Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བརྒྱད་པ།


   
   
   
   
   
   
   
   
   
   
བྱང་ཆུབ་སེམས་བདེ་བ་ཕྲ་བཀོད་ཀྱི་དོན་འགྲེལ། ཡང་དབང་གཏེར།
   
   
   
   
   
   
   
   
   
   
   
   


 
previousབྱང་ཆུབ་སེམས་བདེ་བ་ཕྲ་བཀོད་ཀྱི་དོན་འགྲེལ། ཡང་དབང་གཏེར།next

བྱང་ཆུབ་སེམས་བདེ་བ་ཕྲ་བཀོད་ཀྱི་དོན་འགྲེལ། ཡང་དབང་གཏེར།

བྱང་ཆུབ་སེམས་བདེ་བ་ཕྲ་བཀོད་ཀྱི་དོན་འགྲེལ་བཞུགས་སོ།། བདེ་བ་ཕྲ་བཀོད། བྱང་ཆུབ་སྙིང་པོ་ཉིད་ཀྱི་ངང་ལ་ཕྱག་འཚལ་ལོ། །དེ་དེར་ཡེ་ནས་སངས་རྒྱས་ཀྱང་། མུན་གཉིས་བསྒྲིབས་པས་མ་བྲལ་སྟོར། །དེས་དེར་གྱུར་པ་རྣམས་ཀྱི་ཕྱིར། །ལྷུན་མཉམ་བྱང་ཆུབ་བཤད་པར་བྱ། །ཐོག་མར་དོན་གྱིས་འོག་ནོན་བསྟན་པའི་ཕྱིར། །བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་བདེ་བས་ཕྲ་བཀོད་པ། ཞེས་པ་མཚན་བཤད་དེ། ཞེས་པ་གཉིས་ལས་བརྒལ་བའི་ངོ་བོར་དངོས་པོ་གཉིས་པའོ་ཅོག་གཅིག་པས་མི་གཡོ་བས་ངེས་ཚིག་གྲུབ་སྟེ་མཚན་ལྔ་དང་ལྡན་པའི་དོན་ངེས་པར་བཟུང་བ་ནི་གོལ་སྒྲིབ་རྣམ་པར་བཅད་པས་བདེ་བ་གཉིས་ཀྱི་དངོས་གཞི་དེ་གཡང་ས་དང་བྲལ་བས་མིང་འགྲུབ་སྟེ། དེ་ནི་དཔེར་ན་གསེར་གྱི་འཕྲ་མིག་ཏུ་རིན་པོ་ཆེ་ཚོན་ཤེལ་བཅུག་པ་ལྟར་སྐབས་ཀྱིས་གསུམ་དུ་བཏགས་པ་རིལ་རྫོགས་པར་སྟོན་པའོ། །དཔལ་རྡོ་རྗེ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་པ། བཏགས་པའི་སངས་རྒྱས་མི་ཁུར་ཏེ། འདིར་སྙིང་པོ་བྱང་ཆུབ་ཀྱི་དོན་རྟོགས་པ་ཀློང་དུ་གྱུར་པ་ལ་བྱ་སྟེ། གཉིས་ག་ཡིན་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་བདེ་ཆེན་པོ། །ཞེས་པ། སྣང་གྲགས་དྲན་རིག་ཡེ་ཤེས་ཀུན་དེར་རང་སྣང་བས་འཁོར་བའི་གནས་མེད་པའོ། །རྡོ་རྗེ་གསང་བ་ཐུགས་ཀྱི་གཏེར། །ཞེས་པ། གསུམ་ཡང་མི་ཕྱེད་པ་མ་བརྩལ་བས་མི་འཇིག་པའི་དོན་བློའི་ཡུལ་མིན་པས་ལྷུན་གྱིས་གྲུབ་པར་གསལ་བའོ། །ཡེ་ནས་ལྷུན་རྫོགས་བྱང་ཆུབ་སེམས། །ཞེས་པ། རང་རིག་པ་ནི་གདོད་ནས་ནོར་བུ་རིན་པོ་ཆེ་ལྟ་བུར་གྱུར་པའོ། །སེམས་དག་གང་སྙེད་གཏེར་གྱི་མཆོག །ཞེས་པ། བཤད་པའི་གདིང་སྙེད་པ་ནི་ཡོན་ཏན་ལ་འཕེལ་འགྲིབ་མེད་པའི་ཕྱིར་རོ། །བདེ་བས་དོན་རྟོགས་དོན་དེ་རྟོགས། །ཞེས་པ། རང་ཉིད་ཡེ་ཟིན་པས་དེ་ལ་བརྟགས་ན་རྟོགས་པར་འགྱུར་པའོ། དམ་ཚིག་བདེ་རྟོགས་བདེ་བའི་མཆོག །ཞེས་པ། དེ་ལྟར་མཇལ་ན་དམ་ཚིག་ལ་ཕུང་པོ་གཉིས་པ་མེད་པས་བཅས་པའི་ལྟུང་བ་མེད་པའོ། །བདག་ལུས་རྡོ་རྗེ་མི་བཟད་གཏེར། །ཞེས་པ། རྟོགས་པ་རྙེད་ན་མཐའ་ཡས་ཞིང་རྣམས་བདག་གི་རྡོ་རྗེ་སྐུར་གསལ་ཏེ་ཡོན་ཏན་གྱི་ཟླ་མེད་པའོ། །ཐུགས་ཀྱི་སྒོ་ལྕགས་དམ་པོའོ། །ཞེས་པ། རང་བྱུང་གི་ཡེ་ཤེས་ནི་མཚོན་པ་ལས་འདས་པས་ཐ་རམས་ལྟ་བུའོ། །འོ་ན་བསྟན་པ་ལ་དགོས་པ་མེད་དོ་སྙམ་པ་ལ། ཚིག་ཏུ་སྨྲ་བ་ལྡེ་མིག་གོ །ཞེས་པ། དེ་ཁོ་ན་ཅི་འདྲ་བར་སྟོན་པ་སྟེ། །གཏན་ཚིགས་ཀྱི་ལྡེ་མིག་དང་། གཏན་ཚིགས་མེད་པའི་ལྡེ་མིག་གིས་འབྱེད་པས་ཆོས་མཐུན་པའོ། །མཛད་ཀྱི་དོན་མདོར་ནི། བདག་ལ་རྫོགས་དང་གཞན་ལ་གསལ། །ཞེས་པ། ཐོབ་བྱ་མེད་པར་བདག་ཉིད་ཆེན་པོར་གྱུར་པ་དེ་ཐམས་ཅད་དུ་བསམ་པ་ལྟར་སྣང་བའོ། །འདོད་དགུར་སྒྱུར་བའི་རིན་པོ་ཆེ། །ཞེས་པ། བསམ་པ་དང་ཆེད་དུ་མ་བསྟུན་པར་གྲུབ་པའི་ལེགས་པར་སྣང་བས་ཆོས་མཐུན་པའོ། །རེ་དོགས་མེད་པས་མཁའ་དང་མཉམ། །ཞེས་པ། དེ་ལྟ་བུའི་ཕྱིར་རེ་བ་གསུམ་དང་དོགས་གསུམ་བྲལ་བས་ཡེ་ཤེས་ཀྱི་ནམ་མཁར་གསལ་བའོ། །ལུང་ནི་ཐིག་ཕྲན་སེམས་ལ་བཀོད། །ཞེས་པ། སྡེ་སྣོད་རྒྱུད་དང་གལ་པོ་ཐུགས་ལ་རྫོགས་པའི་ཕྱིར་རོ། །དེས་ན་གསང་བ་སྟོན་ཏོ། །བདག་ཉིད་ཆེན་པོ་ཡེ་ཡིན་པ་ནི། དཔལ་གྱི་རང་བཞིན་དཔལ་ལ་རྫོགས། །ཞེས་པ། ཐེག་པ་དགུའི་འབྲས་བུ་རིལ་ཡང་སྙིང་པོ་བྱང་ཆུབ་ངང་དུ་འུབ་པའོ། །སྟོང་ཁམས་ཐུགས་སུ་ཏིལ་འབྲུ་ཙམ། །ཞེས་པ། སྟོང་གསུམ་ཉུངས་འབྲུར་ཆུད་པ་ལྟར་བྱང་ཆུབ་སེམས་བརྟག་དཀའ་བའོ། །བདག་ཉིད་ཆེན་པོ་ཀུན་འདུས་དཔལ། །ཞེས་པ། ངང་གིས་གཞན་པ་བྲལ་བའི་ཕྱིར་ཀུན་ཀྱང་བདག་ཉིད་ཡིན་པས་ལེགས་པ་ཆེན་པོའོ། །ཀུན་ནས་འདུས་པས་སྲོག་གི་མཆོག །ཞེས་པ། བདག་ཉིད་ཆེན་པོ་ནི་རིལ་གྱི་བཅུད་དུ་གྱུར་པས་གཟུངས་དམ་པའོ། །དོན་ལ་གཏུགས་པས་གཏེར་གྱི་དཔལ། །ཞེས་པ། སུ་ཞིག་ལ་མ་རྨལ་བར་དེ་ཉིད་ལྟར་བསྟན་པས་གོ་བའི་ཕྱིར་ཡོན་ཏན་ནི་ཟད་པ་མེད་པའོ། །ཐུགས་ལས་འཕྲོས་པས་གཉིས་སུ་མེད། །ཞེས་པ། རིལ་རང་བྱུང་ཡེ་ཤེས་རང་སྣང་བའི་ཕྱིར་སྤྱོད་ཡུལ་མེད་པའོ། །འོ་ན་སྟོང་ངོ་ཞེ་ན། སྣང་བར་གྱུར་པས་མ་བཀག་སྟེ། །ངོ་བོ་ཉིད་ཀྱི་སྣང་བའི་ཕྱིར་སྤང་བྱ་མེད་པས་མ་འདྲེས་པའོ། །གསལ་བར་གྱུར་པས་སྙིང་པོའི་དོན། །ཞེས་པ། མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཕྱིར། ཀུན་སྙིང་པོ་བྱང་ཆུབ་ཡིན་པའོ། །འོ་ན་བསྟན་དུ་ཡོད་དོ་ཞེ་ན། རང་བཞིན་མེད་དེ་ཕྱོགས་དང་བྲལ། །ཞེས་པ། དེ་ཉིད་ཀྱི་ཕྱིར་རང་བཞིན་འདི་འདྲར་བསྟན་པའི་རིས་མི་སྙེད་པའོ། །ཡེ་ནས་རྫོགས་པས་ཐུགས་ལ་འདུས། །ཞེས་པ། རང་བཞིན་རྫོགས་པ་ཆེན་པོའི་ཕྱིར་རང་རིག་པར་གཅིག་པའོ། །འགྱུར་མེད་སེམས་ཀྱི་གཡུང་དྲུང་ངོ་། །ཞེས་པ། སེམས་ཀྱི་མཚན་ཉིད་བསྟན་པར་དཀའ་བས་ངོ་བོ་ཉིད་ཀྱི་རྟག་པའོ། །མ་ཆགས་ཐབས་ཀྱིས་དོན་ལ་བརྩོན། །མི་ལེན་དབྱིངས་ཕྱུང་ཐུགས་རྗེས་འཛིན། །ཞེས་པ། འགྲེ་ལོག་སྤྱི་ཚུགས་གར་འགྲེས་ཀྱང་མ་གོས་པའི་མཛད་སྤྱོད་ཀྱིས་འགྲོ་དོན་རྒྱུན་མ་ཆད་ཀྱང་། རྩོལ་བས་དང་དུ་ལེན་པ་མེད་དེ། མཛད་སྤྱོད་ལྷུན་གྱིས་རྫོགས་པའི་གཟུངས་ཀྱིས་ཟིན་པ་སྟེ། རྗེས་སུ་འཇུག་པ་པོའང་དེ་ཉིད་ཀྱི་ཕྱིར་བྱས་པ་ལ་རྩོལ་བ་མེད་པའོ། །དབྱིངས་ཀྱི་རང་བཞིན་བ་ག་སྟེ། །ཞེས་པ། ལྷུན་གྲུབ་པའི་དབྱིངས་ནི་ཡུམ་གྱིས་མཁའོ། །བསྐྱོད་པའི་ལམ་རྣམས་ལིང་གའོ། །ཞེས་པ། དེ་ཉིད་ཅིར་ཡང་རང་སྣང་བས་དོན་བྱེད་པ་ནི་ཡབ་ཐབས་ཀྱི་ངོ་བོ་ཉིད་དོ། །གཉིས་སུ་མེད་པའི་རྡོ་རྗེ་ལ། །ཞེས་པ། དེ་ལྟར་ཆས་བསྙད་པ་ལ་ངོ་བོས་ཡབ་ཡུམ་འབྱེད་པའི་རྩོལ་བ་མེད་དེ་གསང་བའི་རྡོ་རྗེའོ། །འཛིན་ཆགས་མེད་པའི་པད་མའོ། །ཞེས་པ། ཕྲིན་ལས་ཅི་མཛད་པ་ཆེད་དུ་བྱེད་པའི་གཟུང་འཛིན་ཙམ་གྱིས་ཀྱང་མ་བསྒོམ་པའི་ཕྱིར་ཐབས་དང་ཤེས་རབ་ལྷུན་གྱིས་རྫོགས་པའོ། །གསུམ་པ་མཐའ་ཡས་དག་པའི་ཞིང་། ཞེས་པ། ཨ་ཏི་ཡོ་གའི་ཐབས་ཤེས་རབ་གཉིས་སུ་མེད་པས་དོན་བྱ་བས་མཐའ་ཡས་པའི་འགྲོ་བ་རྣམས་འཆད་པའི་སྐུ་གསུང་ཐུགས་ཀྱིས་ཞིང་ཁམས་སུ་དག་པར་མཛད་པའོ། །རྣམ་བཞི་དོན་ལ་ཐུག་པ་ལས། །ཞེས་པ། དེ་ལྟར་བཞི་དོན་གྱི་མཐའོ། །དེ་གང་ཞེ་ན། རྒྱུད་དྲུག་སྦྱངས་པས་ཡེ་ཤེས་སོ། །ཞེས་ན། འགྲོ་བ་རིགས་དྲུག་ཡེ་ནས་མཐའ་གསུམ་བྲལ་བས་རང་བྱུང་གི་ཡེ་ཤེས་ཉིད་ཡིན་པའི་དོན་མཇལ་བའོ། །སྐུ་ནི་སྟོང་པ་དངོས་མེད་བྲལ། །ཞེས་པ། ལྷུན་གྲུབ་ཀྱི་སྐུ་སྟོང་པ་ཆེན་པོ་ནི་སྟོང་པའི་མཚན་མ་མེད་པའོ། །གསུང་ནི་སྨོན་མེད་ཡིད་ལས་འདས། །ཞེས་པ། བཤད་པ་ལྟར་བསྟན་པ་ཐམས་ཅད་རང་རིག་པ་ཡིན་པས་རང་གཞན་དུ་མ་ལུས་པས་རེ་བའི་བསམ་ཡུལ་ལས་གྲོལ་བའོ། །ཐུགས་ནི་མཚན་མེད་སྙིང་པོ་ལ། །ཞེས་པ། མཚན་མ་བཞི་ལས་འདས་པའི་རང་བྱུང་བའི་ཡེ་ཤེས་ཀུན་གྱི་ཏོག་ཏུ་གྱུར་པའོ། །མཐོང་བ་སྣང་སྲིད་དག་པའི་ཞིང་། །ཞེས་པ། ཁམས་གསུམ་ནི་མིང་ཙམ་ལས་ངོ་བོ་མ་ལོག་པའི་ཕྱིར་རྣམ་པར་དག་པའི་འཇིག་རྟེན་ནོ། །དམ་པ་བྱང་ཆུབ་སེམས་ལ་གནས། །ཞེས་པ། དེས་ན་འདོད་དགུ་རང་ལ་རྫོགས་པས་མི་ཚོལ་བ་སྟེ། དེ་ལྟར་ཇི་བཞིན་པ་ལ་ཇི་བཞིན་པས་བསྟན་པས་གོ་བའི་ཕྱིར་ལྡེའུ་མིག་གཉིས་པ་རྫོགས་ཏེ། དེ་ལ་ཅུང་ཞིག་མཇལ་དཀའ་བ་ལ་ལྡེ་མིག་དང་པོ་དྲིས་ལན་དང་བཅས་པར་བསྟན་པའི་ཕྱིར། དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ། བཤད་པའི་སྙིང་པོ་བྱ་བ་མེད་པའི་དོན་གོ་བས་མ་འོངས་པའི་ཕྱིར་དྲིས་ལན་བཤད་ལ་རྩད་གཅོད་པའོ། །རིང་དུ་འཁོར་བས་ཅི་ཞིག་བཙལ། །ཞེས་པ། རྩོལ་བའི་ལམ་གཞན་གྱིས་འབྲས་བུ་གང་འགྲུབ་དྲིས་པའོ། །བརྟགས་པའི་གནས་ནི་སེམས་ལ་གཏུགས། །ཞེས་པ། དང་པོའི་ལན་མདོ་སྟེ་རང་བཞིན་གྱི་གཏན་ཚིགས་དང་ལུང་དང་མན་ངག་དང་དཔེ་དང་རང་གི་ཤེས་རབ་ཀྱི་དངོས་པོ་ཅི་ཡིན་དཔྱད་པའི་གཞི་དང་དོན་རང་གི་སེམས་ལ་ཐུག་པའོ། །གཞན་ནས་བཙལ་བས་ག་ལ་རྙེད། །ཞེས་པ། གཉིས་པའི་ལན་མདོ་སྟེ། གྲུབ་མཐའ་ལོགས་ནས་ཚོལ་བའི་རྩོལ་བས་མི་འགྲུབ་པའོ། །དེ་ལ་མ་ནོར་བའི་ལམ་སྐུ་གསུང་ཐུགས་རྒྱས་པ་གང་སྙམ་པ་ལ། ཕུང་པོ་སྦྱངས་པས་ལམ་ཅིག་སྙེད། །དཀྱིལ་དུ་གྱུར་པས་དོན་ལ་གཏུགས། །ཞེས་པ། ཐམས་ཅད་བདག་གི་ལུས་ཀྱི་ངོ་བོ་ཚད་མ་གསུམ་གྱིས་དཔྱད་པས་དེ་ཉིད་རང་གི་སེམས་ཡིན་པའི་དོན་ཐོབ་པ་ནི། སེམས་ཉིད་མཐའ་རྣམ་པར་བྲལ་བའི་ཕྱིར་རོ། །དེའི་ཐབས་བརྡས་བསྟན་པ་ནི། རྟེན་ཡང་ཡི་གེ་ཧཱུྃ་ལ་བབས། །ཚོལ་ཡང་ཧཱུྃ་གི་དོན་ཅིག་ཚོལ། །ཞེས་པ། རང་རིག་པ་ལ་བརྟེན་ནས་རང་རིག་པའི་རྩད་གཅོད་པའོ། །ཧཱུཾ་གིས་ཧཱུཾ་ཚོལ་ཧཱུཾ་མི་རྙེད། །ཞེས་པ། སེམས་ཀྱི་སེམས་བཙལ་ན་སེམས་ཀྱི་ངོ་བོ་འདི་འདྲར་མི་མཐོང་བའོ། །དེ་ལས་ཧཱུཾ་གིས་དོན་ཅིག་རྙེད། །དོན་ཀྱི་དོན་རྙེད་སེམས་ལ་གཏུགས། །ཞེས་པ། ཅིར་ཡང་མ་མཐོང་བ་དེ་ཁོ་ན་སེམས་ཉིད་མཐོང་བ་ཡིན་པའི་ཕྱིར་རང་སེམས་ལས་ཤེས་བྱ་གཞན་ན་མེད་པའོ། །སེམས་ཀྱི་དེ་ཉིད་བརྟག་པར་བྱ། །ཞེས་པ། སེམས་ཀྱི་དོན་བཙལ་ཞིང་རྙེད་ནས་བསྒོམས་ཤིག་པར་གདམས་པའོ། །ཐབས་དེ་གང་ཞེ་ན། ཡི་གེ་ཆོས་ཀྱི་དབྱིངས་ཞེའམ། །ཆོས་ཀྱི་དབྱིངས་ཉིད་ཡི་གེའམ། །ཞེས་པ། དཔྱད་ཐབས་ནི། གལ་ཏེ་བརྡ་མ་ཡིན་པར་ཡི་གེ་ཁོ་ནས་མཚོན་ནས་སྒོམ་མོ་ཞེ་ནའང་། ཡི་གེ་དང་ཆོས་ཉིད་གཅིག་གམ་ཐ་དད་པ་གང་ཡིན་བརྟག་པའོ། །ཐུགས་ཀྱི་སྙིང་པོ་ཡི་གེ་ཧཱུཾ། །ཧཱུཾ་གིས་ཐུགས་ལ་ཇི་ལྟར་མཚོན། །ཞེས་པ། འདི་ལྟར་བློས་དཔྱད་པའོ། །ཐུགས་ལ་དངོས་པོ་ཡོད་ཞེ་སྙམ། །ཡི་གེ་དངོས་པོ་གང་གིས་བགྱི། །ཞེས་པ། སེམས་ཧཱུཾ་ལྟ་བུ་ཅིག་ཡོད་དམ་འོན་ཏེ་ཡི་གེ་ཉིད་དངོས་གཞི་ཇི་ལྟ་བུ་ཡིན་དཔྱད་ན་རྙེད་པར་འགྱུར་ཞེས་དྲིས་པའོ། །དངོས་མེད་དངོས་བྲལ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཀུན་གྱི་རྒྱུ། །ཞེས་པ། །ལན་ནི་དེ་ལྟར་བརྟགས་ན་རང་རིག་པ་ནི་ཐེར་ཟུག་པ་མེད་དེ་རིལ་མ་སྤངས་བྲལ་བའོ། །དེའི་ཕྱིར་ཆོས་སོ་ཅོག་གི་གཞིར་གྱུར་པས་ཡི་གེའི་ངོ་བོའང་ཡིན་པའོ། །ཧཱུཾ་ནི་ཐུགས་ཀྱི་རང་རྟགས་ཡིན། །ཞེས་པ། རྒྱུད་ལུང་མན་ཆད་ལྟར་ཡེ་ཤེས་ལྔར་ཕྱེ་ནས་མཚོན་པ་ནི། འདིར་མི་ལེན་མི་སྤོང་ཏེ་རང་རིག་ཧཱུཾ་དུ་རང་ཤར་བ་ནི། དཔེར་དཔའ་མཚན་ལྟ་བུ་མ་ཡིན་ཏེ་དཔའ་བའི་རྟགས་སྣ་ལ་མཆོང་བ་ལྟ་བུ་སྟེ་ཡི་གེ་གཉིས་ཀྱང་རྗེས་སུ་སྦྱར་རོ། །ཨཱོཾ་ནི་སྐུ་རུ་ཇི་ལྟར་བསྐྱེད། །ཞེས་པ་དག །དྲིས་པ་ལྟ་བུ་ནི། ཡོངས་སུ་རྫོགས་པའི་ཡི་གེ་དང་ཡེ་ཤེས་ཀྱི་སྐུ་ཐ་མི་དད་པར་རང་སྣང་བས་ཨཱོཾ་ལ་རྟེན་པ་མེད་པའི་ཕྱིར་ཏེ་ཧཱུཾ་གི་རྗེས་སུ་སྦྱར་རོ། །གསུང་ནི་ཕྱོགས་བྲལ་མཐའ་ཡས་པ། ཨཱོཾ་གྱིས་གསུང་ནི་ཇི་ལྟར་འགྲུབ། །ཞེས་པ། དྲིས་པ་ལྟ་བུ་ནི། འདིའི་གསུང་རྣམ་པ་དང་བྲལ་བ་དེ་ཡི་གེ་ཕྱོགས་ཆ་ཅིག་གིས་ཇི་ལྟར་འགྲུབ་དྲིས་པའོ། །ཨཱོཾ་ནི་གསུང་ལ་མི་གནས་སོ། །ཞེས་པ། ལན་ལྟ་བུ་ནི་ཨཱོཾ་ཉིད་རང་རིག་བརྗོད་པ་དང་བྲལ་བ་ཡིན་པས་ཕྱོགས་ཆ་ལ་རྟེན་མཚོན་མེད་པའི་ཕྱིར་རོ། །ཡང་ན་ཧཱུཾ་ཨཱོཾ་གྱི་རྗེས་སུ་མཐུན་པར་འགྲེལ་ཏེ། སྙིང་པོ་བྱང་ཆུབ་སེམས་དེ་ནི། །ཡི་གེ་ལ་ཡང་མི་གནས་ཤིང་། །སྐུ་གསུང་ཐུགས་ཀྱང་མི་བསྒྲུབ་པའོ། །ཞེས་པ། རིགས་པའི་ཡེ་ཤེས་འབྲུ་གསུམ་རེ་རེས་མཚོན་པའི་ཐ་སྙད་མེད་པར་གསུམ་ལྷུན་གྱིས་གྲུབ་པའི་ངོ་བོའོ། །སྟོང་པ་མཚོན་མེད་སྨོན་མེད་པའི། །རྣམ་ཐར་སྒོ་གསུམ་སྐུ་གསུང་ཐུགས། །ཞེས་པ། དེ་ཇི་ལྟར་གྲུབ་ཞེ་ན། བཤད་པའི་སྐུ་གསུང་ཐུགས་ཉིད་བཅིངས་གྲོལ་མེད་པར་ཐམས་ཅད་དུ་སྣང་བ་མི་འགོག་པའི་ཕྱིར་རོ། །རྒྱུད་དྲུག་ལམ་ནི་ཡེ་ཤེས་དྲུག །ཞེས་པ། ཉོན་མོངས་དྲུག་ཉིད་རང་བྱུང་བའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །ཕྱོགས་བྲལ་སྐྱེས་བུ་ཆེན་པོ་དེས། །ཕྱོགས་ཅིག་སྤོང་ཞིང་ཕྱོགས་དང་བྲལ། །ཞེས་པ། སྤྱོད་ཡུལ་མེད་པར་རྟོགས་པའི་རྣལ་འབྱོར་པས་ལྟ་ངན་ལ་མི་གནས་བཞིན་དོར་བ་མེད་པའོ། །ཕྱོགས་ཀྱི་དོན་ཅིག་ཕྱོགས་ལ་སྤྲོ། །སེམས་ཀྱིས་སེམས་ཚོལ་སེམས་མི་རྙེད། །ཞེས་པ། སུ་ཞིག་ཤེས་པ་ཆོས་ཉིད་ལ་ཕར་འབྲང་དེ་ཚོལ་སྤྱོད་པ་ནི་གླང་པོ་ཞོན་ནས་གླང་ཚོལ་བ་ལྟ་བུར་མི་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཀྱི་རང་བཞིན་གཏིང་དཔག་དཀའ། །ཞེས་པ། མཚན་ཉིད་མེད་པའི་ཕྱིར་རོ། །སེམས་དེ་རྙེད་ན་བྱང་ཆུབ་སེམས། །ཞེས་པ། ཚོལ་བ་མེད་པས་ཅིར་ཡང་མ་མཐོང་ན་དེ་འཐོབ་པའོ། །དེ་མཚོན་གྱི་དོན་གྱིས་བསྟན་པ་གང་ཞེ་ན། གཟུགས་བྲལ་དེ་ལ་གཟུགས་ཀྱང་རྫོགས། །ཞེས་པ། བྱང་ཆུབ་སེམས་ལ་རྣམ་པའི་གཟུགས་མེད་བཞིན་ཁ་དོག་དབྱིབས་ཀུན་ཀུན་ཀྱི་ངོ་བོར་གྱུར་པ་བྱང་ཆུབ་བོ། །ཁ་དོག་དབྱིབས་ཀྱང་གཟུང་དུ་མེད། །ཞེས་པ། དེ་ལྟ་ཡིན་ཡང་རྣམ་པ་ཅན་ཞིག་ཏུ་མེད་པའི་ཕྱིར་དངོས་པོར་ཐལ་བ་མེད་པ་སེམས་སོ། །དེ་ཀུན་འགྱུར་མེད་བྱང་ཆུབ་སེམས། །ཞེས་པ། སྣང་སྟོང་རིལ་འཕོ་འགྱུར་མེད་པའི་ངོ་བོ་ཉིད་ཡིན་པའོ། །རྟོག་པའི་སྤྱོད་ཡུལ་ལས་འདས་པ། །ཞེས་པ། ཡིད་ཀྱིས་ངེས་པར་བསམ་དུ་མེད་པས་བདེའོ། །དེ་ཉིད་རྟོགས་མེད་ཁོ་ནའོ། །ཞེས་པ། བསམ་དུ་མེད་པར་རིག་ན་ལྟ་བ་མ་ནོར་བའོ། །རིན་པོ་ཆེ་ནི་ལུང་དུ་བསྡུས། །ཞེས། ཡོན་ཏན་རིལ་རང་རིག་ངེས་པའི་ལུང་ལ་རྫོགས་པ་བཀོད་པ་སྟེ། སེམས་ནི་རིན་པོ་ཆེ་ལ་གནས། །ཞེས་པ། བྱང་ཆུབ་སེམས་ཉིད་ཡོན་ཏན་གྱི་ངོ་བོར་བཞུགས་པའོ། །སེམས་ཉིད་ལུང་དུ་བསྟན་པའོ། །ཞེས་པ། ངང་གིས་སྒྲོ་སྐུར་བྲལ་བར་གསུངས་པའོ། །དཀར་ལ་ལྡེམ་ཚེར་དག་པ་སྟེ། །ཞེས་པ། མཐའ་རྣམ་བྲལ་བས་ཅིར་ཡང་སྣང་བའི་རིག་པ་རང་གསལ་བས་བྱང་བའོ། །བྱང་བའི་དོན་གྱིས་འགྱུར་བའི་སེམས། །ཞེས་པ། བཤད་པའི་ཕྱིར་ངོ་བོ་མ་ངེས་པས་ལྷུན་གྱིས་གྲུབ་པའོ། །མི་འགྱུར་ཤེས་པས་བརྟག་པར་བྱ། །ཞེས་པ། འགྱུར་བའི་མ་ངེས་པ་མ་ཡིན་པར་རིག་པས་དེ་བསྒོམ་པའོ། །བྱང་ཆུབ་སེམས་ལུང་མན་ངག་བརྫོགས། །འདི་ནི་སྙིང་པོ་རྫོགས་པའོ། །ཞེས་པ། དེ་ལྟར་མཇལ་བ་ནི་ཚད་མ་གཉིས་ཀྱི་དོན་མཐར་ཕྱིན་པ་སྟེ། བློའི་གཏིང་དུ་མཇལ་བས་མཚན་གྱི་དོན་མཐོང་བའོ། །འོངས་སོ་ཐམས་ཅད་དང་བྲལ་བའི། །དངོས་པོ་ཐམས་ཅད་ཡོངས་སུ་རྫོགས། །ཞེས་པ། བྱང་ཆུབ་སེམས་སྣང་བ་དང་སྟོང་པ་གཉིས་སུ་མེད་པའོ། །སེམས་ཀྱིས་སེམས་ཚོལ་སེམས་དེ་རྙེད། །ཞེས་པ། ཐུན་མོང་མ་ཡིན་པའི་བསམ་དཔྱོད་ཀྱིས་རྟོགས་སུ་བཏུབ་པའོ། །དེ་ནི་སེམས་ཀྱི་གཏེར་སེམས་ཡིན། ཞེས་པ། རྟོགས་པའི་ཡོན་ཏན་གོ་སླའོ། །ལུང་ནི་བྱང་ཅུབ་སེམས་དེ་ཡིན། །ཞེས་པ་བཤད་ཟིན་ཏོ། །མན་ངག་བདེ་བ་ཆེན་པོ་ཉིད། །ཞེས་པ། རང་རིག་རྩོལ་བའི་སྡུག་བསྔལ་དང་བྲལ་བའོ། །ཐིག་ལེ་འཁྱིལ་པས་དོན་ལ་གཏུགས། །ཞེས་པ། དེ་ལྟར་དོན་དང་གཏན་ཚིགས་ཀུན་རང་ཡིན་པས་དབྱེར་མེད་པར་ཐག་ཆོད་པའོ། །སྤྱོད་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བདེ་བ་ཆེན་པོའི་རྒྱན་ཡིན་པས། །ཞེས་པ། ཉོན་མོངས་པ་སོ་མ་གྲུབ་པས་དུག་གསུམ་གྱི་དེ་ཁོ་ན་ཉིད་བདེ་བ་ཆེན་པོ་སྟེ། མ་སྤངས་བྲལ་བས་སྤང་དུ་མེད་དོ། །མ་བཀག་བག་ལ་ཉལ་བསལ་ཞིང་། །ཞེས་པ། དེར་མཇལ་བས་ཉོན་མོངས་པའི་བག་ཆགས་རང་སར་རང་གྲོལ་བའོ། །དོན་ལ་གཏོད་ཅིང་ལུང་ལ་གཏུགས། །ཞེས་པ། གདིང་ལས་མི་འགྱུར་བར་ངེས་པའི་ལུང་དང་འཕྲད་པའོ། །གཏུགས་པའི་དོན་ལ་དེ་མ་ཐག །ཞེས་པ། ས་མ་བགྲོད་པར་ནོན་པས་དུས་ཤིན་ཏུ་མྱུར་བའོ། །ས་གང་ཞེ་ན། དབྱིངས་དང་སྣང་སྲིད་ཐམས་ཅད་ཀུན། །ཡེ་ནས་རྒྱུན་གྱི་བྱང་ཆུབ་སེམས། །ཞེས་པ། ཆོས་སོ་ཅོག་བྱང་ཆུབ་སེམས་སྐད་ཅིག་མ་མེད་པར་རྒྱུན་དུ་བྱུང་བའི་ངོ་བོ་ཡིན་པ་ནི་སྣང་སྲིད་དག་པའི་ཞིང་སྟེ། དེའི་ཕྱིར། འགྲོ་བ་རིགས་དྲུག་སྐྱེ་བ་བཞི། །འདི་ནི་འབྲས་བུ་རྫོགས་པའོ། །ཞེས་པ། །དེ་དག་མིང་ཙམ་སྣང་བ་ལས་ངོ་བོ་ཅིའང་མ་ཡིན་པའི་ཕྱིར་ཆོས་ཀྱི་སྐུ་ཆེན་པོའོ། །ཁྱད་པར་མཆོག་དང་ཁྱད་པར་གྱི། །ཞེས་པ། ཐེག་པ་འདི་ཉིད་དང་གཞན་གྱི་ལྟ་སྤྱོད་འབྲས་བུ་རྣམས་སོ། །ཐུགས་ནས་བསྒེགས་པས་རྒྱན་གྱི་མཆོག །ཞེས་པ། དེ་དག་ལྷག་པའི་ཡེ་ཤེས་སུ་གདོད་ནས་རང་འུབ་པས་མཛེས་པའོ། །རྫོགས་པ་ཆེན་པོའི་སྐུའི་རྒྱན། །ཞེས་པ། མ་འདྲེས་གསལ་ལ་ཡོངས་སུ་རྫོགས་པའི་ཕྱིར་སྟོང་གི་འཇིག་རྟེན་ཉིད་བླ་མའི་སའོ། །སྐལ་ལྡན་སྐྱེས་བུ་ཆེན་པོ་དེས། །བླ་མ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་ཡིས་ནི་དེ་མ་ཐག །ཞེས་པ། མ་ནོར་བའི་བློ་ཅན་གྱིས་རྒྱལ་བ་དང་རིགས་འཛིན་རིལ་དང་དགོངས་པ་གཅིག་པར་བཤད་པའི་དོན་དེ་མཇལ་བའི་རིག་པའི་ཡེ་ཤེས་ཀྱིས་སྐད་ཅིག་ལ་ས་དེ་ནོན་པའོ། །དེའི་མཛད་པ་ནི། དེ་ལྟར་གསལ་རྟོགས་རྣལ་འབྱོར་པས། །བྱང་ཆུབ་སེམས་ཀྱི་དབྱིངས་མ་སྐྱོང་། །ཞེས་པ། བཤད་པ་བཞིན་ལྟ་བ་དང་ཏིང་ངེ་འཛིན་དུ་ལྡན་པས་རིལ་ཡེ་ཤེས་བླ་མའི་སར་བཏོན་པའོ། །སྦྱོར་ལས་ཆགས་བྲལ་བྱང་ཆུབ་སེམས། །དབང་ཕྱུག་ཆེན་པོ་མཁའ་ལ་སྦྱོར། །ཞེས་པ། ཅིར་ཡང་དོན་མཛད་པ་དེ་ལ་རློམ་སེམས་མེད་པའི་བདག་ཉིད་ཆེན་པོས་རིལ་ཆོས་ཀྱི་སྐུ་ཆེན་པོར་སྦྱོར་བའོ། །ཅི་ཡང་ཡིན་ནོ་གང་ཡང་རུང་། །སུ་ཞིག་ཐུགས་ཀྱི་དཀྱིལ་འཁོར་དུ། །གཏེར་དང་ལྡན་ནོ་ཁྱད་པར་ཆེ། །ཞེས་པ། རིལ་མཛད་སྤྱོད་དུ་མ་གྱུར་པ་མེད་པའི་གདེང་ཅན་ནི་ཟད་པ་མེད་པའི་གཏེར་རྙེད་པའི་ཕྱིར་རྟོགས་པའི་ཡོན་ཏན་ནོ། །མ་བཀག་སེམས་ཀྱི་ཁྱད་པར་ལ། གཡང་ས་ཞེས་པ་ག་ལ་ཡོད། །ཞེས་པ། ཐམས་ཅད་རང་རིག་རང་སྣང་བའི་ཕྱིར་གཡང་ས་གཞི་ལ་མ་གྲུབ་པའོ། །སུ་ཞིག་གཡང་ས་གང་ནས་སྐྱེས། །གཡང་ས་ཚོལ་བ་སུ་ཞིག་ཡིན། །ཞེས་པ། དེ་ལྟ་བུའི་ངང་ལ་གཡང་ས་གང་གི་རིག་པ་ལས་བྱུང་། དེ་ཆེད་དུ་གཉེར་བ་སུ་ཡོད་དེ་མ་གྲུབ་པའོ། །བྱང་ཆུབ་སེམས་ནི་བདེ་ཆེན་གྱིས། གཡང་ས་ཞེས་པ་གཏན་དུ་ཕྱུང་། །ཞེས་པ། དམྱལ་བ་ལ་སོགས་པ་ཉིད་ཀྱིས་སྡུག་བསྔལ་ཆོས་ཉིད་ཀྱི་ཡོ་ལང་ཡིན་པས་ལྟུང་བ་ཀ་ནས་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། གཡང་ས་ཉིད་ཀྱང་བྱང་ཆུབ་སེམས། ཞེས་གསུངས་ཏེ། དེ་ཉིད་ལས་བདེ་བ་ཆེན་པོ་གཞན་ན་མེད་པའི་ཕྱིར་མི་བཟད་ཁམས་ལ་བག་མི་ཚ་བའོ། །སུ་ཞིག་དུས་གསུམ་གང་ནས་ཚོལ། །དུས་གསུམ་བྱ་བ་གང་ན་ཡོད། །ཞེས་པ། རྒྱུ་རྐྱེན་འབྲས་བུ་ཉིད་རང་འབྲས་བུ་ཡེ་ཤེས་སུ་ཐ་མི་དད་པ་ལ་གང་ཞིག་འདས་པ་དང་མ་འོངས་པ་དང་ད་ལྟར་གཉེར་བ་ཡོད་དེ་གཞི་ལ་རིམ་པ་མ་གྲུབ་པའོ། །འབྲས་བུ་ཡོངས་སུ་དག་པས་ན། །དུས་གསུམ་ཡོངས་སུ་དག་པའི་རྒྱུ། །ཞེས་པ། གདོད་ནས་རྒྱུ་འབྲས་དབྱེ་མེད་དེ་འབྲས་བུ་ཉིད་དུ་སྨིན་ཟིན་པའི་ཕྱིར་འགྲུབ་པའི་དུས་ཀྱི་རིམ་པ་ལས་གྲོལ་བའོ། །སྐུ་གསུང་ཐུགས་ཀྱི་བདེ་ཆེན་ལ། །གོལ་ས་བྱ་བ་ག་ལ་ཡོད། །ཞེས་པ། ཐམས་ཅད་སྐུ་གསུང་ཐུགས་ཆེན་པོར་སངས་རྒྱས་པས་གོལ་ས་ཀ་ནས་རང་དག་པའོ། སུ་ཞིག་གོལ་ས་དོན་དུ་གཉེར། །ཞེས་པ། མེད་བཞིན་ཚོལ་བ་མི་འབྱུང་བའོ། །གདེང་གིས་དག་པའི་ཕྱིར། ཡེ་ཤེས་རྟོགས་འདི་ཁྱད་པར་གྱིས། །སྤྱོད་ལམ་རྣམ་བཞི་གང་སྤྱད་ཀྱང་། །འཆིང་བར་མི་འགྱུར་རྣམ་གྲོལ་རྫོགས། །ཞེས་པ། རང་བྱུང་ཡེ་ཤེས་གཏིང་ཕྱིན་པར་མཇལ་བས་འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་དུ་སྤྱོད་པ་རིལ་ལ་སྤྱད་ཀྱང་གོལ་བ་མེད་དེ་ཡང་དག་པའི་མཛད་སྤྱོད་ཉིད་དུ་སྨིན་ཟིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ལྟ་བས་མཐོང་ལ་རྟོག་པ་མིན། །ཞེས་པ། ཐམས་ཅད་མཁྱེན་པར་རིག་པ་རང་གསལ་བས་ཡུལ་མེད་པའི་ཕྱིར་རོ། །ཡེ་ནས་ལྷུན་རྫོགས་མཉམ་པའི་ངང་། །དེ་ལ་གོལ་ས་ག་ལ་ཡོད། །ཞེས་པ། བདག་ཉིད་ཆེན་པོར་ལྷུན་གྱིས་རྫོགས་པས་ཟུག་རྔུ་མེད་པ་དང་བྲལ་བ་ལ་གཞན་པ་མ་དམིགས་པའི་ཕྱིར་གོལ་བའི་ས་མེད་པའོ། །མཁའ་མཉམ་དབྱིངས་ལ་གཏེར་ལྡན་པའི། །དོན་ཆེན་རྟོགས་པའི་རྣལ་འབྱོར་པས། །ཞེས་པ། ལྷུན་གྱིས་གྲུབ་པའི་དོན་རྟོགས་པ་ཡོད་པས་ཡོན་ཏན་ཅི་འབྱུང་ཞེ་ན། ཁྱད་པར་ཅན་དང་ཁྱད་པར་གྱི། །ཆུ་ཤིང་རུལ་པའི་སྙིང་པོ་ལྟར། །གཏན་དུ་མེད་པ་མ་ཡིན་ཏེ། །སུརྱའི་འོད་དང་ཙན་དྲ་བཞིན། །དངོས་པོ་མེད་ལས་སྙིང་པོ་འབྱུང་། །ཞེས་པ། མངོན་པར་མཐོ་བའི་འབྲས་བུ་ཆེན་པོ་ཉིད་དང་མངོན་ཤེས་རྫུ་འཕྲུལ་ལ་སོགས་པ་ཤིན་ཏུ་ཟག་པ་མེད་པའི་ཡོན་ཏན་ནི་ཆུ་ཤིང་ལྟར་མེད་པ་མིན་ཏེ། ཉི་མ་དང་ཟླ་བའི་འོད་བཞིན་དུ་རང་རིག་ཅིའང་མ་ཡིན་པ་ཉིད་ཞེན་པ་གཉིས་དག་པ་ཙམ་གྱིས་འབྲས་བུ་ཐམས་ཅད་དུ་རང་འཆར་བའོ། །དེས་ན་དངོས་བྲལ་དངོས་མེད་ཆོས་དབྱིངས་ལ། །སེམས་ཀྱི་ཉི་ཟེར་སྤྲོ་ཞིང་བསྡུ། །ཞེས། མཐའ་དང་བྲལ་བའི་ཆོས་ཇི་བཞིན་པ་ལ་རང་རིག་པའི་ཡེ་ཤེས་རང་གསལ་བའི་ཉི་མས་རང་བརྡལ་ཞིང་དེར་བཟླུམས་པའང་ཐ་སྙད་ཙམ་སྟེ། ངོ་བོས་ཡུལ་དུ་སྒོམ་པར་ཐལ་བ་ནི་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆགས་པ་ཉིད་ན་མ་ཆགས་ཏེ། །ཞེས་པ། བསྒོམས་ཙམ་ཉིད་ན་ཡུལ་དུ་ཞེན་པ་མེད་དེ་སྒོམ་སྤྱོད་ཀྱི་སྒྲིབ་པ་ཉིད་སེམས་ཀྱི་ཡེ་ཤེས་སུ་རང་གསལ་བ་ནི་མུན་པ་ཉིད་སྣང་བར་གསལ་བ་ལྟ་བུའི་ཕྱིར། ནུབ་ཀའི་ཟེར་དང་ནམ་ལངས་བཞིན། །ཞེས་གསུངས་སོ། །འདི་བཙའ་བའི་ཐབས་ནི། རྒྱ་མཚོའི་གཏིང་གི་རྡོ་བ་བཞིན། །སྐལ་པར་དཀྲུག་ཀྱང་ཁར་མི་འབྱུང་། །ཞེས་པ། སྲོག་ལ་བབ་ཀྱང་གསང་བའོ །རྟོགས་ལ་མ་ཆགས་སེམས་དང་ཡུལ། །སྦྱོར་ཞིང་མ་ཆགས་སྒྲོལ་ཞེས་བྱ། །ཞེས་པ། ཡོན་ཏན་ཅི་ལའང་ཞེན་པའི་སྐྱེས་བུས་ཡུལ་སེམས་གཉིས་མེད་དུ་རྟོགས་པས་སྤྱོད་ཡུལ་ཡོངས་སུ་དག་པས་སྦྱོར་སྒྲོལ་གཉིས་དུས་ཅིག་ཏུ་ལྷུན་གྱིས་རྫོགས་པའོ། །ཕྲ་བཀོད་ལུང་དོན་དོན་གྱི་སྒང་དྲིལ་ནས། །ཕྱོགས་མཐོང་དོན་དུ་འགྲེལ་པ་འདི་བྱས་པའི། །ཉེས་པ་རང་སེམས་ཀློང་དུ་བཤགས། །དགེ་རྩས་མཐའ་ཡས་བྱ་བྲལ་ཤོག །བྱང་ཆུབ་སེམས་བདེ་བ་ཕྲ་བཀོད་ཀྱི་དོན་འགྲེལ་རྫོགས་སོ། །ནོར་མཆོག་མི་གཏོང་སྒོམ་མི་བྱེད། །ཐོབ་ནས་ཚོང་སེམས་ཁེ་གྲགས་གཉེར། །སྣང་རྒུར་འཕྱན་ཞིང་སྤེལ་བྱེད་པའི། །སྣོད་དམ་བྲལ་དང་མ་ཕྲད་ཅིག །སྐལ་ལྡན་དུས་བབ་སྣོད་དམ་ཅན། །རྒྱུད་ངེས་འཚོ་བྱེད་ཀྱེ་འདི་ལྟ། །ཡང་དབང་གཏེར།། །།


previousབྱང་ཆུབ་སེམས་བདེ་བ་ཕྲ་བཀོད་ཀྱི་དོན་འགྲེལ། ཡང་དབང་གཏེར།next