Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བརྒྱད་པ།


   
   
   
   
   
   
   
   
   
   
   
རྫོགས་པ་ཆེན་པོ་རིག་པའི་ཁུ་བྱུག་གི་དོན་འགྲེལ།
   
   
   
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོ་རིག་པའི་ཁུ་བྱུག་གི་དོན་འགྲེལ། next

རྫོགས་པ་ཆེན་པོ་རིག་པའི་ཁུ་བྱུག་གི་དོན་འགྲེལ།

རྫོགས་པ་ཆེན་པོ་རིག་པའི་ཁུ་བྱུག་གི་དོན་འགྲེལ་བཞུགས་སོ། །དཔལ་ཀུན་ཏུ་བཟང་པོ་དབང་ཕྱུག་ཆེན་པོ་ཉིད་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་རིག་པའི་ཁུ་བྱུག་ཞེས་བྱ་བ་འདིའི་དོན་དཀྲོལ་བ་བརྩམ་པར་བྱའོ། །དེ་ལ་ཤིན་ཏུ་རྣལ་འབྱོར་གྱི་སྡེ་བཀྲ་ཤིས་པའི་རྒྱུད་ལས་བསྡུས་ནས་སྐྱེས་བུ་ཡང་རབ་ཀྱི་བློ་ལ། །དེ་ཁོ་ན་ཉིད་གསལ་བར་སྒྲོགས་པས་མཚན་ངེས་པ་འདི། དམན་པའི་ལྟ་བ་སུན་ཕྱུང་སྟེ་ལྷག་པའི་ཤེས་རབ་ཅན་རྣམས་ཀྱིས་གོ་བར་བྱ་བའི་ཕྱིར། དོན་གསུམ་དུ་བསྡུས་ཏེ་བདག་གིས་བཀྲོལ་བ་འདི་ལྟ་སྟེ། དང་པོར་མཚན་ངེས་པར་ཡིད་ཆེས་པར་བྱ་བའི་ཕྱིར། རྒྱ་གར་སྐད་དུ། སན་ཏི་དར་པ། བོད་སྐད་དུ། རྫོགས་པ་ཆེན་པོས་གཅིག་པ་ཞེས་པ། ཁུངས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར། ཆོས་སྐད་བཟང་པོ་ལས་ཐད་ལོག་ཏུ་བསྒྱུར་བའི་དོན་ནི། དོན་སྐྱེད་དུ་བྱ་བ་མེད་ཅིང་རིལ་བདག་ཉིད་དུ་གནས་པས། ལོག་པ་པ་དང་བསྟི་གནས་པ་ལྟར་རིམ་པར་བགྲོད་དུ་མེད་པ་ནི། རྫོགས་པ་སྤྱིར་ཆུབ་ཀྱི་ས་ཉིད་ཁོ་ནར་སྟོན་ཏོ། །ཆེ་བ་བསྟན་པའི་ཕྱིར། སྭ་སྟི་དཔལ་གྱི་དཔལ་ཞེས་པ། ས་བགྲོད་དུ་མེད་པས་སྩོལ་བའི་སྡུག་བསྔལ་ཞི་བར་གྱུར་པས་ཐ་མའི་དབུགས་ཆེན་པོ་ཡོངས་སུ་ཕྱིན་པ་ན་རྟེན་མེད་པའི་ངལ་སོས་པའོ། །དེ་བས་ན་དམན་པ་པའི་ལེགས་པའི་ཡོན་ཏན་དག་ལས་ཁྱད་པར་དུ་གྱུར་པ་ནི། ངང་དང་རང་བཞིན་དང་བདག་ཉིད་ཆེན་པོའི་དོན་ཚིག་དྲུག་གིས་རྫོགས་པར་སྟོན་པ་ནི། ཡེ་ཉིད་ལེགས་པའི་ཡོན་ཏན་ཆེན་པོར་རང་བྱུང་བས་འཕེལ་འགྲིབ་མེད་པ་ལ་འདུ་བྱེད་ཀྱིས་བསྒྲུབས་པ་ལྟ་བུ་གཉིས་པའི་ལེགས་པར་འདོད་པ་དང་བྲལ་བའོ། །དམན་པ་དག་སྒོ་བསྟུན་པས་དྲང་ཞིང་གདོན་པའི་ཆེད་དུ་མཆོད་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སྐུ་གསུང་ཐུགས་རྡོ་རྗེ་བདེ་བ་ཆེན་པོ་ལྷུན་གྱིས་རྫོགས་པ་ལ་ཕྱག་འཚལ་ལོ། །ཞེས་པ། འདིར་བཏགས་པའི་སངས་རྒྱས་ཞིག་ལ་ལོགས་སུ་མི་འདུད་པ་ནི་ཆེ་བས་ཆེ་བའི་ཕྱིར་ཏེ། དེ་ཡང་ཐུན་མོང་གི་བདུད་བཞི་དང་ལྟ་བའི་སྒྲིབ་པ་ལ་སོགས་པ་དག །གཉེན་པོ་མེད་པར་ཀ་ནས་དག་པ་ནི། མཚན་གྱི་དོན་ཉིད་ཀྱིས་གསལ་ཏེ་དཔེར་ན་ཁུ་བྱུག་ནི་ཀུན་ལ་སྐད་གསལ་བར་སྒྲོགས་པ་དང་། དུས་ཚོད་འཛིན་པ་དང་། ཟིལ་གྱིས་གནོན་པ་ལྟར། མན་ངག་རང་གི་ངོ་བོས་བཤད་པ་སྙིང་པོ་བྱང་ཆུབ་ལ་དགོངས་པ་ངེས་པར་འགྲེལ་པས་ཉམས་ཐག་ཅིང་གདུང་བ་དང་བྲལ་བ་དང་། དུས་གསུམ་མཉམ་པ་ཉིད་དུ་ངེས་པས་གཟུངས་ཆེན་པོའི་ཕྱིར་ལུས་འགྱུར་བ་མེད་པ་དང་། རང་ཉིད་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་དང་བྲལ་བས་སྐྱེ་ཤི་མེད་པའི་སྲོག་གཟུངས་ཉིད་དུ་བཞུགས་པ་དང་། ལྷུན་གྱིས་གྲུབ་པའི་བདག་ཉིད་ལས་གཞན་པ་མིང་ཡང་མེད་དེ་ཁེབས་འོག་ཏུ་ཆུད་པས་བདུད་བཞི་ཚར་བཅད་པའོ། །དེ་ཉིད་ལ་གཏོས་ཆུད་པས་ཆེད་དུ་བྱས་པའི་ཀུན་བརྟགས་རྣམས་བྲལ་བའོ། །བྱང་ཆུབ་སེམས་ནི་རྣམ་པ་མེད་པའི་རྣམ་པ་ཐམས་ཅད་པ་ཅན་ཏེ། ངོ་བོས་བསམ་དཔྱོད་ཀྱི་ཡུལ་གཉིས་ལས་བརྒལ་བའོ། །འོན་ཀྱང་ཉི་ཚེ་བའི་སྟོང་པ་མ་ཡིན་པས་དཀོར་བདུན་ལ་སོགས་པ་གྲངས་ཐོབ་མེད་པའི་འབྲས་བུ་ལྷུན་གྱིས་རྫོགས་པས། དེ་རང་རིག་པའི་མངོན་སུམ་དུ་བྱས་པ་དང་། གཞན་ལ་རང་སྣང་བའི་བྱིན་རླབས་ཀྱི་ལེགས་པ་གསུམ་མངའ་བའི་སྟོན་པའི་ངོ་བོ་ནི། རིག་པ་རང་བྱུང་གི་ཡེ་ཤེས་ཏེ་དུས་གསུམ་རིལ་དུ་སྤྱོད་ཡུལ་ངང་གིས་དག་པ་ལ་ཉེས་སྐྱོན་མི་རྙེད་ཨ་བླ་དྭགས་ཀྱི་མཚན་ངེས་པར་གྲུབ་པའོ། །དེའི་ཆ་ལུགས་ནི་སྣང་གྲགས་རིག་ཤེས་རིལ་རང་སྣང་གི་སྐུ་གསུང་ཐུགས་ཡིན་པའི་ཕྱིར་ཆ་ལུགས་ཐམས་ཅད་པའོ། །འོ་ན་དུ་མར་འགྱུར་རོ་ཞེ་ན། དེ་ཉིད་ངོ་བོས་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྨོས་ཏེ། དེ་ནི་འཇིག་རྟེན་པའི་བདེ་བ་དང་། བཏང་སྙོམས་ཀྱི་བདེ་བ་དང་། ཁ་སྦྱོར་གྱི་བདེ་བ་དང་། བདེ་བ་ཆེན་པོ་ལ་སོགས་པའི་དངོས་གཞི་བས་ལྷག་པའི་སྒྲར་བཤད་པའོ། །དེ་ཉིད་ནོར་བུ་རིན་པོ་ཆེ་ལྟར་ཅིར་ཡང་མི་གནས་ལ་ཅིར་ཡང་སྣང་བའི་ལེགས་པ་རྒྱུན་མེད་པ་ནི་ཐ་སྙད་དུ་འདུད་པའི་གནས་བཞིའོ། །དེས་ན་ངོ་བོ་ཐ་མི་དད་པར་མངོན་དུ་བྱས་པ་དང་གོམས་པ་དང་ཐག་ཆོད་པ་ནི་མཇལ་བ་དང་གུས་པ་གཉིས་ཀའི་ཕྱིར། དམན་པ་ལས་ཁྱད་པར་དུ་གྱུར་པ་ཁོ་ནའོ། །གཞུང་གི་དོན་གསུམ་གང་སྙམས་པ་ལ། སྣ་ཚོགས་རང་བཞིན་ཞེས་པས་རང་བཞིན་འཆད་དོ། །ཚིག་ཕྱེད་དང་གཉིས་ཀྱིས་ངང་སྟོན། ཚིག་བཅད་བཞིས་བདག་ཉིད་ཆེན་པོ་བསྟན་ཏོ། །དེ་ལ་རང་བཞིན་ནི་སྣ་ཚོགས་རང་བཞིན་པ་མང་པོའི་སྒྲ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་བྱེ་བྲག་རྣམས་སུ་ཞེན་པ་གཉིས་ཀྱིས་སྣང་བ་སྟེ། རྣལ་འབྱོར་པའི་བརྟག་བྱ་ལྟ་བུའོ། །འོ་ན་དེ་དག་གི་མཚན་ཉིད་ཅི་ཞེ་ན། མི་གཉིས་ཀྱང་ཞེས་པ། དེ་དག་ནི་མིང་ཙམ་སྣང་གི་ངོ་བོ་མ་ངེས་པ་དང་། ཅིར་ཡང་སྣང་བ་དང་། ངང་གིས་རང་རྒྱུད་པ་མེད་པ་དང་། སོ་སོ་བ་བཏགས་པ་ལྟར་བདེན་པའི་ངེས་ཚིག་མེད་པས་ངོ་བོ་ནི་ཐིག་ལེ་གཅིག་པུའོ། །མི་མཐུན་པ་ནི་བཤད་པས་མཐའ་བསལ་ཀྱང་འདིར་ཚིག་གིས་མི་བབ་པ་དང་། དེ་ཉིད་དུ་ཞེན་པའང་མེད་པར་སྟོན་པའོ། །དེ་གང་ཞེ་ན། ཆ་ཤས་ཉིད་དུ་སྤྲོས་དང་བྲལ་ཞེས་པ། གཉིས་པ་རིལ་ནི་ལྟོས་པ་ཡོད་པས་ཆ་ཤས་ཏེ། འདིར་གཉིས་སུ་མེད་པ་ཉིད་ཀྱང་གཉིས་པ་ལ་ལྟོས་པའི་མཐའ་ཡིན་པའི་ཕྱིར། ངོ་བོའི་སྤྲོས་པ་དང་། ཡུལ་གྱིས་སྤྲོས་པ་མེད་པ་ལ་དེ་ཉིད་དུ་བསྙད་པའང་བྲིད་ཙམ་ལས་ངོ་བོ་བརྗོད་དཀའ་བ་ཉིད་ནི་མཐའ་མེད་པ་དང་། ལྷན་གཅིག་པ་མེད་པ་དང་། བྲལ་བ་མེད་པ་དང་། རྒྱུན་མེད་པ་དང་། ཡུལ་གཉིས་ལས་འདས་པས་ངང་དོ། །དེས་ན་ལྟ་བ་དེ་ཁོ་ན་ཉིད་ཀྱི་མན་ངག་གོ །རང་བཞིན་ངང་དུ་གྱུར་པ་བདག་ཉིད་ཆེན་པོར་བསྟན་པའི་ཕྱིར། ཇི་བཞིན་པ་ཞེས་མི་རྟོག་ཀྱང་ཞེས་པ། བདག་ཉིད་ཆེན་པོ་ལའང་ངོ་བོ་བདག་ཉིད་ཆེན་པོ་དང་། གྲུབ་པ་བདག་ཉིད་ཆེན་པོ་དང་། ལམ་བདག་ཉིད་ཆེན་པོར་སྐབས་ཀྱིས་ཕྱེ་ནས་འདིར་བཤད་པའི་རང་བཞིན་ལ་བློའི་བྱེ་བྲག་གིས་མངོན་གསུམ་དང་བརྒྱུད་པ་ཁྱད་པར་ཅན་གྱིས་བལྟས་པས་ངང་དུ་ཕེབ་པ་ནི་ལྟ་བ་གཟའ་གཏད་མེད་པ་སྟེ། དེའི་རྗེས་སུ་སྒོམ་པ་དམིགས་པ་མེད་པ་ནི། འདི་ཇི་བཞི་ཉིད་ཙམ་བློའི་ཡུལ་དུ་བྱེད་ནའང་རྟོག་སྒོམ་སྟེ། ཁྱུང་ཆེན་ལས་ཇི་བཞིན་པ་ཞེས་རྣམ་རྟོག་དེ་ཕྱིར་རྟག་སྒོམ་པ། བདེ་བ་ཆེན་པོ་འདོད་པས་ཆགས་པའི་ནད་ཡིན་ཏེ་ཞེས་པས། ཆེད་དུ་བྱེད་པ་གོལ་བས། ཇི་ལྟ་བར་གོ་བ་ལྟ་བའི་མན་ངག་ཅན་ནི་བདག་ཉིད་ཆེན་པོ་ཉིད་རྣལ་མ་མ་བཅོས་མ་བསླད་མ་བྱས་མ་བཏགས་གློ་བུར་བ་མ་ཡིན་པ་ལ་ཀུན་བརྟགས་གཉིས་ཀྱི་རང་བཞིན་བྲལ་བའི་ཕྱིར། བསྒོམ་བྱ་དང་། སྒོམ་བྱེད་ཀྱི་རྣམ་པ་མེད་པས་ཇི་བཞིན་ཡིད་ལ་བྱེད་པ་དང་ཞེ་ལ་འཛིན་པ་མེད་པར་རང་གསལ་བས་ཤིན་ཏུ་མི་དམིགས་པའི་སྒོམ་པའོ། །མི་མཐུན་པའི་དབུ་མའི་སྤྲོས་བྲལ་ལྟ་བུ་མ་ཡིན་པར་སྟོན་པའི་ཕྱིར། རྣམ་པར་སྣང་མཛད་ཞེས་པ། ལྷག་པའི་རྣལ་འབྱོར་པའི་སྒོམ་པ་ནི། སྒོམ་པའི་ངོ་བོ་རིག་པ་ཉིད་བྱེ་བྲག་གི་ཆོས་སོ་ཅོག་རིལ་དུ་རང་གསལ་བར་སྣང་ལ་འཛིན་པ་མེད་པ་ནི་ཐམས་ཅད་ཀྱི་བྱེད་པ་པོ་སྟེ། ཐམས་ཅད་མཁྱེན་པའི་སྒོམ་པ་དང་། རྨད་དུ་བྱུང་བ་ལས། ཐམས་ཅད་མཁྱེན་པ་སྒོམ་པའི་མཆོག །ངོ་བོ་ཉིད་ནི་དམིགས་སུ་མེད། །ཞེས་གསུངས་སོ། །དེས་ན་གཞག་ཐབས་ནི་འདུ་ཤེས་གང་དུའང་མ་ཞུགས་པ་དེ་ཉིད་ཆེད་དུ་བྱེད་པའང་མེད་པའོ། །བློ་བཅོས་པ་ནི་རྟོག་པ་ཉིད་སྤང་དུ་མེད་པར་ཐག་ཆོད་པ་དྲན་པ་ཉིད་དོ། །དེ་ལྟ་བུ་ནི་སྒོམ་པའི་མན་ངག་སྟེ། སྐྱོན་གསུམ་གོལ་ས་དགུ་ལས་གྲོལ་བའོ། །སྤྱོད་པ་བྱ་བསྩལ་མེད་པའི་མན་ངག་བསྟན་པའི་ཕྱིར། །ཀུན་ཏུ་བཟང་། ཟིན་པས་རྩོལ་བའི་ནད་སྤངས་ཏེ་ཞེས་པ། སྤྱོད་པ་ནི་སྒོ་ག སུམ་གྱི་སྤྱོད་པ་སྟེ། འདིར་ཐམས་ཅད་དུ་སྣང་ངོ་ཅོག་དང་སྒྲ་རིལ་དང་ཤེས་རིག་དྲན་རྟོག་ཐམས་ཅད་བདག་ཉིད་ཀྱི་སྒོ་གསུམ་ཉིད་ཡིན་པ་ལ་རྣམ་པ་དང་བྲལ་བའི་ཕྱིར། རང་བཞིན་གྱིས་གཞན་བའི་སྐྱོན་མི་རྙེད་པ་དང་། རང་བྱུང་ཡེ་ཤེས་ཀུན་ཏུ་རང་གསལ་བ་ལ་ཟིན་ཆགས་མེད་པ་དང་སྤྱོད་པ་ཀུན་གྱི་དངོས་གཞིར་གྱུར་ཀྱང་མ་བསྒོམ་པ་དང་། ངང་གིས་མ་གཡོས་པ་ལ་གཡོ་རྡུལ་གྱི་སྤོང་ལེན་མེད་པ་དང་། བདག་གཞན་དོན་འབྱེད་པ་མེད་པར་ཕྲིན་ལས་རྒྱུན་མ་ཆད་པའི་ཕྱིར། ཀུན་ཏུ་བཟང་པོ་ལྔ་སྟེ། བཟང་ངན་ལས་འདས་པའི་བླ་དགས་ཙམ་ལས་དེ་ཉིད་ལེན་པའང་མ་ཡིན་པས་རྩོལ་བར་ཐལ་བ་མེད་པ་ནི། ཟིན་པའི་དོན་བཅུ་སྟེ། རང་རིག་གདོད་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་རང་གསལ་བས་སྤྱན་གྱི་དམ་པར་གྱུར་ཟིན། སྙིང་པོ་བྱང་ཆུབ་ལ་དགོངས་པ་ངེས་པར་འགྲེལ་ཏེ། བཞུགས་པས་བསམ་གཏན་ཆེན་པོར་གྲུབ་ཟིན། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཉིད་ཐོབ་བྱ་མེད་པར་བདག་ཉིད་ཆེན་པོར་མངའ་བརྙེས་ཟིན། ཐིག་ལེ་ཆེན་པོ་བསྲུང་མཚམས་དང་བྲལ་བས་ཉམས་པ་སྐོངས་ཟིན། མ་གྲུབ་པ་གྲུབ་པར་བྱར་མེད་དེ་ངོ་བོ་ཉིད་ཀྱི་ཀློང་ལས་མ་གཡོས་པས་བྱང་ཆུབ་དོན་དུ་གཉེར་ཟིན། བདག་ཉིད་ཆེན་པོ་སྤྱོད་ཡུལ་དང་བྲལ་ཏེ་རིལ་དེ་ཉིད་དུ་བྱུངས་ཐེབས་པས་མཉེས་པ་ཕུལ་ཟིན། མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཡེ་ཤེས་རང་གསལ་བས་དཀྱིལ་འཁོར་བཀོད་ཟིན། དམན་པའི་སྤྱོད་སོགས་འགྲེ་ལོག་སྤྱི་ཚུགས་གར་འགྲེས་ཀྱང་ངང་གིས་དཀྱིལ་འཁོར་བཀོད་ཟིན་པས་གྲུབ་པ་ཐོབ་ཟིན། མཛད་པ་ཐམས་ཅད་རང་ཤར་ཅིང་མ་སྨིན་པ་མེད་པས་དོན་མཛད་ཟིན། ཚད་མེད་བཞི་ལས་བཞི་དང་སྐལ་པ་གསུམ་དང་སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི་བྱེད་སྤྱོད་དུ་རང་ཤར་བ་ལ་ཆེད་དུ་བྱ་བ་མེད་པས་སྤྱོད་པ་སྤྱད་ཟིན་པའི་ཕྱིར། འདི་ལ་དཀྱིལ་འཁོར་མཐའ་དབུས་འབྱེད་པའི་རྩོལ་བ་དང་། དོན་རྟགས་འབྱེད་པའི་རྩོལ་བ་དང་། སྒོ་ཕུགས་འབྱེད་པའི་རྩོལ་བ་དང་། དབྱིངས་དང་ཡེ་ཤེས་འབྱེད་པའིརྩོལ་བ་དང་། ཡབ་ཡུམ་འབྱེད་པའི་རྩོལ་བ་དང་། ཁ་དོག་གྲངས་ཀྱི་རྩོལ་བ་དང་། འཁོར་བ་དུ་བཟློག་གི་རྩོལ་བ་དང་། རྟོག་པ་གནས་གྱུར་གྱི་རྩོལ་བ་དང་། ཐབས་ལ་བརྟེན་པའི་རྩོལ་བ་དང་། རྣམ་གྲངས་སྲུང་བའི་རྩོལ་བ་དང་། དོན་དུ་གཉེར་བའི་རྩོལ་བ་དང་། མཆོད་པ་གནས་སུ་འདྲིམ་པའི་རྩོལ་བ་དང་། རབ་འབྲིང་ཐ་མར་འབྱེད་པའི་རྩོལ་བ་དང་། ཚོགས་ལ་རེ་བའི་རྩོལ་བ་རྣམས་ནི། གཅོང་རྙིང་ཆེན་པོ་པས་དེ་དང་མ་བྲལ་བ་ནི་རྩོལ་བའི་ཆུ་བོ་རབ་མེད་ལ་འབོགས་པའོ། །འདིར་དེ་དག་ངོ་བོས་བྲལ་བས་ལམ་པའང་ངོ་བོ་ཉིད་ཁོ་ནའི་ཕྱིར། སྨན་ཆེན་པོའི་ངོ་བོ་ཉིད་དུ་བཞུགས་པའོ། །དེ་ལྟ་བུ་སྤྱོད་པའི་མན་ངག་བརྩལ་བ་མེད་པ་ནི། ལྷུན་གྱིས་གྲུབ་པ་དང་། ཐུགས་རྗེ་ཆེན་པོ་དང་། ཐབས་ཆེན་པོ་དང་། བསམ་གྱིས་མི་ཁྱབ་པ་དང་། བར་ཆད་མེད་པའི་སྤྱོད་པའི་ངོ་བོ་ཉིད་དོ། །ཚིག་ལྷག་མ་ནི་འབྲས་བུའི་མན་ངག་ཆེད་དུ་མི་སྒྲུབ་པར་འཆད་དོ། །ལྷུན་གྱིས་གནས་པས་བཞག་པ་ཡིན་ཞེས་པ། དཔེར་ན་དཔག་བསམ་ཤིང་ལྟ་བུར། ཐབས་དང་ཡོན་ཏན་རིལ་གྱི་དངོས་གཞིར་བདག་ཉིད་གནས་པ་ནི་བརྟགས་ན་མེད་པ། བསམ་ན་ཅིར་ཡང་སྣང་བས་མི་འགྲུབ་སྟེ། དེ་ཉིད་རག་གཞན་དུ་མ་ལུས་པར་སྤོང་ལེན་དང་རྩོལ་མི་རྩོལ་གྱི་འདུ་ཤེས་གང་ཡང་མ་སྐྱེས་པ་ནི། སྤྱོད་པ་ལྷུག་པ་སྟེ། ལ་དོར་བ་ཁོ་ནའོ། །དེ་ལྟ་བུ་ནི་རྣམ་པ་ཅན་གྱི་ལྷུན་གྲུབ་ལས་འདས་པ་སྟེ། ཟིན་པའི་དོན་གྱིས་གསལ་ལོ། །ཚིག་དོན་དྲུག་ལ་དོན་བཅུད་གསུམ་གྱིས་བཀྲལ། མེད་དང་མན་ངག་བཞི་གཉིས་བརྒྱད། ཟིན་བཅུས་ཁོང་ཕྱེ་སྒྲོན་མ་གསལ་བྱེད་འདི། ཡང་རབ་བློ་ཡིས་བརྟགས་ན་བཤད་མི་དགོས། རྫོགས་སོ། །ཨ་ཏི། །


previousརྫོགས་པ་ཆེན་པོ་རིག་པའི་ཁུ་བྱུག་གི་དོན་འགྲེལ། next