Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་དགུ་པ།


   
   
   
   
   
   
   
   
   
   
   
   
རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་སྙན་ཁུང་བརྒྱུད་པའི་མན་ངག
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་སྙན་ཁུང་བརྒྱུད་པའི་མན་ངགnext

རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་སྙན་ཁུང་བརྒྱུད་པའི་མན་ངག

རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་སྙན་ཁུང་བརྒྱུད་པའི་མན་ངག་བཞུགས་སོ། །བླ་མ་དམ་པའི་མན་ངག་སྨ་མི་དབབ། དྲི་མ་ལ་མི་བསྐུར། ཐལ་ཁུང་དུ་མི་བསུར། མི་བཅིང་། མི་བསླད། ཡར་དུ་མི་གཞུག །ཟགས་སུ་མི་གཞུག །སྐམས་སུ་མི་གཞུག །ལྟ་བར་མི་དགྲོལ། ཟོང་དུ་མི་བཙོང་། མི་སྤྱུག །གཡང་དུ་མི་བསྐྱུར། དུག་ཏུ་མི་གཏང་། རབས་མི་བཅད། དབང་པོ་མི་གཞར། དེ་ལྟར་ཡིན་པས་མིག་བས་ཕངས་པར་སྦ། སྲོག་ལྟར་ཕངས་པར་བཙའོ། །ལྟ་བ་བྱེད་སྤྱོད་ལ་གདབ་པ། བསྒོམ་པ་སྤྱོད་ལམ་ལ་གདབ་པ། སྙིང་རྗེ་ཕྱོགས་བྲལ་ལ་གདབ་པ། སྡུག་བསྔལ་ལམ་དུ། ཉོན་མོངས་པ་འབྲས་བུར། དགའ་མི་དགའ་ཀུན་དུ་བཟང་པོར། བདག་གཞན་གཉིས་སུ་མེད་པར། འཁོར་བ་མྱ་ངན་ལས་འདས་པར། སེམས་ཅན་སངས་རྒྱས་སུ་གདབ་པ། སྣང་སྲིད་སེམས་སུ། སེམས་ཆོས་ཉིད་དུ་གདབ་པ། སྐྱོན་དང་ཡོན་ཏན་བླང་དོར་མེད་པ་གདབ་པའོ། ༈ །བཀག་པའི། བཀག་པ། བཀག་པའི་མ་བཀག་པ། མ་བཀག་པའི། བཀག་པ། མ་བཀག་པའི། མ་བཀག་པའོ། །བརྩལ་བའི། བརྩལ་བ། བརྩལ་བའི། མ་བརྩལ་བ། མ་བརྩལ་བའི། བརྩལ་བ། མ་བརྩལ་བའི། མ་བརྩལ་བའོ། ༈ །ཨ་ཨ་ནུད་བ་བཱ་སྭ་བ་བཱ་དྷརྨ་ཏེ། ཞེས་བྱ་བའི་སྒྲ་ལས་དྲངས། ཨ་མ་སྐྱེས་ཤིང་སྐྱེ་བ་མེད་པའི་རང་བཞིན་ཡིན། ཏི་ཏིན་ཏི་ན་ཞེས་བྱ་བའི་སྒྲ་ལས་དྲངས་ན། མཉམ་པ་ཉིད་ཀྱི་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་གཟུང་བའི་དོན་ཡིན། ཨས་མཚོན་པའི་སྐྱེ་བ་མེད་པའི་དོན་རྟོགས་པ་ནི་ཤེས་རབ་ལ། ཏིས་མཚོན་པའི་སྙིང་རྗེ་ནི་ཐབས། ཐབས་དང་ཤེས་རབ་གཉིས་སུ་དབྱེར་མེད་པའི་རྟོགས་པ་ལ་ཡོ་ག་ཞེས་བྱ་སྟེ། རྣལ་འབྱོར་གྱི་དོན་ནོ། །རྣལ་འབྱོར་ཞེས་བྱ་བ་ནི་ཆོས་ཉིད་དོན་གྱི་རྣལ་མ་ལ་རང་རིགས་པའི་བློ་འབྱོར་པ་ལ་བྱའོ། ༈ །གང་དུ་རྫོགས། གང་རྫོགས། ཚུལ་ལམ་ཐབས་ཇི་ལྟར་རྫོགས། དེ་ལྔའི་སྒོ་ནས་རྫོགས་ཏེ། དེ་ཉིད་ཀྱི་ཚུལ་གྱིས་རྫོགས། དེ་ཉིད་ལས་བྱུང་བའི་ཚུལ་གྱིས་རྫོགས། དེ་ཉིད་ཀྱི་ངང་དུ་ཞ་ཞིང་རླག་པའི་ཚུལ་གྱིས་རྫོགས། ལས་དང་མཚན་ཉིད་ཀྱི་སྒོ་ནས་རྫོགས། རྟོགས་ཤིང་གཞག་པའི་སྒོ་ནས་རྫོགས་སོ། །གང་ཆེ། གང་ལས་ཆེ། ཚུལ་ལམ་ཐབས་དུའི་སྒོ་ནས་ཆེ། དེ་རྣམ་པ་བཅུའི་སྒོ་ནས་ཆེ་སྟེ། ཟིལ་གནོན་ཆེ་བ་རྣམ་པ་ལྔའི་སྒོ་ནས་ཆེ། ཡེ་ནས་ཡིན་པ་གསུམ་གྱིས་ཆེ། མཚུངས་པ་དཔེ་བརྒྱད་ཀྱི་སྒོ་ནས་ཆེ། མེད་པ་བཅུ་གཉིས་ཀྱིས་ཆེ། མ་གྲུབ་པ་ལ་བཟླ་བ་དྲུག་གིས་ཆེ། གཉེན་པོ་མེད་པས་ཆེ། འགྲན་ཟླ་མེད་པས་ཆེ། སྣ་ཚོགས་མེད་པས་ཆེ། སྣ་ཚོགས་མེད་ཀྱང་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་ཆེ། རྒྱུ་རྐྱེན་ལ་རགས་མ་ལས་པས་ཆེའོ། ༈ །མངོན་པར་རྫོགས་པར་སངས་རྒྱས་པའི་ཆེ་བ་དང་། བདག་ཉིད་ཆེན་པོར་སངས་རྒྱས་ཡིན་པའི་ཆེ་བ་དང་། ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ་དང་། དེ་ཡིན་པར་སངས་རྒྱས་པའི་ཆེ་བ་དང་། ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་མེད་པའི་ཆེ་བའོ། ༈ །ཀུན་ཏུ་བཟང་པོ་ཡེ་ནས་ཡིན་པ་དང་། དེ་ཀུན་ཏུ་བཟང་མོ་ཡེ་ནས་ཡིན་པ་དང་། དེ་གཉིས་སུ་མེད་པ་ཡེ་ནས་ཡིན་པའོ། ༈ །ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ། རྒྱ་མཚོ་དང་མཚུངས་པས་ཆེ། འབྱུང་བ་ཆེན་པོ་བཞི་དང་མཚུངས་པས་ཆེ། དེ་རྒྱལ་པོ་དང་མཚུངས་པས་ཆེ། དེ་ནམ་མཁའ་དང་མཚུངས་པས་ཆེ། དེ་ཉི་མ་དང་མཚུངས་པས་ཆེ། དེ་བདུད་རྩི་དང་མཚུངས་པས་ཆེ། དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་མཚུངས་པས་ཆེ། དེ་རིན་པོ་ཆེ་གསེར་གླིང་དང་མཚུངས་པས་ཆེའོ། ༈ །བཟང་ངན་མེད་པས་ཆེ། བདག་གཞན་མེད་པས་ཆེ། བསྒོམ་ཞིང་བཅོས་སུ་མེད་པས་ཆེ། བསྒྲུབ་ཅིང་བྱ་རུ་མེད་པས་ཆེ། །བཀག་ཅིང་དོར་བ་མེད་པས་ཆེ། སྤང་ཞིང་བླང་བ་མེད་པས་ཆེ། རྒྱུ་དང་འབྲས་བུ་མེད་པས་ཆེ། ཡངས་ཤིང་དོག་པ་མེད་པས་ཆེ། ཐེག་པ་གོང་འོག་མེད་པས་ཆེ། ནོར་ཞིང་འཁྲུལ་པ་མེད་པས་ཆེ། སེམས་ཅན་སངས་རྒྱས་མེད་པས་ཆེ། རེ་ཞིང་དོག་པ་མེད་པས་ཆེའོ། ༈ །ལྟ་བས་ལྟ་རུ་མེད་པར་ལ་བཟླ་བ་དང་། ལྟ་བས་རྟོགས་སུ་མེད་པར་ལ་བཟླ་བ་དང་། ལྟ་བས་དམིགས་སུ་མེད་པར་ལ་བཟླ་བའོ། །བསྒོམ་པས་བསྒོམ་དུ་མེད་པར་ལ་བཟླ། བསྒོམ་པས་བཅོས་སུ་མེད་པར་ལ་བཟླ་བ། བསྒོམ་པ་ཡིད་ལ་བྱར་མེད་པ་ལ་བཟླ་བའོ། །སྤྱོད་པ་སྤྱད་དུ་མེད་པར་ལ་བཟླ་བ། སྤྱོད་པས་སྤྱད་རྒྱུ་མེད་པར་ལ་བཟླ་བ། སྤྱོད་པས་སྤྱད་པ་མེད་པར་ལ་བཟླ་བའོ། །བསྒྲུབ་པ་བསྒྲུབ་ཏུ་མེད་པར་ལ་བཟླ་བ། བསྒྲུབ་པས་རྩོལ་དུ་མེད་པར་ལ་བཟླ་བ། བསྒྲུབ་པས་ཐོབ་ཏུ་མེད་པར་ལ་བཟླ་བ། འཕྲིན་ལས་ཀྱིས་བྱར་མེད་པར་ལ་བཟླ་བ། འཕྲིན་ལས་ཀྱིས་བྱེད་མཁན་མེད་པར་ལ་བཟླ་བ། འཕྲིན་ལས་ཀྱིས་བྱས་པ་མེད་པར་ལ་བཟླ་བའོ། །དམ་ཚིག་བསྲུང་དུ་མེད་པར་ལ་བཟླ་བ། བསྲུང་ས་མེད་པར་ལ་བཟླ་བ། ཐོབ་ཏུ་མེད་པར་ལ་བཟླ་བའོ། ༈ །བླ་མ་དགེ་བའི་བཤེས་གཉེན་སངས་རྒྱས་དངོས་ཀྱི་ཚུལ་དུ་བཙལ་བར་བྱ། དེ་ནད་པའི་ཚོགས་ཀྱིས་སྨན་པ་བརྟེན་པའི་ཚུལ་དུ་བཙལ་བར་བྱ། དེ་ལན་ཚ་མྱང་པའི་ཚུལ་གྱིས་བཙལ་བར་བྱ། དད་པ་ཆུ་བོའི་གཞུང་བཞིན་སྐྱེ་འབྲི་མེད་པར་བཙལ་བར་བྱ། བརྩོན་འགྲུས་གཞུ་མོའི་རྒྱུད་བཞིན་ངལ་དུབ་མེད་པར་བཙལ་བར་བྱ། གནས་དང་ཡུལ་ལ་ཆགས་པ་མེད་པར་བཙལ་བར་བྱ། །ནོར་དང་རྫས་ལ་ཕངས་པ་མེད་པར་བཙལ་བར་བྱ། །སྡུག་བསྔལ་ཆུ་ལྟར་འཐུང་བའི་ཚུལ་གྱིས་བཙལ་བར་བྱ། །བྱང་སེམས་རི་ལྟར་བརྟན་པའི་ཚུལ་གྱིས་བཙལ་བར་བྱའོ། ༈ །བརྡལ་པ་ནམ་མཁའ་ལྟ་བུར་གཞག་པ། བཏང་པ་སྤྲེའུ་ལྟ་བུར་གཞག་པ། བརྩལ་བ་མེད་པར་ཟིན་པ་ཕྱི་ལྟ་བུར་གཞག་པ། མ་བརྙོག་པར་དྭངས་པ་ཆུ་ལྟ་བུར་གཞག་པ། དྲན་པ་ལྟར་གཞག་པ། བོར་བ་ལྟ་བུར་གཞག་པ། རྟོགས་ཤིང་ཡིད་ཆེས་པ་ལྟ་བུར་གཞག་པ། མཐའི་ཞེན་པ་བཅོ་བརྒྱད་བཅད་པ་ལྟ་བུར་གཞག་པའོ། ༈ །དེའི་ཞེན་པ་བཅོ་བརྒྱ་ནི། བཙལ་ན་སྟོར། བཀག་ན། ཉམས། བཅོས་ན་བསླད། བསྒོམས་ན། གཅལ། བཙལ་ན། བྲལ། བསྒུགས་ན་བྲོས། བལྟས་ན། ཡལ། དྲན་ན། སངས། མྱོང་ན། ཤོར། གཟོབ་ན། འདྲེས། བགྲོད་ན། འཁྱམས། ངའོ། སྙམ་ན། ལྟུང་། རྟོགས་སོ་སྙམ་ན། སྟོངས། སེམས་ལ་རྣམ་རྟོག་བླང་ན། ཕུང་། གཏད་འཛིན་བྱེད་ན། གནད་ཅིང་། བརླག །བྱུང་ཚོར་གྱི་རྗེས་སུ་འབྲེངས་ན་འཁོར། བྱིང་སྨུགས་ཀྱི་དབང་དུ་སོང་ན་འཐིབས། སྤང་བླང་བྱེད་ན། འཇོལ་ལོ། ༈ །བསྒོམས་པ་སྐྱེ་བའི་རིམ་པ་སེམས་ཀྱི་དྲོད་ཚད་བསྟན་པ་ལ། བསྒོམ་པ་དང་འཕྲོད་པ་ལ་ནི་གཞག་ལ། མི་འཕྲོད་པ་ལ་མི་གཞག་པའི་ཕྱིར་མན་ངག་གཞག་པའི་གནས་གང་ཟག་གི་རིགས་རྣམ་པར་དབྱེ་བའི་མན་ངག་དང་། དེ་ལྟར་རིགས་སོ་སོར་ཕྱེ་ཡང་བག་ཆགས་ངོས་མ་ཟིན་ན་ཕན་མེད་པས། མཐུན་པའི་རྐྱེན་བག་ཆགས་ངག་ལ་ཡོད་པ་ངོས་གཟུང་པའི་མན་ངག་དང་། དེ་ལྟར་བག་ཆགས་ངོས་ཟིན་ཀྱང་རྣལ་འབྱོར་པ་དེ་སེམས་མ་གནས་ན་ཕན་མེད་པས། དེ་མྱུར་དུ་སེམས་ལས་སུ་རུང་བར་བྱ་བའི་ཕྱིར་སེམས་གནས་པའི་ཐམས་ཀྱི་རིམ་པའི་མན་ངག་དང་། དེ་ལྟར་སེམས་གནས་ཀྱང་རྣལ་འབྱོར་པ་དེ་དྲོད་ཚད་ཀྱིས་མ་ཟིན་ན་ཕན་མེད་པས། དེ་དྲོད་ཚད་ཀྱིས་གཟུང་བར་བྱ་བའི་ཐབས་ཀྱི་རིམ་པའི་མན་ངག་དང་། དེ་ལྟར་རྣལ་འབྱོར་པ་དེ་དྲོད་ཀྱིས་ཟིན་ཀྱང་བོགས་མ་བྱུང་ན་ཕན་མེད་པས། དེ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་བོགས་དབྱུང་བའི་ཐབས་ཀྱི་རིམ་པའི་མན་ངག་དང་། དེ་ལྟར་རྣལ་འབྱོར་པ་དེ་བོགས་བྱུང་ཡང་ལམ་ལོག་པར་འགྲོ་བ་གོལ་ས་ཡིན་པས། གོལ་ས་བཅད་པའི་ཐབས་ཀྱི་རིམ་པའི་མན་ངག་དང་། དེ་ལྟར་གོལ་ས་ཆོད་ཀྱང་བསྒྲིབ་པ་ངོས་མ་ཟིན་ན་ཕན་མེད་པས། དེ་བསྒྲིབ་པ་ངོས་གཟུང་བའི་ཐབས་ཀྱི་རིམ་པ་མན་ངག་དང་། དེ་ལྟར་བསྒྲིབ་པ་ངོས་ཟིན་ཀྱང་འདོད་པའི་རྟགས་དང་མི་འདོད་པའི་རྟགས་འབྱུང་བས། རྟགས་ཀྱི་མན་ངག་མདོར་བསྡུས་ཏེ་བསྟན་པའོ། ༈ །སྤྱིའི་རིགས་དང་། རྒྱུའི་རིགས་དང་། དབང་པོའི་རིགས་དང་། སྤྱོད་པའི་རིགས་སོ། །དང་པོ་ནི། དད་ལྡན་གཡོ་རྒྱུ་ཆུང་བ་དང་། བློ་མི་རྒོད་པ་དང་། རྒྱུད་འཇམ་ཞེ་སྡང་ཆུང་བ་དང་། དྲང་ལ་སྡུག་བསྔལ་བཟོད་པ་དང་། བརྟན་ལ་གོ་ཆ་མཐུག་པ་དང་། །ཤེས་གཡུང་རིགས་དང་ལྡན་པ་དང་། །གཞན་གྱིས་མ་རྫབས་བསྒོ་བ་ཉན། །བཅུ་བཞི་ལྡན་པའི་གང་ཟག་ནི། །རང་དུ་ཐོགས་ནས་བཞི་བཅུས་འགྲུབ། ༈ །དབྱིབས་ཀྱི་སྒོ་ན་བཟུང་བ་དང་། །ཁ་དོག་དང་། བསྐྱེད་རྫོགས་ཀྱི་སྒོ་ནས་བཟུང་བ་དང་། བསྟུས་རྒྱས་དང་། བག་ཆགས་དང་། བཏང་སྙོམས་དང་། མན་ངག་གི་སྒོ་ནས་བཟུང་བའོ། ༈ །ཆོས་ཉིད་བྱང་ཆུབ་ཀྱི་སེམས། གནས་པར་བྱ་བའི་རྒྱུ་འཚོག་པར་བྱ་བ་དང་། གནས་སུ་མི་སྟེར་བའི་ཉེས་པ་བརྒྱད་སྤངས་པ་དང་། །དེ་དང་མཐུན་པའི་ཆོས་བརྒྱད་རིམ་པ་བཞིན་དུ་མ་ནོར་བར་ཉམས་སུ་བླང་བར་བྱའོ། ༈ །རྒྱུ་འཚོགས་པ་ནི། ཤེས་པ་འཁྱོག་བསྲང་བ་དང་། རྒྱུད་ཞུན་དང་ཐར་སེམས་བཟང་བྱ་བ་དང་། བག་ཆགས་གང་ལ་ཡོད་ངོས་གཟུང་པ་དང་། མ་སྨིན་པ་སྨིན་པར་བྱ་དང་། བློ་མལ་དུ་གནས་པ་དང་། ལོང་དང་ལྡན་པ་དང་། ལྟ་བས་ཐག་ཆོད་པའོ། །ཉེས་པ་བརྒྱད་སྤངས་པ་ནི། འཕྲོ་མེད་པའི་ཉེས་པ་དང་། སྐལ་བ་མེད་པའི་ཉེས་པ་དང་། རྒྱུ་རྐྱེན་གཞན་ལ་རག་ལས་པའི་དང་། རྟེན་གནད་པའི་ཉེས་པ་དང་། ཐབས་ཆུངས་པའི་ཉེས་པ་དང་། རྒྱུད་ཞུན་པའི་ཉེས་པ་དང་། འཁོར་མ་ཤེས་པའི་ཉེས་པ་དང་། བཀོལ་གྲགས་པའི་ཉེས་པ་དང་བརྒྱད་དོ། །དེ་དང་མཐུན་པའི་ཆོས་བརྒྱད་ནི། རྟེན་དང་སྦྱར་ཏེ་རྒྱུ་ཚོགས་ལ་གནས་པར་བྱ་བ་དང་། རིགས་དང་སྦྱར་ཏེ་རྣལ་འབྱོར་གྱི་ཟས་བདུན་གྱིས། འཁམས་བརྟས་པར་བྱ་བ་དང་། དམིགས་པའི་ཡུལ་སེམས་གནས་པའི་མཚན་ཉིད་བསྟན་པ་དང་། སྤྱི་རྟགས་ཉི་ཤུ་རྩ་བཞིས་འཁམས་ཀྱི་ཚོད་བཟུང་པ་དང་། མདོ་གཅོད་བཞིའི་མན་ངག་གིས་མཐུན་ཚད་བཟུང་པ་དང་། ཉམས་དད་སྦྱར་ཏེ་ཕྱིར་བཅོས་པའི་ཐབས་བསྟན་པ། བསྒོམ་པ་རབ་འབྲིང་གསུམ་མམ་དགུའི་སྒོ་ནས་སེམས་གནས་པའི་ཚད་བསྟན་པ་དང་། ཉེས་པ་དྲུག་གམ་བརྒྱད་སྤང་ཞིང་བརྟན་པའི་ཆོ་ག་གཞུང་བཞིན་དུ་བྱ་བ་དང་བརྒྱད་དོ། ༈ །དབུག་དང་། ལུས་དང་། སྒྲ་དང་ནི། ཁམས་དང་ཤིང་དུ་སྦྱངས་པ་དང་། ཡུན་དང་རྗེས་ཀྱི་ཤེས་པ་དང་། སྤྱོད་ལམ་ཉོན་མོངས་འགྲིམ་མི་འགྲིབ། མཚན་ཉིད་བཞིའམ་བཅུ་ཡིས་ནི། རབ་འབྲིང་དགུའམ་གསུམ་དུ་བསྟན། ༈ །དངོས་པོ་མ་ཤེས་པའི་ཉེས་པ་དང་། མཚན་ཉིད་མ་ཤེས་པའི་དང་། དུས་ཚོད་མ་ཤེས་པའི་དང་། འཁམས་ཀྱི་ནུས་པ་དང་སྦྱོར་ཤེས་པའི་དང་། ཆོག་མ་ཤེས་པའི་དང་། གཟིང་བསྟོད་གྲགས་པའི་དང་། གཞུང་ལྟར་བྱས་པའི་དང་། གཞུང་ལྟར་མ་བྱས་པའི་ཉེས་པའོ། ༈ །གང་ཟག་འཇུག་པའི་ཉམས་དང་། རྣལ་འབྱོར་སྐྱེ་ཉམས་སོ། །དེ་ལ་བདེ་བ་གསལ་བ། མི་རྟོག་པ། མི་གཡོ་བའོ། །ཤིན་ཏུ་སྦྱངས་པའི་བདེ་བ། ཐོབ་པའི་བདེ་བ། བྲལ་བའི་བདེ་བ། འཇུག་པ་འཐབས་ཀྱི་བདེ་བ། ཉེ་བར་ཞི་བའི་བདེ་བ། བདུད་རྩི་འདྲེས་པའི་བདེ་བ། རང་བཞིན་གྱི་བདེ་བ། ཡེ་ཤེས་ཆེན་པོའི་བདེ་བ། ལྟ་བས་ཐག་ཆོད་པས་ཉམས་བ་དང་བག་ཚ་བ་ལ་སོགས་ཏེ་འཇིགས་པ་ཐམས་ཅད་དང་བྲལ་བས་བདེ། རྒྱུའི་དུས་ན་འབྲས་བུ་ཉིད་རྒྱུད་ལ་བསྐྱེད་མི་དགོས་པས་བདེ། སྣང་སྲིད་ཆོས་སྐུར་གསལ་བས་འབད་རྩོལ་གྱི་དཀའ་བ་དང་བྲལ་བས་བདེའོ། ༈ །དངོས་པོའི་གསལ་བ། ཡུལ་གྱི་གསལ་བ། རྣམ་པར་ཤེས་པའི་གསལ་བ། བདུད་རྩིའི་གསལ་བ། སྒྲོན་མའི་གསལ་བ། རང་བཞིན་གྱི་གསལ་བ། ཡེ་ཤེས་ཀྱི་གསལ་བའོ། །དབང་པོའི་སྒོ་མ་བཀག་པས་གསལ། །བྱིང་རྨུགས་ཀྱི་འཐིབས་པ་དང་བྲལ་བས་གསལ། བག་ཆགས་ཀྱི་ཁུ་རླངས་ཀྱིས་མ་རྟོགས་པས་གསལ། རྟོག་པའི་རྡུལ་གྱིས་མ་དཀྲུགས་པས་གསལ་ལོ། །ངོ་བོ་ཉིད་ཀྱིས་མི་རྟོག་པ། ཕྱིན་ཅི་མ་ལོག་པའི་མི་རྟོག་པ། སྤྲོས་པ་མེད་པའི་མི་རྟོག་པ། དྲན་བྱེད་ཀྱི་རྒྱ་དང་བྲལ་བས་མི་རྟོག །ཐ་སྙད་མེད་པའི་མི་རྟོག་པ། ཉེ་བར་ཞི་བའི་མི་རྟོག་པ། རང་བཞིན་གྱི་མི་རྟོག་པ། ཡེ་ཤེས་ཀྱི་མི་རྟོག་པའོ། །ད་ལྟ་ཞིང་སྤྱོད་པ་མེད་པས་མི་རྟོག །ཐ་སྙད་ཀྱི་སྒྲ་དང་བྲལ་བས་མི་རྟོག །གཟུང་འཛིན་གྱི་ཆར་མ་ལྷུང་པས་མི་རྟོག །བྱུང་ཚོར་གྱི་རྗེས་སུ་མ་འབྲེངས་པས་མི་རྟོག་གོ ༈ །ལྟ་བ་མི་གཡོ། བསྒོམ་པ་མི་གཡོ། སྤྱོད་པ་མི་གཡོ་བའོ། ༈ །ཐུན་མོང་མ་ཡིན་པའི་ཉམས་ནི། ཤིན་ཏུ་སྦྱངས་པས་ལུས་སེམས་ཁྱབ། །བྱས་དང་མ་བྱས་གཉིས་ཀ་འོང་། །དུས་ནི་ཕལ་ཆེར་ཀུན་ཏུ་འོང་། །སྤྱོད་ལམ་བཞི་དང་མཚུངས་པར་ལྡན། །མིག་ནི་དང་རྩུམ་གཉིས་ཀར་བདེ། །ལེགས་ཉེས་སྐྱོན་གྱིས་ཆེར་མི་གཡོ། །ཉོན་མོངས་སྐྱོན་གྱིས་ཆེར་མི་གནོད། །ཐ་མལ་རྟོག་པ་ཐམས་ཅད་ནུབ། །ཐ་མལ་སྒྱུ་ཆེན་གནོད་མི་འགྱུར། །ཚིག་གི་ཐ་སྙད་ཀུན་དང་བྲལ། །དམ་ཆོས་གང་ཐོས་བདུད་རྩིར་བལྟ། །འགྲོ་བ་གང་མཐོང་སྙིང་རྗེ་སྐྱེ། །ལམ་ལ་གང་གནོད་བདུད་དུ་ལྟ། །དངོས་པོ་གང་མཐོང་ཞེན་པ་ལོག །མཚན་མའི་སྤྱོད་ཞེན་དང་བྲལ་བ། །བག་ཆགས་ངན་པའི་རྨིས་ལྟས་ནུབ། །གློ་བུར་ནད་ཀྱིས་གནོད་མི་ནུས། །འབྲས་བུ་མངོན་ཤེས་རེ་སྒུགས་བྲལ། །བཅྭ་བརྒྱད་ལྡན་པའི་གང་ཟག་ནི། །རྒྱལ་སྲས་དང་པོའི་མཚོན་ཡིན་ནོ། ༈ །ཚོགས་ལ་གནས་པས་བོགས་དབྱུང་པ་དང་། མཚན་མ་རྟེན་ཅན་སྔོན་དུ་སོང་པས་བོགས་དབྱུང་པ་དང་། བསམ་གཏན་སྤེལ་བས་དང་། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དང་། བསྟི་ཞིང་ངལ་བསོ་བས་དང་། བསམ་མནོ་དྲག་པོ་དང་། ལྟ་རྟོག་དྲག་པོས་དང་། བསྒྲོ་གླེང་དྲག་པོས་དང་། ཁ་ཟས་དང་། སྒྲ་གཅོད་དྲག་པོས་དང་། སྤྱོད་ལམ་དང་། བརྟུལ་ཤུགས་དང་། མན་ངག་གིས་བོགས་དབྱུང་བའོ། ༈ །ཡིན་པའི་དོན་ལ་ནོར་བའི་རིག་པ་འཇོག་ན་ལྟ་བའི་གོལ་ས། དམ་ཚིགས་ཕྱོགས་ཅན་དུ་བསྲུང་ན་དམ་ཚིག་གི་གོལ་ས། འཕྲིན་ལས་གཟའ་གཏད་ཀྱིས་རྩོལ་ན་དེའི་གོལ་ས། རྟོགས་པའི་རིག་པ་གྲངས་སུ་བགྲང་ན་ཡེ་ཤེས་ཀྱི་གོལ་ས། རྟོགས་པ་རྒྱབ་ཀྱིས་ཕྱོགས་ལ་མི་རྟོག་པ་ལ་མངོན་དུ་བྱེད་ན་འཕྲ་བའི་གོལ་ས། འོག་ནས་གོང་དུ་རྒྱུ་ལས་འབྲས་བུར་རྩོལ་ན་ཕ་རོལ་དུ་ཕྱིན་པའི་གོལ་ས། ལྷ་དང་དཀྱིལ་འཁོར་ལ་ཆགས་ན་རྒྱུད་གོལ་ས། དབྱིངས་དང་ཡེ་ཤེས་ལ་རྟེན་འཆའ་ན་ལུང་དུ་གོལ། ལྟ་བ་སྤྱོད་པ་དབྱིངས་ལས་ཐལ་གྲགས་ན་མན་ངག་གི་གོལ་པའོ། ༈ །ཡོད་པར་ལྟ་བ། ཡིན་པར་ལྟ་བ། བཟང་པོར་ལྟ་བ། ཡོན་ཏན་དུ་ལྟ་བ། གཙང་པར་ལྟ་བ། དག་པར་ལྟ་བ། བདག་ཏུ་ལྟ་བ། འབྲས་བུར་ལྟ་བ། འདུས་བྱས་སུ་ལྟ་བ། ཉོན་མོངས་པར་ལྟ་བ། ཀུན་རྫོབ་ཏུ་ལྟ་བའོ། ༈ །འགེགས་ཤིང་སྤོང་པ་དང་། རྩོལ་ཞིང་བསྒྲུབ་པ་དང་། བསྒྲོད་ཅིང་སྦྱོང་བ་དང་། དབྱེ་གསལ་བླང་དོར་བྱེད་པ་དང་། གཉེན་པོ་རྒྱུད་ལ་བརྟེན་པ་དང་། དམིགས་པ་ནང་དུ་བསྡུད་པའོ། ༈ །མཉམ་པ་ཉིད་ཀྱི་གོལ་བསྒྲིབ་སུམ་ཅུ་དག་རྒྱུད་ལས་བྱུང་པ་གང་ཞེ་ན། ལེ་ལོ་བྱ་བ་མང་པོ་དང་། རྒོད་པ་དང་ནི་སེམས་གཡེང་དང་། རྨུགས་དང་། འདོད་ཆེན་ཆེ་བ་དང་། བརྩོན་འགྲུས་ཆུང་དང་གཉིས་ལ་དགའ། །རེ་བ་མང་དང་དོགས་པ་མང་། །ཁ་ཐོན་དང་ནི་གློག་དང་འདྲི། །ཅ་ཅོ་མང་པོ་སྨྲ་བ་དག །བར་དུ་གཅོད་པ་བཅུ་བཞི་ཡིན། །མི་གཡོ་བ་དང་གསལ་བ་དང་། །བདེ་བ་དང་། སེམས་ལ་རྣམ་རྟོག་མང་པོ་སྐྱེས། །མངོན་པར་ཤེས་པ་དག་དང་ནི། །མཚན་མའི་རྫུ་འཕྲུལ་འབྱིན་པ་དང་། །འདི་ལས་ལྷག་པ་མེད་དོ་ཞེས། །ཆོག་པ་རུ་ནི་འཛིན་པ་དང་། །བདག་གི་ལྟ་བ་ངོམ་པ་དང་། །གཞན་གྱི་ལྟ་བ་ཁྱད་དུ་གསོད། །ཏིང་ངེ་འཛིན་གྱི་བསྒྲིབ་བཅུ་ཡིན། །བློ་བུར་ཞེ་སྡང་ཆེན་པོ་འབྱུང་བ་དང་། །བློ་བུར་འདོད་ཆགས་ཆེན་པོ་ལྡང་བ་དང་། །ཕྲག་དོག་ང་རྒྱལ་འཁྲུག་པ་དང་། །གཟུ་རྔུ་མུན་པས་འཐིབས་པ་དང་། །ལྟ་བ་སྙེམས་དང་འདི་དྲུག་ནི། །ཏིང་ངེ་འཛིན་གྱི་སྐྱོན་དྲུག་ཡིན། ༈ །ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་པ་ཙམ་རྟོགས་པ་དེ་བསྒྲིབ་པའོ། །དབུ་མས་གཉིས་ཀ་མེད་པར་རྟོགས། སྒྱུ་མ་ཙམ་དུ་སྤང་བླང་བྱེད་པ་བསྒྲིབ་པའོ། །ནང་པས་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་ལ་དབྱིངས་ཡུལ་དུ་བྱས་ནས་ཏིང་ངེ་འཛིན་གྱིས་རྩོལ་བས་བསྒྲིབ་པའོ། །ཨ་ཏི་ནི་རྒྱུ་རྐྱེན་མེད་པར་རང་བྱུང་ལ། བསྒྲིབ་བྱེད་མེད་པར་རང་གསལ་བ་ཡིན་ནོ། ༈ །ཉམས་ནི། ཏིང་ངེ་འཛིན་ཤས་ཆེ་བའི་ཉམས་རྣམ་པ་ལྔ་ནི། ཤིན་ཏུ་སྦྱངས་པ་འཇམ་རྩུབ་ཀྱིས་ལུས་སེམས་ལ་ཆེར་ཁྱབ་པ་དང་། འཛིན་ཆེ་ཞིང་མཐུག་ལ་བརྟེན་པ་དང་། གཏང་དཀའ་བ། བཀོལ་དུ་མི་འདོད་པ། བྱུང་ཚོར་སྣ་ཚོགས་ཀྱི་རྗེས་སུ་མི་འབྲང་པའོ། །ཤེས་རབ་ཤས་ཆེ་བ་ནི། རྣམ་པ་མེད་ལ་གཡོ་བག་ཅན་དུ་འདུག་པ། རྟོག་སྤྱོད་གཉིས་ཀྱི་ཤས་ཆེ་བ། ཏིང་ངེ་འཛིན་དུ་མི་འཇུག་པ། ཆོས་ཀྱི་སྣང་བ་འཆར་བ། སྣང་སྤྱོད་ཐམས་ཅད་དེ་ཁོ་ན་ཉིད་དུ་རྟོགས་ཤིང་ཡིད་ཆེས་པའོ། །གཉིས་ཀ་ཤས་ཆེ་བ་ནི། ཇི་ལྟར་འདོད་པ་བཞིན་དུ་འཇུག་པ་དང་། དང་པོར་བབས་སླ་བ། བར་དུ་རྐྱེན་གྱིས་གནོད་པ་ཆུང་བ། ཐ་མར་བརྟན་ལ་ཡུན་རིང་དུ་གནས་པ། ཤིན་ཏུ་སྦྱངས་པ་ཤས་ཆེ་བ་དང་། བྱིང་རྒོད་གཉིས་ཀྱིས་དབེན་པ། ཁམས་ཀྱི་གནོད་པ་ཆུང་ལ་ཉོན་མོངས་པ་འགྲིབ་སྐྱེན་པའོ། །གཉིས་ཀ་ཤས་ཆུང་བ་ནི། གཞག་ཐབས་སྣ་ཚོགས་ཀྱི་སྒོ་ནས་གཞག་ན་གཞག་ཏུ་བཏུབ་ལ། དང་པོར་བབས་དཀའ། བར་དུ་རྐྱེན་གྱིས་གནོད་པ་ཆེ། ཐ་མར་སངས་སྐྱེན་པ། རྟོག་དཔྱོད་གཉིས་ཀ་ཤས་ཆེར་འབྱུང་བ་དང་། ཤིན་ཏུ་སྦྱངས་པ་ཞན་ཅིང་འཛིན་ཆུང་བ་དང་། ཁམས་ཀྱི་གནོད་པ་ཆེ་ཞིང་ཉོན་མོངས་པ་འགྲིབ་བུལ་བའོ། །ཏིང་ངེ་འཛིན་འཕེལ་པའི་རྒྱུ་ལྔ་ནི། རྒྱུ་ཚོགས་ལ་གནས་པས་རབ་ཏུ་འཕེལ། ལེ་ལོ་དང་གཡེང་བ་སྤངས་ཤིང་རྩོལ་བའི་ལམ་ལ་གནས་པས་འཕེལ། ཚངས་པར་སྤྱོད་པ་ལ་གནས་ཤིང་ཚུལ་ཁྲིམས་དང་དམ་ཚིག་རྣམ་པར་དག་པར་འཕེལ། རྟེན་རྒྱས་པའི་རྒྱུ་བསྟེན་ཅིང་སོ་སོར་རྟོག་པའི་ཤེས་རབ་ཀྱི་མེ་སྦར་བས་འཕེལ། དྲོད་ཚད་སྙོམས་ཤིང་རྟེན་མ་ཉམས་པས་འཕེལ་ལོ། །ཤེས་རབ་འཕེལ་བའི་རྒྱུ་ལྔ་ལ། རྒྱུ་ཚོགས་ལ་གནས་པར་པས་རབ་ཏུ་འཕེལ། བླ་མ་དང་གསལ་བྱེད་ཀྱི་སྒྲོན་མ་དང་མ་བྲལ་བས་འཕེལ། རྟག་ཏུ་བད་ཀན་རྒྱས་པའི་རྒྱུ་སྤངས་པས་འཕེལ། རྟེན་རྒྱས་པའི་རྒྱུ་རྟེན་ཅིང་ཟབ་མོའི་དོན་ལ་མ་སྨོས་པས་འཕེལ། དྲོད་ཆད་སྙོམས་ཤིང་རྟེན་མ་མཉམ་པས་འཕེལ་ལོ། ༈ །དགོན་དྲུག་བསྟེན་པའི་ཚུལ་གྱིས་སྤྱོད་པར་བྱ། མཐའ་དྲུག་སྤང་བའི་ཚུལ་གྱིས་སྤྱད་པར་བྱ། མཐུན་བཞི་བསྟེན་པའི་ཚུལ་གྱིས་སྤྱད་པར་བྱ། མཐའ་གཉིས་སྦྱངས་པའི་ཚུལ་གྱིས་སྤྱད་པར་བྱ། གྲོགས་བཟང་བསྟེན་ཅིང་གྲོགས་ངན་སྤང་བའི་ཚུལ་གྱིས། མཐུན་པ་བླ་མར་ཤེས་པའི་ཚུལ་གྱིས། མི་མཐུན་པ་བདུད་དུ་ཤེས་པའི་ཚུལ་གྱིས། ཐམས་ཅད་ནམ་མཁའི་ངང་ཚུལ་ལ་བཏང་སྙོམས་ཆེན་པོའི་ཚུལ་གྱིས། སྦྱང་པ་རྣམ་གསུམ་གང་མཐུན་བསྟེན་པའི་ཚུལ་གྱིས་སྤྱད་པར་བྱ། ཀུན་ཏུ་བཟང་པོ་འཕེལ་འགྲིབ་པའི་ཚུལ་གྱིས། ཀུན་ཏུ་བཟང་མོ་འཕེལ་དང་འགྲིབ་པའི་ཚུལ་གྱིས་སྤྱད་པར་བྱའོ། །རྣལ་འབྱོར་ཕུག་ཏུ་མི་འདུག་དབང་པོ་ཡན་དུ་ཁྱེ། །ཅོག་གེ་མི་འདུག་ངལ་བའི་ལས་མི་བྱ། འགྲངས་ལ་ཚོད་ཟིན་པ། འཕྲོད་ལ་སྣ་མང་པའོ། །མན་ངག་རིན་པོ་ཆེ་སྤུངས་པ། རྫོགས་སོ། ༈ །ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་ནི། རྩོལ་བསྒྲུབ་བྱ་བརྩལ་ལས་འདས་པའི་ཆོས་ཡིན་ཏེ། སངས་རྒྱས་ནི་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་ཡིན་ལ། ཆོས་ཀྱི་སྐུ་ནི་རང་གི་བྱང་ཆུབ་ཀྱི་སེམས་ཇི་བཞིན་རྟོགས་པ་ལ་བྱ། རང་བྱང་ཆུབ་ཀྱི་རང་བཞིན་ཚིག་ཙམ་མ་ཡིན་པའི་མན་ངག་ཡིན་པས་ངང་ལ་གནས་སྐྱེན། གནད་ཀྱི་མན་ངག་ཡིན་པས་ཞེན་གྱི་མདུད་པ་གྲོལ་སྐྱེན། ཁོང་ནས་ཁོང་དུ་གྲོལ་བའི་མན་ངག་ཡིན་པས་ཡེ་ཤེས་འཆར་སྐྱེན་ནོ། ༈ །ཨ་རོ་ཡེ་ཤེས་དེས་ཡ་ཟི་བོན་བཙུན་ལ་བཤད། དེས་གྲུ་གུ་གློག་འབྱུང་ལ། དེས་སྦས་བསྒོམ་བསོད་ནམས་སྙིང་པོ་ལ། དེས་འཛི་བསྒོམ་ལ། དེས་བ་རང་བསྒོམ་ཆེན་ལ། དེས་ཇོ་མོ་ཉང་མོ་ལ། དེས་དམ་པ་ཤག་རྒྱལ་ལ། དེས་དམ་པ་རིན་པོ་ཆེ་ལ། དེས་སྤྲུལ་སྐུ་རིན་པོ་ཆེ་ལ། དེས་བླ་མ་རྟ་ཆེན་པོ་ལ། དེས་བླ་མ་མཁས་པ་གཟི་བརྗིད་ལ། དེས་རྟ་བན་བདག་ལ་གནང་ངོ་།། །།རྟ་བན་རིན་ཆེན་དཔལ་གྱི་ཕྱག་དཔེའོ།།


previousརྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་སྙན་ཁུང་བརྒྱུད་པའི་མན་ངགnext