Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
སློབ་དཔོན་བཞིའི་གདམ་ངག རྟའི་ཇོ་སྲས།
   
   
   
   
   
   
   
   
   


 
previousསློབ་དཔོན་བཞིའི་གདམ་ངག རྟའི་ཇོ་སྲས།next

སློབ་དཔོན་བཞིའི་གདམ་ངག རྟའི་ཇོ་སྲས།

སློབ་དཔོན་བཞིའི་གདམ་ངག་བཞུགས། གྷུ་རུ་རྣམས་ལ་ན་མོ། སློབ་དཔོན་བཞིའི་གདམ་ངག་ལ། སློབ་དཔོན་དགའ་རབ་རྡོ་རྗེའི་བཅོས་བསླད་མེད་པ་དང་། རྒྱལ་པོ་ཨིན་ཏྲ་བོ་དྷིའི་ཡི་གེ་ཕྱེད་པ་དང་། པད་མ་འབྱུང་གནས་ཀྱི་རྒན་མོ་མཛུབ་ཚུགས་དང་། ཏེ་ལོ་པའི་བསམ་དུ་མེད་པའོ། །དང་པོ་དགའ་རབ་རྡོ་རྗེའི་བཅོས་བསླད་མེད་པ་ནི། ཆུ་མ་རྙོགས་ན་དྭངས། སེམས་མ་བཅོས་ན་བདེ། མ་བཅོས་པར་ཞོག་ཅིག །ཅེས་གསུངས་སོ། །རྒྱལ་པོ་ཨིན་ཏྲ་བོ་དྷིའི་ཡི་གེ་ཕྱེད་པ་ནི། བྱ་བ་གཏང་པའི་སེམས་བཞིན་དུ། །ཇི་ལྟར་གནས་པ་དེ་ལྟར་གཞག །ཅེས་གསུངས་སོ། །པད་མ་འབྱུང་གནས་ཀྱི་རྒན་མོ་མཛུབ་ཚུགས་ནི། སློབ་དཔོན་པད་མ་བོད་དུ་བྱོན་དུས་སུ། མང་ཡུལ་གང་ཐང་དུ་རྒན་མོ་གསུམ་གྱིས་བསྙེན་བཀུར་བྱས་ནས། གདམས་ངག་ཞུས་པས། སློབ་དཔོན་གྱི་ཞལ་ནས། རྒན་མོ་གསུམ་པོ་སེམས་ཚོལ་ལ་ཤོག་ཅིག །དེ་ནས་གདམས་ངག་བྱའོ་གསུང་ནས། རྒན་མོ་གསུམ་གྱིས་སེམས་བཙལ་བས། གཅིག་གིས་བཙལ་བས་ཡ་གི་སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ཆད་དུ་བཙལ་བས། སེམས་འདི་རིག་རིག་པོ་གྱུ་གྱུའོ་ལུས་མགོ་མཇུག་མྱེད་པར་ཁྱབ་པ་ཅིག་འདུག་སྙམ་མོ། །གཅིག་གིས་ཇི་ལྟར་བལྟས་ནས་བཙལ་ཀྱང་མ་རྙེད་མ་བཙལ་ན་གྱུ་གྱུ་འདུག་ནས་གཤའ་མ་གཅིག་དང་མི་འདུག་སྟེ་སྒྱུ་མ་ཙམ་ཞིག་ཡིན་ནམ་སྙམ་སྟེ་ཐེ་ཚོམ་པར་གྱུར་ཏོ། །གཅིག་གིས་བཙལ་བས་ཕྱི་ཡུལ་ལ་བཙལ་བས་ཀྱང་མ་རྙེད། ནང་ལུས་ལ་བཙལ་བས་ཀྱང་མ་རྙེད །ཁ་དོག་ཏུ་བཙལ་བས་ཀྱང་མ་རྙེད། དབྱིབས་སུ་བཙལ་བས་ཀྱང་མ་རྙེད། །མཚན་ཕོ་མོ་མ་ནིང་ལས་སོགས་པར་བཙལ་བས་ཀྱང་མ་རྙེད་དོ། །དེར་རྒན་མོ་རྣམས་ཀྱིས་སློབ་དཔོན་ལ། རྙེད་པ་དང་ཐེ་ཚོམ་པ་དང་། མ་རྙེད་པ་ལས་སོགས་པ་རིམ་པ་བཞིན་དུ་རྒྱས་པར་སྨྲས་པ་དང་། སློབ་དཔོན་གྱི་ཞལ་ནས། དང་པོ་དེ་ལ་ཁྱེད་སེམས་འཚོལ་བ་ལ་མ་མཁས་གསུང་། གཅིག་ལ་ཁྱོད་སེམས་འཚོལ་བ་ལ་འབྲིང་པོར་འདུག་གསུང་། གཅིག་ལ་ཁྱོད་སེམས་འཚོལ་བ་ལ་མཁས་པར་འདུག །མ་རྙེད་པ་དེ་ཀ་རྙེད་པའི་མཆོག་ཡིན་པས། དེ་ཀའི་ངང་ལ་ཧད་སད་ཧད་དུ་ཆུག །ཚོམ་པར་ཚོམ་དུ་ཆུག །དེ་ཀའི་ངང་ལ་ཧད་དེ་ཚོམ་མེ་ཞོག་ཅིག །རྒན་མོ་ཁྱེད་མཚན་མ་རང་སར་གྲོལ་བ་བྱ་བ་ཡིན། སྨོན་པ་རང་སར་དག་པ་ཡིན། བྱ་ངོ་ཤེས་པའི་བདེ་བ་ཁོང་དུ་ཆུད་པ་ཡིན། ལུས་མི་རུ་འདུག་ཀྱང་དགོངས་པ་སངས་རྒྱས་དང་མཉམ་པ་བྱ་བ་ཡིན། ལུས་ཚོང་འདུས་ན་འདུག་ཀྱང་སེམས་དགོན་པར་གནས་པ་བྱ་བ་ཡིན་གསུང་ནས། མགུར་འདི་བཞེངས་སོ། །རྒན་མོ་ཕྱིན་པས་ས་མཐའ་མི་འཁོར་གྱིས། །དགོན་པའི་གནས་སུ་ཅོག་གེ་བསྡོད། །སྨྲས་པས་རྟོག་མཐའ་མི་ཆོད་ཀྱིས། །ཁ་རོག་ཁ་ཚུམ་དིག་ལ་བསྒོམས། །བསྒོམས་པས་དོན་ཐོག་མི་ཕེབས་ཀྱིས། །བསམ་དུ་མེད་པའི་ངང་ལ་ཞོག །ཅེས་གསུངས་སོ། །ཏེ་ལོ་པའི་བསམ་དུ་མེད་པ་ནི། མི་བསམ། མི་མནོ། མི་སེམས། མི་བསྒོམ། མི་སྤྱད། མ་ཡེངས་པར་ཞོག་ཅིག །ཅེས་གསུངས་སོ། །ཨྀིཊ྅྅྅། འགྲོ་བའི་སྡུག་བསྔལ་སྐྱོབ་མཛད་པ། །མཚན་ལྡན་ཞིག་པོ་རིན་པོ་ཆེའི། །ཞབས་ཀྱིས་རྡུལ་ལ་གུས་བཏུད་ནས། །གསུང་སྒྲོས་ཞལ་གྱི་ཐིགས་པ་བྲི། །རྗེ་རིན་པོ་ཆེ་འགྲོ་བའི་མགོན་པོ་དེའི་ཞལ་ནས། ཁམས་གསུམ་ནད་པ་འཚོ་དཀའ། འཚོ་མཛད་སྨན་པ་བདན་དཀོན། སྨན་གྱི་དམ་ཆོས་ཐུན་ཆུང་། ཐོབ་པའི་ཚེ་ན་ནན་ཏན་བསྐྱེད། ཅེས་གསུང་ངོ་། །དཀོན་མཆོག་ཐུགས་རྗེ་སྨན་པའི་རྒྱལ་པོ་ཡིས། །དམ་ཆོས་བདུད་རྩི་ཕན་པའི་སྨན་བསྩལ་ཀྱང་། །འདི་ལྟར་བདག་གཞན་རྒྱུད་ལ་ཕར་ལྟས་པས། །ཁ་ཅིག་ཚུལ་ཁྲིམས་ཆོས་སྤྱོད་བརྩོམ་པར་མཐོང་། །ཁ་ཅིག་ཐོས་བསམ་ཤེས་རབ་འཕེལ་བར་མཐོང་། །ཁ་ཅིག་དགོན་བརྟེན་ཏིང་འཛིན་བརྩོམ་མཐོང་ཡང་། །དངོས་པོར་སྣང་ཕྱིར་ཞེན་པ་འགའ་བྲལ་བ། །འདོད་པ་མཐོང་ན་སྡེར་མོ་ཅན་བཞིན་འབྲད ། །མི་མཐུན་མཐོང་ན་རྭ་ཅན་བཞིན་དུ་སིག །ཡོན་ཏན་མཐོང་ན་རྨ་བྱ་གར་བྱེད་འདྲ། །བསླབས་པའི་ཡོན་ཏན་ཚོགས་ནི་གུད་ཏུ་གཞག །བསླབ་བྱ་ཉོན་མོངས་ཚོགས་ཀྱང་གུད་ཏུ་བཞག །ཉོན་མོངས་ཅུང་ཟད་ཞི་བ་མ་མཐོང་ན། །ཐར་པའི་རྒྱུ་མ་མཆིས་སམ་རྟེན་ངན་ནམ། །ལས་ཀྱིས་མནར་རམ་ཐུགས་རྗེའི་ཤུགས་ཆུས་སམ། །བསླབ་ཚུལ་ཉེས་སམ་སྤོང་ངེ་ཅིས་ལན་གྱུར ། །གཡའ་ལྡན་གསེར་ནི་མེ་ངན་ནང་གཞག་ཀྱང་། །གཡའི་དངོས་པོ་མི་འདོར་གསེར་མི་སྣང་། །མེ་བཟང་རླུང་དང་ལྡན་པ་མྱུར་སྦར་ན། །གཡའི་རང་བཞིན་དོར་ནས་གསེར་དུ་སྣང་། །ད་ལྟའི་བསླབ་ཚུལ་འདི་འདྲ་བསླབས་པས་ནི། །བསྐལ་པ་ཞིང་གི་རྡུལ་སྙེད་གྲངས་མེད་དུ། །ཇི་སྲིད་བར་མ་ཆད་པར་བསླབས་ཀྱང་ནི། །ཉོན་མོངས་འགའ་ཡང་འཇིལ་བ་མི་འདྲ་ན། །དེ་སྲིད་སྦྱོར་བའི་ལས་ཀྱང་ག་ལ་རེ། །ན་མོ་འོན་ནོ། །བསླབས་དང་ཉོན་མོངས་སོ་སོར་མ་བྱེད་པར། །བསླབ་བྱ་ཐམས་ཅད་ཉོན་མོངས་སྟེང་དུ་ཕོབ། །ཅེས་གསུང་ངོ་། །རྫོགས་སོ།། །།འདི་ནི་རོང་པ་ཆོས་བཟང་ནས་རིམ་པར་བརྒྱུད་ནས། འགྲོ་མགོན་རིན་པོ་ཆེའི་ཕྱག་ཏུ་བྱུང་། རིན་པོ་ཆེས་ཐུགས་སྲས་རྟ་ལ་གདམས་སོ། །ཁོང་གིས་རྟའི་ཇོ་སྲས་བདག་ལ་གནང་། །འགྲོ་མགོན་ཞིག་པོའི་གསུང་སྒྲོས་ཁ་འཐོར་བ། །མ་བཅོས་པར་ཇི་སྐད་གསུང་པ་བཞིན་དུ་བྲིས་པ་ལགས་པས། འདི་བཞིན་དུ་མཛད་པར་ཞུའོ། །ལེགས་སོ། །དགེའོ།། །།


previousསློབ་དཔོན་བཞིའི་གདམ་ངག རྟའི་ཇོ་སྲས།next