Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་ནམ་མཁའི་རྒྱལ་པོའི་དོན་འགྲེལ།
   
   
   
   
   
   


 
previousཡེ་ཤེས་ནམ་མཁའི་རྒྱལ་པོའི་དོན་འགྲེལ། next

ཡེ་ཤེས་ནམ་མཁའི་རྒྱལ་པོའི་དོན་འགྲེལ།

ཡེ་ཤེས་ནམ་མཁའི་རྒྱལ་པོའི་དོན་འགྲེལ་བཞུགས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མན་ངག་བྱང་ཆུབ་སེམས་ཡེ་ཤེས་ནམ་མཁའི་རྒྱལ་པོའི་དོན་དགྲོལ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་ཀྱི་ཡི་གེ་ཐམས་ཅད་བཤད་པའི་ལུགས་ནི། སྤྱི་དོན་ལྔས་འཆད་དེ། ལོ་རྒྱུས་ཀྱིས་ཡིད་ཆེས་པའི་ཁུངས་བཤད་པ་དང་། རྩ་བའི་དོན་གྱིས་དོན་ངེས་པར་གཞག་པ་དང་། ཡོ་གའི་དོན་གྱིས་ལྷག་པའི་ཕྱོགས་སུ་བརྟགས་པ་དང་། དགོས་ཆེད་ཀྱི་དོན་ཀྱིས་རང་བྱན་བསལ་བ་དང་། ཚིག་གི་དོན་གྱིས་དོན་རྟོགས་པར་བྱ་བའོ། །དེ་ལ་ལོ་རྒྱུས་ཀྱི་དོན་ལ་གསུམ་སྟེ། བྱིན་གྱིས་རླབས་ཀྱིས་བཤད་པ་ནི། སྟོན་པ་ཀུན་ཏུ་བཟང་པོ་བསམ་གྱིས་མི་ཁྱབ་པའི་གསུངས་བརྙེས་པས་རྡོ་རྗེ་སེམས་དཔའ་ལ་དགོངས་པས་བརྒྱུད་པའོ། །རང་གི་ངོ་བོས་བཤད་པ་ནི། ཐམས་ཅད་ཀྱང་སྙིང་པོ་བྱང་ཆུབ་ཡིན་པའི་ཕྱིར་སྐལ་པ་ཅན་ལ་མཐོང་ཐོས་ཀྱི་སྤྱོད་ཡུལ་གྱི་སྒོ་ནས་བརྗོད་པ་དང་འདྲ་བར་སྣང་བའོ། །ཚིག་སྡེབས་སྦྱོར་ལེགས་པས་བཤད་པ་ནི། མན་ངག་གི་ཡི་གེ་ཚིག་ལེགས་པར་བྱུང་བ་འདི། དགའ་རབ་རྡོ་རྗེ་མན་ཆད་དུ་རྣ་བ་ནས་རྣ་བར་བརྒྱུད་པ་དགོངས་སོ། །རྩ་བའི་དོན་ནི། རང་འབྱུང་གི་ཡེ་ཤེས་ནམ་མཁའ་ལྟ་བུ་བསྒོམ་བསམ་མེད་པའི་དོན་ཉིད་ལའང་བློའི་རྟེན་བཅའ་རུ་མེད་པས་སྟོན་པའོ། །ཡོ་གའི་དོན་ནི་ཤིན་ཏུ་རྣལ་འབྱོར་གྱི་སྡེའོ། །དགོས་ཆེད་ཀྱི་དོན་ནི་སྐལ་པ་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཚིག་གི་དོན་བཞི་སྟེ། མན་ངག་གི་སྣོད་བཟང་ངན་ཉེན་དང་ཆས་པར་བསྟན་པ་དང་། མན་ངག་བསྟན་པའི་དགོས་ཆེད་དང་། མན་ངག་རང་གི་གཞུང་བསྟན་པ་དང་། མན་ངག་གི་མཚན་གྱིས་ཆེ་བ་བསྟན་པའོ། །དེ་ལ་གཞུང་རྒྱས་པར་བཤད་པ་ལའང་གཉིས་ཏེ། གོལ་སྒྲིབ་ཀྱི་བདར་བཅད་པ་དང་ཨ་ཏི་ཡོ་ག་རང་གི་དོན་མ་ནོར་བར་བསྟན་པའོ། །དེ་ལ་རང་གི་གཞུང་ལ་གཟའ་གཏད་མེད་པའི་ལྟ་བ་དང་། དགག་སྒྲུབ་མེད་པའི་ཏིང་ངེ་འཛིན་དང་། བྱ་བརྩལ་མེད་པའི་སྤྱོད་པ་དང་། ཐོབ་ཟིན་པའི་འབྲས་བུ་དང་བཞི་སྟེ། སྐབས་ཀྱི་ཡན་ལག་དང་བཅས་པ་རས་ཆོད་ཅན་གྱི་ཆེད་དུ་དཀྲུགས་ཏེ་འཆད་པར་འགྱུར་རོ། །དེ་ལ་སྣོད་བཟང་པོ་ལ་བསྟན་པའི་ཡོན་ཏན་བསྟན་པའི་ཕྱིར། ཆེ་བའི་ཡེ་ཤེས་མི་འགྱུར་ཞིང་། གནས་པ་མེད་པའི་ཆོས་ཉིད་དུ་ཆུད་པའི་དོན་ཞེས་པ། ཆེ་བ་ལྔ་དང་ལྡན་པའི་རང་བྱུང་གི་ཡེ་ཤེས་ནི། འགྲེ་ལོག་སྤྱི་ཚུགས་གར་འགྲེས་ཀྱང་། སྙིང་པོ་བྱང་ཆུབ་ལས་མི་འདའོ། །དེ་སྒོམ་པའི་ཚེའང་། མཚན་ཉིད་མི་ཟིན་པའི་བློ་རྟེན་བཅའ་རུ་མེད་པས། བློ་ཉིད་མ་སྐྱེས་པ་ཡིན་པས་ཤིན་ཏུ་ནང་དུ་གྱུར་པར། །དུས་གསུམ་དུ་རྒྱལ་བས་མཁྱེན་པའི་ཤེས་བྱ་དེ་ཡང་སུ་ལ་བསྟན་ཞེ་ན། མ་ནོར་བའི་བློ་ཅན་ལ། སྐལ་པའི་ལས་འཕྲོ་བཅུད་དུ་འགྱུར་གྱི། ཞེས་པ་འདི་ཕྱིན་ཅི་མ་ལོག་པར་གོ་བའི་ཤེས་རབ་དང་ལྡན་པ་ལ་བརྟགས་ཏེ་བྱིན་ན། ཡོན་ཏན་ནི་སྐལ་པ་དང་། ལས་ཀྱི་འབྲེལ་པས་ཀུ་མུ་ཏ་དང་བུང་བ་ལྟ་བུར་འགྱུར་རོ། །གྱི་ནི་དེ་ལ་བལྡོགས་པ་དང་འབྲེལ་ཏོ། །སྣོད་ངན་གྱི་སྐྱོན་གང་སྙམ་པ་ལ། ཤེས་རབ་ཀྱིས་མ་ཟིན་པའི་བློ་ལ་ནི། སྐལ་པ་དང་མི་ལྡན་པས་འདི་ལ་སྐུར་པར་འགྱུར་རོ། །ཞེས་པ་གང་སྤྱན་དམ་པ་དང་བྲལ་བའི་ཤི་ཤ་ལ་འདི་ངོ་རྒར་སྤྲོས་པའི་སྐྱོན་ནི། ལས་དང་སྐལ་བས་མ་འབྲེལ་བའི་ཕྱིར་མི་མཐོང་བས། རང་ཉམས་དང་སྦྱོར་ཞིང་ཞེ་དང་ཐབས་དང་། དངོས་སུ་བསྐུར་བས་བེའུ་སྦྲེལ་གཡང་དུ་ལྷུང་བ་ལྟ་བུའི་ཕྱིར་རོ། །དེ་ལྟར་རིག་པས་སུའི་ཆེད་དུ་ཞེ་ན། ནམ་མཁའི་རྒྱལ་པོ་ཡེ་ཤེས་ཀྱི་སྐལ་པ་དང་ལྡན་པ་ལ་ཞེས་པས། དཔེ་གཉིས་ཀྱིས་མཚོན་པའི་ཡེ་ཤེས་ནི་ཡངས་གསལ་དུ་རྒྱ་ཆེ་བ་དང་། ཐམས་ཅད་ཀྱི་བདག་ཉིད་གོང་ན་མེད་པས་མི་རྩོལ་བའི་ཕྱིར་རོ། །དེ་མཐོང་བའི་སྐལ་བ་སུ་ལ་ཡོད་པའི་ཆེད་དུ་བསྟན་པ་ཡང་། སེམས་ཆོས་ཉིད་དུ་གྱུར་པའི་ཚིགས་སུ་བཅད་དེ་གསུངས་པ་ཞེས་པ། སེམས་ཡེ་ཆོས་ཉིད་ཡིན་པ་མངོན་དུ་བྱ་བའི་ཕྱིར་བཀའ་སྩལ་པའོ། །གཞུང་གི་ལྟ་བ་གང་སྙམ་པ་ལ། ཆོས་ཉིད་བསམ་དུ་མེད་པས་ནམ་ཀ་ཆེ་ཞེས་པ། རིག་པ་ནམ་མཁའ་ལྟ་བུར་ངོ་བོ་མི་རྙེད་ལ་ཡུལ་དང་བྲལ་བའི་ཕྱིར། འདུ་ཤེས་དང་བྲལ་བའི་གཏན་ཚིགས་ཀྱིས་སྙིང་པོ་བྱང་ཆུབ་ལ་དགོངས་པ་ངེས་པར་འགྲེལ་ཏེ། ཆེ་བ་ལྔ་དང་ལྡན་པར་བཞུགས་སོ། །ནམ་མཁའི་བསམ་པ་དེ་དག་ཀུན་དང་བྲལ་ཞེས་པ། ཐུན་མོང་ཞེས་པ་ཅི་སྨོས་ཀྱི་ཆོས་ཉིད་ནམ་མཁའ་ལྟར་འདུ་ཤེས་པའི་བྱེ་བྲག་ཀྱང་། མེད་པར་དགོངས་སོ། །འོ་ན་བསམ་དུ་མེད་པ་ཡུལ་དུ་བྱེད་དོ་སྙམ་པ་ལ། བསམ་དུ་མེད་པས་ནམ་ཀ་བསམ་པ་དག །ནམ་ཀར་མི་དམིགས་པར་ཡང་དམིགས་སུ་མེད། ཞེས་པ། གཞི་སྤྱོད་ཡུལ་དང་བའི་ཕྱིར། ཡེ་ཤེས་ནམ་མཁར་ལྟ་བ་རྣམས་ཀྱི་མི་དམིགས་པ་ཉིད་ལ་ཡུལ་དུ་བྱ་བ་མེད་དེ། དེ་ཉིད་རང་རིག་ཡིན་པ་དང་ཆེད་དུ་བྱེད་པ་ཉིད་དམིགས་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ནམ་ཀ་མཚན་ཉིད་ཀུན་ལས་རབ་འདས་པ། །མེད་པས་ནམ་མཁའ་ལ་ཡང་ནམ་ཀ་མེད་ཞེས་པ། ནམ་མཁའི་མཚོན་པའི་རང་རིག་པ་ནི། མཚན་ཉིད་རིལ་དུ་ཤར་བའི་ཕྱིར་འདི་འདྲར་ཕྱོགས་སུ་མ་གྲུབ་པའི་ཕྱིར་རོ། །དེ་ལ་བསམ་པས་ནམ་མཁའ་ལྟ་བུར་ཡང་གསལ་བར་བརྩམ་པ་དམིགས་པ་མེད་པའི་ཕྱིར། གཟའ་གཏད་དང་བྲལ་བ་ལ། དེ་ཉིད་ཀྱི་འདུ་ཤེས་ཙམ་ཡང་བྲལ་བའོ། །རྗེས་སུ་གཞུང་གི་སྒོམ་པ་གང་སྙམ་པ་ལ། ནམ་མཁའ་དེ་ཉིད་བསྒོམ་དུ་མེད་པ་ནི། བརྗོད་མེད་ནམ་མཁའ་བསྒོམ་དུ་མེད་པས་འདས་ཞེས་པ། ཐ་སྙད་དུ་བློ་གཞག་ཐབས་ནི། འོག་མ་ལྟར་དམིགས་པ་མ་ཡིན་ཡང་། བསྒོམ་དུ་མེད་པའི་ངང་ལ་འཇོག་གོ་ཞེ་ན། འདིར་བྱང་ཆུབ་སེམས་སྨྲ་བསམ་ཀྱིས་མི་བབ་པས། བསྒོམ་དུ་མེད་པར་འདུ་ཤེས་པ་ཉིད་ཀྱང་། ཆེད་དུ་བྱས་པའི་གཟུང་འཛིན་ཡིན་པའི་ཕྱིར། འདུ་ཤེས་ཐམས་ཅད་དང་བྲལ་བ་ཉིད་དྲན་པས་རང་གསལ་བའོ། །བསྒོམ་པའི་ངོ་བོ་ནི། འདས་པ་བརྗོད་དུ་མེད་དེ་མི་གནས་ན། །ནམ་མཁའི་ལུས་མེད་ནམ་མཁའི་སེམས་དང་བྲལ། །ཞེས་པ། གདོད་ནས་བསྒོམ་པའི་འདུ་ཤེས་གྲོལ་བའི་ཕྱིར། བསྒོམ་པ་ལས་གྲོལ་བར་ཡང་སྨྲར་མེད་དེ། བློའི་རྟེན་བཅའ་རུ་མེད་པར་ཐག་ཆོད་ན། སྒོ་གསུམ་དུ་འཛིན་པའི་འདུ་ཤེས་གྲོལ་བས། དྲུག་དང་་གཅིག་དང་དགག་སྒྲུབ་མེད་དེ། ཡིད་ལ་བྱེད་པ་ཐ་མལ་པ་དང་། ཅིག་ཤོས་པ་ཙམ་ཡང་མེད་དེ། ཤིན་ཏུ་མི་དམིགས་པས་ཡུལ་གྱི་གནས་མེད་པར་རང་གསལ་དུ་དགོངས་སོ། །དོན་དེ་ཚིག་གིས་མཚོན་པ་བྲལ་བར་བསྟན་པའི་ཕྱིར། མཉམ་དང་མི་མཉམ་ནམ་མཁའ་ལས་འདས་པ། །ནམ་མཁའ་མེད་པས་ནམ་མཁའ་ཁྱབ་པ་མེད། །ཞེས་པ། གང་སངས་རྒྱས་པ་དང་སེམས་ཅན་གྱི་ཆེ་ཆུང་མཐོན་དམན་ངང་གིས་མེད་པའི་ཆོས་ཇི་བཞིན་པ་ནི། ངོ་བོ་འདི་འདྲར་མེད་པས་རྒྱ་མ་ཆད་པའི་ཕྱིར་དེས་ཕར་བསྒོས་པའི་མེད་པའི་ཕྱིར། ཆོས་ཉིད་མཚོན་པར་འདི་ཞེས་མི་ནུས་སོ། །ཞེས་པ། བཤད་པའི་སྣང་སྟོང་དབུས་ཀྱི་ངོ་བོར་མི་ཟིན་པའི་ཕྱིར་ཏེ། འདི་སྐད་དུ། གྲོལ་དང་མ་གྲོལ་ལ་སོགས་པ། །གཉིས་སུ་རྟོག་པ་ཐམས་ཅད་མཐའ། །ཞེས་གསུངས་པས་ཐོག་ཏུ་མི་དབབ་པར་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཁྱབ་བྱའི་ཚིག་དོན་ལ་བགུད་ན་མེད་པས། ཁྱབ་བྱེད་ཀྱི་དོན་ཀྱིས་ཁྱབ་པར་བརྗོད་དུ་མེད་པའི་ཕྱིར་ཚིག་མ་སྤངས་པར་བྲལ་བའོ། །དགེ་སྡིག་སྙིང་པོ་མེད་ཅིང་དབུས་མཐའ་མེད། །ཞེས་པ། དེའི་ཕྱིར་དཀར་ནག་གི་ལས་ལ་བླང་དོར་མེད་པས་འབྲས་བུ་གཉིས་མ་གྲུབ་སྟེ། ལས་ཀྱི་དབང་དུ་མ་གྱུར་ཅིང་། བྱང་ཆུབ་སེམས་ངོ་བོ་མེད་པར་ཐམས་ཅད་དུ་རང་སྣང་བས། ཅིག་དང་དུ་མའི་མཐའ་མེད་ན། ལྟོས་ས་མེད་པར་དབུས་མི་རྙེད་དེ། གསུམ་ལས་གྲོལ་བའོ། །འོ་ན་དེ་ལ་དམིགས་སོ་སྙམ་པ་ལ། དབང་པོ་རང་གི་བློ་མེད་སྤྱོད་ཡུལ་བྲལ། །ཞེས་པ། རང་གི་ཡུལ་རང་སེམས་རང་སྣང་བས་ཡུལ་ལོགས་སུ་མ་གྲུབ་བོ། །འོན་ན་སེམས་ཡོད་དོ་ཞེ་ན། རྐྱེན་གཞི་མ་གྲུབ་པས། སེམས་རང་རང་གི་ཤེས་རབ་ཀྱི་དབང་པོའང་། དངོས་གཞི་མཐའ་གསུམ་དུ་མ་སྐྱེས་པའི་ཕྱིར། སྤྱོད་ཡུལ་གཉིས་སུ་མེད་པར་རང་རིག་རང་གསལ་ལོ། །དེ་ལས་གོལ་བ་ནི། ཡུལ་མེད་སྒྱུ་མ་ཡུལ་ལ་སྤྱོད་པས་འཁྲུལ། །ཞེས་པ། དེ་ལྟ་བུའི་ངང་ལ་བྱ་བའི་རྣལ་འབྱོར་པ་དག །ཀུན་རྫོབ་སྒྱུ་མ་དང་དོན་དམ་པ་མ་སྐྱེས་པ་ལ་ཀུན་རྫོབ་ཏུ་དམིགས་པ་ནི། བྱ་བ་མེད་པའི་ཡུལ་རྣལ་འབྱོར་པ་ལྟར་མ་རིག་པའི་ཕྱིར་ནོར་པ་ཁོ་ནའོ། །མདོ་སྡེའི་གོལ་ས་དེ་བཟླས་ཏེ་མི་གནས་པར་བསྟན་པའི་ཕྱིར། ཚིག་ཉིད་མེད་དེ་ཚིག་ཕྱིར་འབྲང་བའང་མེད། །གང་ཟག་སྒྱུ་མ་བཀྲི་དོན་བདེན་གཉིས་མེད། །ཞེས་པ། བཤད་པ་ལྟར་ཚིག་ཡུལ་དུ་མ་གྲུབ་པས་འདི་ལ་རྗེས་སུ་འབྲང་བ་མེད་པས་སྒྲའི་རྣལ་འབྱོར་མ་ཡིན་ནོ། །དེ་བས་ན་ཀུན་རྫོབ་སྒྱུ་མར་གང་ཟག་གཉིས་ལྟ་ལ་འཆོལ་བ་དྲང་བའི་ཕྱིར། གསུངས་པའི་བདེན་པ་གཉིས་དང་གདོད་ནས་བྲལ་བས། དོན་དམ་ཆོས་ཞེས་ལྷག་པར་བཤད་པ་མེད། །ཅེས་གསུངས་སོ། །དེ་བས་ན། །བག་ཙམ་གཏོད་སེམས་དེ་དག་གཡང་ས་ཆེ། །ཞེས་པ། དབུགས་འབྱུང་བ་རྒུའི་ཡུན་དུ་བདེ་བ་གཉིས་ལ་ཡུལ་དུ་འཕྲོ་བའང་འདི་ལས་ལྟུང་ན། སྒྲ་འགོག་པས་ཐམས་ཅད་དུ་ཡུལ་དུ་དོན་བྱེད་ན་ཤིན་ཏུ་ཡ་ཚའོ། །དེའི་ཕྱིར་འདི་ལ་ཁྱད་པར་མེད་དེ། དོན་བྲལ་དེ་ལ་སེམས་མེད་ཆད་པ་མེད། །ཞེས་པ། ལྷག་པའི་རྣལ་འབྱོར་པའི་ཕྲིན་ལས་བདག་གཞན་དོན་དུ་བྱེད་པའི་འདུ་ཤེས་དང་། བྲལ་བའི་རིག་པ་ལ་འགྲོ་དོན་མཚན་མར་འདུ་ཤེས་ཀྱི་སེམས་དཔའང་མེད་ལ། དོན་རྒྱུན་ཆད་པའང་མེད་པས་འཕྲིན་ལས་ཀྱི་གོལ་སའང་བསལ་ཏོ། །ཏིང་འཛིན་ཆེ་བའི་ལུང་དེ་དོན་བྲལ་ཆེ། །ཞེས་པ། ལམ་དང་འབྲས་བུ་ཐམས་ཅད་ལྷུན་གྱིས་གྲུབ་པའི་ངོ་བོར་རང་རིག་པ་གསལ་ལ་མི་གཡོ་བ་ནི། ཡུལ་དུ་མེད་པའི་ཕྱིར་རྩེ་གཅིག་པ་ཆེན་པོ་སྟེ། སྒྲོ་སྐུར་དང་བྲལ་བ་དེ་ཡང་བཤད་པ་ལྟར་བདག་དོན་གྱི་ལས་རྩོལ་བ་མེད་པས་འཕགས་པའོ། །སྐྱེ་འགག་མེད་པ་དེ་ཉིད་ཉན་པ་ཡིན། །ཞེས་པ། སུས་སྐྱེ་འགག་མེད་པའི་དོན་གདེང་དུ་བྱས་པ་དེས། བསམ་གྱིས་མི་ཁྱབ་པའི་ཆོས་ཐོས་པ་ཡིན་པའི་ཕྱིར་བདག་དོན་གྲུབ་པའོ། །དེ་ཡང་ཚིག་ཚོགས་རྒྱ་མཚོ་ཐོས་པ་མིན། ཚིག་ཅིག་གོ་བ་ཐོས་པའི་མཆོག །ཞེས་གསུངས་སོ། །འོ་ན་གཞན་དོན་རྒྱུན་ཆད་དོ་ཞེ་ན། སེམས་མེད་མ་སྐྱེས་དོན་མེད་བྲལ་བ་མེད། །ཞེས་པ། ཡུལ་ཅི་ཡང་ཡིད་ལ་བྱེད་པ་དང་བྲལ་བའི་རང་རིག་དངོས་གཞི་མི་ཟིན་པས། བདག་མེད་པའི་ཕྱིར་བདག་དོན་ཆེད་དུ་བྱ་བའང་མེད་ལ། བདག་ཉིད་དུ་ལྷུན་གྱིས་གྲུབ་པས་གཞན་གྱི་དོན་བྲལ་བའང་མེད་པར་དགོངས་སོ། །དེ་བས་ན་བདག་དང་གཞན་གྱི་དོན་དུ་དཔྱོད་པའང་འཁྲུལ་པར་འཆད་དོ། །དོན་ལ་མཚོན་པར་རྒྱལ་པས་གང་གསུངས་པ། མཚོན་ཅིང་རྟོགས་པར་བྱ་བ་དེ་ཉིད་ནི། ཚད་མར་གཟུང་ཕྱིར་འཛིན་པ་དེ་སྐྱེས་ཏེ། དེ་བས་མཚོན་བྱེད་སེམས་ཀྱི་རྒྱུད་ལ་འཁོར། ཞེས་པ། འདིར་བྱ་བྱེད་གདོད་ནས་མེད་པའི་དོན་ལ། བདེ་བར་གཤེགས་པས་དམན་དོན་དུ་ཚིག་དང་དཔེས་མཚོན་ཅིང་། གཏན་ཚིགས་ཀྱིས་གཞན་ལ་གྲུབ་པའི་མཐའ་རྟོགས་པར་བྱ་བ་བཀའ་སྩལ་པ་ནི། དངོས་པོའི་གཞལ་བྱ་ལ་ཚད་མ་གཉིས་ཀྱི་གཏན་ཚིགས་ཀྱིས། མཐོང་བར་བྱེད་པའི་ཐབས་ཉིད་ནི་འཁྲུལ་ཏེ། གྲུབ་མཐའ་བདེན་པར་བྱ་བའི་ཆེད་དུ་དཔྱད་པས། སྟོང་པར་ལ་མ་ནོར་བར་འཛིན་པའི་འདུ་ཤེས་སྐྱེས་ཏེ་མཚན་མའོ། །དེ་ཡང་སྤྱོད་པ་ཞུགས་ན་རྟོག་པའི་གཞི། རྟོག་པར་ཞུགས་ན་དམིགས་པའི་རྟེན། །དམིགས་པ་ཞུགས་ནི་འཛིན་པའི་གཟུངས། །དེ་རྣམས་བདུད་ཀྱི་སྤྱོད་ཡུལ་ཏེ། །ཞེས་གསུངས་སོ། །གཏན་ཚིགས་དེས་ན་དཔྱོད་སེམས་མེད་པ་ནི་རྩོལ་བའི་རྒྱུད་དུ་ལྡོག་པའོ། །འོ་ན་འདིར་མ་དཔྱད་པར་གོ་རུ་བཏུབ་བམ་ཞེ་ན། དཔེར་ན་ནོར་བུ་རིན་པོ་ཆེ་ལྟ་བ་ལ་འཆིང་བུ་བསྟན་པས་མི་མཐོང་བ་ལྟར། དཔྱད་དུ་མེད་པའི་དོན་དཔྱད་དུ་མེད་པར་བསྟན་པ་ཉིད་ཀྱིས་གོ་སྟེ། དཔྱད་པར་བསྟན་པས་མཐོང་བར་མི་འགྱུར་ཏེ། གཉིས་པའི་འདུ་ཤེས་བསྐྱེད་པའི་ཕྱིར་རོ། །དེས་ན་གཏན་ཚིགས་ཀྱི་གོལ་ས་མེད་དོ། །ཉན་ཐོས་རང་རྒྱལ་གྱི་གོལ་ས་བསྟན་པའི་ཕྱིར། ཏིང་འཛིན་བདེ་བའི་རོ་ལ་ཆགས་པ། ཡོད་མེད་རྒྱུ་ལ་མི་ལྟོས་ཆོས་ཉིད་ཡིན་ཞེས་པ། ལྷག་པའི་རྣལ་འབྱོར་པ་ཡུལ་དུ་དམིགས་པར་བྱེད་པས། ལུས་སེམས་སལ་སལ་པོ་དང་། རྒ་བ་ཡང་ཡང་པོ་ཞིག་ཏུ་མྱོང་བ་ལ་ཆགས་ནས། དེ་འདོར་མི་ཕོད་པ་སྐྱེ་བ་ལ་མ་ནོར་བར་འཛིན་པ་ནི། སྣང་སྟོང་གི་རྒྱུ་ལ་བློའི་རྟེན་བཅའ་རུ་མེད་པའི་ཆོས་ཉིད། གང་ལའང་རག་མ་ལུས་པ་མཐོང་བ་མ་ཡིན་ནོ། །དེ་བས་ཆགས་པའི་གནས་ལ་ཏིང་འཛིན་ན། །ཞི་བའི་ས་སྟེ་མྱ་ངན་དེ་མི་འདའ། །ཞེས་པ། ཚིག་སྔ་མའི་གཏན་ཚིགས་ཀྱིས་སྣང་སྟོང་གི་མཐའ། ཞེས་པས་རྩེ་གཅིག་ཏུ་བྱེད་པས་བྱུང་ཚོར་འགོག་པ་ནི། བྱིས་པའི་མྱ་ངན་ལས་འདས་པའི་ས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་མི་ཐོབ་སྟེ། རེ་དོགས་ཀྱི་མྱ་ངན་ཡོད་པའི་ཕྱིར་རོ། །དབུ་མའི་ཏིང་ངེ་འཛིན་གྱི་གོལ་ས་བསྟན་པའི་ཕྱིིར། རང་སེམས་མ་བཅོས་མ་སྦྱངས་ཆོས་ཉིད་དེ། ཏིང་འཛིན་སྒྱུ་མས་སྦྱོང་ན་སྒྱུ་མའི་ནད། །ཞེས་པ། ཆོས་སོ་ཅོག་རང་གི་སེམས་སྣང་བ་ལ་བྱེད་པ་པོ་དང་དྲི་མ་མེད་པའི་ཕྱིར། མ་བཅོས་མ་སྦྱངས་པའི་ཕྱིར་ཆོས་ཉིད་དོ། །དེ་ལྟ་བུའི་ངོ་བོ་ཡིན་པ་ལ། དམན་པ་དག་ཀུན་རྫོབ་བརྫུན་པ་ཙམ་དུ་བསྒོམས་པས་ཞེན་པ་དག་ནས་ཆོས་ཉིད་འཐོབ་པར་འདོད་པ་དང་། མི་རྟོག་པས་སྦྱོང་བའང་ལྟོས་ན་བརྫུན་པས་དཔེ་དང་མཐུན་ཏེ། སླར་ལྟ་བའི་དམིགས་ནད་དུ་གྱུར་ནས་འདི་མཐོང་བར་མི་འགྱུར་བའོ། །འོ་ན་འདིར་ཇི་ལྟར་འདོད་ཞེ་ན། རང་བྱུང་ཡེ་ཤེས་དབང་ལ་མི་རྟེན་པས། རེ་ཞིང་དོགས་པའི་མཐའ་ཀུན་རྣམ་པར་ཞི། །ཞེས་པ། གང་རྒྱུ་རྐྱེན་གྱི་དབང་དུ་རག་མ་ལས་པར་ཤར་བའི་ཡེ་ཤེས་ཆེན་པོ། །གདོད་ནས་འབྲས་བུ་ལྷུན་གྱིས་རྫོགས་པའི་ངོ་བོ་ཆོས་ཉིད་ལ། བློའི་རྟེ་བཅའ་རུ་མེད་པའི་ཕྱིར། འབྲས་བུ་དང་འཁོར་བའི་གཡང་ས་ལ་སེམས་གཉིས་པའི་ཟུག་རྔུ་ཞི་བ་ཁོ་ནའོ། །འོ་ན་འདིར་རེ་དོགས་ཞི་བའི་དོན་ལ་དམིགས་སོ་སྙམ་པ་ལ། ནམ་མཁའི་མཐའ་ཀུན་མེད་དེ་ཕྱོགས་མེད་ན། །ཞི་དང་མ་ཞི་མེད་དེ་ཆོས་རྣམས་བྲལ། །ཞེས་པ། ཤིན་ཏུ་རྣལ་འབྱོར་པས་ནི། ཡེ་ཤེས་ཀྱི་ནམ་མཁའ་ནི་མཐའ་གང་གིས་ཀྱང་མ་རེག་པ། ཀུན་གྱི་དངོས་གཞིར་གྱུར་པའི་ཕྱིར། ཕྱོགས་ཆ་གཉིས་པ་གར་ཡང་རྒྱ་ཆད་པ་མེད་པར་གནས་པ་གདེང་ཆུད་ན། རེ་དོགས་ཀྱི་ཟུག་རྔུ་གདོད་ནས་མེད་པ་ལ། གཉིས་པས་སུས་གདགས་ཏེ་ཆེད་དུ་བྱེད་པའི་ཞེན་པར་རང་བྲལ་བ་སྙམ་མོ། །དེ་བས་ན་ཡེ་ནས་དག་དང་མ་དག་ཞི་བའང་མེད་ཞེས་པ། གདོད་ནས་དྲི་མ་རང་དག་ལ་གཉིས་པར་མེད་པས་བདེ་བར་འདོད་པ་མི་འབྱུང་བའོ། །ཞེ་བས་སྒྲ་མེད་ཐོག་མ་མཐའ་ལས་འདས། །ཞེས་པ། མཐའ་རིལ་ཡེ་ནས་རང་ཞི་བའི་ཕྱིར་མ་ཞི་བ་ཞི་བར་མ་གྱུར་པས། དེ་ཉིད་ཀྱི་མིང་མི་ཐོགས་ཏེ། དེ་ལ་ཐོག་མཐའ་མེད་དེ་དུས་གསུམ་མཉམ་པ་ཉིད་དོ། །དེའི་ཕྱིར། རེ་མེད་དོགས་མེད་མཐོང་བའང་མེད། དག་དང་མ་དག་ཡེ་ཤེས་ཚིག་མཐའ་བྲལ། ཚིག་ཏུ་འཛིན་མེད་ཡེ་ཤེས་ཡེ་ནས་དབེན། །ཞེས་པ། རྒྱུ་འབྲས་གཉིས་སུ་མེད་པའི་ཕྱིར་རེ་དོགས་མེད་པ་ནི། བརྗོད་པའི་ཡུལ་མེད་དེ་མི་ཕེབས་ཤིང་། ཉན་སྟོན་མེད་པ་དང་རྣམ་པའི་གཟུགས་སུ་མེད་པས་ཡུལ་དུ་མེད་པ་ནི། བཤད་པ་ལྟར་ཚིགས་ཐམས་ཅད་མཐའ་ཡིན་པས། མཐའ་ལས་ངང་གིས་བདེན་པའི་དོན་ལ་སྒྲ་ཡིད་ལ་བྱེད་པ་དང་། འདུ་ཤེས་ཀྱི་འཛིན་པ་མེད་པར། ཡེ་ནས་རང་གསལ་ཞེན་བྲལ་ནི་གདོད་ནས་ཚད་མའི་མཆོག་གོ །གཅིག་དང་དུ་མར་ཞི་བས་རང་བཞིན་མེད། །ཞེས་པ། བྱང་ཆུབ་སེམས་ཡེ་ཤེས་ནམ་མཁའི་རྒྱལ་པོ་ཉིད་ཐམས་ཅད་ཀྱི་རྒྱལ་པོ་ཉིད་བྱེ་བྲག་ཏུ་རང་སྣང་ཡང་། གཅིག་གི་ཕྱོགས་སུ་མ་གྱུར་ཏེ། ཤིན་ཏུ་གཅིག་པ་ལ་མཐའ་གཉིས་ཞི་བའི་ཕྱིར། དབུས་ཀྱང་མེད་པས་རང་བཞིན་འདིར་འདྲར་མི་རྙེད་པའོ། །འདི་ཐོས་མི་སྡང་གང་མོས་ནམ་མཁའ་ནི། །ཞེས་པ། དེ་ལྟར་མཐའ་ཟུང་ལྔ་བྲལ་བའི་དོན་ཐོས་ནས། ཟབ་མོ་ལ་བཟོད་པ་ཐོབ་སྟེ་སླར་མོས་པ་ནི། ཡོན་ཏན་ཡང་དག་ཏུ་མེད་ནའང་འདི་མཐོང་བའི་སྤྱན་ཡོད་པའང་ཡིན་ནོ། །དེ་ལ་བསྟན་པར་བྱ་བ་ནི། དངོས་པོ་མེད་ཕྱིར་ཞི་བས་ཆད་པའང་མེད། ཀུན་ལ་ཁྱབ་པར་རྟག་པའི་ངོ་བོ་བྲལ། །རྟག་ཆད་དབྱེར་མེད་སྣང་སྟོང་ཀུན་མེད་དོ། །ཞེས་པ། བཟོད་པ་པོ་རང་གི་སེམས་རང་བྱུང་གི་ཡེ་ཤེས་ཀྱི་ནམ་མཁའ་ནི། སྣང་སྟོང་གི་དངོས་པོའི་ཟུག་རྔུ་བྲལ་བའི་ཕྱིར། གློ་བུར་ཆད་པ་མེད་ཀྱང་ཐེར་ཟུག་མེད་དེ། དེ་ཉིད་ཀུན་ཀྱི་དངོས་གཞིར་རང་ཤར་བའི་ཕྱིར། གཅིག་ཏུ་རྟག་པའི་མཐའ་དང་བྲལ་ཡང་། དེ་གཉིས་མ་སྤངས་དབྱེར་མེད་པའི་ཕྱིར། སྣང་སྟོང་རིལ་ཡང་བྲལ་བར་དགོངས་སོ། །འོ་ན་མཐའ་མེད་པའི་སེམས་ཡོད་དོ་ཞེ་ན། སྐྱེ་འཇིག་འབྱུང་ཕྱིར་བདག་མཐའ་ཡེ་ནས་མེད། །ཞེས་པ། བདག་གི་དངོས་པོ་གྲུབ་ན་བརྟན་པར་རིགས་ཏེ། སྐྱེ་འཇིག་གི་གཏན་ཚིགས་ཀྱིས་བདག་གི་ངོ་བོ་ངེས་པར་མི་རྙེད་པར་ཐེ་ཚོམ་མེད་དོ། །བྱ་བརྩལ་དང་བྲལ་བའི་སྤྱོད་པ་བསྟན་པའི་ཕྱིར། སྐུ་གསུང་ཐུགས་དང་བྲལ་བས་ཆེ་བའི་མཆོག །སྔགས་དང་ཕྱག་རྒྱར་བྲལ་ཡང་ཉམས་པ་མེད། །ཞེས་པ། འདིར་ལྷུན་གྱིས་དམ་ཚིག་བཞི་མངའ་བ་ལ་རྩ་བ་གསུམ་ཆེད་དུ་བསྲུང་བ་དང་བྲལ་བས་ལྷག་སྟེ། བཟླས་བསྒོམ་ལ་སོགས་པའི་རྩོལ་བ་མ་བྱས་ཀྱང་། དོན་དང་མ་བྲལ་ན་བཀའ་ཆད་མི་འབྱུང་བའོ། །ཕྱི་ནང་སྒོ་ཕུགས་བྲལ་བས་རྒྱ་ཆེན་ནང་པ་ཉིད། །ཞེས་པ། ཡུལ་ཤེས་དང་རྒྱུ་འབྲས་ཀྱི་ས་རིམ་པར་མི་བགྲོད་པའི་ཕྱིར། ཀུན་ཏུ་ནང་ཉིད་ལ་སྒོ་ཕུགས་འབྱེད་པའི་རྩོལ་བ་མེད་དོ། །འོན་ཏེ་ན་འདི་ནི་དལ་བ་སྟེན་ཅིང་རང་ཉམ་དུ་འདུག་གོ་ཞེ་ན། དཀའ་སྤྱོད་ཅིངའང་མི་སྤོང་སྟེ། སྤྱོད་བཞིན་བརྩལ་བ་མེད་པ་ཡིན་པས་འཇུག་ཏུ་མེད་པར་ཤེས་པ་ཉིད་ཞུགས་པར་མཇལ་ཏོ། །མཐའ་དབུས་ཀུན་དང་བྲལ་བས་སྟོང་པ་ཉིད། །ཞེས་པ། རྩོལ་བ་མེད་པ་ནི་བཤད་པ་བཞིན་མཐའ་གསུམ་རང་དག་པའི་ཕྱིར། འབྲས་བུའི་བཅུད་དམ་པ་རང་རིག་པའོ། །དེས་ན་བདེ་དང་མི་བདེ་མཉམ་ཉིད་ཡེ་ནས་མེད། །ཞེས་པ། ལྷུན་གྱིས་གྲུབ་པའི་སྙིང་པོར་སེལ་མེད་པ་ལ་སངས་རྒྱས་བླར་མ་ཕྱུང་། སེམས་ཅན་མར་མ་བསྙིགས་པས། ཆེ་ཆུང་ཀ་ནས་མེད་པའི་དོན་ཀྱི་དབང་དེས་རྩོལ་བ་མེད་པར་དགོངས་སོ། །འོ་ན་རྗེས་སུ་འཇུག་པའི་བསམ་པ་ཇི་ལྟ་བུ་སྙམ་པ་ལ། འཛིན་མེད་བློ་ནི་གང་དུའང་མི་སྐྱེ་ན། བྲལ་དང་མ་བྲལ་དངོས་མེད་གཟུང་དུ་མེད། །ཞེས་པ། དོན་དེ་ཉིད་རག་རིག་པ་ཡིན་པར་མཇལ་བའི་མི་ཆེད་པོ་ནི། ཆོས་ཉིད་དུ་འདུ་ཤེས་པར་མི་བྱེད་བསམ་པ་སྣང་སྟོང་དང་མཐའ་དང་བྲལ་མ་བྲལ། གང་དུའང་རྒྱུད་དུ་སྐྱེ་བ་མེད་པ་ཡིན་པའི་ཕྱིར། འདིར་མཐའ་དང་མ་བྲལ་བ་ལྟ་ཅི་སྨོས་ཀྱི། བྲལ་བའང་ཡུལ་དུ་མི་བྱེད་པས། གནས་སྐབས་ཀྱི་ཆེད་དུ་བྱེད་པ་ཉིད་དུའང་བྲལ་བས། ཚིག་བརྗོད་བསམ་ཡུལ་ལས་འདས་པར་ཐེ་ཚོམ་མེད་དོ། །ལྷུན་གྲུབ་ལ་ཡང་བདག་གཞན་འབྱེད་པ་མེད་པ་བསྟན་པའི་ཕྱིར། སེམས་ཉིད་ཆོས་པས་སེམས་ལ་སྐུ་མི་མངའ། །སྒྲ་ལས་འདས་པས་སྒྲ་ཉིད་ཡེ་ཤེས་དེ། །ཞི་བའི་འོད་གསལ་གདོད་ནས་ལྷུན་གྱིས་གྲུབ། །བྱང་ཆུབ་སེམས་ཅན་དོན་ནི་བཅོས་སུ་མེད། །ཞེས་པ། བདག་ཉིད་ཀྱི་སེམས་ཆོས་སོ་ཅོག་གི་དངོས་གཞི་བས། སེམས་ལ་གཟུགས་འདི་འདྲར་མེད་པས་སྒྲ་ཡིས་བསྟན་པ་ལས་འདས་པའི་ཕྱིར། སྒྲ་སྣ་ཚོགས་ཀྱང་རང་རིག་པའི་ཡེ་ཤེས་རང་སྣང་བའོ། །དེས་ན་གཟུགས་སྒྲ་དྲན་རྟོག་རིལ་རང་སར་རང་དག་པས། རྟོག་རྔུ་མེད་པའི་ཡེ་ཤེས་ནི་སྐུའི་འོད་ལ་བཞུགས་ཤིང་གསུང་གི་ཟེར་ལ་རོལ་སྟེ། ཡིད་བཞིན་གྱི་བློ་གྲོས་ཀྱི་ཐུགས་སུ་ཞུགས་པ་ལ། དངོས་པོ་གཉིས་ཀྱི་སེལ་མེད་པས་བྱ་བྱེད་དང་བྲལ་བའོ། །འོ་ན་མྱ་ངན་ལས་འདས་པའི་མཐར་ལྟུང་ངོ་བར་དོགས་པ་ལ། འགྱུར་བས་ཆགས་པའི་ཡུལ་མེད་དེ། །མི་འགྱུར་ཡེ་ཤེས་ངོ་བོ་མེད་ཅེས་བྱ། །ཞེས་པ། རྐྱེན་གྱིས་མ་ངེས་པ་ལས་གྲོལ་བའི་ཡེ་ཤེས་ནི། ངོ་བོར་མ་ངེས་པ་ལས་ནོར་བུ་རིན་པོ་ཆེ་ལྟར། མ་བརྩལ་བར་རེ་བ་སྐོང་སྟེ་བསམ་པ་ལྟར་སྣང་བའི་ཕྱིར། རྣམ་པར་བྱང་བའི་ཡུལ་དུའང་མེད་དོ། །འོ་ན་རྩ་བྱུངས་སུ་འགྱུར་རོ་སྙམ་ན། ངོ་བོ་ཉིད་རྟག་པ་ཆེན་པོར་བཞུགས་པ་ནི། རྒྱུན་སངས་རྒྱས་པའི་ཐུགས་ཏེ་ངོ་བོ་རྒྱལ་བ་ཉིད་ཀྱིས་ཀྱང་བསྟན་དུ་མེད་པའོ། །གསང་སྔགས་ཀྱི་གོལ་ས་བསྟན་པའི་ཕྱིར། མི་འབྱུང་མི་འཇུག་བདག་མེད་དབང་པོས་སྟོན། མཚན་མ་འཇིལ་བའི་སྐུ་མེད་དག་བསྟན་སྟོང་། །ཞེས་པ། འདིར་ཐམས་ཅད་བདག་ཡིན་ལ། བདག་ཀྱང་ཐམས་ཅད་ཡིན་པའི་ཕྱིར་བདག་གཉིས་བྲལ་བས་བདག་པོའི་རྐྱེན་ཡང་མ་གྲུབ་པའི་ཕྱིར། རྐྱེན་གཞི་ལས་ཡེ་ཤེས་མི་སྐྱེ་དབྱིངས་ལའང་མི་འཇུག་ན། སྐྱེ་བོ་པའི་ཅི་སྨོས་ཏེ་ཡུལ་དང་བྲལ་ལོ། །དེ་བས་ན་ཞེན་པ་ཡོད་ན། བཟློག་པའི་ཕྱག་རྒྱ་སོ་སོའི་གཞུང་ལྟར་བསྒོམ་གྱི། དགྲ་མེད་ན་ཟོན་ཆས་ཅི་དགོས་ཏེ། ཀུན་རྫོབ་ལྷག་པའང་མི་འདོད་དོ། །དེ་བས་ན་ཡུལ་སེམས་སོ་སོར་དག་པ་གསུམ་གྱིས། དོན་དམ་པར་བསྟན་པའང་འདིར་མ་གྲུབ་པའོ། །འོན་ཏེ་ཕྱག་རྒྱ་དང་དག་པའི་སྟོང་པ་ཉིད་ནི་ལོག་པའི་བདེན་གཉིས་ཏེ། རོ་གཅིག་བདེ་བའི་དབྱིངས་སུ་རོལ་བ་དང་། དབྱེར་མེད་བདེ་ལ་ཆགས་དང་མ་བྲལ་ན། དུས་གསུམ་མཉམ་པ་ཉིད་ཀྱང་འབྱུང་འཇུག་གོ །ཞེས་པ། དེ་ལྟར་སྣང་སྟོང་འཇའ་ཚོན་ལྟར་སེམས་ཉིད་དུ་དབྱེར་མེད་པ་ནི། བདེན་པ་གཉིས་མེད་དེ་ལྟར་ངན་གྱི་རྟོག་རྔུ་མེད་པ་མཉམ་པ་ཉིད་ཀྱི་དབྱིངས་དང་། དེ་རྟོགས་པའི་རིག་པ་གཉིས་མེད་པར་བསྒོམ་པའི་ཏིང་ངེ་འཛིན་གྱི་རོ་ལ་ཆགས་པས་མ་བཏང་ན། ཁྱེད་ཀྱི་ལྟ་བ་དུས་གསུམ་དུ་རྐྱེན་གྱིས་སྣང་བའང་། རང་རིག་ཏུ་མཉམ་པར་འདོད་པ་ཉིད་བློ་ཡུལ་ཅན། དམིགས་པའི་ལྟ་བ་བདུད་ཀྱི་ལས་ཏེ། ཐེན་ཚེར་འཛུད་པས་ནམ་མཁའ་མི་མཐོང་བ་དང་། ཁྲེའི་འབུ་ཐུ་བས་ས་གཞིར་མི་མཐོང་བ་ལྟ་བུའི་ཕྱིར་རོ། །འོ་ན་མ་ནོར་བ་གང་སྙམ་པ་ལ། ལེན་མེད་འཛིན་དང་ཡོངས་སུ་བྲལ་བས་ན། །དུས་གསུམ་མཉམ་ཉིད་རྡོ་རྗེ་སེམས་དཔའ་ཆེ། །ཞེས་པ། འདིར་བྱ་བྱེད་མེད་པས་དང་དུ་བླང་བའི་འདུ་ཤེས་མེད་པའི་ཕྱིར། གསུམ་གྱི་རྒྱུ་རྐྱེན་སྣང་བའང་ཡེ་ཤེས་རྡོ་རྗེ་ཤིན་ཏུ་གཅིག་པ་ལ། གསུམ་བཟང་ངན་མེད་པས་ཡུལ་དུ་མི་ཕྱེད་པས། གཉིས་མེད་པའི་རིག་པ་སྐད་ཅིག་མའི་མི་རྟག་པ་བྲལ་བའི་ངང་ཉིད། རང་གསལ་བ་ལ་མི་གཡོ་བས། བདུད་ཀྱི་ལྟ་བ་རིལ་ཟད་པར་བཅོམ་པས། ཁྱད་པར་དུ་སྤགས་པའོ། །དེས་ན་ཀུན་གྱི་བདག་ཉིད་དུས་གསུམ་དབྱིངས་མི་གཡོ། ཞེས་པ། སྣང་བ་ཐམས་ཅད་རང་རང་གི་སེམས་སྣང་བས། ཡུལ་མེད་པའི་ཤེས་པ་རང་ས་ན་མ་འདྲེས་པ་ཉིད། རིགས་རྒྱུད་མེད་པས་ཤིན་ཏུ་གཅིག་པས། མ་འ དྲེས་ལ་ཡོངས་སུ་རྫོགས་པར་སྣང་བའི་ཕྱིར། སེམས་ཉིད་ནི་ཆོས་ཀུན་ཀྱི་བདག་ཉིད་ཆེན་པོ་སྟེ། དུས་གསུམ་དུ་ལྷུན་གྱིས་གྲུབ་པའི་དབྱིངས། མི་འགྱུར་བར་རིག་པའི་ཤེས་རབ་སྤྱན་ཡང་རྗེས་སུ་མཐུན་པར་དགོངས་སོ། །ལམ་གཞན་གྱིས་མི་འགྲུབ་པའི་ཕྱིར། ལྟ་བ་འདི་མེད་སྤྱོད་པ་སྒྱུ་མས་འཆིང་། ཞེས་པ། གཟའ་གཏད་དང་བྲལ་བའི་ཤེས་རབ་ཀྱི་སྤྱན་གྱིས་དབུལ་བའི་མིས། དཀར་ཕྱོགས་ཟད་པར་སྤྱད་ཀྱང་། མི་བདེན་པའི་འདུ་ཤེས་ཀྱི་ཞགས་པས་བསྡམས་པའི་ཕྱིར། ལྟ་བ་འདིས། མ་ཟིན་འཁོར་བ་ལས་མི་འདའ། །ཞེས་པ། ཡེ་ཤེས་ཀྱི་བདུད་རྩི་དང་བྲལ་བས། དཀར་པོ་འདུ་ཤེས་ཀྱིས་བསྲབས་པས། རྣམ་སྨིན་ཅིག་ཤོས་སྦྱངས་པའི་ལྷ་མི་ཙམ་འགྲུབ་པའོ། །དེ་ཡང་བླ་མ་མཆོད་དང་གཏོང་བ་དང་། དེ་བཞིན་བསོད་ནམས་ཐམས་ཅད་ཀྱང་། མ་ཆགས་མི་གཡོ་སྟོབས་མེད་ན། །བྱངས་ན་འཆིང་བ་ཆེན་པོར་འགྱུར། །ཞེས་གསུངས་ཏེ། ལམ་འདི་མ་རྟོགས་པར་ལམ་གཞན་གྱིས་ཡང་དག་པར་འཚང་མི་རྒྱ་བའི་ཕྱིར་རོ། །འོ་ན་ལོག་པ འི་ལམ་དང་མ་ལོག་པར་འཛིན་པ་ཡོད་དོ་ཞེ་ན། ཕྱིན་ཅི་ལོག་དང་མ་ལོག་བྱང་ཆུབ་སྟེ། བྱང་ཆུབ་ཉིད་ལ་ལོག་དང་མ་ལོག་མེད། །ཞེས་པ། གང་རང་བཞིན་དང་རྐྱེན་ཀྱིས་ནོར་བ་དང་མ་ནོར་བ་རིལ་ཡང་། ལོག་པ་པོ་མ་དམིགས་པས་ལོག་བརྡོ་བའང་སུ་ཞིག་ལོག་སྟེ། ངོ་བོ་མེད་པའི་ཕྱིར་ལྷག་པའི་ཆོས་སྐུའོ། །ཡང་དག་པ་ཉིད་མ་ལོག་པ་ཞིག་དུ་ཡང་རང་རྒྱུད་དུ་མེད་དེ་གདོད་ནས་གཉིས་དང་བྲལ་བའོ། །དེ་ཡང་ལུང་ལས། སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པས། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུངས་ཏེ། རིགས་རྒྱུད་གཉིས་པ་མེད་པར་དགོངས་སོ། །སྒོམ་པའི་རྗེས་སུ་བསྟན་པར་བྱ་བའི་ཕྱིར། བསམ་དང་བྲལ་བའི་སེམས་དེ་ནམ་མཁའ་ཉིད། ནམ་མཁའ་འདྲ་བའི་སེམས་དེ་ཉིད་དང་བྲལ། །ཞེས་པ། འདིར་བཤད་པ་བཞིན་ཞེན་པ་གཉིས་པོའི་ཅོག་དང་བྲལ་བར་གདེང་གིས་གནད་ཆུད་པའི་རིག་པ་ལ། བསམ་པ་དང་བྲལ་བར་སེམས་པའི་འདུ་ཤེས་ཉིད་དང་ཡང་བྲལ་བས་ངོ་བོ་ནའོ། །ཉམས་ནི། ཡོད་མེད་དབུས་ལ་མི་དམིགས་བརྗོད་མེད་ན། ནམ་མཁའ་མི་གནས་བརྗོད་དུ་མེད་ལས་འདས། །ཞེས་པ། གདོད་ནས་མཐའ་གསུམ་རང་དག་ལ། །མཐའ་དང་བྲལ་བར་སྙད་མི་འདོགས། །ཞེས་བྱ་སྟེ། དེ་རིག་པའང་རྗེས་སུ་མཐུན་ནོ། །འོ་ན་བརྗོད་དུ་མེད་པར་འདོད་དོ་ཞེ་ན། ཡེ་ཤེས་མཚན་ཉིད་ཅི་ཡང་ཡིན་ནོ། །གང་ཡང་རུང་བས་མི་རྙེད་པ་ཉིད་རང་རིག་ལ། ཚིག་གི་ཡུལ་དུ་མེད་པས། བརྗོད་དུ་མེད་པ་ཉིད་ཀྱང་རྣལ་འབྱོར་གྱི་ཡུལ་དུ་མེད་པས། ཉམས་ཀྱང་མྱོང་དུ་མེད་དེ། འདི་འདྲར་བསྟན་དུ་མེད་དེ་དེ་ཉིད་ལས་ཀྱང་གྲོལ་བའོ། །གཞག་ཐབས་ནི། སེམས་ལ་ཚིག་ཏུ་བརྗོད་མེད་སྐུའང་མེད། །ཞེས་པ། བཤད་ཟིན་ཏོ། །སེམས་ཉིད་ཚིག་ལས་འདས་པས་སྦྱོར་བས་ན། །ཞེས་པ། མཚོན་དུ་མེད་པའི་རྗེས་སུའི་འ བྲང་བ་ནི་མ་ཡིན་གྱི། རིག་པ་སྨྲ་བསམས་མེད་པར་མཇལ་བ་དྲན་པ་ཙམ་གྱིས། རང་གསལ་བའི་ཐ་སྙད་དུ་ཞུགས་པའོ། །དེའི་ཕྱིར། མངོན་སུམ་གྱི་དམིགས་ཞེས་པ། ཡུལ་དུ་རྣལ་འབྱོར་མངོན་དུ་དམིགས་ཏེ། རང་རིག་པའི་མངོན་སུམ་པའོ། །མི་འབྱུང་སྟོང་པས་དབེན་ཞེས་པ། ཐ་མལ་པ་ལ་བྱིང་རྒོད་དྲུག་དང་ལེ་ལོ་དང་དོགས་བརྗོད་དང་། རྩོལ་མི་རྩོལ་བདུན་སྐྱེ་བ་དང་། ཆེད་བྱས་ཉམས་མྱོང་། ཤུགས་སྣང་། ཐ་མལ་གྱི་སྐྱོན་འབྱུང་བ་ཐབས་གསུམ་གྱིས་འཆོས་པའོ། །འདིར་སེམས་བཅོས་ཐབས་ནི། རྟོག་པའི་འབྱུང་ཚོལ་མ་བཀག་པར་མི་ལྡང་འབྱུང་བའང་རང་གིས་མ་གྲུབ་པས་རང་ཞི་བའི་ཕྱིར་ཤིན་ཏུ་རིང་དུ་གྱུར་པའོ། །དེ་ཡང་། མ་བཀག་པ་ལ་འབྱུང་ཞིང་རྒྱུ་མེད་པའི། འདུ་བྱེད་སྣ་ཚོགས་མི་གཡོ་ཐིག་ལེར་བརྟན་ཡང་། ནམ་མཁའ་རྟོག་པ་སྐྱེ་མཆེད་ཅིང་། །རྟོག་པ་དེ་ཉིད་ནམ་མཁའ་འདྲ། །ཞེས་གསུངས་སོ། །ཡེ་ཤེས་དེ་ཉིད་བསམ་ལས་འདས་ཞེས་འབྱུང་། ཞེས་པ། རང་བྱུང་ཡེ་ཤེས་རང་གསལ་བ་ཐམས་ཅད་མཁྱེན་པའི་སྒོམ་པའི་ངོ་བོ། །འདུ་ཤེས་ལས་གྲོལ་བར་བཀའ་ལས་གསུངས་པའང་། བསམ་དབང་དུ་མུ་དང་པོ་གཡོ་བའི་ཚེ་མི་བརྟན་ཏེ། བར་འགའ་ནི་མ་བསྒུལ་བར་གསལ། བར་འགའ་སྔོན་དུ་བྱུང་བའི་ཤེས་རབ་ཀྱི་གསལ་ལ་ཡུན་ཐུང་བའོ། །བར་འགའ་སྤྱད་ཀྱང་སྣང་བ་འབྱུང་། བར་འགའ་ཉིན་ཞག་བཞི་ལྔ་བཏུད་དེ་གསལ་ལ། དེ་ནས་འཆོར་བ་འབྱུང་སྟེ། དེའི་ཚེ་ལུང་ཟབ་མོ་དང་ཉམས་ཅན་བསྟེན་ནོ། །བར་དུ་གོམས་པ་ཆུ་ཀླུང་འདྲའོ། །མཐར་བརྟན་པ་ཆུ་དྭངས་བའི་རྒྱ་མཚོའི་གཏིང་ལྟ་བུའོ། །དེ་དག་འདིར་སྨོས་སུ་ཟིན་གྱི། བླ་མ་ལ་རག་ལས་པས་སྲོག་བཞིན་བཀུར་ཏེ་མི་འབྲལ་ལོ། །སྤྱོད་པ་ནི། ཡེ་ཤེས་རྣམ་པ་དག་པས་གཅིག་ཕྱིར་ཏེ། །གྲོལ་བའི་ལམ་གྱི་མཚན་ཉིད་སྡོམ་མ་ཡིན། །ཞེས་པ། བྱང་ཆུབ་སེམས་གཟུང་འཛིན་དྲི་མ་ངང་གིས་བྲལ་བའི་ཕྱིར། ཡུལ་སེམས་གཉིས་སུ་མེད་པའི་གཏན་ཚིགས་ཀྱིས། སྣ་ཚོགས་ཀྱི་འདུ་ཤེས་དང་ཡང་དག་འཛིན་གྱིས་མ་བཅིངས་པའི་ལམ་ཆེན་པོ་འདི། སྒོམ་པ་པོའི་སྒོ་གསུམ་གྱི་དངོས་པོ་དཀའ་ཐུབ་ཏུ་བསྡམས་ལ། དཀར་གནག་གཡེང་བའང་སྐྱོན་ཁོ་ནར་བལྟས་ལ་བསྡམ་དུ་མེད་དེ། བྱེད་པ་ཉིད་ན་བྱ་བ་མེད་པ་ཡིན་པའི་ཕྱིར་རོ། །ཡིད་ལ་བྱེད་པའང་མེད་པའི་ཕྱིར། གཅིག་དང་དུ་མའི་མཐའ་ལས་འདས་པ་ནི། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་བཀྲ་བའང་མེད། །ཞེས་པ། ཡེ་ཤེས་ཆེན་པོ་ཀུན་བྲལ་ཉག་ཅིག་ཇི་མ་སྤངས་པ་གྲོལ་བ་ནི། བསྟན་དུ་མི་བཏུབ་པས་ཞེན་བློ་ལ་གཟུགས་སུ་སྣང་བ་ལྟ་བུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་མཚན་ཉིད་མེད་ན་བཀྲ་བ་གང་ཞེས་པ། ཆོས་ཉིད་སྣ་ཚོགས་ཀྱི་གཟུགས་ཅན་ལ། ཕྱོགས་ཐམས་ཅད་ཀྱི་དབྱིབས་མདོག་ཏུ་མ་གྲུབ་པའི་ཕྱིར། བསྒོམ་པ་པོའི་བློ་ལ་བཀྲ་བ་གང་གིས་བྱ་སྟེ། ནམ་མཁའ་ས་ཕྱོགས་དང་བཅས་པར་ཡིད་ཀྱི་ངོ་བོ་ལ་སྣང་བའང་། འདོད་པ་མ་ཡིན་ནོ། །སྒྲ་དང་རྟོག་པའི་ངང་དུ་མ་གྲུབ་ན། །ཞེས་པ། སྣང་བ་གང་ཡང་མ་སྤངས་པའི་ཇི་བཞིན་པ་ནི། སྒྲ་སོགས་ཀྱི་ཡུལ་དང་ཀུན་རྟོག་གི་ཤེས་པའི་ངོ་བོར་མ་གྲུབ་པའི་ཕྱིར། ཐོས་པ་ལམ་གྱི་སྨོན་ལམ་དེ་གང་ལ། མི་རྟོག་ཆོས་སྐུ་གཅིག་པས་ཅི་ཞིག་བྱ། །ཞེས་པ། སྒྲ་ཡོད་ན་ཐོས་པའི་སྨོན་ལམ་གདབ་ལ། རྟོག་པ་དེ་ལ་ཡོད་ནི་མི་རྟོག་པའི་ཆོས་སྐུ་གཉེན་པོར་བསྒོམ་གྱི། འདིར་གཉིས་མ་གྲུབ་ན་རེ་སྨོན་དང་། མི་དམིགས་པ་ལ་རྟེན་ཅིང་དགོངས་ཏེ། མི་དམིགས་པའི་ཐ་ཚིག་གོ། །གོལ་ས་བསྟན་པའི་ཕྱིར། གཞི་ཚོན་སྒྱུ་མར་འཕགས་པའི་སྐུ་བརྒྱུད་ཀྱང་། ཞེས་པ། གསང་སྔགས་བསྐྱེད་པའི་རིམ་གྱིས་བསྒོམ་པ་པ། བསྒོམ་པའི་བསོད་ནམས་ལྷའི་སྐུ་འཇའ་ལྟར་སྣང་ལ་རང་བཞིན་མེད་པ་བསྒོམས་ཏེ། བརྒྱུད་ནས་ཡེ་ཤེས་འཆར་བར་བལྟའོ། །མི་མཐུན་པ་ནི་འདིར་ངེས་མི་འགྲུབ་པས་གོལ་བར་སྟོད་དོ། །འོ་ན་འདིར་དེ་དགག་གོ་ཞེ་ན། བསོད་ནམས་བསྐྱེད་ཀྱང་སྒྱུ་མར་མི་རྟོག་ན། །ཞེས་པ། རྡེང་ཆུང་བ་ལ་ལྟ་བསོད་ནམས་ཀྱི་སྐུ་བསྒོམས་ཀྱང་རང་སྣང་གི་ཕྱིར་ཟིན་ཆགས་མེད་པའོ། །འགྱུར་བའི་དོན་ནི་དེ་ལ་རག་མ་ལུས་པར་འཆད་པའོ། །རྣམ་དག་ལམ་ཆེན་ལྷུན་གྱིས་གྲུབ་པ་ལ། བསོད་ནམས་མེད་ཀྱང་འགྲུབ་ཅེས་རྒྱལ་བས་གསུངས། ཞེས་པ། གཟུང་འཛིན་དང་ཡང་དག་འཛིན་རྣམས་རང་དག་པས། ཐོབ་མེད་འབྲས་བུ་ཡེ་ཉིད་རང་གྲུབ་པས་སྨིན་ཟིན་པ་ལ། སྐུ་མ་བསྒོམས་ཀྱང་མ་བགྲོད་པར་ས་ནོན་པའོ། །དེ་ཡང་། གདོད་ནས་སྙིང་པོ་བྱང་ཆུབ་ལ། བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། ཅེས་གསུངས་སོ། །དེའི་ཕྱིར་འབྲས་བུའི་བདག་ཉིད་དུ་བསྟན་པའི་ཕྱིར། ཆོས་ཀྱི་དབྱིངས་ན་མི་བསྐྱོད་གཅིག་ཆེ་བ། །ཀུན་ལས་ཁྱབ་པས་སྒྲ་མེད་ཉིད་ལས་འདས། །ཞེས་པ། གང་གཉིས་ཀྱིས་བསྡུས་པ་རིལ། སེམས་ཉིད་རང་སྣང་གི་ཕྱིར་སྨྲ་བརྗོད་ལས་འདས་པ་དང་། བསམ་ཡུལ་དུ་མེད་པ་དང་། ཐམས་ཅད་འབྱུང་བ་དང་། རིལ་རྫོགས་པ་དང་། མུ་མཐའ་མེད་པ་དང་། སྤྲོས་པ་བྲལ་བས་མིང་གྲུབ་པ་ནི་ཐ་སྙད་དུ་གནས་གཞིའོ། །དེ་ཉིད་བདག་གི་རིག་པའི་ཕྱིར། ཡུལ་མེད་པས་འགྲོ་འོང་བྲལ་བས། ཤིན་ཏུ་དབྱིངས་དང་ཡེ་ཤེས་ཀྱི་ཐ་སྙད་ཙམ་ཡང་གྲོལ་བས་འཕགས་པའི་དོན་ཀྱིས། བསྒོམ་པ་མེད་པར་རིལ་ལ་བསྣུམས་པས་བརྗོད་དུ་མེད་པས། ཡེ་ནས་སྐྱེ་བརྗོད་མེད་པས་དེ་ཉིད་ཀྱི་ཐ་སྙད་ལས་ཀྱང་གྲོལ་བ་སྟེ་སྨྲ་བར་ཐི་རྐ་བའོ། །ཐེག་པ་གཞན་གྱིས་འདིའི་མི་མཐོང་བ་བསྟན་པའི་ཕྱིར། སྤྲུལ་པ་བྱེ་བ་བརྒྱ་མང་ཚོགས་ཆེན་ཡང་། བྱ་མེད་ངང་ལ་གདུལ་བྱའི་མི་ནུས་བཞིན། ཞེས་པ། དོན་དཔེར་སྦྱར་བ་སྟེ་སྤྲུལ་པ་མང་པོས་ཀྱང་སྙིང་པོ་བྱང་ཆུབ་བྱ་བརྩལ་བྲལ་བའི་ངང་དོན་བྱར་མི་ནུས་པ་ལྟར། ཞི་ལ་འཕྲ་སྟེ་མངོན་སུམ་རྙེད་དཀའ་བ་རྟོག་གེའི་ཡུལ་མེད་འཁྲུལ་པས་ཤེས་མི་ནུས། ཞེས་པ། བྱང་ཆུབ་ཀྱི་སེམས་བཤད་པ་བཞིན། ཟུག་རྔུའོ་ཅོག་དང་བྲལ་བའི་ངོ་བོ་གཟུང་དུ་མེད་པས་བློས་རེག་པར་བྱ་དཀའ་བ་འདི་ནི། དམིགས་པའི་ལྟ་བ་ཅན་རྣམས་ཀྱིས་ཡུལ་དུ་མ་གྱུར་ཏེ། ལྟོས་འཁྲུལ་གྱི་ཤེས་རབ་ཀྱིས་མི་མཐོང་བར་དེས་གཉིས་ཀྱིས་བཤད་ཟིན་ཏོ། །དེས་ན་ལུང་ལས། ཐིག་ལེ་ཆེན་པོ་ཀུན་ཏུ་ཆུབ་གནས་པ། སྟོང་པས་བརྩལ་བས་རྙེད་པར་མི་འགྱུར་ཏེ། ཞེས་གསུངས་ཏེ་ལྟ་བའི་ཁྱད་པར་རོ། །གཏན་ཚིགས་ཀྱི་ཁྱད་པར་མཚོན་པས་མི་སྙེད་པ་ཉིད་བཤད་ཟིན་པ་ཉིད་དང་། གསང་སྔགས་རྒྱ་མཚོ་ཆེན་པོ་ཉིད། །དཔེ་དང་ཚད་མ་གཏན་ཚིགས་དང་། །རྗེས་སུ་དཔོག་དང་ཤེས་རབ་གྱིས། །རྟོགས་པར་ནུས་པ་མ་ཡིན་ཏེ། །དེ་བས་གསང་སྔགས་བདག་ཉིད་ཆེ། །དངོས་གྲུབ་རླབས་ཆེན་འཁྲིགས་པ་ཅན། །བསམ་ཡས་གཏིང་ནི་དཔག་དཀའ་བ། །ལུང་དང་མན་ངག་ཐོབ་པས་འགྲུབ། །ཞེས་གསུངས་ཏེ། འདིར་དངོས་པོ་རང་གི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རང་བཞིན་གྱི་གཏན་ཚིགས་དང་། ངང་དང་རང་བཞིན་དང་བདག་ཉིད་ཆེན་པོའི་གཏན་ཚིགས་དང་། བདག་ཉིད་ཆེན་པོ་གཅིག་ཏུ་འདུས་པའི་གཏན་ཚིགས་དང་། ཐུན་མོང་དུ་མཐའ་དང་བྲལ་བ་ནི་གཏན་ཚིགས་ཀྱིས་གཞན་པའང་སྒྲ་ཙམ་མཐུན་གྱི་བྲལ་ལུགས་ཀྱི་དོན་བཞིན་ནས་སྤངས་པས་བཤད་ཟིན་པའོ། །དེ་ཅིའི་ཕྱིར་མི་རྟོག་སྙམ་པ་ལ། བསྐྱོད་དང་མི་སྐྱོད་སྒྱུ་མ་མི་རྟོག་མིན། མཚན་ཉིད་ནམ་མཁའ་ལས་ཀྱང་འདས་པའོ། །ཞེས་པ། གང་སྙིང་པོ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ནི་སེལ་མེད་པའི་ཕྱིར་དང་། རྒྱུ་སྐྱེ་བ་མ་ཡིན་པས་གཡོ་མི་གཡོ་ཐ་སྙད་ཀྱང་གྲོལ་ལ། བདེན་པ་གཉིས་སུ་མེད་པར་བཤད་ཟིན་པའང་། འདིར་དམན་པའི་ངོར་ཆོས་མཐུན་ཚུལ་གྱིས་ནམ་མཁའ་ལྟ་བུའོ། །ཞེས་བསྟན་གྱི། ངོ་བོ་ཉིད་ནི་ཕྱོགས་ཐམས་ཅད་ས་ཡིན་པའི་ཕྱིར་ནམ་མཁས་ཀྱང་མཚོན་པ་ལས་འདས་པས། བསམ་པ་པོའང་དེ་ཉིད་དུ་ཞེན་པ་མི་སྐྱེ་བའི་ཕྱིར། རྟོག་གོས་མི་སྙེད་པའོ། །ཐབས་ཀྱི་ཁྱད་པར་ནི། ཡེ་ནས་ལྷུན་གྱིས་གྲུབ་པའི་ཐབས་ཆེན་ལ་ཞེས་པ། དེ་ཉིད་ལ་དེ་ཉིད་དུ་བསྟན་པས་བཙལ་བ་མེད་པར་མཐོང་གྲུབ་པ་ནི། བརྒྱུད་རྩོལ་མེད་པས་ཁྱད་པར་དུ་གྱུར་པ་ལ། ཅི་ཞིག་བྱ་ཞེས་པར་འབྲེལ་ཏོ། །སྒྱུ་བཅོས་སྦྱོང་བ་ཐབས་ཆེན་མ་ཡིན་ཏེ་ཞེས་པ། ཀུན་རྫོབ་སྒྱུ་མར་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུའི་རྗེས་སུ་ཆ་ལུགས་བསྒྱུར་ནས། སྤང་བའི་སྤྱོད་པ་དང་མི་སྤོང་བའི་སྤྱོད་པ་དག་ལ་བརྟེན་ནས། སོ་སོ་གཞུང་ལུགས་ཀྱིས་དོན་དུ་གཉེར་བས། སོ་སོའི་སྐུ་གསུམ་འགྲུབ་པར་སྨྲ་བ་ནི། ལྟ་སྤྱོད་རྩོལ་བའི་སྒྲིབ་པ་ཡོད་པས་ཚི་ཆད་ཅིང་། བཏགས་པའི་སངས་རྒྱས་ཙམ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཐོབ་པའི་ཕྱིར། ཐབས་ཆུང་བ་ཉུང་བ་མི་མཁས་པའོ། །ལྷག་མ་ནི་ནོར་པས་མི་གཅེས་པར་བསྟན་པའོ། །སྒྱུ་འཆང་ཐབས་ཀྱི་བཅོས་དང་མ་བྲལ་ན། །ཞེས་པ། མི་བདེན་པའི་ལྟ་བ་སུ་ལ་ཡོད་པས་རྩོལ་ཐབས་ཀྱིས་རུ་བཟློག་པ་དང་། གནས་བསྒྱུར་བ་སོགས་པ་བྱེད་པ་དང་མ་བྲལ་ན། མི་རྟག་ཐམས་ཅད་དེ་ཡིས་ཅི་ཞིག་བྱ། །ཞེས་པ། དེ་བདེན་ན་ཐབས་ཆེན་པོ་མི་དགོས་པའི་རིགས་ན། བཅོམ་ལྡན་འདས་ཀྱིས་འདི་ལྟ་བུར་བསྔགས་ནས་བཀའ་སྩལ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མ་མེད་པའི་ཆོས་ཉིད་ཆེན་པོ་འདི། ཆོས་ཀྱི་དབྱིངས་ལས་སྒྱུ་མའི་མཚན་ཉིད་མིན། །ཞེས་པ། སྟོང་རྟོག་གི་འདུ་ཤེས་རིལ་དང་བྲལ་བའི་རང་རིག་པ་ནི་ངང་གིས་མ་སྐྱེས་པ་དང་། གཉིས་མེད་པ་དང་། ལྷུན་གྱིས་གྲུབ་པ་དང་། གང་ཡང་མ་སྤངས་པ་དང་། མཚན་ཉིད་མི་ཟིན་པ་དང་། མ་བཅོས་མ་བསླད་པ་དང་། སྨྲ་བསམས་ལས་འདས་པས་ཆོས་ཉིད་དེ། དེ་ནི་རིལ་གྱི་འབྱུང་གནས་མུ་མཐའ་དཔག་དཀའ་བ་ཡིན་གྱི། མཐུན་སྣང་དོན་བྱེད་དབེན་སྐྱེས་ཙམ་མ་ཡིན་པའོ། །དེ་བས་ན་ཡང་དག་པའི་བླང་དོར་དང་བྲལ་བ་དམ་པ་ཁོ་ནར་གསུངས་སོ། །ཆོས་ཀྱི་དབྱིངས་ལ་སྒྱུ་མར་གང་བསྒྱུར་ཡང་། སྒྱུ་མའི་ལམ་དུ་རྒྱལ་བས་མ་གསུངས་སོ། །ཞེས་པ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ལམ་དམ་པ། སྣང་སྟོང་དབྱེར་མེད་པའི་ངོ་བོ་ལས། ལྟ་བ་པོས་ལོག་རྟོག་སྒྱུ་མ་དང་། རྟེན་འབྲེལ་སྒྱུ་མ་དང་། དངོས་པོ་སྒྱུ་མ་དང་། ཐུན་མོང་གི་ཡེ་ཤེས་སྒྱུ་མ་ལ་སོགས་པ་རང་རང་གི་ཞེན་པས་དབང་བསྒྱུར་ཏེ་ལྟ་བའོ། །མི་མཐུན་པ་ནི། དེ་ཡང་དག་པའི་ལམ་དུ་སྟོན་པས་བཀའ་མ་སྩལ་པ་དེའི་ཐབས་ཀྱང་འཁྲུལ་པར་མངོན་ནོ། །འོ་ན་ལམ་མ་ནོར་བ་གང་སྙམ་པ་ལ། མི་གནས་ཆོས་སྐུ་བརྗོད་མེད་ལས་འདས་པ། །དབུས་མའང་བརྗོད་དུ་མེད་དོན་དང་བྲལ། །ཞེས་པ། ལམ་ཐུན་མོངས་པའི་ཡང་དབང་འཛིན་དང་འདིར་བྲལ་བའི་ཚུལ་ནི། བྱང་ཆུབ་སྙིང་པོ་ནི་ཅིར་ཡང་གནས་ཕྱིར་མི་གནས་ཏེ། གཏན་ཚིགས་ཀྱིས་རྒྱས་པ་དེ། རང་སྣང་བའི་ཆོས་སོ་ཅོག་ཉིད་སྐུའོ། །དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་རང་སྣང་བའི་ཕྱིར་ཏེ། ལུང་ལས་དཔེར་ན་རིན་པོ་ཆེ་ནི་ཁ་དོག་དཀར་པོའང་རིན་པོ་ཆེ། ནག་པོའང་རིན་པོ་ཆེ། དེ་བཞིན་དུ་དམར་པོ་དང་སེར་པོ་དང་ལྗང་གུའང་རིན་པོ་ཆེ་སྟེ། འདི་ནི་རིན་པོ་ཆེ་ཡིན། འདི་ནི་རིན་པོ་ཆེ་མ་ཡིན་བྱ་བ་མེད་དེ། དེ་བཞིན་དུ་ཁ་དོག་དཀར་པོ་དང་དམར་པོ་དང་སེར་པོ་དང་ལྗང་ཁུའང་བྱང་ཆུབ་སེམས་ཀྱི་སྐུ་སྟེ། ཁ་དོག་དང་དབྱིབས་འདི་ནི་བྱང་ཆུབ་སེམས་ཀྱི་སྐུ་ཡིན། འདི་ནི་མ་ཡིན་བྱ་བ་མེད་དོ། །ཞེས་སོ། །དེའང་གཉིས་སོ་ཅོག་མ་སྤངས་ལ་མ་བཀོལ་ལྷུན་ཀྱིས་གྲུབ་ཅིང་། འབྱུང་གནས་བསམ་བརྗོད་ལས་གྲོལ་བའི་ཕྱིར་རོ། །འོ་ན་དབུ་མར་ཡོད་དོ་ཞེ་ན། ཐ་སྙད་ལ་ལྟོས་པའི་རིགས་པ་ངང་གིས་བྲལ་བའི་ཕྱིར་རོ། །དབུ་མར་འཛིན་པ་མེད་པའོ། །འོ་ན་མཐའ་དབུས་སུ་བརྗོད་པའང་མེད་པ་ཞིག་ཡུལ་དུ་བྱེད་དོ་ཞེ་ན། ཡིད་བཞིན་ཡེ་ཤེས་དབྱིངས་ཀྱི་མཐའ་ཀླས་པས། ནང་མེད་བརྗོད་དུ་མེད་ལས་འདས་པའོ། །ཞེས་པ། དགོས་འདོད་འབྱུང་བའི་ནོར་བུ་དང་། མཐུན་པའི་རང་བྱུང་གི་ཡེ་ཤེས་ནི། ཆོས་དབྱིངས་ཉིད་དེ་བཤད་པའི་ཆོས་གཉིས་དང་ལྡན་པས། གཉིས་ཐ་སྙད་ཙམ་ལས། དོན་དུ་དབྱེར་མེད་པའི་ངོ་བོ་མཐའ་ཐུག་པ་མེད་པར་སྣང་བའི་ཆོས་སོ་ཅོག་རང་སྣང་ལས། ཡུལ་ལོག་སྣང་མེད་པའི་དོན་བརྗོད་པ་ཐམས་ཅད་དང་། སྣང་བ་ཐམས་ཅད་ཀྱི་དངོས་གཞི་ཡིན་པའི་ཕྱིར། བརྗོད་དུ་མེད་པ་ཉིད་ལས་གྲོལ་ཏེ། འདི་ཉིད་ཡུལ་དུ་དམིགས་པ་ལས་ཀྱང་འདས་པའོ། །འོ་ན་ལམ་འདི་ལ་གནས་པའི་སྐྱེས་མཆོག་ལ་ཁྱད་པར་མེད་པ་ཡིན་ནམ་ཞེ་ན། ངོ་བོ་དང་མཐོང་བ་གཅིག་ལས་ཁྱད་པར་མི་འདོད་དེ། ལུང་ལས། མཉམ་པར་ཤེས་པ་སངས་རྒྱས་ཀུན་གྱི་རྗེས་ཞེས་གསུངས་ཀྱང་། ཐ་སྙད་གདགས་ན། ཡུན་གྱི་ཁྱད་པར་དང་། རྩོལ་བའི་སྟོབས་ཀྱི་ཁྱད་པར་དང་། སྟོབས་ཀྱི་ཁྱད་པར་དང་། གསལ་བའི་ཁྱད་པར་དང་། གྲུབ་པའི་ཁྱད་པར་ཙམ་ཡོད་དེ། དཔེར་སེང་ཕྲུག་སེང་ཆེན་ལྟ་བུ་ཡང་། མི་བརྒྱུད་མི་བགྲོད་པས་སྟོབས་རྫོགས་ཙམ་མོ། །ཞེས་དགོངས་སོ། །དེ་སུའི་ཡུལ་ཞེ་ན། ཆོས་ཀྱི་དབྱིངས་སུ་རབ་བཤད་པ། །སྐལ་ལྡན་སྐྱེས་བུ་ཐེ་ཚོམ་མེད་པས་འགྲུབ། །ཞེས་པ། འདིར་ཆོས་སོ་ཅོག་བཤད་པའི་དབྱིངས་སུ་བསྡུས་པ་མེད་པར་ལྷུན་གྱིས་གྲུབ་པར་བཀའ་སྩལ་པའི་དོན་སུ་ཡིས་མངོན་དུ་འགྱུར་ཞེ་ན། འདི་ལྟ་བུའི་བཀའ་ལ་འཇུག་ཅིང་འོག་མས་མི་ཚིམ་པའི་སྐལ་བ་སུ་ལ་ཡོད་པ་ནི། བསོད་འདུས་པར་ནམས་ཀྱི་དཀའ་བ་དུ་མ་ལས་བྱུང་བ་སྟེ། རིགས་ཆེན་པོ་ཉིད་དུ་བྱུང་བ་དང་། ལྟ་ངན་དུ་མ་འཇོམས་པའི་སྟོབས་ཡོད་པས་མིང་འགྲུབ་སྟེ། དེས་ཀྱང་ཡིད་མ་ཆེས་པ་དང་བྲལ་ཏེ། སོམ་ཉི་མེད་པས་མངོན་དུ་འགྱུར་རོ་སྙམ་མོ། །གྲོལ་ཞིང་རྟོགས་པའི་བློ་ལྡན་རྣམས་ཀྱིས་ཉོན། །ཞེས་པ་ཟིན་པ་ལ་མི་དགོས་ཏེ། ཞེན་པའི་ཐག་པ་གཉིས་མེད་པར་མཐོང་བའི་ཤེས་རབ་སུ་ལ་ཡོད་པ་ཀུན་ཀྱིས་འདིའི་དོན་ཉོན་ཅིག་པར་གདམས་པ་མཛད་པའོ། །ཡང་དག་པའི་ཡེ་ཤེས་ཀྱི་དབྱིངས་ལས་ཞེས་པ། སྟོན་པའི་དགོངས་པ་སྟེ་གཞིའོ། །བདེ་བ་ཆེན་པོའི་རོལ་པ། ལྟ་བ་ཨ་ཏི་ཡོ་གའི་མདོ། །ཞེས་པ། གང་འཇིག་རྟེན་པ་དང་། འདས་པའི་བདེ་བ་རིལ་གྱི་དངོས་གཞི་པ་ནི། རྩོལ་བའི་ཟུག་རྔུ་མེད་པས་ལྷག་པར་ལོངས་སྤྱོད་པས། ཡུལ་མེད་རང་གསལ་ཤེས་རབ་སྤྱན་འདི། ལྷག་པའི་རྣལ་འབྱོར་ཀྱི་དོན་མདོའི་རྩ་བ་བྱུང་བའོ། །གང་ཕྱིར་བྱ་བྲལ་བསམ་གཏན་ལས། །བྱང་ཆུབ་ཐབས་གཞན་ཡོད་མ་ཡིན། །བྱ་རྩོལ་མེད་པར་སངས་རྒྱས་སུ། །འགྱུར་བ་གང་གིས་བཟློག་པར་བྱེད། །ཀྱེ་མ་མ་རིག་ལེ་ལོ་ཅན། །རང་སེམས་ངོ་བོ་སངས་རྒྱས་ཉིད། །རང་ལ་གནས་བཞིན་བསྒོམ་མི་བྱེད། །མར་མེ་རླུང་གིས་བསྐྱོད་ལྟ་བུར། །ཚེ་ནི་སྐད་ཅིག་གནས་ཡོད་མིན། །དེང་སང་འཆི་བའི་རྟོལ་མེད་པར། །ཆུ་སྲིན་ཁར་འཛུམས་འཆི་འཇུག་འགྱུར། །བདེར་འདུག་རིགས་པ་མ་ཡིན་ཕྱིར། །ནགས་ཁྲོད་བསྟེན་ལ་བསམ་གཏན་གྱིས། །བརྣག་པའི་དོན་ལ་བརྟུན་ཏེ་བསྒྲུབས། །གང་ཞིག་བསམ་ཏེ་བྱ་སྙམ་ན། །དེ་ལས་གཞན་དུ་མི་བསམ་སྟེ། །དེ་ལ་ཆེར་དམིགས་བསམ་པ་ཡིས། །དོན་དེ་ཉིད་ལ་རྩེ་གཅིག་འབོད། ༈ །ཚོང་དཔོན་རྒ་བས་གྲུ་རྒལ་གཏེར་ལེན་དབུལ་སེལ་བདེ་རྙེད་ལྟར། །དེད་དཔོན་བསམ་པས་ཚད་གསུམ་ཉམས་བསྡུར་དཀའ་བའི་རྟོག་དཔྱོད་ཀྱིས། །ཚད་མཆོག་ཐབས་ཆེན་གྲུ་བརྟེན་མི་ཤེས་ཆུ་རྒལ་དགའ་བའི་སྒྲ། །བཅོམ་སྟེ་བྱ་བྲལ་གཏེར་བཀྲོལ་འདིས་དབུལ་སྤྱན་རྙེད་བདེ་ཐོབ་ཤོག །ཡེ་ཤེས་ནམ་མཁའི་རྒྱལ་པོ་དོན་འགྲེལ་རྫོགས་སོ།། །།ཨཱི་ཐཱི།། །།


previousཡེ་ཤེས་ནམ་མཁའི་རྒྱལ་པོའི་དོན་འགྲེལ། next