Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་དགུ་པ།


   
   
   
   
   
   
   
   
   
   
   
དམ་པ་ཆོས་ཀྱི་ཡང་སྙིང་སྤྲུལ་སྐུ་ཞིག་པོའི་གསུང་སྒྲོས་དོན་གསལ་ལྔ་པ། དབུས་པ་རྟ།
   
   
   
   
   
   
   
   
   
   
   
   
   
   


 
previousདམ་པ་ཆོས་ཀྱི་ཡང་སྙིང་སྤྲུལ་སྐུ་ཞིག་པོའི་གསུང་སྒྲོས་དོན་གསལ་ལྔ་པ། དབུས་པ་རྟ།next

དམ་པ་ཆོས་ཀྱི་ཡང་སྙིང་སྤྲུལ་སྐུ་ཞིག་པོའི་གསུང་སྒྲོས་དོན་གསལ་ལྔ་པ། དབུས་པ་རྟ།

དམ་པ་ཆོས་ཀྱི་ཡང་སྙིང་སྤྲུལ་སྐུ་ཞིག་པོའི་གསུང་སྒྲོས་དོན་གསལ་ལྔ་པ་བཞུགས། དགོས་འདོད་ཀུན་འབྱུང་རྟོགས་ལྡན་རིན་པོ་ཆེ། འཁྲུལ་པ་རང་གྲོལ་ཞིག་པོ་སྤྲུལ་པའི་སྐུ། །ཐུགས་རྗེས་ཀུན་སྐྱོབ་འགྲོ་བའི་མགོན་པོ་ཉིད། །དྲིན་ཅན་བླ་མ་ཁྱེད་ལ་གུས་པས་ཕྱག་འཚལ་ལོ། །ངོ་བོ་བདག་མེད་གནས་ལུགས་ལ། །བདག་ཏུ་བཟུང་བས་འཁྲུལ་པའི་ལམ། །བདག་མེད་རྟོགས་ནས་བདེ་བ་ཆེ། །ཞེས་པས། གནས་ལུགས། འཁྲུལ་ལུགས། འཁྲུལ་པ་བཟློག་པའི་ཐབས་གསུམ་དུ་གསུང་པ་ལ། དང་པོ་གནས་ལུགས་ནི། ངོ་བོ་བདག་མེད་གནས་ལུགས་ལ། །ཞེས་པས་སྟོན་ཏེ། དེ་ལ་གཞི་སྙིང་པོ་བྱང་ཆུབ་སེམས་ཀྱི་ངོ་བོའམ་གནས་ལུགས་ནི། མཉམ་པ་ཉིད་ཕྱོགས་རིས་མེད་པ། སྟོང་གསལ་ནམ་མཁའ་ལྟ་བུ་ཞེས་བྱ་སྟེ། སེམས་ཀྱི་ངོ་བོ་ཉམས་པ་ཉིད་བཟང་ངན་དང་ཆེ་ཆུང་མེད་པ། དེ་ཡང་ཕྱོགས་དང་རིས་མེད་པ། ངེས་བཟུང་ཐམས་ཅད་དང་བྲལ་ཏེ་སྟོང་། འཛིན་མེད་ཀྱི་རིག་པ་རང་སྣང་སྟེ་གསལ། དེ་ཡང་གཉིས་སུ་མེད་པ་ཆོས་སྐུ་གནས་ཏེ། དཔེ་ནམ་མཁའ་ལྟ་བུའོ། །དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་ལ་ངོས་བཟུང་གང་ཡང་མེད། ཐོགས་པར་བྱེད་པའི་རེག་བྱ་ཐམས་ཅད་དང་བྲལ་ཏེ་སྟོང་། སྤྲིན་དང་ན་བུན་ལས་སོགས་པ་མ་འགགས་པར་རང་སྣང་སྟེ་གསལ། ནམ་མཁའ་ཉིད་སྤྲིན་དུ་ཤར། སྤྲིན་ཉིད་ནམ་མཁའི་ངང་ལས་མ་འདས། ནམ་མཁའ་དང་སྤྲིན་དབྱེར་མི་ཕྱེད་པ་བཞིན་ནོ། །ལ་ཞེས་པ་དེ་ལྟ་ཡིན་པ་ལ། མ་རྟོགས་ཞེས་པའི་ཐ་ཚིག་གོ། །གཉིས་པ་འཁྲུལ་ལུགས་ནི། བདག་ཏུ་བཟུང་བས་འཁྲུལ་པའི་ལམ། ཞེས་པས་བསྟན་ཏེ། དེ་ལ་གསུམ། རྒྱུ་དང་། རྐྱེན་དང་། འབྲས་བུའམ་ཉེས་པའོ། །དེ་ལ་རྒྱུ་ནི་མ་རིག་པ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། ཀུན་དུ་བཏགས་པའི་མ་རིག་པའོ། །དང་པོ་ནི་གསེར་སེར་པོར་ཡེ་ནས་གནས་པ་དང་། གཡའ་ཡིས་བསྒྲིབས་ཏེ་སོར་སོར་མ་མངོན་པ་དུས་མཉམ་ལྷན་ཅིག་ཏུ་བྱུང་བ་བཞིན་དུ། གནས་ལུགས་ངོ་བོ་བདག་མེད་དུ་གནས་པ་དང་། དེ་ལྟར་ངོ་མ་ཤེས་པ་གཉིས་དུས་མཉམ་ལྷན་ཅིག་ཏུ་སྐྱེས་པས་དེ་སྐད་ཅེས་བྱའོ། །དེ་ཡང་སྤར་ཁབ་ལས། སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་ཡང་། ངེས་པའི་ཤེས་པས་ངེས་པར་མ་བྱས་པས་ནི་ལྷན་ཅིག་སྐྱེས་པའི་མ་རིག་པའོ། །ཞེས་སོ། ༈ །གཉིས་པ་ཀུན་བཏགས་ནི། ངོ་མ་ཤེས་ཀྱི་མི་ཟློ་སྟེ། །ང་མེད་པ་ལ་ང་རུ་བཟུང་། །བདག་མེད་པ་ལ་བདག་ཏུ་བཟུང་། །བདག་ལ་གཞན་འདྲ་གཅིག་ལ་གཉིས་འཛིན་གྱི་རྟོག་པ་དུ་མས་ལོག་པར་བཏགས་པའོ། །དེ་ཡང་སྙིང་པོ་ལས། སྲིད་རྩེའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས་ཞེས་པ་དང་། ཁྱུང་ཆེན་ལས ། ཡེ་ནས་རྒྱས་པའི་བདག་ཉིད་མངོན་སུམ་གནས་པ་ལ། །གྲིབ་མ་གཟུགས་ཀྱི་དཔེ་བཞིན་དེ་ལ་རྟོག་པ་བྱུང་། །ཞེས་གསུངས་སོ། ༈ །རྐྱེན་ནི། ལས་གསུམ་དང་འདོད་ཡོན་ལྔ་དང་ཉོན་མོངས་པ་ལྔ། ལས་གསུམ་ནི། དགེ་བ་དང་། མི་དགེ་བ་དང་། མི་གཡོ་བའོ། །དེ་ཡང་དགེ་བའི་ལས་ནི། དགེ་བ་བཅུ་ལས་སོགས་པ་ཡིན་ཏེ། བཅུ་ནི། ལུས་ཀྱི་གསུམ་དང་། ངག་གི་བཞི་དང་། ཡིད་ཀྱི་གསུམ་མོ། །ལུས་ཀྱི་གསུམ་ནི། སྲོག་སྐྱབས་བྱེད་པ་དང་། སྦྱིན་པ་གཏོང་བ་དང་། ཚངས་སྤྱོད་བསྲུངས་པའོ། །ངག་གི་བཞི་ནི། བདེན་པར་སྨྲ་བ་དང་། གཞན་མི་མཐུན་པ་བསྡུས་པ་དང་། ངག་འཇམ་ཞིང་ངེས་པར་སྨྲ་བ་དང་། གཏམ་ལྷད་མེད་དམ་བདག་གཞན་དོན་དུ་འགྲོ་བ་སྨྲ་བའོ། །ཡིད་ཀྱི་གསུམ་ནི། ཆོག་པར་འཛིན་པ་དང་། ཕན་པར་སེམས་པ་དང་། དཀོན་མཆོག་གསུམ་ལ་དད་གུས་བྱ་ཞིང་ཡང་དག་པའི་དོན་ལ་སེམས་པའོ། ༈ །གཉིས་པ་མི་དགེ་བ་ནི། མི་དགེ་བ་བཅུ་དང་། མཚམས་མེད་ལྔ་དང་། དེ་དང་ཉེ་བ་ལྔ་དང་། ལྕི་བ་བཞི་དང་། ལོག་པ་བརྒྱད་དང་། ཁ་ན་མ་ཐོ་བ་གསུམ། དེ་ལ་མི་དགེ་བ་བཅུ་ནི། ལུས་ཀྱི་གསུམ་དང་། ངག་གི་བཞི་དང་། ཡིད་ཀྱི་གསུམ་མོ། །དང་པོ་ལུས་ཀྱི་གསུམ་ནི། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པའོ། །ངག་གི་བཞི་ནི། རྫུན་དང་། ཕྲ་མ་དང་། ཚིག་རྩུབ་དང་། ངག་འཁྱལ་བའོ། །ཡིད་ཀྱི་གསུམ་ནི། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའོ། །དེ་རེ་རེ་ལ་རྒྱས་པར་ཕྱེ་སྟེ་བསྟན་པ་ནི། སྲོག་གཅོད་པ་ལ་གསུམ། འདོད་ཆགས་ཀྱི་སྒོ་ནས་གཅོད་པ་དང་། ཞེ་སྡང་གི་སྒོ་ནས་གཅོད་པ་དང་། གཏི་མུག་གི་སྒོ་ནས་གཅོད་པའོ། །མ་བྱིན་པར་ལེན་པ་ལ་གསུམ། མཐུས་མ་བྱིན་པར་ལེན་པ་དང་། སྒྱུས་མ་བྱིན་པར་ལེན་པ་དང་། འཇབ་བུས་མ་བྱིན་པར་ལེན་པའོ། །འདོད་པ་ལོག་པར་གཡེམ་པ་ལ་གསུམ། ཆོས་ཀྱི་བསྲུངས་པ་དང་། ཁྲིམས་ཀྱིས་བསྲུངས་པ་དང་། བདག་པོས་བསྲུངས་པའོ། །རྫུན་ལ་གསུམ་སྟེ། མི་ཆོས་བླ་མའི་རྫུན་དང་། ཕན་པའི་རྫུན་དང་། ཕན་གནོད་མེད་པའི་རྫུན་ནོ། །ཕྲ་མ་ལ་གསུམ་སྟེ། བཙན་འཕྲ་དང་། ལྐོག་ཕྲ་དང་། གཞགས་ཕྲའོ། །ཚིག་རྩུབ་ལ་གསུམ་སྟེ། རྒྱུད་ཀྱིས་རྩུབ་པ་དང་། ལན་དུ་རྩུབ་པ་དང་། ཡོན་ཏན་དུ་ལྟ་སྟེ་རྩུབ་པའོ། །ངག་འཁྱལ་བ་ལ་གསུམ་སྟེ། གནོད་པར་སེམས་པའི་ངག་འཁྱལ། ཡ་མ་བླའི་ངག་འཁྱལ། ཡང་དག་པའི་ངག་འཁྱལ་ལོ། །བརྣབ་སེམས་ལ་གསུམ་སྟེ། བདག་ལ་བརྣབ་པ་དང་། གཞན་ལ་བརྣབ་པ་དང་། གཉིས་ཀ་ལ་བརྣབ་པའོ། །གནོད་སེམས་ལ་གསུམ་སྟེ། བདག་ལ་གནོད་པ་དང་། གཞན་ལ་གནོད་པ་དང་། གཉིས་ཀ་ལ་གནོད་པའོ། །ལོག་པར་ལྟ་བ་ལ་གསུམ་སྟེ། རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་དང་། བདེན་པར་ལྟ་བ་ལ། བསྐུར་པ་འདེབས་པའོ། །མཚམས་མེད་པ་ལྔ་ནི། ཕ་གསོད་པ་དང་། མ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་འདུ་བའི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པའོ། །དེ་དང་ཉེ་བ་ལྔ་ནི། གྲོགས་ཀྱིས་བློ་གཏད་པ་ལ་འཁྲུལ་བ་དང་། སྙིང་རྗེ་རྗེ་སྐད་ཟེར་གྱི་གསོད་པ། དགེ་སློང་མ་སུན་འབྱིན་པ། དགེ་འདུན་འདུ་བའི་སྒོ་འཕྲོག་པ། རབ་གནས་དང་ལྡན་པའི་མཆོད་རྟེན་འཇིག་པའོ། །ཉམས་པའི་ལྕི་བ་བཞི་དང་། ལོག་པའི་ལྕི་བ་བཞི་དང་། སྨད་པའི་ལྕི་བ་བཞི་དང་། བསྐུར་བའི་ལྕི་བ་བཞིའོ། །དེ་ལ་ཉམས་པའི་ལྕི་བ་བཞི་ནི། མི་ཆོས་ཀྱི་མནའ་ཉམས་ན་ལྕི། །སྨད་ཉན་ཐོས་ཀྱི་འདུལ་ཁྲིམས། བྱང་ཆུབ་སེམས་དཔའི་སྡོམ་པ། གསང་སྔགས་ཀྱི་དམ་ཚིག་ཉམས་ན་ལྕི་བའོ། །ལོག་པའི་ལྕི་བ་བཞི་ནི། མཁས་པའི་གོང་ལྕི། བསྒོམ་ཆེན་གྱི་ཕྱག་ལྕི། བསྒོམ་བསྒྲུབ་མཁན་གྱི་ཟས་ལྕི། སྔགས་པའི་ནོར་ལྕི་བའོ། །སྨད་པའི་ལྕི་བ་བཞི་ནི། གཏི་མུག་དབང་གིས་འཕགས་པའི་སྐུ་ལ་མི་ལེགས་བྱས་ཏེ་ལྕི། ང་རྒྱལ་གྱི་དབང་གིས་བདེན་པའི་ཚིག་ཁྱལ་དུ་བསད་དེ་ལྕི། ཕྲག་དོག་གི་དབང་གིས་གྲོགས་ཀྱི་ཡོན་ཏན་ལ་སྨད་པ་ལྕི། འདོད་ཆགས་ཀྱི་དབང་གིས་ཆོས་དང་ནོར་དུ་བརྗེ་བ་ལྕི་བའོ། །བསྐུར་པའི་ལྕི་བ་བཞི་ནི། རང་བཞིན་དངོས་མེད་ངང་ལ་གལ་འཛུགས་ལྕི། གཉམ་ཉིད་ཆོས་ལ་ཁྱད་འདོན་ལྕི། མི་དགེ་བཅུ་ལ་ལོག་ལྟ་ལྕི། མཚམས་མེད་ལྔ་ལ་ཁྲག་འབྱིན་ལྕི་བའོ། །ལོག་པ་བརྒྱད་ནི། ཕྱིའི་ལོག་པ་བཞི་དང་། ནང་གི་བཞིའོ། །དེ་ལ་ཕྱིའི་བཞི་ནི། དཀར་པོའི་ཕྱོགས་ལ་སྨོད་པ་དང་། ནག་པོའི་ཕྱོགས་ལ་བསྟོད་པ་དང་། དད་པ་ཅན་གྱི་ཚོགས་བཅག་པ་དང་། དགེ་བ་ཅན་གྱི་ཐུགས་དཀྲུགས་པའོ། །གཉིས་པ་ནང་གི་བཞི་ནི། མི་སྤང་བ་སྤངས་ཏེ་ཡི་དམ་གྱི་ལྷ་སྤངས་པ་དང་། མི་སྨད་པ་སྨད་དེ་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་སྨད་པ་དང་། མི་དྲལ་བ་བྲལ་ཏེ་དམ་ཚིག་གཉན་པོ་དྲལ་བ་དང་། མི་བསྐྱུང་པ་སྐྱུངས་ཏེ་མཆེད་ལྕམ་ལ་བརྩེ་གདུངས་སྐྱུངས་པའོ། །ཁ་ནས་མ་ཐོ་བ་གསུམ་ནི། ལུས་ཀྱི་ཁ་ནས་མ་ཐོ་བ་དང་། ངག་གི་ཁ་ནས་མ་ཐོ་བ་དང་། ཡིད་ཀྱི་ཁ་ནས་མ་ཐོ་བའོ། །གསུམ་པ་མི་གཡོ་བའི་ལས་ནི། རགས་སོགས་ཞེས་བྱ་སྟེ། ཚད་མེད་བཞི་དམིགས་པ་དང་བཅས་ཏེ་རང་རྒྱུད་བསྒོམ་པ་དང་། ཞི་སོགས་ཞེས་བྱ་སྟེ། ལྟ་བས་མ་ཟིན་པའི་སྒོམ་ཞི་གནས་བློ་ཡུལ་དུ་བསྒོམ་པའོ། །འདོད་ཡོན་ལྔ་ནི། མིག་གི་ཡུལ་དུ་གཟུགས་སྣང་བ་དང་། རྣ་བའི་ཡུལ་དུ་སྒྲ་རུ་སྣང་བ་དང་། སྣའི་ཡུལ་དུ་དྲིའི་སྣང་བ་དང་། ལྕེའི་ཡུལ་རོའི་སྣང་བ་དང་། །ལུས་ཀྱི་ཡུལ་རེག་བྱའི་སྣང་བའོ། །དེ་ཡང་རེ་རེ་ལ་བསྟེན་ནས་དུག་ལྔ་སོགས་པ་ཡིན་ཏེ། མིག་གི་ཡུལ་གཟུགས་སྣང་བ་ལ། །ལེགས་པ་ལ་འདོད་ཆགས། མ་ལེགས་པ་ལ་ཞེ་སྡང་། གཉིས་མེད་དུ་མ་ཤེས་པས་གཏི་མུག །རང་ལེགས་པ་ལ་ང་རྒྱལ། གཞན་ལེགས་པ་ལ་ཕྲག་དོག་སྟེ། དུག་ལྔ་འཆར་བའི་རྒྱུ་ཡིན་ནོ། །དེས་འགྲོ་སྟེ་ལྔ་ཀ་ལ་སྦྱར་རོ། །ཉོན་མོངས་པ་ལྔ་ནི། དུག་ལྔའི་རྐང་གྲངས་དང་། དཔེ་དོན་བསྡེབ་པ་དང་། མཚན་ཉིད་བསྟན་པའོ། །རྐང་གྲངས་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་གོ། །དཔེ་དོན་སྡེབ་པ་ནི། འདོད་ཆགས་ཚ་ལ་དང་གར་བཅིན་བཞིན་དུ་འཐས། ཞེ་སྡང་། མེ་ལྟར་འབར། གཏི་མུག་མུན་འཐིབས། ང་རྒྱལ་རི་ལྟར་སྡོས། ཕྲག་དོག་རླུང་ལྟར་འཚུབས་པའོ། །མཚན་ཉིད་ནི། ཞེ་སྡང་རྣམས་པ་གསལ་རྒྱུན་ཐུང་། འདོད་ཆགས་རྣམ་པ་མི་གསལ་རྒྱུན་རིང་། ང་རྒྱལ་སྤངས་མཐོ། ཕྲག་དོག་ཡུལ་བཟང་། ཤེས་བཞིན་དུ་མི་སྤྱོད་པ་གཏི་མུག་གོ། །དེ་རྣམས་ནི་རྐྱེན་ནོ། ༈ །རྒྱུ་རྐྱེན་དེས་བསྐྱེད་པའི་འབྲས་བུའམ་ཉེས་པ་ནི། མ་རིག་པ་གཉིས་པོ་རྒྱུར་གཞག་ནས། ཞེ་སྡང་གིས་ཀུན་ནས་བསླང་པའི་ལས་མི་དགེ་བའི་རྐྱེན་གྱིས་འབྲས་བུ་དམྱལ་བར་སྐྱེས་ནས། ཉེས་པ་ཚ་གྲང་གི་སྡུག་བསྔལ་ཉམས་སུ་མྱོང་སྟེ། མདོ་བཅུ་ལས། ཞེ་སྡང་ལམ་གྱི་སྒོར་ཞུགས་ནས། །དམྱལ་བའི་གནས་ན་ཚ་གྲང་སྤྱོད། །སྔ་ཕྱི་དྲན་པའི་ཆོས་སྤྱོད་ཀྱང་། །སྔ་མ་ལས་ཀྱི་རྣམ་སྨིན་གྱིས། །ཚ་དང་གྲང་པ་ཉམས་སུ་མྱོང་། །ཞེས་པས་གསལ་ལོ། །འདོད་ཆགས་ཀྱིས་ཀུན་ནས་བསླང་པའི་ལས་མི་དགེ་བའི་རྐྱེན་གྱི་འབྲས་བུ་ཡི་དྭགས་སུ་སྐྱེས་ནས། ཉེས་པ་བཀྲེས་སྐོམ་གྱི་སྡུག་བསྔལ་ཉམས་སུ་མྱོང་སྟེ། ཡང་དེ་ཉིད་ལས། འདོད་ཆགས་ལམ་གྱི་སྒོར་ཞུགས་ནས། །ཡི་དྭགས་གནས་ན་བཀྲེས་སྐོམ་སྤྱོད། །བསྔོས་ནས་ཚིམ་པའི་ཆོས་ཡོད་ཀྱང་། །སྔ་མའི་ལས་ཀྱི་རྣམ་སྨིན་གྱིས། །བཀྲེས་དང་སྐོམ་པ་ཉམས་སུ་མྱོང་། །ཞེས་པས་གསལ་ལོ། །གཏི་མུག་གིས་ཀུན་ནས་བསླང་བའི་ལས་མི་དགེ་བའི་རྐྱེན་གྱིས་འབྲས་བུ་དུད་འགྲོར་སྐྱེས་ནས། ཉེས་པ་གླེན་ལྐུགས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་སྟེ། ཡང་དེ་ཉིད་ལས། འདོད་ཆགས་ལས་ཀྱི་སྒོར་ཞུགས་ནས། །ཡི་དྭགས་གནས་ན་བཀྲེས་སྐོམ་སྤྱོད། །བསྔོས་ནས་ཚིམ་པའི་ཆོས་ཡོད་ཀྱང་། །སྔ་མའི་ལས་ཀྱི་རྣམ་སྨིན་གྱིས། །བཀྲེས་དང་སྐོམ་པ་ཉམས་སུ་མྱོང་། །ཞེས་པས་གསལ་ལོ། །གཏི་མུག་གིས་ཀུན་ནས་བསླང་བའི་ལས་མི་དགེ་བའི་རྐྱེན་གྱིས་འབྲས་བུ་དུད་འགྲོར་སྐྱེས་ནས། ཉེས་པ་གླེན་ལྐུགས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་སྟེ། ཡང་དེ་ཉིད་ལས། གཏི་མུག་ལས་ཀྱི་སྒོར་ཞུགས་དུད་འགྲོའི་གནས་ན་གླེན་ལྐུགས་སྤྱོད། །རིགས་པ་འཕྲ་མོའི་ཆོས་ཡོད་ཀྱང་། སྔ་མ་ལས་ཀྱི་རྣམ་སྨིན་གྱིས། གླེན་ཞིང་ལྐུགས་པར་ཉམས་སུ་མྱོངས། །ཞེས་པས་གསལ་ལོ། །དེ་ཡང་མཚམས་མེད་ལྔ་དང་དེ་དང་ཉེ་བ་ལྔ། ལྕི་བཞི་ལོག་བརྒྱད་ཁ་ན་མ་ཐོ་གསུམ། །འདི་སྤྱོད་ངན་སོང་གསུམ་དུ་གདོན་མི་ཟ། །ཞེས་པས་གསལ་ལོ། །ཡང་འདོད་ཆགས་ཀྱི་ཀུན་ནས་བསླང་བའི་དགེ་བ་བཅུའི་རྐྱེན་གྱིས་འབྲས་བུ་མིར་སྐྱེས་ནས། ཉེས་པ་འགྱུར་བའི་སྡུག་བསྔལ་ཉམས་སུ་མྱོང་ངོ་། །ཡང་ང་རྒྱལ་གྱིས་ཀུན་ནས་བསླང་པའི་ལས་དགེ་བ་བཅུ་སྤྱད་པའི་རྐྱེན་གྱིས་འབྲས་བུ་ལྷར་སྐྱེས་ནས། ཉེས་པ་ལྟུང་བའི་སྡུག་བསྔལ་ཉམས་སུ་མྱོང་ངོ་། །ཡང་ཕྲག་དོག་གིས་ཀུན་ནས་བསླང་པའི་ལས་དགེ་བ་བཅུ་སྤྱད་པའི་རྐྱེན་གྱིས་འབྲས་བུ་ལྷ་མ་ཡིན་དུ་སྐྱེས་ནས། ཉེས་པ་འཐབ་རྩོད་ཀྱི་སྡུག་བསྔལ་ཉམས་སུ་མྱོང་ངོ་། །རྒྱས་པ་ལས། དགེ་བ་བཅུ་སྤྱོད་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེས་པའི་རྒྱུ། །ཞེས་པས་གསལ་ལོ། །ཡང་མ་རིག་པས་རྒྱུ་བྱས། ཉོན་མོངས་པ་བག་ལ་ཉལ་དུ་གནས་པ་ལ། རགས་སོགས་ཞེས་བྱ་བ་ཚད་མེད་བཞི་དམིགས་པ་དང་བཅས་ཏེ་རང་རྒྱུད་དུ་བསྒོམས་པའི་རྐྱེན་གྱིས་འབྲས་བུ་གཟུགས་ཁམས་གནས་རིས་བཅུ་བདུན་དུ་སྐྱེས་ནས། ཉེས་པ་ལྟུང་བའི་སྡུག་བསྔལ་ཉམས་སུ་མྱོང་བའོ། །ཡང་རྒྱུ་མ་རིགས་པས་བྱས། ཉོན་མོངས་པ་བག་ལ་ཉལ་དུ་གནས་པ་ལས། ཞི་སོགས་ཞེས་བྱ་བ་ལྟ་བས་མ་ཟིན་པའི་སྒོམ་ཞི་གནས་བློ་ཡུལ་བྱས་ཏེ་བསྒོམས་པའི་རྐྱེན་གྱིས་འབྲས་བུ་སྐྱེ་མཆེད་མུ་བཞིར་སྐྱེས་ནས། ཉེས་པ་ལྟུང་པའི་སྡུག་བསྔལ་ཉམས་སུ་མྱོང་བའོ། །རྒྱས་པ་ལས། ཚད་མེད་བཞི་སོགས་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་པས་གསལ་ལོ། །གསུམ་པ་འཁྲུལ་པ་བཟློག་པའི་ཐབས་ནི། བདག་མེད་རྟོགས་ན་བདེ་བ་ཆེ། །ཞེས་པས་བསྟན་ཏེ། དེ་ཡང་སྤྱིར་འགྲོ་དྲུག་གམ་ངན་སོང་གི་སེམས་ཅན་རྒྱ་ཆེ་ཞིང་གྲངས་མང་བའི་ནང་ནས། དཔལ་འབྱོར་ཕུན་སུམ་ཚོགས་པ་མི་ལུས་རིན་པོ་ཆེ་ཐོབ། ཆོས་མེད་གླིང་མང་པ་ལས་འཛམ་བུ་གླིང་དུ་སྐྱེས། ཆོས་ཀྱི་མིང་ཡང་མི་གྲགས་པའི་གནས་མང་བ་ལས། ཆོས་དར་བའི་ས་ཕྱོགས་སུ་སྐྱེས། །དད་པ་མེད་པའི་རྟེན་གྱིས་གང་ཟག་མི་ལུས་རིན་པོ་ཆེ་ཐོབ་ནས་ཀྱང་། རྣམ་པར་སྨིན་པའི་ཁུར་ཁུར་ནས་ངན་སོང་དུ་སྟོང་ལོག་བྱེད་པ་ལ། དད་པ་ཡོད་པའི་དུས་འདིར་འཁྲུལ་པ་མི་བཟློག་པའི་ཐབས་མེད་དོ། །དེ་ལ་གཉིས་ཏེ། བརྒྱུད་ནས་བཟློག་པ་དང་། དངོས་སུ་བཟློག་པའོ། །དང་པོ་ནི་ངན་སོང་དུ་སྐྱེ་བར་བྱེད་པའི་རྐྱེན་སྡིག་པ་མི་དགེ་བ་ཡིན་པས་རྒྱུ་འབྲས་ཤེས་པར་བྱ་སྟེ། དགེ་སྡིག་ཤན་ཐང་ཕྱེ་ལ་འཁྲུལ་པ་བཟློག་གོ། །གཉིས་པ་དངོས་སུ་བཟློག་པ་ལ་བཞི། འཁོར་བའི་རྒྱུ་མ་རིག་པ་ཡིན་པས། བདག་འཛིན་བདག་མེད་དུ་ངོ་སྤྲད་དོ། །མ་རིག་པ་རང་སངས་རྒྱས་སུ་བཟློག་པ་དང་། འཁོར་བ་སྤྱིའི་རྐྱེན་འདོད་ཡོན་དང་དུག་ལྔ་ཡིན་པས། འདོད་ཡོན་རང་གྲོལ་དུག་ལྔ་ཆོས་ཉིད་དུ་ངོ་སྤྲོད་དེ་རང་གྲོལ་དུ་བཟློག་པ་དང་། མཐོ་རིས་ཀྱི་རྐྱེན་དགེ་བ་དང་། ཞི་རགས་ཡིན་པས། ཀུན་དུ་བཟང་པོར་ངོ་སྤྲད་དེ་བླང་དོར་མེད་པར་བཟློག་པ་དང་། འབྲས་བུ་འམ་ཉེས་པ་སྡུག་བསྔལ་ཡིན། །སྡུག་བསྔལ་བྱང་ཆུབ་སེམས་སུ་ངོ་སྤྲད་དེ། སྡུག་བསྔལ་ཆོས་སྐུར་ཤེས་པས་བཟློག་པའོ། ༈ །དེ་ལ་བརྒྱུད་དེ་བཟློག་པ་ལས་རྒྱུ་འབྲས་ཤེས་པར་བྱ་སྟེ། དགེ་སྡིག་ཤན་ཐང་དབྱེ་བ་ནི། །ལས་འབྲས་ལུང་གིས་བསྒྲུབ་པ་དང་། །རིགས་པས་བསྒྲུབ་པ་དང་། །རྣམ་གྲངས་དང་། ལས་འབྲས་ཀྱི་དཔེ་བསྟན་པ་དང་བཞིའོ། །དང་པོ་ལ་ལྔ་ལས། ལས་ཡོད་ངེས་པའི་ལུང་ནི། ལས་བརྒྱ་པ་ལས། ཞིང་དང་ས་བོན་ཇི་བཞིན་དུ། །དགེ་སྡིག་ལས་ཀྱང་དེ་བཞིན་ནོ། །ཞེས་སོ། །ལས་ཆུད་མི་ཟ་བའི་ལུང་ནི། ཡང་དེ་ཉིད་ལས། ལུས་ཅན་དག་ནི་ལས་རྣམས་ནི། ། བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་བྱེད། །ཅེས་སོ། །ལས་ཐ་དད་པའི་ལུང་ནི། དབུལ་པོ་དེས་པས་ཞུས་པའི་མདོ་ལས། ས་བོན་མངར་བ་རྣམས་ལས་ནི། །འབྲས་བུ་མངར་བར་སྐྱེ་བར་འགྱུར། །ས་བོན་ཚ་བ་རྣམས་ལས་ནི། །འབྲས་བུ་ཚ་བར་སྐྱེ་བར་འགྱུར། །ཕན་པའི་འབྲས་བུ་བདེ་བ་སྟེ། །གནོད་པའི་འབྲས་བུ་སྡུག་བསྔལ་རང་འབྱུང་། ཞེས་སོ། །མས་བསྒོམ་མི་བཏུབ་པའི་ལུང་ནི། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་བཙུན་མོ་དང་འཁོར་རྣམས་ཀྱི་སླད་དུ། སྡིག་པ་མི་དགེ་བའི་ལས་ཆུང་ངུ་ཙམ་ཡང་མ་མཛད་ཅིག །དེ་ཅིའི་ཕྱིར་ན། སྡུག་བསྔལ་གྱི་སྐལ་ལེན་འགའ་ཡང་མ་མཆིས་པའི་ཕྱིར་རོ། །ཞེས་པས། དཀར་ཕྱུག་པོའི་ལོ་རྒྱུས་ལྟ་བུའོ། །རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བའི་ལུང་ནི། མྱ་ངན་ལས་འདས་པ་ལས། སྡིག་པ་ཆུང་ངུ་འཕྲ་མོ་ཡང་། །མི་གནོད་ཙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིག་པ་ཆུང་ངུ་ཡིས། །སྣོད་ཆེན་ཁད་ཀྱིས་འགང་པར་འགྱུར། །ཞེས་གསུངས་སོ། །ལས་འབྲས་རིགས་པས་བསྒྲུབ་པ་ནི། རྒྱུ་སྡིག་པ་མི་དགེ་བ་སྤྱོད་པ་ལས་འབྲས་བུ་ངན་སོང་དང་སྡུག་བསྔལ་འབྱུང་བ་འདི། རིགས་འོས་གཤའ་ཤིན་ཏུ་འཐད་དོ། །རྒྱུ་དགེ་ལས་འབྲས་བུ་མཐོ་རིས་དང་བདེ་བ་ཐོབ་པ་འདི། རིགས་འོས་གཤའ་ཤིན་ཏུ་འཐད་དོ། །དེ་ཡང་འདི་ལྟར། བསོད་པའི་ལན་པ་གསོད་དུ་འོང་ལ། བཟུང་པའི་ལན་འཛིན་དུ་འོང་། ཕྲོགས་པའི་ལན་འཕྲོག་ཏུ་འོང་། བརྡུངས་པའི་ལན་བརྡུང་དུ་འོང་བཞིན་ནོ། །ལས་འབྲས་ཀྱི་རྣམ་གྲངས་ནི། བཞི་ཚན་གསུམ་ལས་དང་པོ་ནི། འདི་དང་ཕྱི་མ་གཉིས་ཀར་བདེ་བའི་ལས། འདིར་སྡུག་ཕྱི་མར་བདེ་བའི་ལས། འདིར་བདེ་ཕྱི་མར་སྡུག་པའི་ལས། འདི་དང་ཕྱི་མ་གཉིས་ཀར་སྡུག་པའི་ལས་སོ། །བཞི་ཚན་གཉིས་པ་ནི། བསམ་པ་སྦྱོར་བ་གཉིས་ཀ་དཀར་བའི་ལས། བསམ་པ་གནག་ལ་སྦྱོར་བ་དཀར་བའི་ལས། བསམ་པ་དཀར་བའི་སྦྱོར་བ་གནག་པའི་ལས། བསམ་པ་དང་སྦྱོར་བ་གཉིས་ཀ་གནག་པའི་ལས་སོ། །བཞི་ཚན་གསུམ་པ་ནི། རྣམ་པ་ནས་རྣམ་པར་དཀར་བའི་ལས། རྣམ་པ་ནས་རྣམ་པར་གནག་པའི་ལས། དཀར་ནག་འདྲེས་པའི་ལས། དཀར་ཀྱང་མི་དཀར་གནག་ཀྱང་མི་གནག་པའི་ལས་སོ། ༈ །ལས་འབྲས་ཀྱི་དཔེ་ནི། གྱང་ལ་སྲིད་པའི་འཁོར་ལོ་རྒྱུ་རྐྱེན་འདུས་ནས་བྲིས་པས། དོན་ལ་གྲུབ་པ་མེད་ཀྱང་གནས་སྐབས་རིགས་དྲུག་གི་གནས་བདེན་བདེན་ལྟར་སྣང་བ་བཞིན་དུ། དོན་ལ་གྲུབ་པ་མེད་ཀྱང་གནས་སྐབས་བདེ་སྡུག་གི་བྱེ་བྲག་ཡོད་པ་ལྟར་སྣང་ངོ་། །དེས་ན་མི་དགེ་བ་བཅུ་ལ་སོགས་པ་འདི་འཕྲ་ཞིང་འཕྲ་བ་ནས་འཛེམས་དགོས་གལ་ཏེ་བག་མེད་པའི་དབང་གིས་སྡིག་པས་འགོས་སྲིད་པས། དེ་ཡང་དུས་ལས་མ་འདས་པའི་སྒོ་ནས་བཤགས་ཏེ་དག་པར་བྱའོ། །གནས་སྐབས་རང་ལ་ཕན་པས་དགེ་བའི་ལས་ལ་འབད་པར་བྱའོ། །དེས་ནི་ངན་སོང་དུ་བསྐྱུར་ཀྱང་མི་འགྲོ་སྟེ། དེ་ལྟར་དགེ་སྡིག་ཤན་ཐང་ཕྱེ་བས་ངན་སོང་དུ་མི་ལྟུང་། མཐོ་རིས་ལྷ་དང་མིའི་རྟེན་ཁྱད་པར་ཅན་ཐོབ་ནས་འཁྲུལ་པ་བརྒྱུད་དེ་བཟློགས་སོ། ༈ །འཁོར་བ་སྤྱིའི་རྒྱུ་མ་རིགས་པ་ཡིན་པས་བདག་འཛིན་བདག་མེད་དུ་ངོ་སྤྲད་དོ། །མ་རིགས་པ་རང་སངས་སུ་བཟློག་པ་ནི། དེ་ལ་བདག་ཏུ་འཛིན་པ་འདི་བསམ་གྱིས་མི་ཁྱབ་ཀྱང་། བསྡུ་ན་མ་བརྟགས་མ་དཔྱད་པའི་བདག་འདི་གསུམ་དུ་འདུ་སྟེ། ཕྱི་ཡུལ་གྱི་བདག་འཛིན། བར་ཕུང་པོའི་བདག་འཛིན། ནང་སེམས་ཀྱི་བདག་འཛིན་ནོ། །དེ་ལ་དང་པོ་ནི། ཕྱི་རོལ་རི་ལུང་དང་། ཞིང་ཡུལ་ཁང་ཁྱིམ། དགྲ་གཉེན་སྣ་ཚོགས་སུ་འཛིན་པའོ། །བར་ཕུང་པོའི་བདག་འཛིན་ནི། གཟུགས་ཀྱི་ཕུང་པོ་ལ་བརྟེན་ནས་མགོ་དང་རྐང་པ་ལ་སོགས་པར་ང་བདག་སྣ་ཚོགས་སུ་འཛིན་པ་དང་། དེ་ལ་བརྟེན་པའི་མིང་རུས་ལ་སོགས་པ་སྣ་ཚོགས་སུ་འཛིན་པའོ། །ནང་སེམས་ཀྱི་བདག་འཛིན་ནི། སེམས་དུས་གསུམ་རྟོག་པའི་རྗེས་སུ་འབྲངས་ཏེ་དེ་རེ་རེ་ལ་བརྟེན་ནས་ཀྱང་བདག་ཏུ་བཟུང་ནས་དུག་ལྔའམ་དུག་གསུམ་རང་ག་མར་སོགས་པའོ། །དེ་ལྟར་བདག་ཏུ་བཟུང་པས་སྡུག་བསྔལ་ཐམས་ཅད་བྱུང་སྟེ། གསང་སྙིང་ལས། སྲིད་རྩེའི་ཉེས་དམིགས་བདག་ཏུ་རྟོགས་ལས་འཕྲོས། ཞེས་པས་གསལ་ལོ། །དེ་ཡང་བདག་ཏུ་འཛིན་པ་འདི་སྤངས་པས་མི་སྤོངས། བཀག་པས་མི་ཁེགས། བསྒྱུར་བས་མི་འགྱུར་བས་བདག་མེད་དུ་ངོ་སྤྲད་དེ། དེ་ཡང་ཕུང་པོ་དང་སེམས་གཉིས་བདག་མེད་དུ་ངོ་སྤྲད་པས། ཕྱི་ཡུལ་ཤུགས་ལ་ཆོད་པ་ཡིན་ཏེ། བདག་བྱ་བ་འདི་ལུས་ལ་ཟེར་རམ། སེམས་ལ་ཟེར་རམ། གང་ན་འདུག་བརྟག་པ་ཐོང་དང་། ལུས་ལ་ཟེར་ན། ཡ་གི་སྤྱི་བོའི་གཙུག་ནས་མ་གི་རྐང་པའི་མཐིལ་ཡན་ཆད་དུ་ཚོལ་དང་། མགོ་བོས་བདག་བཏུབ་བམ། ཡན་ལག་དང་རོ་སྟོད་རོ་སྨད་དང་། ནང་ཁྲོལ་དང་གཡས་གཡོན་ཐམས་ཅད་ལ་བརྟགས་པས་གང་ལ་ཡང་མ་རྙེད་དེ། ཐ་མལ་པའི་ཞེན་པ་ལ་སྙིང་ལ་ཡོད་པ་སྙམ་བྱེད་དེ། དེ་ལ་ཡོད་ན་རོ་ལ་ཡང་སྙིང་ཡོད་པས་བདག་ཡོད་དགོས་ཏེ། རོ་དེ་མེ་ལ་བསྲེགས་ཀྱང་། ས་ལ་སྦས་ཀྱང་། རྦབ་ཏུ་བོར་ཀྱང་། ཡན་ལག་བཅད་ཀྱང་། ཁྱིས་ཟོས་ཀྱང་མི་དགའ་འམ། རྟོག་པ་མི་འདུག་སྟེ། དེས་ན་སྙིང་ལའང་བདག་གྲུབ་པ་མི་འདུག་གོ། །དེས་ན་ལུས་འདི་དང་པོ་རྒྱུ་ངན ། ཤ་དང་རུས་པ་ཕ་མའི་རྒྱུ་དེ་འདྲ། བར་དུ་རྐྱེན་ངན། རྒྱུ་རྐྱེན་འདུ་བའི་སོ་ནམས་དེ་འདྲ་ལུས་སུ་གྲུབ་ནས་ཀྱང་ཕྱི་ལྤགས་པ་ལབ་ལེབ། ནང་རུས་པ་གང་གོང་། བར་ན་རྩ་དང་རྒྱུས་པ་བྲང་བྲེང་། ནང་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གིས་གང་བ། ཁྲག་དང་ཆུ་སེར་ཆུ་ལ་གཡར། དྲོད་མེ་ལ་གཡར། ཤ་དང་རུས་པ་ས་ལ་གཡར། དབུགས་རླུང་ལ་གཡར་བས། ཐ་མ་འཇིག་སླ་སྟེ། ནད་རྐྱེན་འཆི་བའི་རྐྱེན་བསམ་གྱིས་མི་ཁྱབ་བོ། །སྐྱེ་རྒ་ན་འཆི་དང་བཅས་པ་འདི་ལ། བདག་བཏུབ་པ་མི་འདུག་སྟེ། ཐེག་ཆེན་ལས། ལུས་ཀྱང་བདག་མ་ཡིན་ཏེ་ཤ་ཁྲག་རུས་པ་རྣམས། །འབྱུང་ཆེན་འདུལ་ཕྱིར་ཕྱི་རོལ་བརྩིག་པ་འདྲ། །ཞེས་པས། དེས་ན་ལུས་འདི་ཕྱི་རོལ་གྱི་རྩིག་པ་དང་འདྲ་སྟེ། བརྟགས་ཤིང་དཔྱད་པས་ལུས་ལ་བདག་མ་གྲུབ་པ་གཅིག་ཉམས་སུ་མྱོང་ན། ལུས་ཀྱི་བདག་འཛིན་འདི་སྔར་བས་ཆུང་དུ་འགྲོ་དགོས་པ་ཡིན་ནོ། །དེ་ལ་རྟེན་པའི་མིང་དང་། རུས་ལ་སོགས་པ་ལ་ཡང་བརྟག་སྟེ། དེ་ལ་མིང་འདི་མའི་ཁོང་པ་ནས་སྟབས་ཅིག་ཏུ་འོངས་པར་ཡང་མི་འདུག །ཕ་མ་གཉིས་འདུས་ཀྱི་བཏགས། བཏགས་པ་ལ་མངོན་པར་ཞེན་པ་ཡིན་ཏེ། མིང་འདི་སྤོར་ཡང་བཏུབ་པར་འདུག །གླ་བཏགས་ལ་སོགས་པ་འགྱུར་ནས་ཡང་འགྲོ་བར་འདུག་པས། ཐེག་ཆེན་ལས། མིང་ཡང་བདག་མ་ཡིན་ཏེ་བཏགས་པ་ཙམ། ཞེས་པས། མིང་འདི་བཏགས་པར་འདུག་པས་བརྟགས་ཤིང་དཔྱད་པས་མིང་ལ་བདག་མ་གྲུབ་པ་གཅིག་ཉམས་སུ་མྱོང་ན། མིང་ནས་བོས་ནས་སྟོད་སྒྲ་དང་སྨད་སྒྲ་ལ་སོགས་པའི་འཛིན་པ་སྔར་བས་ཆུང་དུ་འགྲོ་དགོས་སོ། །དེ་བཞིན་དུ་རུས་པ་ལ་སོགས་པ་ལ་ཡང་བརྟག་སྟེ། དང་པོ་རུས་ཀྱི་བྱུང་ཁུངས་དེད་ཙམ་ན། གཏན་མེད་ར་ལ་བཏགས་པ་ཡིན་ཏེ། འབྲོམ་རྟེན་ཙོམ་ཕ་ལྔ་ལ་སོགས་པ་ལྟ་བུ་ཡིན་པས། དེས་ན་རུས་ཀྱང་གནས་སྐབས་ཀྱི་བཏགས་པར་འདུག་པས། བཏགས་པས་རུས་ལ་ཡང་བདག་མ་གྲུབ་པ་གཅིག་ཉམས་སུ་མྱོང་ན། རུས་ཀྱི་ཞེན་པ་ཡང་ཆུང་དུ་འགྲོ་དགོས་སོ། །འོ་ན་བདག་བྱ་བ་སེམས་ལ་ཟེར་རམ་སྙམ་ན། སེམས་ཀྱིས་སེམས་ལ་ལྟོས་དང་། ལྟས་པའི་དུས་ན་ཅིའི་ངོ་བོར་ཡང་མ་གྲུབ་ངོས་བཟུང་ཐམས་ཅད་དང་བྲལ་ནས་འདུག་སྟེ། ཤེས་པ་སྐད་གཅིག་མ་སྔ་མ་ནི་འདས་པར་འདུག །འདས་པ་མེད་པ་ཡིན་པས་བདག་མི་བཏུབ ། །ཤེས་པ་སྐད་ཅིག་མ་ཕྱི་མ་ནི་མ་འོངས་པར་འདུག །མ་འོངས་པ་མེད་པར་ཡིན་པས་བདག་མ་བཏུབ། ད་ལྟར་གྱི་རིག་པ་འདི་ངོ་བོས་སྟོང་གི་འདུག་སྟེ། རིག་པའི་དུས་ནི་རིག་མཁན་དེ་ཉིད་སྟོང་པར་འདུག །འགྱུ་བའི་དུས་ན་འགྱུ་མཁན་དེ་ཉིད་སྟོང་པར་འདུག །སྣ་ཚོགས་སུ་གསལ་བའི་དུས་ན། གསལ་མཁན་དེ་ཉིད་སྟོང་པར་འདུག་པས། དེས་ན་སེམས་ཀྱིས་ཀྱང་བདག་མ་བཏུབ། ཤེས་པ་སྐད་གཅིག་མ་སྔོན་འདས་པ། ཕྱིས་མ་འོངས་པ། ད་ལྟར་བ་ངོ་བོས་སྟོང་པས། ད་རིག་པ་འཆར་ཚད་ངོ་བོས་སྟོང་པར་འདུག་པས་སྟོང་པ་རྒྱུན་མི་འཆད་དུ་འདུག་པའོ། །རིག་པ་སྟོང་པ་དེ་ལ་བདག་གྲུབ་པ་མི་འདུག་པས། བདག་མེད་རྒྱུན་མི་འཆད་དུ་འདུག་པའོ། །དེ་མ་གྲུབ་ཙམ་ན་བདག་འཛིན་རང་སར་གྲོལ་བའི་རང་གསལ་རྟོག་མེད་ཀྱི་ཆོས་ཉིད་རྒྱུན་མི་ཆད་དུ་འདུག་པའོ། །ཆོས་ཉིད་དེ་སངས་རྒྱས་སྒམ་སྟེ་མ་མཛད། སེམས་ཅན་སྒྲིན་ཏེ་མ་བཅོས། ཆོས་ཉིད་དེ་ཡར་སངས་རྒྱས་ལ་བཟང་དུ་མ་བཀོད། མར་སེམས་ཅན་ལ་ངན་དུ་མ་བཀོད། བར་ལམ་པ་ལ་འབྲིང་པོར་མ་བཀོད་པས། རིག་པས་ཁྱབ་ཚད་ལ་མཉམ་པོར་གནས་པས། མཉམ་པ་ཉིད་ལས་མི་འཆད་དུ་འདུག་པའོ། །ཆོས་ཉིད་མཉམ་པ་ཉིད་དེའི་ངང་དུ་ཆོས་ཐམས་ཅད་རང་གྲོལ་རྒྱུན་མི་འཆད་དུ་འདུག་པའོ། །དེས་ན་ང་བདག་ཏུ་གྲུབ་པ་མི་འདུག་སྟེ། དོན་དྲུག་པ་ལས། སེམས་ཀྱི་རང་བཞིན་བཙལ་ཡང་མི་རྙེད་ན། །གཞན་ལ་འདི་འདྲ་ཞེས་ནི་བསྟན་དུ་མེད། །ཅེས་པས། ཧྲིལ་དྲིལ་བས་ལུས་ངག་ཡིད་གསུམ་ལ་བདག་མ་གྲུབ་པར་ཡིད་ཆེས་ཐག་ཆོད་ནས། བདག་འཛིན་དང་བྲལ་བའི་ངང་ལ་རིག་པ་རང་ལུགས་སུ་འདུག་པ་དེ་མངོན་དུ་གྱུར་པ་ནི་ཆོས་སྐུའོ། །དེ་ལྟར་རང་སེམས་རང་གིས་ཀྱང་མ་མཐོང་། གཞན་གྱིས་ཀྱང་མ་མཐོང་བ་དེ་ཀ་ལ་བདག་མེད་ཅེས་བྱ་སྟེ། དེ་ལྟར་ཕུང་པོ་དང་སེམས་ལ་བདག་མེད་ཙམ། ཕྱི་རོལ་ཡུལ་གྱི་སྣང་བ་རི་ལུང་ཁང་ཁྱིམ་དགྲ་གཉེན་ལ་སོགས་པའི་སྣང་བ་ཐམས་ཅད་གྲུབ་མི་སྲིད་དོ། །བདག་མེད་ཤུགས་ཀྱིས་ཤེས་སོ། །ཡང་ཕྱི་རོལ་གྱི་དངོས་པོ་འདི་ཡང་མི་རྟག་སྟེ། སྣོད་ཀྱི་འཇིག་རྟེན་འདི་ཆགས་འཇིག་གནས་སྟོངས་དང་བཅས་པས་མཐའ་མི་རྟག །གནས་སྐབས་དུས་བཞི་འགྱུར་ལྡོག་དང་བཅས་པས་ཀྱང་བདག་མེད་དོ། །བཅུད་ཀྱི་སེམས་ཅན་སྐྱེ་རྒས་ན་འཆི་དང་བཅས་པས་མཐའ་མི་རྟག །གནས་སྐབས་འགྱུར་བ་དང་བཅས་པས་བདག་མེད་དོ། །དེ་ལྟར་ངོ་བོ་བདག་མེད། གནས་ལུགས་དེ། ངོ་ཕྲོད་ཅིང་རྟོག་པས་མ་རིག་པ་རང་སངས་ཏེ། འཁོར་བའི་རྒྱུ་ཟད་དེ་འཁྲུལ་པ་བཟློག་གོ། །གཉིས་པ་འཁོར་བ་སྤྱིའི་རྐྱེན་འདོད་ཡོན་དང་དུག་ལྔ་ཡིན་པས། འདོད་ཡོན་རང་གྲོལ་དུག་ལྔ་ཆོས་ཉིད་དུ་ངོས་སྤྲད་དེ་རང་གྲོལ་དུ་བཟློག་པ་ཡིན། དེ་ཡང་འདོད་པའི་ཡོན་ཏན་ལྔ་ནི་ངོས་བཟུང་བ་ནི། མིག་ཡུལ་གཟུགས་ལ་སོགས་པ་ཡིན་པ། དེ་ཡང་སྐྱེ་བོ་ནི་འདོད་ཡོན་གང་ཤར་ལ། དུག་ལྔ་འམ་དུག་གསུམ་སོགས་པས་འཁོར་བའི་རྐྱེན་ཡིན་ལ། འཁྲུལ་པ་བཟློག་པའི་གང་ཟག་གིས་མིག་ཡུལ་དུ་གཟུགས་སྣང་བ་ལ། ལེགས་ཉེས་སུ་བཀྲའ་ས་ལེ་འདུག་ཀྱང་དེ་ཀ་ལ་བལྟས་པས་དེ་ཡང་སེམས་ཀྱི་སྣང་བར་འདུག་ལ། སེམས་ལ་རང་བཞིན་གྲུབ་པ་མི་འདུག་པས། གཟུགས་སྣང་སྟོང་དབྱེར་མེད་དུ་རང་གྲོལ་ཏེ། རིག་པ་རང་སྣང་གི་སྐུ་སྣང་སྟོང་དབྱེར་མེད་དུ་ཤེས་སོ། །དེས་བཞི་ཀ་འགྲེ་སྟེ། རྣ་བའི་ཡུལ་སྒྲ་དང་། སྣའི་ཡུལ་དྲི་དང་། ལྕེའི་ཡུལ་རོ་དང་། ལུས་ཀྱི་ཡུལ་རེག་བྱ་ཡང་ཤེས་པར་བྱའོ། །དེས་འདོད་པའི་ཡོན་ཏན་ལྔ་རང་སར་གྲོལ་ཏེ་རྐྱེན་བཟློག་གོ། །དུག་ལྔ་ཆོས་ཉིད་དུ་ངོ་སྤྲོད་པ་ནི། དུག་ལྔ་ངོས་བཟུང་པ་དང་། ཆོས་ཉིད་དུ་ངོ་སྤྲོད་པ་གཉིས་ལས། ངོས་བཟུང་པ་ནི། རྐྱེན་གྱི་སྐབས་ཀྱིས་ཤེས་པར་བྱ་སྟེ། དེ་ཡང་རང་རྒྱུད་པ་ནི། དང་པོ་ཁྲེལ་འཛེམ་ངོ་ཚ་ཤོར། བར་དུ་དུག་ལྔ་རྒྱུན་དང་བཅས། ཐ་མ་བསྔགས་པར་བལྟ་བའོ། །དེ་ནི་རང་རྒྱུད་པའོ། །འོ་ན་དེ་སྤངས་ངམ། སྦྱང་ངམ། བསྒྱུར་རམ། དབང་དུ་བྱ་བའམ་ཞེ་ན། སྤངས་པས་མི་སྤོངས། སྦྱངས་པས་མི་འབྱོངས། བསྒྱུར་བས་མི་འགྱུར། དབང་དུ་བྱས་པས་མི་འདུས་ཏེ། ཆོས་ཉིད་དུ་ངོ་སྤྲོད་དོ། །དེ་ཡང་ཇི་ལྟ་བུ་ཞེས་ན་ཁྱིམ་བདག་གཅིག་གི་བཟའ་ཤིང་གི་ར་བར་དུག་གི་མྱུ་གུ་གཅིག་སྐྱེས་ཏེ་བདག་པོ་ན་རེ་ལྡུམ་རར་དུག་སྐྱེས་པས། ས་ཚུན་ཆད་གླང་པོ་དང་མ་ཧེ་ལ་བཀལ་ཏེ་ཕྱིའི་རྒྱ་མཚོ་ལ་སྐྱེལ་ཟེར་ནས་སྤོང་ངོ་། །སྨན་པ་ཞིག་བྱུང་སྟེ་ལྡུམ་རའི་དུག་འདོན་པ་ལས་ཚུན་ཆད་རྒྱ་མཚོ་ལ་སྐྱེལ་བ་ཡང་མི་འོང་། གླང་པོ་དང་མ་ཧེའང་སྙིང་རྗེ་བས། ལྡུམ་ར་འདི་ཆུས་སྦངས་ནས་དུག་ནས་ཐེན་པས་རྩ་བ་ཁབ་རྩེ་ཙམ་ཡང་མ་ལུས་པར་འོང་། དེ་བཙོས་པས་དུག་གི་ནུས་པ་མི་འབྱུང་ཟེར་སྦྱོང་། སྔགས་མཁན་གཅིག་ན་རེ། བདག་པོ་ལྟར་ཡང་མ་ཡིན། སྨན་པ་ལྟར་ཤིང་བུ་ཟད་ཟད་དུ་བཙོ་ཡང་མི་དགོས། ངས་སྔགས་བཏབ་བས་སྙིང་རླུང་དང་གྲང་པ་ལ་ཡང་ཟེར་ནས་དུག་སྨན་དུ་བསྒྱུར་རོ། །རྨ་བྱ་ང་ན་རེ་བདག་པོ་དང་སྨན་པ་ལྟར་ཡང་མ་ཡིན། སྔགས་མཁན་ལྟར་མགོ་རུལ་རུལ་དུ་སྔགས་འདེབས་པ་ཡང་དཀའ་བས། ང་དུག་ལ་དབ་པ་ཡིན་པས་ཟོས་པས་ཆོག་ཟེར་ནས་དུག་ལ་དབང་དུ་བྱེད་དོ། །ལྡུམ་ར་ན་རེ་ང་ལ་སྨན་སྐྱེ་ནའང་སྐྱེས་དགའ་རྒྱུ་ཡང་མེད། དུག་སྐྱེ་ནའང་སྐྱེས་ང་རང་གི་ནང་ཡིད་མི་དགའ་རྒྱུ་ཡང་མེད་ཟེར་ནས། གཉིས་ཀ་ཁོ་རང་གི་ནང་དུ་འདུག་པས་སྤང་བླང་མེད་དོ། །དཔེ་དེ་བཞིན་དུ་ལྡུམ་ར་དང་འདྲ་བའི་གནས་ལུགས་ལ། ཉོན་མོངས་དུག་ལྔ་ཤར་བས། བདག་པོ་ལྟ་བུའི་ཉན་རང་གི་བློར་མ་ཤོང་སྟེ། དགྲ་དང་ཚེར་མའི་ཚུལ་དུ་ལྟས་ནས་ཞེ་སྡང་གི་གཉེན་པོར་བྱམས་པ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག །གཏི་མུག་གི་གཉེན་པོར་རྟེན་འབྲེལ་བསྒོམས་ནས་སྤོང་སྟེ། དེས་ཀྱང་དུག་ལྔ་འདུག་ས་བསྒྱུར་བ་ལས་མ་བྱུང་ངོ་། །སྨན་པ་ལྟ་བུའི་བྱང་ཆུབ་སེམས་དཔའ་ན་རེ། སྤངས་པས་མི་སྤོངས་པས། དོན་དམ་པའི་ངོ་བོ་ལ་དུག་ལྔ་མ་གྲུབ། ཀུན་རྫོབ་སྒྱུ་མ་ལ་དུག་ལྔར་སྣང་བ་ཡིན་ཏེ། དོན་དམ་སྤྲོས་བྲལ་དུ་སྦྱོར་ཏེ། དེས་ཀྱང་དོན་དམ་བཟང་པོས་ཀུན་རྫོབ་ངན་པ་ལྟས་པས། གཉིས་འཛིན་ལས་མ་གྲོལ་ལོ། །སྔགས་མཁན་ལྟ་བུའི་སྔགས་ཕྱི་པ་ན་རེ། སྦྱངས་པས་མི་འབྱོངས་པས། ཞེ་སྡང་རྡོ་རྗེ་སེམས་དཔའ། འདོད་ཆགས་སྣང་བ་མཐའ་ཡས། གཏི་མུག་རྣམ་པར་སྣང་མཛད། ང་རྒྱལ་རིན་ཆེན་འབྱུང་ལྡན། ཕྲག་དོག་དོན་ཡོད་གྲུབ་པར་བསྒྱུར་ཏེ། དེས་ཀྱང་ལྷ་བཟང་པ། དུག་ལྔ་ངན་པར་བལྟས་པས་གཉིས་འཛིན་ལས་མ་གྲོལ་ལོ། །རྨ་བྱ་ལྟ་བུའི་གསང་སྔགས་ནང་པ་ན་རེ། བསྒྱུར་བས་མི་འགྱུར་བས། ཉོན་མོངས་རང་དང་སྤྱི་བསྟན་པ། མཚན་ཉིད་མ་ནོར་དོན་རྟོགས་ནས། རྣམ་པར་བྱང་པའི་ལམ་དུ་འགྱུར། ཞེས་པས། དུག་ལྔའི་མཚན་ཉིད་མ་ནོར་བ་རྟོགས་ན་རྣམ་པར་བྱང་བའི་ལམ་ཡིན་ཟེར་ནས་དབང་དུ་བྱེད་དེ། དེས་ཀྱང་གཉིས་འཛིན་ལས་མ་གྲོལ་ལོ། །ལྡུམ་ར་ལྟ་བུའི་རྫོགས་ཆེན་པ་ན་རེ། དུག་ལྔ་སྐྱེས་ན་ཡང་སྐྱེས་ཡེ་ཤེས་སྐྱེ་ན་ཡང་སྐྱེས། དུག་ལྔ་ཉིད་ཡེ་ཤེས་ཡིན་ཏེ། དུག་ལྔ་ཆོས་ཉིད་ཏུ་ངོ་སྤྲོད་དོ། །དེ་ཡང་ཇི་ལྟར་ངོ་སྤྲོད་ན། ཞེ་སྡང་སྐབས་རྩེར་སྐྱེས་པའི་དུས་དེར་དེ་རང་ལ་ཞེས་ལྟས་པས། སེམས་ཉིད་རང་སྣང་དུ་འདུག་པས་སྣང་བའི་ཆོས་ཉིད། དེ་ཡང་ངོས་བཟུང་དང་བྲལ་ནས་འདུག པས་སྟོང་པའི་ཆོས་ཉིད། ཞེ་སྡང་དུ་སྣང་བ་དང་སྐྱེ་བ་མེད་པ་དུས་མཉམ་དུ་འདུག་པས་གཉིས་སུ་མེད་པའི་ཆོས་ཉིད་དོ། །དེ་ལྟར་ཞེ་སྡང་སྐྱེས་པ་དང་། ཁ་ནང་དུ་ལོག་ནས་ལྟས་པས་ཞེ་སྡང་ཆོས་ཉིད་ཏུ་གྲོལ་ལོ། །དེས་མཚོན་ནས་ཉོན་མོངས་གང་ཤར་ཆོས་ཉིད་དུ་གྲོལ་བས། ཉོན་མོངས་གང་ཤར་ཆོས་ཉིད་དུ་འདུག་པའོ། །ཡང་ན་ཞེ་སྡང་མདའ་ལྟར་འཕང་། གཞུ་ལྟར་དགུག །སོར་གཞག་ཅེས་བྱ་སྟེ། མདའ་ལྟར་འཕང་པ་ནི། ཞེ་སྡང་སྐྱེས་པའི་དུས་སུ་སེམས་ཀྱི་རྗེས་སུ་སེམས་བཅུག་ནས་གཏང་བས་འགྲོ་ས་མ་རྙེད་དོ། །གཞུ་ལྟར་དགུག་པ་ནི། དེར་འགྲོ་ས་མ་རྙེད་སེམས་སུ་གོ་བ་དང་། དེ་རང་ལ་ལྟས་པས་ངོས་བཟུང་མི་རྙེད་དོ། །སོར་གཞག་པ་ནི། དེ་ལྟར་སྣང་ལ་ངོས་བཟུང་མེད་པའི་ངང་དུ་རང་ལུགས་སུ་གཞག་པས། ཉོན་མོངས་པ་ཞེ་སྡང་གི་ཐོག་ནས་གསལ་སྟོང་གཉིས་མེད་ཀྱི་ལྟ་སྒོམ་ཐུན་གཅིག་འོང་ངོ་། །དེས་དུག་ལྔ་ཀུན་ལ་འགྲེ་སྟེ། སྣང་སྟོང་གཉིས་མེད་ཀྱི་ལྟ་བསྒོམ་ཐུན་རེ་རེ་འབྱུང་སྟེ། །ཉོན་མོངས་གང་སྐྱེས་ཆོས་ཉིད་དུ་གྲོལ་ལོ། །དེ་ལྟར་ཉོན་མོངས་པ་དང་རྣམ་པར་རྟོག་པ་གང་སྐྱེས་ལ་མ་ཡེངས་པར་དྲན་པས་རྩིས་བཟུང་པས། རབ་ཉོན་མོངས་ཟིལ་གྱིས་ནོན་ཏེ་མི་སྐྱེའོ། །འབྲིང་འབུར་འཇོམས་ནི། དཔེར་ན་རྡོ་ཚན་མོ་ལ་ཁ་བ་ཁྲོ་ས་བྱུང་ཡང་མོད་ལ་ལྡེམ་ཞུ་བ་བཞིན་དུ། ཉོན་མོངས་པ་སྐྱེས་པ་དང་ཆོས་ཉིད་དྲན་པ་མཚུངས་པའོ། །ཐ་མ་རྗེས་སྙོག་ཡིན་ཏེ་དུག་ལྔ་སྐྱེས་པའི་དུས་སུ་རང་ཀར་བཏང་ནས། དེའི་དོད་པོ་དགེ་སྦྱོར་རེ་བྱེད་དེ་ཕན་ཆུང་ངོ་། །དེ་ལྟར་དུག་ལྔ་ཆོས་ཉིད་དུ་གྲོལ་བས། །འཁོར་བ་སྤྱིའི་རྐྱེན་དུག་ལྔ་ཆོས་ཉིད་གྲོལ་ལོ། །གསུམ་པ་མཐོ་རིས་སུ་སྐྱེ་བར་བྱེད་པའི་རྐྱེན་དགེ་བ་དང་། ཞི་རགས་ཡིན་པས་ཀུན་ཏུ་བཟང་པོར་ངོ་སྤྲོད་དེ་བླང་དོར་མེད་པར་བཟློག་པ་ནི། སེམས་རིས་སུ་སྐྱེ་བར་བྱེད་པའི་རྐྱེན་དགེ་བ་དང་། ཞི་རགས་ཡིན་པས་ཀུན་ཏུ་བཟང་པོར་སྤྲོད་དེ་བླང་དོར་མེད་པར་བཟློག་པ་ནི། སེམས་ཉིད་ཀུན་དུ་བཟང་པོ་འདི། །ཅིར་ཡང་མ་འགགས་རང་སྣང་ལ། །གཞན་སྣང་རྟོགས་པ་ལྟས་པས་འཁྲུལ། །རང་སྣང་རྟོགས་ན་འཁོར་མཐའ་བཟློག་ཅེས་པས། གནས་ལུགས་རྩལ་དང་འཁྲུལ་ལུགས་དང་། འཁྲུལ་པ་བཟློག་པའི་ཐབས་སུ་ངོ་སྤྲོད་དོ། །གནས་ལུགས་ནི། སེམས་ཉིད་ཀུན་དུ་བཟང་པོའི་འདི། ཞེས་པས་བསྟན་ཏེ། དེ་ཡང་རང་གི་སེམས་ཉིད་བཟང་ངན་དང་དགག་བསྒྲུབ་ཀྱི་མཐའ་ལས་གྲོལ་བའི་མཉམ་པ་རིས་མེད་ཆེན་པོར་གནས་ཏེ། དཔེར་ན་ས་གཞི་འདི་ལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་དང་། བཙད་པ་དང་གནས་བརྟན་དང་ཡུལ་གྱི་མི་ཆེན་རྣམས་ཀྱིས་འོངས་པས། དེ་ལ་བཟང་པོར་བྱས་ངའི་སྟེང་ན་ཡར་བྱོན་པ་འོར་རེ་ཆེ་མི་ཟེར་བར་གདའ་བ། ཁྱི་དང་ཕག་དང་མཛེ་སྤྲང་ལ་སོགས་པས་ཕྱིར། ངའི་སྟེང་ན་ཡར་འོང་འོང་ངེས་མི་ཟེར་བར་གདའ་བ། དེ་ལྟར་ས་འདི་ལ་གསེར་གཡུ་དང་དར་ཟབ་ཀྱིས་བཀང་ཡང་དགའ་རྒྱུ་མི་འདུག །ཁྱི་ལུད་དང་མི་གཙང་བ་སྣ་ཚོགས་ཀྱིས་བཀང་མི་དགའ་བ་མི་གདའ་བ། ས་འདི་ལ་བཀོས་ཀྱང་གལ་མེད། ཆུ་ལ་བསྐུར་ཡང་གལ་མེད། རླུང་ལ་བསྐུར་ཡང་གལ་མེད། འདིའི་སྟེང་དུ་འཁར་ལན་ཆེན་པོ་བྱས་ཀྱང་གལ་མེད་དེ། མཉམ་པ་རིས་མེད་ཆེན་པོར་འདུག་པའོ། །དེ་བཞིན་དུ་སེམས་ཉིད་ཀུན་ཏུ་བཟང་པོ་འདི་ལ་མྱ་ངན་ལས་འདས་པ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཤར་ཡང་། དང་དུ་བླང་ཞིང་བསྒྲུབ་པའི་རིས་སུ་ཆད་པ་ཡང་མེད། འཁོར་བའི་ཆོས་ལུས་དང་སྡུག་བསྔལ་ཕྱི་ནང་སྣོད་བཅུད་དུ་སྣང་བ་ཡང་། ངན་པར་བྱས་ནས་སྤང་ཞིང་དགག་པའི་རིས་སུ་ཆད་པ་ཡང་མེད་དོ། །དེ་བཞིན་དུ་དགེ་སྡིག་དང་མ་རིག་ཡེ་ཤེས་ལ་སོགས་པ་གང་ཡང་བླང་དོར་དང་དགག་སྒྲུབ་མེད་པས་མཉམ་པ་རིས་མེད་ཆེན་པོར་གནས་སོ། །གཉིས་པ་རྩལ་ངོ་སྤྲོད་པ་ནི། ཅིར་ཡང་མ་འགགས་རོལ་སྣང་ལ་ཞེས་པས་བསྟན་ཏེ། མཉམ་པ་ཉིད་འདི་ཉིད་ཀྱི་རྩལ་ཅིར་ཡང་མ་འགགས་པར་སྣང་བ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་ཆོས་ཕྱི་ནང་སྣོད་བཅུད་དུ་ཡང་སེམས་ཉིད་རང་སྣང་། རྣམ་པར་བྱས་པས་མྱ་ངན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་སུ་ཡང་སེམས་ཉིད་རང་སྣང་། དེ་ཡང་བྱེ་བྲག་ཏུ་ཡང་སྣང་ལུགས་རྒྱས་པར་བསེད་དོ། །མདོར་ན་སྣང་ཚད་ཤར་ཚད་སེམས་ཉིད་མ་འགགས་པར་ཤར་བ་ཡིན་ཏེ། དཔེར་ན་ནམ་མཁའ་ལས་ཉི་མ་ཤར་བའི་དུས་ན། དེའི་ཟེར་ཕྱོགས་བཅུར་བརྡལ། ཉི་མ་ནུབ་པའི་དུས་སུ་འོད་ཟེར་ཁོ་རང་ལ་འདུས་པ་བཞིན་ནམ། རྒྱ་མཚོ་རང་རླབས་སུ་ཤར་བ་བཞིན་ནོ། །ལ་ཞེན་པ་ནི་དེ་ལྟར་མ་ཤེས་ཤིང་མ་རྟོགས་པའི་ཐ་ཚིག་གོ། །གསུམ་པ་འཁྲུལ་ལུགས་ངོ་སྤྲོད་པ་ནི། གཞན་སྣང་རྟོག་པ་ལྟས་པས་འཁྲུལ། ཞེས་པས་བསྟན་ཏེ། དེ་ཡང་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་སྣང་ལ་གཞན་འདྲ། གཅིག་ལ་གཉིས་འཛིན་གྱི་རྟོག་པ་ལྟས་པས། རིགས་དྲུག་སྡུག་བསྔལ་གྱི་སྣང་བ་འདི་འབྲས་བུ་བྱུང་བ་ཡིན་ཏེ། མདོར་ན་བདག་གཞན་གཉིས་སུ་འཁྲུལ། འཁོར་འདས་གཉིས་ཡུལ་སེམས་གཉིས། ཡོད་མེད། རྟག་ཆད། བཟང་ངན་ལ་སོགས་ཏེ་གཉིས་མེད་ལ་གཉིས་སུ་འཁྲུལ་ལོ། །བཞི་པ་འཁྲུལ་པ་བཟློག་པའི་ཐབས་ནི། རང་སྣང་རྟོགས་ན་འཁོར་མཐའ་བཟློག །ཅེས་པས་བསྟན་ཏེ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་སམ། རང་གི་ངོ་བོ་འམ། ཚིག་སྡེབ་སྦྱོར་ལེགས་མོས་བཤད་པ་ཐམས་ཅད་ཀྱང་། སེམས་ཅན་གྱི་འཁྲུལ་པ་བཟློག་པའི་ཐབས་སམ། །སེམས་ཉིད་གཏན་ལ་དབབ་པའི་ཐབས་སུ་གསུངས་པ་ལགས། བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་རང་འདོད་གཏིང་ནས་སྤངས་པ་ཐུགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་གསུངས་པ་ཡང་འཁྲུལ་བ་བཟློག་པའི་ཐམས་ཅད་སེམས་ཉིད་གཏན་ལ་དབབ་པའི་ཐབས་སུ་གསུངས་པ་ལགས། ད་ལྟར་རང་རེ་ཡང་ཆོས་དགའ་རྩེད་དང་ཞོར་འཕྱོ་དང་རྐྱེན་གདམ་མ་ལགས་པའི་ཐུགས་དད་པས་ཀུན་ནས་བླང་ནས་ཐོས་བསམ་མཛད་པ་དང་། འཁྲུལ་པ་བཟློག་ཅིང་སེམས་ཉིད་གཏན་ལ་དབབ་པའི་ཐབས་ལགས། ལྷོ་བླན་བྱང་བསྡབས་ཀྱང་འགྲོ་ས་རང་ཐག་དམིགས་ལས་མེད། དང་ཞ་འདོམ་གང་ལ་གཏད་པ་མེད་རྩེ་གང་ལས་མེད། ཆོས་བརྒྱ་བཤད་སྟོང་བཤད་ཀྱང་རྩ་བ་རང་གི་སེམས་གཏན་ལ་འབེབས་པ་ལས་མི་བདོག་པས། རང་གི་སེམས་ཉིད་གཏན་ལ་དབབ་པའོ། །དེ་ཡང་ཇི་ལྟར་གཏན་ལ་འབེབས་ན། སྣང་སྲིད་འཁོར་འདས་ལམ་པས་བསྡུས་པའི་ཆོས་ཐམས་ཅད་སེམས་རང་སྣང་བ་ཡིན་ཏེ། དེ་ཡང་སེམས་ཉིད་རང་སྣང་། རང་སྣང་རིས་མེད། སེམས་ཉིད་རང་སྣང་། རང་སྣང་ཡུལ་མེད། སེམས་ཉིད་རང་སྣང་། རང་སྣང་ཕྱོགས་མེད། དེ་ལྟར་རྟོགས་ན་ཕྱོགས་ཆ་ལས་བཟློག་སྟེ། འཁོར་མཐའ་བཟློག་གོ། །དེ་ཡང་དབང་པོ་རབ་ཀྱི་གདམ་ངག་ཡིན་ཏེ། གོ་ན་ཚིག་གཅིག་གདའ་ན་གཡབ་ཅིག །རོལ་བརྒྱ་ཤལ་བ་གཅིག །བྱ་བརྒྱ་འུར་རྡོ་གཅིག །ངག་དོན་དྲིལ་བས་དེ་ལྟར་ངོ་སྤྲད་པས། ལྟ་བ་ཕྱོགས་མེད་རྟོགས་ནས་ཡོན་ཏན་ཕྱོགས་ཞེན་དང་འཛིན་པ་གྲོལ་དགོས་སོ། །དེ་ལྟར་ངོ་སྤྲད་པ་ཙམ་ལས་ངང་བསྟེན་རྒྱུ་མེད་དེ། ངོ་སྤྲད་པ་རང་གིས་འཁྲུལ་པ་རང་གྲོལ་ལོ། །འབྲས་བུའམ་ཉེས་པ་སྡུག་བསྔལ་ཡིན་པས། སྡུག་བསྔལ་བྱང་ཆུབ་སེམས་སུ་ངོ་སྤྲད་དེ། སྡུག་བསྔལ་ཆོས་སྐུར་ཤེས་པས་འཁྲུལ་པ་བཟློག་པ་ནི། དེ་ལ་སྤྱིར་སྡུག་བསྔལ་ནི་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མ་རྫོགས་ཏེ། དེ་ལ་སྡུག་ལུ་གུ་རྒྱུད་གཅིག་གི་ཞབས་ལ་གཅིག་སྤེལ། སྡུག་བསྔལ་ཆུའི་གཉེར་མ་དང་འདྲ་སྟེ་བུད་པ་དང་སངས་པ་མེད། སྡུག་བསྔལ་ལ་བསྡུག་བསྔལ་བཞི་དང་། བྱེ་བྲག་གི་སྡུག་བསྔལ་དྲུག་གོ། །དེ་ལ་སྤྱི་ཁྱབ་ཀྱི་སྡུག་བསྔལ་བཞི་ནི། སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བའོ། །དེ་ལ་སྐྱེ་བ་ནི་མའི་ཁོང་པའི་ནང་ན་སྡུག་བསྔལ་ཆུང་ངམ་སྙམ་ན། མ་འགྲངས་པའི་ཚེ་ན་བྲག་བར་དུ་བཙིར་བ་ལྟ་བུ། མ་རྟོགས་པའི་ཚེ་ན་གཡང་ལ་གཏང་བ་ལྟ་བུ། ཚ་བ་མཐུབ་ན་མེ་མར་མོས་གཡོགས་པ་ལྟ་བུ། གྲང་བ་མཐུབ་པའི་ཚེ་ན་དགུན་ཆུ་གྲང་མོར་བསྐྱུར་བ་ལྟ་བུ། སྐྱེ་བའི་ཚེ་ན་ལྤགས་པ་བཤུས་ནས་བྲག་བར་དུ་བྲུད་པ་ལྟ་བུ། གདན་ཁར་ལྷུང་བའི་ཚེར་མའི་དོང་དུ་བསྐྱུར་བ་ལྟ་བུ། ཕ་མས་བླངས་པའི་ཚེ་ན་བྱི་ཕྲུག་ཁྲས་ཁྱེར་བ་ལྟ་བུ་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ། །རྒས་པའི་སྡུག་བསྔལ་ནི། རྒས་པའི་ཚེ་ན་མགོ་དཀར། གཉེར་མ་འདུས། ཁ་སྣ་ནས་ཆུ་འཛག །ཡན་ལག་ཐམས་ཅད་འདར། རང་ལུས་རང་གིས་དབང་མ་ཐོབ་སྟེ། ལངས་ན་ཡོག་མོ་རྩ་བ་ནས་འདོན་པ་དང་འདྲ། སྡོད་ན་ཚ་སྒྲོ་ལུང་ཐག་ཆད་པ་ལྟ་བུ། བསོད་ནམས་ཀྱི་ཆ་བབས་ཉམས་ནས། ཅི་སྨྲས་རྣ་བར་མི་སྙན། ཅི་བྱས་སྙིང་དུ་མི་སྡུག་གོ། །ན་བའི་སྡུག་བསྔལ་ནི། ན་བའི་ཚེ་ན་འོག་ཏུ་ཅི་བཏིང་ཚེར་མས་རྩུབ། བསྔས་སུ་ཅི་བཅུག་རྡོ་བས་འཁྲང་། སྟེང་དུ་ཅི་གོན་རི་བས་ལྕི། ཟས་དགྲ་ལྟར་སྤངས། གཉིད་བྱ་ལྟར་ཡང་། རང་ལུས་སྡུག་བསྔལ་གྱི་འབྱུང་གནས་སུ་འདུག་པའོ། །འཆི་བའི་སྡུག་བསྔལ་ནི། འཆི་ནད་ཀྱི་བཏབ་པའི་དུས་སུ། རིམ་གྲོ་བྱས་པས་ཐམས་ཅད་བྲུབས་པ་བས་ཀྱང་ཐུ། སྨན་གཏང་བ་ནི་དུག་གཏང་བ་བས་ཀྱང་ཐུ། ནད་པ་འདང་བས་ཀྱང་དོ་མོད་ན་ཟེར་བའི་དུས་སུ། དཔལ་ཕྱག་ན་རྡོ་རྗེའི་པང་དུ་མགོ་གཞག །འཚོ་བྱེད་གཞོན་ནུས་དཔྱད་བྱས་ཀྱང་མི་ཕན་ཏེ། ས་ཕྱོགས་མི་འདྲ་བ་གཅིག་ཏུ་འགྲོ་དགོས། ནོར་རྫས་ལ་སེར་སྣ་དང་གསོག་འཇོག་ཇི་ཙམ་བྱས་ཀྱང་། ཟན་རྟོགས་གཅིག་གམ་ཁབ་ལོངས་གཅིག་ཀྱང་སྒྱེར་དུ་མ་བྱུང་། འབྲེལ་པའི་གཉེན་གྱི་སེམས་བཟུང་ངོ་བསྲུངས་ཀྱང་། གྲོགས་སུ་གཅིག་ཀྱང་མེད། བརྩིགས་པའི་འཁར་ལན་ཇི་ཙམ་ཡོད་ཀྱང་དར་ཅིང་། བསྡད་པའི་གནས་ཀྱང་མེད། རང་གཅིག་པུ་རྣམ་པར་སྨིན་པ་དང་བཅས་ཏེ་འཁྱམས་པས་ཡ་ང་ཞིང་སྐྱི་བུང་པའི་ལས་ཡིན་ནོ། །དེས་ཚར་ན་ཡང་དྲག་སྟེ། ཡང་སྐྱེས་ནས་གོང་མ་ལྟར་འཁོར་ཏེ་སངས་མ་རྒྱས་ཀྱི་བར་དུ་རང་ཐག་གི་རི་མོའམ། ཟོ་ཆུན་ཁྱུད་མོ་བཞིན་ནོ། །སྐྱེ་རྒས་ན་འཆི་རང་ཐག་རི་མོ་འདྲ། །ཞེས་གསུངས་སོ། །བྱེ་བྲག་གི་སྡུག་བསྔལ་དྲུག་ནི། དམྱལ་བ་ཚ་གྲང་། ཡི་དྭགས་ལ་བཀྲེས་སྐོམ། དུད་གྲོ་ལ་གླེན་ལྐུགས་སམ་བཀོལ་སྤྱད། མི་ལ་འགྱུར་བ། ལྷ་ལ་ལྟུང་བ། ལྷ་མ་ཡིན་ལ་འཐབ་རྩོད་དོ། །དེ་ལ་རྒྱས་པར་བཤད་ན། གནས་གཞན་དང་། ཚེ་ཚད་དང་། དབྱེ་བ་དང་། སྡུག་བསྔལ་གྱི་བྱེ་བྲག་ལ་སོགས་ཀྱི་ཤེས་པར་བྱའོ། །བྱང་ཆུབ་སེམས་སུ་ངོ་སྤྲད་པ་ནི། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །དམན་པའི་སེམས་ཀྱིས་མི་རྟོགས་ཏེ། །གཏན་ཚིགས་གསུམ་གྱིས་ཤེས་པར་བྱ། །ངང་ནི་རིགས་པ་གསལ་བ་ལས། །རང་བཞིན་རིག་པ་ཅིར་ཡང་སྣང་། །བདག་ཉིད་སྣང་སྟོང་ཐ་དད་མེད། །བསྒྲུབ་བྱ་དག་གི་རང་བཞིན་ནི། །འཁྲུལ་པ་བྱང་ཆུབ་སེམས་སུ་ཤེས། །ཞེས་པས། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི། གཏན་ཚིགས་གསུམ་གྱིས་གཏན་ལ་དབབ་སྟེ། ངང་སྐྱེ་བ་མེད་པའི་གཏན་ཚིགས་ཀྱི་མཚོན་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་པར་གཏན་ལ་དབབ་པ་ནི། སེམས་ཀྱིས་སེམས་ལ་བལྟས་པས། དཀར་དམར་ལ་སོགས་པའི་ཁ་དོག་ཏུ་མ་གྲུབ། གྲུ་བཞི་ནར་མོ་ཟླུམ་པོ་ལ་སོགས་པའི་དབྱིབས་སུ་མ་གྲུབ། བྱུང་པ་དང་། གནས་ས་དང་། འགྲོ་ས་ལ་སོགས་བརྟགས་པས་ཀྱང་མ་རྙེད་པ་ནི། བྱང་པ་སྐྱེས་པ་མེད་པ་ཞེས་བྱ་སྟེ། སེམས་ཉིད་ངོས་བཟུང་ཐམས་ཅད་དང་བྲལ་བ་དེའོ། །རང་བཞིན་འགགས་པ་མེད་པའི་གཏན་ཚིགས་ཀྱིས་མཚོན་ཏེ། ཆོས་ཐམས་ཅད་འགག་པ་མེད་པར་གཏན་ལ་དབབ་པ་ནི། སེམས་ཉིད་ངོས་བཟུང་མ་གྲུབ་ན། །སྣ་ཚོགས་སུ་སྣང་བ་འདི་གང་ཡིན་ཞེ་ན། སེམས་ཉིད་རང་མ་འགགས་པར་ཤར་ཏེ། འཁོར་བའི་ཆོས་ལུས་དང་སྡུག་བསྔལ་དུ་ཡང་སེམས་རང་སྣང་། རྣམ་པར་བྱང་པ་མྱ་ངན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་སུ་ཡང་སེམས་ཉིད་རང་སྣང་། བར་ལམ་པའི་ཆོས་ལྟ་བསྒོམ་སྤྱོད་པར་ཀྱང་སེམས་ཉིད་རང་སྣང་། རང་གི་རྒྱུད་ལ་སྐྱེས་པའི་དུག་ལྔ་དུག་གསུམ་རྟོགས་པར་ཀྱང་རང་སྣང་བ་ནི། ཆུབ་པ་འགག་མེད་ཅེས་བྱ་སྟེ། སྣང་ཚད་དུ་སེམས་ཉིད་མ་འགགས་པར་ཤར་བ་དེའོ། །བདག་ཉིད་གཉིས་སུ་མེད་པའི་གཏན་ཚིགས་ཀྱིས་མཚོན་ཏེ། ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད་དུ་གཏན་ཚིགས་ལ་དབབ་པ་ནི། རང་བཞིན་ངོས་བཟུང་དང་བྲལ་བའི་རྐྱེན་མེད་དེ་དང་། སྣ་ཚོགས་སུ་རང་སྣང་བའི་འགག་མེད་དེ་གཉིས་གཅིག་ཏུ་འདུག་གམ་ཐ་དད་དུ་འདུག་བརྟགས་པས་ཐ་མི་དད་དེ་སེམས་ཉིད་ངོས་བཟུང་དང་བྲལ་བ་དེ་རང་སྣང་། རང་བསྡོ་བའི་དུས་ན་ངོས་བཟུང་དང་བྲལ་ཏེ། ཚིག་ཏུ་རེ་མོས་བརྗོད་ཀྱང་དོན་ལ་གཅིག་ཏུ་གོ་བའོ། །དེ་ཡང་ངག་དོན་དྲིལ་ན། སྣ་ཚོགས་སུ་ཤར་བ་འདིས་སེམས་རང་སྣང་། སྣང་བསྡོ་བའི་དུས་ན་ངོས་བཟུང་དང་བྲལ་བ་དེའོ། །དེ་ལྟར་བསམ་པས་དྲས་ཐག་ཆོད་པར་བྱས་ལ། སྡུག་བསྔལ་ལམ་རྟོག་གང་བྱུང་ལ་ལྟས་པས་བྱང་ཆུབ་སེམས་སྐྱེ་འགག་གཉིས་མེད་ཀྱི་ཆོས་སྐུར་གྲོལ་ལོ། །ཡང་ན་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །གཉུག་མར་གནས་པ་ཆོས་ཀྱི་སྐུ། །སྔ་ཕྱི་རྗེས་འབྲེངས་འཁྲུལ་པའི་ལམ། །དེ་རྗེས་མི་གཅོད་བྱང་ཆུབ་སེམས། །ཞེས་དང་། འཁོར་བའི་སྡུག་བསྔལ་འདི་གང་ལས་བྱུང་ཞེ་ན། ནམ་མཁའ་ནས་མ་བབས། ས་ནས་མ་སྐྱེས། ཤར་ལྷོ་ནུབ་བྱང་ནས་མ་བྱུང་། གཞན་གྱིས་བསྐྱལ་བ་མིན་ཏེ། རང་སེམས་སྡོད་མ་ཤེས་པས་སྡུག་བསྔལ་དུ་ཤར་བ་ཡིན་ནོ། །དེ་ཡང་ཉམས་སུ་ལེན་པའི་དུས་སུ། ལུས་རང་ལུགས་སུ་བློད། ངག་རང་ལུགས་སུ་བློད། སེམས་འདིས་དུས་གསུམ་རྟོག་པའི་རྗེས་སུ་མ་འབྲངས་པར། སྔར་འདས་པའི་རྗེས་མི་གཅོད། ཕྱིས་མ་འོངས་པའི་སྔུན་མི་བསུ། ད་ལྟ་ཡུལ་ལྔའི་རྗེས་སུ་མ་འབྲངས་པར་ཤེས་པ་རང་ལུགས་སུ་བློད་དེ། ཤེས་པ་ལ་སྤང་དང་སྤྲོ་བསྡུ་དང་། འགྲོ་འོངས་མེད་པར་གཞག་པས། ཤེས་པ་གསལ་ལ་རྟོག་པ་མེད། གསལ་ལ་འཛིན་པ་མེད་པའི་ཤེས་ས་ལེ་སང་ངེ་བ་ཅིག་ནང་ནས་སྐྱེ་སྟེ། དེ་ལ་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་ཞེས་ཀྱང་བྱ། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཞེས་ཀྱང་བྱ་སྟེ། སྔར་འདས་ཀྱི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ། །མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ། །ད་ལྟར་གྱི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ལེན་ཡིན་ཏེ། སངས་རྒྱས་རང་སེམས་རྟོག་པ་བྲལ་བ་ཡིན། །ཞེས་པ་དང་། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །ཞེས་པ་དང་། དྲན་རིག་ཤེས་པ་མ་འགགས་ལ། །འཛིན་རིག་ཡུལ་ལས་རྣམས་པར་གྲོལ། །ཞེས་པས་གསལ་ལོ། །ད་ལྟར་མཉམ་གཞག་ལ་ཐུན་དུ་བཅད་ལ་བསྒོམས་པས། སྡུག་བསྔལ་གྱི་རྟོག་པ་ཆུ་རྙོག་མ་དང་བྲལ་བའམ། ནམ་མཁའ་སྤྲིན་དང་བྲལ་བ་བཞིན་དུ་རངས་དྭངས་ཏེ། བྱང་ཆུབ་སེམས་གཉུག་མ་ཆོས་སྐུའི་ངང་དུ་རང་ས་ཟིན། གནས་ལུགས་ཆོས་ཀྱི་སྐུ་ལས་འགྲོ་དོན་གཟུགས་སྐུ་གཉིས་བྱུང་སྟེ། དེ་ཡང་དོན་གྱི་གནས་ལུགས་སྣང་ལ་རང་བཞིན་མེད་པ། སྣང་བའི་ངོས་ནས་བྱང་ཆུབ་སེམས་དཔའ་ལ་སོགས་དག་པའི་སྣང་བ་ལ་ལོངས་སྐུ། མ་དག་པ་སེམས་ཅན་ལ་སྤྲུལ་སྐུ། གང་ལ་གང་འདུལ་དུ་སྣང་ནས་དོན་མཛད་དོ། །དེ་ཡང་དོན་གྱི་གོ་བ་ནི་གང་ཡང་ངོས་བཟུང་མེད་པའི་དོན་མངོན་དུ་གྱུར་པས་སངས་ལ། ཕྱོགས་མེད་རང་སྣང་མངོན་གྱུར་པས་རྒྱས་ཏེ། མཁྱེན་པའི་ཡེ་ཤེས་ཤར་ནས་དོན་མཛད་དོ། །ཀུན་བྱེད་ལས། སྤྲོས་མེད་དབྱིབས་དང་དབང་པོའི་སྤྱོད་ཡུལ་སངས། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་ཅིང་རྒྱས། །ཞེས་གསལ་ལོ། །ནམ་མཁའ་ལྟ་བུ་ཕྱོགས་བྲལ་བདག་མེད་ལ། །མ་རིག་ཀུན་བཏགས་དུག་ལྔའི་རྒྱུ་རྐྱེན་གྱིས། །རྒྱལ་བུ་རྐང་འཁྱམས་བཞིན་དུ་འཁྲུལ་བ་འདི། །གྲུབ་པ་མེད་ཀྱང་ངོ་མ་ཤེས་པས་འཁོར། །དེ་བཟློག་ཀུན་བཟང་ཐུགས་རྗེ་བསམ་མི་ཁྱབ། །སྙིགས་མའི་དུས་འདིར་ཞིག་པོ་ཉིད་འདྲ་ལས། །ཟེར་ཙམ་ཤར་བས་མུན་སེལ་ཉི་མ་འདི། །བདག་གཞན་དོན་ཕྱིར་དབུས་པ་རྟ་ཡིས་སྦྱར། །དགེ་བས་སེམས་ཅན་ཇི་བཞིན་དོན་རྟོགས་ཏེ། །འཁྲུལ་པའི་སེམས་ཅན་རང་ངོ་ཤེས་པར་ཤོག །དམ་པ་ཆོས་ཀྱི་ཡང་སྙིང་སྤྲུལ་སྐུ་ཞིག་པོའི་གསུང་སྒྲོས་སྒྲོས། །དོན་གསལ་ལྔ་པ་ཞེས་བྱ་བ། །རྟ་ཇོ་ཡེ་ཤེས་ཀྱིས་སྦྱར་བ། །རྫོགས་སོ། །ཡང་ན་ཁ་ན་མ་ཐོ་བ་གསུམ་ནི། རང་བཞིན་གྱིས་ཁ་ན་མ་ཐོ་བ་ནི། མི་དགེ་བཅུ་ལ་སོགས་པའི་སྡིག་པའོ། །བཅས་པའི་ནི་སྦྱིན་ལེན་དང་སྐྱེ་བ་གཅོད་པ་ལ་སོགས་པའོ། །འཇིག་རྟེན་གྱི་ནི་རབ་བྱུང་གི་སྒོག་པ་ཟོས་པ་ལ་སོགས་པ་ལྟ་བུའོ།། །།


previousདམ་པ་ཆོས་ཀྱི་ཡང་སྙིང་སྤྲུལ་སྐུ་ཞིག་པོའི་གསུང་སྒྲོས་དོན་གསལ་ལྔ་པ། དབུས་པ་རྟ།next