོལ་སྒྲིབ་ཀྱི་བདར་བཅད་པ་དང་ཨ་ཏི་ཡོ་ག་རང་གི་དོན་མ་ནོར་བར་བསྟན་པའོ། །དེ་ལ་རང་གི་གཞུང་ལ་གཟའ་གཏད་མེད་པའི་ལྟ་བ་དང་། དགག་སྒྲུབ་མེད་པའི་ཏིང་ངེ་འཛིན་དང་། བྱ་བརྩལ་མེད་པའི་སྤྱོད་པ་དང་། ཐོབ་ཟིན་པའི་འབྲས་བུ་དང་བཞི་སྟེ། སྐབས་ཀྱི་ཡན་ལག་དང་བཅས་པ་རས་ཆོད་ཅན་གྱི་ཆེད་དུ་དཀྲུགས་ཏེ་འཆད་པར་འགྱུར་རོ། །དེ་ལ་སྣོད་བཟང་པོ་ལ་བསྟན་པའི་ཡོན་ཏན་བསྟན་པའི་ཕྱིར། ཆེ་བའི་ཡེ་ཤེས་མི་འགྱུར་ཞིང་། གནས་པ་མེད་པའི་ཆོས་ཉིད་དུ་ཆུད་པའི་དོན་ཞེས་པ། ཆེ་བ་ལྔ་དང་ལྡན་པའི་རང་བྱུང་གི་ཡེ་ཤེས་ནི། འགྲེ་ལོག་སྤྱི་ཚུགས་གར་འགྲེས་ཀྱང་། སྙིང་པོ་བྱང་ཆུབ་ལས་མི་འདའོ། །དེ་སྒོམ་པའི་ཚེའང་། མཚན་ཉིད་མི་ཟིན་པའི་བློ་རྟེན་བཅའ་རུ་མེད་པས། བློ་ཉིད་མ་སྐྱེས་པ་ཡིན་པས་ཤིན་ཏུ་ནང་དུ་གྱུར་པར། །དུས་གསུམ་དུ་རྒྱལ་བས་མཁྱེན་པའི་ཤེས་བྱ་དེ་ཡང་སུ་ལ་བསྟན་ཞེ་ན། མ་ནོར་བའི་བློ་ཅན་ལ། སྐལ་པའི་ལས་འཕྲོ་བཅུད་དུ་འགྱུར་གྱི། ཞེས་པ་འདི་ཕྱིན་ཅི་མ་ལོག་པར་གོ་བའི་ཤེས་རབ་དང་ལྡན་པ་ལ་བརྟགས་ཏེ་བྱིན་ན། ཡོན་ཏན་ནི་སྐལ་པ་དང་། ལས་ཀྱི་འབྲེལ་པས་ཀུ་མུ་ཏ་དང་བུང་བ་ལྟ་བུར་འགྱུར་རོ། །གྱི་ནི་དེ་ལ་བལྡོགས་པ་དང་འབྲེལ་ཏོ། །སྣོད་ངན་གྱི་སྐྱོན་གང་སྙམ་པ་ལ། ཤེས་རབ་ཀྱིས་མ་ཟིན་པའི་བློ་ལ་ནི། སྐལ་པ་དང་མི་ལྡན་པས་འདི་ལ་སྐུར་པར་འགྱུར་རོ། །ཞེས་པ་གང་སྤྱན་དམ་པ་དང་བྲལ་བའི་ཤི་ཤ་ལ་འདི་ངོ་རྒར་སྤྲོས་པའི་སྐྱོན་ནི། ལས་དང་སྐལ་བས་མ་འབྲེལ་བའི་ཕྱིར་མི་མཐོང་བས། རང་ཉམས་དང་སྦྱོར་ཞིང་ཞེ་དང་ཐབས་དང་། དངོས་སུ་བསྐུར་བས་བེའུ་སྦྲེལ་གཡང་དུ་ལྷུང་བ་ལྟ་བུའི་ཕྱིར་རོ། །དེ་ལྟར་རིག་པས་སུའི་ཆེད་དུ་ཞེ་ན། ནམ་མཁའི་རྒྱལ་པོ་ཡེ་ཤེས་ཀྱི་སྐལ་པ་དང་ལྡན་པ་ལ་ཞེས་པས། དཔེ་གཉིས་ཀྱིས་མཚོན་པའི་ཡེ་ཤེས་ནི་ཡངས་གསལ་དུ་རྒྱ་ཆེ་བ་དང་། ཐམས་ཅད་ཀྱི་བདག་ཉིད་གོང་ན་མེད་པས་མི་རྩོལ་བའི་ཕྱིར་རོ། །དེ་མཐོང་བའི་སྐལ་བ་སུ་ལ་ཡོད་པའི་ཆེད་དུ་བསྟན་པ་ཡང་། སེམས་ཆོས་ཉིད་དུ་གྱུར་པའི་ཚིགས་སུ་བཅད་དེ་གསུངས་པ་ཞེས་པ། སེམས་ཡེ་ཆོས་ཉིད་ཡིན་པ་མངོན་དུ་བྱ་བའི་ཕྱིར་བཀའ་སྩལ་པའོ། །གཞུང་གི་ལྟ་བ་གང་སྙམ་པ་ལ། ཆོས་ཉིད་བསམ་དུ་མེད་པས་ནམ་ཀ་ཆེ་ཞེས་པ། རིག་པ་ནམ་མཁའ་ལྟ་བུར་ངོ་བོ་མི་རྙེད་ལ་ཡུལ་དང་བྲལ་བའི་ཕྱིར། འདུ་ཤེས་དང་བྲལ་བའི་གཏན་ཚིགས་ཀྱིས་སྙིང་པོ་བྱང་ཆུབ་ལ་དགོངས་པ་ངེས་པར་འགྲེལ་ཏེ། ཆེ་བ་ལྔ་དང་ལྡན་པར་བཞུགས་སོ། །ནམ་མཁའི་བསམ་པ་དེ་དག་ཀུན་དང་བྲལ་ཞེས་པ། ཐུན་མོང་ཞེས་པ་ཅི་སྨོས་ཀྱི་ཆོས་ཉིད་ནམ་མཁའ་ལྟར་འདུ་ཤེས་པའི་བྱེ་བྲག་ཀྱང་། མེད་པར་དགོངས་སོ། །འོ་ན་བསམ་དུ་མེད་པ་ཡུལ་དུ་བྱེད་དོ་སྙམ་པ་ལ། བསམ་དུ་མེད་པས་ནམ་ཀ་བསམ་པ་དག །ནམ་ཀར་མི་དམིགས་པར་ཡང་དམིགས་སུ་མེད། ཞེས་པ། གཞི་སྤྱོད་ཡུལ་དང་བའི་ཕྱིར། ཡེ་ཤེས་ནམ་མཁར་ལྟ་བ་རྣམས་ཀྱི་མི་དམིགས་པ་ཉིད་ལ་ཡུལ་དུ་བྱ་བ་མེད་དེ། དེ་ཉིད་རང་རིག་ཡིན་པ་དང་ཆེད་དུ་བྱེད་པ་ཉིད་དམིགས་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ནམ་ཀ་མཚན་ཉིད་ཀུན་ལས་རབ་འདས་པ། །མེད་པས་ནམ་མཁའ་ལ་ཡང་ནམ་ཀ་མེད་ཞེས་པ། ནམ་མཁའི་མཚོན་པའི་རང་རིག་པ་ནི། མཚན་ཉིད་རིལ་དུ་ཤར་བའི་ཕྱིར་འདི་འདྲར་ཕྱོགས་སུ་མ་གྲུབ་པའི་ཕྱིར་རོ། །དེ་ལ་བསམ་པས་ནམ་མཁའ་ལྟ་བུར་ཡང་གསལ་བར་བརྩམ་པ་དམིགས་པ་མེད་པའི་ཕྱིར། གཟའ་གཏད་དང་བྲལ་བ་ལ། དེ་ཉིད་ཀྱི་འདུ་ཤེས་ཙམ་ཡང་བྲལ་བའོ། །རྗེས་སུ་གཞུང་གི་སྒོམ་པ་གང་སྙམ་པ་ལ། ནམ་མཁའ་དེ་ཉིད་བསྒོམ་དུ་མེད་པ་ནི། བརྗོད་མེད་ནམ་མཁའ་བསྒོམ་དུ་མེད་པས་འདས་ཞེས་པ། ཐ་སྙད་དུ་བློ་གཞག་ཐབས་ནི། འོག་མ་ལྟར་དམིགས་པ་མ་ཡིན་ཡང་། བསྒོམ་དུ་མེད་པའི་ངང་ལ་འཇོག་གོ་ཞེ་ན། འདིར་བྱང་ཆུབ་སེམས་སྨྲ་བསམ་ཀྱིས་མི་བབ་པས། བསྒོམ་དུ་མེད་པར་འདུ་ཤེས་པ་ཉིད་ཀྱང་། ཆེད་དུ་བྱས་པའི་གཟུང་འཛིན་ཡིན་པའི་ཕྱིར། འདུ་ཤེས་ཐམས་ཅད་དང་བྲལ་བ་ཉིད་དྲན་པས་རང་གསལ་བའོ། །བསྒོམ་པའི་ངོ་བོ་ནི། འདས་པ་བརྗོད་དུ་མེད་དེ་མི་གནས་ན། །ནམ་མཁའི་ལུས་མེད་ནམ་མཁའི་སེམས་དང་བྲལ། །ཞེས་པ། གདོད་ནས་བསྒོམ་པའི་འདུ་ཤེས་གྲོལ་བའི་ཕྱིར། བསྒོམ་པ་ལས་གྲོལ་བར་ཡང་སྨྲར་མེད་དེ། བློའི་རྟེན་བཅའ་རུ་མེད་པར་ཐག་ཆོད་ན། སྒོ་གསུམ་དུ་འཛིན་པའི་འདུ་ཤེས་གྲོལ་བས། དྲུག་དང་་གཅིག་དང་དགག་སྒྲུབ་མེད་དེ། ཡིད་ལ་བྱེད་པ་ཐ་མལ་པ་དང་། ཅིག་ཤོས་པ་ཙམ་ཡང་མེད་དེ། ཤིན་ཏུ་མི་དམིགས་པས་ཡུལ་གྱི་གནས་མེད་པར་རང་གསལ་དུ་དགོངས་སོ། །དོན་དེ་ཚིག་གིས་མཚོན་པ་བྲལ་བར་བསྟན་པའི་ཕྱིར། མཉམ་དང་མི་མཉམ་ནམ་མཁའ་ལས་འདས་པ། །ནམ་མཁའ་མེད་པས་ནམ་མཁའ་ཁྱབ་པ་མེད། །ཞེས་པ། གང་སངས་རྒྱས་པ་དང་སེམས་ཅན་གྱི་ཆེ་ཆུང་མཐོན་དམན་ངང་གིས་མེད་པའི་ཆོས་ཇི་བཞིན་པ་ནི། ངོ་བོ་འདི་འདྲར་མེད་པས་རྒྱ་མ་ཆད་པའི་ཕྱིར་དེས་ཕར་བསྒོས་པའི་མེད་པའི་ཕྱིར། ཆོས་ཉིད་མཚོན་པར་འདི་ཞེས་མི་ནུས་སོ། །ཞེས་པ། བཤད་པའི་སྣང་སྟོང་དབུས་ཀྱི་ངོ་བོར་མི་ཟིན་པའི་ཕྱིར་ཏེ། འདི་སྐད་དུ། གྲོལ་དང་མ་གྲོལ་ལ་སོགས་པ། །གཉིས་སུ་རྟོག་པ་ཐམས་ཅད་མཐའ། །ཞེས་གསུངས་པས་ཐོག་ཏུ་མི་དབབ་པར་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཁྱབ་བྱའི་ཚིག་དོན་ལ་བགུད་ན་མེད་པས། ཁྱབ་བྱེད་ཀྱི་དོན་ཀྱིས་ཁྱབ་པར་བརྗོད་དུ་མེད་པའི་ཕྱིར་ཚིག་མ་སྤངས་པར་བྲལ་བའོ། །དགེ་སྡིག་སྙིང་པོ་མེད་ཅིང་དབུས་མཐའ་མེད། །ཞེས་པ། དེའི་ཕྱིར་དཀར་ནག་གི་ལས་ལ་བླང་དོར་མེད་པས་འབྲས་བུ་གཉིས་མ་གྲུབ་སྟེ། ལས་ཀྱི་དབང་དུ་མ་གྱུར་ཅིང་། བྱང་ཆུབ་སེམས་ངོ་བོ་མེད་པར་ཐམས་ཅད་དུ་རང་སྣང་བས། ཅིག་དང་དུ་མའི་མཐའ་མེད་ན། ལྟོས་ས་མེད་པར་དབུས་མི་རྙེད་དེ། གསུམ་ལས་གྲོལ་བའོ། །འོ་ན་དེ་ལ་དམིགས་སོ་སྙམ་པ་ལ། དབང་པོ་རང་གི་བློ་མེད་སྤྱོད་ཡུལ་བྲལ། །ཞེས་པ། རང་གི་ཡུལ་རང་སེམས་རང་སྣང་བས་ཡུལ་ལོགས་སུ་མ་གྲུབ་བོ། །འོན་ན་སེམས་ཡོད་དོ་ཞེ་ན། རྐྱེན་གཞི་མ་གྲུབ་པས། སེམས་རང་རང་གི་ཤེས་རབ་ཀྱི་དབང་པོའང་། དངོས་གཞི་མཐའ་གསུམ་དུ་མ་སྐྱེས་པའི་ཕྱིར། སྤྱོད་ཡུལ་གཉིས་སུ་མེད་པར་རང་རིག་རང་གསལ་ལོ། །དེ་ལས་གོལ་བ་ནི། ཡུལ་མེད་སྒྱུ་མ་ཡུལ་ལ་སྤྱོད་པས་འཁྲུལ། །ཞེས་པ། དེ་ལྟ་བུའི་ངང་ལ་བྱ་བའི་རྣལ་འབྱོར་པ་དག །ཀུན་རྫོབ་སྒྱུ་མ་དང་དོན་དམ་པ་མ་སྐྱེས་པ་ལ་ཀུན་རྫོབ་ཏུ་དམིགས་པ་ནི། བྱ་བ་མེད་པའི་ཡུལ་རྣལ་འབྱོར་པ་ལྟར་མ་རིག་པའི་ཕྱིར་ནོར་པ་ཁོ་ནའོ། །མདོ་སྡེའི་གོལ་ས་དེ་བཟླས་ཏེ་མི་གནས་པར་བསྟན་པའི་ཕྱིར། ཚིག་ཉིད་མེད་དེ་ཚིག་ཕྱིར་འབྲང་བའང་མེད། །གང་ཟག་སྒྱུ་མ་བཀྲི་དོན་བདེན་གཉིས་མེད། །ཞེས་པ། བཤད་པ་ལྟར་ཚིག་ཡུལ་དུ་མ་གྲུབ་པས་འདི་ལ་རྗེས་སུ་འབྲང་བ་མེད་པས་སྒྲའི་རྣལ་འབྱོར་མ་ཡིན་ནོ། །དེ་བས་ན་ཀུན་རྫོབ་སྒྱུ་མར་གང་ཟག་གཉིས་ལྟ་ལ་འཆོལ་བ་དྲང་བའི་ཕྱིར། གསུངས་པའི་བདེན་པ་གཉིས་དང་གདོད་ནས་བྲལ་བས། དོན་དམ་ཆོས་ཞེས་ལྷག་པར་བཤད་པ་མེད། །ཅེས་གསུངས་སོ། །དེ་བས་ན། །བག་ཙམ་གཏོད་སེམས་དེ་དག་གཡང་ས་ཆེ། །ཞེས་པ། དབུགས་འབྱུང་བ་རྒུའི་ཡུན་དུ་བདེ་བ་གཉིས་ལ་ཡུལ་དུ་འཕྲོ་བའང་འདི་ལས་ལྟུང་ན། སྒྲ་འགོག་པས་ཐམས་ཅད་དུ་ཡུལ་དུ་དོན་བྱེད་ན་ཤིན་ཏུ་ཡ་ཚའོ། །དེའི་ཕྱིར་འདི་ལ་ཁྱད་པར་མེད་དེ། དོན་བྲལ་དེ་ལ་སེམས་མེད་ཆད་པ་མེད། །ཞེས་པ། ལྷག་པའི་རྣལ་འབྱོར་པའི་ཕྲིན་ལས་བདག་གཞན་དོན་དུ་བྱེད་པའི་འདུ་ཤེས་དང་། བྲལ་བའི་རིག་པ་ལ་འགྲོ་དོན་མཚན་མར་འདུ་ཤེས་ཀྱི་སེམས་དཔའང་མེད་ལ། དོན་རྒྱུན་ཆད་པའང་མེད་པས་འཕྲིན་ལས་ཀྱི་གོལ་སའང་བསལ་ཏོ། །ཏིང་འཛིན་ཆེ་བའི་ལུང་དེ་དོན་བྲལ་ཆེ། །ཞེས་པ། ལམ་དང་འབྲས་བུ་ཐམས་ཅད་ལྷུན་གྱིས་གྲུབ་པའི་ངོ་བོར་རང་རིག་པ་གསལ་ལ་མི་གཡོ་བ་ནི། ཡུལ་དུ་མེད་པའི་ཕྱིར་རྩེ་གཅིག་པ་ཆེན་པོ་སྟེ། སྒྲོ་སྐུར་དང་བྲལ་བ་དེ་ཡང་བཤད་པ་ལྟར་བདག་དོན་གྱི་ལས་རྩོལ་བ་མེད་པས་འཕགས་པའོ། །སྐྱེ་འགག་མེད་པ་དེ་ཉིད་ཉན་པ་ཡིན། །ཞེས་པ། སུས་སྐྱེ་འགག་མེད་པའི་དོན་གདེང་དུ་བྱས་པ་དེས། བསམ་གྱིས་མི་ཁྱབ་པའི་ཆོས་ཐོས་པ་ཡིན་པའི་ཕྱིར་བདག་དོན་གྲུབ་པའོ། །དེ་ཡང་ཚིག་ཚོགས་རྒྱ་མཚོ་ཐོས་པ་མིན། ཚིག་ཅིག་གོ་བ་ཐོས་པའི་མཆོག །ཞེས་གསུངས་སོ། །འོ་ན་གཞན་དོན་རྒྱུན་ཆད་དོ་ཞེ་ན། སེམས་མེད་མ་སྐྱེས་དོན་མེད་བྲལ་བ་མེད། །ཞེས་པ། ཡུལ་ཅི་ཡང་ཡིད་ལ་བྱེད་པ་དང་བྲལ་བའི་རང་རིག་དངོས་གཞི་མི་ཟིན་པས། བདག་མེད་པའི་ཕྱིར་བདག་དོན་ཆེད་དུ་བྱ་བའང་མེད་ལ། བདག་ཉིད་དུ་ལྷུན་གྱིས་གྲུབ་པས་གཞན་གྱི་དོན་བྲལ་བའང་མེད་པར་དགོངས་སོ། །དེ་བས་ན་བདག་དང་གཞན་གྱི་དོན་དུ་དཔྱོད་པའང་འཁྲུལ་པར་འཆད་དོ། །དོན་ལ་མཚོན་པར་རྒྱལ་པས་གང་གསུངས་པ། མཚོན་ཅིང་རྟོགས་པར་བྱ་བ་དེ་ཉིད་ནི། ཚད་མར་གཟུང་ཕྱིར་འཛིན་པ་དེ་སྐྱེས་ཏེ། དེ་བས་མཚོན་བྱེད་སེམས་ཀྱི་རྒྱུད་ལ་འཁོར། ཞེས་པ། འདིར་བྱ་བྱེད་གདོད་ནས་མེད་པའི་དོན་ལ། བདེ་བར་གཤེགས་པས་དམན་དོན་དུ་ཚིག་དང་དཔེས་མཚོན་ཅིང་། གཏན་ཚིགས་ཀྱིས་གཞན་ལ་གྲུབ་པའི་མཐའ་རྟོགས་པར་བྱ་བ་བཀའ་སྩལ་པ་ནི། དངོས་པོའི་གཞལ་བྱ་ལ་ཚད་མ་གཉིས་ཀྱི་གཏན་ཚིགས་ཀྱིས། མཐོང་བར་བྱེད་པའི་ཐབས་ཉིད་ནི་འཁྲུལ་ཏེ། གྲུབ་མཐའ་བདེན་པར་བྱ་བའི་ཆེད་དུ་དཔྱད་པས། སྟོང་པར་ལ་མ་ནོར་བར་འཛིན་པའི་འདུ་ཤེས་སྐྱེས་ཏེ་མཚན་མའོ། །དེ་ཡང་སྤྱོད་པ་ཞུགས་ན་རྟོག་པའི་གཞི། རྟོག་པར་ཞུགས་ན་དམིགས་པའི་རྟེན། །དམིགས་པ་ཞུགས་ནི་འཛིན་པའི་གཟུངས། །དེ་རྣམས་བདུད་ཀྱི་སྤྱོད་ཡུལ་ཏེ། །ཞེས་གསུངས་སོ། །གཏན་ཚིགས་དེས་ན་དཔྱོད་སེམས་མེད་པ་ནི་རྩོལ་བའི་རྒྱུད་དུ་ལྡོག་པའོ། །འོ་ན་འདིར་མ་དཔྱད་པར་གོ་རུ་བཏུབ་བམ་ཞེ་ན། དཔེར་ན་ནོར་བུ་རིན་པོ་ཆེ་ལྟ་བ་ལ་འཆིང་བུ་བསྟན་པས་མི་མཐོང་བ་ལྟར། དཔྱད་དུ་མེད་པའི་དོན་དཔྱད་དུ་མེད་པར་བསྟན་པ་ཉིད་ཀྱིས་གོ་སྟེ། དཔྱད་པར་བསྟན་པས་མཐོང་བར་མི་འགྱུར་ཏེ། གཉིས་པའི་འདུ་ཤེས་བསྐྱེད་པའི་ཕྱིར་རོ། །དེས་ན་གཏན་ཚིགས་ཀྱི་གོལ་ས་མེད་དོ། །ཉན་ཐོས་རང་རྒྱལ་གྱི་གོལ་ས་བསྟན་པའི་ཕྱིར། ཏིང་འཛིན་བདེ་བའི་རོ་ལ་ཆགས་པ། ཡོད་མེད་རྒྱུ་ལ་མི་ལྟོས་ཆོས་ཉིད་ཡིན་ཞེས་པ། ལྷག་པའི་རྣལ་འབྱོར་པ་ཡུལ་དུ་དམིགས་པར་བྱེད་པས། ལུས་སེམས་སལ་སལ་པོ་དང་། རྒ་བ་ཡང་ཡང་པོ་ཞིག་ཏུ་མྱོང་བ་ལ་ཆགས་ནས། དེ་འདོར་མི་ཕོད་པ་སྐྱེ་བ་ལ་མ་ནོར་བར་འཛིན་པ་ནི། སྣང་སྟོང་གི་རྒྱུ་ལ་བློའི་རྟེན་བཅའ་རུ་མེད་པའི་ཆོས་ཉིད། གང་ལའང་རག་མ་ལུས་པ་མཐོང་བ་མ་ཡིན་ནོ། །དེ་བས་ཆགས་པའི་གནས་ལ་ཏིང་འཛིན་ན། །ཞི་བའི་ས་སྟེ་མྱ་ངན་དེ་མི་འདའ། །ཞེས་པ། ཚིག་སྔ་མའི་གཏན་ཚིགས་ཀྱིས་སྣང་སྟོང་གི་མཐའ། ཞེས་པས་རྩེ་གཅིག་ཏུ་བྱེད་པས་བྱུང་ཚོར་འགོག་པ་ནི། བྱིས་པའི་མྱ་ངན་ལས་འདས་པའི་ས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་མི་ཐོབ་སྟེ། རེ་དོགས་ཀྱི་མྱ་ངན་ཡོད་པའི་ཕྱིར་རོ། །དབུ་མའི་ཏིང་ངེ་འཛིན་གྱི་གོལ་ས་བསྟན་པའི་ཕྱིིར། རང་སེམས་མ་བཅོས་མ་སྦྱངས་ཆོས་ཉིད་དེ། ཏིང་འཛིན་སྒྱུ་མས་སྦྱོང་ན་སྒྱུ་མའི་ནད། །ཞེས་པ། ཆོས་སོ་ཅོག་རང་གི་སེམས་སྣང་བ་ལ་བྱེད་པ་པོ་དང་དྲི་མ་མེད་པའི་ཕྱིར། མ་བཅོས་མ་སྦྱངས་པའི་ཕྱིར་ཆོས་ཉིད་དོ། །དེ་ལྟ་བུའི་ངོ་བོ་ཡིན་པ་ལ། དམན་པ་དག་ཀུན་རྫོབ་བརྫུན་པ་ཙམ་དུ་བསྒོམས་པས་ཞེན་པ་དག་ནས་ཆོས་ཉིད་འཐོབ་པར་འདོད་པ་དང་། མི་རྟོག་པས་སྦྱོང་བའང་ལྟོས་ན་བརྫུན་པས་དཔེ་དང་མཐུན་ཏེ། སླར་ལྟ་བའི་དམིགས་ནད་དུ་གྱུར་ནས་འདི་མཐོང་བར་མི་འགྱུར་བའོ། །འོ་ན་འདིར་ཇི་ལྟར་འདོད་ཞེ་ན། རང་བྱུང་ཡེ་ཤེས་དབང་ལ་མི་རྟེན་པས། རེ་ཞིང་དོགས་པའི་མཐའ་ཀུན་རྣམ་པར་ཞི། །ཞེས་པ། གང་རྒྱུ་རྐྱེན་གྱི་དབང་དུ་རག་མ་ལས་པར་ཤར་བའི་ཡེ་ཤེས་ཆེན་པོ། །གདོད་ནས་འབྲས་བུ་ལྷུན་གྱིས་རྫོགས་པའི་ངོ་བོ་ཆོས་ཉིད་ལ། བློའི་རྟེ་བཅའ་རུ་མེད་པའི་ཕྱིར། འབྲས་བུ་དང་འཁོར་བའི་གཡང་ས་ལ་སེམས་གཉིས་པའི་ཟུག་རྔུ་ཞི་བ་ཁོ་ནའོ། །འོ་ན་འདིར་རེ་དོགས་ཞི་བའི་དོན་ལ་དམིགས་སོ་སྙམ་པ་ལ། ནམ་མཁའི་མཐའ་ཀུན་མེད་དེ་ཕྱོགས་མེད་ན། །ཞི་དང་མ་ཞི་མེད་དེ་ཆོས་རྣམས་བྲལ། །ཞེས་པ། ཤིན་ཏུ་རྣལ་འབྱོར་པས་ནི། ཡེ་ཤེས་ཀྱི་ནམ་མཁའ་ནི་མཐའ་གང་གིས་ཀྱང་མ་རེག་པ། ཀུན་གྱི་དངོས་གཞིར་གྱུར་པའི་ཕྱིར། ཕྱོགས་ཆ་གཉིས་པ་གར་ཡང་རྒྱ་ཆད་པ་མེད་པར་གནས་པ་གདེང་ཆུད་ན། རེ་དོགས་ཀྱི་ཟུག་རྔུ་གདོད་ནས་མེད་པ་ལ། གཉིས་པས་སུས་གདགས་ཏེ་ཆེད་དུ་བྱེད་པའི་ཞེན་པར་རང་བྲལ་བ་སྙམ་མོ། །དེ་བས་ན་ཡེ་ནས་དག་དང་མ་དག་ཞི་བའང་མེད་ཞེས་པ། གདོད་ནས་དྲི་མ་རང་དག་ལ་གཉིས་པར་མེད་པས་བདེ་བར་འདོད་པ་མི་འབྱུང་བའོ། །ཞེ་བས་སྒྲ་མེད་ཐོག་མ་མཐའ་ལས་འདས། །ཞེས་པ། མཐའ་རིལ་ཡེ་ནས་རང་ཞི་བའི་ཕྱིར་མ་ཞི་བ་ཞི་བར་མ་གྱུར་པས། དེ་ཉིད་ཀྱི་མིང་མི་ཐོགས་ཏེ། དེ་ལ་ཐོག་མཐའ་མེད་དེ་དུས་གསུམ་མཉམ་པ་ཉིད་དོ། །དེའི་ཕྱིར། རེ་མེད་དོགས་མེད་མཐོང་བའང་མེད། དག་དང་མ་དག་ཡེ་ཤེས་ཚིག་མཐའ་བྲལ། ཚིག་ཏུ་འཛིན་མེད་ཡེ་ཤེས་ཡེ་ནས་དབེན། །ཞེས་པ། རྒྱུ་འབྲས་གཉིས་སུ་མེད་པའི་ཕྱིར་རེ་དོགས་མེད་པ་ནི། བརྗོད་པའི་ཡུལ་མེད་དེ་མི་ཕེབས་ཤིང་། ཉན་སྟོན་མེད་པ་དང་རྣམ་པའི་གཟུགས་སུ་མེད་པས་ཡུལ་དུ་མེད་པ་ནི། བཤད་པ་ལྟར་ཚིགས་ཐམས་ཅད་མཐའ་ཡིན་པས། མཐའ་ལས་ངང་གིས་བདེན་པའི་དོན་ལ་སྒྲ་ཡིད་ལ་བྱེད་པ་དང་། འདུ་ཤེས་ཀྱི་འཛིན་པ་མེད་པར། ཡེ་ནས་རང་གསལ་ཞེན་བྲལ་ནི་གདོད་ནས་ཚད་མའི་མཆོག་གོ །གཅིག་དང་དུ་མར་ཞི་བས་རང་བཞིན་མེད། །ཞེས་པ། བྱང་ཆུབ་སེམས་ཡེ་ཤེས་ནམ་མཁའི་རྒྱལ་པོ་ཉིད་ཐམས་ཅད་ཀྱི་རྒྱལ་པོ་ཉིད་བྱེ་བྲག་ཏུ་རང་སྣང་ཡང་། གཅིག་གི་ཕྱོགས་སུ་མ་གྱུར་ཏེ། ཤིན་ཏུ་གཅིག་པ་ལ་མཐའ་གཉིས་ཞི་བའི་ཕྱིར། དབུས་ཀྱང་མེད་པས་རང་བཞིན་འདིར་འདྲར་མི་རྙེད་པའོ། །འདི་ཐོས་མི་སྡང་གང་མོས་ནམ་མཁའ་ནི། །ཞེས་པ། དེ་ལྟར་མཐའ་ཟུང་ལྔ་བྲལ་བའི་དོན་ཐོས་ནས། ཟབ་མོ་ལ་བཟོད་པ་ཐོབ་སྟེ་སླར་མོས་པ་ནི། ཡོན་ཏན་ཡང་དག་ཏུ་མེད་ནའང་འདི་མཐོང་བའི་སྤྱན་ཡོད་པའང་ཡིན་ནོ། །དེ་ལ་བསྟན་པར་བྱ་བ་ནི། དངོས་པོ་མེད་ཕྱིར་ཞི་བས་ཆད་པའང་མེད། ཀུན་ལ་ཁྱབ་པར་རྟག་པའི་ངོ་བོ་བྲལ། །རྟག་ཆད་དབྱེར་མེད་སྣང་སྟོང་ཀུན་མེད་དོ། །ཞེས་པ། བཟོད་པ་པོ་རང་གི་སེམས་རང་བྱུང་གི་ཡེ་ཤེས་ཀྱི་ནམ་མཁའ་ནི། སྣང་སྟོང་གི་དངོས་པོའི་ཟུག་རྔུ་བྲལ་བའི་ཕྱིར། གློ་བུར་ཆད་པ་མེད་ཀྱང་ཐེར་ཟུག་མེད་དེ། དེ་ཉིད་ཀུན་ཀྱི་དངོས་གཞིར་རང་ཤར་བའི་ཕྱིར། གཅིག་ཏུ་རྟག་པའི་མཐའ་དང་བྲལ་ཡང་། དེ་གཉིས་མ་སྤངས་དབྱེར་མེད་པའི་ཕྱིར། སྣང་སྟོང་རིལ་ཡང་བྲལ་བར་དགོངས་སོ། །འོ་ན་མཐའ་མེད་པའི་སེམས་ཡོད་དོ་ཞེ་ན། སྐྱེ་འཇིག་འབྱུང་ཕྱིར་བདག་མཐའ་ཡེ་ནས་མེད། །ཞེས་པ། བདག་གི་དངོས་པོ་གྲུབ་ན་བརྟན་པར་རིགས་ཏེ། སྐྱེ་འཇིག་གི་གཏན་ཚིགས་ཀྱིས་བདག་གི་ངོ་བོ་ངེས་པར་མི་རྙེད་པར་ཐེ་ཚོམ་མེད་དོ། །བྱ་བརྩལ་དང་བྲལ་བའི་སྤྱོད་པ་བསྟན་པའི་ཕྱིར། སྐུ་གསུང་ཐུགས་དང་བྲལ་བས་ཆེ་བའི་མཆོག །སྔགས་དང་ཕྱག་རྒྱར་བྲལ་ཡང་ཉམས་པ་མེད། །ཞེས་པ། འདིར་ལྷུན་གྱིས་དམ་ཚིག་བཞི་མངའ་བ་ལ་རྩ་བ་གསུམ་ཆེད་དུ་བསྲུང་བ་དང་བྲལ་བས་ལྷག་སྟེ། བཟླས་བསྒོམ་ལ་སོགས་པའི་རྩོལ་བ་མ་བྱས་ཀྱང་། དོན་དང་མ་བྲལ་ན་བཀའ་ཆད་མི་འབྱུང་བའོ། །ཕྱི་ནང་སྒོ་ཕུགས་བྲལ་བས་རྒྱ་ཆེན་ནང་པ་ཉིད། །ཞེས་པ། ཡུལ་ཤེས་དང་རྒྱུ་འབྲས་ཀྱི་ས་རིམ་པར་མི་བགྲོད་པའི་ཕྱིར། ཀུན་ཏུ་ནང་ཉིད་ལ་སྒོ་ཕུགས་འབྱེད་པའི་རྩོལ་བ་མེད་དོ། །འོན་ཏེ་ན་འདི་ནི་དལ་བ་སྟེན་ཅིང་རང་ཉམ་དུ་འདུག་གོ་ཞེ་ན། དཀའ་སྤྱོད་ཅིངའང་མི་སྤོང་སྟེ། སྤྱོད་བཞིན་བརྩལ་བ་མེད་པ་ཡིན་པས་འཇུག་ཏུ་མེད་པར་ཤེས་པ་ཉིད་ཞུགས་པར་མཇལ་ཏོ། །མཐའ་དབུས་ཀུན་དང་བྲལ་བས་སྟོང་པ་ཉིད། །ཞེས་པ། རྩོལ་བ་མེད་པ་ནི་བཤད་པ་བཞིན་མཐའ་གསུམ་རང་དག་པའི་ཕྱིར། འབྲས་བུའི་བཅུད་དམ་པ་རང་རིག་པའོ། །དེས་ན་བདེ་དང་མི་བདེ་མཉམ་ཉིད་ཡེ་ནས་མེད། །ཞེས་པ། ལྷུན་གྱིས་གྲུབ་པའི་སྙིང་པོར་སེལ་མེད་པ་ལ་སངས་རྒྱས་བླར་མ་ཕྱུང་། སེམས་ཅན་མར་མ་བསྙིགས་པས། ཆེ་ཆུང་ཀ་ནས་མེད་པའི་དོན་ཀྱི་དབང་དེས་རྩོལ་བ་མེད་པར་དགོངས་སོ། །འོ་ན་རྗེས་སུ་འཇུག་པའི་བསམ་པ་ཇི་ལྟ་བུ་སྙམ་པ་ལ། འཛིན་མེད་བློ་ནི་གང་དུའང་མི་སྐྱེ་ན། བྲལ་དང་མ་བྲལ་དངོས་མེད་གཟུང་དུ་མེད། །ཞེས་པ། དོན་དེ་ཉིད་རག་རིག་པ་ཡིན་པར་མཇལ་བའི་མི་ཆེད་པོ་ནི། ཆོས་ཉིད་དུ་འདུ་ཤེས་པར་མི་བྱེད་བསམ་པ་སྣང་སྟོང་དང་མཐའ་དང་བྲལ་མ་བྲལ། གང་དུའང་རྒྱུད་དུ་སྐྱེ་བ་མེད་པ་ཡིན་པའི་ཕྱིར། འདིར་མཐའ་དང་མ་བྲལ་བ་ལྟ་ཅི་སྨོས་ཀྱི། བྲལ་བའང་ཡུལ་དུ་མི་བྱེད་པས། གནས་སྐབས་ཀྱི་ཆེད་དུ་བྱེད་པ་ཉིད་དུའང་བྲལ་བས། ཚིག་བརྗོད་བསམ་ཡུལ་ལས་འདས་པར་ཐེ་ཚོམ་མེད་དོ། །ལྷུན་གྲུབ་ལ་ཡང་བདག་གཞན་འབྱེད་པ་མེད་པ་བསྟན་པའི་ཕྱིར། སེམས་ཉིད་ཆོས་པས་སེམས་ལ་སྐུ་མི་མངའ། །སྒྲ་ལས་འདས་པས་སྒྲ་ཉིད་ཡེ་ཤེས་དེ། །ཞི་བའི་འོད་གསལ་གདོད་ནས་ལྷུན་གྱིས་གྲུབ། །བྱང་ཆུབ་སེམས་ཅན་དོན་ནི་བཅོས་སུ་མེད། །ཞེས་པ། བདག་ཉིད་ཀྱི་སེམས་ཆོས་སོ་ཅོག་གི་དངོས་གཞི་བས། སེམས་ལ་གཟུགས་འདི་འདྲར་མེད་པས་སྒྲ་ཡིས་བསྟན་པ་ལས་འདས་པའི་ཕྱིར། སྒྲ་སྣ་ཚོགས་ཀྱང་རང་རིག་པའི་ཡེ་ཤེས་རང་སྣང་བའོ། །དེས་ན་གཟུགས་སྒྲ་དྲན་རྟོག་རིལ་རང་སར་རང་དག་པས། རྟོག་རྔུ་མེད་པའི་ཡེ་ཤེས་ནི་སྐུའི་འོད་ལ་བཞུགས་ཤིང་གསུང་གི་ཟེར་ལ་རོལ་སྟེ། ཡིད་བཞིན་གྱི་བློ་གྲོས་ཀྱི་ཐུགས་སུ་ཞུགས་པ་ལ། དངོས་པོ་གཉིས་ཀྱི་སེལ་མེད་པས་བྱ་བྱེད་དང་བྲལ་བའོ། །འོ་ན་མྱ་ངན་ལས་འདས་པའི་མཐར་ལྟུང་ངོ་བར་དོགས་པ་ལ། འགྱུར་བས་ཆགས་པའི་ཡུལ་མེད་དེ། །མི་འགྱུར་ཡེ་ཤེས་ངོ་བོ་མེད་ཅེས་བྱ། །ཞེས་པ། རྐྱེན་གྱིས་མ་ངེས་པ་ལས་གྲོལ་བའི་ཡེ་ཤེས་ནི། ངོ་བོར་མ་ངེས་པ་ལས་ནོར་བུ་རིན་པོ་ཆེ་ལྟར། མ་བརྩལ་བར་རེ་བ་སྐོང་སྟེ་བསམ་པ་ལྟར་སྣང་བའི་ཕྱིར། རྣམ་པར་བྱང་བའི་ཡུལ་དུའང་མེད་དོ། །འོ་ན་རྩ་བྱུངས་སུ་འགྱུར་རོ་སྙམ་ན། ངོ་བོ་ཉིད་རྟག་པ་ཆེན་པོར་བཞུགས་པ་ནི། རྒྱུན་སངས་རྒྱས་པའི་ཐུགས་ཏེ་ངོ་བོ་རྒྱལ་བ་ཉིད་ཀྱིས་ཀྱང་བསྟན་དུ་མེད་པའོ། །གསང་སྔགས་ཀྱི་གོལ་ས་བསྟན་པའི་ཕྱིར། མི་འབྱུང་མི་འཇུག་བདག་མེད་དབང་པོས་སྟོན། མཚན་མ་འཇིལ་བའི་སྐུ་མེད་དག་བསྟན་སྟོང་། །ཞེས་པ། འདིར་ཐམས་ཅད་བདག་ཡིན་ལ། བདག་ཀྱང་ཐམས་ཅད་ཡིན་པའི་ཕྱིར་བདག་གཉིས་བྲལ་བས་བདག་པོའི་རྐྱེན་ཡང་མ་གྲུབ་པའི་ཕྱིར། རྐྱེན་གཞི་ལས་ཡེ་ཤེས་མི་སྐྱེ་དབྱིངས་ལའང་མི་འཇུག་ན། སྐྱེ་བོ་པའི་ཅི་སྨོས་ཏེ་ཡུལ་དང་བྲལ་ལོ། །དེ་བས་ན་ཞེན་པ་ཡོད་ན། བཟློག་པའི་ཕྱག་རྒྱ་སོ་སོའི་གཞུང་ལྟར་བསྒོམ་གྱི། དགྲ་མེད་ན་ཟོན་ཆས་ཅི་དགོས་ཏེ། ཀུན་རྫོབ་ལྷག་པའང་མི་འདོད་དོ། །དེ་བས་ན་ཡུལ་སེམས་སོ་སོར་དག་པ་གསུམ་གྱིས། དོན་དམ་པར་བསྟན་པའང་འདིར་མ་གྲུབ་པའོ། །འོན་ཏེ་ཕྱག་རྒྱ་དང་དག་པའི་སྟོང་པ་ཉིད་ནི་ལོག་པའི་བདེན་གཉིས་ཏེ། རོ་གཅིག་བདེ་བའི་དབྱིངས་སུ་རོལ་བ་དང་། དབྱེར་མེད་བདེ་ལ་ཆགས་དང་མ་བྲལ་ན། དུས་གསུམ་མཉམ་པ་ཉིད་ཀྱང་འབྱུང་འཇུག་གོ །ཞེས་པ། དེ་ལྟར་སྣང་སྟོང་འཇའ་ཚོན་ལྟར་སེམས་ཉིད་དུ་དབྱེར་མེད་པ་ནི། བདེན་པ་གཉིས་མེད་དེ་ལྟར་ངན་གྱི་རྟོག་རྔུ་མེད་པ་མཉམ་པ་ཉིད་ཀྱི་དབྱིངས་དང་། དེ་རྟོགས་པའི་རིག་པ་གཉིས་མེད་པར་བསྒོམ་པའི་ཏིང་ངེ་འཛིན་གྱི་རོ་ལ་ཆགས་པས་མ་བཏང་ན། ཁྱེད་ཀྱི་ལྟ་བ་དུས་གསུམ་དུ་རྐྱེན་གྱིས་སྣང་བའང་། རང་རིག་ཏུ་མཉམ་པར་འདོད་པ་ཉིད་བློ་ཡུལ་ཅན། དམིགས་པའི་ལྟ་བ་བདུད་ཀྱི་ལས་ཏེ། ཐེན་ཚེར་འཛུད་པས་ནམ་མཁའ་མི་མཐོང་བ་དང་། ཁྲེའི་འབུ་ཐུ་བས་ས་གཞིར་མི་མཐོང་བ་ལྟ་བུའི་ཕྱིར་རོ། །འོ་ན་མ་ནོར་བ་གང་སྙམ་པ་ལ། ལེན་མེད་འཛིན་དང་ཡོངས་སུ་བྲལ་བས་ན། །དུས་གསུམ་མཉམ་ཉིད་རྡོ་རྗེ་སེམས་དཔའ་ཆེ། །ཞེས་པ། འདིར་བྱ་བྱེད་མེད་པས་དང་དུ་བླང་བའི་འདུ་ཤེས་མེད་པའི་ཕྱིར། གསུམ་གྱི་རྒྱུ་རྐྱེན་སྣང་བའང་ཡེ་ཤེས་རྡོ་རྗེ་ཤིན་ཏུ་གཅིག་པ་ལ། གསུམ་བཟང་ངན་མེད་པས་ཡུལ་དུ་མི་ཕྱེད་པས། གཉིས་མེད་པའི་རིག་པ་སྐད་ཅིག་མའི་མི་རྟག་པ་བྲལ་བའི་ངང་ཉིད། རང་གསལ་བ་ལ་མི་གཡོ་བས། བདུད་ཀྱི་ལྟ་བ་རིལ་ཟད་པར་བཅོམ་པས། ཁྱད་པར་དུ་སྤགས་པའོ། །དེས་ན་ཀུན་གྱི་བདག་ཉིད་དུས་གསུམ་དབྱིངས་མི་གཡོ། ཞེས་པ། སྣང་བ་ཐམས་ཅད་རང་རང་གི་སེམས་སྣང་བས། ཡུལ་མེད་པའི་ཤེས་པ་རང་ས་ན་མ་འདྲེས་པ་ཉིད། རིགས་རྒྱུད་མེད་པས་ཤིན་ཏུ་གཅིག་པས། མ་འ དྲེས་ལ་ཡོངས་སུ་རྫོགས་པར་སྣང་བའི་ཕྱིར། སེམས་ཉིད་ནི་ཆོས་ཀུན་ཀྱི་བདག་ཉིད་ཆེན་པོ་སྟེ། དུས་གསུམ་དུ་ལྷུན་གྱིས་གྲུབ་པའི་དབྱིངས། མི་འགྱུར་བར་རིག་པའི་ཤེས་རབ་སྤྱན་ཡང་རྗེས་སུ་མཐུན་པར་དགོངས་སོ། །ལམ་གཞན་གྱིས་མི་འགྲུབ་པའི་ཕྱིར། ལྟ་བ་འདི་མེད་སྤྱོད་པ་སྒྱུ་མས་འཆིང་། ཞེས་པ། གཟའ་གཏད་དང་བྲལ་བའི་ཤེས་རབ་ཀྱི་སྤྱན་གྱིས་དབུལ་བའི་མིས། དཀར་ཕྱོགས་ཟད་པར་སྤྱད་ཀྱང་། མི་བདེན་པའི་འདུ་ཤེས་ཀྱི་ཞགས་པས་བསྡམས་པའི་ཕྱིར། ལྟ་བ་འདིས། མ་ཟིན་འཁོར་བ་ལས་མི་འདའ། །ཞེས་པ། ཡེ་ཤེས་ཀྱི་བདུད་རྩི་དང་བྲལ་བས། དཀར་པོ་འདུ་ཤེས་ཀྱིས་བསྲབས་པས། རྣམ་སྨིན་ཅིག་ཤོས་སྦྱངས་པའི་ལྷ་མི་ཙམ་འགྲུབ་པའོ། །དེ་ཡང་བླ་མ་མཆོད་དང་གཏོང་བ་དང་། དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། མ་ཆགས་མི་གཡོ་སྟོབས་མེད་ན། །བྱངས་ན་འཆིང་བ་ཆེན་པོར་འགྱུར། །ཞེས་གསུངས་ཏེ། ལམ་འདི་མ་རྟོགས་པར་ལམ་གཞན་གྱིས་ཡང་དག་པར་འཚང་མི་རྒྱ་བའི་ཕྱིར་རོ། །འོ་ན་ལོག་པ འི་ལམ་དང་མ་ལོག་པར་འཛིན་པ་ཡོད་དོ་ཞེ་ན། ཕྱིན་ཅི་ལོག་དང་མ་ལོག་བྱང་ཆུབ་སྟེ། བྱང་ཆུབ་ཉིད་ལ་ལོག་དང་མ་ལོག་མེད། །ཞེས་པ། གང་རང་བཞིན་དང་རྐྱེན་ཀྱིས་ནོར་བ་དང་མ་ནོར་བ་རིལ་ཡང་། ལོག་པ་པོ་མ་དམིགས་པས་ལོག་བརྡོ་བའང་སུ་ཞིག་ལོག་སྟེ། ངོ་བོ་མེད་པའི་ཕྱིར་ལྷག་པའི་ཆོས་སྐུའོ། །ཡང་དག་པ་ཉིད་མ་ལོག་པ་ཞིག་དུ་ཡང་རང་རྒྱུད་དུ་མེད་དེ་གདོད་ནས་གཉིས་དང་བྲལ་བའོ། །དེ་ཡང་ལུང་ལས། སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པས། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུངས་ཏེ། རིགས་རྒྱུད་གཉིས་པ་མེད་པར་དགོངས་སོ། །སྒོམ་པའི་རྗེས་སུ་བསྟན་པར་བྱ་བའི་ཕྱིར། བསམ་དང་བྲལ་བའི་སེམས་དེ་ནམ་མཁའ་ཉིད། ནམ་མཁའ་འདྲ་བའི་སེམས་དེ་ཉིད་དང་བྲལ། །ཞེས་པ། འདིར་བཤད་པ་བཞིན་ཞེན་པ་གཉིས་པོའི་ཅོག་དང་བྲལ་བར་གདེང་གིས་གནད་ཆུད་པའི་རིག་པ་ལ། བསམ་པ་དང་བྲལ་བར་སེམས་པའི་འདུ་ཤེས་ཉིད་དང་ཡང་བྲལ་བས་ངོ་བོ་ནའོ། །ཉམས་ནི། ཡོད་མེད་དབུས་ལ་མི་དམིགས་བརྗོད་མེད་ན། ནམ་མཁའ་མི་གནས་བརྗོད་དུ་མེད་ལས་འདས། །ཞེས་པ། གདོད་ནས་མཐའ་གསུམ་རང་དག་ལ། །མཐའ་དང་བྲལ་བར་སྙད་མི་འདོགས། །ཞེས་བྱ་སྟེ། དེ་རིག་པའང་རྗེས་སུ་མཐུན་ནོ། །འོ་ན་བརྗོད་དུ་མེད་པར་འདོད་དོ་ཞེ་ན། ཡེ་ཤེས་མཚན་ཉིད་ཅི་ཡང་ཡིན་ནོ། །གང་ཡང་རུང་བས་མི་རྙེད་པ་ཉིད་རང་རིག་ལ། ཚིག་གི་ཡུལ་དུ་མེད་པས། བརྗོད་དུ་མེད་པ་ཉིད་ཀྱང་རྣལ་འབྱོར་གྱི་ཡུལ་དུ་མེད་པས། ཉམས་ཀྱང་མྱོང་དུ་མེད་དེ། འདི་འདྲར་བསྟན་དུ་མེད་དེ་དེ་ཉིད་ལས་ཀྱང་གྲོལ་བའོ། །གཞག་ཐབས་ནི། སེམས་ལ་ཚིག་ཏུ་བརྗོད་མེད་སྐུའང་མེད། །ཞེས་པ། བཤད་ཟིན་ཏོ། །སེམས་ཉིད་ཚིག་ལས་འདས་པས་སྦྱོར་བས་ན། །ཞེས་པ། མཚོན་དུ་མེད་པའི་རྗེས་སུའི་འ བྲང་བ་ནི་མ་ཡིན་གྱི། རིག་པ་སྨྲ་བསམས་མེད་པར་མཇལ་བ་དྲན་པ་ཙམ་གྱིས། རང་གསལ་བའི་ཐ་སྙད་དུ་ཞུགས་པའོ། །དེའི་ཕྱིར། མངོན་སུམ་གྱི་དམིགས་ཞེས་པ། ཡུལ་དུ་རྣལ་འབྱོར་མངོན་དུ་དམིགས་ཏེ། རང་རིག་པའི་མངོན་སུམ་པའོ། །མི་འབྱུང་སྟོང་པས་དབེན་ཞེས་པ། ཐ་མལ་པ་ལ་བྱིང་རྒོད་དྲུག་དང་ལེ་ལོ་དང་དོགས་བརྗོད་དང་། རྩོལ་མི་རྩོལ་བདུན་སྐྱེ་བ་དང་། ཆེད་བྱས་ཉམས་མྱོང་། ཤུགས་སྣང་། ཐ་མལ་གྱི་སྐྱོན་འབྱུང་བ་ཐབས་གསུམ་གྱིས་འཆོས་པའོ། །འདིར་སེམས་བཅོས་ཐབས་ནི། རྟོག་པའི་འབྱུང་ཚོལ་མ་བཀག་པར་མི་ལྡང་འབྱུང་བའང་རང་གིས་མ་གྲུབ་པས་རང་ཞི་བའི་ཕྱིར་ཤིན་ཏུ་རིང་དུ་གྱུར་པའོ། །དེ་ཡང་། མ་བཀག་པ་ལ་འབྱུང་ཞིང་རྒྱུ་མེད་པའི། འདུ་བྱེད་སྣ་ཚོགས་མི་གཡོ་ཐིག་ལེར་བརྟན་ཡང་། ནམ་མཁའ་རྟོག་པ་སྐྱེ་མཆེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །ཞེས་གསུངས་སོ། །ཡེ་ཤེས་དེ་ཉིད་བསམ་ལས་འདས་ཞེས་འབྱུང་། ཞེས་པ། རང་བྱུང་ཡེ་ཤེས་རང་གསལ་བ་ཐམས་ཅད་མཁྱེན་པའི་སྒོམ་པའི་ངོ་བོ། །འདུ་ཤེས་ལས་གྲོལ་བར་བཀའ་ལས་གསུངས་པའང་། བསམ་དབང་དུ་མུ་དང་པོ་གཡོ་བའི་ཚེ་མི་བརྟན་ཏེ། བར་འགའ་ནི་མ་བསྒུལ་བར་གསལ། བར་འགའ་སྔོན་དུ་བྱུང་བའི་ཤེས་རབ་ཀྱི་གསལ་ལ་ཡུན་ཐུང་བའོ། །བར་འགའ་སྤྱད་ཀྱང་སྣང་བ་འབྱུང་། བར་འགའ་ཉིན་ཞག་བཞི་ལྔ་བཏུད་དེ་གསལ་ལ། དེ་ནས་འཆོར་བ་འབྱུང་སྟེ། དེའི་ཚེ་ལུང་ཟབ་མོ་དང་ཉམས་ཅན་བསྟེན་ནོ། །བར་དུ་གོམས་པ་ཆུ་ཀླུང་འདྲའོ། །མཐར་བརྟན་པ་ཆུ་དྭངས་བའི་རྒྱ་མཚོའི་གཏིང་ལྟ་བུའོ། །དེ་དག་འདིར་སྨོས་སུ་ཟིན་གྱི། བླ་མ་ལ་རག་ལས་པས་སྲོག་བཞིན་བཀུར་ཏེ་མི་འབྲལ་ལོ། །སྤྱོད་པ་ནི། ཡེ་ཤེས་རྣམ་པ་དག་པས་གཅིག་ཕྱིར་ཏེ། །གྲོལ་བའི་ལམ་གྱི་མཚན་ཉིད་སྡོམ་མ་ཡིན། །ཞེས་པ། བྱང་ཆུབ་སེམས་གཟུང་འཛིན་དྲི་མ་ངང་གིས་བྲལ་བའི་ཕྱིར། ཡུལ་སེམས་གཉིས་སུ་མེད་པའི་གཏན་ཚིགས་ཀྱིས། སྣ་ཚོགས་ཀྱི་འདུ་ཤེས་དང་ཡང་དག་འཛིན་གྱིས་མ་བཅིངས་པའི་ལམ་ཆེན་པོ་འདི། སྒོམ་པ་པོའི་སྒོ་གསུམ་གྱི་དངོས་པོ་དཀའ་ཐུབ་ཏུ་བསྡམས་ལ། དཀར་གནག་གཡེང་བའང་སྐྱོན་ཁོ་ནར་བལྟས་ལ་བསྡམ་དུ་མེད་དེ། བྱེད་པ་ཉིད་ན་བྱ་བ་མེད་པ་ཡིན་པའི་ཕྱིར་རོ། །ཡིད་ལ་བྱེད་པའང་མེད་པའི་ཕྱིར། གཅིག་དང་དུ་མའི་མཐའ་ལས་འདས་པ་ནི། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་བཀྲ་བའང་མེད། །ཞེས་པ། ཡེ་ཤེས་ཆེན་པོ་ཀུན་བྲལ་ཉག་ཅིག་ཇི་མ་སྤངས་པ་གྲོལ་བ་ནི། བསྟན་དུ་མི་བཏུབ་པས་ཞེན་བློ་ལ་གཟུགས་སུ་སྣང་བ་ལྟ་བུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་མཚན་ཉིད་མེད་ན་བཀྲ་བ་གང་ཞེས་པ། ཆོས་ཉིད་སྣ་ཚོགས་ཀྱི་གཟུགས་ཅན་ལ། ཕྱོགས་ཐམས་ཅད་ཀྱི་དབྱིབས་མདོག་ཏུ་མ་གྲུབ་པའི་ཕྱིར། བསྒོམ་པ་པོའི་བློ་ལ་བཀྲ་བ་གང་གིས་བྱ་སྟེ། ནམ་མཁའ་ས་ཕྱོགས་དང་བཅས་པར་ཡིད་ཀྱི་ངོ་བོ་ལ་སྣང་བའང་། འདོད་པ་མ་ཡིན་ནོ། །སྒྲ་དང་རྟོག་པའི་ངང་དུ་མ་གྲུབ་ན། །ཞེས་པ། སྣང་བ་གང་ཡང་མ་སྤངས་པའི་ཇི་བཞིན་པ་ནི། སྒྲ་སོགས་ཀྱི་ཡུལ་དང་ཀུན་རྟོག་གི་ཤེས་པའི་ངོ་བོར་མ་གྲུབ་པའི་ཕྱིར། ཐོས་པ་ལམ་གྱི་སྨོན་ལམ་དེ་གང་ལ། མི་རྟོག་ཆོས་སྐུ་གཅིག་པས་ཅི་ཞིག་བྱ། །ཞེས་པ། སྒྲ་ཡོད་ན་ཐོས་པའི་སྨོན་ལམ་གདབ་ལ། རྟོག་པ་དེ་ལ་ཡོད་ནི་མི་རྟོག་པའི་ཆོས་སྐུ་གཉེན་པོར་བསྒོམ་གྱི། འདིར་གཉིས་མ་གྲུབ་ན་རེ་སྨོན་དང་། མི་དམིགས་པ་ལ་རྟེན་ཅིང་དགོངས་ཏེ། མི་དམིགས་པའི་ཐ་ཚིག་གོ། །གོལ་ས་བསྟན་པའི་ཕྱིར། གཞི་ཚོན་སྒྱུ་མར་འཕགས་པའི་སྐུ་བརྒྱུད་ཀྱང་། ཞེས་པ། གསང་སྔགས་བསྐྱེད་པའི་རིམ་གྱིས་བསྒོམ་པ་པ། བསྒོམ་པའི་བསོད་ནམས་ལྷའི་སྐུ་འཇའ་ལྟར་སྣང་ལ་རང་བཞིན་མེད་པ་བསྒོམས་ཏེ། བརྒྱུད་ནས་ཡེ་ཤེས་འཆར་བར་བལྟའོ། །མི་མཐུན་པ་ནི་འདིར་ངེས་མི་འགྲུབ་པས་གོལ་བར་སྟོད་དོ། །འོ་ན་འདིར་དེ་དགག་གོ་ཞེ་ན། བསོད་ནམས་བསྐྱེད་ཀྱང་སྒྱུ་མར་མི་རྟོག་ན། །ཞེས་པ། རྡེང་ཆུང་བ་ལ་ལྟ་བསོད་ནམས་ཀྱི་སྐུ་བསྒོམས་ཀྱང་རང་སྣང་གི་ཕྱིར་ཟིན་ཆགས་མེད་པའོ། །འགྱུར་བའི་དོན་ནི་དེ་ལ་རག་མ་ལུས་པར་འཆད་པའོ། །རྣམ་དག་ལམ་ཆེན་ལྷུན་གྱིས་གྲུབ་པ་ལ། བསོད་ནམས་མེད་ཀྱང་འགྲུབ་ཅེས་རྒྱལ་བས་གསུངས། ཞེས་པ། གཟུང་འཛིན་དང་ཡང་དག་འཛིན་རྣམས་རང་དག་པས། ཐོབ་མེད་འབྲས་བུ་ཡེ་ཉིད་རང་གྲུབ་པས་སྨིན་ཟིན་པ་ལ། སྐུ་མ་བསྒོམས་ཀྱང་མ་བགྲོད་པར་ས་ནོན་པའོ། །དེ་ཡང་། གདོད་ནས་སྙིང་པོ་བྱང་ཆུབ་ལ། བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། ཅེས་གསུངས་སོ། །དེའི་ཕྱིར་འབྲས་བུའི་བདག་ཉིད་དུ་བསྟན་པའི་ཕྱིར། ཆོས་ཀྱི་དབྱིངས་ན་མི་བསྐྱོད་གཅིག་ཆེ་བ། །ཀུན་ལས་ཁྱབ་པས་སྒྲ་མེད་ཉིད་ལས་འདས། །ཞེས་པ། གང་གཉིས་ཀྱིས་བསྡུས་པ་རིལ། སེམས་ཉིད་རང་སྣང་གི་ཕྱིར་སྨྲ་བརྗོད་ལས་འདས་པ་དང་། བསམ་ཡུལ་དུ་མེད་པ་དང་། ཐམས་ཅད་འབྱུང་བ་དང་། རིལ་རྫོགས་པ་དང་། མུ་མཐའ་མེད་པ་དང་། སྤྲོས་པ་བྲལ་བས་མིང་གྲུབ་པ་ནི་ཐ་སྙད་དུ་གནས་གཞིའོ། །དེ་ཉིད་བདག་གི་རིག་པའི་ཕྱིར། ཡུལ་མེད་པས་འགྲོ་འོང་བྲལ་བས། ཤིན་ཏུ་དབྱིངས་དང་ཡེ་ཤེས་ཀྱི་ཐ་སྙད་ཙམ་ཡང་གྲོལ་བས་འཕགས་པའི་དོན་ཀྱིས། བསྒོམ་པ་མེད་པར་རིལ་ལ་བསྣུམས་པས་བརྗོད་དུ་མེད་པས། ཡེ་ནས་སྐྱེ་བརྗོད་མེད་པས་དེ་ཉིད་ཀྱི་ཐ་སྙད་ལས་ཀྱང་གྲོལ་བ་སྟེ་སྨྲ་བར་ཐི་རྐ་བའོ། །ཐེག་པ་གཞན་གྱིས་འདིའི་མི་མཐོང་བ་བསྟན་པའི་ཕྱིར། སྤྲུལ་པ་བྱེ་བ་བརྒྱ་མང་ཚོགས་ཆེན་ཡང་། བྱ་མེད་ངང་ལ་གདུལ་བྱའི་མི་ནུས་བཞིན། ཞེས་པ། དོན་དཔེར་སྦྱར་བ་སྟེ་སྤྲུལ་པ་མང་པོས་ཀྱང་སྙིང་པོ་བྱང་ཆུབ་བྱ་བརྩལ་བྲལ་བའི་ངང་དོན་བྱར་མི་ནུས་པ་ལྟར། ཞི་ལ་འཕྲ་སྟེ་མངོན་སུམ་རྙེད་དཀའ་བ་རྟོག་གེའི་ཡུལ་མེད་འཁྲུལ་པས་ཤེས་མི་ནུས། ཞེས་པ། བྱང་ཆུབ་ཀྱི་སེམས་བཤད་པ་བཞིན། ཟུག་རྔུའོ་ཅོག་དང་བྲལ་བའི་ངོ་བོ་གཟུང་དུ་མེད་པས་བློས་རེག་པར་བྱ་དཀའ་བ་འདི་ནི། དམིགས་པའི་ལྟ་བ་ཅན་རྣམས་ཀྱིས་ཡུལ་དུ་མ་གྱུར་ཏེ། ལྟོས་འཁྲུལ་གྱི་ཤེས་རབ་ཀྱིས་མི་མཐོང་བར་དེས་གཉིས་ཀྱིས་བཤད་ཟིན་ཏོ། །དེས་ན་ལུང་ལས། ཐིག་ལེ་ཆེན་པོ་ཀུན་ཏུ་ཆུབ་གནས་པ། སྟོང་པས་བརྩལ་བས་རྙེད་པར་མི་འགྱུར་ཏེ། ཞེས་གསུངས་ཏེ་ལྟ་བའི་ཁྱད་པར་རོ། །གཏན་ཚིགས་ཀྱི་ཁྱད་པར་མཚོན་པས་མི་སྙེད་པ་ཉིད་བཤད་ཟིན་པ་ཉིད་དང་། གསང་སྔགས་རྒྱ་མཚོ་ཆེན་པོ་ཉིད། །དཔེ་དང་ཚད་མ་གཏན་ཚིགས་དང་། །རྗེས་སུ་དཔོག་དང་ཤེས་རབ་གྱིས། །རྟོགས་པར་ནུས་པ་མ་ཡིན་ཏེ། །དེ་བས་གསང་སྔགས་བདག་ཉིད་ཆེ། །དངོས་གྲུབ་རླབས་ཆེན་འཁྲིགས་པ་ཅན། །བསམ་ཡས་གཏིང་ནི་དཔག་དཀའ་བ། །ལུང་དང་མན་ངག་ཐོབ་པས་འགྲུབ། །ཞེས་གསུངས་ཏེ། འདིར་དངོས་པོ་རང་གི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རང་བཞིན་གྱི་གཏན་ཚིགས་དང་། ངང་དང་རང་བཞིན་དང་བདག་ཉིད་ཆེན་པོའི་གཏན་ཚིགས་དང་། བདག་ཉིད་ཆེན་པོ་གཅིག་ཏུ་འདུས་པའི་གཏན་ཚིགས་དང་། ཐུན་མོང་དུ་མཐའ་དང་བྲལ་བ་ནི་གཏན་ཚིགས་ཀྱིས་གཞན་པའང་སྒྲ་ཙམ་མཐུན་གྱི་བྲལ་ལུགས་ཀྱི་དོན་བཞིན་ནས་སྤངས་པས་བཤད་ཟིན་པའོ། །དེ་ཅིའི་ཕྱིར་མི་རྟོག་སྙམ་པ་ལ། བསྐྱོད་དང་མི་སྐྱོད་སྒྱུ་མ་མི་རྟོག་མིན། མཚན་ཉིད་ནམ་མཁའ་ལས་ཀྱང་འདས་པའོ། །ཞེས་པ། གང་སྙིང་པོ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ནི་སེལ་མེད་པའི་ཕྱིར་དང་། རྒྱུ་སྐྱེ་བ་མ་ཡིན་པས་གཡོ་མི་གཡོ་ཐ་སྙད་ཀྱང་གྲོལ་ལ། བདེན་པ་གཉིས་སུ་མེད་པར་བཤད་ཟིན་པའང་། འདིར་དམན་པའི་ངོར་ཆོས་མཐུན་ཚུལ་གྱིས་ནམ་མཁའ་ལྟ་བུའོ། །ཞེས་བསྟན་གྱི། ངོ་བོ་ཉིད་ནི་ཕྱོགས་ཐམས་ཅད་ས་ཡིན་པའི་ཕྱིར་ནམ་མཁས་ཀྱང་མཚོན་པ་ལས་འདས་པས། བསམ་པ་པོའང་དེ་ཉིད་དུ་ཞེན་པ་མི་སྐྱེ་བའི་ཕྱིར། རྟོག་གོས་མི་སྙེད་པའོ། །ཐབས་ཀྱི་ཁྱད་པར་ནི། ཡེ་ནས་ལྷུན་གྱིས་གྲུབ་པའི་ཐབས་ཆེན་ལ་ཞེས་པ། དེ་ཉིད་ལ་དེ་ཉིད་དུ་བསྟན་པས་བཙལ་བ་མེད་པར་མཐོང་གྲུབ་པ་ནི། བརྒྱུད་རྩོལ་མེད་པས་ཁྱད་པར་དུ་གྱུར་པ་ལ། ཅི་ཞིག་བྱ་ཞེས་པར་འབྲེལ་ཏོ། །སྒྱུ་བཅོས་སྦྱོང་བ་ཐབས་ཆེན་མ་ཡིན་ཏེ་ཞེས་པ། ཀུན་རྫོབ་སྒྱུ་མར་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུའི་རྗེས་སུ་ཆ་ལུགས་བསྒྱུར་ནས། སྤང་བའི་སྤྱོད་པ་དང་མི་སྤོང་བའི་སྤྱོད་པ་དག་ལ་བརྟེན་ནས། སོ་སོ་གཞུང་ལུགས་ཀྱིས་དོན་དུ་གཉེར་བས། སོ་སོའི་སྐུ་གསུམ་འགྲུབ་པར་སྨྲ་བ་ནི། ལྟ་སྤྱོད་རྩོལ་བའི་སྒྲིབ་པ་ཡོད་པས་ཚི་ཆད་ཅིང་། བཏགས་པའི་སངས་རྒྱས་ཙམ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཐོབ་པའི་ཕྱིར། ཐབས་ཆུང་བ་ཉུང་བ་མི་མཁས་པའོ། །ལྷག་མ་ནི་ནོར་པས་མི་གཅེས་པར་བསྟན་པའོ། །སྒྱུ་འཆང་ཐབས་ཀྱི་བཅོས་དང་མ་བྲལ་ན། །ཞེས་པ། མི་བདེན་པའི་ལྟ་བ་སུ་ལ་ཡོད་པས་རྩོལ་ཐབས་ཀྱིས་རུ་བཟློག་པ་དང་། གནས་བསྒྱུར་བ་སོགས་པ་བྱེད་པ་དང་མ་བྲལ་ན། མི་རྟག་ཐམས་ཅད་དེ་ཡིས་ཅི་ཞིག་བྱ། །ཞེས་པ། དེ་བདེན་ན་ཐབས་ཆེན་པོ་མི་དགོས་པའི་རིགས་ན། བཅོམ་ལྡན་འདས་ཀྱིས་འདི་ལྟ་བུར་བསྔགས་ནས་བཀའ་སྩལ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མ་མེད་པའི་ཆོས་ཉིད་ཆེན་པོ་འདི། ཆོས་ཀྱི་དབྱིངས་ལས་སྒྱུ་མའི་མཚན་ཉིད་མིན། །ཞེས་པ། སྟོང་རྟོག་གི་འདུ་ཤེས་རིལ་དང་བྲལ་བའི་རང་རིག་པ་ནི་ངང་གིས་མ་སྐྱེས་པ་དང་། གཉིས་མེད་པ་དང་། ལྷུན་གྱིས་གྲུབ་པ་དང་། གང་ཡང་མ་སྤངས་པ་དང་། མཚན་ཉིད་མི་ཟིན་པ་དང་། མ་བཅོས་མ་བསླད་པ་དང་། སྨྲ་བསམས་ལས་འདས་པས་ཆོས་ཉིད་དེ། དེ་ནི་རིལ་གྱི་འབྱུང་གནས་མུ་མཐའ་དཔག་དཀའ་བ་ཡིན་གྱི། མཐུན་སྣང་དོན་བྱེད་དབེན་སྐྱེས་ཙམ་མ་ཡིན་པའོ། །དེ་བས་ན་ཡང་དག་པའི་བླང་དོར་དང་བྲལ་བ་དམ་པ་ཁོ་ནར་གསུངས་སོ། །ཆོས་ཀྱི་དབྱིངས་ལ་སྒྱུ་མར་གང་བསྒྱུར་ཡང་། སྒྱུ་མའི་ལམ་དུ་རྒྱལ་བས་མ་གསུངས་སོ། །ཞེས་པ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ལམ་དམ་པ། སྣང་སྟོང་དབྱེར་མེད་པའི་ངོ་བོ་ལས། ལྟ་བ་པོས་ལོག་རྟོག་སྒྱུ་མ་དང་། རྟེན་འབྲེལ་སྒྱུ་མ་དང་། དངོས་པོ་སྒྱུ་མ་དང་། ཐུན་མོང་གི་ཡེ་ཤེས་སྒྱུ་མ་ལ་སོགས་པ་རང་རང་གི་ཞེན་པས་དབང་བསྒྱུར་ཏེ་ལྟ་བའོ། །མི་མཐུན་པ་ནི། དེ་ཡང་དག་པའི་ལམ་དུ་སྟོན་པས་བཀའ་མ་སྩལ་པ་དེའི་ཐབས་ཀྱང་འཁྲུལ་པར་མངོན་ནོ། །འོ་ན་ལམ་མ་ནོར་བ་གང་སྙམ་པ་ལ། མི་གནས་ཆོས་སྐུ་བརྗོད་མེད་ལས་འདས་པ། །དབུས་མའང་བརྗོད་དུ་མེད་དོན་དང་བྲལ། །ཞེས་པ། ལམ་ཐུན་མོངས་པའི་ཡང་དབང་འཛིན་དང་འདིར་བྲལ་བའི་ཚུལ་ནི། བྱང་ཆུབ་སྙིང་པོ་ནི་ཅིར་ཡང་གནས་ཕྱིར་མི་གནས་ཏེ། གཏན་ཚིགས་ཀྱིས་རྒྱས་པ་དེ། རང་སྣང་བའི་ཆོས་སོ་ཅོག་ཉིད་སྐུའོ། །དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་རང་སྣང་བའི་ཕྱིར་ཏེ། ལུང་ལས་དཔེར་ན་རིན་པོ་ཆེ་ནི་ཁ་དོག་དཀར་པོའང་རིན་པོ་ཆེ། ནག་པོའང་རིན་པོ་ཆེ། དེ་བཞིན་དུ་དམར་པོ་དང་སེར་པོ་དང་ལྗང་གུའང་རིན་པོ་ཆེ་སྟེ། འདི་ནི་རིན་པོ་ཆེ་ཡིན། འདི་ནི་རིན་པོ་ཆེ་མ་ཡིན་བྱ་བ་མེད་དེ། དེ་བཞིན་དུ་ཁ་དོག་དཀར་པོ་དང་དམར་པོ་དང་སེར་པོ་དང་ལྗང་ཁུའང་བྱང་ཆུབ་སེམས་ཀྱི་སྐུ་སྟེ། ཁ་དོག་དང་དབྱིབས་འདི་ནི་བྱང་ཆུབ་སེམས་ཀྱི་སྐུ་ཡིན། འདི་ནི་མ་ཡིན་བྱ་བ་མེད་དོ། །ཞེས་སོ། །དེའང་གཉིས་སོ་ཅོག་མ་སྤངས་ལ་མ་བཀོལ་ལྷུན་ཀྱིས་གྲུབ་ཅིང་། འབྱུང་གནས་བསམ་བརྗོད་ལས་གྲོལ་བའི་ཕྱིར་རོ། །འོ་ན་དབུ་མར་ཡོད་དོ་ཞེ་ན། ཐ་སྙད་ལ་ལྟོས་པའི་རིགས་པ་ངང་གིས་བྲལ་བའི་ཕྱིར་རོ། །དབུ་མར་འཛིན་པ་མེད་པའོ། །འོ་ན་མཐའ་དབུས་སུ་བརྗོད་པའང་མེད་པ་ཞིག་ཡུལ་དུ་བྱེད་དོ་ཞེ་ན། ཡིད་བཞིན་ཡེ་ཤེས་དབྱིངས་ཀྱི་མཐའ་ཀླས་པས། ནང་མེད་བརྗོད་དུ་མེད་ལས་འདས་པའོ། །ཞེས་པ། དགོས་འདོད་འབྱུང་བའི་ནོར་བུ་དང་། མཐུན་པའི་རང་བྱུང་གི་ཡེ་ཤེས་ནི། ཆོས་དབྱིངས་ཉིད་དེ་བཤད་པའི་ཆོས་གཉིས་དང་ལྡན་པས། གཉིས་ཐ་སྙད་ཙམ་ལས། དོན་དུ་དབྱེར་མེད་པའི་ངོ་བོ་མཐའ་ཐུག་པ་མེད་པར་སྣང་བའི་ཆོས་སོ་ཅོག་རང་སྣང་ལས། ཡུལ་ལོག་སྣང་མེད་པའི་དོན་བརྗོད་པ་ཐམས་ཅད་དང་། སྣང་བ་ཐམས་ཅད་ཀྱི་དངོས་གཞི་ཡིན་པའི་ཕྱིར། བརྗོད་དུ་མེད་པ་ཉིད་ལས་གྲོལ་ཏེ། འདི་ཉིད་ཡུལ་དུ་དམིགས་པ་ལས་ཀྱང་འདས་པའོ། །འོ་ན་ལམ་འདི་ལ་གནས་པའི་སྐྱེས་མཆོག་ལ་ཁྱད་པར་མེད་པ་ཡིན་ནམ་ཞེ་ན། ངོ་བོ་དང་མཐོང་བ་གཅིག་ལས་ཁྱད་པར་མི་འདོད་དེ། ལུང་ལས། མཉམ་པར་ཤེས་པ་སངས་རྒྱས་ཀུན་གྱི་རྗེས་ཞེས་གསུངས་ཀྱང་། ཐ་སྙད་གདགས་ན། ཡུན་གྱི་ཁྱད་པར་དང་། རྩོལ་བའི་སྟོབས་ཀྱི་ཁྱད་པར་དང་། སྟོབས་ཀྱི་ཁྱད་པར་དང་། གསལ་བའི་ཁྱད་པར་དང་། གྲུབ་པའི་ཁྱད་པར་ཙམ་ཡོད་དེ། དཔེར་སེང་ཕྲུག་སེང་ཆེན་ལྟ་བུ་ཡང་། མི་བརྒྱུད་མི་བགྲོད་པས་སྟོབས་རྫོགས་ཙམ་མོ། །ཞེས་དགོངས་སོ། །དེ་སུའི་ཡུལ་ཞེ་ན། ཆོས་ཀྱི་དབྱིངས་སུ་རབ་བཤད་པ། །སྐལ་ལྡན་སྐྱེས་བུ་ཐེ་ཚོམ་མེད་པས་འགྲུབ། །ཞེས་པ། འདིར་ཆོས་སོ་ཅོག་བཤད་པའི་དབྱིངས་སུ་བསྡུས་པ་མེད་པར་ལྷུན་གྱིས་གྲུབ་པར་བཀའ་སྩལ་པའི་དོན་སུ་ཡིས་མངོན་དུ་འགྱུར་ཞེ་ན། འདི་ལྟ་བུའི་བཀའ་ལ་འཇུག་ཅིང་འོག་མས་མི་ཚིམ་པའི་སྐལ་བ་སུ་ལ་ཡོད་པ་ནི། བསོད་འདུས་པར་ནམས་ཀྱི་དཀའ་བ་དུ་མ་ལས་བྱུང་བ་སྟེ། རིགས་ཆེན་པོ་ཉིད་དུ་བྱུང་བ་དང་། ལྟ་ངན་དུ་མ་འཇོམས་པའི་སྟོབས་ཡོད་པས་མིང་འགྲུབ་སྟེ། དེས་ཀྱང་ཡིད་མ་ཆེས་པ་དང་བྲལ་ཏེ། སོམ་ཉི་མེད་པས་མངོན་དུ་འགྱུར་རོ་སྙམ་མོ། །གྲོལ་ཞིང་རྟོགས་པའི་བློ་ལྡན་རྣམས་ཀྱིས་ཉོན། །ཞེས་པ་ཟིན་པ་ལ་མི་དགོས་ཏེ། ཞེན་པའི་ཐག་པ་གཉིས་མེད་པར་མཐོང་བའི་ཤེས་རབ་སུ་ལ་ཡོད་པ་ཀུན་ཀྱིས་འདིའི་དོན་ཉོན་ཅིག་པར་གདམས་པ་མཛད་པའོ། །ཡང་དག་པའི་ཡེ་ཤེས་ཀྱི་དབྱིངས་ལས་ཞེས་པ། སྟོན་པའི་དགོངས་པ་སྟེ་གཞིའོ། །བདེ་བ་ཆེན་པོའི་རོལ་པ། ལྟ་བ་ཨ་ཏི་ཡོ་གའི་མདོ། །ཞེས་པ། གང་འཇིག་རྟེན་པ་དང་། འདས་པའི་བདེ་བ་རིལ་གྱི་དངོས་གཞི་པ་ནི། རྩོལ་བའི་ཟུག་རྔུ་མེད་པས་ལྷག་པར་ལོངས་སྤྱོད་པས། ཡུལ་མེད་རང་གསལ་ཤེས་རབ་སྤྱན་འདི། ལྷག་པའི་རྣལ་འབྱོར་ཀྱི་དོན་མདོའི་རྩ་བ་བྱུང་བའོ། །གང་ཕྱིར་བྱ་བྲལ་བསམ་གཏན་ལས། །བྱང་ཆུབ་ཐབས་གཞན་ཡོད་མ་ཡིན། །བྱ་རྩོལ་མེད་པར་སངས་རྒྱས་སུ། །འགྱུར་བ་གང་གིས་བཟློག་པར་བྱེད། །ཀྱེ་མ་མ་རིག་ལེ་ལོ་ཅན། །རང་སེམས་ངོ་བོ་སངས་རྒྱས་ཉིད། །རང་ལ་གནས་བཞིན་བསྒོམ་མི་བྱེད། །མར་མེ་རླུང་གིས་བསྐྱོད་ལྟ་བུར། །ཚེ་ནི་སྐད་ཅིག་གནས་ཡོད་མིན། །དེང་སང་འཆི་བའི་རྟོལ་མེད་པར། །ཆུ་སྲིན་ཁར་འཛུམས་འཆི་འཇུག་འགྱུར། །བདེར་འདུག་རིགས་པ་མ་ཡིན་ཕྱིར། །ནགས་ཁྲོད་བསྟེན་ལ་བསམ་གཏན་གྱིས། །བརྣག་པའི་དོན་ལ་བརྟུན་ཏེ་བསྒྲུབས། །གང་ཞིག་བསམ་ཏེ་བྱ་སྙམ་ན། །དེ་ལས་གཞན་དུ་མི་བསམ་སྟེ། །དེ་ལ་ཆེར་དམིགས་བསམ་པ་ཡིས། །དོན་དེ་ཉིད་ལ་རྩེ་གཅིག་འབོད། ༈ །ཚོང་དཔོན་རྒ་བས་གྲུ་རྒལ་གཏེར་ལེན་དབུལ་སེལ་བདེ་རྙེད་ལྟར། །དེད་དཔོན་བསམ་པས་ཚད་གསུམ་ཉམས་བསྡུར་དཀའ་བའི་རྟོག་དཔྱོད་ཀྱིས། །ཚད་མཆོག་ཐབས་ཆེན་གྲུ་བརྟེན་མི་ཤེས་ཆུ་རྒལ་དགའ་བའི་སྒྲ། །བཅོམ་སྟེ་བྱ་བྲལ་གཏེར་བཀྲོལ་འདིས་དབུལ་སྤྱན་རྙེད་བདེ་ཐོབ་ཤོག །ཡེ་ཤེས་ནམ་མཁའི་རྒྱལ་པོ་དོན་འགྲེལ་རྫོགས་སོ།། །།ཨཱི་ཐཱི།། །།

སྤྱི་གསང་སྔགས་ལུང་གི་འགྲེལ་པ། གཉགས་ཛྙཱ་ན་ཀུ་མ་ར།

སྤྱི་གསང་སྔགས་ལུང་གི་འགྲེལ་པ་གཉགས་ཛྙཱ་ཀུ་མཱ་རས་མཛད་པ་བཞུགས་སོ། །སྤྱི་གསང་སྔགས་ལུང་གི་འགྲེལ་པ་བཞུགས། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སེམས་སུ་ཀུན་བཅོམ་གཞན་མེད་བདག་ཏུ་རྫོགས་པར་ལྡན། །ངོ་བོ་མ་གྲུབ་མཐའ་འདས་ཅིར་ཡང་སྣང་བའི་དཔལ། །རང་རིག་མི་ཕྱེད་དཔའ་བོ་རྡོ་རྗེ་ལྟ་ངན་འཇོམས། །གང་ཞིག་ཉམས་སུ་ཅུང་ཟད་འདུད་པས་ཕྱག་འཚལ་ཏེ། །ཀུན་བཟང་བྱིན་རླབས་ལུང་རྗེས་རང་རིག་གསལ་ཞུགས་པའི། །བགྲོད་མེད་ཡང་རྩེ་ཀུན་འདུས་ཁྱད་པར་སྒྲོན་མའི་ལམ། །གཟུ་ལུགས་དོན་ཕྱིར་བརྡར་བསྟན་རིགས་ངན་རྨོངས་པར་གྱུར་པ་ལ། །མན་ངག་ལུང་གི་རྗེས་ཞུགས་ཅུང་ཟད་དགྲོལ་བར་བྱ། དེ་ལ་སྤྱི་བཅིངས་སྔགས་ཀྱི་ལུང་། ཞེས་བྱ་བ་ནི། གང་ཞིག་ཐམས་ཅད་འདུས་པའི་རྩེ་མོར་གྱུར་པ་ལ་བྱ་སྟེ། གང་སེམས་ཅན་དང་འཁོར་བའི་ཆོས་ཐམས་ཅད་ཀུན་གཞིར་རོ་གཅིག་པ་དང་། ཕྱོགས་གཞན་དག་ཆོས་ཀྱི་སྐུར་གཅིག་པ། དེ་དག་ཀྱང་ངོ་བོ་ཉིད་མི་འདྲེ་བར་མི་སྟོན་ཏེ། གནས་སྐབས་ཙམ་མ་ཡིན་པ་ཚུལ་དང་ངོ་བོ་ཉིད་གཅིག་པ་ནི། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་སྟེ། འོག་ནས་ཁས་བླངས་པའོ། །དེ་ལ་གང་དག་རྫོགས་པར་ཡོད་དང་གཅིག་པར་འཆད་པའི་དོན་གྱིས་འདུས་པའི་རྩེ་མོར་སྟོན་པ་ཡང་འགལ་བ་མེད་པ་ཁོ་ནའོ། །དེའི་མཚན་ཉིད་ངོ་བོ་ཉིད་གཞན་དང་མ་འདྲེས་པར་བསྟན་པའི་ཕྱིར། གང་ཉི་ཚེ་བའི་སྟོང་པ་ཉིད་ལ་སོགས་པར་འདོད་པ་མ་ཡིན་ཏེ། སྟོང་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་ནི་མཐའ་ཐམས་ཅད་ཀྱིས་མ་རེག་ལ་འབྲས་བུ་ཐམས་ཅད་རྫོགས་པའི་ཕྱིར། ནུས་པའི་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ཡང་དུས་གསུམ་དུ་མི་འགྱུར་བས་ཐེག་པ་ཆེན་པོའི་ཡང་ཆེན་པོ་སྟེ། དེ་ཉིད་ཤེས་པ་པོ་གང་དུ་ཡང་སོམ་ཉི་མེད་དེ་ཐམས་ཅད་གཅིག་ཏུ་ཤེས་པའི་ཕྱིར་རྗེས་སུ་ཐོབ་པས་ཐེག་པ་ཆེན་པོ་པ་ཡིན་པར་ལུང་བསྟན་ཏེ། ཟབ་མོའི་ལུང་དུ་ཡང་གསུངས་སོ། །དེ་ཡང་གཏན་ཚིགས་ཀྱིས་དྲི་བ་ལ་སོགས་པ་རྒྱས་པར་འགྲེལ་ཏོ། །མ་འདྲེས་གསལ་བའོ། །ཞེས་བྱ་བ་ནི། གང་དང་གང་གི་མཚན་ཉིད་དང་ལུགས་མི་མཐུན་པ་ཉིད་ཀྱང་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་ཏེ། དེ་དག་གང་ཡིན་ཞེ་ན། འཆད་པར་འགྱུར་བའི་དབུ་མ་ལ་སོགས་པའི་ཏིང་ངེ་འཛིན་དང་། རྣལ་འབྱོར་ཆེན་པོའི་ཏིང་ངེ་འཛིན་གཉིས་མ་འདྲེས་པ་དང་། དེ་ཉིད་རྣམ་པ་ཡང་བློ་ཆེ་ཆུང་གི་བྱེ་བྲག་གིས་གཅིག་པ་དང་དུ་མའི་མཚན་ཉིད་ལས་གྲོལ་བར་མ་འདྲེས་པ་དང་། མདོ་སྡེའི་ལམ་གྱི་ཤེས་བྱ་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ལས་ཐེག་པ་གཞན་དག་གི་དོན་མ་འདྲེས་པར་གཏན་ཚིགས་གསུམ་གྱི་སྒོ་ནས་སྟོན་པ་དང་། དེ་དག་གི་རྗེས་སུ་ཤེས་བྱེད་ཀྱི་སློབ་དཔོན་གྱི་ཁྱད་པར་མ་འདྲེས་པ་དང་། དེའི་སྙིང་ཁུ་བླུགས་པའི་སྣོད་བཟང་ངན་མ་འདྲེས་པར་བསྟན་པས་འབྲས་བུ་མན་ངག་གི་ཉམས་རིམ་པ་མ་འདྲེས་པར་སྟོན་པའི་ཕྱིར། གོང་གིས་མི་འགལ་བར་བརྗོད་པ་ཉིད་འགལ་བ་མེད་དོ། །དེ་དག་རྒྱས་པར་དཀྱུས་ཉིད་ལས་རིམ་པར་གསལ་ལོ། །བདག་ནི་ཡོད་དོ། །གཞན་ནི་མེད་དོ། །ཞེས་བྱ་བ་ནི། གང་ཐམས་ཅད་ཀྱི་གཞི་དང་རང་བཞིན་ནི། བྱང་ཆུབ་སེམས་ཁོ་ན་ཡིན་ཏེ། དེ་མེད་ན་འགལ་བའི་ཕྱིར་ཁས་ལེན་ཏོ། །ཇི་སྙེད་དུ་བརྗོད་པའི་གཞི་ཐམས་ཅད་ནི། མཐར་མི་གནས་པ་ཉིད་ཐོག་མ་ཉིད་ནས་ངོ་བོ་མེད་དོ། །དེའི་ངོ་བོ་ལོག་རྟོག་ཙམ་ཡང་རང་གི་ངོ་བོས་སྟོང་པས་ཐམས་ཅད་ཀྱང་མ་གྲུབ་པ་ཁོ་ནའོ། །དེ་ལུགས་ཀྱིས་བསྟན་པར་བྱ་བའི་ཕྱིར། གསུངས་པ། བདག་ཉིད་ཆེན་པོར་ལྷུན་གྱིས་རྫོགས་པས་ཡོད་དོ། །ཀུན་ཏུ་བཟང་པོའི་ངང་དུ་གཅིག་པས་གཞན་མེད་དོ། །ཞེས་བྱ་བ་ནི། གང་ཐམས་ཅད་ཀྱི་ལུགས་ཀྱི་རྒྱུ་གཞན་མེད་པའི་ཕྱིར་ཀུན་ཀྱང་སེམས་ཉིད་ཁོ་ན་ཡིན་པ་ནི་བདག་ཉིད་ཆེན་པོ་སྟེ། དེ་ཉིད་དུ་གསལ་བའི་དུས་ན་བྱེ་བྲག་གི་ཆོས་ཐམས་ཅད་དུ་སྐུ་གསུང་ཐུགས་ལ་སོགས་ཏེ། ཡེ་ཤེས་གྱི་ཕྱག་རྒྱ་གསལ་བ་ནི་མ་བརྩལ་བར་རང་སྣང་བས་དེ་དག་གི་གཞི་དུས་གསུམ་དུ་མི་འགྲུབ་པ་ཁོ་ནའོ། །གང་བྱེ་བྲག་གི་ཕྱག་རྒྱ་ལ་སྙེགས་པས་སྤང་པར་བྱ་བ་མེད་པ་ནི་མཉམ་པ་ཉིད་ཀྱི་ངང་སྟེ། ཐམས་ཅད་ཀྱང་དེ་ཉིད་དུ་རོ་གཅིག་པས་དེ་ལས་གཞན་པའི་ཆོས་གང་དུའང་མ་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་ན་གཞིར་བཤད་པའི་བདེ་བ་ཆེན་པོ་ཉིད་གང་དུའང་མ་གྲུབ་པས་ཕྱོགས་གཅིག་པའི་སྟོང་པ་ཉིད་དུ་འགྱུར་ན་ཡང་སྐྱོན་མེད་དོ་སྙམ་པ་ལ། བདག་མེད་པར་ཆད་པར་ལྟུང་ངོ་། །ཞེས་གསུངས་ཏེ། དཔེར་ན་ལྕགས་དང་ཚ་བ་དང་ཆེན་པོ་བཞི་དང་ནམ་མཁའ་ལྟ་བུའི་ཚུལ་གྱིས་མཐའ་ཐམས་ཅད་ཀྱིས་སྟོང་པའི་བྱང་ཆུབ་སེམས་བདེ་བ་ཆེན་པོ་དེ་ཉིད་ཉི་ཚེ་བའི་སྟོང་པ་ལྟ་བུར་གྱུར་ན། དངོས་པོ་གཉིས་ལས་སོགས་པ་གང་ཡང་འབྱུང་བར་རིགས་པ་མ་ཡིན་ཏེ་དེ་ཉིད་ལོག་པའི་ལྟ་བའོ། །དེ་ཡང་ནི་དེ་ལྟར་སྤང་ངོ་། །ཅི་ཞེས་པ་ནི་གཏན་ཚིགས་ཏེ། ངོ་བོ་ཅི་ཞིག་ལ་རྒྱུ་ཅི་ཞིག་གིས་ལྟུང་ཞེས་དྲིས་པའོ། །ངོ་བོ་བསྟན་པའི་ཕྱིར། སེམས་ཅན་རྟོག་པ་ཆེ་ཆེས་ལ། རྟོག་པས་འཁོར། རྟོག་པའི་བག་ཆགས་རྟས་ནས་རྟོག་པའི་ངང་དུ་འགྱུར། ཞེས་བྱ་བ་ནི། གང་ལོག་སྲེད་ཅན་ནི་མ་རིག་པའི་བདག་ཏུ་འཛིན་པས་ཀུན་ཏུ་རྟོག་པ་ཡང་རྒྱུད་མར་སྟོན་ཅིང་སྤྱོད་དེ། དེ་དག་གཅིག་གི་རྒྱུར་གཅིག་གྱུར་ཅིང་དེ་དག་མངོན་སུམ་དུ་སྨིན་པའི་མཐུས་མ་བརྩལ་བར་ཡང་སྣང་བ་ནི། ཀླུང་དུ་གྱུར་པ་སྟེ་འཁོར་བ་ལྷུན་གྱིས་གྲུབ་པ་ཁོ་ནའོ། །གོལ་བའི་རྒྱུ་བ སྟན་པའི་ཕྱིར། མདོ་སྡེ་དང་བསྟན་ཆོས་བཀྲི་དྲང་གི་དོན་གྱིས་ནི་སྟོང་པར་བཤད། ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་ལུགས་ཀྱིས་དེ་དག་དོན་མེད་པས་དེ་དག་བཟློག་པར་བྱ་བའི་ཕྱིར་གསུངས་ཤིང་བཙམས་པ་རྣམས་ལས། ཤེས་བྱེད་ཀྱི་གཏན་ཚིགས་གསུམ་གྱིས་གཟུང་འཛིན་གྱི་ཀུན་བརྟགས་གཉིས་ལོག་པ་ནི་ཆོས་ཉིད་དེ། དེའི་ངོ་བོ་ཉིད་མ་གྲུབ་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་ཞེས་བྱའོ། །དེ་བས་ཀྱང་མེད་པར་བཤད། ཞེས་བྱ་ནི། ཤེས་བྱའི་ངོ་བོ་ཉིད་མེད་པའི་ཕྱིར། དེའི་ཤེས་བྱེད་ཀྱང་རྐྱེན་གྱིས་མི་སྐྱེ་བ་ཁོ་ནའི་ཕྱིར་མེད་པར་གསུངས་སོ། །དེ་བས་ཀྱང་སྟོང་པ་བདག་མེད་པར་བཤད། ཅེས་བྱ་བ་ནི། དེ་དག་བཤད་བཞིན་དུ་ཤེས་པ་ནི་འཇུག་པའི་དུས་ན་མི་རྟོག་པ་དང་མི་གནས་པ་ཞེས་བྱ་བའི་སྒྲས་ལས་ཀྱི་བྱ་བ་དང་བྱེད་པ་ཐམས་ཅད་དང་བྲལ་བ་ནི་ལུགས་མ་ནོར་བ་ཁོ་ནར་བཞེད་དོ། །ལྷག་མ་ནི་སྐབས་ཀྱི་སྐྱོན་དུ་འགྱུར་བའི་ཐ་ཚིག་གོ །འདི་ཡང་ལུང་གིས་མ་ཟིན་ན་མི་རུང་སྟེ། ཞེས་བྱ་བ་ནི། ལུགས་འདིའོ། །ཡང་ཞེས་བྱ་བ་ནི་ལྟུང་བའི་རྗེས་སུ་འཇུག་པའོ། །ལུང་ནི་སྟོན་པས་གསུངས་ཏེ་རང་གི་གཞུང་ངོ་། །དེའི་རྗེས་སུ་རིགས་པས་མ་ཟིན་པ་ནི་ཉེས་པ་ཆེའོ་ཞེས་གསུངས་སོ། །ཉེས་པ་གང་ཡིན་སྙམ་པ་ལ། མུ་སྟེགས་ཆད་པར་ལྟ་བ་ནི་བསྒྱུར་དཀའ་ལ་སྡིག་ཆེ། ཞེས་བྱ་བ་ནི། བཤད་པའི་གོལ་ས་ནི་འདི་ཡིན་ཏེ། འདིའི་ལུགས་ཀྱིས་རྒྱུ་དང་འབྲས་བུའི་ལྟ་བ་དང་སྤྱོད་པ་ཡོངས་སུ་སྤོང་ཞིང་ཉི་ཚེ་བར་འདོད་པ་ནི་ཕྱོགས་གཞན་དང་མི་མཐུན་ཞིང་མྱུ་གུ་དང་བྲལ་བར་འགྱུར་བ་ཁོ་ནའོ། །དེ་བས་རྟོག་པར་ལྟ་བ་བསྒྱུར་སླ་ལ་ཉེན་ཆུང་བར་གསུངས་ཏེ། ཅེས་བྱ་བ་ནི། གཏན་ཚིགས་ནི་མ་ཡིན་ཏེ་ཁྱད་པར་འདོད་པའི་ཕྱིར་རོ། །གང་བདག་དང་བྱེད་པ་པོ་ལ་སོགས་པར་འདོད་པ་ནི་སྒོ་མཐུན་པ་དང་དེ་དག་ཀུན་རྫོབ་ཏུ་སྒྱུ་མར་བསྟན་དུ་བཏུབ་པའི་ཕྱིར། བདག་ཅག་གི་སྒོ་ཉིད་དུ་གསུངས་སོ། །བཤད་པའི་ལྷག་མ་གཉིས་གང་གི་ཕྱིར་ཡིན་སྙམ་པ་ལ། རྣམ་པར་མི་རྟོག་པ་སྒོམ་པའང་སེམས་གྲོད་དེ་ཕྱང་ཆད་པར་སོང་བ་ནི་བཅོས་དཀའ་ལ་ཉེན་ཆེ། ཞེས་བྱ་བ་ནི་གང་ཐམས་ཅད་ཀྱང་བཤད་པ་བཞིན་དུ་ཤེས་ནས་སྣང་བ་མེད་པ་ལ་ཡང་མི་གནས་པ་ནི་བསྒོམ་པའི་གཞུང་ཉིད་དེ་རྗེས་སུ་མཐུན་པའི་ཆད་པ་ལ་སྙེགས་སོ། །དེའི་ལུགས་སྟོང་པ་དང་མི་གནས་པ་ཞེས་བྱ་བ་ཉིད་ཀྱང་ལས་དང་པོ་བས་ཤིན་ཏུ་དཀའ་བས་སྒྲ་ཉིད་ཡིད་ལ་བྱས་པ་ནི་ཞེན་པ་ཤིན་དུའང་ཆེ་བས་ཉི་ཚེ་བ་ཉིད་དུ་ལྟུང་བ་ཤིན་ཏུ་མང་ངོ་ཞེས་བྱ་བའི་དོན་ཏོ། །དེ་དག་མི་འདོད་པ་ནི་བཤད་ཟིན་ཏོ། །དེ་བས་དམིགས་པའི་རྒྱུ་དྲག་དལ་ལ་འཛིན་པ་བཅོས་སླ་བར་འཛིན་པས་ལོན་ལས་འབྱུང་སྟེ། ཞེས་བྱ་བ་ནི། སྤགས་པའི་ཕྱིར་རོ། །ཡུལ་ཉིད་ལྷན་ཅིག་བྱེད་པའི་རྒྱུ་སྟེ། ཆོས་ཙམ་དང་སྣང་བ་མེད་པ་ལས་སོགས་པ་ཞི་གནས་ཀྱི་ཡུལ་དག་ནི་ཐེག་པ་ཆེན་པོའི་ཀུན་བརྟགས་ཀྱི་ཕྱིར་མི་འཛིན་པར་བསྟན་དུ་བཏུབ་པོ་ཞེས་གསུངས་སོ། །དེ་ཡང་ཅིས་མངོན་ཞེ་ན། ཞེས་བྱ་བ་ནི། གཏན་ཚིགས་ཀྱི་རྗེས་སུ་འཇུག་པ་སྟེ། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་འགྱུར། །ཇི་ལྟར་སྤྲུལ་ལ་བཟུང་ཉེས་ན། །རིགས་སྔགས་ལོག་པར་བསྒྲུབས་པ་བཞིན། །ཞེས་བྱ་བ་ནི། རིགས་པས་བཟློག་སྟེ། དཔེར་ན་སྦྲུལ་དུག་ཅན་ཞེ་སྡང་གི་མཚོན་དུ་ཆེ་བ་ལ་བཟུང་བ་ནི་ལུས་ཤིན་ཏུ་ཡང་སྡུག་བསྔལ་དུ་འགྱུར་རོ། །དེ་བཞིན་དུ་གང་ཡུལ་དུ་བྱས་པའི་སྟོང་པ་ཉིད་ནི། དེའི་འདུ་ཤེས་ཉིད་སྟོང་པས་བདག་ཏུ་འཛིན་པ་མ་ཞིག་པའི་ཕྱིར་དེ་དག་ནི་ཤེས་རབ་ཆུང་བའོ། །རྒྱུ་དེ་ཉིད་ཀྱིས་བཤད་པ་ལྟར། ལྟུང་བ་ནི་ཉེས་པ་ཤིན་ཏུ་ཡང་ཆེ་བས། རྒྱལ་བ་རྣམས་ཀྱིས་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་འབྱིན་པར་འབྱིན་པ་སྟེ། །གང་དག་སྟོང་པ་ཉིད་ལྟ་བ། །དེ་ནི་གསོར་མི་རུང་ཞེས་བཤད། །ཅེས་ཀྱང་གསུངས་སོ། །སྟོང་པ་ནི་ཀླན་དཀའོ། །རྟོག་པ་གཞིལ་སླའོ། །ཞེས་བྱ་བ་ནི། ཉི་ཚེ་བ་ལས་མཉམ་པ་ཉིད་འབྱུང་བར་མི་འགྱུར་ཏེ། ཕྱོགས་མི་མཐུན་ལ། ཀུན་རྫོབ་ཏུ་ཐམས་ཅད་མི་སྤོངས་བ་ཡང་། རྟོགས་པ་ཙམ་དང་། ཡེ་ཤེས་སྒྱུ་མར་སྣང་བ་ནི། བདེན་པ་གཉིས་ཀྱི་གཏན་ཚིགས་ཀྱིས་མཐའ་ཐམས་ཅད་ལས་འདས་པར་འགྱུར་རོ། །འོ་ན་རྟོག་པར་མི་འགྱུར་རམ་ཞེ་ན། རྟོག་པར་མི་འགྱུར་པའི་དོན་ནི། །ཞེས་བྱ་བ་ནི། མུ་སྟེགས་པ་དང་ཡོད་པར་འདོད་པ་ལ་སོགས་པ་ཉིད་ཅུང་ཟད་ཀྱིས་འཐད་པར་གསུངས་པ་ལ་དྲིས་པ་སྟེ། དེའི་ལན་དུ། རྟག་པ་མེད་པས་ན་གཞན་བསལ་ཞེས་བྱ་བ་ནི། འདི་དག་སྐབས་ཀྱིས་གསུངས་པ་སྟེ། འབྲས་བུའི་དུས་ན་ཐམས་ཅད་ཀྱང་བདག་ཉིད་ཀྱི་ཕྱིར་གཅིག་པུ་པ་མིན་པ་དང་། དེའི་མཚན་ཉིད་ཡོངས་སུ་མི་ཟིན་པས་དེ་ལ་དེ་སྐད་ཅེས་བྱའོ། །ཆད་པ་མེད་པས་ནི་བདག་ཏུ་བསྡུས་པ་སྟེ། རྟག་ཆད་གཉིས་དག་གོ །ཞེས་བྱ་བ་ནི། སྔོན་དུ་ཡོད་པར་ཁས་བླངས་པ་ཉིད་ཐམས་ཅད་དུ་སྣང་བའི་ཕྱིར། འོག་ནས་ལུང་གིས་གསུངས་པ་སྟེ། ཐམས་ཅད་ཀྱི་གཞི་མི་འདོད་པ་མ་ཡིན་ནོ། །སྐྱེ་འགག་མེད་པས་ཀྱང་བཤིག་ལ། ཅེས་བྱ་བ་ནི། གང་སྐྱེ་འགག་མེད་པར་དུ་མ་ལས་གསུངས་པ་ཡང་གང་སེམས་ཉིད་ངོ་བོ་མ་གྲུབ་པ་ཉིད་ཅིར་ཡང་སྣང་བ་དང་འགྱུར་བ་ལ་རྟག་པ་མེད་དོ་ཞེས་བྱའོ། །བདག་དང་གཉིས་སུ་མ་གྱུར་པས་ཀྱང་དག་སྟེ། ཞེས་བྱ་བ་ནི། བཤད་ཟིན་ཏེ་གང་གཉིས་སུ་མེད་པ་ནི་གཅིག་དུའང་མི་འདོད་དེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཐམས་ཅད་ནས་ཐམས་ཅད་དུ་རིལ་བདག་ཏུ་གཅིག་པ་རང་ལ་རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པའོ། །ཞེས་བྱ་བ་ནི། རྣམ་པ་དང་དུས་ཐམས་ཅད་དུ་དངོས་པོ་གཉིས་ཀྱིས་བསྡུས་པ་ཐམས་ཅད་ཀྱང་སེམས་ཉིད་དུ་རོ་གཅིག་པས་ཐམས་ཅ ད་ཀྱང་དེའི་ངོ་བོ་ཉིད་ཀྱི་ཕྱིར། རྫོགས་པ་ཆེན་པོ་ཞེས་བྱ་བ་སྟེ། སྒྱུ་མ་རྩལ་འཛིན་པ་ཉིད་བསམ་པ་པོའི་རྗེས་སུ་མཐུན་པར་སྣང་ཡང་བརྩལ་མི་དགོས་པས། དེ་ལ་དེ་སྐད་ཅེས་བྱའོ། །མཐུན་པར་སྣང་བ་ཉིད་གང་གི་མཚན་ཉིད་ཡིན། དེ་དག་གི་མཚན་ཉིད་ཅི་ལས་བཏགས་སྙམ་པ་ལ། དེ་མ་ཐག་ཏུ་ལུང་གསུངས་པ། །རྟག་པ་ཆེན་པོ་རྣམ་སྣང་མཛད། །སེམས་དཔའ་རྡོ་རྗེ་མི་བསྐྱོད་མཆོག །ཞེས་བྱ་བ་ནི། བདེ་བ་ཆེན་པོ་བསམ་པའི་རྗེས་སུ་མཐུན་པས་ཐམས་ཅད་དུ་སྣང་ཡང་རང་གི་ངོ་བོ་དེ་དག་གང་དུའང་འགྱུར་བ་མེད་པ་དང་། ཡེ་ཤེས་ཆེན་པོ་སྐུ་གསུམ་ལྷུན་གྱིས་གྲུབ་པ་དེ་ཉིད་ཐ་དད་དུ་སྣང་ཡང་རིས་སུ་མི་ཕྱེད་པའི་ཕྱིར་རྩོལ་བས་མི་བསྒུལ་བ་ནི། ཐུགས་ཀྱི་རིགས་དེ་མཚན་ཉིད་དེ་དག་ལ་སོགས་པའི་ཕྱིར། དེ་བཞིན་གཤེགས་པའི་དངོས་པོ་དེ་དག་ལ་སོགས་པ་དེ་དག་ཀུན་ཀྱང་ཐམས་ཅད་དུ་བྲལ་བ་མེད་པར་འདོད་པ་ཁོ་ནའོ་ཞེས་བྱའོ། །འདི་ལྟར་གསལ་བའི་དུས་ན། ཞེས་བྱ་བ་ནི། དེ་དག་གི་དོན་ཉམས་སུ་ལེན་པ་དེའི་དུས་ནི་ཤིན་ཏུ་དཀོན་ནོ་ཞེའོ། །རྟོག་ཅེའམ། མི་རྟོག་ཅེའམ། ཞེས་བྱ་བ་ལ་སོགས་པ་ནི་ནམ་ཞིག་ཉམས་སུ་ལོན་པའི་དུས་ན་ཁྱུང་ནམ་འཕང་གཅོད་པ་དང་འདྲ་སྟེ། མཐའ་ཐམས་ཅད་ལ་བློ་མི་གནས་པས་ལྟ་བ་དང་ཏིང་འཛིན་མཐར་ཕྱིན་པའི་དུས་ཉིད་དུ་ཡང་ཤེས་པར་བྱའོ། །འདི་ནི་ཐེག་པ་ཆེན་པོ་མདོ་སྡེ་དབུ་མ་ལ་སོགས་པས་གདར་བཅད་ནས། ཐེ་ཚོམ་གྱི་གླེང་གཞི་རིལ་དང་བྲལ་བས་ན། །ཞེས་བྱ་བ་ནི། ཉེ་བར་གཟུང་བ་ནི་བཤད་པར་བྱ་སྟེ། གང་ཐབས་དང་ཤེས་རབ་འབྲེལ་པ་ནི་ཐེག་པ་ཆེན་པོའོ། །དེ་དག་གང་ཞེ་ན། མདོ་སྡེ་བསྡུས་པ་ནི་དབུ་མ་པ་གཉིས་པོ་སྟེ། དེ་དག་གི་ལུགས་ཀྱིས་ལམ་གྱི་དུས་སུ་མཐའ་གཉིས་ལས་བླ་ནས་མི་དམིགས་པ་ལ་ཤས་ཆེས་གནས་པས་འབྲས་བུ་ཉིད་ལ་སེམས་གཉིས་པ་བྱེད་དོ། །དཔེར་ན་ལམ་ཁ་བྲག་ན་འདུག་པའི་མི་བཞིན་དུ་སེམས་དཔའ་དེ་ཡང་འབྲས་བུའི་སྐབས་ཉིད་ཀྱིས་དེ་དག་གི་དོགས་པ་བསལ་ནས། རིགས་པ་དང་ལུང་གིས་བརྟན་པར་བྱ་བ་ནི་དུས་ཐེ་ཚོམ་ཐམས་ཅད་ཆོད་པས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཕྱིར། རྣམ་རྟོག་མི་མངའ་ཅིར་ཡང་ས་ལེ་མཁྱེན། ཞེས་གསུངས་ཏེ། གོ་སླའོ། །ལྟ་བ་འདིས་ཐག་བཅད་ནས་གསང་བའི་ཐེག་པ་འོག་མ་དག་ལ་ཟུར་ཙམ་ཡང་མ་བརྗོད་དོ། །ཞེས་བྱ་བ་ནི། ལྟ་བ་ནི་ཤེས་རབ་ཀྱི་བདག་ཉིད་དེ། རྒྱུ་དང་འབྲས་བུའི་སྐབས་གཉིས་སུ་གསུངས་པས་ཁྱིའུའི་ཚུལ་དུ་དེ་དག་ལ་མི་གནས་པར་གསུངས་ནས། མཐར་ཕྱིན་པར་བསྟན་ཏོ། །ཕལ་པས་མི་དམིགས་པ་ནི་གསང་བ་སྟེ། ཐེག་པ་ཆེན་པོའི་ཡང་ཆེན་པོར་གྱུར་པ་ནི། རྣལ་འབྱོར་ཆེན་པོ་ལ་སོགས་པ་སྟེ། དེ་དག་གི་སྐྱོན་དང་ཡོན་ཏན་ཅིས་སྤགས་པ་ནི་འོག་ནས་སྟོན་ཏོ་ཞེ འོ། །བཤད་པ་ཉིད་ནི་འབྲས་བུའི་གནས་སྐབས་ཀྱིས་ཕྱེ་བ་སྟེ། དེ་དག་མ་བཤད་པར་ཟེར་བ་ཡང་རྒྱུའི་སྐབས་ཀྱིས་འགལ་བ་མེད་དོ། །ཡང་ལུང་ལས་གོལ་ཏེ། ཞེས་བྱ་བ་ནི། རྗེས་སུ་མཐུན་པའི་མདོ་སྡེ་དང་བསྟན་ཆོས་ཀྱི་ལྟ་བ་དང་སྒོམ་པ་ཉེན་ཡོད་དེ་གོལ་བའི་རྗེས་སུ་འཇུག་པ་ནི། སྔགས་གོལ་པ་ནི་གང་ཞེ་ན། དེ་བཞིན་ཉིད་ནི་རྒྱུ་དང་སྣང་། ཞེས་བྱ་བ་ནི་གོ་སླ་སྟེ། ཏིང་ངེ་འཛིན་འདི་དག་ནི་རྣལ་འབྱོར་ཆེན་པོའི་གཞུང་ངོ་། །ལྷ་བསྒོམ་པའི་རིམ་པ་སྨོས་པའི་དེ་བཞིན་ཉིད་ནི། ཞེས་བྱ་བ་ནི། འབྲས་བུ་ཐམས་ཅད་ཀྱིས་བཞག་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི་ལྷ་ཞེས་བྱ་སྟེ། དེ་དག་སྣང་བ་དང་ངོ་བོའི་གཞི་ཡང་དག་པའི་དེ་བཞིན་ཉིད་ཡིན་པའི་ཕྱིར། རིམ་པ་རྣམས་ཀྱི་ཡང་དང་པོར་སྨོས་སོ། །ལུང་ཆེན་པོ་མ་ཐོས་ཞིང་། མི་མཁས་པས་བལྟས་ན། བསམ་གཏན་དང་ཆ་མཐུན་པར་འདྲ་ན་ཡང་། ཅེས་བྱ་བ་ནི། རྒྱུད་ནི་སྟོན་པས་གསུངས་པའི་ཕྱིར་ལུང་སྟེ། དེ་དག་ནི་དོན་རིག་པས་མ་འགྲོལ་བའི་གང་ཟག་དེ་ནི། མུན་ཁང་དུ་ཞུགས་པའི་མི་ལྟར་བྱེ་བྲག་མི་ཕྱེད་ཅིང་ཉམས་མེད་པས། རྨོངས་པའི་རང་བཞིན་ཅན་ནོ། །དེ་དག་སྒྲའི་རྗེས་སུ་འགྲོ་བས་གང་མཐའ་གཉིས་ལས་གྲོལ་བ་དེ་ཉིད། ངེས་པའི་དོན་དུ་འདོད་པས་རྗེས་སུ་མཐུན་པར་མཐའ་གཉིས་སུ་མི་རྟོག་པ་ཙམ་དུ་འཇོག་གོ །ལུགས་ཉིད་ཀྱང་རྣམ་གྲངས་ཀྱི་བདེན་པས་མཚོན་ཏེ། སྤྲོས་པ་དང་བྲལ་བར་ལྟ་བ་དང་། མི་དམིགས་པར་འཇོག་པ་ནི། ཆ་རྣམ་པ་གསུམ་གྱི་འདྲ་བ་ནི་མཐུན་པ་ཞེས་བྱའོ། །ཡང་ཞེས་བྱ་བ་ནི་མི་མཐུན་པའི་ཁྱད་པར་ཅན་ཡོད་དོ་ཞེས་ཟེར་རོ། །དེ་ནི་སྔགས་ཀྱི་ལུང་ལྷའི་ཏིང་ངེ་འཛིན་དུ་འགྲོ་བ་དང་། ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱང་སྤྲོས་པ་ཐམས་ཅད་དང་བྲལ་བར་མི་འདོད་པ་མ་ཡིན་མོད་ཀྱང་། གང་སྟོང་པ་ཆེན་པོའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བས། ཅིར་ཡང་གསལ་བའི་ཡེ་ཤེས་ཆེན་པོ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཅེས་བྱ་སྟེ། དེས་ན་དུས་ཅིག་ཏུ་བསྒོམ་པར་ཡང་འཆད་དོ། །བསམ་གཏན་ནི་ཚེ་རབས་ཀྱི་བགགས། རྣམ་པར་མི་རྟོག་པས་རྒྱུད་སྦྱང་ཞིང་དགོན་པ་གསུམ་ལ་གནས་ཏེ། ཅུང་ཟད་ཀྱང་རྟོག་པ་འབྱུང་དུ་དོགས་པ་གཉིས། ཞེས་བྱ་བ་ནི། གང་སྐལ་པ་མང་པོ་ནས་ཀུན་བརྟགས་ལ་མངོན་པར་ཞེན་པའི་བག་ཆགས་ནི་ཤེས་རབ་དང་ཏིང་ངེ་འཛིན་མ་གཏོགས་པར། གཞན་གྱིས་མི་འདག་པས་ཕྱི་མ་བཤིག་པ་ཉིད་ཀྱི་རྗེས་སུ་ཏིང་ངེ་འཛིན་མཉམ་པར་བཞག་པ་ཡང་། ཀ་ལི་དང་། ཨ་ཏ་ག་དང་། ཀ་ལི་དང་། གསུམ་ལ་གནས་པའི་དུས་ན། བྱུང་བ་དང་ཚོར་བས་རང་ས་ཞི་བ་ཉིད་ཀྱང་དོགས་པ་དང་བཅས་པའི་ཕྱིར། །ཤེས་བཞིན་ལ་གནས་དགོས་པ་སྟེ། རྒྱུ་དེ་དག་གིས་རྟོགས་པ་ལྡང་བ་ཇེ་ཞི་ཇེ་ཞི་འཕྲ་བའི་མཐའ། གཟུང་འཛིན་མཉམ་དུ་དག་ནས། ཆོས་ཉིད་མངོན་དུ་འབྱེད་པའོ། །འཇུག་པའི་སྒོ་དང་། ལྟ་བའི་བཞེད་དང་། ཕྲིན་ལས་ཀྱི་ཁྱད་པར་གཞི་ནས་སོ་སོ་སྟེ། །ཞེས་བྱ་བ་ནི། ཚོགས་ཀྱི་མཐར་ལམ་བཞིའི་སྐབས་སུ་ཀུན་རྫོབ་ཏུ་སྒྱུ་མར་ཤེས་པས་དོན་དམ་པར་མ་སྐྱེས་པར་འང་མཐོང་སྟེ། དེ་ནས་ཐབས་དང་ཤེས་རབ་གཉིས་ཀ་བསྟེན་དགོས་པའི་ཕྱིར། གཉིས་ག་ལ་དུས་མཉམ་དུ་གནས་པ་ནི། འདུ་ཤེས་གཉིས་པའི་ལྟ་བ་སྟེ། ཐབས་ཀྱི་འདུ་བྱེད་མང་པོ་ཡང་། སེམས་གཡོས་པས་བྱེད་པའི་ཕྱིར། སྒྱུ་མར་འདོད་པ་ཁོ་ནའོ། །གང་ཞིག་ཐབས་ཆེན་པོ་ལ་བསྟེན་ནས་དབང་ཆེན་པོ་ཐོབ་པའི་དུས་ན། ཕུང་པོ་ལ་སོགས་པ་མ་སྐྱེས་པའི་ཡེ་ཤེས་སུ་གསལ་བ་ཉིད་ལྷའི་དཀྱིལ་འཁོར་ཏེ། འདུ་ཤེས་བྲལ་བས་མཐོང་བ་མེད་པའི་ཚུལ་གྱིས་གསལ་ཏེ། ཐབས་ཀྱིས་སྤྱོད་པ་སེམས་དཔའ་ལའང་ཡོད་མོད་ཀྱི། ལྷུན་གྱིས་གྲུབ་པའི་ཚུལ་གྱིས་བྱེད་པས་རྩོལ་བ་དང་བྲལ་ཞེས་བྱའོ། །དེ་དག་ཕུང་པོ་ལ་སོགས་པ་ཡང་། རང་བཞིན་ཁོ་ནའི་ཕྱིར་ལྷར་གསལ་བ་དང་དེ་དག་གནས་སྐབས་ཀྱིས་བསྒྱུར་བ་དང་། དེས་དོན་བྱེད་པའང་སྐད་ཅིག་མའི་རིམ་པ་གསུམ་གྱིས་འགྲུབ་པའི་ཕྱིར་གསུངས་པ། སྔགས་ཆེ་བའི་ཁྱད་པར་ནི། སྐད་ཅིག་ནས་སྐད་ཅིག་ཡུད་ཙམ་གྱིས་ཀྱང་མཐའ་ཡས་པའི་སེམས་ཅན་གྱི་དོན་མ་ལུས་པར་བྱེད་པ། དབུགས་འབྱིན་པའི་དཀྱིལ་འཁོར་ཞི་ཁྲོར་བསྒྱུར་ཞིང་སྤྲུལ་པ་མང་པོས་དོན་བྱེད་པ་དང་། བསྲེར་མི་བཏུབ་པོ། །ཞེས་གསུངས་སོ། །དེ་དག་གི་མཚན་ཉིད་དང་བྱེ་བྲག་ཤེས་པར་བྱ་བའི་ཕྱིར་གསུངས་པས། སྔགས་ཀྱི་དེ་བཞིན་ཉིད་ཀྱང་ལུང་གིས་མ་ཟིན་ན་མི་རུང་སྟེ། ཞེས་བྱ་བ་ནི། དེ་བཞིན་ཉིད་ལ་སོགས་པའི་ཏིང་ངེ་འཛིན་རྣམ་པ་གསུམ་མོ། །ཀྱང་ནི་གོལ་བར་རྗེས་སུ་མཐུན་པའོ། །དེ་དག་གཞུང་ཉིད་ཀྱིས་གཅིག་དང་དུ་མ་དང་བྲལ་བར་སྟོན་པས། རྗེས་སུ་མི་མཐུན་པ་ནི་གཞུང་དང་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། གཅིག་བསྒོམས་ན་གཅིག་མི་བཏུབ་སྟེ། གསུམ་སོ་སོ་པ་ཉིད་གོལ་ཚབས་ཆེ་བས། ཞེས་བྱ་བ་ནི། ལུགས་ཉིད་ཀྱིས་ཐམས་ཅད་ཅིར་ཡང་སྣང་ཡང་། གཅིག་ལས་མ་གཡོས་པར་བཞེད་ཅེ་ན། སྣང་སྟོང་རིས་སུ་གོ་ཕྱེ་བས་བསྒོམ་པའི་སྣང་བ་དང་མུན་པ་བཞིན་དུ། གཅིག་གི་ནང་དུ་གཅིག་མི་བཏུབ་པས། བདེན་གཉིས་དབྱེར་མེད་པ་མཉམ་པའི་ལུགས་ལས་གོལ་བས་གཞུང་ཉམས་པ་ཞེས་བྱའོ། །འོ་ན་ཚིག་གི་བྱེ་བྲག་ཏུ་བསྟན་པ་ལ་དོན་མེད་དོ་སྙམ་པ་ལ། འདི་གསུམ་ཡང་གསར་བུ་རྣམས་ལ་སོ་སོར་བསྟན་པའི་ལུང་ཡིན་པར་ཟད་ཀྱི། ཞེས་བྱ་བ་ནི། གང་ཐེག་པ་ཆེན་པོ་ལ་མ་གོམས་པ་རྣམས་ནི་གསར་བུ་སྟེ། དེ་དག་གཉིས་ཀྱི་འདུ་ཤེས་ལ་གནས་པའི་ཕྱིར། དེའི་རྗེས་སུ་མཐུན་པར་གོ་ཕྱེ་ནས་བསྒོམ་པར་ལུང་བསྟན་གྱི། མཐར་ཐུག་པ་ནི་མ་ཡིན་ནོ་ཞེའོ། །ཀུན་གྱིས་ནི་དུས་ཅིག་ཏུ་བསྒོམ་དགོས་སོ། །ཞེས་བྱ་བ་ནི། ཐེག་པ་ཆེན་པོ་ཉིད་ནི། སྐལ་པ་མང་པོར་བློ་སྦྱངས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པས། ཀུན་གྱིས་ཞེས་གསུངས་པ་སྟེ། དེ་དག་གི་མཚན་ཉིད་མ་འདྲེས་ཀྱང་འདུ་ཤེས་གཉིས་པ་མེད་དོ། །འོ་ན་དེ་བཞིན་ཉིད་ནི་མི་དམིགས་པ། རྒྱུ་ནི་དམིགས་པ་ཅན་ཏེ། འདི་གཅིག་ཏུ་བསྒོམ་པར་དཀའ་འམ། མི་བཏུབ་འདྲ་ན་ཡང་། ཞེས་བརྒལ་པ་སྟེ་གང་དངོས་པོའི་དབང་དུ་ཡིད་ལ་བྱེད་པ་མེད་པ་ནི་མི་དམིགས་པ་ཞེས་བྱ་ལ། གང་གི་དངོས་པོ་ཡིད་ལ་བྱས་པས་གསལ་བ་ནི་དམིགས་པ་ཅན་ཞེས་བྱ་སྟེ། དེ་གཉིས་དུས་ཅིག་ཏུ་ཕལ་གྱི་བློས་མི་ལྕོགས་ཏེ། འཐད་པ་ཉིད་དུ་ཡང་མི་འགྱུར་རོ་ཞེས་དྲིས་སོ། །ཡང་ཞེས་བྱ་བ་ནི་རྗེས་སུ་མཐུན་པ་སྟེ། གཏན་ཚིགས་འཐད་པ་ཉིད་དུ་འགྱུར་རོ་ཞེའོ། །ལུང་གིས་བགྲོད་དང་སླའོ། །ཞེས་བྱ་བ་ནི། ལུང་སྟོན་པ་པོའོ། །དེ་དག་གིས་གཞུང་བསྒྲུབ་པ་ནི་བགྲོད་པ་སྟེ། དེ་དག་མང་བས་སྒྲས་འཇིགས་ནས་མ་བསྡུས་ཀྱང་དོན་ཉིད་ནི། དངོས་པོ་ཉིད་ནས་མ་གྲུབ་པ་ལ། བསམ་པ་དང་བྲལ་བ་དང་། མཚོན་ཏུ་མེད་པའི་ཡེ་ཤེས་སུ་གསལ་བའི་དུས་དེ་ཉིད་ན། ཐམས་ཅད་ཀྱང་ཚང་བས་མ་འདྲེས་པ་ལ། ཡོངས་སུ་རྫོགས་པར་བསྟན་ཏོ། །དེ་དག་གི་རྗེས་སུ་མཐུན་པའི་གཏན་ཚིགས་ཀྱིས། བསྒྲུབ་པའི་ཕྱིར། དེ་ལ་དཔེར་ན་ཆུ་ཟླ་དང་མེ་ལོང་དང་མཚོ་རླབས་ཀྱིས་མཚོན་པ་ནི། ཁོང་ནས་འབྱུང་བའི་རྒྱུ་རང་ལས་གསལ་ཏོ། །ཟིན་ཆགས་ཀྱི་སྐྱོན་མེད་དོ། །ཞེས་བྱ་བ་ནི། གང་ཆུ་དང་ཟླ་བ་ནི་མཚན་ཉིད་ཀྱིས་གདགས་པ་མིན་པར་དབྱེ་བར་དཀའ་ལ། སྣང་བ་ཉིད་ནའང་གྲུབ་པ་མེད་དོ། །འདི་དག་དངོས་པོ་དང་དེ་བཞིན་ཉིད་ཀྱང་རྗེས་སུ་མཐུན་ལ། མ་གྲུབ་པ་ཉིད་ཀྱང་གཞན་དུ་དམིགས་སུ་མེད་དོ། །གཟུགས་བརྙན་ནི་བཞིན་ལས་གཞན་དུ་སྣང་བ་མེད་དོ། །ཇི་ལྟར་བསྟན་པ་བཞིན་ནོ་གང་སེམས་ཅན་རྣམས་བདག་ཉིད་ལས་མི་གཞན་པས། མ་སྐྱེས་པར་གསལ་བ་ཉིད་ཀྱི་དུས་ན་བསྒོམ་པ་གཉིས་ག་འགྲུབ་བོ། །བརླབས་ནི་མཚན་ཉིད་དེ། གནས་སྐབས་ཀྱིས་མིང་ཙམ་མོ། །གང་སེམས་ཉིད་ནི་ཡི་གེ་ལ་སོགས་པའི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར། སེམས་ཉིད་ཡི་གེའི་རང་བཞིན་དང་། ཡི་གེ་སེམས་ཀྱི་ངོ་བོར་གསུངས་པས། བཤད་པའི་བསྒོམ་པ་ཉིད་ཡི་གེ་སྟེ། དབྱེ་བར་དཀའ་བ་དང་མི་གཞན་པས་དེ་ཉིད་དམ་གཞན་དུ་བརྗོད་དུ་མི་རུང་བའི་ཚུལ་གྱིས། གཅིག་དང་དུ་མ་ལས་གྲོལ་བར་ཤེས་པ་ནི་བསྒོམ་མི་དགོས་ལ། བསྒོམས་ཀྱང་ཉེས་པ་མེད་པས། བསྒོམ་པའི་གནས་མེད་དག་དུ་རབ་རྟོགས་ན། བསྒོམས་ཀྱང་སྐྱོན་མེད་ཆོས་དབྱིངས་ནམ་མཁའ་འདྲ་ཞེས་གསུངས་སོ། །དེ་ལ་གསུམ་གྱི་དངོས་པོ་སོ་སོར་ས་མ་ཟིན་པ་དང་དེའི་རྗེས་སུ་བསྒོམ་པའི་བློ་མ་ཆགས་པས་གང་ལྟར་བསྒོམས་ཀྱང་ཉེས་པ་མེད་དོ། །སེམས་ཅན་མི་ལས་སངས་རྒྱས་ཀྱི་སྐུར་བསྒོམ་པ་དང་། ཞེས་བྱ་བ་ནི། འབྱུང་བའི་ལུས་ཉིད་སེམས་ཁོ་ན་ལས་མི་གཞན་པར་མ་སྐྱེས་པར་གསལ་བ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་ཡེ་ཤེས་སྐད་ཅིག་མས་དབང་བསྒྱུར་བ་ནི་བསྒོམ་པའོ། །འདིའི་དུས་སུ་ཡང་ཐ་མི་དད་པར་སྟོན་ཏོ། །བདག་གཅིག་པུ་ལས་དཀྱིལ་འཁོར་ཀྱི་ལྷ་མང་པོ་དང་། སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་འཕྲོ་འདུ་གསལ་བ་ཉིད་ཀྱིས་དག་གོ །ཞེས་བྱ་བ་ནི་གོ་སླ་སྟེ། ངོ་བོ་ཉིད་གཅིག་ཏུ་མ་གྲུབ་པས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། དེ་བཞིན་ཉིད་ནི་རང་གི་ངོ་བོ་མ་གྲུབ་པས། དེར་སོན་པའི་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པར་ཡང་སྣང་ངོ་། །དེ་དག་གི་ཕྱིར་ཡི་གེ་ལ་སོགས་པར་བྱུང་བ་དང་མ་བྱུང་བ་ལ་ངེས་པ་མེད་པས། སོ་སོར་བསྒོམ་པའི་སྐྱོན་མེད་དོ། །ལ་ལ་དག་བདེན་པ་གཉིས་རིས་སུ་རྟོག་པས། ལྷ་ནི་ཀུན་རྫོབ་ཁོ་ན་སྟེ། ཡང་དག་པའི་གཟུང་བ་ཀུན་བརྟགས་སུ་འགྱུར་རོ་ཞེས་ཟེར་བ་རྣམས་ཀྱི་དོགས་པ་བསལ་བའི་ཕྱིར། དྲིས་ཤིང་ལན་བཏབ་སྟེ། འོ་ན་ལྷར་གསལ་བ་ཉིད་རྟོག་པ་ཡིན་ཟེར་ཏེ། དེ་ནི་ལུང་ལས། རྨི་ལམ་དག་གི་བདེ་དང་སྡུག་བསྔལ་ཡང་། །སད་པའི་དུས་ན་རང་བཞིན་ཡོང་གིས་མཉམ། །དེ་བཞིན་རྣམ་པར་རྟོག་དང་མི་རྟོག་ཀྱང་། །རིག་པའི་དུས་ན་རང་བཞིན་ངོ་བོས་མཉམ། །ཞེས་གསུངས་པ། གོ་སླ་སྟེ་ལྷ་ནི་ཡང་དག་པའི་རྟོག་པར་བསྟན་མོད་ཀྱི། བདེན་པ་གཉིས་མི་ཕྱེད་པའི་དོན་ཤེས་པའི་དུས་ན། ཡེ་ཤེས་ཀྱི་ལྷ་ཡིན་པའི་ཕྱིར་གཉིས་སུ་མེད་པ་ཁོ་ནར་གསུངས་སོ། །མ་བཅོས་པར་ཡེ་ནས་ལྷུན་གྱིས་རྫོགས་པ་ཡིན་ནོ། །ཞེས་བྱ་བ་ནི། ཏིང་ངེ་འཛིན་གསུམ་ལ་སོགས་པ་ནི་བསམ་པའི་དབང་སྟེ། རྒྱུ་རྐྱེན་གྱིས་མ་བྱས་པར་སྐུ་གསུང་ཐུགས་ལ་སོགས་པའི་རང་བཞིན་གྱིས་མ་ཚང་བ་མེད་དོ། །དེའི་ཕྱིར་ན་རྫོགས་པ་ཆེན་པོ་དང་འབྲས་བུའི་ཐེག་པ་ཞེས་བྱའོ། །འོ་ན་གདོད་ནས་རྫོགས་ནད་བསྒོམ་པ་འདི་ནི་དོན་མེད་དོ་བར་དོགས་པ་ལ། དོན་མེད་པ་ནི་མ་ཡིན་ཏེ། ཞེས་གསུངས་ཏེ། ལས་དང་པོ་པའི་སྒོམ་པ་ཡང་དོན་མེད་པར་མ་ཡིན་ཏེ་ཞེའོ། །ལུང་གིས་གསུངས་པ། མེད་པའི་རྒྱུ་ལས་ཡོད་གསལ་བ། མ་མཐོང་འདྲིས་པའི་དཀྱིལ་འཁོར་མཆོག །ཞེས་བྱ་བ་ནི། རྒྱུ་བྱང་ཆུབ་ཀྱི་སེམས་མཚན་ཉིད་མེད་པ་ཉིད་ལྷ་ཐམས་ཅད་ཀྱི་འབྱུང་གནས་དང་ངོ་བོར་གྱུར་པས་སེམས་ཉིད་ལྷར་སྣང་བས་ཡུལ་མ་གྱུར་པ་དང་། སྔོན་མ་མཐོང་ཡང་མང་དུ་གོམས་པར་རང་སྣང་བ་ལ་སྣང་སྟོང་གཉིས་སུ་མེད་པར་གསལ་བ་ནི། འབྲས་བུའི་མཆོག་སྟེ། འགལ་བ་མེད་དོ། །འོ་ན་དེའི་བསམ་པས་བྱས་པའི་ཕྱིར་སྔར་མཉམ་པར་ཁས་བླངས་ཀྱང་། དེ་ཅིའི་ཕྱིར་རྟོག་པར་མི་འགྱུར་སྙམ་པ་ལ། དང་པོ་མེད་པའི་རྒྱུ་ཡིན་ན། དེ་ལ་རྟོག་པའི་རྫས་ཅི་ཡོད། །ཅེས་བྱ་བ་ནི། ཞོར་ལ་བཤད་པ་སྟེ། སེམས་མཚན་མ་མེད་པ་ཉིད་ལྷར་སྣང་བའི་ཕྱིར་རྒྱུས་འབྲས་བུ་ཡོངས་སུ་དག་པར་གསུངས་སོ། །འདི་དག་ནི་སྤྱོད་པ་ཆེན་པོའི་བཞེད་དོ། །ཞེས་བྱ་བ་ནི། ཉེ་བར་བསྟན་པ་ནི་དེ་བཞིན་ཉིད་ཀྱང་ཅེས་བྱ་བ་ལ་སོགས་པ་སྟེ། གང་ཐབས་དང་ཤེས་རབ་ཀྱི་སྤྱོད་པ་ལ་སོགས་པ་ནི། ཚོགས་གཉིས་གར་ཡང་འགྱུར་བས་ཆེན་པོ་སྟེ། གཞུང་མ་ནོར་བར་གསུངས་པའོ་ཞེས་བྱའོ། །སྔགས་ཀྱི་ལུང་གསལ་བ། ཞེས་བྱ་བ་ནས། བན་ཐངས་མི་ཕྱེད་དེ་མདོངས་སོ། །ཞེས་བྱ་བའི་བར་དུ་ནི། གོ་སླ་སྟེ་ལུགས་མི་མཐུན་པའི་ཕྱིར། ཐེག་པ་གཞན་གྱི་ཚད་མས་གཞུང་བསྲེས་པ་རྣམས་ཀྱིས་མཐོང་ཞིང་། ཆ་མཐུན་པ་ལས་བློ་གོལ་བའི་དབང་གིས་གཅིག་ཏུ་བསྟུན་ཏེ། རིགས་པ་ངན་པས་གཞུང་བཙུགས་པ་ནི། སྔགས་ཀྱི་རིགས་པ་ཉམས་ཤིང་། མདོ་སྡེ་བ་བགྲོད་པར་མི་ནུས་ཤིང་། དེ་དག་གཅིག་ཏུ་བྱེད་པ་ཉིད་རང་གི་བློས་རྨོངས་པས། གཞན་གྱི་དམིགས་བཀག་སྟེ་སྒྲིབ་པ་ཆེན་པོར་འགྱུར་རོ་ཞེས་གསུངས་སོ། །དེ་དག་ལྟར་ལུང་གིས་གསལ་ཞེས་དྲིས་པའི་ལན་དུ། ཨེ་མའོ་རབ་ཏུ་དག་པའི། བདག་གི་རྡོ་རྗེ་པད་མོ་འདི། ཞེས་བྱ་བ་ནི། གང་ལུགས་མི་མཐུན་པའི་ཕྱིར། ངོ་མཚར་དུ་གྱུར་པ་སྟེ། སྤྲོས་པ་རྣམས་དང་རྒྱུ་རྐྱེན་ལ་སོགས་པས་མ་རེག་པ་ནི་དག་པའོ། །ཕན་ཚུན་འབྲེལ་པའི་དངོས་པོ་ཉིད་ནི་མཉམ་པ་ཉིད་ཀྱི་དབྱིངས་དང་། རིག་པ་རང་བྱུང་གི་ཡེ་ཤེས་ཉིད་མཐའ་ཐམས་ཅད་ཀྱིས་མ་རེག་པ་དང་། སྐྱེ་འཇིག་མེད་པའི་ཕྱིར་རྡོ་རྗེ་པད་མ་ཞེས་བྱའོ། །ཕ་ཡིན་ཏེ་ནི་བདག་གི་བུ། རིགས་འདི་ཡེ་ནས་ལྟ་བའོ། །ཞེས་བྱ་བ་ནི། འདི་དག་ནི་གཞི་དང་ངོ་བོ་ཉིད་ཀྱི་ཕྱིར། རྟོགས་ནས་སྣང་བར་འགྱུར་བའི་ཕྱིར། ཕན་ཚུན་རྒྱུ་དང་འབྲས་བུར་གྱུར་པས། རིགས་འཁོར་བ་ནི་རྟོག་པའི་ངོ་བོ་བཙན་ས་མ་ཡིན་བར། བསྐྱོད་དུ་སོང་བ་མེད་པའི་ཕྱིར། གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན་ཞེས་གསུངས་སོ། །དེ་དག་ལུགས་མི་མཐུན་པའི་རིགས་པ་རྣམས་ཀྱིས་མི་ཕེབས་པའི་ཕྱིར། གསང་སྔགས་རྒྱ་མཚོ་ཆེན་པོ་འདི། །དཔེ་དང་ཚད་མ་གཏན་ཚིགས་དང་། །རྗེས་སུ་དཔོག་དང་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ཏེ། ཞེས་གསུངས་ཏེ། བློས་མི་དཔོགས་ཏེ། ཕྱོགས་མཐའ་ཡས་པ་ཡིན་པའི་ཕྱིར་ཕྱོགས་འགའི་དཔེ་དང་ལུགས་མི་མཐུན་པའི་ལུང་ལ་འཇུག་པའི་གཏན་ཚིགས་དང་རྗེས་སུ་མཐུན་པའི་རིགས་པར་འགྲོ་བའི་བློས་ཉམས་སུ་མི་མྱོང་བས། དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་གཞན་དག་གི་ལུགས་མ་བཀག་པའོ། །དེ་བས་གསང་སྔགས་བདག་ཉིད་ཆེ། ཞེས་བྱ་བ་ནི་གཏན་ཚིགས་ཀྱི་ཁྱད་པར་དུ་ཡང་འགྱུར་ཏེ། མིང་གིས་མཚོན་པའི་དངོས་པོ་ཉིད་ནི། བཤད་པ་བཞིན་དུ་གཞན་མེད་པ་ནི་བདག་ཉིད་ཆེན་པོའོ། །རྒྱ་མཚོ་དཔེར་གསུངས་པ་ཅིའི་ཕྱིར་སྙམ་པ་ལ། དངོས་གྲུབ་རླབས་ཆེན་འཁྲིགས་པ་ཅན། །བསམ་ཡས་གཏིང་ནི་དཔག་དཀའ་བ། །ཞེས་གསུངས་ཏེ། གང་ཞིག་ཐོབ་པར་བྱ་བའི་འབྲས་བུ་རྣམས་ནི་དངོས་གྲུབ་སྟེ། དེ་དག་སྐུ་གསུང་ཐུགས་ལ་སོགས་པའོ། །དེ་དག་རང་བཞིན་མེད་པར་ལྷུན་གྱིས་གྲུབ་པ་ཉིད་ཀྱིས་ལས་དག་པའི་ངོ་ལ་སྣང་བ་ནི། རྫོགས་པ་དང་རྒྱུད་དུ་མ་འགགས་པར་སྣང་བས་འཁྲིགས་པ་ཞེས་བྱ་སྟེ། དེ་དག་གི་གྲངས་དང་ངོ་བོ་ཉིད་བསམ་ཡས་པས་ཚད་གཟུང་དུ་མེད་པའི་ཕྱིར་རོ། །ལུགས་གཞན་མ་བཀག་པ་གང་ཡིན་སྙམ་པ་ལ། ལུང་དང་མན་ངག་ཐོབ་པས་འགྲུབ། །ཅེས་བྱ་བ་ནི། ཀུན་ཏུ་བཟང་པོས་གསུངས་པའི་ལུང་དང་རྗེས་སུ་མཐུན་པའི་རིགས་པ་གདེང་དུ་གྱུར་པའི་ཉམས་དག་དང་མི་འགལ་བར་བློས་མྱོང་བ་ནི་ཐོབ་པ་ཞེས་བྱ་སྟེ། དེས་མངོན་དུ་བྱེད་པར་འགྲུབ་པོ་ཞེས་གསུངས་སོ། །གཏན་ཚིགས་ཀྱི་སྒོ་ནས་བསྒྲུབ་བྱ་ཉིད་ཀྱང་མ་འདྲེས་པར་བཤད་ལ ། རྗེས་སུ་འཇུག་པའི་ཉམས་ཀྱང་མ་འདྲེས་སོ་ཞེས་འགོ་ཡང་དྲང་ངོ་། །དཔེར་ན་ནས་དང་བྲ་བོ་བསྲེས་ནས་གཅིག་ཏུ་བླུགས་ཀྱང་སོ་སོར་གསལ་བ་དང་འདྲ་བར། སྔགས་དང་བསམ་གཏན་བསྲེས་ཀྱང་། མཁས་པས་བལྟས་ནས་སྔགས་ཆེ་བའི་ཁྱད་པར་མ་འདྲེས་པར་གསལ་ལོ། །ཞེས་བྱ་བ་ནི། འདི་ནས་མར་དཔེ་དང་ལུང་གི་སྒོ་ནས། དངོས་པོ་ལ་ཁྱད་པར་ཆེ་བའི་ཕྱིར། དེ་དག་གི་རྗེས་སུ་འཇུག་པའི་ཉམས་ཀྱང་ཁྱད་པར་ཡོད་པར་སྟོན་ཏོ་ཆ་མཐུན་པ་ལ་རྨོངས་པས་གཅིག་ཏུ་བྱས་ཀྱང་། ལུགས་ཉིད་མི་མཐུན་པའི་ཕྱིར་ཉམས་ཀྱི་རིག་པ་རྙེད་པ་དག་ལ་ཤིན་ཏུ་གསལ་ལོ་ཞེས་ཟེར་རོ། །དེ་ཉིད་ལུང་གིས་གསུངས་པ། བདེ་བ་ཆེན་པོ་གང་གནས་པ། །ཅེས་བྱ་བ་ནི། བློ་དམིགས་པ་ཐམས་ཅད་དང་བྲལ་བ་ནི་རྩོལ་བའི་ཟུག་རྔུ་མེད་པས་བདེ་བ་ཁོ་ན་སྟེ། གང་དུ་ཡང་མ་ངེས་པ་ཉིད་ངེས་པ་རྙེད་པ་སྟེ། བློ་ཡང་རབ་ཏུ་གྱུར་པ་རྣམས་དོན་དང་མཐུན་པར་འདུག་པ་ནི་གནས་པ་ཞེས་བྱའོ། །རྟག་པ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་བྱ་བ་ནི། བསྒྲུབ་བྱ་ཉིད་གདོད་ནས་གནས་པའང་སྐྱེ་བ་དང་འཇིག་པ་མེད་པ་ནི་རྟག་པ་ཆེན་པོ་སྟེ། དེ་དག་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོར་བསྟན་པ་ནི་གང་ཞིག་གནས་སོ་སོའི་འདོད་པ་ཐམས་ཅད་ཉེ་བར་སྣང་བས་ལོངས་སྤྱོད་རྫོགས་པ་ཅེས་བྱ་སྟེ། སྐབས་ཀྱིས་མངོན་པར་བྱང་ཆུབ་པའོ། །ཁམས་གསུམ་ལས་འདས་བྱང་ཆུབ་རིན་པོ་ཆེ། ཅེས་བྱ་བ་ནི། དེའི་ངོ་བོ་ཉིད་ནི་རང་གི་མཚན་ཉིད་མ་གྲུབ་པ་དང་། ཐམས་ཅད་བདག་ཉིད་ཀྱི་ཕྱིར། འབྲས་བུ་རྣམས་དང་འགྲོ་བའི་དོན་ལ་ཡང་འདོད་པ་མེད་པ་དང་། དེ་ཉིད་དུ་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པས། རེ་བ་རྣམས་ཡོངས་སུ་སྐོང་བ་ནི་གཞུང་ཉིད་དོ། །བྱང་ཆུབ་ཀྱི་སེམས་སོ། །སྟོང་པས་བརྩལ་བས་རྙེད་པར་ག་ལ་འགྱུར། ཞེས་བྱ་བ་ནི་དེ་དག་གི་ངོ་བོ་ནི་གང་སྟོང་པ་ཉིད་ལ་གནས་པ་རྣམས་ཀྱི་དུས་ན། དེ་ཉིད་དུ་བློས་རེག་པ་ཤིན་ཏུ་དཀའོ། །ཐིག་ལེ་ཆེན་པོར་ཡེ་གནས་ཆུ་གནས་པ། ཡེ་ཤེས་སྙིང་པོ་དེ་ལས་གུད་ན་མེད། ཅེས་བྱ་བ་ནི། གང་བཤད་པ་བཞིན་ཐམས་ཅད་བདག་ཉིད་དུ་གྱུར་པས་ནི་སྤྲོས་པ་ཐམས་ཅད་ཡོངས་སུ་བཅད་པས་ཐིག་ལེ་ཆེན་པོ་སྟེ། དེ་དག་རྒྱུ་རྐྱེན་གྱིས་མ་བྱས་པས་ཡང་ཐམས་ཅད་ནས་ཐམས་ཅད་ཀྱི་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཀློང་འབའ་ཞིག་གི་ཡེ་ཤེས་སུ་གསལ་བ་དེ་ནི། ཐམས་ཅད་ཀྱི་གྲུབ་པའི་མཐའ་དང་སྣང་བའི་གཞིར་གསུངས་ཏེ། རང་བཞིན་གྱིས་གནས་པའི་ཕྱིར་གཞན་ནས་ཐོབ་པར་བྱར་མེད་དོ། །དེ་དག་གསལ་བའི་དུས་ཉིད་ན་འབྲས་བུ་མངོན་དུ་བྱས་པའོ། །དེ་ལྟར་བསྟན་པའི་ཐེག་པའི་མཆོག་དང་། མདོ་སྡེའི་བསམ་གཏན་བསྲེས་ཏེ་བསྒོམས་ཤིང་སྤྱད་པ་ནི། སྔགས་ཀྱི་ནུས་མཐུ་ཉམས་ཤིང་། མདོ་སྡེའི་ལྟ་སྤྱོད་འཚོལ་བའི་ཉེས་པ་ཡོད་པའི་ཕྱིར། མར་དང་སྤྱིན་དུ་བསྲེས་པས། སྤྱིན་གྱི་སྟོབས་ཀྱང་ཉམས་ལ། མར་གྱི་མདོག་ཀྱང་ཉམས་ཏེ་གཉིས་ཀ་མ་རུང་ངོ་། །ཞེས་གསུངས་སོ། །སྔགས་ཀྱི་སློབ་དཔོན་བཟང་ངན་དང་ལྟ་སྤྱོད་ཀྱི་ཁྱད་པར་བསྟན་པའི་ཕྱིར། ཕྱི་དང་ནང་གི་ཆོས་འདི་དག་མ་འདྲེས་པར་སོ་སོར་གསལ་ལ། བཀྲི་དྲང་གི་དོན་གང་ཡང་མ་སྤངས་པར་མཉམ་པ་ཆེན་པོའི་ངང་ཆོས་ཀྱི་དབྱིངས་སུ་བཟླུམས་པ་སྟེ། སངས་རྒྱས་ཀྱི་བསྟན་པ་མ་ལུས་པར་མཁྱེན་ཅིང་། ལུང་ཆེན་པོ་ལ་གནས་པའི་སྐྱེས་བུ་ནི། ཅེས་བྱ་བ་ནི། དངོས་པོ་གཉིས་ཀྱང་མི་འདོད་པ་མ་ཡིན་ལ། བློའི་ཁྱད་པར་གྱིས་གསུངས་པའི་ཐེག་པ་གཉིས་ནི་ཕྱི་དང་ནང་སྟེ། དེ་དག་སྣོད་ཀྱི་རིམ་པས་ཅུང་ཟད་ནས་མ་འདྲེས་པར་གསུངས་པ་ལྟར། མཁྱེན་ནས་གདུལ་བྱ་དང་མཐུན་པར་འཇུག་ཅིང་སྤྱོད་ཀྱང་དེ་དག་མཉམ་པ་གསུམ་གྱི་དོན་གྱིས་ཟིན་པས་འདུ་ཤེས་འཇིག་པ་མེད་པ་ནི། གང་ཡང་བྱས་པ་མེད་དོ། །ཐམས་ཅད་དུ་དེ་དག་གི་བྱེ་བྲག་དང་གནས་སྐབས་མཁྱེན་པས་འཇུག་ཅིང་། དགོངས་པ་མ་གཡོས་པ་ནི། ཐེག་པ་ཆེན་པོའི་ཐེག་པ་ཆེན་པོ་སྟེ། ལྟ་སྤྱོད་ཁྱད་པར་དུ་འཕགས་པས་ཡོན་ཏན་གསུམ་རྫོགས་པར་གསུངས་སོ། །ལུས་མི་ཡིན་ཡང་སེསམ་སངས་རྒྱས་སོ། །སྟོན་པ་པོ་འཇིག་རྟེན་གྱི་སྒྲོན་མ་ཞེས་བྱ་སྟེ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱང་སྤྱི་གཙུག་གི་ལེན་པ། ཕྱི་ནང་གི་དམ་ཅན་ཐམས་ཅད་ཀྱང་བཀའ་ཉན་ཏེ་ཅི་བསྒོ་བའི་ལས་བྱེད་དོ། །ཞེས་བྱ་བ་ནི། གང་སངས་རྒྱས་བཅོམ་ལྡན་འདས་ནི་གཟུགས་ཀྱི་སྐུས་མ་ཕྱེ་བའི་ཆོས་ཀྱི་སྐུས་ཕྱེ་བའི་ཕྱིར། དོན་ཀྱང་མཛད་སྤྱོད་པས་མཚན་བཏགས་ཏེ། བསྔགས་པ་བརྗོད་དོ། །གང་ཞིག་དེ་དག་དང་ཁྱད་པར་མེད་ཅིང་ཤིན་ཏུ་ཆེ་ཞིང་གཉན་པར་བསྟན་པའི་ཕྱིར་དང་། དཀའ་བ་མང་པོས་བསྒྲུབས་པས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོར་འགྱུར་བའི་ཕྱིར་འདི་དག་འཐད་པ་ཁོ་ནར་འགྱུར་རོ། །འདི་ལྟར་ནི་མ་རྟོགས། ལུང་ནི་མེད། མ་རིག་པའི་མུ་ང་རྒྱལ་གྱིས་བཟུང་ནས་སྨྲ་བ་ནི་ཤིན་ཏུ་ཡང་འཁྲུལ་པར་འགྱུར་ཏེ་འགལ་ལོ། །ཞེས་བྱ་བ་ནི། རིགས་པ་ལུང་གིས་མ་ཟིན་པས། །བྱེ་བྲག་མ་ཕྱེད་རྨོངས་པའི་བློ། །ལྟ་སྤྱོད་ལོག་པའི་ང་རྒྱལ་ཅན། །ཐེག་ཆེན་མཉམ་འདྲེའི་ཆོས་སྨྲས་ཀྱང་། །ཀུན་བརྟགས་ལྡོག་པར་མི་འགྱུར་བས། །ལོག་པར་འདྲེན་པའི་སྡེ་དཔོན་ཡིན་ཞེས་གསུངས་སོ། །དེ་དག་གི་ཕྱིར་གསུངས་པ། རྫོགས་ཆེན་བླ་ན་མེད་པར་ཁས་འཆེས་ནས། ཏོན་མུན་བསམ་གཏན་ཙམ་ལ་རྟེན་འཆའ་བ། །རྒྱལ་བའི་སྲས་འབངས་བཅས་པས་ལུང་དང་འགལ། །ཞེས་གསུངས་ཏེ། དཔེར་ན་རྒྱལ་པོས་རྒྱལ་ཆོས་མེད་ཅིང་སྤྱོད་པ་ལོག་པ་བྱེད་པ་ནི་མིང་ཙམ་གྱིས་འཕགས་སོ་གང་འཁོར་བ་ལ་སོགས་པ་ཐ་སྙད་ཀྱིས་བསྡུས་པས་ཐམས་ཅད་ཕྱོགས་གཞན་དུ་བྱུངས་ཐེབས་པ་ནི་རྫོགས་པ་ཆེན་པོ་སྟེ། དེ་ནི་ཐེག་པ་ཆེན་པོའི་ཡང་ཆེན་པོའོ། །གང་ཞིག་རྗེས་སུ་ཞུགས་པའི་ཐེག་པ་ཆེན་པོ་པ་སྟེ། གལ་ཏེ་ཅུང་ཟད་ཀྱིས་གཉིས་སུ་ལྟ་ཞིང་རྩོལ་བ་བྱེད་པ་ནི། ལུགས་དང་མི་མཐུན་པས་འགལ་བའི་ཕྱིར། སངས་རྒྱས་སེམས་ཅན་སོ་སོ་ན། ཡེ་ཤེས་ཆེན་པོས་ཡོད་མ་ཟིན། ཅེས་པ་དང་། ཅི་སྟེ་ལས་ཀྱི་དབང་བརྩན་ན། རང་བྱུང་ཡེ་ཤེས་ཡོད་མ་ཡིན། ཞེས་ཀྱང་གསུངས་པས་དེ་དག་བཤད་པ་བཞིན་དུ་ཐོག་མའི་ལུང་ཉིད་ནས་ཁྱད་པར་དུ་གསུངས་སོ། །དེ་དག་གི་སྣོད་བསྟན་པའི་ཕྱིར། དེ་བས་ན། བསྟན་པ་མི་ནུབ་པའི་སྒྲོན་མེ་འདི། ཚེ་རབས་བསམ་གྱིས་མི་ཁྱབ་པ་ནས་ཤིན་ཏུ་བློ་སྦྱངས་ཏེ། སེམས་རྣལ་དུ་འཇོག་འཇོག་པ། རྒྱལ་བ་རྣམས་བསྙེན་བཀུར་བྱས་པའི་སྐྱེས་བུ་དག་གི་སྤྱོད་ཡུལ་ཡིན་གྱི། ཞེས་བྱ་བ་ནི། གང་མཆོག་དུ་གྱུར་པའི་ཕྱིར་གཏན་ཚིགས་སྨོས་ཏེ། མཆོག་གི་ལུགས་ཉིད་རང་བཞིན་ཅི་ཡིན་པ་ཉམས་སུ་ལོན་ནས་མཐར་ཡང་ཆུ་སྲིན་གྱི་ཕྱག་རྒྱ་བཞིན་ཏེ། དེ་དག་བསྐྱེད་དུ་ཐལ་བ་མེད་པས་མི་ནུབ་པའི་རྒྱལ་མཚན་གྱི་དོན་ཐེག་པ་གཞན་དང་མ་འདྲེས་པར་སྟོན་པའི་མན་ངག་འདི་བསྟན་པའི་སྣོད་ནི་སྐལ་མང་པོར་ཤེས་རབ་གསུམ་གྱིས་བློ་སྦྱངས་པ། དེ་བཞིན་གཤེགས་པ་ཞལ་སྐྱིན་དག་མཉེས་པས་བསྟན་བསྟན་པ་དག་གི་ཚུལ་བརྟགས་ཏེ། སྦྱིན་པར་བྱའོ་ཞེའོ། །མི་བསྟན་པ་ནི་གང་སྙམ་པ་ལ། དམ་ཚིག་ཙམ་ཁ་དོན་ཤེས་པ་དང་། ཕྱི་ནང་གི་ཆོས་ལོད་པའི་ཐུག་པ་བཞིན་དུ་བསྲེས་པ་དང་། སྔགས་ཀྱི་མན་ངག་མེད་པ་རྣམས་ལ་སྙིང་སྒོར་བྱུང་བའི་ཉེན་དང་བསྟོས་ཏེ་གསང་ངོ་། །ཞེས་བྱ་བ་ནི། དམ་ཚིག་མི་སྲུང་བར་ཐེག་པ་ཕྱི་ནང་ལ་གཟུ་ལུམས་སུ་ཞུགས་པས། འདྲེས་མར་སྤྱོད་དེ། དབང་དང་མན་ངག་གིས་མ་ཟིན་པས་དོན་མེད་པ་ལས་ཀྱི་མཐའ་ཡལ་བར་འཇོག་པ་རྣམས་ལ་ནམ་ཡང་བསྟན་པར་མ་གསུངས་སོ། །འོ་ན་དེའི་ཉེས་པ་ཅི་ཞིག་སྙམ་པ་ལ། སྣོད་མ་ཡིན་པས་ཐོས་ན་སྐུར་པ་ཆེན་པོར་འགྱུར་ཏེ། གཏན་དུ་འཁྱམས་སོ། །ཞེས་གསུངས་སོ། །དེ་དག་སྐལ་པ་ཆུང་བའི་ཕྱིར་བློ་དང་མི་འཚམ་པས་སྐུར་པ་དང་ལྟ་སྤྱོད་མ་འབྲེལ་པས་གཞན་སུན་འབྱིན་པ་ནི་ལམ་ལོག་པར་ཞུགས་པས་ཤིན་ཏུ་ཡང་ཉེས་པ་ཆེ་བར་གསུངས་སོ། །དེ་བས་ན་ཉེན་ཆེ་ཞིང་བཀུར་དཀའ་བ། མན་ངག་གི་ཚིག་གསུམ་མོ། །ཞེས་བྱ་བ་ནི། གཏན་ཚིགས་ནི་ཉེན་ལ་སྙེགས་སོ། །སྣོད་འདམ་མ་ཤེས་པའི་ཉེན་ཤིན་དུ་ཆེ་བའི་ཕྱིར་བཅང་དཀའོ། །ཚེགས་ཆུང་ངུས་དོན་ཆེན་པོ་འགྲུབ་པའི་ཕྱིར་མན་ངག་སྟེ། དེ་དག་གི་ཚིག་ནི་དུ་ཡོད། ལས་ཀྱི་རིམ་པ་ཇི་ལྟ་བུ་སྙམ་པ་ལ། མན་ངག་ཚིག་གསུམ་པ་གཅིག་གིས་ནི་འཕྲིགས། གཉིས་ཀྱི་ནི་གོ །གསུམ་གྱིས་ནི་ལེགས་པར་བརྡབ་ཕྲད། ཅེས་གསུངས་ཏོ། །དང་པོ་ཐམས་ཅད་བྱང་ཆུབ་སེམས་བདེ་བ་ཆེན་པོར་གཅིག་པར་གསུངས་པས། ཀུན་བརྟགས་པ་གཉིས་མེད་དོ། །སྤྱོད་ཡུལ་ཐམས་ཅད་དང་བྲལ་བ་ནི། ཕྱོགས་ཙམ་མཐོང་བའོ། །གཉིས་པ་བདག་ཉིད་ཆེན་པོའི་བྱང་ཆུབ་སེམས་ནི་འབྲས་བུའི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པ་ནི་ཞི་ཁྲོ་ལ་སོགས་པའི་སྐུ་དང་ཡེ་ཤེས་ཐམས་ཅད་སྐད་ཅིག་གི་སྣང་བས་ཆད་པར་མི་ལྟུང་ཞེས་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པས་རྩོལ་བ་དང་བྲལ་བར་ཤེས་པའོ། །གསུམ་པ་དེ་དག་ཡེ་ཤེས་ཉིད་ཀྱི་ཕྱིར་ངོ་བོ་ཅིར་ཡང་མ་གྲུབ་པས་བདེ་བ་ཆེན་པོ་ལས་བསམ་དུ་མེད་པར་གནས་པའི་དུས་ན་བསྒྲུབ་བྱ་རྣམས་བྲལ་བ་མེད་པར་ཅིར་ཡང་ནི་རྩོལ་བར་གཞན་དོན་གང་ཡང་མི་སྤོང་བ་ནི་གཞུང་ཉིད་དུ་ཆུད་པས་ཁྱད་པར་སྤགས་སོ་ཞེས་བྱའོ། །འདི་གསུམ་མ་ཐོས་སམ་བརྡའ་མ་ཕྲད་དང་། ཞེས་བྱ་བ་ནི། མན་ངག་གིས་མ་ཟིན་པས་རིགས་མ་ངེས་པའོ། །ལ་ལ་ནི་སྟོང་ཟེར། ལ་ལ་ནི་རྟག་ཟེར་ཏེ། འདི་དག་ཚིག་འགའ་ཙམ་ལ་གོ་བའི་རྟགས་ཡིན་ལ། གསུམ་མེད་པ་ཡང་དེས་མངོན་ནོ། །ཅེས་བྱ་བ་ནི། གང་མན་ངག་གིས་མ་ཟིན་པ་རྣམས་ནི་སྣང་སྟོང་གཉིས་ལ་མི་འཇལ་ཏེ། རྒྱུ་དེས་ན་རྟག་ཆད་ཀྱི་མཐར་ལྟུང་བའི་ཕྱིར། ཕྱི་ནང་གཟུང་འཛིན་དངོས་པོར་གང་རྟོག་པ། མི་མཁས་རྨོངས་པས་མུ་སྟེགས་རྟག་ལ་ཞེན། སྣ་ཚོགས་རང་བཞིན་མེད་པར་གང་སྨྲ་བ། མེད་པར་སྣང་བས་མུ་སྟེགས་ཆད་པའི་ལམ། ཞེས་འབྱུང་ངོ་། །འདི་གསུམ་ཡང་གཅིག་གི་ངང་སྟེ། མ་བཅོས་པར་བཞུགས་པ་ཡི། ལྷུན་གྱིས་རྫོགས་པ་ཆེན་པོའོ། །དེ་ལས་ལ་བཟླར་མེད་དོ། །ཞེས་བྱ་བ་ནི། མན་ངག་ཚིག་གསུམ་ཡང་འཇུག་སོའི་བསམ་པའི་དབང་མ་གཏོགས་པར་རིམ་པར་རིས་མེད་དེ། གཉེན་པོས་མ་བཅོས་པར་བཞག་པའི་དུས་ན་ཀུན་བརྟགས་ཐམས་ཅད་སེམས་ཉིད་དུ་དེངས་པ་ཉིད་སྐུ་དང་ཡེ་ཤེས་སྒྱུ་མར་སྣང་བས་བརྩལ་མི་དགོས་པའི་ཕྱིར་བྱ་བྱེད་དང་བྲལ་ལ། དེ་ཉིད་གདུལ་བྱའི་སྐལ་པ་བཞིན་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་གང་ཡང་མི་འགལ་བར་གསུངས་སོ། །དེ་ལས་བློས་དཔག་པར་སངས་རྒྱས་ཀྱིས་ཀྱང་མི་འགྲུབ་སྟེ། ཡུལ་མེད་པའི་ཕྱིར་རོ། །དེ་ལུང་གིས་བརྟན་པར་བྱ་བའི་ཕྱིར། ཀུན་ཏུ་བཟང་པོའི་ངང་ལ་གཅིག་བཞུགས་པ། བཅོམ་ལྡན་འདས་ལ་སྟོང་པ་ཉིད་ཀྱིས་བརྒྱན། ཞེས་བྱ་བ་ནི། གང་ཐ་སྙད་ཐམས་ཅད་བདག་ཉིད་ཆེན་པོའི་ཡེ་ཤེས་སུ་བྱུངས་ཐེབས་པ་ནི། ཀུན་ཏུ་བཟང་པོ་སྟེ། དེ་ཉིད་ལྷུན་གྱིས་གྲུབ་པའི་ངང་ངོ་། །ཐམས་ཅད་ཀྱང་དེ་རུ་རོ་གཅིག་པ་དང་གནས་པ་མེད་པའི་ཚུལ་གྱིས་གནས་པའི་དུས་ན་མཉམ་པའི་དབྱིངས་ལ་ཡེ་ཤེས་ཆེན་པོས་བཞགས་པས། ཡོན་ཏན་དང་མཚན་ཉིད་ལ་བལྟ་བས་མི་ངོམས་པའི་ཕྱིར་ངོ་ཚར་རྨད་དུ་བྱུང་བ་ཞེས་བྱའོ། །དེ་ནི་ལུས་དང་རྒྱན་ལྟ་བུ་སྙམ་པ་ལ། ཟླ་གསང་ཐིག་ལེ་སྐྱེ་འགག་བདག་ཏུ་རྫོགས། སྐྱེས ཆེན་ཐུགས་ལ་རྟག་ཏུ་གསལ་བའི་རྒྱུ། ཞེས་གསུངས་ཏེ། དེ་ནི་ཟླས་བཤད་པའི་སྟེ་དབྱིངས་ཉིད་ལྷུན་གྱིས་གྲུབ་པར་གསལ་བ་ནི། ཡེ་ཤེས་ཅེས་འདོགས་ཏེ་ཁོང་ནས་བྱུང་བ་ནི་རྟོགས་པར་དཀའོ། །དེ་ཉིད་གཉིས་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བར་བཞུགས་པ་ནི་བྱུང་ཞིང་མྱ་ངན་ལས་འདས་པ་མེད་ཀྱང་འདུལ་བའི་བསམ་པ་དང་སྨོན་ལམ་ཙམ་གྱིས་སྣང་སྟེ། དེ་དག་གི་ཡོན་ཏན་རྣམས་ཀྱང་ལྷུན་གྱིས་གྲུབ་པའི་ཕྱིར་སྣང་ངོ་། །དེ་ལྟ་བུ་དག་ནི་ཤིན་ཏུ་རྣལ་འབྱོར་གྱི་ཉམས་རྙེད་པ་རྣམས་ཀྱིས་སྤྱོད་ཡུལ་དུ་གསུངས་པས་ཕལ་གྱིས་རང་ཉམས་དང་སྦྱར་ནས་སྐུར་བར་མི་བྱའོ། །ཅེས་བྱའོ། །ཐམས་ཅད་སངས་རྒྱས་མེད་པར་རྫོགས་པ་ཆེན་པོའི་ལུང་། མ་བཀག་ཅི་བདེར་བྱང་ཆུབ་ཡན་དུ་ཁྱེར། ཞེས་བྱ་བ་ནི། ཐ་སྙད་རྣམས་ཀྱང་བདག་ཉིད་དུ་གསལ་བ་ནི་རང་གི་ངོ་བོ་ཉིད་མི་འགྲུབ་ཅིང་སྐུ་མདོག་ལ་སོགས་པར་ཡང་འདོད་པ་མེད་དེ། དེ་དག་པའི་བསམ་པ་ཐམས་ཅད་དང་བྲལ་བ་ནི་ངེས་པའི་ལུང་ལ་བཞུགས་པའོ། །དེའི་དུས་ཉིད་ན་དངོས་པོ་ཉིད་ཡིད་ལ་བྱེད་པར་ཡང་འདྲ་བ་ཁོ་ནར་གསུངས་སོ། །དེ་བས་ན་བསམ་པ་དང་སྤྱོད་པ་གང་ཡང་འདྲ་སྟེ། ཆེད་དུ་གདོད་འཛིན་གང་ཡང་མ་བྱེད་ཅིག་ཅེས་གདམས་པའོ། །སྤྱི་བཅིངས་ཀྱི་ཚིག་འཁྱིལ་བ་རིལ་གསལ་བར་ཕྱུང་ནས། གཅིག་གཉིས་ཀྱི་རྣ་བར་ཟུང་ལ། ཅེས་བྱ་བ་ནི། སྟོན་པས་གསུངས་པའི་ལུང་ཤིན་ཏུ་གོ་བར་དཀའ་བ་རྣམས། ལུང་དང་རིགས་པས་འབྲེལ་པས་གོ་སླ་བར་བྱས་པའི་མན་ངག་འདི་དག་སྐལ་པ་ཆུང་པ་དང་། ཐེག་པ་གཞན་ལ་གོམས་པ་མང་དུ་བྱས་པས། ཞེན་པ་བཟློག་པར་དཀའ་བ་དག་ནི། བཤད་པ་བཞིན་དུ་འདི་བསྟན་ན་སྡུག་བསྔལ་གྱི་རྒྱུར་གྱུར་པས་མི་བསྟན་ནོ། །བློ་ཆེ་བ་དག་ཀྱང་ཤིན་དུ་དཀོན་པར་གསུངས་ཏེ། དེ་དག་རྒྱལ་ཐེ བ་དང་བཅས་ནས། མན་ངག་གུ་ལང་གི་གསེར་ཁུང་དང་འདྲ་བ་འདི་མི་ནུབ་པར་བྱའོ་ཞེས་བྱའོ། །ཙིཏྟའི་དཀྱིལ་འཁོར་བརྩིགས་པའི་སྒོ། དཔལ་རྟ་མགྲིན་གྱིས་བཟུང་ནས་གནས་སོ། །ཞེས་བྱ་བ་ནི། མན་ངག་སེམས་ལ་ཡོད་པ་ཉིད་གསང་སྒོ་མ་བསྡམས་ན་ཉེས་པ་ཆེ་བའི་ཕྱིར། ཐུགས་ཀྱི་དམ་ཚིག་ཏུ་གསུངས་སོ། །དེ་དག་གི་དབང་པོ་ནི་སྙིང་རིན་པོ་ཆེ་གུར་ལྟ་བུའི་སྒོ་ན། རྟ་མགྲིན་དབང་གི་ཁྲོ་བོ་གནས་པ་ཉིད་ཀྱི་ཐུགས་ཀྱིས་མ་ཕྲད་པ་ནི། དམ་ཚིག་གི་མཆོག་གོ །གལ་ཏེ་འདས་ན་སངས་རྒྱས་ནི། བྱེད་པ་པོ་ཉིད་ཀྱི་ཕྱི་ན་དེ་ཉིད་ཀྱིས། འདི་དང་ཕྱི་མའི་ཉེས་པ་མང་པོ་ཁབ་ལེན་ལ་ལྕགས་འདུ་བ་ལྟར། འབྱུང་བར་གཞུང་དུ་མ་ལས་གསུངས་པས་དེ་ཉིད་རྗེས་སུ་དྲན་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ །རྫོགས་སོ།། ༈ །།མཉམ་ཉིད་གཅིག་ལ་གསེས་པའི་ཕྱིར། ལན་ཚྭའི་ཆུ་བཞིན་རོ་གཅིག་ཀྱང་། །སྐལ་པས་ཁྱད་པར་སྣང་བ་རྣམས། །མཁས་པའི་རྗེས་སུ་ཅུང་ཟད་དཀྲོལ། །ལུང་དང་མན་ངག་བསྡུས་པ་དང་། །རང་རིག་གོམས་པའི་ཉམས་བསྡུར་པའི། །དཀའ་སླ་གང་ཡིན་བསོད་ནམས་དེ། །འགྲོ་བ་ཀུན་གྱིས་ཐོབ་པར་ཤོག །།གཉགས་ཛྙཱ་ན་ཀུ་མཱ་རས་མཛད་པ་རྫོགས།། །།དགེའོ།། །།

བྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན། སློབ་དཔོན་འཇམ་དཔལ་བཤེས་གཉེན།

སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་བྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན། རྒྱ་གར་སྐད་དུ། བྷོ་དྷི་ཙིཏྟ་ས་མནྟི། པ་ཏྲ་པྲ་ཏ་ན་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་སྒོམ་པ། བཅོམ་ལྡན་འདས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །སྟོན་པའི་སྒྲོན་མར་གྱུར་པས་ཀུན་གྱིས་རབ་བསྔགས་པ། ཞེས་པ། ཆོས་ཉིད་ཀྱི་ཐིག་ལེ་སྟོན་ཏེ། རང་གི་རང་བཞིན་རང་ལས་གསལ་བར་ཤར་བས། ཀུན་གྱིས་ཆོས་ཐམས་ཅད་གཉིས་སུ་མེད་པར། ཡེ་ནས་མ་བཅོས་པ་ཆོས་ཀྱི་སྐུར་གནས་པ། ཆོས་ཀྱི་སྙིང་པོར་གྱུར་པས་འཇམ་དཔལ་གཞོན་ནུ་ཉིད་ཞེས་པ། ཆོས་ཀྱི་སྙིང་པོར་གནས་པ་དེ་ནི་ཡེ་ནས་གསང་བའི་སྙིང་པོ་སྟེ། འཇམ་དཔལ་གཞོན་ནུ་ཉིད་གཟུང་འཛིན་ལས་འདས་པའི་ངང་ལས། ཆོས་ཉིད་རང་བཞིན་གྱིས་འཆར་བ་དཔལ་ཕུན་སུམ་ཚོགས་པ། དེ་ཉིད་སྐྱེ་འཇིག་མེད་པ་ནམ་མཁའ་ལྟར་གནས་པས་གཞོན་ནུ་ཉིད། བྱ་བྲལ་བདེ་བའི་ཀློང་དུ་ཇི་བཞིན་ཡེ་ནས་གནས། ཞེས་པ། ཞི་བ་ཆེན་པོ་ལ་དེ་བྱ་བ་མེད་དེ། དེ་བཞིན་དུ་ཆོས་མཉམ་པ་ཉིད་བདེ་བ་ཆེན་པོ་དེ་ཡང་། མ་བཅོས་པར་ཆོས་ཀྱི་དབྱིངས་སམ། ཆོས་ཀྱི་སྐུ་ཇི་བཞིན་པར་བཙལ་དུ་མེད་པར་ཡེ་ནས་གནས་པའི་ཕྱིར་རོ། །ཚུལ་ཁྲིམས་ལ་སོགས་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་ཅིང་། ཞེས་པ། དབྱིངས་ཀྱི་ཐིག་ལེ་བསྟན་ཏེ། འདུལ་སྲུང་ལས་ཡེ་ནས་འདས་ཤིང་། རྩོལ་སྒྲུབ་དང་བྲལ་བས་འདུལ་སྲུང་རིལ་གྱི་གཞི་ཡང་། སེམས་ཉིད་ནམ་མཁའ་ལྟར་གནས་པའི་ཕྱིར་རོ། །བདེ་གཤེགས་ཡུམ་དུ་གྱུར་པས་ཀུན་དང་མཚུངས་པའི་གནས། ཞེས་པ། དེ་ལྟར་དག་པའི་དབྱིངས་དེ་ཉིད་རིལ་འབྱུང་བའི་རྒྱུར་གྱུར་པས། མཚུངས་པ་ནི་ཆོས་ཐམས་ཅད་སྐྱེ་འཆི་མེད་པ་ཡེ་ནས་སངས་རྒྱས་པར་མཚུངས་སོ། །དེ་མིན་མི་འབྱུང་དེ་ཕྱིར་རྣམ་གྲོལ་མཆོག་གི་ལམ་ཞེས་པ། དེ་ལ་སྐྱེ་བ་མེད་པས་ན་འཆི་བ་མི་འབྱུང་། སྐྱེ་འཆི་མེད་པའི་ཕྱིར་ཡེ་ནས་རྣམ་པར་གྲོལ་བས་ད་ཡང་བགྲོད་དང་བྲལ་བའི་ལམ་ལ་གནས་ཟིན་པའོ། །ཕྲ་ཞིང་ཤེས་དཀའ་ཀུན་ལམ་མི་རྟོག་རྟོག་ལས་འདས་ཞེས་པ། ཆོས་མཉམ་པ་ཉིད་ནི་ཤིན་ཏུ་འཕྲ་ཞིང་རྙེད་དཀའ་བ་སྟེ། ཅི་སྟེ་རྫས་མ་གྲུབ་སྟེ། ནམ་མཁའི་རྒྱུ་དང་འདྲ་བར་གནས་པས་ཀུན་གྱི་ལམ། དེ་ཀུན་གྱིས་འགྲོ་བའི་ལམ་ཡིན་ཏེ། ཆོས་ཉིད་རྣམ་པར་མི་རྟོག་པའི་དབྱིངས་སོ། །དེ་རྟག་པའི་ཡུལ་ལས་འདས་པའི་ཕྱིར་རོ། །མི་གནས་དམིགས་མེད་སྤྲོས་པའི་བསམ་པ་ཀུན་དང་བྲལ། ཞེས་པ། རང་བཞིན་དངོས་པོ་ནི་མི་གནས་པས། ཇི་ལྟར་ཡང་དམིགས་སུ་མེད་པར། ཀུན་ལ་མཉམ་པ་ནི་ཉིད་དུ་ཁྱབ་པས་སྤྲོ་བསྡུ་བྱར་མེད། བསམ་པ་ཀུན་དང་བྲལ་བ། རང་བཞིན་ཐ་སྙད་རིལ་དང་བྲལ་བས་ད་བསྒོམ་དུ་མེད་དོ། །ཚིག་གིས་མི་ཕེབས་དབྱིབས་དང་ཁ་དོག་དབང་པོའི་སྤྱོད་ཡུལ་མིན། ཞེས་པ། དབྱིངས་རྣམ་པར་དག་པའི་ཐིག་ལེ་སྟོན་ཏེ། དབྱིབས་དང་ཁ་དོག་ལ་སོགས་པར་ཡོད་ན། མཚོན་གྱི་ཐོག་ཏུ་དབབ་ཏུ་རུང་ན། དབང་པོ་སྤྱོད་ཡུལ་ལས་འདས་ཏེ། ནམ་མཁའ་ལྟ་བུ་ལ་ཚིག་ཏུ་བརྗོད་ཅིར་འབྲངས་བས། ཐོག་ཏུ་མི་ཕེབས་པའི་ཕྱིར་རོ། །བསྟན་ཅིང་བརྟག་པར་དགའ་ལ་བརྗོད་དུ་རྡུལ་ཙམ་མེད་ཞེས་པ། དེའི་རང་བཞིན་ནམ་མཁའ་ལྟར་ཁྱབ་ཅིང་། རིལ་ཆོས་ཉིད་དུ་འཆར་ཡང་དངོས་པོ་མེད་པས། འདི་ཞེས་བརྟགས་ཤིང་བསྟན་པས་མི་རྙེད་དེ་ཚིག་དང་ཡི་གེ་ལས་འདས་པས། ཐ་སྙད་དུ་བརྗོད་པ་དང་བྲལ་ཞེས་སོ། །སྔོན་གྱི་དྲང་སྲོང་ཆེན་པོའི་ལམ་དུ་གར་འཇུག་པ། ཞེས་པ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་གནས་པ། བཙལ་དུ་མེད་པར་འཆར་བ་ཉེ་ལམ་དུ་ཞུགས་ཟིན་པ་ཡིན་པ་ལས་དང་སོང་དཀའ་ཐུབ་ཀྱི་སྡུག་བསྔལ་གྱིས་བདེ་བ་ཚོལ་ཞིང་འཇུག་པ་འཁྲུལ་བའི་ཕྱིར། སྒོམས་ཆགས་ཞེས་འབྱུང་བའོ། །བསྒོམ་ཆགས་ལམ་གྱི་ནད་ཀྱིས་ཟིན་ཏེ་འཁྲུལ་བའོ། །ཞེས་པ། བྱང་ཆུབ་གྱི་སེམས་བཙལ་དུ་མེད་པར། ཡེ་ནས་ལྷུན་གྱིས་གྲུབ་སྟེ། ད་བསྒོམ་དུ་མེད་པ་ལ། བསྒོམ་པའི་ཡུལ་ཆོས་ཉིད་ལ་བདེ་བའི་རོ་ཚོལ་བ། སྡུག་བསྔལ་གྱི་ནད་དེ་འཁྲུལ་པའོ། །ལུང་བཞིན་ཚིག་གི་མཐའ་སྤྱོད་ལམ་དུ་མཐོང་བས། ཞེས་པ། ཆོས་ཀྱི་རང་བཞིན་སྐྱེ་འཆི་མེད་པ་དེ། ཡེ་ནས་སངས་རྒྱས་པར་མ་རྟོགས་པར། ཞལ་ནས་གསུངས་པའི་ཆོས་ཉིད་སྐྱེ་བ་མེད་དོ་བྱ་བ་ལ་སོགས་པའི་ཚིག་གི་རྗེས་སུ་འབྲངས་ཤིང་། བསྒྲུབ་པའི་ལམ་དུ་མཐོང་ནས། བདེ་བ་ཚོལ་བ་ནི། རི་དྭགས་སྨིགས་རྒྱུ་བསྙེགས་པ་གཉིས་འདྲའོ། །དེ་ཉིད་རྟོག་པའི་རྒྱུན་འབྲངས་སྨིགས་རྒྱུ་སྙེགས་པ་འདྲ། ཞེས་པ་ཅི་སྟེ། དེ་ཉིད་ཆོས་ཀྱི་དབྱིངས་ཡིན་པར་ངོས་མ་ཟིན་པས། རྟོག་པར་འཁྲུལ་ཏེ། རྟོག་རྒྱུན་སྔ་མས་ཕྱི་མ་འགགས་ཏེ། བཀག་པ་ཉིད་རྗེས་སུ་འབྲངས་པ་ཡིན་པའི་ཕྱིར་རོ། །ཡང་དག་ལམ་ནི་ཚིག་ཏུ་བརྗོད་མོད་མཚོན་དང་བྲལ་ཞེས་པ། ཡེ་ནས་རྣམ་པར་དག་སྟེ། ལྷུན་གྱིས་གྲུབ་པ་ནི་བགྲོད་དུ་མེད་པའི་ལམ་སྟེ། དེའི་རང་བཞིན་ལ་ཚིག་གི་འབྲུ་དང་བྲལ་བས་བརྗོད་དུ་མེད་དེ། རྫས་སུ་མ་གྲུབ་པས། མཚོན་པའི་ཐ་སྙད་དང་ཡེ་ནས་བྲལ་ཞེས་བྱའོ། །ཡང་དག་ཉིད་དུ་བསྟན་པ་སྟོན་པ་ང་ཡིས་འཁྲུལ་ཞེས་པ། དེ་ལྟ་བས་ན་མཉམ་པ་ཉིད་དུ་ཡེ་ནས་རྣམ་པར་དག་པ་ལ། དག་པ་དང་མ་དག་བསྟན་དུ་མེད། དེ་ལྟར་མེད་ཅེས་བྱ་བ་ཉིད་ཀྱང་འཁྲུལ་ཏེ། ཐ་སྙད་དང་བྲལ་བའི་ཕྱིར་འདྲེས་ཤིང་ཞེས་པའོ། །དག་དང་མ་དག་གཉིས་མེད་ཡེ་ནས་འདྲེས་ཤིང་མཚུངས། ཞེས་པ། དེའི་རང་བཞིན་མ་བརྩལ་བར་ཡེ་ནས་དག་པས། ཆོས་ཐམས་ཅད་གཉིས་སུ་མེད་པ། ནམ་མཁའ་ལྟར་དབྱེར་མེད་པ་གཅིག་ཏུ་ཤར་བའི་ཕྱིར་རོ། །རྣམ་པ་ཅིར་ཡང་མི་འབྱེད་ཡེ་ཤེས་གཏི་མུག་ངང་ཞེས་པ། ཡེ་ཤེས་ཆེན་པོའི་ཐིག་ལེ་སྟོན་ཏེ། རྣམ་པ་ཅིར་སྣང་བའི་ཆོས་ཀུན། རང་ཉིད་མི་དམིགས་པའི་ཀློང་ནས་རང་ཉིད་སྣང་བར་ཟད། དེ་ལ་དེ་ཉིད་གྱིས་བལྟས་ན། ཆོས་ཉིད་རང་བཞིན་གྱིས་འཆར་བས་ཤེས་པ་ཡེ་ཤེས། དེ་དབྱེར་མེད་པ་གཏི་མུག་ངང་། ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་རང་བྲལ་ཞེས་པ། ཡེ་ནས་ཡིན་པའི་དོན་སྐད་ཅིག་མ་ལ་ཡེ་ཤེས་སྤྱི་བླུགས་སུ་འཆར་བས། ཡུལ་ཆོས་ཉིད་སྐྱེ་འཆི་མེད་པར་གསལ་བས་མར་མེ། བསམ་པ་ནི་ཇི་ལྟར་གསལ་ཀྱང་དམིགས་སུ་མེད་དེ། ཐ་སྙད་རིལ་དང་བྲལ་བའོ། །ངང་གིས་མི་གཡོ་རྨུགས་ཤིང་ཏིང་འཛིན་རྒྱལ་པོར་གནས་ཞེས་པ། དཔེར་ན་ས་བདག་གི་རྒྱལ་པོ་ཀུན་ལ་དབང་བསྒྱུར་ཡང་། རྒྱལ་ས་ནས་མ་གཡོས་པ་བཞིན། དེའི་རང་བཞིན་ཀུན་ཏུ་བཟང་པོ་ཅིར་ཡང་ཤར་ནས། རིལ་ཆོས་ཉིད་དུ་དབང་བསྒྱུར་ཡང་། དེ་ཉིད་ཆོས་ཀྱི་སྐུ་ལ་མི་གཡོ་བས་ཕྱིར་རོ། །མངོན་སུམ་མཐོང་བའི་དམིགས་མེད་དེ་ཉིད་མཐོང་བའི་དམིགས། ཞེས་པ། རང་གི་རང་བཞིན་ཆོས་ཉིད་དུ་གནས་པས་དངོས་སུ་བལྟར་མེད་དེ་ཉིད་ཡིན་པར་ཤེས་ནས་ནམ་མཁའ་ལྟར་གསལ་བར་ཤར་བས་མཐོང་བའི་མིག་གོ །དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་དེ་ལ་བྱའོ། །ཞེས་པ། དེ་བས་ན་གཉིས་མེད་པའི་ཕྱིར། ནམ་མཁའ་ལྟར་གནས་པ་ཀུན་གྱི་རང་བཞིན་ཡིན་པར་ཤེས་པའི་ཕྱིར་རོ། །མཐའ་དང་དབུས་མེད་ཡངས་པའི་རང་བཞིན་པས། ཞེས་པ། ཀུན་ཏུ་བཟང་པོའི་ཐིག་ལེ་བསྟན། དེ་ལ་མཐའ་དང་དབུས་མེད་པས་བདལ་བ་ཡངས་པ། ཡེ་ནས་ཆོས་ཀྱི་སྐུའི་རང་བཞིན་ནམ་མཁའ་ལྟར་གནས་པའི་ཕྱིར། མི་ལེན་མི་སྤངས་མཉམ་པའི་རྒྱན་དུ་གནས་ཞེས་པ། དེ་བས་ན་ཐམས་ཅད་ཡེ་ནས་གཉིས་སུ་མེད་པ་ལ། སྤང་བླང་གི་རྫས་སུ་གྲུབ་པ་མེད་དེ། ཅི་སྟེ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྒྱན་གྱིས་བཞག་ནས། ཆོས་ཀྱི་སྐུར་ཡེ་ནས་གནས་པའོ། །སེམས་དང་བག་ཆགས་གཉིས་མེད་གདོད་ནས་འདྲེས་ཤིང་མཚུངས། ཞེས་པ། གཅིག་གི་དངོས་པོར་ཡང་གྲུབ་པ་མེད་བཞིན་དུ། བསླད་པས་སེམས་དང་བག་ཆགས་ཞེས་མིང་བླ་དྭགས་སུ་བཏགས་ཤིང་ཕྱེ་ཡང་། བག་ཆགས་ཀྱི་རྟོག་པ་ཉིད་སྒྱུ་མར་སྣང་བས། རྫས་སུ་གྲུབ་པ་མེད་དེ་ཉི་མ་དང་ཟེར་བཞིན། ཉི་ཟེར་དྲོ་ཞིང་སྣང་ཡང་གཟུགས་སུ་མེད་པ་བཞིན་བག་ཆགས་དང་དངོས་པོ་མེད་པ་ཆོས་ཉིད་དུ་ཡེ་ནས་གནས་པ། བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། ཡང་དག་པར་ཆོས་ཀྱི་སྐུར་དབྱེར་མེད་ཅིང་གཅིག་པའི་ཕྱིར་རོ། །དེ་བས་ན། འཛིན་པས་བརྟགས་ཤིང་སྣང་བའི་ཆོས་རྣམས་ནི། ཞེས་པ། སེམས་དངོས་པོ་མེད་པ་ལ་འཁྲུལ་པས་མཚན་མར་བཟུང་ནས་བརྟགས་པས། ཆོས་སྣ་ཚོགས་སུ་སྣང་བ་རྣམས། རང་རིག་རྒྱན་དུ་སྣང་བས་མི་འདོར་ལེན་མི་བྱེད། ཞེས་པ། དེ་ལྟར་སྣང་བའི་ཆོས་རྣམས་ནི། རང་གི་བྱང་ཆུབ་ཀྱི་སྙིང་པོ་ལས། ཆོས་ཉིད་དུ་འཆར་བ་ཉིད་ཡིན་པའི་རྒྱན་དུ་སྣང་བའོ། །ཐམས་ཅད་མཉམ་པ་ཉིད་དེ་ཡེ་ནས་སངས་རྒྱས་པའི་གཅིག་པའི་ཕྱིར་བླང་དོར་བྱར་མེད་དོ། །རྣམ་པ་ཅིར་ཡང་མི་དགོངས་ཐབས་ཀྱིས་དེ་ལ་རོལ། ཞེས་པ། དེ་ཉིད་ལས་ཤར་བའི་སྣ་ཚོགས་སྨིག་རྒྱུ་ལྟར་སྣང་ཡང་། དེའང་རང་བཞིན་ལ་ཅིར་ཡང་དམིགས་སུ་མེད་པའི་ཀློང་ནས་ཤར་བས། དེ་དག་ཆོས་ཉིད་དུ་རོལ་བའི་ཐབས་ཀུན་ཏུ་བཟང་པོར་སྣང་བར་ཟད། རྣམ་དག་ལམ་དེར་ཞུགས་པས་ཐིག་ལེ་ཆོས་སྐུ་ཐོབ། ཞེས་པ། ཆོས་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པས་ད་བཙལ་དུ་མེད་པར་བྱང་ཆུབ་སྙིང་པོར་ལྷུན་གྱིས་གྲུབ་པའི་དོན། རང་ལ་གནས་པར་ཤར་ཉེ་བའི་ལམ་དུ་ཞུགས་པ་སྟེ། དེ་ལ་སྐྱེ་འཆི་མེད་པར་ནམ་མཁའ་ལྟར་ཁྱབ་པ་ནི། ཐིག་ལེ་ཆེན་པོ་སྟོན་ཏེ། ཡེ་ནས་གནས་པ་གསལ་བ་ཐོབ་པའི་དོན་ཏོ། །ལོ་རྒྱུས་དོན་ཉིད་ཚད་མའི་རྟོག་བློར་བཞག་ནས་ནི། ཞེས་པ་དེ་ལ། བྱང་ཆུབ་ཀྱི་སེམས་ཞེས་ཀྱང་གདགས་སུ་མེད་པར་གསལ་བ་ལ། རྒྱུད་ལ་སོགས་པའི་ལོ་རྒྱུས་ཀྱི་ཚིག་དོན་དུ་བཟུང་ནས་འཁྲུལ་པའི་ཕྱིར་རོ། །ཏིང་འཛིན་གསུམ་པོར་བརྟགས་ནས་གྲུབ་པའི་མཐར་འཛིན་པས་ཞེས་པ། གཟུང་འཛིན་ལས་འདས་པའི་བྱང་ཆུབ་ཀྱི་སེམས། ཆོས་ཀྱི་སྐུར་ཡེ་ནས་གྲུབ་ཟིན་པ་ལ། མ་ཧཱ་ཡོ་ག་ལ་སོགས་པ་རྩོལ་སྒྲུབ་བྱེད་པ་ནི། འཛིན་པའི་རྟོག་པས་ཡུལ་གྲུབ་པ་ཅན་ལོགས་ན་ཡོད་པར་དཔྱོད་ཅིང་། སངས་རྒྱས་གཞན་ནས་ཐོབ་པར་འཛིན་པ་ནི་འཁྲུལ་ཏོ། རྩོལ་བྲལ་བདེ་ཆེན་ལུང་ལས་གོལ་ཏེ་འཁྲུལ་པ་ཡིན། ཞེས་པ་ལྷུན་གྱིས་གྲུབ་པའི་ཐིག་ལེ་བསྟན། རྩོལ་བའི་བསམ་པ་དང་ཡེ་ནས་བྲལ་བའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པ། སྐྱེ་འཆི་མེད་པའི་ལུང་ལས་གོལ་བས་འཁྲུལ་པ་སྟེ། དཔེར་ན་འོ་མ་འདོད་པ་རྭ་ལ་འཇོ་བ་དང་འདྲའོ། །བྱ་བྲལ་ལྷུན་རྫོགས་བདེ་བའི་ཡུལ་ལ་ཡེ་ནས་གནས། ཞེས་པ། ཡེ་ནས་གྲུབ་ཟིན་པས་དབྱེར་མེད་པས་བྱང་ཆུབ་ཆེན་པོའི་ཡུལ་ཆོས་ཀྱི་དབྱིངས་ནི། ཡེ་ནས་བཙལ་དུ་མེད་པའི་སངས་རྒྱས་པའི་ཕྱིར་རོ། །ཡེ་ཤེས་རང་བྱུང་རྟེན་མེད་ཆེ་བའི་སྙིང་པོ་ཉིད་ཞེས་པ། སེམས་ཆོས་ཉིད་ཡེ་ནས་ཡིན་པར་ཤར་བས་དེ་གཞན་ལས་མི་འབྱུང་། དེ་ཉིད་ལས་རང་བྱུང་བས་སོ། །རྟེན་མེད་ནི། རང་བཞིན་བྱ་བརྩལ་དང་བྲལ་བས། རྒྱུ་རྐྱེན་ལ་མ་བརྟེན་པར་ཡེ་ནས་རིལ་ཆོས་ཀྱི་སྐུར་ལྷུན་གྱིས་རྫོགས་ཏེ། བདེ་བ་ཆེན་པོ་ཆེ་བའི་སྙིང་པོ་ནི། སེམས་རང་གི་སྙིང་པོ་ལས། ཆོས་ཐམས་ཅད་ཆོས་ཉིད་དུ་ཤར་ནས། ཀུན་ལ་ཁྱབ་པར་གནས་པའི་སྙིང་པོ་ཉིད་ཡིན་པའི་ཕྱིར་རོ། །མི་གཡོ་མི་འགྱུར་རྣམ་གྲོལ་བསྙད་པ་ཀུན་དང་བྲལ། ཞེས་པ། ཡེ་ནས་ཆོས་ཀྱི་སྐུར་གནས་པ་དེ། ད་ཅི་བསླད་ཀྱང་དངོས་པོར་མི་གཡོ། མི་འགྱུར་བའི་གཡུང་དྲུང་ནམ་མཁའ་ལྟར་གནས་པས། ཡེ་ནས་རྣམ་པར་གྲོལ་བའི་ལམ་ཡིན། ཚིག་དང་ཡི་གེ་ལས་འདས། གཟུང་འཛིན་ཡུལ་དང་ཡེ་ནས་བྲལ་ལོ། །ཟིན་པའི་བདུད་རྩིས་རྩོལ་བའི་སྡུག་བསྔལ་ནད་རྣམས་འཇོམས། ཞེས་པ། ཡེ་ནས་ལྷུན་གྱིས་གྲུབ་ཟིན་པས། སྐྱེ་འཆི་མེད་པའི་བདུད་རྩི་སྟེ། བཙལ་དུ་མེད་པས་ཆོས་ཀྱི་སྐུའི་ཐ་སྙད་ལས་འདས་པ་ལ། སྡུག་བསྔལ་ནི་ཐེག་མ་འོག་མ་པ་དང་། འཁྲུལ་པ་རྣམས་གྲུབ་པའི་ཡུལ་ཆོས་ཉིད་ལོགས་ནས་ཚོལ་བ་ནི། དམུས་ལོང་ལམ་མཁན་བྱེད་པ་འདྲའོ། །དེ་འཇོམས་པ་ནི་བརྩལ་མི་དགོས་པར། རྩོལ་བ་ཆོས་ཉིད་དུ་ཤར་ནས། སྡུག་བསྔལ་ཤེས་རབ་གྱི་མེས་འཇོམས་པའི་ཕྱིར། རྩོལ་བྲལ་བདེ་བའི་ངང་ལ་ཡེ་ནས་ཇི་བཞིན་གནས། ཞེས་པ། སེམས་རྩལ་སྒྲུབ་ཡུལ་ལས་འདས་ནས། ཆོས་ཉིད་བདེ་བ་ཆེན་པོའི་ངང་དུ་ཡེ་ནས་མ་བཅོས་པར། ནམ་མཁའ་ཇི་བཞིན་དུ་སངས་རྒྱས་པ་གནས་པའི་ཕྱིར་རོ། །དེ་ལྟར་ཆོས་རྣམས་ཐིག་ལེར་གདོད་ནས་རང་བཞིན་པས། ཞེས་པ། དེ་ལྟ་བས་ན་ཕྱི་ནང་གི་ཆོས་ཐམས་ཅད་ཀྱང་། གདོད་མ་ནས་མ་བརྩལ་བར་ཀུན་ལ་ཁྱབ་པས་ཐིག་ལེ་སྟེ། སྐྱེ་འཆི་མེད་པ་ནམ་མཁའ་ལྟར་ཡེ་ནས་སངས་རྒྱས་པའི་རང་བཞིན་ནོ། །སྤྲོ་བ་མེད་ཅིང་བསྡུ་བ་མེད་པས་བདལ་བ་ཆེ། ཞེས་པ། དེས་ཀུན་ལ་ཁྱབ་ཅིང་མ་བྲལ་བས་སྤྲོ་བསྡུ་བྱར་མེད། ཡེ་ནས་ཁྱབ་པའི་ཡེ་ཤེས་ནམ་མཁའ་ལྟར་གནས་པས་ཆེ། སྐྱེ་བ་མེད་ཅིང་འགག་མེད་གཡུང་དྲུང་རང་བཞིན་གནས། ཞེས་པ། གདགགས་པའི་ས་བོན་དང་བྲལ་བས་སྐྱེ་བ་མེད་ལ། མ་སྐྱེས་ན་ཅི་ཞིག་འགག་སྟེ། དེ་ཉིད་ཆོས་ཐམས་ཅད་ཆོས་ཉིད་དུ་ཤར་ཅིང་འཆར་བས། གཡུང་དྲུང་གི་ཆོས་མཉམ་པ་ཉིད་ནམ་མཁའ་ལྟར་མཉམ་པས་གཡུང་དྲུང་ཆོས་ཀྱི་སྐུའི་རང་བཞིན་དུ་སངས་རྒྱས་པའི་ཕྱིར་རོ། །དངོས་མེད་མཚམས་མེད་ཅིར་ཡང་མི་གནས་བསམ་ལས་འདས། ཞེས་པ། ཁ་དོག་དང་དབྱིབས་ལས་འདས་པས། མཚན་མའི་ཡུལ་གང་ལ་ཡང་མི་གནས་པས། ནམ་མཁའི་རྒྱུ་དང་འདྲ་བས་ཅིར་ཡང་དམིགས་སུ་མེད་དོ། །རྩོལ་སྒྲུབ་ཀྱི་བསམ་པ་དང་ཡེ་ནས་བྲལ་ལོ། །རྣམ་པར་མི་རྟོག་ཡེ་ཤེས་སྙིང་པོ་བརྩལ་མེད་འདི་ཞེས་པ་དེའི་རང་བཞིན་བརྟག་པའི་ཡུལ་རྣམས་དང་བྲལ་བས། ཆོས་ཉིད་མི་རྟོག་པའི་དབྱིངས་ཞེས་བྱའོ། །ཡེ་ཤེས་སྙིང་པོ་ནི། སེམས་ཆོས་ཀྱི་དབྱིངས་སུ་གནས་པ། མི་གཉིས་པའི་ཀློང་ནས་རང་བྱུང་དུ་ཤར་བས། ཡེ་ཤེས་སྙིང་པོ་སྟེ། ཆོས་མཉམ་པ་ཉིད་དུ་བཙལ་བ་མེད་པར་སངས་རྒྱས་པ་འདི་ནི། ནམ་མཁའི་མཐའ་བཞིན་ཡེ་ནས་ཁྱབ་པར་གནས་པར་ན་ཞེས་པ། ནམ་མཁའ་ཀུན་ལ་བདལ་བ་བཞིན། སེམས་ཡེ་ནས་བཙལ་དུ་མེད་པར་ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང་། ཆོས་ཀྱི་སྐུ་སངས་རྒྱས་པར་གནས་ཞེས་བྱའོ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས་པས་མཐའ་དབུས་བྲལ། ཞེས་པ། བྱང་ཆུབ་ཀྱི་སེམས་ནི་འདི་ཞེས་བརྟག་པའི་ཡུལ་དང་བྲལ་བས། ཚིག་ཏུ་བརྗོད་ཅིང་དམིགས་སུ་མེད་དེ། གཟུང་འཛིན་ཉིད་ཡེ་ནས་མྱ་ངན་ལས་འདས་པས་སེམས་ཉིད་ཆོས་ཀྱི་སྐུ་ནམ་མཁའ་ལྟར་མ་བཅོས་མ་བྱས། མ་བསྒྲུབས་པའི་བདེ་བ་ཆེན་པོར་ཡེ་ནས་གནས་པ། རང་ལས་མ་བཙལ་བར་ནམ་མཁའ་ལྟར་ཁྱབ་ཅིང་རྣམ་པར་གནས་པར་བསྒོམ་པའོ། །མན་ངག་ལྟ་བའི་རྩ་འགྲེལ་རྫོགས་པ་བཞིན། སེམས་ཅན་ཐམས་ཅད་ཆོས་ཀྱི་སྐུར་སངས་རྒྱས་པར་རྫོགས་སོ།། །།མན་ངག་རྒྱལ་པོ་རྫོགས་པ་ཆེན་པོའི་མདོ། ཨ་ཏི་ཡོ་གའི་བསམ་གཏན་ཆེ་བ་འདི། བྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན་དང་། རྫོགས་ཆེན་བསྒོམ་པ་སྤྱན་གྱི་འབྲས་བུ་བསྒྲགས། ཐིག་ལེའི་ཀློང་དྲུག་ལུང་ཕྲན་བཅུ་གཅིག་འགྲེལ། ཚིགས་སུ་བཅད་པ་བཅུ་གཉིས་དོན་གྱི་བརྡའ་རུ་གསུངས། བློ་གསལ་སྐྱེས་བུ་ཐུགས་ཀྱི་རྒྱན་དུ་དཀྲོལ་ཞིང་བཤད། ཡེ་ཤེས་གདེང་ལྡན་སྔོན་སྦྱངས་གདུང་རབས་རྒྱུད་དོན་རྫོགས།། །།དགེའོ། །

བྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན་འགྲེལ་། འཇམ་དཔལ་བཤེས་གཉེན།

བྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན་ཞེས་བྱ་བའི་འགྲེལ་པ་བཞུགས། །བྱང་ཆུབ་ཀྱི་སེམས་སྒོམ་པ་ཞེས་པ། མཚན་ཐོག་མར་བཤད་པ། མ་འོངས་པ་སྐལ་པ་མཆོག་དང་ལྡན་པ་དག་ཚིག་གི་དངོས་དོན་མ་ནོར་བར་མཇལ་བར་འགྱུར་བའི་ཕྱིར་དང་། མཚན་གྱི་དོན་ཟབ་མོ་ཡིན་པར་ཡིད་ཆེས་པར་བྱ་བའི་ཕྱིར་སྨོས་པའོ། །དེ་ལ་རང་གི་སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱི་འོད་གསལ་བ་དེ་བསལ་སྤངས་མེད་པར་ངང་གིས་མཐའ་བཞི་དང་རྩོལ་བ་རྣམ་པར་དག་པ་ཉིད་དུ། འོངས་བསྡུས་མེད་པར་རིལ་འུབ་ཆུབ་ཉིད་ཐམས་ཅད་མཁྱེན་པ་བཞིན་མི་གཡོ་བའོ། །དེ་རྗེས་སུ་འཇུག་པ་པོས་བློའི་རྟེན་མེད་པར་གནས་པ་དང་། ཡུལ་དུ་མ་དམིགས་པར་མ་བྲལ་བ་ནི་གནས་པ་དག་བྱེད་པས་མི་འཐོབ་བོ། །དེ་ཡང་རྒྱས་པར་འཆད་པ་ནི། བྱང་ཆུབ་སེམས་དང་པོར་ལྟ་བས་ཐག་གཅད་པ་དང་། སྒོམ་པས་ཉམས་སུ་བླང་བ་དང་། སྤྱོད་པས་མི་གོས་པར་བྱ་བ་དང་། མོས་ཤིང་འདུད་པའོ། །ཐག་གཅད་པ་ལ་གསུམ་སྟེ། གཏན་ཚིགས་དང་། ལོག་ལྟའི་དངོས་པོ་རང་གི་ལོ་རྒྱུས་ཀྱིས་མ་གྲུབ་པར་བྱ་བའི་ཕྱིར། གོལ་སྒྲིབ་རིམ་པར་སུན་ཕྱུང་ལ་མ་ནོར་བའི་དོན་བཙལ་བ་དང་། རང་གི་ལྟ་བ་སྙེམས་ཤིང་གཞན་གྱི་ལྟ་བ་ཁྱད་དུ་གསོད་པའི་སྐྱོན་ནོ། །དེ་ལ་གཏན་ཚིགས་ལ་ཡང་གཉིས་ཏེ། ཐུན་མོང་མ་ཡིན་པའི་ཚད་མས་རྟོགས་པར་བྱ་བ་དང་། ཐུན་མོང་གི་ཚད་མ་མི་བདེན་པར་སུན་ཕྱུང་སྟེ་དོར་བའོ། །གོལ་སྒྲིབ་ལ་བརྒྱད་དེ། སྐྱེ་བོ་པ་དང་། མུ་སྟེགས་དང་། ཉན་ཐོས་དང་། རང་རྒྱལ་དང་། སེམས་ཙམ་པ་དང་། དབུ་མ་པ་དང་། གསང་སྔགས་པ་དང་། མན་ངག་གི་གོལ་སའོ། །དེ་རེ་རེའང་གོལ་སྒྲིབ་ཀྱི་ངོ་བོ་དང་། མི་བདེན་པར་སུན་ཕྱུང་སྟེ་དེ་ལ་མི་གནས་པ་གཉིས་སམ་གསུམ་དུའང་འགྱུར་རོ། །ཉམས་སུ་བསྒོམ་པས་བླང་བའང་། སྒོམས་པ་མ་ནོར་བ་དང་། བསྒོམ་པའི་གོལ་སྒྲིབ་དང་གཉིས་སོ། །གཞུང་ལའང་བློ་གཞག་ཅིང་བསྒོམ་ཐབས་དྲིས་པ་དང་། ལན་ལྟ་བ་ཚོལ་ལ་སྒོམས་ཅིག་པ་དང་། སྒོམས་ཤིག་པར་ཡོན་ཏན་བརྗོད་དེ་གདམས་པ་དང་། བློ་གཞག་ཐབས་དང་། སྒོམ་པའི་རང་གི་ངོ་བོ་དང་། ཉམས་བརྟན་པའི་ཚད་དང་། བློ་བཅོས་ཐབས་མ་ནོར་བ་དང་ནོར་བའི་བྱེ་བྲག་དང་། བསྒོམས་པའི་རྟགས་དང་། བསྒོམ་པ་གཞན་གྱིས་འཚང་མི་རྒྱ་བ་དང་། སྒོམ་པའི་འབྲས་བུ་དང་། འབྲས་བུ་ཐོབ་པས་བསྒོམ་པ་མ་ནོར་བའི་ལམ་དུ་བསྟན་པ་དང་བཅུ་གཅིག་གོ །སྒོམ་པའི་གོལ་སྒྲིབ་ལ་གཉིས་ཏེ། བླང་དོར་ཅན་སྒོམ་པས་འདི་མི་རྟོགས་པ་དང་། དེ་ལ་བཟླ་བའོ། །སྤྱོད་པ་ལའང་བཞི་སྟེ། བློ་ཆེ་བས་བླང་དོར་མེད་པའི་སྤྱོད་པ་མ་ནོར་བར་བསྟན་པ་དང་། ཤེས་རབ་ཀྱིས་མ་ཟིན་པའི་སྤྱོད་པ་གོལ་བ་དང་། ཤེས་རབ་དང་ལྡན་ན་རིལ་ཡང་དག་པའི་སྤྱོད་པར་བསྟན་པ་དང་། འདི་མ་གོ་བ་ལ་ཐུགས་རྗེས་མི་དོར་བའོ། །ཐ་མ་སྒོམ་རྟོགས་ཀྱི་སྐལ་པ་མེད་པས་བྱང་ཆུབ་སེམས་ལ་མོས་པ་ལའང་མོས་པའི་ཡོན་ཏན་གྱི་བྱེ་བྲག་གསུམ་དང་། བསོད་ནམས་ཀྱི་ཚད་བསྟན་པའོ། །དེ་དག་ལས་ཀྱང་སྐབས་ཀྱི་དབྱེ་བ་དང་བཅས་པར་སྟོན་པ་ནི། གང་ཟག་རས་ཆོད་ཅན་གྱི་ཆེད་དུ་གབ་ཅིང་དཀྲུགས་ནས་འཆད་པར་འགྱུར་རོ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ཉིད་ཀྱིས་མན་ངག་གི་དོན་དང་མི་འགལ་བར་དཀོན་མཆོག་གསུམ་མཆོད་པས་བྱས་པ་ཐམས་ཅད་ཆུད་མི་གསན་པའི་ཕྱིར། བདག་མེད་གཉིས་ཉིད་བདེ་བར་གཤེགས། མི་རྟོག་ཡེ་ཤེས་ཆོས་དབྱིངས་སྐུ་བརྙེས་པ། ཞེས་པ། སངས་རྒྱས་ལ་འདུད་པ་སྟེ། སྐབས་འདིར་དངོས་པོ་གཉིས་པའི་ཆོས་རྣམས་བདག་ཉིད་ཆེན་པོའི་ངོ་བོར་སངས་རྒྱས་པ་ལ་རྣམ་པ་མེད་པས། ཆོས་དང་གང་ཟག་ལས་གྲོལ་བའི་རང་བྱུང་གི་ཡེ་ཤེས་ནི་འདུ་ཤེས་ཐམས་ཅད་དང་བྲལ་བའི་ཕྱིར། སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་མུ་དང་མཐའ་མེད་པས། ཡེ་ནས་དབྱིངས་དང་ཡེ་ཤེས་འབྱེད་པའི་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པས་བརྗིད་ཆེ་ལ་ཀུན་གྱི་གཞིར་གྱུར་པ་ནི་ལྷག་པའི་ཆོས་སྐུ་སྟེ། དེ་ཉིད་རང་རིག་པའི་མངོན་སུམ་དུ་བྱས་པ་ནི་ཡང་དག་པའི་སངས་རྒྱས་སོ། །ཀུན་གྱི་རང་བཞིན་ཞི་བ་འདི་ལ་བསལ་ཞིང་བླ་མེད་ལམ་མཆོག་སྟེ། ཞེས་པ་ཆོས་ནི། ཆོས་སོ་ཅོག་གི་ངོ་བོ་མི་གནས་པའི་ཡེ་ཤེས། ངོ་བོའི་སྤྲོས་པ་དང་ཡུལ་གྱི་སྤྲོས་པའི་ཟུག་རྔུ་མ་སྤངས་པར་བྲལ་བའི་དོན་ངེས་པར་བསྟན་པ་ལ། བླང་དོར་མེད་པའི་དོན་ཉིད་ཆེད་དུ་བྱེད་པའང་མེད་པ་ནི། བགྲོད་དུ་མེད་པར་མཐར་ཕྱིན་པར་བྱེད་པས་ཤུལ་གྱི་དམ་པ་ཨ་ཏི་ཡོ་གའི་བསྟན་པའོ། །མི་ལྡོག་པ་ལ་སོགས་ཏེ་དབང་བཅུ་རྒྱལ་བ་ཀུན་དང་གཅིག་བརྙེས་པ། ཞེས་པ་རྒྱུའི་ས་དང་པོ་འཁོར་བར་མི་ལྡོག་བསྡུ་བའི་སྒྲས། གཉིས་པ་ཉན་ཐོས་ཞི་བ་ཕྱོགས་གཅིག་པའི་མུར་མི་ལྡོག །གསུམ་པ་མཚན་མ་སྤྲོས་པའི་སར་མི་ལྡོག །བཞི་པ་ཀུན་རྫོབ་གྱི་ཀླུང་དུ་མི་ལྡོག །ལྔ་པ་ཡིད་ཀྱི་ལམ་དུ་མི་ལྡོག །དྲུག་པ་ཕྱིར་སྦྱོར་བའི་ལམ་དུ་མི་ལྡོག །བདུན་པ་དམིགས་པའི་དངོས་གཞིར་མི་ལྡོག །བརྒྱད་པ་མཚན་མར་མི་ལྡོག །དགུ་པ་བློ་གྲོས་གྱི་མཆོག་ཏུ་མི་ལྡོག །བཅུ་པ་ཡུལ་གྱི་དངོས་གཞིར་མི་ལྡོག་པའི་ཆོས་ཀྱི་སྤྲིན་གྱི་ས་པ་མན་ཆད་ཀྱིས། ཚེ་ལ་དབང་བ་ནས་ཡེ་ཤེས་ལ་དབང་བའི་བར་ཐོབ་པ་དང་། རིག་པ་འཛིན་པ་དང་དྲང་སྲོང་དང་བཅུ་གཅིག་པའི་ས་པ་ཐུན་མོང་གི་སངས་རྒྱས་ལ་སོགས་པ་རིལ། བྱང་ཆུབ་སེམས་ཀྱི་ངང་མ་འདྲེས་ལ་ཡོངས་སུ་རྫོགས་པར་རྟོགས་པའི་སྐྱེས་བུ་ནི་ཀུན་ཏུ་བཟང་པོ་ཉིད་དང་དགོངས་པ་གཅིག་པའི་དོན་རྙེད་པས་ཡང་དག་པའི་དགེ་འདུན་ནོ། །གསུམ་པོ་མཉམ་ཉིད་དེ་ལ་མཚན་མེད་ཡིད་ཀྱི་རབ་ཏུ་དད་པས་མོས། ཞེས་པ། གྲགས་པའི་དབང་དུ་མཆོད་པའི་རྟེན་དཀོན་མཆོག་གསུམ་པོ་ཉིད། དམན་པའི་ངོ་ལ་རྟོགས་བྱ་རྟོགས་བྱེད་རྟོགས་པའི་འབྲེལ་པས་མཉམ་པ་ལྟ་བུ་མ་ཡིན་ཏེ། རང་རིག་པ་བྱང་ཆུབ་སེམས་ཉིད་གསུམ་དུ་རང་སྣང་བ་ལས་གསུམ་པོ་རང་རྒྱུད་པ་མེད་པའི་ཕྱིར་མཚན་ཉིད་བཟང་ངན་མེད་པའི་གཞི་དེ། སྐྱེས་བུ་ཆེན་པོས་བདག་ཉིད་དུ་མཁྱེན་པས་འདུ་ཤེས་ཀྱིས་ཟིན་པ་མེད་པའི་རིག་པས་བྲལ་བ་མེད་པར་མཇལ་བ་ནི་མཆོད་པ་ཆེན་པོ་སྟེ། ཕུལ་བ་མེད་པར་བླ་མ་ཉེས་པའོ། །ཁས་བླངས་པའི་གཞུང་གི་དོན་བྱང་ཆུབ་སེམས་ཡོན་ཏན་ཆེ་བས་སྒོམས་ཤིག་པར་གདམས་བསྟན་པའི་ཕྱིར། སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་པ་ཀུན་གྱིས་མཚུངས་པར་རབ་བསྔགས་པ། ཞེས་པ། དག་པ་དང་མ་དག་པའི་གདུལ་བྱ་ལ། སྐུ་གསུང་ཐུགས་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བའི་རྒྱལ་བ་རྣམ་གསུམ་དང་ལྔ། མ་རིག་པའི་མུན་པ་སེལ་བའི་མཁན་པོར་གྱུར་པ་རྣམས་ཀྱིས། མཚུངས་པ་བཞི་དང་ལྡན་པར་བྱང་ཆུབ་སེམས་ལ་ཞེ་ཕུགས་དམ་པར་མཛད་པའོ། །དེའི་ངོ་བོ་ཉིད་གང་སྙམ་པ་ལ་ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་འཇམ་དཔལ་གཞོན་ནུའི་སྙིང་པོ་ཉིད་ཞེས་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཇི་སྙེད་པའི་ངོ་བོར་བྱང་ཆུབ་སེམས་གནས་ལ། དེའི་ཕྱིར་ཐམས་ཅད་ཀྱི་དེམས་བཅུད་དམ་པར་རང་རིག་གྱུར་པ་དེའི་མཚན་ཉིད་དམ་ངོ་བོ་ནི། བཤད་པའི་ཟུག་རྔུ་གཉིས་དང་བྲལ་བས། ཡེ་ལེགས་པ་ཆེན་པོར་བཞུགས་ཤིང་། བདེ་ལེགས་སྦྱིན་པར་ཡང་བྱེད་པ་ལ། འགྱུར་ལྡོག་མེད་པས་མིང་འཐོབ་པ་ནི། སྙིང་པོ་བྱང་ཆུབ་ལྷུན་གྱིས་རྫོགས་པས་བསམ་བརྗོད་ལས་འདས་པའོ། །བདེར་གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག་གོ །ཞེས་པ་དེ་ལྟ་བུའི་བྱང་ཆུབ་སེམས་འདི་རྟོགས་པ་མངོན་དུ་བྱས་པས། རྒྱལ་པ་ཀུན་གྱི་ཡང་དག་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དངོས་ཡིན་ཏེ། ལམ་འདི་མ་རྟོགས་ན་ལམ་གཞན་གྱིས་འཚང་མི་རྒྱ་བའི་ཕྱིར། རྨད་དུ་བྱུང་བ་ལས། རྟོགས་མཛད་སངས་རྒྱས་ཐམས་ཅད་ཀྱང་། བྱང་ཆུབ་སེམས་འདིས་མཉེས་འགྱུར་ནས། སྐད་ཅིག་ཉིད་ལ་དོན་རྟོགས་ཏེ། སྙིང་པོ་བྱང་ཆུབ་ཉིད་དུ་གྱུར། །རྡོ་རྗེ་གདན་ལ་ཡང་སངས་རྒྱས། །ཞེས་གསུངས་སོ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞི་གྱུར་པ། རྣམ་དག་བྱང་ཆུབ་སེམས་ཀྱི་ངང་ཚུལ་བསྒོམས་པ་དང་། ཞེས་པ། ཉན་ཐོས་ཀྱི་བསྲུང་བ་ཉིས་བརྒྱ་ལྔ་བཅུ་དང་། དངོས་པོ་གཞན་བསྡུ་བ་ནི། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བཅུ་དང་། ས་བཅུ་ལམ་ལྔ་དང་། གསང་སྔགས་ཀྱི་གཙང་བའི་སྤྱོད་པ་དང་། ཏིང་ངེ་འཛིན་གྱི་སྤྱོད་པ་དང་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། ཚོགས་ཀྱི་སྤྱོད་པ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སོ་སོའི་ལམ་བཅུ་གཅིག་པ་དང་། ལྔ་དང་གཉིས་དག་གཅིག་ལ་སོགས་པ་ཆུ་ཐིགས་སྙེད་ཀྱི་རྩ་བ་ནི། བྱང་ཆུབ་སེམས་ཡིན་པ་ལ་དེ་ཉིད་ནི་རྣམ་པ་ཐམས་ཅད་པའི་ཕྱིར། རྣམ་པར་བྲལ་བའི་རང་རིག་པ་ཇི་བཞིན་པའི་ལུགས་མ་ནོར་བར་སྒོམས་ཤིག་པར་གདམས་པའོ། །བསྒོམས་པའི་འབྲས་བུ་གང་སྙམ་པ་ལ། ཡོན་ཏན་ཁྱད་པར་ནི། བློ་ལྡན་ནམ་ཞིག་སེམས་ཀྱི་དམ་པ་དེ་ནི་མངོན་དུ་གྱུར་པ་ན། །ཞེས་པ། བསྒོམས་པའི་ལེགས་པ་ངོ་མཚར་ཅན་འབྱུང་བའི་དུས་དང་ངོ་བོ་ནི། གཟའ་གཏད་དང་བྲལ་བའི་ཤེས་རབ་ཡོད་པས། དམིགས་པ་དང་བྲལ་བར་བསྒོམས་པ་ན། ཕྱིས་རང་རིག་པའི་དོན་ཟབ་མོ་དེ། ལས་སུ་རུང་སྟེ་རང་རིག་པའི་མངོན་སུམ་དུ་བྱས་པའི་ཚེ་འབྲས་བུར་རང་འཆར་རོ། །འོ་ན་ཕྱི་དུས་སྨོས་པས་འོག་མ་དང་ཆ་འདྲའོ་ཞེ་ན། འདིར་གྲུབ་ཟིན་པས་སྐྱེད་མི་འདོད་པའི་ཕྱིར་ལས་འཕྲོ་ལ་རག་མ་ལུས་ཏེ། རེ་ཤིག་ཐ་སྙད་ཀྱི་རྟོག་སྒྲིབ་བརྩོན་པ་ཆེ་ན་ཞག་དང་ཟ་མ་དང་ལོ་དང་ཟླ་བས་ཀྱང་རང་འདག་སྟེ་ཤིན་ཏུ་མྱུར་བའི་དུས་སོ། །དེ་ལ་སྐུ་གསུམ་མཆོག་ཏུ་གྱུར་པ་ཆོས་ཀྱི་སྐུ་ཞེས་རྒྱལ་བས་གསུངས། ཞེས་པ། རྟོགས་པ་མངོན་དུ་བྱས་པའི་རིག་པ་ལས་སྙེགས་པས་དེ་ཉིད་གཞིར་གྱུར་པ་དེ་ནི། རང་རིག་པ་རང་བྱུང་གི་ཡེ་ཤེས་རྣལ་འབྱོར་མངོན་སུམ་བྱེད་པ་ལས་འདས་པ་ཉིད་ནི། སྐུ་གཉིས་ཀྱི་རྩ་བ་ཆོས་སྐུ་ཆེན་པོ་ཉིད་ཡིན་པར་དཔའ་བོས་བཀའ་སྩལ་པའོ། །ཤེས་བྱེད་དམ་པར་གྱུར་པས་ཤེས་རབ་སྤྱན་ཞེས་ཀྱང་ནི་དེ་ལ་བྱ་ཞེས་པ། དེ་ཉིད་སྤྱོད་ཡུལ་ཐམས་ཅད་ཡུལ་མེད་པར་མཁྱེན་པས་ཐ་སྙད་དུ་མིང་འཐོབ་སྟེ། རྣམ་པའི་མཆོག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཡིན་ནོ། །རྡོ་རྗེ་རྩེ་མོ་མཆོག་ཉིད་མི་རྟོག་ཡེ་ཤེས་དེ་ཡང་དེ་ཉིད་དོ། །ཞེས་པ་བརྩལ་བ་མེད་པ་དང་། འདུས་མ་བྱས་པ་དང་། རྒྱུད་དུ་མི་སྐྱེ་འཇིག་པ་དང་། མི་ཕྱེད་པ་དང་། འཇོམས་པ་ལྔའི་ངོ་བོར་བཞུགས་པའི་རང་རིག་པ་ནི། ཤིན་ཏུ་སྤགས་པ་དང་། འབིགས་པ་དང་། ཡུལ་མེད་དེ་ཅིག་པུ་པས་ཁྱད་པར་གྱུར་པས་ངེས་ཚིག་འགྲུབ་ལ། དེ་ཉིད་ཀྱི་ངོ་བོ་ནི་རྒྱལ་བའི་མི་རྟོག་པའི་ཡེ་ཤེས་ཆེན་པོ་སྟེ་དེའང་དེ་ཉིད་ཏེ་དེས་ན་ལེགས་པ་ཐམས་ཅད་ཀྱི་དངོས་པོ་ཡིན་པར་འགོ་སྨོས་སུ་ཟད་དོ། །དེ་བས་ན་བྱང་ཆུབ་སེམས་ནི་མ་ནོར་བའི་ལམ་གྱི་ཡོན་ཏན་དུ་བསྟན་པའི་ཕྱིར། ཇི་སྙེད་འཕགས་པའི་རྣམ་གྲོལ་ཆོས་སུ་བསྙད་པ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་ཉིད་རྫོགས་ལས་དེའི་ཡོན་ཏན་དེ་དག་ལས་འབྱུང་། ཞེས་པ། མང་པོའི་སྒྲས་རྒྱལ་བའི་རྣམ་པར་ཐར་པའི་ཆོས་སུ་བཏགས་པ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ་དང་སངས་རྒྱས་ཀྱི་མངོན་པར་ཤེས་པ་དྲུག་དང་དཀར་པོ་བདུན་བྱ་བ་ལ་སོགས་པ་རིལ་ཡང་། བྱ་བརྩལ་དང་བྲལ་བས་དོན་སྐྱོད་དུ་བྱ་བ་མེད་པར་མཐར་ཕྱིན་པའི་རིག་པ་ཉིད་རྒྱལ་བའི་ཡོན་ཏན་རིལ་དུ་རང་ཤར་བ་ནི་ཐ་སྙད་དུ་འབྱུང་ཁུང་ངོ་། །འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་དོ། །ཞེས་པ། རྒྱལ་བའི་རྒྱུད་ཁྱད་པར་ཅན་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་སྐྱེ་ཤི་མི་མངའ་བས་བྱང་ཆུབ་ཆེན་པོ་ལས་མི་གཡོ་བར་རིལ་ཚར་གཅད་པས་མིང་འཐོབ་པའོ། །དེ་བས་ན་གསང་བ་ཐེག་པ་ཆེན་པོའི་རིག་པ་འཛིན་པ་ཕྱིར་མི་ལྡོག་པ་དགོངས་པ་དེ་ཁོ་ན་ཉིད་དུ་གསལ་བས་སྒྲིབ་པ་འཇོམས་པ་ཇི་སྙེད་པའང་། ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས་བཤད་པའི་དོན་མེད་ན་འབྲས་བུ་གཉིས་པོ་མི་འབྱུང་བའི་གཏན་ཚིགས་ཀྱི་བྱང་ཆུབ་སེམས་ནི་ཐར་པའི་ལམ་ཀུན་གྱི་ཕུལ་དུ་གྱུར་པའོ། །སྒོམ་པའི་ཐབས་དྲིས་པ་བསྟན་པའི་ཕྱིར། དེ་ནི་ཀུན་ཏུ་རྡོ་རྗེ་སེམས་དཔའ་ཅི་འདྲར་བསྒོམ་པར་བྱ་བར་འགྱུར། ཞེས་པ། བཤད་པ་ལྟར་འབྲས་བུ་ཡོན་ཏན་ཆེན་པོ་འཐོབ་ན་རྒྱུན་དུ་བྱང་ཆུབ་སེམས་སྐྱེ་འཇིག་མེད་པར་རང་གསལ་བས་མཐའ་རྣམས་ཀ་དག་པ་ལུགས་ཇི་ལྟ་བར་རྟོགས་ནས་བསྒོམས་ན་འབྲས་བུ་དེ་དག་ཐོབ་པར་འགྱུར་ཞེས་དྲིས་པའོ། །ལན་དུ་ལྟ་བས་རྟོགས་ནས་བསྒོམ་པའི་ཕྱིར་བསམ་བརྗོད་ལས་འདས་པའི་དོན་ལུང་དང་མན་ངག་གི་ཚད་མ་ཆེན་པོས་རྟོགས་པར་གྱིས་ཤིག་པར་བསྟན་པའི་ཕྱིར། ཕྲ་ཞིང་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ་འདི་མི་རྟོག་རྟོག་ལས་འདས། ཞེས་པ། བྱང་ཆུབ་སེམས་ངོ་བོ་གཟུང་དཀའ་བས་བསམ་པའི་ཡུལ་ལས་འདས་པ་ནི་མ་ནོར་བའི་ལམ་སྟེ། དེ་མངོན་དུ་བྱས་པས་གདུལ་བྱ་ལས་ལོག་པའི་ལམ་དུ་མི་གཏོང་བ་ནི་ཁྱད་པར་གྱི་སྒྲས་རྒྱལ་བ་ཉིད་དེ་དེའི་ཤུལ་ཆེན་པོ་ལྷུན་གྱིས་གྲུབ་པ་བྱང་ཆུབ་སེམས་ནི་ཡུལ་མེད་པ་དང་ངོ་བོ་མི་ཟིན་པས་མི་རྟོག་པ་ཆེན་པོ་སྟེ་མི་རྟོག་པ་ཉིད་དུ་སྒོམ་པ་ལས་ཀྱང་གྲོལ་བའོ། །ཐུན་མོང་མ་ཡིན་པའི་ཚད་མ་བསྟན་པའི་ཕྱིར། བརྟག་པར་དཀའ་ཞིང་བསྟན་པར་དཀའ་ལ་བརྗོོད་པའི་ཐ་སྙད་རྣམས་དང་བྲལ་ཞེས་པ། ཡུལ་གཉིས་ལས་འདས་པས་ཚིག་ཏུ་སྨྲར་མ་ིབཏུབ་པའི་ཕྱིར་རོ། །ཚིག་གིས་མི་ཕེབས་གཞན་དང་བྱིས་པ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཡང་། ཞེས་པ། ཇི་སྐད་བརྗོད་པ་ཐམས་ཅད་མཐར་འགྱུར་བས་མི་བབ་པའི་དོན་ནི་གསང་སྔགས་ཀྱི་ཐེག་པ་ལུང་རྒྱུད་མན་ཆད་དང་དབུ་མ་པ་དང་ཉན་ཐོས་དང་རང་རྒྱལ་རིལ་གྱི་ཡུལ་མ་ཡིན་ཏེ་རང་རང་གི་ལྟ་བའི་སྒྲིབ་པས་མདོངས་པའོ། །མི་མཐུན་པའི་དོན་ནི་ཐེག་པ་འདི་ཉིད་ཀྱི་སྐལ་པ་ཡང་རབ་ཏུ་གྱུར་པས་གོ་བར་འགྱུར་བའི་ཕྱིར། སྟོན་པས་ངེས་པའི་ལུང་དང་བླ་མ་རྣམས་ཀྱི་མན་ངག་དེ་ཉིད་དོན་འདིར་བལྟ། ཞེས་པ། ཀུན་ཏུ་བཟང་པོས་གསུངས་པའི་དེ་ཁོ་ན་ཉིད་ཀྱི་རྒྱུད་སྒྲོ་སྐུར་དང་བྲལ་བ་རྣམས་དང་། དགའ་རབ་རྡོ་རྗེ་ལ་སོགས་པས་མཛད་པའི་ཡི་གེ་མ་ནོར་བའི་ཚེགས་ཆུང་ངུས་འགྲུབ་པ་རྣམས་སློབ་དཔོན་ཁུངས་སུ་ཐུག་པའི་གདེང་ཅན་ལ་ཟང་ཟིང་ལ་མི་བརྩེག་པར་མཉེས་པས་ཕོག་པར་བྱས་ལ་ཞུས་ཏེ། བྱང་ཆུབ་སེམས་དེ་ཁོ་ན་ཉིད་ཀྱི་དོན་སྐབས་འདིར་བསྟན་པ་ཐག་ཆོད་པར་བྱའོ། །ཐག་གཅད་པའི་གཏན་ཚིགས་ཀྱི་གོལ་ས་བསྟན་པའི་ཕྱིར། མངོན་སུམ་ལ་སོགས་རྒྱུའི་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་དཔྱོད་ལ། དེ་ཉིད་རྟོག་པའི་རྒྱུན་འབྲངས་སྤྱོད་ཡུལ་ཚད་མར་བཞག་ནས་བློའི་འཇིག་བྱེད་དེ། ཞེས་པས་རྒྱུའི་ཐེག་པ་དམན་པ་དག་གི་མངོན་སུམ་པའི་ཚད་མ་པའི་གཏན་ཚིགས་གྲུབ་མཐའ་ཚོལ་བའི་རྒྱུས། ཆོས་ཅན་གཏན་ཚིགས་དང་དཔེ་ཡི་སྦྱོར་བ་ཚད་བ་དང་མ་ཚང་བ་ཕྱོགས་རེས་བློ་དང་མཐུན་པར་དཔོག་ཅིང་གྲུབ་མཐའ་ཚོལ་བའི་རྟོག་དཔྱོད་བྱེད་པ་དེ་ཉིད་འདིར་སུན་འབྱིན་ཏེ། དེ་དག་སླར་དཔྱོད་མཐའ་་མདོངས་དང་རྟོག་པ་སྐྱེ་སྟེ། སྔ་མ་ལ་ཕྱི་མ་ལོངས་བཏགས་ནས་ཤེས་པ་དང་ཡུལ་མ་གྲུབ་བཞིན་མངོན་གསུམ་ཚད་མར་གཞལ་བྱར་བཞག་ནས་རྟོག་དཔྱོད་པ་ནི་ཤིན་ཏུ་འཁྲུལ་ཏོ། །འོ་ན་འདིར་ཚད་མ་ཆེན་པོས་དེ་དག་སུན་ཕྱུང་སྟེ་མི་གནས་པར་ཇི་ལྟར་རྟོགས་པར་འགྱུར་སྙམ་པ་ལ། རྟོག་མཐའ་མེད་ཕྱིར་དཔྱོད་མཐའ་མེད་དེ་སྙིང་པོ་མེད་ན་ཚད་མར་གང་། དེ་ཕྱིར་འཇིག་རྟེན་བརྟབས་པའི་ཐ་སྙད་རྣལ་འབྱོར་མ་འདིར་མི་དགོས་སོ། །ཞེས་པ། འདིར་གདོད་ནས་སྤྱོད་ཡུལ་བྲལ་བ་བརྟག་ཏུ་མེད་པའི་ཕྱིར། དཔྱད་བྱས་གྲུབ་མཐའ་བཙལ་དུའང་མེད་དོ། །དོན་གྱི་རྩ་བ་ལོགས་ནས་མི་ཚོལ་ན་གཏན་ཚིགས་ཀྱི་བདེ་བ་གང་ཞིག་བཞག་སྟེ་གཉིས་དང་བྲལ་བའི་གཏན་ཚིགས་ཀྱིས་འཁོར་བའི་དངོས་པོ་ལ་དཔྱོད་པའི་ཐུན་མོང་གི་ཚད་མ་གཉིས་སེམས་སྒོམ་པའི་སྐབས་འདིར་ཤིན་ཏུ་མི་གཅེས་སོ། །དེ་བས་ན་བཤད་པའི་དོན་གྱིས་འདིར་དངོས་པོ་དཔྱད་དུ་མེད་པའི་དོན་དུ་མེད་པར་བསྟན་པ་འདི་ཉིད་ཀྱིས་གོ་བར་འགྱུར་བར་རྩོལ་དཔྱོད་དང་བྲལ་བ་ནི་མངོན་སུམ་ཚད་མ་ཆེན་པོའོ། །ཐུན་མོང་མ་ཡིན་པའི་དཔྱོད་མཐས་གོལ་སྒྲིབ་བསལ་ཏེ་རྟོགས་པར་བྱ་བའི་ཕྱིར། དངོས་པོ་མཐའི་རྒྱུ་ནི་ལོ་རྒྱུས་དག་ལས་ལམ་འདིར་བརྟག་པར་བྱ། ཞེས་པས། འོན་ཏེ་མཐོང་ཐོས་གྱི་དངོས་པོ་ལ་དཔྱད་དེ་གྲུབ་མཐའ་ཚོལ་ལོ་ཞེ་ནའང་འདི་ལྟར་གོ་བར་བྱེད་པའི་རྒྱུ་ཀུན་བཏགས་ཀྱི་ལྟ་བ་རྣམས་ཀྱི་རང་གི་ལོ་རྒྱུས་གཞི་ལ་གྲུབ་བམ་མ་གྲུབ། མ་གྲུབ་པར་ཇི་ལྟར་སྣང་དུ་བཏུབ་སྣང་བརྡོ་ཙམ་ན་རང་གི་མཚན་ཉིད་ཅི་ཡིན་པ་དག་གིས་དཔྱད་ལ་གོ་བར་བྱ་བའོ། །དང་པོ་སྐྱེ་བའི་གོལ་ས་རང་གི་ལོ་རྒྱུས་ཀྱིས་མ་གྲུབ་པར་བསྟན་པ་ལས། དང་པོ་དེ་འཁྲུལ་པར་བསྟན་པའི་ཕྱིར། སྐྱེ་བོ་ཀུན་གྱི་སེམས་ལ་མངོན་སྣང་ཕྱི་ནང་གྲགས་པའི་ཆོས་འདི་ནི། འཛིན་པ་དྲུག་གིས་ཇི་ལྟར་མཐོང་ཞིང་བརྟགས་པ་དེ་ལྟ་མ་ཡིན་འཁྲུལ། ཞེས་པ། དྲུག་གི་སེམས་ཅན་རྣམས་ཀྱི་ཤེས་པ་ལ་དབང་པོ་མངོན་དུ་མཐོང་བའི་སྣོད་བཅུད་དུ་མཇལ་བའི་ཆོས་རྣམས་ནི། དཔེར་ན་མི་བུ་རིགས་བཞི་ཕ་མེས་ཀྱི་ལོ་རྒྱུས་བསྙད་པས་རིགས་གང་ཡིན་པ་མངོན་པ་ལྟར། སྐྱེ་བོ་པས་བདེན་པ་རྟག་ཏུ་མཐོང་ཡང་ངེས་པའི་ལྟ་བ་མེད་པས་ཚོགས་དྲུག་གི་རྟོག་པའི་རྟོད་ཕུར་གྱིས་ཡུལ་དྲུག་ཏུ་ནན་གྱིས་བརྟགས་པ་ལྟ་བུ་ནི་གཞི་ལ་རང་རྒྱུད་དུ་མེད་པར་ནོར་བ་སྣང་བའོ། །དེ་སུན་དབྱུང་བ་བསྟན་པ་བསྟན་པའི་ཕྱིར། རང་གི་རྟོག་པས་མོས་ཤིང་བཟུང་བ་དེ་བཞིན་བདེན་འགྱུར་ན། དེ་དག་དངོས་པོ་མེད་རྟོགས་དགྲ་བཅོམ་འདྲ་བར་གྲོལ་བར་འགྱུར་བའི་རིགས། ཞེས་པ། སྐྱེ་བོ་ཀུན་བརྟགས་ཀྱི་ལྟ་བ་འདིས་ཤེས་པ་ཉམས་པས་ཞེན་པ་དེ་ཚད་མ་ཡིན་ན། སྐྱེ་བོ་པ་རྣམས་ཆོས་ཉིད་ཀྱི་བདེན་པ་མཐོང་བས་ཞེན་པ་དག་པའི་སྐྱེས་བུ་ལྟར་ཐར་པར་རིགས་ན་སླར་བཅིངས་པས་མི་བདེན་པའོ། །དེ་དག་དེས་དགྲས་འཇོམ་པ་དང་སྡུག་བསྔལ་ཉེན་ལས་དེས་འཁྲུལ་མངོན་པར་གྱུར་ཞེས་པ། ཁམས་གསུམ་པ་རྣམས་བཅིངས་པར་མ་ཟད་ཀྱི་དུས་བཞིར་སྐྱེ་རྒས་ན་འཆིས་འཕགས་པའི་ནོར་ཕྲོགས་ཤིང་སྤྱི་དང་ཁྱད་པར་གྱི་གདུང་བས་ཉེན་པའི་ཕྱིར་ཡང་མི་བདེན་པར་མངོན་ནོ། །གཞན་དུ་སྐྱེ་མཆེད་སྒོ་ནས་རིག་པ་དེ་དག་ཚད་མར་གྱུར་ན་ནི། དེ་ཉིད་ཚད་མར་གྱུར་པས་འཕགས་པའི་ལམ་དེ་སུ་ལའང་དགོས་མི་འགྱུར། ཞེས་པ། དེ་ལས་གཞན་དུ་སྐྱེ་མཆེད་བཅུ་གཉིས་ཀྱི་རྟོག་པས་མཐོང་བའི་སྤྱོད་ཡུལ་བདེན་ན། སྐྱེ་བོ་པའི་རྟོག་པ་ཉིད་མ་ནོར་བའི་ལམ་དུ་གྱུར་པས་རྒྱལ་བའི་བཀའ་ལ་བརྟེན་མི་དགོས་པར་རིགས་ན། བརྟེན་དགོས་པས་ཀྱང་མི་བདེན་ནོ། །ལམ་དེ་རྣམ་གྲོ་ལམ་དུ་བསྟན་ཅིང་དབང་པོའི་ཤེས་པས་མི་ཐར་ཏེ། ཞེས་པས། སྐྱེ་བོ་ལོག་པའི་ལམ་དེ་མ་ནོར་བའི་ལམ་ཡིན་ནོ་ཞེས་ཚད་མར་བཤད་ཀྱང་ཚོགས་དྲུག་གི་རྟོག་པས་བཅིངས་པ་གཅིག་དང་གཉིས་དང་གསུམ་དང་ལས་མི་གྲོལ་བས་མི་བདེན་པའོ། །ལྷག་མ་ནི་དེར་མ་ཟད་པར་སྡུག་བསྔལ་གྱི་རྒྱུར་འཆད་པའོ། །སྡུག་བསྔལ་འགའ་ཡང་མི་འཇིལ་རྣམ་རིག་ཤེས་དེ་ཉོན་མོངས་འབྱུང་བའི་གནས། ཞེས་པ་འཁྲུལ་པའི་ལྟ་བས་སྡུག་བསྔལ་མི་འབྱོངས་ཤིང་རྟོག་པ་དེས་ཕྱིས་ཉོན་མོངས་པ་སྐྱེ་བའི་རྒྱུར་སོགས་པས་མི་བདེན་ནོ། །དེ་ལྟར་མི་བདེན་པས་གཏན་ཚིགས་ཀྱིས་སྐྱེ་བོའི་སྤྱོད་ཡུལ་ནོར་བར་རིགས་པས་མངོན་ལ་ལུང་ལས་ཀྱང་བཀའ་སྩལ་པས་དེ་ཕྱིར་སྐྱེ་བོས་མཐོང་བ་དེ་དག་འཁྲུལ་པར་མངོན་ཞེས་རྒྱལ་བས་གསུངས་ཞེས་གསུངས་ཏེ། གཞི་མ་འཁྲུལ་བཞིན་རྟོག་པའི་ལས་འཁྲུལ་ཏོ། །འཁྲུལ་པའི་ཚུལ་ལོ་རྒྱུས་དྲི་བའི་ཕྱིར། དེ་ན་དེ་ལ་འདི་དག་འཁྲུལ་པའི་དབང་གིས་ཇི་ལྟར་སྣང་བར་འགྱུར་ཞེ་ན། ཞེས་པ། དེ་ལྟར་སྐྱེ་བོ་པ་འཁྲུལ་ན་གཞི་མ་འཁྲུལ་པ་དེ་བཞིན་ཉིད་གྱི་སེམས་ཅན་རྣམས་ལོག་པའི་རྒྱུ་དེས་སྤྱོད་ཡུལ་རགས་པ་ཇི་ལྟར་མཐོང་ཞེས་དྲིས་པའོ། །ལན་རྒྱུ་དང་དུས་བསྟན་པའི་ཕྱིར། ཀུན་ཏུ་རྟོག་ཅན་ཡང་དག་མ་ཡིན་ཀུན་ཏུ་རྟོག་པས་རྩོལ་མེད་ཉམས་ཞེས་པ། ཀུན་རྟོག་ངར་འཛིན་གྱི་བློ་དང་ལྡན་པ་ནི་ཕྱིན་ཅི་ལོག་པའི་རྒྱུ་དེས་ཐོག་མ་མེད་པའི་དུས་ནས་ཤེས་པ་བསླད་པའོ། །བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མ་རིག་རྐྱེན་གྱི་དབང་སོང་བས། སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་སེམས་དོན་དུ་སྣང་བ་ཡིན། ཞེས་པ་སྐྱེ་བོ་པ་རང་གི་ཤེས་རབ་རང་བཞིན་དུ་ནོར་བས་སྙིང་པོ་བྱང་ཆུབ་ཡུལ་དང་བྲལ་བའི་ཕྱིར་བརྟག་ཏུ་མ་བཏུབ་པས་མཐོང་ཡང་མ་མཐོང་བ་དང་འདྲ་བར་སོང་བ་ནི་མ་རིག་པ་སྟེ་དཔེར་ན་མིག་གིས་མིག་མ་མཐོང་བ་དང་འདྲ་བས་གཟུང་འཛིན་ཐ་ཚིགས་སུ་བཅད་དེ་ནོར་བའི་རྒྱུ་རྐྱེན་གྱི་དབང་དུ་སོང་བའི་གཏན་ཚིགས་དེས་ན། ཚོགས་བརྒྱད་ཀྱི་ཤེས་པ་དང་འདུ་བྱེད་རྣམས་ངེས་པ་ཁོ་ནར་རྟོག་པའི་རྟེན་ཡུལ་དང་བདག་དང་ཡུལ་ལ་ཤེས་པ་སྐྱེ་བ་ལྟ་བུར་སྣང་བའི་ཤེས་པ་གསུམ་གྱི་ནི་གཞིའི་ཕྱིར་རོ། །དེ་རྒྱས་པར་བསྟན་པའི་ཕྱིར། འདུ་བྱེད་སྣ་ཚོགས་དག་གིས་བག་ཆགས་བསགས་ལས་གང་གོམས་མཐུ་བརྟས་ཚེ། སེམས་ཉིད་ཡུལ་དང་ལུས་འདྲར་སྣང་བ་རུས་པས་གང་བ་བཞིན་དུ་སྣང་། ཞེས་པ། བསོད་ནམས་དང་དེ་མ་ཡིན་པ་དང་མི་གཡོ་བའི་ལས་ཐ་དད་སྤྱད་པས། ཀུན་གཞི་ལ་བག་ཆགས་བསྒོས་པ་རྙིང་ཟུག་ལ། འཕྲལ་དུ་ལས་གང་གོམས་པའི་བག་ཆགས་བསྣན་ཏེ། མཐུ་བརྟས་པའི་ནུས་པ་ཅན་དུ་གྱུར་པའི་དུས་ན། ཡུལ་དང་ལུས་རང་རྒྱུད་པ་མེད་བཞིན་དུ། ཀུན་གཞི་ཉིད་ཕྱི་རོལ་གྱི་ཆོས་གཉིས་སུ་སྣང་དུ་བཏུབ་པ་ནི། དཔེར་དགེ་སློང་རུས་པ་སྒོམ་སྒོམ་པ་མཐུ་བརྟས་པས། སྤྱོད་ཡུལ་རུས་པར་སྣང་བ་དང་མཚུངས་པའོ། །བག་ཆགས་བསགས་པའི་རྒྱུན་ལ་དམིགས་སྐྱེས་ཡིད་ལ་བརྟགས་པའི་ཞེས་པ། བག་ཆགས་རྣམས་ཀྱི་གཞི་ཀུན་གཞི་སྐད་ཅིག་མའི་རྒྱུན་ལ། ངའོ་ཞེས་ཡུལ་དུ་གཏོད་པའི་ཉོན་མོངས་པ་ཅན་གྱི་ཡིད། ཀུན་བརྟགས་ཀྱི་ཤེས་པ་བརྟགས་པས་བདག་ཏུ་སྣང་བའི་གཞི་བྱས་ཏེ། དཔེར་མིག་བཙིར་བས་རྫས་གཉིས་པར་མཐོང་བ་ལྟ་བུའོ། །བདག་ནི་མེད་ཞེས་པ། དེ་མ་གྲུབ་པར་སྟོན་ཏོ། །བདག་ཏུ་ཞེན་བརྡོ་ཙམ་ན་རང་བཞིན་མེད་པའི་རྣམ་པར་ཤེས་པ་དགུ་པའི་ངོ་བོ། ཆོས་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པས་སྐྱེས་བུ་སྣང་ལ་མ་གྲུབ་བོ། །ལུང་གི་ཆོས་མཉམ་པའི་དོན་གྱིས་བཤད་པ་དང་འཆད་པའི་ལུས་གསུམ་ཀ་སྣང་ལ་མ་གྲུབ་སྟེ། བྱང་ཆུབ་ཀྱི་སེམས་སྤྱོད་ཡུལ་དང་བྲལ་བ་སྐད་ཅིག་མའི་རྒྱུད་དུ་མི་སྐྱེ་བས། ལོག་རྟོག་རང་གི་ལོ་རྒྱུས་ཀྱིས་ཆོས་ཉིད་ཀྱི་རིགས་སུ་གྱུར་པའོ། །འདུ་བྱེད་མཐུ་ཡིས་བསྒྲིབས་ཤིང་ཕྲ་བ་མ་མཐོང་དེ་ལས་རྣམ་རིག་སྐྱེ་ཞེས་པ། ཚོགས་དྲུག་གི་རྟོག་པའི་ལས་རགས་པས་བསྒྲིབས་ནས། རྣམ་ཤེས་དགུ་པ་མ་རྟོགས་པའི་རྒྱུས། གཟུང་འཛིན་དུ་རྒྱ་ཆད་པས། ཡུལ་ལ་ཤེས་པ་སྐྱེ་བ་མེད་བཞིན་པར་སྐྱེ་བ་ལྟར་སྣང་བའི་གཞིར་གྱུར་རོ། །འོན་ཀྱང་འདིར་རང་རིག་རང་སྣང་ལས་སྐྱེ་བ་མེད་པས་གོལ་སྒྲིབ་དང་པོ་བསལ་ཏོ། །མུ་སྟེགས་ཀྱི་གོལ་སྒྲིབ་རང་གི་ལོ་རྒྱུས་ཀྱིས་མ་གྲུབ་པར་བསྟན་པའི་ཕྱིར། རྒྱུན་དང་བཅས་པའི་སེམས་ཀྱི་མཐུ་ནི་མ་རྟོགས་རྟོག་པའི་རྗེས་འབྲངས་ནས། དེ་ལ་ཟག་བཅས་རང་བཞིན་རྟོག་པས་བདག་དང་ཆོས་རྣམས་རྒྱས་པར་བྱེད། ཞེས་པ། མུ་སྟེགས་པའི་རྒྱུ་ནི། ཀུན་གཞི་སྐད་ཅིག་མའི་རྒྱུན་བག་ཆགས་དང་བཅས་པ་ཉིད་ཀྱི་ནུས་པ་དངོས། ཡུལ་ཐ་དད་དུ་སྣང་བ་མ་རིག་པས། རང་གི་ལོག་རྟོག་སྔ་ཕྱིི་ལོང་བཏགས་པའི་གཞི་ཟག་པ་རྣམས་དང་ལྡན་པའི་ཀུན་བརྟགས་ཀྱི་རྒྱུས། གཟུང་འཛིན་གྱི་ལྟ་བ་འཕེལ་བར་བྱེད་དོ། །ལྡན་པར་འབྱུང་བ་ཤིན་ཏུ་ཕྲ་བར་རྒྱུ་བ་དེ་ནི་མ་མཐོང་ལས། བདག་ཏུ་ལྟ་ལ་སོགས་པ་མུ་སྟེགས་ལྟ་བ་སྣ་ཚོགས་སྐྱེ་ཞིང་ཐར་པར་རྟོག །ཞེས་པ། ཀུན་གཞི་བག་ཆགས་དང་བཅས་པ་ལ་ཕྲ་བར་དམིགས་པ་ཡོངས་སུ་མ་ཆད་པ་ནི་མ་ཤེས་པའི་རྒྱུ་དེས། མུ་སྟེགས་པ་རྟག་པ་པའི་རིལ་འཛིན་དང་བྱེད་པ་པོ་རྒྱུར་ལྟ་བ་དང་། གཞན་བསྡུ་བ་ནི་ཆད་པ་དང་ལྟ་བ་ལྔ་དང་ཉི་ཤུ་དང་། སུམ་བརྒྱ་དྲུག་ཅུ་དང་། ཞར་བྱུང་སྡེ་བཞི་ལས་གྱེས་པ་མང་པོ་སྐྱེས་ནས་དེ་ལ་གྲོལ་པའི་ལམ་དུ་འཛིན་བྱེད་པའོ། །རྟགས་པའི་འཁྲུལ་གཞི་བསྟན་པའི་ཕྱིར། སེམས་འདི་ལས་རྣམས་མཐའ་ཡས་གནས་གྱུར་བག་ཆགས་མཐའ་མེད་ངེས་པ་མེད། བག་ཆགས་རྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ། རྐྱེན་འགས་བག་ཆགས་འགའ་ཞིག་སྨིན་ནས་མིའི་རྒྱུད་ཀྱི་ལུས་སྣང་ལ། རྐྱེན་གཞན་དག་གིས་བག་ཆགས་གཞན་སད་བྱས་ཚེ་འགྱུར་བའི་མཐུ་མཐོང་ནས། དབང་ཕྱུག་ལ་སོགས་བྱེད་པར་འདོད་དེ་ཞེས་པ། རྟག་པ་ཅིག་ཤོས་པ་དག་ནི། ཀུན་གཞི་ལས་མང་པོའི་བག་ཆགས་ཀྱི་རྟེན་དུ་གྱུར་པས་བག་ཆགས་ཤིན་ཏུ་སྡུག་པ་མང་བ་རྙིང་ཟུག་དུ་ཡོད་པས་ལས་འདི་ཁོ་ནའི་གནས་སོ། །འདི་ནི་མི་གནས་སོ་ཞེས་ངེས་པར་ཚད་མི་ཟིན་པ་ལ། སྔ་མའི་བག་ཆགས་དེ་མཐུ་ཅན་དུ་བྱེད་ཅིང་སློང་བའི་ལས་ཀྱང་བསམ་གྱིས་མི་ཁྱབ་པའོ། །ལྷག་མ་ནི་ཆ་འཛིན་པ་སྟེ། དེ་དག་གི་ནང་ནས་ལས་དགེ་བཅུའི་ཆ་ཙམ་སྤྱད་པས་དགེ་བའི་བག་ཆགས་དེ་ཉིད་ཀྱི་ཆ་བསླང་སྟེ། སྟོབས་སུ་གྱུར་པས་མིར་སྐྱེ་བར་སྣང་ལ། ཡང་མིའི་རྒྱུད་ལ་ལྷར་སྐྱེས་པའི་བག་ཆགས་ཡོད་པ་དེ། ལྷར་སྐྱེས་པའི་ལས་དགེ་བ་སྟོབས་ཅན་སྤྱད་པས་བསླང་བའི་དུས་ན་མི་ལས་ལྷར་སྐྱེས་པའི་ལས་ཀྱི་ནུས་པ་མུ་སྟེགས་ཀྱི་མངོན་ཤེས་ཀྱི་མཐོང་ནས། ཁོ་ཉིད་ལྷར་སྐྱེ་བར་འདོད་པས། དགེ་བའི་ལས་ཉིད་ཀྱིས་འགྲོ་བ་མ་ཤེས་པའི་དབང་གིས་དབང་ཕྱུག་ཆེན་པོ་དང་། གཞན་བསྡུ་བས་ཚངས་པ་དང་། གུ་ལང་ལ་སོགས་པ་མཆོད་ལེགས་པས་མཐོ་རིས་སུ་གཏོང་བར་བྱེད་པར་འདོད་དེ་དེ་དག་རྒྱུར་ལྟའོ། །དེ་མི་བདེན་པར་སུན་དབྱུང་བའི་ཕྱིར། ལམ་དེ་མི་ཞི་གྲོལ་མི་འགྱུར། རྣལ་འབྱོར་ལམ་བསླད་ཐེ་ཙོམ་རྒྱུ་ཡང་རྒྱུན་འདི་ཕྲ་བ་མ་རྟོགས་སྐྱེས་ཞེས་པ། མུ་སྟེགས་ལྟ་བ་རང་གི་ལོ་རྒྱུས་བསྙད་པས་རང་གི་ཀུན་ཏུ་བརྟགས་པ་ཙམ་ལས་གཞི་དེ་ལྟར་མ་གྲུབ་པའི་ཕྱིར། ལྟ་བ་དེས་སྡུག་བསྔལ་གྱི་ཟུག་རྔུ་དང་མི་འབྲལ་ཞིང་བཅིང་བ་ལས་མི་ཐར་བས་མི་བདེན་ནོ། །ལྟ་ངན་དེས་སེམས་སྒོམ་པའི་ལམ་མ་ནོར་བ་ལས་ཉམས་པས་མི་བདེན་ཞིང་། གདེང་མེད་པར་བྱེད་པའི་རྒྱུ་ཡང་ཤེས་པ་བརྒྱད་པོ་ཉིད། དགུ་པའི་ངོ་བོ་སྨྲ་བརྗོད་མེད་པ་ཡིན་པའི་དོན་མ་མཐོང་བ་ལས་ལྟ་ངན་བྱུང་ངོ་། །དེས་ན་དེ་ལ་གནས་པར་མི་བྱའོ། །ཉན་ཐོས་ཀྱི་ལྟ་བ་རང་གི་ལོ་རྒྱུས་ཀྱིས་མི་བདེན་པར་བསྟན་པའི་ཕྱིར། བདག་ཏུ་བརྟགས་པས་བསྒྲིབས་ཏེ་འཕགས་པའི་རིགས་དང་རྣམ་པར་བྲལ། ཆོས་སུ་བརྟགས་པས་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་ངན་སོང་སྲིད་པར་འགྱུར། ཞེས་པ། ཉན་ཐོས་ལྟ་བའི་ཉེས་པས་སུན་དབྱུང་བ་སྟེ། སྐྱེ་བོ་པའི་བདག་གཉིས་ཀྱིས་ཉེས་པ་གཉིས་མྱོང་བ་ལྟ་ཅི་སྨོས་ཀྱི། བདག་མེད་པར་འདོད་པའི་ཉན་ཐོས་ཀྱི། དོན་དམ་པར་ནང་གི་ཤེས་པ་སྐད་ཅིག་མ་རེ་རེར་ཡོད་པ་འདོད་པ་ནི། ལྟོས་ན་གང་ཟག་གི་བདག་ཁོ་ནའོ། །ལྟ་བ་དེས་བསྒྲིབས་པས་ཐེག་པ་ཆེན་པོ་འཕགས་པའི་ལམ་མ་ནོར་བ་དང་བྲལ་བའོ། །དེ་བས་ན་ཀུན་རྫོབ་ཏུ་བཟུང་བའི་ཡུལ་དྲུག་ཕྲ་རབ་ཡོད་པར་རྟོག་པ་ནི་ཆོས་ཀྱི་བདག་སྟེ། དེས་རྩོལ་བའི་སྡུག་བསྔལ་མང་པོ་སྐྱེ་ཞིང་གནས་ངན་སོང་དུའང་བརྒྱ་ལ་ལྡོག་པ་སྲིད་པར་འགྱུར་བས་མི་བདེན་པའོ། །ཉན་ཐོས་ཀྱི་ལྟ་བ་ཀུན་རྫོབ་ཀྱི་སུན་དབྱུང་བའི་ཕྱིར། རྣམ་ཤེས་དེ་ཡང་འདུ་བྱེད་རྒྱུན་ལ་མཚན་མ་ཐ་དད་འཛིན་པས་ན། ལས་ཀྱི་ཁྱད་པར་དག་གིས་བརྒྱད་དུ་སྣང་གི་རིགས་ལ་དུ་མ་མེད། ཞེས་པ་སེམས་རྣམ་པར་ཤེས་པའི་ངོ་བོ་ནི། ལས་ཀྱི་སྐད་ཅིག་མའི་ཤེས་པ་ཉིད། གང་ཡུལ་དུ་སྣང་བ་ལ་གཟུགས་སྒྲ་ལ་སོགས་པ་སོ་སོར་འདུ་ཤེས་པས། ལམ་མི་གཅིག་པས་ཚོགས་བརྒྱད་དུ་སྐར་ཁུང་བརྒྱད་པའི་མེ་འོད་ལྟ་བུར་བྱུང་གི །ཤེས་པ་རང་རྒྱུད་པ་བརྒྱད་མེད་དེ་གཅིག་པས་ཤེས་པ་ནི་གཅིག་དང་དུ་མ་ལས་གྲོལ་བར་སྣང་བའོ། །དེ་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་ཆོས་ཀུན་གནས། དེ་ལ་བསམ་པ་ཞེན་ཕྱིར་ཕྱི་མ་དེས་འབྱུང་དེ་ལ་སྣང་། ཞེས་པ། སྔ་མ་གཏན་ཚིག་སུ་གྱུར་པས། ཤེས་པ་སྐད་ཅིག་མ་ཆུ་རྒྱུན་ལྟ་བུའི་སྐད་ཅིག་སྔ་མ་སྔ་མ་ལ། བདག་གི་ལུས་དང་གཞན་པ་ལྟ་བུ་བག་ཆགས་སུ་གནས་པ་ལ། ཕྱི་མས་ཡུལ་དུ་བརྟགས་པས་མཐུ་བ རྟས་པའི་ཕྱིར། ཤེས་པ་ཕྱི་མ་སྔ་མ་མཐུ་བརྟས་པ་ལས་འབྱུང་ཞིང་རྒྱུད་མཐུན་པར་སྣང་བའོ། །དེས་ན་རྡུལ་གྱི་ཡུལ་ལ་སོགས་སུ་མི་འགྲུབ་སྟེ། རང་སེམས་རྒྱུན་ལས་འཕགས་པ་སྐྱེ་བོའི་ཆོས་ནི་གཞན་ན་ཡོད་མ་ཡིན། རྒྱུད་དྲུག་རིགས་པ་དེ་ལའང་སྣ་ཚོགས་དེ་དག་རང་གི་ཏིང་འཛིན་ཏོ་ཞེས་པ། རང་གི་ཀུན་གཞི་སྐད་ཅིག་མའི་རྒྱུན་སྣང་བ་ལས་མ་གཏོགས་པ། མྱ་ངན་ལས་འདས་པ་དག་འཁོར་བ་ལོགས་ན་མེད་དེ། འགྲོ་བ་དྲུག་གི་རྒྱུ་ཐ་དད་པ་མི་མཐུན་པའང་རང་སེམས་སྣང་བའོ། །མདོར་ན་དེ་དག་རང་བྱུང་ཡེ་ཤེས་རང་སྣང་བས་རྡུལ་ཆོས་སུ་མ་གྲུབ་པས་སུན་བཏོན་པའོ། །ཉན་ཐོས་ལྟ་བ་གཉིས་ག་མ་གྲུབ་པས་སུན་གདོན་ཞིང་དེ་ལ་མི་གནས་པའི་ཕྱིར། སེམས་རྒྱུད་དེ་ལས་ཕྱོགས་ཀྱང་ཐང་ཟད་མེད་པ་གཅིག་ལ་རྟེན་མེད་དེ། དེ་ལ་ཕྱོགས་མེད་ཕྱིར་ན་མཐའ་ཡས་ཞིང་རྣམས་བདག་གི་ལུས། ཞེས་པ། བྱང་ཆུབ་ཀྱི་སེམས་ཅིག་ཤོས་ཀྱི་རྒྱུན་ལས་གྲོལ་བ་ནི། ངོ་བོ་ཉིད་རྒྱུན་ཏུ་ཤར་བ་དེ་ཉིད་རང་སྣང་བ་ལས་མ་གཏོགས་པ། གཟུང་འཛིན་གྱི་ཕྱོགས་མ་གྲུབ་པས་ཡུལ་ལ་ཤེས་པ་མི་གནས་ཏེ། བྱང་ཆུབ་སེམས་ཀྱི་ངོ་བོ་ལ། སྤྱོད་ཡུལ་མ་གྲུབ་པའི་གཏན་ཚིགས་ཀྱིས། སྣང་བ་ཐམས་ཅད་བདག་ཉིད་ཆེན་པོའི་སྐུའོ། །བདག་གི་ལུས་ནི་མཐའ་ཡས་ཞིང་དང་སྐྱེ་བོས་ལུས་སུ་རབ་སྣང་ཡང་། སེམས་དང་བག་ཆགས་གཅིག་མིན་ཐ་དད་མ་ཡིན་བརྟག་པར་རབ་ཏུ་དཀའ་ཞེས་པ་བདག་ཉིད་ཆེན་པོའི་སྐུ་ནི། རྣམ་པ་མེད་པས་སངས་རྒྱས་ཀྱི་ཞིང་ཁམས་ཐ་དད་དང་འགྲོ་བའི་ལུས་ཐ་དད་པར་རང་ཤར་བའོ། །མི་མཐུན་པ་ནི་མཚན་ཉིད་མི་ཟིན་པར་སྟོན་ཏེ། བྱང་ཆུབ་སེམས་དང་སྣང་བའི་ཡུལ་ནི་གཅིག་པ་མིན་ཏོ། །གཅིག་ན་སྐྱེ་བོ་པས་རྫས་ཅིག་མཐོང་བས་ཀྱང་བྱང་ཆུབ་སེམས་མཐོང་བར་རིགས་སོ། །ཐ་དད་པའང་མིན་ཏེ་བྱང་ཆུབ་སེམས་ཉིད་ཐམས་ཅད་དུ་རང་སྣང་བ་ལས་གཞན་པ་མེད་དོ། །དེ་བས་ན་བྱང་ཆུབ་སེམས་ནི་གཅིག་དང་དུ་མ་ལས་གྲོལ་བས་འདི་ཞེས་བརྗོད་དུ་མི་བཏུབ་པ་ལ། ཉན་ཐོས་ལྟར་ཡུལ་དང་ཤེས་པ་རང་རྒྱུད་པར་གྲུབ་པ་མེད་པས་སྒྲིབ་པ་བས་བསལ་ཏོ། །རང་རྒྱལ་གྱི་ལྟ་བ་རང་གི་ལོ་རྒྱུས་ཀྱིས་མ་གྲུབ་པར་བསྟན་པའི་ཕྱིར། འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ཚུལ་ཏེ་སྐྱེ་དང་འགགས་པར་འགྱུར་ཞེས་པ། གོལ་སྒྲིབ་ཀྱི་ངོ་བོ་ཉིད་ནི་བྱིས་པ་དག་དངོས་པོ་མཐོང་ཐོས་ཀྱི་ཆོས་རྣམས་ནི་ཕྱི་དང་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་མང་ཉུང་དང་ཕྲ་རགས་ཀྱི་ཚུལ་དུ་འཁོར་བའང་ཆ་མཉམ་ཞིང་ཚང་ན་སྐྱེ་ཞིང་། དེ་ལས་བཟློག་ན་འགག་པས་རྩད་བཅད་ནས་ཡུལ་མ་གྲུབ་པའོ་ཞེས་ལྟ་བ་ནི་སྒྲིབ་པའོ། །དེ་མ་གྲུབ་པ་དང་མི་བདེན་པ་བས་སུན་ཕྱུང་ནས་མ་ནོར་བའི་དོན་བསྟན་པ་ནི། ཚིག་པའི་ས་བོན་བཞིན་དུ་མེད་ལས་མོས་པ་མི་འབྱུང་རྒྱུ་འབྲས་མེད་ཞེས་པ། དཔེར་ན་ས་བོན་ཚིག་པ་ལས་མྱུ་གུ་མི་འབྱུང་བ་ལྟར། སྙིང་པོ་བྱང་ཆུབ་རྒྱུ་རྐྱེན་ངང་གིས་དག་པ་ལས། གཟུགས་སུ་མི་སྣང་སྟེ་བསྐྱེད་པའི་རྒྱུ་འབྲས་མ་གྲུབ་པས་མི་བདེན་ནོ། །འོ་ན་རྟེན་འབྲེལ་ཅི་ལས་སྣང་སྙམ་པ་ལ། དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་རྟོག་པའི་སེམས་ཉིད་ནི། རྒྱུ་དང་རྐྱེན་དུ་སྣང་སྟེ་ཞེས་པ། སྙིང་པོ་བྱང་ཆུབ་ལ་རྟེན་འབྲེལ་མ་གྲུབ་པར་དེར་སྣང་བ་ནི། རང་རྒྱལ་བའི་ཤེས་པ་རྟེན་འབྲེལ་རྒྱུ་འབྲས་བུ་རྟོག་པ་གོམས་པ་ཉིད་དེར་སྣང་སྟེ། རང་གི་ཀུན་བརྟགས་སྣང་བས་གཏན་ཚིགས་མི་བདེན་པའི་ཕྱིར། ལྟ་བའང་མི་བདེན་ཏེ་རང་རྒྱལ་བ་ཤིན་ཏུ་ལམ་རིང་བའོ། །མ་ནོར་བའི་དོན་གང་སྙམ་པ་ལ། དེ་གཉིས་མེད་ཕྱིར་སྐྱེ་དང་འཇིག་པ་མེད། སྐྱེ་འཇིག་མེད་ཕྱིར་བདག་གཞན་མེད་དེ་འཆི་འཚོ་མེད་ཕྱིར་རྟག་ཆད་མེད། དེས་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་འདས་པ་མེད་པ་ཉིད་དུ་མངོན་ཞེས་པ། ནམ་མཁའ་ཆེ་ལས། རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། མ་སྐྱེས་པས་ན་འཇིག་པ་མེད་ཞེས་པའི་དོན་གྱིས། རྒྱུ་རྐྱེན་ཉིད་ཡེ་ཤེས་རྡོ་རྗེའི་ངོ་བོ་ཡིན་པས་མ་གྲུབ་པའི་གཏན་ཚིགས་ཀྱིས་སྐྱེ་བ་མེད་པས་འཇིག་པ་མེད་པའོ། །དེས་ན་སྔ་མ་སྔ་མ་གཏན་ཚིགས་ལ་ཕྱི་མ་ཕྱི་མ་དོན་ཉིད་ཡིན་ཏེ་མཐའ་ཟུང་ལྔ་ལས་གྲོལ་བའི་བྱང་ཆུབ་སེམས་ཡེ་ནས་རྣམ་པར་དག་པས། འཁོར་བ་དང་མྱ་ངན་ལས་འདས་པའང་གཉིས་སུ་མེད་པས། རྟེན་འབྲེལ་ལུགས་ནས་འབྱུང་བཟློག་མེད་པར་གསལ་ལོ། །རྣམ་རིག་གི་ལྟ་བའི་གོལ་སྒྲིབ་རང་གི་ལོ་རྒྱུས་ཀྱིས་མ་གྲུབ་པར་བསྟན་པའི་ཕྱིར་གནས་ཀྱི་སྐད་ཅིག་ནམ་ཡང་མི་འབྲལ་དེ་ཚེ་མཉམ་གྱུར་དེ་མེད་མེད། ཡང་དག་མ་ཡིན་རྟོག་པས་བསྐྱེད་ཕྱིར་བགགས་ཡོད་པ་མ་ཡིན་དང་ཞེས་པ། ཀུན་རྫོབ་ཀྱི་ལྟ་བ་ནི་ཆོས་གཉིས་ཀྱི་གཞི་རྟེན་ཀུན་གཞི་རྣམ་ཤེས་སྐད་ཅིག་མ་དེ་ནི་ཐམས་ཅད་དུ་མེད་པ་མིན་ཏེ། རྒྱུན་རྟག་ལ་དེ་ལྟར་མཐོང་བའི་དུས་ན་དངོས་པོ་ཡུལ་རིལ་ཤེས་པ་སྣང་བས་བཟང་ངན་མེད་པར་མཐོང་བ་ཡུལ་ལོགས་སུ་གྲུབ་པས། ཤེས་པའང་སྐྱེ་བོ་པ་ལྟར་རྒྱ་ཆད་པར་མ་གྲུབ་པའོ། །དེས་ན་མཐོང་ཐོས་ཀྱི་ཡུལ་རྣམས་ནི། བདེན་ཞིག་ཚད་མ་མ་ཡིན་ཏེ། ཤེས་པ་འཁྲུལ་པ་ཐག་སྦྲུལ་ལྟར་སྣང་བའི་གཏན་ཚིགས་ཀྱིས་ཡུལ་མ་གྲུབ་པར་འདོད་དོ། །དེ་སུན་འདོན་པ་བསྟན་པའི་ཕྱིར། སྤྱོད་ཡུལ་མེད་ཕྱིར་ཀུན་གཞི་མེད་ཅིང་རྣམ་རིག་དེའང་མེད་པ་ཡིན། ཞེས་པ། རྣམ་རིག་ཡུལ་མ་གྲུབ་པའི་གཏན་ཚིགས་ཀྱིས་ཀུན་གཞིའང་མིང་དུ་མི་ཐོགས་ཏེ་མ་གྲུབ་ལ། ཚོགས་དྲུག་ཀྱང་ཡུལ་རིག་ཅིང་ཤེས་པར་མི་རིགས་པའོ། །ཕྱོགས་རྣམས་མེད་ཕྱིར་དམིགས་དང་གནས་མེད་རྣམ་ཤེས་རིག་པ་ཇི་ལྟར་སྐྱེ་ཞེས་པ། དེ་ལྟར་ཡུལ་དང་ཤེས་པ་རྒྱ་མ་ཆད་དང་གཅིག་པར་འདོད་པ་དེ་ཉིད་ཀྱི་གཏན་ཚིགས་ཀྱིས། དམིགས་པའི་ཡུལ་དང་བག་ཆགས་ཀྱི་གནས་ཀུན་གཞི་མ་གྲུབ་སྟེ། རྐྱེན་གཉིས་མེད་པས་ཤེས་པ་དྲུག་དངོས་ཡུལ་ལ་སྐྱེ་བའང་རིགས་པ་མིན་ཏེ། ཀུན་རྫོབ་ཏུ་འཁྲུལ་པའི་ཤེས་པ་སྐད་ཅིག་མའང་མ་གྲུབ་པར་སུན་བཏོན་ཏོ། །དེས་ན་མ་ནོར་བ་ཉིད། དེ་ཕྱིར་སེམས་འདི་ཡོད་མེད་མཐའ་ལས་འདས་ཤིང་གཅིག་དུ་མར་བྲལ་ཞེས་པ། སྤྱོད་ཡུལ་བྲལ་བས་རྒྱུན་གྱི་རྟག་པ་མེད་པའི་གཏན་ཚིགས་ཀྱིས། རང་རིག་ངོ་བོ་བསྟན་ཅིང་ཅིར་ཡང་རང་སྣང་བས། མཐའ་གཉིས་བྲལ་བས་རིག་པ་བྱེ་བྲག་ཀུན་བྲལ་ཉག་ཅིག་ཇི་མ་སྤངས་པས་བརྗོད་པར་ནི་དཀའ་བའོ། །དོན་དམ་པའི་ཡེ་ཤེས་མ་གྲུབ་པར་དཔེས་བསྟན་པའི་ཕྱིར། བདེར་གཤེགས་བྱང་ཆུབ་མེད་ཕྱིར་དེའི་རྫུ་འཕྲུལ་སྒྱུར་འདྲར་འཁྲུལ་ལ་སྣང་ཞེས་པ། བྱང་ཆུབ་སེམས་ཀྱི་ངང་ལ་མ་དག་པ་མེད་པའི་ཕྱིར། སངས་རྒྱས་ཉིད་ཀྱི་བླ་དྭགས་ཙམ་ཡང་བྲལ་བའི་གཏན་ཚིགས་ཀྱིས། རྒྱལ་བ་རྣམས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་མ་གཡོས་པར། དག་པའི་འཇིག་རྟེན་པའི་ཡེ་ཤེས་ཀྱིས་མཛད་པ་སྒྱུ་མཁན་ལྟར་སྣང་བས། དོན་མཛད་པར་འདོད་པ་ཉིད་རང་གི་འཁྲུལ་པ་སྣང་བའོ། །དེ་བཞིན་དག་པའི་ཡེ་ཤེས་ཤིན་ཏུ་དགེ་བའི་རྒྱུན་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་ལ་ནི་དེ་དག་དམིགས་ཤིང་སྐྱེ་བར་བརྟགས་པ་ཡང་ཞེས་པ་རྣམ་རིག་དོན་དམ་པ་ཡེ་ཤེས་སྐད་ཅིག་མ་ཆ་ཤས་དང་བྲལ་བར་འདོད་པའང་མི་འགྲུབ་པ་ནི། རྒྱལ་བའི་མཛད་པ་མ་གྲུབ་པ་ལྟར། སྤྲོས་པ་རྣམ་པར་དག་པའི་ཡེ་ཤེས་བཞི་པོ་རྣམས་ལས་ཀྱང་། མེ་ལོང་ལྟ་བུའི་ཡེ་ཤེས་རབ་དུའང་ཉེས་པ་དང་བྲལ་བ་བླ་མའི་དགེ་བའི་སྔ་མ་རྩ་བ་རྒྱུན་ལས་བསྐྱེད་པའི་སྐད་ཅིག་མའི་ཡེ་ཤེས་དེ་ཆོས་ཀྱི་དབྱིངས་ཀྱི་ཡུལ་ལ་མར་མེ་ལྟར་རང་སྐད་ཅིག་མར་སྐྱེ་བར་རྟོག་པ་ནི། མི་མཐུན་པའི་སྒྲས་འཁྲུལ་པར་སྟོན་པའོ། །སུན་དབྱུང་བ་བསྟན་པའི་ཕྱིར་རྡོ་རྗེའི་གནས་མེད་ཕྱིར་ན་མཉམ་གནས་རང་བཞིན་འདྲར་གྱུར་དང་། ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་ཉིད་མེད་པས་སྐད་ཅིག་མིན་ཞེས་པ། རྣམ་རིག་ཡུལ་མེད་པའི་ཡེ་ཤེས་རྐྱེན་བཞིས་རྒྱུད་དུ་སྐྱེ་བ་དེ། འདིར་ནི་རང་བྱུང་གི་ཡེ་ཤེས་བརྩལ་བ་མེད་པ་ལ། དངོས་སུ་ཡུལ་དུ་དམིགས་པའི་རྟེན་ཙམ་ཡང་མ་གྲུབ་པའི་གཏན་ཚིགས་ཀྱིས། ཡེ་ཤེས་ཆེན་པོ་ཕྱོགས་རིས་དང་བྲལ་བ་ཅི་འདྲ་བར་གདེང་ཆུད་དེ། ཡུལ་དང་ཡེ་ཤེས་བྱེ་བྲག་མེད་པར་རྟོགས་པ་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཞེས་ཀྱང་བྱ། རྡོ་རྗེ་མོའི་ཡེ་ཤེས་ཀྱང་བྱ་བ་བཤད་པ་ལྟ་བུ་ལ་སྤྱོད་ཡུལ་མ་གྲུབ་པས། རྒྱུད་དུ་སྐྱེེ་བ་མིང་ཙམ་ཡང་མེད་དོ། །དེ་ཡོད་ན་འདུས་བྱས་སུ་འགྱུར་བས་མི་བདེན་ནོ། །འོ་ན་རྒྱལ་པོའི་ཡོན་ཏན་སྣང་བ་འགག་གོ་ཞེ་ན་ཡེ་ཤེས་མིང་བཞི་དང་ལྡན་པ་ནི། སྐད་ཅིག་མེད་པར་རྒྱུན་དང་བཅས་པར་རང་སྣང་བའོ། །དག་པའི་འཇིག་རྟེན་པའི་ཡེ་ཤེས་ཀྱང་མ་གྲུབ་པར་སུན་འབྱིན་པ་བསྟན་པའི་ཕྱིར། དག་པའི་དགེ་རྩ་གཟུགས་བརྙན་མེད་པས་འཇིག་རྟེན་ཡེ་ཤེས་ཡོད་མི་འགྱུར། དེ་ཕྱིར་བྱང་ཆུབ་མ་ཆུབ་མཚན་ཉིད་མེད་པར་གཅིག་པས་བླང་དོར་མེད་ཞེས་པ། འཁོར་གསུམ་ཡོངས་སུ་དག་པའི་དགེ་བའི་རྩ་བ་མི་རྟོག་པའི་ཡེ་ཤེས་དཔེའི་ཇི་ལྟ་བ་སྐད་ཅིག་མར་སྣང་ཡང་མ་གྲུབ་པས། མེད་ན་མི་འབྱུང་བའི་ཚུལ་གྱིས་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱང་འཁྲུལ་སྣང་ངོ་། །གཏན་ཚིགས་དེས་ན་འཁོར་བ་དང་མྱ་ངན་ལས་འདས་པ་རིལ། མི་གནས་པའི་ཡེ་ཤེས་སུ་ངང་གིས་བཟླུམས་པས་སྤང་བླང་འདི་ལ་མེད་པའོ། །དབུ་མའི་ལྟ་བའང་རང་གི་ལོ་རྒྱུས་ཀྱིས་མི་བདེན་པར་བསྟན་པའི་ཕྱིར། དོན་དེའི་ཚུལ་གྱིས་དོན་དམ་རྣམ་གྲངས་སྐྱེ་འགག་མེད་དང་མཉམ་ཉིད་དང་། གཉིས་མེད་བསམ་འདས་སྟོང་ཉིད་བརྗོད་དང་ཐ་སྙད་བྲལ་ལ་སོགས། བསྟན་པ་དེ་ཀུན་ཐ་སྙད་ཡིན་ཏེ་ཞེས། དབུ་མ་པས་དོན་དམ་པར་སྤྲོས་པ་བརྒྱད་ཞི་ཞིང་། རིགས་པ་བཞིས་ངེས་པར་ཤེས་བྱའི་ཡུལ་དམ་པར་བཞག་པ་ནི་མི་བདེན་ཏེ། འདིར་རྣམ་རིག་མ་གྲུབ་ཅིང་མཚན་ཉིད་བསྟན་དཀའ་བའི་ཚུལ་གྱིས། དབུ་མའི་དོན་དམ་པའི་མཚན་བརྒྱད་དུ་བཏགས་པ་དང་། བསྡུ་བའི་སྒྲས་མཚན་གཞན་ཇི་སྙེད་པ་བསྡུ་སྟེ། དེའི་ངོ་བོ་མ་སྐྱེས་པ་ནི་དོན་དམ་པར་འདོད་ལ། བཏགས་པའི་མིང་རྣམས་དང་ཡེ་ཤེས་ནི་ཀུན་རྫོབ་ཏུ་འདོད་པ་དེ་དག་ཀུན་ཚིག་གི་ཐ་སྙད་ཙམ་ཡིན་པས་ཡང་དག་པའི་པའི་དོན་མ་ཡིན་པའོ། །དེ་ལྷག་མས་མི་བདེན་པར་སུན་འབྱིན་པ་སྟེ། དོན་དམ་མེད་ཅིང་ཀུན་སྒྲིབ་མེད། དོན་དམ་ཚུལ་གྱིས་ལམ་ཉིད་འདི་འདྲ་ཞེས་པ་དེ་ཉིད་ཀུན་སྒྲིབ་ཡིན་ཞེས་པ་དང་། དབུ་མ་པ་བདེན་པ་གཉིས་སུ་འདོད་པ་ནི། རང་གི་འཁྲུལ་པ་སྣང་སྟེ། འདིར་རང་བྱུང་ཡེ་ཤེས་ངོ་བོ་མེད་པར་ཐམས་ཅད་དུ་རང་སྣང་བ་ལ་དོན་དམ་ལྷག་པར་བཤད་པ་མེད་པའི་ཕྱིར་བདེན་པ་རིས་སུ་མེད་པ་ལ། དབུ་མ་དོན་དམ་པའི་ལུགས་བཤད་ནས་ལམ་མ་ནོར་བར་འདོད་ཅིང་སྟོན་པ་ཉིད་ཀུན་རྫོབ་ལོག་པའི་སྒྲིབ་པར་བསྟན་པའོ། །དེས་ན་འདི་ལ་དེ་མེད་དེ་ཐེ་ཚོམ་ཡོད་མེད་ཆོས་ནི་གང་ལའང་སྤོང་ཞིང་གནས་པར་མི་བྱེད་དོ་ཞེས་པ། ཐམས་ཅད་དུ་གདེང་ཆེན་པོ་མངའ་བས། ཀུན་རྫོབ་དང་དོན་དམ་པའི་ཆོས་རིས་སུ་བླང་དོར་མེད་དེ་སྤང་ལེན་མེད་པ་ཉིད་ཀྱང་ཡུལ་དུ་མི་བྱེད་པའོ། །བསྒོམ་པ་དང་ནི་ཆོས་དབྱིངས་མེད་ཕྱིར་སོམ་ཉིད་མེད་ལ་དམ་པར་ལྟ་བ་འདི་མེད་ཞེས་པ། ལྷུན་གྱིས་གྲུབ་པའི་ཡེ་ཤེས་བསྒོམ་བྱ་བསྒོམ་བྱེད་ལས་གྲོལ་བའི་གཏན་ཚིགས་ཀྱིས། ཡུལ་ཉིད་ཡིད་ལ་བྱེད་པ འང་མེད་ཅིང་དོན་དམ་པ་ལ་མཆོག་ཏུ་འཛིན་པའི་འདུ་ཤེས་མེད་པས་དག་གོ །ཀུན་རྫོབ་ལྟ་བ་སུན་གདོན་པའི་ཕྱིར། དེ་ལྟར་དངོས་པོའི་མཐའ་རྣམས་བརྟགས་པས་རང་བཞིན་སྒྱུ་ལ་མེད་འགྱུར་ཕྱིར། ཡོད་པ་ལྟོས་པའི་མེད་པ་མེད་དེ་མེད་པའི་མེད་པའང་མེད། མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པར་མི་བྱེད་དོ་ཞེས་པ། བཤད་པ་བཞིན་རང་བཞིན་ཀུན་བརྟགས་དང་། ལྟོས་པའི་ཀུན་བརྟགས་ཀྱི་དངོས་པོ་ཇི་ལྟར་སྣང་པའི་ལོ་རྒྱུས་ཀྱིས་གྲུབ་མཐའ་དཔྱོད་ན། དབུ་མ་པ་ལྟར་སྒྱུ་མའི་མཚན་ཉིད་ཙམ་དུའང་མི་སྣང་བའི་གཏན་ཚིགས་ཀྱིས། གསང་སྔགས་ཀྱི་བྱང་ཆུབ་སེམས་ལ། ཡོད་པ་མ་གྲུབ་པས་མེད་པར་མ་སོང་སྟེ་ལྟོས་པའི་མེད་པ་མ་གྲུབ་པའོ། །འོ་ན་མེད་པའི་མེད་པ་ཞིག་ཡོད་དོ་ཞེ་ན། མེད་པ་འདོད་ནས་བྲལ་བས་དེ་མ་གྲུབ་པའང་མ་དམིགས་ཏེ་ཅིར་ཡང་སྣང་ངོ་། །དེས་ན་མཐའ་གཉིས་སོ། །གཅིག་ལས་འདས་པས། དབུ་མ་པ་ལྟར་དབུས་ཀྱི་དོན་ཞིག་ལའང་བློའི་རྟེན་བཅའ་རུ་མེད་དེ། བྱང་ཆུབ་སེམས་མཐའ་གང་ཡང་མ་སྤངས་པར་བྲལ་བ་ནི་གྲུབ་མཐའ་ཆེན་པོ་སྟེ། དེ་ལྟར་གདེང་ཆུད་པར་བྱ་བ་ཐོག་མར་གཅེས་པར་བསྟན་ཏོ། །ཀུན་ཏུ་བཟང་པོའི་སྤྱོད་པ་བླང་དོར་མེད་པ་བསྟན་པའི་ཕྱིར། གང་ལ་འཇིག་རྟེན་དབང་ཕྱུག་པདྨ་ཀུན་ཀྱང་མ་སྤོང་འདྲར་མཉམ་གནས་ཞེས་པ། སུ་ཞིག་བྱང་ཆུབ་སེམས་ཀྱི་གདེང་དེ་དང་ལྡན་པས་སྤྱོད་པའི་དངོས་པོ་ཐམས་ཅད་ནི་ཇི་ལྟར་སྤྱོད་ཞེ་ན། ཁམས་གསུམ་པའི་འདོད་ཡོན་ལྔ་ལ་སོགས་པ་རིལ། བདག་ཉིད་ཆེན་པོར་མངའ་བརྙེས་པས་ཡུལ་མེད་པར་དུས་ཅིག་ཏུ་བསྟར་ལ་ཟིན་ཆགས་བྲལ་བས། ཐམས་ཅད་ལ་དོར་བ་མེད་དེ་ལྷུན་གྱིས་གྲུབ་པའི་ངོ་བོར་བཞུགས་པའོ། །ཆོས་ལ་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པར་རབ་རྟོགས་ཏེ་ཞེས་པ་ཆོས་སོ་ཅོག་བྱང་ཆུབ་སྙིང་པོར་བདེན་པས། འཁྲུལ་པ་མིང་ཙམ་ཡང་མེད་པར། སྐྱེ་བོ་པ་འཁྲུལ་སྤྱོད་དུ་མཐོང་བའི་ཐེག་པ་ཉིད་ནོར་བར་ཤེས་པའོ། །ལྷག་མ་ནི་གང་ཡང་མ་འཁྲུལ་པས་སྤོང་ལེན་མི་བྱེད་པར་བསྟན་པའོ། །དྲུག་གིས་བསྟན་པའི་བདུད་ཀྱི་ལས་ཀྱང་མི་འདོར་ནང་དུ་མི་རྟོག་གོ །ཞེས་པ། མུ་སྟེགས་ཀྱི་སྟོན་པ་དྲུག་གིས་བསྟན་པའི་ལོག་སྲིད་ཅན་གྱི་སྤྱོད་པ་ཀུན་གྱིས་སྤང་བྱའང་འདིར་རང་རིག་པའི་མཛད་སྤྱོད་པས་སྨད་པར་མི་སེམས་ཤིང་མི་སྤོང་བའོ། །འོ་ན་སྐྱོན་དུ་འགྱུར་རོ་བར་དོགས་པ་ལ། ཤེས་རབ་ཐབས་ཀྱིས་སྤྱོད་པ་མི་གནས་ཕྱིར་ན་བདུད་ཀྱི་འ དྲ་བར་སྤྱོད། ཞེས་པ། འདིར་གཟའ་གཏད་བྲལ་བའི་ལྟ་བ་ཡིན་པ་མེད་པར་མཇལ་བས། ཐམས་ཅད་རང་རིག་རང་སྣང་བས། རྣམ་གྲངས་བརྒྱད་སྟོང་གི་སྤྱོད་པ་གང་ལའང་། ཟིན་ཆགས་ཀྱིས་བསྒོས་པ་མེད་པའི་གཏན་ཚིགས་ཀྱིས་ལོག་སྲེད་ཅན་་གྱི་སྤྱོད་པའང་མ་སྤངས་པའོ། །དེའི་ཕྱིར་ལོག་སྲིད་ཅན་དང་མི་མཚུངས་པའོ། །མན་ངག་གི་གོལ་ས་དང་ལྟ་བ་སྙེམས་པའི་སྐྱོན་གང་སྙམ་པ་ལ། རང་གི་ཤེས་པ་དམ་པར་བྱས་ཏེ་ཀུན་ལ་རྒྱལ་ཏེ་དེ་བསྙེམས་ནས། འདོད་ཆགས་ཞེ་སྡང་སྐྱེས་ནས་རྩོད་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང་། ཞེས་པ་འདིར་ནི་ཐམས་ཅད་བདག་ཉིད་པས་ཕྱོགས་རིས་མེད་ཅིང་། བདག་ཀྱང་ཐམས་ཅད་ཡིན་པས་ང་བདག་བྲལ་བའི་དོན་ལ་རྨོངས་པའི་ཨ་ཏི་ཡོ་ག་པ་དང་། བདག་ཏུ་འཛིན་པའི་གཞི་ལས་བྱ་བརྩལ་དང་བྲལ་བར་ལྟ་བ་མཆོག་ཏུ་བཟུང་བ་སྟེ། ང་རྒྱལ་གྱིས་ཚིག་གི་ལྟ་བ་སྙེམས་པས་རང་གི་ལྟ་བ་ལ་ཞེན་ཅིང་། གཞན་གྱི་ལྟ་བ་ལ་ཞེ་སྡང་བ་བྱུང་སྟེ་རྩོད་སྐུར་སྤོང་བ་ནི། མུ་སྟེགས་རྒྱལ་ཐབས་སུ་གོལ་བས། སླར་མ་རིག་པ་སྟེ་བདག་དང་བྲལ་བའི་བདག་ཉིད་ཆེན་པོ་རྟོགས་པར་མི་འགྱུར་བའོ། །ལྟ་བའི་སྐྱོན་དེ་ལ་མི་གནས་དོན་མ་ནོར་བར་སྒོམ་པ་བསྟན་པའི་ཕྱིར། ཇི་སྲིད་ཡིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་དུ་ཕྲ་བའི་ལམ། ཞེས་པ། ཡུན་ཇི་ཙམ་དུ་བདག་འཛིན་གྱིས་མུ་སྟེགས་རྒྱལ་ཐབས་པར་གྱུར་པས། བདག་གཞན་རིས་སུ་ཕྱེ་ནས་བསྟོད་སྨོད་ཀྱི་སེམས་ལ་སོགས་པ་ལྡན་པ་དེ་སྲིད་དུ། བར་ཆོད་ཀྱི་དབང་དུ་གྱུར་པ་སྟེ། འཛིན་པ་འཕྲ་མོ་དང་མ་བྲལ་བས་ནོར་བའི་ལམ་མོ། །གཡོ་དང་མི་གཡོ་ཐ་སྙད་མི་གནས་གནས་ལའང་གནས་པར་མི་བྱེད་དོ། །ཞེས་པ། དེ་ལྟ་བུའི་རྟོག་པ་དག་རིག་པ་ཇི་བཞིན་པར་རང་སྣང་བའི་དུས་ན། ལྡང་ཞེའམ་མི་ལྡང་ཞེས་བྱ་བར་བཏགས་པའི་དངོས་པོ་གང་ལའང་བློའི་རྟེན་མི་འཆའ་སྟེ། ཅིར་ཡང་མི་གནས་སོ་བྱ་བའི་རྟེན་ཞིག་ལའང་བློ་རྟེན་པ་མེད་དེ་དུས་གསུམ་བྲལ་བའི་རིག་པ་རང་སྣང་བའོ། །སྣང་མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས་བདེར་གཤེགས་གསུང་། ཞེས་པ། བྱང་ཆུབ་སེམས་རྣམ་པ་ཅན་གྱིས་སྣང་བ་བྲལ་བ་ནི། མཐའ་རྣམས་ངང་གིས་བྲལ་བས་བླ་དྭགས་ཀྱི་མིང་གྲུབ་སྟེ། བཤད་པ་ལྟར་དེ་ནི་མ་ནོར་བའི་ལམ་དུ་རྒྱལ་བས་བསྔགས་པའོ། །བླང་དོར་ཅན་གྱི་སྒོམ་པ་གོལ་བར་བསྟན་པའི་ཕྱིར། གཟུགས་དང་མཚན་མ་སྨོན་པར་འཛིན་པར་རབ་དུ་སྤོངས་ནས་སུ། རྣམ་ཐར་གསུམ་པོ་སྒོམ་པའང་བདུད་ཀྱི་ལས་ཡིན་གཟུགས་ཉིད་སྟོང་པའོ། །ཞེས་པ་རྒྱུའི་ཐེག་པ་པ་དག་སྣང་བ་དང་འདུ་ཤེས་རེ་བ་བསལ་ནས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་སྒོམ་པ་ནི་བླང་དོར་མེད་པའི་དོན་མཐོང་དུ་མི་སྟེར་བས་བགེགས་ཏེ། འདིར་ནི་གཟུགས་ཉིད་སྟོང་པ་ཆེན་པོ། མཚན་མ་ཉིད་མཚན་མ་མེད་པ། སྨོན་པ་ཉིད་སྨོན་པ་མེད་པ་ཡིན་པའི་ཕྱིར་རོ། །འཁོར་བའི་ལམ་གསུམ་སྤང་ཞིང་མྱ་ངན་འདས་ལམ་སྒོམ་པའང་བདུད་ཉིད་དོ། །དེ་ཉིད་རང་བཞིན་མ་ཞི། །ཞེས་པ། ཡང་དུག་གསུམ་འགེགས་ཤིང་བྱམས་པ་དང་མ་ཆགས་པ་དང་ཡེ་ཤེས་ཀྱི་ལམ་སྒོམ་པའང་བདུད་ཀྱི་སྤྱོད་པ་སྟེ། དེ་ཁོ་ན་ལ་སྤོང་ལེན་གྱི་རྟོག་པའི་ཟུག་རྔུ་ཡོད་པའི་ཕྱིར་རོ། །དེ་ལ་འདིར་མི་གནས་པར་བསྟན་པའི་ཕྱིར། རང་བཞིན་བཙལ་སྤངས་གར་མི་གནས། འཕགས་ལམ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་ཉིད་གཞན་ན་མེད། ཞེས་པ། འདིར་ནི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ཐམས་ཅད་ཀྱི་ངོ་བོ་ནི་བདག་ཉིད་པས། རྗེས་སུ་འཇུག་པ་པོས་མ་ནོར་བའི་ལམ་བཙལ་ཞིང་། ནོར་པ་སྤོང་བའི་སྤོང་ལེན་ངོ་བོ་གང་དུའང་བྱང་ཆུབ་སེམས་ལ་མེད་པའི་ཕྱིར། སངས་རྒྱས་ཀྱི་སྤྱོད་ཡུལ་དང་གཞལ་ཡས་ཁང་དང་མྱ་མེད་པ་དང་། བསྡུ་བ་ནི་མ་འོངས་པ་བསྡུ་བ་སྟེ་དེ་ཐོབ་པར་བྱེད་པའི་ལམ་རང་སེམས་ལས་གཞན་དུ་མི་ཚོལ་བས་བཤད་པའི་སྒོམ་པ་མི་བདེན་པའོ། །སྒོམ་སྐྱོན་བཅོས་པའི་ཐབས་བསྟན་པའི་ཕྱིར། ལྡང་དང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན། འདིར་སྒོམ་པའི་ཉམས་གསུམ་ལ་གནས་པའི་ཚེ། ཐོག་མར་བྱིང་རྒོད་དྲུག་དང་དོགས་པ་བརྒྱད་དང་དམིགས་པ་བརྗོད་པ་དང་ལེ་ལོ་དང་མི་རྩོལ་བ་དང་དུག་ལྔ་དང་འདུ་བྱེད་རྣམས་དང་བར་དུ་རྟོག་པ་ལ་ཞེ་སྡང་བ་དང་། རོ་ལ་ཆགས་པ་དང་། ལྟ་བ་སྙེམས་པ་དང་། རྟོག་པ་མི་ཆུད་པ་དང་། བླང་དོར་མེད་པར་བྱེད་པ་ལྔ་དང་། རྩོལ་བ་དང་། མི་གཡོ་བ་དང་། གསལ་བ་དང་། སྡུག་བསྔལ་དང་། བདེ་བ་དང་། སྐྱེ་བ་དང་། འབྱིན་པ་དང་། ངེས་པར་འཛིན་པ་དང་། ཁྱད་དུ་གསོད་པ་དང་། སྙེམས་པ་ལ་སོགས་པའོ། །མཐར་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་ལ་སོགས་པ་གཡོ་བ་ལ་ནི་མི་འགེགས་མི་གཡོ་བ་ལ་དོན་ཏུ་མི་གནས་ཏེ་ཆོས་ཉིད་མངོན་དུ་གསལ་འདེབས་པ་མེད་པས། ཉོན་མོངས་པ་རབ་ཏུ་འབྱེད་པ་མེད་པ་མངོན་དུ་མི་བྱེད་པས་སེལ་བའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་དེ་ཡིན་དེར་མི་གནས། །ཞེས་པ། རྟོག་པ་ཇི་སྙེད་པ་ཉིད་ཆོས་ཉིད་མ་ཡིན་པ་མེད་དེ་ངོ་བོ་མ་སྐྱེས་པས། རྟོག་པ་ཆ་ཕྲ་མོ་ཙམ་ལྡང་ཞིང་རིང་ཐུང་དུ་འབྱུང་བའང་ཇི་བཞིན་པ་ཉིད་ཀྱི་ཕྱིར། རྟོག་པའི་ཚུབ་མ་ལ་རྟོག་པ་མི་གནས་པས། དགག་བསྒྲུབ་བྱར་མེད་པའོ། །སྒོམ་པའི་བློ་གཞག་ཐབས་གོལ་ས་དང་བཅས་པ་བསྟན་པའི་ཕྱིར། སྒོམ་པའི་ས་མི་རྙེད་ཕྱིར་བསྒོམས་པས་རྙེད་ཕྲད་མི་འགྱུར་ཏེ། ཞེས་པ། གནད་དུ་མ་ཆུད་པ་དག་གིས་ཆོས་ཉིད་ལ་དམིགས་ཏེ་བསྒོམས་ཀྱང་ཆོས་ཉིད་རང་རིག་པ་ཡིན་པའི་ཕྱིར་ཡུལ་དུ་བྱེད་པ་རང་གི་རྟོག་སྒོམ་ཡིན་པས་མི་དམིགས་པའི་ཡུལ་མེད་པའི་གཏན་ཚིགས་ཀྱི་ཡུལ་དུ་འཇོག་པ་དོན་ཟབ་མོ་མི་ཐོབ་པའོ། །འོ་ན་གཞན་གཞག་ཐབས་མ་ནོར་བ་གང་སྙམ་པ་ལ། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་ལ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། རྣམ་བྲལ་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་བསྒོམ་མོ། །ཞེས་པ། ཐོག་མར་བྱང་ཆུབ་སེམས་ཀྱི་གདེང་ཆུད་པའི་སྐྱེས་བུ་དེ་ལ། རྟོག་ཚོགས་ཀྱི་སྤྱོད་ཡུལ་རྣམས་ཆོས་སོ་ཅོག་གི་དེ་ཁོ་ན་ཉིད་ཡིན་པར་མཇལ་བས། ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལས་མ་གཏོགས་པ་གཞན་མེད་པའི་ཕྱིར། དངོས་པོ་ཅི་ལའང་བཟང་ངན་གྱི་འདུ་ཤེས་མ་སྐྱེས་པར། དྲན་པ་ཙམ་གྱིས་སྤྱོད་ཡུལ་མེད་པའི་ངོ་བོར་རང་རིག་རང་གསལ་བ་ནི་ཐེག་པ་མཆོག་གི་སྒོམ་པའོ། །ཉམས་བརྟན་པའི་ཚད་གང་སྙམ་པ་ལ། འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། ཞེས་པ། གང་གིས་དེ་ལྟར་རིང་མོར་བསྒོམས་པས་སྒོ་གསུམ་ཆེད་དུ་བྱས་པ་དང་མ་བྱས་པའི་ལས་གང་ཡང་དངོས་གཞི་མེད་པར་མཇལ་བས། མི་ལྡང་ཞིང་རྒྱུ་བ་ཆད་པའི་དུས་ན་ཆོས་སོ་ཅོག་བདེ་བ་ཆེན་པོའི་རང་བཞིན་དུ་རང་གསལ་བའོ། །དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཤེས་དགྲ་བཅོམ་རབ་འབྱོར་ཡིན། ནམ་མཁའ་མི་དམིགས་མིང་ཙམ་དགེ་དང་མི་དགེར་འབྱེད་མེད་སྐྱེ་བའང་མེད། ཞེས་པ་དེ་ལྟར་རང་རིག་མཐའ་བཞི་བྲལ་བར་རང་ཤར་བའི་དུས་ན་སྤྱོད་ཡུལ་རྣམས་ཇི་བཞིན་ཉིད་དུ་གསལ་བས། སྟོང་རྟོག་ལ་སོགས་པའི་ལྟ་སྒྲིབ་རིལ་ཚར་བཅད་དེ་རིག་པ་ཇི་བཞིན་ཉིད་དུ་སོན་པ་ཡིན་ཏེ། དེ་ལ་ནི་ཆོས་ཉིད་ནམ་མཁའ་ལྟ་བུ་ཉིད་དུ་འདུ་ཤེས་པའང་མེད་པ་སྤྱོད་པའང་ཐ་སྙད་དུ་ལས་ལེགས་ཉེས་སུ་འབྱེད་པ་ཙམ་གྱི་འདུ་ཤེས་ཀྱང་མི་འབྱུང་བས། བླང་དོར་མེད་པར་རྒྱ་མཚོ་ཆེན་པོའི་ཆུ་ལྟར་གསལ་ལ་མི་གཡོ་བའོ། །སྒོམ་པའི་ངོ་བོ་རྩོལ་བ་དང་བྲལ་བར་བསྟན་པའི་ཕྱིར། རྩོལ་བར་ཡིད་ལ་མི་བྱེད་གང་ལའང་སེམས་མེད་ཤེས་དང་མི་ཤེས་བྲལ། དྲན་དང་འབྱེད་མེད་གང་ལའང་དགའ་དང་མཚུངས་མེད་མི་གནས་མི་དམིགས་ཤིང་། ཞེས་པ་ཤིན་ཏུ་རྣལ་འབྱོར་གྱི་སྐབས་འདིར་བདག་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་ཡིན་པའི་ཕྱིར། བློ་གཤིས་སུ་ཕེབས་པའི་ཚེ་ཆེད་དུ་དམིགས་པའི་བྱ་བའང་མེད། ཡིད་ལ་བྱེད་པའང་མེད། མི་རྟོག་པ་དང་མི་གནས་པ་ཉིད་དུ་འཛིན་པའང་མེད། ལྟ་བ་གཉིས་ཀྱི་གོལ་སའང་མེད་པས། ཡུལ་དུ་དྲན་རྒྱུའང་མེད། ཕྱོགས་རིས་སུ་འབྱེད་སྤོང་ཡང་མེད། ཡུལ་གྱི་དངོས་པོ་ལ་ལེགས་པ་ཅི་ལའང་སྤྲོ་ཞིང་། རོ་ལ་ཆགས་པའང་མེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ནི། མི་གནས་པ་ལ་མི་གནས་མི་དམིགས་པ་ལའང་མི་དམིགས་ཏེ། བདག་ཉིད་དེའི་ཕྱིར་རོ། །དེས་ན་དབུ་མ་དང་ཞི་གནས་དང་། སྐྱེ་མཆེད་བཞི་དང་། བསམ་གཏན་བཞི་དང་། འདུ་ཤེས་མེད་པ་པ་དང་། སྐྱེ་བོ་པ་དང་། ཉན་ཐོས་དང་། རང་རྒྱལ་བ་དང་། གསང་སྔགས་པའི་ཏིང་ངེ་འཛིན་ཏུ་མ་ཐལ་ཏེ་མེད་པ་བཅུ་གཅིག་གིས་བསལ་ཏོ། །མཉམ་གནས་གཉིས་སུ་བརྟག་མེད་བརྗོད་བྲལ་བྱ་དང་མི་བྱ་མེད་དེ་སོགས་བྲི་མེད། ཞེས་པ་དེ་ལྟ་བུའི་ཏིང་ངེ་འཛིན་གང་གིས་ཀྱང་མ་རེག་པའི་ངོ་བོ་རང་བྱུང་ཡེ་ཤེས་སུ་རང་གསལ་ལ་ངང་གིས་མི་གཡོ་བ་ལ་མཐོན་དམན་ཆེ་ཆུང་མེད་དེ། བདེན་པ་གཉིས་དང་ཡུལ་དུ་ཞེན་པའི་འཛིན་པ་མེད་པས་ཏིང་ངེ་འཛིན་དེ་འདི་ལྟ་བུ་ཞིག་གོ་ཞེས་སྨྲ་མི་བཏུབ་སྟེ། དེ་ལ་ནི་ཆེད་དུ་དཀར་པོ་བྱ་བ་དང་ནག་པོ་མི་སྤྱད་པ་དང་། ཚོགས་བསགས་ལ་སྒྲིབ་པ་བྱ་བའི་དྲན་རྩོལ་མི་གཡོ་སྟེ་ཇི་བཞིན་པར་སྣང་བའོ། །དེ་ལྟར་བསྒོམས་པའི་རྟགས་བསྟན་པའི་ཕྱིར། ཆེད་དུ་རྩོལ་བྲལ་ཡིད་ལ་མི་བྱེད་ཅེས་ཀྱང་མི་འཁྲུགས་མཉམ་ཤེས་དང་། ཞེས་པ། འདིར་བཤད་པ་བཞིན་དུ་སྒོམ་པ་འབེབས་སྟོབས་དང་ཡིད་ལ་མི་མཛིན་པར་ཤིན་ཏུ་བརྟན་ཏེ་རྐྱེེན་ཅིས་ཀྱང་མི་འཕྲོགས་པར་མཉམ་པ་ཉིད་དུ་རང་གསལ་ན། གདམ་ངག་གིས་སྒོམ་པའི་ཡོན་ཏན་ཅི་འབྱུང་ཞེ་ན། གང་ལ་ཆགས་དང་ཡུལ་གྱིས་མོས་སྐྲག་མེད་དེ་མི་འབྲལ་མི་གནས་ཤིང་། མི་འཕྲོགས་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས་ཏེ། ཞེས་པ། སྐྱེས་བུ་རི་ལྟར་བརྟན་པའི་ཚེ་ཐམས་ཅད་བདག་ཉིད་ཆེན་པོར་གསལ་བས་གཞན་དུ་དམིགས་པ་མེད་པ་དང་། རང་བྱུང་ཡེ་ཤེས་སུ་གསལ་བ་དང་། བདག་མེད་པས་གཅེས་པར་འཛིན་པའི་འདུ་ཤེས་བྲལ་བ་དང་། རྟོག་པའི་ཡེ་ཤེས་སུ་གསལ་བ་དང་། ངར་འཛིན་བྲལ་བ་དང་། སྤང་བྱ་མ་མཐོང་བ་དང་། ཇི་བཞིན་པ་ཡུལ་དུ་མེད་པར་བརྟན་པའི་ཕྱིར། ལྷའི་བུ་མོ་མཐོང་ཡང་ཆགས་པ་མི་སྐྱེ་བ་དང་། སྐྱེ་བོ་པའི་ཀུན་བརྟགས་ཀྱིས་མ་བསྒྲིབས་པ་དང་། སྲིན་པོ་འབར་བ་མཐོང་ཡང་མི་འཇིགས་པ་དང་། དགྲ་དང་རྟོག་པ་ལ་ཞེ་མི་སྡང་བ་དང་། རང་གི་ཡོན་ཏན་ལ་རློམ་སེམས་མེད་པ་དང་། གང་ལའང་ཕྲག་མི་དོག་པ་དང་། དགོངས་པའི་ཆོས་ཉིད་ལ་ཉམས་པ་མེད་པ་དང་། ཕྱི་རོལ་གྱི་རྐྱེན་གྱིས་མི་འཕྲོགས་པ་དང་། འདྲེ་མོའི་ལུས་མཐོང་ཡང་ངན་པར་མི་འཛིན། རྒྱལ་བའི་སྐུ་མཐོང་ཡང་བཟང་བར་མི་འཛིན་ཅིང་ཆོས་བརྒྱད་ལ་སྤོང་ལེན་མེད་པ་དང་རྩ་བ་བཞི་པོ་དེ་དག་འབྱུང་ངོ་། །གཞན་ཡང་ཀུན་ཏུ་མི་ཉམས་པ་དང་། རེ་དོགས་གཞི་མེད་པ་དང་། མི་གཡོ་བ་དང་། མི་འཆད་པ་དང་། མི་ལེན་པ་དང་། འཁྲུག་པ་མེད་པ་འབྱུང་ངོ་། །གཞན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཕ་རོལ་ཕྱིན་པ་བཅུའང་རང་རིག་པའི་ཡེ་ཤེས་ལ་ལྷུན་གྱིས་རྫོགས་པས་རེ་རེ་ནས་སྤྱད་མི་དགོས་པར་ཤེས་པ་འབྱུང་། དྲོད་དང་རྟགས་དང་ཆོ་འཕྲུལ་དང་མངོན་ཤེས་དང་ཡེ་ཤེས་ཀྱང་གསུམ་གསུམ་བཞི་དང་དྲུག་གཅིག་ཅར་རིམ་པར་འབྱུང་བའོ། །ལྷག་མ་ནི་སྒོམ་པ་ནོར་ན་དེ་དག་མི་འབྱུང་བར་འཆད་དེ། སེམས་ཀྱི་དབྱིངས་སུ་བསྒོམས་པས་ལམ་གྱི་གཞན་དུ་བསྒོམས་པས་འོད་གསལ་མི་འགྱུར་རོ། །ཞེས་པ། རིག་པ་མཉམ་པའི་དབྱིངས་སུ་བསྒོམས་པས་འགྲུབ་པས་མ་ནོར་བའི་ལམ་ཡིན་གྱི། ལམ་འདི་མ་རྟོག་པར་གཞན་དམིགས་པའི་ཏིང་ངེ་འཛིན་གྱི་སྒོ་རྣམས་ཆེད་དུ་བྱས་པ་ནི་བརྒྱུད་པའི་རྒྱུ་ཙམ་སྟེ། དེས་བྱང་ཆུབ་སེམས་ལྷུན་གྱིས་གྲུབ་པ་མངོན་དུ་མི་འགྲུབ་པར་བསྟན་ཏོ། །གསང་སྔགས་ཀྱི་གོལ་སྒྲིབ་བརྒྱུད་པའི་རྒྱུར་བསྟན་པའི་ཕྱིར། བརྡའ་ཅན་ཡང་དག་ལེན་པའང་བྱང་ཆུབ་ཆེན་པོ་ཡིན་ཞེས་སྟོང་པས་རབ་གསུངས་ཕྱིར། ཞེས་པ། བརྒྱུད་པས་མཇལ་དུ་བཏུབ་པ་ནི་བརྡའ་སྟེ་དེ་དང་ལྡན་པའི་ལྟོས་པའི་རྟོག་ལྟས་རིང་ཞིག་ན། ཆེད་དུ་བྱས་པས་ཨ་ཏི་ཡོ་ག་རྟོགས་པར་འགྱུར་རོ་ཞེས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ་ནི། བདུད་རྩི་ཆེན་པོའི་རྒྱུད་ལས། རྒྱུད་དང་ལུང་དང་མན་ངག་ཀྱང་། །དམངས་དང་རྗེའུ་དང་རྒྱལ་པོའི་ཚུལ། །གཅིག་ལ་གཅིག་བརྟེན་གཅིག་གི་དང་། །ཞེས་གསུངས་པའི་གཏན་ཚིགས་ཀྱིས་འཐོབ་ཏུ་བཏུབ་བོ། །དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད་བསྐྱེད་ཅིང་བསྒོམ་པའི་གནས་ཡིན་ཏེ། ཞེས་པ། སྙེགས་པས་གཞིར་སྟོན་པ་ནི་བརྒྱུད་ནས་འཐོབ་ཏུ་བཏུབ་པས་རྫོགས་པ་ཆེན་པོའི་ཐེག་པ་འདི་གཡོ་ལྡང་སྨོན་འཇུག་གནས་མཐར་ཕྱིན་པའི་རིམ་པ་བསྐྱེད་པ་དང་གསུམ་བཞི་བསྒོམས་པས་བརྒྱུད་ནས་མཐོང་བའི་གནས་ཡིན་པས་བསྒོམ་པ་ནི། ཏིང་འཛིན་གསུམ་པོ་བརྟན་པར་བྱས་ནས་རྟགས་ཀྱི་ཕྱག་རྒྱ་གསུམ་བཅིངས་ཏེ། ཆོས་ཀྱི་ཕྱག་རྒྱ་ཆེན་པོར་སེམས་ཉིད་བསྐྱེད་དེ་སྙིང་པོ་བརྗོད་ཅིང་བསྒོམ། ཞེས་པ་རྣལ་འབྱོར་ཆེན་པོ་པས་རང་རིག་དེ་བཞིན་དུ་རང་གསལ་བ་ལ་བརྟེན་ནས། རང་རིག་ཡེ་ཤེས་ཆེན་པོར་གསལ་བའི་སྙིང་རྗེ་བསྒོམ་པ་བརྟན་པར་བྱ་བ་དང་། དེ་གོམས་ནས་རིག་པ་ཉིད་མ་སྐྱེས་པའི་ཡི་གེའམ་ཐུགས་ཀྱི་ཡི་གེར་བསྒོམ་དེ་བརྟན་པ་དང་། དེ་ཡོངས་སུ་གྱུར་པ་ཐུགས་ཀྱི་ཕྱག་རྒྱའོ། །དེ་ཡོངས་སུ་གྱུར་པ་སྐུའི་ཕྱག་རྒྱའོ། །དེ་ལས་ཡོངས་སུ་རྫོགས་པའི་སྐུར་བསྐྱེད་པའི་བསམ་པ་དེ་ལས་མི་འདའ་བ་དེའི་ཐུགས་ཀར་གདན་ཐོག་ཏུ་གསུང་ཡི་གེ་རྩ་བ་དང་ཡན་ལག་བསམས་ཏེ་ཕྱི་ནང་གསང་བའི་འཕྲོ་འདུ་བྱ་ཞིང་བསམ་པ་ནི་བརྒྱུད་ནས་མཐོང་བའི་གཞི་རྟེན་ནོ། །རྗེས་སུ་རྣལ་འབྱོར་པས་སྐད་གཅིག་ཉིད་ལ་གསུམ་རྫོགས་པས་ཡི་གེ་དྲན་པས་རིག་པ་སྐུར་རང་ཤར་བར་འཕྲོ་འདུ་བྱེད་པའོ། །རྡོ་རྗེ་སེམས་དཔའ་བསྒོམས་པས་ལམ་ཀུན་མ་ནོར་བསྒོམས་པ་ཡིན། ཞེས་པ་དེ་ལྟར་སྒོམ་པའང་ཐུགས་ཀྱི་རིགས་ཀྱི་ལྷ་བསྒོམས་པས་སངས་རྒྱས་ཀུན་བསྒོམས་པར་འགྱུར་བའི་ཕྱིར་རོ། །དེས་ན་དེ་གོམས་པས་ཞེན་པ་ལོག་པ་འདུ་ཤེས་ཀླུངས་སུ་ཞུགས་པ་དང་ཐོག་མའི་དམིགས་པས་དཔྱོད་པ་སྐྱེ་བ་ལུང་དང་མན་ངག་གི་རྐྱེན་གྱིས་མཐར་རྩོལ་བ་དང་བྲལ་བ་མཐོང་བར་འགྱུར་བའི་ཕྱིར་རྒྱུའོ། །ཤེས་རབ་ཀྱིས་མ་ཟིན་པའི་སྤྱོད་པ་གོལ་བར་བསྟན་པའི་ཕྱིར། ཀུན་ཏུ་བཟང་པོའི་སྤྱོད་པས་མ་ཟིན་དགེ་བའི་ཆོས་ནི་གང་ཡང་རུང་། ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་དེར་ཟད་ཅིང་མཐར་ཐུག་འགྱུར། ཞེས་པ། ནམ་མཁའ་ཆེ་ལས། བླ་མ་མཆོད་དང་གཏོང་བ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །ཞེས་པའི་དོན་གྱིས་ཚིག་ལ་བརྟེན་པའི་སྤྱོད་པ་རྩིང་པོ་དང་ནག་པོའི་ལས་མི་བྱ་བ་ལྟ་ཅི་སྨོས་ཏེ། དེས་བྱང་ཆུབ་ལ་སྒྲིབ་ཅིང་ལྟུང་བའི་ཐ་མར་གྱུར་ནས་ཤིན་ཏུ་ཡ་ཚར་བར་བྱེད་པའོ། །ཤེས་རབ་ཀྱི་སྤྱོད་པས་གྲོལ་བར་བསྟན་པའི་ཕྱིར། དེ་དག་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས། ཞེས་པ། བཤད་པའི་གཟའ་གཏད་མེད་པའི་ཤེས་རབ་ཅན་ཀྱི་སྤྱད་པ་འབྲས་བུ་ཉིད་དུ་འགྱུར་བའང་བཤད་པ་བཞིན་ནོ། །འདི་རྟོག་སྒོམ་གྱི་སྐལ་པ་མེད་པས་མོས་པའི་ཡོན་ཏན་བསྟན་པའི་ཕྱིར། དོན་འདི་མོས་པ་དེ་ཡང་བྱང་ཆུབ་ཆེན་པོ་ཡིན་ཞེས་རྒྱལ་བས་རབ་ཏུ་བསྔགས། ཞེས་པ། ལྷུན་གྱིས་རྫོགས་པའི་ཐེག་པ་ལ་བཟོད་པ་ཐོབ་ནས་ལྷག་པར་མོས་པའི་གང་ཟག་ནི་མྱུར་དུ་བཙལ་བ་མེད་པའི་དོན་འཐོབ་པར་འགྱུར་བས། གཞན་རྟོགས་གོམས་པས་མི་ཉེ་བའི་ཕྱིར་སྟོན་པས་བསྔགས་པ་མཛད་པའོ། །གནས་འདིར་བསྐྱོད་པ་ཙམ་གྱིས་འཇིག་རྟེན་གསུམ་པ་བླ་མར་བཅས་པའམ། མཆོད་གནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ་གྱིས་གནོན་ཞེས་རྒྱལ་བས་གསུངས། ཞེས་པ། ཐེག་པ་འདི་ལ་མོས་པ་སྐྱེས་ན་རྟོགས་པ་མེད་ཀྱང་ཁམས་གསུམ་གྱི་གཙོ་བོ་ཚངས་པ་བརྒྱ་བྱིན་ལ་སོགས་པ་དང་། དེས་བཀུར་བའི་སྡེ་པ་བཅོ་བརྒྱད་དང་། ཐེག་པ་གཞན་དག་དང་བདུད་ཀྱི་སྡེ་རྣམས་ལྡང་མི་ནུས་ཤིང་། གནོན་པ་རྣལ་འབྱོར་གྲུབ་པའི་ལུང་ལས་གསུངས་ཏེ། རྩེ་རྒྱལ་ལ་མོས་པའི་ཕྱིར་ཁོབས་འོག་ཏུ་ཆུད་པའོ། །ཐབས་ཆེན་བྱང་ཆུབ་སེམས་དཔའི་གསང་བ་སྤྱོད་པའང་འདི་ཉིད་དེ། ཞེས་པ། ས་པས་སེམས་ཅན་མེད་པར་ཀྱང་ཤེས་ལ་སྙིང་རྗེ་མི་འདོར་བ་ལ་སོགས་པ་བྱིས་པའི་ཡུལ་མིན་པའི་མཛད་སྤྱོད་ཀྱང་འདི་ལ་མོས་པ་ཉིད་ས་དེ་དག་གི་རྩ་བར་གྱུར་པའི་ཕྱིར་རོ། །འདི་མེད་རྒྱལ་བ་རྣམ་པར་སྣང་མེད་ཐེག་པ་གསུམ་སྟོན་མི་སྲིད་དེ། ཞེས་པ་དེ་བཞིན་གཤེགས་པའི་ས་བོན་དུ་གྱུར་པས་མེད་ན་མི་འབྱུང་བའི་ཕྱིར་རོ། །སྐད་ཅིག་ཙམ་དུ་དད་པའི་ཤུགས་སྐྱེས་དེ་ཡང་མྱུར་དུ་འཇམ་དཔལ་གཞོན་ནུར་འགྱུར། ཞེས་པ། ཡུན་རིང་མོ་བཀག་པ་ནི་སོ་གོལ་ཆའི་སེམས་སྐྱེས་པས་ཀྱང་མི་འགྱང་བར་རྒྱུ་མཐུན་པས་རང་བྱུང་ཡེ་ཤེས་མངོན་ཏུ་འགྱུར་བའི་ཕྱིར་རོ། །དཀྱིལ་འཁོར་གསང་བར་ཞུགས་ཤིང་ཐེག་ཆེན་དམ་ཚིག་མཆོག་ཀྱང་བསྲུངས་བ་ཡིན། ཞེས་པ། གསང་བའི་དཀྱིལ་འཁོར་རིལ་གྱི་དངོས་གཞི་བྱང་ཆུབ་སེམས་ཡིན་པའི་ཕྱིར་དང་སྡོམ་བསྲུང་ཐམས་ཅད་ཀྱི་ངོ་བོར་གནས་པས་འདི་ཡོད་ན་གང་སྤང་མ་ཉམས་པའི་ཕྱིིར་རོ། །དེས་ན་ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་བསྲུངས་ཤིང་ཅེས་གསུངས་ཏེ། ཐེག་པ་གསུམ་གྱི་འདུལ་སྡོམ་དམ་པ་བསྲུངས་པའི་ཡོན་ཏན་ཡོད་པའོ། །སྦྱིན་གནས་དམ་པར་རབ་ཏུ་བསྔགས། །ཞེས་པ། སུ་ཞིག་ངེས་པར་བྱང་ཆུབ་སེམས་ཀྱི་དོན་ལ་མོས་པར་འགྱུར་བ་དེ་ནི་བླ་མར་འགྱུར་བར་བསྟན་པ་དང་། བསམ་པ་ཉེས་པ་ཟད་པ་དང་། རིགས་ཆེན་པོར་འབྱུང་ཞིང་ཡོན་ཏན་དེ་དག་ཡོད་པས་ཡོན་ཏན་དེ་དག་ཡོད་པས་ཡོན་གནས་སུ་རུང་ཞིང་ལེན་དུ་གནང་བར་གསུངས་པའོ། །བསོད་ནམས་ཀྱི་ཚད་བསྟན་པའི་ཕྱིར། དེ་ཕྱིར་བྱང་ཆུབ་སེམས་ཀྱི་བསོད་ནམས་དེ་ལ་གཟུགས་ཡོད་ན། ནམ་མཁའ་བར་སྣང་དེ་ཡང་སྣོད་དུ་ཆུང་། ཞེས་རྒྱལ་བས་གསུངས། ཞེས་པ། ཡོན་ཏན་བརྒྱད་ཀྱི་གཏན་ཚིགས་ཀྱིས་སེམས་བསྐྱེད་པའི་བསོད་ནམས་ལ་དངོས་པོ་ཡོད་ན་ནམ་མཁའི་ཁམས་དང་བར་སྣང་དུ་མི་ཤོང་བར་རྡོ་རྗེ་བཀོད་པ་ལས་བཀའ་སྩལ་པའོ། །ཐུགས་རྗེ་ཆེན་པོའི་སྤྱོད་པ་སྟེ། ལོག་པར་ཞུགས་པ་རྣམས་བྱང་ཆུབ་སེམས་ལ་གནས་པའི་ཐུགས་རྗེས་མི་དོར་བར་བསྟན་པའི་ཕྱིར། སྐྱེ་བོ་སྐྱེ་བ་སྣ་ཚོགས་དག་ལས་སྐྱེས་ཤིང་སྐྱེ་དང་སྐྱེ་འགྱུར་སྐྱེས་པའི་རྒྱུན་གྱི་དབང་སོང་བས། ཞེས་པ། སེམས་ཅན་རྣམས་ལས་ཀྱི་དབང་གིས་འཁོར་བར་ལྟུང་བ་དག་ཀྱང་སྐྱེ་བ་རྣམ་བཞིའི་བྱེ་བྲག་ཐ་དད་ལས་དུས་སྔ་བར་སྐྱེས་ད་ལྟར་ཡང་སྐྱེ་ཕྱིས་ཀྱང་སྐྱེ་བ་བར་མ་ཆད་པའི་དབང་དུ་གྱུར་པའི་ཕྱིར། རྟོག་མཐའ་མི་ཤེས་རྟོག་པས་བསླུས་ཤིང་རྟོག་པའི་རྒྱུན་འབྲངས་འཁྲུལ་པའི་རྟོག་པས་ཕྱིར་ལྡོག་མེད་གྱུར་པ། ཞེས་པ་དེ་དག་གིས་རྟོག་པ་ཉིད་ཇི་བཞིན་པར་གྲུབ་པའི་མཐའ་མ་ནོར་བ་ཡིན་པ་ལམ་རིག་པའི་རྟོག་པ་རྨི་ལམ་ལྟ་བུས་ཤེས་པ་བསླད་པས་དོན་མེད་ཅིང་འགྱངས་པར་དུས་གསུམ་དུ་རྟོག་པ་ལོང་བཏགས་ནས་ནོར་བའི་ལོག་རྟོག་ལས་མ་ཐར་ཏེ་བཅིང་བ་ལྔས་བསྡམས་པ་དྲུག་པོ་དག་གོ །སྒྱུ་མའི་རྒྱུ་ཤེས་དག་གིས་སྒྱུ་མའི་གླང་པོ་འདྲ་བར་སྒྱུ་མས་རྨོངས་པའི་སྒྱུ་མ་རྣམས། རྨི་ལམ་གྱིས་བསླད་བཞིན་དུ་རྨི་ཡིས་བདེན་པའང་ཉམས་ཤིང་རྨི་ལམ་དབང་དུ་སོང་བའི་རྨི་ལམ་པ། ཞེས་པ། སྒྱུ་མ་ནི་སྐྱེ་བ་བཞི་མ་གྲུབ་བཞིན་ལས་དང་ཉོན་མོངས་པའིི་རྒྱུ་རྐྱེན་གྱིས་སྣང་བའི་དཔེའོ། །རྨི་ལམ་ནི་འཁྲུལ་རྟོག་གཞི་མེད་བཞིན་རང་གི་ཤེས་པ་ལྟ་ངན་སྣང་བས་འཁྱམས་པའི་ཆོས་མཐུན་པ་སྟེ། གོ་རིམས་བཞིན་སྦྱར་སླ་སྟེ་འགྲོ་བ་དང་བསྟི་གནས་ལམ་པ་ནི་ཡུལ་ལོ། །དེ་དག་ལམ་ནོར་བས། ལམ་འདི་སྤང་ཞིང་མཐའ་དང་ལམ་གཞན་ལམ་དུ་བལྟས་ནས་མ་ནོར་ལམ་ཞེས་སྟོན་པ་དེ། །ཞེས་པ། ཐུན་མོང་གི་ཐུགས་རྗེས་ཡུལ་ཁམས་གསུམ་པ་དང་། ཁྱད་པར་འདི་པའི་ཡུལ་ནི། འཇིག་རྟེན་པའི་ཐེག་པར་གྱུར་པ་པ་དང་འཇིག་རྟེན་ལས་འདས་པའི་ཐེག་པ་རང་གཞུང་འཛིན་པའི་ལྟ་སྒྲིབ་ཅན་དག་བྱ་བརྩལ་བྲལ་བའི་ལམ་ཆེན་པོ་འདི་ལྟ་བུ་མི་གོ་ཞིང་བཀའ་མ་ཡིན་ཞེས་འགེགས་སྤོང་སྐུར་ནུབ་མི་ཉན་རྩི་བར། མུ་སྟེགས་ལྟ་བ་དང་ཐེག་པ་གཞན་དག་ལ་མ་ནོར་བའི་ལམ་དུ་འཁྲུལ་པའི་ཚད་མས་བཟུང་ནས་གཞན་ལའང་དེ་སྐད་དུ་སྨྲ་བའི་གང་ཟག་དེ་དག་ཁྱད་པར་དུ་སྙིང་རྗེ་བའི་ཡུལ་ལོ། །རྡོ་ལ་གསེར་བཞིན་ཐུགས་རྗེར་རུང་ཞིང་ཐུགས་རྗེའི་ཐུགས་རྗེས་ཀྱེ་མའོ་ཕྲོགས་པ་ཡིན། །ཞེས་པ། ཀུན་རྟགས་བེམས་པོར་བཟུང་བའི་སྤྱོད་ཡུལ་ཉིད་རྐྱེན་གྱིས་མ་བསྒྱུར་བའི་གསེར་གོང་ལྟ་བུར་སངས་རྒྱས་པར་བསྟན་པའི་བཀའི་དོན་གདེང་ཆུད་པའི་ཐུགས་རྗེའི་ཡུལ་དུ་རྗེས་སུ་འཇུག་པའི་རྣལ་འབྱོར་པའང་རིགས་ན་གཞན་ལྟ་ཅི་སྨོས་ཏེ། རང་བྱུང་ཡེ་ཤེས་ཆེན་པོ་ཡུལ་དང་བྲལ་བ་ནི་ལྷག་པའི་ཐུགས་རྗེའོ། །ངོ་མཚར་བ་ནི་རང་ཉིད་ཡིན་བཞིན་མ་ཤེས་པ་ལ་ཡ་མཚན་སྐྱེས་པ་སྟེ། དེ་དག་རང་དབང་མེད་པར་ཡེ་ཤེས་ཆེན་པོར་མ་བསྡུས་པར་རྫོགས་པས་དེ་ལྟར་རིགས་པའང་དབང་མེད་དུ་འཆར་བའོ། །ཚིག་གི་ལྟ་བ་ཅན་ཉིད་ཐུགས་རྗེའི་ཡུལ་ཡིན་པས་དགེ་བའི་རྩ་བ་བསྔོ་བའི་དགོས་ཆེད་འཆད་དེ། །ཚིག་དུ་མ་སྦྱངས་དུས་ཀྱི་མནར་པའི་སྐྱེ་བོ་ལྔ་བརྒྱ་ཐ་མ་ལ། །གསུང་རབས་དྲི་མེད་རྟོགས་དཀའ་དག་ལ་སྒྲ་བཞིན་སྤྱོད་དང་ཚུལ་བཞིན་མིན། །ཞེས་པ། སྔར་གསུང་རབས་ལ་བློ་མ་སྦྱངས་པའི་གང་ཟག་རྣམས་དུས་ཀྱི་སྙིགས་མ་ལྔ་བརྒྱ་ཕྲག་བཅུ་གཅིག་གི་ཐ་མའི་དུས་ན། སྒྲོ་སྐུར་དང་བྲལ་བའི་བཀའ་འདི་ལྟ་བུ་ཚིག་གིས་མཚོན་པར་དཀའ་བ་གབ་ཅིང་སྦས་པ། སྒྲ་ཇི་བཞིན་པར་རང་ཐད་དུ་འཛིན་ཅིང་རྟོག་པ་ནི་མ་ནོར་བའི་དོན་མཐོང་བ་མ་ཡིན་པའོ། །རང་གི་བློ་གྲོས་སྟོབས་བཞིན་འཇུག་ལ་སོགས་པ་ལྟ་བ་སྣ་ཚོགས་དག །མི་ཤེས་ཆུ་བོས་གཡེངས་ཤིང་གསུང་གི་སྙིང་ཁུ་བདུད་རྩིའི་རྣལ་འབྱོར་བྲལ། ཞེས་པ་ངེས་པ་ཅན་གྱི་བླ་མ་ལ་མི་ཞུ་བའི་རྨོངས་འཆིངས་ཅན་དེ་དག་རང་གི་ཤེས་རབ་ཀྱིས་སྦས་གབ་ཅན་ལ་རང་ཡུན་དུ་ཞུགས་ནས་རས་ཆོད་དང་གཟུ་ལུམས་དག་བྱས་པས་ངེས་པ་མ་རྙེད་པས་ལྟ་བ་ཐ་དད་དུ་འཛིན་ཅིང་ཐེ་ཚོམ་ཟོས་པའི་ཕྱིར་མ་རིག་པའི་ཆོ་བོས་རྒྱུན་ཕྱོགས་སུ་ཁྱེར་བས་བཀའ་འདི་ལྟ་བུ་བྲལ་བ་དག་ནི་ཤིན་ཏུ་སྐྱི་གཡའོ། །དེ་ཕྱིར་རྒྱལ་བས་གསུངས་པའི་ཐུགས་ཀྱི་གསང་བ་དམ་པ་འདི། ཀུན་ཏུ་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ཉིད་ལས་ཐུན་མོང་མ་ཡིན་ཡང་། གོམས་པའི་མཐུ་ཡིས་མི་འགལ་ཚུལ་དུ་ཚད་མ་དག་ལས་རབ་བསྒྲུབས་ཏེ། འགྲོ་བའི་དོན་དུ་མི་གཉིས་ལམ་མཆོག་འདི་ནི་རབ་བགྱིས་པ། ཞེས་པ། དགོངས་ཆེད་ཀྱིས་དེ་དག་ཆུད་མི་གསན་པའི་ཕྱིར་བསྔོ་བའི་ངོ་བོ་འཆད་དེ། རྒྱལ་བའི་བཀའ་ཤིན་ཏུ་གོ་དཀའ་བ་ཐེག་པའི་ཡང་རྩེ་འདི། རྒྱལ་བ་ཉག་ཅིག་གི་སྤྱོད་ཡུལ་ཡིན་པས་ཀུན་གྱིས་མཐོང་དཀའ་བའོ། །མི་མཐུན་པའི་རྟོགས་དཀའ་བ་དེ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཐོང་བ་མ་ནོར་ཅིང་གོམས་པའི་དགོངས་པའི་རྩལ་གྱིས་ལུང་དང་མན་ངག་དང་གཞི་དང་ཡ་མ་ཆ་བར། བཀའ་བདེན་པ་འདིའི་རྒྱུད་ལས་བཏུས་ཏེ་མ་འོངས་པའི་ཆེད་དུ་བྱ་བརྩལ་བྲལ་བའི་མན་ངག་འདི་བརྩམས་པའི་བྱིན་རླབས་ཀྱིས། སྐྱེ་བོས་སྐྱེ་གནས་ཐམས་ཅད་དུའང་སྐད་ཅིག་ཏུ། མི་མཐུན་ཕྱོགས་ཀྱི་མི་ཉམས་རྒྱལ་བ་ཀུན་གྱི་ཐུགས་འདིར་རབ་རྒྱས་ཤོག །ཞེས་པ། དེ་ལྟ་བའི་འགྲོ་བ་དག་གནས་དང་དུས་ཀུན་ཏུ་ལོག་གིས་མི་འཕྲོགས་ཤིང་མི་འཁོར་བའི་བདེ་བ་ཐོབ་པར་གྱུར་ཅིག་པ་དང་བཀའ་འདི་ཉིད་ཉི་མ་ཤར་བ་ལྟར་གྱུར་ཅིག་པར་བསྔོའོ། །འོན་ཏེ་བསམ་གཏན་འདི་མེད་ན། དཔག་ཏུ་མེད་པའི་དགེ་སྤྱད་ཀྱང་། །མཐོ་རིས་གཉིས་ཀྱི་ལམ་སྟེགས་ཙམ། །ཡང་དག་རྫོགས་སངས་རྒྱས་མི་འཐོབ། །གང་ཞིག་དགོན་པར་མི་སྤྱོད་པར། །གྲོང་ཡུལ་དབུས་ནས་སངས་རྒྱས་པ། །མ་བྱུང་མི་འབྱུང་འབྱུང་མི་འགྱུར། །དེ་ཕྱིར་དམ་པའི་བསམ་གཏན་བྱ། །གལ་ཏེ་གང་གཱ་བྱེ་སྙེད་ཀྱི། །འགྲོ་བའི་སྲོག་བཏོན་བསོད་ནམས་ཀྱིས། །ཏིང་འཛིན་ཕུང་པོའི་ཆར་མི་ཉེ། །དེ་བཞིན་གང་གཱའི་སེམས་ཅན་ལ། །རིན་ཆེན་ནོར་དང་འབྲུ་མཆོག་དང་། །ཟང་ཟིང་ལུང་བྱིན་བསོད་ནམས་ཀྱིས། །ཏིང་འཛིན་བསོད་ནམས་ཆར་མི་ཕོད། །དེ་ལྟར་གང་གཱའི་བྱེ་སྙེད་ཀྱི། །འགྲོ་བ་སངས་རྒྱས་སར་བཀོད་པས། །བྱ་མེད་བསྒོམ་པའི་འབུམ་ཆར་མིན། །དེ་ཡི་རྩ་བའང་དེ་ཕྱིར་རོ། །འཇམ་དཔལ་བཀའ་དོན་སྨྲ་བསམས་ཡུལ་འདས་མཚོན་དཀའ་ལ། །ཕྱོགས་མཐོང་བཀྲོལ་བས་དམན་ཕྱིར་བརྩམ་བྱས་པའི། །ངལ་བའི་དགེ་རྩས་ནད་བྲལ་དོན་མཐོང་ཀུན་ཀྱང་བདེ་ཐོབ་ནས། །བསྟན་པའི་ཉི་མ་ཉིད་ཀྱིས་དོན་བྱེད་འདྲ་འདྲེན་མཆོག་ཐོབ་ཤོག །བྱང་ཆུབ་ཀྱི་སེམས་སྒོམ་པ་རྡོ་ལ་གསེར་ཞུན་འགྲེལ་པ། འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་གསེར་འགྲེལ་རྫོགས་སོ།། །།

བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་གྱི་མཆན་འགྲེལ་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ། འཇམ་དབྱངས་བློ་གྲོས་རྒྱ་མཚོ།

བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་གྱི་མཆན་འགྲེལ་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཤེས་དང་ཤེས་བྱ་རོ་མཉམ་པའི། །ཟུང་འཇུག་འདུས་མ་བྱས་པའི་དབྱིངས། །འོད་གསལ་སེམས་ཀྱི་རྡོ་རྗེ་ལ། །འདུ་འབྲལ་སྤོང་བའི་ཕྱག་གིས་འདུད། །འདིར་གྲུབ་པའི་དབང་ཕྱུག་ཆེན་པོ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་རྫོགས་པ་ཆེན་པོ་སེམས་སྡེ་སྤྱིའི་སྙིང་པོའི་བསྟན་བཅོས་བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་འདི་ཉིད་འཆད་པ་ལ་ཀླད་གཞུང་མཇུག་གི་དོན་གསུམ་ལས། དང་པོ་ལ་མཚན་དོན་དང་འགྱུར་ཕྱག་གཉིས་ཀྱི། །དང་པོ་ནི། རྒྱ་གར༷་སྐད༷་དུ༷། བོ༷་དྷི༷་ཙི༷ཏྟ༷་བྷ༷་བ༷་ནོ༷་པ༷་ལ༷་སུ༷་ཝ༷རྞ༷་དྲུ༷་ཏ༷། བོད༷་སྐད༷་དུ༷། དོན་དམ་ཆོས་ཉིད་བྱང༷་ཆུབ༷་སེམ༷ས་ཀྱི་རང་བཞིན་ལྷུན་མཉམ་རྫོགས་པ་ཆེན་པོའི་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་དབབ་ནས་ཇི་ལྟར་བསྒོ༷མ་པ་ཡི་མན་ངག་དཔེ་གསེར་རྡོ༷་ལ༷་གསེར༷་གྱི་ཁམས་གནས་པ་མགར་བ་མཁས་པས་ཐབས་ཀྱིས་ཞུན༷་མར་བཞུས་ཏེ་དངོས་སུ་འབྱིན་པ་ལྟ་བུའི་བསྟན་བཅོས་ཏེ་དཔེ་དོན་འབྲེལ་བའི་ཚུལ་གྱིས་སོ། །གཉིས་པ་ནི། བྱིས་པའི་ས་ལས་འདས་པའི་འཕག༷ས་པ་སྤྲོས་པའི་ཟུག་དུ་ཞི་བས་འཇམ༷་ཞིང་། དོན་གཉིས་ཀྱི་དཔལ༷་དང་ལྡན་པའི་སྐུ་བགྲེས་རྒུད་དང་བྲལ་བས་གཞོན༷་ནུར་གྱུར༷་པ༷་དེ་ལ༷་ཕྱག་འཚལ༷་ལོ༷། །ཞེས་ལོ་ཙཱ་བས་འགྱུར་ཕྱག་མཛད་པ་དེ། དཔེ་ལ་ལར། བཅོམ་ལྡན་འདས་དབྱིངས་གསུམ་རྣམ་པར་དག་པ་ལ་ཕྱག་འཚལ་ལོ། །ཞེས་ཀྱང་འབྱུང་ངོ་། །གཉིས་པ་གཞུང་དོན་དངོས་ལ་བཅུ་གཉིས་ཏེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་རྩོམ་པ་ལ་འཇུག་པ། ཅིའི་ཕྱིར་རྟོགས་པར་བྱ་བ། ཅི་ཞིག་རྟོགས་པར་བྱ་བ། ཐབས་གང་གིས་རྟོགས་པར་བྱེད་པ། གང་ལ་བརྟགས་ཏེ་རྟོགས་པར་བྱ་བ། བརྟགས་ནས་ངེས་པའི་དོན། ངེས་པའི་དོན་བསྒོམ་པ། བརྒྱུད་པའི་ཐབས་ཀྱིས་ངེས་པའི་དོན་རྟོགས་པར་བྱ་བའི་ཐབས། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་སྐྱོན། འདི་ལ་མོས་པ་ཙམ་སྐྱེས་པའི་ཕན་ཡོན། ལོག་པར་ཞུགས་པ་རྣམས་སྙིང་རྗེའི་གནས་སུ་བསྟན་པ། དགེ་བ་བྱང་ཆུབ་ཏུ་བསྔོ་བའོ། །དང་པོ་ནི། གང་ཟག་དང་ཆོས་ལ་བདག༷་མེད༷་པ་གཉིས༷་ཉིད༷་མ་ནོར་བར་རྟོགས་པ་ནི་བདེ༷་བར་གཤེག༷ས་པའི་ཐུགས་རྣམ་པར་མི༷་རྟོག༷་པའི་ཡེ༷་ཤེས༷་ཡིན་ལ། དེ་ཐོབ་པས་དེའི་ཤེས་བྱ་ཡུལ་ཆོས༷་ཀྱི་དབྱིང༷ས་དང་དབྱེར་མེད་པའི་ཡེ༷་ཤེས༷་ཀྱི་སྐུ༷་བརྙེས༷་པ་སངས་རྒྱས་དཀོན་མཆོག་དང་། ཀུན་བྱང་གིས་བསྡུས་པའི་ཆོས་ཀུན༷་གྱི༷་རང༷་བཞིན༷་ཆོས་དབྱིངས་སྤྲོས་པའི་མཚན་མ་ཐམས་ཅད་ཞི༷་བ༷་འདི༷་ལ་སྐྱོན་བསལ༷་ཞིང༷་ཡོན་ཏན་བླང༷་བ་མེད༷་ལ་དེ་ལྟར་རྟོགས་པས་བླང་དོར་མཉམ་ཉིད་དུ་རོལ་བ་ནི་ལམ་གྱི་ནང་ན་ལམ༷་མཆོག༷་སྟེ༷་འགོག་ལམ་གྱི་བདེན་པ་ཆོས་དཀོན་མཆོག་དང་། བདག་མེད་མངོན་སུམ་རྟོགས་པས་འཁོར་བར་ཡོངས་སུ་མི༷་ལྡོག༷་པ་ས་དང་པོ་རབ་ཏུ་དགའ་བ་དང་ས་བརྒྱད་པར་མཚན་མར་མི་ལྡོག་པ་ལ༷་སོག༷ས་ཏེ་ས་བཅུ་ལ་གནས་པའི་རྒྱལ་སྲས་མོས་པ་སོགས་དབང༷་བཅུ༷་ཐོབ་པ་རྒྱལ༷་བ༷་ཀུན༷་དང༷་ཆོས་དབྱིངས་རྟོགས་པའི་སྒོ་ནས་སྤྱོད་ཡུལ་གཅིག༷་པ་བརྙེས༷་པ༷་བྱང་སེམས་འཕགས་པའི་དགེ་འདུན་དང་། དེ་ལྟར་ཤེས་བྱ་ཆོས་ཤེས་བྱེད་སངས་རྒྱས་དང་དགེ་འདུན་ཏེ་སྟོན་པ་བསྟན་པ་སློབ་པའི་གནས༷་གསུམ་པོ་དེ་ལ་ཀུན་རྫོབ་ཏུ་འབྲེལ་བ་གྲུབ་པའི་སྒོ་ནས་སྐྱབས་སུ་མཉམ་ཞིང་། དོན་དམ་པར་ཐ་དད་དུ་མི་འབྱེད་པའི་མཉ༷མ་པ་ཉིད༷་དུ་གྱུར་པ་དེ༷་ལ༷་མཚན༷་འཛིན་མེད༷་པའི་ཡིད༷་ཀྱིས༷་རབ༷་ཏུ༷་དད་པའི་དད༷་པས༷་དོན་ཇི་ལྟ་བ་བཞིན་དུ་ངེས་པར་བཟུང་བའི་མོས༷་པས་ཕྱག་འཚལ་བའོ། །སྤྱི་དོན་གཉིས་པ་ཅིའི་ཕྱིར་རྟོགས་པར་བྱ་བ་ལ་ཕན་ཡོན་དང་ཆེ་བ་གཉིས་ལས། དང་པོ་ལ་གསུམ། རྒྱུར་གནས་པའི་ཕན་ཡོན། མངོན་གྱུར་འབྲས་བུའི་ཕན་ཡོན། རྣམ་པར་གྲོལ་བའི་འབྲས་བུ་ཐམས་ཅད་ཀྱི་མཆོག་ཏུ་བསྟན་པའོ། །དང་པོ་ནི། ལྷ་མི་ལ་སོགས་པའི་སྟོན༷་པ་འཇིག༷་རྟེན༷་ཀུན་གྱི་ཕྱི་དང་ནང་གི་མུན་པ་སེལ་བའི་ཡེ་ཤེས་ཀྱི་སྒྲོན༷་མར༷་གྱུར༷་པ༷་ཀུན༷་གྱིས༷༷་དགོངས་པ་གཅིག་དང་དབྱངས་གཅིག་གིས་མཚུང༷ས་པར༷་རབ༷་ཏུ་བསྔག༷ས་པ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཇི་ལྟར་ཤེས་བྱའི་ཆོས༷་ཐམས་ཅད་ཀུན་ལ༷་ཡེ་ནས་གནས་པའི་ཆོས༷་ཀྱི་སྙིང༷་པོར༷་མཐར་ཐུག་པར་གྱུར༷་པ༷་བྱང་ཆུབ་ཀྱི་སེམས་སྤྲོས་པའི་ཟུག་རྔུ་མེད་པའི་འཇམ༷་པ་དེ་རྟོགས་ན་སེམས་ཅན་གྱི་དཔལ༷་དུ་གྱུར་པ་སྐྱོན་དང་དྲི་མ་བྲལ་བའི་གཞོན༷་ནུ་ཤེས་བྱའི་ཆོས་ཀྱི་ནང་ན་མཆོག་ཏུ་གྱུར་པའི་སྙིང༷་པོ༷་ཉིད་དེ། དེ་ལྟར་བྱང་ཆུབ་སེམས་ངེས་དོན་འཇམ་དཔལ་གཞོན་ནུའི་རང་བཞིན་མ་ནོར་བར་རྟོགས་པ་ནི་དུས་གསུམ་གྱི་བདེ༷་གཤེག༷ས་མ༷་ལུས༷་པ་འབྱུང་བའི་ཡུམ༷་དུ་གྱུར༷་པའི༷་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཚུལ་འདི་ལས་གཞན་གྱིས་འཚང་མི་རྒྱ་བས་རྒྱལ༷་བ༷་ཀུན༷་གྱི་ལམ༷་གཅིག༷་པུར་གྱུར་པ་དག་གོ༷ །སངས་རྒྱས་ཀྱི་རྒྱུ་ཚོགས་ཚུལ༷་ཁྲིམ༷ས་སོག༷ས་པ་ཕ༷་རོལ༷་ཏུ་ཕྱིན་པ་བཅུའི་དགེ་བའི་ལམ༷་སྤྱོད་པ༷་བསོད་ནམས་ཀྱི་ཚོགས་རྒྱ༷་མཚོའི་གཞིར༷་གྱུར༷་པ་ཡིན་ཏེ་བྱང་ཆུབ་སེམས་ཀྱིས་མ་ཟིན་ན་སངས་རྒྱས་སུ་མི་འགྲུབ་པས་ཚོགས་དེ་དག་གི་གཞིའོ། །གཉིས་པ་ནི། སྤྲོས་པ་རྣམ༷་པར་དག༷་པའི་བྱང༷་ཆུབ༷་སེམ༷ས་ཀྱི་རང་བཞིན་ནམ་ངང༷་ཚུལ༷་མ་ནོར་བར་བསྒོམ༷་པ་དང་དེ་མངོན་དུ་གྱུར་པའི་ཡོན༷་ཏན༷་གྱི་ཁྱད༷་པར༷་ནི༷། ཆོས་དབྱིངས་རྟོགས་ནུས་པའི་བློ༷་ལྡན༷་དེས་ནམ༷་ཞིག༷་དོན་དམ་བྱང་ཆུབ་སེམ༷ས་ཀྱི༷་དམ༷་པ༷་དེ་ནི༷་གཉིས་སུ་མེད་པའི་ཚུལ་དུ་མངོན༷་དུ་གྱུར༷་པ༷་ན༷། དེ༷་ལ༷་ནི་ཆོས་ལོངས་སྤྲུལ་པ་སྟེ་སྐུ་གསུ༷མ་གྱི་ནང་ན་ཡེ་ཤེས་དང་ཕྲིན་ལས་གཟུགས་སྐུ་གཉིས་པོའི་རྟེན་དུ་གྱུར་པ་སོགས་མཆོག༷་ཏུ་གྱུར་པ༷་ཆོས༷་ཀྱི༷་སྐུ་ཞེས༷་རྒྱལ༷་བས༷་གསུངས་སོ། །ཡུལ་ཤེས་བྱ་ཐམས་ཅད་ཤེས་པར་བྱེད་པའི་ནང་ན་ཤེས༷་བྱེད༷་དམ༷་པར༷་གཅིག་པུར་གྱུར༷་པ་སྟེ་དེའི་ཡུལ་ནི་ཤེས་བྱ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ༷ས་ན་ཡུལ་ཅན་དེའང་ཤེས༷་རབ༷་སྤྱན༷་ཞེས༷་ཀྱང་ནི༷་དེ༷་ལ༷་བྱ༷་སྟེ་ཤ་ཡི་སྤྱན་སོགས་ལས་ཁྱད་པར་དུ་འཕགས་ཤིང་བླ་ན་མེད་པའོ། །མི་ཕྱེད་ཅིང་གཞན་གཅོད་པས་རྡོ༷་རྗེ༷་དང་ཀུན་གྱི་བླ་ན་ཡོད་པས་རྩེ་མོ༷་མཆོག་ཉིད༷་ཀྱང་ཡིན་ལ་ཡེ་ཤེས་ཀུན་གྱི་གཞི་རྟེན་རྣམ་པར་མི༷་རྟོག༷་པའི་ཡེ༷་ཤེས༷་དེ༷་ཡང༷་བྱང་ཆུབ་ཀྱི་སེམས་དེ༷་ཉིད༷་དོ༷། །གསུམ་པ་ནི། ཕྱོགས་དུས་ཀྱི་བསྡུས་པ་ཇི༷་སྙེད༷་ན་འཕག༷ས་པའི༷་སྟེ་ཉན་རང་བྱང་སེམས་སངས་རྒྱས་བཞིའི་འཁོར་བ་སོགས་ལས་རྣམ༷་པར་གྲོལ༷་བའི་འབྲས་བུའི་ཡོན་ཏན་ཆོས༷་སུ༷་བསྟན་ཅིང་བསྙད༷་པ༷་དེ༷་དག༷་ཐམ༷ས་ཅད༷་ཀྱང༷་། བྱང༷་ཆུབ༷་སེམ༷ས་ཉིད༷་མཐར་ཕྱིན་པར༷་རྟོགས་ཤིང་རྫོགས་པ་ལས་འབྱུང་ཞིང་འབྲིང་དང་ཆུང་དུ་རྟོགས་ནའང་སོ་སོའི་རྣམ་གྲོལ་དེ༷་ཡི༷་ཡོན༷་ཏན༷་དེ༷་དག༷་ནི་བྱང་ཆུབ་ཀྱི་སེམས་དེ༷་ལས༷་འབྱུང༷་བར་ཟད་དོ། །དེས་ན་རྣམ་གྲོལ་གྱི་འབྲས་བུའི་གཞི་ཡིན་ནོ། །གཉིས་པ་ཆེ་བ་བསྟན་པ་ནི། ཉན་ཐོས་ལ་སོགས་པའི་རིགས་ཀུན་གྱི་ནང་ན་འབྲས་བུ་ཡོན་ཏན་ཆེ་བའི་ཐེག་ཆེན་གྱི་རིགས་ནི་འཕག༷ས་པའི༷་རིགས༷་ཆེན༷་པོ་ཅན་གཏན་དུ་འཆི་༷བ་མེད༷་པ་དེ་ཡི་གོ་འཕང་བྱང༷་ཆུབ༷་ཆེན་པོ་ལ་དམིགས་ནས་དེ་སྐུལ་བ་ལ་སེམ༷ས་དཔའ་བ་ཇི་སྙེད་པ་དེ༷་དག༷་ཐམ༷ས་ཅད༷་ཀྱང་། བྱང་ཆུབ་སེམས་དེ༷་མེད༷་ན་མི་འབྱུང༷་དེ་འབྱུང༷་བ་དེ༷་ཕྱིར་བྱང་ཆུབ་སེམས་དེ༷་ནི་རྣམ༷་པར་གྲོལ་བ་མཆོག༷་གི༷་ལམ༷་གོང་ན་མེད་པ་ཉིད༷་དོ། །སྤྱི་དོན་གསུམ་པ་ཅི་ཞིག་རྟོགས་པར་བྱ་བ་ནི། སེམས་ཀྱི་མཚན་ཉིད་མ་རིག་པའི་སྒྱུ་ཐབས་ཀྱིས་ཀུན་ཉོན་གྱི་ཆོས་ཐམས་ཅད་སྣང་ལ་སེམས་ཀྱི་རང་བཞིན་མ་བཅོས་པའི་རྡོ་རྗེ་ལ་སེམས་པ་དེའི་ཚེ་རྣམ་གྲོལ་ཀྱི་འབྲས་བུ་ཕུན་ཚོགས་རྣམས་སུ་སྣང་བ་དེས༷་ན༷་བྱང་ཆུབ་ཀྱི་སེམས་ནི་དོན་ཆེ་ཞིང་བསམ་བརྗོད་ལས་འདས་པས་ན་དུས་དང་གནས་སྐབས༷་ཀུན་ཏུ་ཡང་གང་ཅིས་ཀྱང་མི་ཤིགས་ལ་སྒྲིབ་པའི་དྲ་བ་གཅོད་པས་རྡོ༷་རྗེ༷་སེམས་ཀྱི་ཆོས་ཉིད་མ་ནོར་བ་ལ་དམིགས་པའི་སེམ༷ས་དཔའ༷་འམ་བྱང་ཆུབ་སེམས་དེ་ནི་ཅི༷་འདྲར༷་བསྒོམ༷་པར༷་བྱ༷་བར༷་འགྱུར༷་ཞེས་དྲི་ན། བློ་རྩིང་བས་མི་རྟོགས་པས་ཟབ་ཕྱིར་ཕྲ༷་ཞིང༷་འཇིག་རྟེན་པའི་ལམ་གྱིས་ཤེ༷ས་པར་དཀའ༷་བ་རང་དྲང་པོའི་ལམ་དུ་ཞུགས་ཤིང་གཞན་དེ་ལ་འཛུད་པས་དྲང༷་སྲོང༷་ཆེན༷་པོའི༷་སྟེ་སངས་རྒྱས་པའི་ལམ༷་འདི༷་ནི་ཡུལ་ཐ་དད་པར་མི༷་རྟོག༷་པའི་ཡུལ་དུ་འདིའོ་ཞེས་འཛིན་པ་དང་རྟོག༷་པའི་ཡུལ་དུ་འདིའོ་ཞེས་འཛིན་པ་གཉིས་ཀའི་ཡུལ་ལས༷་འདས༷་པས་ནི། ཡུལ་དུ་གཞལ་པའི་བློ་གང་གིས་ཀྱང་དམིགས་རྣམ་གྱི་ཚུལ་དུ་བརྟག༷་པར༷་དཀའ་ཞིང་གཞན་ལ་འདི་ཞེས་ཇི་ལྟ་བ་བཞིན་དུ་བསྟན་པར༷་དཀའ༷་ལ་དོན་སྤྲོས་པ་མེད་ཅིང་ཚིག་གིས་མི་མཚོན་པས་བརྗོད་པའི༷་ཐ༷་སྙད་རྣམ༷ས་དང༷་བྲལ་བས་ན། ཚིག༷་གི༷ས་ཇི་ལྟ་བ་བཞིན་དུ་མི༷་ལེག༷ས་ཤིང་ཐེག་ཆེན་ལས་གཞན༷་ཉན་ཐོས་ལ་སོགས་པ་དང༷་བྱིས༷་པ༷་སོ་སྐྱེ་ཀུན༷་གྱི་སྤྱོད༷་ཡུལ་མ༷་ཡིན༷་མོད་དེ་ལྟ་ན་ཡང༷་རྟོགས་ཐབས་མེད་པ་ནི་མ་ཡིན་ནོ། །སྤྱི་དོན་བཞི་བ་གང་གིས་རྟོགས་པར་བྱེད་པ་ནི། འོ་ན་གང་གིས་རྟོགས་ཞེ་ན་སྟོན་པའི་གསུང་དྲང་དོན་མ་ཡིན་པ་དོན་དམ་ངེས༷་པའི༷་དོན་གྱི་ལུང༷་དང༷་བླ་མ༷་མཁས་པ་རྣམ༷ས་ཀྱི་མ་ནོར་བར་རྟོགས་པའི་ཉམས་ཀྱི་མན༷་ངག༷་དག༷་ནི་བྱང་ཆུབ་སེམས་གཏན་ལ་འབེབ་ཅིང་རྟོགས་བྱེད་ཀྱི་ཐབས་སམ་མངོན༷་མ་ནོར་བས་སྐབས་འདིར༷་སྟེ་འདིའི་དོན་ཡིན་པར་ཤེས་པ་འམ་བལྟ་བར་བྱའོ། །དེ་ལ་འཁྲུལ་ཤེས་ཚད་མ་མིན་ཏེ་འདིར་མངོན༷་སུམ༷་དང་ལ༷་སོག༷ས་པ་སྟེ་རྗེས་དཔག་གི་རྒྱུ༷་འམ་གཏན་ཚིག་དེ་ཡིས༷་ཀུན་བྱང་གི་དངོས༷་པོ༷་རྣམས་ལ་འཇིག༷་ཅིང༷་ཡོད་མེད་ཇི་ལྟ་བུར་གྲུབ༷་པའི༷་མཐའ༷་རྣམ་པར་དཔྱོད་པ་ན། དཔྱོད་པ་དེ༷་ཉིད༷་ཕྱིན་ཅི་ལོག་གི་རྣམ་པར་རྟོག༷་པའི་རྒྱུན་གྱི་རྗེས་སུ་འབྲང༷ས་ཏེ་ནོར་བའི་བློས་ལོག་པར་མཐོང་བའི་སྤྱོད༷་ཡུལ༷་ཚད༷་མར༷་བཞག༷་ནས༷་ལོག་པའི་བློ་ཡིས༷་འཇིག༷་ཅིང་དཔྱོད་པར་བྱེད༷་དེ༷། །དཔེར་ན་ཐག་པ་སྦྲུལ་དུ་མཐོང་བ་ལ་བདག་གིས་མངོན་སུམ་མཐོང་བས་ཅིའི་ཕྱིར་སྦྲུལ་མེད་ཅེས་རང་གི་འཁྲུལ་པས་ཚད་མར་བཟུང་བ་ཚད་མར་མི་རུང་བ་ལྟ་བུའོ། །ཅིའི་ཕྱིིར་ན། དེ་ལ་རྟོག༷་པའི་སེམས་དོན་དམ་པའི་དོན་དུ་བརྟགས་ན་མཐའ༷་འམ་འདི་ཞེས་གྲུབ་པ་ཟུང་ཟད་མེད༷་པའི་ཕྱིར༷་རྟོག་པ་དེས་དཔྱོད༷་པའི་མཐའ༷་ཡང་མེད༷་དེ་དེ་ལྟར་ན་འཇོག་བྱེད་ཀྱི་ཚད་མ་ཞེས་དཔྱད་བཟོད་ཀྱི་སྙིང༷་པོ༷་ཅན་ཅི་ཡང་མེད༷་ན༷་ཡུལ་འཇོག་བྱེད་ཀྱི་ཚད༷་མ༷་ནི་གང༷་ཡིན་ཏེ་ཡང་དག་པར་གྲུབ་མི་སྲིད་དོ། །ཡང་དག་དཔྱོད་པ་ལ་འཇིག་རྟེན་ཚད་མར་མི་རུང་བ་དེ༷་ཕྱིར༷་འཇིག༷་རྟེན༷་པས་བརྟག༷ས་པའི༷་ཐ༷་སྙད༷་ལ་ཚད་མར་འཇོག་པ་ཡོད་མོད་ཀྱི་ཡང་དག་པའི་དོན་ལ་རྣལ༷་འབྱོར༷་དུ་བྱེད་པའི་ལམ༷་གྱི་སྐབས་འདིར༷་འཇིག་རྟེན་འཁྲུལ་པའི་ཐ་སྙད་ཚད་མར་བཟུང་མི༷་དགོས༷་སོ། །སྤྱི་དོན་ལྔ་པ་གང་ལ་བརྟགས་ཏེ་རྟོགས་པར་བྱ་བ་ལ་གཉིས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ལ་བརྟགས་པའོ། །དང་པོ་ལ། འཁྲུལ་བའི་བདག་ཉིད་ཡིན་ཚུལ་དང་། འཁྲུལ་བ་དེ་ཇི་ལྟར་སྣང་བའི་ཚུལ་གཉིས། དང་པོ་ནི། བརྟག་བྱ་ཀུན་ཉོན་གྱི་དངོས༷་པོ༷་ཇི་ལྟར་གྲུབ་པའི་མཐའ་བརྟགས་པ་ཡི༷་རྒྱུ༷་ནི༷་དངོས་པོ་རྣམས་ཀྱི་ལོ༷་རྒྱུས༷་ཇི་ལྟ་བར། མ་ནོར་བར་བརྟག་པ་དག༷་ལ༷ས་བླ་མེད་ཀྱི་ལམ༷་ཚོལ་བའི་སྐབས་འདི༷ར་མ་ནོར་བ་ལ་བརྟ༷ག་བྱ༷ར་བྱ༷་སྟེ། སྐྱེ༷་བོ༷་ཀུ༷ན་གྱི༷་སེམ༷ས་ལ༷་ཡུལ་དུ་མངོ༷ན་པར་སྣང་ཞིང་རིག་པ་ཕྱི༷་ཡུལ་དྲུག་དང་ནང༷་གི་དབང་པོ་དྲུག་ཡོད་པར་གྲག༷ས་པའི༷་ཆོས༷་འདི༷་ནི། ལེགས་པར་བརྟགས་ན་འཇུག་ཤེས་འཛིན༷་པ༷་དྲུག་གིས༷་ཇི༷་ལྟར༷་མཐོ༷ང་ཞིང༷་ཐོས་སོགས་ཀྱི་སྒོ་ནས་ཡུལ་དུ་ཡོད་པར་བརྟག༷་པ༷་དེ་ནི་ཅི་ལྟར་སྣང་ཞིང་བཏགས་པ་དེ༷་ལྟར༷་ཡོད་པ་མ༷་ཡིན༷་ཏེ་འཁྲུལ༷་པའི་ཕྱིར་རོ། །རང༷་གི་མ་རིག་པའི་རྟོག་པས༷་མྱོངས་ཞིང༷་བཟུང༷་བ༷་དེ༷་དེ་བཞིན༷་དུ་དངོས་པོའི་གནས་ལ་འང་བདེན༷་པར༷་གྱུར༷་ན༷་ནི༷། སོ་སྐྱེ་དེ༷་དག༷་དངོས་པོའི་རང་བཞིན་མཐོང་བས་བདེན་པ་མཐོང་བར་བྱེ་བྲག་མེད་པས་དངོས༷་པོ༷་མེད༷་པར་རྟོག༷་པའི་དགྲ་བཅོམ༷་རྣམས་དང་འདྲ་བར༷་འཁོར་བ་ལས་རྣམ་པར་གྲོལ༷་བར༷་འགྱུར༷་བའི་རིགས་ཏེ་འགྱུར་རིགས་ན་ཡང་། སོ་སྐྱེ་དེ༷་དག་ན་འཆི་སོགས་དུས༷་ཀྱི་དགྲས༷་འཇོམ༷ས་པ་དང༷་སྡུག༷་བསྔལ་གསུམ་དང་བརྒྱད་ཀྱིས་ཉེན༷་པ་ལས༷་དེས་འཁྲུལ༷་པ་ཡིན་པར་གསལ་བའམ་མངོན་པར༷་འགྱུར་རོ། །གཞན༷་དུ༷་འཁྲུལ་པ་མིན་པར་མིག་སོགས་སྐྱེ་མཆེད༷་བཅུ་གཉིས་ཀྱི་སྒོ༷་ནས༷་རིག༷་པ༷་དེ་དག༷་ཚད༷་མར༷་གྱུར་པ་ཡིན་ན་ནི། སེམས་ཅན་གྱི་མཐོང་བ་དེ༷་དག༷་ཚད༷་མར༷་གྱུར༷་པས། སེམས་ཅན་རྣམས་ལ་འཕགས་ལ་རང་ཆས་སུ་ཡོད་པས་ན་འཕག༷ས་པའི༷་ལམ༷་དེ༷་གསར་དུ་སུ་ལའང་དགོས་པ་མི༷་འགྱུར༷་ན་ཡང་། སེམས་ཅན་གྱིས་མཐོང་བའི་ལམ༷་དེ༷་རྣམ༷་པར་གྲོལ༷་བའི་ལམ༷་དུ་བསྟན༷་ཅིང༷་དབང་པོ་བེམ་པོ་ལ་བརྟེན་ནས་སྐྱེས་པ་དབང༷་པོའི་ཤེས༷་པས༷་འཁོར་བའི་སྡུག་བསྔལ་ལས་མི༷་ཐར༷་ཏེ། དེ་ཅིས་ན་སེམས་ཅན་གྱི་མཚན་མ་སྣ་ཚོགས་སུ་མཐོང་བའི་ཤེས་པ་དེས་ནི་སྡུག༷་བསྔལ༷་འགལ༷་ཡང༷་མི་འཇལ་བར་མ་ཟད་དེ་ལྟ་བུའི་རྣམ༷་རིག༷་གི་ཤེས༷་པ་དེ་ནི་ཉོན༷་མོངས༷་འབྱུང༷་བའི༷་གནས༷་ཡིན་ནོ། །དེ༷་ཕྱིར་སོ་སོའི་སྐྱེ༷་བོས༷་མཐོང༷་བ༷་དེ༷་ད༷ག་དངོས་སྟོབས་ཀྱི་རིགས་པས་འཁྲུལ༷་བར༷་མངོན༷་ཞིང༷་ལུང་ལས་ཀྱང་རྒྱལ༷་བས༷་འཁྲུལ་བར་གསུངས༷་སོ། །གཉིས་པ་ལ་ས་བཅད་རྙིང་བར་རྣམ་གྲངས་དགུར་གསུངས་ཀྱང་འདིར་འཆད་བདེ་བའི་དབང་དུ་བྱས་ཏེ་གཉིས། ཐ་སྙད་ཇི་ལྟར་སྣང་བར་བསྟན་པ་དང་། དོན་དམ་པ་རང་བཞིན་མ་གྲུབ་པར་བསྟན་པའོ། །དང་པོ་ལ་གསུམ། གང་ལས་སྣང་བའི་གཞི་ངོས་བཟུང་བ། དེ་ལས་གཞན་དུ་འདོད་པ་གོལ་བར་བསྟན་པ། དེའི་རང་བཞིན་ཇི་བཞིན་པ་ཇི་ལྟ་བ་གཏན་ལ་ཕབ་པའོ། །དང་པོ་ནི། འཁྲུལ་བར་མངོན་པ་དེས༷་ན༷་འཁྲུལ་པའི་སྣང་བ་འདི༷་དག༷་སེམས་ཅན་རྣམས་ལ་འཁྲུལ་པའི༷་དབང༷་གིས༷་ཇི༷་ལྟར༷་སྣང༷་བར༷་འགྱུར༷་ཞེ༷་ན། སེམས་ཅན་རྣམས་ཀྱི་སེམས་ནི་རང་བཞིན་གྱིས་ཀུན༷་ཏུ་རྟོག༷་པ་ཅན༷་ན་ཡིན་པ་དེ་ཡང་ཡང༷་དག༷་མ༷་ཡིན༷་པ་གཟུང་འཛིན་དུ་རྟོག་པའི་ཀུན༷་ཏུ༷་རྟོག༷་པས༷་ཐོག་མེད་ན ས་ཀྱང་རྩོལ༷་བ་མེ༷ད་པར་རང་བཞིན་གྱིས་ཉམ༷ས་ཏེ་འཁྲུལ་བའོ། །དེ་ལྟར་ཡང་དག་པའི་དོན་མ་མཐོང་བས་བློ༷་གྲོས༷་ཕྱིན༷་ཅི༷་ལོག༷་ཏུ༷་གྱུར་ཅིང༷་དངོས་པོའི་གནས་ཚུལ་ལས་གོལ་བའི་མ༷་རིག༷་པའི་རྐྱེན༷་གྱི༷་དབང༷་དུ་སོང༷་བས༷་བདེན་པ་མཐོང་བའི་སྟོབས་དང་མི་ལྡན་ལས། སེམ༷ས་རྣམ་ཤེས་ཚོགས་བརྒྱད་དང༷་སེམས་ལས༷་བྱུང་བ༷་ལྔ་བཅུ་རྩ་གཅིག་དེ༷་ཉིད༷་འོག་ནས་འབྱུང་བའི་ལུས༷་གསུམ༷་གྱི་དོན༷་གཟུགས་བདག་ཤེས་གསུམ་དུ་སྣང༷་བ་ཡིན༷་ནོ། །དགེ་སྡིག་གི་ལས་ཀྱི་འདུ༷་བྱེད༷་སྣ༷་ཚོགས༷་དག༷་གིས༷་བག༷་ཆག༷ས་བསག༷ས་ལས༷་གང༷་གོམ༷ས་པའི་དབང་གིས་སྔ་མའི་བག་ཆགས་མཐུ༷་བརྟས༷་ཏེ་འབྲས་བུ་འབྱིན་པའི་མཐུ་དང་ལྡན་པའི་ཚེ། རང་གི་སེམ༷ས་ཉིད་ཕྱི་ཡུལ༷་དང༷་ནང་གི་ལུས༷་འདྲར༷་སྣང༷་བ༷་ནི་དཔེར་ན་མི་སྡུག་པ་གོམས་པས་ས་ཕྱོགས་ཐམས་ཅད་རུས་པས༷་གང༷་བར༷་སྣང་བ་བཞིན༷་དུ༷་རང་སེམས་དེར་སྣ༷ང་བ་ཡིན་ནོ། །ཀུན་གཞི་བག་ཆག༷ས་སྣ་ཚོགས་བསག༷ས་པ་དང་བཅས་པའི༷་རྒྱུན༷་ལ༷་ངའོ་སྙམ་པའི་དམིག༷ས་པ་སྐྱེས༷་པ་ཡིན་གྱི་ངའོ་སྙམ་པའི་ཡིད༷་ཙམ་ལས༷་ནན་ལྟར་བརྟགས༷་པའི༷་ཡུལ་བདག་ནི༷་མེད༷་དེ་ཐག་པར་སྦྲུལ་དུ་འཁྲུལ་བ་ན་སྦྲུལ་འཛིན་ཙམ་ལས་སྦྲུལ་མེད་པ་བཞིན་ནོ། །སེམས་ཀྱིས་འདུ༷་བྱེད༷་ཀྱི་ཆོས་རགས་པར་སྣང་བའི་མཐུ༷་ཡིས༷་ཀུན་གཞི་ཕྲ་བ་དེ་རྟོགས་དཀའ་བ་བསྒྲིབ༷ས་ཤིང༷་ཕྲ༷་བ༷་མཐོང༷་བ་ཀུན་གཞི་དེ༷་ལས༷་རྣམ༷་པར་རིག༷་པ་ཐམས་ཅད་སྐྱེ་བ་ལ་རྣམ་པར་རིག་པར་སྒྲོ་བཏགས་པ་སྨིག་རྒྱུ་ལ་ཆུ་བཞིན་ནོ། །གཉིས་པ་ནི། ཅིའི་ཕྱིར་སྣང་ན་ཐག་པའི་རང་བཞིན་མ་མཐོང་བ་ལས་སྦྲུལ་དུ་འཁྲུལ་པ་ལྟར་བག་ཆགས་སྣ་ཚོགས་པ་འཛིན་ཞིང་རྒྱུན༷་དང་བཅས༷་པ༷འི༷་བདག་ཉིད་ཀུན་གཞི་སེམ༷ས་ཀྱི༷་མཐུ༷་ཡིས་རྣམ་པ་སྣ་ཚོགས་སུ་སྣང་བར་ནི༷་མ་རྟོག༷ས་པར་སྣང་བ་ཐམས་ཅད་རང་གི་ངོ་བོས་ཡོད་པར་བཟུང་བའི་ཕྱིན་ཅི་ལོག་གི་རྟོག༷་པའི་རྗེས༷་སུ་འབྲང༷་ནས། ལོག་པའི་རྗེས་སུ་འབྲང་བ་དེ༷་ལས༷་འཁོར་བར་ཟག་པ་དང་བཅས༷་པའི་རང༷་བཞིན༷་ཏེ་འཁོར་བའི་རྒྱུར་གྱུར་པའི་རྟོག༷་པས༷་མེད་བཞིན་བརྟགས་པའི་བདག༷་དང༷་ཕྱི་ནང་གི་ཆོས༷་རྣམས༷་གྲུབ་གྲུབ་ལྟར་རྒྱས་པར༷་འགྲུབ་པར་བྱེད༷་དེ། བག་ཆགས་དང་ལྡན༷་པར༷་འབྱུང༷་བ༷་ཤིན༷་ཏུ་ཕྲ༷་བར༷་རྒྱུ་བ་ཀུན་གཞི་སྐད་ཅིག་མའི་ཕྲེང་བ་དེ༷་ནི༷་མ་མཐོང༷་བས༷། བདག༷་ཏུ༷་ལྟ་བ་ལ་སོག༷ས་པ་མུ༷་སྟེག༷ས་པའི་ལྟ་བ༷་སྣ༷་ཚོག༷ས་པ་སྐྱེ་ཞིང༷་ལམ་དང་དེ་ལས་ཐར༷་བར༷་ཡང་རྟོག༷་གོ །དེ་ཅིའི་ཕྱིར་ན། སེམ༷ས་ཀུན་གཞི་འདི༷་ནི་དགེ་སྡིག་གི་ལས༷་རྣམ༷ས་ཀྱི་བག་ཆགས་མཐའ༷་ཡས༷་པའི་གནས༷་སུ་་གྱུར༷་པས་ན་ཀུན་གཞི་ལ་བག༷་ཆག༷ས་གནས་པའང་མཐའ༷་མེད༷་པས་བག་ཆགས་འདི་མི་གནས་ཞེས་ངེས༷་པ༷་བཟུང་དུ་མེད༷་ལ། རྒྱུར་གྱུར་པའི་བ༷ག་ཆག༷ས་དེ་དག་བརྟས༷་ཤིང༷་འབྲས་བུའི་ངོ་བོར་སད༷་པར༷་བྱེད༷་པའི༷་རྐྱེན༷་ཡང༷་རྣམ༷་པ༷་སྣ༷་ཚོག༷ས་ཏེ༷་དགེ་བས་མཐོ་རིས་དང་ཉོན་མོངས་དང་མི་དགེ་བས་ངན་སོང་དུ་སྐྱེ་བའི་བག་ཆགས་སད་པ་མང་ཞིང་། མིར་སྐྱེ་བའི་རྐྱེན༷་འགས༷་ཚེ་སྔ་མ་ལ་མིར་སྐྱེས་པའི་བག༷་ཆགས༷་ཀུན་གཞི་ལ་བཞག་པ་འགའ་ཞིག༷་སྨིན༷་ནས༷་ད་ལྟ་མི༷་ཡི༷་རྒྱུད༷་ཀྱི༷་ལུས༷་བླང་ལ། རྐྱེན༷་གཞན༷་ལྷ་ལ་སོགས་སུ་སྐྱེ་བ་དག༷་གིས༷་ལྷ་སོགས་སུ་སྐྱེ་འགྱུར་གྱི་བག༷་ཆག༷ས་གཞན༷་སད༷་པར་བྱས༷་ཚེ༷་གནས་སྐབས་སྔ་མ་ལས་སྲིད་པ་གཞན་དུ་འགྱུར༷་བའི༷་མཐུ་མཐོང༷་ནས། དབ༷ང་ཕྱུག༷་ལ༷་སོག༷ས་པ་འཇིག་རྟེན་གྱི་བྱེད༷་པར༷་འདོད༷་པའི་བློ་ངན་སྐྱེ་ཞིང་ཚུལ་དེས་བཞག་པའི་ལམ༷་དེས༷་སྡུག་བསྔལ་ཕྲ་མོ་འང་མི༷་ཞི༷་ཞིང་ཁམས་གསུམ་ལས་གྲོལ༷་བར་མི༷་འགྱུར༷་རོ། །ཡང་དག་པའི་དོན་ལ་རྣལ༷་འབྱོར༷་དུ་བྱེད་པའི་ལམ་ལས་ལོག་ཅིང་ཕྱིན་ལོག་གི་རྟོག་པས་ལམ༷་བསླད་པ་དང་ལམ་དེ་ལ་ཐེ༷་ཚོམ༷་སྐྱེ་བའི་རྒྱུ༷་ཡང༷་ཀུན་གཞིའི་རྒྱུན༷་འདི༷་ཕྲ་བ༷་རབ་ཀྱི་ངང་ཚུལ་དུ་རྒྱུ་བ་མ༷་རྟོག༷ས་པ་ལས་སྐྱེ༷་སྟེ་ཐག་པར་མ་ཤེས་པ་སྦྲུལ་དུ་འཛིན་པའམ་ཐེ་ཚོམ་ཟ་བ་ལྟ་བུའོ། །མ་རྟོག་པའི་ཉེས་པ་ནི་བདག༷་ཏུ༷་བརྟག༷་པས༷་རང་རྒྱུད་ཡོང༷ས་སུ༷་བ༷སྒྲིབ༷་སྟེ༷་བདག་ཏུ་མི་རྟོག་པ་འཕག༷ས་པའི༷་རིག༷ས་དང༷་རྣམ༷་པར༷་ཕྲལ་ཏེ་སོ་སྐྱེ་ཉིད་ལས་མི་འདའ་ལ། སྣ་ཚོགས་པའི་ཆོས༷་སུ་བཏག༷ས་པའི༷་ལས་སྣ་ཚོགས་སྤྱད་ནས་སྡུག༷་བསྔལ༷་སྣ་ཚོག༷ས་འབྱུང་ཞིང༷་མི་དགེ་བའི་ལས་ཀྱི་ངན༷་སོང་གསུམ་སྲིད༷་པར་འགྱུར༷་བ་ཡིན་ནོ། །གསུམ་པ་ལ་དངོས་དང་འཐད་པ་གཉིས། དང་པོ་ནི། རྣམ༷་པར༷་ཤེས་པ༷་དེ་ཡང༷་གཟུགས་སྒྲ་སོགས་འདུ༷་བྱེད༷་རྒྱུན༷་ལ༷་མཚན་ཉིད་སོ་སོའི་མཚན༷་མ༷་ཐ༷་དད་དུ་འཛིན༷་པས༷་ན༷། ཡུལ་ཤེས་བྱ་བརྒྱུད་ཡོད་པས་མཐོང་བར་བྱེད་པ་སོགས་བྱེད་ལས༷་ཀྱི་ཁྱད༷་པར༷་དག་གིས༷། རྣམ་པར་ཤེས་པ་ཚོགས་བརྒྱད༷་དུ༷་སྣང༷་གི༷་ཤེས་ཤིང་རིགས་པའི་རིགས་སུ་གཅིག་པས་རིག༷ས་ལ༷་ནི༷་དུ༷་མ༷་མེད༷་དོ། །སེམས་ལ་དུ་མ་མེད་པ་དེ༷་ཡི༷་ཕྱིར༷་སེམ༷ས་ཀྱི༷་སྐད༷་ཅིག༷་དང༷་པོ༷་སྟེ་ཀུན་བསྐྱེད་པའི་གཞིར་གྱུར་པ་ཀུན་གཞིའི་སྐད་ཅིག་མ་ཁོ་ན་དེ༷་ལ༷་དབང་པོ་དང་བཅས་པའི་ལུས༷་དང༷་མ་ལུས་པའི་ཆོས༷་ཀུན༷་གནས༷་སོ། །སྔ་མ་དེ༷་དག་ལ་བསམ༷་པ་ཇི་ལྟ་ཇི་ལྟར་ཞེན༷་ཅིང་ཆགས་པའི་ཕྱིར༷་བློ་ཕྱི་མ༷་དེ་ལ༷་སྔ་མ་དེ༷་ལྟ་བུར་འབྱུང༷་ཞིང་དེ༷་ལ༷་བག་ཆགས་སྨིན་པས་སྣ་ཚོགས་སུ་སྣང༷་བར་འགྱུར་རོ། །དེ་ལྟར་རང༷་སེམ༷ས་སྐད་ཅིག་མའི་རྒྱུན༷་ལས་འཕགས་པ༷་དང་སོ་སོའི་སྐྱེ་བོའི་ཆོས༷་ནི༷་གཞན༷་ན༷་ཡོད་པ༷་མ་ཡིན་ཏེ་ཆོས་ཀུན་སེམས་ལ་གནས་པའི་ཕྱིར་རོ། །ལྷ་ལ་སོགས་པའི་རྒྱུད༷་དྲུག༷་གི་རིག༷ས་དྲུག་ཡོད་ལ༷་དེ༷་ལ་ཡང༷་ནང་སེལ་སྣ༷་ཚོགས༷་སུ་ཡོད་པ་དེ༷་དག༷་ནི་རང༷་རང་གི༷་ཐོག་མེད་ནས་གོམས་གོམས་པའི་ཏིང༷་ངེ་འཛིན༷་གྱི་མཐུས་སྣང་བར་འགྱུར་ཏོ། །གཉིས་པ་ལ་གཉིས་འཐད་པ་བསྟན། མི་འཐད་པ་བརྒལ་ནས་བཤད་པའོ། །དང་པོ་ནི། ཀུན་བྱང་ཀུན་རང་སེམས་ཡིན་ལ་སེམ༷ས་རྒྱུན་དེ༷་ནི༷་ཡོད་མེད་ལ་སོགས་པའི་ཕྱོགས་དང་ཤར་ལ་སོགས་པའི་ཕྱོག༷ས་དང་ཕྱོགས་གང་དུ་གནས་པ་དག་ཀྱང༷་ཅུང་ཟད༷་མེད༷་པས་གཅིག་ཏུ་བསྟན་དུ་མེད་པས་གཅིག༷་ལ༷འང༷་བསྟན༷་པ་མེད༷་དེ༷། སེམས་དེ༷་ལ༷་ཕྱོག༷ས་ཅུང་ཟད་མེད་པའི་ཕྱིར༷་ན་ཐ་དད་དུ་དབྱེར་མེད་པས་དག་མ་དག་གི་ཕྱོགས་གཅིག་ཡོད་ན་ནི་གཅིག་གི་མཚན་ཉིད་དུ་བསྟན་མི་རུང་སྟེ་དངོས་པོ་ལྟ་ཅི་ནམ་མཁའ་ལྟ་བུའི་དངོས་མེད་ཞིག་ཡིན་ནོ། །ཅེ་ན་འང་ནམ་མཁའ་སྟོང་པའི་ཤར་ནུབ་ལ་སོགས་པ་མཐའ་དབུས་བྱེ་བྲག་ཐ་དད་པས་གཅིག་ཏུ་མི་རུང་ཡང་སེམས་ནི་ཇི་ལྟ་བུའི་ཕྱོགས་ཀྱང་མེད་པས་ན་ཐ་དད་དབྱེར་མེད་དོ། །དེས་ན་མཐའ༷་ཡས༷་ཞིང་རྣམ༷ས་ཐམས༷་ཅད༷་བདག༷་གི༷་ལུས༷་ཡིན་ཏེ་དམིགས་སུ་མེད་པར་གཅིག་པས་ཐམས་ཅད་ཀྱང་བདག་ཡིན་ཏེ་དམིགས་སུ་མེད་པར་གཅིག་པས་ཐམས་ཅད་ཀྱང་བདག་ཡིན་ལ། བདག་ཀྱང་ཐམས་ཅད་ཡིན་ཏེ་བདག༷་གི༷་ལུས༷་ནི༷་མཐའ༷་ཡས༷་ཞིང༷་དང༷་སྐྱེ་བའི༷་ལུས༷་སུ་རབ༷་ཏུ་སྣང༷་བས་གདོད་མ་ཐོབ་པའི་ཐོབ་བྱའི་ཆོས་ནི་མེད་ན་ཡང༷་། སེམ༷ས་དང༷་བག༷་ཆག༷ས་ནི་དབྱིབས་དང་ཁ་དོག་བཞིན་དུ་གཅིག༷་མིན༷་ལ་ཐ༷་དད༷་ཀྱང་མ༷་ཡིན༷་པས་བརྟག༷་པར༷་རབ༷་ཏུ༷་དཀ༷འ་འོ། །གཉིས་པ་ནི། ཐམས་ཅད་སེམས་ཡིན་ན་ཕྱིའི་རྒྱུ་རྐྱེན་གཞན་ལས་སྐྱེ་བར་ཅིས་སྣང་ཞེ་ན། ཆོས་འདི༷་ཀུན༷་རྒྱུ་རྐྱེན་རྟེན༷་ཅིང༷་འབྲེལ༷་ཏེ་འབྱུང༷་བའི་ཚུལ་ཏེ་སེམས་ལ་རྒྱུ་ཚོགས་ཚང་ན་སྐྱེ༷་བ་དང༷་རྒྱུ་ལྡོག་ན་འག༷ག་པར་འགྱུར༷་རོ་ཞེས༷་བརྗོད་པ་ནི། དོན་དམ་པར་བརྟག་ན། དཔེར་ན་ཚིག༷་པའི་ས༷་བོན༷་ལས་འབྲས་བུ་མི་སྐྱེ་བ་བཞིན༷་དུ་རྒྱུ་བདེན་པ་མེད༷་པ་ལས༷་འབྲས་བུ་མེད་༷པ་ཞིག་དོན་དམ་པར་ན་མི་འབྱུང༷་ཏེ་དེས་ན་འདི་ནི་རྒྱུ༷་འདི་ནི་འབྲས༷་བུ་ཞེས་བཞག་ཏུ་འང་མེད༷་དོ། །ཅིའི་ཕྱིར་རྒྱུ་ལས་འབྲས་བུ་འབྱུང་ཞེས་ན་ཐོག་མེད་ནས་རྒྱུ་འབྲས་བདེན་པའི་དངོ༷ས་པོར༷་ཞེན༷་ཅིང༷་རྒྱུ་དང༷་འབྲས༷་བུར༷་སོ༷་སོར༷་རྟོག༷་པར་བྱེད་པའི༷་ནང་གི་སེམ༷ས་ཉིད༷་ནི། ཕྱིའི་རྒྱུ༷༷་དང༷་རྐྱེན༷་ལྟར་དུ་སྣང༷་སྟེ་རྨི་ལམ་དུའང་རྟོག་པའི་དབང་གིས་གཟུགས་སོགས་སྐྱེ་འགག་ལྟར་མཐོང་ཞིང་སྣང་བ་ལྟ་བུ་སྟེ་རྒྱུ་དང་འབྲས་བུ་དེ༷་གཉིས༷་མེད༷་ཕྱིར་རྒྱུ་ལས་སྐྱེ་བ་མེད་པ་དང་སྐྱེ་བ་མེད་ན་དེ་ལོག་པའི་འཇིག་པའང་མེད་དོ། །སྐྱེ༷་བ་དང་འཇིག༷་མེད༷་པའི་ཕྱིར༷་ན་བདག༷་དང་གཞན༷་དུ་གྲུབ་པ་མེད༷་དེ་དེ་མེད་ན་སུ་ཞིག་འཆི༷་སུ་ཞིག་འཕོ་སྟེ་དེ་ཉིད་མེད་ལ་དེ་གཉིས་མེད༷་ཕྱིར༷་འཕོ་བ་མེད་པས་རྟག༷་པ་དང་འཆི་བ་མེད་པས་ཆད༷་པ་མེད༷་དོ། །སྐྱེ་སོགས་མེད་པ་དེས་ན་གཅིག་ནས་གཅིག་ཏུ་འཁྲུལ༷་ཞིང་འཁོར་བ་མེད༷་ཅིང༷་དེས་ན་འཁོར་བ་དང་བྲལ་བའི་མྱ༷་ངན༷་ལས་འདས༷་པ༷འང༷་མེད༷་པ༷་ཉིད༷་དུ་མངོན༷་ཏེ་ཆུ་རུ་མ་གྲུབ་ན་ཆུ་ལོག་པ་མི་འགྲུབ་པ་བཞིན་ནོ། །གཉིས་པ་སྣང་གཞི་སེམས་ཉིད་དོན་དམ་པར་མ་འགྲུབ་པར་བསྟན་པ་ནི། བག་ཆགས་ཀྱི་གནས༷་ཀྱི་ཀུན་གཞི་སྐད༷་ཅིག༷་མ་དང་བག་ཆགས་གཉིས་ནི་ནམ༷་ཡང༷་མི༷་འབྲལ་ཏེ་གཅིག་མེད་ན་གཅིག་མེད་དགོས་ཏེ་གང་རུང་མེད་པར་མི་སྲིད་པ༷་དེ་ཚེ་དེ་གཉིས་ཡོད་མེད་མཉམ༷་པར་གྱུར༷་པ་ཡིན་ལ་གང་ཚེ་བག་ཆགས་དེ༷་མེད༷་ན༷་ཀུན་གཞི་དེ་ཡང་མེད་དེ་རྒྱ་མེད་པའི་འབུར་བཞིན་ནོ། །དེ་ཡིན་མོད་ཀྱང་བག་ཆགས་ཅིའི་ཕྱིར་མེད་ཅེ་ན། དངོས་པོའི་གནས་ཚུལ་དང་མི་མཐུན་པས་ཡང༷་དག༷་པར་མ༷་ཡིན༷་པའི་ཀུན་ཏུ་རྟོག༷་པས༷་བསྐྱེད་ཕྱིར༷་བག༷་ཆགས༷་ཡོད༷་པ༷་མ༷་ཡིན༷་པ་དང་༷། བག་ཆགས་མེད་ན་ཀུན་གཞིའི་སྤྱོད་ཡུལ་བག་ཆགས་ཡིན་པས་ན་སྤྱོད༷་ཡུལ༷་མིན་ཅིང་དེ་མེད༷་པའི་ཕྱིར༷་ཀུན༷་གཞི༷་མེད༷་ཅིང་ཞེན་ཡུལ་མེད་ན་ཤེས་པ་མི་འབྱུང་བའི་ཕྱིར་རྣ༷མ་རིག༷་དེ༷་ཐམས་ཅད་པོ་ཡང༷་མེད༷་པ༷་ཁོ་ན་ཡིན༷་ནོ། །གོང་ལྟར་ཕྱོག༷ས་རྣམ༷ས་མེད༷་ཕྱིར༷་དམིག༷ས་པ་བག་ཆགས་དང༷་དེ་གནས་པའི་གནས༷་ཀུན་གཞི་གཉིས་ཀ་མེད་ན་དེ་བརྟེན་པའི་རྣམ༷་པར་ཤེས༷་ཤིང་རི༷ག༷་པ༷་རྣམས་ཇི༷་ལྟར༷་སྐྱེ། དེ༷་ཕྱིར༷་སེམ༷ས་དང་སེམས་བྱུང་འདི༷་རྣམས་ནི་ཡོད༷་པ་དང་མེད༷་པའི་མཐའ་ལས༷་འདས༷་ཤིང་གཅིག༷་དང༷་དུ་མ༷་བྲལ༷་ཏེ་ཅི་ལྟ་བུར་ཡང་མི་གནས་སོ། །གཉིས་པ་རྣམ་པར་བྱང་བའི་དངོས་པོ་ལ་བརྟག་པ་ལ་བསྟན་བཤད་གཉིས་ཀྱི་དང་པོ་ནི། བདེ༷་གཤེག༷ས་ཀྱི་བྱང༷་ཆུབ༷་མེད༷་པའི་ཕྱིར༷་ན་སངས་རྒྱས་དེ༷་ཡི༷་རྫུ༷་འཕྲུལ་ནི་སྣང་ཡང་མི་བདེན་པ་སྒྱུ་མ༷་དང་འདྲ༷ར་འཁྲུལ༷་བ་ལ༷་སྣང་བ་ཡིན་ནོ། །གཉིས་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་གྲུབ་པར་བསྟན་པ་དང་། དག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མ་གྲུབ་པར་བསྟན་པ་གཉིས་ཀྱི་དང་པོ་དང་། དེ༷་བཞིན༷་དུ་རྣམ་པར་མི་རྟོག་པ་ཡང་དག༷་པའི༷་ཡེ༷་ཤེས༷་དེ༷་དག༷་ཤིན་ཏུ་དགེ༷་བའི༷་རྩ་བ་ཚད་མེད་པའི་རྒྱུན་ཉིད༷་དང་༷། ཆོས༷་ཀྱི༷་དབྱིང༷ས་མ་ནོར་བ་ཉིད༷་ལ༷་ནི༷། ཡེ་ཤེས་དེ༷་དག༷་དམིགས་ཤིང༷་སྐྱེ༷་བར༷་བརྟག༷་པ༷་ཡང༷་དཔྱད་ན་མ་གྲུབ་སྟེ་འདི་ལྟར་རྡོ༷་རྗེ༷འི་སྟེ་ནམ་པར་མི་རྟོག་པའི་ཡེ་ཤེས་དེའི་གནས་སམ་ཡིན་ལ་དེ་མེད༷་པའི་ཕྱིར༷་ན་འབྲས་བུ་ཡེ་ཤེས་ཀྱང་མེད་པ་དེས་ན་དེ་གཉིས་མ་གྲུབ་པ་མཉམ༷་པར་གནས༷་པས་སེམས་མ་གྲུབ་པའི་རང༷་བཞིན༷་དང་ཀུན་ཏུ་འདྲ༷་འགྱུར་ཏེ་མཚུངས་པར་གྱུར་པ་དང༷་། རྣམ་རིག་པས་ཡེ་ཤེས་སྐད་ཅིག་མ་དོན་དམ་དུ་འདོད་པ་མ་གྲུབ་སྟེ་ཆོས༷་དབྱིངས་རྟོགས་པའི་ཡེ་ཤེས་རྡོ༷་རྗེ༷་ལྟ་བུར་ཡེ་ཤེས་ཀྱི་རྩེ༷་མོར༷་གྱུར་པ་དེ༷་ད༷ག་ཅི་ལྟ་བུའི་ཕྱོག༷ས་ཉིད༷་དུའང་དམིགས་སུ་མེད༷་པས་ན་ཡེ་ཤེས་དེ་ནི་སྐད༷་ཅིག༷་མ་མིན་ནོ། །གཉིས་པ་ནི། འཁོར་གསུམ་དག༷་པའི༷་དགེ༷་རྩ༷་ནི་གཟུགས་བརྙན༷་དང་འདྲ་སྟེ་བདེན་པར་མེད༷་པས་དེ་ལ་བརྟེན་པའི་དག་པ་འཇིག༷་རྟེན༷་པའི་ཡེ༷་ཤེས༷་ཀྱང་ཡོད༷་པར་མི༷་འགྱུར༷་རོ། །སྤྱི་དོན་དྲུག་པ་སོ་སོར་བརྟགས་ནས་ངེས་པའི་དོན་བསྟན་པ་ལ་གསུམ། བསམ་པ་མཉམ་པ། སྤྱོད་པ་མཉམ་པ། དོན་བསྡུ༷ས་ཏེ་བྱང་སེམས་བསྟན་པའོ། །དང་པོ་ལའང་། གཞི་བདེན་གཉིས་མཉམ་པས་བླང་དོར་མེད་པར་བསྟན་པ། ལམ་བདེན་རྫུན་མཉམ་པས་ཆགས་སྡང་མེ་དང་ཡོད་མེད་མཐའ་དང་བྲལ་བས་ཀུན་ཏུ་མཉམ་པ་གསུམ་གྱི། དང་པོ་ནི། ཀུན་བྱང་གཉིས་ཀ་མ་གྲུབ་པ་དེ༷་ཡི་ཕྱིར༷་བྱང༷་ཆུབ༷་སྟེ་སངས་རྒྱས་པ་དང་མ༷་ཆུབ་སྟེ་སེམས་ཅན་གཉིས་ཀ་མཚན༷་ཉིད༷་མེད༷་པར༷་མཉམ་ཞིང་གཅིག༷་པས་སངས་རྒྱས་བླང༷་བ་དང་སེམས་ཅན་དོར༷་བ་མེད༷་དོ། །དོན་དམ་པ་ཞེས་བྱ་བ་ཉིད་ཀྱང་མེད་ན་དེ་འདི་ལྟ་བུའོ་ཞེས་བསྟན་པའི་ཚིག་རྣམས་ཀྱང་ལྟ་ག་ལ་ཡོད་དེ་གོང་དུ་ཇི་སྐད་བསྟན་པའི་དོན༷་དེའི༷་ཚུལ༷་གྱིས༷་དཔྱད་ན་དོན༷་དམ་པའི་རྣམ༷་གྲང༷ས་སུ་བྱ་བ་སྐྱེ་འགག་མེད༷་ཅེས་བྱ་བ་དང༷་མཉམ༷་པ་ཉིད༷་ཅེས་བྱ་བ་དང་༷། གཉིས༷་སུ་མེད༷་ཅེས་བྱ་བ་དང་བས༷མ་པ་ལས་འདས༷་པ་དང་སྟོད༷་པ་ཉིད༷་དང་ཆོས༷་ཀྱི་དབྱིང༷ས་བརྗོད༷་པ་དང༷་ཐ་སྙད་དང་བྲལ༷་བ་ལ༷་སོག༷ས་སུ། བསྟན༷་པ༷་དེ༷་ཀུན་བཀྲི་བའི་ཐ༷་སྙད༷་ཡིན༷་ཏེ༷་ཡང་དག་ངེས་པའི་དོན་ལ་ནི་དོན༷་དམ༷་མེད༷་ཅིང༷་ཀུན༷་སྒྲིབ༷་བམ་ཀུན་རྫོབ་ཞེས་བྱ་བ་འང་མེད༷་དོ། །ཐ་སྙད་ཙམ་མིན་པར་དོན༷་དམ༷་ཚུལ་གྱི་ལམ༷་ཉིད༷་འདི༷་འདྲའོ་ཞེས་པ༷་དམིགས་སུ་ཡོད་ན་དེ༷་ཉིད༷་ཀུན༷་སྒྲིབ༷་ཡིན༷་གྱི་དོན་དམ་ཡང་དག་པར་ན་ཀུན་རྫོབ་དང་དོན་དམ་ཞེས་བདེན་པ་གཉིས་སུ་དབྱེར་ག་ལ་ཡོད་དེ་མེད་དོ། །གཉིས་པ་ནི། བདེན་དོན་མ་མཐོང་བའི་ཐེ༷་ཚོམ་ཡོད༷་པ་དང་མཐོང་སྟེ་ཐེ་ཚོམ་མེད༷་པའི་ཆོས༷་ནི༷་གང༷་ལའང་ཡང་དག་པར་ན་བདེན་རྫུན་གཉིས་མེད་པས་རྫུན་པ་སྤང༷ས་ཤིང་བདེན་པ་ལ་གནས༷་པར༷་མི༷་བྱེད༷་དོ། །དེ་ཅིའི་ཕྱིར་ན་ཡང་དག་པར་ན་སྒོམ༷་པ་པོ་དང༷་ནི༷་རྟོགས་བྱ་ཆོས༷་ཀྱི་དབྱིངས༷་རང་བཞིན་མ་གྲུབ་པས་མེད༷་པའི་ཕྱིར༷་སུ་ཞིག་གང་ལ་སོམ་ཉི་ཡོད་དེ་དེ་ཕྱིར་སོ༷མ་ཉི༷་མེད༷་པའི་ཆོས་ལ༷་དམ༷་པར༷་བལྟ༷་བ༷འང༷་མེད༷་དེ་ལུང་ལས་མཐུན་པའི་ཆོས་ལ་སྲེད་པ་དག་མི་མཐུན་པའི་ཆོས་ལ་ཞེ་སྡང་སྤང་དགོས་པར་གསུངས་པའི་ཕྱིར་རོ། །གསུམ་པ་ནི། གོང་དུ་བསྟན་པ་དེ༷་ལྟར༷་དངོས༷་པོའི༷་མཐའ༷་རྣམ༷ས་བརྟག༷ས་པས༷་རང༷་བཞིན༷་སྒྱུ་མ༷་ཙམ་དུའང་གྲུབ་པ་མེད༷་པར་འགྱུར༷་ཕྱིར་ཡོད་པ་མིན་ཀྱང་མེད་པ་ཞིག་ཡིན་ནམ་སྙམ་ན། དེ་ལྟར་ཡོད་པ་མ་གྲུབ་ན་མེད་པ་དེ་ནི་སུའི་མེད་པ་ཡིན་ཏེ་དེ་དག་ཡོད༷་པ་ལ༷་ལྟོས༷་པའི༷་མེད༷་པ༷འང༷་མེད༷་དེ་དེ་ལྟར་ཡོད་པ་དགག་པའི་མེད་པ་མིན་ཀྱང་ཡོང་གིས་མེད་པ་ཡིན་ནོ་སྙམ་ན། རང་བཞིན་གྱིས་མ་སྐྱེས་པའམ་ཡང་གིས་མེད༷་པ༷་ལ༷་ཡང༷་མེད༷་པ༷་གཅིག་ཐ་སྙད་གདགས་པ་མེད༷་དེ་མཐོང་ཐོས་མེད་ཅིང་གང་གིས་ངོ་བོར་མི་གནས་པ་དེ་ལ་སུ་ཡང་མེད་ཅེས་མི་སེམས་མི་བརྗོད་པའི་ཕྱིར་རོ། །གོང་དུ་བཤད་པ་ལྟར་མཐའ༷་རྣམ༷ས་མེད༷་ཕྱིར༷་སུའི་དབུས་ཏེ་དབུས༷་ཀྱང་མེད༷་ལ་དབུས་མེད་པས་དབུས༷་ལའང༷་གནས༷་པར༷་མི༷་བྱེད༷་དོ༷། །གཉིས་པ་སྤྱོད་པ་མཉམ་པ་ནི། ཆོས་གང༷་ལ༷འང༷་འཇིག་རྟེན༷་གྱི་འདོད་ཡོན་ཐམས་ཅད་ལ་དབང་བསྒྱུར་ཞིང་ཕུན་སུམ་ཚོགས་པའི་དབང༷་ཕྱུག༷་ཏུ་བྱས་ཀྱང་སྐྱོན་གྱིས་མ་གོས་པ་པདྨོ་ལྟ་བུས་འདོད་ཡོན་ཀུན༷་ཀྱང༷་མི་སྤོང་བར་སྤྱོད་དེ་རྒྱུ་མཚན་སྐྱོན་ཡོན་ཐམས་ཅད་ཡང་དག་པར་ཁྱད་མེད་པས་འདྲ༷་ཞིང་མི་འབྱེད་དེ་མཉམ༷་པར་གནས༷་པས་སོ། །སེམས་ཅན་ཉིད་ཀྱང་མེད་ན་སུ་ཞིག་འཁྲུལ། དེས་ན་འཁྲུལ་པ་མེད་པའི་ཆོས༷་ལ༷་འཁྲུལ༷་པར༷་མཐོང༷་བ༷་དེ༷་ཉིད༷་འཁྲུལ༷་བ༷་ཡིན༷་པར༷་རབ༷་ཏུ་རྟོག༷ས་ཏེ། དེས་ན་མུ་སྟེགས་སྟོན་པ་དྲུག་གིས༷་བསྟན༷་པ༷་དང་སྲོག་གཅོད་སོགས་ཉོན་མོངས་དང་བདུ༷ད་ཀྱིས༷་ལས་རྣམས་ཀྱང་མི་དམིགས་ཤིག་འདོར་དུ་མེད་པར་ཤེས་ནས་མི༷་འདོར༷་ཞིང་ངན༷་དུ་མི༷་རྟོག་གོ །ཤེས༷་རབ༷་ཐབ༷ས་ཀྱི༷་སྤྱོད༷་པའང༷་ཅི་ལྟ་བུ་མཚན་ཉིད་དུ་མ་གྲུབ་ཅིང་མི༷་གན༷ས་པའི་ཕྱིར་ན་བདུད་ཀྱི་སྤྱོད་པ་དང་གཉིས་མ་སྐྱེས་པར་མཉམ་པར་འདྲ་བར༷་སྤྱོད༷་དོ། །ལྟ་བ་ཐམས་ཅད་བྲལ་བ་ནི་ཡང་དག་པའི་དོན་ལ་ལྟ་བའོ་ཞེས་འབྱུང་བ་ལྟ་བུའི་འཛིན་པ་ཞུགས་ཏེ་རང༷་གི༷་ཤེས༷་པ༷་ནི་བདེན་པ་རྟོགས་པ་ཡིན་ནོ། །ཞེས་དམ་པར༷་བྱས་ཏེ༷་ཀུན༷་ལས༷་རྒྱལ༷་ཏེ་ལྟ་བ་དེས༷་བསྙེམས་པ་སྐྱེན༷། རང་ལྟ་ལ་འདོ༷ད་ཆག༷ས་གཞན་ལྟ་ལ་ཞེ་སྡང༷་སྐྱེས༷་ནས༷་ཕན་ཚུན་རྩོད༷་པ་འབྱུང༷་བའི་གཏི༷་མུག༷་ཡིན༷་ཏེ༷་བདེན་པ་ཞེས་བྱ་བ་མེད་པས་རང་ལྟ་བདེན་པར་བཟུང་བ་དང་རྫུན་པ་མེད་པས་གཞན་ལྟ་རྫུན་པར་བཟུང་བ་གཉིས་གནས་ཚུལ་དང་མི་མཐུན་པའི་བློ་ཡིན་པའི་ཕྱིར་བདེན་རྫུན་གཉིས་ཀ་མི་དམིགས་པའི་དོན༷་རྣལ་མ་མི༷་མཐོང༷་ངོ་། །གསུམ་པ་དོན་བསྡུས་ཏེ་བྱང་ཆུབ་ཀྱི་སེམས་བསྟན་པ་ནི། ཇི༷་སྲི༷ད༷་འཇིག་རྟེན་ཡོད་མེད་བདེན་རྫུན་སྣང་མི་སྣང་ལ་སོགས་པའི་ཡིད༷་ཀྱི༷་གཡོ༷་བ༷་དེ་སྲིད༷་བདུད༷་ཀྱི༷་སྤྱོད་ཡུལ༷་ཏེ་དེ༷་ནི་རྟོགས་དཀའ་བའི་ཕྲ༷་བའི༷་ལམ༷་ཡིན་ཅིང་། འོ་ན་མི་གཡོ་བར་གནས་སོ་ཞེ་ན། རྟོག་པ་དང་མཚན་མ་གཡོ༷་འོ་ཞེས་དང༷་མི༷་གཡོའོ་ཞེས་པའི་ཐ༷་སྙ༷ད་ཙམ་ཡང་མི༷་གནས༷་པའི་དེ་ལ་འང༷་གན༷ས་པར༷་མི༷་བྱེད༷་དེ༷་དེས་ན་མི་གཡོ་ཞེས་པ་དེ་ལ་མི་གནས༷་པ་ལྟ་ཅི་སྨོས། དེ་ལྟར་ན་ཉམས་སུ་མྱོང་བའི་ཚོར་བ་དང་ཚོར་བ་འགགས་པ་དང་། ཡིན་མིན་གྱི་འདུ་ཤེས་ཀྱིས་བཟུང་བའི་སྣང༷་བ་མེད༷་པ་ནི་མི་གནས་དབུ༷་མའི༷་ལམ་སྟེ་དོན་དེ༷་ལ་དེ་བཞིན་སེམས་པས་བླ་མེད་བྱང་ཆུབ་འགྲུབ་པས་ན་བྱང༷་ཆུབ༷་སེམ༷ས་ཞེས༷་བདེ༷་བར་གཤེ༷གས་པས༷་གསུངས་སོ། །སྤྱི་དོན་བདུན་པ་དེ་ལྟར་གཏན་ལ་བབ་ནས་ངེས་པའི་དོན་བསྒོམ་པ་ལ་གཉིས། བསྒོམ་པའི་མི་མཐུན་ཕྱོགས་བསྟན་པ་དང་། དེའི་གཉེན་པོ་བསྒོམ་པའི་དོན་མ་ནོར་བར་བསྟན་པའོ། །དང་པོ་ནི། རྣམ་པར་མི་རྟོག་པ་བསྒོམ་པ་ནི་བླང་དོར་མེད་པ་ཡིན་ལ། དེའི་མི་མཐུན་ཕྱོགས་གཟུག༷ས་སོགས་དང༷་མཚན༷་མ༷་དང་སྨོན༷་པར༷་འཛིན༷་པ་གསུམ་པོ་རབ༷་ཏུ་སྤང༷་ནས་སུ། དེའི་གཉེན་པོར་སྟོང་ཉིད་སོགས་རྣམ༷་ཐར༷་གསུམ༷་པོ་བསྒོམ༷་པ༷འང་བླང་དོར་གྱི་མཐར་ལྷུང་བས་ན་བདུད༷་ཀྱི་ལས༷་ཡིན་ཏེ༷་གཟུག༷ས་ཉིད༷་སྟོང༷་པ༷་འོ༷་དང་མཚན་ཉིད་མཚན་མེད་སྨོན་པ་ཉིད་སྨོན་མེད་ཡིན་གྱི་ཐ་དད་དུ་མེད་དོ། །འཁོར༷་བ་འགྲུབ་པར་བྱེད་པ༷འི་ལམ༷་ཆགས་སྡང་རྨོངས་གསུམ༷་སྤངས༷་ཤིང༷་མྱ་ངན༷་ལས་འདས་པའི་ལམ༷་བསྒོམ༷་པར་བྱེད༷་པ༷འང༷་བདུད༷་ཀྱི་ལས་ཉིད༷་དེ། དེ་ལྟར་སྤྱོད་པ་དེ༷་ཉིད༷་རང༷་བཞིན༷་མ་ཞི༷་པའམ་རང་བཞིན་ཞི་བ་མ་རྟོགས་པ་ཡིན་ཏེ་ཆོས་ཀུན་གྱི་གནས་ཚུལ་ལམ་རང་བཞིན༷་གྱི་དབང་དུ་ན་མྱང་འདས་བཙལ༷་བ་དང་འཁོར་བའི་ལམ་སྤང༷་བར་བྱེད་པ་གར་ཡང་མི་འགྲུབ་པའམ་མི་གནས༷་པ་ཡིན་པའི་ཕྱིར་རོ། །འཕགས༷་པ༷་ཀུན་གྱི༷་གཟིགས་པའི་སྤྱོད་ཡུལ༷་དང༷་གྲུབ་པའི་གནས༷་ཀྱང༷་འཁོར་བ་སྤང་བའི་ཕ་རོལ་ཞིག་ན་གུད་དུ་མ་འདྲེས་པར་མེད་ལ་མྱང་འདས་སོག༷ས་ཡོན་ཏན་གྱི་ཁྱད་པར་ཐོབ་པའི་ལམ༷་ཀྱང་འདི༷་ལས་གཞན༷་དུ་ན༷་གྲུབ་པ་མེད༷་དེ་ཐམས་ཅད་རང་བཞིན་མེད་པས་སོ། །གཉིས་པ་ལ་དངོས་དང་། འཐད་པ་བསྟན་པ། ཇི་ལྟར་བསྒོམ་པའི་ཡོན་ཏན་གསུམ་ལས། དང་པོ་ནི། ལྡང༷་དང༷་མི༷་ལྡང༷་ཆེད༷་དུ་མི༷་སྤོང༷་སེམ༷ས་རྟེན༷་མི༷་འཆའ་ཞེས་མཚན་མ་དང་རྟོག་པ་ལྡང་བ་ཆེད་དུ་མི་སྤང་ཞིང་མ་ལྡང་བ་ལ་སེམས་ཀྱི་རྟེན་མི་འཆའ་བར་འབྲས་བུའམ་བདེན་དོན་ལ་དམིགས་པའི་སྒོ་ནས་མངོན༷་དུ༷་བྱེད་པ་མིན༷་ཏེ། དེ་ཅེས་མི་སྤོང་ཞེ་ན། ཆོས་ཉིད་ལ་ཟུག་རྔུ་མེད་པས་འཇམ༷་ཞིང་དེ་རྟོགས་ན་དཔལ་དུ་གྱུར་བས་དཔལ༷་ཞེས་བྱ་སྟེ་ཆོས་ཉིད་དེ་མ༷་ཡིན༷་པའི་མཚན་རྟོག་གི་སྐྱོན་ཕྲ་མོ་རྡུལ༷་ཆ་ཙམ༷་ཞིག་གཡོ༷་བའམ་ཡོད་པར་མཐོང་ནའང་དེ་ཉིད༷་ཆོས་ཉིད་དོན་གྱི་ཡེ་ཤེས་སམ་འཇམ་དཔལ་དེ༷་ཡིན་པས་སྤང་དུ་མེད་པས་སོ། །འོ་ན་ཆོས་ཉིད་དམ་འཇམ་དཔལ་དེར་གནས་སོ་ཞེ་ན། དེའི་རང་བཞིན་ཅིར་ཡང་མ་གྲུབ་པས་གནས་པར་བྱ་བའི་གཞི་མེད་པས་ན་དེར༷་ཡང་མི༷་གནས༷་སོ། །འོ་ན་དེ་མངོན་དུ་བྱ་བ་མ་ཡིན་པའི་ཕྱིར་མིན་སྙམ་ན་བསྒོམ་བྱའི་ཆོས་ཉིད་དང་བསྒོམ་པའི་ཡེ་ཤེས་གཉིས་ཀ་མ་གྲུབ་པའི་ཕྱིར་ན། སྒོམ༷་བར༷་བྱ༷་པའི༷་ས༷་འམ་གཞི་མི་རྙེད༷་པའི་ཕྱིར༷་སུ་ཞིག་གིས་གང་ཞིག་ལ་བསྒོམ༷་པས༷་འབྲས་བུ་ཅི་ཞིག་རྙེད༷་པར༷་མི༷་འགྱུར༷་ཏེ༷། སེམ༷ས་ཀྱི༷་སྤྱོད༷་ཡུལ༷་ཤེས༷་པ་དེ་ལ༷་ཡུལ་གྱི་རྣམ་པ་གང་སྣང་སེམས་ཀྱི་རྟོག་པ་ཅི་སྐྱེས་པ་དེ༷་དག༷་ཆོས༷་རྣམ༷ས་ཀྱི་ནི༷་ཆོས༷་ཉིད༷་ཡིན་པས་གང་སྤྱོད་ཡུལ་ཐམས་ཅད་ཆོས་ཉིད་ལས་མི་གཞན་པས་གང་སྣང་ཡང་སྐྱོན་མེད་དོ། །སྐྱོན་མེད་ན་སེམས་ཅན་རྣམས་ཅིའི་ཕྱིར་འོང་ཞེ་ན། མཚན་མ་སྣ་ཚོགས་ལ་བདེན་པར་འཛིན་པའི་ཕྱིར་ཏེ། མཚན་མའི་བདེན་ཞེན་གྱི་རྣམ་པ་དང་བྲལ་ན་མི་འཁོར་བར་བསྟན་པའི་ཕྱིར། ཆོས་ཀུན་ལ་མཚན་མའི་རྣམ༷་པ་ཐམས་ཅད་དང་བྲལ༷་བས་ན་ཆོས་གང༷་ལ༷འང༷་མི་འཛིན་པས་འདི་ནི་མཆོག༷་དང༷་འདི་ནི་ཐ༷་མ༷་ཞེས་བླང་དོར་གྱི་རྣམ་པ་མེད༷་པར༷་བསྒོམ་པ་ནི་ལམ༷་གྱི་མཆོག༷་སྟེ་ལམ་འདི༷་ལྟ་བུ་རྒྱུན་དུ་བསྒོམ༷་མོ༷། །གཉིས་པ་ནི། རྟོག་པ་ཅི་སྐྱེ་ཡང་ཅིས་མི་སྐྱོན་ནོ། །འདུ༷་བྱེད༷་ཐམས་ཅད་ནི་རང་གི་ངོ་བོས་ཀྱང་མ༷་སྐྱེས༷་ལ་ཆོས༷་རྒྱུ་རྐྱེན་གཞན་གྱིས་ཀྱང་འབྱུང༷་བ་མེད༷་པས་ན་ཤིན༷་ཏུ་ཆོས༷་རྣམ༷ས་རང་བཞིན་གྱིས་མྱ༷་ངན༷་ལས་འདས༷་པས། བདེན་པའི་དངོས༷་པོ་ཅུང་ཟད་མེད༷་པར་རྟོགས་པ༷་དེ་ཚེ་རྟོག་སྣང་ཇི་སྙེད་སྐྱེ་བ་ཀུན༷་ཆོས༷་ཀྱི་དབྱིང༷ས་ཀྱི་རང་བཞིན་དུ་རྟོགས་པའི་ཤེས༷་པ་དེ་ནི་མི་ཤེས་པའི་དགྲ་བཅོམ༷་པ་ཡོན་ཏན་རབ༷་ཏུ་འབྱོར༷་བ་ཡིན་ནོ། །ཇི་སྐད་བསྟན་པའི་དོན་ནི༷་ནམ་མཁའ༷་བཞིན་ཏེ་དཔེར་ན་ནམ་མཁའ་དོན་ཅི་ལྟ་བུའི་མཚན་ཉིད་དུ་ཡང་མི་དམིག༷ས་པས་མིང༷་ཙམ༷་ཞིག་སྟེ་དེ་ནི་དགེ༷་བ་དང༷་ནི་མི༷་དགེ༷་སོགས་གཉིས་ཆོས་ཀྱི་རང་བཞིན་ཅན་དུ་འབྱེད༷་པ་མེད༷་དེ་སྐྱེ་བ༷་མེད༷་པའི་ཕྱིར་རོ། །སྤང་བའམ་མ་གྲུབ་པར་བྱ་བའི་རྩོལ༷་བ༷་ཡིད༷་ལ༷་མི༷་བྱེད༷་ཅིང་དམིགས་པའི་ཡུལ་གང༷་ལ༷འང༷་སེམ༷ས་པ་མེད༷་དེ་སེམས་ཉིད་ཀྱང་མ་གྲུབ་པས་ཤེས་མི་ཤེས་སུ་མི་རྟོག་པས་ཤེས༷་དང་མི༷་ཤེས༷་བྲལ༷་བའོ། །སྤང་གཉེན་ཁྱད་མེད་པས་གཉེན་པོ་དྲན༷་པ་དང༷་འབྱེད་མེད༷་ཆོས་གང༷་ལའང༷་སྤང་བ་དགག་པ་དང་ལེན༷་པ་ལ་དག༷འ་བ་དང༷་སྤང་གཉེན་འདྲ་བའང་མཚུང༷ས་པར་བློ་བཞག་པ་འང་མེད༷་དེ་ཅིར་ཡང་མི༷་དམི༷གས་ཤི༷ང་། འདོད་མི་འདོད་མེད་པས་མཉམ༷་པར་གན༷ས་ལ་ཐ་དད་དུ་མི་འབྱེད་པས་གཉི༷ས་སུ་བརྟག་པའང་མེ༷ད་དེ་འདི་ལྟ་བུ་ཡིན་ནོ་ཞེས་ཅིར་ཡང་། འཛིན་པ་མེད་པས་བརྗོད༷་པ་དང་བྲལ་ཞིང་དོན་དུ་གཉེར་བ་མེད་པས་བྱ༷་བ་མེད་པ་དང༷་སྒོ་གསུམ་གྱི་ལས་ལ་སྐྱོན་དུ་མི་ལྟ་བས་མི༷་བྱ༷་བ་ཡང་མེད༷་དེ༷་ཚོགས་དང་ཡོན་ཏན་གསར་དུ་སོག༷ས་པ་དང་སྐྱོན་བྲི༷་བ་མེད༷་དེ་ཆོས་ཉིད་བྲི་འཕེལ་མེད་པས་སོ། །གསུམ་པ་ནི། ཚུལ་བཞིན་བསྒོམས་པའི་རྟགས་ཅི་ལྟ་བུ་འབྱུང་ཞེ་ན་ཆེད༷་དུ་རྩོལ༷་བར༷་བསྒོམ་པ་ཡིད༷་ལ༷་མི་བྱེད་པ་དང་ཅིས༷་ཀྱང༷་མི་འཁྲུག༷ས་པ་དང་ཐམས་ཅད་མཉམ༷་ཉིད་དུ་ཤེས༷་པ་དང༷་། གང༷་ལ༷་འང༷་ཆ༷གས་ཤིང་འདོད་པ་དང༷་ཡུལ༷་གྱིས༷་མྱོས༷་པ་སྟེ་ཡུལ་གྱི་ཉེས་པས་རྨོངས་པ་དང་ཡུལ་གྱིས་སྐྲག༷་པ་དང་། མི་འདོད་པའང་མེད༷་དེ༷་དེས་ན་ཆོས་གང་ཡང་སྤང་སྟེ་བྲལ་བར་མི་བྱེད་པས་མི་འབྲལ༷་ཞིང་གང་ཡང་སྒྲུབ་སྟེ་གནས་པར་མི་བྱེད་པས་གང་ལའང་མི༷་གནས༷་ཤིང༷་། མི་མཐུན་ཕྱོགས་ཀྱིས་མི༷་འཕྲོག༷་ཅིང་ཆོས་ཉིད་མཉམ༷་པའི་དོན་ཤེས༷་པའི་ཡེ་ཤེས་བཞི༷་པོ་དང་བྱང་ཕྱོག༷ས་སོ་བདུན་དང༷་ཕ༷་རོལ༷་ཕྱིན་བཅུ་ལ་སོགས་ཏེ་རྣམ་དཀར་གྱི་ཕྱོགས་དང་འབྲས་བུའི་ཡོན་ཏན་ཇི་སྙེད་པ་རྣམ༷ས་བསྒོམ་དོན་ཇི་སྐད་བསྟན་པ་དེར༷་འདུས་ཤིང་ཆུབ་པར་རང་གི་རིག་པས་ཤེས༷་ཏེ། ཆོས་ཐམས་ཅད་སེམས་སུ་འདུས་པས་སེམ༷ས་ཀྱི༷་དབྱིང༷ས་སུ༷་མ་ནོར་བར་བཞག་སྟེ་བསྒོམ༷་པས༷་ལམ༷་གྱི༷་ཕུག་གམ་མཐར་ཐུག་ན༷་འདུག༷་པ༷་དེ༷་ཁོ་ན་ཡིན༷་གྱིས༷། དེ་ལས་གཞན༷་དུ༷་ཇི་ལྟར་བསྒོམ༷ས་པས་ཡང་དག་པའི་ཆོས་དབྱིངས་འོད་གསལ་དོན་ཉིད༷་གསལ༷་ཞིང༷་རིག་པར༷་མི༷་འགྱུར༷་རོ༷། །སྤྱི་དོན་བརྒྱད་པ་བརྒྱུད་པའི་ཐབས་ཀྱིས་ངེས་པའི་དོན་རྟོགས་པར་བྱ་བའི་ཐབས་བསྟན་པ་ནི། བརྒྱུད་པའི་ཐབས་ཀྱི་ངེས་དོན་རྟོགས་པར་བྱ་བའི་ཐབས་ཅི་ཞེ་ན་མཛུམ་མོས་ཟླ་བ་བཞིན་དུ་བཅོས་ཤིང་རྩོལ་བའི་བྱ་བས་བྱར་མེད་མཚོན་པས་ན། ཐབས་དང་བརྡའ༷་ཅན༷་གྱི་སྒོ་ནས་བྱང་ཆུབ་སེམས་ལ་ཡང༷་དག༷་ལེན༷་པ༷འང་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན་པས་ན་བྱང༷་ཆུབ༷་ཆེན་པོ་ཡིན༷་ཞེས༷་སངས་རྒྱས་བཅོམ་ལྡན་འདས་ལྷ་མིའི་སྟོན༷་པས༷་རབ༷་ཏུ་གསུངས་པའི་ཕྱིར༷། གང་དངོས་སུ་རྟོགས་པའི་སྐལ་མེད་རྣམས་ཀྱིས་ཀྱང་བརྒྱུད་ནས་རྟོགས་པའི་ཐབས་ལ་འབད་དེ། དེ༷་ལ༷་འཆད་པར་འགྱུར་བ་འདི༷་ནི༷་དོན་དམ་པ་བྱང༷་ཆུབ༷་ཀྱི་སེམ༷ས་ཉིད༷་བསྐྱེད༷་ཅིང༷་བསྒོམ་པའི༷་གནས༷་སམ་རྒྱུར་རྒྱུར་པ་ཡིན༷་ཏེ༷། གང་ཞེན་ཏིང་ངེ་འཛིན་དང་ཕྱག་རྒྱའོ། །དེ་ལ་དེ་བཞིན་ཉིད་དང་ཀུན་སྣང་དང་རྒྱུ་ཡི་ཏིང༷་འཛིན་གསུམ༷་པོ་གོམས་པའི་དབང་གིས་མི་མཐུན་ཕྱོགས་ཀྱིས་མི་འཕྲོག་པའི་བརྟན༷་པར༷་བྱས་ཤིང་རྒྱལ་པོའི་བཀའ་རྟགས་དང་འདྲ་བར་སྐུ་ཕྱག་ཆེན། ཐུགས་དམ་རྒྱ། ཕྲིན་ལས་ལས་རྒྱ་སྟེ་སངས་རྒྱས་ཀྱི་རྟགས༷་ཀྱི༷་ཕྱག༷་རྒྱ༷་གསུ༷མ་བཅིང༷ས་ཤིང་བསྒོམ་ནས༷། གསུང་གི་རྟགས་ཀྱི་ཕྱག་རྒྱ་ཆོས༷་ཀྱི་ཕྱག༷་རྒྱ་ཆེན་པོར༷་སེམ༷ས་ཉི༷ད་སྐྱེད་དེ༷་དེའི་སྙིང༷་པོ་བརྗོད་ཅིང༷་བསྒོམ༷་པར་བྱའོ། །ཏིང་ངེ་འཛིན་དང་ཕྱག་རྒྱ་རྣམས་ཆོས་ཉིད་ཡིན་ལ་ཡིན་པ་ལྟར་ཐ་མི་དད་དུ་སེམས་བསྐྱེད་ཅིང་བསྒོམ་ན་དེ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། བསྒོམ་པ་མངོན་དུ་གྱུར་པ་ན་ཆོས་ཀུན་རང་སེམས་ལས་གཞན་དུ་མེད་པར་རང་གིས་རྟོགས་པར་འགྱུར་ཞིང་དེ་བསྒོམ་པས་ཚོགས་སོགས་ཅིང་སྒྲིབ་པ་དག་སྟེ་ཡེ་ཤེས་ལྷས་རྒྱུད་བྱིན་གྱིས་བརླབས་པའི་སྒོ་ནས་ཀྱང་རྟོགས་པར་འགྱུར་རོ། །སྤྱི་དོན་དགུ་པ་བྱང་ཆུབ་སེམས་ཀྱིས་མ་ཟིན་ན་རྣམ་གྲོལ་མི་ཐོབ་ཅིང་དགེ་བ་ཆུད་ཟ་བར་བསྟན་པ་ན། སེམ༷ས་ཀྱི་རང་བཞིན་ནམ་ཆོས་ཉིད་རྡོ༷་རྗེ༷་དེ་མ་ནོར་བར་བསྒོམ་པའི་སེམ༷ས་དཔའ༷་བྱང་ཆུབ་སེམས་བསྒོམ༷་པས༷་ནི་ཡང་དག་པའི་རྣམ༷་གྲོལ༷་གྱི་ལམ༷་ཀུན༷་མ༷་ནོར༷་བར་ནི་བསྒོམ་པ༷་ཡིན༷། གོང་ལྟར་རྟོགས་ན་སྤྱོད་ཡུལ་ཐམས་ཅད་ཀུན་ཏུ་བཟང་པོའི་ཡོན་ཏན་ཐམས་ཅད་འབྱུང་བའི་མ་འམ་ཤེས་རབ་སྟོང་བའི་ལྷ་མོ་སྟེ་ཀུན༷་ཏུ་བཟང༷་མོ༷འི་སྟེ་དོན་དམ་བྱང་ཆུབ་སེམས་སྟོང་ཉིད་རྟོགས་པའི་སྤྱོད༷་པས༷་མ༷་ཟིན༷་པའི་དགེ༷་བའི༷་ཆོས༷་ནི་གང༷་ཡང༷་རུང༷་སྟེ༷། ཐེག་ཆེན་ཐབས་ཀྱི་སྤྱོད་པ་བྱམས་སོགས་ཀྱིས་ཟིན་པ་ཀུན༷་ཏུ༷་བཟང་པོའི་སྤྱོད༷་པ༷འམ༷་ཆོས་ཉིད་དང་མི་འགལ་བར་མ་ཞུགས་པས་བདུད༷་ཀྱི༷་ལས༷་ཏེ༷་ཟད་ཅིང་མཐ༷ར༷་ཐུག༷་པར་འགྱུར་རོ། །དོན་དམ་བྱང་ཆུབ་སེམས་དེ༷་དང་ལྡན༷་པའི༷་ལས༷་ནི༷་ལྟར་སྣང་བདུད༷་ཀྱི༷་ལས༷་ཀྱང༷་བྱང༷་ཆུབ༷་སྤྱོད༷་པར༷་གསུངས་ཏེ་ཕྱི་ནང་གི་དངོས་པོ་དང་སྒོ་གསུམ་གྱི་སྤྱོད་པ་གཅིག་ཏུ་ཆད་པའི་ངེས་པ་མེད་དེ་ཤེས་པ་དང་མི་ཤེས་པའི་དབང་ལས་ཀུན་བྱང་དུ་འགྱུར་བའི་ཕྱིར་རོ། །སྤྱི་དོན་བཅུ་པ་དོན་འདིར་མོས་པ་ཙམ་སྐྱེས་པས་ཀྱང་ཡོན་ཏན་མང་པོ་ཐོབ་པར་བསྟན་པ་ནི། ཇི་སྐད་བསྟན་པའི་དོན༷་འདིར༷་མོས༷་ཤིང་ཡིད་ཆེས་པ༷་དེ་ཡང༷་བྱང༷་ཆུབ༷་ཆེན༷་པོ་ཡིན༷་ཞེས༷་རྒྱལ༷་བས༷་རབ༷་ཏུ༷་བསྔ༷གས་སོ། །ཡོན་ཏན་ཐམས་ཅད་ཀྱི་གནས༷་བྱང་ཆུབ་སེམས་འདི༷་བསྐྱེད༷་པ་ཙམ༷་གྱིས་འཇིག༷་རྟེན༷་གསུམ༷་པོ༷་དང་དེ་དག་གི་གཙོ་བོའི་བླ༷་མར༷་གྱུར་པ་ཚངས་དབང་དང་བཅས༷་པ༷་ཡི༷། མཆོད༷་གནས༷་སུ་གྱུར་པ་ཉན༷་ཐོས་རྣམས་དང་རྟོབས་ཆེན་པོ་བདུད༷་ཀྱི༷་སྤྱོད་ཡུལ་ཡིན་གྱི་ཉོན་ཐོས་ལ་སོགས་པས་མི་རྟོགས་པའི་རང་བཞིན་གསང༷་བའི་སྤྱོད་པ༷འང༷་འདི༷་ཉིད་དེ༷། བྱང་ཆུབ་སེམས་འདི༷་མེད༷་ན་རྒྱལ་བས་ཇི་སྙེད་པའི་ཤེས་བྱའི་དོན་ཀུན་དང་རིགས་ཅན་གསུམ་པོས་དོན་དུ་གཉེར་བའི་ལམ་རྣམ༷་པར༷་སྣང༷་བ་མཛ༷ད་པའི་ཐེག༷་པ༷་གསུམ༷་སྟོན༷་པ་མི༷་སྲིད༷་དེ་བྱང་ཆུབ་སེམས་མ་རྟོགས་ན་སངས་རྒྱས་མི་སྲིད་པ་ཉིད་དོ༷། །གནས་འདི་ལ་སྐད༷་ཅིག་ཙམ༷་དུ༷་དད༷་པའི༷་ཤུགས་ཀྱིས༷་གང་ཟག་དེ༷་ཡང༷་མི་ཐོགས་པར་མྱུར༷་དུ༷་འཇམ༷་དཔལ༷་གཞོན་ནུར་གྱུར་ཏེ་ངེས་དོན་གྱི་འཇམ་དཔལ་དང་རོ་མཉམ་པར་འགྱུར་བའོ། །ལེགས་པའི་ཡོན་ཏན་ཐམས་ཅད་བྱང་ཆུབ་སེམས་སུ་མ་འདུས་པ་མེད་པས་ན་རང་བཞིན་ཆོས་ཀྱི་དཀྱིལ༷་འཁོར༷་ཉན་རང་ལ་སོགས་པས་མི་རྟོགས་པའི་གསང༷་བར༷་ཞུག༷ས་ཤིང་ཐེག་ཆེན༷་ཐུན་མོང་མིན་པའི་དམ༷་ཚིག༷་མཆོག༷་རྣམས་ཀྱང༷་བཟུང༷་བ༷་ཡིན༷་ལ། །རིག་འཛིན་བྱང་ཆུབ་སེམས་དཔའི་ཚུལ༷་ཁྲིམས༷་དང་སྡོམ༷་པ༷་ཀུན༷་ཀྱང༷་བསྲུངས༷་ཤིང་ཁམས་གསུམ་ན་མཚུངས་པ་མེད་པའི་སྦྱིན༷་གནས༷་དམ༷་པར༷་རབ༷་ཏུ་བསྔག༷ས་པ་ཡིན་ནོ། །རྒྱུ་མཚན་དེ༷་ཡི་ཕྱིར༷་དོན་དམ་པ་བྱང་ཆུབ༷་སེམ༷ས་ཀྱི་བསོད༷་ནམ༷ས་དེ༷་ལ༷་གལ༷་ཏེ༷་གཟུགས༷་ཡོད༷་སྲིད་ན༷། ནམ༷་མཁའ༷་བར་སྣང༷་མུ་ཐུག་པ་མེད་པ་འདི༷་ཡང༷་སྣོད༷་དུ༷་བྱས་ན་ཆུང༷་བ་ལྟ་བུའོ་ཞེས༷་ཕྱོགས་དུས་གྱི་རྒྱལ༷་བས༷་མཚུང༷ས་པར༷་གསུངས་སོ༷། །སྤྱི་དོན་བཅུ་གཅིག་པ་ལོག་པར་ཞུགས་པ་རྣམས་སྙིང་རྗེའི་གནས་སུ་བསྟན་པ་ནི། ལས་དབང་གིས་སོ་སོར་སྐྱེ༷་བའི༷་རྣམས་རྒྱུད་དྲུག་གི་སྐྱེ༷་བ༷་སྣ༷་ཚོག༷ས་པ༷་གཅིག་ནས་གཅིག་ཏུ་བརྒྱུད་པ་དག༷་ཏུ་སྔར་ཡང་སྐྱེས༷་ཤིང༷་ད་ལྟ་སྐྱེ༷་དང༷་ཕྱིན་ཆད་སྐྱེ༷་བར༷་འགྱུར༷་ཞིང་དེ་ལྟར་སྐྱེ་བ་རྒྱུན་མི་འཆད་པས་རྟག་ཏུ་སྐྱེ༷་བའི༷་རྒྱུན༷་གྱི༷་དབང༷་དུ་སོང་བ༷། རང་གི་རྟོག་པའི་མཐའ༷་ཡི་གནས་ཚུལ་ཇི་ལྟ་བུ་ཡིན་པ་མི༷་ཤེས༷་པའི་དབང་གིས་རང་གི་ལོག་པའི་རྟོག༷་པས༷་རང་བསླུས༷་ཤིང༷་རྟོག་པ་རྒྱུན་མི་འཆད་པའི་ལུ་གུ་རྒྱུད་ཀྱི་རྟོག༷་པའི་རྒྱུན༷་རྗེས་སུ་འབྲང༷ས་ཤིང་ཡང་དག་པའི་ལམ་བསྒོམ་པ་མེད་པ་འཁྲུལ༷་བའི༷་རྟོག༷་པ་ལས༷་རང་བཞིན་ངང་གིས་ཕྱིར༷་ལྡོག༷་པ་ནི་ནམ་ཡང་མེད༷་པར་འགྱུར༷་བ༷་དེ་དག་གིས། ཇི་ལྟར་ན་སྒྱུ༷་མའི༷་སྒྱུ་ཐ༷བས་སྔགས་ལ་སོགས་པ་ཤེས༷་པ་དག༷་གིས༷་སྒྱུ༷་མའི༷་གླང༷་པོ༷་སྤྲུལ་པ་དང་འདྲ་བར༷་མི་བདེན་པ་སྒྱུ༷་མས༷་རྨོངས་པའི༷་སེམས་ཅན་སྒྱུ་མ༷་ལྟ་བུ་རྣམ༷ས། ཇི་ལྟར་ན་རྨི༷་ལམ༷་གྱིས༷་ཡིད་རབ་ཏུ་བསླུས༷་པ་བཞིན༷་དུ༷་རྨི༷་བའི༷་སྟེ་རྨི་ལམ་རྨི་བ་ལྟ་བུའི་སྲིད་པའི་བདེ་བ༷་འང༷་ཉམ༷ས་ཤིང༷་སྡུག་བསྔལ་བའི་རྨི༷་ལམ༷་ལྟ་བུ་འཁྲུལ་པའི་སྣང་བའི་དབང༷་དུ༷་སོང༷་བའི༷་རྨི༷་ལམ༷་པ་སོ་སོའི་སྐྱེ་བོ་རྣམས་ནི་སྙིང་རྗེ་ཞེས་སོ། །མཐའ༷་བྲལ་བླ་མེད་གྱི་ལམ༷་འདི༷་བློས་མ་ལྕོགས་ནས་སྤང༷ས་ཤིང༷་མཐའ༷་ལ་གནས་པའི་མུ་སྟེགས་སོགས་ཀྱི་ལམ་དང་ལམ༷་གཞ༷ན་ཡང་དག་པའི་ལམ༷་དུ༷་བལྟས་ནས་འདི་ནི་མ༷་ནོར་པའི་ལམ༷་ཡིན་ནོ་ཞེས༷་སྟོན༷་པ༷་ཡོད་དེ༷། དེ་ལྟར་སྨྲ་བ་དེ༷་དག༷་ནི་དཔེར་ན་རྡོ༷་ལ༷་གསེ༷ར་ཡིན་ནོ་ཟེར་བ་བཞིན་ཐུགས༷་རྗེར་རུང་ཞིང༷་ཞེས་སྙིང་རྗེ་སྐྱེ་བའི་གནས་ཡིན་ལ་ཐུགས༷་རྗེ་བདག་ཉིད་རྣམས་ཀྱི་ཐུགས་ནི་ཐུགས་རྗེས༷་ཀྱེ༷་མ༷འོ་སྙམ་དུ་རང་དབང་མེད་པར་འཕྲོག༷ས་པ༷་ཡིན༷་ཏེ། དཔེར་ན་ཡིད་འོང་གི་ཡུལ་ལ་སེམས་རང་དབང་མེད་པར་འཇུག་པ་ལ་ཡུལ་གྱིས་ཡིད་འཕྲོག་ཞེས་བརྗོད་པ་ལྟར་ཐུགས་རྗེ་མངའ་རྣམས་ཐུགས་རྗེས་སེམས་འཕྲོག་པའོ། །ཤེས་རབ་གྱི་བློ་ཤིན༷་ཏུ༷་མ༷་སྦྱངས༷་པ་གང་ཞིག་དུས༷་ཀྱིས༷་མནར༷་བའི༷་སྐྱེ་བོ༷་ལྔ༷་བརྒྱ༷་ཐ༷་མ༷་པ་ལ༷་སྐྱེས་པ་དག །དེ་བཞིན་གཤེགས་པའི་གསུང༷་རབ༷་མ་ནོར་མ་བསླད་པས་དྲི༷་མ་མེད༷་ཅིང་རྟོག༷ས་དཀའ༷་བ་དག༷་ལ་དཔྱོད་པ་ནི། ཇི་སྐད་བསྟན་པའི་སྒྲ༷་ཇི་བཞིན༷་དུ་སྤྱོད༷་པར༷་འགྱུར་བ་དང༷་དོན་གྱི་ཚུལ༷་ཇི་ལྟ་བ་བཞིན༷་དུ་དཔྱོད་པར་བྱེད་པ་མིན༷་ཇི་ལྟར་མུན་ཁང་གི་གསེར་དང་སྒྲོན་མ་བཞིན་དུ་དོན་དང་ཚིག་གི་རིམ་པ་མ་ཤེས་ནས་ཚིག་ཙམ་ལ་ཞེན་ནས། ཟབ་མོའི་དབྱིངས་མི་དཔོགས་ཀྱང་རང་རང༷་གི༷་བློ༷་གྲོས༷་ཀྱིས་ཇི་ཙམ་དཔོགས་པའི་སྟོབས༷་བཞིན་དུ་འཇུག་པ་ལ་སོག༷ས་པ་སོ་སོའི་ཞེ་འདོད་ཀྱི་ལྟ་༷བ་སྣ་ཚོག༷ས་པ་དག༷་གིས་བསླད་པས། མི༷་ཤེས༷་ཆུ༷་བོ༷ས་གཡེང༷ས་ཤིང༷་སྟེ་ཁྱེར་ནས་དེ་བཞིན་གཤེགས་པའི་གསུང༷་ཉིད༷་ཁུང་ངེས་པའི་དོན་གྱི་གཞུང་བདུད་རྩི༷་ལྟ་བུ་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྣལ༷་འབྱོར༷་དང་བྲལ༷་བ་ཡིན་ནོ། །སྤྱི་དོན་བཅུ་གཉིས་པ་བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། རྒྱུ་མཚན་དེ༷༷་ཕྱིར་རྒྱལ༷་བས༷་གསུངས་པའི༷་ལམ༷་མཆོག༷་རྒྱལ་བ་རྣམས་ཀྱི་གསང༷་བ་དམ༷་པ༷་འདི༷། ཀུན་ནས་ཀུན༷་ཏུ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་རྒྱལ༷་བ་རྣམས༷་ཀྱི༷་ཐུག༷ས་ཀྱིས༷་སྤྱོད༷་ཡུལ༷་ཐུན་མོང༷་མ༷་ཡིན་པ་ཡིན་པས་འཇམ་དཔལ་བཤེས་གཉེན་བདག་གིས་ཀྱང་ཤེས་པ་མིན་ན་ཡང༷། གསང་བ་ཡང་དག་པའི་དོན་འདི་སློབ་དཔོན་རང་ཉིད་ཀྱི་ཡུན་རིང་དུ་གོམ༷ས་པར་བྱས༷་པའི༷་མཐུ༷་ཡིས༷་ལུང་དང་མན་ངག་དང་མི་འགལ༷་བའི་ཚུལ༷་དུ༷་རིགས་པའི་ཚད༷་མ་དག༷་ལས་རབ༷་ཏུ་བསྒྲུབ༷ས་ཏེ། འགྲོ་བའི་༷་དོན༷་དུ་མི༷་གཉིས༷་པ་སྟེ་གཉིས་མེད་བྱང་ཆུབ་ཀྱི་སེམས་སྟོན་པའི་ལམ༷་མཆོག༷་དུས་གསུམ་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ་ཉིད་གསལ་བ་འདི༷་ནི༷་མདོར་བསྡུས་ཏེ་རབ༷་ཏུ་བགྱིས༷་པ་འདིས་ནི། སྐྱེ༷་བོ༷་ཐམས་ཅད་སྲིད་པར་སྐྱེ༷་བའི༷་གནས༷་སྐབ༷ས་ཐམས་ཅད༷་དུ༷་ཡང༷་སྐད༷་ཅིག༷་མ་ཙམ་དུ༷་ཡང་། ཡང་དག་པའི་བསམ་པ་མི༷་མཐུན༷་ཕྱོག༷ས་ཀྱིས༷་མི༷་ཉམས་ཤིང་རྒྱལ༷་བ༷་ཀུན་གྱི་ཐུག༷ས་སུ་ཆུད་པའི་དོན་གྱི་སྙིང་པོ་འདི༷་སེམས་ཅན་ཐམས་ཅད་ཀྱིས་རྟོགས་ཤིང་དེ་དག་གི་རྒྱུད་ལ་རབ༷་ཏུ་རྒྱས༷་པར་ཤོག༷་ཅིག་ཅེས་སྨོན་ལམ་དུ་མཛད་པའོ། །གསུམ་པ་མཇུག་མཛད་བྱང་བསྟན་པ་ནི། བྱང༷་ཆུབ༷་སེམ༷ས་བསྒོམ༷་པ༷་རྡོ༷་ལ༷་གསེར༷་ཞུན༷་འཇམ༷་དཔལ༷་ཤེས་གཉེན༷་གྱིས༷་རྫོག༷ས་པ༷་ཆེན༷་པོའི༷་རྒྱུད༷་ལས༷་བཏུས༷་པ༷་རྫོག༷ས་སོ༷། །ཞེས་པ་ནི་གོ་སླའོ། །ཟབ་ཅིང་རྒྱ་ཆེ་རྒྱལ་བའི་ཆོས་མཛོད་ཀྱི། །སྙིང་པོའི་ཡང་བཅུད་རྩོལ་མེད་ཐེག་པའི་ལམ། །དབང་རྣོན་ཚེ་གཅིག་གྲོལ་བྱེད་རྫོགས་པ་ཆེ། རིག་འཛིན་བྱེ་བའི་གཤེགས་ཤུལ་འདི་རྨད་བྱུང་། །ཆོས་ཀུན་མཉམ་པ་ཉིད་དུ་སངས་རྒྱས་པའི། །ཀུན་བྱེད་བྱང་ཆུབ་སེམས་ཀྱིས་རང་བཞིན་མཆོག མ་ནོར་གསལ་བྱེད་ངེས་པ་དོན་གྱི་ལུང། །རྒྱལ་ཀུན་ཐུགས་ཀྱི་གསང་མཛོད་འདི་ཁོ་ན། །དེ་ཕྱིར་རིག་འཛིན་བརྒྱུད་པའི་མན་ངག་བཅུད། །གང་འབྲེལ་གདོད་མའི་རྒྱལ་སར་ངལ་འཚོའི་གསོས། །དུས་ཀྱི་མཐར་ཡང་ཉམས་མེད་ཕྲིན་ལས་རྒྱུན། །སྤེལ་སླད་ལྷག་བསམ་སྟོན་ཟླའི་དཔལ་ལ་འགྲན། །དེ་ལྟ་ན་ཡང་བདག་བློ་རྨོངས་པའི་དྲིས། །འཕགས་དང་མཁས་པའི་གཞུང་བཟང་རྙོགས་པའི་ཆ། །གང་མཆིས་ཚེ་རབས་སྡིག་དང་ལྷན་ཅིག་ཏུ། །བཤགས་ན་དག་ཚངས་ཁྲུས་ཀྱི་དངོས་གྲུབ་སྩོལ། །འདིར་འབད་དགེ་བས་ཐེག་མཆོག་རྫོགས་པ་ཆེའི། །རིང་ལུགས་དྲི་མེད་སྲིད་མཐར་ཆེར་རྒྱས་ཤིང་། །བདག་གཞན་སྐྱེ་ཀུན་ལམ་མཆོག་འདིར་ཞུགས་ཏེ། །འཕགས་ལམ་ཆོས་ཉིད་བདེན་པས་སྲུང་གྱུར་ཅིག །ཅེས་བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་གྱི་མཆན་འགྲེལ་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི། ཀུན་མཁྱེན་བླ་མ་རིན་པོ་ཆེ་མི་ཕམ་འཇམ་དཔལ་དགྱེས་པའི་ཕྱག་མཆན་ལས། རྗེ་དེ་ཉིད་ཀྱི་ཞབས་ལ་སྤྱི་བོས་རེག་པའི་བཙུན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་དོན་འགྲུབ་ལུག་ལོར་ཞེ་ཆེན་སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་དུ་ཞལ་བཤུས་ཤིང་ལུང་རིགས་སྨྲ་བའི་དབང་ཕྱུག་མཁན་ཆེན་ཀུན་བཟང་དཔལ་ལྡན་གྱིས་ཞུས་དག་མཛད་དེ་ལེགས་པར་གཏན་ལ་ཕབ་པའི་ཡི་གེ་བ་ནི་བློ་གསལ་ལུང་རྟོགས་མཐར་ཕྱིན་གྱིས་བགྱིས་པ་སྟེ། འདིས་ཀྱང་ཐེག་མཆོག་རྫོགས་པ་ཆེན་པོའི་བསྟན་པ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།།

ཨ་ཏི་ཡོ་ག་རྣལ་དུ་དབབ་པའི་དགོངས་པ།

ཨ་ཏི་རྣལ་དགོངས་ཀྱི་གཞུང་བཞུགས་སོ།། །། རྒྱ་གར་སྐད་དུ། སན་ལམ་ཏྲི་ཨ་ཝ་ཏ་ས་མནྟ་ན་མཿ བོད་སྐད་དུ། ཨ་ཏི་ཡོ་ག་རྣལ་དུ་དབབ་པའི་དགོངས་པ་ཞེས་བྱ་བ། །བཅོམ་ལྡན་འདས་རང་རིག་འདུས་མ་བྱས་ཉིད་ལ་ཕྱག་འཚལ་ལོ། །ཐེག་པ་དམན་པ་རྣམས་ལ་སྒྲ་དོན་ཁྱད་པར་འཕགས་པ་ཡི། །གསང་བ་ཕྱོགས་ཀྱི་ངེས་པ་གནད་དཀྲོལ་ནས། །བྱར་མེད་ཀློང་ཡངས་རང་བཞིན་ཅོག་གཞག་ནི། །སེམས་ལ་མ་བསྟན་ཡེ་ནས་སངས་རྒྱས་སོ། །དེ་ཉིད་དགོངས་དོན་སུས་ཀྱང་བརྟག་དཀའི་གནད། །རྡོ་རྗེ་འཆང་ཆེན་འགྲོ་བའི་བླ་མ་ཡིས། །ཚིག་དོན་གསལ་ཕྱིར་ངེས་པའི་གནད་ཕྱེས་ཏེ། །སེམས་ཀྱི་བཅིངས་པའི་ལུས་ཀྱི་གཟུགས་ཅན་རྣམས། །རང་གནས་མ་ཡེངས་བྱས་པ་མེད་པའི་གཞི། །ཅོག་བཞག་རང་ས་ཉིད་དུ་གྲོལ་ལམ་ཡང་། །སོ་སོའི་སྙིང་གནས་བཅུད་འདིར་བསྟན་པའི་ཕྱིར། །རེག་མཐོང་མ་མྱོང་དགོངས་འདིར་བསྟན་བྱའོ། །གཞན་འདོད་སེམས་ལས་བྱུང་བའི་ཆོས་རྣམས་ནི། །སུས་མ་རིག་ཅིང་ཁྲུལ་རྟོག་བློ་ཡིས་བཅིངས། །གཅིག་མེད་ཅིར་ཡང་སྣང་བ་ཉིད་ལ་སོམས། །དེ་ཡི་བདེན་པས་རང་རྒྱུད་བཅིངས་ལ་ལྟོས། །དེས་ན་གང་མཐོང་འདི་ནི་རྫོགས་པ་ཆེན་པོ་ཉིད། །གནས་ལ་མཐོ་དམན་འདུག་པར་ཁྱེད་ཀྱི་མཐོང་ངམ་ཅི། །སྟོང་དངོས་སྨྲ་བར་འདོད་པའི་ཡིད་བློ་ཅན། །ཁྱད་པར་མཐོང་བ་སུས་ཀྱང་དམིགས་པ་མེད། །དེ་ལ་དངོས་པོའི་གཟུགས་ཅན་འབྱུང་བ་བཞི། །རང་ཉིད་རྟག་པས་སེམས་བཅིངས་འཁོར་བ་ལས་མི་འདའ། །རྒྱུ་རྐྱེན་འབྱུང་བའི་བྱེད་པ་ཅན་ལས་ཐལ། །བདག་མེད་འབྱུང་བའི་འདུལ་གྱིས་ཁྱད་འདོན་ཅི་ཞིག་ཡོད། །སྒོམ་བྱའི་བློ་ཡི་བཅིངས་པས་བདག་ཏུ་མེད་པར་ནུས་ཀྱང་འཛིན། །འགོག་ཅིང་གཞན་དབང་དོན་དམ་འདོད། །དངོས་པོར་སྨྲ་ཕྱིར་ཁྱད་པར་ངས་མ་མཐོང་། །དོན་དམ་སྟོང་པ་རིག་པའི་སྤྱོད་ཡུལ་མིན། །ཁས་ལེན་ཡེ་ཤེས་ཙམ་ཡང་འདོད་མེད་གང་ཡང་སྣང་མེད་དང་། །དངོས་པོ་རྣམས་ལས་འཕགས་པར་ནུས་མ་ཡིན། །ཕུ་མོ་ལ་སོགས་སྒྱུར་བྱེད་འབྲས་བུ་ཀྱང་། །གང་ལ་ཁྱད་པར་མེད་པར་སེམས་ལ་འཁྲུལ་པ་མེད། །དེ་ཕྱིར་ཚིག་ལ་ཞེན་འདོད་སླར་བཅིངས་སུ་མི་ཡོང་། །གང་ལ་མཉམ་པར་ཡིན་པར་མ་ཤེས་སེམས་ཀྱིས་ལེན། །གདོད་ནས་ཡོད་མེད་འདོད་པ་སུ་ལ་བསྟན་པའི་ཆོས། །གང་ལ་བསྟན་པའི་དམིགས་པའི་ཟླ་སྒྲ་ཉིད། །འཚོགས་རྒྱུ་མཚུངས་པའི་ལས་ལ་མ་བྱུང་སེམས་ཉིད་རང་། །གང་ཕྱིར་འདོད་པ་མེད་པའི་སེམས་དལ་ནི། །རྫོགས་དོན་གཞན་དུ་མ་ཡིན་ཁྱད་པར་མི་རྙེད་དོ། །དེ་ལ་རྣམ་པར་རྒྱལ་བའི་གཟུགས་མེད་གྲོལ་བ་ག་ལ་ཡོད། །ཨ་ཏིའི་དགོངས་པ་ཕྱོགས་མེད་རང་ཤར་བས། །འགགས་པ་མེད་ཅིང་ཡུལ་ལ་མ་རྟེན་གྲོལ། །མཐའ་ལ་མི་གནས་ཕྱོགས་ཆ་ཀུན་དང་བྲལ། །འགྲོ་དང་འོང་བ་མེད་པས་མ་བཅོས་ལྷུག་པ་ཉིད། །འབད་པ་མ་ཡིན་ཡེ་ནས་གྲོལ་བའི་གནད། །བྱས་རྩོལ་བློ་ཡིས་བརྟག་པས་ཆོས་མི་རྙེད། །མཚན་ཉིད་སྟོང་པས་ཆོས་ལ་དབྱེ་བའང་མེད། །ཨ་ཏི་ཡོ་གས་གཞན་ལ་མཉམ་རྫོགས་ཕྱིར། །གང་ལ་མི་རེག་འདི་ཉིད་རིག་པ་ཉིད། །གཞན་གྱི་མི་མཐོང་པ་ལ་ཡོད་པ་བལྟས། །གང་ལ་ཡོད་པ་མེད་ནི་མེད་དང་མཚུངས། །སུ་ཡི་འཁྲུལ་པ་ང་ལ་འཁྲུལ་མེད་རིགས། །འདས་པའི་འདོད་ཕྱིར་ང་ཉིད་འཁོར་བ་ཉིད། །དེ་བཞིན་གཞན་གྱི་གཙོ་བོའི་དབང་གི་ན། །སངས་རྒྱས་འདོད་པས་ཉམས་ཕྱིར་བདག་ཉིད་དམྱལ་བར་རིགས། །དེ་ལས་འགྱུར་བ་བཟློག་སྟོང་ཉམས་པ་དང་། །གསལ་དང་མི་གསལ་མཐའ་ཡི་དེ་བདག་པོ །འཁོར་འདས་མ་མྱོང་མོ་གཤམ་བུ་བཞིན་ནོ། །ལས་མཐུན་མེད་དེ་རི་བོང་རྭ་དང་མཚུངས། །དོན་བྱེད་ནུས་པས་སྣང་ངོ་ཐ་དད་ཕྱིར། །མ་འཁྲུལ་ཡེ་ཤེས་འདོད་པ་སུ་ལ་སྲིད། །འཁོར་བ་གཏིང་བཟློག་འགྲོ་བའམ་ལམ་འགགས་པས། །རྒྱུ་མེད་རྐྱེན་གྱིས་འཁོར་འདས་མཚོན་ས་སུ། །བན་བྱེད་ལས་ཀྱི་འཇུག་པས་ཤེས་པས་སོ། །རྒྱ་མཚོ་ཆུ་དང་མར་གད་ནོར་བུ་བཞིན། །འབྱུང་འཇུག་འགྲོ་བའི་འོང་རྟེན་སུས་མི་རྙེད། །བརྗོད་ཅིང་བརྟགས་པས་སུ་ལ་བྱང་ཆུབ་རེ། །མེད་ཅིང་བརྟགས་པས་འཁྲུལ་པ་དེ་ཉིད་དོ། །ཡུལ་དང་སེམས་ལ་འབྲེལ་མེད་ཡུལ་ཅིར་འགྱུར། །སེམས་ཀྱི་ཡུལ་མཐོང་ཡུལ་ལ་སེམས་མི་གནས། །ཡུལ་གྱི་བཅད་མེད་རྒྱུ་མཚན་གཅིག་པ་མིན། །དེས་ན་ཡུལ་སེམས་འབྲེལ་བ་མེད་པར་ངས་རིག་གོ །ལུས་སེམས་འབྲེལ་མེད་སེམས་ལ་མཚན་ཉིད་མེད། །ལྷན་གཅིག་སྦྱོར་མཐོང་ངོ་བོས་སྟོང་འབྲེལ་གྲགས། །རྒྱུ་མེད་དངོས་སྟོང་མཚན་ཉིད་མ་གཅིག་ཕྱིར། །བར་སྣང་འཕུར་བའི་བྱ་ལ་གནས་ཡོད་མ་ཡིན་བཞིན། །རིག་པ་ཉིད་དང་བག་ཆགས་འབྲེལ་པ་མེད། །སྟོང་པས་སྟོང་པ་འབྲེལ་བ་ཡོད་མི་སྲིད། །མཚན་ཉིད་མི་གཅིག་ཆོས་ལ་འགྱུར་མེད་པས། །རྟོག་དཔྱོད་བློ་སྣ་ཡིད་སྤྱོད་ཚད་མ་ཡིན། །འདི་ཡི་རྒྱ་མཚོའི་གཏིང་ཐུག་འཚོལ་བ་བཞིན། །སངས་རྒྱས་སེམས་ཅན་ཡེ་ནས་འབྲེལ་མེད་ཕྱིར། །ཉོན་མོངས་ལྔ་ཡི་རིག་པས་མ་གོས་པས། །བྱར་མེད་རང་གྲོལ་མཐའ་ཡི་རྟོག་པ་ཟད། །སྦྲུལ་གྱི་ཀོག་པ་དུས་ཀྱིས་བོར་བ་བཞིན། །དེ་ལྟར་སྣང་ལུགས་སྣང་ཤེས་ཐམས་ཅད་ལ། །བློ་སྣང་འབྲེལ་པ་ཙམ་ཡང་ཡོད་མ་ཡིན། །བདག་ཉིད་དེ་དང་དེ་ལས་བྱུང་དུ་མེད། །མཐའ་ལས་ལོག་པའི་སེམས་ཀྱིས་དེ་བཞིན་ནོ། །ཨ་ཏི་མཐའ་བྲལ་ཡོངས་སུ་རྫོགས་པའི་གནད། །སྐྱེ་མེད་ཟང་ཐལ་འགགས་པའི་མཐའ་དང་བྲལ། །ཡོད་མེད་སྣང་སྟོང་ལ་སོགས་ལྟོས་པ་ཟད། །ཨ་ནི་སྐྱེ་མེད་ཡུལ་ལས་འདས་པ་ཉིད། །ཏི་མཐའ་བྲལ་བས་ཡོངས་སུ་རྫོགས་པའི་དོན། །ཡོ་གས་གཞན་ལྟ་ཉམས་པར་བྱེད་ཅིང་རང་འདོད་མེད། །རྣལ་ཞེས་བྱ་བ་མ་བཅོས་ལྷུག་པ་ཉིད། །དུས་དང་འབྲེལ་མེད་དགོངས་པ་བར་མེད་ཕྱིར། །ལུས་ཀྱི་བྱ་སྤྱོད་མ་བཅོས་པ་མེད་པར། །འཁོར་འདས་གཉིས་རྫོགས་ལྟོས་གཞི་ཟད་པ་སྟེ། །འཇུག་ནུས་དྲན་པ་སྟོང་པའི་ལམ་དུ་སུ་འཇུག་པ། །མཐའ་མེད་དབུས་སུ་གནས་པ་འདི་ལ་མེད། །སྐུ་གསུམ་ལས་ཀྱིས་དབུས་ལས་ཡང་སློག་མེད། །འཁོར་བ་རུ་ལོག་རྒྱ་མཚོ་ཧུབ་ཀྱིས་འདེབས། །འཕྲ་བའི་ཉག་གྲངས་རི་བོ་ཏིལ་འབྲུར་ཚུད། །མུན་པའི་གོས་གྱོན་གསལ་བའི་ཉི་མ་ནུབ། །མགྱོགས་པའི་སྟོབས་བྲི་བུལ་པོ་སྟོད་ལ་མནན། །རྣོ་བའི་ངར་བསད་ཡོད་སོ་མེད་པར་བྱས། །དམྱལ་བ་སངས་རྒྱས་སངས་རྒྱས་དམྱལ་བར་ལྷུང་། །ཆོས་ཀྱིས་སྡིག་འཕེལ་སྡིག་བྱེད་བདེ་བ་ཐོབ། །སྲོག་བཅད་སངས་རྒྱས་བསྒོམ་པས་དམྱལ་བར་འགྱུར། །མ་སྦྱངས་མཁྱེན་ཆེ་ཤེས་པ་གཏི་མུག་ཉིད། །ཐོས་དང་ལྡན་པའི་གང་ཟག་འཁོར་བར་འཁོར། །ཤེས་རབ་ཅན་རྣམས་འཁོར་བ་ལས་མི་འདའ། །གང་ལ་བསྒོམ་པ་ཕོད་པ་ཁམས་གསུམ་ལས་མི་འདའ། །རྟོགས་པ་ཅན་ཀྱང་འཁོར་བའི་ཉེར་ལེན་རྒྱུ། །དད་དང་ལྡན་པ་ཐར་པའི་སྐབས་མི་རྙེད། །དམ་ཚིག་སྡོམ་ལྡན་གང་སྲུང་ལྟུང་བའི་གནས། །སྙིང་རྗེ་ལྡན་པས་འཁོར་བའི་བཙོན་རར་ཚུད། །གང་གི་བསྒྲུབ་པ་པོ་ལ་བར་གཅོད་ཉེ། །སུ་ཡི་སྒྲུབ་པ་ཐོབ་པས་ཆོས་ཉིད་ལ་ཡང་སྟེར། །སྲོག་གཅོད་མ་བྱིན་བླངས་དང་མི་གཙང་སྤྱོད། །རྫུན་དང་ཕྲ་མ་ཞེ་གཅོད་ཚིག་ཉིད་སྨྲ། །རྣབས་སེམས་གནོད་སེམས་ལོག་ལྟ་རྒྱུན་དུ་བསམ། །ཆོས་ཚུལ་གང་ཟག་བཟང་པོའི་གཟུགས་ཅན་སྒྲུབ། །བསྟན་པ་ནུབ་ཅིང་ཆོས་འཁོར་བཤིག་པར་བྱའོ། །དེ་བཟློག་སོ་སོའི་གཏན་ཚིག་ལ་གནས་ཕྱིར། །དེ་ལྟར་མི་སྲིད་ལས་ཀྱིས་རིག་པ་གནད་ཆེ་བ། །ཕ་རོལ་ལས་འདེབས་འདོད་སྲིད་དྲུང་ནས་དབྱུང་། །གཏན་ཚིག་ལྟོ་སྦྱོར་དམ་བཅའ་ཁོང་དོན་གསལ། །རྫོགས་ཀྱི་གཏེར་དང་དབྱེར་རྫོགས་ཆེན་པོ་བཞི། །ཡང་ནི་ངེས་བཤད་རྫོགས་ནས་གནད་དཀྲོལ་ན། །བརྗོད་པ་དཔེ་བཞི་ཡིད་ཆེས་ལུང་བཞི་ངེས། །འབྲོས་པའི་མཁར་ག སུམ་གྱོན་པའི་གོ་ཆ་གཉིས། །འཕང་བའི་མདའ་བཞི་འགེངས་པའི་གཞུ་གཉིས་ཏེ། །རྟེན་པའི་རལ་གྲི་བརྡུང་དང་འགྲོ་བའི་འཕང་ཆེན་གཉིས། །བགྲོད་པ་ལམ་གསུམ་ལྟ་བའི་ཡུལ་གཉིས་དང་། །མི་ཕྱུགས་གཟེར་བུ་བརྒྱད་དང་ཐབས་ཀྱིས་གནད་ཐེབས་གསུམ། །གྲོལ་རྒྱུ་གཉིས་དང་གྲོལ་རྐྱེན་ལྔ་ལ་ཡང་། །མི་བཟློག་པ་ལས་ཟླ་གཏུག་མི་འགུལ་རྒྱས་འདེབས་གཉིས། །བདུན་པ་གཉིས་དང་ཐོབ་པ་དྲུག་གིས་ནི། །ཨ་ཏིའི་གནད་དེ་གཞན་ལ་རྟེན་མི་སྲིད། །མ་རྟེན་དོན་དེ་སུ་ལས་མི་འབྱུང་བའོ། །རྩོལ་མེད་རང་བྱུང་ཡེ་ཤེས་ཐ་སྙད་ཙམ་སྣང་བ། །མ་བསྒྱུར་བཞི་ཡི་རོལ་པས་ངན་སོང་གསུམ་དུ་འབྱུང་། །རང་གཞག་ཆོས་ཉིད་སྟོངས་པས་འཁོར་འདས་སྤྱི་ལ་ཁྱབ། །མ་བཅོས་ཨ་ཏིའི་གནས་ལས་མཐོ་རིའི་ངན་སོང་མེད། །མ་སླད་རང་བཞིན་གཟུགས་མས་སངས་རྒྱས་སེམས་ཅན་སྦྲེལ། །མ་བཙལ་རང་གནས་རིག་པས་བརྟན་གཡོ་ཀུན་ཏུ་འབྱུང་། །རྟོག་མེད་སེམས་ཀྱི་བྱུང་ཚོར་ལྟར་སྣང་བའོ། །ཡེ་ཤེས་ཞེས་བྱ་ལུས་ཀྱི་གནད་དུ་སྣང་བ་བྱེད། །རོལ་པ་ཞེས་བྱ་སེམས་ཀྱི་གནད་ནི་རྣམ་པར་རྒྱས། །ལུས་སེམས་འདུས་པའི་གནད་ནི་རང་རིག་ཉིད་ཡིན་པས། །འོད་ཅེས་བྱ་བ་ཡུལ་གནད་རྣམ་པ་བྱུང་། །སེམས་ཞེས་བྱ་བ་དབང་པོའི་གནད་དུ་རྣམ་པར་ངེས། །དབང་པོ་ཡུལ་གཉིས་འདུས་པའི་གནད་ནི་ལུས་ཀྱི་རྩ། །ལུས་ཞེས་བྱ་བ་ཤེས་པའི་གནད་དུ་རྣམ་པར་རོལ་པ་ཉིད། །ཡུལ་ཞེས་བྱ་བ་སྣང་བའི་གནད་དུ་ངེས་པར་འབྱུང་། །སེམས་ཞེས་བྱ་བ་དབང་པོའི་གནད་དུ་རྣམ་པར་ངེས། །སྣང་ཤེས་འདུས་པའི་གནད་ནི་བར་དུ་ཡང་དག་ལྟ། །དབང་པོ་ཞེས་བྱ་ཆོས་ཉིད་ངག་གི་གནད་དུ་སྣང་། །ཤེས་པ་ཞེས་ནི་རྟོག་པ་ཉིད་ཀྱི་གནས་ཉིད་དོ། །དབང་ཤེས་འདུས་པའི་གནད་ནི་རང་གི་དེ་བཞིན་ཉིད། །སྣང་བ་ཞེས་པ་གྲོལ་བ་བདག་གི་གནད་དུ་སྟེ། །དག་པ་ཞེས་ནི་འཁོར་བའི་གནད་དུ་ཡང་དག་ལ། །གྲོལ་འཁོར་འདུས་པའི་གནད་དུ་ཨ་ཏི་ལུ་གུ་རྒྱུད། །དེ་ལས་ལྷག་པའི་ཆོས་གཞན་མ་མཐོང་ངོ་། །ཨེ་མ་ཧོ། ཨ་ལས་ཡང་དག་བྱུང་བལྟས་པས། །མ་མཐོང་དོན་དེ་ཡང་དག་ལམ་སྣང་བ། །མ་སྒྱུར་ལམ་དུ་ཡང་དག་ཉིད་གསུངས་པ། །སེམས་བཞག་ལུས་ཀྱི་དཀྱིལ་དུ་གང་སྣང་སྣ་ཚོགས་གནད། །མ་བཞག་བྱས་རྩོལ་རྫོགས་པ་ཆེན་པོའི་སེམས། །འདི་ཉིད་ཡིན་ཏེ་གཞན་དུ་མ་བསྟན་ནོ། །ཡང་ནི་རྣམ་སྣང་མཐོང་བ་ཙམ་གྱིས་ཡལ། །ཤེས་པ་གཏད་པ་དེ་ཡིས་སར་ཡལ་གསང་བའི་གནད། །སྣང་ཤེས་གཉིས་མེད་འཁོར་འདས་གང་ལ་བྱེད། །འདི་ནི་འགྱུས་མཐོང་གཅེར་དག་ཅེར་གྲོལ་ལམ། །རྣལ་དུ་ཕབ་པ་ཉིད་ལས་ང་རང་ཡིན། །ཆོས་ཀུན་ལྟ་བ་བྲལ་བས་བསྒོམ་པ་སུ་ལ་ཅི། །བྱ་བྲལ་བློ་ཡི་རྫོགས་ཞེས་ཐ་སྙད་ཙམ། །འབྱུང་བར་ངེས་ཏེ་གང་གིས་མ་བསླད་པ། །རྣམ་པར་དག་པ་ལ་ཉེ་རིག་འཛིན་སུ། །ཐར་པའི་སྒྲིབ་རྒྱུ་འདི་ལས་ལྷག་པར་ཡང་། །ལོག་པར་མེད་པས་རང་གིས་བཅིངས་སམ་ཅི། །དེས་ན་དམ་པའི་དོན་དེ་མ་བཅོས་རྟོགས། །མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོའི་གནད། །ངོ་ཤེས་ཡིད་ཆེས་ཐག་ཆོད་གྲོལ་ལྡོག་མེད། །མི་གྲོལ་མི་སྲིད་འབད་པ་སུ་ལ་སྲིད། །གྲོལ་ནས་ལྡོག་པ་མེད་པའི་འགྱུར་མེད་འགགས། །གྲོལ་ཀྱང་ལྡོག་པ་བྱུང་ན་དགོས་པ་ཅི། །གྲོལ་བ་མེད་ཀྱང་ལྡོག་པ་མེད་ན་དེ་ལ་སུ། །གལ་ཏེ་མཐོང་བ་ཙམ་གྱིས་གྲོལ་ན་ག་ལ་ལྟོས། །མ་མཐོང་གྲོལ་ན་དམ་པའི་དགོས་པ་གང་། །ཐོབ་པ་མེད་ཀྱང་གྲོལ་བར་འདོད་ན་སུ་ལ་སྡིག །མ་གྲོལ་ན་ཡང་འབྲས་བུ་ཡིན་ཀྱང་གྲོལ་བ་མེད་ན་ཐོབ་པ་གང་། །འབྲས་བུ་མེད་ན་སངས་རྒྱས་ལས་ཡང་མེད། །མཐའ་འདི་མི་ཤེས་དབུས་ལས་གནས་པ་རུ། །རྫོགས་པ་འདི་ལས་གྲོལ་བ་ཅི་ལ་ཕན། །ཐོས་མཐོང་དུས་ཀྱང་རེག་པ་ངས་མ་མཐོང་། །མི་ཡིན་བརྟ་ལ་བརྟེན་ནམ་བྱང་ཆུབ་ཡིན་ནམ་ཅི། །མི་བརྟ་མ་རྙེད་བྱང་ཆུབ་སུ་ཡི་རྙེད། །ཚིག་གི་རྫོགས་པའི་སངས་རྒྱས་ཕྱོགས་མི་མཐོང་། །གལ་ཏེ་མཐོང་ན་སངས་རྒྱས་ཚིག་ཏུ་ཐལ། །བསྒོམ་ཞིང་སྤྱད་པས་ཆོས་ཉིད་རྟོགས་མི་སྲིད། །གལ་ཏེ་རྟོགས་ན་ཆོས་ཉིད་བསམ་པར་འགྱུར། །སེམས་ཅན་བསམ་པ་ཡུལ་ནས་གྲོལ་བ་མེད་ཕྱིར་རོ། །མངོན་སུམ་རྗེས་དཔག་ཆོས་ཉིད་ཚད་མ་མིན། །གལ་ཏེ་ཡིན་ན་དོན་དམ་གཞལ་བྱར་འགྱུར། །རྫོགས་པའི་སེམས་ལ་བློ་ཡི་འབྲེལ་མེད་ཕྱིར། །དོན་དམ་ཀུན་རྫོབ་དབྱེ་བས་ཆོས་ཀུན་ཉིད། །དུ་མ་རོ་གཅིག་ཀློང་དུ་འགྱུར་མི་སྲིད། །གལ་ཏེ་སྲིད་ན་ཆོས་ཀུན་ཐ་དད་འགྱུར། །གཅིག་དང་འདུ་འབྲལ་རང་གིས་གཏན་ཚིགས་བཅས། །སྣ་ཚོགས་སེམས་ཀྱི་ཕྱི་རོལ་དོན་འདོད་པ། །སྐྱེ་མེད་རང་བྱུང་ཉིད་ནས་འདི་ཡི་ཕྱོགས་རྩ་མཐོང་བ་མེད། །གལ་ཏེ་མཐོང་ན་སེམས་ཉིད་དངོས་པོར་འགྱུར། །སྟོང་པའི་སེམས་ཉིད་ཀུན་ལ་སྣང་ཕྱིར་རོ། །རང་ལུས་ཆ་ལུགས་བསྒྱུར་བས་སྐུ་གསུམ་རེག་པ་མིན། གལ་ཏེ་རེག་ན་སྐུ་གསུམ་ལུས་སུ་འགྱུར་བས་ན། དངོས་དང་དངོས་མེད་འབྲེལ་བ་མེད་ཕྱིར་རོ། །དེ་བས་ཨ་ཏི་གང་ཡང་མ་སྤངས་ན། །བསྒྱུར་དུ་མེད་པའི་བྱ་བྲལ་རྩོལ་མེད་སྟོང་། །ཐོག་བཞག་ཅེར་གྲོལ་གཏད་དང་བྲལ་བ་ཉིད། །མ་བཅོས་ལྷུག་པ་སུ་ལ་མ་བརྟེན་རང་གི་གནད། །གཏད་མེད་འདོད་པ་བྲལ་བས་ཚིག་གི་སྐྱོན་ཡོད་མིན། །སྣང་ཤེས་རང་བྱུང་ཆེན་པོར་ཤར་ཅིང་བསྐྱེད། །ཐམས་ཅད་ཆོས་ལ་མ་བརྡོལ་མེད་ཕྱིར་རང་བྱུང་རོལ་པ་ཞེས། །ཡིན་ཚུགས་སྣང་ལུགས་སྦྱར་བས་བྱ་རྩལ་འཇུག་མེད་དོ། །རྟོག་པའི་རྟེན་དང་རྟོག་པ་མེད་པ་ཉིད་ལ་རོལ། །སུ་ལ་ལམ་ཡོད་འབྲས་བུ་ཉིད་ས་ཅི། །རང་གནས་རྫོགས་པ་ཆེན་པོ་སུ་ལ་རྟེན་མི་སྲིད། །འདས་མེད་ཡེ་རྫོགས་གནས་པ་འགྱུར་མེད་ལས། །གནས་ལུགས་རང་དག་རོལ་པ་རང་ཤར་ཞེས་བྱ་ཉིད། །སྣང་འདོད་སེམས་ཀྱིས་བཅིངས་པའི་མིང་དང་བྲལ། །དེ་ཕྱིར་གཅིག་མིན་གཉིས་མིན་འདི་འདྲ་ངེས་མེད་ལས། །འཁྲུག་རྐྱེན་སྐྱེས་བཞི་ཁ་དོག་གང་མ་བྱེད། །ཐམས་ཅད་སྣང་ཕྱིར་འདྲ་བཞི་སྣ་ཚོགས་ལས། །མཚོན་པ་འདི་འདྲ་ཞེས་ནི་སྒྲུབ་ཏུ་མེད་པའོ། །ཨ་ཏི་རང་བྱུང་འཁྲུལ་མ་མྱོང་བའི་གནད། །མཐའ་ཡི་ལོག་རྟོག་མ་བཅུག་སེམས་ཀྱི་གུས་པ་ཡང་། །མ་འོངས་དུས་སུ་བློ་རྩལ་མཆོག་རྣམས་ལས། །དམིགས་ནས་འབད་རྩོལ་མེད་པའི་གདེང་ལྡན་ཡི་གེར་བཀོད། །འདི་ལ་འཇུག་ནུས་སེང་གེ་ལྟ་བུའི་མིས། །རྫོགས་པ་དོན་གཉིས་བ དེ་བླག་ཉིད་དུ་ཡང་། །འགྱུར་མེད་སེམས་ཉིད་ཡེ་གྲོལ་ཆེན་པོའི་ཆོས། །དེ་ཉིད་མ་ཟད་ཀུན་གྱིས་རྟོགས་པར་ཤོག །མན་ངག་གི་རྒྱལ་པོ་ཨ་ཏི་རྣལ་དགོངས་ཞེས་བྱ་བ། །སྡེ་སྣོད་གསུམ་གྱི་དོན་བསྡུས་པ་བསྟན་པ། རྒྱ་གར་གྱི་སློབ་དཔོན་མཁས་པ་བྷི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། །།རྒྱ་རྒྱ་རྒྱ། །མངྒ་ལཾ།། །།

ཨ་ཏིའི་ས་བཅད།

ཨ་ཏིའི་ས་བཅད་བཞུགས་སོ། །ཀུན་གསལ་ཡེ་ཤེས་ཀློང་ལ་ཕྱག་འཚལ་ལོ། །ཨ་ཏི་རྣལ་དགོངས་འདི་ལ་གཉིས་ཏེ། མན་ངག་གི་དོན་གཅིག་ཆར་དུ་རྟོགས་པར་བྱ་བའི་ཕྱིར་མཚན་བསྟན་པ་དང་རིམ་གྱིས་རྟོགས་པར་བྱ་བའི་ཕྱིར་གཞུང་བསྟན་པའོ། །མཚན་བསྟན་པ་ལ་གསུམ་སྟེ། མཚན་སྒྲ་དོན་སན་མར་གྱི་རྣམ་པར་ལྟར་བཤད་པ་དང་། གཞུང་དོན་ཨ་ཏི་ངེས་པ་གཞན་རུང་བའི་རྣམ་པ་ལྟར་བཤད་པ་དང་། མན་ངག་ངེས་པའི་སྙིང་པོ་གཞན་གང་དང་མ་འདྲེས་པར་བསྟན་པའོ། །རིམ་གྱིས་རྟོགས་པར་བྱ་བའི་ཕྱིར་གཞུང་བསྟན་པ་ལ་གཉིས་ཏེ། ཆོས་ཀྱི་བཅོམ་ལྡན་གཞུང་ལ་རས་ཆོད་དག་གཟུ་ལུམ་ཡིད་དཔྱོད་སྤང་བའི་ཕྱིར། དབང་པོའི་ཚུལ་གྱིས་རང་རིག་པའི་དོན་ལ་ཡིད་ཆེས་པའི་ཕྱིར་ཕྱག་འཚལ་བ་བསྟན་པ་དང་། གཞན་དངོས་ལ་བརྟན་པའི་རིག་པ་དེ་ཉིད་དོན་རིམ་གྱིས་ཕྱེ་ནས་རྟོགས་པར་བསྟན་པའོ། །དེ་ལ་བསྡུས་པའི་དོན་དྲུག་སྟེ། དང་པོ་རྫོགས་པ་ཆེན་པོ་རང་གི་དོན་ལ་ཐེག་པ་སོ་སོའི་འདོད་པ་ཅི་བྱུང་ཡང་མཉམ་པར་བསྟན་པ་དང་། མ་རིག་རིག་པར་བསྟན་པའི་ཆོས་དང་སེམས་ཀྱི་བསྡུས་པ་གང་ལ་ཡང་འབྲལ་བ་མེད་པར་བསྟན་པ་དང་། ཨ་ཏི་རང་གི་འཇུག་ཚུལ་སྐུ་གསུམ་འཇའ་ལ་སོགས་པར་སྣང་གྲགས་ཀྱིས་ཆོས་ལས་སྤྱོད་ལ་སྤྱད་དུ་བསྟན་པ་དང་། རིག་པ་གཏན་ཚིགས་དམ་བཅའ་བ་ངེས་པར་རང་གི་གནད་དང་བཅས་པ་དང་། རྫོགས་པ་ཆེན་པོའི་གནད་རང་ཐོག་ནས་གསལ་བ་ལ་གཞན་སུན་འབྱིན་པ་དང་། རང་འདོད་ཕྱིན་ཅི་ལོག་པར་བསྟན་པ་དང་རྩོམ་ཨ་ཏི་རང་རྫོགས་པ་པོ་རིག་པ་མཐར་ཕྱིན་པ་འབད་པ་མེད་པའི་བསྔོ་བ་ཐུན་མོང་མ་ཡིན་པ་དང་བཅས་ཏེ་བསྟན་པ་དང་དྲུག་གོ །དང་པོ་ལ་ནང་དོན་ལྔ་སྟེ། དོག་པ་དམར་ནང་དོན་དང་པོ་ངེས་པ་རང་གི་ཆེ་བ་དང་བཅས་ཏེ་བསྟན་པ་དང་། གཉིས་པ་ཆོས་ཉིད་འབད་པ་མེད་པའི་གནད་ངེས་པར་དེ་ཉིད་དོག་པ་དན་བཤད་པར་དམ་བཅའ་བའི་ཆོས་ཉིད་རང་གི་འདུག་ཚུལ་བསྟན་པ་དང་། གསུམ་པ་ནང་ཚོད་རྫོགས་པ་ཆེན་པོ་ཉིད་ལ་ཁྱད་པར་མེད་པར་གཞན་འདོད་སེམས་སོ་སོའི་མདོར་བསྟན་པ་ཆོས་ཐམས་ཅད་མཉམ་པར་བསྟན་པ་དང་། བཞི་པ་གྲུབ་པའི་མཐའ་ལ་སྤྱོད་པའི་འདོད་པ་རྒྱས་པར་བཤད་པ་རང་ངོ་ལ་ཐམས་ཅད་ཁྱད་མེད་དུ་བསྟན་དང་། ལྔ་པ་རྫོགས་པ་ཆེན་པོའི་དོན་ལ་ཚིག་གི་ཕན་བཏགས་པ་སེམས་ཀྱིས་མཚན་ཉིད་གཏན་ལ་ཕེབས་པས་ལན་པ། བསྡུས་པའི་དོན་གཉིས་པ་མ་རིག་པར་བསྟན་པ་ཆོས་དང་སེམས་དེ་ཕྱིར་ཚིག་ཀྱི་བསྡུས་པའི་གང་ལ་ཡང་འབྲལ་བ་མེད་པར་བསྟན་པ་ལ་ནང་དོན་ལྔ་སྟེ། དང་པོ་ཨ་ཏི་ཡོ་ག་འབད་དེ་ལ་རྣམ་པར་པ་མེད་པ་ལས་གྲོལ་བའི་ཆོས་ཉིད་དབྱེ་བ་ལ་བཟླས་པར་བསྟན་པ་དང་། གཉིས་པ་ཕྱི་རོལ་གྱི་འདོད་པ་སུན་ཕྱུང་བའི་དགོས་པ་རང་འདོད་པ་ཁས་ལེན་པས་ཞེན་འདོད་ཉམས་པར་བྱ་བ་ཤེས་བྱ་ལ་ཡང་ཐོགས་པ་མེད་པར་བསྟན་པ་དང་། གསུམ་པ་དེས་ན་ཐམས་ཅད་འཁྲུལ་སྣང་ལས་འཁོར་བ་འདས་མ་མྱོང་འདས་པ་མི་ཉིད་པ་ལས་ཀྱི་རིག་པ་རང་གི་མན་ངག་གི་གནད་ཀྱིས་ཆེ་བ་དང་བཅས་པ་བསྟན་པ་དང་། བཞི་པ་ཤེས་བྱ་དང་ཤེས་པས་བསྡུས་པའི་ཆོས་ཅན་གང་ལ་འབྲེལ་བ་དཔེ་དང་བཅས་པ་བསྟན་པ་དང་། ལྔ་པ་ཡུལ་སེམས་ལ་འབྲེལ་པ་མེད་པའི་གནད་ཀྱིས་སྐྱེ་བ་སྔ་ཕྱི་མེད་པས་ཆོས་ཉིད་ལ་འགྱུར་བ་མེད་པར་བསྟན་པའོ། །སྤྱི་དོན་གསུམ་པ། ཨ་ཏི་རང་གིས་འདུག་ཚུལ་སྐུ་གསུམ་ཇ་ལོག་པས། སྣང་གྲགས་ཀྱི་ཆོས་ལ་སྤྱད་དུ་ཡོད་པ་ནང་དོན་བཞི་སྟེ། དང་པོ་རྫོགས་པ་ཨ་ཏི་མཐའ་བྲལ་ཆེན་པོ་བྱ་བ་ལྟོས་གཞི་དང་བྲལ་བའི་གནད་མན་ངག་གི་མཚན་ཉིད་ཉེ་བར་བསྡུས་ནས་བཤད་པ་རང་གི་ངོ་བོ་དང་བཅས་པར་བསྟན་པ་དང་། གཉིས་པ་སྐུ་གསུམ་བྱ་སྐུ་གསུམ་ལུས་ཀྱི་ལོག་པས་ལྡེམ་པོ་དགོངས་པའི་དོན་སངས་རྒྱས་ཀྱིས་བརྗོད་པ་ལས་ཉེ་བར་རྟོགས་པའི་མཚན་ཉིད་བསྟན་པ་དང་། གསུམ་པ་བྱ་བའི་རྒྱུད་ལ་སོགས་ཏེ། ཤེས་བྱ་ཕྱིན་ཅི་ལོག་ཏུ་རྟོགས་པའི་བརྩོན་འགྲུས་ཅི་བྱས་ཀྱང་ཁམས་གསུམ་ལས་མི་གྲོལ་བར་བསྟན་པ་དང་། བཞི་པ་འགྲོ་བ་མེད་པར་གྱིས་དང་བཅིངས་པ་ལས་ལྡོག་པའི་ལྡེམ་པོ་ཆོས་ཉིད་ཀྱི་གནད་ཀྱིས་གཞན་ལ་ཕན་པར་བསྟན་པའོ། །བསྡུས་པའི་དོན་བཞི་པ་རིག་པ་གཏན་ཚིགས་ཀྱི་དམ་བཅའ་ངེས་པ་རང་གི་གནད་དང་བཅས་པར་བསྟན་པ་དོན་དྲུག་སྟེ། དང་པོ་དེ་ལྟར་མི་སྲིད་རིག་པ་གཏན་ཚིགས་ལ་སོགས་པ་མདོར་བསྟན་པ་དང་། གཉིས་དབྱེ་བ་ལ་བརྟེན་ནས་སངས་རྒྱས་ཡང་ནི་རྗེས་པ་པར་བསྟན་པ་དང་། འབྲོས་པའི་མཐར་གསུམ་པ་རང་གིས་འདོད་པ་རྣམ་གྲངས་ལ་བརྟེན་ནས་གཏན་ལ་དབབ་པར་བསྟན་པ་དང་། བཞི་པ་ཨ་ཏི་གྲོལ་བའི་རྣམ་པ་ལ་ངེས་པ་བསྟན་པ་དང་། ལྔ་པ་དེ་ལྟར་རྣམ་གྲངས་དང་། རྣམ་གྲངས་མ་ཡིན་པའི་ཆོས་ཐམས་ཅད་ལ་ཟླ་བ་དང་བཅས་པར་བསྟན་པ་དང་། དྲུག་པ་རྫོགས་པ་ཆེན་པོའི་གནད་ཡེ་ཤེས་ཞེས་བྱ་ཤེས་པ་ཙམ་གྱིས་ཆོས་ཉིད་མ་ཐོག་ཏུ་གྲོལ་བར་བསྟན་པའོ། །བསྡུས་པའི་དོན་ལྔ་པ་རྫོགས་པ་ཆེན་པོའི་གནད་རང་ཐོག་ན་གསལ་ན་གཞན་འདོད་སུན་འབྱིན་པ་རང་འདོད་ཕྱིན་ཅི་མ་ལོག་པར་བསྟན་པ་ལ་ནང་དོན་ལྔས་བསྟན་ཏེ། ཨེ་མ་ཧོ་དང་པོ་ཨ་ཏི་རང་གི་གནད་ཤིན་ཏུ་ཟབ་པའི་དོན་ཆེ་བ་དང་བཅས་པར་བསྟན་པ་དང་། གཉིས་པ་དངོས་པོ་གཤིས་ཀྱིས་ཅི་ལྟར་སྐྱེ་བའི་ཐབས་ཡང་ནི་དང་བཅས་ཏེ་བསྟན་པ་དང་། གསུམ་མཐའ་བྲལ་ཡོངས་སུ་པ་མཐའ་བྲལ་རྫོགས་པ་ཆེན་པོ་རང་གིས་འདོད་པ་དོན་རྒལ་ལན་དང་བཅས་པ་བསྟན་པ་དང་། བཞི་པ་གྲུབ་མཐའ་འདོད་རྒྱལ་བའི་ཐ་འདིའི་ཆོས་ལ་རང་རྒྱུད་དུ་འཛིན་པའི་ཞེན་པ་ལས་ལོག་པར་བྱ་བའི་ཕྱིར་རོ། །ཕ་རོལ་གྱི་འདོད་གཞུང་སུན་འབྱིན་པར་བསྟན་པ་དང་། ལྔ་པ་རྫོགས་པ་ཆེན་པོ་ལ་འདོད་རྒྱལ་གྱིས་ངེས་པར་གྲོལ་ཞིང་རང་ལྟའི་ཚིག་ཙམ་དུ་གཏན་ལ་དབབ་པར་བསྟན་པའོ།། །།