Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བརྒྱད་པ།


   
   
   
   
རྫོགས་པ་ཆེན་པོ་ཁྱུང་ཆེན་ལྡིངས་པའི་འགྲེལ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོ་ཁྱུང་ཆེན་ལྡིངས་པའི་འགྲེལ་པ།next

རྫོགས་པ་ཆེན་པོ་ཁྱུང་ཆེན་ལྡིངས་པའི་འགྲེལ་པ།

རྫོགས་པ་ཆེན་པོ་ཁྱུང་ཆེན་ལྡིངས་པའི་འགྲེལ་པ་བཞུགས། །ལས་ཀྱི་མཐའ་ལ་ཉེར་གནས་ཤིང་། །ལྷག་པའི་བློ་ཅན་རྣམས་དོན་ཕྱིར། །གོལ་སྒྲིབ་རང་གཞུང་གཟུང་བཤད་ཕྱིར། །ཀུན་ལ་འཇུག་པའི་བསམ་གཏན་དགྲོལ། །བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་ཞེས་པ། ཆོས་ཐམས་ཅད་མཉམ་པ་ཉིད་ལ་ཁུངས་མི་དབྱུང་བར་དྲང་བ་དང་། རྩོམ་པའི་བར་ཆོད་བསལ་བའི་ཕྱིར། གུས་འདུད་བྱ་བ་དང་། འདིར་ཐམས་ཅད་ཀྱང་བདག་ཉིད་ཆེན་པོ་ཡིན་ལ། བདག་ཀྱང་ཐམས་ཅད་ཡིན་པའི་ཕྱིར་ཕྱི་ནང་གི་བར་ཆད་གཏུལ་ལ། དེ་ཉིད་ཡུལ་དུ་བྱེད་པ་མེད་པས་ཆེད་དུ་བྱེད་པའི་བར་ཆད་ཚར་གཅད་པའི་ཡེ་ཤེས་ཆེན་པོ་ནི་བསྡུས་པ་མེད་པར་རིལ་རྫོགས་ཀྱང་ངོ་བོ་བསྟན་པར་མཐའོ་ཅོག་ལས་གྲོལ་བས་ངོ་བོས་ཟུག་རྔུ་མེད་པ་དང་། བདེ་བདལ་བ་ཉིད་ལ་སྡེ་སྣོད་རྒྱུད་དང་གལ་པོར་བཅས་པ་ལྷུན་གྱིས་གྲུབ་པ་ཐམས་ཅད་ལ་ཡན་ལག་དྲུག་ལ་སོགས་པར་རང་སྣང་ཞིང་། མཇལ་དུ་བཏུབ་པས་འདུད་པའི་གནས་ཡིན་ཏེ། དེ་ཉིད་རང་རིག་པའི་ཀླུང་བཞིས་མཇལ་བའོ། །གཞུང་ཁས་བླངས་པ་གང་སྙམ་པ་ལ། མི་གནས་དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ་ཞེས་པ། བྱང་ཆུབ་ཀྱི་སྙིང་པོ་རང་རིག་པའི་དངོས་པོ་ཀུན་གྱི་དངོས་པོ་དེ་ཁོ་ནཉིད་ཅིར་ཡང་རང་སྣང་བས། མཚན་ཉིད་གཟུང་དཀའ་བས་དེ་ཤེས་ཡུལ་དུ་རྒྱ་མ་ཆད་པ་དང་། གཉིས་ཀྱི་ཕྱིར་ངོ་བོས་མི་རྟོག་པས་རྗེས་སུ་འཇུག་པ་པོ་ཡང་དེ་ཉིད་ཀྱི་ཕྱིར་དོན་ཉིད་ཆེད་དུ་བྱེད་པའི་རྟོག་པ་དང་བྲལ་བ་ནི་ལྷུན་གྱིས་གྲུབ་པའི་མི་རྟོག་པ་ཆེན་པོ་སྟེ། བླང་དོར་མེད་པའི་དོན་དེས་མ་བགྲོད་ནོན་པར་བྱེད་པས་ལྷག་པའི་ལམ་རིམ་པ་དང་བྲལ་བ་ཁོ་ནའོ། །ཁས་བླངས་པའི་གོལ་སྒྲིབ་འགོ་དྲང་བའི་ཕྱིར། བསྔོ་བའི་ཆ་ཤས་འཕྲ་བའི་ཡུལ་ལས་བྱུང་བ་སྟེ། ཞེས་པ་བླུན་པོ་དག་སྲུངས་མ་བཞིས་བསྲུངས་ཏེ། དོན་མ་ཐོབ་པ་དག་ཐོབ་བྱ་གཞན་དུ་གཉེར་བས་སྒོ་གསུམ་གྱི་དཀར་ཕྱོགས་བླངས་ཏེ་བྱང་ཆུབ་ཆེན་པོར་དམིགས་ཤིང་། ལས་བགྲང་བའི་རྟོག་པའི་ཆ་འཕྲ་བ་ལས་བྱུང་བ་གང་ཞེ་ན། ཚིག་ལྷག་མའི་སྒྲས་འཆད་པར་འགྱུར་ཏེ། རྟོག་སྒོ་ཆོས་ཀྱི་སྐུ་ནི་ཁྱད་པར་དོན་མེད་པས་ཞེས་པ། རང་བཞིན་རྟོག་པ་རྣམས་གཉེན་པོ་དང་རབ་ཏུ་དབྱེ་བས་བཀག་ཅིང་བསལ་ཏེ། དེ་ཁོ་ན་ཉིད་དོན་དམ་པ་དང་། གཉིས་སུ་མེད་པ་ལ་དམིགས་པ་རྟོད་པའི་རིག་པ་རྟོག་མེད་ནི་ཆེད་དུ་བྱེད་པའི་རྟོག་པ་ཅན་གྱི་ཕྱིར། ལྷག་པའི་ཆོས་སྐུ་བདག་ཉིད་ཡིན་པ་མ་མཐོང་སྟེ། ལོག་པའི་ཕྱིར་འདིར་དོན་འདི་ལྟར་གསལ་ཏེ། རང་བྱུང་ཡེ ཤེས་མི་རྟོག་ཀུན་ཏུ་རང་བཞིན་གནས་ཞེས་པ། ཡེ་ཤེས་ཐམས་ཅད་ཀྱི་དངོས་གཞི། མཚན་ལྔ་དང་ལྡན་པ་ཉིད་ལ་རྒྱུ་རྐྱེན་མེད་པ་དང་། རྒྱུད་དང་སྐྱེ་བ་མི་རྟག་པ་མེད་པར་ཐམས་ཅད་དུ་རང་གསལ་བས་མི་འཐོབསྟེ། དེ་ཉིད་རྣམ་པ་དང་བྲལ་བ་དང་། བཤད་པའི་དོན་གྱིས་སྣ་ཚོགས་ཀྱི་འདུ་ཤེས་དང་། ཡིད་ལ་བྱེད་པ་དང་། ཞེ་ལ་འཛིན་པ་མེད་པར་དུས་ཐམས་ཅད་དུ་རང་གསལ་བས། ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་དུ་ཆོས་ཉིད་ཀྱི་རིགས་པས་གསལ་བར་བཞུགས་སོ། །སྒོམ་པའི་ཚེ་བྱུང་ཚོར་སྐྱེས་ན་ཐབས་གང་ཞིག་སྙམ་པ་ལ། བྱ་བྲལ་ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད། ཞེས་པ་འདིར་ཟིན་པ་དྲུག་གི་དོན་གྱིས་འདུ་བྱེད་ཐམས་ཅད་བྲལ་བར་བདག་ཉིད་གནས་པ་ལ། རྨོངས་པ་དག་བྱ་བ་དོར་དེ་བྱ་བ་མེད་པ་ཞིག་ལེན་པ་ལྟ་བུ་འདི་ལ་མེད་དེ། སྒོ་གསུམ་གྱིས་རྩོལ་བས་གཉེར་བ་དང་། གནས་དམིགས་དོར་བ་ནམ་ཏུ་ཡང་མེད་དེ། སྒོམ་པའི་བློ་ནི་མཚན་ཉིད་ཐམས་ཅད་པའི་ཕྱིར་མཚན་ཉིད་མི་རྙེད་དོ། །དེ་བས་ན་བཟུང་དྲུག་སྟོང་རྟོག་ཤུགས་བྱུང་ཆེད་བྱས་རྐྱེན་བསླང་ཉམས་མྱོང་ཅི་བྱུང་ཡང་དགག་སྒྲུབ་བྱར་མེད་དེ། ནམ་མཁའ་ཆེ་ལས། ནམ་མཁའི་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །ཞེས་པས་ཡེ་ཉིད་ནད་དང་བྲལ་བའི་ཕྱིར་འདུ་བྱེད་བརྒྱད་མི་རྟེན་པའོ། །ཡན་ལག་ཆོས་ཀྱི་དབང་གིས་སྙིང་པོ་ཡུལ་ཚོལ་ཞིང་ཞེས་པ། སྙིང་པོ་བྱང་ཆུབ་ཀྱི་ངོ་བོ་ཉིད་ལྟ་སྤྱོད་དབང་དམ་ལ་སོགས་པའི་ལམ་ཐབས་དང་འབྲས་བུ་ཀུན་གྱི་དངོས་གཞིར་བཞུགས་པའི་དོན་གྱིས། རྒྱུ་འབྲས་ཀྱི་རྩ་བ་ལ་ཤེས་ཐོབ་ཏུ་རེ་བས་ལོགས་སུ་གཉེར་བ་དང་། ངང་གིས་བྲལ་བ་ནི་ཚོལ་བའི་དམ་པའོ། །རྣམ་པ་ཅིར་ཡང་མི་རྟོག་ཐབས་ཀྱིས་དེ་ལ་རོལ་ཞེས་པ། གང་རྟོག་པ་ལ་ལྟོས་པའི་རྣམ་པ་ནི་མི་རྟོག་པ་ཉིད་དེ། འདིར་རྟོག་པ་གདོད་ནས་མེད་པས་མི་རྟོག་པ་ཡང་མི་འདོད་དེ། དེ་ཉིད་ཀྱི་ངོ་བོར་དབྱེར་མེད་པར་བཞུགས་པས་ཆེད་དུ་བྱས་པའི་སྒོམ་པ་ཀུན་བརྟགས་ཀྱི་སྒྲིབ་པ་དང་བྲལ་བ་ཁོ་ནའོ། །འབྲས་བུའི་རང་གཞན་ཏུ་མ་ལུས་པས། སྙིང་པོ་རང་བཞིན་འབྱུང་བས་ཆོས་སྐུ་གཞན་ན་མེད། །ཞེས་པ་བདག་ཉིད་ཕྱི་མོ་ནས་འབྲས་བུའི་སྡོང་པོ་ཡིན་པའི་ཕྱིར། ཐ་སྙད་དུ་ཀུན་བརྟགས་གཉིས་ཟད་པའི་དུས་ན་ཡང་། སཱ་ལེ་སྦྲམ་ལྟར་རྒྱུ་རྐྱེན་གྱིས་མ་བྱས་པར་བདག་ཉིད་འབྲས་བུ་ཆེན་པོར་ངོ་བོ་ཉིད་ཀྱིས་རང་ཤར་བའི་ཕྱིར་ཐོབ་བྱ་གཞན་དུ་མི་ཚོལ་བའོ། །དེས་ན་འབྲས་བུ་གྲངས་ཐོབ་ཀྱི་རྩོལ་བ་བྲལ་བའོ། །དམན་པའི་ཐབས་ལ་མི་བརྟེན་པའི་ཕྱིར། རྡུལ་ཕྲན་གཅིག་ལ་གསེས་ཤིང་ཕྱོགས་བཅུ་ཀུན་དང་བྲལ་ཞེས་པ། བྱིས་པའི་ཤེས་པས་དག་རྡུལ་རང་རྒྱུད་དུ་འདོད་པ་དང་། ཕྱོགས་ཆས་དེ་འཇིག་པའི་མཐས་སྟོང་པར་འདོད་པ་དག་རང་གི་རྟོག་པ་སྣང་བའི་ཕྱིར། འདི་ལ་མ་གྲུབ་སྟེ་གྲུབ་པའི་མཐའ་མི་ཚོལ་བའོ། །འོ་ན་ཐབས་ཕྱོགས་ཆ་ཅན་ལ་མ་བརྟེན་པའི་ལྟ་བ་གང་སྙམ་པ་ལ། མི་གནས་དོན་ཉིད་ལེགས་པའི་ཡེ་ཤེས་རང་བྱུང་སྟེ་ཞེས་པ། སེམས་ལས་མ་གཏོགས་པའི་ཆོས་མེད་པས་སེམས་ཉིད་ཀྱང་མ་སྐྱེས་པ་ནི་ལྷག་པའི་ཤེས་བྱ་དང་གྲུབ་མཐའོ། །དེ་ཉིད་གཅོད་རྙིང་དང་བྲལ་བས་ཐམས་ཅད་མཁྱེན་པ་ནི་གཞན་ནས་མ་བྱུང་སྟེ་ཕྱོགས་ལ་རྟེན་པ་མེད་དོ། །དེ་བས་ན། མངོན་སུམ་ཀུན་ཏུ་མི་རྟོག་ཡངས་པའི་སྙིང་པོ་ལ་ཞེས་པ། རང་རིག་པའི་མངོན་སུམ་ཆེན་པོ་ནི་རྣམ་པའི་མཆོག་ཐམས་ཅད་དུ་བླངས་པའི་གཟུང་འཛིན་ཙམ་ཡང་མེད་པར་རིལ་མ་བཀོད་བར་ཡོངས་སུ་རྫོགས་པའི་རྒྱུ་འབྲས་ཏེ། ཀུན་གྱི་འབྱུང་གནས་སོ། །དེ་བས་ན་ཐིག་ལེ་དྲུག་པ་ལས། ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་དང་བྲལ་ཞེས་གསུངས་སོ། །དེ་ལྟར་འཇལ་བའི་ཡོན་ཏན་ནི། རྣམ་དག་ལམ་འདིར་ཞུགས་པས་མཉམ་པའི་རྒྱལ་པོ་འཐོབ་ཞེས་པ། ཐམས་ཅད་མཁྱེན་པའི་ངོ་བོ་ནི་འདུ་ཤེས་ཀྱི་དྲི་མའོ་ཅོག་ངང་གིས་བྲལ་བས་ཐར་པའི་ལམ་མཆོག་བགྲོད་དུ་མེད་པ་ཉིད་དོ། །དོན་དེ་དམན་པའི་ཚད་མ་གཉིས་ལ་མ་བརྟེན་པར་བདག་ཉིད་དུ་ཤེས་པ་ནི་ཆོས་ཉིད་གྱི་རྒྱ་མཚོར་ཞུགས་པ་སྟེ། རང་ཉིད་ལྷུན་གྱིས་གྲུབ་པར་གསལ་བའི་དོན་རྙེད་པའོ། །དེ་ནི་ཐམས་ཅད་ཀྱི་བདག་ཉིད་ཡིན་པ་དང་། ཟླ་མེད་པ་དང་། དབང་ཕྱུག་ཆེན་པོ་ཉིད་དུ་སོན་པས་ལྷག་པའི་རྙེད་པའོ། །འོ་ན་སེམས་ཅན་མི་ལས་སངས་རྒྱས་སུ་འགྱུར་རོ་ཞེ་ན། མི་འགྱུར་འགྱུར་བ་མེད་པས་ཆགས་པའི་གནས་མེད་དེ་ཞེས་པ། སྨིན་ཟིན་པ་བཤད་པ་ལྟ་བུའི་ཕྱིར་དང་། སྐད་ཅིག་མའི་རྒྱུན་མེད་པས་ངོ་བོའི་སྐྱེད་མི་འདོད་པའི་ཕྱིར། གནས་གྱུར་པ་མེད་པས་སྙིང་པོ་འཕེལ་འགྲིབ་མེད་དེ། རེ་བ་དང་བྲལ་བས་འབྲས་བུའི་རྟེན་གཞི་རང་རྒྱུད་པར་མ་གྲུབ་པས་ཡེ་ཤེས་ལ་བདག་ཏུ་འཛིན་པ་མེད་དོ། །དེ་བཞིན་གཟུང་བའི་ཡུལ་མེད་སེམས་ཀྱི་གནས་ཀྱང་མེད་ཞེས་པ་རྟོག་པ་གནས་གྱུར་དང་འཁོར་བ་ཏུ་བཟློག་གི་རྩོལ་བ་མེད་པའི་ཡེ་ཤེས་རྒྱུད་ཅན་མ་གྲུབ་པ་ལྟར་དེས་རྟོག་པར་བྱ་བའི་ཆོས་ཉིད་དང་། གྲུབ་པར་བྱ་བའི་ཆོས་སྐུ་རང་རིག་ལས་གཞན་ན་མེད་པས། བློའི་རྟེན་དང་བྲལ་བས་ཆེ་བ་ལྔ་དང་ལྡན་པར་བཞུགས་ཏེ། ནམ་མཁའ་ཆེ་ལས། དུས་གསུམ་གཅིག་ཏེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་བྱུང་། །ཆོས་སྐུས་ཁྱབ་པས་གཅིག་པའི་ཕྱིར། །ཆེ་བས་ཆེན་པོའི་རང་བཞིན་གནས། །ཞེས་གསུངས་སོ། །བསྒོམ་པའི་གོལ་གྲིབ་བསྟན་པའི་ཕྱིར། མངོན་གསུམ་ཐོབ་པར་འདོད་པས་རྒྱུ་ལ་རྟག་ཏུ་བསྒོམ་ཞེས་པ། བཤད་པའི་སྲུངས་མས་བྱང་ཆུབ་སྙིང་པོ་མ་མཐོང་བའི་འཇིག་རྟེན་པ་དག་ཐར་པ་ཐོབ་པར་འདོད་པའི་ཕྱིར། སྙོམས་པར་འཇུག་པ་བརྒྱད་བསྒོམ་ཞིང་ཏིང་ངེ་འཛིན་གྱི་དགའ་བདེ་ལ་ཆགས་པ་དང་། ཉན་ཐོས་དགྲ་བཅོམ་མངོན་དུ་འདོད་པས་འགོག་པ་བསྒོམ་པའི་རོ་ལ་ཞེན་པ་དང་། རང་རྒྱལ་ཞི་བའི་ཏིང་ངེ་འཛིན་རྒྱུན་ཏུ་བསྒོམ་པའི་རོ་ལ་ཆགས་པ་དང་། ཕྱོགས་སུ་རིག་པ་པ་དང་། མཐའ་དབུས་འབྱེད་པའི་ཤེས་པ་པ་དག་ཀུན་ཏུ་འོད་མངོན་ཏུ་རེ་བས་ཆོས་སྐུའི་རྒྱུ། སྣང་བ་མི་རྟོག་པ་གསུམ་དང་། མི་སྣང་ལ་མི་རྟོག་པ་རྒྱུན་ཏུ་བསྒོམ་ཞིང་ཉམས་རྟོགས་ཏེ། བཏང་སྙོམས་ཀྱི་བདེ་བ་ལ་ཆགས་པ་ནི་ནོར་པ་དང་མ་མཐོང་བས་གོལ་སྒྲིབ་ཐུན་མོང་པ་སྟེ། སྒོམས་ཆགས་བདེ་བ་དེ་ལས་མཉམ་པའི་དོན་མི་འབྱུང་ཞེས་གསུངས་ཏེ། རྒྱུའི་ཐེག་པ་དེ་དག་བརྒྱུད་པའི་རྒྱུ་ཙམ་ལས་མྱུར་བ་འདིར་མི་རྙེད་པར་བསྟན་པའོ། །དེས་ན་རྒྱུའི་གང་ཟག་ལྟ་ཅི་སྨོས་ཀྱི་ས་ཐོབ་པ་དང་ས་མཐར་ཕྱིན་པ་ཉིད་ལ་ཡང་སྒྲིབ་པ་ཡོད་པས། རྒྱས་པའི་རྒྱུད་ལས། ས་བཅུ་མཐར་ཕྱིན་པ་ཉིད་འཛིན་དང་རྟོག །འཛིན་རྟོག་དེ་ལ་ལམ་གྱི་ཕུགས་མི་འཆའ་མི་གནས། །ཞེས་པ་དང་། མན་ངག་ལས། ཀུན་ཏུ་འོད་ཀྱི་ས་ལས་འདས། །པད་མ་སྤྱན་གྱི་ས་ལ་གནས། །དབྱེ་བ་མེད་པའི་ས་ལ་འགྲོ། །ཞེས་གསུངས་པའོ། །བསྒོམ་པ་གཞུང་མ་ནོར་བ་ནི་གང་སྙམ་པ་ལ། སྐུ་གཅིག་ཀུན་དུ་ཁྱབ་པས་བསྣན་པའི་ཆོས་མེད་དེ། །ཞེས་པ། ལྷག་པའི་ཆོས་སྐུ་ནི་རྣམ་པར་བྲལ་བ་དང་། ཡེ་སྙིང་པོ་བྱང་ཆུབ་པ་ནི་བཤད་པའི་ནམ་མཁའ་ཆེའི་བཀའ་ལུང་གིས་དག་གོ །མཐའ་ལ་ཐུག་པ་མེད་ཅིང་དབྱིངས་ལ་བྲི་བ་མེད། །ཞེས་པ། མཐའ་གསུམ་བྲལ་བས་ཟད་མཐའ་མེད་པའི་ཡུལ་ཆེན་མོ་ལ། ཡོན་ཏན་རིན་པོ་ཆེ་དབྲི་བསྐྱུར་མེད་པ་ལ་དེ་ཉིད་ཡུལ་དུ་བྱེད་པའང་མེད་པའི་ཕྱིར། ཆོས་ཀྱི་རོལ་པས་ཉམས་ཕག་ལྷག་པའི་གནས་མེད་དོ། །ཞེས་པ། བསྒོམ་བྱ་ཡུལ་དུ་བྱེད་པས་ཉམས་ལྷག་པར་མྱོང་དུ་འདི་ལ་མེད་དེ། དམིགས་རྟེན་དང་བྲལ་བའོ། །དེ་བས་ན་འདིར་བསམ་གྱིས་མི་ཁྱབ་པའི་ལོངས་སྤྱོད་དང་། མཛད་པ་མངའ་ཡང་ཡུལ་མེད་པས་འགྲོ་བ་འགའི་ཕྱིར་ཉམ་ཕག་གི་བདེ་བ་ལ་རྟེན་པ་མེད་པའོ། །རང་བྱུང་ཆེ་བའི་ཡུལ་ལ་ཀུན་ཏུ་ཇི་བཞིན་གནས། །ཞེས་པ། གློ་བུར་བ་མ་ཡིན་པའི་རང་རིག་པ་ཡོན་ཏན་གྱིས་མངོན་པར་མཐོ་བ་ནི། སྤྱོད་ཡུལ་ཡོངས་སུ་དག་པས་ཕོ་བྲང་ཆེན་པོ་སྟེ། དུས་གསུམ་འགྲེ་ལྡོག་སྤྱིའུ་ཚུགས་གར་འགྲོས་ཀྱང་སྙིང་པོའི་དོན་ལས་མི་འགྱུར་བར་བཞུགས་པས། རྗེས་འཇུག་ཀྱང་དེ་ཉིད་ཀྱི་ཕྱིར་གཡོ་ལྡང་དགག་སྒྲུབ་མེད་པའི་སྒོམ་པའོ། །ནད་ཀྱི་གཉེན་པོ་སྨན་ཆེན་ལྷག་མཐོང་ཆེན་པོ་གང་སྙམ་པ་ལ། དེ་མར་མཐོང་བའི་ཡུལ་མེད་དེ་ལ་མཐོང་བའི་མིག །ཞེས་པ། བྱང་ཆུབ་སེམས་ཡ་མཚན་ཐམས་ཅད་ཀྱི་བདག་ཉིད་པ་ནི། རང་རིག་པ་ལས་ལོག་ནས་མཐོང་ཞིང་རྟོགས་པར་བྱར་མེད་པའི་དོན་ཉིད་ལ་སྙེགས་པ་གཞིར་གྱུར་པ་ནི། ཐམས་ཅད་དུ་སེམས་ཀྱི་ཡེ་ཤེས་རང་བཞིན་མེད་པའི་རྣམ་པར་ཤེས་པ་དགུ་པ་ཉིད་དུ་མ་འདྲེས་ལ། ཡོངས་སུ་རྫོགས་པར་རང་གསལ་བའི་སྤྱན་དམ་པ་སྟེ། སེམས་བསྒོམ་ལས། མངོན་སུམ་མཐོང་བས་མངོན་སུམ་མཐོང་བའི་དམིགས་མེད་མངོན་སུམ་མཐོང་བའི་མིག །དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་ཞེས་ཀྱང་ནི་དེ་ལ་བྱ། ཞེས་གསུངས་སོ། །གང་ལ་ཐོབ་པར་མི་རིགས་བསྙད་པ་ཀུན་དང་བྲལ། །ཞེས་པ། ཐམས་ཅད་ཀྱང་རང་རིག་པའི་མངོན་སུམ་དུ་ལྷུན་གྱིས་རྫོགས་པའི་ཕྱིར་རིལ་འབྲས་བུའི་དངོས་གཞི་ལ། དཀོར་བདུན་ལ་སོགས་པ་རྙེད་པར་འདོད་པ་ནི་ཚད་མ་མ་ཡིན་པས་ངང་གིས་སྒྲོ་སྐུར་དང་བྲལ་བའོ། །དབུ་མའི་ལྟ་བའི་གོལ་སྒྲིབ་བསྟན་པའི་ཕྱིར། ཆོས་དང་ཆོས་མེད་རྟག་ཏུ་འདྲེས་ཤིང་དབྱེར་མེད་ལ། དོན་དམ་ཆོས་ཞེས་ལྷག་པར་བཤད་པ་མེད། །ཞེས་པ། སེམས་ཀྱི་དེ་ཁོ་ན་ཉིད་ཡུལ་གཉིས་ལས་འདས་པའི་ཕྱིར། ངང་གིས་བདེན་པ་རྣམ་གཉིས་དབྱེར་མེད་པའི་ངོ་བོ་ལ་ཆོས་ཉིད་མ་སྐྱེས་པ་སྤྲོས་པ་བརྒྱད་ལས་གྲོལ་བ་ཞིག་སྒྱུ་མ་བས་བཟང་བར་ལྟ་བར་ལུང་བསྟན་པ་དང་བྲལ་བའོ། །རྣམ་རིག་གི་གོལ་སྒྲིབ་བསྟན་པའི་ཕྱིར། འཁྲུལ་དང་བྱང་ཆུབ་ལམ་སྟེ་རྟོག་པས་ཐོབ་པ་མེད། །ཞེས་པ་ཤིན་ཏུ་རྣལ་འབྱོར་ནི་ཐམས་ཅད་དུ་མ་འཁྲུལ་པ་བདེན་པའི་ཕྱིར། རྣམ་རིག་གི་དངོས་པོ་འཁྲུལ་པའི་གཟུགས་བརྙན་དུ་ཤེས་པ་དང་དེས་འཐོབ་པར་ལྟ་བ་ནི་དེ་ཉིད་རང་གི་ཀུན་བརྟགས་ཀྱི་རྟོག་པ་སྟེ། དེས་འདི་མི་མཐོང་བའི་ཕྱིར། རྡོ་ལ་གསེར་ཞུན་ལས། ཆོས་ལ་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པས་རབ་རྟོགས་ཏེ་ཞེའོ། །དོན་མ་ནོར་བའི་ངོ་བོ་ནི། རང་བྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་དང་བྲལ། །ཞེས་པ། ལྟ་ངན་གྱིས་ཡེ་ཤེས་ལས་བཟློག་པའི་ཕྱིར། བསྟན་པའི་ཡེ་ཤེས་ཆེན་པོ་ཉིད་ཀྱང་མཚན་ཉིད་དང་ངོ་བོ་རྣམ་པ་མེད་ཅིང་གཟུང་དཀའ་བས་མཚོན་པའི་ཡུལ་ལས་འདས་ཏེ་བཞུགས་སོ། །ཐུན་མོང་གི་ནད་པ་བསྟན་པའི་ཕྱིར། ཡེ་ནས་སངས་རྒྱས་པའི་བདག་ཉིད་མངོན་གསུམ་གནས་པ་ལ། །ཞེས་པ། གྲོང་ཁྱེར་གསུམ་གྱི་འགྲོ་བ་རིལ་ཕྱི་མོ་ནས་མཐའ་དབུས་མེད་པའི་ཡེ་ཤེས་སུ་བརྡལ་བས་གཏགས་པའི་སངས་རྒྱས་གཞན་ན་མེད་དེ་རང་རིག་པའི་མངོན་སུམ་དུ་སངས་་རྒྱས་པར་བཞུགས་སོ། །འོ་ན་འཁོར་བ་སྣང་བའི་ལུགས་ཅི་ཡོད་སྙམ་པ་ལ། གནས་གཞིའི་དོན་གྱིས་སྙིང་པོ་བྱང་ཆུབ་མ་མཐོང་སྟེ། །གྲིབ་མ་གཟུགས་ཀྱི་དཔེ་བཞིན་དེ་ལ་རྟོགས་པ་འབྱུང་། །ཞེས་པ། ཁམས་གསུམ་པ་ནི་བདེན་པ་རྟག་ཏུ་མཐོང་ཡང་ངེས་པའི་ཤེས་རབ་མེད་པས་མ་རིག་པ་སྟེ། ལུས་ཡོད་ན་གྲིབ་མ་ལྟར། མ་ངེས་པའི་ཤེས་པ་དང་ལྡན་པའི་ནད་ཀྱི་གཞི་རྩ་ང་དང་གཞན་པར་བརྟགས་པས་རེད་པའོ། །འོ་ན་འཁོར་བ་ཞིག་གྲུབ་པོ་སྙམ་པ་ལ། དེ་ཉིད་མཐའ་ལས་གྲོལ་བའི་སེམས་ཉིད་དུ་བསྟན་པའི་ཕྱིར། མེད་དེ་མེད་པ་མ་ཡིན་མེད་པའི་སྙིང་པོ་འབྱུང་། །སྟོང་སྟེ་སྟོང་པ་མ་ཡིན་སྟོང་པའི་ཡུལ་ལ་གནས། །ཞེས་པ། འཁོར་བའི་ཆོས་རྣམས་ནི་མིང་ཙམ་སྟེ། རང་རྒྱུད་པ་མེད་ཀྱང་སྣང་པ་བྲལ་བ་མ་ཡིན་ཏེ། སྣང་བརྡོ་ཙམ་ན་མ་གྲུབ་པ་ཉིད་རང་བྱུང་གི་སྐུ་གསུང་ཐུགས་སུ་ཤར་བས། མཐའ་གསུམ་བྲལ་ཡང་ཉི་ཚེ་བ་དང་ཕྱོགས་གཅིག་པའི་སྟོང་པ་མིན་ཏེ། སྟོང་པ་ཆེན་པོར་བཞུགས་པའོ། །ནམ་མཁའི་རང་བཞིན་དེ་ལས་འབྱུང་བའི་དྲན་པ་སྐྱེད། །ཞེས་པ། གདམ་པ་སྟེ། ཇི་བཞིན་པ་ནི། མེད་ལ་ཟད་མི་ཤེས་པ་དང་། །སྟོང་ལ་ཐམས་ཅད་འབྱུང་བ་དང་། གསལ་ལ་རྫོགས་པ་དང་། མཐའ་དབུས་ཁྱོན་དང་བྲལ་བས་ནམ་མཁའ་དང་ཆོས་མཐུན་པ་ནི་རིལ་གཞིར་གྱུར་པས་ཐམས་ཅད་དུ་ངོ་བོ་དེ་ཉིད་རང་སྣང་བའི་དོན་ཡིད་ལ་མི་བྱེད་པ་ནི། ཡང་དག་པའི་དྲན་པ་སྟེ། དེ་ལ་གོ་བ་མཆེད་པར་གྱིས་ཤིག་པའོ། །བྱ་བྲལ་ཟིན་པའི་བདེ་བ་འདོད་པ་མེད་པས་ལེན། །ཞེས་པ་ཐབས་མ་ནོར་བ་ནི་ཟིན་པའི་དོན་རྣམས་ཀྱིས་བྱ་བ་བྲལ་བ་ཉིད་དང་དུ་ལེན་པའང་མེད་པས་སྡུག་བསྔལ་མ་མཐོང་བའི་ཕྱིར་ཐར་པ་ཐོབ་པར་མི་འདོད་པ་ཉིད་ཐར་བ་ཐོབ་པའི་ཐབས་དམ་པའོ། །ཉན་ཐོས་ཀྱི་གོལ་སྒྲིབ་བསྟན་པའི་ཕྱིར། བཟའ་བའི་ཡུལ་མེད་དེ་ལས་ཡེ་ཤེས་འབྱུང་བར་རྩོལ། སྔོན་གྱི་དྲང་སྲོང་རྗེས་སུ་སྒོམ་པའི་ཡིད་ཀྱང་འཇོག །རང་བཞིན་ལམ་དེ་འཁྲུལ་པས་ཐམས་ཅད་མཁྱེན་པ་མེད། །ཞེས་པ། གདོད་ནས་གྲུབ་ཟིན་པས་བརྩལ་གནས་མེད་པའི་ལུང་དང་མན་ངག་ནི་མ་ཐོབ་པས་སྐལ་པ་ཞན་པ་དག །ཐོབ་བྱ་མེད་བཞིན་དངོས་པོར་གཞིར་བཞག་སྟེ། བདེན་པ་བཞིས་རྨལ་ནས་ཡེ་ཤེས་བཅུ་དྲུག་ཏུ་ཕྱེ་སྟེ་རྩོལ་བས་སྒྲུབ་ཅིང་རགས་པ་མཐོང་བས་སྤོང་ལ། ཉོན་མོངས་པ་ཆ་འཕྲ་བ་དག་སྔོན་དྲང་སྲོང་རྣམས་འགོག་པའི་ཏིང་ངེ་འཛིན་གྱིས་སྤངས་ནས་དགྲ་བཅོམ་ཐོབ་པར་གྱུར་པའི་རྗེས་སུ་སྒོམ་ཞིང་སྤོང་བ་ནི། སྒོམ་ལམ་དེ་རང་གི་བརྟག་པའི་རང་བཞིན་ནོར་བ་ཡིན་པས་སངས་རྒྱས་ཆེན་པོ་མི་འཐོབ་པའོ། །གཞན་དུ་ན། ཨ་ཏི་ཡོ་ག་པ་གོལ་བ་དག་གཟའ་གཏད་བྲལ་བ་ཞིག་ཡུལ་དུ་བྱས་པ་ལས་རང་བྱུང་ཡེ་ཤེས་འཆར་དུ་རེ་བས་སྒོ་གསུམ་གྱི་འདུ་བྱེད་ཀྱིས། རྒྱལ་བའི་རྗེས་སུ་ཇི་བཞིན་པ་ལ་དམིགས་ཤིང་རྟེན་རྗེས་སུ་འབྲང་ཞིང་གནས་དམིགས་འདོར་ཏེ་སྤོང་ལེན་བྱེད་པ་དག་ནི། རང་གི་ཀུན་བརྟགས་ལ་ཞེན་པས་ཐམས་ཅད་མཁྱེན་པ་མི་ཐོབ་པར་འཆད་པར་འགྱུར་བ་གང་ཞེ་ན། དེ་བཞིན་པ་ཞེས་རྣམ་རྟོག་དེ་བཞིན་རྟག་སྒོམ་པ། བདེ་བ་ཆེན་པོ་འདོད་པས་ཆགས་པའི་ནད་ཡིན་ཏེ། །ཞེས་པ། འདི་ཉིད་ཀྱི་སྒོམ་པ་གོལ་བས་མུ་སྟེགས་རྒྱལ་ཐབས་པར་གོལ་བ་དག་བདག་ཏུ་རློམ་སེམས་པ་ཕྲ་བ་དང་མ་བྲལ་བས་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དུ་དམིགས་ཤིང་མཚན་མ་དོར་ཏེ། དེ་ལྟར་རྒྱུན་དུ་དམིགས་པས་སྒོམ་པས་རེ་དོགས་དང་མ་བྲལ་བར་བསམ་གཏན་གྱི་རོ་ལ་ཆགས་པ་ནི། གཅོང་རྙིང་ཆེན་པོ་སྟེ་བདེ་བ་ཆེན་པོར་མི་འཚོ་བས་དེ་ལ་སོགས་པ་ལྟོས་པའི་ཀུན་བརྟགས་པ་ནི་ཁྱད་པར་གྱི་ནད་པའོ། །མི་གཡོ་རང་བཞིན་གནས་པས་སྨན་ཆེན་མ་བྱས་ན། །ཞེས་པ། སྒོམ་པའི་ནད་ལ་ངོ་བོ་ཉིད་ཀྱི་ཞི་གནས་ཆེན་པོས་མ་གསོས་ན་སྡུག་བསྔལ་དུ་འགྱུར་བའི་ཕྱིར། མཐོ་རིས་བགྲོད་པའི་རྒྱུ་དེས་ཉོན་མོངས་ཟིན་པར་འགྱུར། །ཞེས་གསུངས་ཏེ། རྩོལ་བའི་རྒྱ་མཚོར་བྱིང་བར་འགྱུར་བས་ཉེས་པ་བའོ། །ལམ་མེད་ལམ་དུ་འཇུག་པ་རྣམས་ཀྱི་ནད་ཆེ་བ། །ཕྱིན་པར་འདོད་པས་རི་དྭགས་སྨིག་རྒྱུ་སྙེག་པ་འདྲ། །ཞེས་པ། བགྲོད་དུ་མེད་པའི་ལམ་ལ་བགྲོད་ཅིང་འཇུག་པ་ནི། རྒྱང་འཕེན་པ་སྟེ། དཔེ་ཇི་ལྟ་བར་མིང་འཐོབ་པས་གོལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྙེག་པའི་ཡུལ་མེད་འཇིག་རྟེན་གསུམ་ལས་ཡོད་མི་འབྱུང་། །ཞེས་པ། ཁམས་གསུམ་པ་ཉིད་ལྷུན་གྱིས་གྲུབ་པའི་ངོ་བོར་སངས་རྒྱས་ཟིན་པའི་ཕྱིར་དེས་རྒྱུ་བྱས་པའི་འབྲས་བུ་ཐོབ་པར་བྱ་བའི་ཡུལ་གུད་ན་མེད་པར་ལ་གཅད་དོ། །སའི་སྒྲིབ་པ་བསྟན་པའི་ཕྱིར། ས་བཅུར་ལྟོས་པའི་གནས་ཀྱང་བྱང་ཆུབ་སྒྲིབ་པ་ཡིན། །ཞེས་པ་རྒྱུའི་བྱང་ཆུབ་སེམས་དཔའི་ས་བཅུའི་ལམ་ཐབས་ལ་རྟེན་པས་ཚོལ་བ་དང་། གསང་སྔགས་པ་ཕྱི་ནང་གསང་བའི་ས་བཅུའི་ཐབས་ལ་བརྟེན་པས་ཐོབ་པར་འདོད་པས་བྱང་ཆུབ་ཆེན་པོ་བགྲོད་པ་དང་བྲལ་བའི་གནས་མི་མཐོང་བའོ། །ཤིན་ཏུ་མྱུར་བའི་ཡེ་ཤེས་བསམ་པ་ཀུན་དང་བྲལ། །ཞེས་པ། དེ་བས་ན་རང་བྱུང་བའི་ཡེ་ཤེས་ཐམས་ཅད་ཀྱི་དངོས་གཞི་བ་ནི་རིམ་པས་བགྲོད་པ་དང་བྲལ་བས་མཐོང་བ་ཙམ་གྱིས་མ་བགྲོད་པར་ནོན་པས་མགྱོགས་ཏེ། དེ་ལ་ཆེད་དུ་བྱས་པའི་གཟུང་འཛིན་རིལ་དང་བྲལ་བས་སྒྲིབ་པ་སྦྱང་དུ་མེད་པས་ཁྱད་པར་ཆེའོ། །སྨན་པ་དམ་པ་ལ་བརྟེན་ཏེ་དེ་དག་ཐོབ་པར་བྱ་བའི་ཕྱིར། བཤེས་གཉེན་ཀུན་ལས་འབྱུང་བའི་ནོར་བུ་རིན་ཆེན་བཞིན། །ཞེས་པ། བཤེས་གཉེན་དམ་པ་རྡོ་རྗེ་སློབ་དཔོན་ནི་གང་ཟག་འགའ་དང་འགའ་ཐུགས་རྗེས་སྐྱོབ་པ་མ་ཡིན་ཏེ། འགྲོ་བ་རིལ་ལ་སྙིང་རྗེས་མི་འབྲལ་བར་སྐྱོབ་ཅིང་ལེགས་པ་སྦྱིན་པར་བྱེད་ཅིང་ཆོས་ཀྱིས་དབུལ་བ་སེལ་བས་དགོས་འདོད་སྐོང་བའི་ནོར་བུ་ལྟ་བུར་གྱུར་པའོ། །དམིགས་པ་མེད་ཅིང་འགྱུར་བའི་གནས་ལ་མི་ལྟོས་པར། །ནང་གི་རང་བཞིན་ལེགས་པས་རེ་བ་ཐམས་ཅད་སྐོང་། །ཞེས་པ། ཐུགས་རྗེ་ལ་ཕྱོགས་རིས་མེད་པར་དགོངས་པ་ལ་གཟའ་གཏད་མི་མངའ་བའི་ཕྱིར་རྟོག་པ་གནས་གྱུར་གྱི་མན་ངག་ལ་རེ་བ་མི་འཇོག་གོ །དེ་བས་ན་ཐམས་ཅད་སངས་རྒྱས་མེད་པར་སྟོན་པའི་ལུང་ཐོབ་པས་དམ་པའི་མཛོད་གསུམ་གྱི་ཡོན་ཏན་གྱིས་སློབ་བུ་སྐལ་པ་ཅན་རིལ་ཚིམ་པར་བྱེད་ལ། སྒོ་གསུམ་གྱི་མཛད་པ་ལེགས་པས་དམན་པ་དག་ཆུད་མི་གསོན་པར་སྦྱོར་བའོ། །བརྟགས་ན་མེད་ལ་གཞག་ན་འབྱུང་བའི་ལེགས་པ་ཆེ། །དངོས་སུ་མི་སྣང་ཆགས་པའི་ཆ་ལུགས་ཀུན་ལ་སྟོན། །ཞེས་པ། དམ་པ་དེ་ཟུངས་ཐུབ་ལ་བརྟེན་ཅིང་གླན་དཀའ་བས་ཡུན་རིང་མོར་འགྲོགས་དང་སྔར་མ་མཐོང་བའི་ཡོན་ཏན་རྣམས་ཕྱིར་ཟད་པ་མེད་པར་འབྱུང་བ་ནི་འཇིག་རྟེན་གྱི་སྒྲོན་མ་དངོས་ཏེ། ཕལ་པས་བརྟག་དཀའ་བའི་གདུང་བ་མེད་པའི་སྙིང་རྗེ་ཆེན་པོས་གདུལ་བྱ་མི་གཏོང་བར་ཀུན་དང་མཐུན་པར་དོན་མཛད་པའོ། །བདག་དང་གཞན་དུ་བྲལ་བས་སྟོན་མཁན་རིན་ཆེན་མཛོད། ཐམས་ཅད་གྲུབ་པའི་ཡུལ་ཞེས་བདག་མེད་སྙིང་རྗེས་བསྟན། །ཞེས་པ། ཐམས་ཅད་ཀྱང་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པའི་དགོངས་པ་མངའ་བས་གཟུང་འཛིན་དང་བྲལ་བའི་བླ་མ་སྙིང་པོའི་དོན་དེ་ཉིད་དྲི་མ་མེད་པར་སྟོན་པ་ནི། ཁམས་གསུམ་ཉིད་རིན་པོ་ཆེའི་གཏེར་ཡིན་པའི་དོན་འབྱིན་པས་བླ་མའི་ཡོན་ཏན་ནོ། །དེ་ལ་བརྟེན་པའི་ཡོན་ཏན་ནི། སྲོག་ལུས་དང་ཟང་ཟིང་ལ་མ་ཆགས་པས་མཉེས་པས་ཕོག་པར་བྱས་ཏེ་མན་ངག་བཅུའི་དོན་ཞུས་ན། བསམ་པའི་འདོད་པ་ཐམས་ཅད་གྲུབ་པར་བྱེད་པའི་འབྱུང་ཁུང་སྟོན་པ་མངོན་ཕྱུང་ཡིན་པར་གཟུང་འཛིན་དང་བྲལ་བའི་ཐུགས་རྗེ་མངའ་བའི་སངས་རྒྱས་ཉིད་ཀྱིས་ལུང་བསྟན་ཏོ། །དེ་བས་ན་འབྲེལ་ངོ་དང་ཁེ་གྲགས་ཀྱི་ཕྱིར་མདོ་མེད་བླ་མར་བསྟེན་ན་སླར་ནད་་རྒྱས་པར་བྱེད་དེ་བཅལ་ཏོ། །ལྷག་པའི་ཐབས་དང་ཤེས་རབ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པར་བསྟན་པའི་ཕྱིར། ནང་ནས་མ་གཡོས་ནད་དུ་བཙལ་བའི་གནས་མེད་དོ། །ཞེས་པ། སྤྱོད་ཡུལ་མེད་པར་རྟོགས་པའི་གདེང་མངའ་བའི་སྐྱེས་བུ་ནི་བློ་ཆོས་ཉིད་ལ་ཕར་མི་འབྲེང་ཞིང་། དམིགས་པ་ནང་དུ་བསྡུས་ནས་དོན་ལ་ལྟ་བའི་གཞི་མེད་དེ། ཕྱི་ནང་མེད་པར་རང་གསལ་ལ་ཟིན་ཆགས་མེད་པའོ། །ཡུལ་ཕྱིར་ཆགས་ཤིང་ཡུལ་ལ་བསྔོ་བའི་དམིགས་པ་མེད། །ཞེས་པ། གདུང་བ་མེད་པའི་ཐུགས་རྗེ་མངའ་བས་འགྲོ་བ་སྡུག་བསྔལ་ཅན་འགའི་ཆེད་དུ་གདུང་བའི་སྙིང་རྗེས་མི་འབྲལ་བར་དོན་དམིགས་པ་མེད་དོ། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེ་དེ་ཡིན་ན། །ཞེས་པ། རང་བྱུང་གི་ཡེ་ཤེས་སྙིང་རྗེ་ཆེན་པོ་འགྲོ་འོང་དང་བྲལ་བས་ཆེད་དུ་བྱས་པའི་བདག་གཉིས་དང་བྲལ་བར་རང་གསལ་བའི་གཟུངས་ལྡེབ་ཀྱིས་བསྐྱབས་པ་ནི་སྙིང་རྗེ་ཆེན་པོ་སྟེ། ནད་པའི་ཚོགས་དང་མ་བྲལ་བའོ། །འགྱུར་བ་ནི་དེ་གཞན་པའི་སྤྱོད་ཡུལ་དུ་མི་འགྱུ་བར་འཆད་དེ། གཞན་གྱི་ནོར་མིན་མི་འོང་ཡེ་ནས་གནས་པ་ཡིན། །ཞེས་པ། ལྷག་པའི་ལྟ་སྤྱོད་དེ་ཡུལ་དུ་བྱེད་པ་རྣམས་ཀྱིས་མི་མཐོང་ཞིང་བློ་ལ་མི་སྣང་བས་འདི་འཆད་པའི་མི་ཆེན་པོའི་སྤྱོད་ཡུལ་བདུད་ཀྱིས་ཀྱང་མི་འཕྲོགས་པར་རང་ལ་ལྷུན་གྱིས་ཡེ་རྫོགས་པའོ། །ཐབས་གོལ་བ་བསྟན་པའི་ཕྱིར། བདེ་བ་འདོད་པས་བདེ་ལ་རྒྱབ་ཀྱིས་ཕྱོགས། །བདེ་བས་ཟིན་ཏེ་བདེ་བས་བདེ་བ་ཚོལ། །བྱང་ཆུབ་འཁྲུལ་པ་ཡེ་རྔན་ཆོས་ལ་ཟ། །དེ་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན། །ཞེས་པ། གདེང་གསུམ་བྲལ་བའི་རྒྱུ་དང་འབྲས་བུའི་ཐེག་པ་དག་དགྲ་བཅོམ་པ་ནས་ཡི་གེ་འཁོར་ལོའི་སའི་བར་མངོན་དུ་འདོད་པ་དབྱེ་བ་མེད་པའི་ས་ལས་གོལ་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་ཉིད་ཆོས་སྐུ་ཆེན་པོར་ལྷུན་གྱིས་གྲུབ་ཟིན་བཞིན་གདེང་གིས་ངེས་པར་མ་བྱས་པས་ཐར་པ་གཞན་དུ་སྙེག་པ་ནི་གླང་པོ་ཞོན་ནས་གླང་པོ་ཚོལ་བ་ལྟ་བུའི་ཕྱིར་རོ། །དེ་བས་ན་རྣམ་པར་མི་རྟོག་པ་ཆེད་དུ་བྱེད་པས་ཤེས་པ་བསླད་པའི་ནོར་བ་དག་པ་ནི་འབྲས་བུ་ལ་བརྔམ་ཆགས་ཀྱིས་ཁང་དུ་ཅི་ཆུད་དང་ཅི་ཐོབ་དུ་རྩོལ་བ་ན་ཟ་བ་སྟེ་ལྟ་ངན་ཅན་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཐོབ་པའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །སངས་རྒྱས་སྟོན་པས་མིང་དུ་བཏགས་པས་ནོར། །སངས་རྒྱས་གཞན་ནས་ཐོབ་བྱེད་ནོར་བའི་ལམ། །ཞེས་པ། རང་རིག་པ་མ་ཡིན་པའི་རྒྱལ་བ་རང་རྒྱུད་དུ་མ་གྲུབ་པས་མཚན་ཉིད་ཀྱང་མ་གྲུབ་པའོ། །དེ་བས་ན་གཞི་ལ་མ་གྲུབ་བཞིན་ཞེན་པ་བཟློག་ཕྱིར་བཏགས་པ་གདགས་གཞི་མེད་པའི་ཕྱིར་འཁྲུལ་པས། ཤིན་ཏུ་རྣལ་འབྱོར་མ་ཡིན་པ་དག་ཐབས་ལ་བརྟེན་པས་ཚོལ་བ་ནི་ལྟོས་པའི་ཀུན་བརྟགས་པའི་ཕྱིར་རོ། །གཟུགས་མེད་ཆོས་ཀུན་བཤད་པ་རྡུལ་ཙམ་མེད། །ཞེས་པ། དེས་ན་བྱང་ཆུབ་སེམས་སྣ་ཚོགས་ཀྱི་གཟུགས་ཅན་ཡིན་པའི་ཕྱིར་རྣམ་པ་མེད་པས་མཚོན་དུ་མེད་པའི་ཕྱིར་སྒྲོ་སྐུར་མི་ལྟ་བས་མ་བཤད་དོ། །དེ་ཕྱིར་ཚིག་གིས་གཏན་ལ་མི་འབབ་པའོ། །ཟིན་དང་ཆགས་དང་བྲལ་བ་དང་། །དངོས་པོ་མེད་དང་རྣམ་པར་སྤོང་། །ཞེས་པ། གཟའ་བའི་ཐབས་རྗེས་སུ་རྣལ་འབྱོར་པ་དག་ཆོས་སོ་ཅོག་ཡབ་ཡུམ་སྲས་དང་བཅས་པའི་བདེ་བ་ཆེན་པོར་གྲུབ་ཟིན་པའི་ལྟ་བས་ཚོལ་བ་དང་། རྣལ་འབྱོར་ཆེན་པོ་དག་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱི་ཐབས་ལས་སྐྱེ་བར་འདོད་པ་དང་། ཡོ་ག་རྣམ་པ་རྣལ་འབྱོར་གཉིས་ཀྱི་ལས་ཀྱི་བག་ཆགས་བསལ་ནས་ཐོབ་པར་ལྟ་བ་དང་། བྱ་བ་དག་སྔགས་དང་ཕྱག་རྒྱའི་འོད་ཟེར་གྱིས་ཟུག་རྔུ་སྦྱོང་བ་དང་། དབུ་མ་སྟོང་ལྟས་སྦྱོང་བ་དང་། ཐེག་པ་ཆུང་ངུ་གཉིས་མཐོང་སྒོམ་ལམ་གྱིས་སྤོང་བས་མི་རྙེད་དོ། །དེ་ཅིའི་ཕྱིར། བདུད་རྩི་ཆེན་པོའི་རང་བཞིན་ལ། །གཟའ་པའི་ཐབས་ལ་རག་པ་མེད། །ཞེས་པ་གང་ལའང་མི་གཡོ་བའི་སྨན་ཆེན་པོ་བརྩལ་བ་དང་བྲལ་བ་འདི་ལ། བཤད་པའི་གཟའ་གཏད་ཀྱི་ཐབས་ལ་རག་མ་ལུས་ཏེ་ཟིན་པའི་བདུད་རྩིས་རྩོལ་བའི་སྡུག་བསྔལ་བཅོམ་པས་ཕྱོགས་ཀྱི་ཐབས་ལ་རྟེན་པ་མེད་པའོ། །ནད་ཀྱི་གཉེན་པོ་བསྟན་པའི་ཕྱིར། ཡངས་པོ་ཆེའོ་ཆོས་ཆེན་པོ། །ཆུང་དུ་རྣམས་ཀྱི་གཉེན་པོ་ཡིན། །ཞེས་པ། ལྷུན་གྱིས་གྲུབ་པའི་བདག་ཉིད་ལ་ཁྱོན་ཐུག་པ་མེད་ཅིང་། གང་ཡང་མ་བཀོལ་མ་བསྡུས་པར་རྫོགས་པ་ཉིད་ཆོས་སོ་ཅོག་གིས་བཞགས་པས་ང་རྒྱལ་ཆེན་པོར་གྱུར་པ་དང་། འགྲན་གྱི་ཟླ་མེད་པས་ཁྱད་པར་དུ་གྱུར་བའི་ཐེག་པ་འདིས། ཐེག་པ་དམན་པ་རྣམས་ཀྱི་ལྟ་བ་རིལ་རང་གི་ཞོན་རྟོག་གི་ནད་སྣང་བར་སུན་འབྱིན་པའི་ཕྱིར་རོ། །འོ་ན་འདིར་དམན་པའི་ལྟ་སྤྱོད་སྤོང་བས་དེ་ཉིད་གཟའ་གཏད་ཀྱི་ལྟ་བར་འགྱུར་རོ་སྙམ་པ་ལ། ཆེ་ལ་དམིགས་པའི་ཆེ་བསྙམས་ནས། །ཆུང་ཆེ་དེ་རྣམས་དམིགས་དང་བྲལ། །ཞེས་པ། བདག་ཉིད་ཆེན་པོ་ཉིད་སྤྱོད་ཡུལ་དུ་མི་བྱེད་པ་ནི་སེམས་རྩེ་གཅིག་པ་ཆེན་པོ་སྟེ། ངང་གིས་ཡེངས་བྲལ་མེད་པའི་བཏང་སྙོམས་ཆེན་པོ་ལ་མཐོན་དམན་གྱི་ལྟ་བ་དག་ལ་སྤོང་ལེན་གྱི་གཟའ་གཏད་མེད་དེ་ཐམས་ཅད་དུ་ངང་ལས་མི་འགྱུར་བར་ཟུང་འབྲེལ་ཆེན་པོར་བཞུགས་པས་ནད་སྦྱོང་བ་ལ་བརྩོན་པའང་ཡིན་ནོ། །ཡོ་ག་ཕྱི་ནང་གི་སྒོམ་པའི་གོལ་ས་བསྟན་པའི་ཕྱིར། གསུངས་དང་རྒྱས་ལ་དམིགས་དང་སྣང་། །ཞེས་པ། ཡོ་ག་ཕྱི་ནང་གི་མན་ངག་གསུམ་གྱི་གནད་མ་ཆུད་པས། བསྟན་པའི་དོན་ལ་དམིགས་པས་འབྲས་བུ་ཞིག་སྣང་བར་འདོད་པ་ནི། གསུང་ཡི་གེ་དང་སངས་རྒྱས་ཀྱི་སྐུ་དང་ཐུགས་ཕྱག་མཚན་ལ་སྒོམ་པའང་། རང་གི་རིག་པ་ཉིད་ཕྱག་རྒྱ་གསུམ་དུ་རང་སྣང་བར་ལྟ་བ་དང་། རིག་པས་དབང་བསྒྱུར་ནས་སེམས་ཀྱི་ཆོ་འཕྲུལ་ལྟར་སྣང་བ་དང་། སེམས་ཀྱི་ཡེ་ཤེས་ཀྱི་བྱིན་རླབས་བརྒྱུད་ནས་ལྷར་སྣང་བ་དང་། རྟོགས་ནས་བཟོད་དེའི་ཡོན་ཏན་ལྷར་སྣང་བར་འདོད་པ་དག་ནི་གཞི་ལ་མ་གྲུབ་པས་མི་བདེན་ཏེ། དེ་དཔེས་ཉེ་བར་མཚོན་པའི་ཕྱིར། ། སྒྱུ་མཁན་རི་མོའི་རྣམ་པ་བཞིན། ཞེས་པ། སྒྱུ་མའི་མཁན་པོས་རྡེའུ་དང་རྩྭ་འཇག་ལ་རྟ་གླང་མེད་པར་ཤེའུ་རེ་སྨན་དང་སྔགས་ཀྱིས་བཏབ་སྟེ་གླང་ལ་སོགས་པ་བྱས་ནས་རང་ལྟ་བ་དང་། རི་མོ་མཁན་ཁང་བུའི་ངོས་ལ་ལྷ་དང་ལྷ་མོ་བྲིས་ནས་རང་ལྟ་བ་ལྟར། གཞི་ལ་མེད་པའི་བཟང་རྟོག་གིས་སླར་རྟོག་པ་མཆེད་པར་བྱེད་དོ། །འབྱུང་འཇུག་ཡེ་ཤེས་བྱིང་རྨུགས་ཀྱིས། །ཞེས་པ། མཚན་མའི་ཕྱག་རྒྱ་རྣམ་གསུམ་ལ་ཐུན་མཚམས་སུ་བཅད་ནས་སྒོམ་པའི་རིག་པ་ཉིད་ཐིག་ལེ་ཆེན་པོའི་ལྟ་བར་ལྡང་མི་ནུས་པ་དང་དོན་དེ་གསལ་བ་མེད་པ་དེའ་ིརྒྱུས་སླར་རྟོག་པ་འཕེལ་བར་བྱེད་པའི་ཕྱིར། དེའི་དབང་ལས་སྐྱེས་བར་འགྱུར། །ཞེས་གསུངས་ཏེ། ཁྱིའུ་ཕྱི་པ་དམ་པ་དང་མཚུངས་སོ། །ཁྱིའི་འབྱིན་པ་དང་མཚུངས་སོ། །དེས་སྨན་དམ་པ་སྦྱོར་ལུགས་ནི། བཏངས་སོ་གཞག་གོ་རང་བཞིན་ཏེ། འདོད་པ་མེད་ཅིང་ལེན་པ་མེད། །ཞེས་པ། མཆོད་སྦྱིན་ལ་སོགས་པའི་ལས་ཅི་ལའང་ཟིན་ཆགས་མེད་པས་རྩོལ་བར་མ་གྱུར་པ་ནི་ཇི་བཞིན་པ་ཉིད་ཀྱི་རང་བཞིན་ཡིན་ཏེ། སྐྱེས་བུ་དེ་ལ་གདེང་དེ་དང་ལྡན་པས་དོན་ལ་ཆགས་པས་ཤེས་བྱ་དང་ལེན་པ་མེད་དོ། །བླང་དོར་མེད་པའི་བདག་ཉིད་ཀྱི་ཕྱིར་སྤྱོད་པ་དེ་ཉིད་ཀྱང་མི་ལེན་ནོ། །བྲེང་པ་རྡུལ་ཙམ་མི་སྐྱེ་ཞིང་། །ཞེས་པ། ལྷུན་གྱིས་གྲུབ་པའི་ངང་ལས་སྤྱོད་པ་ཅི་སྤྱོད་ཀྱང་མི་ལྡོག་པས་རྟགས་དང་དངོས་གྲུབ་ལ་སྤྲོ་བའི་སེམས་ཆ་ཕྲ་བའང་མི་སྐྱེའོ། །དོན་དེ་དག་གི་ཆོས་མཐུན་པ་ནི། ཁྱུང་ཆེན་ནམ་མཁར་ལྡིངས་བ་བཞིན། །ཞེས་པ། ཁྱུང་ཆེན་པོ་མཁའ་ལ་ལྡིང་བ་ནི། རིལ་ཟིལ་གྱིས་ནོན་ཏེ། ཁེབས་འོག་ཏུ་ཆུད་པ་དང་། རྗེས་མེད་པ་དང་། གཤོག་པ་མི་རློབ་པར་ལྡིང་བ་དང་། རིལ་གསལ་བ་དང་། ལྷུང་དུ་དོགས་པ་མེད་པ་དང་། ཉམ་མི་ང་བ་དང་། ཤིན་ཏུ་མགྱོགས་པ་བདུན་གྱིས་མཚོན་པ་ནི། སྤྱོད་པ་དང་། ཏིང་ངེ་འཛིན་དང་། ཡེ་ཤེས་དང་། གདེང་འཕྲིས་དང་། བྱུང་ཚོར་བཅོས་པའི་ཐབས་དང་། ཐ་སྙད་ཙམ་དུ་འགྲུབ་པའི་དུས་མཚོན་པ་སྟེ། བཤད་པ་དང་འཆད་པ་ལའང་སྦྱར་རོ། །སྤྲོ་བ་མེད་ཅིང་བསྡུ་བ་མེད། །ཞེས་པ། འདིར་ཏིང་ངེ་འཛིན་གྱིས་ཡུལ་ཤེས་མེད་པས་རང་གསལ་བ་ལ་ཇི་བཞིན་པའི་རྗེས་སུ་ཕར་འབྲོང་བ་མེད། དམིགས་པ་ནང་དུ་བསྡུ་བ་མེད་དེ། །ཕྱི་ནང་མེད་པར་རིག་པ་ཇི་བཞིན་པར་རང་སྣང་བའོ། །སྟོང་པར་མི་དགོས་བཟའ་བ་མེད། །ཞེས་པ། གདེང་གིས་གོལ་སྒྲིབ་རྣམས་ལ་ཟློས་པས་ཆ་མཐུན་པའི་ཏོན་མུན་ལ་སོགས་པར་གོལ་དུ་དོགས་པ་དང་རང་གི་དོན་ཐོབ་ཏུ་རེ་བར་རྩོལ་བ་མེད་དོ། །ངོ་བོ་ཉིད་ཀྱི་སྣང་བ་འབྲས་བུ་ཐོབ་ལུགས་བསྟན་པའི་ཕྱིར། རྒྱ་མཚོ་བཞིན་དུ་ཡེ་གནས་ལ། ཆོས་རྣམས་སྣ་ཚོགས་འབྱུང་བར་མེད། །ཞེས་པ། རྒྱ་མཚོ་ན་དྭངས་བ་དང་ཟབ་པ་དང་རླབས་མི་ཟད་པ་དང་རྒྱ་ཆེ་བ་དང་འདོད་པ་འབྱུང་བ་ལྟ་བུར་ཆོས་ཕྱོགས་མཐུན་པའི་དེ་ཁོ་ན་ཉིད་སེམས་ཀྱི་རང་བཞིན་འོད་གསལ་ཞིང་རྟོགས་དཀའ་བ་ཡོན་ཏན་འཕེལ་འགྲིབ་མེད་པ་མཐའ་དབུས་བྲལ་བ་ཐམས་ཅད་ཚིམ་པར་བྱེད་པའི་ངོ་བོར་ཡེ་ནས་བཞུགས་པས། གོམས་པས་རིག་པ་ཞེན་པ་ཟད་པ་ཉིད་ཆོས་སོ་ཅོག་འབྲས་བུར་རང་ཤར་བར་བྱེད་པའི་ཀླུང་བརྙེས་པ། འོན་ཀྱང་རྒྱུ་རྐྱེན་འདོད་པ་ནི་མ་ཡིན་ནོ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། ། ཞེས་པ། ཐམས་ཅད་དུ་ལེགས་པའི་ཡེ་ཤེས་ནི་གྲངས་ཁྱོན་བྲལ་བས་དཔག་དཀའ་བའོ ། །བསྡུ་བའི་གནས་སུ་ངེས་པ་མེད། །ཞེས་པ། དེ་ཉིད་དུ་རང་ཤར་བར་ཟད་ཀྱི་ཡོན་ཏན་དེ་དག་ཆུབ་པར་བྱ་བའི་གནས་སུ་བཟུང་བ་མེད་པའོ། །དེ་བས་ན། བྱང་ཆུབ་སྙིང་པོར་དེ་མ་ཐག །ཞེས་པ། རང་རིག་འཕྲོ་འདུ་དང་བྲལ་བར་གསལ་བ་ལས་མ་གཡོས་པའི་དགོངས་པས་རྫོགས་པ་སྤྱིར་ཆིབ་ཀྱི་ས་མ་བགྲོད་པར་ནོན་པ་ནི་ལྷག་པའི་དུས་སོ། །ཏིང་འཛིན་རྒྱལ་པོ་ཆེན་པོར་བྱུང་། །ཞེས་པ། ཐམས་ཅད་གསལ་ལ་མ་བསྒྲིབས་མ་གཡོས་པར་གནས་པ་ནི། ཟླ་མེད་པ་དང་། ཟིལ་གྱིས་གནོན་པ་དང་། དབང་ཆེན་དུ་བཞུགས་པ་དང་། ངོ་བོས་བརྗིད་པས་ཏིང་ངེ་འཛིན་འབུམ་ཕྲག་ནི་གཙོ་མཆོག་ཏུ་ཤར་བའོ། །དེ་ལྟ་བུའི་ཏིང་ངེ་འཛིན་ལ་མཚན་གྱི་བྱེ་བྲག་ནི་མི་གནས་པའི་ཏིང་ངེ་འཛིན་དང་། མི་རྟོག་པའི་ཏིང་ངེ་འཛིན་དང་། ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དང་། ཐོད་རྒལ་གྱི་ཏིང་ངེ་འཛིན་དང་། སྣང་བ་ཆེན་པོའི་ཏིང་ངེ་འཛིན་ཞེས་བྱ་སྟེ་འདིར་དོན་གྱིས་རྫོགས་པར་བཤད་དོ། །ཐ་མ་ཉིད་ཉེ་བར་བསྟན་པའི་ཕྱིར། སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །མི་རྟོག་ནམ་མཁའི་མཐའ་ལྟར་ཡངས། །ཞེས་པ། བྱང་ཆུབ་ཀྱི་སེམས་ཐམས་ཅད་དུ་རང་སྣང་བ་མཁའ་རྡུལ་དང་། སྲོག་ཆགས་ལྡེམ་བུ་ཡན་ཆད་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བ་ནི། རྒྱ་མཚོ་དྭངས་བར་ཉི་ཟླ་གཟའ་སྐར་ཤར་བ་ལྟ་བུའོ། །དེ་ཉིད་ཡུལ་དུ་མིན་པར་རང་རིག་གི་ཕྱིར་རང་ལ་རང་ཉིད་ཡེ་ཤེས་ལ་བདག་ཏུ་འཛིན་པ་མེད་པར་གསལ་བ་ནི་ཐེག་པ་དམན་པའི་མཐར་ཕྱིན་གྱི་ཡེ་ཤེས་གཉིས་ལྟ་བུ་མ་ཡིན་ཏེ་མི་རྟོག་པ་ཉིད་ཐམས་ཅད་མཁྱེན་པའི་ཕྱིར་དཔེ་ནམ་མཁའ་ལྟ་བུ་སྟེ་དཔག་ཏུ་མེད་པའོ། །ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ། །སྐྱེ་ཞིང་འཕོ་བའི་གནས་མེད་དོ། །ཞེས་པ་ཆོས་སོ་ཅོག་ལྔ་ཀུན་ཏུ་བཟང་པོའི་ངོ་བོར་སངས་རྒྱས་པ་ཉིད་སྤྱོད་ཡུལ་ཡོངས་སུ་དག་པས་ངོ་བོ་ཉིད་རྟག་པ་ལ་རྒྱུད་དུ་སྐྱེ་བ་མེད། རྒྱུ་རྐྱེན་མེད། དུས་ཀྱི་ཐོག་མ་མེད། ངོ་བོ་མི་ཟིན་པ་ལ་སྐྱེ་བར་གཅིག་པས་བདག་གཞན་མེད་ཕྱིར་འཁྲུལ་པའི་སྐྱེ་ཤི་སྣང་བཞིན་མ་གྲུབ་པའོ་ཞེས་གསུངས་ཏེ། འཁྲུལ་རྟོག་ཙམ་སྣང་བ་མ་ཡིན་པ་ངོ་བོ་ཉིད་སྐྱེ་ཤིའི་གཞི་མེད་པའོ། །འོ་ན་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་རྟེན་ཅིང་འབྲེལ་པ་ལས་སྣང་བ་འདི་ཅི་ཉེས་ཞེ་ན། རྒྱུ་རྐྱེན་ཡན་ལག་བཅུ་གཉིས་པོ། །ཞེས། རང་རྒྱལ་བའི་གོལ་ས་སྟེ། རྒྱུ་དྲུག་རྐྱེན་དྲུག་དང་། རྒྱུ་གསུམ་རྐྱེན་གཉིས་སྡུག་བསྔལ་གསུམ་དུ་ཕྱེ་ནས་རྩད་གཅོད་ཅིང་འགེགས་པ་ནི་འཁྲུལ་ཏོ། །སྐུར་པས་བཏགས་པས་བཤད་པ་ཡིན། །ཞེས་པ། ཐིག་ལེ་ཆེན་པོ་རྒྱུ་རྐྱེན་གྱི་རྣམ་གྲངས་དང་བྲལ་བ་མ་གོ་བས་ཟབ་མོ་ལ་མ་ཡིན་ནོ། །ཞེས་སྨྲ་བའི་བྱིས་པ་དག་གིས་རྟེན་འབྲེལ་མིང་བཏགས་པའི་ཆེད་དུ་བཀའ་སྩལ་པའོ། །དེ་ཉིད་རང་གི་ཞེན་པ་སྣང་བ་ལས་དེ་ཁོ་ན་ཉིད་དེ་ལྟ་བུ་མ་ཡིན་པའི་ཕྱིར་རང་རྒྱུད་ཀྱི་འཁྲུལ་པ་ལས་འཕགས་པ་ཙམ་གྱི་ལྟོས་འཁྲུལ་ཏེ་གཉིས་ཀྱིས་དགེ་འདུན་་གཞུག་པའི་ཆེད་དུ་གསུངས་པ་ལས། ལྷག་པའི་སྒྲ་འགོག་པའི་དོན་གྱིས་བཤད་པ་ལྟར་མི་བདེན་པས་དེ་ལྟར་གོ་བར་གྱིས་ཤིག་པར་གདམས་པའི་ཕྱིར། འཁྲུལ་པ་རྣམས་ཀྱི་སྒོ་ཙམ་དུ། །མཁས་པར་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་སོ། །ནད་པའི་ཚོགས་དང་མི་འབྲལ་བར་བསྟན་པའི་ཕྱིར། འགྲོ་བ་རྒྱུད་དྲུག་སྣང་བ་ཡང་། །དད་པའི་ལམ་དུ་ཤེས་པར་བྱ། །ལོངས་སྤྱོད་སྙིང་རྗེས་བརླན་པས་ན། །ཞེས་པ་འདིས་འགྲོ་བ་དང་འདིར་འགྲོ་བ་དང་འདི་འགྲོ་བའི་རིགས་དྲུག་འཁྲུལ་པ་མཐོང་བའོ། །མི་མཐུན་པ་དེ་དག་རིང་ཕྱི་མོའི་ཆོས་ཉིད་མ་ནོར་པའི་ལམ་ཡིན་པས་མ་འཁྲུལ་པར་གདེང་ཆུད་པར་གྱིས་ཤིག་པར་གདམས་པ་སྟེ། དེ་ལྟར་གནད་ཆུད་པས་བསམ་གྱིས་མི་ཁྱབ་པའི་འདོད་ཡོན་གྱི་རོ་དུས་ཅིག་ཏུ་བསྟར་པས་ལོངས་སྤྱོད་ཆེན་པོ་རྒྱུན་མ་ཆད་ཅིང་། གཉིས་པ་མེད་པའི་ཐུགས་རྗེའི་རླན་གཟུངས་ཀྱིས་ཀུན་ཟིན་པའི་གཞི་དེ་ལྟ་བུ་བས། གང་དུ་དགའ་བ་བྱང་ཆུབ་སྤྱོད། །ཞེས་པ། སྤྱོད་ལམ་ཐམས་ཅད་དུ་འགྲེ་ལོག་སྤྱི་ཚུགས་གང་སྤྱད་ཀྱང་། བདེ་བ་ཆེན་པོའི་མཛད་སྤྱོད་ལས་མ་ཉམས་ཏེ་ལྷུན་གྱིས་རྫོགས་པར་གསལ་ལོ་བར་གདམས་པའོ། །སྨན་གྱི་ལུང་བསྒྲུབ་པ་དེ་ཉིད་ཉེས་པར་མི་འགྱུར་བར་བསྟན་པའི་ཕྱིར། ཤན་པ་སྨད་འཚོང་མཚམས་མེད་ལྔ། །ཁ་ན་མ་ཐོ་འཇིག་རྟེན་སྤང་། །ཡོངས་སུ་རྫོགས་པ་ཆོས་ཀྱི་རྩི། །བདེ་བ་ཆེ་ལས་གཞན་མིན་ནོ། །ཞེས་པ་གང་དག་སྲོག་གཅོད་པ་དང་། ཕོ་རིགས་སྦྱོར་བ་དང་། ཐུན་མོང་གི་ཕ་མ་བསད་པ་ལ་སོགས་པ་ལྔ་སྤྱོད་པ་དང་། དེ་དང་ཉེ་བ་ལྔ་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་དང་རང་བཞིན་གྱི་ཁ་ན་མ་ཐོ་བས་ལྟུང་བ་གཉིས་སུ་འགྱུར་བའི་སྤྱོད་པ། འགྲོ་བ་དཀར་ཕྱོགས་ཅན། ཡོངས་ཀྱིས་དོར་པའི་ལོག་སྤྱོད་དག་ཀྱང་། ནོར་བ་དག་ལ་ནོར་བར་སྣང་བ་ཙམ་ཡིན་གྱི། དེ་ལྟར་སྣང་བརྡོ་ཙམ་ན། དེ་ཉིད་རང་རིག་པར་འུབ་པས་མིང་ཙམ་ལས་སྤྱད་རྒྱུ་མེད་པས་བདེ་བ་ཆེན་པོ་ཉིད་དེ་གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ་བས་བདུད་རྩི་བདེ་བ་ཆེན་པོའི་མཛད་སྤྱོད་ལས་ལོག་སྤྱོད་དུ་ཐལ་བ་རྡུལ་ཕྲ་མོའི་ཆ་ཙམ་ཡང་མེད་པར་ལ་གཅད་དེ་བསྟན་ཏོ། །དེ་ཕྱིར་སུ་ཞིག་འདི་ལྟ་བུའི་གཏེར་འཆང་བའི་མི་ཆེན་པོ་ནི་ལུས་མི་ཡིན་ཡང་སེམས་རྗེ་བཙན་དམ་པ་ཀུན་བཟང་ཉིད་ཡིན་ཏེ། ས་པ་དང་རིག་པ་འཛིན་པ་དོན་སྤྱོད་པ་རྣམས་དང་ཡང་མཚུངས་པ་མ་ཡིན་ནོ། །ནད་སྤྱོད་པའི་ཐབས་ལ་བརྩོན་པ་རྗེས་སུ་བསྟན་པའི་ཕྱིར། རྣམ་པར་མི་རྟོག་སྙིང་པོ་འདི། །ཡོངས་ཀྱི་རྒྱུད་ལ་སྦས་པ་མེད། །མི་ལེན་བྱང་ཆུབ་སྤྱོད་རྣམས་ལ། །རྣམ་པ་ཀུན་ཏུ་རང་བཞིན་གནས། །ཞེས་པ། འཇིག་རྟེན་པའི་མི་རྟོག་པ་རྣམས་དང་། འཇིག་རྟེན་ལས་འདས་པའི་མི་རྟོག་པ་དག་དང་། མི་རྟོག་ཆེན་པོའི་བྱེ་བྲག་གཉིས་ལས་སྤྲོས་པ་དང་། གཉིས་སུ་མེད་པའི་མི་རྟོག་པ་བཞིའི་རིམ་པ་རིལ་གྱི་དངོས་གཞིར་གྱུར་པ་དེ་དག་གིས་མ་རེག་པའི་ཆོས་ཉེ་བར་བསྲུང་བ་ནི། གང་དུའང་ཀུན་ཏུ་མ་གབ་བཞིན་མ་མཐོང་མ་བྲལ་ལ་ངོ་མ་ཤེས་སོ། །དེ་བས་ན་སྐྱེས་བུ་ཡང་རབ་ནི་ལྟ་བའི་ནད་བྲལ་བས་གང་ཡང་དང་དུ་ལེན་པ་མེད་པས་བྱ་བ་དང་བྲལ་བ་ནི་བྱང་ཆུབ་ཆེན་པོའི་སྤྱོད་པ་མ་ཉམས་པ་སྟེ། དེ་ལྟ་བུ་དག་ལ་དུས་བཞི་རིལ་དུ་འབྱུང་འཇུག་སྒོ་ཕུགས་མེད་པར་རང་ཤུགས་ཀྱིས་གནས་དེ་བརྩོན་འགྲུས་ཆེན་པོའི་ངོ་བོ་ཉིད་དུ་བཞུགས་པས་བྲལ་བ་མེད་དོ། །བསམ་མེད་ཀུན་བསམ་མ་བཀག་བསྟན། །ཡུལ་མེད་ཡུལ་རྣམས་དུས་ཅིག་གསལ། །མ་ཞུགས་ཀུན་དང་དབྱེར་མེད་དོ། །ཡུལ་ལ་འཇུག་པའི་བསམ་གཏན་མཆོག །ཕྱོགས་མཐོང་སྒོམ་པའི་དོན་བཀྲོལ་བའི། །སྨན་ཆེན་ཡོངས་བསྔོས་ནད་བྲལ་ཤོག །གཞུང་ཉམས་རྣམ་དག་ངང་དུ་བཤགས། །འཕྱར་པོས་སྤེལ་ན་ནཱ་རག་ལྟུང་། །གཅིག་གཉིས་ཀྱི་རྣ་བར་ཟུང་ཡ། །རྫོགས་྅྅྅སོཧ། །ཁ་འཕྲད་མཇལ་ལ་ལྷག་སྤྲད་སྐུར། །སེར་སྣ་ཆེ་ཞིང་གདུག་སེམས་མེད། །དུས་མིན་མི་གོ་མི་སྡོམ་པའི། །དེ་འདྲའི་མི་ལག་ཤོར་རཱ་རེ། །གུ་ཧྱ་ས་མ་ཡ་སྟྭིམ།། །།


previousརྫོགས་པ་ཆེན་པོ་ཁྱུང་ཆེན་ལྡིངས་པའི་འགྲེལ་པ།next