Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན། སློབ་དཔོན་འཇམ་དཔལ་བཤེས་གཉེན།
   
   
   
   


 
previousབྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན། སློབ་དཔོན་འཇམ་དཔལ་བཤེས་གཉེན།next

བྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན། སློབ་དཔོན་འཇམ་དཔལ་བཤེས་གཉེན།

སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་བྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན། རྒྱ་གར་སྐད་དུ། བྷོ་དྷི་ཙིཏྟ་ས་མནྟི། པ་ཏྲ་པྲ་ཏ་ན་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་སྒོམ་པ། བཅོམ་ལྡན་འདས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །སྟོན་པའི་སྒྲོན་མར་གྱུར་པས་ཀུན་གྱིས་རབ་བསྔགས་པ། ཞེས་པ། ཆོས་ཉིད་ཀྱི་ཐིག་ལེ་སྟོན་ཏེ། རང་གི་རང་བཞིན་རང་ལས་གསལ་བར་ཤར་བས། ཀུན་གྱིས་ཆོས་ཐམས་ཅད་གཉིས་སུ་མེད་པར། ཡེ་ནས་མ་བཅོས་པ་ཆོས་ཀྱི་སྐུར་གནས་པ། ཆོས་ཀྱི་སྙིང་པོར་གྱུར་པས་འཇམ་དཔལ་གཞོན་ནུ་ཉིད་ཞེས་པ། ཆོས་ཀྱི་སྙིང་པོར་གནས་པ་དེ་ནི་ཡེ་ནས་གསང་བའི་སྙིང་པོ་སྟེ། འཇམ་དཔལ་གཞོན་ནུ་ཉིད་གཟུང་འཛིན་ལས་འདས་པའི་ངང་ལས། ཆོས་ཉིད་རང་བཞིན་གྱིས་འཆར་བ་དཔལ་ཕུན་སུམ་ཚོགས་པ། དེ་ཉིད་སྐྱེ་འཇིག་མེད་པ་ནམ་མཁའ་ལྟར་གནས་པས་གཞོན་ནུ་ཉིད། བྱ་བྲལ་བདེ་བའི་ཀློང་དུ་ཇི་བཞིན་ཡེ་ནས་གནས། ཞེས་པ། ཞི་བ་ཆེན་པོ་ལ་དེ་བྱ་བ་མེད་དེ། དེ་བཞིན་དུ་ཆོས་མཉམ་པ་ཉིད་བདེ་བ་ཆེན་པོ་དེ་ཡང་། མ་བཅོས་པར་ཆོས་ཀྱི་དབྱིངས་སམ། ཆོས་ཀྱི་སྐུ་ཇི་བཞིན་པར་བཙལ་དུ་མེད་པར་ཡེ་ནས་གནས་པའི་ཕྱིར་རོ། །ཚུལ་ཁྲིམས་ལ་སོགས་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་ཅིང་། ཞེས་པ། དབྱིངས་ཀྱི་ཐིག་ལེ་བསྟན་ཏེ། འདུལ་སྲུང་ལས་ཡེ་ནས་འདས་ཤིང་། རྩོལ་སྒྲུབ་དང་བྲལ་བས་འདུལ་སྲུང་རིལ་གྱི་གཞི་ཡང་། སེམས་ཉིད་ནམ་མཁའ་ལྟར་གནས་པའི་ཕྱིར་རོ། །བདེ་གཤེགས་ཡུམ་དུ་གྱུར་པས་ཀུན་དང་མཚུངས་པའི་གནས། ཞེས་པ། དེ་ལྟར་དག་པའི་དབྱིངས་དེ་ཉིད་རིལ་འབྱུང་བའི་རྒྱུར་གྱུར་པས། མཚུངས་པ་ནི་ཆོས་ཐམས་ཅད་སྐྱེ་འཆི་མེད་པ་ཡེ་ནས་སངས་རྒྱས་པར་མཚུངས་སོ། །དེ་མིན་མི་འབྱུང་དེ་ཕྱིར་རྣམ་གྲོལ་མཆོག་གི་ལམ་ཞེས་པ། དེ་ལ་སྐྱེ་བ་མེད་པས་ན་འཆི་བ་མི་འབྱུང་། སྐྱེ་འཆི་མེད་པའི་ཕྱིར་ཡེ་ནས་རྣམ་པར་གྲོལ་བས་ད་ཡང་བགྲོད་དང་བྲལ་བའི་ལམ་ལ་གནས་ཟིན་པའོ། །ཕྲ་ཞིང་ཤེས་དཀའ་ཀུན་ལམ་མི་རྟོག་རྟོག་ལས་འདས་ཞེས་པ། ཆོས་མཉམ་པ་ཉིད་ནི་ཤིན་ཏུ་འཕྲ་ཞིང་རྙེད་དཀའ་བ་སྟེ། ཅི་སྟེ་རྫས་མ་གྲུབ་སྟེ། ནམ་མཁའི་རྒྱུ་དང་འདྲ་བར་གནས་པས་ཀུན་གྱི་ལམ། དེ་ཀུན་གྱིས་འགྲོ་བའི་ལམ་ཡིན་ཏེ། ཆོས་ཉིད་རྣམ་པར་མི་རྟོག་པའི་དབྱིངས་སོ། །དེ་རྟག་པའི་ཡུལ་ལས་འདས་པའི་ཕྱིར་རོ། །མི་གནས་དམིགས་མེད་སྤྲོས་པའི་བསམ་པ་ཀུན་དང་བྲལ། ཞེས་པ། རང་བཞིན་དངོས་པོ་ནི་མི་གནས་པས། ཇི་ལྟར་ཡང་དམིགས་སུ་མེད་པར། ཀུན་ལ་མཉམ་པ་ནི་ཉིད་དུ་ཁྱབ་པས་སྤྲོ་བསྡུ་བྱར་མེད། བསམ་པ་ཀུན་དང་བྲལ་བ། རང་བཞིན་ཐ་སྙད་རིལ་དང་བྲལ་བས་ད་བསྒོམ་དུ་མེད་དོ། །ཚིག་གིས་མི་ཕེབས་དབྱིབས་དང་ཁ་དོག་དབང་པོའི་སྤྱོད་ཡུལ་མིན། ཞེས་པ། དབྱིངས་རྣམ་པར་དག་པའི་ཐིག་ལེ་སྟོན་ཏེ། དབྱིབས་དང་ཁ་དོག་ལ་སོགས་པར་ཡོད་ན། མཚོན་གྱི་ཐོག་ཏུ་དབབ་ཏུ་རུང་ན། དབང་པོ་སྤྱོད་ཡུལ་ལས་འདས་ཏེ། ནམ་མཁའ་ལྟ་བུ་ལ་ཚིག་ཏུ་བརྗོད་ཅིར་འབྲངས་བས། ཐོག་ཏུ་མི་ཕེབས་པའི་ཕྱིར་རོ། །བསྟན་ཅིང་བརྟག་པར་དགའ་ལ་བརྗོད་དུ་རྡུལ་ཙམ་མེད་ཞེས་པ། དེའི་རང་བཞིན་ནམ་མཁའ་ལྟར་ཁྱབ་ཅིང་། རིལ་ཆོས་ཉིད་དུ་འཆར་ཡང་དངོས་པོ་མེད་པས། འདི་ཞེས་བརྟགས་ཤིང་བསྟན་པས་མི་རྙེད་དེ་ཚིག་དང་ཡི་གེ་ལས་འདས་པས། ཐ་སྙད་དུ་བརྗོད་པ་དང་བྲལ་ཞེས་སོ། །སྔོན་གྱི་དྲང་སྲོང་ཆེན་པོའི་ལམ་དུ་གར་འཇུག་པ། ཞེས་པ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་གནས་པ། བཙལ་དུ་མེད་པར་འཆར་བ་ཉེ་ལམ་དུ་ཞུགས་ཟིན་པ་ཡིན་པ་ལས་དང་སོང་དཀའ་ཐུབ་ཀྱི་སྡུག་བསྔལ་གྱིས་བདེ་བ་ཚོལ་ཞིང་འཇུག་པ་འཁྲུལ་བའི་ཕྱིར། སྒོམས་ཆགས་ཞེས་འབྱུང་བའོ། །བསྒོམ་ཆགས་ལམ་གྱི་ནད་ཀྱིས་ཟིན་ཏེ་འཁྲུལ་བའོ། །ཞེས་པ། བྱང་ཆུབ་གྱི་སེམས་བཙལ་དུ་མེད་པར། ཡེ་ནས་ལྷུན་གྱིས་གྲུབ་སྟེ། ད་བསྒོམ་དུ་མེད་པ་ལ། བསྒོམ་པའི་ཡུལ་ཆོས་ཉིད་ལ་བདེ་བའི་རོ་ཚོལ་བ། སྡུག་བསྔལ་གྱི་ནད་དེ་འཁྲུལ་པའོ། །ལུང་བཞིན་ཚིག་གི་མཐའ་སྤྱོད་ལམ་དུ་མཐོང་བས། ཞེས་པ། ཆོས་ཀྱི་རང་བཞིན་སྐྱེ་འཆི་མེད་པ་དེ། ཡེ་ནས་སངས་རྒྱས་པར་མ་རྟོགས་པར། ཞལ་ནས་གསུངས་པའི་ཆོས་ཉིད་སྐྱེ་བ་མེད་དོ་བྱ་བ་ལ་སོགས་པའི་ཚིག་གི་རྗེས་སུ་འབྲངས་ཤིང་། བསྒྲུབ་པའི་ལམ་དུ་མཐོང་ནས། བདེ་བ་ཚོལ་བ་ནི། རི་དྭགས་སྨིགས་རྒྱུ་བསྙེགས་པ་གཉིས་འདྲའོ། །དེ་ཉིད་རྟོག་པའི་རྒྱུན་འབྲངས་སྨིགས་རྒྱུ་སྙེགས་པ་འདྲ། ཞེས་པ་ཅི་སྟེ། དེ་ཉིད་ཆོས་ཀྱི་དབྱིངས་ཡིན་པར་ངོས་མ་ཟིན་པས། རྟོག་པར་འཁྲུལ་ཏེ། རྟོག་རྒྱུན་སྔ་མས་ཕྱི་མ་འགགས་ཏེ། བཀག་པ་ཉིད་རྗེས་སུ་འབྲངས་པ་ཡིན་པའི་ཕྱིར་རོ། །ཡང་དག་ལམ་ནི་ཚིག་ཏུ་བརྗོད་མོད་མཚོན་དང་བྲལ་ཞེས་པ། ཡེ་ནས་རྣམ་པར་དག་སྟེ། ལྷུན་གྱིས་གྲུབ་པ་ནི་བགྲོད་དུ་མེད་པའི་ལམ་སྟེ། དེའི་རང་བཞིན་ལ་ཚིག་གི་འབྲུ་དང་བྲལ་བས་བརྗོད་དུ་མེད་དེ། རྫས་སུ་མ་གྲུབ་པས། མཚོན་པའི་ཐ་སྙད་དང་ཡེ་ནས་བྲལ་ཞེས་བྱའོ། །ཡང་དག་ཉིད་དུ་བསྟན་པ་སྟོན་པ་ང་ཡིས་འཁྲུལ་ཞེས་པ། དེ་ལྟ་བས་ན་མཉམ་པ་ཉིད་དུ་ཡེ་ནས་རྣམ་པར་དག་པ་ལ། དག་པ་དང་མ་དག་བསྟན་དུ་མེད། དེ་ལྟར་མེད་ཅེས་བྱ་བ་ཉིད་ཀྱང་འཁྲུལ་ཏེ། ཐ་སྙད་དང་བྲལ་བའི་ཕྱིར་འདྲེས་ཤིང་ཞེས་པའོ། །དག་དང་མ་དག་གཉིས་མེད་ཡེ་ནས་འདྲེས་ཤིང་མཚུངས། ཞེས་པ། དེའི་རང་བཞིན་མ་བརྩལ་བར་ཡེ་ནས་དག་པས། ཆོས་ཐམས་ཅད་གཉིས་སུ་མེད་པ། ནམ་མཁའ་ལྟར་དབྱེར་མེད་པ་གཅིག་ཏུ་ཤར་བའི་ཕྱིར་རོ། །རྣམ་པ་ཅིར་ཡང་མི་འབྱེད་ཡེ་ཤེས་གཏི་མུག་ངང་ཞེས་པ། ཡེ་ཤེས་ཆེན་པོའི་ཐིག་ལེ་སྟོན་ཏེ། རྣམ་པ་ཅིར་སྣང་བའི་ཆོས་ཀུན། རང་ཉིད་མི་དམིགས་པའི་ཀློང་ནས་རང་ཉིད་སྣང་བར་ཟད། དེ་ལ་དེ་ཉིད་གྱིས་བལྟས་ན། ཆོས་ཉིད་རང་བཞིན་གྱིས་འཆར་བས་ཤེས་པ་ཡེ་ཤེས། དེ་དབྱེར་མེད་པ་གཏི་མུག་ངང་། ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་རང་བྲལ་ཞེས་པ། ཡེ་ནས་ཡིན་པའི་དོན་སྐད་ཅིག་མ་ལ་ཡེ་ཤེས་སྤྱི་བླུགས་སུ་འཆར་བས། ཡུལ་ཆོས་ཉིད་སྐྱེ་འཆི་མེད་པར་གསལ་བས་མར་མེ། བསམ་པ་ནི་ཇི་ལྟར་གསལ་ཀྱང་དམིགས་སུ་མེད་དེ། ཐ་སྙད་རིལ་དང་བྲལ་བའོ། །ངང་གིས་མི་གཡོ་རྨུགས་ཤིང་ཏིང་འཛིན་རྒྱལ་པོར་གནས་ཞེས་པ། དཔེར་ན་ས་བདག་གི་རྒྱལ་པོ་ཀུན་ལ་དབང་བསྒྱུར་ཡང་། རྒྱལ་ས་ནས་མ་གཡོས་པ་བཞིན། དེའི་རང་བཞིན་ཀུན་ཏུ་བཟང་པོ་ཅིར་ཡང་ཤར་ནས། རིལ་ཆོས་ཉིད་དུ་དབང་བསྒྱུར་ཡང་། དེ་ཉིད་ཆོས་ཀྱི་སྐུ་ལ་མི་གཡོ་བས་ཕྱིར་རོ། །མངོན་སུམ་མཐོང་བའི་དམིགས་མེད་དེ་ཉིད་མཐོང་བའི་དམིགས། ཞེས་པ། རང་གི་རང་བཞིན་ཆོས་ཉིད་དུ་གནས་པས་དངོས་སུ་བལྟར་མེད་དེ་ཉིད་ཡིན་པར་ཤེས་ནས་ནམ་མཁའ་ལྟར་གསལ་བར་ཤར་བས་མཐོང་བའི་མིག་གོ །དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་དེ་ལ་བྱའོ། །ཞེས་པ། དེ་བས་ན་གཉིས་མེད་པའི་ཕྱིར། ནམ་མཁའ་ལྟར་གནས་པ་ཀུན་གྱི་རང་བཞིན་ཡིན་པར་ཤེས་པའི་ཕྱིར་རོ། །མཐའ་དང་དབུས་མེད་ཡངས་པའི་རང་བཞིན་པས། ཞེས་པ། ཀུན་ཏུ་བཟང་པོའི་ཐིག་ལེ་བསྟན། དེ་ལ་མཐའ་དང་དབུས་མེད་པས་བདལ་བ་ཡངས་པ། ཡེ་ནས་ཆོས་ཀྱི་སྐུའི་རང་བཞིན་ནམ་མཁའ་ལྟར་གནས་པའི་ཕྱིར། མི་ལེན་མི་སྤངས་མཉམ་པའི་རྒྱན་དུ་གནས་ཞེས་པ། དེ་བས་ན་ཐམས་ཅད་ཡེ་ནས་གཉིས་སུ་མེད་པ་ལ། སྤང་བླང་གི་རྫས་སུ་གྲུབ་པ་མེད་དེ། ཅི་སྟེ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྒྱན་གྱིས་བཞག་ནས། ཆོས་ཀྱི་སྐུར་ཡེ་ནས་གནས་པའོ། །སེམས་དང་བག་ཆགས་གཉིས་མེད་གདོད་ནས་འདྲེས་ཤིང་མཚུངས། ཞེས་པ། གཅིག་གི་དངོས་པོར་ཡང་གྲུབ་པ་མེད་བཞིན་དུ། བསླད་པས་སེམས་དང་བག་ཆགས་ཞེས་མིང་བླ་དྭགས་སུ་བཏགས་ཤིང་ཕྱེ་ཡང་། བག་ཆགས་ཀྱི་རྟོག་པ་ཉིད་སྒྱུ་མར་སྣང་བས། རྫས་སུ་གྲུབ་པ་མེད་དེ་ཉི་མ་དང་ཟེར་བཞིན། ཉི་ཟེར་དྲོ་ཞིང་སྣང་ཡང་གཟུགས་སུ་མེད་པ་བཞིན་བག་ཆགས་དང་དངོས་པོ་མེད་པ་ཆོས་ཉིད་དུ་ཡེ་ནས་གནས་པ། བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། ཡང་དག་པར་ཆོས་ཀྱི་སྐུར་དབྱེར་མེད་ཅིང་གཅིག་པའི་ཕྱིར་རོ། །དེ་བས་ན། འཛིན་པས་བརྟགས་ཤིང་སྣང་བའི་ཆོས་རྣམས་ནི། ཞེས་པ། སེམས་དངོས་པོ་མེད་པ་ལ་འཁྲུལ་པས་མཚན་མར་བཟུང་ནས་བརྟགས་པས། ཆོས་སྣ་ཚོགས་སུ་སྣང་བ་རྣམས། རང་རིག་རྒྱན་དུ་སྣང་བས་མི་འདོར་ལེན་མི་བྱེད། ཞེས་པ། དེ་ལྟར་སྣང་བའི་ཆོས་རྣམས་ནི། རང་གི་བྱང་ཆུབ་ཀྱི་སྙིང་པོ་ལས། ཆོས་ཉིད་དུ་འཆར་བ་ཉིད་ཡིན་པའི་རྒྱན་དུ་སྣང་བའོ། །ཐམས་ཅད་མཉམ་པ་ཉིད་དེ་ཡེ་ནས་སངས་རྒྱས་པའི་གཅིག་པའི་ཕྱིར་བླང་དོར་བྱར་མེད་དོ། །རྣམ་པ་ཅིར་ཡང་མི་དགོངས་ཐབས་ཀྱིས་དེ་ལ་རོལ། ཞེས་པ། དེ་ཉིད་ལས་ཤར་བའི་སྣ་ཚོགས་སྨིག་རྒྱུ་ལྟར་སྣང་ཡང་། དེའང་རང་བཞིན་ལ་ཅིར་ཡང་དམིགས་སུ་མེད་པའི་ཀློང་ནས་ཤར་བས། དེ་དག་ཆོས་ཉིད་དུ་རོལ་བའི་ཐབས་ཀུན་ཏུ་བཟང་པོར་སྣང་བར་ཟད། རྣམ་དག་ལམ་དེར་ཞུགས་པས་ཐིག་ལེ་ཆོས་སྐུ་ཐོབ། ཞེས་པ། ཆོས་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པས་ད་བཙལ་དུ་མེད་པར་བྱང་ཆུབ་སྙིང་པོར་ལྷུན་གྱིས་གྲུབ་པའི་དོན། རང་ལ་གནས་པར་ཤར་ཉེ་བའི་ལམ་དུ་ཞུགས་པ་སྟེ། དེ་ལ་སྐྱེ་འཆི་མེད་པར་ནམ་མཁའ་ལྟར་ཁྱབ་པ་ནི། ཐིག་ལེ་ཆེན་པོ་སྟོན་ཏེ། ཡེ་ནས་གནས་པ་གསལ་བ་ཐོབ་པའི་དོན་ཏོ། །ལོ་རྒྱུས་དོན་ཉིད་ཚད་མའི་རྟོག་བློར་བཞག་ནས་ནི། ཞེས་པ་དེ་ལ། བྱང་ཆུབ་ཀྱི་སེམས་ཞེས་ཀྱང་གདགས་སུ་མེད་པར་གསལ་བ་ལ། རྒྱུད་ལ་སོགས་པའི་ལོ་རྒྱུས་ཀྱི་ཚིག་དོན་དུ་བཟུང་ནས་འཁྲུལ་པའི་ཕྱིར་རོ། །ཏིང་འཛིན་གསུམ་པོར་བརྟགས་ནས་གྲུབ་པའི་མཐར་འཛིན་པས་ཞེས་པ། གཟུང་འཛིན་ལས་འདས་པའི་བྱང་ཆུབ་ཀྱི་སེམས། ཆོས་ཀྱི་སྐུར་ཡེ་ནས་གྲུབ་ཟིན་པ་ལ། མ་ཧཱ་ཡོ་ག་ལ་སོགས་པ་རྩོལ་སྒྲུབ་བྱེད་པ་ནི། འཛིན་པའི་རྟོག་པས་ཡུལ་གྲུབ་པ་ཅན་ལོགས་ན་ཡོད་པར་དཔྱོད་ཅིང་། སངས་རྒྱས་གཞན་ནས་ཐོབ་པར་འཛིན་པ་ནི་འཁྲུལ་ཏོ། རྩོལ་བྲལ་བདེ་ཆེན་ལུང་ལས་གོལ་ཏེ་འཁྲུལ་པ་ཡིན། ཞེས་པ་ལྷུན་གྱིས་གྲུབ་པའི་ཐིག་ལེ་བསྟན། རྩོལ་བའི་བསམ་པ་དང་ཡེ་ནས་བྲལ་བའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པ། སྐྱེ་འཆི་མེད་པའི་ལུང་ལས་གོལ་བས་འཁྲུལ་པ་སྟེ། དཔེར་ན་འོ་མ་འདོད་པ་རྭ་ལ་འཇོ་བ་དང་འདྲའོ། །བྱ་བྲལ་ལྷུན་རྫོགས་བདེ་བའི་ཡུལ་ལ་ཡེ་ནས་གནས། ཞེས་པ། ཡེ་ནས་གྲུབ་ཟིན་པས་དབྱེར་མེད་པས་བྱང་ཆུབ་ཆེན་པོའི་ཡུལ་ཆོས་ཀྱི་དབྱིངས་ནི། ཡེ་ནས་བཙལ་དུ་མེད་པའི་སངས་རྒྱས་པའི་ཕྱིར་རོ། །ཡེ་ཤེས་རང་བྱུང་རྟེན་མེད་ཆེ་བའི་སྙིང་པོ་ཉིད་ཞེས་པ། སེམས་ཆོས་ཉིད་ཡེ་ནས་ཡིན་པར་ཤར་བས་དེ་གཞན་ལས་མི་འབྱུང་། དེ་ཉིད་ལས་རང་བྱུང་བས་སོ། །རྟེན་མེད་ནི། རང་བཞིན་བྱ་བརྩལ་དང་བྲལ་བས། རྒྱུ་རྐྱེན་ལ་མ་བརྟེན་པར་ཡེ་ནས་རིལ་ཆོས་ཀྱི་སྐུར་ལྷུན་གྱིས་རྫོགས་ཏེ། བདེ་བ་ཆེན་པོ་ཆེ་བའི་སྙིང་པོ་ནི། སེམས་རང་གི་སྙིང་པོ་ལས། ཆོས་ཐམས་ཅད་ཆོས་ཉིད་དུ་ཤར་ནས། ཀུན་ལ་ཁྱབ་པར་གནས་པའི་སྙིང་པོ་ཉིད་ཡིན་པའི་ཕྱིར་རོ། །མི་གཡོ་མི་འགྱུར་རྣམ་གྲོལ་བསྙད་པ་ཀུན་དང་བྲལ། ཞེས་པ། ཡེ་ནས་ཆོས་ཀྱི་སྐུར་གནས་པ་དེ། ད་ཅི་བསླད་ཀྱང་དངོས་པོར་མི་གཡོ། མི་འགྱུར་བའི་གཡུང་དྲུང་ནམ་མཁའ་ལྟར་གནས་པས། ཡེ་ནས་རྣམ་པར་གྲོལ་བའི་ལམ་ཡིན། ཚིག་དང་ཡི་གེ་ལས་འདས། གཟུང་འཛིན་ཡུལ་དང་ཡེ་ནས་བྲལ་ལོ། །ཟིན་པའི་བདུད་རྩིས་རྩོལ་བའི་སྡུག་བསྔལ་ནད་རྣམས་འཇོམས། ཞེས་པ། ཡེ་ནས་ལྷུན་གྱིས་གྲུབ་ཟིན་པས། སྐྱེ་འཆི་མེད་པའི་བདུད་རྩི་སྟེ། བཙལ་དུ་མེད་པས་ཆོས་ཀྱི་སྐུའི་ཐ་སྙད་ལས་འདས་པ་ལ། སྡུག་བསྔལ་ནི་ཐེག་མ་འོག་མ་པ་དང་། འཁྲུལ་པ་རྣམས་གྲུབ་པའི་ཡུལ་ཆོས་ཉིད་ལོགས་ནས་ཚོལ་བ་ནི། དམུས་ལོང་ལམ་མཁན་བྱེད་པ་འདྲའོ། །དེ་འཇོམས་པ་ནི་བརྩལ་མི་དགོས་པར། རྩོལ་བ་ཆོས་ཉིད་དུ་ཤར་ནས། སྡུག་བསྔལ་ཤེས་རབ་གྱི་མེས་འཇོམས་པའི་ཕྱིར། རྩོལ་བྲལ་བདེ་བའི་ངང་ལ་ཡེ་ནས་ཇི་བཞིན་གནས། ཞེས་པ། སེམས་རྩལ་སྒྲུབ་ཡུལ་ལས་འདས་ནས། ཆོས་ཉིད་བདེ་བ་ཆེན་པོའི་ངང་དུ་ཡེ་ནས་མ་བཅོས་པར། ནམ་མཁའ་ཇི་བཞིན་དུ་སངས་རྒྱས་པ་གནས་པའི་ཕྱིར་རོ། །དེ་ལྟར་ཆོས་རྣམས་ཐིག་ལེར་གདོད་ནས་རང་བཞིན་པས། ཞེས་པ། དེ་ལྟ་བས་ན་ཕྱི་ནང་གི་ཆོས་ཐམས་ཅད་ཀྱང་། གདོད་མ་ནས་མ་བརྩལ་བར་ཀུན་ལ་ཁྱབ་པས་ཐིག་ལེ་སྟེ། སྐྱེ་འཆི་མེད་པ་ནམ་མཁའ་ལྟར་ཡེ་ནས་སངས་རྒྱས་པའི་རང་བཞིན་ནོ། །སྤྲོ་བ་མེད་ཅིང་བསྡུ་བ་མེད་པས་བདལ་བ་ཆེ། ཞེས་པ། དེས་ཀུན་ལ་ཁྱབ་ཅིང་མ་བྲལ་བས་སྤྲོ་བསྡུ་བྱར་མེད། ཡེ་ནས་ཁྱབ་པའི་ཡེ་ཤེས་ནམ་མཁའ་ལྟར་གནས་པས་ཆེ། སྐྱེ་བ་མེད་ཅིང་འགག་མེད་གཡུང་དྲུང་རང་བཞིན་གནས། ཞེས་པ། གདགགས་པའི་ས་བོན་དང་བྲལ་བས་སྐྱེ་བ་མེད་ལ། མ་སྐྱེས་ན་ཅི་ཞིག་འགག་སྟེ། དེ་ཉིད་ཆོས་ཐམས་ཅད་ཆོས་ཉིད་དུ་ཤར་ཅིང་འཆར་བས། གཡུང་དྲུང་གི་ཆོས་མཉམ་པ་ཉིད་ནམ་མཁའ་ལྟར་མཉམ་པས་གཡུང་དྲུང་ཆོས་ཀྱི་སྐུའི་རང་བཞིན་དུ་སངས་རྒྱས་པའི་ཕྱིར་རོ། །དངོས་མེད་མཚམས་མེད་ཅིར་ཡང་མི་གནས་བསམ་ལས་འདས། ཞེས་པ། ཁ་དོག་དང་དབྱིབས་ལས་འདས་པས། མཚན་མའི་ཡུལ་གང་ལ་ཡང་མི་གནས་པས། ནམ་མཁའི་རྒྱུ་དང་འདྲ་བས་ཅིར་ཡང་དམིགས་སུ་མེད་དོ། །རྩོལ་སྒྲུབ་ཀྱི་བསམ་པ་དང་ཡེ་ནས་བྲལ་ལོ། །རྣམ་པར་མི་རྟོག་ཡེ་ཤེས་སྙིང་པོ་བརྩལ་མེད་འདི་ཞེས་པ་དེའི་རང་བཞིན་བརྟག་པའི་ཡུལ་རྣམས་དང་བྲལ་བས། ཆོས་ཉིད་མི་རྟོག་པའི་དབྱིངས་ཞེས་བྱའོ། །ཡེ་ཤེས་སྙིང་པོ་ནི། སེམས་ཆོས་ཀྱི་དབྱིངས་སུ་གནས་པ། མི་གཉིས་པའི་ཀློང་ནས་རང་བྱུང་དུ་ཤར་བས། ཡེ་ཤེས་སྙིང་པོ་སྟེ། ཆོས་མཉམ་པ་ཉིད་དུ་བཙལ་བ་མེད་པར་སངས་རྒྱས་པ་འདི་ནི། ནམ་མཁའི་མཐའ་བཞིན་ཡེ་ནས་ཁྱབ་པར་གནས་པར་ན་ཞེས་པ། ནམ་མཁའ་ཀུན་ལ་བདལ་བ་བཞིན། སེམས་ཡེ་ནས་བཙལ་དུ་མེད་པར་ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང་། ཆོས་ཀྱི་སྐུ་སངས་རྒྱས་པར་གནས་ཞེས་བྱའོ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས་པས་མཐའ་དབུས་བྲལ། ཞེས་པ། བྱང་ཆུབ་ཀྱི་སེམས་ནི་འདི་ཞེས་བརྟག་པའི་ཡུལ་དང་བྲལ་བས། ཚིག་ཏུ་བརྗོད་ཅིང་དམིགས་སུ་མེད་དེ། གཟུང་འཛིན་ཉིད་ཡེ་ནས་མྱ་ངན་ལས་འདས་པས་སེམས་ཉིད་ཆོས་ཀྱི་སྐུ་ནམ་མཁའ་ལྟར་མ་བཅོས་མ་བྱས། མ་བསྒྲུབས་པའི་བདེ་བ་ཆེན་པོར་ཡེ་ནས་གནས་པ། རང་ལས་མ་བཙལ་བར་ནམ་མཁའ་ལྟར་ཁྱབ་ཅིང་རྣམ་པར་གནས་པར་བསྒོམ་པའོ། །མན་ངག་ལྟ་བའི་རྩ་འགྲེལ་རྫོགས་པ་བཞིན། སེམས་ཅན་ཐམས་ཅད་ཆོས་ཀྱི་སྐུར་སངས་རྒྱས་པར་རྫོགས་སོ།། །།མན་ངག་རྒྱལ་པོ་རྫོགས་པ་ཆེན་པོའི་མདོ། ཨ་ཏི་ཡོ་གའི་བསམ་གཏན་ཆེ་བ་འདི། བྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན་དང་། རྫོགས་ཆེན་བསྒོམ་པ་སྤྱན་གྱི་འབྲས་བུ་བསྒྲགས། ཐིག་ལེའི་ཀློང་དྲུག་ལུང་ཕྲན་བཅུ་གཅིག་འགྲེལ། ཚིགས་སུ་བཅད་པ་བཅུ་གཉིས་དོན་གྱི་བརྡའ་རུ་གསུངས། བློ་གསལ་སྐྱེས་བུ་ཐུགས་ཀྱི་རྒྱན་དུ་དཀྲོལ་ཞིང་བཤད། ཡེ་ཤེས་གདེང་ལྡན་སྔོན་སྦྱངས་གདུང་རབས་རྒྱུད་དོན་རྫོགས།། །།དགེའོ། །


previousབྱང་ཆུབ་སེམས་བསྒོམ་རྡོ་ལ་གསེར་ཞུན། སློབ་དཔོན་འཇམ་དཔལ་བཤེས་གཉེན།next