Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བརྒྱད་པ།


   
   
   
   
   
རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི་འགྲེལ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི་འགྲེལ་པ།next

རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི་འགྲེལ་པ།

རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི་འགྲེལ་པ་བཞུགས། རྣམ་པའི་མཆོག་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་མི་ནུབ་པའི་རྒྱལ་མཚན་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞེས་བྱ་བ། རྣལ་འབྱོར་པའི་རིག་པའི་ཉི་མ་འདི་སྤྱི་དོན་ལྔས་འགྲེལ་པ་ནི། ལོ་རྒྱུས་ཀྱི་དོན་དང་། རྩ་བའི་དོན་དང་། ཡོ་གའི་དོན་དང་། དགོས་ཆེད་ཀྱི་དོན་དང་། ཚིག་གི་དོན་ཏོ། །དེ་ལ་ལོ་རྒྱུས་ཀྱི་དོན་ནི་གསུམ་སྟེ། བྱིན་གྱིས་བརླབས་ཀྱིས་བཤད་པ་དང་། རག་གི་ངོ་བོས་བཤད་པ་དང་། ཚིག་སྡེབས་སྦྱོར་ལེགས་པས་བཤད་པའོ། །དེ་དག་ནི་ཁུངས་ཀྱིས་མ་འོངས་པ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་སྨོས་ཏེ། དེའང་སེམས་ཉིད་ཀུན་ཏུ་བཟང་པོ་བསྟན་པ་ཐམས་ཅད་ལྷུན་གྱིས་རྫོགས་པའི་བྱིན་བརླབས་རྒྱལ་བ་དགོངས་པས་བརྒྱུད་ཅིང་གང་ཟག་རྣ་བར་བརྒྱུད་པའོ། །དེ་ཡིད་ཆེས་པའི་རྒྱབ་ནོན་ཡོངས་སུ་རྫོགས་པའི་སྐབས་ཀྱིས་བསྟན་ཏོ། །རང་གི་ངོ་བོས་བཤད་པ་ནི། འདིར་སྙིང་པོ་བྱང་ཆུབ་ལྷུན་གྱིས་གྲུབ་པ་ཉིད་སྒྲོ་སྐུར་མེད་པར་སྟོན་པ་སྟེ། ལུང་སྟོན་པའི་སྐབས་ནས་གསལ་བར་སྟོན་ཏེ། ཤེས་རབ་དང་ལྡན་པ་ལ་དངོས་པོ་རྣམས་ཆོས་ཚུར་སྟོན་པ་སྟེ འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལས། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཞེས་གསུངས་པའོ། །ཚིག་སྡེབ་སྦྱོར་ལེགས་པས་བཤད་པ་ནི། ཚིག་ཉུང་ལ་དོན་རྒྱ་ཆེ་བའི་ཕྱིར་ཤོ་ལོ་ཀ་ལྔ་བཅུ་རྩ་ཕྱེད་དང་ལྔ། སྐབས་ཉི་ཤུ་རྩ་བདུན། ཐིག་ལེ་དྲུག་རིམ་པར་ཚིག་དོན་བསྡུ་ལེགས་སུ་བཀོད་པ་རྣམས་སོ། །རྩ་བའི་དོན་ནི་སྐབས་ཉི་ཤུ་རྩ་བདུན་གྱི་དོན་ཐིག་ལེ་དྲུག་ཏུ་བསྡུས། དྲུག་ཀྱང་བྱང་ཆུབ་ཀྱི་སེམས་ལྷུན་གྱིས་གྲུབ་པར་དབྱེར་མེད་པས། བྱ་བརྩལ་བྲལ་བའི་དོན། རྒྱུ་གཉིས་དང་ལུང་དང་མན་ངག་བཅུ་གཉིས་ཀྱིས་ཐེག་པ་གཞན་ལས་མཆོག་ཏུ་ཆེ་བར་སྟོན་པའོ། །ཡོ་གའི་དོན་ནི་ཡོ་ག་ཕྱི་ནང་ལས་ལྷག་པར་ཆེ་བ་ཨ་ཏི་ཡོ་གར་སྟོན་པའོ། །དེ་ཡང་ཡོ་ག་ཕྱི་ནང་མ་ད པོགས་པ་གོལ་སྒྲིབ་ཏུ་ངོ་ཤེས་པར་བྱས་ནས་ཆེ་བར་སྟོན་ཏོ། །དགོས་ཆེད་ཀྱི་དོན་ནི་གང་ཟག་གསུམ་གྱི་ཕྱིར་གོལ་སྒྲིབ་གདར་ཤ་བཅད་ནས་གཞུང་གི་དོན་ངོས་ཟིན་པས་ཚེགས་མེད་པར་འགྲུབ་པས་སྟོན་ཏོ། །ཚིག་གི་དོན་ནི་བཅུ་གཅིག་སྟེ། དེའང་སྐབས་དང་། ཐིག་ལེ་དང་། རྩིས་འགོ་དང་། ཕྱག་རྒྱ་དང་། གོལ་ས་དང་། སྒྲིབ་པ་དང་། ལུང་དང་། མན་ངག་དང་། རྒྱུད་དང་། ཡིན་པ་དང་། བསྡུས་པའི་དོན་ཏོ། །དེ་དག་སྐབས་སྐབས་སུ་ངོས་བཟུང་སྟེ་བཤད་པར་བྱའོ། །ལོ་ཙཱ་བས་ལྟ་བ་ཁུངས་ལ་མི་བྱུང་བར་རྩོམ་པའི་བར་ཆད་བསལ་བའི་ཕྱིར་ཐོག་མར། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་པ། འདིར་གདེང་གསུམ་གནད་ཆུད་པའི་ཡེ་ཤེས་ཆེན་པོས་སྤྱོད་ཡུལ་ཡོངས་སུ་དག་པས་གདུང་བ་མེད་ཅིང་འགྱུར་བ་དང་བྲལ་བས་སྐད་ཅིག་མ་མེད་པས་བདག་ཉིད་ཆེན་པོར་བཏུལ་ཞིང་ཚར་གཅད་ཀྱང་སྟོང་པར་མ་གྱུར་གྱི། དོན་གྱིས་ཐམས་ཅད་ལ་མངའ་མཛད་ཀྱང་མཚན་ཉིད་བསྟན་པར་དཀའོ། །དེ་ཉིད་སུས་ཐོབ་པ་ནི་ལས་གྲོན་ཚེགས་མེད་པའི་བདེ་ལེགས་སྣང་ཞིང་སྦྱིན་པར་བྱེད་པ་སེམས་ཀྱི་དེ་ཁོ་ན་ཉིད་གཉེན་པོ་བྲལ་བར་རང་གསལ་བས་ཉམས་ང་བ་མེད་པའི་དེ་ཁོ་ན་ཉིད་ནི་ཆོས་སོ་ཅོག་གི་གཞིར་གྱུར་པས་ཐ་སྙད་དུ་མཆོད་པའི་གནས་ཏེ། དེ་ཐབས་དངོས་པོ་གཞལ་དུ་མེད་པ་དང་ཡོད་པ་ཁྱད་པར་ཅན་གཉིས་ཀའི་སྒོ་ནས་བློའི་བྱེ་བྲག་དང་མཐུན་པར་མཇལ་བ་དང་ལས་སུ་རུང་ཞིང་མཐར་ཕྱིན་པའོ། །ཚིག་གི་དོན་རྒྱས་པར་ཁས་བླངས་པ་གང་སྙམ་པ་ལ། ཆོས་ཉིད་ཀྱི་སྐབས་ཞེས་པ། ཕྱག་རྒྱའང་སྐབས་ཀྱིས་ཁྱབ་པ་དང་དེ་ལས་མི་འདའ་བར་འཆད་པའང་སྦྱར་ལ། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་ཤེས་བྱ་དམ་པར་ངེས་པར་བཟུང་ནས་གཞན་བཅད་པའི་ཕྱིར་མིང་འགྲུབ་བོ། །དེའི་མཚན་ཉིད་ནི་སྨྲ་བསམས་ལས་འདས་ཤིང་། ངོ་བོ་རང་སེམས་ལྷུན་གྱིས་གྲུབ་པས་བརྩལ་བ་དང་བྲལ་བའོ། །དེ་ཉིད་སྟོན་པའི་དུས་ངེས་པའི་ཐད་ལ་བབ་པས་སྐབས་ཞེས་འཆད་པའང་དེ་བཞིན་ནོ། །རྩིས་འགོ་མིང་དཔེ་དང་དོན་དང་ཐེ་ཚོམ་བསལ་བ་དང་། ཆེ་བ་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཞེས་པ། དཔེར་རྟ་རྐྱས་ཀྱི་བྱང་འདྲེངས་པས་དཀྱུས་མཇུག་རྗེས་སུ་མི་འདའ་བར་འོང་བ་ལྟར། མཚན་གྱི་དོན་བཤད་པ་ལས་ཚིག་དོན་ཀུན་ཀྱང་མི་འདའ་བར་མཐར་དེར་འབེབས་པས་མིང་འཐོབ་བོ། །འདུས་མ་བྱས་པ་དང་བརྩལ་བ་མེད་པ་དང་། མི་ཕྱེད་པ་དང་། སྐྱེ་འཇིག་མེད་པ་དང་། འཇོམས་པའི་དོན་གྱིས་བྱང་ཆུབ་སེམས་ནི་རྡོ་རྗེའོ། ། དེ་ཉིད་ཐམས་ཅད་དུ་རང་གསལ་ལ་བསམ་པ་ཐམས་ཅད་དང་བྲལ་བ་ནི་དིང་ངེ་འཛིན་ཏེ་དོན་ཏོ། །དེ་དག་གི་ཆོས་མཐུན་པ་ནི་མཐའ་དབུས་མེད་པ་དང་། གང་ཡང་མི་འགོག་པ་དང་། ཅི་སྣང་ཡང་མ་གཡོས་པ་དང་། ཐམས་ཅད་དུ་གོ་འབྱེད་པས་མཚོན་པའོ། །མཚོན་བྱ་སྙིང་པོ་བྱང་ཆུབ་ཉིད་ནི་ཆེ་བ་རྣམ་པ་ལྔ་དང་ལྡན་པར་བཞུགས་ཏེ། ཆོས་སོ་ཅོག་རང་རིག་པའི་མངོན་སུམ་དུ་མཐའ་དབུས་བྲལ་བར་བདལ་བས་འཕགས་པ་དང་། ཐམས་ཅད་ཀྱང་བསྡུས་པ་མེད་པར་བདག་ཉིད་ཆེན་པོར་རྫོགས་པ་དང་། མུ་མཐའ་མི་རྙེད་པས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དང་། མཐོང་ཐོས་ཆོས་འདི་ཉིད་ལས་གཞན་ནས་སངས་རྒྱས་མི་ཚོལ་བ་དང་། དུས་གསུམ་དུ་འཁོར་བ་མི་དམིགས་པས། སངས་རྒྱས་ཀྱི་བླ་དྭགས་དང་ཡང་བྲལ་བས་ཆེ་བ་ལྔའོ། །དེའང་དང་པོ་ཉིད་ཀྱིས་རྫོགས་པར་ཡང་སྟོན་ལ། སྐབས་ནས་ཀྱང་སྟོན་ཀྱང་། སྤྱི་ཁྱབ་ཏུ་ན། མངོན་པའི་ཆེ་བ་ནི་ཡེ་ཤེས་ཆེན་པོའི་ཐིག་ལེར་སྦྱར། བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པའི་ཐིག་ལེ་དང་སྦྱར། ཆོས་དབྱིངས་ཀྱི་ཆེ་བ་དབྱིངས་ཀྱི་ཐིག་ལེ་དང་། ཆོས་ཉིད་དང་དབྱིངས་རྣམ་པར་དག་པའི་ཐིག་ལེ་དང་སྦྱར། དེ་ཡིན་པ་ཀུན་ཏུ་བཟང་པོའི་ཆེ་བ་ཐིག་ལེ་དང་སྦྱར། །སངས་རྒྱས་མེད་པའི་ཆེ་བ་ནི་སྤྱི་ཁྱབ་སྟེ། དེ་དག་ཀྱང་ཅིག་དང་དུ་མ་ལས་གྲོལ་བའོ། །དེ་ལྟར་བསྟན་པས་སོམ་ཉི་ཐམས་ཅད་དང་བྲལ་བར་འགྱུར་ཏོ་གདེང་ངེས་པའོ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །ཞེས་པ། ཇི་བཞིན་ཉིད་ནི་ངང་གིས་དུས་ཐམས་ཅད་དུ་ཆོས་སོ་ཅོག་མཐའ་བཞི་དང་བྲལ་བས་ཟིན་ཆགས་མེད་པ་ནི་ཐམས་ཅད་རྫོགས་ཀྱང་དེ་ཉིད་པས། འཇིར་བ་མེད་པ་ཉིད་མུ་མཐའ་ལས་གྲོལ་ཏེ་ཀུན་ཏུ་བཟང་པོའི་མན་ངག་ཀྱང་དབྱིངས་ཀྱི་ཆེ་བ་ཉིད་དུ་བཞུགས་པའོ། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །ཞེས་པ། སྤངས་སེལ་གྱི་དག་པ་ལྟ་བུ་མ་ཡིན་པའི་ཡེ་ཤེས་ཆེན་པོ་མཐའ་གསུམ་ངང་གིས་དག་པ་ནི། དུས་གསུམ་རྒྱལ་བ་དང་འགྲོ་བ་རིལ་གྱི་ཤུལ་ཆེན་པོ་བགྲོད་པ་མེད་པས་མཐའ་འབྱིན་པ་འདིས། འགྲོ་བ་དྲུག་དང་བསྟི་གནས་རིལ་བསད་པ་མེད་པར་རྡོ་རྗེ་མཚོན་གྱིས་བསད་པ་ཁོ་ན་བས། བཏོན་པ་མེད་པར་ཁམས་སུམ་སངས་རྒྱས་ས་ལ་བཏོན། སྤྲུགས་པ་མེད་པར་ངན་སོང་དོང་སྤྲུག །ཕྱུང་བ་མེད་པར་འཁོར་བ་ཕྱག་མས་བཏབ་པ་ནི་སྒྲོལ་བའི་མན་ངག་གོ །གཏན་ཚིགས་ནི་དོན་དེས་ན་ངོ་བོ་ཉིད་ཀྱི་ཡེ་ཤེས་འབའ་ཤིག་དུ་སངས་རྒྱས་པ་ལ་སྐད་ཅིག་མའི་མི་རྟག་པ་མེད་པས། བསམ་དཔྱོད་ཀྱི་རྣམ་པ་མེད་པར་རང་གསལ་བ་ཉིད་བསམ་གཏན་ཆེན་པོ་བས། མི་སྐྱེ་མི་འགག་ཅིར་མི་དགོངས། །ཞེས་གསུངས་སོ། །མཛད་པ་དཔའ་བར་ཡང་བསྟན་པའི་ཕྱིར། བྱམས་པས་དོན་ཉིད་རྣམ་སྦྱང་ཕྱིར། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ཞེས་པ། གང་བྱམས་པ་ཆེན་པོ་ལ་གནས་པ་ནི་སེམས་ཅན་འགའ་ཡང་གྲོལ་བར་མི་བྱེད་འཆིང་བ་མི་བྱེད་སྤོང་བར་མི་བྱེད་ལེན་པར་མི་བྱེད། ཕན་གནོད་མི་བྱེད་པ་ཉིད་ཀྱིས་འགྲོ་བ་རྣམས་ཀྱི་རྒྱུད་མ་བརྩལ་བར་དག་པར་བྱ་བའི་ཆེད་དུ། ཐུགས་རྗེ་ཆེན་པོ་ཡུལ་དུ་གདུང་བ་མེད་པས། འགྲོ་བ་རྣམས་སྐྱོབ་པར་ཡང་མི་མཛད་དོར་བ་མེད་པ་ལ་རྣམ་པའི་སྙིང་བརྩེའི་རྩ་བ་བྲལ་བར་གྱུར་པ་ཉིད་ཀྱིས་དོན་ལྷག་མ་མེད་པར་ཡོངས་སུ་རྫོགས་པའི་ཕྱིར། ཕྲིན་ལས་རྒྱུན་མ་ཆད་པའོ། །ཆེ་བས་ཆེ་བའི་ཟབ་མོ་ཡི། །ཞེས་པ། བྱང་ཆུབ་སེམས་ཀྱི་མན་ངག་སྟེ། སེམས་ཉིད་བཤད་པ་ལྟར་ཆེ་བ་ལྔའི་ངོ་བོར་ཡེ་ཉིད་ནས་བཞུགས་པའི་ཕྱིར། ཁྱད་པར་ཆེ་བའི་དོན་དེ་དཔག་པར་ནི་དཀའོ། །ཡོན་ཏན་ཅིར་ཡང་བསྔགས་པ་མེད། །ཞེས་པ། སྐྱོན་ངང་གིས་བྲལ་བས་ལྟོས་པ་མེད་པའི་ཕྱིར་དཀོར་བདུན་དང་ཉི་ཤུ་རྩ་ལྔའི་ཡོན་ཏན་ལ་སོགས་པ་ཅི་ལའང་དམ་པར་འཛིན་པ་མེད་པའོ། །ལམ་གྱི་མན་ངག་གང་སྙམ་པ་ལ། དོན་རྣམས་ཇི་བཞིན་མི་བསྐྱོད་དེ། །ཞེས་པ། ལྟོས་པ་དང་མ་ལྟོས་པའི་ཆོས་ཤེས་བྱ་ཇི་སྙེད་པའི་དངོས་གཞི་དེ་ཁོ་ན་ཉིད། ཡེ་སྤུ་མ་བརྗེས་མདོག་མ་བསྒྱུར་བར་སྣང་སྲིད་རང་ས་ཉིད་དུ་གྲོལ་བའི་རྣལ་མ་ཉིད་ནི། རྩོལ་བའི་རྟོག་དཔྱོད་ཀྱི་ལམ་གྱིས་མི་ཕིགས་ཏེ། སླར་རྟོག་མཐའ་སྐྱེ་བས་དེར་སོན་པར་མི་འགྱུར་རོ། །འོ་ན་་རྟོག་དཔྱོད་མ་བྱས་ན་གྲོལ་དུ་མི་བཏུབ་པར་དོགས་པ་ལ། བྱ་བ་མེད་ལས་གྲོལ་བས་གྲོལ། །ཞེས་པ། གཞལ་བྱའི་དངོས་པོ་དང་འཇལ་བྱེད་རིག་པ་གདོད་ནས་ཐ་མི་དད་པའི་ཕྱིར་རྩོལ་བའི་དཔྱོད་མཐའ་མི་བྱེད་པས། བཅིངས་པ་ངང་གིས་མེད་པས་ཐར་པར་མི་འདོད་པ་ཉིད་ཐར་པ་ཆེན་པོ་སྟེ། བྱ་བ་མེད་པ་ལ་བྱ་བ་མེད་པ་ཉིད་དུ་སྟོན་པས་མཇལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། རང་བྱུང་ཡེ་ཤེས་བརྩལ་མེད་པས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་པ། མཚན་ཉིད་ཀྱིས་བྱང་ཆུབ་སེམས་ནི་རྒྱུ་རྐྱེན་རག་གཞན་ལ་མ་ལུས་པར་གདོད་ནས་རང་གསལ་དུ་ཤར་བས། འཕྲལ་དུ་བྱ་བ་ཅིའང་མེད་པས་ཡེ་འཛིན་པའི་རྒྱ་མདུད་དང་བྲལ་བས། ཐར་པའི་ལམ་ཆེན་པོ་ཉིད་ལ་སོགས་པ་བསྟན་པ་ཇི་སྙེད་པའི་དངོས་གཞིར་རང་ཤར་ནས། སོ་སོར་མཇལ་པར་བྱེད་པ་ལ་རྒྱུན་ཆད་པ་མེད་དོ། །ཆོས་ཉིད་ཀྱི་ཐིག་ལེ། ཞེས་པ། སྐབས་ཀྱི་དོན་ཉིད་ཀྱིས་ཇི་ལྟ་བར་སྣང་ཞིང་གྲགས་སོ་ཅོག་བཤད་པའི་ཆོས་ཉིད་དུ་བཟླུམས་པས། གཞན་པ་ངང་གིས་མ་དམིགས་པས་ངེས་ཚིག་འགྲུབ་པོ། །ཐིག་ལེ་གཉིས་པའི་དོན་བསྟན་པ་གང་སྙམ་པ་ལ། རང་བཞིན་གྱིས་གནས་པའི་སྐབས། ཞེས་པ། ངང་གིས་འགྲོ་བ་རྣམས་ལོག་བརྡོ་ཙམ་ན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཉིད་དུ་བཞུགས་པའི་དོན་སྟོན་པའི་དུས་ཐད་དུ་བབ་པའོ། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །ཞེས་པ། རྒྱུ་འཆད་དེ། ཕྱི་ནང་གི་འབྱུང་བ་ལྔ་ཉིད་ནི་མཐོང་ཐོས་ཀྱི་ཆོས་རྣམས་ཀྱི་གཞི་སྟེ། དེ་ཉིད་ནི་རང་བྱུང་བའི་ཡེ་ཤེས་གཟུང་འཛིན་ཀ་དག་ཅིང་ཡོངས་སུ་རྫོགས་བཞིན་དུ་མཐའ་བྲལ་བས་ཀུན་ཏུ་བཟང་པོ་ཉིད་དོ། །ཆུབ་པར་གནས་པས་བཅོམ་ལྡན་འདས། །ཞེས་པ། ངོ་བོ་ཉིད་རྒྱུའི་རྒྱུ་སྟོན་ཏོ། །ལྔ་པོ་ཉིད་ཀྱང་སེམས་ཉིད་དུ་མ་བསྡུས་པར་འུབ་པས་བྱང་ཆུབ་སེམས་ཉིད་ཀྱི་བྱིན་རླབས་ལྔ་ལ་སོགས་པ་ཐམས་ཅད་དུ་རང་སྣང་བས། རྨད་དུ་བྱུང་བ་ལས་འབྱུང་བ་བས་ཀྱང་ང་སྔར་བྱུང་ཞེས་པ་ལ་སོགས་པ་གསུངས་པས་བྱང་ཆུབ་སེམས་ཀྱི་རང་བཞིན་ངོ་བོ་ཉིད་ཀྱི་རྗེ་བཙན་སྟོན་པའོ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་པ། སྐབས་ཀྱི་དོན་ཀྱང་ཡིན་ཏེ། སྤྱི་མེས་དེའི་ངོ་བོ་ནི་གཞན་མིན་ཏེ་དྲུག་འགྲོ་བ་རིལ་ངང་གིས་ངོ་བོ་བསྟན་དཀའ་བས་དེ་ཉིད་ཡིན་པའོ། །འོ་ན་འཁྲུལ་པ་ཅི་ཞེས་སྙམ་པ་ལ། ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་། །གྲོལ་བ་རང་བྱུང་གཞན་ལས་མིན། །ཞེས་པ། ལྔའི་ལམ་པ་དག་ངེས་པའི་ཤེས་རབ་ཀྱིས་དབུལ་བས་ལས་ཙམ་ནོར་པས་ཀུན་བརྟགས་ལ་ཞེན་ཙམ་ནའང་འཆད་པ་ལྟར་མིང་ཙམ་ལོག་པ་ལས། ངོ་བོ་ཉིད་མ་ལོག་པའི་ཕྱིར་རང་བྱུང་གི་ཡེ་ཤེས་བཅིངས་པ་དང་བྲལ་བ་ཉིད་ཡིན་པས་ནོར་བར་ཐལ་བ་མེད་དོ། །རང་བཞིན་གྱིས་ཆེ་བ་ལ་གནས་པའི་སྐབས། །ཞེས་པ། བྱང་ཆུབ་ཀྱི་སེམས་ནི་བྱས་ནས་མཐོང་བ་མིན་ཏེ། ཆོས་ཉིད་ཀྱི་རིགས་པས་རྗེ་བཙན་དམ་པར་བཞུགས་པའི་དོན་སྟོན་པའོ། །དུས་ངེས་པ་བཤད་ཟིན་པས་འཆད་པ་ཀུན་ལའང་སྦྱོར་ཅིག །ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཞེས་པ། ལྔས་སྤགས་པ་དང་། གསུམ་གྱིས་སྤགས་པ་དང་། གཅིག་གིས་སྤགས་པ་དང་། ལུང་རྒྱུད་མན་ཆད་ལས་ཁྱད་པར་གྱུར་པ་མི་གནས་པའི་ཡེ་ཤེས་ཉིད་ནི་སྟོར་བར་སླ་ལ་ཐོབ་པར་དཀའོ། །ཤེས་རབ་ཐབས་ལ་རྟེན་པས་འགྲུབ། །ཞེས་པ། མ་ཧཱ་ཡོ་ག་པ་དག་གོལ་ཏེ་ཕོ་མོ་ཉིད་ཡེ་ཤེས་ཡིན་པའི་དོན་ལ་མདོངས་པས་ཁ་སྦྱོར་བསྲུབས་པའི་རྟེན་ལས་ཡེ་ཤེས་སྐྱེ་བ་འདོད་པ་ནི། བརྒྱུད་པའི་ཐབས་ཏེ། དེ་འདིར་ཆེད་དུའང་མི་སྤོང་མི་ལེན་ཏེ། རྟེན་དང་བྲལ་བའི་ཐབས་སྣང་སྲིད་རྒྱལ་བའི་རང་བཞིན་ཡབ་དང་། དེ་ལ་རང་བཞིན་མེད་པ་ཡུམ་ཡིན་ཏེ། ཐ་སྙད་ཀྱིས་ཕྱེ་བ་ལས་ངོ་བོ་ཡེ་ནས་ཡབ་ཡུམ་འབྱེད་པའི་རྩོལ་བ་མེད་པ་ནི་མ་ནོར་བ་སྟེ། དོན་དེ་མཐོང་བ་ཉིད་རྙེད་པའོ། །དེ་བས་ན་བརྩལ་བ་མེད་པའི་ཐབས། དེས་ཐམས་ཅད་མཁྱེན་པའི་ལྟ་བ་ཐོབ་པ་ནི་ཤེས་རབ་སྟེ། དེས་རང་འཐོབ་པའོ། །འོ་ན་སྒོ་འདིར་ཡང་འབྲས་བུ་གཞན་ནས་དོན་དུ་གཉེར་བར་འགྱུར་རོ་བར་དགོས་པ་ལ། མིང་ཙམ་གཞན་ལ་རྟེན་འདྲ་ཡང་། །མངོན་སུམ་བདེ་བ་རང་ལས་འབྱུང་། །ཞེས་པ། གོལ་ས་ལ་བཟླ་བ་སྟེ། འདིར་ཐ་སྙད་ལས་ངོ་བོས་མི་ཚོལ་བ་ནི་ལྷག་པའི་སྒྲ་འགོག་པ་སྟེ། དེ་བས་ན་ཐོབ་པའི་ཐབས་ལ་བརྟེན་པ་ལྟ་བུར་སྣང་ཡང་། མིང་མཐུན་པས་ནི་ཐབས་ཀྱིས་བོགས་མི་གཉེར་ཏེ། རང་རིག་པའི་མངོན་སུམ་དུ་རང་བྱུང་ཡེ་ཤེས་རང་ལས་རང་ཤར་བ་ལས་བསྲུབས་པའི་བདེ་བ་མེད་པའོ། །བརྩལ་བ་དང་བྲལ་བའི་སྐབས། ཞེས་པ། ལྷག་པའི་རྣལ་འབྱོར་པ་ལ་ཏིང་ངེ་འཛིན་སྒོ་ཕུགས་འབྱུང་འཇུག་གི་རྩོལ་བ་མེད་པས་འབྲས་བུ་དང་དྲོད་ཆགས་མངོན་ཤེས་ཀྱི་ལེགས་པ་རིལ་ལ་འབད་པ་མེད་པའི་དོན་སྟོན་པའོ། །ཨ་ནུ་ཡོ་ག་པ་གོལ་ཏེ་ཡབ་ཡུམ་ཕྱེ་ནས་ཡུམ་ཀུན་ཏུ་བཟང་མོ་ཇི་བཞིན་པའི་ངང་ལས་ཡབ་རོལ་པའི་ཆོ་འཕྲུལ་མ་བརྩལ་བར་འབྱུང་བར་འདོད་པ་ལ་བཟླ་བའི་ཕྱིར། ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །ཡོན་ཏན་ཀུན་དང་སྟོབས་ཀྱི་རྣམས། །ཇི་བཞིན་བརྟགས་པ་ཕྲ་བ་ལས། །དེ་མ་ཐག་ཏུ་རང་ལས་བྱུང་། །ཞེས་པ། རྗེས་སུ་འཇུག་པའི་རྣལ་འབྱོར་ལས་འདས་པའི་ཐེག་པའི་ལུགས་ཉིད་ནི། བྱང་ཆུབ་སེམས་ཉིད་ངོ་བོ་མ་ངེས་པས་ཅིར་ཡང་རང་སྣང་བ་ནི་ཆོ་འཕྲུལ་མ་བརྩལ་བའོ། །དེ་གང་ཞེ་ན། ཆོ་འཕྲུལ་བཞི་དང་ཕྱི་ནང་གི་དྲོད་རྟགས་དང་མངོན་པར་ཤེས་པ་ལ་སོགས་པའི་ལེགས་པ་དང་ལུས་ངག་ཡིད་ཀྱི་མཐུའི་རྩལ་ལ་སོགས་པ་རིལ་ནི། མ་བཅོས་པའི་ཆོས་ཉིད་མངོན་དུ་མཇལ་པའི་རིག་པ་ངོ་བོ་གཟུང་དཀའ་བ་ཉིད་དེ་དག་ཏུ་ཐོགས་པ་མེད་པར་རང་ཤར་གྱི། འབྱུང་ཁུང་ལྟ་བུར་མ་གྱུར་ཏེ་ཐ་སྙད་དུ་རྟོགས་ཤིང་གོམས་པས་སྣང་བ་ཙམ་མི་འདོད་པའང་མིན་པས་བསྒོམས་པའི་ཡོན་ཏན་ཀྱང་ཡིན་ནོ། །བློ་གཞག་ཐབས་བསྟན་པའི་ཕྱིར། །སྣང་བ་མེད་པའི་ཆོས་ཉིད་ནི། །མ་བརྩལ་གཞག་པས་བསྒོམ་པ་ཡིན། །དབུ་མ་པ་སྣང་བ་མེད་པའི་དོན་དམ་ལ་བཏང་སྙོམས་ཆེད་དུ་བྱེད་པའི་གོལ་ས་ལས་འདས་པ་སྟེ། འདིར་བྱང་ཆུབ་སེམས་ནི་སྣང་བ་བསམ་གྱིས་མི་ཁྱབ་པའི་ཕྱིར་རྣམ་པའི་མཐོང་བ་མེད་པའི་དེ་ཁོ་ན་ཉིད་ལ། བློ་དལ་བར་གཤིས་སུ་འབེབས་པའི་བཏང་སྙོམས་ལ་བརྟེན་པ་ནི་ཡེངས་པར་འཆད་དེ། འདིར་བདག་ཉིད་མི་རྟོག་པ་མ་ཡིན་ན། མི་རྟོག་པ་ལ་གཞག་གི །བདག་ཉིད་དེའི་ཕྱིར་གདེང་ཡོད་པས་ཆེད་དུ་བྱ་བྱེད་གང་གི་བློ་ཅིའང་མ་སྐྱེས་པས་བརྩལ་རྒྱུ་མེད་པར་རང་གསལ་བ་ནི་མ་བཅོས་པར་གཞག་པའོ། །བློ་གཞག་ཐབས་གོལ་སས་སྒྲིབ་པ་ནི། དེ་དང་དེར་ནི་རྣམ་བརྩལ་ན། །དེ་ལས་དེ་བཞིན་དེ་མི་འབྱུང་། །ཞེས་པ། དུས་དེང་སང་གི་གདེང་མ་ཤར་བའི་གང་ཟག་ཚིག་ལ་རྟེན་པ་དག །བརྩལ་དུ་མེད་པ་ནི་གཞི་ལ་ཐལ་ཏེ་རྒྱལ་ཡུལ་ཡིན་གྱི། གང་ཟག་གིས་ལྷག་པའི་སྒོ་འདིར་དམིགས་དགོས་སོ་ཞེས་སྨྲ་ཞིང་། ཞེ་པས་ཡུལ་དང་ཡུལ་ཅན་དུ་ཕྱེ་ནས་ཞུགས་ཏེ་བསྒོམས་ན། རྟོག་སྒོམ་ལས་དེ་བཞིན་ཉིད་ཀྱི་སྒོམ་པ་མ་ནོར་བ་དེ་མི་འབྱུང་སྟེ། ཁྱུང་ཆེན་ལས། ཇི་བཞིན་པ་ཞེས་རྣམ་རྟོག་དེ་ཕྱིར་རྟག་སྒོམ་ལ། །བདེ་བ་ཆེན་པོ་འདོད་པས་ཆགས་པའི་ནད་ཡིན་ཏེ། །ཞེས་གསུངས་པས་མན་ངག་རང་ཉིད་ཀྱི་གོལ་སྒྲིབ་སོ། །བརྗོད་པ་དང་བྲལ་བའི་སྐབས། །ཞེས་པ། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་བསྟན་དུ་མེད་པས་ཚིག་ཐམས་ཅད་པའི་ངོ་བོ་ཡིན་ཡང་འདི་ཁོ་ནའོ་ཞེས་རྣམ་པར་སྨར་མི་བཏུབ་པར་སྟོན་པའོ། །མཆོག་ཏུ་གསང་བའི་ཆོས་ཉིད་ནི། །ཞེས་པ། ཞེ་ལ་བརྣགས་པའི་གསང་བ་ལྟ་བུ་མིན་ཏེ་ཤིན་ཏུ་མཐོང་དཀའ་བས་ཕལ་པའི་རྒྱུའི་བློས་མ་རེག་པའི་ཇི་བཞིན་པ་ནི་མན་ངག་གི་སྲོག་སྟེ། རྣ་དབང་གཞན་ལ་ཐོས་མི་འགྱུར། །ཞེས་པ། སྟོན་པ་པོ་ཆ་ལུགས་མ་ཉམས་པ་ཞིག་ལ་བདག་གི་རྣ་བས་བྱང་ཆུབ་སེམས་ནི་འདི་ལྟ་བུའི་རྣམ་པའོ་ཞེས་ཐོས་པར་མི་འགྱུར་བའོ། །དེ་བཞིན་ལྕེའི་དབང་པོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །ཞེས་པ། ཐོས་སུ་མེད་པ་ལྟར་ཆོས་དབྱིངས་རྣམ་པ་ཅན་དུ་བདག་གམ་གཞན་གྱིས་ཀྱང་ཕན་ཚུན་སྨྲར་མི་བཏུབ་པས་ཡུལ་གཉིས་ལས་འདས་པའོ། །དབྱིངས་ཀྱི་ཐིག་ལེ། ཞེས་པ། སྐབས་དང་པོ་གསུམ་གྱིས་དོན་གྱིས་རང་རིག་པ་ནི་ཀུན་གྱི་འབྱུངས་པར་བསྟན་པས་ངེས་ཚིག་འགྲུབ་སྟེ། ཐ་མ་ནི་དབྱིངས་ཀྱི་མཚན་ཉིད་དང་ངོ་བོ་སྟོན་པས་སྐབས་བཞི་བསྡུ་བའང་མི་འགལ་བར་ངེས་པའོ། །ཐེག་ལེ་གསུམ་པའི་དོན་བསྟན་པའི་ཕྱིར་འགྲོ་བ་ལས་ཀྱི་མི་འཁོལ་བའི་སྐབས། ཞེས་པ། དྲུག་གི་ལས་ཉིད་ཆོས་ཀྱི་དབྱིངས་ངང་གིས་མཐའ་དང་བྲལ་བ་ལམ་གྱིས་གྲུབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེའི་དབང་དུ་རང་དབང་མེད་པར་མི་འགྲོ་བའི་དོན་སྟོན་པའོ། །འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །ཞེས་པ། ཡང་དག་པའི་སངས་རྒྱས་སྟོན་ཏོ། །རིལ་སྙིང་པོ་བྱང་ཆུབ་ཀྱི་ཕྱིར་འགྲོ་བ་རང་རྒྱུད་དུ་གྲུབ་པ་མེད་པས། སེམས་ཅན་གྱི་སྤྱི་དང་ཁྱད་པར་གྱི་སྡུག་བསྔལ་ཉིད་ཀྱང་མྱོང་ཙམ་ཉིད་ན་མྱོང་བ་མེད་དེ་རང་རིག་པའི་ཡེ་ཤེས་ཉིད་རང་སྣང་བས་བཏགས་པའི་སངས་རྒྱས་དང་བྲལ་བའོ། །ཀུན་ཏུ་ཆུབ་པས་རྣམ་པར་རོལ། །ཞེས་པ། བདེ་སྡུག་ཅི་སྣང་བ་རིལ་ཟིན་ཆགས་དང་བྲལ་བས་ཀུན་ཏུ་བཟང་པོའི་ངང་དུ་དབྱེར་མེད་པས་སྡུག་བསྔལ་ཆོས་ཉིད་ཀྱི་ལོངས་སྤྱོད་ཉིད་དོ། །དེ་ལ་བསྐྱོད་པ་མེད་བཞིན་དུ། །ནམ་མཁའི་མཐའ་ལྟར་མཉམ་པར་གནས། །ཞེས་པ། ལས་དང་ཉོན་མོངས་པའི་དེ་ཁོ་ན་ཉིད་སྙིང་པོ་བྱང་ཆུབ་ནི་དཔེ་ནམ་མཁའ་ལྟར་ཕྱིན་པ་མེད་པར་ཀུན་ལ་ཁྱབ། འོངས་བ་མེད་པར་གནས་རིས་ཀུནཏུ་སློབ་པས་ཆེ་ཆུང་ངང་གིས་མེད་པར་བཞུགས་པའོ། །འཇིག་རྟེན་ལྷ་དང་མིའི་ཐེག་པའི་གོལ་ས་བསྟན་པའི་ཕྱིར། ཁྱད་པར་ཅི་ཡང་མཚུངས་པ་ལ། །ལས་སོ་ཞེས་ནི་རྣམ་པར་བརྟགས། །ཞེས་པ། བྱང་ཆུབ་སེམས་མཉམ་པ་ཆེན་པོ་དེ་ཉི་ཚེ་བའི་སྟོང་པ་མ་ཡིན་པས། མཐོན་དམན་བཟང་ངན་བདེ་སྡུག་གི་བྱེ་བྲག་རིལ་དུའང་སྣང་བ་རི ལ། རང་བྱུང་ཡེ་ཤེས་སུ་གཅིག་པ་ལ། ཐེག་པ་དང་པོ་པ་དག་ལས་དགེ་སྡིག་ཁོ་ནས་བསྒྱུར་ཏེ་སྣང་ངོ་བར་རྟོག་གོ །དེ་མི་བདེན་བར་སུན་དབྱུང་བའི་ཕྱིར། ཅི་སྟེ་ལས་ཀྱི་དབང་གྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཞེས་པ། གལ་ཏེ་ཐམས་ཅད་ལས་དགེ་སྡིག་བརྩན་ན་ནི། རྒྱུ་རྐྱེན་གྱི་དབང་དུ་གྱུར་པའི་ཕྱིར་ཡེ་ཤེས་དྲུག་པ་མེད་པར་རིགས་ན། ཡེ་ཤེས་ཆེན་པོ་ནི་ངོ་བོ་ཉིད་རྟག་པ་ཡིན་ལ། ལས་རྣམས་ནི་བརྟགས་པ་ཙམ་གྱི་ཕྱིར་མི་བདེན་ཏོ། །སྤྱི་གཅོད་ལས། དགེ་བའི་ཕྱོགས་དང་སྡིག་ལ་སོགས། །ཐ་སྙད་ཙམ་ཡང་ཡོད་པ་མིན། །རྣམ་གྲོལ་རྣམ་པར་བཅིངས་པའི། །གཉིས་པོ་དེ་ཡང་གདོད་ནས་མེད། །ཞེས་གསུངས་སོ། །འོ་ན་རྒྱུ་རྐྱེན་བཅུ་གཉིས་ཕྲ་རགས་ལས་སྐྱེ་བར་སྣང་བས་མངོན་སུམ་པའི་ཚད་མ་ཡོད་དོ་སྙམ་པ་ལ། རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། །མ་སྐྱེས་པས་ན་འཇིག་པ་མེད། །ཞེས་པ། རང་རྒྱལ་བ་དག་རྟེན་འབྲེལ་གྱི་རྒྱུ་རྐྱེན་ལས་སྐྱེས་པར་འདོད་པ་གོལ་ས་ཡིན་ཏོ། །འདིར་རྒྱུ་ཉིད་འཁྲུལ་པའི་ཞེན་སྣང་ཙམ་ལས་ངོ་བོ་རང་རྒྱུད་མེད་པའི་ཕྱིར་རང་རིག་པ་འདུས་མ་བྱས་པ་ཡིན་པས་རྐྱེན་རྣམས་ཀྱང་དེ་ལྟར་འདུས་མ་བྱས་ཏེ་རང་བྱུང་གི་ཡེ་ཤེས་དངོས་གཞི་རྣམ་པ་འདིའོ་ཞེས་མི་སྣང་བས་འཕོ་བའི་ཆོས་ཀྱང་མེད་དེ་སྐྱེ་ཤི་གཉིས་ཀྱི་རྒྱུད་ལས་རྒལ་ཏོ། །རྡོ་ལ་གསེར་ཞུན་ལས་ཚིག་པའི་ས་བོན་བཞིན་དུ་མེད་ལས་མེད་པ་བཞིན་དུ་རྒྱུ་འབྲས་མེད། དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་རྟོགས་པའི་སེམས་ཉིད་ནི། རྒྱུ་དང་རྐྱེན་དུ་སྣང་སྟེ་དེ་གཉིས་མེད་ཕྱིར་སྐྱེ་དང་འཇིག་པ་མེད་ཞེའོ། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བརྩལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཞེས་པ། སྐྱེ་ཤི་མེད་པ་ནི་འཕྲལ་དུ་མ་བྱས་ཏེ་སྙིང་པོར་ལྷུན་གྱིས་གྲུབ་ཟིན་པ་ལ། རྟོག་གེ་བ་དག་བདེ་བ་ཚོལ་བས་གནས་ཆེན་པོར་མི་ཕྱིན་ཏེ་རང་གི་ལྟ་བས་བསྒྲིབས་སོ། །བརྩལ་སེམས་དང་བྲལ་བའི་སྐབས། །ཞེས་པ། འདིར་སྣ་ཚོགས་ཀྱིའདུ་ཤེས་ངང་གིས་དག་པས་ཏིང་ངེ་འཛིན་གྱི་འདུ་བྱེད་རིལ་དང་བྲལ་བར་སྟོན་པའོ། །ཡོན་ཏན་ཆེན་པོའི་བསམ་གཏན་ནི། །བསམ་གཏན་ཉིད་པས་བསམ་དུ་མེད། །ཞེས་པ། ལྷུན་གྱིས་གྲུབ་པའི་ཡོན་ཏན་ནོ་ཅོག་གི་དངོས་གཞི་ཆེན་པོར་ཡེ་བཞུག་པ་ལ་བསྒོམ་བྱ་དང་བྱེད་པར་རྒྱ་མ་ཆད་པར་འདིར་ཡིད་ལ་བྱེད་ཅིང་ཞེ་ལ་འཛིན་པ་རིལ་དང་བྲལ་བས་བསམ་པ་མེད་པ་ནི་ཡང་དག་པའི་བསམ་པའོ། །དགག་བསྒྲུབ་མེད་པར་འདུ་བྱེད་གང་ཡང་མི་ལྡང་བ་ནི་བརྟན་པའོ། །དོན་དེ་བདག་ཡིན་པས་ནམ་མཁས་ནམ་མཁའ་མི་སྒོམ་པ་ལྟར་རང་གིས་རང་ཉིད་བསམ་དུ་ག་ལ་རུང་སྟེ་རང་བཞིན་ཡོང་གིས་རང་གསལ་བའོ། །འོ་ན་རྟོག་པའི་བྱུང་ཚོར་འདི་ལྟ་བུ་དག་སྐྱེས་ན་ཉམས་པར་མི་འགྱུར་རམ་ཞེ་ན། བྱང་ཆུབ་སེམས་ལས་རྡོ་རྗེ་སྐྱེ་མཆེད་རང་བཞིན་གྱིས་འབྱུང་བར་བསྟན་པའི་ཕྱིར། མ་བསམས་མ་སྦྱངས་ཆོས་བཞིན་དུ། །རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ། །ཞེས་པ། ཤེས་བྱ་ཅིའང་ཡིད་ལ་བྱར་མེད་པས་སྒྲིབ་པ་བསྲབ་པའི་རྩོལ་བ་དང་བྲལ་བ་དེ་ཁོ་ན་ཉིད་ཀྱི་ངོ་བོར་ཡེ་ནས་གནས་པའི་ཕྱིར། རྟོག་པ་ཕྲ་རགས་དང་མཚན་མ་ཆེ་ཆུང་དང་། རྒྱུ་བ་རིང་ཐུང་དང་། ཚོར་བ་གསལ་མི་གསལ་དང་། བྱུང་ཚོར་མྱུར་བུལ་ཅི་སྐྱེས་ཀྱང་། དེ་ཉིད་མེ་དཔུང་ལ་ཤིང་བསྣན་པ་ལྟར་ཡེ་ཤེས་ཀྱི་སྐུལ་མར་རོལ་ཏེ་ཡེ་ཤེས་སུ་རང་ཤར་བའོ། །དགོངས་པ་ཕྲ་བ་དེ་ལས་གོལ་བ་གང་སྙམ་པ་ལ། འཕྲ་བའི་སྒོ་མོར་མིང་བཏགས་ནས། །སེམས་ཀྱི་དབེན་པས་ལམ་ཚོལ་ཞིང་། །བཤད་པའི་དོན་རང་གི་ཏིང་ངེ་འཛིན་གྱིས་བསྒྲིབས་པས་རྨོངས་པའི་ཏོན་མུན་པ་དག །དོན་དམ་པའི་ཆོས་ཉིད་ཤིན་ཏུ་ཟབ་ཅིང་ངོས་གཟུང་དཀའ་བ་ནི། ལེགས་པའི་འབྱུང་ཁུང་དུ་མིང་བཏགས་ནས། དེ་ལ་ཆེད་དུ་བྱས་པའི་བཏང་སྙོམས་ཀྱིས་དམིགས་པས་ཀུན་བརྟགས་ལས་བསམ་པ་རིང་བར་འདོད་པའི་ཏིང་ངེ་འཛིན་གྱིས་དེ་བཞིན་ཉིད་དུ་གཉེར་བ་ནི་གོལ་ཏོ། །ཞིང་ནི་ཚིག་དོན་གྱི་འབྲེལ་པ་སྟེ་གནས་ཕྲ་བའང་གང་ཟག་དེ་ཉིད་ལ་ཡོད་པར་སྟོན་པ་སྟེ་དགོན་པའི་རྒྱུད་དུ་དབེན་འཛིན་ཏེ་བརྟག་ན་རྣམ་པར་རྟོག་འགྱུར་བསྒོམས་ཞེས་པ། ནད་སྐྱོན་ལས་རིང་བར་ལྟ་བའི་བསམ་རྒྱུད་ཀྱི་མདུད་པ་དང་མ་བྲལ་བའི་གང་ཟག་དེ་ནི། ཕྱིའི་ལུས་ཀྱང་རྒྱང་གྲགས་དང་དཔག་ཚད་ལས་རིང་བའི་གནས་ཚོལ་བའི་རྟོད་ཕུར་ངོས་མ་ཟིན་པས་ཤེས་པའི་རྒྱུད་ཕྱི་ནང་གཉིས་པ་ཅི་དབེན་དུ་རྩོལ་པ་དེ་ནི། མཁས་པས་ལྟས་ན་སླར་རྟོག་སྒོམ་སྟེ། དེ་ལ་སོགས་པའི་ཐེག་པ་སོ་སོའི་ཕྲ་བ་གཉིས་ནི་མི་རྟོག་པ་ཆེན་པོ་ལས་ཤིན་ཏུ་རིང་བར་བསྟན་ཏོ། །འདིར་ཡང་རང་རྒྱལ་བའི་གོལ་ས་བསྟན་པའི་ཕྱིར། རྒྱུ་དང་འབྲས་བུར་མི་འདོགས་ཤིང་། །དགེ་སྡིག་གཉིས་ཀ་རྣམ་པར་སེལ། །ཞེས་པ། བྱིས་པ་དག་ཆོས་སོ་ཅོག་ལ་ཕྱི་ནང་ཆའི་རྒྱུ་འབྲས་སུ་བསྙད་ནས། བསམ་གཏན་བཅུ་གཅིག་ལས་གསུམ་གྱི་བག་ཆགས་སྤོང་ཞིང་ཁམས་གསུམ་ལས་ཐར་བར་བྱའོ་ཞེས། ཀུན་ནས་ཉོན་མོངས་པ་ནི་ལུགས་ནས་བཟློག་ཅིང་ཐབས་དེས་ཕྱི་རོལ་མ་གྲུབ་པའི་ཆོས་ཉིད་ལེན་པས་ཡིད་བཞིན་བདེ་བའི་ས་ཐོབ་པར་སྤྲོ་བའི་སེམས་བསྐྱེད་པ་གོལ་སའོ། །དེ་བས་ན། འཇིག་རྟེན་འདི་ལས་འབྱུང་ངོ་ཞེས། །བླང་དོར་བྲོད་པ་མཆོག་ཏུ་བསྐྱེད། །ཞེས་གསུངས་སོ། །ལྷག་པའི་སྒོ་འདི་ཉིད་ནི། མཐོ་རིས་ངན་སོང་དང་དགེ་སྡིག་ལུང་དུ་མ་བསྟན་པ་རིལ་རྒྱལ་བ་ཡང་དག་པའི་མཛད་སྤྱོད་ཉིད་དུ་ཤར་བས། ཁམས་གསུམ་ལས་འབྲས་བུ་གཞན་ནས་མི་ཚོལ་བས་བྱེད་སྤྱོད་གང་ཡང་དགག་ཏུ་མེད་པའི་དགྱེས་པ་ཆེན་པོ་འཆར་ཞིང་ཟིན་ཆགས་མེད་པས་གོལ་སྒྲིབ་དག་གོ །གཉིས་སུ་མེད་པའི་སྐྱོན་དང་བྲལ་བའི་སྐབས། །ཞེས་པ། དབུ་མ་དོན་དམ་པའི་བདེན་པར་གཅིག་པར་ལྟ་བ་དང་འདིར་བྲལ་བར་སྟོན་པའོ། །ཆགས་དང་མ་ཆགས་ཚིག་གི་ལམ། །དབུ་མ་བཞིན་ཏེ་བྲག་ཆ་འདྲ། །ཞེས་པ། དབུ་མ་དག་ནི་ཤེས་བྱ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་། ལམ་སྙིང་རྗེ་ཆེན་པོའི་ཐབས་ཀྱིས་སུ་ལ་ཐག་མི་གཅོད་པ་དང་། ཤེས་རབ་ཀྱི་ལས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་ནི་ཡང་དག་པའི་ཤུལ་དུ་འདོད་པའང་ཡང་དག་པའི་ཀུན་རྫོབ་ཡིན་པས། དོན་དམ་པར་ཐ་སྙད་དེ་དག་མ་སྐྱེ་པར་འདོད་པ་ནི་གོལ་ས་སྟེ། འདིར་ན་དེ་དག་མ་སྐྱེས་པར་སྒྲ་མཐུན་པ་ཙམ་གྱིས་དབུ་མ་དཔེའོ། །དོན་ནི་ཁྱད་པར་ཆེ་སྟེ་འདིའི་མ་སྐྱེས་པ་བདེན་པ་རིས་དང་བྲལ་བ་ནི་ཅིར་ཡང་སྣང་ལ་ངོ་བོ་མི་ཟིན་པས་བྲག་ཆ་ལྟ་བུར་གང་བརྟགས་ཅིང་བསམས་བཏགས་སུ་རང་སྣང་བའོ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་པས། །འགྲོ་བའི་མགོན་པོ་སེམས་དཔས་གསུངས། །ཞེས་པ། དེ་བས་རྒྱུའི་ཐེག་པ་ལ་བདེ་སྡུག་སོ་སོ་བར་སྣང་བ་ཉིད་འདིར་ལྷུན་གྱིས་གྲུབ་པའི་རྒྱུར་དབྱེར་མེད་པས་ཐ་དད་ངོ་བོས་མེད་པར་འཇིགས་སྐྱབས་དམ་པ་ཀུན་ཏུ་བཟང་པོ་ཉིད་ཀྱི་གསུངས་སོ། །སྤྱོད་པ་བླ་ན་མེད་པར་བསྟན་པའི་ཕྱིར། །ཡེ་ཤེས་རང་ལས་བྱུང་བའི་སྐབས། །ཞེས་པ། རང་གི་སེམས་ཉིད་ངང་གིས་མཐའོ་ཅོག་དག་པའི་ཕྱིར་ཀུན་སྦྱོར་གསུམ་ལ་སོགས་པའི་གདུང་རྟོག་རིལ་རང་རིག་པར་རང་གསལ་བས་ཡེ་ཤེས་རག་གཞན་དུ་མ་ལུས་པའི་དོན་སྟོན་པའོ། །སྤྱོད་པ་ལྔའི་དང་པོ་ཀུན་ནས་ཉོན་མོངས་པ་གྲོལ་བའི་ལམ་དུ་བསྟན་པའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཞེས་པ། སྐྱེ་བོའི་དུག་གསུམ་དམན་པ་པས་སྤང་བྱ་ཉིད་མི་མཐུན་པའི་སྒྲས། ཀུན་རྟོག་གསུམ་སྣང་བརྡོ་བ་ཉིད་སྟོང་པ་ཆེན་པོ་དང་རྣམ་པའི་བདག་གཉིས་མེད་པ་དང་ངང་གིས་མཐའ་དང་བྲལ་བས་སྙིང་པོ་བྱང་ཆུབ་ཀུན་ལམ་ཆེན་པོར་རང་སྣང་བས་སྤང་དུ་མེད་པའོ། །སྤྱོད་པ་གསུམ་པ་འདོད་སྤྱོད་ཆོས་ཉིད་ཀྱི་ལོངས་སྤྱོད་དུ་བསྟན་པའི་ཕྱིར། ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ཞེས་པ། ཕྱེད་སྣང་གི་གྲོང་ཁྱེར་པ་ཀུན་སྤྱོད་ཀྱི་ལོངས་སྤྱོད་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་སྣ་ཚོགས་པས་ཚིམ་ཞིང་དགའ་བར་བྱེད་པ་ནི། རང་བཞིན་མེད་པའི་རྣམ་ཤེས་དགུ་པ་མ་བསླད་པ་ཉིད་དེ་དག་ཏུ་རང་ཤར་བས་མ་བསྡུས། ཀུན་བརྒྱན་དངོས་མེད་སྐུར་བཞུགས་པའི་ཕྱིར། ཐམས་ཅད་ཀྱང་མ་འདྲེས་ལ་ཡོངས་སུ་རྫོགས་པས་དུས་གཅིག་བསྟར་ལ་ཟིན་ཆགས་མེད་པས། རྒྱུའི་འདུལ་སྡོམ་གྱིས་འགེགས་པ་དང་། འབྲས་བུའི་དམ་ཚིག་གིས་ཆེད་དུ་ལེན་པའི་གོལ་ས་དག་གོ །སྤྱོད་པ་བཞི་པ་ཆོས་ཉིད་སྣང་བ་ཅིའང་མི་འགོག་པས་ལས་རྫོགས་པ་བསྟན་པའི་ཕྱིར། ནམ་མཁའ་རྟོག་པ་སྐྱེ་མེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །མི་ཆགས་ནམ་མཁར་སྔོོ་བ་ལས། །རང་དོན་ཆེན་པོ་ནམ་མཁའ་འབྱུང་། །ཞེས་པ། ལྷག་པའི་རྣལ་འབྱོར་པའི་བློ་བཅོས་པར་ཡང་འཆད་དེ། སེམས་ཉིད་ཀྱི་ནམ་མཁའ་ཉིད་ངང་གིས་རྟོག་འཛིན་མཆེད་པའི་འཕྲོ་བ་མེད་དོ། །འོ་ན་རྒྱུ་བ་འགོག་གོ་ཞེ་ན། མི་འགོག་སྟེ་སྣ་ཚོགས་སུ་རྒྱུ་བའི་རྟོག་པ་ཉིད་ངང་གིས་མ་སྐྱེས་པས་མ་གཡོས་པར་གསལ་བ་མཁའ་ལྟ་བུའོ། །དེས་ན་རྟོག་དཔྱོད་ཅི་ལའང་ཟིན་ཆགས་མེད་པ་ཆོས་ཉིད་དུ་རང་གསལ་བ་ནི་དམིགས་པ་ཆེན་པོ་སྟེ། གདེང་དེའི་གཞི་རང་ཉིད་ལྷུན་གྲུབ་ཏུ་གསལ་བས་བྱ་བ་ཐམས་ཅད་མཐར་ཕྱིན་ཏེ་གྲུབ་ཟིན་པ་ལ་སེམས་ཀྱི་ཆོས་ཉིད་ཀློང་ཡངས་པ་ལས་གཞན་དོན་གཉེར་དུ་མེད་པའོ། །དབྱིངས་རྣམ་པར་དག་པའི་ཐིག་ལེ། །ཞེས་པ། རང་རིག་ལ་ཐམས་ཅད་ཀྱི་གཞི་སངས་རྒྱས་སེམས་ཅན་ཐམས་ཅད་ལ་སོགས་པ་བཏགས་མཐའ་རིལ་གྱིས་མ་རེག་པའི་ངོ་བོ་དྲི་མ་མེད་པར་རིལ་བཟླུམས་པ་ནི། སྐབས་བཞིས་རིམ་པར་ལས་ཀྱི་འཆི་འཕོ་དག་པ་དང་། སྒོམ་སྐྱོན་རྣམས་དང་གཉིས་ལྟ་དག་པ་དང་སྤྱོད་པ་དང་དམ་ཚིག་དང་ལས་ཀྱི་སྐྱོན་སྒྲིབ་རིལ་དག་པར་སྟོན་པས་སྐབས་བསྡུ་བ་མཛད་པའོ། །ཐིག་ལེ་བཞི་པའི་དོན་བསྟན་པའི་ཕྱིར། །གཟུངས་ཀྱི་སྦྱོར་ཐབས་ཀྱི་སྐབས། །ཞེས་པ། ཁམས་གསུམ་པའི་ཆོས་སོ་ཅོག་ཡེ་གཉིས་སུ་མེད་པའི་རྒྱལ་མོ་གཟུངས་དམ་པར་ལྷུན་གྱིས་གྲུབ་པས་རྩོལ་བགྲོད་ལས་འདས་པར་སྟོན་པའོ། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །གཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཞེས་པ། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དངོས་གཞི་བསྟན་པར་དཀའ་ཞིང་ཡུལ་དུ་མེད་ཕྱིར་གཟུང་འཛིན་མེད་པའི་ངང་དུ་མཐོན་དམན་མེད་པ་ནི་ཆོས་ཀྱི་སྐུ་ཆེན་པོ་སྟེ། དེའི་གཞི་ཅིར་སྣང་བཤད་པ་བཞིན་པས་ཆུའི་ཟླ་བ་ལྟར་སྣང་ལ་རང་བཞིན་མེད་པས་ཀུན་ཏུ་བཟང་མོ་ཡང་ཡིན་ནོ། །ཀུན་ཏུ་བཟང་པོའི་རོལ་པ་ཡིས། དེ་བཞིན་ཉིད་ཐམས་ཅད་དུ་རང་སྣང་བས་དབང་ཕྱུག་ཆེན་པོར་ཡེ་གྱུར་པའོ། །དེས་ན་ཀུན་ཏུ་བཟང་པོ་ཡང་ཡིན་ནོ། །བྱེད་པའི་སྒྲ་ནི་གཉིས་སུ་མེད་པ་ཡིན་པར་སྟོན་ཏོ། །ཨ་ལི་ཀ་ལི་ཟབ་ཏུ་བསྟན། །ཞེས་པ། མ་སྐྱེས་པ་དང་ལས་ཀྱི་ཡི་གེ་ནི་བརྡའ་སྟེ་ཀུན་ཏུ་བཟང་པོ་དང་བཟང་མོའོ། །དཔག་དཀའ་བར་འཆད་པ་ནི། འདིར་མིང་ཙམ་ལས་ཨ་ནུ་ཡོ་ག་ལྟར་ཡབ་ཡུམ་འབྱེད་པའི་རྩོལ་བ་མེད་དེ་གདོད་ནས་གཉིས་སུ་མེད་པའི་ཡེ་ཤེས་སུ་བཀའ་སྩལ་པའོ། །འོ་ན་སྟོན་པ་པོ་གཞན་ཞིག་གིས་གསུངས་སོ་བར་དགོས་པ་ལ། དེ་ནི་ཨ་དང་མཛེས་པའི་ཏ། །པ་དང་ཡན་ལག་སྤྲོས་པ་བཞིན། །འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། །སངས་རྒྱས་གསུང་གི་ཟབ་མོ་འབྱུང་། །ཞེས་པ། ཟབ་མོའི་དོན་ལ་སྙེགས་པས་ཉེ་བར་འཆད་པ་ནི། དཔེར་ན་མ་སྐྱེས་པའི་ཡི་གེ་ལས་ལེགས་པར་འབྱུང་བའི་ཡི་གེ་ཏ་ལ་སོགས་པ་དང་། དོན་དམ་པ་མཚོན་པ་པའི་ཡི་གེ་ལ་སོགས་པ་ཕོ་མོ་དང་མ་ནིང་གི་ཡི་གེ་ཐ་དད་དུ་འཕྲོས་པ་ལྟར། ཁམས་གསུམ་པ་ཀུན་གྱི་སྤྱོད་ཡུལ་ཉིད་གསང་སྔགས་ཀྱི་ངོ་བོ་ཉིད་ལས་མཛོད་དམ་གླེགས་བམ་ཆེན་པོ་ཉིད་དུ་ཤར་བས་རག་གཞན་དུ་མ་ལུས་ཏེ་བཏགས་པའི་སངས་རྒྱས་མེད་པའོ། །ཨེ་མའོ་སངས་རྒྱས་སྤྱོད་ཡུལ་འདི། །བརྩལ་བས་རྙེད་པའི་གནས་མེད་དེ། །ཞེས་པ། ཉན་ཐོས་དང་རང་རྒྱལ་བའི་སྤྱོད་ཡུལ་གོལ་ས་མྱ་ངན་ལས་འདས་པའི་གྲོང་ཁྱེར་སྙེག་པ་ནི་འདིར་ཐུགས་རྗེའི་ཡུལ་ཡིན་ཏེ། སྤྱོད་པ་ལོག་པ་ལ་ཡ་མཚན་པ་སྟེ་བཟང་པོས་ལས་ངན་སྤྱད་པ་ལྟ་བུའོ། །དེས་རྒྱལ་བའི་སྤྱོད་ཡུལ་མི་རྙེད་པ་ཅིའི་ཕྱིར་ཞེ་ན། དྲུག་གི་ཆོས་བཞིན་ཡུལ་མེད་པས། །མདོངས་པས་ནམ་མཁའ་བསྙབས་པ་བཞིན། །ཞེས་པ། རྒྱལ་བའི་སྤྱོད་ཡུལ་ཞིག་འགྲོ་དྲུག་གི་ཚོགས་དྲུག་གི་རང་རྒྱུད་པར་སྣང་བ་ལྟར་ལོགས་ན་མེད་པས་བདག་ཉིད་ཆེན་པོའི་ཕྱིར་རྙེད་དཀའ་སྟེ་དོན་དེ་མ་རིག་པས་སངས་རྒྱས་གཞན་ནས་ཚོལ་བ་ནི་ལོང་བ་ནམ་མཁའ་སྙེག་པ་ལྟར་ཚི་ཆད་པའི་ཕྱིར་རོ། །སའི་གོལ་སྒྲིབ་བསྟན་པའི་ཕྱིར། གོང་ནས་གོང་དུ་ཚངས་པའི་ལམ། །བྱ་བྲལ་ཆོས་དང་མཐུན་པ་མིན། །ཞེས་པ། རྒྱུ་འབྲས་ཀྱི་ཐེག་པ་དག་ས་བཅུ་དང་ལམ་ལྔ་སོ་སོའི་གཞུང་གོང་མ་འབྲས་བུ་ལ་འོག་མ་རྒྱུར་བཞག་ནས་སྒྲིབ་པ་རེ་བྱང་ཞིང་ཡེ་ཤེས་རེ་སྐྱེ་བར་འདོད་པ་ནི་བགྲོད་རྩལ་བྲལ་བའི་ཐེག་པ་ལས་གོལ་ཏེ་ཐ་དད་དོ། །དེ་ཅིའི་ཕྱིར་ཞེ་ན། ཅི་སྟེ་ལམ་ལ་བགྲོད་འགྱུར་ན། །ནམ་མཁའི་མཐའ་བཞིན་ཐུག་པ་མེད། །ཞེས་པ། གལ་ཏེ་བདག་ཉིད་ཆེན་པོས་དབུལ་བས་ལམ་རིམ་པར་བཀོད་དེ་ཐབས་སྤོང་ཞིང་ཕྱིན་ཀྱང་མི་འགྱུར་བའི་དོན་གྱིས། ནམ་མཁའི་མཐའ་ཚོལ་བ་ལྟར་རྙེད་ཅིང་མཐར་ཕྱིན་པ་མེད་དེ་བདག་ཉིད་ཆེན་པོའི་རྩ་བ་དོར་བའི་ཕྱིར་རོ། །དེས་ན་འདི་ལ་ནི། ལུས་དང་ངག་གི་བྱ་བརྩལ་མེད། །ཏིང་འཛིན་སེམས་ཀྱི་རིམས་གསལ་མེད། །མ་ནོར་ལམ་གྱི་ས་སྟེགས་མེད། །མཐར་ཕྱིན་གཞན་ནས་འདོད་པ་མེད། །ཞེས་གསུངས་སོ། །ཡོངས་སུ་རྫོགས་པའི་སྐབས་ཞེས་པ། ཐམས་ཅད་ཀྱང་རང་བྱུང་ཡེ་ཤེས་ཉིད་ཡིན་པས་དུས་གསུམ་རྒྱལ་བ་དང་ཁམས་གསུམ་པ་རིལ་པ་དེ་ཉིད་དུ་འདུས་པས་ལམ་ཆེན་པོར་སྟོན་པའོ། །ལོ་རྒྱུས་དོན་དང་རྣ་བརྒྱུད་ལུང་གི་ཐིག་ཕྲན་ཐུན་མོང་དུ་བསྟན་པའི་ཕྱིར། དེ་ལྟར་དེ་བཞིན་དེའི་ཕྱིར། །དེ་ལ་དེ་བསྟན་དེ་ཡང་ཐོབ། །ཞེས་པ། ཐམས་ཅད་བདག་ཉིད་ཆེན་པོ་བགྲོད་དུ་མེད་པར་་པ་ལྟར་བཤད་པ་པོ་དང་ཉན་པའང་དེ་བཞིན་ཉིད་གཅིག་དང་དུ་མ་ལས་གྲོལ་བའི་ངོ་བོར་ཐ་མི་དད་པའི་གཏན་ཚིགས་ཀྱིས། གདུལ་བྱའི་ངོར་འཁོར་སློབ་མ་ལ་མན་ངག་གི་དོན་བསྟན་པས་དོན་གོ་ཞིང་རྙེད་དུ་བཏུབ་སྟེ། རིམ་པར་དགོངས་པ་རིག་པ་རྣ་བར་བརྒྱུད་པའོ། །དེ་ནི་སྙིང་པོ་དེ་བས་ན། །དེ་བས་དེ་བྱུང་ངོ་མཚར་ཆེ། །ཞེས་པ། དོན་ཟབ་མོ་རྙེད་པ་ནི་སྙིང་པོ་བྱང་ཆུབ་མངོན་དུ་བྱས་པ་ཡིན་ཏེ། གཏེར་ཆེན་པོའི་བདེ་ལེགས་ཀྱི་ངོ་མཚར་མ་ནོར་བ་ཡིན་པས། དོན་རང་རིག་མངོན་སུམ་དུ་བྱས་པ་ལས་འབྲས་བུ་རྙེད་པ་དང་ལྟ་བ་ཟབ་མོའང་ལུང་ངེས་པས་ཟིན་པས་ལྟ་བའི་སྲོག་ལུང་ཡིན་ཏེ། སྲོག་དང་ལྡན་པའི་ལྟ་བས་འབྲས་བུ་ཡ་མཚན་ཆེན་པོ་བརྙེས་པའོ། །སྔོན་གྱི་དེ་དང་ད་ལྟར་དེ། །དེ་བཞིན་དེའི་གནས་སུ་ཆེ། །དེ་ལྟར་དེའི་ལམ་འདྲ་བར། །དེ་ནི་དེའི་རང་བཞིན་ནོ། །དེ་དང་འདྲ་བ་ཡོངས་ཀྱི་ལམ། །ཞེས་པ། འདས་པའི་སངས་རྒྱས་དང་། དེ་ལྟར་གྱི་རྒྱལ་བ་རིལ་གྱིས་ལྷག་པའི་དོན་བརྙེས་པས་བཟོད་རྡོ་རྗེ་གདན་ལ་ཡང་སངས་རྒྱས་པ་ལྟར། མ་འོངས་པའི་སངས་རྒྱས་ཀྱི་ལམ་ཆེན་པོའང་ཡིན་ནོ། །དུས་གསུམ་གཤེགས་ཤུལ་བྱང་ཆུབ་སེམས་ཡིན་པ་བཞིན། རྒྱལ་བ་ཇི་ལྟར་མངའ་བརྙེས་པ་ཐམས་ཅད་ཀྱང་འདིས་འཚང་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཉིད་བྱང་ཆུབ་ཆེན་པོའི་ངོ་བོ་ཡིན་པའི་ཕྱིར། ས་པ་དང་རིག་པ་འཛིན་པ་པ་དང་འདྲ་བའི་རྣལ་འབྱོར་སེམས་དང་པོ་སྐྱེས་པ་ཡན་ཆད་ཀུན་གྱི་ལམ་ཡང་འདི་ཡིན་ཏེ། སེམས་སྒོམ་པ་ལས། བདེར་གཤེགས་མ་ལུས་ཡུལ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག་གོ །འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་དོ་ཞེས་གསུངས་ཏེ། ལམ་འདི་མ་རྟོགས་པར་ལམ་གཞན་གྱིས་འཚང་མི་རྒྱ་བས་ལམ་གྱི་མན་ངག་ཀྱང་ཡིན་ནོ། །ཟླ་བ་ལས་བྱུང་རྟེན་དང་བཅས། །ཀུན་གྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་གྲུབ་པ་མེད། །ཞེས་པ། ཡོ་ག་ཕྱི་པ་དག་གདན་ཟླ་བའི་དཀྱིལ་འཁོར་ལས་མངོན་པར་བྱང་ཆུབ་པ་ལ་སོགས་པ་ལྔའི་ལམ་ལ་རྟེན་པས་སྟུག་པོ་བཀོད་པའི་ཚོལ་བ་གོལ་ཏེ། ཐམས་ཅད་ཀྱང་བདེན་པ་གཉིས་བྲལ་ངང་དུ་ཆེ་ཆུང་མེད་པས་གཟའ་གཏད་བྲལ་བར་གནས་བཞིན་དུ། ལམ་ལྔའི་ཕྱོགས་ལྟས་སྒྲིབས་པས་འདི་མི་མཐོང་བའོ། །གཞན་དུ་ནང་པའི་ནམ་མཁའི་བ་བཞོ་བ་ལ་སོགས་པ་རྟེན་ཅན་གྱི་ཐབས་གོལ་སར་ཡང་འཕགས་པའི་ལྟའི་ས་བཤད་དོ། །ཆགས་པ་དང་བྲལ་བའི་སྐབས། ཞེས་པ། རང་བྱུང་ཡེ་ཤེས་ཆེན་པོ་ནི་དམན་པའི་ཡེ་ཤེས་ཀྱི་རོ་ལ་ཆགས་པ་མེད་པར་སྟོན་པའོ། །རང་བྱུང་བའི་ཕྱོགས་ལྟས་བསྒྲུབས་པས་འདི་མི་མཐོང་བའོ། །དབུ་མ་པའི་ཡེ་ཤེས་གོལ་སར་བསྟན་པའི་ཕྱིར། ད་ལྟའི་བདེ་དང་ཕྱི་མའི་བདེ། །མངོན་སུམ་པ་དང་རྒྱབ་ནས་བྱུང་། །ཞེས་པ། འཕྲལ་དུ་མི་རྟོག་པ་སྒོམ་པ་ནི་ཤིན་ཏུ་མི་དམིགས་པ་སྒོམ་པ་བཏང་སྙོམས་ཀྱི་བདེ་བ་རང་རིག་པའི་མངོན་སུམ་དུ་གསལ་བ་ལ་ཆགས་པ་ནི་མི་རྟོག་པའི་ཡེ་ཤེས་མཉམ་བཞག་གི་ཚེ་མཐོང་བའོ། །ཕྱི་ནས་ལངས་པའི་ཚེ་དངོས་པོ་སྒྱུ་མ་མཐོང་བ་ནི་མི་རྟོག་པའི་རྟེན་ལས་སྐྱེམ་པ་སྟེ། དག་པའི་འཇིག་རྟེན་གྱི་ཡེ་ཤེས་སོ། །ལམ་པའི་ཡེ་ཤེས་གཉིས་ཡུལ་གཉིས་ལ་དམིགས་པས་གོལ་ཏོ། །དེ་ཡང་རྣམ་པའི་སྐྱོན་ཡིན་པས། །དེ་ལ་བརྟེན་པར་མི་བྱའོ། །ཞེས་པ། ཡེ་ཤེས་གཉིས་ལྟོས་པ་ཡོད་པས་མཐའི་ལྟ་བའི་སྒྲིབ་པ་ཡིན་པའི་གཏན་ཚིགས་ཀྱིས། ལྷག་པའི་རྣལ་འབྱོར་བ་རྣམས་ཏིང་ངེ་འཛིན་དེ་ལ་བློ་མི་གཞག་པར་གདམས་པའོ། །ཆེ་བ་བསྟན་པའི་ཕྱིར། གདོད་མ་ནས་ཆེ་བ་ཉིད་ཀྱི་སྙིང་པོ་ལ་རང་བཞིན་གྱིས་གནས་པའི་སྐབས། ཞེས་པ། རྫོགས་པ་ཆེན་པོའི་ཐེག་པ་ནི་ཡེ་ནས་ཐེག་པ་གཞན་ལས་སྤགས་པའང་བྱས་པའི་ཆེ་བ་མིན་ཏེ། སྙིང་པོ་བྱང་ཆུབ་ཆེ་བ་ལྔ་དང་གསུམ་དང་གཅིག་གི་ངོ་བོར་ངང་གིས་བཞུགས་པས་འཕགས་པའི་དོན་སྟོན་པའོ། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་བྱུང་། །ཆོས་སྐུས་ཁྱབ་པས་གཅིག་པའི་ཕྱིར། །ཆེ་བས་ཆེན་པོའི་རང་བཞིན་གནས། །ཞེས་པ། གང་རྒྱུ་འབྲས་རྣམ་པར་སྤྱད་ཟིན་པ་དང་། རྒྱུ་རྐྱེན་སྤྱད་ལ་འབྲས་བུ་མ་སྤྱད་པ་དང་། རྒྱུ་རྐྱེན་འཚོགས་ལ་མ་སྤྱད་པའི་ཆོས་རྣམས་ནི་རང་བཞིན་ནོ། །ངང་ནི་དེ་དག་རྟོག་པ་ལ་རིམ་པར་སྣང་དུ་ཟད་ཀྱི་བཤད་པ་ལྟར་རྒྱུ་རྐྱེན་རང་བྱུང་ཡེ་ཤེས་ཡིན་པའི་ཕྱིར་དུས་ཀྱི་ངོ་བོ་རང་རིག་མ་སྐྱེས་པར་གཅིག་པས་སྔ་ཕྱི་དང་བཟང་ངན་གྱི་བྱེ་བྲག་མེད་དེ། དེ་བས་ན་རིམ་པ་མ་འགགས་བྲལ་བའི་སྙིང་པོར་ཡེ་ནས་རང་ཤར་བའོ། །བདག་ཉིད་ཆེན་པོ་ནི་ངོ་བོས་ཐམས་ཅད་བདག་ཡིན་ལ། བདག་ཐམས་ཅད་ཡིན་པས་བདག་གཉིས་བྲལ་བའི་བླ་དྭགས་ངོ་བོ་བདག་ཉིད་ཆེན་པོའོ། །དེ་བླ་མའི་མན་ངག་དང་ཟབ་མོའི་ལུང་གིས་རིམ་སྙིང་པོ་བྱང་ཆུབ་ལྷག་པའི་ཆོས་སྐུས་མ་བསྐྱོད་པར་ཀུན་ལ་བརྡལ། མ་བསྒོས་པར་ཀུན་ལ་ཁྱབ་པས་ཇི་སྙེད་པའི་མཚན་ཉིད་དང་ངོ་བོ་ཀུན་ནས་བཟླུམས་པའི་གཏན་ཚིགས་ཀྱི་བདག་ཉིད་ཆེན་པོ་སྟེ། །རྩོམ་པ་མེད་པ་ནས་ལྔ་དང་གསུམ་གྱིས་བཤད་པ་ལྟར་མངོན་པར་མཐོ་བས་རྗེ་བཙན་དམ་པར་བཞུགས་པ་ནི་གཅིག་གིས་སྤགས་པའང་ཡིན་པའོ། །ཀུན་ཏུ་སྨོན་ལམ་དང་བྲལ་བའི་སྐབས། ཞེས་པ། འདིར་ཐམས་ཅད་ཡང་དག་པའི་སངས་རྒྱས་ཡིན་པའི་ཕྱིར། བཏགས་པའི་སངས་རྒྱས་གཉིས་ལ་རེ་བ་མེད་པར་སྟོན་པའོ། །སྲིད་པ་གསུམ་ན་སྦྱོང་བའང་། མེད་ཙམ་སྒྱུ་མར་སྣང་བ་སྟེ། །ཞེས་པ། ཁམས་གསུམ་གྱི་གནས་ན་སྤྲུལ་པའི་སྐུས་དྲུག་གི་ལས་རྣམས་དག་པར་བྱེད་པའང་། མིང་ལ་གདུལ་བྱས་དངོས་པོར་ཞེན་པ་སྟེ། ལྷག་པའི་སྒྲ་འགོག་པས་གཞི་ནི་བཏགས་པའི་སྤྲུལ་པར་མ་གྲུབ་སྟེ། གདུལ་བྱ་དང་པོ་པའི་བློ་ལ་ཡེ་ཤེས་སྒྱུ་མའི་སྐུར་སྣང་བའོ། །འཁོར་ལོ་སྒྱུར་བའི་གནས་ཆེན་ཡང་། །སྒྱུ་མས་སྦྱོང་བའི་བསྟི་གནས་ཡིན། །ཞེས་པ། རྣམ་པར་སྣང་མཛད་ས་བཅུ་པའི་སེམས་དཔའ་ལ་ཆོས་ཀྱི་འཁོར་ལོ་ཚུལ་གཉིས་ཀྱིས་བསྐོར་བའི་བཞུགས་གནས་ལྟོས་པས་ཆེ་བའི་འོག་མིན་ཀྱང་། བཏགས་པ་ཙམ་སྣང་བའི་ཡེ་ཤེས་སྒྱུ་མའི་སྐུས་ཤེས་བྱ་དག་པར་བྱས་ནས་ངལ་སོས་ཏེ་གཟོད་གསང་སྔགས་ལ་འཇུག་པའོ། །རྣམ་དཔྱོད་དུས་ལ་ལྟོས་པ་རྣམས། །དུས་དེར་འབྱུང་བར་མི་འགྱུར་ཏེ། །ཞེས་པ། དེ་བས་ན་དམན་པའི་ཐེག་པ་བྱང་ཕྱོགས་དང་ཕ་རོལ་ཕྱིན་པ་ལ་འབད་ཅིང་ས་བགྲོད་ནས་སྐལ་པ་གསུམ་གྱི་དུས་ལ་ཐོབ་ཏུ་རེ་བ་དག་གིས་དེ་ཉིད་ཀྱི་ཚེ་ཡང་དག་པའི་སངས་རྒྱས་མི་འཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། མ་བྲལ་སྨོན་པ་སྤྱོད་པས་ན། །སྟོང་པའི་མཚན་ཉིད་གསུངས་པ་བཞིན། །ཞེས་པ། རྒྱུའི་ཐེག་པ་པ་རེ་བ་ཡོད་པས་སྨོན་ལམ་འདེབས་ཤིང་འབད་རྩོལ་བྱེད་པས་སྐལ་བ་དམན་པའི་ཕྱིར་ལྟ་བའང་འཚམ་པར་དོན་དམ་པའི་བདེན་པ་མཚན་ཉིད་གསུམ་དང་ལྡན་པ་མ་སྐྱེས་པ་དེ་བཞིན་ཉིད་དུ་བསྟན་ཏེ་ལྷུན་གྲུབ་ཟུར་ཡང་མ་བརྗོད་པས། སྟོང་པ་ལ་ངོ་བོ་མེད་པ་ལྟར་དེ་དག་ལ་ཡང་དག་པའི་འབྲས་བུ་མེད་པས། འདིར་ལྟ་སྤྱོད་གཉིས་ག་མི་བལྟ་མི་སྤྱད་དོ། །འོ་ན་རྒྱུ་དང་མ་འདྲེས་པའི་བཀའ་ལུང་གང་སྙམ་པ་ལ། ལུང་སྟོན་པའི་སྐབས། ཞེས་པ། ལུང་གི་རྒྱལ་པོ་ཐམས་ཅད་གཅིག་པར་སྟོན་པས་དཀྲི་བའི་ལུང་ལས་ཤིན་ཏུ་འཕགས་པར་འཆད་པའོ། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །ཞེས་པ། འདིར་ཆོས་སོ་ཅོག་ནི་བདེན་པ་གཉིས་མེད་པར་གཅིག་ཀྱང་དངོས་གཞི་ཐམས་ཅད་པའི་ཕྱིར་ཅིག་གི་མཐའ་ཉིད་ལས་ཀྱང་གྲོལ་བས་བསྟན་དཀའ་སྟེ། ཁུ་བྱུག་ལས། སྣ་ཚོགས་རང་བཞིན་མི་གཉིས་ཀྱང་། །ཆ་ཤས་ཉིད་དུ་སྤྲོས་དང་བྲལ། །ཞེས་གསུངས་སོ། །གདེངས་དེ་ལྟ་བུའི་སྐྱེས་བུ་འདི་པར་ངེས་པ་ལ་སྨོན་རེ་དང་དོགས་པའི་སེམས་ཀྱི་འདུ་འཕྲོ་དང་བག་ཚ་བ་མེད་པས་ཁྱུང་ཆེན་ལྡིངས་པ་ལྟར་བཞུགས་པའོ། །ལུང་གི་ངོ་བོ་དང་ངེས་ཚིག་བསྟན་པའི་ཕྱིར། མ་བྱུང་མི་སྐྱེ་སྙིང་པོ་ལ། །སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད། །ཞེས་པ། བྱང་ཆུབ་སེམས་རྒྱུ་རྐྱེན་ལ་རག་མ་ལུས་པས་དངོས་གཞི་གཟུང་དུ་མི་བཏུབ་པ་ཉིད་ཐམས་ཅད་ཀྱི་གཞི་རྩ་དེམས་བཅུད་དུ་གྱུར་པ་ནི་ཡོད་མེད་ལ་སོགས་པའི་ལྟ་ངན་གྱི་ཚིག་གི་ཉེས་པ་བྲལ་བས་མིང་ངེས་པའོ། །ཉན་ཐོས་དང་རང་རྒྱལ་བའི་ལྟ་བ་གོལ་བ་བསལ་བའི་ཕྱིར། ཕྱི་ནང་གཉིས་ག་ཕྱི་ཉིད་ན། །ཟབ་མོ་ཆ་ཤས་རྟོགས་ཡུལ་མེད། །ཞེས་པ། བྱིས་པའི་ཤེས་པ་ཕྱི་ནང་རྟེན་འབྲེལ་གྱིས་ཕྱི་མ་གྲུབ་པའི་ཆོས་ཉིད་ཟབ་མོ་ཡུལ་དུ་བྱེད་པ་དང་། བྱིས་པ་ཅིག་ཤོས་པ་དག་ཅང་གི་ཤེས་པ་ཆ་ཕྲ་མོའི་ངོ་བོ་དང་། ཕྱི་རོལ་རྡུལ་ཕྲན་གྱི་ཆར་འདོད་པ་དག་གོལ་སྒྲིབ་པའོ། །འདིར་ཡུལ་དང་ཤེས་པར་སྣང་བའི་ཡུལ་ཡང་རང་བྱུང་་གི་ཡེ་ཤེས་ཁོ་ན་བས་རྟོགས་པར་བྱའི་ཡུལ་ཟབ་ཅིང་ཕྲ་བ་འདོད་ནས་མེད་པར་བསལ་ཏོ། །ཡེ་ཤེས་འབའ་ཞིག་ན་འཁྲུལ་པ་ཅི་ཡོད་སྙམ་པ་ལ། སྲིད་པ་མིང་ཙམ་ལོག་པའི་སྟོབས། །དེ་བས་ཏིང་འཛིན་མཉམ་དང་བྲལ། །ཞེས་པ། མུན་པའི་ཤེས་པ་དག་ལ་ནི་འདི་དང་ཕྱི་མ་དང་བར་མ་དོར་སྣང་ལ། དེ་དག་ནི་རྒྱལ་པོའི་ཕྲུ་གུ་ལྟར་ངོ་བོ་མ་ནོར་ན་ཡང་ངེས་པའི་ཤེས་རབ་མ་ལྡན་པས་རྟག་ཏུ་མཐོང་བ་མ་ནོར་བ་ཉིད་རྟོག་པའི་ཀློང་འོག་ཏུ་ཆུད་པས་ལས་ཀྱི་མིང་ནོར་ཏེ། སྒྲ་འགོག་པའི་ངོ་བོ་མ་འཁྲུལ་བར་འཆད་པའོ། །དེ་བས་ན་བཏགས་པ་ཙམ་ནོར་བའི་མཐུས། །ལོག་པའི་ཕྱིར་མཉམ་པ་ཉིད་ཀྱི་དགོངས་པ་དང་བྲལ་ཏེ། དངོས་པོ་རང་རྒྱུད་པར་ཞེན་པས། ཡུལ་དང་ཤེས་པར་མཉམ་ཉིད་ངང་ལ་བགོ་བཤའ་བྱས་པས་ཕུར་པ་གཉིས་ཐེབས་པས་ཡུལ་སེམས་རིས་སུ་བཅད་པའི་རྟོག་པ་རང་བཞིན་གྱི་ཆོས་ལྔ་ཕུང་པོ་དང་ཁམས་བཅྭོ་བརྒྱད་ལྟ་བུ་ལ་སོགས་པའི་དངོས་པོ་རང་རྒྱུད་པའི་སྤྱོད་ཡུལ་དུ་ཡོད་པའོ། །དེ་ནི་འཇིག་རྟེན་རང་ཁ་མའི་གོལ་སྒྲིབ་དུ་བཤད་པའི་ཕྱིར། དེ་ལ་ཐ་ཚིགས་ཕྱི་དང་ནང་། །རང་བཞིན་ཕུང་པོ་ཁམས་བཞིན་གནས། །ཞེས་གསུངས་སོ། །དུས་གསུམ་འདི་དང་མི་འབྲལ་བས། ཐ་ཚིགས་ངང་དུ་བཏགས་པ་མེད། །ཞེས་པ། བཤད་པ་ལྟར་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་སེམས་ཉིད་ཐམས་ཅད་དུ་རང་སྣང་བས་ཐམས་ཅད་དུ་རང་སྣང་བས་ཐམས་ཅད་དང་འདུ་འབྲལ་མེད་པའི་ཕྱིར་གཟུང་འཛིན་དུ་རྒྱ་ཆད་པ་དང་བྲལ་བའོ། །ཡེ་ཤེས་ཆེན་པོའི་ཐིག་ལེ་ཞེས་པ། ཆོས་སོ་ཅོག་རང་བྱུང་ཡེ་ཤེས་ངང་དུ་བཟླུམས་པས་དེ་ལས་མི་འགྱུར་བར་ཁྱབ་པའོ། །སྐབས་དང་པོས་ཡེ་ཤེས་དངོས་པོ་ཆོས་འདི་ཉིད་ལས་གཞན་ན་མེད་པར་བཤད། སྐབས་གཉིས་པས་རང་བྱུང་ཡེ་ཤེས་མ་ནོར་བའི་ལམ་དུ་བཤད། གསུམ་པས་ཡེ་ཤེས་ཀྱི་གོལ་ས་བཤད། བཞི་པས་ཡེ་ཤེས་ཀྱི་ཆེ་བ་བཤད། ལྔ་པས་ཡེ་ཤེས་ཀྱི་རེ་དོགས་དང་བྲལ་བར་བཤད། དྲུག་པས་ཐམས་ཅད་ཡེ་ཤེས་འབའ་ཞིག་ངོ་བོར་དྲི་མ་མེད་པར་བཤད་པས་སྐབས་ཀྱི་བསྡུ་བ་སྟེ་ཞོར་ལ་རང་གི་གོལ་སྒྲིབ་བཤད་པའོ། །ཐིག་ལེ་ལྔ་པའི་དོན་བསྟན་པའི་ཕྱིར། མཉམ་པ་ཉིད་ཀྱི་སྐབས། །ཞེས་པ། བླང་དོར་མེད་པའི་བདག་ཉིད་ཆེན་པོ་མཉམ་པ་ཉིད་ཆེད་དུ་བྱེད་པའང་བྲལ་བས་མཉམ་པར་སྟོན་པའོ། །མི་གཡོ་བས་ན་སྐུའི་རྒྱ། །མི་བསྐྱོད་པས་ན་ཡེ་ཤེས་ཏེ། །མི་ལེན་པས་ན་བདག་མེད་ཅིང་། །མི་འདོར་ཚིག་བྲལ་མཉམ་ཉིད་དོ། །ཞེས་པ། སྐུ་གསུང་ཐུགས་ཀྱི་ཐིག་འཕྲན་འཆད་དེ། རིལ་འགྲེ་ལོག་སྤྱི་ཚུགས་གར་འགྲེས་ཀྱང་སྙིང་པོ་བྱང་ཆུབ་ལས་མི་འདའ་བའི་གཟི་བྱིན་དང་ལྷུན་བརྗིད་ཆེན་པོའི་ཕྱིར་མིང་འགྲུབ་ལ། རང་རིག་སྤྱོད་ཡུལ་བྲལ་བས་སྐད་ཅིག་མའི་རྒྱུད་དུ་སྐྱེ་བ་མེད་པར་ཅིར་ཡང་རང་གསལ་ལ་ཐུགས་སོ། །དེས་ན་དང་དུ་བླང་བའི་ཡུལ་མེད་པས་གང་ཟག་གི་བདག་ཀྱང་མེད་པའི་ཡེ་ཤེས་ལས་སྤང་བྱ་ཅིའང་མེད་པས་ཚིག་གིས་ཐོག་ཏུ་མི་བབ་པའི་ངེས་པའི་ལུང་ནི་གསུང་སྟེ་རང་བཞིན་ཀུན་ཏུ་བཟང་པོའོ། །དེ་ཡང་གྲངས་ཀྱི་དབྱེ་བའི་སྐུ་གསུང་ཐུགས་མི་ཟད་པ་ལས་འདས་ཏེ་བཞུགས་པ་ནི། སྐུ་གསུང་ཐུགས་ཀྱི་དཀྱིལ་ཞེས་གསང་བའི་མན་ངག་གོ །དེ་བས་ན་བདེ་འབྱམས་ལས། སྐུ་གསུང་ཐུགས་ཤར་མུ་ཁྱུད་དཀྱིལ་འཁོར་གསུངས་སོ། །གང་དང་གང་གི་གང་དུའང་། །ཀུན་འཁོལ་ཀུན་སྤྱོད་བདག་ལས་བྱུང་། །ཞེས་པ། ཐོབ་བྱའི་དངོས་པོ་དང་། ཐོབ་པ་པོའི་དངོས་པོའི་སྤྱོད་ཡུལ་ཞིག་དུས་དང་གནས་རིས་ཐམས་ཅད་དུ་སོ་སོ་ཐ་དད་དུ་མེད་དེ། རིལ་བདག་ཉིད་ཆེན་པོར་རྫོགས་པས་ཐམས་ཅད་རང་དབང་སྒྱུར་ཞིང་མི་བྱ་བ་ཅིའང་མེད་པའི་ངོ་བོར་རང་རིག་ཤར་བས་དབང་ཡེ་ནས་ཐོབ་ཟིན་པས་སྤྲུལ་པའི་ཐིག་ཕྲན་ཀྱང་བཤད་ལ། སྤྱོད་པ་བླ་ན་མེད་པ་ལྔ་པའང་བཤད་དོ། །འདི་ལ་སྐྱེས་པ་བུད་མེད་ཅེས། །མཉམ་པའི་རྒྱལ་པོས་ཡོང་མ་གསུངས། །ཞེས་པ། སྐབས་འདིར་འདོད་པའི་འཁྲིག་སྤྱོད་ཐམས་ཅད་ཀྱང་བདག་ཉིད་ཆེན་པོའི་སྤྱོད་པར་རང་ཤར་བ་ལ་ཕོ་མོའི་རིས་དང་བ་གར་བསྲུབས་པའི་བདེ་བ་རྟོགས་པ་ལྟ་བུར་ཀུན་ཏུ་བཟང་པོས་མ་གསུངས་པས་རྒྱུད་ལས་ཐབས་ཁྱད་པར་ཆེའོ། །དངོས་གྲུབ་ཆེན་པོ་བདེ་བ་ལ་ཆགས་པ་སྤང་བའི་སྐབས། ཞེས་པ། ཨ་ཏི་ཡོ་ག་དངོས་གྲུབ་ཁྱད་པར་ཅན་གྱི་ངོ་བོ་ཉིད་པས་ལུང་རྒྱུད་ཀྱི་རྟེན་ལས་ལེན་པའི་དངོས་གྲུབ་ལ་ཆགས་པ་མི་བྱེད་པར་སྟོན་པའོ། །འདི་ལ་བརྟུལ་ཤུགས་དྲག་ཤུལ་གྱིས། །ཞེས་པ། ཤིན་ཏུ་རྣལ་འབྱོར་པ་ལ་ལུང་གི་བརྟུལ་ཤུགས་ཉི་ཤུ་རྩ་གསུམ་གྱི་སྤྱོད་པ་བྱས་པས་ཐོབ་བྱའི་གཞི་མི་རྩམ་ཡང་མེད་པའི་ཕྱིར། གནས་སུ་བྱ་བའི་མིང་མེད་དེ། །ཞེས་གསུངས་སོ། །ཨ་དང་པར་ནི་རྣམ་ལྡན་ན། །སྒྱུ་མའི་བདེ་བ་སྐྱེད་པར་འདོད། །ཞེས་པ། འདི་ལ་གདིང་མ་ཆུད་པའི་རྗེས་སུ་རྣལ་འབྱོར་པ་དག་སྙིང་གི་པད་མར་མ་སྐྱེས་པའི་ཡི་གེ་སྒོམ་པས་དོན་དམ་ལ་འོད་ཀྱི་ཏིང་འཛིན་ཚོལ་བ་དང་། ཀུན་ཏུ་བཟང་པོ་དང་བཟང་མོར་བརླབས་པའི་ཐབས་ཤེས་རབ་འཚམ་པའི་ཚེ་རོལ་པའི་ལས་སྒྱུ་མ་ལྟ་བུ་ལས་དགྱེས་པ་ཆེན་པོའི་ཡེ་ཤེས་སྣང་བར་འདོད་པ་གོལ་བའོ། །འོ་ན་འདིར་ཇི་ལྟར་འབྱུང་ཞེ་ན། རང་བཞིན་གཅིག་ཏུ་མ་ངེས་པས། །ཇི་ལྟར་བལྟས་པ་དེ་ལྟར་སྣང་། །ཞེས་པ། ཆོས་རྣམས་ནི་བཏགས་པ་ཙམ་སྣང་བས་ངོ་བོ་འདིའོ་བར་མི་ཟིན་པ་ནི་འགྱུར་བའི་མ་ངེས་པ་ལྟ་བུ་ལ་ཡིན་ཏེ་དངོས་གཞི་ཐམས་ཅད་པར་བཞུགས་པའི་ཕྱིར། གང་ལྟར་བསམས་པར་གྲུབ། བཏགས་པ་ཐམས་ཅད་དུ་ཆགས། ཇི་ལྟར་བལྟས་པར་རང་སྣང་བ་ལ་རྣམ་པའི་བདེ་བ་སྣང་བའང་རེ་བ་མེད་པས་འཕགས་པའོ། །སྣང་འོས་རྩོལ་བའི་བདེ་བ་ཡང་། །དེ་ནི་དེ་སྒྲིབ་སྐྱོན་ཆེན་ཡིིན། །ཞེས་པ་ལྷུན་གྲུབ་ལ་དམིགས་གཏད་བྱས་པས་འབྲས་བུ་ཐོབ་པར་རེ་བས་འབད་པ་རྩོམ་ཞིང་རོ་ལ་ཆགས་པའི་རྣལ་འབྱོར་ནི་བྱང་ཆུབ་སེམས་བརྩལ་བ་དང་བྲལ་བ་སླར་མཐོང་དུ་མི་སྟེར་བས་མན་ངག་གི་སྒྲིབ་པ་དངོས་སོ། །རྒྱུད་ཀྱི་གོལ་སྒྲིབ་བསྟན་པའི་ཕྱིར། །བྱང་ཆུབ་ཡན་ལག་ཀུན་གྱི་སྒོ། །ཆ་ལུགས་བསྒོམས་པས་ཆུ་ཟླ་བཞིན། །མ་གོས་མ་ཆགས་འབྱུང་འགྱུར་ཡང་། །བསྒོམས་པས་བྱིས་པའི་སྤྱོད་ཡུལ་བཞིན། །ཞེས་པ། རྣལ་འབྱོར་ཆེན་པོའི་ཆོས་ཀྱི་སྐུ་དགྱེས་པ་ཆེན་པོ་ཐོབ་པར་བྱེད་པའི་ཆ་རྐྱེན་དང་པོ་པའི་རྣལ་འབྱོར་རིལ་གྱི་འཇུག་སྒོ་ཞི་བའི་ལྷ་རྣམས་ཆ་ལུགས་ལྔ་རྒྱན་བཅུ་གསུམ་སྐུ་མདོག་གི་ཚུལ་ལྔར་བསྐྱེད་པའི་སྐུ་སྣང་ལ་རང་བཞིན་མེད་པར་བསྒོམས་པས་ཡུན་རིང་མོ་ལས་སུ་རུང་བའི་ཚེ། སྐྱེ་བོ་པའི་ཡུལ་ལ་ཅི་སྤྱད་ཀྱང་ཐ་མལ་པའི་བག་ཆགས་མི་སྒོ་བས་པད་མ་ལྟར་སྣང་ཡང་ཁྱིའུ་ཕྱིན་མ་དམ་པས། ཏིང་ངེ་འཛིན་དེ་ཤེད་མ་བྱེ་བའི་བསམ་པ་ཁོ་ན་བས་འདི་མི་མཐོང་བའོ། །ཁྲོ་བོ་སྒོམ་པའང་གོལ་བའི་ཕྱིར། །དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱིས། །ཁྲོ་བདག་ཆེན་པོའི་ལུས་བཟུང་ནས། །ཡི་གེ་མངོན་དུ་ཕྱུང་བ་ཡང་། །ཞི་བའི་དེ་ཉིད་མཐོང་བ་མིན། །ཞེས་པ། ཁྲོ་བོའི་དཀྱིལ་འཁོར་སྒོམས་པས་ཁྲོ་བོའི་ཆ་ལུགས་གར་དགུ་དང་ལྡན་པ་ཆེ་མཆོག་ཉིད་དུ་གསལ་ལ་མི་གཏོང་བ་དང་འཕྲོ་འདུ་བྱས་པ་གོམས་པའི་ཚེ་ཡི་གེ་དབང་པོའི་མངོན་སུམ་དུ་ཤར་ཀྱང་བཟང་རྟོག་སྣང་བས་དེ་ཁོ་ན་ཉིད་ཟུག་རྔུ་མེད་པ་མི་རྟོགས་ཏེ་དེ་ཉིད་ཀྱིས་གོལ་བའོ། །སྤྱོད་པ་བསྟན་པའི་ཕྱིར། རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་པ། །གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ། །ཞེས་པ། སྤྱོད་པ་བླ་ན་མེད་པ་གཉིས་པ་དང་ལུང་གི་སྲོག་མན་ངག་འཆད་དེ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ལུང་རིལ་ཀྱང་ཕབ་རྩི་འདིས་ཟིན་ཅིང་གནད་ཆུད་ན། སྤྱོད་པ་སྣ་ཚོགས་ཅི་དགར་བ་དགོས་མེད་དུ་སྤྱད་ཀྱང་སྙིང་པོ་བྱང་ཆུབ་ལས་མི་འགྱུར་བར་སྨོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མ་མེད་པའི་དབང་གིས་ན། །བསྟི་གནས་དེ་ལས་འབྱུང་མི་འགྱུར། །ཞེས་པ། གདིང་གིས་ཟིན་པས་ཅི་སྤྱད་ཀྱང་འདུ་ཤེས་ཀྱིས་བཟུང་བ་མེད་པས་ཆུ་སྐྱེས་ལྟ་བུར་མ་ཆགས་གསལ་བའི་དོན་ནི་འགྱུར་བའི་ཡི་གེས་གང་དམན་པའི་ཐེག་པའི་བློ་ལ་སྣང་དུ་མི་རུང་བའོ། །རྩོལ་བ་དང་། བྲལ་བའི་སྐབས། ཞེས་པ། བརྗོད་དུ་མེད་པའི་ལུང་དང་ལྡན་པ་ནི་ཕྲིན་ལས་བདག་གཞན་བྱེད་པ་མེད་པའི་དོན་སྟོན་པའོ། །གླེང་བྲལ་འདི་ལ་གནས་པ་ན། །རྣལ་འབྱོར་དེ་ནི་སྐལ་པ་བཟང་། །ཞེས་པ། སྨྲ་བསམས་ཡུལ་ལས་གྲོལ་བའི་སེམས་ཉིད་བསྟན་དཀའ་བ་བདག་ཉིད་དུ་ཤེས་པའི་བློའི་རྟེན་དེ་ཉིད་ལའང་མི་འཆའ་བ་ནི་སྐྱེས་བུ་མ་ཧཱ་ཨ་ཏི་པ་སྟེ་ཤིན་ཏུ་ཆོས་ཀྱི་སྐལ་པས་རྒྱལ་བར་གྱུར་པའོ། །བདག་དང་གཞནདོན་མི་འབྱེད་པས། །སྒྱུ་མའི་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་པ། ཐམས་ཅད་ལ་མི་འབྱེད་པའི་མན་ངག་འཆད་དེ། ཐམས་ཅད་རང་རིག་པ་ཡིན་པ་དང་རང་རིག་པའང་ཐམས་ཅད་ཡིན་པས་བཤད་པ་ལྟ་བུའི་ཕྱིར་བདག་དང་གདུལ་བྱར་ངང་གིས་དབྱེར་མེད་པའི་ཕྱིར། གདེང་དེ་ཐོབ་པ་ནི་རང་རིག་པ་བྱེ་བྲག་ཐམས་ཅད་དུ་གསལ་བར་རང་སྣང་དུ་བཏུབ་པས། ལྷག་པའི་སྒྱུ་མ་སྟེ། ཐམས་ཅད་གཉིས་སུ་མེད་པར་བྱུངས་ཐེབས་པས། བསྐྲད་པ་མེད་པར་རྒོལ་བ་ཚར་བཅད། བགྲོད་པ་མེད་པར་ཀུན་གྱིས་ཐེག་པའི་ཡ་མཐར་ཕྱིན། རྣམ་རྟོག་གི་དཔུང་རང་བྱུང་ཡེ་ཤེས་ཀྱི་ཀློང་དུ་བཅོམ་པས་ངན་སོང་འཁོར་བ་མིང་ཡང་མེད་པ་མཐར་ཕྱིན་པའོ། །ལྟ་བ་མི་འབྱེད་པ་ལ་སོགས་པ་རིལ་གྱིས་ངོ་བོར་གྲུབ་ཟིན་ཏོ། །ཆོས་ཉིད་ཀུན་ཏུ་མིའགྱུར་བའི་སྐབས། ཞེས་པ། ལྷུན་གྲུབ་གྱི་ཡེ་ཤེས་ཟླ་མེད་ཅིང་མཚོན་པར་དཀའ་བ་དེ་རྒྱུ་རྐྱེན་གཞན་གྱི་དབང་དུ་མི་འགྱུར་བར་སྟོན་པའོ། །ལྷག་མ་མེད་པས་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །ཞེས་པ། ཐམས་ཅད་བསྡུས་པའི་ལུང་དང་། རྫོགས་པ་ཆེན་པོའི་མན་ངག་ཏུ་འཆད་དེ། མི་གནས་ཡེ་ཤེས་ཉིད་དུ་སངས་རྒྱས་སེམས་ཅན་བསྟི་གནས་པ་རིལ་འུབ་ཆུབ་སྟེ་དེ་མ་ཡིན་པ་རྡུལ་ཆའང་མི་རྙེད་པའི་ཕྱིར་ངོ་བོ་ཉིད་རྟག་པའོ། །དོན་དེ་སྒྲོ་སྐུར་མེད་པ་དང་མ་ནོར་བས་གཉིས་གར་མི་འགལ་བའོ། །ནམ་མཁའ་བཞིན་ཏེ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །ཞེས་པ། བྱང་ཆུབ་སེམས་ཀྱི་ངང་ལ་རྐྱེན་དངོས་གྲུབ་ཏུ་གྱུར་པས་ངང་གིས་མི་ལྡོག་པའི་དེ་ཁོ་ན་ཉིད་ནི་ནམ་མཁའ་ལྟར་རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་དང་། མཐའ་དབུས་བྲལ་བ་དང་། བླང་དོར་མེད་པའི་ཀྲྀ་ཡ་པ་ཡེ་ཤེས་སེམས་དཔའ་ལ་དངོས་གྲུབ་རེ་བ་ལྟ་བུ་གོལ་སྒྲིབ་ཀྱི་ནོར་བ་མེད་པའོ། །ལྷུན་གྱིས་གནས་པས་བདེ་ཆེན་ཏེ། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རང་གི་མཐུའི་རིག་པ་ལས། །ཆོས་ནི་གཞན་ནས་འབྱུང་མི་འགྱུར། །ཞེས་པ། ཀྲྀ་ཡའི་གོལ་ས་ལ་བཟླ་བའང་། ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པར་བསྟན་པས། ནོར་བུ་རིན་པོ་ཆེ་ལྟ་བུར་བཞུགས་པས་སྤངས་ཐོབ་མེད་པའི་དགའ་བ་ཆེན་པོ་འགྲན་གྱི་དོ་མེད་པའི། རང་བྱུང་ཡེ་ཤེས་སུ་རང་ཤར་བའང་རང་རིག་པ་ཉིད་དེ། དེ་རྟོགས་པའི་རྩལ་ཉིད་དངོས་གྲུབ་ཏུ་རང་སྣང་བ་ལས། འབྲས་བུའི་ཆོས་ལྷ་དང་རྒྱུ་རྐྱེན་ལ་རག་མ་ལུས་པའོ། །སླ་ཞིང་དཀའ་ལ་སླ་ཕྱིར་དཀའ། །མངོན་སུམ་མི་གནས་ཀུན་ཏུ་ཁྱབ། །ཞེས་པ། བྱང་ཆུབ་སེམས་ཀྱི་རང་བཞིན་ནི་གཞན་ན་མི་ཚོལ་བས་རྙེད་སླ་ལ། བདག་ཉིད་པས་རྙེད་དཀའ་འོ། །དེ་ཅིའི་ཕྱིར་ཞེ་ན། གཞན་ན་མེད་པ་ཉིད་ཀྱིས་ཡུལ་དུ་མ་གྱུར་པས་དཀའ་བའོ། །དེ་ལྟ་བུ་དེ་དབང་པོ་མངོན་སུམ་དུ་བལྟ་བའི་རྣམ་པ་མེད་པར་ཐམས་ཅད་ཀྱི་ངོ་བོར་བཞུགས་པའོ། །མིང་ཙམ་འདི་ཞེས་བསྟན་པ་ནི། །རྡོ་རྗེ་སེམས་དཔའ་མཚོན་དུ་མེད། །ཞེས་པ། དེ་ལྟར་ནི་ལྷག་པའི་སྒྲ་འགོག་པས་ངོ་བོ་བསྟན་ཏུ་མི་བཏུབ་པ་ལྟ་ཅི་སྨོས་ཀྱི་མིང་ཙམ་དུ་འདི་ལྟ་བུ་ཞིག་ཡོད་དོ་ཞེས་སྟོན་པ་ཉིད་ཀྱང་སྟོན་མི་སྤྱོད་པའོ། །ཨུ་པ་ཡའི་གོལ་ས་བསལ་བའི་ཕྱིར། རྒྱུ་རྐྱེན་ལས་མི་འགྱུར་བའི་སྐབས། །ཞེས་པ། འགྲོ་བ་རིལ་ཡ་མཚན་ཆེན་པོའི་འབྲས་བུར་སངས་རྒྱས་པར་རྒྱུ་རྐྱེན་གཉིས་ལ་རག་མ་ལུས་པར་སྟོན་པའོ། །ངོ་མཚར་རྨད་འབྱུང་རིམ་པ་འདི། །བྱ་བྲལ་ནམ་མཁའ་ཇི་བཞིན་ཏེ། །ཞེས་པ། སྟོན་ཟླ་འབྲིང་པོའི་ཉ་བཞིན་དུ་རིལ་འབྲས་བུའི་ངོ་བོ་འབའ་ཤིག་དུ་སངས་རྒྱས་པའི་ལོངས་སྤྱོད་ཁྱད་པར་ཅན་ལ་དབང་མཛད་པས་འཕྲལ་དུ་རྩོལ་བ་མི་དགོས་པ་ནམ་མཁའ་ལྟ་བུའོ། །ཅིར་ཡང་མི་དམིགས་གཏི་མུག་ལས། །དེ་མ་ཐག་དུ་རང་ལས་བྱུང་། །ཞེས་པ། གཟའ་གཏད་ཅིའང་མེད་པའི་བྱང་ཆུབ་སེམས་ནི་ལྟ་སྤྱོད་དབང་ངམ་ཕྲིན་ལས་འབྱེད་པའང་བླང་དོར་མེད་པར་མཇལ་བའི་རང་རིག་པའི་ཡེ་ཤེས་ཤིན་ཏུ་མྱུར་བ་ཉིད་འབྲས་བུར་ཤར་ཏེ་ནང་རྟོགས་ན་ནང་སངས་རྒྱས་པ་ལ། ཨུ་པ་ཡ་ལྟར་འོག་གི་བྱ་བའི་རྐྱེན་དང་གོང་གི་རྣལ་འབྱོར་གྱི་རྒྱུ་གཉིས་ག་རྟེན་པས་འགྲུབ་པ་ལྟ་བུ་བས་བསལ་ཏོ། །འདི་ནི་ཐམས་ཅད་མཚུངས་པའི་ལམ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་པ། གཏི་མུག་ཆེན་པོའི་དོན་ནི། དེ་བཞིན་གཤེགས་པ་དང་འགྲོ་བ་ཀུན་གྱི་ལམ་ཆེན་པར་གྱུར་པས་མི་འདྲ་བ་མེད་དོ། །དེ་ཅིིའི་ཕྱིར་ཞེ་ན་འགྲོ་བ་རྣམས་གཏི་མུག་ཆེན་པོ་ཉིད་ཡིན་པའི་ཕྱིར་ཚོལ་བའི་འདུ་ཤེས་བྲལ་བའོ། །བུས་པས་འཁྲུལ་པ་བསླང་པའི་ཕྱིར། །སྨན་ཉིད་སྨན་པ་ཚོལ་བ་བཞིན། །ཞེས་པ། རང་རྒྱུད་པ་དང་ལྟོས་པའི་བུས་པ་དག་རང་རང་གི་ལྟ་བ་ནོར་པ་ལ་ཞེན་པས་རྒྱུད་ཡེ་ཤེས་ཆེན་པོ་ལས་ཉམས་པའི་གཏན་ཚིགས་ཀྱིས་རང་རང་གིས་ཅི་ཐོབ་དུ་རྩོམ་པ་ནི་སྨན་གྱི་སྡོང་པོས་སྨན་པ་ཚོལ་བ་དང་འདྲའོ། །འགྲོ་བ་ཡོངས་ལ་སངས་རྒྱས་པར་བསྟན་པའི་སྐབས། །ཞེས་པ། ཁམས་གསུམ་རིལ་འབྲས་བུའི་དངོས་གཞིར་བཞུགས་པས་སངས་རྒྱས་ཉིད་དུ་སྟོན་པའོ། །སའི་མན་ངག་དང་དམ་ཚིག་གི་སྲོག་ལྟ་བ་བསྟན་པའི་ཕྱིར། གོ་བའི་ཡུལ་ན་བདེ་བ་ཆེ། །དེ་ཉིད་རྣམ་དག་འཇིག་རྟེན་ཡིན། །ཞེས་པ། གཟའ་གཏད་དང་བྲལ་བའི་ཤེས་རབ་ཀྱི་དཔྱད་རྙེད་པའི་སྤྱོད་ཡུལ་ན། འཛམ་བུ་གསེར་གླིང་ལྟར་སྡུག་བསྔལ་མིང་ཙམ་ཡང་མི་རྙེད་དེ་སྤྱོད་ཡུལ་ཡོངས་སུ་དག་པས། སྟོང་གསུམ་སངས་རྒྱས་ཀྱི་ས་ལ་ཉམས་པའི་ཆད་པ་ནམ་ཡང་མེད་པའོ། །དེ་ཆད་ས་མ་ཡིན་པའི་ཕྱིར། དེ་ལ་ཕྱོགས་ཀྱི་འོད་འདུས་པས། །ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ། །ཞེས་པ། རྟོགས་ན་འཇིག་རྟེན་དག་པ་ནི་བཤད་པའི་རང་རིག་པ་ལ། ཕྱོགས་བཅུའི་ཆོས་དབྱིབས་ཁ་དོག་མ་འདྲེས་པར་ཡོངས་སུ་རྫོགས་པའི་ཕྱིར། རང་རིག་ཕྱོགས་བཅུར་རང་སྣང་བ་ནི་དག་པའི་འཇིག་རྟེན་ནོ། །དེ་ཐེར་ཟུག་རྟག་པ་མ་ཡིན་པའི་ཕྱིར། མ་ངེས་འཇའ་ཚོན་ཁ་དོག་ལས། རིགས་ཀྱིས་ཁྱད་པར་མེད་པར་སྣང་། །ཞེས་པ ། བྱང་ཆུབ་སེམས་བཤད་པ་བཞིན་པས་ངོ་བོ་མ་ངེས་ཏེ་ཅིར་ཡང་རང་གསལ་བ་འཇའ་ལྟ་བུའི་ཕྱིར་རིགས་ཐམས་ཅད་དུ་རང་སྣང་བའོ། །དེ་བཞིན་གཡོ་དྲུལ་མི་གཡོ་བ། །འབྱུང་བ་ལྔ་པས་གཙོ་ཆེ་ཡིན། །ཞེས་པ། ཐམས་ཅད་དུ་སེམས་ཉིད་རང་སྣང་བ་བཤད་པ་ལྟར་ཡིན་པས་སྣོད་ཀྱི་འཇིག་རྟེན་དང་ས་ཆུ་མེ་རླུང་ནམ་མཁའ་རིལ་གྱི་བདག་ཉིད་པས་རྒྱལ་པོར་གྱུར་པའོ། །ཀུན་ཏུ་བཟང་པོའི་ཐིག་ལེ། ཞེས་པ། ཐམས་ཅད་དུ་ཟིན་ཆགས་རྟོག་དྲུལ་བྲལ་བའི་ངོ་བོར་བཟླུམས་པའང་། སྐབས་དང་པོས་རང་བཞིན་ཀུན་ཏུ་བཟང་པོའི་བདག་ཉིད་དུ་བསྟན། གཉིས་པ་ཏིང་ངེ་འཛིན་ཀུན་ཏུ་བཟང་པོར་བསྟན་པ་དང་སྤྱོད་པ་ཀུན་ཏུ་བཟང་པོར་བསྟན། གསུམ་པས་ཕྲིན་ལས་ཀུན་ཏུ་བཟང་པོར་བསྟན། བཞི་པས་ངོ་བོ་ཉིད་ཀུན་ཏུ་བཟང་པོར་བསྟན། ལྔ་པས་ཐབས་ཀུན་ཏུ་བཟང་པོར་བསྟན། དྲུག་པས་འབྲས་བུ་ཀུན་ཏུ་བཟང་པོར་བསྟན་པས་སྐབས་བསྡུ་བ་མཛད་པའོ། །ཐིག་ལེ་དྲུག་པའི་དོན་བསྟན་པ་གང་སྙམ་པ་ལ། ཚོགས་དབུལ་བའི་སྐབས། ཞེས་པ། འོག་མའི་ཚོགས་ཀྱི་ཡོ་བྱད་འདྲིམ་པ་གོལ་བས་རྩོལ་བ་དང་བྲལ་བ་ཉིད་མཆོད་པའི་དམ་པར་སྟོན་པའོ། །འདས་དང་མ་འོངས་ད་ལྟར་གྱི། ཐ་སྙད་མིང་ལ་མི་གནས་ཏེ། ཞེས་པ། ལྷུན་གྱིས་གྲུབ་པའི་ཆོས་ཉིད་བརྩལ་དུ་མེད་པར་སྟོན་ཏོ། །འདིར་ཚོགས་དབུལ་བའི་མཆོད་སྦྱིན་གྱི་གནས་དུས་གསུམ་གྱི་རྒྱལ་བ་དང་འགྲོ་བ་དང་དབུལ་བའི་དུས་ཀྱི་ངོ་བོ་ལྟ་ཅི་སྨོས་ཀྱི་བཏགས་པ་ཙམ་ལ་ཞེན་པའང་མེད་པའོ། །སྐྱེ་འགག་མེད་པར་རྣམ་བརྟགས་ཤིང་། །དེ་ཉིད་དུས་གསུམ་ཆེན་པོར་སྦྱོར། །ཞེས་པ། ཨ་ཏི་ཡོ་གའི་སྒོ་འདིར་དུས་གསུམ་སྣང་བ་བསལ་བ་ནི་མ་ཡིན་གྱི་བཤད་པ་ལྟར་དུས་གསུམ་ཉིད་བྱང་ཆུབ་སེམས་ཉིད་དུ་རང་སྣང་བའི་ཕྱིར། ཕྱི་མ་ཕྱི་མ་རིམ་པར་བྱུང་རྒྱུའང་མེད་པས། སྔ་མ་སྔ་མ་འཇིགས་པ་དང་བྲལ་བར་རྟོགས་པར་བྱས་ཏེ། དུས་གསུམ་མཉམ་པ་ཉིད་ནི་ལྷག་པའི་དུས་ཡིན་པར་དེར་མཇལ་བས། བྱང་ཆུབ་སེམས་ཀྱི་ཐིག་ཕྲན་ཡང་བཤད་དོ། །མཉམ་པར་རིམ་པར་བཀོད་པ་མེད། །ཞེས་པ། སྤྱོད་པ་བླ་ན་མེད་པ་ལྔ་པའང་འཆད་དེ། ལྷག་པའི་སྐབས་སུ་རང་བྱུང་ཡེ་ཤེས་ལ་བཟང་ངན་མེད་པའི་ཕྱིར་དཀྱིལ་འཁོར་དབུས་མཐའ་འབྱེད་པའི་རྩོལ་བ་དང་བྲལ་བས་དཀྱིལ་འཁོར་གསང་བའི་མན་ངག་ཀྱང་ཡིན་ནོ། །གཅིག་པས་ཕྱོགས་བཅུ་བསྔོ་དང་བྲལ། །ཞེས་པ། འདིར་སངས་རྒྱས་དང་སེམས་ཅན་དུ་དབྱེར་མེད་པའི་ཕྱིར་མཆོད་སྦྱིན་དམིགས་པའི་རྩོལ་བ་དང་བྲལ་བ་ནི་དམིགས་པ་ཆེན་པོའོ། །ཚོགས་ཀྱི་རྒྱན་དང་བཀྲམ་པ་ཡང་། །རང་བཞིན་གནས་པས་འདྲིམ་པ་མེད། །ཞེས་པ། ལྷ་དང་མིའི་ཡོ་བྱད་ལྷབ་ལྷུབ་དང་། སྤྱན་གཟིགས་དང་། འདོད་ཡོན་མཆོད་པ་བཤམས་ཤིང་བཀོད་པས་མི་སྲིད་པར་མཆོད་པ་ལྟ་བུ་རྩོལ་བ་མེད་པར། ཇི་སྙེད་པའི་རྒྱན་དང་ལོངས་སྤྱོད་གྱི་དངོས་གཞིར་ལྷུན་གྱིས་གྲུབ་པས། མཆོད་པ་གནས་སུ་འབུལ་བའི་རྩོལ་བ་དང་བྲལ་བའོ། །ལྷུན་གྱིས་གྲུབ་པས་མི་བསྔོ་ཞིང་། ཞེས་པ། བདག་ཉིད་ཆེན་པོར་འབྲས་བུར་ལྷུན་གྱིས་གྲུབ་ཟིན་པས་ལས་ཅི་སྤྱད་བྱང་ཆུབ་ཆེན་པོར་བསྔོ་བའི་རྩོལ་བ་དང་བྲལ་བའོ། །གདོད་ནས་དག་པས་བདུད་རྩི་ལ། །སྐྱེ་མཆེད་བཅུ་གཉིས་ཁྱད་པར་དུ། །ལྷག་པའི་བསམ་པས་བཟུང་བ་མེད། །ཞེས་པ། བྱང་ཆུབ་སེམས་སྐྱེ་ཤི་རྒྱུད་རྣམ་པར་དག་པའི་ཕབ་རྩིར་གྱུར་ཟིན་པ་ལ། འཕྲལ་དུ་སྐྱེ་མཆེད་བཅུ་གཉིས་ཀྱི་རྟོག་པས། གཞན་ལས་སྤགས་པའི་བདུད་རྩིའི་གྲོལ་ཀ་ཆུ་དྭངས་བ་ལྟ་བུར་བྱིན་གྱི་རློབ་པའི་བསམ་པས་ཞེན་པ་མེད་དེ། བདུད་རྩི་དངོས་འཛིན་གྱི་རྩོལ་བ་དང་བྲལ་བའོ། །ཚོགས་ཀྱི་རྒྱན་རྣམས་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་སྐབས། ཞེས་པ། འདོད་ཡོན་ལྔ་ཉིད་བཤད་པ་ལྟར་མ་བསྡུས་པར་ལྡན་པ་ལས་དང་དངོས་གྲུབ་གཞན་ན་མེད་པར་སྟོན་པའོ། །ཡིད་ཀྱི་བསམས་པ་ཡོན་བདག་སྟེ། ཞེས་པ། ལྷུན་གྱིས་གྲུབ་པས་འདྲིམ་པ་མེད་པའི་དོན་གསལ་ན། ཕུལ་བ་མེད་པར་རྒྱལ་བ་མཉེས་ཤིང་འགྲོ་བ་ཚིམ་པའི་ཕྱིར་རོ། །བལྟས་པས་སྟོབས་ནི་བཀྲམ་པའོ། །ཞེས་པ། ཐམས་ཅད་མཁྱེན་པའི་ལྟ་བ་གསལ་བས། ཕྱོགས་བཅུའི་ཆོས་ཐམས་ཅད་དུ་རང་ཤར་བས་བརྡལ་བའོ། །མཐོང་བར་གྱུར་པས་དངོས་གྲུབ་ལ། །ཞེས་པ། མཚོན་དུ་མེད་པའི་གདེང་སྙེད་པ་ལས་ལྟུང་ལྡོག་མེད་ཅིང་འབྲས་བུ་ཉིད་དུ་གསལ་བའི་ཕྱིར་རོ། །དེ་ནི་མཉམ་བཞག་རྫོགས་པའོ། །ཞེས་པ། ཇི་ལྟ་བར་མཐོང་བའི་དགོངས་པས་ཡུལ་མེད་པར་རང་གསལ་ལ་མ་གཡོས་པ་ནི་འབྲས་བུ་མཐར་ཕྱིན་པས་དེ་ལས་ངོ་བོའི་བོགས་མི་འདོད་དོ། །རྩོལ་བ་བཞི་དང་བྲལ་བས་གྲུབ་པ་ནི་བསྒྲུབ་པའི་ཐིག་ཕྲན་བཤད་པའོ། །ལྷུན་གྱིས་གནས་པའི་སྐབས། །ཞེས་པ། བཞི་ལྷུན་གྱིས་གྲུབ་པར་སྟོན་པའོ། །ཡུད་ཙམ་བཟུང་བས་སྦྱོར་བ་ཡིན། །ཞེས་པ། དངོས་པོའི་དོ་བྱི་ལ་རིང་མོར་ཆགས་པ་དང་འདིར་བྲལ་ཏེ། སྐད་ཅིག་ལ་དེ་ཁོ་ན་ཉིད་མཇལ་བས། འདུ་འབྲལ་མེད་པ་ནི་ཆགས་པ་ཀུན་གྱི་རོ་དུས་ཅིག་ཏུ་བསྟར་བས། སྦྱོར་བ་བྱས་ཟིན་པ་ནི་སྦྱོར་བ་དག་པའི་མན་ངག་གོ །དགའ་བར་གྱུར་པས་དམ་ཚིག་སྟེ། ཞེས་པ། འདིར་རིས་སུ་བསྲུང་བའི་གཟའ་གཏད་ཀྱིས། ཉམས་ལྟུང་གི་ཉོན་མོངས་པ་ངང་གིས་མེད་ཅིང་། དཀའ་ཐུབ་ཀྱི་བསྲུང་མཚམས་བྲལ་བ་ལས་འདའ་ཉམས་མེད་པས། དམ་ཚིག་ཆེན་པོ་སྟེ། དམ་ཚིག་གི་སྒྲིབ་པ་དང་གོལ་སའང་མེད་པའོ། །གཞན་དུ་ན། ཇི་བཞིན་པ་མཐོང་བ་ནི་དགྱེས་པ་ཆེན་པོའི་གཞིར་གྱུར་པས། དམ་ཚིག་ཆེན་པོ་སྟེ། དམ་ཚིག་གི་སྒྲིབ་པ་དང་གོལ་སའང་མེད་པའོ། །གཞན་དུ་ན། ཇི་བཞིན་པ་མཐོང་བ་ནི་དགྱེས་པ་ཆེན་པོའི་གཞིར་གྱུར་པས། དམ་ཚིག་མ་དངོས་ཏེ་ཤེས་རབ་བོ། །ཐབས་ཀྱི་གར་ཐབས་སྤྱོད་པ་ཡིས། །གཉིས་མེད་སྦྱོར་བ་ཕུལ་བ་ཡིན། །ཞེས་པ། བྱང་ཆུབ་ཀྱི་སེམས་ཇི་ལྟར་བསམས་པ་ལྟར་ཐམས་ཅད་དུ་ངོ་བོ་མ་ངེས་པར་རང་སྣང་བས། ཕྱིན་པ་མེད་པར་ཀུན་ལ་བརྡལ་བའི་ཕྱིར། སེམས་ལས་གཞན་པ་མེད་པས། གསང་བའི་མཆོད་པ་ཆེན་པོ་བྱང་ཆུབ་སེམས་སུ་གཅིག་པར་ཕུལ་ཟིན་པས། གསང་བའི་མཆོད་པ་དངོས་འཛིན་གྱི་རྩོལ་མདང་བྲལ་བའོ། །ལས་རྒྱ་མཚོའི་སྐབས། ཞེས་པ། ཤིན་ཏུ་རྣལ་འབྱོར་གྱི་ཕྲིན་ལས་ནི་རྒྱ་མཚོ་ལྟར་ཟབ་ཅིང་མི་གཡོ་བས་ལས་རྫོགས་པར་སྟོན་པའོ། །མི་བཟུང་གཏོང་བས་གཏོར་མ་ཡིན། །ཞེས་པ། ཕྲིན་ལས་ཀྱི་མན་ངག་འཆད་དེ། ལྷག་པའི་རྣལ་འབྱོར་ལ་ནི་ལས་གང་ལའང་ཞེན་འཛིན་མེད་པའི་རིག་པ་ཀུན་ཏུ་བརྡལ་པས་ངེས་ཚིག་འགྲུབ་སྟེ། རྫས་འཐོར་གྱི་རྩོལ་བ་མེད་དེ། །བྱ་བ་མེད་པས་ལས་རྣམས་ཏེ། །ཞེས་པ། འདིར་སྐུས་ལས་བཞི་མེ་ཐབ་ལ་སོགས་པའི་གཟའ་གཏད་རྩོལ་བ་མེད་དེ་སྐྱེ་བོ་པ་དང་། རྒྱལ་བ་པ་དང་བསྟི་གནས་པ་རིལ་གྱི་ལུས་སུ་རང་རིག་རང་ཤར་པས་རྩོལ་བ་མེད་ལ་རྒྱུན་མ་ཆད་པའོ། །མི་རྟོག་ཡེ་ཤེས་བགེགས་བསལ་ནས། །མི་གསུང་མཉམ་བཞག་སྔགས་ཚིག་གོ །ཞེས་པ། སྐུ་མི་གཡོ་བརྗིད་པས་ལས་གྲུབ་པ་ལྟར་ཐུགས་ཞེན་པ་གཉིས་ལས་འདས་པའི་ཡེ་ཤེས་ལ་རྟོག་པའི་བདུད་མི་གནས་པས་དགོངས་པའོ། །དེས་ན་བརྗོད་དུ་མེད་པའི་ངང་མི་གཡོ་བས་བྱིན་རླབས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པས་བཟླས་པའང་བྱས་ཟིན་ཏོ། །བདག་དང་བཅས་པ་གཏོར་མ་འཆིང་བའི་སྐབས། །ཞེས་པ། གང་ཡེ་ཤེས་ལ་བདག་ཏུ་འཛིན་པ་དང་མ་བྲལ་བས་བརྩམས་པའི་མཆོད་ཚོགས་ཀྱིས་མི་གྲོལ་བར་སྟོན་པས་སོ། །བླ་མ་མཆོད་དང་གཏོང་བ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། །མ་ཆགས་མི་གཡོ་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །ཞེས་པ། ཕྲིན་ལས་ཀྱི་གོས་པར་སྟོན་ཏེ། བླ་མ་མེད་པའི་དཀོན་མཆོག་གསུམ་དང་སེམས་ཅན་ལ་མཆོད་སྦྱིན་བྱེད་པ་དང་། དེ་ལྟར་ཟང་ཟིང་གིས་བསོད་ནམས་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། རིམ་གྲོ་དང་། བཀུར་བསྟི་དང་། བསྒོམས་པའི་བསོད་ནམས་ཀྱི་ལས་ཀུན་མི་མཐུན་པའི་སྒྲས་འདིའི་མི་དམིགས་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་མཐུ་མེད་པས་བརྩམས་ཀྱང་སླར་ཆེད་དུ་བྱས་པའི་གཟུང་འཛིན་གྱིས་འཆིང་བའོ། །ལུང་འགྲེལ་པ་མིང་ཙམ་བརྡར་བསྟན་པའི་སྐབས། །ཞེས་པ། མངོན་དུ་ཕྱུང་བའི་ལུང་སྟེ་བྱ་བ་མེད་པའི་དོན་སྟོན་པ་ལ་བྱེད་རྩོལ་སྒྲིབ་པར་ཚིག་གིས་བརྡའ་ཡིས་སྟོན་པའོ། །དེ་བས་དེ་ལུང་དེ་ཉིད་ལ། །དེ་ལ་དེ་བྱས་སྒྲིབ་པར་འགྱུར། །ཞེས་པ། བྱང་ཆུབ་སེམས་ལྷུན་གྱིས་གྲུབ་པས་བརྩལ་དུ་མེད་པར་བཤད་པ་ལྟར་ཡིན་པས་ནི་མངོན་དུ་ཕྱུང་བའི་དགོངས་པ་མ་ནོར་བའི་ལུང་ཡིན་པ་དེ་ཁོ་ན་ལ། བརྩལ་དུ་མེད་པ་ལ་བརྩལ་བའི་ལས་དེ་བྱས་ན་བརྩལ་བ་མེད་པ་མི་མཐོང་བར་འགྱུར་རོ། །དེ་ལྟར་དེ་ལ་དེ་རྟོག་ན། །དེ་ལ་དེ་ཉིད་གྲུབ་པ་མེད། །ཞེས་པ། རྩོལ་བ་སྒྲིབ་པ་བཞིན་དུ་བྱ་མེད་ངང་ལ་དེ་ཉིད་ཡུལ་དུ་འཛིན་ན་འཛིན་པའི་བློ་ལ་དེ་བཞིན་སྣང་དུ་མི་བཏུབ་སྟེ་ཟབ་མོའི་དོན་ནི་མ་རྙེད་པའོ། །ལྷུན་གྱིས་གྲུབ་པའི་ཐིག་ལེ། ཞེས་པ། ལས་དང་འབྲས་བུ་ཐམས་ཅད་གྲུབ་ཟིན་པར་གྱུར་དོན་དུ་དབྱེར་མེད་པ་སྟེ། སྐབས་དང་པོས་ཟིན་པ་དྲུག་བསྟན། །གཉིས་པས་ཟིན་པ་བཞི་བསྟན། གསུམ་པས་ཀྱང་ཟིན་པ་བཞི་བསྟན། །བཞི་པས་ཀྱང་བཞི་བསྟན། ལྔ་པས་གོལ་མཐའ་བསལ་ནས་བྱར་མེད་པར་བསྟན། དྲུག་པས་བྱས་ཟིན་པ་ལ་རྩོལ་བ་ནོར་བར་བསྟན་པས་སྐབས་བསྡུ་བ་མཛད་པའོ། །དེ་སྐད་ཅེས་བཅོམ་ལྡན་འདས་ལུང་ཐམས་ཅད་ཀྱི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔས་གསུངས་པ། མ་ཧཱ་ཨ་ཀ་ཤ་ཀ་རི་ཀ་ཞེས་མཚན་དོན་བསྟན་པའོ། །དོན་གྱི་རྩ་བ་ལུང་སེམས་ཡོངས་ཀྱི་བཅུད། །རྣལ་འབྱོར་རིག་པའི་ཉི་མ་སྣང་བྱེད་པ། །དམ་ཅན་སྤུ་རྒྱུ་ཅན་ལས་མ་གཏོགས་པ། །ཉམ་པ་བཀའ་སླུ་རྣམས་དང་མ་ཕྲད་ཅིག །ནམ་མཁའ་ཆེའི་འགྲེལ་པ་རྫོགས་ས྄ོཧ྅྅྅།། །།


previousརྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི་འགྲེལ་པ།next