Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཨ་ཏི་ཡོ་ག་རྣལ་དུ་དབབ་པའི་དགོངས་པ།
   


 
previousཨ་ཏི་ཡོ་ག་རྣལ་དུ་དབབ་པའི་དགོངས་པ། next

ཨ་ཏི་ཡོ་ག་རྣལ་དུ་དབབ་པའི་དགོངས་པ།

ཨ་ཏི་རྣལ་དགོངས་ཀྱི་གཞུང་བཞུགས་སོ།། །། རྒྱ་གར་སྐད་དུ། སན་ལམ་ཏྲི་ཨ་ཝ་ཏ་ས་མནྟ་ན་མཿ བོད་སྐད་དུ། ཨ་ཏི་ཡོ་ག་རྣལ་དུ་དབབ་པའི་དགོངས་པ་ཞེས་བྱ་བ། །བཅོམ་ལྡན་འདས་རང་རིག་འདུས་མ་བྱས་ཉིད་ལ་ཕྱག་འཚལ་ལོ། །ཐེག་པ་དམན་པ་རྣམས་ལ་སྒྲ་དོན་ཁྱད་པར་འཕགས་པ་ཡི། །གསང་བ་ཕྱོགས་ཀྱི་ངེས་པ་གནད་དཀྲོལ་ནས། །བྱར་མེད་ཀློང་ཡངས་རང་བཞིན་ཅོག་གཞག་ནི། །སེམས་ལ་མ་བསྟན་ཡེ་ནས་སངས་རྒྱས་སོ། །དེ་ཉིད་དགོངས་དོན་སུས་ཀྱང་བརྟག་དཀའི་གནད། །རྡོ་རྗེ་འཆང་ཆེན་འགྲོ་བའི་བླ་མ་ཡིས། །ཚིག་དོན་གསལ་ཕྱིར་ངེས་པའི་གནད་ཕྱེས་ཏེ། །སེམས་ཀྱི་བཅིངས་པའི་ལུས་ཀྱི་གཟུགས་ཅན་རྣམས། །རང་གནས་མ་ཡེངས་བྱས་པ་མེད་པའི་གཞི། །ཅོག་བཞག་རང་ས་ཉིད་དུ་གྲོལ་ལམ་ཡང་། །སོ་སོའི་སྙིང་གནས་བཅུད་འདིར་བསྟན་པའི་ཕྱིར། །རེག་མཐོང་མ་མྱོང་དགོངས་འདིར་བསྟན་བྱའོ། །གཞན་འདོད་སེམས་ལས་བྱུང་བའི་ཆོས་རྣམས་ནི། །སུས་མ་རིག་ཅིང་ཁྲུལ་རྟོག་བློ་ཡིས་བཅིངས། །གཅིག་མེད་ཅིར་ཡང་སྣང་བ་ཉིད་ལ་སོམས། །དེ་ཡི་བདེན་པས་རང་རྒྱུད་བཅིངས་ལ་ལྟོས། །དེས་ན་གང་མཐོང་འདི་ནི་རྫོགས་པ་ཆེན་པོ་ཉིད། །གནས་ལ་མཐོ་དམན་འདུག་པར་ཁྱེད་ཀྱི་མཐོང་ངམ་ཅི། །སྟོང་དངོས་སྨྲ་བར་འདོད་པའི་ཡིད་བློ་ཅན། །ཁྱད་པར་མཐོང་བ་སུས་ཀྱང་དམིགས་པ་མེད། །དེ་ལ་དངོས་པོའི་གཟུགས་ཅན་འབྱུང་བ་བཞི། །རང་ཉིད་རྟག་པས་སེམས་བཅིངས་འཁོར་བ་ལས་མི་འདའ། །རྒྱུ་རྐྱེན་འབྱུང་བའི་བྱེད་པ་ཅན་ལས་ཐལ། །བདག་མེད་འབྱུང་བའི་འདུལ་གྱིས་ཁྱད་འདོན་ཅི་ཞིག་ཡོད། །སྒོམ་བྱའི་བློ་ཡི་བཅིངས་པས་བདག་ཏུ་མེད་པར་ནུས་ཀྱང་འཛིན། །འགོག་ཅིང་གཞན་དབང་དོན་དམ་འདོད། །དངོས་པོར་སྨྲ་ཕྱིར་ཁྱད་པར་ངས་མ་མཐོང་། །དོན་དམ་སྟོང་པ་རིག་པའི་སྤྱོད་ཡུལ་མིན། །ཁས་ལེན་ཡེ་ཤེས་ཙམ་ཡང་འདོད་མེད་གང་ཡང་སྣང་མེད་དང་། །དངོས་པོ་རྣམས་ལས་འཕགས་པར་ནུས་མ་ཡིན། །ཕུ་མོ་ལ་སོགས་སྒྱུར་བྱེད་འབྲས་བུ་ཀྱང་། །གང་ལ་ཁྱད་པར་མེད་པར་སེམས་ལ་འཁྲུལ་པ་མེད། །དེ་ཕྱིར་ཚིག་ལ་ཞེན་འདོད་སླར་བཅིངས་སུ་མི་ཡོང་། །གང་ལ་མཉམ་པར་ཡིན་པར་མ་ཤེས་སེམས་ཀྱིས་ལེན། །གདོད་ནས་ཡོད་མེད་འདོད་པ་སུ་ལ་བསྟན་པའི་ཆོས། །གང་ལ་བསྟན་པའི་དམིགས་པའི་ཟླ་སྒྲ་ཉིད། །འཚོགས་རྒྱུ་མཚུངས་པའི་ལས་ལ་མ་བྱུང་སེམས་ཉིད་རང་། །གང་ཕྱིར་འདོད་པ་མེད་པའི་སེམས་དལ་ནི། །རྫོགས་དོན་གཞན་དུ་མ་ཡིན་ཁྱད་པར་མི་རྙེད་དོ། །དེ་ལ་རྣམ་པར་རྒྱལ་བའི་གཟུགས་མེད་གྲོལ་བ་ག་ལ་ཡོད། །ཨ་ཏིའི་དགོངས་པ་ཕྱོགས་མེད་རང་ཤར་བས། །འགགས་པ་མེད་ཅིང་ཡུལ་ལ་མ་རྟེན་གྲོལ། །མཐའ་ལ་མི་གནས་ཕྱོགས་ཆ་ཀུན་དང་བྲལ། །འགྲོ་དང་འོང་བ་མེད་པས་མ་བཅོས་ལྷུག་པ་ཉིད། །འབད་པ་མ་ཡིན་ཡེ་ནས་གྲོལ་བའི་གནད། །བྱས་རྩོལ་བློ་ཡིས་བརྟག་པས་ཆོས་མི་རྙེད། །མཚན་ཉིད་སྟོང་པས་ཆོས་ལ་དབྱེ་བའང་མེད། །ཨ་ཏི་ཡོ་གས་གཞན་ལ་མཉམ་རྫོགས་ཕྱིར། །གང་ལ་མི་རེག་འདི་ཉིད་རིག་པ་ཉིད། །གཞན་གྱི་མི་མཐོང་པ་ལ་ཡོད་པ་བལྟས། །གང་ལ་ཡོད་པ་མེད་ནི་མེད་དང་མཚུངས། །སུ་ཡི་འཁྲུལ་པ་ང་ལ་འཁྲུལ་མེད་རིགས། །འདས་པའི་འདོད་ཕྱིར་ང་ཉིད་འཁོར་བ་ཉིད། །དེ་བཞིན་གཞན་གྱི་གཙོ་བོའི་དབང་གི་ན། །སངས་རྒྱས་འདོད་པས་ཉམས་ཕྱིར་བདག་ཉིད་དམྱལ་བར་རིགས། །དེ་ལས་འགྱུར་བ་བཟློག་སྟོང་ཉམས་པ་དང་། །གསལ་དང་མི་གསལ་མཐའ་ཡི་དེ་བདག་པོ །འཁོར་འདས་མ་མྱོང་མོ་གཤམ་བུ་བཞིན་ནོ། །ལས་མཐུན་མེད་དེ་རི་བོང་རྭ་དང་མཚུངས། །དོན་བྱེད་ནུས་པས་སྣང་ངོ་ཐ་དད་ཕྱིར། །མ་འཁྲུལ་ཡེ་ཤེས་འདོད་པ་སུ་ལ་སྲིད། །འཁོར་བ་གཏིང་བཟློག་འགྲོ་བའམ་ལམ་འགགས་པས། །རྒྱུ་མེད་རྐྱེན་གྱིས་འཁོར་འདས་མཚོན་ས་སུ། །བན་བྱེད་ལས་ཀྱི་འཇུག་པས་ཤེས་པས་སོ། །རྒྱ་མཚོ་ཆུ་དང་མར་གད་ནོར་བུ་བཞིན། །འབྱུང་འཇུག་འགྲོ་བའི་འོང་རྟེན་སུས་མི་རྙེད། །བརྗོད་ཅིང་བརྟགས་པས་སུ་ལ་བྱང་ཆུབ་རེ། །མེད་ཅིང་བརྟགས་པས་འཁྲུལ་པ་དེ་ཉིད་དོ། །ཡུལ་དང་སེམས་ལ་འབྲེལ་མེད་ཡུལ་ཅིར་འགྱུར། །སེམས་ཀྱི་ཡུལ་མཐོང་ཡུལ་ལ་སེམས་མི་གནས། །ཡུལ་གྱི་བཅད་མེད་རྒྱུ་མཚན་གཅིག་པ་མིན། །དེས་ན་ཡུལ་སེམས་འབྲེལ་བ་མེད་པར་ངས་རིག་གོ །ལུས་སེམས་འབྲེལ་མེད་སེམས་ལ་མཚན་ཉིད་མེད། །ལྷན་གཅིག་སྦྱོར་མཐོང་ངོ་བོས་སྟོང་འབྲེལ་གྲགས། །རྒྱུ་མེད་དངོས་སྟོང་མཚན་ཉིད་མ་གཅིག་ཕྱིར། །བར་སྣང་འཕུར་བའི་བྱ་ལ་གནས་ཡོད་མ་ཡིན་བཞིན། །རིག་པ་ཉིད་དང་བག་ཆགས་འབྲེལ་པ་མེད། །སྟོང་པས་སྟོང་པ་འབྲེལ་བ་ཡོད་མི་སྲིད། །མཚན་ཉིད་མི་གཅིག་ཆོས་ལ་འགྱུར་མེད་པས། །རྟོག་དཔྱོད་བློ་སྣ་ཡིད་སྤྱོད་ཚད་མ་ཡིན། །འདི་ཡི་རྒྱ་མཚོའི་གཏིང་ཐུག་འཚོལ་བ་བཞིན། །སངས་རྒྱས་སེམས་ཅན་ཡེ་ནས་འབྲེལ་མེད་ཕྱིར། །ཉོན་མོངས་ལྔ་ཡི་རིག་པས་མ་གོས་པས། །བྱར་མེད་རང་གྲོལ་མཐའ་ཡི་རྟོག་པ་ཟད། །སྦྲུལ་གྱི་ཀོག་པ་དུས་ཀྱིས་བོར་བ་བཞིན། །དེ་ལྟར་སྣང་ལུགས་སྣང་ཤེས་ཐམས་ཅད་ལ། །བློ་སྣང་འབྲེལ་པ་ཙམ་ཡང་ཡོད་མ་ཡིན། །བདག་ཉིད་དེ་དང་དེ་ལས་བྱུང་དུ་མེད། །མཐའ་ལས་ལོག་པའི་སེམས་ཀྱིས་དེ་བཞིན་ནོ། །ཨ་ཏི་མཐའ་བྲལ་ཡོངས་སུ་རྫོགས་པའི་གནད། །སྐྱེ་མེད་ཟང་ཐལ་འགགས་པའི་མཐའ་དང་བྲལ། །ཡོད་མེད་སྣང་སྟོང་ལ་སོགས་ལྟོས་པ་ཟད། །ཨ་ནི་སྐྱེ་མེད་ཡུལ་ལས་འདས་པ་ཉིད། །ཏི་མཐའ་བྲལ་བས་ཡོངས་སུ་རྫོགས་པའི་དོན། །ཡོ་གས་གཞན་ལྟ་ཉམས་པར་བྱེད་ཅིང་རང་འདོད་མེད། །རྣལ་ཞེས་བྱ་བ་མ་བཅོས་ལྷུག་པ་ཉིད། །དུས་དང་འབྲེལ་མེད་དགོངས་པ་བར་མེད་ཕྱིར། །ལུས་ཀྱི་བྱ་སྤྱོད་མ་བཅོས་པ་མེད་པར། །འཁོར་འདས་གཉིས་རྫོགས་ལྟོས་གཞི་ཟད་པ་སྟེ། །འཇུག་ནུས་དྲན་པ་སྟོང་པའི་ལམ་དུ་སུ་འཇུག་པ། །མཐའ་མེད་དབུས་སུ་གནས་པ་འདི་ལ་མེད། །སྐུ་གསུམ་ལས་ཀྱིས་དབུས་ལས་ཡང་སློག་མེད། །འཁོར་བ་རུ་ལོག་རྒྱ་མཚོ་ཧུབ་ཀྱིས་འདེབས། །འཕྲ་བའི་ཉག་གྲངས་རི་བོ་ཏིལ་འབྲུར་ཚུད། །མུན་པའི་གོས་གྱོན་གསལ་བའི་ཉི་མ་ནུབ། །མགྱོགས་པའི་སྟོབས་བྲི་བུལ་པོ་སྟོད་ལ་མནན། །རྣོ་བའི་ངར་བསད་ཡོད་སོ་མེད་པར་བྱས། །དམྱལ་བ་སངས་རྒྱས་སངས་རྒྱས་དམྱལ་བར་ལྷུང་། །ཆོས་ཀྱིས་སྡིག་འཕེལ་སྡིག་བྱེད་བདེ་བ་ཐོབ། །སྲོག་བཅད་སངས་རྒྱས་བསྒོམ་པས་དམྱལ་བར་འགྱུར། །མ་སྦྱངས་མཁྱེན་ཆེ་ཤེས་པ་གཏི་མུག་ཉིད། །ཐོས་དང་ལྡན་པའི་གང་ཟག་འཁོར་བར་འཁོར། །ཤེས་རབ་ཅན་རྣམས་འཁོར་བ་ལས་མི་འདའ། །གང་ལ་བསྒོམ་པ་ཕོད་པ་ཁམས་གསུམ་ལས་མི་འདའ། །རྟོགས་པ་ཅན་ཀྱང་འཁོར་བའི་ཉེར་ལེན་རྒྱུ། །དད་དང་ལྡན་པ་ཐར་པའི་སྐབས་མི་རྙེད། །དམ་ཚིག་སྡོམ་ལྡན་གང་སྲུང་ལྟུང་བའི་གནས། །སྙིང་རྗེ་ལྡན་པས་འཁོར་བའི་བཙོན་རར་ཚུད། །གང་གི་བསྒྲུབ་པ་པོ་ལ་བར་གཅོད་ཉེ། །སུ་ཡི་སྒྲུབ་པ་ཐོབ་པས་ཆོས་ཉིད་ལ་ཡང་སྟེར། །སྲོག་གཅོད་མ་བྱིན་བླངས་དང་མི་གཙང་སྤྱོད། །རྫུན་དང་ཕྲ་མ་ཞེ་གཅོད་ཚིག་ཉིད་སྨྲ། །རྣབས་སེམས་གནོད་སེམས་ལོག་ལྟ་རྒྱུན་དུ་བསམ། །ཆོས་ཚུལ་གང་ཟག་བཟང་པོའི་གཟུགས་ཅན་སྒྲུབ། །བསྟན་པ་ནུབ་ཅིང་ཆོས་འཁོར་བཤིག་པར་བྱའོ། །དེ་བཟློག་སོ་སོའི་གཏན་ཚིག་ལ་གནས་ཕྱིར། །དེ་ལྟར་མི་སྲིད་ལས་ཀྱིས་རིག་པ་གནད་ཆེ་བ། །ཕ་རོལ་ལས་འདེབས་འདོད་སྲིད་དྲུང་ནས་དབྱུང་། །གཏན་ཚིག་ལྟོ་སྦྱོར་དམ་བཅའ་ཁོང་དོན་གསལ། །རྫོགས་ཀྱི་གཏེར་དང་དབྱེར་རྫོགས་ཆེན་པོ་བཞི། །ཡང་ནི་ངེས་བཤད་རྫོགས་ནས་གནད་དཀྲོལ་ན། །བརྗོད་པ་དཔེ་བཞི་ཡིད་ཆེས་ལུང་བཞི་ངེས། །འབྲོས་པའི་མཁར་ག སུམ་གྱོན་པའི་གོ་ཆ་གཉིས། །འཕང་བའི་མདའ་བཞི་འགེངས་པའི་གཞུ་གཉིས་ཏེ། །རྟེན་པའི་རལ་གྲི་བརྡུང་དང་འགྲོ་བའི་འཕང་ཆེན་གཉིས། །བགྲོད་པ་ལམ་གསུམ་ལྟ་བའི་ཡུལ་གཉིས་དང་། །མི་ཕྱུགས་གཟེར་བུ་བརྒྱད་དང་ཐབས་ཀྱིས་གནད་ཐེབས་གསུམ། །གྲོལ་རྒྱུ་གཉིས་དང་གྲོལ་རྐྱེན་ལྔ་ལ་ཡང་། །མི་བཟློག་པ་ལས་ཟླ་གཏུག་མི་འགུལ་རྒྱས་འདེབས་གཉིས། །བདུན་པ་གཉིས་དང་ཐོབ་པ་དྲུག་གིས་ནི། །ཨ་ཏིའི་གནད་དེ་གཞན་ལ་རྟེན་མི་སྲིད། །མ་རྟེན་དོན་དེ་སུ་ལས་མི་འབྱུང་བའོ། །རྩོལ་མེད་རང་བྱུང་ཡེ་ཤེས་ཐ་སྙད་ཙམ་སྣང་བ། །མ་བསྒྱུར་བཞི་ཡི་རོལ་པས་ངན་སོང་གསུམ་དུ་འབྱུང་། །རང་གཞག་ཆོས་ཉིད་སྟོངས་པས་འཁོར་འདས་སྤྱི་ལ་ཁྱབ། །མ་བཅོས་ཨ་ཏིའི་གནས་ལས་མཐོ་རིའི་ངན་སོང་མེད། །མ་སླད་རང་བཞིན་གཟུགས་མས་སངས་རྒྱས་སེམས་ཅན་སྦྲེལ། །མ་བཙལ་རང་གནས་རིག་པས་བརྟན་གཡོ་ཀུན་ཏུ་འབྱུང་། །རྟོག་མེད་སེམས་ཀྱི་བྱུང་ཚོར་ལྟར་སྣང་བའོ། །ཡེ་ཤེས་ཞེས་བྱ་ལུས་ཀྱི་གནད་དུ་སྣང་བ་བྱེད། །རོལ་པ་ཞེས་བྱ་སེམས་ཀྱི་གནད་ནི་རྣམ་པར་རྒྱས། །ལུས་སེམས་འདུས་པའི་གནད་ནི་རང་རིག་ཉིད་ཡིན་པས། །འོད་ཅེས་བྱ་བ་ཡུལ་གནད་རྣམ་པ་བྱུང་། །སེམས་ཞེས་བྱ་བ་དབང་པོའི་གནད་དུ་རྣམ་པར་ངེས། །དབང་པོ་ཡུལ་གཉིས་འདུས་པའི་གནད་ནི་ལུས་ཀྱི་རྩ། །ལུས་ཞེས་བྱ་བ་ཤེས་པའི་གནད་དུ་རྣམ་པར་རོལ་པ་ཉིད། །ཡུལ་ཞེས་བྱ་བ་སྣང་བའི་གནད་དུ་ངེས་པར་འབྱུང་། །སེམས་ཞེས་བྱ་བ་དབང་པོའི་གནད་དུ་རྣམ་པར་ངེས། །སྣང་ཤེས་འདུས་པའི་གནད་ནི་བར་དུ་ཡང་དག་ལྟ། །དབང་པོ་ཞེས་བྱ་ཆོས་ཉིད་ངག་གི་གནད་དུ་སྣང་། །ཤེས་པ་ཞེས་ནི་རྟོག་པ་ཉིད་ཀྱི་གནས་ཉིད་དོ། །དབང་ཤེས་འདུས་པའི་གནད་ནི་རང་གི་དེ་བཞིན་ཉིད། །སྣང་བ་ཞེས་པ་གྲོལ་བ་བདག་གི་གནད་དུ་སྟེ། །དག་པ་ཞེས་ནི་འཁོར་བའི་གནད་དུ་ཡང་དག་ལ། །གྲོལ་འཁོར་འདུས་པའི་གནད་དུ་ཨ་ཏི་ལུ་གུ་རྒྱུད། །དེ་ལས་ལྷག་པའི་ཆོས་གཞན་མ་མཐོང་ངོ་། །ཨེ་མ་ཧོ། ཨ་ལས་ཡང་དག་བྱུང་བལྟས་པས། །མ་མཐོང་དོན་དེ་ཡང་དག་ལམ་སྣང་བ། །མ་སྒྱུར་ལམ་དུ་ཡང་དག་ཉིད་གསུངས་པ། །སེམས་བཞག་ལུས་ཀྱི་དཀྱིལ་དུ་གང་སྣང་སྣ་ཚོགས་གནད། །མ་བཞག་བྱས་རྩོལ་རྫོགས་པ་ཆེན་པོའི་སེམས། །འདི་ཉིད་ཡིན་ཏེ་གཞན་དུ་མ་བསྟན་ནོ། །ཡང་ནི་རྣམ་སྣང་མཐོང་བ་ཙམ་གྱིས་ཡལ། །ཤེས་པ་གཏད་པ་དེ་ཡིས་སར་ཡལ་གསང་བའི་གནད། །སྣང་ཤེས་གཉིས་མེད་འཁོར་འདས་གང་ལ་བྱེད། །འདི་ནི་འགྱུས་མཐོང་གཅེར་དག་ཅེར་གྲོལ་ལམ། །རྣལ་དུ་ཕབ་པ་ཉིད་ལས་ང་རང་ཡིན། །ཆོས་ཀུན་ལྟ་བ་བྲལ་བས་བསྒོམ་པ་སུ་ལ་ཅི། །བྱ་བྲལ་བློ་ཡི་རྫོགས་ཞེས་ཐ་སྙད་ཙམ། །འབྱུང་བར་ངེས་ཏེ་གང་གིས་མ་བསླད་པ། །རྣམ་པར་དག་པ་ལ་ཉེ་རིག་འཛིན་སུ། །ཐར་པའི་སྒྲིབ་རྒྱུ་འདི་ལས་ལྷག་པར་ཡང་། །ལོག་པར་མེད་པས་རང་གིས་བཅིངས་སམ་ཅི། །དེས་ན་དམ་པའི་དོན་དེ་མ་བཅོས་རྟོགས། །མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོའི་གནད། །ངོ་ཤེས་ཡིད་ཆེས་ཐག་ཆོད་གྲོལ་ལྡོག་མེད། །མི་གྲོལ་མི་སྲིད་འབད་པ་སུ་ལ་སྲིད། །གྲོལ་ནས་ལྡོག་པ་མེད་པའི་འགྱུར་མེད་འགགས། །གྲོལ་ཀྱང་ལྡོག་པ་བྱུང་ན་དགོས་པ་ཅི། །གྲོལ་བ་མེད་ཀྱང་ལྡོག་པ་མེད་ན་དེ་ལ་སུ། །གལ་ཏེ་མཐོང་བ་ཙམ་གྱིས་གྲོལ་ན་ག་ལ་ལྟོས། །མ་མཐོང་གྲོལ་ན་དམ་པའི་དགོས་པ་གང་། །ཐོབ་པ་མེད་ཀྱང་གྲོལ་བར་འདོད་ན་སུ་ལ་སྡིག །མ་གྲོལ་ན་ཡང་འབྲས་བུ་ཡིན་ཀྱང་གྲོལ་བ་མེད་ན་ཐོབ་པ་གང་། །འབྲས་བུ་མེད་ན་སངས་རྒྱས་ལས་ཡང་མེད། །མཐའ་འདི་མི་ཤེས་དབུས་ལས་གནས་པ་རུ། །རྫོགས་པ་འདི་ལས་གྲོལ་བ་ཅི་ལ་ཕན། །ཐོས་མཐོང་དུས་ཀྱང་རེག་པ་ངས་མ་མཐོང་། །མི་ཡིན་བརྟ་ལ་བརྟེན་ནམ་བྱང་ཆུབ་ཡིན་ནམ་ཅི། །མི་བརྟ་མ་རྙེད་བྱང་ཆུབ་སུ་ཡི་རྙེད། །ཚིག་གི་རྫོགས་པའི་སངས་རྒྱས་ཕྱོགས་མི་མཐོང་། །གལ་ཏེ་མཐོང་ན་སངས་རྒྱས་ཚིག་ཏུ་ཐལ། །བསྒོམ་ཞིང་སྤྱད་པས་ཆོས་ཉིད་རྟོགས་མི་སྲིད། །གལ་ཏེ་རྟོགས་ན་ཆོས་ཉིད་བསམ་པར་འགྱུར། །སེམས་ཅན་བསམ་པ་ཡུལ་ནས་གྲོལ་བ་མེད་ཕྱིར་རོ། །མངོན་སུམ་རྗེས་དཔག་ཆོས་ཉིད་ཚད་མ་མིན། །གལ་ཏེ་ཡིན་ན་དོན་དམ་གཞལ་བྱར་འགྱུར། །རྫོགས་པའི་སེམས་ལ་བློ་ཡི་འབྲེལ་མེད་ཕྱིར། །དོན་དམ་ཀུན་རྫོབ་དབྱེ་བས་ཆོས་ཀུན་ཉིད། །དུ་མ་རོ་གཅིག་ཀློང་དུ་འགྱུར་མི་སྲིད། །གལ་ཏེ་སྲིད་ན་ཆོས་ཀུན་ཐ་དད་འགྱུར། །གཅིག་དང་འདུ་འབྲལ་རང་གིས་གཏན་ཚིགས་བཅས། །སྣ་ཚོགས་སེམས་ཀྱི་ཕྱི་རོལ་དོན་འདོད་པ། །སྐྱེ་མེད་རང་བྱུང་ཉིད་ནས་འདི་ཡི་ཕྱོགས་རྩ་མཐོང་བ་མེད། །གལ་ཏེ་མཐོང་ན་སེམས་ཉིད་དངོས་པོར་འགྱུར། །སྟོང་པའི་སེམས་ཉིད་ཀུན་ལ་སྣང་ཕྱིར་རོ། །རང་ལུས་ཆ་ལུགས་བསྒྱུར་བས་སྐུ་གསུམ་རེག་པ་མིན། གལ་ཏེ་རེག་ན་སྐུ་གསུམ་ལུས་སུ་འགྱུར་བས་ན། དངོས་དང་དངོས་མེད་འབྲེལ་བ་མེད་ཕྱིར་རོ། །དེ་བས་ཨ་ཏི་གང་ཡང་མ་སྤངས་ན། །བསྒྱུར་དུ་མེད་པའི་བྱ་བྲལ་རྩོལ་མེད་སྟོང་། །ཐོག་བཞག་ཅེར་གྲོལ་གཏད་དང་བྲལ་བ་ཉིད། །མ་བཅོས་ལྷུག་པ་སུ་ལ་མ་བརྟེན་རང་གི་གནད། །གཏད་མེད་འདོད་པ་བྲལ་བས་ཚིག་གི་སྐྱོན་ཡོད་མིན། །སྣང་ཤེས་རང་བྱུང་ཆེན་པོར་ཤར་ཅིང་བསྐྱེད། །ཐམས་ཅད་ཆོས་ལ་མ་བརྡོལ་མེད་ཕྱིར་རང་བྱུང་རོལ་པ་ཞེས། །ཡིན་ཚུགས་སྣང་ལུགས་སྦྱར་བས་བྱ་རྩལ་འཇུག་མེད་དོ། །རྟོག་པའི་རྟེན་དང་རྟོག་པ་མེད་པ་ཉིད་ལ་རོལ། །སུ་ལ་ལམ་ཡོད་འབྲས་བུ་ཉིད་ས་ཅི། །རང་གནས་རྫོགས་པ་ཆེན་པོ་སུ་ལ་རྟེན་མི་སྲིད། །འདས་མེད་ཡེ་རྫོགས་གནས་པ་འགྱུར་མེད་ལས། །གནས་ལུགས་རང་དག་རོལ་པ་རང་ཤར་ཞེས་བྱ་ཉིད། །སྣང་འདོད་སེམས་ཀྱིས་བཅིངས་པའི་མིང་དང་བྲལ། །དེ་ཕྱིར་གཅིག་མིན་གཉིས་མིན་འདི་འདྲ་ངེས་མེད་ལས། །འཁྲུག་རྐྱེན་སྐྱེས་བཞི་ཁ་དོག་གང་མ་བྱེད། །ཐམས་ཅད་སྣང་ཕྱིར་འདྲ་བཞི་སྣ་ཚོགས་ལས། །མཚོན་པ་འདི་འདྲ་ཞེས་ནི་སྒྲུབ་ཏུ་མེད་པའོ། །ཨ་ཏི་རང་བྱུང་འཁྲུལ་མ་མྱོང་བའི་གནད། །མཐའ་ཡི་ལོག་རྟོག་མ་བཅུག་སེམས་ཀྱི་གུས་པ་ཡང་། །མ་འོངས་དུས་སུ་བློ་རྩལ་མཆོག་རྣམས་ལས། །དམིགས་ནས་འབད་རྩོལ་མེད་པའི་གདེང་ལྡན་ཡི་གེར་བཀོད། །འདི་ལ་འཇུག་ནུས་སེང་གེ་ལྟ་བུའི་མིས། །རྫོགས་པ་དོན་གཉིས་བ དེ་བླག་ཉིད་དུ་ཡང་། །འགྱུར་མེད་སེམས་ཉིད་ཡེ་གྲོལ་ཆེན་པོའི་ཆོས། །དེ་ཉིད་མ་ཟད་ཀུན་གྱིས་རྟོགས་པར་ཤོག །མན་ངག་གི་རྒྱལ་པོ་ཨ་ཏི་རྣལ་དགོངས་ཞེས་བྱ་བ། །སྡེ་སྣོད་གསུམ་གྱི་དོན་བསྡུས་པ་བསྟན་པ། རྒྱ་གར་གྱི་སློབ་དཔོན་མཁས་པ་བྷི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། །།རྒྱ་རྒྱ་རྒྱ། །མངྒ་ལཾ།། །།


previousཨ་ཏི་ཡོ་ག་རྣལ་དུ་དབབ་པའི་དགོངས་པ། next