Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བརྒྱད་པ།


   
   
   
   
   
   
   
བྱང་ཆུབ་ཀྱི་སེམས་སྒོམ་པ་དོན་དྲུག་པའི་འགྲེལ་བ་རིན་པོ་ཆེའི་སྒྲོན་མེ།
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱང་ཆུབ་ཀྱི་སེམས་སྒོམ་པ་དོན་དྲུག་པའི་འགྲེལ་བ་རིན་པོ་ཆེའི་སྒྲོན་མེ།next

བྱང་ཆུབ་ཀྱི་སེམས་སྒོམ་པ་དོན་དྲུག་པའི་འགྲེལ་བ་རིན་པོ་ཆེའི་སྒྲོན་མེ།

བྱང་ཆུབ་ཀྱི་སེམས་སྒོམ་པ་དོན་དྲུག་པའི་འགྲེལ་བ་རིན་པོ་ཆེའི་སྒྲོན་མེ་ཞེསབྱ་བ་བཞུགས། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐམས་ཅད་སེམས་ཕྱིར་མཐའ་རྣམས་ངང་གིས་སྟོང་། །དེ་དངོས་རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ། །ཀྱིས་ཀྱང་མ་སྒྲིབས་ཀུན་ཏུ་ཅིར་ཡང་སྣང་། །རྒྱུ་རྐྱེན་མ་བྱས་མི་ཕྱེད་སྐྱེ་འཇིག་བྲལ། །གདོད་ནས་ཅིར་སྣང་ཉིད་ལས་གཞན་མི་དམིགས། །བྱང་སེམས་རྡོ་རྗེ་ཀུན་བཟང་ཕྱག་འཚལ་འདུད། །དེ་ལྟར་སྟོན་པ་གཉིས་མཆོད་ནས། །དུས་གསུམ་གཏེར་གྱི་ལུང་འདི་ལ། །ཡུན་རྩོལ་ལྟ་བས་བསྒྲིབས་པ་ཡི། །རྨོངས་པའི་དོན་ཕྱིར་མདོ་ཙམ་དབྱེ། །དེ་མན་ངག་གི་ལུང་རྣམས་འཆད་པའི་སྤྱི་ལུགས་ཀྱིས། དོན་རྣམ་པ་ལྔར་འཆད་དེ། ལོ་རྒྱུས་ཀྱི་དོན་དང་། རྩ་བའི་དོན་དང་། ཡོ་གའི་དོན་དང་། དགོས་ཆེད་ཀྱི་དོན་དང་། ཚིག་གི་དོན་དང་ལྔའོ། །དེ་ལ་ལོ་རྒྱུས་ཀྱི་དོན་ལ་གསུམ་སྟེ། དེ་ལ་བྱིན་གྱིས་རླབས་ཀྱི་བཤད་པ་ནི། སྟོན་པ་དང་། གནས་དང་། འཁོར་དང་། སྡུད་པར་ལྡན་པའི་དུས་སུ། ཀུན་ཏུ་བཟང་པོའི་དགོངས་པ་མངོན་དུ་མཛད་པའི་རིག་པའི་གསུང་གི་བྱིན་གྱིས་རླབས་ཀྱིས། རྡོ་རྗེ་སེམས་དཔས་རྟོག་པར་གྱུར་པའོ། །རང་གི་ངོ་བོས་བཤད་པ་ནི། དགོངས་པ་དེ་ཡང་གཞན་མ་ཡིན། རྡོ་རྗེ་སེམས་དཔའ་ཉིད་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་རང་གི་ང་ོབོ་ཉིད་བྱང་ཆུབ་སེམས་ཉིད་དུ་གསལ་བ་ངེས་པའི་ལུང་ཆེན་ཇི་ལྟར་གནས་པ་དེ་ཉིད་སྒྲོ་སྐུར་མེདཔར་སྣང་བར་བྱས་པའོ། །ཚིག་སྡེབས་སྦྱོར་ལེགས་པར་བཤད་པ་ནི། དེ་ཡང་འོད་གསལ་ཕྱོགས་ཙམ་མ་ཡིན་གྱི། ཚེག་བར་དགུ་པར་ཚིགས་སུ་བཅད་ནས། ལྟ་སྤྱོད་སྒོམ་པ་འབྲས་བུ་སོ་སོར་མ་འདྲེས་པར་ཚིག་ཉུང་ལ་དོན་འདུས་པར་ཕྱེ་ནས་བསྟན་ཏོ། །སྐལ་པ་དང་ལྡན་པའི་དགའ་རབ་རྡོ་རྗེ་ལ་སོགས་པ་ལ་གདམས་ཏེ། གདུང་རབས་རིམ་པ་བར་མ་ཆད་པར་བརྒྱུད་པ་ནི། ལོ་རྒྱུས་ཀྱི་དོན་ཞེས་བྱའོ། །དེ་ནི་སྐྱེས་བུ་ཅེས་པའི་ཚིག་རྐང་གཉིས་ཀྱིས་བསྟན་ཏོ། །རྩ་བའི་དོན་ནི་མདོར་ཕྱེ་བ་སྟེ། དེ་ཡང་དོན་དྲུག་སྟེ། དེ་ལ་རང་བཞིན་ནི་ཚིག་རྐང་དང་པོས་བསྟན་ཏོ། །སྤྱོད་པ་ནི་ལྷ་དང་ཅེས་པའི་ཚིག་རྐང་གཉིས་པས་བསྟན་ཏོ། །ཡོན་ཏན་གྱིས་གདུལ་བྱ་འདུན་པར་བྱ་བ་ནི། ཆོས་ཉིད་ཅེས་པའི་ཚིག་རྐང་ཅིག་གིས་བསྟན་ཏོ། །ལྟ་བའི་ངོ་བོ་ནི་ཆོས་དང་སེམས་ཞེས་པའི་ཚིག་བཅད་ཅིག་གིས་བསྟན་ཏོ། །བསྒོམ་པ་ནི་སྒོམ་པའི་ཚེ་ན་ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱིས་བསྟན་ཏོ། །རྟགས་དང་འབྲས་བུ་ནི། འདི་ལྟར་དུས་གསུམ་ཅེས་པ་ལ་སོགས་རྣམས་བླང་དོར་མི་བྱ་བ་དང་། འཁོར་བའི་རུ་བཟློག་པ་དང་། མཐར་གདུལ་བྱ་གང་ཡང་མི་དོར་བའི་དགོས་ཆེད་དག་གི་ཕྱིར་རོ། །ཚིག་གི་དོན་ནི་མན་ངག་ལས། དོན་གྱི་སྤྱི་ཁོག་ཁྱུང་ཆེན་ལྡིང་བ་བཞིན། །ཚིག་གི་འབྲུ་འཇོམས་ཐང་ཀར་གཟན་ལ་བཅུམ། །འབྲུ་འགེགས་འགལ་གྱིས་དོགས་པའི་ཐེ་ཚོམ་བསལ། །ངེས་པའི་ལུང་གིས་ཐོས་ཆུང་ཡིད་ཆེས་བྱ། །འབྲུ་སྟོང་མི་གཞག་ཚིག་གི་གཟེར་བུས་གདབ། །ཅེས་འབྱུང་བས་དེ་ལྟར་བཤད་ནས་དོན་གྱི་ངོ་བོར་བྱུང་བའོ། །དེ་ལ་དང་པོ་མན་ངག་གི་མཚན་བསྟན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་སྒོམ་པ་དོན་གྲུབ་པ་དོན་དྲུག་པ་ཅེས་བྱ་བ་ཅེས་པ་འདི་ཡིན་ཏེ། དོན་གྱིས་དབུ་ཞབས་སུ་ཡང་རྒྱལ་པོ་དབང་གིས་བཅད་པ་བཞིན་དུ་བསྟན་ཏེ། དེ་ལ་སེམས་ནི་སྐབས་ཀྱིས་གསུམ་ཁོ་ནའོ། །དེ་ལ་འཁྲུལ་པའི་སེམས་ནི། བརྟགས་པའི་དངོས་པོ་རྣམས་བསྐྱེད་ཅིང་དེ་དག་གི་རྗེས་སུ་སྣ་ཚོགས་ཀྱི་འདུ་ཤེས་རྣམས་འབྱུང་བའོ། །བྱང་ཆུབ་སེམས་ནི་ལུགས་གཞན་ལས་དོན་དམ་པ་དང་ཀུན་རྫོབ་གཉིས་སུ་འབྱེད་ན། འདིར་གཉིས་སུ་མེད་པ་དང་། རྣམ་པར་དག་པ་ཅེས་བྱ་བ་ལ་སོགས་པའོ། །དོན་གྱི་ངོ་བོས་ནི་གཉིས་སུ་མི་གནས་ལ། རྒྱུད་གསུམ་ཆར་ལ་སྐབས་ཀྱིས་གདགས་སུ་གནང་བ་སྟེ། ལྟོས་ནས་བཏགསཔའི་ཕྱིར་དོན་དམ་པའོ། །དེའི་ངོ་བ་ོཉིད་ནི་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་གྱིས་དབེན་པའི་ཕྱིར། ཐམས་ཅད་དུ་རང་སྣང་བས་ཀུན་ཀྱང་བདག་ཉིད་ལས་མི་གཞན་པས་ཡེ་ཤེས་ཁོ་ནའོ། །དེའི་ཕྱིར་ཡོན་ཏན་རིལ་ལྷུན་གྱིས་གྲུབ་པོ། འོན་ཀྱང་འདུས་མ་བྱས་པས། རང་གི་ངོ་བོས་སྟོང་སྟེ། གཉིས་གའི་ཆ་ལས་གྲོལ་བས་ན་སྒྲོས་ཐམས་ཅད་ཡོངས་སུ་བཅད་པའི་ཕྱིར། ཅིས་ཀྱང་མ་བསྒྲིབས་པར་ཐམས་ཅད་དུ་རང་སྣང་བ་ཁོ་ནའོ། །བྱང་ཆུབ་ཀྱི་སེམས་ནི། ཤིང་གི་སྟ་རེ་ཞེས་པ་ལྟ་བུ་སྟེ། ལྕགས་ཀྱི་སྟ་རེ་ཡང་མི་འདོད་པ་མ་ཡིན་ནོ། །ད་ནི་སྐབས་ཀྱིས་དྲུག་ཁོ་ན་སྟེ། གཡོ་བ་བྱང་ཆུབ་ཀྱི་སེམས་དང་། ལྡང་བ་བྱང་ཆུབ་ཀྱི་སེམས་དང་། སྨོན་པ་བྱང་ཆུབ་ཀྱི་སེམས་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་དང་། གནས་པ་བྱང་ཆུབ་ཀྱི་སེམས་དང་། རིག་པ་དང་རྫོགས་པ་བྱང་ཆུབ་ཀྱི་སེམས་སོ། །དེ་དག་ནི་གོ་སླའོ། །བསྒོམ་པ་ཞེས་པ་ནི། རྣམ་པ་དྲུག་ཁོ་ནའོ། །དེ་ལ་བསྒོམ་པའི་སྤྱོད་པ་ནི། བསྒོམ་པ་ཉིད་བྱིན་རླབས་ཐམས་ཅད་ལྡན་པའི་ཕྱིར། འདུས་བྱས་གང་ཡང་མི་དགོས་པར་སྟོན་ཏོ། །བློ་གཞག་པའི་ཐབས་ནི། སེམས་ཉིད་མཐའ་ཐམས་ཅད་ཀྱིས་མ་རེག་པའི་ཕྱིར། འདུ་ཤེས་གང་ཡང་མི་བྱ་བར་བསྟན་ཏོ། །བསྒོམ་པའི་ངོ་བོ་ནི། སྐབས་ཀྱིས་མཚན་ཉིད་གཉིས་སུ་སྟོན་ཏོ། །དེ་ལ་རྗེས་སུ་འཇུག་པ་ནི། ལྟ་བ་བཞིན་དུ་མཐའི་འདུ་ཤེས་རིལ་སྤངས་ཏེ། གང་ལ་ཡང་མི་གནས་པའི་ཚུལ་གྱིས། མི་གཡོ་བ་ནི་མོས་པ་ལས་བྱུང་བའི་མི་དམིགས་པ་ཞེས་བྱའོ། །མངོན་དུ་བྱེད་པ་ནི། ཡོངས་སུ་གྲུབ་པ་གཉིས་གཅིག་ལ་འགོ་ཐོབ་པའི་ཕྱིར། སེམས་ཀྱི་ངོ་བོ་ཉིད་དུ་རང་གནས་པས། ཉི་མའི་དཀྱིལ་འཁོར་ལ་མུན་པའི་སྐབས་མེད་པབཞིན་དུ། ཅི་ལ་ཡང་ནི་གནས་པས་འདུ་ཤེས་ཀྱི་སྐབས་མེད་པ་ནི། རང་རིག་པའི་མངོན་སུམ་སྟེ། ཤིན་ཏུ་ཡང་མ་དམིགས་པ་ཞེས་བྱའོ། །བློ་བཅོས་པའི་ཐབས་ནི། དེ་ལ་སྔོན་གྱིས་མཐུས་གལ་ཏེ་ན་ཡང་། རླབས་ཉིད་ཆུའི་ཕྱིར། བདག་ཉིད་ཁོ་ནར་ཤེས་ན། ཅིར་ཡང་མི་སྣང་ལ། དེ་ཉིད་ཀྱང་ཐོབ་པར་མི་རུང་བས། དེ་ལ་ཡང་མི་གནས་པ་ནི། རྣལ་འབྱོར་པའི་མངོན་སུམ་སྟེ། རྗེས་སུ་མི་དམིགས་པ་ཞེས་བྱའོ། །བསྒོམས་པའི་རྟགས་ནི་གོམས་པའི་མཐུས། བདག་ལས་ཅི་ཡང་སྣང་བ་མེད་པས་འདུ་ཤེས་རིལ་དང་བྲལ་བའོ། །བསྒོམ་པའི་འབྲས་བུ་ནི། དོན་དམ་པ་གསུམ་རང་རིག་པའི་མངོན་སུམ་དུ་བྱས་པ་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར། རྒྱ་མཚོའི་རླབས་ལྟ་བུས་གདུལ་བྱ་གང་ཡང་མི་འདོད་པ་ཁོ་ནའོ། །འུང་ནས་མན་ངག་གི་ལུགས་ཀྱི་གབ་ཅིང་སྦས་ནས་སྟོན་པས། ངང་ལ་བྱིན་གྱི་རླབས་ཀྱིས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། སྐྱེས་བུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྟོན་པ་དང་། གནས་ཕུན་སུམ་ཚོགས་པ་སྟེ། གཟུང་འཛིན་གཉིས་དང་བྲལ་བའི་ཡེ་ཤེས་ཉིད་སྐུ་གསུང་ཐུགས་རྡོ་རྗེར་རང་སྣང་བ་ནི་སྐྱེས་བུ་སྟེ། དངོས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཀུན་ཏུ་བཟང་པོ། །དེ་ནི་དཔའ་རྩལ་རྫོགས་པ་དང་། རྫུ་འཕྲུལ་དང་ལྡན་པ་དང་། རིག་པ་སྦྱངས་བ་དང་། ཚོགས་བསགས་པའི་སྐྱེས་བུ་དག་ལས་ཁྱད་པར་དུ་གྱུར་པས་དེ་ལ་དེ་སྐད་ཅེས་བྱའོ། །བཤད་པའི་ཡེ་ཤེས་ཉིད་མཐའ་དབུས་དང་བྲལ་བས། དེ་བཞིན་གཤེགས་པ་རིལ་གྱི་བཞུགས་གནས་ཡིན་པའི་ཕྱིར། གནས་ཕུན་སུམ་ཚོགས་པ་སྟེ། བྱ་བ་དང་བྱེད་པ་སྤགས་པ་ནི་ཐེག་པ་ཆེན་པོའི་གཞུང་ཉིད་དོ། །རང་གིས་རིག་ནས་ཞེས་བྱ་བ་ནི་མྱང་བ་དང་། བཤད་པའི་ཚུལ་གཉིས་སུ་འགྱུར་ཏེ། ཡུལ་མེད་པའི་ཕྱིར་བདག་ལས་གཞན་པའི་ཆོས་མི་དམིགས་ཏེ། རང་གསལ་བ་ནི། རིག་པ་ནང་ནས་ཤར་བ་ཞེས་བྱའོ། །དེ་ཉིད་རང་གིས་མངོན་སུམ་དུ་བྱིན་གྱིས་བརླབས་ནས། ཅིར་འགྱུར་སྙམ་པ་ལ། རྟོགས་པ་ཞེས་གསུངས་པ་ནི། སྡུད་པ་པོ་སྟེ། རྡོ་རྗེ་སེམས་དཔས་ཀྱང་བཤད་པ་བཞིན་རིག་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ཀྱི་དོན་རྟོགས་པས། སངས་རྒྱས་ཀུན་གྱི་ཉིད་ཤ་ཅན་ཞེས་གསུངས་སོ། །འདི་ཞེས་པ་ནི་བསྟན་པ་ཕུན་སུམ་འཚོགས་པ་སྟེ། ཚིག་རྐང་ཉི་ཤུ་རྩ་ལྔ་པོ་འདི་ནི། བྱང་ཆུབ་ཀྱི་སེམས་རྣམ་པ་ལྔའི་ནང་ནས་ཀྱང་ཁྱད་པར་དུ་གྱུར་པའོ། །སྐལ་ལྡན་རྣམས་ཀྱི་ཞེས་བྱ་བ་ནི། འཆད་པའི་དུས་སུ་ལས་ཐ་མ་པ་ཤ་སྟག་འདུས་པའི་ཕྱིར་ཏེ། འཁོར་ཕུན་སུམ་ཚོགས་པ་ཡང་ཡིན་ལ། ཕྱི་རབས་པ་ལ་གདམས་པར་ཡང་འགྱུར་ཏེ། ལས་འཕྲོ་དང་། བཤད་པ་དང་། འབོག་པ་དང་། འཛིན་པ་དང་། བསྒོམ་པའི་སྐལ་པ་དང་ལྡན་པའི་ཕྱིར། ཆུང་ནས་དད་ཅིང་སེར་སྣ་མེད། སོམ་ཉི་མི་ཟ་གསང་ཐུབ་ཅིང་། །ནོགས་ཐུབ་པའི་བུ་དེ་ཡིས། །སྦས་པའི་གཏེར་རྣམས་ཕྱིན་པར་འགྱུར། ཞེའོ། །བློ་ལ་གོ་བར་གྱིས། ཞེས་བྱ་བ་ནི། ལྷན་ཅིག་པ་དང་གོ་ཕྱེ་བའི་སྐབས་གཉིས་གར་ཡོངས་སུ་གཏད་པ་སྟེ། གདམས་པའི་དོན་ཉིད་ཇི་ལྟ་བུ་ཞེ་ན། མན་ངག་གསེར་གྱི་སྒྲོམ་བུ་ལས། བྱང་སེམས་རིག་པའི་གདེང་ཆུད་ནས། །ཐམས་ཅད་བདག་ཡིན་གཞན་མི་དམིགས། །བློ་དང་ཆོས་སུ་འདྲེས་ཞེས་བྱ། །བདག་ཀྱང་དེ་བཞིན་གང་ཤེས་པ། །སངས་རྒྱས་ཉིད་དང་སྤྱོད་ཡུལ་གཅིག །ཞེས་པའོ། །འུང་ནས་མན་ངག་གི་དོན་ཕུན་སུམ་འཚོགས་པ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་བསྟན་པའི་ཕྱིར། ཐུགས་རྗེ་རྒྱ་མཚོ་ཡོན་ཏན་ཀུན་ལ་ཁྱབ། །ཞེས་གསུངས་ཏེ། དོན་དམ་པའི་བྱང་ཆུབ་སེམས་ནི། ཐུགས་རྗེ་ཆེན་པོའོ། །དེ་ཡང་ངེས་ཚིག་དང་། རིག་པ་དང་། ལུང་གི་ངེས་པར་འགྱུར་ཏོ། །ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཆེན་པོར་གསལ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་མ་ནོར་བ་སྟེ། རྨད་དུ་བྱུང་བ་ལས་སྟོང་གསུམ་ཐམས་ཅད་ནི། སངས་རྒྱས་ཀྱི་ཐུགས་ཡེ་ཤེས་དྲི་མ་མེད་པ་ཉིན་དོ་ཞེས་འབྱུང་ངོ་། །དེ་ཉིད་ཐམས་ཅད་ལ་མཉམ་པར་ཁྱབ་པ་ནི་རྗེ་ཁོ་ནའོ། །དེའི་རིགས་པ་ནི་བདུན་ཏེ། ཀུན་ཏུ་ཁྱབ་པ་དང་། གང་ཡང་དེའི་ངོ་བོར་སྐྱོབ་པ་དང་། ཀུན་ཏུ་ཅིར་ཡང་སྣང་བ་དང་། ཐམས་ཅད་དང་འབྲེལ་བ་དང་། གང་ལ་ཡང་སྤོང་ལེན་མེད་པ་དང་། ཐམས་ཅད་མཐར་མི་གཏོང་བ་དང་། བྱ་བ་དང་བྱེད་པ་གཉིས་མེད་པའི་ཕྱིར། ཐུགས་རྗེ་སྟེ། མན་ངག་གསེར་གྱི་ཁྱུང་གཤོགས་ལས། ཆོས་ཉིད་མཐའ་དབུས་མེད་པ་ལ། །སྐྱེ་འགག་མེད་པའི་ཀློང་བདལ་པས། །སྤྲོས་པ་མེད་པར་གནས་པ་ནི། །ཁྱབ་པ་སྤྱིའི་ཐུགས་རྗེ་ཆེ། ཞེས་འབྱུང་བའོ། །དེ་ལྟར་གང་གིས་རིག་ན་ནི་ཐུགས་རྗེ་སྐྱེས་པ་སྟེ། བྱང་སེམས་མུ་མཐའ་མེད་པ་ལས། སངས་རྒྱས་སེམས་ཅན་གཉིས་སུ་མེད་རྟོགས་ན། །ཐུགས་རྗེ་ཆེན་པོ་སྐྱེས་ཞེས་དེ་ལ་བྱ། །ཞེས་འབྱུང་བས། །དཔེར་མཛོད་ཐོབ་པ་བཞིན་དུ། སུས་རྟོགས་པ་བཤད་པ་རྣམས་དང་ལྡན་པར་འགྱུར་ཏེ། སངས་རྒྱས་ཁོ་ནའོ། །དེའི་དཔེ་ཅི་ཞིག་སྙམ་པ་ལ། རྒྱ་མཚོ་ཞེས་གསུངས་ཏེ། དེ་ཡང་རྒྱ་ཆེ་བ་དང་། ཟབ་པ་དང་། ཐམས་ཅད་འབྱུང་ཞིང་འདུས་པ་དང་། གཅིག་དང་དུ་མར་བྲལ་བ། རླབས་གཡོ་ཡང་གཏིང་མི་གཡོ་བ། རིན་པོ་ཆེ་ལ་སོགས་པའི་དགོས་པ་ཚང་བ་དང་། རླབས་དུས་དུས་སུ་འབྱུང་བའོ། །རྗེས་སུ་འཇུག་པ་ཐུགས་རྗེ་ཆེན་པོ། །བྱང་ཆུབ་སེམས་ཀྱང་གཅིག་ཏུ་མ་གྲུབ་ཅིང་ཐམས་ཅད་ཡིན་པ་དང་། མཚན་ཉིད་འདིར་འདྲར་གཟུང་ཞིང་བསྟན་དུ་མེད་པ་དང་། ཐམས་ཅད་དུ་འབྱུང་ཞིང་རིལ་ཉིད་ལས་མི་གཞན་པ་དང་། དེ་ཉིད་ཀྱི་ཕྱིར་གྲངས་དང་བྲལ་བ་དང་། སྣང་བ་གཉིས་ཀྱི་རྐྱེན་གྱིས་ཅིར་སྣང་ཡང་ངོ་བོ་ཉིད་འགྱུར་བ་མེད་པ་དང་། སྒྲུབ་བྱ་རིལ་མ་བརྩལ་བར་ལྷུན་གྱིས་གྲུབ་པ་དང་། ནང་གི་ཡེ་ཤེས་རྟོགས་པའི་རླབས་རང་སྣང་བའི་ཕྱིར་ཤིན་ཏུ་འཐད་པ་ཁོ་ནའོ། །ལྷུན་གྱིས་གྲུབ་པའི་རླབས་ཉིད་གང་ཡིན་སྙམ་པ་ལ། ཡོན་ཏན་ཀུན་ལ་ཁྱབ་ཞེས་གསུངས་ཏེ། ཡོན་ཏན་ནི་ཐམས་ཅད་ཡིན་པ་དང་། གདུལ་བྱའི་དབང་གིས་གྲངས་ལས་འདས་མོད་ཀྱང་། མདོར་བདུན་ཏེ། མན་ངག་གསེར་གྱི་སྒྲོམ་བུ་ལས། དོན་དམ་ངོ་བོ་ནོར་བདུན་ལས། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་སྣང་། །ཞེས་པ། དོན་དམ་པ་བྱང་ཆུབ་སེམས་ནི་ཐམས་ཅད་ཀྱི་གཞིར་གྱུར་པ་དང་། ཐམས་ཅད་དུ་མི་འགག་པར་སྣང་བ་དང་། དེ་དག་མ་འདྲེས་པར་གསལ་བ་ཉིད་དང་། དེའི་ཕྱིར་སྐུ་དང་ཡེ་ཤེས་ཤ་སྟག་དང་། ཅིར་སྣང་བ་ཡང་བདེ་བ་ཆེན་པོར་བྱིན་གྱིས་རློབ་པ་དང་། དེའི་ཕྱིར་སྤྲོས་པ་དང་བྲལ་བས་ཅེས་ཀྱང་མ་བསྒྲིབས་པར་གསལ་བ་ནི། ནོར་བདུན་ལྷུན་གྱིས་གྲུབ་པའོ། །མཛོད་ལྟ་བུའི་ཕྱིར་སུས་རྟོགས་པ་རྫོགས་པའི་སངས་རྒྱས་ཁོ་ནའོ། །དེ་དག་ཀྱང་དངོས་པོ་རིལ་གྱི་རང་བཞིན་ཡིན་པའི་ཕྱིར། ཀུན་ལ་ཁྱབ་ཞེས་གསུངས་ཏེ། ཀུན་ཏུ་བཟང་པོའི་རྒྱུད་ལས་ཀྱང་། །སྐྱོན་ཉིད་དག་པར་མ་རྟོགས་ན། །ཡོན་ཏན་དག་པ་གང་ནས་འབྱུང་། །སྐྱོན་ཉིད་སངས་རྒྱས་ཡིན་ཤེས་ན། །སྤང་ཞིང་རྩལ་བར་བྱ་བ་མེད། །ཅེས་གསུངས་སོ། །འུང་ནས་བྱང་ཆུབ་ཀྱི་སེམས་ཀྱི་སྒོམ་པ་བྱིན་རླབས་ཆེ་བར་སྤྱོད་པའི་བསྙེམས་སུ་བསྟན་པའི་ཕྱིར། ལྷ་དང་ཀླུ་ཡང་བདེན་པའི་བཀའ་ཉན་ཏེ། ལྷ་ཆེན་པོ་དག་ནི་བསོད་ནམས་དང་། མངོན་ཤེས་དང་། རྫུ་འཕྲུལ་པའོ། །ཀླུ་ནི་རྫུ་འཕྲུལ་དང་གདུག་རྩུབ་ཆེ་བས། དེ་དག་གདུལ་བར་དཀའ་ན་ཡང་ཞེས་བྱའོ། །དེ་དག་རང་བཞིན་བྱང་ཆུབ་སེམས་ལས་མི་གཞན་པའི་ཕྱིར། བྱང་ཆུབ་སེམས་ནི་རྒྱུས་མ་བྱས། ངོ་བོར་མི་གནས་རྐྱེན་གྱིས་མི་འཇིག་པས། དུས་གསུམ་དུ་བདེན་པ་ཁོ་ནའོ། །གང་དེ་ལ་གནས་པ་ནི་ཐམས་ཅད་བདག་ཉིད་དུ་དབང་བསྒྱུར་བས། ལས་རྣམ་བཞི་དངོས་སུ་བྱ་མི་དགོས་ཞེས་བྱའོ། །རྣམ་གྲངས་སུ་འདི་ནི་སངས་རྒྱས་དང་སེམས་ཅན་གྱི་བརྡར་བཞག་པ་སྟེ། དེ་དག་ཀྱང་བདེན་པ་གསུམ་གྱི་ཚུལ་གྱིས་རང་རིག་པར་གཅིག་པ་ནི་བདེ་བ་ཆེན་པོ་སྟེ། གང་ལ་གནས་པའི་སྒོམ་པ་པོས། གཞན་ལྟར་སངས་རྒྱས་སྒྲུབ་པའི་རྩོལ་བ་དང་། འགྲོ་བའི་དོན་བྱ་བའི་ཕྲིན་ལས་ཅི་ཡང་མ་བྱས་ཀྱང་། རྒྱུན་མི་འཆད་པར་ལྷུན་གྱིས་གྲུབ་པས་གཉིས་ག་དབང་དུ་གྱུར་པ་ནི། བཀའ་ཉན་ཞེས་བྱ་བ་སྟེ། མན་ངག་སེམས་དོན་ལས། སངས་རྒྱས་གུད་ན་མེད་པས་འགྲོ་བ་གཞན་ན་མེད། །ཐམས་ཅད་སེམས་སུ་རྟོགས་པས་འགྲོ་དོན་བྱ་མི་དགོས། །ཞེས་སོ། །རྡོ་རྗེ་བཀོད་པ་ལས་ཀྱང་། བསོད་ནམས་ཚོགས་ལྡན་གཟུགས་ཀྱི་སྐུ། །རྩོལ་ནས་གྲུབ་པར་མི་བྱེད་དེ། །རྒྱུའི་དུས་ཉིད་འབྲས་བའི་མཆོག །ཞེའོ། །བྱང་ཆུབ་སེམས་ཉི་མའི་འོད་ཟེར་ལས་ཀྱང་། །སྣང་སྲིད་ཡེ་འབྱམས་དབང་མཆོག་དང་། །འགྱུར་མེད་རྟོགས་པའི་བྱིན་རླབས་དང་། །ཆོས་ཉིད་གསལ་བའི་མཆོད་པ་དང་། །རྟོགས་པ་གསལ་བའི་ཏིང་འཛིན་ལ། །ཆོ་འཕྲུལ་བཞི་ཞེས་དེ་ལ་བྱ། །རྟོགས་པ་སྒྲོལ་བའི་ཕྲིན་ལས་ཡིན། །གོམས་པ་སྦྱོར་བའི་ཕྲིན་ལས་ཡིན། །གསལ་བ་ཏིང་འཛིན་ཕྲིན་ལས་ཡིན། །ཕེབས་པ་མཆོད་པའི་ཕྲིན་ལས་ཡིན། །གསང་ཐུབ་བཀའ་བརྩན་དངོས་གྲུབ་ཡིན། །ཕྲིན་ལས་རྫོགས་ཞེས་དེ་ལ་བྱ། །ཅེས་གསུངས་པའི་ཕྱིར་རོ། །སྤྱོད་པ་རང་གི་ངོ་བོ་བསྟན་པའི་ཕྱིར། །དཀོན་མཆོག་གསུམ་ནི་ནམ་ཡང་བཀུར་མི་བྱ། །ཞེས་གསུངས་ཏེ། སངས་རྒྱས་ཆོས་དང་དགེ་འདུན་གསུམ། མཆོད་པ་དང་། བསྙེན་བསྒྲུབ་དང་། འདོན་བརྗོད་དང་། བསྐོར་བ་དང་། གཟུགས་བརྙན་མངོན་དུ་བཞེངས་པ་དང་། སྨོན་ལམ་ལ་སོགས་པའི་རྩོལ་བ་དག་ནི་མཉམ་པར་བཞག་པ་དང་། མ་བཞག་པའི་དུས་ནམ་དུ་ཡང་མི་བྱ་སྟེ། བཤད་པའི་བསྙེམས་ཀྱི་ཕྱིར་ཡང་ཡིན་ལ། སེམས་གཉིས་པས་མཉམ་པའི་ངང་ལས་གོལ་བའི་སྐྱོན་ཡོད་པ་དང་། གཡང་བས་སྒྲིབ་པའི་སྐྱོན་ཡོད་པའི་ཕྱིར་ཏེ། ལུང་རབ་རྩལ་ལས་ཀྱང་། རང་རིག་སེམས་ཀྱི་རྩ་བ་མ་ཆོད་ན། །ཇི་སྐད་བཤད་ཀྱང་དོན་མེད་གཡེང་བའི་རྒྱུ། །ཐོས་པ་མང་པོ་འདུ་འཛི་སྐྱེས་པ་ཡིན། །དགེ་བའི་ཆོས་སྤྱོད་མཐའ་རིང་བསྒྲུབ་པར་དཀའ། །དེ་བས་དོན་འདི་ཡོངས་སུ་གོམས་པར་བྱོས། །གཞན་དུ་མ་ཚོལ་མན་ངག་གདེང་ལ་ཞོག །གཞན་ལ་མ་ཡེངས་རྟོགས་པའི་ཀློང་དུ་གྱིས། །ཞེས་འབྱུང་། རྨད་དུ་བྱུང་བ་ལས་ཀྱང་། བྱང་ཆུབ་འདོད་པ་དེ་ལ་བྱང་ཆུབ་མོད། །ས་དང་རྣམ་ཐར་བྱང་ཆུབ་མཆོག་ལས་རིང་། །ཞེས་གསུངས་སོ། །ལ་ལའི་གཞུང་ལས། སྙེམས་པ་ལས་ལྷག་མ་དང་བཅས་པའི་ཕྱིར་དང་། གང་ཡང་ཤོང་བ་དང་། ཐམས་ཅད་དང་མཐུན་པའི་ཕྱིར། ནམ་ཡང་ཞེས་སྨོས་པས། བདག་དོན་དུ་སྐད་ཅིག་ཙམ་བྱ་བ་མེད་ཀྱང་། གཞན་དོན་དུ་གང་ཡང་མི་འགག་པས་བསྐུར་བར་འགྱུར་རོ། །འདི་ཉིད་ཀྱི་ལུགས་སུ་ཡང་། སངས་རྒྱས་མི་མཆོད་སློབ་དཔོན་མཆོད། །ཚིག་ཤད་མི་བཀླག་སེམས་ལ་བལྟ། །མཐའ་ཡས་སེམས་ཅན་བུ་ལྟར་བཀུར། །ཞེས་འབྱུང་བས། རང་དོན་དུ་གཞུང་མི་ཉམས་ལ། གཞན་དོན་དུ་གང་ཡང་མི་འགོག་པ་ནི། སངས་རྒྱས་མཛད་པ་ལ་ཞུགས་ཞེས་བྱའོ། །གདུལ་བྱ་འདུན་པ་བསྐྱེད་པ་བསྟན་པའི་ཕྱིར། །ཆོས་ཉིད་དོན་རྟོགས་བདེ་བ་ཆེན་པོ་འགྲུབ། །ཞེས་གསུངས་ཏེ། འདིའི་ལུགས་ལ་མ་གོམས་པ་དག །བཤད་པ་ལྟར་ལམ་གྱི་བདེ་བ་དང་། འབྲས་བུའི་རྒྱུ་ཅི་ཞིག་སྙམ་པའི་དོགས་པ་བསུ་བའོ། །ཆོས་ནི་དངོས་པོ་གཉིས་ཀྱིས་བསྡུས་པ་རིལ་ལོ། །ཉིད་མ་བཅོས་པ་དང་མ་ནོར་བ་སྟེ། དེ་ཉིད་ལས་གཞན་པའི་ཤེས་བྱ་མི་དམིགས་པའི་ཕྱིར། དོན་ཞེས་བྱའོ། །ཇི་ལྟར་ཤེས་པར་བྱ་ཤེ་ན། བདག་ཉིད་ཀྱི་རྒྱུ་ནི་རང་རིག་པ་ཁོ་ནའོ། །མཚན་ཉིད་ནི་རང་བྱུང་ཡེ་ཤེས་ཀྱི་ཕྱིར། ཐམས་ཅད་དུ་མི་འགག་པའོ། །སྤྱོད་པ་ནི་གང་ཡང་མི་སྤོང་བའོ། །ངོ་བོ་ནི་ཅི་ཡང་མ་ཡིན་པའོ། །རང་བཞིན་ནི་བྱང་ཆུབ་སེམས་སོ། །ཡོན་ཏན་གྱི་རྩལ་ནི་དོན་དམ་པའི་ནོར་ལྷུན་གྱིས་གྲུབ་པའོ། །དེ་ལ་ཆོས་དང་བརྟགས་པ་རིལ་མ་སྤངས་པར་གདོད་ནས་སྟོང་པའི་ཕྱིར། ཀུན་ཏུ་བཟང་པོའི་རྒྱུད་ལས། ཆོས་ཅན་ཆོས་ཉིད་ཡིན་རྟོགས་ན། །གཞན་དུ་ཆོས་ཉིད་ནོར་བའི་ལམ། །སེམས་ཅན་སངས་རྒྱས་ཡིན་རྟོགས་ན། །གཞན་དུ་སངས་རྒྱས་ནོར་བའི་ལམ། །ཞེས་པའོ། །ཡང་ཆོས་ཉིད་ཆེ་བས་ཕྱི་ནང་མེད། ཆོས་ཉིད་ཆེ་བས་བདག་གཞན་མེ། །ཆོས་ཉིད་ཆེ་བས་ཡོད་མེད་མེད། །མེད་པ་མ་ཡིན་ཁྱབ་པར་བདལ། །ཁྱབ་པར་བདལ་ཡང་རྫས་སུ་མེད། །ཅེས་སོ། །ཡང་རང་བཞིན་ཆ་འཕྲད་གང་འཛིན་པ། །འཛིན་པ་དེ་ལ་ཆོས་ཉིད་མེད། །སྔོན་དང་ཕྱི་མར་མ་གྱུར་ཅིང་། །ཕྱོགས་དང་རིས་སུ་མ་ཕྱེ་བས། །ཟིན་ཆགས་འཛིན་རྟོགས་སྐྱོན་སྤངས་ན། །དེ་ནི་ཆོས་ཉིད་ཞེས་བྱའོ། །ཞེའོ། །ཡང་གང་ལྟར་བསྟན་ཀྱང་གང་ཡང་མེད། །མེད་པ་མ་ཡིན་དྲན་ཞིང་ཚོར། །ཆད་པར་མ་སོང་རིག་ཅིང་རྟོགས། །རྟག་པར་མ་སོང་དངོས་པོ་མེད། །གཉིས་སུ་མ་སོང་བརྟགས་པ་མེད། །ཅིག་ཏུ་གྲུབ་ཀྱང་ཡོངས་ལ་ཁྱབ། །དང་པོ་སྐྱེ་བའི་རྒྱུ་མེད་པས། །ཐ་མ་འཆི་ཞིང་འཕོ་བ་མེད། །དེ་ལྟའི་དངོས་པོ་རྫས་མེད་པས། །ཐ་མ་འཆི་ཞིང་འཕོ་བ་མེད། །དེ་ལྟའི་དངོས་པོ་རྫས་མེད་པས། །རྟག་པར་ཆགས་ཤིང་གཟུང་བ་མེད། །ཅེའོ། །དེ་དག་གི་ཕྱིར་དེ་ཉིད་བྱང་ཆུབ་སེམས་བདེ་བ་ཆེན་པོ་ཞེས་དུ་མ་ལས་གསུངས་སོ། །དེ་ཉིད་ངེས་པའི་ཤེས་པས་མངོན་སུམ་དུ་བྱས་པའི་དུས་ན། རྒྱུར་བདེ་སྟེ་མ་བཅོས་ལམ་དུ་བདེ་སྟེ་མི་དམིགས། སྤྱོད་པར་བདེ་སྟེ་མི་འགོག །འབྲས་བུར་བདེ་སྟེ་མ་བསྒྲུབ་པར་བསམ་གྱིས་མི་ཁྱབ་པའི་བདེ་བ་མངོན་དུ་བྱས་པ་དེ་ནི་གྲུབ་པ་དེ་ཁོ་ན་སྟེ། དེ་ཡང་གྲུབ་ན་ལམ་གྱི་བདེ་བ་རྣམས། འབྲས་བུ་དང་ཕུབ་སོགས་ལྟར་སྨོས་ཀྱང་ཅི་དགོས་པས། མི་བཀུར་རོ་ཞེས་བྱ་ཁོ་ནའོ། །དེའི་ངོ་བོ་ཉམས་སུ་བླང་བ་བསྟན་པའི་ཕྱིར། སེམས་དང་ཆོས་ནི་ཡེ་ནས་གཉིས་སུ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་སྤྱད་པའི་སྒོ་བསྟན་ཏོ། །ཆོས་ནི་འཁྲུལ་པའི་ཆོས་དང་། མཚན་ཉིད་ཀྱི་ཆོས་དང་། རང་བཞིན་གྱི་ཆོས་དང་། ལམ་གྱི་ཆོས་དང་། རྒྱུའི་ཆོས་དང་། འབྲས་བུའི་ཆོས་དང་། བསྟན་པའི་ཆོས་དང་། ཐ་སྙད་ཀྱི་ཆོས་དང་ངོ་། །སེམས་ནི་ཚོགས་བརྒྱད་ཀྱི་རིག་པའོ། །རིག་པ་ནི་ཅིར་ཡང་སྣང་ཞིང་མ་གྲུབ་པའོ། །དེ་གཉིས་གཅིག་སྟེ། དེ་ཡང་ཉི་མ་དང་འོད་ལྟ་བུའམ། རྒྱུ་འབྲས་སམ། དོན་རྟོགས་ལྟ་བུ་ལས། བཏགས་པ་དང་། བཀུག་ནས་ཅིག་ཏུ་བྱས་པ་མེད་པས། ཡེ་ནས་ཞེས་གསུངས་སོ། །གཉིས་སུ་མེད་པ་ནི་གསེར་དང་སྤྱད་ལྟ་བུར་རིག་པ་ཉིད་ཆོས་རྣམས་སུ་གདོད་ནས་རང་སྣང་བས། རིག་པ་ཚུར་འཇུག་པ་ཅིག་ཏུ་མ་གྲུབ། ཆོས་ཐམས་ཅད་རིག་པའི་ངོ་བོར་གསལ་བས། ཆོས་ཀྱི་དངོས་པོ་གདོད་མ་ནས་ཕར་མི་སྣང་། དེ་གཉིས་མཚན་ཉིད་ཀྱིས་དབྱེ་རུ་ཆུ་དང་འོ་མ་བསྲེས་པ་ལྟ་བུ་མེད། འཁྲུལ་པར་རབ་འབྲིང་གསུམ་གྱི་དངོས་པོ་དང་། མཚན་ཉིད་ཀྱིས་གཉིས་སུ་མཐོང་ཡང་མིང་ཙམ་མ་མཐོང་བ་སྟེ། ཡུལ་ཕར་སྣང་བ་མ་ཡིན། སེམས་ཉིད་རྒྱ་མ་ཆད་པ་ཡིན། ཤེས་པ་ཚུར་སྐྱེ་མ་ཡིན། རང་བྱུང་གི་ཡེ་ཤེས་རང་གསལ་བ་ཡིན་པའི་ཕྱིར། །དབྱིངས་དང་ཡེ་ཤེས་གཉིས་ཀྱང་ཚིག་གི་ཐ་སྙད་ཡིན། །ཞེས་གསུངས་སོ། །མདོ་ལ་གཅིག་ལ་གཉིས་སུ་སྣང་བ་རྟོག་པའི་སྐྱེས་བུས་ཤེས་ཀྱི། ངོ་བོ་ལ་མ་གྲུབ་པའི་ཕྱིར། དེ་བཞིན་གཤེགས་པས་ནི་མི་མཁྱེན་ནོ། །ཞེས་ལ་བཅད་དོ། །དེའི་མིང་དང་ངོ་བོ་བསྟན་པའི་ཕྱིར། སེམས་ཀྱི་རང་བཞིན་བཙལ་ཡང་མི་རྙེད་ན། །ཞེས་བྱ་བ་ལ་སོགས་གསུངས་ཏེ། གཉིས་སུ་མེད་པ་དེའི་མིང་དང་ངོ་བོ་ཅི་ཞིག་ཞེ་ན། ངོ་བོ་མ་གྲུབ་པར་འཆད་པའི་ཕྱིར། མིང་མེད་མོད་ཀྱི། འཇུག་པ་རྣམས་ཀྱི་ངོ་རུ། བཤང་པའི་དོན་གྱིས་གཉིས་སུ་མེད་པའོ་བྱང་ཆུབ་སེམས་ཞེས་བྱའོ། །དེའི་རང་བཞིན་ཇི་ལྟ་བུ་ཞེ་ན་རང་བཞིན་ནི་རང་གི་རང་བཞིན་ནོ། །བཙལ་པ་ནི་རྗེས་སུ་སྟེ་ཁ་དོག་རྣམས་དང་། དབྱིབས་རྣམས་དང་། ཡོད་པ་དང་མེད་པ་དང་། དངོས་པོ་དང་སྟོང་པ་དང་། ཤེས་པ་དང་། བེམས་པོ་དང་། ཕོ་མོ་དང་། ཕྱོགས་དང་། གྲངས་དང་། ཕྱི་ནང་ལ་སོགས་པ་དག་གི་རྗེས་སུ་བཙལ་བས་དེ་དག་ཏུ་མ་གྲུབ་པའི་ཕྱིར། གསང་བའི་སྙིང་པོ་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུ་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །ཞེའོ། །དེ་དག་དང་མ་འདྲེས་པའི་ངོ་བོ་ཞིག་ཀྱང་འདི་འདྲར་མ་གྲུབ་པའི་ཕྱིར། གཞན་ལ་འདི་འདྲ་ཞེས་ནི་བསྟན་དུ་མེད། ཅེས་གསུངས་ཏེ། ངོ་བོ་ཞིག་རང་གིས་མ་རྙེད་པའི་ཕྱིར། གཞན་ལ་བསྟན་དུ་མེད་པས། ནམ་མཁའ་ཆེ་ལས། མཆོག་ཏུ་གསང་བའི་ཆོས་འདི་ནི། །རྣ་དབང་གཞན་ལས་ཐོས་མི་འགྱུར། །དེ་བཞིན་ལྕེའི་དབང་པོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །ཞེའོ། །ཡང་མིང་ཚིག་འདི་ཞེས་བསྟན་པར་ནི། །རྡོ་རྗེ་སེམས་དཔའ་འམ་མཚོན་དུ་མེད། །ཞེས་གསུངས་པ་ཁོ་ནའོ། །སེམས་དང་ཆོས་སུ་ཅི་ཡང་མ་ཡིན། །ཞེས་བྱ་བ་ནི། སེམས་དང་ཆོས་གཉིས་སུ་མེད་པའི་བྱང་ཆུབ་སེམས་དེའི་ངོ་བོ་ཉིད་ནི། བཤད་པའི་དོན་གྱིས་ཅི་ཡང་མ་ཡིན་པ་དེ་ཉིད། ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། །བདག་ཉིད་ཆེན་པོ་ཞེས་བྱ་བ་སྟེ། སྤྱི་བཅིངས་ལས། བདག་ཉིད་ཆེན་པོ་ལྷུན་གྱིས་རྫོགས་པས། བདག་ནི་ཡོད་དོ། །ཀུན་ཏུ་བཟང་པོའི་ངང་དུ་གཅིག་པས་གཞན་མེད་དོ། །ཞེའོ། །དེ་ནི་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཞེས་ཀྱང་བྱ་སྟེ། གསང་བའི་སྙིང་པོ་ལས་བཤད་པའི་དེ་མ་ཐག་ཏུ། དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེའོ། །སྒྱུ་འཕྲུལ་བརྒྱད་ཅུ་པ་ལས། ཡོད་ལས་བརྩལ་ན་སྒྲོ་བཏགས་འགྱུར། །མེད་ལས་བརྩལ་ན་སྐུར་འདེབས་ཏེ། །ཡོད་མེད་གཉིས་ལས་བརྩལ་བྱས་ན། །དེ་ནི་ལུང་དུ་མ་བསྟན་འགྱུར། །རྣམ་པར་རྟོག་པ་མི་མངའ་སྟེ། །དེ་ཡིས་མི་མཁྱེན་ཅི་ཡང་མེད། །རྣལ་འབྱོར་ལྟ་བ་དེ་ལྟར་ལྟོས། །ཞེའོ། །འོན་ཀྱང་བཤད་པ་ཉིད་ཀྱི་ཕྱིར། །ཡུལ་དང་རང་རིག་ངོ་བོ་གདོད་ནས་མ་གྲུབ་པས། ཅི་ཡང་མ་མཐོང་བ་ཉིད། ཁྱུ་མཆོག་གི་མདོ་རིས་བཞིན་དུ་བྱང་ཆུབ་སེམས་མཐོང་བ་ཁོ་ན་སྟེ། གསེར་གྱི་སྒྲོམ་བུ་ལས། རིག་པ་མེད་པའི་རིག་པ་ནི། །དེ་ཉིད་རིག་པའི་གནས་ཡིན་ནོ། །ཞེའོ། །རྨད་དུ་བྱུང་བ་ལས། ལྟ་བ་མེད་པའི་ལྟ་བ་ནི། །དེ་ནི་ལྟ་བ་དམ་པའོ། །ཞེའོ། །ཡང་ཡི་གེ་ཀུན་ལ་མི་སྣང་ཡང་། སེམས་ལ་གསལ་བ་མངོན་པར་སྣང་། སྐལ་ལྡན་རྣམས་ཀྱི་རང་རིག་པ། དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་གསུང་བའི་ཕྱིར་ལྟ་བའི་ངོ་བོ་ཁོ་ནའོ། །འུང་ནས་བློ་གཞག་པའི་ཐབས་དང་། སྒོམ་པའི་ངོ་བོ་རྗེས་སུ་འཇུག་པ་གཉིས་ཐུན་མོང་དུ་བསྟན་པའི་ཕྱིར། བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མེད། །ཞེས་གསུངས་ཏེ། དེ་ལྟར་ཐག་བཅད་ནས་ལུགས་ཉིད་ཀྱིས་སྣ་ཚོགས་ཀྱི་འདུ་ཤེས་ནི་ལས་ཀྱིས་འཁྲུལ་པའི་སེམས་ཁོ་ནར་བདེན་པའི་ཕྱིར་བསྒོམ་ཏེ། དགོངས་པ་འདུས་པའི་མདོ་ལས། གལ་ཏེ་བསམ་གཏན་འདི་མེད་ན། །རྒྱ་མཚོ་འཇིངས་ཀྱི་ཕ་བོང་ལྟར། །དཔག་ཏུ་མེད་པའི་སྒོ་སྤྱད་ཀྱང་། །དོན་མེད་སྙིང་པོ་སྐམས་པ་ཡིན། །ཞེས་འབྱུང་བས། སྒོམ་པ་ལ་འཇུག་པ་ཁོ་ནའོ། །དེ་ཡང་མཚམས་སྦྱར་བས། ལྟ་བའི་རྗེས་སུ་མཐུན་པར་འཇུག་པའི་ཚེ་ན་ཞེའོ། །དེའི་ཕྱིར་བརྩལ་བའི་གནས་རྣམས་དང་། བཤད་པའི་ལུགས་རྣམས་ཀྱི་འདོད་པའི་དངོས་པོ་རྣམས་ཀྱང་སྤངས་ལ། རྒྱ་མཚོ་ཆུ་ལ་རྙོག་མ་མེད་ཀྱང་རང་གི་རླབས་ཀྱིས་བསྒྲིབས་པའི་ཕྱིར། བསྒོམ་པ་ཉིད་ཀྱང་སྤང་ན། གཞན་ལྟ་ཅི་སྨོས་ཞེས་བྱ་བ་ཁོ་ནའི་ཕྱིར། རྣལ་འབྱོར་བླ་མ་བསྒོམ་སྙམ་སྟེ། །ཏིང་འཛིན་སྐྱོན་དགུ་ལྕགས་ཀྱིས་དཀྲིས། །ཞེས་པ་དང་། དགོངས་པ་འདུས་པ་ལས། དོན་ལ་མཉམ་པར་བཞག་པའི་སྐྱོན་ཆེན་ནི། །ལུང་དང་འགལ་ཞིང་དོན་དང་འཕྲད་མི་འགྱུར། །ཞེས་པ་དང་། བྱང་ཆུབ་ཀྱི་སེམས་མན་ངག་ལས། གང་ཞིག་བསམ་ཞིང་དམིགས་ཡོད་ན། ངེས་པར་དེ་ཉིད་གཡང་ས་ཡིན། །ཅི་ཡང་ཡིད་ལ་མི་བྱེད་ན། །གོལ་སར་ལྟུང་བ་ཅི་ཞིག་ལྟུང་། །ཞེས་འབྱུང་བས། ཐོག་ཏུ་དབབ་པ་དང་། གོལ་ས་དགག་པའི་ཕྱིར་རོ། །བློ་བཅོས་པའི་ཐབས་བསྟན་པའི་ཕྱིར། །རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་རྟོག་པ་ཞེས་བྱ་བ་ནི། རྒྱུ་ལས་བྱུང་བ་དང་། རྐྱེན་ཀྱི་སྣང་བ་དང་། ཤུགས་ཀྱིས་འབྱུང་བ་དང་། ཆེད་དུ་གསོལ་བ་དང་། དངོས་པོ་ཉིད་དང་། རྨོངས་པའི་རྣམ་པར་རྟོག་པ་རྣམས་ཏེ། དེ་ཡང་སྤྱིའི་རྣམ་པ་དང་། དུག་ཉིད་ལྡང་བ་དང་། བརྟགས་པའི་ཕྱི་རོལ་བ་སློང་བ་ལྔ་དང་། བཀག་ཅིང་ནང་དུ་ལྟ་བ་ལས། སྣང་བ་གཟུང་བ་དྲུག་དང་། མྱོང་བ་བརྒྱད་དང་། རྣམ་གྲངས་ཀྱི་རྗེས་སུ་ཡིད་ལ་བྱ་བ་རྣམས་དང་། བདག་ཉིད་བསྒོམ་པ་དང་། འགག་པ་རྣམས་ཀྱི་ཕྱིན་ཅི་ལོག་གི་བློ་ལ་བྱེ་བྲག་ཏུ་ཡོད་པར་སྣང་བ་ཁོ་ནའི་ཕྱིར་རོ། །དེ་དག་གློ་བུར་དུ་ལྡང་ཞིང་མཆེད་པས་བསྒྲིབ་པའི་ཕྱིར་མཚན་མ་ཞེས་བྱའོ། །དེ་དག་གང་ཡང་སྣང་བ་ནི། བྱུང་བ་སྟེ་གདེང་ཆུད་ན་དོགས་མི་དགོས་པའི་ཕྱིར་ཡང་ཞེས་བྱའོ། །རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཤེས་ན། །ཞེས་བྱ་བ་ནི། གདེང་གི་ཕྱིར་སྔོན་ནས་གོམས་པར་བྱ་སྟེ། བཤད་པ་དེ་དག་ཉིད་ཀྱི་རྒྱུ་ལ་སོགས་པའི་གཏན་ཚིགས་དྲུག་གིས་ན། དེ་དག་སེམས་ཀྱི་ཆོས་ཉིད་མ་ནོར་བར་སྣང་བ་ཁོ་ན་སྟེ། འདུན་པའི་སྐབས་སུ་བཤད་པ་འགྲུབ་བོ། །དེ་ཡང་གདེང་ཆུད་ན་འགྲུབ་པ་དང་། བདེ་བ་མཐའ་གཅིག་པའི་ཚུལ་དུ་གྱུར་པས། ངེས་བཅས་ཀྱི་མངོན་སུམ་སྟེ། ཅི་ཡང་མ་མཐོང་བའི་ཕྱིར་མ་གཡོས་པ་ཞེས་བྱ་བ་ཁོ་ནའོ། །དེ་ལྟར་མ་ཡིན་པ་ནི་ཐུན་མོང་གི་ཚོར་བ་སྟེ། རྒྱུ་ལས་སོགས་པའི་ཤེས་པ་ཕྱི་མས་སྔ་མ་འཇལ་བས་ཤེས་རབ་བར་མར་འགྱུར་རོ། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་མི་དགོས། །ཞེས་བྱ་བ་ནི། ཆོས་ནི་ཆོས་རྣམས་སོ། །དེ་དག་བཤད་པ་ཉིད་ཀྱི་ཕྱིར་སྤང་བླང་མེད་པ་དང་། མུ་མཐའ་བྲལ་བ་དང་། ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པ་དང་། ངོ་བོ་ཉིད་དུ་མ་གྲུབ་པའི་ཕྱིར། དབྱིངས་ཞེས་ཐ་སྙད་དུ་བཏགས་པ་སྟེ། གཞི་ལ་མིང་མ་གྲུབ་པ་ཁོ་ནའོ། །སྤྱིར་ཆོས་ཉིད་ནི་རྣམ་པར་དག་ཅིང་། ལེགས་པ་རྒྱ་མཚོ་ལྷུན་གྱིས་གྲུབ་པས་བསྒོམ་མི་དགོས་པའི་ཕྱིར། ནམ་མཁའ་ཆེ་ལས། གདོད་ནས་སྙིང་པོ་བྱང་ཆུབ་ལ། །བརྩལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཞེས་གསུངས་སོ། །བསྒོམ་པ་ནི་ཆོས་ཅན་མཚན་མའི་དངོས་པོ་རྣམས་ཀྱི་རང་བཞིན་ཤེས་ནས་བློ་ཅིར་ཡང་གཡོ། མི་དམིགས་མི་གནས་ན། བསྒོམ་དུ་མེད་པའི་བསྒོམ་པ་མ་ནོར་བའོ། །དེ་རྒྱུན་ཆད་ན། ཀླུང་ཡིན་པའི་ཕྱིར། གསེར་མདའ་ལས། བསྒོམ་པའི་ས་མི་རྙེད་པའི་ཕྱིར། བསྒོམ་པའི་རྙེད་པར་མི་འགྱུར་ཏེ། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་ལ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། རྣམ་བྲལ་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་བསྒོམ་མོ། །འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཤེས་དགྲ་བཅོམ་རབ་འབྱོར་ཡིན། ཞེས་འབྱུང་སྟེ། ངོ་བོ་དང་། རྟགས་དང་། འབྲས་བུ་རྣམས་ཀྱི་མིང་རྣམས་ཀྱང་སྐབས་ལས་འདོགས་པའི་ཕྱིར། ལུགས་མ་ནོར་བ་ཁོ་ནའོ། །དེ་ལ་གཉེན་པོས་བཅོས་ཤིང་དགག་ཏུ་མེད། །ཞེས་བྱ་བ་ནི་རྗེས་སུ་བསྙག་པ་སྟེ། །མི་གཞན་པས་མ་བཀག་ལ། ཡེ་ཤེས་རང་སྣང་བར་ཤེས་པས་མི་དམིགས་པ། མ་གྲུབ་པས་མི་འཛིན་པ། དེའི་ཕྱིར་མི་གནས་པ་དེ་བདག་ཉིད་ལ་དགག་པ་དང་། གཞོམ་པ་དང་། གཞོག་པ་དང་། སྦྱང་བ་དང་། བརྩལ་བའི་བརྩོན་བ་རྣམས་མི་དགོས་པ་ནི། བཟོ་ལེགས་པ་དང་འདྲའོ། །དེའི་ངོ་བོ་ཉིད་ཀྱང་ཐོབ་པར་མི་རུང་བས་བརྩལ་ཞིང་བལྟར་མེད་པ་ཁོ་ནའི་ཕྱིར། ལུང་རབ་རྩལ་ལས། མི་མཐུན་པ་ཉིད་གཉེན་པོ་ན། །དགྲ་མེད་ཟོན་གྱིི་ཆས་མི་དགོས། །མ་སྐྱེས་སེམས་ལ་སེམས་ལྟ་བ། །མིག་གིས་མིག་མཐོང་ག་ལ་སྲིད། །རྙོག་མ་དྭངས་ན་ཆུ་ཉིད་གསལ། །དེ་ཡང་ཐོབ་པར་ག་ལ་རུང་། །གནས་མེད་ཚུལ་གྱིས་གང་གནས་པ། །ཕྱིན་པ་མེད་པར་གནས་སྟོབས་པའོ། །ཞེས་གསུངས་སོ། །འོན་ཏེ་སྤྱོད་ཡུལ་ཤེས་ནས་མི་དམིགས་པ་ཙམ་ལས་བྱ་བ་མེད་པ་དེ་ངེས་པའི་ཚིག་ཏུ་ཅིས་འགྱུར་སྙམ་པ་ལས། ངེས་ཚིག་བསྟན་པའི་ཕྱིར། བསྒོམ་དང་སྒོམ་པར་བྱ་བ་གཉིས་མེད་ན། དོན་དམ་ངང་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། བསྒོམ་པའི་སྒོ་ཆོས་ཅན་དངོས་པོ་གཉིས་ཀྱིས་བསྡུས་པ་དང་། བསྒོམ་བྱའི་ཆོས་ཉིད་སྐྱེ་འགག་མེད་པ་ཞེས་བྱ་བར་སྤྲོས་པའི་བག་ཆགས་ཅན་གྱིས་ཕྱེ་བ་ནི། གནས་སྐབས་ཀྱི་མཚན་ཉིད་ཙམ་སྟེ། ཐམས་ཅད་ཀྱང་རང་རིག་པ་ཉིད་རང་སྣང་བའི་ཕྱིར། སེམས་ཉིད་ཁོ་ནར་གསལ་བ་དང་། དེ་ཕྱིར་རྒྱུ་དང་ཡུལ་ལ་སོགས་པའི་སྤྲོས་པ་རིལ་ཡོངས་སུ་བཅད་དེ། རྣམ་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་མིང་ཙམ་སྟེ། ངོ་བོ་ཉིད་མ་གྲུབ་པར་གཅིག་པ་ནི། རང་བཞིན་དོན་དམ་པ་ཞེས་བྱའོ། །དེ་ཉིད་མངོན་དུ་བྱེད་པའི་ཡེ་ཤེས་དང་། བསྒོམ་པར་བྱ་བའི་སྤྲོས་པ་དང་བྲལ་བར་དབྱིངས་ཞེས་བྱ་བར་ཆོས་ཉིད་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཕྱེ་བ་སྟེ། སེམས་ཉིད་ཅི་ཡང་མ་ཡིན་པའི་ངོ་བོ་ཉིད་ཐམས་ཅད་དུ་རང་སྣང་ཡང་། ཡེ་ནས་རང་རིག་པའི་ཁྱབ་པར་རང་གསལ་བ་ལ། དུས་དང་མཐའ་དབུས་མེད་པ་ནི་ཡེ་ཤེས་དོན་དམ་པ་ཞེས་འདོགས་སོ། །བསྒོམ་པའི་སེམས་རང་སྣང་བའི་ཕུང་པོ་ལ་སོགས་པ་དང་། བསྒོམ་པའི་སྐུ་དང་ཡེ་ཤེས་ལ་སོགས་པ་ལོག་པའི་སྐབས་ལས་བཏགས་པ་དག །གཞི་ཉིད་ཀྱི་ཕྱིར་མ་འདྲེས་པར་ཅིར་ཡང་གསལ་ལ། རང་གི་ངོ་བོས་སྟོང་པ་ནི། ཟུང་དུ་འཇུག་ལ། རང་སྣང་ཐབས་ཀྱི་འབྲས་བུར་ལྷུན་གྱིས་གྲུབ་པ་ཁོ་ནའི་ཕྱིར། དོན་དམ་པ་གསུམ་པའོ། །དེ་དག་གཅིག་ཏུ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཉིད་གཉིས་ལས་ལྷུན་གྱིས་གྲུབ་པའི་ངང་སྟེ། བྱེད་པའི་གཞིར་འགྱུར་རོ། །བདེ་བར་གནས་པ་ནི། ཞེས་བྱ་བ་ནི། དེ་བསྒོམ་པའི་དུས་ན། རང་བཞིན་ཐམས་ཅད་ཡིན་ཞིང་། ཐམས་ཅད་དང་བྲལ་བ འི་ཕྱིར་བློ་ཉིད་སྤྱིར་གཏད་དེ། མཐའ་རྣམས་དང་ངོ་བོ་ཅི་ཡང་ཡིད་ལ་མི་བྱེད་པ་ནི། དང་པོའི་བདེ་བའོ། །དེ་ཡང་ཉེ་བར་སྤང་པ་ནི་མི་གནས་པའི་ཐབས་སོ། །དེ་ཉིད་ཀྱི་ཕྱིར་རྙོག་པ་དང་བྲལ་བའི་ཚུལ་གྱིས་ཅིས་ཀྱང་མ་བསྒྲིབས་པར། རང་གསལ་ལ་ཁྱབ་པ་ཉིད་གཉིས་པའི་བདེ་བ་སྟེ། རྗེས་སུ་མཐུན་པ་ཁོ་ནའོ། །དེའི་དུས་ན་ཕྱོགས་ཐམས་ཅད་དུ་མ་ལྷུང་ཞིང་། གང་ཡང་མ་བཀག་མ་སྤངས་པ་དང་། ལྡང་ན་ཡང་ངོ་བོ་ཉིད་དུ་ཤེས་པ་ཐམས་ཅད་ཀྱང་རང་ཉིད་དུ་གསལ་བ་ནི་གསུམ་པའི་བདེ་བ་སྟེ། རྗེས་སུ་མཐུན་པའོ་ཞེས་ཐ་སྙད་དུ་འདོགས་སོ། །བྱང་ཆུབ་སེམས་བསྒོམ་ཞེས་ཀྱང་དེ་ལ་བྱའོ། །སྣང་བ་དང་ཡེ་ཤེས་དང་རྒྱུ་བའི་ཟླ་དག་གཉིས་སུ་མེད་པའི་ངོ་བོ་ཉིད་ལ་མཐའ་དྲུག་མ་བརྩལ་བར་དག་ཅིང་། ངོ་བོ་ཉིད་གསུམ་མ་བརྩལ་བར་གཅིག་ཏུ་ལྷུན་གྱིས་གྲུབ་པར། གསལ་ལ་མི་རྟོག་པ་དེར་གྱིན་དར་མི་གཡོ་བར་གོམས་པར་བགྲོ་བ་ཙམ་ལ་བསྒོམ་མོ་ཞེས་བྱའོ། །རྣམ་གྲངས་ཀྱི་ཕྱིར་ཀྱང་སྟེ། གཉིས་སུ་མེད་པ་དང་། དོན་དམ་པའི་བྱང་ཆུབ་སེམས་ཁོ་ནའོ། །བསྒོམ་པའི་ངོ་བོ་བསྟན་པའི་ཕྱིར། རྟོགས་པའི་ཀླུང་ཆེན་མ་ཡེངས་དོན་སྟོན་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་གཉིས་ཀྱི་ཆོས་ཐམས་ཅད་བསྡུས་པས་དོན་དམ་པ་གསུམ་དུ་གནས་པར་རྟོགས་པ། དེ་ཡང་ཆོས་ཅན་རྒྱུ་རྣམས་ཀྱི་ངོ་བོ་སེམས་ཉིད་ལས། ཅིར་ཡང་མ་སྐྱེས་ཁྱབ་བདལ་ཆེན་པོའི་ཡེ་ཤེས་སུ་གསལ་བ་ཉིད། འབྲས་བུ་རིལ་ལྷུན་གྱིས་གྲུབ་པ་ཡང་། ངོ་བོ་ཉིད་དུ་གཟུང་དུ་མེད་པར་རྟོགས་པའོ། །དེ་ལྟར་ཤེས་པའི་རྟགས་ཀྱང་། ཀུན་ཏུ་བཟང་པོའི་རྒྱུད་ལས། ཡོད་མེད་གཉིས་སུ་ལས་འདས་པའི། །རང་བཞིན་མེད་པར་ཡིད་ལ་དྲན། །ཤེས་རབ་ཆེན་པོ་རྟོགས་པའི་རྟགས། །ཞེའོ། །ཀླུང་ནི་གཉིས་ལས། རང་བཞིན་གྱི་ཀླུང་ནི། འགྲེ་ལོག་སྤྱོད་གཙུགས་གར་སྐྱེས་ཀྱང་། །སྙིང་པོའི་དོན་ལས་མི་འདའ་བའི་ཕྱིར། །གང་ཡང་རང་བཞིན་ཉིད་ལས་མ་ཉམས་པའོ། །རྟོགས་པའི་ཀླུང་ནི་དེའི་ཉམས་རྒྱུན་མ་ཆད་པ་སྟེ། མ་ཡེངས་ཞེས་པ། སྤྱིར་རང་བཞིན་དང་། ཕྱི་དང་ནང་དང་མཚན་མ་དང་། ཡིད་ལ་བྱེད་པ་དང་། གནས་ངན་ལེན་ལ་སོགས་པ་ནི་གཡེང་བའོ། །དེ་ལ་ལྟ་བའི་དྲན་པ་མ་ཉམས་པར་གྱིན་དར་བཞག་ན། བྱ་བ་མེད་པར་རང་གསལ་བས། ཡུལ་ཀླུང་ཆེན་པོ་བཞིན་དུ་ཡངས་ལ། ལྡང་ན་ཡང་དེ་དག་གི་ཤེས་པས་ཅི་སྣང་བ་སེམས་ཀྱི་སྟོན་པ་སྟེ། མ་གཡོས་པའི་ཕྱིར། ཆུ་རླུང་ཆེན་པོ་ལྟར་རྒྱུན་མ་ཆད་པས། མེ་ལ་ཤིང་བསྣན་པའི་ཚུལ་གྱིས་མ་ཡེངས་པའི་ཀླུང་དུ་འགྲོ་ཞེས་བྱ་བ་ཁོ་ནའོ། །རྣམ་དག་བྱང་ཆུབ་སེམས་ཀྱི་སྒོམ་པ་ཡིན། །ཞེས་བྱ་བ་ནི་དག་པ་གསུམ་སྟེ། སྣང་སྟོང་གི་དངོས་པོ་རིལ་ནི་རང་བྱུང་གི་ཡེ་ཤེས་ཁོ་ནར་དག་ལ། དེ་ཉིད་ཁྱབ་ཅིང་མ་གྲུབ་པས། རང་བྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་དང་བྲལ། །ཞེས་པའི་ཕྱིར། སྨྲ་བསམ་གང་གིས་ཀྱང་མ་རེག་པ་ནི་རང་བཞིན་གྱི་དག་པ་ཞེས་བྱའོ། །རྟོགས་པ་དག་པ་ཡང་རྗེས་སུ་མཐུན་པ་ཁོ་ནའིི་ཕྱིར། ཆོས་དང་སེམས་ནི་ཡེ་ནས་གཉིས་སུ་མེད། །སེམས་ཀྱི་རང་བཞིན་བཙལ་ཡང་མི་རྙེད་ན། །གཞན་ལ་འདི་འདྲ་གཅིག་ནི་བསྟན་དུ་མེད། །སེམས་དང་ཆོས་ནི་ཅི་ཡང་མ་ཡིན་པས། །ཞེས་བྱ་བ་དང་། བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ། །ཞེས་པ་དང་། བསྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་ན། །ཞེས་པ་དང་། རྟོགས་པའི་ཀླུང་ཆེན་མ་ཡེངས་དོན་སྟོན་པས། །རྣམ་དག་བྱང་ཆུབ་སེམས་ཀྱི་སྒོམ་པ་ཡིན། །ཞེས་གསུངས་སོ། །བསྒོམ་པའི་རྟགས་དང་འབྲས་བུ་བསྟན་པའི། འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བར་བསྟན་པ་ནི་འདས་མ་ཐག་པ་ཉིད། དེ་ཡང་དུས་ནི་རྒྱུན་མ་ཆད་པ་སྟེ། སྤྱོད་ལམ་གྱི་རྣམ་ལྔར་ཡང་བསྒོམ་པའོ། །ཉིད་ལས་མ་ཡེངས་པ་ནི་ཆོས་ཀྱི་སྐུ། །ཞེས་བྱ་བ་ནི། ཉིད་ནི་བསྒོམ་པའི་ངོ་བོ་ཉིད་དེ་བཤད་ཟིན་ཏོ། །ལས་ཞེས་བྱ་བ་ནི་དེ་ལས་གཞན་པ་གང་ཡང་མི་བྱེད་པའོ། །མ་ཡེངས་པ་ཡང་བཤད་ཟིན་ཏོ། །དེ་ཁོ་ན་ཉིད་འབྲས་བུ་ཆོས་ཀྱི་སྐུ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་ལྟར་གནས་པ་ལས་ཐམས་ཅད་དུ་སྣང་བའི་གཞིར་གྱུར་པ་དང་། ཁྱབ་པར་གསལ་ལ་མ་གྲུབ་པ་དང་། ལྷུན་གྱིས་གྲུབ་པའི་ཡོན་ཏན་རྣམས་རང་སྣང་བ་དང་། ཐམས་ཅད་བྱིན་གྱིས་རློབ་པའི་ཕྱིར། ངེས་ཚིག་དང་། ངོ་བོ་དང་། རྩལ་དང་། ལས་རྣམས་ཀྱིས་འཐད་པ་ཁོ་ནའོ། །ཞེས་བྱ་བའོ། །སྟོབས་སུ་གྱུར་ན་འཇིག་རྟེན་རང་བཞིན་མེད། །ཞེས་བྱ་བ་ནི། དྲོད་རྟགས་བསྟན་པ་ནི། ཐོག་མ་ཉིད་ན་མར་ཉམས་ཚོར་བ་གསུམ་ཤེས་པ་གསུམ། བཏང་སྙོམས་གསུམ་ལས་སོགས་པ་རིམ་པར་འབྱུང་བར་ཤེས་ནས། བརྩོན་པས་གོམས་པའི་མཐར་བཤད་པ་ལྟ་བུར་ཀླུང་དུ་ཆུད་པ་ནི་སྟོབས་སུ་གྱུར་པ་ཞེས་བྱའོ། །དེ་ལྟར་གང་གིས་གདེང་ཆུད་པ་ན་གཟུང་འཛིན་གྱི་འཇིག་རྟེན་གཉིས་ཀ་ནས་དག་པས། ངོ་བོ་རང་བཞིན་གྱིས་མ་དམིགས་པ་ན་མེད་པ་ཞེས་བྱ་སྟེ། དེ་ཡང་འདི་ཤེས་མི་འཇུག་པ་དང་། མ་གྲུབ་པ་དང་། བདག་ཉིད་ཆེན་པོའི་རྗེས་སུ་དྲོད་ཚད་རིག་པར་བྱའོ། །དེ་ལྟར་མེད་པའི་དོན་གྱིས་མཛད་པ་འགོག་གོ་སྙམ་པ་ལ། ཆོས་སྐུའི་རྩལ་དང་མཛད་པ་བསྟན་པའི་ཕྱིར། །ཐུགས་རྗེ་སྤྲུལ་པ་ཀུན་ལ་ཁྱབ་མཛད་ཅིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་རྗེ་ནི་ཕྱོགས་གཅིག་པ་དང་། འཇིག་རྟེན་པ་དང་། གཏོད་པ་མེད་པ་དང་། ཆེན་པོའོ། །དེ་ལ་ཐུགས་རྗེ་ཆེན་པོ་ནི་རང་བཞིན་གྱི་སྐབས་སུ་བཤད་ཟིན་ཏོ། །དེ་ཉིད་མངོན་དུ་གྱུར་པ་ནི་ཡེ་ཤེས་ཆེན་པོ་སྟེ། དེའི་མིག་གི་ཕྱིར། དཔེར་ན་མངོན་ཤེས་ཐོབ་པས། རྨི་ལམ་ཅན་ལྟ་བའི་ཚུལ་གྱིས་མ་འདྲེས་ལ། མི་རྟོག་པར་དོན་བྱེད་དེ། སྲིག་གི་འཁོར་ལོ་ལས། རང་བྱུང་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། སྟོང་ཁམས་ཡོངས་ལ་སྙོམས་པའ་ིཐུགས་རྗེ་འབྱུང་ཞེའོ། །སྤྲུལ་པ་ཀུན་ལ་ཁྱབ་པ་ནི། ངོ་བོ་ཉིད་སྐྱེད་དུ་ཐལ་བ་མེད་པའི་ཕྱིར། ཡོན་ཏན་ཁྱབ་པའི་རྗེས་སུ་འཇུག་པ་སྟེ། ནོར་བདུན་མངོན་དུ་བྱས་པའི་རྩལ་ལས་དྲུག་ཉིད་མཐའ་ཡས་པས་སྣང་བའོ། །དེའི་ཕྱིར་འགྲོ་བ་དང་འོང་བ་བྲལ་བ་སྟེ། བརྒྱུད་ནས་སྣང་བ་མ་མིན་པ་དེ་ཁོ་ནའོ། །སེམས་ཅན་རྣམས་ལ་བྱམས་པའི་ཆར་ཆེན་འབེབས། །ཞེས་བྱ་བ་ནི། སེམས་ཅན་ནི་ལོག་སྤྱོད་ཤ་སྟག་སྟེ། དེ་ཡང་རྒྱལ་གྲྭ་བུ་ཆུང་ནས་བཀུར་བ་བཞིན་དུ། འཁྲུལ་པའི་འདུ་ཤེས་སྐད་ཅིག་མའི་རྒྱུན་ཙམ་ལས། ངོ་བོ་ཉིད་ནི་གདོད་ནས་སྟོང་སྟེ། རྣམ་པར་དག་པ་ཁོ་ནའོ། །བྱམས་པ་ནི་ཕན་པ་སྟེ། བཤད་པ་དྲུག་གི་མཛད་པ་མཐའ་ཡས་པས། གདུལ་བྱ་མ་ལུས་རེ་བ་སྐད་ཅིགགིས་སྐོང་བ་སྟེ། སྣ་ཚོགས་ཀྱི་འདུ་ཤེས་ལས་གྲོལ་ནས། དམིགས་པའི་འདུ་ཤེས་ཟད་མ་ཐག་འབྲས་བུ་རང་ལ་ཤར་ཏེ། གཉིས་སུ་མེད་པར་མཛད་པའི་དོན་ཁོ་ནའོ། །རྒྱ་མཚོའི་ཀློང་བྱུང་ཆུ་བོས་ཀུན་རླན་ཡན་ལག་བཅས་འདུ་རོ་གཅིག་རླབས་འབྱུང་བཞིན། རང་བྱུང་ཀློང་ཤར་རིག་བརྒྱད་རང་སྣང་སྣ་ཚོགས་བདག་ལས་གཞན་མིན་ལྷུན་གྲུབ་པ། རྗེས་སུ་ངེས་པས་སྒྲོ་བྲལ་ཇི་བཞིན་ཀུན་སྦྱོར་མི་གཡོ་མི་དམིགས་བསམ་ཡས་སྣང་། ཀུན་འདུས་ཀློང་བྱུང་མན་ངག་སྦས་པ་མདོར་བཤད་ངལ་བས་འགྲོ་བ་བྱང་ཆུབ་ཤོག །བྱང་ཆུབ་སེམས་སྒོམ་པའི་འགྲེལ་བ་རིན་པོ་ཆེ་སྒྲོན་མ་ཞེས་བྱ་བ། རྫོགས་སོ།། །།


previousབྱང་ཆུབ་ཀྱི་སེམས་སྒོམ་པ་དོན་དྲུག་པའི་འགྲེལ་བ་རིན་པོ་ཆེའི་སྒྲོན་མེ།next