Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་གཟོང་ཕུགས་ཀྱི་འགྲེལ་པ།
   
   
   
   
   
   
   


 
previousརྡོ་རྗེ་གཟོང་ཕུགས་ཀྱི་འགྲེལ་པ། next

རྡོ་རྗེ་གཟོང་ཕུགས་ཀྱི་འགྲེལ་པ།

རྡོ་རྗེ་གཟོང་ཕུགས་ཀྱི་འགྲེལ་པ་བཞུགས་སོ།། རྡོ་རྗེ་གཟོང་ཕུགས་འགྲེལ་པ་ནི། ཡེ་ཤེས་རྡོ་རྗེ་མ་ལུས་ལྷུན་རྫོགས་ངང་དུ་བཅོམ། །དེ་ཉིད་ཀུན་དངོས་མང་བསྡུས་རྫོགས་པར་ལྡན་འགྱུར་ཡང་། །རང་གི་ངོ་བོ་འདི་ཞེས་སྨྲ་བསམ་སྤྱོད་ཡུལ་འདས། །ཡིད་བཞིན་ནོར་ལྟར་ལྷུན་གྲུབ་བདག་གཞན་ལེགས་པ་ཆེ། །སྤྱོད་ཡུལ་ཟུག་རྔུ་ཀུན་འབྲལ་སྡུག་བསྔལ་ལམ་དུ་བདེ། །འབྲས་བུ་དེ་བཞིན་ཆེ་བ་ལྔར་ལྡན་པ་ནི་གནས། །དེ་ཉིད་གདེང་འགྱུར་ཀླུང་ཞུགས་མངོན་བྱས་གང་གྱུར་པ། །མཉམ་ཉིད་ལྷག་པའི་འདུད་པ་མཆོད་པ་ཀུན་གྱི་མཆོག །སྣོད་དང་སྐལ་བར་ལྡན་ལ་གདམས་པའི་ཕྱིར། །ཡིད་བཞིན་ཡེ་ཤེས་དབྱིངས་ཀྱི་མཐའ་ཁྱབ་པ། །གྲོལ་ཞིང་རྟོགས་ཏེ་དོན་ལྡན་བརྩོན་པས་ཉོན། །ཡིན་བཞིན་འབར་བ་ཡེ་ཤེས་རང་བྱུང་སྟེ། །ཅིར་སྣང་འཕེལ་འགྲིབ་མེད་པར་གསལ་བ་ཉིད། །གང་ཡང་མ་བཀོལ་རྫོགས་པ་འདུས་མ་བྱས། །མུ་མཐའ་མེད་པས་འགྲོ་འོང་མེད་པར་འབྱུང་། །ཀུན་ཁྱབ་བདག་ཉིད་འཆིང་འགྲོལ་མེད་པའི་དོན། །རྟོགས་པའི་སྐལ་ཡོད་ཆུ་བོ་སྤྱོད་ལྡན་པ། ༈ །ལོ་རྒྱུས་དོན་ཀྱིས་ལྷག་པའི་དོན་བསྟན་ཕྱིར། །སྣང་མེད་བརྗོད་པ་མེད་ལས་འདས་པའོ། །ངེས་པར་བསྟན་པ་སྣང་གྲགས་ལྷུན་རྫོགས་ཀྱང་། །དེ་དེ་ཡོད་དང་མེད་ལས་གང་འདས་པ། །འདས་པའི་ཕྱོགས་སུ་གྱུར་མེད་མན་ངག་མཚན། །ཆོས་ཀྱི་དབྱིངས་ལ་བསྡུས་ཏེ་རྣམ་བཤད་པ། །བྱ་བྱེད་མེད་པར་མན་ངག་བཅུད་ཤར་བའི། །སེམས་ལ་ཚིག་ཏུ་བརྗོད་མེད་སྐུའང་མེད། །ཕྱི་ནང་སྤྱོད་ཡུལ་མེད་པར་ནང་ཉིད་ལ། །བརྗོད་སྣང་ཀུན་དངོས་འདི་འདྲ་འདི་ཞེས་མེད། །ཡེ་ཤེས་རྣམ་པར་དག་པ་ཅིག་ཕྱིར་ཏེ། །མི་གནས་ཡེ་ཤེས་རང་དག་ཐ་དད་མེད། །བདག་ཉིད་ཆེན་པོའི་གཏན་ཚིགས་དོན་ཡིན་པས། །གྲོལ་བའི་ལས་ནི་མཚན་ཉིད་ཡོད་མ་ཡིན། །བཅིངས་པ་གཉིས་བྲལ་འཕྲིན་ལས་འདི་འདྲར་མེད། །མཐའ་བྲལ་གཏན་ཚིགས་སྒོ་ནས་མཐུན་བསྟན་པ། །གཅིག་དང་དུ་མའི་མཐའ་ལས་འདས་པ་ནི། །གཅིག་ལས་མ་གཡོས་ཐ་དད་སྣང་བ་དང་། །ཀུན་བྲལ་ཉག་གཅིག་ཅི་མ་སྤངས་པའི་ཕྱིར། །རྒྱ་མཚོའི་རླབས་དང་དེ་ཉིད་མཚུངས་བཞིན་དང་། །ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་བཀྲ་བ་མེད། །དེ་བས་གཟུགས་བྲལ་གཟུགས་ཀུན་དངོས། །ཚོན་ལྔ་བསྲེས་བཞིན་འདི་འདྲར་བསྟན་པར་དཀའ། །ཐམས་ཅད་མཁྱེན་ལྟས་དབུ་མ་ཟིལ་གྱིས་གནོན། །འདི་འདྲ་དོན་མཆོག་མ་རྟོགས་སྐྱོན་བསྟན་ཕྱིར། །ཀུན་གྱི་བདག་ཉིད་དུས་གསུམ་དབྱིངས་མི་གཡོ། །འགྲེ་ལོག་སྤྱི་ཚུགས་གར་འགྲེ་གར་སྤྱོད་ཀྱང་། །སྙིང་པོའི་དོན་ལས་མི་འདའ་མཁའ་ལྟ་བུའི། །ལྟ་བ་འདི་མེད་སྤྱོད་པ་སྒྱུ་མས་འཆིང་། །གཟའ་གཏད་བྲལ་སྤྱན་མེད་ན་ཐམས་ཅད་དུ། །ཅི་བྱས་ཅི་སྤྱད་གཟུངས་འཛིན་བརྫུན་པས་འཆིང་། །དེ་བས་གཉིས་སུ་མེད་པར་དོན་བསྟན་ཕྱིར། །ཕྱིན་ཅི་ལོག་དང་མ་ལོག་བྱང་ཆུབ་སྟེ། །བྱང་ཆུབ་ཉིད་ལ་ལོག་དང་མ་ལོག་མེད། །རང་བཞིན་ངོ་བོ་མཚན་ཉིད་མ་ནོར་ལམ་ལོག་པའི། །འཁོར་དང་དེ་བཟློག་མྱ་ངན་འདས་པའི་ཆོས། །གསུམ་གྱིས་ཐ་དད་མེད་པས་བྱང་ཆུབ་སེམས། །འོན་ཀྱང་དེ་ལ་དེའི་ཕྱོགས་འགྱུར་མེད། །དེ་ནི་གཉུག་མར་གནས་པའི་བྱང་ཆུབ་སེམས། །ཕྱོགས་ལ་སོགས་པ་ཤེས་རབ་འཆལ་པའི་བློ། །ཡང་དག་ལྟ་དང་བསྒོམ་པའི་དོན་བསྟན་ཕྱིར། །བསམ་དང་བྲལ་བའི་སེམས་རྣམས་དེ་ཉིད་ནི། །ནམ་མཁའ་འདྲ་བའི་སེམས་དེ་ཉིད་དང་བྲལ། །མཐའ་ཡས་སེམས་བརྒྱུད་ལོག་རྟོག་ཐ་དད་རྣམས། །དེའི་ཁོ་ན་ཉིད་ནི་རིགས་དང་རྒྱུད་མེད་ཕྱིན། །ལྷུན་གྲུབ་ཡེ་ཤེས་སྤྱོད་ཡུལ་བྲལ་བའི་དཔེ། །མཁའ་ལ་མཁར་སེམས་མེད་འདྲར་དེ་ཉིད་དེར་སེམས་བྲལ། །ཡོད་མེད་དབུ་མ་མ་དམིགས་བརྗོད་མེད་ན། །ནམ་མཁའ་མི་གནས་བརྗོད་དུ་མེད་ལས་འདས། །སྣང་སྟོང་མཐའ་དབུས་ངང་ཉིད་ཡུལ་མེད་བསྟན་དཀའ་བ། །གདེང་དུ་ཆུད་ན་ཡེ་ཤེས་ནམ་མཁའ་ལའང་། །སེམས་རྟེན་མི་འཆའ་བརྗོད་མེད་བླང་དུ་མེད། །དོན་དེ་གང་ལྡན་མཉམ་བཞག་བསྒོམས་པའི་བླང་། །དེ་ཕྱིར་གསང་བ་ཕྱི་ནང་ལས་འཕགས་པས། །མཚན་མ་འཇིལ་བའི་སྐུ་མེད་དག་པས་ན། །རྟོགས་པའི་བསྙེན་པ་ཕྱག་རྒྱ་བསྒོམ་མེད་ཕྱིར། །གཟའ་བའི་ཡུལ་མེད་བརྩལ་བའི་དབང་པོས་སྟོང་། །གཞི་བསྒོམ་བཟླས་པས་ཐོབ་བྱའི་སྤྱོད་ཡུལ་མེད། །དུས་གསུམ་མཉམ་པ་ཉིད་ཀྱང་འབྱུང་འཇུག་གོ །དོན་དམ་དུས་གསུམ་མཉམ་ལ་ལྡང་འཇུག་པ། །ཆེད་དུ་བྱེད་པ་གཟུང་འཛིན་གཙོ་བོ་ཡིན། །དེ་བས་འདི་ལ་དེ་མེད་དོན་བསྟན་ཕྱིར། །ལེན་མེད་འཛིན་དང་ཡོངས་སུ་བྲལ་བས་ན། །དུས་གསུམ་བདག་ཉིད་རྡོ་རྗེ་སེམས་དཔའ་ཆེ། །དུས་གསུམ་བདག་ཕྱིར་སྤོང་ལེན་གཟུང་འཛིན་མེད། །དེ་ཕྱིར་ཆོས་ཀུན་སོ་སོའི་གནས་ན་དཔལ། །རྡོ་རྗེ་སེམས་དཔའ་དུས་སྐབས་མེད་པར་གནས། །གཅིག་གིས་སྤགས་པས་ཐེག་པ་ཀུན་བས་ཆེ། །བརྟགས་པའི་སྐུ་གསུང་ཐུགས་ལས་འདས་པའི་ཕྱིར། །སེམས་ཉིད་ཆོས་པས་སེམས་ལ་སྐུ་མི་མངའ། །རང་སེམས་ཆོས་སྐུར་གནས་ཕྱིར་དབྱིབས་དང་ཁ་དོག་མེད། །གྲགས་ལས་འདས་པས་གྲགས་ཉིད་ཡེ་ཤེས་ཏེ། །འདི་འདྲར་སྒྲར་བརྗོད་མེད་ཕྱིར་སྒྲ་ཉིད་ཡེ་ཤེས་སྣང་། །ཞི་བའི་འོད་གསལ་གདོད་ནས་ལྷུན་གྱིས་གྲུབ། །གཟུང་འཛིན་གསུམ་བྲལ་ལྷུན་གྲུབ་ཡེ་ཤེས་ནི། །ཡེ་ནས་དེ་བཞིན་གྲུབ་དང་མ་གྲུབ་བདག །འགྱུར་བས་ཆགས་པ་མེད་པའི་ཆོས་ཡུལ་ཀྱང་མི་འགྱུར། །དེ་ལས་བསམ་ཞིང་སྣང་བས་འཛིན་མེད་རྟགས་འགྱུར་མེད། །སངས་རྒྱས་ཡེ་ཤེས་ངོ་བོ་མེད་ཞེས་བྱ། །རྒྱས་བའི་ཐུགས་ནི་ཡོད་མེད་དབུས་བྲལ་བདག །བསྟན་པར་དཀལ་ལ་མཆོད་ཕྱིར་དེ་སྐད་མཚོན། །མི་འབྱུང་མི་འཇུག་ཡུལ་མེད་དབང་པོས་སྟོང་། །མཁས་ལ་འབྱུང་འཇུག་ཡུལ་མེད་དེ་ལྟར་བུ། །སངས་རྒྱས་ཡེ་ཤེས་ངང་གིས་དེ་ལྟ་བའོ། །མི་རྟག་གཏན་ཚིགས་བདག་ལྟ་སུན་འབྱུང་ཕྱིར། །སྐྱེ་འཇིག་འབྱུང་ཕྱིར་བདག་མཐའ་ཡེ་ནས་མེད། །སྙིང་པོ་བདག་རིག་ཡོད་ན་དེ་ལྟ་འབྱུང་མི་རིགས། །རྩོལ་བས་འདི་ལ་བྱ་བ་མེད་པའི་ཕྱིར། །སྐུ་གསུང་ཐུགས་དང་བྲལ་བས་ཆེ་བའི་མཆོག །སྣ་ཚོགས་སྐུ་གསུང་ཐུགས་ཀྱི་བདག་ཉིད་ལ། །གསུམ་ཐོབ་རྩོལ་བས་དེ་བསྒོམ་བྱ་བྱེད་མེད། །སྔགས་དང་ཕྱག་རྒྱ་བྲལ་ཡང་ཉམས་པ་མེད། །མི་གཡོ་ཕྱག་རྒྱ་བཟླས་བརྗོད་མེད་པའི་སྔགས། །དེ་ཉིད་བདག་ལ་སྣང་བརྗོད་བྲལ་ཉམས་མེད། །ཕྱི་ནང་སྒོ་ཕུགས་མེད་པས་རྒྱ་ཆེ་ནང་པ་ཉིད། །བྱ་བྱེད་མེད་པས་བགྲོད་མེད་ཡུལ་བྲལ་རྟེན་དང་བྲལ། །མཐའ་དབུས་ཀུན་དང་བྲལ་བས་སྙིང་པོ་ཉིད། །བརྒྱད་མཐར་ཐུག་དང་དབུ་མ་ཀུན་དངོས་མེད། །འདི་ལ་འདིས་རིག་མེད་པས་དོན་བཅུད་ནི། །བདེ་དང་མི་བདེ་མཉམ་པ་ཡེ་ནས་མེད། །ལོངས་སྤྱོད་སྡུག་བསྔལ་བཟང་ངན་མ་འདྲེས་རྫོགས། །དེ་ལ་དེ་འདྲར་ཡེ་ནས་བརྟག་ཏུ་མེད། །འཛིན་མེད་བློ་ནི་གང་དང་འང་མི་སྐྱེ་ན། །མཉམ་པར་འཇོག་ཚེ་འདུ་ཤེས་ཡུལ་གང་ལ། །འཇུག་པ་མེད་དེ་མེད་པ་ལེན་པའང་མེད། །བྲལ་དང་མ་བྲལ་དངོས་མེད་གཟུང་དུ་མེད། །དོན་ལ་མཐའ་དང་ཞེན་རྟོག་ཡོད་དང་མེད། །སྒྲོས་སྐུར་འདི་འདྲར་མེད་ཕྱིར་དམིགས་གཟུང་མེད། །དེ་ལ་དྲུག་གི་འཛིན་པ་མེད་པའི་ཕྱིར། །ཐོས་མེད་མཐོང་མེད་རེ་མེད་དོགས་པ་མེད། །དོན་ལ་འདི་འདྲར་སྟོན་མེད་དབྱིངས་ལ་བཀྲ་བ་མེད། །ཤེས་དང་ཐོབ་པའི་ཡུལ་མེད་གཡང་ས་མེད། །དྲུག་གི་སྤྱོད་ཡུལ་སྤངས་པ་རང་བྲལ་ལ། །དག་དང་མ་དག་ཡེ་ཤེས་ཚིག་མཐའ་བྲལ། །མ་རིག་ཡེ་ཤེས་ཐ་དད་མེད་པའི་ཕྱིར། །ཡེ་ཤེས་ངང་སྒྲིབས་སྦྱངས་པས་ཐ་སྙད་མཚོན་དུ་མེད། །ཚིག་ཏུ་འཛིན་མེད་ཡེ་ཤེས་ཡེ་ནས་དབེན། །སྨྲ་ཚིག་རིག་ཕྱིར་ལྕགས་གྲོལ་སྒྲོས་སྐུར་མེད། །མུ་སྟེགས་ལྟ་བའང་མ་སྤངས་བྲལ་བསྟན་ཕྱིར། །རྟག་ཆད་འབྱེད་མེད་སྣང་སྟོང་ཀུན་མེད་དོ། །རྟག་ཆད་གཉིས་གར་རང་སྣང་དེ་ལ་དེར་འཛིན་མེད། །སྐྱེ་བོས་གཟུང་འཛིན་དེ་ལྟར་དེ་བཞིན་ནོ། །དེ་དག་འདི་འདྲར་བརྟག་དཀའ་ཉིད་བས་བརྗོད་དཀའི་ཕྱིར། །དངོས་པོ་མེད་ཕྱིར་ཞི་བས་ཆད་པའང་མེད། །རང་བྱུང་རྟགས་བྲལ་ཟུག་རྔུ་ཀུན་གཞིའི་ཕྱིར། །ཆད་པར་འཛིན་གསུམ་ནམ་ཡང་ཡོད་མ་ཡིན། །ཀུན་ལ་ཁྱབ་པས་བདག་དང་བྲལ་བའོ། །བསྒོས་མེད་ཀུན་སོན་གཏན་ཚིགས་དོན་དེས་ན། །བདག་ཉིད་རིས་སུ་ཕྱེ་བར་ཤིན་ཏུ་དཀའ། །ཏིང་འཛིན་གོལ་སྒྲིབ་ངེས་པར་བསྟན་པའི་ཕྱིར། །ཏིང་འཛིན་སྒྱུ་མས་སྤྱོད་པ་སྒྱུ་མའི་ནད། །དམིགས་པའི་རྣལ་འབྱོར་མ་ནི་བསླུ་སྤྱོད་ཀྱི། །ཕྱི་ནང་སྒྲིབ་སྦྱོང་འདོད་པའི་ནད་ཀྱིས་བསྒྲིབས། །དེ་བས་ཤིན་ཏུ་རྣལ་འབྱོར་ཆེ་བའི་ཆེན་པོའི་ཕྱིར། །རང་བྱུང་ཡེ་ཤེས་དབང་ལ་མི་རྟེན་པས། །རེ་ཞིང་དོགས་པའི་མཐའ་ཀུན་རྣམ་པར་ཞི། །ཡེ་ཤེས་ཆེན་པོ་ཉིད་ལ་རག་ལུས་མེད་པའི་ཕྱིར། །རང་དབང་ཅན་འདྲར་ཀུན་ལ་དབང་སྒྱུར་ཡང་། །སེམས་ཕྱིར་དམིགས་པའི་རྟེན་འཆང་མི་སྲིད་ཕྱིར། །འཛིན་རྟོག་མེད་པས་རེ་དོགས་བརྒྱད་འཇམ་དཔལ། །འོ་ན་ཞི་འདོད་རེ་འབྱུང་ཐེ་ཚོམ་ཟའོ་ཞེ། །ནམ་མཁའི་མཐའ་ཀུན་མེད་དེ་ཕྱོགས་མེད་ན། །ཞི་དང་མ་ཞི་མེད་དེ་ཕྱོགས་རྣམས་བྲལ། །རང་བྱུང་བྱང་སེམས་མཁའ་ལྟར་ཐུག་མེད་ཕྱིར། །སྤྲོས་པའི་ཟུག་རྔུ་ཡོད་མེད་ཕྱོགས་རྩོལ་བྲལ། །ཡེ་ནས་དག་དང་མ་དག་གང་ཡང་མེད། །ཀུན་ནས་ཉོན་མོངས་རྣམ་པར་བྱང་བའི་ཆོས། །གཉིས་མེད་ལྷུན་གྲུབ་ཐ་སྙད་གཉིས་དང་བྲལ། །ཞི་བས་སྒྲ་མེད་རྟོགས་པའི་མཐའ་ལས་འདས། །ཟུག་རྔུ་མ་སྤངས་བྲལ་ཕྱིར་ཚིག་གིས་བརྗོད་དུ་མེད། །དེ་བས་འདི་འདྲར་བསམས་པའི་ཡུལ་ལས་གྲོལ། །མཐར་ཐུག་མེད་པས་ཁྱོན་དང་བྲལ་བས་འདས། །མཐའ་རྣམས་ལྷུན་གྲུབ་གང་གི་མ་རེག་ཕྱིར། །མཐའ་དབུས་རྟོགས་པའི་སྤྱོད་ཡུལ་ཚད་ལས་འདས། །དེ་ལ་རྟོག་དཔྱོད་ཚད་མས་ཚོལ་འཁྲུལ་ཕྱིར། །ཚད་མས་གཟུང་ཕྱིར་འཛིན་པ་དེ་སྐྱེས་ཏེ། །དེ་བས་མཚོན་བྱེད་སེམས་ཀྱི་རྒྱུད་ཁ་འཁོར། །དོན་ཀྱི་གྲུབ་མཐའ་ངེས་པར་རྟག་ཆེད་དུ། །མངོན་སུམ་རྗེས་དཔག་རྟོག་པས་དོན་ཚོལ་བ། །སྨིགས་རྒྱུའི་ཆུ་ལྟར་ཇི་བཞིན་ངེས་འཇོག་སྐྱེ། །དེ་ཕྱིར་བརྩོན་རྟོག་རྩོལ་བའི་ཁ་བརྒྱུད་པས། །བརྩོན་རྟོག་དཔྱོད་དང་བྲལ་བའི་དོན་མི་རྙེད། །ཏིང་འཛིན་གོལ་ས་རིམ་པར་བསྟན་པའི་ཕྱིར། །ཏིང་འཛིན་བདེ་བའི་རོ་ལ་ཆགས་གནས་པའོ། །འཇིག་རྟེན་བསམ་གཏན་གསུམ་པ་གོལ་བ་སྟེ། །ཡོད་མེད་རྒྱུ་ལ་མི་ལྟོས་ཆོས་ཉིད་ཡིན། །དེ་ལ་དེ་ཡོད་ཕྱིར་ན་མཐའ་མྱོང་གཉིས། །རྒྱུ་ལ་མི་ལྟོས་ཆོས་ཉིད་མཐོང་མ་ཡིན། །ཞི་བའི་ཏིང་འཛིན་མྱ་ངན་མི་འདའ་ཡིས། །རྟོག་དང་འདུ་ཤེས་དགྲ་ལྟ་ཞི་འདོད་པ། །ཉན་ཐོས་རང་རྒྱལ་མི་གནས་འདས་ཐོབ་མིན། །དབུ་མའི་ལྟ་བའི་གོལ་ས་མེད་པའི་ཕྱིར། །རང་སེམས་མ་བཅོས་མ་སྦྱངས་ཆོས་ཉིད་དེ། །དགོས་པས་གདགས་སེམས་བརྗོད་ཀྱི་སེམས། །གསང་བའི་དབྱིངས་དེ་བྱས་མེད་གསལ་སྤངས་མེད། །གང་ཟག་སྒྱུ་མ་བཀྲི་དོན་བདེན་གཉིས་མེད། །དབུ་མ་དམན་དྲངས་བདེན་གཉིས་བསྟན་པ་ཡང་། །བདེན་བརྫུན་ལྷུན་གྲུབ་ངང་ལས་རིས་ལྟ་མེད། །དེ་བས་བདག་དང་བསྒྲུབ་པ་འདི་ལ་ཡོད་མ་ཡིན། །བག་ཙམ་གཏོང་སེམས་དེ་དག་གཡང་ས་ཆེ། །དབུགས་རྒྱུའི་ཡུད་ཙམ་དོན་དམ་ཕྱོགས་འཇུག་པའི། །སྟོང་མཐས་སྟོང་ཕྱིར་གཡང་ས་ཤིན་ཏུ་ཆེ། །དོན་བྲལ་དེ་ལ་སེམས་མེད་ཆད་པའང་མེད། །དོན་དམ་མཆོག་ལྟ་མེད་ལ་དེ་ཡུལ་བྱེད་པའང་མེད། །དེ་མེད་པས་ན་ཆད་པར་ལྟུང་བ་མེད། །ཏིང་འཛིན་ཆེ་བའི་ལུང་དེ་དོན་བྲལ་ཆེ། །ཏིང་འཛིན་རྒྱལ་པོ་སྒྲོ་སྐུར་མེད་པ་ལ། །མི་རྟོག་ལེན་པ་མེད་པས་ཁྱད་པར་འཕགས། །སྐྱེ་བ་མེད་པའི་དེ་ཉིད་ཉན་པ་ཡིན། །ལྷུན་གྲུབ་ཇི་བཞིན་ཕྱོགས་སུ་སྐྱེ་མེད་པར། །གོ་བ་གང་ཡིན་དེ་ཉིད་ཐོས་པའི་ཕུལ། །སེམས་མེད་མ་སྐྱེས་དོན་མེད་བྲལ་བའང་མེད། །དམིགས་ཡུལ་དེ་ལ་ཤེས་པ་ཕར་སྐྱེ་མེད། །དེ་ལ་དོན་ལེན་མེད་པར་བདག་ཕྱིར་ལྡན། །རྟོག་དཔྱོད་ཚོལ་བ་མོས་པ་བསྟན་པའི་ཕྱིར། །དོན་ལ་མཚོན་པར་རྒྱལ་བས་གང་གསུངས་པ། །མཚོན་ཅིང་རྟོགས་པར་བྱ་བ་དེ་ཉིད་དོ། །ཤིན་ཏུ་རྣལ་འབྱོར་མཚོན་དུ་མེད་པའི་དོན། །མིང་ཚིག་སྒྲོན་མས་དོན་ཀྱི་གསེར་འཚོལ་བ། །ཚིག་གི་རྣམ་གྲངས་གསུང་གི་འཁོར་ལོ་ཅན། །དེ་ལྟར་སྟོན་པས་གསུངས་པ་མཚོན་བྱ་བ། །སྤྱོད་ཡུལ་རང་གྲོལ་སྨྲ་བསམ་མེད་པ་ཡི། །དོན་ཉིད་དེ་ལྟར་བསྟན་པས་བརྡའ་མཇལ་བྱེད། །འོ་ན་དོན་མཚོན་གཟུང་འཛིན་ཡོང་ངོ་ཞེ། །མཉམ་དང་མི་མཉམ་ནམ་མཁའ་ལས་འདས་པ། །ནམ་མཁའ་མེད་པས་ནམ་མཁའ་ཁྱབ་པ་མེད། །བཟང་ངན་མཐོན་དམན་ཡོད་མེད་ལྷུན་རྫོགས་སེམས། །མཁའ་ལྟར་ཡིན་མིན་རྩོལ་བ་མཐའ་ལས་འདས། །མཁའ་ལྟར་འདི་འདྲ་མེད་པས་འདི་ལ་འདིས་ཁྱབ་མེད། །དེ་ཉིད་མཚོན་པས་འདི་ཞེས་མི་ནུས་སོ། །བཤད་པ་བཞིན་ཏེ་དཔེ་དང་ཚིག་གིས་ཀྱང་། །ཇི་བཞིན་སྒྲ་ལྟར་དོན་ཡོད་མ་ཡིན་ཕྱིར། །ཚིག་མེད་ཚིག་ཀུན་སྒྲ་མེད་ཚིག་དང་བྲལ། །ཚིག་ཀུན་ལྷུན་རྫོགས་ཡོད་མེད་འདི་འདྲར་དཀའ། །དེ་བས་དེ་མཚོན་དབྱངས་མེད་དེས་རེག་མེད། །ལྟ་སྤྱོད་གོལ་ས་འདི་ལ་མེད་པའི་ཕྱིར། །དགེ་སྡིག་སྙིང་པོ་མེད་དེ་དབུས་མཐའ་ཀུན་དང་བྲལ། །བཅུ་དང་བཅུའི་འབྲས་བུ་རྣམ་གཉིས་སོ། །རང་བྱུང་ང་ལ་བསྒོར་མེད་སྨིན་པའང་མེད། །དེ་བས་བྲལ་དང་མ་བྲལ་ཕྱོགས་ཐུག་མེད། །དབང་པོ་རང་གི་བློ་མེད་སྤྱོད་ཡུལ་བྲལ། །རང་བྱུང་ཡེ་ཤེས་ཆེན་པོའི་ཚོགས་གཅིག་པོ། །ཀུན་མཁྱེན་ཕྱིར་ན་ཤེས་རབ་སྤྱན་མཆོག་ཡིན། །ཡུལ་མེད་སྒྱུ་མ་ཡུལ་ལ་སྤྱད་པས་འཁྲུལ། །ལྟ་སྤྱོད་སྤྱོད་ཡུལ་གཉིས་སུ་མེད་པ་ལ། །ཤེས་ཡུལ་འབྱེད་རྣམས་གཟུང་འཛིན་གཙོ་བོ་ཡིན། །ཚིག་ཉིད་མེད་དེ་ཚིག་ཕྱིར་འབྲང་བ་མེད། །མཚོན་བྱེད་མེད་པས་དེ་ཕྱིར་འབྲང་བ་མེད། །ནམ་མཁར་མི་གཅིག་པ་ཡང་དམིགས་སུ་མེད། །གཅིག་གི་མཐའ་ནི་སྐྱོན་ཕྱིར་མི་གཅིག་དོན། །མཆོག་ཏུ་དམིགས་སུ་སྨྲར་མེད་ཡུལ་དང་བྲལ། །ནམ་མཁའ་མཚན་ཉིད་ཀུན་ལས་རབ་འདས་པ། །མེད་པས་ནམ་མཁའ་ལ་ཡང་ནམ་མཁའ་མེད། །བསམ་གཏན་གཅིག་དང་དུ་མ་གང་དུའང་མི་སེམས་ཏེ། །ཆོས་ཉིད་ནམ་མཁའ་ཇི་བཞིན་ཉིད་མེད་པ། །མེད་པ་ཉིད་མིན་འདི་ལྟར་མཁའ་ལ་བསམ་མེད་འདྲའང་། །འོ་ན་བསྒོམ་དུ་མེད་པར་དང་དུ་བླང་ངོ་ཞེ། །ནམ་མཁའ་དེ་ཉིད་བསྒོམ་དུ་མེད་པ་སྟེ། །ནམ་མཁའི་ཡེ་ཤེས་ཡུལ་དངོས་མེད་པའི་ཕྱིར། །བརྗོད་མེད་ནམ་མཁའ་བསྒོམ་དུ་མེད་ལས་འདས། །བསྒོམ་མེད་བདག་ཕྱིར་དེ་ཡུལ་བྱེད་པའང་མེད། །འོ་ན་འདོད་པ་ཡུལ་དུ་བྱ་ཞེ་ན། །འདས་པ་བརྗོད་དུ་མེད་དེ་མི་གནས་ན། །བསྒོམ་དུ་མེད་ལས་ཕ་རོལ་འགྱུར་ན་དེ་ལྟ་སྟེ། །འདི་ལ་བྱ་བྱེད་མེད་པས་དེ་ལ་རྟེན་མི་འཆའ། །དེའི་ཕྱིར་ན་རྟོག་པ་གཉིས་བྲལ་ཕྱིར། །ནམ་མཁའི་ལུས་མེད་ནམ་མཁའི་སེམས་དང་བྲལ། །མཁའ་འདྲའི་ཆོས་ཉིད་གཞི་མེད་དམིགས་པ་མེད། །བསམ་པ་ཀུན་བྲལ་ཀུན་མཁྱེན་དེ་ངོ་བོ། །ནམ་མཁའི་བསྒོམ་པས་ཐོབ་མེད་འབྲས་བུའི་ཕྱིར། །ནམ་མཁའི་རྒྱལ་པོ་ཡེ་ཤེས་ཆོས་ཀྱི་སྐུ། །མཁའ་གསལ་བདག་ཉིད་མ་འདྲེས་ཡོངས་རྫོགས་སྐུ། །ཆོས་ཉིད་བསམ་དུ་མེད་པས་ནམ་མཁའ་ཆེ། །མཁའ་ལ་མཁའ་ཡིས་བསམ་མེད་ཇི་བཞིན་པས། །ནམ་མཁའ་བསམ་པ་དེ་དག་ཀུན་དང་བྲལ། །རང་རིག་མཁའ་ལ་རིག་པས་བསམ་དང་བྲལ། །དེ་ལ་རང་བཞིན་གནས་པའི་མཐུར་ལྡན་པས། །བསམ་དུ་མེད་པས་ནམ་མཁའ་དེ་ཉིད་འབྱུང་། །དེ་ཉིད་ཡོན་ཏན་ལྷུན་གྲུབ་ཀུན་དངོས་ཕྱིར། །བསམ་པ་མེད་པས་མ་བསྒུལ་རྙོག་སངས་ལྟར། །ཡོན་ཏན་རྣམ་གྲངས་དང་བས་རང་ཉིད་འཆར། །ཐོབ་པ་མེད་པའང་འདོད་པའི་རློམ་སེམས་བྲལ། །རང་དོན་ཆེན་པོར་ནམ་ཀ་དེ་ཉིད་འབྱུང་། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །སྤྲོས་པ་མེད་དང་ཡོད་པ་ཀུན་བྲལ་ཆུབ་པ་ཡི། །དོན་མཆོག་ངང་གསལ་མི་གཡོ་སེམས་ཆེན་པོ། །མ་ནོར་དགོངས་པའི་ཡང་ཏིག་མན་ངག་འགྲེལ། །རྡོ་རྗེ་གཟོང་ཕུགས་མ་འོངས་སྤྱན་གྱུར་ཅིག །ཨ་ཙརྻ་གསལ་བ་རྒྱལ། །ཏིག་འགྲེལ་རྫོགས་སོ། །ཡང་དབང་གཏེར་གྱིས་མཛད། རྡོ་རྗེ་གཟོང་ཕུགས་དཔེ་ལས་བཏགས།། །།


previousརྡོ་རྗེ་གཟོང་ཕུགས་ཀྱི་འགྲེལ་པ། next