Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ལོ་རྒྱུས།
   
   
   
   


 
previousཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ལོ་རྒྱུས། next

ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ལོ་རྒྱུས།

ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ལོ་རྒྱུས་བཞུགས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ལོ་རྒྱུས་འདི་ལ་གསུམ་སྟེ། དང་པོ་སྐྱེ་རྒྱུད་བསྟན་པ་དང་། བར་དུ་མཛད་པ་བསྟན་པ་དང་། ཐ་མར་མཐར་འགྱུར་གྱི་ལོ་རྒྱུས་བསྟན་པའོ། །དེ་ལ་དང་པོ་སྐྱེ་རྒྱུད་བསྟན་པ་ནི། ཅོག་རོ་ཟངས་དཀར་མཛོད་ཁུལ་གྱིས། སློབ་དཔོན་ཨ་རོ་ཡེ་ཤེས་འབྱུང་གནས་ལ་མངོན་པར་ཤེས་པ་མངའ་བ་རྣམས་ལ་སྔོན་གྱི་གནས་རྗེས་སུ་དྲན་པ་བགྱི་བ་བདོག་མཆི་བས། སློབ་དཔོན་ཉིད་ཀྱིས་སྔོན་གྱི་སྐྱེ་གནས་ཇི་ཙམ་ཞིག་དྲན་པ་ལགས་གསུང་བར་ཞུ་དང་ཞེས་ཞུས་པས། སློབ་དཔོན་གྱི་ཞལ་ནས། འཁོར་བ་ལ་ཐོག་མཐའ་མེད་པར་ངའི་སྐྱེ་རྒྱུད་ལ་ཐོག་མཐའ་ཅང་ཡོད་དམ་གསུང་། འོན་ཀྱང་ངས་ལམ་སྣ་ཟིན་ནས་སྐྱེ་བ་ལྔ་ཙམ་རྒྱུད་པ་ཡིན་གསུང་། དེ་རྣམས་གསུང་བར་ཞུ་དང་བྱས་པས། དེ་ཡང་དང་པོ་རྒྱ་གར་ཤར་ཕྱོགས་སུ་བྲམ་ཟེ་མགྱོགས་བྱེད་ཅེས་བྱ་བའི་བུར་སྐྱེས་ཏེ། དེའི་དུས་སུ་ས་ཐེག་པ་ཆེན་པོའི་ཆོས་ལ་ནན་ཏན་བྱས་པས་ཆོས་ལ་ངེས་པར་སེམས་པའི་བཟོད་པ་བྱ་བ་ཐོབ་སྟེ། དེའི་དུས་སུ་ལམ་སྣ་ཟིན་པ་ཡིན་གསུང་། དེ་ནས་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷའི་བུ་ཀུན་དགའ་སྙིང་པོ་བྱ་བར་སྐྱེས་ཏེ། དེའི་དུས་སུ་ང་ལྷའི་ལོངས་སྤྱོད་ལ་མ་ཆགས་པར་ལྷའི་དབང་པོ་ལ་ཆོས་ཉན་ཅིང་ལྷའི་བསམ་གཏན་ལ་མཉམ་པར་འཇོག་པ་བྱས་པ་ཡིན་གསུང་། དེ་ནས་ཤི་འཕོས་ནས་རྒྱ་གར་དུ་བྲམ་ཟེ་སྣོན་པོ་བྱ་བའི་བུ་དགེ་སློང་མཐའ་གྲོལ་གཞོན་ནུ་བྱ་བར་སྐྱེས་ཏེ། རྒྱ་གར་གྱི་མཁས་པ་རྣམས་ལ་སྡེ་སྣོད་ཀྱི་ཆོས་མ་ལུས་པ་མཉན་ཞིང་ཤེས་རབ་ཀྱིས་དེ་དག་གི་དོན་རྟོགས་ཤིང་ཁོང་དུ་ཆུད་པ་ཡིན་གསུང་། དེ་ནས་ཤི་འཕོས་ནས་འགར་དགེ་ལོད་ཅེས་བྱ་བའི་བུ་དགེ་སློང་སྲིན་བུ་ཉ་ཞེས་བྱ་བར་སྐྱེས་ཏེ། དེའི་དུས་སུ་སློབ་དཔོན་པད་མ་སམ་བྷ་བ་བསམ་ཡས་སུ་བྱོན་ནས་བཞུགས་པ་དང་མཇལ་ཏེ་གསང་སྔགས་ཟབ་མོའི་ཆོས་ཉན་ཞིང་དེའི་དོན་རང་གཅིག་པུར་བསྡད་ནས་བསམ་གཏན་ཉམས་སུ་ལེན་པ་འབའ་ཞིག་ལ་བརྩོན་པར་བྱས་པ་ཡིན་གསུང་། དེ་ནས་ཤི་འཕོས་ནས་མདོ་ཁམས་སུ་ཕ་ཨ་རོ་ཉག་པོ་དང་། མ་སོག་མོ་དཔལ་སྒྲོན་བྱ་བའི་བུ་ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བར་སྐྱེས་པ་འདི་ཉིད་ཡིན་གསུང་ངོ་། །དེ་ལྟ་བུའི་དམ་པ་དེ་ལ་ངོ་མཚར་ཅན་གྱི་རྟགས་རྣམ་པ་ལྔ་བྱུང་སྟེ། ཚེ་སྔ་མ་ལ་ཆོས་ཉིད་ཀྱི་ཉམས་རྒྱུད་ཆགས་དང་ལྡན་པའི་རྟགས་སུ་མའི་ཁོང་པ་ན་གནས་པའི་དུས་སུ་ཨའི་སྒྲ་ལན་གསུམ་བྱུང་། སྐྱེ་བ་འདི་ཉིད་ལའང་ཆོས་ཉིད་ཀྱི་ཉམས་རྒྱུན་ཆགས་སུ་གནས་པའི་རྟགས་སུ་མ་ལས་བཙས་པའི་ཚེ་ན་ཡང་ཤེས་པ་ཏིང་ངེ་འཛིན་གྱི་ངང་དུ་མྱོས་པ་བྱུང་། འདོད་པའི་ཡོན་ཏན་ལ་ཞེན་པ་མེད་པའི་རྟགས་སུ་ཟས་དང་གོས་ཀྱི་འདུ་ཤེས་མེད་པ་གཅིག་བྱུང་། མའི་བཀའ་ལ་དྲིན་དུ་བཟོ་བའི་རྟགས་སུ་མས་གཏམ་དྲིས་པ་ལ་ལན་གཏེར་ཤེས་པ་གཅིག་བྱུང་། སྤྲུལ་པའི་སྐུ་ཡིན་པའི་རྟགས་སུ་ལང་ཚོ་གཞན་དང་མཚུངས་པ་མེད་པར་ཤིན་ཏུ་བསྐྱེད་རྫོགས་སྐྱེན་པ་གཅིག་བྱུང་ངོ་། །དེ་ཡན་ཆད་ནི་དང་པོ་སྐྱེ་རྒྱུད་བསྟན་པའོ། །བར་དུ་མཛད་པ་བསྟན་པ་ནི། སྤྱི་དོན་དགུ་ཡོད་པ་ལས། དང་པོ་དགེ་བའི་བཤེས་གཉེན་ཆེན་པོ་སེང་གེ་རྒྱལ་བའི་སྲས་དང་། ཡང་གོང་ཡེ་ཤེས་གཡུང་དྲུང་གི་སྤྱན་སྔ་ལས་དང་བག་ཆགས་ཇི་ལྟར་སད་པ་ནི། དེ་ཡང་ཕ་མ་གཉིས་པོ་དེས་བུའི་སྤྱོད་ལམ་ངོ་མཚར་བ་མང་པོ་ནི་མཐོང་། ཇི་ལྟ་ཡིན་ངོ་མ་ཤེས་པར་གྱུར་པ་ལ་དགེ་བཤེས་གཉིས་པོའི་སྤྱན་སྔར་ཁྱེར་ནས་ཕྱིན་ཏེ། བདག་ཅག་གི་བུ་འདི་ལ་ངོ་མཚར་བའི་རྟགས་འདི་ལྟ་བུ་བྱུང་བས་འདི་ཇི་ལྟར་བུ་གཅིག་ལགས་ཞེས་ཞུས་པས། འདིའི་སྤྱོད་པ་ལ་ངེད་ཀྱིས་བརྟག་པར་བྱས་ཡིས་བུ་འདིར་ཞོག་ལ་ཁྱེད་རང་སོང་གཅིག་གསུངས་ནས་ཕ་མས་ལོག་སྟེ་བུ་དེར་བཞག་པས། བུ་དེ་དགེ་བཤེས་གཉིས་པོ་ལ་སྤྱན་འབྲུ་ཚུགས་སུ་ཅེ་རེ་གཟིགས་ཀྱི་འདུག་པས། ཁོང་གི་བྱིན་བརླབས་དགེ་བཤེས་གཉིས་པོ་ལ་ཞུགས་ནས་ཏིང་ངེ་འཛིན་གྱི་ཉམས་ཁྱད་པར་ཅན་སྐྱེས་སོ། །བུ་དེས་ཀྱང་ཁོང་ཇི་ལྟར་མཛད་པའི་མཛད་སྤྱོད་ལྟར་བྱས་ཤིང་བསྒོམས་པས་སྐྱེ་བ་སྔ་མ་རྣམས་ཀྱི་ཐོས་བསམ་དང་བསྒོམས་བསྒྲུབ་ཀྱི་བག་ཆགས་ཐམས་ཅད་དུས་དེ་རུ་སད་པ་ལགས་སྐད། དེ་ནས་ཨན་ཆུང་ཡང་རྫོང་གི་དགོན་པར་གཤེགས་ནས་དགོངས་པ་མཛད་པས་ལོ་བདུན་དང་ཟླ་བདུན་ན་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ལམ་མངོན་དུ་བྱས་ཏེ་སྣང་བ་རང་བཞིན་མེད་པར་མཐོང་བའི་ཉམས་ཐོབ་ནས་ཕྱག་རྡོ་ལ་རེག་པས་རྗེས་ལམ་ལམ་བྱུང་། ཞབས་བྲག་ལ་གཞག་པས་འདག་པའི་སྟེང་དུ་གཞག་པ་ལྟ་བུ་བྱུང་ངོ་། །འོད་ཀྱི་ལུས་ཐོབ་སྟེ་ཉིན་མཚན་ཁྱད་པར་མེད་པར་སྣང་བ་འབའ་ཞིག་ཏུ་གྱུར་པ་བྱུང་། རྟེན་འབྲེལ་གྱི་སྣང་བ་ཐམས་ཅད་བདེན་མེད་དུ་ཤེས་པས་བན་བུན་དང་ལང་ལོང་གི་ཉམས་ཤར་བ་ལགས་སྐད་དོ། །དེར་ཡང་བཞུགས་སུ་མ་བཞེད་པར་ཁམས་ཀྱི་ཡང་རྩེར་ལུང་གི་དགོན་པར་གཤེགས་ཏེ་དེར་ལོ་གཅིག་དང་ཟླ་བ་གཅིག་བཞུགས་པས། རྫུ་འཕྲུལ་དང་ཏིང་ངེ་འཛིན་ལ་དབང་ཐོབ་པ་བྱུང་སྟེ། ཆེན་པོ་ཆུང་ངུར་འགྱུར་བ་དང་། ཆུང་ངུ་ཆེན་པོར་འགྱུར་བ་དང་། ཡོད་པ་མི་སྣང་བར་འགྱུར་བ་དང་། མེད་པ་སྣང་བར་བྱེད་པ་དང་། འགྲོ་ན་འདུག་པར་མཐོང་བ་དང་། འདུག་ན་འགྲོ་བར་མཐོང་བ་ལ་སོགས་པའི་རྫུ་འཕྲུལ་གྱི་བྱེ་བྲག་ཐམས་ཅད་ལ་དབང་བསྒྱུར་ནུས་པ་བྱུང་ངོ་། །དེ་ནས་ཆོས་སྐོར་གློང་ཐང་སྒྲོན་མའི་གནས་སུ་གཤེགས་ནས་ལམ་ཉེས་དེ་ལྟ་བུ་སྤྱོད་པ་མཛད་དེ། མཆོད་རྟེན་གཅིག་གི་རྩར་བཞུགས་ནས་ཉིན་བཞིན་ཁྲུས་ཀྱི་དོད་པོར་ཁ་ནས་མར་ཆུ་མཐུངས་ཀྱི་བཤོས། མཚན་བཞིན་གནས་ཀྱི་སྒོ་འཕྲེད་བཅད་ཀྱི་ཉལ། དེ་དག་ཀྱང་བརྡར་བསྟན་པ་ཡིན་ཏེ་མཆོད་རྟེན་གྱི་རྩར་སྡོད་པ་ནི་རྒྱབ་དཀོན་མཆོག་མ་གཏད་ན་བདེ་བྱ་བ་ཡིན། ཁྲུས་ཁོང་དུ་བྱེད་པ་ནི་ནང་གི་ཉོན་མོངས་པ་དག་དགོས་བྱ་བ་ཡིན། ནུབ་མོ་སྒོ་འཕྲེད་བཅད་ནས་ཉལ་བ་ནི་གནས་ན་བཞུགས་པའི་ལམ་ལ་གནས་པའི་དགེ་འདུན་གྱི་བར་ཆད་བསྲུང་བ་ཡིན་ནོ། །དེ་ཡང་ནུབ་གཅིག་སྒོ་འཕྲེད་བཅད་ནས་ཉལ་བའི་ཚེ་གནས་བརྟན་གྱིས་ཨ་རོ་འདི་ཕར་ལོངས་དང་བྱས་ནས་རྡེག་པ་གཅིག་རྒྱབ་པས་ཨ་རོ་དང་ཨ་རོ་སྟེ་ཡེ་ཤེས་ཀྱི་འབྱུང་གནས་གཅིག་གདའ་གསུང་། དེ་ནས་བཙུན་པ་རྣམས་ལ་རྫུ་འཕྲུལ་བསྟན་པར་བཞེད་ནས། ཁོང་གིས་ཤིང་འཐུར་གཏང་བའི་ལག་ཆ་ཐམས་ཅད་བོར་ནས་བྱུང་བས། ཁོང་གིས་རྒྱ་གད་དང་ཆོས་ཏེ་གཡང་ལ་བསྐྱུར་སྙམ་པ་ལ། འདི་སྐད་དུ་འགུར་བཞེངས་པ། འཁོར་འདས་སེམས་ཀྱི་རོལ་སྣང་ལ། །བདེན་པར་བཟུང་དུ་དངོས་པོ་མེད། །རང་ངོ་རང་གི་ཤེས་ཙམ་ན། །འགྲོ་དྲུག་གཡང་ལ་ཉམ་མི་ང་། །འཁོར་བའི་ངམ་གྲོག་གཡང་ས་ནས། །མྱ་ངན་འདས་པའི་ཐང་ཆེན་རྙེད། །ཅེས་གསུངས་པ་དང་ངམ་གྲོག་དང་གཡང་ས་ཀུན་ཐང་མཉམ་པར་སོང་སྐད། དེར་བཙུན་པ་ཀུན་ཡ་མཚན་སྐྱེས་སོ། །ཡང་ཉིད་གཅིག་ཆུ་འཆུར་གཏང་བས་ཆུ་འཆུ་བའི་ལག་ཆ་ཐམས་ཅད་བཅག་ནས་བྱུང་སྟེ། ཡང་ཁོང་གི་ཆུ་བསྐྱུར་དགོས་སྙམ་པ་ན། འཁོར་བའི་རྒྱ་མཚོ་གཏིང་རིང་པས། །དུག་ལྔའི་འདམ་ལས་ཐར་དུས་མེད། །སྐྱེ་རྒས་ན་འཆིའི་ཆུ་རྒྱུན་དེ། །ཤེས་རབ་མེ་ཡིས་སྐམས་ན་སྐོམས། །ཞེས་གསུངས་པས་ཆུའི་ཚོགས་ཐམས་ཅད་ཡེ་མེད་པར་གྱུར་ཏེ་ལུང་པ་ཐམས་ཅད་སྐམ་པར་གྱུར་སྐད། དེར་ཡང་བཙུན་པ་རྣམས་ངོ་མཚར་ཆེན་པོ་སྐྱེས་སོ། །དེ་ལ་སོགས་པ་རྫུ་འཕྲུལ་གྱི་སྤྱོད་པ་ཡ་མཚན་དུ་གྱུར་པ་མང་པོ་མཛད་དེ། དེ་ནས་དེར་ཡང་མ་བཞུགས་པར་གཤེགས་པ་དང་མཁན་པོ་བླ་ཆེན་དགོངས་པ་རབ་གསལ་དང་མཇལ་བས། བླ་ཆེན་གྱི་ཞལ་ནས་སྨྱོན་ཐབས་ཀྱི་སྤྱོད་པ་དེ་ལྟ་བུ་མ་མཛད་པར་ཆོས་ལ་ཐོས་བསམ་ཡང་མཛོད། རབ་ཏུ་བྱུང་ལ་སྡོམ་པ་ཡང་བསྲུངས་གསུངས་པས། གངས་ཀྱི་སེང་གེ་དཀར་མོ་དང་། །གྲོང་གི་ཀུ་ཀུ་ར་ཙ་གཉིས། །རང་སྐད་འདོན་པར་འདྲ་ལགས་ཏེ། །ཟིལ་གྱི་གནོན་པར་ཁྱད་པར་ཆེ། །རི་རྩིབས་འགྲིམ་པའི་བྱིའུ་ཆུང་དང་། །ནམ་ཕངས་གཅོད་པའི་ཁྱུང་ཆེན་གཉིས། །འདབ་གཤོག་རློབ་པར་འདྲ་ལགས་ཏེ། །ནམ་འཕངས་གཅོད་པར་ཁྱད་པར་ཆེ། །ང་སྣང་ལ་རང་བཞིན་མེད་པ་དང་། །ཁྱོད་བློ་དམན་ཚིག་ལ་ཞེན་པ་གཉིས། །དོན་མཆོག་བསྒྲུབ་པར་འདྲ་ལགས་ཏེ། །འབྲས་བུ་ཐོབ་པར་ཁྱད་པར་ཆེ། །ཞེས་གསུངས་པས། བླ་ཆེན་པོ་ངོ་མཚར་སྐྱེས་ཏེ། ཁྱོད་སྐྱེས་བུ་ཁྱད་པར་ཅན་དུ་འདུག་པས་འགྲོ་བའི་དོན་བྱེད་དགོས་པ་ཡིན། དེའི་ཕྱིར་ན་འགྲོ་བ་དད་པར་བྱ་ཞིང་ཉེས་སྤྱོད་མི་དགེ་བའི་ཚོགས་སྤོང་བ་ལ་འཇུག་པར་བྱ་བའི་ཆེད་དུ་རབ་ཏུ་བྱུང་བ་བྱེད་དགོས་པ་ཡིན་པས་ཁྱེད་རབ་ཏུ་བྱུང་ཞིག །འབྲས་བུ་གསང་སྔགས་ཀྱི་ཐེག་པའི་སྒོ་ནས་དོན་བྱེད་པ་ལ་སློབ་མ་དཀྱིལ་འཁོར་གྱི་ལམ་དུ་འཇུག་པར་བྱ་བའི་ཕྱིར་དབང་དགོས་པ་ཡིན་པས་དབང་བསྐུར་ཞུས་ཤིག །གཞན་དག་ཡིད་ཆེས་པར་བྱ་བའི་ཕྱིར་ཆོས་ཉན་དགོས་པ་ཡིན་པས་མཁན་པོ་རྣམས་ཀྱིས་སྤྱན་སྔར་ཆོས་ཉོན་ལ་ཐུགས་དགོངས་བསྡུར་ཅིག་གསུང་པས། སྔར་གྱི་ཚིགས་བཅད་རྣམས་ཀྱང་གསུངས་པ་དང་བླ་ཆེན་པོ་སྔངས་པ་ན། སློབ་དཔོན་ཉིད་ཐབས་ཁྱད་པར་ཅན་གྱིས་འགྲོ་བའི་དོན་དུ་བསྟན་པའི་བྱ་བ་མཛད་པ་ལ་དགོངས་ནས། བླ་ཆེན་དགོངས་པ་གསལ་ཉིད་ཀྱི་སྤྱན་སྔར་རབ་ཏུ་བྱུང་སྟེ་བསྙེན་པ་རྫོགས་པ་མཛད་ནས་མིང་ཡང་དགེ་སློང་ཡེ་ཤེས་འབྱུང་གནས་ཞེས་བཏགས་སོ། །དེ་ནས་སློབ་དཔོན་ཆེན་པོ་སྙགས་ཛྙཱ་ན་ཀུ་མ་ར་ལ་དབང་རྣམས་རྫོགས་པར་ཞུས་ཏེ་གསང་མཚན་རྡོ་རྗེ་སྣོན་པོ་ཞེས་བྱ་བར་བཏགས་སོ། །དེ་ནས་སློབ་དཔོན་ཆེན་པོ་པ་ཀོར་བཻ་རོ་ཙ་ན་དང་། ཁ་ཆེ་ཡེ་ཤེས་རྡོ་རྗེ་དང་། སྙན་ཆེན་དཔལ་དབྱངས་ལ་སོགས་པ་མཁས་པ་མང་པོ་ལ་མཉན་ནས་ཐུགས་དགོངས་བསྡུར་བས། ཚིག་གི་སྒྲོས་དང་མཚོན་ཚུལ་གྱི་བྱེད་པ་ལ་ཅུང་ཟད་མ་མཐུན་ཡང་ཡང་དག་པའི་དོན་ལ་མཐུན་པར་ལ་བཅད་དེ་དགོངས་པ་གཅིག་ཏུ་རྟོགས་ནས་མཚན་ཡང་ཤེས་རབ་ཅན་རང་འབྱུང་གི་ཡེ་ཤེས་བྱ་བར་བཏགས་སོ། །སློབ་དཔོན་བཻ་རོ་ཙ་ནའི་ཞལ་ནས་འདི་སྤྲུལ་པའི་སྐུ་ཡིན་གསུང་། གཉགས་ཛྙཱ་ནའི་ཞལ་ནས་ས་བརྒྱད་ནོན་པའི་བྱང་ཆུབ་སེམས་དཔའ་ཡིན་གསུང་། གཉན་ཆེན་དཔའ་དབྱངས་ཀྱི་ཞལ་ནས་ས་དང་པོ་བདེན་པ་གཟིགས་པའི་བྱང་ཆུབ་སེམས་དཔའ་ཡིན་གསུང་། བླ་ཆེན་དགོངས་པ་གསལ་གྱི་ཞལ་ནས་འཕགས་ཀླུ་སྒྲུབ་ཀྱི་སྤྲུལ་པ་ཡིན་གསུང་། ཁ་ཆེ་ཡེ་ཤེས་རྡོ་རྗེའི་ཞལ་ནས་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཡིན་གསུང་། ཁ་གཅིག་ནི་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་བཞེད་དོ། །དེ་ནས་དྲང་སྲོང་གཏུམ་པ་ལྟ་བུའི་རི་ལ་བྱོན་ནས་དེར་དཔལ་རྡོ་རྗེ་སེམས་དཔའི་ཞལ་མངོན་སུམ་དུ་གཟིགས་ཏེ་ལུང་ཡང་མངོན་སུམ་དུ་བསྟན། རྡོ་རྗེ་སེམས་དཔའ་ཐུགས་ལེགས་པར་ལྟ་བའི་གདམ་ངག་ལ་སོགས་པ་ཡང་གནང་། དེ་ནས་ཁྱོད་འདི་རུ་མ་སྡོད་པར་འཐེབས་སྐུ་སྟག་མོའི་དགོན་པར་རྒྱུག་ལ་མདོ་རྒྱུད་ཐམས་ཅད་ཀྱི་དོན་བསྡུས་ལ་འགྲོ་བ་སེམས་ཅན་གྱི་དོན་བྱས་ཤིག་པར་ལུང་བསྟན་ནོ། །དེ་ནས་ལུང་བསྟན་པ་བཞིན་འཐེབས་སྐྱུ་སྟག་མོའི་དགོན་པར་བྱོན་ནས་བཞུགས་པས་མདོ་རྒྱུད་ཐམས་ཅད་ཀྱི་དོན་ཐུགས་ལ་ཤར་རོ། །དེ་ནས་སློབ་དཔོན་གྱིས་དབང་པོ་རབ་འབྲིང་ཐ་མ་གསུམ་དང་སྦྱར་ཏེ། ཕྱི་མདོ་སྡེ་ལ་རྟེན་ནས་དབང་པོ་ཐ་མའི་དོན་དུ་ཕྱི་སྐོར་གྱི་ཆོས་རྣམས་མཛད་དོ། །ནང་གསང་སྔགས་ལ་རྟེན་ནས་དབང་པོ་འབྲིང་གི་དོན་དུ་ནང་སྐོར་གྱི་ཆོས་རྣམས་མཛད། གསང་བ་ཐུགས་ཀྱི་ཉམས་མྱོང་ལ་རྟེན་ནས་དབང་པོ་རབ་ཀྱི་དོན་དུ་གསང་སྐོར་གྱི་ཆོས་རྣམས་མཛད་དོ། །དེ་ནས་སློབ་བུ་གང་དང་གང་ལ་གདམ་ངག་གང་དང་གང་གནང་བ་དང་རྒྱུད་པའི་ཐེམ་ཡིག་གི་ལོ་རྒྱུས་ནི། སློབ་དཔོན་ཆེན་པོ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་དང་པོ་ཡ་ཟི་བོན་སྟོན་ལ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ལ་སོགས་པ་དང་པོ་རིག་པ་རྩལ་གྱི་དབང་བསྐུར་ནས། དེའི་ངང་ལ་རིག་པ་རྩེན་གྱིས་གཞག་པའི་མན་ངག་གནང་། དེ་ནས་རྣམ་རྟོག་རྩད་ནས་གཅོད་པ་སྤུ་གྲི་ལྟ་བུའི་མན་ངག་གནང་། དེ་ནས་རང་བྱུང་གི་ཡེ་ཤེས་མ་ཤར་བ་ཤར་བར་བྱེད་པའི་མན་ངག་གནང་། དེ་ནས་རྟོགས་པར་བྱེད་པ་ལྟ་བའི་གདམས་ངག་གནང་། དེ་ནས་ཡེ་ཤེས་ངོས་བཟུང་གནང་། དེ་ནས་བྱང་ཆུབ་སེམས་གཅོག་གཞག་མ་གནང་། དེ་ནས་རིན་པོ་ཆེ་ཉམས་ཀྱི་མན་ངག་གནང་ངོ་། །དེ་ནས་དེ་དག་གི་དཀའ་བ་གཅོད་པར་བྱེད་པ་ལ་དྲིས་ལན་བརྒྱད་ཀྱི་གདམ་ངག་དང་། ཚུལ་བདུན་གྱི་སྒོ་ནས་རྟོགས་པར་བྱེད་པ་དང་། རིན་པོ་ཆེ་དཀའ་གཅོད་ཀྱི་གདམས་པ་དང་། རིན་པོ་ཆེ་གཞུང་སྲོང་གི་གདམས་པ་དང་། རིན་པོ་ཆེ་ཡང་ཞུན་གྱི་གདམས་པ་དང་། བར་དོའི་གདམས་པ་རྣམས་གནང་བ་ལགས་སོ། །ཡང་གདམས་པ་སྐོར་ཆུང་གཅིག་ལ། ཡེ་ཤེས་འཁོར་ལོས་འཇུག་པའི་སྒོ་བསྟན། སངས་རྒྱས་བཞིའི་མན་ངག་གིས་ཆོས་ཉིད་ལམ་དུ་བཀྱེར་བའི་རིམ་པ་བསྟན། ཡེ་ཤེས་བཞིའི་མན་ངག་གིས་ལྟ་བ་བསྟན། ཡེ་ཤེས་སེམས་ལས་བྱུང་བའི་མན་ངག་གིས་སེམས་ཀྱི་ཡོན་ཏན་བསྟན། ངེས་པའི་ཞུས་ལན་རིག་པའི་བསམ་གཏན་གྱིས་ཐེ་ཚོམ་གྱི་གེགས་བསལ། བྱང་སེམས་རྐྱེན་དབང་དུ་མི་གཏང་བའི་མན་ངག་གིས་སྡུག་བསྔལ་ཆོས་ཉིད་དུ་བསྟན། རིན་པོ་ཐོག་བབས་ཀྱི་མན་ངག་གི་ཚེ་འདི་ལ་སངས་རྒྱས་ཀྱི་དགོངས་པ་བསྟན། དེ་རྣམས་སྐར་ཕྲན་བཞིན་དུ་མ་འདྲེས། ཆུ་བོ་བཞིན་དུ་རྒྱུན་མ་ཆད་པར་གནས་པ་ལགས་སོ། །དེ་ནས་རྔོག་ལེགས་པའི་ཤེས་རབ་ལ་གདམས་པ་ཇི་ལྟར་གནང་བ་ནི། རྔོག་ལེགས་པའི་སྒྲོན་མ་ལ་གདམ་ངག་དང་སྦྱར་ནས་ཐོག་ཏུ་སྤུངས་པ་ཕྱི་ཚུལ་ལོ། །ནང་ཚུལ་དུ་འཁོར་བ་འཇུག་ལྡོག་གིས་སྣང་སྲིད་འཁོར་འདས་ཀྱི་ཆོས་གཏན་ལ་ཕབ། རིན་པོ་ཆེ་གནད་ཀྱི་སྒྲོན་མས་གང་ཟག་གཅིག་སངས་རྒྱ་བའི་ཆོས་སུ་བསྟན། རིན་པོ་ཆེ་རང་དབང་གི་ཐུགས་ཀྱི་མན་ངག་གིས་མན་ངག་དཀའ་ཚོམས་ཀྱི་འཕྲང་བསྟན། ས་ཟིན་པ་གསུམ་གྱིས་སྐུ་གསུམ་ངོ་སྤྲད། མན་ངག་ལྕེ་རྡོར་གྱིས་ལ་བཟླ། ཡིག་ཕྲན་སུམ་ཅུ་རྩ་གཉིས་ཀྱིས་རྟོགས་པའི་གདེང་བསྐྱེད་པ འོ། །དྲུམ་ཤིང་ཤེས་རབ་སྨོན་ལམ་ལ་ཇི་ལྟར་གདམས་པའི་ལོ་རྒྱུས་ནི། དང་པོ་སྟོང་ཐུན་བཅྭོ་བརྒྱད་ཀྱི་གདམ་ངག་གནང་། སྣང་སྲིད་ཇི་ལྟར་བྱུང་བ་ལ་སྣང་སྲིད་བྱུང་ལུགས་ཀྱི་སྡེ་སྐོར་གནང་། གྲུབ་མཐའ་གཏན་ལ་འབེབས་པ་ལ་སྣང་བ་བཅུ་བདུན་གྱི་སྡེ་སྐོར་གནང་། འཁྲུལ་པ་གཏན་ལ་འབེབས་པ་ལ་ཚད་མ་བརྒྱད་ཀྱི་སྡེ་སྐོར་གནང་། སེམས་དང་འབྱུང་བ་ཐ་མི་དད་པ་བསྒྲུབ་པ་ལ་འབྱུང་བ་དྲུག་རྩིས་ཀྱི་སྡེ་སྐོར་གནང་། ལྟ་བསྒོམ་སྤྱོད་པ་གསུམ་གཏན་ལ་འབེབས་པ་ལ་དཔེ་དགོངས་དྲུག་གི་སྡེ་སྐོར་གནང་བའོ། །ལྔ་བསྡུས་ཀྱི་སྡེ་སྐོར་ལྔ་ལ། སྦུབས་ལྔ་དང་། ཀུན་གཞིའི་ལྔའི་སྡེ་ལུས་ལྔ་དང་། བར་དོ་ལྔའི་སྡེ་སྐོར་དང་། སེམས་ཉམས་ལྔ་དང་། རྒྱས་གདབ་ལྔའི་སྡེ་སྐོར་གནང་། བཞི་བསྡུས་ཀྱི་སྡེ་སྐོར་ལ། སྒྲོན་མ་བཞི་དང་། བསོད་བཞིའི་སྡེ་སྐོར་གནང་། གསུམ་བསྡུས་ཀྱི་སྡེ་སྐོར་ལ། སྒོ་གསུམ་གཏན་ལ་དབབ་པ་དང་། བཅའ་ཐབས་རྣམ་པ་གསུམ་དང་། སྐུ་གསུམ་གྱི་སྡེ་སྐོར་བསྟན། གཉིས་བསྡུས་ཀྱི་སྡེ་སྐོར་ལ། སྐད་གཅིག་མ་གཉིས་དང་། སེམས་དང་སྙིང་པོ་དབྱེ་བ་དང་། སྙིང་པོ་སྣང་ཚུལ་གྱི་སྡེ་སྐོར་དང་། དངོས་སྣང་དབྱེ་བའི་སྡེ་སྐོར་དང་། ཕྲ་མོའི་གདམས་པ་ཉི་ཤུ་རྩ་གཅིག་གནས་པ་ལགས་སོ ། །ཅོག་རོ་ཟངས་ཀ་མཛོད་ཁུར་ལ་ཇི་ལྟར་གདམས་པའི་ལོ་རྒྱུས་ནི། གཞི་ལམ་འབྲས་བུ་གཏན་ལ་འབེབས་པ་ལ་གཞིའི་དཔེ་ཆུང་བདུན། ལམ་གྱི་དཔེ་ཆུང་བདུན། འབྲས་བུའི་དཔེ་ཆུང་བདུན་གནང་། འཁྲུལ་བ་གཏན་ལ་འབེབས་པ་ལ་འཁྲུལ་བ་རྩད་གཅོད་གདམས་པ་གནང་། དགོངས་པ་འཕྲང་གི་གནད་སྟོན་པ་ལ་དཀའ་ཚོམས་བཅུ་བཞིའི་དགོངས་པ་བསྟན། ལྟ་བ་འཇུག་སྒོ་ཉམས་གསུམ་དུ་སྟོན་པ་ལ་ཚིག་དོན་གསལ་བའི་དགོངས་པ་བསྟན། ལྟ་བ་མཉམ་གཞག་སྤྱོད་པ་གསུམ་གྱིས་གཏན་ལ་འབེབས་པ་ལ་གཟེར་ཀ་གནད་བྱུང་གི་གདམས་པ་བསྟན། ལྟ་བསྒོམ་སྤྱོད་པ་འབྲས་བུ་བཞི་གཏན་ལ་འབེབས་པ་ལ་ཡི་གེ་མེད་པའི་སྙན་རྒྱུད་བསྟན། བསྒོམ་དུ་ཡོད་པར་འདོད་པ་ལ་གཟེར་དམིགས་དྲུག་པ་བསྟན། བསྒོམ་དུ་མེད་པར་འདོད་པ་ལ་འཕྲུལ་ཡི་གེ་བཞི་སྐོར་བསྟན། ལམ་བར་དོ་གཅོད་པ་ལ་བར་རྡོ་བཞིའི་གདམས་པ་བསྟན། ཆོས་ཉིད་བརྡའ་ཡིས་མཚོན་པ་ལ་གྱད་ཁམས་འཕྲུལ་གྱི་ལྡེ་མིག་བསྟན། འཁོར་བ་འཇུག་ཟློག་གི་གནད་སྟོན་པ་ལ་གསང་ཚུལ་ཉི་མའི་སྒྲོན་མ་བསྟན། ཉོན་མོངས་པའི་སྒྲིབ་པ་གཅོད་པ་ལ་རིག་པ་རྐྱང་འདེད་ཀྱི་གདམས་ངག་བསྟན། ཤེས་བྱའི་སྒྲིབ་པ་གཅོད་པ་ལ་ལྟ་བའི་ལྡེ་མིག་ལ་སོགས་པ་བསྟན་པ་ལགས་སོ། །དེ་ཡན་ཆད་ཀྱིས་སོ་སོའི་བྱེ་བྲག་ལ་ཇི་ལྟར་གདམས་པ་བསྟན་པའོ། །ཐུན་མོང་སྤྱི་ལ་ཇི་ལྟར་གདམས་པའི་གདམ་ལུགས་བསྟན་པ་ནི། སྤྱིར་ཡི་གེ་རིགས་ཀྱི་གདམས་པ་སྡེ་ཚན་རྣམ་པ་བཞིར་འདུས་ཏེ། རྒྱ་ཆེ་བ་སེམས་སྡེའི་སྐོར་དང་། སྐབས་སུ་ལེན་པ་བསམ་གཏན་གྱི་སྡེ་དང་། ཟབ་པ་སྡེ་མིག་སྐོར་དང་། དཀའ་བ་གཅོད་པ་སྒྲོན་མའི་སྐོར་རོ། །སེམས་སྡེའི་སྐོར་ནི་སེམས་སྨད་བཅོ་བརྒྱད་ལས་འགྲེལ་པ་བཅྭ་བརྒྱད་ཀྱིས་གཏན་ལ་ཕབ་པ་དང་། གཉན་ཆེན་གྱི་སྒྲོན་མ་དྲུག་ལ་འགྲེལ་པ་དྲུག་གིས་གཏན་ལ་ཕབ་པའོ། །ཉམས་སུ་ལེན་པ་བསམ་གཏན་གྱི་སྡེ་ལ། ཐེག་ཆེན་རྣལ་འབྱོར་དང་། སེམས་ཉམས་རྣམ་གསུམ་དང་། ལུང་མན་ངག་མདོར་བསྡུས་དང་། ཨ་ཏི་ཡོ་གའི་མན་ངག་བསྡུས་པའི་བསམ་གཏན་དང་། ཡུལ་ཀུན་ལ་འཇུག་པའི་བསམ་གཏན་དང་། རིན་པོ་ཆེ་སྤུངས་པའི་བསམ་གཏན་དང་། བསྒོམ་ལུང་གསུམ་པའི་བསམ་གཏན་དང་། ཞུས་ལེན་ཁུངས་ཀྱི་བསམ་གཏན་ལ་སོགས་པ་རྣམས་སོ། །ཟབ་པ་ལྡེ་མིག་གི་སྐོར་ནི། འཁྲུལ་འཁོར་ལྡེ་མིག་གི་རྩ་འགྲེལ་དང་། ལྟ་བསྒོམ་སྤྱོད་པ་གསུམ་གྱི་ལྟེ་མིག་དང་། གལ་གེགས་གསེར་གྱི་ལྡེ་མིག་དང་། ཐེག་དགུ་ལ་ཤན་འབྱེད་པའི་ལྡེ་མིག་དང་། གྱད་ཁམས་འཕྲུལ་གྱི་ལྡེ་མིག་ལ་སོགས་པའོ། །དཀར་བ་གཅོད་པ་སྒྲོན་མའི་སྐོར་ལ། དཔེ་དོན་གསུམ་གྱི་སྒྲོན་མ་དང་། ལྟ་བ་རིན་པོ་ཆེའི་སྒྲོན་མ་དང་། སེམས་ཀྱི་མུན་སེལ་སྒྲོན་མ་དང་། སྒྲོལ་སྐུར་སེལ་བའི་སྒྲོན་མ་དང་། བདུད་རྣམས་སེལ་བའི་སྒྲོན་མ་དང་། གསང་ཚུལ་ཉི་མའི་སྒྲོན་མ་ལ་སོགས་པའོ། །དེ་དག་གི་བར་དུ་སྐུ་ཚེའི་ཚད་ཇི་ཙམ་ཞིག་བཞུགས་ཞེ་ན། མི་ཚེ་འབྲིང་པོ་གསུམ་ཙམ་གྱི་ཚད་དུ་བཞུགས་པ་ཡིན་སྐད། སྤྱིར་སྐུ་ཚེ་ལ་དབང་ཐོབ་པ་ཡིན་པས་ཇི་སྲིད་ཀྱི་བར་དུ་བཞུགས་ཀྱང་བཞུགས་སུ་ཡོད་པ་ཡིན་ལ། སྐུ་དུས་ནམ་གྱི་ཚེ་གནས་གར་གཤེགས་པར་བཞེད་ཀྱང་རང་དབང་ཡོད་པ་ལགས་སྐད་དོ། །དེ་ཡང་སློབ་དཔོན་གྱི་ཞལ་ནས་ངའི་ཆོས་ལ་མོས་པ་གཏིང་ནས་སྐྱེད་ཅིག །དེ་ལྟར་མོས་པའི་སྒོ་ནས་བརྒྱུད་པ་འཛིན་པའི་བུ་དེ་དག་ཀྱང་ཚེ་ལ་མངའ་གཉེས་པར་གྱུར་ཅིག །རྒས་ཁར་སེའུ་སྐྱེ་བར་གྱུར་ཅིག །ཅེས་གསུང་ནས་སྨོན་ལམ་གདབ་པ་ཡིན་ཏེ། ཕྱིས་ཀྱི་བུ་སློབ་མ་ཡང་སློབ་ཀུན་ལའང་ཇི་ལྟར་གསུངས་ཤིང་སྨོན་ལམ་གདབ་པ་ལྟར་བྱུང་བ་ལགས་སོ། །དེ་དག་གི་བར་དུ་མཛད་ཚུལ་ལོ། །ཐ་མ་མཐར་འགྱུར་གྱི་ལོ་རྒྱུས་ལ་སྐུ་གང་དུ་གཤེགས་ཤིང་ཇི་ལྟར་གཤེགས་པའི་ཚུལ་ནི། ཡ་ཟི་བོན་སྟོན་ལ་སོགས་པ་ཁམས་ཀྱི་སློབ་མ་རྣམས་ན་རེ་ཁམས་ཀྱི་ལེང་ཏ་ཕུག་ཏུ་ཕུང་པོ་ལྷག་མ་མེད་པར་ཀུན་ཏུ་བཟང་པོའི་དབྱེ་བ་མེད་པའི་ངང་དུ་སངས་རྒྱས་པ་ཡིན་གསུང་སྐད། ཟངས་ཀ་མཛོད་ཁུར་ན་རེ་ངའི་འཕྲེན་གྱི་བྲག་ཕུག་ཏུ་ཕུང་པོ་ལྷག་ཎ་རུ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་ཎ་པར་སངས་རྒྱས་ནས་ད་ལྟ་ཡང་སྤྲུལ་པས་སེམས་ཅན་གྱི་དོན་སྣ་ཚོགས་མཛད་ཀྱི་བཞུགས་གསུང་ངོ་། །སློབ་དཔོན་ཉིད་ཀྱི་ཞལ་ནས། དྲུམ་ཤིང་དང་རྔོག་ལེགས་པའི་ཤེས་རབ་ལ་ང་འདི་ནས་ཤི་འཕོས་ནས་རབ་དགའི་འཇིག་རྟེན་གྱི་ཁམས་སུ་ད་ལྟའི་ཀུན་རྫོབ་ཀྱི་མིང་འདི་ཉིད་ཉེ་བའི་གཟུང་སྟེ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་སངས་རྒྱ་བར་འགྱུར་ཞེས་གསུང་བ་ལགས་སྐད། དེ་ལྟར་སློབ་མ་རྣམས་ཀྱིས་སོ་སོར་རང་རང་གིས་མཐོང་ཚུལ་མི་འདྲ་བས་ཐ་དད་དུ་གཟིགས་ཀྱང་རྒྱུད་ཐ་དད་མེད་པ་ལ་སྤྲུལ་པ་སོ་སོར་སྣང་བ་ཡིན་པས་གང་དུ་མཐོང་ཡང་འགལ་བ་མེད་དེ་དོན་ལ་ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་དུ་སངས་རྒྱས་པ་ལགས་སོ། །རུ་སྙན་ཆེན་བཞིན་དུ་རིག་འཛིན་གྱི་ས་ལ་དངོས་སུ་སྣང་བ་ཡང་མ་ལགས། རུ་པད་མ་བཞིན་དུ་ཕུང་པོ་ལྷག་མ་དང་བཅས་པ་ཡང་མ་ཡིན་ནོ། །འདི་སློབ་དཔོན་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ལོ་རྒྱུས་ཆེན་པོ་ཞེས་སུ་གྲགས་སོ། །རྫོགས་སོ། །སྤྱིར་སློབ་དཔོན་ཨ་རོའི་ལོ་རྒྱུས་འདི་ལ་མི་མཐུན་པ་མང་དུ་འདུག །ཁམས་ཀྱི་རྒྱ་སྒོ་ཆེན་མོ་ན་ཚོང་པ་མང་པོ་ཡོད་པའི་ཤུལ་ནས་བུ་ཆུང་གཅིག་ཏུ་བྱོན་པའི་ལུགས་ཀྱང་འདུག །ཡང་གནས་དེ་ཉིད་ཀྱི་དགེ་སློང་མ་གསལ་སྦྱིན་མ་ཞེས་བྱ་བས་ཆུ་ལེན་དུ་ཕྱིན་པས་ནགས་ཀྱི་གསེབ་ཤིང་ལོའི་ཁུད་ན་ཕ་མ་མེད་པའི་བུ་ཆུང་གཅིག་འདུག་པ་བླངས་ནས་གསོས་པས་དེ་ལ་བྱུང་བའི་ལུགས་ཀྱང་འདུག །ཁོལ་མོ་ལ་ནས་ཕུག་ཏུ་བྱོན་པར་འདོད་པའི་ལུགས་ཀྱང་འདུག །རྒྱ་བོད་ཧོར་གསུམ་འཐབ་པའི་དབུས་ནས་བུ་ཆུང་གཅིག་རྙེད་པ་བོད་ཀྱིས་བླངས་ནས་གསོས་པས་དེ་ལ་བྱོན་བའི་ལུགས་ཀྱང་འདུག །འབྲོ་དྲེད་པོ་དང་དྲོད་ནག་གིས་ཇག་ལ་ཕྱིན་པས་ལ་ཁ་ནས་རྙེད་པའི་ལུགས་ཀྱང་འདུག །ཡར་ལུང་གི་དགེ་འདུན་སོལ་ནག་ཐང་པའི་གཉེར་པས་བུ་ཆུང་གཅིག་རྙེད་པའི་ལུགས་ཀྱང་འདུག །རྩང་གི་སྟག་ལ་ལ་འོག་པའི་གནས་བརྟན་སྐྱོ་བ་སྐྱེས་ནས་ཐོས་བསམ་མཛད་ཅིང་བསྒོམ་བསྒྲུབ་ལ་གཤེགས་ནས་ཁམས་སུ་བྱོན་པས་དེ་ལ་བྱུང་བའི་ལུགས་ཀྱང་འདུག །ཕ་ཨ་རོ་ཤག་སྙིང་དང་མ་སོག་མ་དཔལ་སྒྲོན་གཉིས་ཀྱི་བུར་འདོད་པ་ཡང་འདུག །སློབ་དཔོན་ཤན་ཏ་དེ་བ་ཤི་འཕོས་ནས་རྒྱལ་པོ་མ་སྐྱེས་དགྲའི་སྲས་སུ་སྐྱེས་པ་སྐྱེ་བ་བརྒྱུད་པའི་ལུགས་ཀྱང་འདུག །སྤྱིར་ཕ་མ་གཉིས་ཀ་མེད་པའི་འདོད་པ་དང་། གཉིས་ཀ་ཡོད་པར་འདོད་པ་དང་། ཕ་མེད་མ་ཡོད་པར་འདོད་པ་ལ་སོགས་པ་མི་མཐུན་པ་མང་དུ་གདའོ། །དེས་ན་སྤྲུལ་པའི་སྐུ་ཡིན་པར་ངེས་གསུང་ངོ་། །ལུང་བསྟན་ཐོབ་པ་ཡིན་ཏེ། ལུང་བསྟན་དམ་པའི་མདོ་ལས། ང་ནི་མྱ་ངན་འདས་འོག་ཏུ། །བསྟན་པ་ལྔ་བརྒྱ་ཕྲག་བཅུ་གནས། །ལྔ་བརྒྱ་ཕྲག་ལྔ་ལོན་པའི་ཚེ། །རྣལ་འབྱོར་ཨ་རོ་ཞེས་བྱ་བ། །ཁྱག་པ་ཁྱག་ཡུལ་ཐང་ཁོབ་ཏུ། །བདག་མེད་སྟོང་པའི་དོན་བསྒོམས་ནས། །མངོན་པར་དགའ་བའི་ཞིང་ཁམས་སུ། །དྲི་མ་མེད་པ་ཞེས་བྱ་བའི། །བྱང་ཆུབ་སེམས་དཔར་སྐྱེས་ནས་ནི། །ཐེག་པ་ཆེན་པོའི་ཆོས་འཆད་དོ། །ཞེས་གསུངས་པ་ཡིན་ནོ། །རྫོགས་སོ།། །།དག་གོ། །


previousཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ལོ་རྒྱུས། next